← Search

འབའ་རོམ་བཀའ་བརྒྱུད་སྒྲུབ་སྡེའི་དཔེ་ཚོགས།འབའ་རོམ་སྙན་བརྒྱུད་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གདམས་སྐོར།

འཇམ་དཔལ་ཡེ་ཤེས་བཟང་པོ། རྗེ་འབའ་རོམ་པ་ཡབ་སྲས། འཇིགས་མེད་ཆོས་ཀྱི་སེངྒེ། བིར་ཝ་པ། ཏཻ་ལོ་པ། ནག་པོ་པ། མཻ་ཏྲི་པ། ནཱ་རོ་པ། མར་པ་ལོ་ཙཱ། མི་ལ་རས་པ། ཨཱ་ནནྟ་དཱ་ཡ། དྭགས་པོ་ལྷ་རྗེ། དཔལ་ལྡན་འབབ་རོམ་པ། ཏི་ཤྲི་སངས་རྒྱས་རས་ཆེན། པུཎྱེ་བྷ་དྲ། ཀརྨ་དཱ་མ་ཀ་དེ་ཝོ་དཱ་ཡ། དེ་ཝ་ཀུ་མཱ་ར། ཡང་དགོན་པ། ཀརྨ་པ་རང་བྱུང་རྡོ་རྗེ། ཀརྨ་པ་དབང་ཕྱུག་རྡོ་རྗེ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན། ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ། སྐྱོ་བྲག་མི་འགྱུར་ཉི་མ།

དྭགས་པོ་བཀའ་བརྒྱུད་སྤྱི་ཡི་གསོལ་འདེབས། འཇམ་དཔལ་ཡེ་ཤེས་བཟང་པོ།

p. 1

༄༅། །དྭགས་པོ་བཀའ་བརྒྱུད་སྤྱི་ཡི་གསོལ་འདེབས་བཞུགས་སོ། །
༄༅། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །རྒྱལ་ཚབ་སྒོམ་ཚུལ་དཔལ་ལྡན་དུས་གསུམ་མཁྱེན། །འགྲོ་བའི་མགོན་པོ་ཕག་གྲུ་རྡོ་རྗེ་རྒྱལ། ། དཔལ་ལྡན་འབའ་རོམ་མཚུངས་མེད་ཏི་ཤྲི་རས། །ཚུལ་ཁྲིམས་སྙིང་པོའི་རྗེས་བཟུང་ཞང་ཚལ་པ། །འབྲི་སྟག་ཁྲོ་གླིང་སྨར་ཡེལ་གཡའ་ཤུག་སོགས། །ཆེ་བཞི་ཡ་བརྒྱད་ཟུར་གཉིས་བརྒྱུད་འཛིན་པ། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །
འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་བན་སྒར་བ་ཀུན་མཁྱེན་འཇམ་དཔལ་ཡེ་ཤེས་བཟང་པོས་མཛད་པ་སོར་བཞག་ལ་དགོས་དབང་གིས་ཁ་གསབ་པ་ཅན་ནོ། །

བཀའ་བརྒྱུད་བླ་མའི་གསོལ་འདེབས་གསེར་འགྱུར་མ། རྗེ་འབའ་རོམ་པ་ཡབ་སྲས།

p. 2

༄༅། །བཀའ་བརྒྱུད་བླ་མའི་གསོལ་འདེབས་གསེར་འགྱུར་མ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ། གནས་ངེས་པ་འོག་མིན་ཞིང་ཁམས་སུ། །འཁོར་ངེས་པ་རྒྱལ་སྲས་བྱང་སེམས་ལ། །ཆོས་ངེས་པ་བླ་མེད་ཐེག་ཆེན་གསུངས། །རྗེ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གནས་ངེས་མེད་རི་བྲག་དུར་ཁྲོད་དུ། །འཁོར་ངེས་མེད་སྐལ་པར་གང་ལྡན་ལ། །ཆོས་ངེས་མེད་སྣ་ཚོགས་རྟེན་འབྲེལ་བསྒྲིགས། །རྗེ་ཏཻ་ལོ་པ་ལ་གསོལ་བ་འདེབས། །གནས་བྱིན་བརླབས་པུ་ལ་ཧ་རི་ན། །འཁོར་བྱིན་བརླབས་རྒྱ་གར་བལ་བོད་ལ། །ཆོས་བྱིན་བརླབས་རྒྱུད་འགྲེལ་གདམས་པ་བཤད། །རྗེ་ནཱ་རོ་པ་ལ་གསོལ་བ་འདེབས། །གནས་བདེ་ཆེན་ལྷོ་ཕུ་ནགས་ཚལ་ན། །འཁོར་བདེ་ཆེན་དབུས་གཙང་གྲྭ་སློབ་ལ། །ཆོས་བདེ་ཆེན་དབང་བཞིའི་ཆུ་བོ་བསྐུར། །རྗེ་ལྷོ་བྲག་པ་ལ་གསོལ་བ་འདེབས། །གནས་ཞེན་མེད་བལ་བོད་སོ་མཚམས་སུ། །འཁོར་ཞེན་མེད་དད་བརྩོན་ལྡན་པ་ལ། །ཆོས་ཞེན་མེད་ཐབས་ཀྱི་ལམ་མཆོག་ཁྲིད། །རྗེ་མི་ལའི་སྐུ་ལ་གསོལ་བ་འདེབས། །གནས་སྙན་པ་སྒམ་པོ་ཟངས་ཟླུམ་ན། །འཁོར་སྙན་པ་

p. 3

ཕྱོགས་བཞིའི་མཁས་བཙུན་ལ། །ཆོས་སྙན་པ་སྟོང་ཉིད་སྒྲ་དབྱངས་སྒྲོགས། །རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །གནས་ལུང་བསྟན་ཙམ་ཆེན་ལྷ་སྒོ་ན། །འཁོར་ལུང་བསྟན་དད་ལྡན་བུ་སློབ་ལ། །ཆོས་ལུང་བསྟན་ཕྱག་རྒྱ་ཆེན་པོ་སྟོན། །རྗེ་འབའ་རོམ་པ་ལ་གསོལ་བ་འདེབས། །གནས་རྣམ་དག་མཁར་ལུང་ལྷ་ཆེན་ན། །འཁོར་རྣམ་དག་བསླབ་གསུམ་ལྡན་པ་ལ། །ཆོས་རྣམ་དག་བཀའ་དང་དགོངས་འགྲེལ་འཆད། །རྗེ་ཏི་ཤྲི་རས་པར་གསོལ་བ་འདེབས། །གནས་ཁྱད་འཕགས་སྐུ་འབུམ་གདན་ས་ན། །འཁོར་ཁྱད་འཕགས་ལས་ཅན་བུ་སློབ་ལ། །ཆོས་ཁྱད་འཕགས་ཐེག་ཆེན་སྨིན་གྲོལ་མཛད། །རྗེ་རས་པ་དཀར་པོར་གསོལ་བ་འདེབས། །གནས་ངོ་མཚར་ནང་སོ་ཆེན་མོ་ན། །འཁོར་ངོ་མཚར་བཀའ་བབས་སློབ་ཚོགས་ལ། །ཆོས་ངོ་མཚར་ཟབ་ལམ་གདམས་པ་གཏད། །རྗེ་ལུས་མེད་རྡོ་རྗེར་གསོལ་བ་འདེབས། །གནས་ཕྱོགས་བྲལ་དབེན་པའི་རི་ཁྲོད་ན། །འཁོར་ཕྱོགས་བྲལ་ལས་སྨོན་ལྡན་པ་ལ། །ཆོས་ཕྱོགས་བྲལ་ཕྱག་ཆེན་ངོ་སྤྲོད་མཛད། །རྗེ་རི་དགོན་བཅོ་བརྒྱད་ལ་གསོལ་བ་འདེབས། །རས་དཀར་ནས་འདིའི་བར་མ་ཏི་རཏྣས་བཙུད་པའོ། །རྗེ་འགྱུར་མེད་བཀའ་བརྒྱུད་བླ་མ་ལ། །ངེད་ཡེངས་མེད་གུས་པས་གསོལ་བ་འདེབས། །སེམས་སྐྱེ་མེད་ཆོས་སྐུ་མངོན་གྱུར་ནས། །དོན་འབད་མེད་གཟུགས་སྐུས་འགྲོ་སྒྲོལ་ཤོག །ཅེས་མོས་གུས་ལྟེམ་རྐྱང་མེད་པར་གསོལ་བ་རྒྱུན་དུ་བཏབ་ན་དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ་བོ་གསུངས། རྗེ་འབའ་རོམ་པ་ཡབ་སྲས་ཀྱིས་མཛད་པའོ།། །།

ཆོས་རྗེ་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོའི་ཁྲིད་རིམ་ངག་འདོན་དང་བཅས་པ་ངེས་དོན་ལམ་བཟང་ཐར་པའི་ཐེམ་སྐས། འཇིགས་མེད་ཆོས་ཀྱི་སེངྒེ།

p. 4

༄༅། །ཆོས་རྗེ་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོའི་ཁྲིད་རིམ་ངག་འདོན་དང་བཅས་པ་ངེས་དོན་ལམ་བཟང་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་པུཎྱེ་བྷ་དྲ་ཡེ། ཆོས་ཉིད་གཞི་རྫོགས་ལམ་གྱིས་རབ་གསལ་ཞིང༌། །ངེས་པ་དོན་གྱི་རིན་ཆེན་གྲུ་ཆར་འབེབས། །འགྲོ་ཁམས་ཕོངས་པའི་མཚོ་ལས་སྒྲོལ་མཛད་པ། །མཆོག་གསུམ་འདུས་ཞལ་བླ་མར་གུས་པས་འདུད། །དེ་ཡང་འདིར་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་སྔོན་འགྲོའི་ཁྲིད་རིམ་བགྱི་བ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལའང་བཞི། དལ་འབྱོར་རྙེད་དཀའ་བར་བསམ་པ། དེ་ཉིད་མི་རྟག་པར་ཤེས་པ། ལས་འབྲས་བསླུ་མེད་དུ་བསྟན་པ། སྲིད་པ་འཁོར་བའི་སྡུག་བསྔལ་ལ་གཞིག་པའོ། །དང་པོ་ནི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཞེས་པ་རྙེད་པར་དཀའ་ཞིང་དཀོན་པའི་ཚུལ་ཡང་། རྒྱུ་དང་དཔེ་དང་གྲངས་ཀྱི་སྒོ་ནས་སེམས་ལ་གཞིག་འབྲེལ་བལྟ་ཞིང་ཤེས་པར་བྱ་སྟེ། དེ་ཡང་དང་པོ་དལ་བ་བརྒྱད་ནི། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་ཤིང་ཆོས་སྒྲུབ་པའི་བློ་ཡོད་ན་བར་ཆད་མེད་ཅིང་ངེས་པར་བསྒྲུབ་ཆོག་པའི་མི་ལུས་བཟང་པོ་ཞིག་ཏུ་སྐྱེས་པ་འདི་ནི། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར། དམྱལ་བ་ནི་སྡུག་བསྔལ་འབའ་ཞིག་ལ་གཅོད་སྦྱོང་བྱེད་པ། དགེ་བ་མ་བསྒྲུབས་ཤིང་སྡིག་པ་བྱས་པའི་ལས་ཡིན་པར་ཤེས་ཀྱང་བྱ་ཐབས་བྲལ་བཞིན་པ་ལས་མ་མཆིས། ཡི་དྭགས་ནི་བཀྲེས་སྐོམ་གྱིས་ངལ་ཞིང་ལུས་ཀྱི་ཉམས་ཟད་པ་དང། རང་དབང་མ་མཆིས་པར་དགེ་བ་སྒྲུབ་པའི་བློ་མེད་པ་སོགས་དང༌། དུད་འགྲོ་ནི་མ་རིག་གཏི་མུག་གིས་སྒྲིབ་ཆེས་པས་དགེ་བ་ལྟ་ཞོག །འདུ་ཤེས་གསུམ་མ་གཏོགས་མེད་པས་དགེ་སྡིག་གི་མིང་ཙམ་མ་གོ་ཞིང་མི་

p. 5

མཐོང་བ་སོགས་ངན་འགྲོ་གསུམ་ལས་ངན་གྱི་སྣང་བ་འཐུག་ཆེ་བས་ཆོས་ཀྱིས་གྲོལ་བ་ཤིན་ཏུ་དཀའ་བའི་གནས་དང༌། ལྷ་ཚེ་རིང་པོ་ནི་བསྐལ་པ་ཆགས་འཇིག་མང་པོའི་ཡུན་དུ་གནས་ཀྱང་ཆོས་སྟོན་པ་པོ་མེད་པས་དགེ་བ་ཅི་ཡང་མི་འགྲུབ་ཅིང་། སེམས་ཀྱི་འདུ་ཤེས་རང་རང་གི་གནས་དེར་ཡུན་རིང་ཆེ་བས་འཕོ་མི་ཐུབ་པས་སྡུག་བསྔལ་རིང་པོར་མྱོང་བས་ཆོས་ཀྱི་སྐལ་བ་ཆད་པ་དང༌། དེ་དག་རྣམས་ནི་ཕལ་ཆེར་འཇིག་རྟེན་གཞན་ནོ། །འཇིག་རྟེན་གྱི་གནས་འདིར་ནི་ཀླ་ཀློ་ཞེས་པ་ཚུལ་མིན་གྱི་ཆོས་ལུགས་ཡེ་ནས་ཁོ་རང་གི་སྟོན་པ་སློབ་མར་བཅས་པ་ཕྱོགས་དེར་ཞེན་ཅིང་། ནང་པ་སངས་རྒྱས་དང་དམ་པའི་ཆོས་ལ་མི་དད་པས་དོན་མེད་པར་འགྱུར་བས་སོ། །ལོག་པར་ལྟ་བ་ནི། རང་ཉིད་སྔོན་ནས་ལས་ཀྱི་དབང་ངམ་འཕྲལ་དུ་གྲོགས་ངན་གྱི་རྐྱེན་གྱིས་དཀོན་མཆོག་གསུམ་ལ་མི་དད་ཅིང་སྡིག་ལ་དགའ་བའོ། །སངས་རྒྱས་སྟོང་འབྱོན་པའི་བསྐལ་པ་རེ་གཉིས་མཚམས་དང་། མང་པོའི་མཚམས་ནས་བསྐལ་པ་འཇིག་ཅིང་སླར་ཆགས་པར་གྱུར་ཀྱང་སངས་རྒྱས་མི་འབྱོན་ཞིང་། དམ་པའི་ཆོས་ཀྱང་མ་གསུངས་པས་ཆོས་ཀྱི་སྒྲ་ཚིག་གཅིག་ཀྱང་རྣ་བར་མི་ཐོས་པ་མུན་པའི་བསྐལ་པ་ཞེས་དེར་མིའི་ལུས་ཐོབ་ཀྱང་དོན་མེད་ལ། མི་ཉིད་ཀྱང་ངག་ལས་སུ་མ་རུང་བས་འདྲི་བ་དང་ལན་འདེབས་པ་མེད་ཅིང་། དེར་བརྟེན་རྣ་བ་ཡང་ལས་སུ་མ་རུང་བས་ཆོས་ཀྱི་སྒྲ་དོན་མི་གོ་བས་བྱོལ་སོང་ལྟ་བུར་གྱུར་པ་རྣམས་ནི་ཆོས་བསྒྲུབ་ཏུ་མི་ཁོམ་པ་བརྒྱད་དང༌། དེར་མ་སྐྱེས་པས་དལ་བ་བརྒྱད་དོ། །འབྱོར་པ་བཅུའི་དང་པོ་རང་འབྱོར་ལྔ་ནི། དེའང་རྩ་བའི་ཚིག་རྐང༌། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་གསུངས་པས། སྤྱིར་སེམས་ཅན་ཐམས་ཅད་ཀྱི་བར་དོའི་རྣམ་པར་ཤེས་པ་རྟེན་ཆགས་པའི་ལུས་ཤིག་བླངས་ཀྱང་ཕན་པ་མེད་དེ། ད་རེས་ཁམས་དྲུག་དང་ལྡན་པའི་མི་ལུས་གཙང་མ་ཐོབ་པ་དང་གཅིག །ཆོས་ཚིགས་ཀྱི་ཡུལ་དབུས་ཆོས་སྤྱི་དང་སྙིང་པོ་བླ་མེད་ཀྱི་ཆོས་དར་བའི་གནས་དེར་སྐྱེས་པ་དང་གཉིས། ལུས་དེ་ཡང་ལོང་བ་འོན་པ་སྨྲར་མི་ཤེས་པ་ཞ་བོ་གཅོང་ནད་ཅན་སོགས་ནད་ངན་པས་མནར་བ་མ་ཡིན་པར་ལུས་དང་ཡན་ལག་ཚང་ཞིང་རྫོགས་པ། ཡིད་ཀྱི་དབང་པོ་གསལ་ཞིང་བཀྲ་བ། དགེ་སྡིག་གི་དོན་བྱེད་ནུས་པ། ཕ་མའང་ལས་དཀར་ནག་ཤེས་པའི་བུར་སྐྱེས་པ་རྣམས་དང་གསུམ། དེ་ཡང་ལས་ཀྱི་མཐའ་མ་ལོག་པས་དགེ་བའི་བསམ་སྦྱོར་ལྡན་ཞིང་བླ་མ་སློབ་དཔོན་མཁན་པོ་སོགས་གང་རུང་གིས་རྗེས་སུ་འཛིན་ཅིང་དམ་པའི་ཆོས་ཤིག་བསྒྲུབ་བོ། །སྡིག་པའི་ལས་ཅི་ནུས་སུ་སྤང་ངོ་། །བདག་དགེ་བ་སྒྲུབ་མཁན་གྱི་གྲངས་དང་གྲལ་ཡིན་སྙམ་པའི་བློ་ཆོས་ལ་ཕྱོགས་པ་དང་བཞི། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་དང་། དེས་

p. 6

གསུངས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་རིགས། དགེ་འདུན་བླ་མ་སོགས་མཆོད་དང་སྐྱབས་སུ་འོས་པ་རྣམས་ལ་ཤུགས་ཀྱིས་དགའ་བ་དང༌། དེ་དང་མཉམ་དུ་འགྲོགས་འདོད་པ། གུས་ཤིང་དད་པ། དེའི་རྗེས་སུ་འཇུག་འདོད་པ། གོང་ལྟར་ཡུལ་གྱི་རྒྱལ་པོ་དང་དཔོན་དང་ཕ་མ་སོགས་ཀྱིས་དགེ་བ་སྒྲུབ་རུང་མིན་སོགས་བཀག་འགོག་གིས་རང་དབང་མི་འདུ་བ་མེད་པ། རང་གིས་ཆོས་སྒྲུབ་པར་ནུས་ན་རང་དབང་རང་ལ་ཡོད་པ་བཅས་རང་འབྱོར་ལྔའོ། །གཞན་ངོས་ནས་རང་ལ་འབྱོར་དགོས་པ་ལྔ་ནི། ཇི་སྐད་དུ། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འབྲངས། །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་པ་ལྟར། དེ་ཡང་ཡུལ་མུན་པའི་བསྐལ་པ་ལྟ་བུ་སངས་རྒྱས་མ་བྱོན་ཞིང༌། ཆོས་མ་དར་བ་དེ་ལྟ་བུ་མ་ཡིན་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ཅིང་། ཆུང་ངུའི་དུས་དེར་ཆོས་དང་གདམས་ངག་སྟོན་པའི་སྟོན་པ་མ་བཞུགས་པའམ་མེད་པ་སོགས་མ་ཡིན་པ་དང་གཅིག །དེ་དག་གིས་ཀྱང་དམ་པའི་ཆོས་ཉི་མ་ཤར་བ་བཞིན་རང་གང་ལ་མོས་པའི་ཐེག་པ་རིམ་དགུའི་ཆོས་དང་། སྡེ་སྣོད་ཐམས་ཅད་གསུངས་པ་དང༌གསུང་བར་འགྱུར་བ་སོགས་དང་གཉིས། ལུང་རྟོགས་ཀྱི་བསྟན་པ་ཡང་གནས་པར་མ་ཟད་དུས་འདིར་སྙིང་པོ་རྟོགས་པའི་བསྟན་པ་ཡིན་པར་གསུངས་པ་དང་གསུམ། དེ་ཡང་འཕགས་ཡུལ་དུ་མུ་སྟེགས་སོགས་གྲུབ་མཐའ་གཞན་གྱིས་དབང་བྱས་པ་དང༌། རང་ཕྱོགས་ནས་ཉན་ཐོས་སན་དྷ་པའི་རིགས་ཡོད་པ་རྣམས་ཀྱིས་ཐོ་འཚམས་པའི་དབང་གིས་ཐེག་ཆེན་བྱང་ཆུབ་ཀྱི་སེམས་དང༌། གསང་སྔགས་སྤྱོད་ཡུལ་དུ་དཀའ་བས་ད་ལྟ་བོད་ཡུལ་འདིར་སྙིང་པོའི་བསྟན་པ་དར་ཞིང་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་ཕྱིར་བསྟན་པ་གནས་ཤིང་དེ་དག་གི་རྗེས་སུ་འཇུག་པའི་སྐལ་ལྡན་དུ་གྱུར་ཅིང་། དམ་པའི་ཆོས་དང་དམ་པའི་སྐྱེས་བུས་ཡོངས་སུ་ཟིན་པའི་སྐབས་འདིར་ལུས་འདི་ཐ་མལ་དུ་མི་བཞག་ཅིང་དགེ་བ་ལ་བཀོལ་དགོས་པ་དང་བཞི། འཁོར་བ་ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་ལ་འཕྲལ་དང་ཡུན་དུ་བདེ་བའི་ཕན་རླབས་པོ་ཆེ་ཞིག་འདོགས་དགོས། དེ་ཡང་རང་ཉིད་ཉོན་མོངས་པ་འཁོར་བའི་སྡུག་བསྔལ་དང་མ་བྲལ་བར་འདི་ཀ་ཁོ་ནས་ཕན་འདོགས་པར་མི་ནུས་པས། ད་ལྟ་ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་ཤིན་ཏུ་ཐོབ་པར་དཀའ་ཞིང་དཀོན་པ་ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུ་འདི་རྙེད་པའི་སྐབས་འདིར། རང་གིས་ཆོས་གཤའ་མ་ཞིག་བསྒྲུབས་ནས་འཁོར་བའི་རྒྱ་མཚོ་ལས་བརྒལ་ཞིང་ཐར་པའི་སྐམ་སར་ཕྱིན་ནས། འགྲོ་བ་མ་ལུས་པ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལས་བསྒྲལ་དགོས་སྙམ་པའི་བསམ་པ་རྒྱ་ཆེ་ཆུང་གང་རིགས་ཤིག་ཡོད་བཞིན་པ་དང༌། གཞན་ངོས་ནས་ཀྱང་

p. 7

རང་གིས་དམ་པའི་ཆོས་ལ་འབད་པའི་བསམ་སྦྱོར་གྱིས་སྙིང་ནས་བརྩེ་ཞིང་ཕན་པའི་བསམ་པས་བསྐྱངས་ཏེ་མཐུན་པའི་རྐྱེན་ལས་གནོད་སེམས་མེད་པ་དང་ལྔའོ། །དེ་ཡང་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་ནི་བསྐལ་པ་དཔག་ཏུ་མེད་པར་ཚོགས་ཅུང་ཟད་བསགས་པའི་དགེ་བའི་མཐུས་འཕངས་པའི་ལུས་འཇིག་རྟེན་འདིར་ཆེས་དཀོན་པ་འདི་ཆུད་ཟོས་སུ་མ་སོང་བར་དམ་པའི་ཆོས་ལ་བཀོལ་དགོས་པ་ཡང༌། རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས། དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ནས་ནི། །ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུང་ངོ༌། །ཞེས་དང༌། སློབ་དཔོན་ཞི་བ་ལྷའི་ཞལ་ནས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་ལས་རྟོགས་པར་རིགས་སོ། །དེ་ཡང་དཀོན་པའི་ཚུལ་ནི། རྒྱུ་དང་དཔེ་དང་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་གོང་མའི་ཁྲིད་རིམ་མང་པོ་ལས་གསལ་བ་ལྟར་ལས་འདིར་ཡི་གེ་མང་གིས་དོགས་ནས་བསྡུས་དོན་དུ་བགྱིས་པའོ། །དེ་ལྟར་གསལ་འདེབས་པའི་ཕྱིར། འཇིག་རྟེན་འདི་ན་ཡིད་བཞིན་ནོར་བུ་ལས། །རྙེད་པར་བྱེ་བ་སྟོང་གིས་དཀའ་བའི་གནས། །དལ་འབྱོར་རྒྱུ་དཔེ་གྲངས་ཀྱིས་ཐོབ་དཀའ་བའི། །བསྐལ་པ་སྟོང་གི་བསོད་ནམས་མཐུས་གྲུབ་པ། །ཐོབ་འདི་ཆུད་ཟོས་མེད་པར་དོན་ཡོད་བྱ། །དེ་ལྟར་ཤེས་ནས་ངེས་པར་དགེ་ལ་བརྩོན། །ཞེས་བསྒོམ་པར་བྱའོ། །གཉིས་པ་ནི། དལ་འབྱོར་གྱི་རྟེན་བཟང་པོ་ཐོབ་ཀྱང་དེ་ཉིད་ཡུན་དུ་རྟག་པའི་ངེས་པ་མེད་ཅིང༌། དེ་ལྟར་ཅིའི་ཕྱིར་ཞེ་ན། ཕྱི་སྣོད་འབྱུང་བ་མི་རྟག་པ་བསྐལ་པ་ཆགས་འཇིག་ནམ་ཟླ་དུས་བཞིའི་འགྱུར་ལྡོག །ཉིན་མོ་དང་མཚན་མོ། སྔ་དྲོ་དང་ཕྱི་འཕྲེད། ཉི་ཟླ་གཟའ་སྐར་གྱི་འཆར་ནུབ། སྤྲིན་དང་ཁུ་རླངས་སོགས་ཀྱིས་ནམ་མཁའ་སྟོང་པ་ཡང་སྐད་ཅིག་གིས་འགྱུར་ལྡོག་དང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་སྐྱེ་འཆི་བར་མ་དོའི་འདོར་ལེན། ཤ་ཁྲག་སྲེད་ལེན་གྱི་ཕུང་པོ་སོས་ཀའི་ནམ་མཁའ་ལྟ་བུ། ལོ་དང་ཟླ་བ། ཞག་དང་ཆུ་ཚོད་སོགས་ཀྱིས་ནམ་འཆི་ཆ་མེད། ཚེ་འདི་ལྟ་བུ་ཞིག་ཡོད་དོ་ཞེས་ངེས་ཀྲིག་ཅུང་ཟད་ཀྱང་མེད་ཅིང་། རྒས་དང་དར་མ་བྱིས་པ་སོགས་སུ་ཤི་ངེས་པ་མེད་ལ། རང་ཉིད་ཀྱི་ཆེ་ཙམ་དང་ཆུང་ཙམ་ན་ཟླ་ལོ་མཉམ་སོགས་ན་ནིང་ད་ལོ་རྣམས་སུ་དུ་ཙམ་ཤི་བ་དང༌། ཁྱད་པར་མ་ལས་སྐྱེས་མ་ཐག་ནས་དབུགས་གྲངས་གང་རྒྱུ་བ་དེ་འཆི་བར་ཕར་ཉེ་བ་ཡིན་ཞིང༌། དེ་ཡང་སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་སྡོད་པ་རིགས་མ་ཡིན། །ཞེས་གསུངས་པ་ལྟར་ཅུང་ཟད་ཙམ་

p. 8

གྱིས་ཚེ་ཟད་པ་ལས་རིང་འོང་བ་དང་འཕེལ་བའི་སྣོན་མ་བྱེད་མཁན་ནི་དཀའ་བས། དེ་ཉིད་སྔ་མ་ལས། ཚེ་འདི་ཟད་པར་འགྱུར་བ་ལས། །སྣོན་པ་གུད་ནས་འོང་མིན་ན། །ཞེས་གསུངས་པ་དེ་བཞིན་དུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་སྐུ་ཡང་མི་རྟག་པའི་ཚུལ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་གྲུབ་པ་ཐོབ་པ་རྣམས་ཀྱང་རང་དབང་མེད་པ་ནི་མ་ཡིན་ནའང༌ད་ལྟ་དངོས་སུ་སྐུ་བཞུགས་པ་ནི་མི་སྲིད་པས། ངན་པ་བདག་ཅག་གི་མི་གཙང་བའི་གཟུགས་ཕུང་འདི་ནི་མི་རྟག་ཅིང་མྱུར་དུ་འཆི་བར་འགྱུར་བ་ཡང་ཆོས་ཅན་ཏེ། དེའི་ཕྱིར་སྐྱེས་བུ་གསུམ་གྱི་ལམ་རིམ་ཐུགས་དམ་གྱི་མཐིལ་དུ་གྱུར་པ་མི་རྟག་པ་གོམས་པ་འདི་ནི་ཤིན་ཏུ་གལ་ཆེ་བ་ཡིན་པས་དེ་རྣམས་གསལ་འདེབས་པའི་ཕྱིར། སྣོད་བཅུད་འགྱུར་བའི་ཆོས་ཅན་སྒྱུ་མའི་འཕྲུལ། །ནམ་མཁའི་འགྱུར་ལྡོག་རྡོ་རྗེའི་གཟུགས་སྐུ་ཡང༌། །མྱ་ངན་འདས་ཞེས་འཇིག་རྟེན་འདིར་གྲགས་ན། །བདག་གི་ངན་སྐྱུགས་ཕུང་པོ་ཆུ་བུར་འདི། །ཅི་སྟེ་རྟག་པར་འགྱུར་ཞེས་མི་རྟག་བསྒོམ། །ཞེས་རྣམ་པ་ཀུན་ཏུ་མི་བརྗེད་པར་དྲན་པར་བྱའོ། །གསུམ་པ་ནི། ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་ཀྱང་དེ་དག་མྱུར་དུ་མི་རྟག་ཅིང་འཆི་བར་འདུག་པས། ད་ནི་ཚེ་རབས་གཏན་དུ་རང་གི་དོན་འགྲུབ་པ་ཕ་མར་གྱུར་པའི་སེམས་ཅན་ལ་ཕན་ཐོགས་པ་ཞིག་ངེས་པར་དགོས་པ་ནི་གཞིར་གྲུབ་པས། དེ་ཇི་ལྟར་བྱེད་ལེགས་པར་བརྟགས་ཤིང་དཔྱད་ན། འདི་དང་ཕྱི་མ་གཏན་དུ་རྒྱུ་མི་དགེ་བ་སྡིག་པའི་ལས་ཀྱིས་ངན་སོང་གསུམ་དང་། རིགས་དྲུག་ཏུ་འཁོར་ཞིང་སྡུག་བསྔལ་ཚད་མེད་པ་མྱོང་བ་དང༌། དགེ་བ་དང་སྡིག་པ་མི་དགེ་བ་འདྲེས་མར་སྤྱོད་པའི་ལས་ཀྱིས་མངོན་མཐོ་ལྷ་མིའི་གནས་རྣམས་སུ་སྐྱེ་ཞིང་བདེ་སྡུག་འདྲེས་མར་འབྱུང་བ་དང༌། སྐྱེས་བུ་དམ་པས་ཟིན་པར་གྱུར་ཅིང་མཐར་ཐུག་རྣམ་མཁྱེན་གྱི་ལམ་བཟང་པོར་ཞུགས་ན། གཏན་དུ་བདེ་བ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཤིང་ཇིི་ལྟ་བ་མཁྱེན་པའི་སྒོ་ནས་རང་དོན་ཆོས་ཀྱི་སྐུ་དང༌། ཇི་སྙེད་མཁྱེན་པའི་གཟུགས་སྐུ་གཉིས་ཀྱིས་འགྲོ་དྲུག་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཕྱིར། རྒྱུ་སྡིག་པ་སྤངས་ནས་ངན་སོང་གི་སྡུག་བསྔལ་ལས་བྲལ་དགོས་པར་འདུག་པ་དང༌། རྒྱུ་དགེ་བ་བསྒྲུབ་ནས་བདེ་བ་ཐོབ་ཅིང་བླ་ན་མེད་པའི་གོ་འཕང་རིམ་གྱིས་བགྲོད་དགོས་པར་ཤེས་ནས། ཐོག་མར་དགེ་སྡིག་གི་འདོར་ལེན་གོ་མ་ལོག་པར་དགེ་བ་ཆུང་ངུ་ནས་སྒྲུབ་ཅིང་བསགས། སྡིག་པ་ཆུང་ངུ་ནས་འགོག་ཅིང་སྤང་དགོས་པ་ཡིན་ཏེ། མེ་སྟག་གིས་རི་བོ་བསྲེགས་པ་དང༌། ཆུ་ཐིག་རྒྱ་མཚོར་འགྱུར་བ་བཞིན་དང་། དེ་ཡང་དགེ་སྡིག་དང་རྒྱུ་

p. 9

འབྲས་ཇི་བཞིན་པ་ནི་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ། བདག་ཅག་གནས་དང་གནས་མིན་མཁྱེན་པའི་སྟོབས་དབེན་ཕྱིར་སྨྲ་མི་ནུས་ཀྱང་། རྒྱལ་དང་དེ་སྲས་རྣམས་ཀྱིས་ཆེ་ལོངས་སུ་སྨོས་པར་མཛད་པ་མི་དགེ་བ་བཅུ་དང་དགེ་བ་བཅུར་གསུངས་པའི་སྡོམ་ནི། སྲོག་གཅོད་རྐུ་དང་ལོག་གཡེམ་ལུས་ཀྱི་གསུམ། །རྫུན་ཕྲ་ཚིག་རྩུབ་བཀྱལ་པ་ངག་གི་བཞི། །བརྣབ་སེམས་གནོད་སེམས་ལོག་ལྟ་ཡིད་ཀྱི་གསུམ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཁམས་དྲུག་ལྡན་པའི་མིའམ་མིར་ཆགས་པ་དང༌། གཞན་ཡང་ལུས་ཅན་མཐའ་དག་གི་སྲོག་བཅད་པ་དང་། གཅོད་དུ་འཇུག་པ་དང༌། བསད་པ་ལ་རྗེས་སུ་ཡི་རང་ཞིང་དེ་དག་ལ་བསྔགས་པ་བརྗོད་པ་སོགས་དང༌། ཁྱད་པར་དུ་དུས་དབང་གིས་མཚམས་མེད་པ་ལྔའི་ལས་དང༌དེ་དང་ཉེ་བའི་ལས་སངས་རྒྱས་དང་ཆ་མཚུངས་བླ་མ་སློབ་དཔོན་ཕ་མ་དགྲ་བཅོམ་པ་སོགས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཞེས་འཚེ་བའི་བསམ་སྦྱོར་མི་རིགས་པའི་ལས་ངན་པ་དང་བཅས་པའི་འབྲས་བུས་དམྱལ་བ་ཡང་ཤི་ཡང་སོས་སུ་གཤེད་མས་འཚོད་ཅིང་གཅོད་སྦྱོང་བྱེད་པ་དང༌། རྣམ་སྨིན་ཚེ་རབས་ཀུན་ཏུ་རང་སྲོག་གཞན་གྱིས་གཅོད་པ་དང༌། རྒྱུ་མཐུན་གྱི་འབྲས་བུས་ཚེ་ཐུང་བ་དང༌། དབང་གི་འབྲས་བུས་དུས་ཀུན་གཤེད་མ་དང་འཕྲད་ཅིང་གསོད་པར་གཤོམ་པ་ལྟ་བུ་དང༌། མ་བྱིན་པར་བླང་བ་ལའང་གཞན་གྱིས་མ་བྱིན་པར་ཟས་ནོར་ཆེ་ཆུང་གི་རིགས་བརྐུས་པའི་ལས་ཀྱིས་ཡི་དྭགས་བཀྲེས་སྐོམ་ཅན་དང༌། བྱ་གཅན་མི་དབུལ་པོ་སོགས་ཏེ་རིམ་པས་གོང་ལྟར་སྦྱོར་ཞིང༌། ལོག་པར་གཡེམ་པ་ཞེས་ལམ་འཇུག་ཁྲིམས་བཅས་པ་རྣམས་ལ་བུད་མེད་སྤྱི་དང༌། འཇིག་རྟེན་ཕལ་པ་རྣམས་ལ་རང་གི་ཆུང་མ་མ་ཡིན་པར་གཞན་དུ་གཡེམ་ཞིང་། ཁྱད་པར་ཉེ་དུ་མ་སྲིང་རྣམས་ལ་འཁྲིག་པ་སྤྱད་པ་སྟེ། དེ་དག་གིས་ལུས་ཀྱི་མི་དགེ་བ་རྣམ་པ་གསུམ་དང༌། རྫུན་ལའང་མ་ཤེས་པ་ཤེས་པ་སོགས་དང་། མ་མཐོང་བ་མཐོང་བ་སོགས་ཟོབ་དང་། གཡོ་སྒྱུས་གཞན་བསླུ་བྲིད་བྱེད་པ་སྟེ་མི་ཆོས་བླ་མའི་རྫུན་དང༌། རང་གི་དོན་བསྒྲུབ་ཕྱིར་འཁྱོག་པོའི་རྫུན་དང༌། གཞན་ལ་ཕན་བྱེད་ཀྱི་རྫུན་དགེ་བའི་ཆར་གཏོགས་པ་དང་། རང་ལ་ཕན་གནོད་མེད་ཀྱང་དེ་ལས་ལྡོག་པ་གཞན་ལ་བསམ་ངན་གྱི་རྫུན་དང༌། རང་གཞན་གཉིས་ཀར་ཕན་གནོད་མེད་པར་གང་སྨྲས་དྲང་པོ་མིན་པར་བརྗོད་པ་རྣམས་ནི་རྫུན་དང༌། མི་མང་པོ་དང་ཉུང་ངུ་སོགས་ཕན་ཚུན་འཐབ་རྩོད་ལ་སྦྱོར་བའི་ཕྱིར་མ་སྨྲས་པ་ཞིག་སྨྲས་སོ། །མ་བྱས་པ་ཞིག་བྱས་སོ་ཞེས་མཐུན་གཉིས་དབྱེ་བའི་དབྱེན་བྱས་པ་ནི་ཕྲ་མའོ། །དོན་ཡོད་མེད་ཀུན་ལ་ཚིག་བརླངས་པོར་དང་། ངག་རྩུབ་མོར་སྨྲ་བ་སྟེ་གཞན་སུན་འབྱིན་པ་ནི་ཚིག་རྩུབ་མོའོ། །དོན་མེད་པའི་གཏམ་དྲི་བཤད་མང་པོ་སྣ་ཚོགས་དང༌། ཁྱད་

p. 10

པར་དཀོན་མཆོག་གི་ཕྱོགས་ལ་སྐུར་པ་འདེབས་པ། བསྟོད་འོས་མིན་པར་བསྟོད་པ། སྨད་འོས་མིན་པར་སྨད་པ་སོགས་ལས་ངན་བསགས་པའི་ཚིག་རྣམས་ངག་འཁྱལ་ཏེ། དེ་དག་རྣམས་ནི་ངག་གི་མི་དགེ་བ་བཞིའོ། །ལུས་ངག་ཡིད་གསུམ་གྱི་ཚུལ་དང་སྤྱོད་པ་གཞན་ལས་བདག་ཉིད་ལྷག་གོ་སྙམ་པ་དང༌། གནས་ཡུལ་ཞིང་ཁང་ནོར་རྫས་རྒྱན་ཡོ་བྱད་སོགས་གཞན་ལས་རང་གི་དེ་ཉིད་ཞན་ཀྱང་བཟང་ངོ་སྙམ་པ་ནི་རང་ལ་བརྣབ་པ་དང༌། གཞན་གྱི་དཔལ་འབྱོར་སྙན་གྲགས་ཟས་ནོར་ཡོ་བྱད་སོགས་བདག་ལ་ཡོད་ན་སྙམ་པ་གཞན་ལ་བརྣབ་པ་དང་། རྣམ་པ་ཀུན་ཏུ་གཞན་གྱི་ཕྱོགས་ལ་བསམ་པ་ངན་ཞིང་མི་འདོད་པ་བྱུང་ན་དགའ་བ་བསྒོམ་པ་སོགས་ནི་གནོད་སེམས་དང༌། དཀོན་མཆོག་གསུམ་གྱི་ཕྱོགས་ལ་དད་གུས་མེད་པའི་སྟེང་འདི་རྣམས་ཀྱིས་མི་ཕན་ནོ། །མི་སྐྱོབ་བོ། །གཏན་ནས་མི་བདེན་ནོ། །མི་བཟང་ངོ་བསམ་པར་མ་ཟད་ལྟ་སྒོམ་སྤྱོད་པའི་ཕྱོགས་ཀྱང་མུ་སྟེགས་ལྟར་གོ་ལོག་ཏུ་སོང་བ་རྣམས་ནི་ལོག་པར་ལྟ་བ་སྟེ་ཡིད་ཀྱི་གསུམ་བཅས་མི་དགེ་བ་བཅུ་པོ་འདི་ཅི་ནུས་སུ་སྤངས་ཤིང༌། དེ་དག་གི་ལས་དང་རྣམ་སྨིན་རྒྱུ་མཐུན་དབང་དང་བཞིའི་འབྲས་བུ་ཞིབ་པར་གཞན་ནས་རྟོགས་པར་བྱས་ལ། དཔྱད་གཞིག་གིས་རྒྱུ་འབྲས་ལ་འཕྲིག་ཚུད་པ་ཞིག་ཅི་ནས་ཀྱང་བྱེད་ཅིང་དེ་ལྟ་བུའི་མི་དགེ་བ་ལས་ལྡོག་པ་ཆེ་ལོངས་སུ་སྨོས་ན། ལུས་དང་ཚུལ་བཟང་ཞིང་སྤྱོད་ལམ་བཟང་པོས་གཞན་ལ་ཕན་འདོགས་པའི་ཆ་ཐམས་ཅད་དང༌། ངག་གིས་ཚིག་བདེན་ཞིང་གཞན་ལ་ཕན་པའི་ངག་དང་དོན་བཟང་པོ་འཇམ་ཞིང་ཡིད་དུ་འོང་བ་སྨྲ་བ། ཡིད་གཞུང་ཞིང་རྣམ་པ་ཀུན་ཏུ་གནས་སྐབས་གཞན་ལ་གང་ཕན་གྱི་བསམ་པ་དང༌། མཐར་ཐུག་རང་ཉིད་བློ་ཆོས་ལ་ཕྱོགས་ཤིང་གཞན་ལ་ཡང་དེ་བཞིན་ཆོས་ལ་སྦྱོར་བའི་བསམ་པ་དང་ལྡན་པ་སྤྱིར་བཏང་དང༌། ཞིབ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསླབ་སྦྱང་ཁོ་ན་ལ་བརྩོན་པ་ནི་དགེ་བ་བཅུའི་ལས་ལམ་དང་། ཧྲིལ་གྱིས་དྲིལ་ན་གཞན་ལ་བསམ་པ་དང་སྦྱོར་བ་རྣམ་པ་ཀུན་ཏུ་དཀར་བ་ཐམས་ཅད་དགེ་བའི་ཆ་དང༌། རང་དོན་ཁོ་ནར་བློ་ཕྱོགས་ཤིང་གཞན་ལ་གནོད་པར་གྱུར་ཀྱང་ཇི་མི་སྙམ་དུ་འཇོག་པ་ནི་བསམ་སྦྱོར་ནག་པ༌སྟེ། དེ་དག་གི་འབྲས་བུའི་སྡོམ་ནི། བྱིས་པས་རང་དོན་བསྒྲུབས་པས་འཁོར་བར་འཁྱམས། །ཐུབ་པས་གཞན་དོན་བསྒྲུབས་པས་སངས་རྒྱས་ཐོབ། །ཅེས་དང་། དཀར་ནག་ལས་ཀྱི་འབྲས་བུ་རྣམས་མི་གོད་ཅིང་འཕེལ་བར་འགྱུར་བ་དང༌། ལས་རྣམས་ཆུད་ཟ་བ་དང་། སྨིན་པའི་ལོངས་སྐབས་མེད་པ་དང་། གཞན་དུ་འགྱུར་བ་ནི་ནམ་ཡང་མི་སྲིད་དེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་སུ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས་དགེ་སྡིག་རང་

p. 11

རང་གི་འབྲས་བུ་བདེ་སྡུག་གོ་མི་འཆོལ་བར་འབྲས་ཀྱི་ས་བོན་ལས་འབྲས་དང༌། གྲོའི་ས་བོན་ལས་གྲོ་སྨིན་པ་ལྟར་བསླུ་བ་མེད་པར་དགེ་སྡིག་གི་ལས་རང་ལ་སྨིན་པར་འགྱུར་རོ། །དེས་ན་རྣམ་པ་ཀུན་ཏུ་དགའ་བ་དང་བདེ་བ་འདོད་པ་མ་གཏོགས་སྡུག་ཅིང་བསྔལ་དགོས་པའི་འདོད་པ་ནི་སུ་ལ་ཡང་མེད་ཕྱིར། དེས་ན་ད་རེས་ལུས་རྟེན་འདིར་བདེ་བའི་རྒྱུ་བསགས་ན་གཞན་དུ་བདེ་དགའ་བཟང་པོ་སྤྱོད་རྒྱུ་ཡོང་ཕྱིར་སྡིག་པ་སྤངས་ཤིང་དགེ་བ་ངེས་པར་བསྒྲུབ་དགོས་པར་ཤེས་པ་ནི་རྒྱུ་འབྲས་ཀྱི་སྐབས་བརྗོད་པའོ། །དེ་དག་གི་སྡོམ་ནི། ལས་ནི་ནམ་ཡང་བསླུ་བ་མེད་པ་སྟེ། །སྡིག་པའི་འབྲས་བུས་ངན་སོང་སྡུག་བསྔལ་དང༌། །དགེ་བས་མངོན་མཐོ་བླ་མེད་ཐར་པ་འཐོབ། །གནས་སྐབས་སྡིག་སྤྱོད་འཇིག་རྟེན་ཀུན་གྱིས་སྨད། །དམ་པའི་ཆོས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ། །མཐོང་ཆོས་ངེས་པ་འདི་ལ་ཡིད་ཆེས་བྱ། །ཞེས་བསྒོམ་པར་བྱའོ། །བཞི་པ་ནི། མི་ཚེ་ཕྱིད་ཐབས་ཀྱི་ལས་ཐམས་ཅད་ནི་སྡིག་པ་ཁོ་ན་ཡིན་པར་མ་ཟད། ཟས་གོས་གནས་གྲོགས་ཐམས་ཅད་སྡིག་པའི་ཁ་སྣོན་མི་དགེ་བའི་ཁུར་ཡིན་ལ། ལུས་ཅན་རང་རང་གི་ཡུལ་དང་། བྱང་འབྲོག་གི་ཞིང་ཁང་། རྟ་ཕྱུགས་སྐྱོང་བྲན། དགྲ་འདུལ་གཉེན་སྐྱོང་འདི་བྱ་འདི་ལས་ཀྱི་ཐབས་ཀ ཁ་ཏ་ཚོང་ཁེ་བུན་སྐྱེད་སོགས་ལ་དལ་ཁོམ་མེད་པར་གཡེངས་ཤིང་བྱ་བ་འདི་བསྒྲུབ་བོ་སྙམ་པའི་རན་ཚོད་དང་ངོམས་ཤིང་ཐག་ཆོད་པ་སོགས་མེད་པར་གཅིག་ལས་གཉིས་དང་གཉིས་ལས་གསུམ་སོགས་འཆི་ངེས་པར་གྱུར་ཀྱང་འགྲུབ་མི་སྲིད་པའི་འདོད་པ་དེ་ནི་ཟད་པ་མེད་པར་འཕེལ་བཞིན་པའི་ངང་ནས་གློ་བུར་གཤིས་ངན་བཅོ་བརྒྱད་ཀྱི་དབང་གིས་དྲན་ལོང་བསམ་ལོང་མེད་པར་འགུམ་པའམ། འཆི་བའི་མལ་དུ་ཉམ་ཐག་པའི་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་མི་བཟོད་བཞིན། ཀྱེ་མ་ད་རེས་མི་ལུས་ཐོབ་པ་དོན་མེད་ཆུད་ཟོས་སུ་སོང་། ཤེས་བཞིན་དྲན་བཞིན་དམ་པའི་ཆོས་ཤིག་མ་སྒྲུབ་པས་ད་འཆི་བར་ཀྲིག་གིས་ཐུག་བྱུང༌། སྨན་དང་སྔགས་དང་རིམ་གྲོས་ད་རེས་བསླུ་ཐབས་ཤིག་ཡོད་ན་ད་ཕན་ཆོས་ཤིག་བསྒྲུབ་བསམས་ཀྱང་ཕྱིས་ནས་སོང་བསམ་ཞིང་འགྱོད་པ་སྐྱེས་ཀྱང་བྱ་ཐབས་བྲལ། དེ་དག་ནི་དབང་པོ་གསལ་ཞིང་རང་དབང་ཡོད་པའི་དུས་སུ་ཆོས་མ་སྒྲུབ་ཅིང༌རང་མགོ་རང་གཡོགས་བྱས་པས་ལེན་པ་ཡིན། ད་ནི་ལུས་འདི་བོར་ནས་བདེ་འགྲོ་གསུམ་དུ་སྐྱེ་བའི་དགེ་འབྲས་ནི་རང་ལ་མེད། བྱས་ཚད་མི་དགེ་བ་དང་སྡིག་པ་ཁོ་ནར་སོང་བས་ངན་སོང་གསུམ་དུ་ངེས་པར་སྐྱེ་འགྲོ་བར་འདུག །དེ་དག་གི་སྡུག་བསྔལ་བཟོད་དཀའ་བ་དང་། ཡུན་གྱི་ཚེ་ཚད་སོགས་ལ་བསམ་ན་བློ་ཡང་

p. 12

ཐང་ཆད་པ་ཞིག་ནི་ངེས་པར་འོང་ཞིང༌། དེ་ཡང་ནམ་ཡོང་ཆ་མེད་པས་བློ་ཐུང་རྦུད་ཀྱིས་མ་སོང་གི་བར་བསམ་ཞིང་གཞིག་པར་བྱ་སྟེ། འགྲོ་བ་རིགས་དྲུག་ཏུ་ཟོ་ཆུའི་འཕྱན་ལྟར་དོན་མེད་པར་སྡུག་བསྔལ་གྱི་རང་བཞིན་དུ་འཁོར་བ་ནི་རང་གིས་རང་ལ་བྱས་པ་ཉིད་དེ་དེ་དག་ཤེས་ནས་མྱུར་དུ་དམ་པའི་ཆོས་ལ་བརྩོན་དགོས་པའི་སྡོམ་ནི། ཀྱེ་མ། རང་ཉིད་མཁས་ཤིང་གྲུང་པོ་ཡིན་སྙམ་ཡང༌། །བློ་ནོར་གནས་སྐབས་མཐར་ཐུག་ཐམས་ཅད་དུ། །རང་ལ་གནོད་པ་བསྒྲུབས་པས་མི་ཚེ་སྐྱེལ། །ཕན་པའི་བྱ་བ་བླ་མེད་དམ་པའི་ཆོས། །འདི་བསྒྲུབ་དེ་ཙམ་གྲུབ་པར་གྱུར་ཏོ་ཞེས། །ཡིད་གཏད་མེད་པས་ད་ནི་བློ་ཐག་ཆོད། །ཅེས་དམ་པའི་ཆོས་བསྒྲུབ་པའི་བློ་ཐག་ལིང་གིས་ཆོད་པར་བྱའོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་ཆོས་བཞི་ཞེས་པ་འདི་ནི་ཐུན་མོང་ཞེས་གལ་ཆུང་ངུ་ཞིག་གི་སྐད་དོད་མ་ཡིན་ཞིང༌། དམ་པའི་ཆོས་ཤིག་སྒྲུབ་ཕན་ཆད་འདི་ཉིད་མེད་ན་མི་རུང་ཞིང༌ཆོས་ཀུན་གྱི་རྩ་བའམ་རྨིང་གཞི་ལྟ་བུ་ཡིན་པས་ཤིན་ཏུ་གལ་ཆེ་བར་ཤེས་དགོས་སོ། ། ༈ དེ་ནས་ལམ་ཐུན་མོང་མ་ཡིན་པ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྙིང་པོ། གསང་བ་སྔགས་ཀྱི་ཐོག་མའི་ལམ་རིམ་ནང་གི་སྔོན་འགྲོ་བཞི་ནི། དེའང་བསླུ་མེད་ཀྱི་སྐྱབས་འཚོལ་བ། རང་རྒྱུད་ཀྱི་སྡིག་པ་སྦྱོང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཕྱིར་མཎྜལ་འབུལ་བ། བྱིན་རླབས་མྱུར་དུ་འཇུག་ཕྱིར་བླ་མའི་རྣལ་འབྱོར་སྙིང་ཕུར་དུ་བྱ་བ་དང་བཞིའོ། །དང་པོ་སྐྱབས་སུ་འགྲོ་བ་ལ་ཡང་དྲུག །སྐྱབས་ཡུལ་ངོས་བཟུང་བ། ཡུལ་དེ་དག་བསྒོམ་པ། སྐྱབས་སུ་འགྲོ་ཚུལ། རྟགས་ཚད་དང་ཕན་ཡོན། རྗེས་འབྲེལ་དུ་ཐེག་པ་ཆེན་པོར་སེམས་བསྐྱེད་པ། འཁོར་གསུམ་ཡོངས་དག་གིས་རྒྱས་གདབ་ཅིང་མཐར་སྐྱབས་ཡུལ་བསྡུ་བའོ། །དང་པོ་ནི། སྤྱིར་འཇིག་རྟེན་ཕལ་ཆེར་དང་ཕྱི་རོལ་མུ་སྟེགས་པ་རྣམས་འཇིག་རྟེན་གྱི་གཙོ་བོ་ཚངས་པ་དང་། ཁྱབ་འཇུག་དབང་ཕྱུག་སོགས་ལ་སྐྱབས་སུ་འགྲོ་ཡང་བདག་ཅག་ནང་པའི་བསྟན་པ་ལ་ཞུགས་པ་རྣམས་ཀྱི་སྐྱབས་ནི། སྐྱབས་སུ་འགྲོ་བའི་ལམ་ཆགས་བྲལ་དམ་པའི་ཆོས་དང༌། ལམ་གྱི་གྲོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་གཉིས་ནི་ལམ་སྟེགས་དང་གྲོགས་འཇིགས་སྐྱོབ་ཀྱི་ཚུལ་ཏེ་གནས་སྐབས་ཀྱི་སྐྱབས་དང་། བླ་ན་མེད་པ་གཏན་གྱི་སྐྱབས་ཉག་གཅིག་རྫོགས་པའི་སངས་རྒྱས་ཏེ་སྐུ་གསུམ་གྱི་སྟོན་པ་དེ་དག་དང་གཉིས་སུ་མེད་ཅིང་། རང་ལ་སངས་རྒྱས་དངོས་ཀྱི་བཀའ་དྲིན་ལས་ཆེར་ལྷག་པ་བླ་མ་སངས་རྒྱས་རིན་པོ་ཆེ་དང༌། ཁྱད་པར་དོན་དམ་ངེས་པ་རང་སེམས་སངས་རྒྱས་ཉག་གཅིག་སྐྱབས་ཀྱི་མཆོག་དང་ཕུལ་དུ་གྱུར་པ་ཡིན་ཚུལ་ཐེག་པ་ཆེན་པོ་རྒྱུད་བླ་

p. 13

མ་ལས་ཇི་ལྟར་གསུངས་པ་བཞིན་དང་། གཞན་འཇིག་རྟེན་འདིར་མཐུ་ཆེ་བར་གྲགས་པའི་ཚངས་པ་དང་དབང་ཕྱུག་སོགས་ནི་རང་ཉིད་འཁོར་བའི་སྡུག་བསྔལ་ལས་མ་འདས་ཕྱིར་གཞན་སྐྱོབ་པར་མི་ནུས་ཤིང༌། འཁོར་ལོའི་སྒྱུར་རྒྱལ་དང་རྒྱ་དཀར་ནག་གི་རྒྱལ་པོ་སོགས་གནས་སྐབས་དབང་ཤུགས་བཙན་པར་གྲགས་ཀྱང་ཁོ་རང་རྣམས་ཀྱང་འཁོར་བའི་སྡུག་བསྔལ་ལས་མ་འདས་ཤིང༌འཁོར་བར་འཁོར་བཞིན་པས་བདག་ཅག་སྐྱོབ་པར་ག་ལ་ནུས། དེ་བས་ན་འཁོར་བའི་ཕ་རོལ་དུ་སོན་ཅིང་སྟོབས་བཅུ་མི་འཇིགས་བཞི་མ་འདྲེས་བཅོ་བརྒྱད་སོགས་མངའ་ཞིང་ཡོན་ཏན་བྱེ་བ་འབུམ་གྱི་བདག་ཉིད་རྫོགས་པའི་སངས་རྒྱས་རྣམས་དང༌། དེས་གསུངས་དམ་པའི་ཆོས་ཐམས་ཅད་དང༌། འཕགས་དང་ཉན་རང་སློབ་མར་བཅས་པ་རྣམས་ནི་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་ངེས་པ་ཅན་ཏེ། འཁོར་བའི་ཆུ་བོ་ལས་སྒྲོལ་བའི་མཉན་པ་དང་གྲུ་གཟིངས་ལྟ་བུ། འགྲོ་དྲུག་བདག་ཅག་རྣམས་ལ་ཐུགས་བརྩེ་བའི་རང་བཞིན་ཕ་མ་ལྟ་བུ། རྟོག་མེད་བྱམས་དང་སྙིང་རྗེ་ཆེན་པོས་སྐྱོང་བ་ཉི་མ་ལྟ་བུ་འདི་དག་གིས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་ངེས་པ་ཅན་ཡིན་ཕྱིར་དེ་དག་སྐྱབས་སུ་འཚོལ་ཞིང་བཟུང་དགོས་སོ། །གཉིས་པ་ནི། རང་ཉིད་ཡིད་ཚིམ་པའི་ཕྱིར་མདུན་གྱི་ནམ་མཁར་ཞིང་ཁམས་ཕུན་སུམ་ཚོགས་པ་ལག་མཐིལ་ལྟར་མཉམ་ཞིང་བ་ཻཌཱུརྻ་ལྟར་དྭངས་པའི་དབུས་སུ་སེང་གེའི་ཁྲི་ལྔ་ཚོམ་གྱི་དབུས་མའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་ལ་བཀའ་བབ་ཆུ་བོ་བཞི་སོགས་ཕྱག་ཆེན་དོན་བརྒྱུད་ཀྱི་བླ་མ་རྣམས་དང་། ཏཻ་ལོ་ནཱ་རོ་མཻ་ཏྲི་མར་མི་དྭགས་པོ་དར་མ་དབང་ཕྱུག་སོགས་ནས་རྩ་བའི་བླ་མའི་བར་བཀའ་བརྒྱུད་པའི་བླ་མ་ཐམས་ཅད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་རམ། ཁྲོམ་འཚོགས་སུ་བཞུགས་པའི་ཤར་གྱི་ཁྲི་ལ་ཡི་དམ་འཁོར་ལོ་བདེ་མཆོག །དུས་ཀྱི་འཁོར་ལོ། དགྱེས་རྡོར། གསང་འདུས། མ་ཧཱ་མཱ་ཡ་སོགས་རྣལ་འབྱོར་བླ་མེད་དང༌། གཞན་ཡང་བྱ་སྤྱོད་རྣལ་འབྱོར་སོགས་ཕྱི་ནང་རྒྱུད་སྡེའི་ཡི་དམ་གྱི་ལྷ་རྣམས་གཙོ་བོ་ཤིན་ཏུ་གསལ་བ་ལ་འཁོར་རྣམས་ཉི་མ་ལས་འོད་ཟེར་བཞིན་བསྒོམ་པ་དང༌། གཡས་ཀྱི་ཁྲིར་དུས་གསུམ་གྱི་སངས་རྒྱས་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཕྱོགས་བཅུའི་སངས་རྒྱས་སོགས་ལོངས་སྐུ་དང་། སྤྲུལ་སྐུའི་རྣམ་པ་མཚན་དང་དཔེ་བྱད་སོགས་བལྟ་བས་ཆོག་མི་ཤེས་པར་མོས། རྒྱབ་ཀྱི་ཁྲིར་ཀུན་དགའ་ར་བ་དང་བླ་བྲེ་སོགས་རྒྱན་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་ཐེག་པ་ཆེ་ཆུང་གི་དམ་པའི་ཆོས་རྣམས་པུ་སྟི་གསུང་རབ་གླེགས་བམ་གྱི་ཚུལ་དུ་དབྱངས་དང་གསལ་བྱེད་ཀྱི་སྒྲ་དང་། དུམ་པ་རང་རང་གི་ཚིགས་སུ་བཅད་པ་རེ་རེ་དང་། ཤྭ་ལོ་ཀ་རེ་རེའི་དོན་གྱི་རང་སྒྲ་དི་རི་རི་སྒྲོགས་པའི་གདོང་རྣམས་སུ་སྐྱེ་བ་མེད་པའི་ཡིག་

p. 14

འབྲུ་ཨ་དཀར་པོ་ཤིན་ཏུ་གསལ་བ་རེ་རེས་མཚན་པར་བསྒོམ། གཡོན་གྱི་ཁྲིར་ཉེ་བའི་སྲས་ཆེན་བརྒྱད་སོགས་བྱང་ཆུབ་སེམས་དཔའ་སེམས་མའི་ཚོགས་རྣམས་དང༌། རྡོ་རྗེ་རྣལ་འབྱོར་མ་སོགས་གནས་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོ་མ་ངེས་པའི་གྲུབ་ཐོབ་རྣལ་འབྱོར་སོགས་ཐེག་པ་ཆེན་པོའི་དགེ་འདུན་དང༌། གདིང་བ་སོགས་གདན་རྐྱང་རྣམས་ཀྱི་སྟེང་དུ་གཏད་རབས་དགུ་དང་། གནས་བརྟན་བཅུ་དྲུག །དགྲ་བཅོམ་པ་རང་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དབུ་ཟླུམ་ཞབས་རྗེན་ཆོས་གོས་གསུམ་དང་བཅས་པ། ཐམས་ཅད་འོད་དང་འོད་ཟེར་གྱི་ཕུང་པོ་འཚེར་ཞིང་ལྷང་ངེ་ལྷན་ནེ་ལྷམ་མེར་གསལ་བ། ཕྱག་མཚན་ལྷུང་བཟེད་འཁར་གསིལ་སོགས་ཐོགས་པ། དེ་དག་གི་གདན་ཁྲིའི་འོག་ཙམ་དུ་ཡེ་ཤེས་ཀྱི་ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐམས་ཅད་ཀྱང་ཕ་དང་ཁུ་བོའི་ཚུལ་དུ་བཞུགས་པར་བསམ་པ་ནི་སྐྱབས་ཡུལ་གྱི་རྟེན་བསྐྱེད་པ་སྟེ། དེ་དག་གསལ་གདབ་པའི་ཕྱིར། མདུན་མཁར་ཡིད་སྤྲུལ་ཞིང་གི་བཀོད་པ་ནི། །ཕུན་ཚོགས་དབུས་སུ་སེང་ཁྲི་ལྔ་ཚོམ་གྱི། །དབུས་མར་བླ་མ་རྡོ་རྗེ་འཆང་ཆེན་ལ། །གྲུབ་ཐོབ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ལ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར། །རྒྱབ་ཏུ་གསུང་རབ་དམ་པའི་ཆོས་མཆོག་རྣམས། །རང་སྒྲར་བཅས་ཏེ་འོད་ཟེར་སྤུངས་སེ་བཞུགས། །གཡོན་དུ་ཉེ་སྲས་དཔའ་བོ་རྣལ་འབྱོར་མ། །གྲུབ་ཐོབ་ཉན་རང་དགེ་འདུན་ཚོགས་དང་བཅས། །འོག་ཏུ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །མེ་དཔུང་ཀློང་ན་བར་ཆད་བསལ་ཕྱིར་བཞུགས། །དེ་དག་རྣམས་ལ་དད་གསུམ་མོས་གུས་ཀྱིས། །ཁ་ཙམ་མ་ཡིན་སྙིང་ནས་སྐྱབས་སུ་མཆི། །ཞེས་གསལ་གདབ་པར་བྱའོ། །གསུམ་པ་ནི། དེ་ཡང་བདག་ཅག་རང་གི་རྒྱུད་འདི་ཐོག་མར་མ་རིག་གཏི་མུག་གི་དབང་གིས་བདག་གཞན་གཟུང་འཛིན་གཉིས་སུ་སྣང་ཞིང་། འཁྲུལ་པ་ལས་བྱུང་བའི་ཨ་འཐས་ཇེ་ཆེར་སོང་བས་ཆགས་སྡང་རྨོངས་པ་སོགས་ཉོན་མོངས་དུག་ལྔ་ཡིས་ལས་ངན་བར་མེད་དུ་བསགས་པ་དང༌། གསོག་བཞིན་པའི་ལས་འདིས་ནམ་ཡང་མི་བསླུ་བས་སྡུག་བསྔལ་དྲག་པོ་ངན་སོང་གསུམ་ནས་ཐར་དུས་མེད་པའི་ལས་དང་། རྣམ་

p. 15

སྨིན་རྒྱུ་མཐུན་དབང་གི་འབྲས་བུས་བར་མེད་རིགས་དྲུག་ཕལ་ཆེར་གྱི་སྡུག་བསྔལ་མྱོང་དགོས་ངེས་པ་འདི་ཉེས་པ་སོང་བ་ལ་ཁྲིམས་ཀྱི་ཆད་པ་བྱུང་བ་མེད་མི་སྲིད་པ་ངེས་བཞིན། ད་ནི་ཅིས་ཀྱང་འདི་ལས་ཐར་ངེས་དང་སྐྱོབ་ངེས་པ་ཞིག་འཚོལ་དགོས་སྙམ་པ་ན། དཀོན་མཆོག་གསུམ་ལས་རེ་ས་དང་སྐྱབས་གནས་གཞན་མེད་ཕྱིར། འཇིག་རྟེན་འདི་ནས་ཀྱང་རང་ཉིད་ཉེས་པར་སོང་བའི་ཚེ་རྒྱལ་པོ་དང་བློན་པོ་སོགས་ལ་སྐྱབས་འཚོལ་བ་ལྟར། ཐབས་གང་དྲག་གིས་འཁོར་བ་ངན་སོང་གི་འཇིགས་ལས་སྐྱོབ་ཕྱིར་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ཏེ། དེ་ཡང་སྐྱབས་ཡུལ་གྱི་ལྷ་རྣམས་དཀྱིལ་ཆོག་ལྟ་བུ་མ་ཡིན་པར་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་བདག་སོགས་སེམས་ཅན་བསྐྱབ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཅེར་གྱིས་གཟིགས་ཤིང་བཞུགས་པའི་དྲུང་དུ་བདག་གི་གཡས་གཡོན་ན་ཕ་མ་རིགས་དྲུག་དང་། མདུན་དུ་གདོན་བགེགས་བཅས་འཁོད་པར་བསམ་ལ་དད་མོས་གདུང་ཤུགས་དྲག་པོས་སྙིང་ཕུར་ཚུགས་སུ་སྐྱབས་གསོལ་བྱ་ཞིང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པར་ཡིད་དུང་དུང་དང་ཁྱེད་ཤེས་ཀྱི་བློས་སྐྱབས་སུ་འགྲོ་བའི་ངག་འདོན་ནི། ན་མོ། བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀུན། །སྒོ་གསུམ་མི་དགེའི་ལས་འདིའི་སྡིག་ལྕི་བས། །ངན་སོང་འཁོར་བ་འདི་ལས་དཀོན་མཆོག་གསུམ། །ཀུན་འདུས་བླ་མ་མཆོག་ལ་སྐྱབས་སུ་མཆི། །ཞེས་དོན་ཡིད་ལ་དྲན་བཞིན་པས་སྐྱབས་འགྲོ་གྲངས་ཅི་མང་ཕྱག་འཚལ་བ་བཅས་བསྒྲུབ་བོ། །བཞི་པ་ནི། དེ་ལྟར་འབད་པས་ངན་སོང་ལས་སྒྲོལ་བའི་རྟགས་བླ་མ་དང་ལྷ་ཡིས་འཇིགས་པའི་གནས་ནས་སྐྱོབ་པ་དང༌། དགྲ་དང་གཅན་གཟན་ལ་ཆུ་འཕྲང་སོགས་འཇིགས་པའི་གནས་རྣམས་ལས་རང་ཉིད་ཐོགས་པ་མེད་པར་བརྒལ་བ་སོགས་ཉམས་རྨི་ལམ་གྱི་ལྟས་དང་། ཁྱད་པར་དུ་སྔོན་དང་མི་འདྲ་བའི་དཀོན་མཆོག་ལྷ་དང་བླ་མ་ལ་ཡིད་ཆེས་དད་པ་ཐོབ་ཅིང་། རང་ཉིད་ལ་ལེགས་པའི་ཡོན་ཏན་ཅི་བྱུང་བ་ཐམས་ཅད་བླ་མ་དང་དཀོན་མཆོག་གི་ཡོན་ཏན་ཡིན་ནོ་སྙམ་པའི་ཡིད་ཆེས་སྐྱེས་པ་ནི་འདི་ཕྱི་ཀུན་ཏུ་དཀོན་མཆོག་གསུམ་གྱི་ཐུགས་རྗེས་བཟུང་བའི་རྟགས་དང༌། དེར་མ་ཟད་འདི་རུ་ཚེ་རིང་ནད་མེད་དབེན་ཞིང་བདེ་བའི་དཔལ་ཡོན་ཐམས་ཅད་ངང་གིས་འགྲུབ་ཅིང་ཚེ་རབས་ཀུན་ཏུ་དཀོན་མཆོག་གསུམ་དང་རྟག་ཏུ་མི་འབྲལ་ཞིང༌། རང་ཉིད་ཀྱང་རིམ་བཞིན་རྗོགས་སྨིན་སྦྱངས་གསུམ་གྱི་ཡོན་ཏན་མཐར་ཕྱིན་པར་འགྱུར་བ་ནི་འབྲས་བུའི་གོ་འཕང་བླ་ན་མེད་པའོ། །ལྔ་པ་ནི། དེ་དག་གི་རྗེས་འབྲེལ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ལ། རྒྱ་ཆེན་སྤྱོད་པའི་ལུགས་

p. 16

དང༌ཟབ་མོ་ལྟ་བའི་ལུགས་ཏེ་བཞེད་སྲོལ་གཉིས་ལས། འདིར་ཕྱི་མ་ལྟར་སྐྱབས་ཡུལ་བླ་མ་དཔང་པོའི་ཚུལ་དུ་བྱས་ཏེ་རྫོགས་པའི་སངས་རྒྱས་ལ་སྨོན་ཞིང༌། བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་དག་པ་གཉིས་ལྡན་སངས་རྒྱས་ཀྱི་ས་འཐོབ་པར་བྱ། དེའི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་ཕ་མ་སེམས་ཅན་གྱི་དོན་ཁོ་ན་ཉིད་བསྒྲུབ་པར་བྱ་སྙམ་དུ་ཚོགས་ཞིང་གི་སྤྱན་སྔར་དམ་བཅའ་ཞིང་ཁས་བླང་བའི་ཚུལ་དུ་སློབ་དཔོན་ཞི་བ་ལྷའི་གསུང་བྱིན་རླབས་ཅན་འདི་ཉིད་སྐྱབས་སུ་འགྲོ་བ་དང་བཅས་ཏེ་ངག་འདོན་དུ་བྱ་ཞིང་ཡིད་ཀྱིས་བསྒོམ་པར་བྱ་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ཅི་ནུས་བྱ་ཞིང་སེམས་བསྐྱེད་བླང་ངོ་། །དེ་དག་གི་རྗེས་འབྲེལ་རང་ཉིད་ཀྱིས་དགའ་བ་བསྒོམ་པ་དང་། གཞན་ཡི་རང་ལ་བསྐུལ་ཞིང་དགའ་བ་བསྐྱེད་པ། རྒྱལ་དང་དེ་སྲས་རྣམས་ཀྱི་ཐུགས་བསྐྱེད་འགྲུབ་གྱུར་གྱི་བསྔོ་བ་སྨོན་ལམ་གདབ་པ་བཅས་ཀྱིས་མཐའ་བསྡུ་བ་སྟེ། དེ་ཡང་སེམས་བསྐྱེད་ཚུལ་ནི། ཇི་སྐད་དུ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ངེས་པར་བྱ་ཞིང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་

p. 17

མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །དྲུག་པ་ནི། ཐུན་མཐའ་རྣམས་སུ་སྐྱབས་མཁན་བསྐྱབ་བྱ་སྐྱོབ་བྱེད་ཐམས་ཅད་དམིགས་སུ་མེད་པར་རང་བཞིན་སྟོང་པ་ཉིད་དུ་རྒྱས་གདབ་ཅིང༌། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་བདག་ལ་ཐིམ་པ་དང༌། བྱིན་རླབས་ཀྱི་ཆ་ཤས་སེམས་ཅན་ཐམས་ཅད་ལ་ཐིམ་པས་རང་གཞན་འགྲོ་བ་ཐམས་ཅད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམ་མོ། །དེ་ལྟར་ཡང༌། སྐྱབས་ཡུལ་དཀོན་མཆོག་དགྱེས་ཤིང་བདག་ལ་ཐིམ། །དུས་ཀུན་འབྲལ་བ་མེད་པར་རྗེས་བཟུང་གྱུར། །ཅེས་བློ་ཐག་ཆོད་པར་བྱའོ། །༈ གཉིས་པ་སྡིག་སྒྲིབ་ཞི་བར་བྱེད་པའི་ཐབས་ཟབ་ནི། དེ་ཡང་བླ་མ་རྡོར་སེམས་ལ་བརྟེན་ནས་སྟོབས་བཞི་ཚང་བའི་བཤགས་པ་བླ་མེད་ནས་འབྱུང་བའི་མན་ངག་ཟབ་མོ་བསྒོམ་པ་ལ་བཞི། སུན་འབྱིན་གྱི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཆུ་ལོན་གྱི་སྟོབས་སོ། །དང་པོ་ནི། དེ་ཡང་སྔོན་དུ་རང་རྒྱུད་ལ་བརྟགས་པས་རྒྱུད་ཉོན་མོངས་པ་སྟོབས་ཆེ་བའི་དབང་གིས་སྡིག་པའི་ལས་སྣ་ཚོགས་བྱས་དང༌བྱེད་འགྱུར་བྱེད་བཞིན་པ་འདི་ལ་དཔག་ན་རང་ཉིད་སྡིག་པ་ཤིན་ཏུ་ཆེ་བར་ཅིས་མི་ཤེས། དེས་ན་མ་ཤེས་པར་ཁོང་དུ་དུག་ཟོས་པ་ལྟ་བུའི་གནོང་འགྱོད་དང༌། རང་བྱས་ལ་འཇིགས་སྐྲག་ངོ་གནོང་ཤིན་ཏུ་ཆེ་བས། ད་སྡིག་པ་འདི་ཇི་ལྟར་བྱས་ཀྱང་འདག་པའི་ཐབས་ཤིག་བརྩོན་པར་བྱ་དགོས་སྙམ་པ་རྒྱུད་ལ་སྦྱར་བ་ནི་སྔོན་དུ་འགྲོ་བ་རྣམ་པར་སུན་འབྱིན་པའི་སྟོབས་དང་། གཉིས་པ་དངོས་གཞི་སྡིག་པ་སྦྱོང་བའི་ཐབས་ནི། རང་གི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་

p. 18

སེམས་དཔའ་སྐུ་མདོག་དཀར་པོ་གངས་རིར་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་གཡས་པས་མི་ཤིགས་ཤིང་མི་ཕྱེད་པའི་རང་བཞིན་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད་དེ་འཛིན་ཅིང༌། གཡོན་པས་སྟོང་ཉིད་དབྱིངས་ཀྱི་དྲིལ་བུ་དཀུར་བརྟེན་པ། དར་དང་རུས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། ཞལ་འཛུམ་པའི་མདངས་དང་ཐུགས་དགྱེས་པའི་སྤྱན་གྱིས་སྤྱི་བོ་ནས་བདག་ལ་ཞལ་ཚུར་ཕྱོགས་ཏེ་བཞུགས་པར་སྒོམ་པ་འདི་ནི་ཕྱག་ཆེན་གྱི་སྐབས་དང༌། ༈ གཞན་ཡང་ཟབ་མོ་ཆོས་དྲུག་དང༌དྭགས་པོའི་སྙན་བརྒྱུད་རྣམས་ལ་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡུམ་སྙེམས་མ་དཀར་མོ་དང་གཉིས་སུ་མེད་པར་འཁྲིལ་བ་ཞལ་ཅུང་ཟད་གདངས་པ་དང་བཅས་ཏེ་ཞབས་གཉིས་གར་སྟབས་ཅིར་ཡང་འགྱུར་བ་ཅན་བསྒོམ་པ་ནི་རྟེན་གྱི་སྟོབས་དང༌། གསུམ་པ་ནི། དེ་དག་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་ལྟེ་བར་ཐུགས་སྲོག་ཧཱུྃ་ཡིག་དུང་ལྟར་དཀར་བ། དེའི་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་སྦྲུལ་འཁྱིལ་བ་ལྟར་གཡོན་དུ་བསྐོར་བ་མུ་ཏིག་གི་མདངས་ལྟར་གསལ་ཞིང་འཚེར་བ་ཤིན་ཏུ་བརྟན་པའི་བར་བསྒོམ། དེ་ནས་རིམ་པར་སྔགས་ལས་འོད་ཟེར་སྤྲོ་བསྡུས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུ་བ་དང༌། སླར་ཡང་འོད་ཟེར་གྱིས་འགྲོ་ཁམས་ཀྱི་སྒྲིབ་པ་སྦྱོང་ཞིང་ཐུགས་སྲོག་དང་སྔགས་ཕྲེང་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས་རྡོ་རྗེ་སེམས་དཔའི་སྐུ་གང་། ཞབས་སོར་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས། རང་གི་ཚངས་བུག་ནས་ཞུགས། སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀྱིི་དྲི་མ་ཐམས་ཅད་སྦྱང་བ་དང༌། ཕྱི་ལུས་ཀྱི་སྡིག་སྒྲིབ། ནང་སེམས་ཀྱི་ཉོན་མོངས། གསང་བ་སྙོམས་འཇུག་དང་ཤེས་བྱ་ཆ་སྙོམ་གྱི་སྒྲིབ་པ་བག་ཉལ་དང་བཅས་པ་ཐམས་ཅད་ནག་མོག་མོག་པོར་སྦྱངས་ཏེ། ས་འོག་ཏུ་དམིགས་མེད་དུ་སོང་བར་བསམ་པ་ནི་སྡིག་པ་སྦྱོང་བའི་ཐབས་དང་། སླར་རྡོ་རྗེ་སེམས་དཔའི་ཐུགས་སྲོག་སྔགས་ཕྲེང་གི་བདུད་རྩི་སྐུ་ལས་ཐོན་པ་དེ་ཉིད་ཀྱིས་རང་གི་ལུས་ཐམས་ཅད་ཁྱབ་ཅིང་གང་སྟེ། སྒོ་གསུམ་བྱིན་བརླབས་ཤིང་བདེ་སྟོང་གིས་ལུས་ཁྱབ་པར་བསམ་པ་ནི་བྱིན་རླབས་འབེབས་པ་སྟེ། རྡོར་སེམས་ཡབ་ཡུམ་དུ་བསྒོམས་ན། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་ཡེ་ཤེས་བདུད་རྩིའི་རང་བཞིན་བབ་པར་བསམ་པའོ། །དེ་ལྟར་སྒྲིབ་སྦྱོང་ལ་འབད་པས་སྡིག་སྒྲིབ་དག་པའི་རྟགས་ཁྲུས་བྱས་པ། གོས་དཀར་དྲི་མ་མེད་པ་གྱོན་པ། ཉི་ཟླ་ཤར་བ། ལུས་ལས་རྣག་ཁྲག་འབུ་སྲིན་ཐོན་པ། ནམ་མཁར་འཕུར་བ། གཅོང་

p. 19

རོང་གི་ལམ་འཕྲང་ཆུ་བོ་རྣམས་ལས་བརྒལ་བ། མ་རུངས་པའི་འཇིགས་པ་རྣམས་ནས་བླ་མ་དང་རྒྱལ་པོ་རྣམས་ཀྱིས་བསྐྱབས་ཤིང་ཐར་བ་སོགས་ལས་ངན་སྡིག་སྒྲིབ་བྱང་ཞིང་བར་ཆད་ཞི་བའི་རྟགས་ཏེ། དེ་དག་ཉམས་དང་རྨི་ལམ་གང་རུང་དུ་འབྱུང་བ་དང༌། དངོས་སུ་ལུས་ཡང་ཞིང་ཤེས་པ་གསལ་བ། ནད་གདོན་བར་ཆད་རྣམས་ཞི་ཞིང་ཉོན་མོངས་པ་ཤས་ཆུང་བ། མི་དགེ་བ་ལས་བློ་ལྡོག་པ། དག་སྣང་དང་དད་པ། དགེ་ཆོས་ལ་བློ་ཕྱོགས་ཤིང་རང་རྒྱུད་དུལ་བ་སོགས་སྐྱེས་བུ་དམ་པའི་ངང་ཚུལ་སྐྱེ་བར་འགྱུར་ཏེ། དེ་ཡང་སྡིག་པ་དག་པས་སྦྱང་གཞིའི་ཉོན་སྒྲིབ་དང་ལས་སྒྲིབ་རྣམས་དག་ཅིང༌། ཤེས་སྒྲིབ་ཀྱང་སྲབ་མོར་འགྱུར་བས་མེ་ལོང་ཤིན་ཏུ་དྭངས་པ་གཡའ་ཕྱིས་པ་ལ་གཟུགས་བརྙན་རྣམས་ཐོགས་པ་མེད་པར་འཆར་བ་བཞིན། སེམས་ཉིད་སྒྲིབ་པ་མེད་པ་ལ་མཁྱེན་གཉིས་ཀྱི་ཡོན་ཏན་གསལ་བ་ལ་ཐོགས་པ་མེད་ཅིང་། ཡིད་བཞིན་གྱི་ནོར་བུ་ཕྱི་བ་དང་བཀྲུས་པས་དངོས་གྲུབ་ཤུགས་ཀྱིས་འབྱུང་བ་ལྟར་ཡེ་ཤེས་ཡོན་ཏན་ཤུགས་འབྱུང་དུ་སྐྱེ་བར་གསུངས་སོ། །དེ་ཡང་གསལ་འདེབས་པ་ནི། སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་དཀར། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས་རྣམས་རྫོགས། །སྐྱིལ་ཀྲུང་པདྨ་ཟླ་བའི་གདན་ལ་རེག །འཛུམ་ཞིང་དགྱེས་པས་བདག་ལ་གཟིགས་པ་ཡི། །ཐུགས་ཀའི་པད་ཟླར་ཧཱུྃ་ལ་ཡིག་བརྒྱས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་གྱིས་རྒྱས་གདབ་གྱུར། །ཅེས་བསྒོམས་ཤིང༌། དེ་ལས་བདུད་རྩི་བབས་པས་སྤྱི་བོ་ནས། །ཞུགས་ཤིང་ཕྱི་ནང་གསང་བའི་སྡིག་སྒྲིབ་སྦྱངས། །སླར་ཡང་བྱང་སེམས་བདུད་རྩིས་ལུས་གང་ནས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙི་ཏཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཞེས་ཡི་གེ་བརྒྱ་པ་དང་། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་ཡིག་དྲུག་ཅི་ནུས་སུ་བགྲང་ཞིང་དམིགས་པ་ཡེངས་མེད་དུ་བརྩོན་པ་ནི་གསང་སྔགས་ཀྱི་སྟོབས་སམ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །ཆོས་དྲུག་སྐབས། རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང༌། །རྡོར་སེམས་སྙེམས་མ་

p. 20

ཡབ་ཡུམ་སྐུ་མདོག་དཀར། །ཁྲོ་འཛུམ་བཞད་པའི་ཉམས་ཅན་ལང་ཚོ་འབར། །ཧེ་རུ་ཀ་ཡི་ཆ་བྱད་རྡོར་དྲིལ་འཛིན། །ཐུགས་ཀའི་པད་ཟླར་ཧཱུྃ་ལ་སོགས་སྔོན་ལྟར་རོ། །ཐུན་མཐའ་རྣམས་སུ། བླ་མ་རྡོ་རྗེ་སེམས་དཔའ་བདག་ལ་དགོངས་སུ་གསོལ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང༌། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་བའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་བགྱིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་དེ་ལྟར་དུ་མི་འགྱུར་བ་ལགས་སོ། །ཞེས་བརྗོད་པ་དང༌། ཆོས་དྲུག་སྐབས། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སོགས་བརྗོད། དེ་ལྟར་བཤགས་ཚིག་དང་གསོལ་བ་དྲག་ཏུ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔས་དགྱེས་པའི་འཛུམ་བག་དང་མདངས་

p. 21

ཕྱུངས་ཏེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པ་ཡིན་ནོ། །ཞེས་བདག་ལ་དབུགས་དབྱུང་བསྩལ་བར་གྱུར་པར་བསམ་མོ། །བཞི་པ་ནི། ད་ནི་བདག་ལ་དུས་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཅི་ཡང་མེད་དོ་སྙམ་པའི་དགའ་བ་བསྒོམ། སླན་ཆད་ཉེས་ལྟུང་དུ་འགྱུར་བའི་ལས་སྲོག་ལ་བབ་ཀྱང་མི་བགྱིད་དོ་སྙམ་པའི་ཞེ་བཅད་ཀྱིས་དམ་བཅའ་དྲག་པོ་བྱེད་པ་ནི་སྡིག་ལྟུང་གི་རྩ་བ་རྩད་ནས་འདོན་ཅིང་སླར་སྡིག་པ་དང་མི་འགྲོགས་པའི་ཐབས་ཟབ་མོ་གཉེན་པོ་ཆུ་ལོན་གྱི་སྟོབས་ཏེ། དེ་ལྟར་སྟོབས་བཞི་ཚང་བའི་སྒྲིབ་སྦྱོང་འདི་ཡིས་མི་འདག་པའི་ཉེས་ལྟུང་གཏན་ནས་མི་སྲིད་དོ། །དེ་ནས་ཐུན་བསྡུ་བ་ནི། རྡོ་རྗེ་སེམས་དཔའ་འོད་ཞུ་བདག་ལ་ཐིམ། །མཆོག་གི་སྐུ་གསུང་ཐུགས་དང་དབྱེར་མེད་གྱུར། །ཅེས་མོས་པར་བྱའོ། ། ༈ གསུམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱ་བ་མཎྜལ་འབུལ་བ་ལ་བཞི། དགོས་ཆེད་བསྟན་པ། མཎྜལ་འབུལ་བ་དངོས་དང༌། ཡོན་ཏན་བསྟན་པ། བྱིན་རླབས་བསྡུ་བའོ། །དང་པོ་ནི། དེ་ཡང་སྔོན་གྱི་རྒྱལ་བ་རྣམས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་མཐུ་ཡིས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཕྱིར། དེས་ན་བདག་ཅག་རྣམས་ཀྱང་དེའི་རྗེས་སུ་ཕྱོགས་ཏེ་ཚོགས་རྣམ་པ་གཉིས་བསོག་དགོས་ཤིང༌། དེ་ཡང་སྤྱིར་ན་འཛམ་གླིང་གི་མི་རྣམས་སེར་སྣ་ཆེ་ཞིང༌། དུས་སྙིགས་མའི་དབང་གིས་འབྱོར་པ་ཧ་ཅང་མི་ལྡན་པས་མཆོད་དང་སྦྱིན་གཏོང་སོགས་རྒྱ་ཆེན་པོ་བྱེད་མི་ནུས་པ་དང༌། བྱེད་པའི་འབྲུ་ནོར་མེད་པ་བཅས་ལ་རྒྱལ་དང་དེ་སྲས་ཐབས་ལ་མཁས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་དངོས་འབྱོར་ཅུང་ཟད་ལ་བརྟེན་ཏེ་ཡིད་སྤྲུལ་དང་བློས་བླང་གི་སྒོ་ནས་ཚོགས་རྫོགས་ཐབས་གསུངས་པ་དང་། མདོ་རྒྱུད་ཀུན་ནས་ཁོར་ཡུག་གི་མཎྜལ་འབུལ་བར་བཞེད་པས། རང་ཅག་རྣམས་ཀྱང་ཐབས་དེ་ལ་བརྟེན་ཏེ་ཚོགས་རྫོགས་པར་བྱ་བའོ། །གཉིས་པ་ལ། སྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་གཉིས་ལས། སྒྲུབ་པའི་མཎྜལ་སྟེགས་བུའམ་མཎྜལ་གང་རུང་ཁོར་ཡུག་ཡངས་ཤིང་སྟེང་དག་ལ་གཙང་ཞིང་ཁོད་སྙོམ་པ་བགེགས་བསྐྲད་ཅིང་། དྲི་བཟང་གིས་ཆག་ཆག་གདབ་པའི་སྟེང་དུ་འབྲུ་རིགས་དྲི་བཟང་གིས་སྦགས་པའི་ཚོམ་བུ་ཆེ་བ་ལྔ་དང་། བྱང་ཤར་སོགས་མཚམས་གང་བདེར་ཆུང་ངུ་གཅིག་སྟེ། དེ་རྣམས་གཞལ་ཡས་ཁང་བཀོད་པ་ཕུན་སུམ་ཚོགས་པ་ལྔ་སེང་ཁྲི་པདྨ་ཉི་ཟླའི་གདན་སོགས་དང༌། ཚོམ་བུ་ཆུང་བར་དུར་ཁྲོད་ཀྱི་གཞལ་ཡས་ཁང་པད་ཉི་རོ་གདན་སོགས་གསལ་བའི་སྟེང་དུ་སྐྱབས་ཡུལ་གྱི་སྐབས་ལྟར་ཚོགས་

p. 22

ཞིང་རྣམས་བཀྲ་ལམ་གྱིས་བསྒོམ། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པར་བྱ་བའོ། །གཉིས་པ་མཆོད་པའི་མཎྜལ་ནི། ཚོགས་ཞིང་དེ་དག་གི་དྲུང་དུ་གདན་གཙང་མའི་སྟེང་དུ་བདག་ཉིད་ལུས་དྲང་པོར་བསྲང་ཞིང་གུས་པའི་ཚུལ་གྱིས་མཎྜལ་འབུལ་བ་ཡང༌། སྤྱིར་མཆོད་པའི་མཎྜལ་དེ་ཉིད་ཐོག་མར་རྒྱུ་རིན་པོ་ཆེ་རབ་གསེར་དངུལ་ལམ། འབྲིང་ཟངས་ལ་སོགས་པ་དང༌། ཐ་ནའང་རྡོ་ལེབ་དང་ཤིང་སོགས་ལེབ་མོ་ཁ་ཁྱོན་ཡངས་ཤིང་འཇམ་པ་གང་འཛོམས་རང་ཉིད་བསམ་པ་བཟང་པོའི་དམིགས་པའི་རྟེན་དུ་རུང་ཞིང་། མཎྜལ་གྱི་ཚད་སོགས་མང་དུ་གསུངས་ཀྱང་། གང་ལྟར་སྟེང་ཁོད་སྙོམས་ཤིང་དབུས་དམའ་བ་སོགས་མ་ཡིན་པ་དང༌། ཤར་ནུབ་ལྷོ་བྱང་དང་མདུན་གཞོལ་བ་སོགས་གསུངས་ཀྱང་འདི་དག་ནི་རང་གི་ལག་པའི་འདུ་བྱེད་ཙམ་སྟེ། མཎྜལ་འབུལ་རྒྱུར་འབྲུ་རིགས་སོགས་ཡོད་ན་ཐལ་བ་དང་གསེག་མ་སོགས་མེད་པར་དྲི་བཟང་དང་སྨན་སྣས་སྦགས་པ། གཞན་ཡང་འབྱོར་ན་རིན་པོ་ཆེའི་རིགས་ཡོད་ན་རྟོགས་པ་སྐྱེ་ཞིང་ནོར་ཕྱུག་པའི་དགོས་པ་དང༌། ཨ་རུ་ར་སོགས་སྨན་སྣས་ནད་སེལ་ཞིང་འདི་དང་ཕྱི་མར་ཚུལ་ཁྲིམས་གཙང་བ་སོགས་ཡོན་ཏན་དཔག་མེད་འབྱུང་ལ། མགྲོན་བུ་ཕུལ་བས་མི་རྟོག་པ་སྐྱེ་ཞིང་ཟས་ནོར་གྱིས་འབྱོར་བར་གསུངས་ཤིང་། དེ་ཡང་འབྱོར་པས་དབེན་ཀྱང་བསམ་པ་དག་ན་བྱེ་མ་དང་རྡེའུ་སོགས་གསེར་གྱི་ཕྱེ་མ་མུ་ཏིག་སོགས་རིན་པོ་ཆེར་དམིགས་ཤིང་ཕུལ་བས་ཆོག་པ་ནི་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལྟར་ཏེ། གང་ལྟར་འབུལ་བའི་ཐོག་མར་སྐྱབས་གནས་དཀོན་མཆོག་རྣམས་ལ་བདག་གིས་རིན་པོ་ཆེའི་ཁོར་ཡུག་ཞིང་གི་རྡུལ་སྙེད་ལྟ་བུ་རྒྱ་ཆེན་རྒྱུན་མི་འཆད་པར་འབུལ་ནས། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཚོགས་རྫོགས་པར་བྱའོ་སྙམ་དུ་བསམ་ཞིང་། ལག་གཡོན་གྱིས་མཎྜལ་ཐོགས་ཤིང་གཡས་རྡོ་རྗེའི་ཁུ་ཚུར་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་ལྔ་དུག་གསུམ་ལས་དང་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་རྡུལ་ཕྱིས་པ་བཞིན་དུ་གྱུར་ཏོ་སྙམ་པ་དང༌། དེ་ནས་རིམ་པར་འབྲུ་འཐོར་ཞིང་རིན་པོ་ཆེའི་འབྱུང་བ་རིམ་བརྩེགས་ས་གཞི་དང་བཅས་པར་མོས་པ་དང༌། ཕྱོགས་བཞིར་ཚོམ་བུ་བཀོད་པ་གླིང་ཆེན་བཞི། མཚམས་བཞིར་ཚོམ་བུ་གཉིས་གཉིས་གླིང་གཡོག་བརྒྱད་བར་བར་དུ་གླིང་ཕྲན་གྱི་ཚོགས་མང་པོ་དང༌། དབུས་སུ་བང་རིམ་དང་བཅས་པའི་རི་རབ་ལྷུན་པོ་རིན་ཆེན་སྣ་བཞི་ལས་གྲུབ་པ། དེ་དག་གི་སྟེང་དུ་རྣམ་པར་རྒྱལ་བའི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་པ། གཞན་ཡང་ཡོ་བྱད་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ། འདོད་ལྷ་རིགས་དྲུག་གི་ལྷ་དང་ལོངས་སྤྱོད། ཁྱད་པར་དུ་དཔག་བསམ་གྱི་ཤིང་དང་། མ་རྨོས་པའི་ལོ་ཏོག །འདོད་པ་འཇོ་བའི་

p. 23

བ་སོགས་འདོད་ཡོན་ཁྱད་པར་དུ་འཕགས་པ་སུམ་ཅུ་རྩ་གསུམ་ཚོགས་པར་མ་ཟད། སྟེང་ནས་རིམ་བཞིན་འོག་མིན་གྱི་བར་དུ་འདོད་ཡོན་ལོངས་སྤྱོད་རྒྱ་རིམ་གྱིས་ཆེ་ཞིང༌། བང་རིམ་རྣམས་སུ་གནོད་སྦྱིན་གྱི་ལོངས་སྤྱོད་རིན་པོ་ཆེའི་ཕྲ་སྣ་ཚོགས་བཀོད་པ་ལྟར་དང་། བང་རིམ་རྩ་བར་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན། དེར་གནས་ཀྱི་ལྷ་དང་ལྷ་མིན་མི་སོགས་རི་རབ་ཀྱི་ཁ་ཁྱེར་མན་ཆད་སྟོབས་རྩལ་ལོངས་སྤྱོད་ཀྱིས་ཕྱུག་པ་དཔག་མེད་དང༌། གླིང་ཆེ་ཆུང་བཅུ་གཉིས་ཀྱི་མི་རྣམས་ཀྱང་ཁང་ཁྱིམ་ལོངས་སྤྱོད་དཔལ་འབྱོར་གྱིས་ཕྱུག་པ། འོག་ཏུ་རྒྱ་མཚོ་ཆེན་པོར་ཀླུ་ཡི་ལོངས་སྤྱོད་རིན་པོ་ཆེའི་རིགས་བྱེ་བ་འབུམ་གྱིས་གཏམས་པ། སྟེང་གི་གཟའ་སྐར་ཐམས་ཅད་རིན་པོ་ཆེའི་ལུས་ལོངས་སྤྱོད་བྱད་གཟུགས་ཕུན་སུམ་ཚོགས་པར་མ་ཟད། ནུབ་ཏུ་ཟླ་བ་ཤར་དུ་ཉི་མ་སོགས་འཇིག་རྟེན་གྱི་ཁམས་རྣམས་གསལ་ནུས་པ། ནོར་བུའི་ས་གཞི། ཉི་མ་དང་ཟླ་བའི་བུ་དེ་དག་གི་འཁོར་རྣམས་འོད་ཟེར་དང་གཟི་བརྗིད་ཕུན་སུམ་ཚོགས་པ་དང༌། འཇིག་རྟེན་དེ་དག་ཏུ་འབྲུ་ནོར་ལོངས་སྤྱོད་རི་གཡུང་གཟུགས་འགྲོས་སྤྱན་གཟིགས་དར་ཟབ་སོགས་དང༌། མདོར་ན་སྲིད་པ་གསུམ་གྱི་ལོངས་སྤྱོད་གཅིག་ནས་དུང་ཕྱུར་བྱེ་བ་ཕྲག་བརྒྱའི་བར་རྒྱུན་མི་འཆད་པར་སྤྲུལ་ཞིང་འབུལ་བ་དངོས་སུ་འབྱོར་བ་ཅུང་ཟད་ལ་བརྟེན་ནས་ཡིད་སྤྲུལ་བློས་བླངས་ཀྱི་ཁོར་ཡུག་མཆོད་པར་དམིགས་ནས་བརྒྱ་སྟོང་ཁྲི་འབུམ་སོགས་ཀྱིས་འབུལ་བར་བྱ་བ་དེ་དག་ནི་ཕྱི་ཡི་མཎྜལ་དང༌། རང་གི་ལུས་ལོངས་སྤྱོད་བུ་དང་ཆུང་མ་བྲན་འཁོར་དང་བཅས་པའི་སྒོ་གསུམ་ལྟོས་མེད་དུ་འབུལ་སྙམ་པ་ནང་གི་མཎྜལ་དང༌། སེམས་ཀྱི་རྟོག་ཚོགས། ཕུང་ཁམས་སྐྱེ་མཆེད། དུག་ལྔ་དུག་གསུམ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་རིགས་ལྔའི་ཞིང་ཁམས། སྐུ་གསུམ་དང་སྐུ་ལྔ་རང་ཆས་ཀྱི་རང་བཞིན་དུ་གྱུར་པ་འབུལ་བ་གསང་བའི་མཎྜལ་ཏེ། སྐུ་གསུམ་གྱི་མཎྜལ་ཞེས་ཐ་སྙད་དུ་གདགས་པར་མཛད་པ་དེ་ལྟར་བློ་ཡིས་གང་ལྕོགས་དམིགས་ཤིང་འབུལ་བར་བྱ་སྟེ། དེ་ཡང་དང་པོར་བློ་བཅོས་ཤིང་བསྒོམ་པས་མཐར་དེ་ལྟར་ཤིན་ཏུ་གསལ་ཐེབ་ཅིང་དགའ་བ་དང་བཅས་ཏེ་ལྟོས་མེད་དུ་འབུལ་བའི་བློ་སྐྱེ་ཞིང་། ཚོགས་རྫོགས་པའི་རྟགས་ཀྱང་ཉི་ཟླ་ཤར་བ། རྟ་དང་སེང་གེ་གླང་པོ་ཆེ་ལ་སོགས་པར་ཞོན་པ། ནོར་བུའི་གླིང་དུ་ཕྱིན་པ། རིན་པོ་ཆེ་སོགས་གཏེར་ཐོབ་པ། རྒྱལ་སྲིད་བཟུང་བ། རྩི་ཤིང་མེ་ཏོག་སྤང་ལྗོངས་བཟང་པོ་ཐོབ་པ། ཚོང་འདུས་ཆེན་པོའི་ལོངས་སྤྱོད་ཀྱི་དབུས་དང་ཁྲི་སྟན་ཆེན་པོར་འདུག་པ། གངས་རི་སོགས་རི་ཆེན་པོའི་རྩེར་སླེབས་ནས་དུང་དང་གླིང་བུ་སོགས་འབུད་པ། གདུགས་དང་རྒྱལ་མཚན་བ་དན་སྒྲེང་ཞིང་འབངས་འཁོར་མང་པོས་བསྟེན་པ་སོགས་ཚོགས་སྤྱིར་རྫོགས་པ་ལ་བརྟེན་ནས་གནས་སྐབས་ཀྱང་མངའ་

p. 24

ཐང་ལོངས་སྤྱོད་སྙན་གྲགས་མཐོང་ཆོས་མྱོང་འགྱུར་དུ་འབྱུང་བའི་སྔ་ལྟས་རྣམས་ཏེ་ཉམས་དང་རྨི་ལམ་གང་རུང་ལ་འོང་ཞིང༌། མཐར་ཐུག་གི་འབྲས་བུ་གྲངས་མེད་གསུམ་གྱི་ཚོགས་གཅིག་ཆར་དུ་རྫོགས་ཤིང༌། བྱང་ཆུབ་ཐོབ་པའི་རྒྱུ་དང་མཐུན་རྐྱེན་དུ་ངེས་པར་འགྱུར་རོ། །དེ་དག་གི་འདོན་བྱ་ནི། ༀ་སུམྦྷ་ནི་སོགས་ཀྱིས་བགེགས་ཕྲལ་ནས། མདུན་གྱི་མཎྜལ་ཞིང་ཁམས་ཡངས་པའི་དབུས། །རིན་ཆེན་གཞལ་ཡས་མཛེས་ཁྲི་ལྔ་ཚོམ་གྱི། །དབུས་མར་བླ་མ་རྡོ་རྗེ་འཆང་ཆེན་ལ། །གྲུབ་ཐོབ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ལ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར། །རྒྱབ་ཏུ་གསུང་རབ་དམ་པའི་ཆོས་མཆོག་རྣམས། །རང་སྒྲར་བཅས་ཏེ་འོད་ཟེར་སྤུངས་སེ་བཞུགས། །གཡོན་དུ་ཉེ་སྲས་དཔའ་བོ་རྣལ་འབྱོར་མ། །གྲུབ་ཐོབ་ཉན་རང་དགེ་འདུན་ཚོགས་དང་བཅས། །འོག་ཏུ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །མེ་དཔུང་ཀློང་ན་བར་ཆད་བསལ་ཕྱིར་བཞུགས། །དེ་དག་རྣམས་ལ་བདག་སོགས་འགྲོ་ཀུན་གྱིས། །སྤྱོད་ལམ་མཐུན་པས་ཚོགས་གཉིས་བསག་པར་བགྱི། །ཞེས་གསལ་བཏབ་ལ། ༀ་བཛྲ་སཏྭ་ས་མ་ཡ་སོགས་ཀྱིས་མཎྜལ་གྱི་རྡུལ་ཕྱིས་ཏེ་སོ་བདུན་མ་ཕྱག་ལེན་ལྟར་བཀོད་ལ། ༀ་ཨཱཿཧཱུྃ། སྲིད་ཞིའི་མགོན་པོ་བླ་མ་སངས་རྒྱས་དང༌། །ཆགས་བྲལ་དམ་ཆོས་ཚོགས་མཆོག་དགེ་འདུན་སྡེ། །རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ལ། །གསེར་གྱི་ས་གཞི་རིན་ཆེན་རི་དང་གླིང༌། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཕུན་སུམ་ཚོགས། །བློས་བླངས་འཇིག་རྟེན་ཁོར་ཡུག་བཀོད་ལེགས་དང༌། །ཡིད་སྤྲུལ་ཀུན་བཟང་རྣམ་ཐར་རྒྱ་ཆེར་སྤེལ། །བདག་དང་འགྲོ་ཀུན་ཚོགས་གཉིས་རྫོགས་པའི་ཕྱིར། །བླ་མ་དཀོན་མཆོག་རྩ་བ་གསུམ་ལ་འབུལ། །བཞེས་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །བྷྲཱུྃ་རཏྣ་མཎྜལ་ཨཱཿཧཱུྃ། ཞེས་གྲངས་བསགས་ཏེ་ཅི་ནུས་སུ་

p. 25

འབུལ་བ་དང༌། འབུམ་ཐེར་སོགས་ཀྱི་སྐབས། ༀ་ཨཱཿཧཱུྃ། སྟོང་གསུམ་སྣོད་བཅུད་བཀོད་པ་མཐའ་ལས་འདས། །རིགས་ལྔའི་ཞིང་ཁམས་ཞི་བའི་ལོངས་སྤྱོད་རྫོགས། །སེམས་ཉིད་སྣང་སྟོང་དབྱེར་མེད་དབྱིངས་དང་རིག །བློས་བླངས་ཕྱི་ནང་གསང་བའི་མཎྜལ་འབུལ། །སརྦ་མཎྜལ་པཱུ་ཛ་ཧོ། ཞེས་གྲངས་བཟུང་ངོ༌། །གསུམ་པ་ནི། དེ་ལྟ་བུ་འབུམ་དང་བྱེ་བ་སོགས་བསྒོམ་དོན་དང་འབྲེལ་བར་ཕུལ་བས་གནས་སྐབས་ཚེ་རིང་ཞིང་ནད་མེད་པ་དང་། བར་ཆད་ཞི་བ་དང༌། བསོད་ནམས་ཀྱི་ཚོགས་རྫོགས་པས་འབྲུ་ནོར་ལོངས་སྤྱོད་འདུ་ཞིང་། མཐར་ཐུག་སྤངས་རྟོགས་ཀྱི་ཡོན་ཏན་རྒྱ་ཆེར་འཕེལ་ནས་ཡེ་ཤེས་ཀྱི་སྣང་བ་རྒྱས་པ་དང༌། གཟུགས་སྐུ་མཚན་དང་དཔེ་བྱད་མངོན་དུ་འགྲུབ་པ་སོགས་ཡོན་ཏན་བརྗོད་ལས་འདས་སོ། །བཞི་པ་ཚོགས་ཞིང་བསྡུ་བ་ནི། བདག་གཞན་མཁའ་མཉམ་འགྲོ་བའི་རྒྱུད་ལ་ཚོགས་གཉིས་ཀྱི་བསོད་ནམས་ཁྱད་པར་ཅན་ཐོབ་པར་བསམས་ལ། ཚོགས་ཀྱི་ཞིང་ཆོས་སྐྱོང་རྣམས་གཡོན་གྱི་དགེ་འདུན་ལ་བསྡུས་ནས་རིམ་པར་གཡོན་བསྐོར་གྱིས་གཙོ་བོ་དང༌། དེ་ཉིད་བདག་ལ་ཐིམ་པས་སྐུ་གསུམ་མཆོག་གི་འབྲས་བུ་མཆོག་ཏུ་གྱུར་པ་སྨིན་པར་བསམས་ལ། དེ་ལྟར་ཕུལ་བས་བདག་གཞན་ཚོགས་གཉིས་རྫོགས། །སྐྱབས་ཀྱི་མཆོག་རྣམས་རིམ་གྱིས་གཡོན་བསྐོར་དུ། །འོད་ཞུ་བླ་མའི་སྐུར་འདུས་བདག་ལ་ཐིམ། །སྐུ་གསུམ་མཆོག་གི་འབྲས་བུ་མྱུར་སྨིན་ཤོག །ཅེས་བརྗོད་པར་བྱའོ། ། ༈ བཞི་པ་བླ་མའི་བྱིན་རླབས་དང་རྒྱལ་བའི་ཡོན་ཏན་རྒྱུད་ལ་འབྱོར་བར་བྱ་བའི་ཕྱིར་རྡོ་རྗེའི་རྣལ་འབྱོར་ཆེན་པོ་བླ་མའི་གསོལ་འདེབས་ཐུན་དྲུག་གམ་བཅུ་གཉིས་སུ་བསྒོམ་པར་བྱ་བ་ལ་བཞི། བླ་མ་བསྟེན་དགོས་ཚུལ་བསྟན་པ། རྟེན་བསྐྱེད་ཅིང་གདུང་ཤུགས་ཀྱིས་གསོལ་བ་འདེབས་པ། ཡོན་ཏན་བསྟན་ཅིང་ཞར་བྱུང་བླ་མ་ཇི་ལྟར་བསྟེན་པའི་ཚུལ་གདམས་པ། དབང་བཞི་བླང་ཞིང་འོད་ཞུ་བྱ་བའོ། །དང་པོ་ནི། དེའང་བླ་མ་ཞེས་པ་དེའི་གོང་ན་སུ་ཡང་མེད་པའི་ཚིག་བླ་དྭགས་ཏེ། བླ་ཞེས་གོང་མའི་ཡང་གོང་མར་གྱུར་པ་དང༌། མ་ཞེས་འགྲོ་དྲུག་སེམས་ཅན་རྣམས་ལ་བུ་ལྟར་བརྩེ་བ་ཅན་ཡིན་ཕྱིར་བླ་མ་སྟེ། བླ་མ་ལྔ་བཅུ་པ་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་ཞེས་པའི་མིང་ཡང་མེད། །བསྐལ་པ་བཟང་པོའི་སངས་རྒྱས་ཀྱང༌། །བླ་མ་དག་ལ་བསྟེན་ནས་བྱུང༌། །ཞེས་གསུངས་པ་ལྟར། རྫོགས་པའི་སངས་རྒྱས་སྟོང་ལ་སོགས་ཀྱང་བླ་མ་བསྟེན་ནས་སངས་རྒྱས་པ་དང༌། རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་

p. 26

གསུངས་པ་ལྟར་དང་། གཞན་ཡང་དཀོན་མཆོག་གསུམ་གྱི་རང་བཞིན་བླ་མ་ཡིན་པ་ཡང༌། སྔ་མ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་གསུངས་པས་དཀོན་མཆོག་གསུམ་དང༌རྩ་བ་གསུམ་གྱི་བྱེད་པོར་གྱུར་པ་བླ་མ་ཁོ་ན་སྟེ། སྐུ་དེ་དགེ་འདུན་གྱི་ངོ་བོ་མི་དང་མཉམ་དུ་མངོན་སུམ་འགྲོགས་ནུས་པ། བྱ་བ་སྤྱོད་ལམ་རྣམས་མཉམ་པའི་ཚུལ་གྱིས་རྗེས་སུ་འཛིན་པའི་གསུང་གིས་འཇིག་རྟེན་གྱི་ཚིག་མཉམ་པོར་སྨྲ་ཞིང༌། དེ་དག་གི་སྒོ་ནས་འབྲེལ་ཚད་ཆོས་ལ་སྦྱོར་བའི་གསུང་དོན་དང་ལྡན་པར་མ་ཟད། རྒྱལ་བའི་གསུང་རབ་ཐེག་པ་ཆེ་ཆུང་ཐམས་ཅད་གསུང་གི་གསང་བ་ལས་འབྱུང་བ་སོགས་དང༌། ཡེ་ཤེས་ནམ་མཁའ་ལྟར་འཁོར་འདས་ཀུན་ལ་ཁྱབ་ཅིང་། སྐུ་གསུམ་གྱི་ཡེ་ཤེས་དང་གཉིས་སུ་མེད་ཅིང་འགྲོ་ཁམས་ཐམས་ཅད་བྱམས་དང་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པའི་ཐབས་ལ་མ་རྨོངས་པ་དང༌། ཡོན་ཏན་གྱི་ཆ་ལས་རྒྱལ་བ་ཞི་ཁྲོ་རབ་འབྱམས་གང་ལ་གང་འདུལ་དེ་ཉིད་ལ་དེ་ལྟར་སྟོན་པ། ཕྲིན་ལས་དཔའ་བོ་མཁའ་འགྲོ། རྟོག་ཚོགས་ཡེ་ཤེས་སུ་རོལ་པའི་ཆོས་སྐྱོང་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཀྱིས་འགྲོ་བ་འདུལ་ཞིང་སེམས་ཅན་གྱི་དོན་མཛད་པ་སོགས་བསམ་གྱིས་མི་ཁྱབ་ཅིང་། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བླ་མའི་རྒྱུད་ནས་འབྱུང་ཞིང༌། བླ་མའི་གསང་གསུམ་ལ་བརྟེན་ནས་བརྐོས་ཕོར་གྱི་རི་མོ་འབི་འབིར་དོད་པ་ལྟར་འབྱུང་དགོས་པ་ཡིན་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པར་བྱའོ། །གཉིས་པ་ནི། དེ་ཡང་ཕྱིའི་བླ་མའི་རྣལ་འབྱོར་སྤྱི་བོར་བསྒོམ་ཞིང་དབང་བཞི་འོད་ཟེར་གྱི་ཚུལ་དུ་ལེན་པ་དང༌། ནང་གི་བླ་མའི་རྣལ་འབྱོར་སྙིང་གར་བླ་མ་བསྒོམས་པས་ཕུང་ཁམས་སྐྱེ་མཆེད་སྦྱང་གཞི་ཡི་གེའི་སྒོ་ནས་དབང་བཞི་ལེན་པ། གསང་བ་བླ་མའི་རྣལ་འབྱོར་སྤྱི་བོར་བླ་མ་ཧེ་རུ་ཀ་ཡབ་ཡུམ་བསྒོམ་ཞིང་བྱང་སེམས་བདུད་རྩིའི་འབེབས་རྒྱུན་དང༌། མཐར་བླ་མའི་ཡུམ་ལས་ཡུམ་གཉིས་པ་འཕྲོས་ཏེ་བྱིན་པ་རང་ཉིད་ཧེ་རུ་ཀར་གནས་པར་སྙོམས་ཞུགས་དགའ་བཞིའི་ཡེ་ཤེས་སྤེལ་ཞིང༌། ཟག་མེད་བདེ་སྟོང་གི་ཉམས་བཟང་པོ་རྒྱུད་ལ་སྐྱེ་བའི་ཐབས་སོགས་ལས། ཟབ་ལམ་འདི་ཉིད་མངའ་བདག་མཻ་ཏྲི་པ་ཆེན་པོའི་མན་ངག་ལྟར་ཡང་གསང་ཨ་བ་དྷཱུ་ཏིའི་བླ་མའི་རྣལ་འབྱོར་བསྒོམ་པ་ནི། ༀ་ཤཱུ་ནྱ་ཏཱ་སོགས་ཀོ྅་ཧཾ། ཞེས་སྟོང་པར་སྦྱངས་ལ། ཕྱི་ནང་སྣོད་བཅུད་རང་བཞིན་སྟོང་པ་ལས། །འབྱུང་བཞི་རི་རབ་པད་ཉི་འཇིགས་དུས་སྟེང༌། །ཚིགས་བཅད་འདི་མ་ཏི་རཏྣས་གསབ་པའོ། །སྐད་ཅིག་རང་ཉིད་ལྷན་

p. 27

སྐྱེས་དཔའ་བོ་ནི། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལང་ཚོ་འབར། །རྡོ་རྗེ་རྣལ་འབྱོར་དམར་མོ་གྲི་ཐོད་འཛིན། །ཟུང་འཇུག་ཕྱག་དང་བརྐྱང་བསྐུམ་སྟབས་ཀྱིས་སྦྱོར། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་ཡི་ནང་དབུས་རྩ་གསུམ་མཐིང་དཀར་དམར། །འཁོར་ལོ་ལྔ་དང་བཅས་པ་དྭངས་ཤེལ་ལ། །ཁ་དོག་ཚོན་གྱི་རི་མོ་གསལ་བ་བཞིན། །སྒྲིབ་མེད་ནམ་མཁའི་འཇའ་ཚོན་ལྟ་བུར་བསྒོམ། །དབུ་མའི་རྩེ་མོ་ནོར་བུའི་ལྟེ་བ་རུ། །གདོད་ནས་མཁའ་ཁྱབ་ཆོས་སྐུ་རྡོ་རྗེ་འཆང༌། །མཐིང་གསལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལོངས་སྤྱོད་རབ་རྫོགས་སེང་ཁྲི་པདྨ་དང༌། །ཟླ་སྟེང་འོད་ཟེར་ཕུང་པོའི་དབུས་སུ་གསལ། །སྙིང་དབུས་རྩ་བའི་བླ་མ་རྡོ་རྗེ་འཆང༌། །སངས་རྒྱས་ཀུན་དངོས་མི་ཕྱེད་རྡོ་རྗེ་འཛིན། །མཐོན་མཐིང་ཡུམ་མཆོག་གསང་བ་ཡེ་ཤེས་དམར། །དར་དང་རུས་པ་རིན་ཆེན་སྣ་ཚོགས་བརྒྱན། །རྡོར་དྲིལ་གྲི་ཐོད་འཛིན་ཅིང་ཟུང་འཇུག་སྦྱོར། །པདྨ་ཉི་ཟླའི་སྟེང་དུ་གསལ་བར་བསྒོམ། །དེ་ནས་དབུ་མའི་ནང་ནས་ཡས་རིམ་བཞིན། ། ༈ ཆོས་དྲུག་སྐབས། ཤཱུ་ནྱ་ཏཱ་སོགས་ཀོ྅་ཧཾ། ཞེས་སྟོང་པར་སྦྱངས་ལ། ཕྱི་ནང་སྣོད་བཅུད་རང་བཞིན་སྟོང་པ་ལས། །འབྱུང་བཞི་རི་རབ་པད་ཉི་འཇིགས་དུས་སྟེང༌། །སྐད་ཅིག་རང་ཉིད་ལྷན་སྐྱེས་དཔའ་བོ་ནི། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལང་ཚོ་འབར། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །དབུ་མའི་རྩེ་མོ་ནོར་བུའི་ལྟེ་བ་རུ། །རྩ་བའི་བླ་མ་དཔལ་ལྡན་བདེ་བ་མཆོག །མཐིང་གསལ་བྲམ་ཟེ་ཁྲོ་ཚུལ་རྡོར་དྲིལ་འཛིན། །རུས་རྒྱན་ཐོད་སྐམ་སྟག་ཤམ་མགོ་ཕྲེང་དང༌། །ཟླ་ཚེས་སྣ་ཚོགས་རྡོ་རྗེ་དར་དཔྱངས་སྤྲས། །ལྷན་སྐྱེས་དམར་མོ་གཉིས་མེད་མཉམ་པར་འཁྲིལ། །པད་ཟླའི་སྟེང་བཞུགས་དེ་ནས་ཡས་རིམ་བཞིན། །༧ སྒྲུབ་བསྟན་སྣང་བྱེད་མ་ཏི་རཏྣ་ནི། །སྐུ་མདོག་དམར་སྨུག་བགྲེས་ཚུལ་ལྟ་སྟངས་ཧུར། །

p. 28

ལྕང་ལོའི་ཟར་འཕྱངས་རས་དཀར་བླ་གོས་གསོལ། །ས་གནོན་ཕྱག་རྒྱ་སྐྱིལ་ཀྲུང་ཕྱེད་པའི་སྟབས། །ཤོ་ལོ་ཀ་འདི་ཁ་གསབ་ཡིན། མཆན། སྦས་པའི་རྣལ་འབྱོར་དབང་པོའི་མཚན་ཅན་ནི། །བགྲེས་ཉམས་གོས་དཀར་ཟླུམ་གསོལ་ལྕང་ལོ་གྲོལ། །རོལ་སྟབས་སེམས་ཉིད་ངལ་གསོའི་བཞུགས་སྟངས་མཛད། །གསང་བདག་རས་ཆུང་དངོས་སྣང་མངྒ་ལ། །སྒོམ་ཐག་ཨང་རག་རས་དཀར་བླ་གོས་དང་། །རྡོར་སྐྱིལ་མཉམ་བཞག་རས་ཞྭ་རྭ་གཟུགས་གསོལ། །དོན་བརྒྱུད་བཀའ་བབས་གདམས་པའི་མཛོད་འཆང་བ། །འཇིགས་མེད་ཆོས་ཀྱི་སེངྒེ་སྐུ་མདོག་དཀར། །པད་ཞྭ་ཟ་བེར་རས་དཀར་ཤམ་ཐབས་དང༌། །ཆོས་གོས་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཕུར། །འཁོར་ལོས་མཚན་པ་སྡིགས་པའི་སྟབས་ཀྱིས་འཛིན། །ཕྱག་གཡོན་ཆོས་འཆད་ཕྱག་རྒྱའི་པད་སྡོང་རྩེར། །ཟབ་གསང་ཤེས་རབ་རལ་གྲི་པུ་སྟིས་མཚན། །ཞབས་ཟུང་རོལ་སྟབས་གཟི་བྱིན་འབར་བར་བཞུགས། །ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མ། །དཀར་མོ་རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས། །བྱ་རྒོད་ཐུལ་པ་དར་གྱི་ལྡིང་བེར་མནབས། །བཅུ་དྲུག་ཉམས་ལྡན་ཉི་ཟླའི་སྟེང་དུ་གསལ། །དོན་བརྒྱུད་ཆོས་ཀྱི་རྗེ་བཙུན་བསོད་ནམས་བཟང༌། །དམར་སྨུག་ཆོས་འཆད་མཉམ་བཞག་ཚེ་བུམ་བསྣམས། །གྲགས་པ་རྒྱལ་མཚན་དཀར་དམར་སྐྱབས་སྦྱིན་དང༌། །མཉམ་བཞག་ཕྱག་རྒྱས་སྡེ་སྣོད་གླེགས་བམ་འཛིན། །བིརྱ་ཤྲཱི་ས་གནོན་མཉམ་བཞག་རྒྱ། །སྔོ་སངས་ཞི་བའི་ལྟ་སྟངས་ཚུལ་དུ་བཞུགས། །བློ་གྲོས་རྡོ་རྗེ་ཕྱག་གཉིས་ས་གནོན་རྒྱ། །དམར་གསལ་སྐུ་ཤ་རྒྱས་ཤིང་བརྗིད་པའི་ཉམས། །དེ་དག་རབ་བྱུང་ཆོས་གོས་རྣམ་གསུམ་དང༌། །སྒོམ་ཞྭ་སྨུག་དང་དམར་གསལ་སྣ་ཚོགས་གསོལ། །བྱང་ཆུབ་གཞོན་ནུ་སྔོ་སངས་བགྲེས་པའི་ཚུལ། །སྐྱབས་སྦྱིན་དར་ལྗང་རླུང་རས་སྒོམ་ཞྭ་སྨུག །ལུས་མེད་རྡོ་རྗེ་

p. 29

གཞོན་ནུ་དཀར་དམར་མདངས། །རྡོ་རྗེ་ཐོད་ཆང་རས་གཟན་མཆིན་ཁ་བགོས། །འགྲོ་མགོན་རས་དཀར་སྐུ་མདོག་ཟླ་ལྟར་དཀར། །མཐང་གོས་དམར་པོ་རས་དཀར་བླ་གོས་འཆང༌། །མན་ངག་གླེགས་བམ་པད་སྣོད་བདུད་རྩིས་གཏམས། །ཏི་ཤྲི་རས་པ་དཀར་སྔོན་ཆོས་འཁོར་རྒྱ། །མཐང་གོས་དམར་པོ་རླུང་རས་དཀར་པོ་གསོལ། །གསུམ་ཀས་ལྟ་བ་རབ་མཐོའི་པཎ་ཞྭ་མནབས། །ཐམས་ཅད་པད་ཟླར་སྐྱིལ་ཀྲུང་རོལ་པའི་སྟབས། །དེ་སྟེང་དར་མ་དབང་ཕྱུག་སྐུ་མདོག་དཀར། །ཆེ་བརྗིད་ཆོས་གོས་རྣམ་གསུམ་ཆོས་འཁོར་རྒྱ། །སྒོམ་ཞྭ་གསོལ་ཞིང་མི་གཡོ་སྐྱིལ་ཀྲུང་བཞུགས། །འཛམ་གླིང་གྲགས་པ་དྭགས་ཞུ་དགེ་སློང་ཆས། །མཉམ་བཞག་སྐྱིལ་ཀྲུང་ཞི་བའི་ལྟ་སྟངས་གཟིགས། །དེ་སྟེང་རིམ་བཞིན་མི་ལ་བླ་གོས་དཀར། །སྒོམ་ཐག་གསོལ་ཞིང་ངལ་གསོ་ཐོད་པ་བསྣམས། །མར་སྟོན་ཧུར་བག་དམར་སྨུག་ཁྲོ་བའི་ཚུལ། །གོས་དཀར་བེར་དམར་ཟླུམ་གསོལ་ས་གནོན་ཕྱག །༧ ཕྱག་ཆེན་སྐབས། མཻ་ཏྲི་དཀར་དམར་པཎྚི་ཏ་ཡི་ཆས། །ཕྱག་གཉིས་ཆོས་འཁོར་ཐོད་པ་བདུད་རྩི་བསྣམས། །དེ་སྟེང་ཤ་བ་རི་པ་མདའ་གཞུ་འཛིན། །ཐོར་ཚུགས་རུས་རྒྱན་དར་གྱི་ཨང་རག་གསོལ། །ཀླུ་སྒྲུབ་སྙིང་པོ་དགེ་སློང་གཙུག་ཏོར་ལྡན། །ཀླུ་བརྒྱད་རྒྱབ་ཡོལ་དཀར་དམར་ཆོས་འཆད་མཛད། །དེ་སྟེང་གྲུབ་པའི་སྤྱི་མེས་ས་ར་ཧ། །ཨག་ཚོམ་དབུ་སྐྲ་དཀར་ཞིང་ཐོར་ཚུགས་ལྡན། །རུས་རྒྱན་ཨང་རག་སྨྱུག་མའི་མདའ་སྲོང་ཚུལ། །དེ་སྟེང་རྒྱལ་བའི་སྲས་པོ་སྒྲ་གཅན་འཛིན། །གསེར་མདོག་གཙུག་ཏོར་ལྡན་ཞིང་དགེ་སློང་ཆས། །ཆོས་གོས་གསུམ་གསོལ་རིན་ཆེན་པྲོག་ཞུ་བསྣམས། །བྱང་སེམས་བློ་གྲོས་རིན་ཆེན་སྐུ་མདོག་དཀར། །མཆོག་སྦྱིན་སྐྱབས་སྦྱིན་ལོངས་སྤྱོད་རྫོགས་པའི་ཆས། །པདྨ་ཉི་ཟླ་རི་དྭགས་ལྤགས་པ་སོགས། །རང་འཚམས་གདན་

p. 30

དང་འོད་ཀྱི་ཀློང་ན་བཞུགས། །༧ ཆོས་དྲུག་སྔོན་འགྲོའི་སྐབས་མར་སྟོན་མཚམས་སུ། ཛྙཱ་ན་སིདྡྷི་སྐུ་མདོག་དམར་ལ་སྨུག །ཁྲོ་རྔམས་ཞབས་གཡོན་བརྐྱང་ཚུལ་རོལ་པའི་སྟབས། །ཕྱག་གཡས་ས་གནོན་གཡོན་པས་ཐོད་ཆང་བསྣམས། །དཔལ་ལྡན་ཏཻ་ལོ་དཀར་གསལ་ཨ་ཙར་ཉམས། །མཛེས་སྡུག་ཞབས་གཡས་བརྐྱང་ཚུལ་རོལ་སྟབས་བཞུགས། །ཕྱག་གཉིས་གསེར་ཉའི་རྒྱུ་མ་འདྲེན་པའི་ཚུལ། །གཉིས་ཀ་གྲུབ་ཐོབ་རྣལ་འབྱོར་སྤྱོད་པའི་ཆས། །ཐོར་ཚུགས་རུས་རྒྱན་སྒོམ་ཐག་ཨང་རག་གསོལ། །གདོད་ནས་མཁའ་ཁྱབ་ཆོས་སྐུ་རྡོ་རྗེ་འཆང༌། །མཐིང་གསལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལོངས་སྤྱོད་རབ་རྫོགས་སེང་ཁྲི་པདྨ་དང༌། །ཟླ་སྟེང་འོད་ཟེར་ཕུང་པོའི་དབུས་སུ་གསལ། །ཕྱོགས་མཚམས་འཇའ་སྤྲིན་ནང་དུ་ཆོས་ཀྱི་རྗེ། །༧ ཕྱག་ཆེན་སྐབས། སྟེང་གི་རྡོ་རྗེ་འཆང་ཆེན་མཐའ་བསྐོར་དང༌། །རྩ་གསུམ་བར་མཚམས་རྣམས་སུ་ཆོས་ཀྱི་རྗེ། །༧ གཉིས་ཀར། དེ་བཞིན་གཤེགས་པ་མ་ཏི་རཏྣ་དང༌། །སེངྒེ་འབུམ་པ་མགོན་པོ་ཡེ་ཤེས་ཞབས། །བསོད་ནམས་ཡེ་ཤེས་ཀུན་དགའ་སེངྒེ་དང༌། །རིན་ཆེན་བཟང་པོ་བསོད་ནམས་དབང་ཕྱུག་དཔལ། །བཀྲ་ཤིས་དབང་ཕྱུག་ཆོས་ཀྱི་འོད་ཟེར་མཆོག །ཀུན་དགའ་སྙིང་པོ་ཀུན་དགའ་རྒྱ་མཚོ་དང༌། །བསྟན་འཛིན་བཟང་པོ་ཀརྨ་ཡེ་ཤེས་ཞབས། །དོན་དམ་སྙིང་པོ་ཨ་ཡུ་ཏིཥྛ་དང༌། །ཚོགས་གཉིས་འོད་ཟེར་ལ་སོགས་ངེས་དོན་གྱི། །སྲས་དང་[སྤྲུལ་]གྲུབ་པའི་བརྒྱུད་པ་གསེར་གྱི་ཕྲེང༌། །ཚར་དུ་དངར་བ་ཐམས་ཅད་མཚན་དཔེར་ལྡན། །མཛེས་འཛུམ་ཞྭ་ཁྲ་ཆོས་གོས་རྣམ་གསུམ་གསོལ། །རྡོར་དྲིལ་པུ་སྟི་ཐོད་ཆང་ཆོས་འཆད་མཛད། །དར་གྱི་ཕོ་ལོང་གདིང་བ་པད་ཟླ་སོགས། །རང་འཚམས་གདན་ལ་འོད་ཕུང་འབར་བར་བཞུགས། །འོག་མིན་གནས་ནས་རང་འདྲ་སྤྱན་དྲངས་བསྟིམ། །བྱིན་རླབས་ཐུགས་རྗེའི་ནུས་པ་མཆོག་ཏུ་

p. 31

འབར། །དེ་དག་རྣམས་ལ་གདུང་ཤུགས་མོས་ཕྱག་དང་། །ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་པས་མཆོད། །རྟོག་ཚོགས་ཆོས་ཉིད་ཕུང་ཁམས་སྐྱེ་མཆེད་བཅས། །ཡེ་ཤེས་རོལ་པའི་འབྱོར་ཚོགས་ཇི་སྙེད་འབུལ། །དུས་གསུམ་མི་དགེའི་ལས་རྣམས་འགྱོད་པས་བཤགས། །འབྲལ་མེད་སྙིང་གི་དབུས་སུ་རྟག་བཞུགས་ནས། །འོད་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསམ་སྦྱོར་རྣམ་དག་དགེ་ལ་རྗེས་ཡི་རང༌། །དེ་དག་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཅེས་ཟག་པ་མེད་པའི་རྒྱུན་བཤགས་ཕུལ་ནས། སྙིང་ཁུང་རུས་པའི་གཏིང་ནས་ལྟེམ་རྐྱང་མེད་པར་གསོལ་བ་གདབ་པར་བྱ་སྟེ། ན་མོ་གུ་རུ། བདག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་བའི། །འཁོར་མེད་ཀྱི་དྲིན་མཐའ་གསོབ་དཀའ་ཡང༌། །ཡོན་ཏན་གྱི་ཆེ་བ་རྗེས་དྲན་ནས། །གདུང་ཤུགས་ཀྱི་མོས་གུས་འདི་བཟོད་མེད་འབར། །ཕ་ཐུགས་རྗེས་ཟུངས་ཤིག་རྡོ་རྗེ་འཆང༌། །རྗེ་བྱང་སེམས་བློ་གྲོས་རིན་ཆེན་དང༌། །མགོན་སྒྲ་གཅན་འཛིན་གཉིས་ཀླུ་སྒྲུབ་ཞབས། །དཔལ་ཤ་བ་རི་དང་མཻ་ཏྲི་པ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མར་མི་དང་དྭགས་པོ་བྱིན་རླབས་ཅན། །རྗེ་དར་མ་དབང་ཕྱུག་ཏི་ཤྲི་རས། །རས་དཀར་དང་ལུས་མེད་རྡོ་རྗེའི་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མཆོག་བྱང་ཆུབ་གཞོན་ནུ་བློ་གྲོས་མཚན། །རྗེ་བརྩོན་འགྲུས་དཔལ་དང་[གླང་]རླངས་རས་པ། །ཁྱེད་གྲུབ་པའི་ཁྱུ་མཆོག་གྲགས་པའི་མཚན། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །རྗེ་མ་ཏི་རཏྣ་བསོད་ནམས་བཟང༌། །མཆོག་གྲུབ་པ་བརྙེས་པའི་ཁྱུ་རྣམས་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གནས་ཨོ་རྒྱན་གྱི་གཙོ་མོ་ཌཱ་ཀི་མར། །དོན་གཉིས་མེད་ནམ་མཁའི་རྣལ་འབྱོར་མཚན། །བྱིན་རླབས་ཀྱི་

p. 32

བརྒྱུད་པར་ཐུགས་བརྩེ་བས། །རྨི་ལམ་དུ་བརྡ་ཐབས་དང་རྟེན་འབྲེལ་གྱིས། །དོན་མ་ནོར་བའི་བརྒྱུད་པ་གཏད་མཛད་པའི། །དཔལ་ཌཱ་ཀི་བདེ་སྐྱོང་བཟང་མོ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དོན་མ་རྒྱུད་མཁའ་འགྲོའི་སྙིང་ཁྲག་གི །མཆོག་བྱིན་རླབས་བདུད་རྩིའི་མཛོད་འཆང་ཞིང་། །བཀའ་བབས་ཀྱི་གདམས་པའི་སྲོལ་འཛིན་པ། །དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་གསང་བདག་དངོས་སྣང་མངྒ་ལ། །མཆོག་བརྟུལ་ཞུགས་གྲུབ་པ་དབང་པོའི་སྡེ། །མགོན་འཇམ་དབྱངས་བློ་གྲོས་རིན་ཆེན་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཤོ་ལོ་ཀ་འདི་ཁ་གསབ་ཞུས་པའོ། །མཆན། གཤིས་རིག་ཁམས་ཆོས་ཉིད་སངས་རྒྱས་སུ། །དོན་མ་ནོར་རྗེན་པར་སྟོན་མཛད་པའི། །མགོན་མཆོག་གསུམ་རྩ་གསུམ་འདུས་གཟུགས་ཆེ། །རྒྱལ་ཀུན་ལས་བཀའ་དྲིན་ལྷག་པའི་དཔལ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང༌། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །འདི་མན་ཆོས་རྗེ་རིན་པོ་ཆེའི་གསུང་རྡོ་རྗེའི་ཚིག་སྟེ། མི་རྨོངས་པའི་ཚིག་ལ་སྙན་པའི་ངག །ཡིད་དད་པའི་སེམས་ཀྱིས་གསོལ་བཏབ་མཐུས། །དཔལ་སངས་རྒྱས་བསྟན་པ་དར་བ་དང༌། །ཆོས་རྒྱུན་དུ་གནས་པར་བྱིན་གྱིས་རློབས། །ཡུལ་དབེན་གནས་རྟག་ཏུ་བསྟེན་པ་དང༌། །གནད་སྒྲུབ་པ་མཐའ་རུ་སྐྱེལ་བ་ཡིས། །རྒྱུད་ཐུལ་ནས་གཞན་སྣང་ཀུན་ཚིམ་ཞིང་། །དོན་འགྲོ་བ་འདྲེན་ནུས་བྱིན་གྱིས་རློབས། །བདེ་གསལ་ཉམས་རྒྱུད་ལ་སྐྱེ་བ་དང༌། །རང་རིག་པའི་ངོ་བོ་ཤེས་པ་ཡིས། །དུས་ཉིན་མཚན་སྤྱོད་ལམ་འབྲེལ་བ་དང༌། །ངར་ངེས་ཤེས་ལྡན་པར་བྱིན་གྱིས་རློབས། །སྒོམ་ཉམས་ལེན་མཁན་པོ་རང་སར་གྲོལ། །སྟོང་རིག་རྗེན་ནང་ནས་འཆར་བ་དང༌། །ཕྲ་རགས་ཀྱི་སྤུན་ཆ་རང་སར་དག །དོན་སྟོང་ཉིད་འགྱུར་

p. 33

མེད་བྱིན་གྱིས་རློབས། །ཉམས་སྣང་སྟོང་ཟུང་འཇུག་ནང་ནས་ཤར། །སེམས་རིག་བྱེད་ཤེས་པ་རང་སར་གྲོལ། །ཆོས་གཉུག་མའི་རྒྱལ་ས་རྒྱུན་དུ་ཟིན། །མཆོག་མཉམ་རྗེས་གཅིག་འདྲེས་བྱིན་གྱིས་རློབས། །ཉིན་མཚན་མོའི་རྨི་ལམ་གདོད་ནས་དག །བསྒོམ་བྱ་དང་སྒོམ་བྱེད་ཞེན་པ་བྲལ། །ལམ་འཁོར་འདས་ཆོས་རྣམས་གཅིག་ཏུ་འཛོམས། །འབྲས་སྐུ་བཞི་ལྷུན་གྲུབ་བྱིན་གྱིས་རློབས། །ཆོས་ཕྲིན་ལས་ཀུན་གྱི་ཆེ་བ་ཡིས། །གནས་འཁོར་བ་མཐའ་རུ་སྐྱེལ་བ་དང༌། །ལས་ཆེད་དུ་མ་བྱས་ཀྱང་གཞན་སྣང་ཚིམ། །དེ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དོན་བརྒྱུད་པ་ལ་གསོལ་བཏབ་བྱིན་རླབས་ཀྱིས། །བདག་ཅི་བྱེད་ཆོས་སུ་འགྲོ་བ་དང༌། །ཅི་བསམ་པ་ཆོས་བཞིན་ལྷུན་གྲུབ་ནས། །དཔལ་སྐུ་ལྔ་དབྱེར་མེད་མྱུར་འགྲུབ་ཤོག །ཅེས་པ་དང༌། ཆོས་དྲུག་སྐབས་ཟུར་ནས་འབྱུང་བའི་གསོལ་འདེབས་འཛུད། དེ་ནས། ན་མོ། དུས་གསུམ་རྒྱལ་དང་རྒྱལ་སྲས་འདུས་པའི་སྐུ། །རྩ་གསུམ་ཆོས་དང་དགེ་འདུན་མ་ལུས་པ། །ཀུན་འདུས་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པ་ཡི། །སྐྱབས་ཀྱི་སྙིང་པོ་རྩ་བའི་བླ་མ་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་དུས་འདིར་སྩོལ། །ལོང་མེད་དྲན་ཞིང་དགེ་སྡིག་བླང་དོར་བརྩོན། །དམ་ཚིག་ལ་གནས་ས་ལམ་རིམ་པར་རྫོགས། །འབྲས་བུ་བླ་མའི་ཐུགས་དང་དབྱེར་མེད་ཤོག །ཅེས་བྱིན་རླབས་ཞུགས་པའི་རྟགས་མ་བྱུང་བར་དུ་འབད་པ་དང༌། ལོང་སྐབས་དབེན་ཚེ། དྲིན་ཅན་རྩ་བའི་བླ་མ་ལ། །བཟོད་མེད་སྙིང་ནས་གསོལ་བ་འདེབས། །བདག་རྒྱུད་དམ་པའི་ཆོས་དང་མཐུན། །འཁྲུལ་མེད་ངོ་བོ་རྟོགས་པར་མཛོད། །ཅེས་བརྒྱ་སྟོང་ཁྲི་འབུམ་སོགས་གྲངས་ཅི་མང་བསགས་ལ། དེ་ལྟར་བླ་མ་ལ་གསོལ་བ་འདེབས་པ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཕྱིར་ཐུན་ཀུན་གྱི་མགོ་དང་རྒྱུན་དུ་བསྒོམ་་ཞིང་གསོལ་བ་གདབ་པར་གསུངས་པ་ལྟར་བྱའོ། །གསུམ་པ་ནི། བླ་མའི་རྣལ་འབྱོར་

p. 34

བསྒོམས་ཤིང་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པའི་རྟགས་ལུས་ལ་ན་ཚ་དང་། གདོན་བགེགས་ཀྱི་བར་ཆད་ཞི་ཞིང་ལུས་བདེ་བ་དང་ཡང་བ། ངག་དིག་ལྐུགས་ཚིག་མི་བཙུན་པ་སོགས་དང༌། རྩ་རླུང་གི་ཉམས་རྒུད་ཞི་ནས་ཚིག་བཙུན་ཞིང་རིག་སྔགས་ཀྱི་བདེན་པ་འགྲུབ་པ་དང༌། གང་སྨྲས་གཞན་གྱིས་ཉན་པ་སོགས་དང༌། ཡིད་ཀྱི་ཉོན་མོངས་འཁྲུལ་རྟོག་མི་དགེ་བའི་བསམ་པ་ཐམས་ཅད་ཞི་ནས་བསྐྱེད་རྫོགས་གང་སྒོམ་པ་རྣམས་ལ་ཡོན་ཏན་ཁྱད་པར་ཅན་དང་། དག་སྣང་མོས་གུས་སྙིང་རྗེ་ཕན་སེམས་སྔར་དང་མི་འདྲ་བ་སྐྱེ་ཞིང་རྨི་ལམ་དུའང་བྱིན་གྱིས་བརླབས་པའི་རྟགས་བླ་མ་མཇལ་ཞིང་ཆོས་གསུང་བ། ཡི་དམ་གྱི་ལྷ་ཞལ་མཐོང་བ། མན་ངག་གི་ཚིག་དོན་ཐོས་པ། རང་བཞིན་ཡིད་ཡུལ་དུ་གསལ་བ། དངོས་སུ་འཁོར་འདས་ཐམས་ཅད་བླ་མའི་རོལ་པར་འཆར་བའི་དག་སྣང་ཕྱོགས་མེད་དུ་འབྱོང་བ་དང༌། དག་སྣང་དེ་ལ་བརྟེན་ནས་མ་བཅོས་རང་བྱུང་གི་རྟོགས་པ་ཤུགས་འབྱུང་དུ་འཆར་བས་ཐེ་ཚོམ་བྲལ་བ། སྐབས་འགར་མོས་གུས་ཚད་མེད་པས་ཉམས་འུར་བ། བ་སྤུ་ལྡང་བ། མཆི་མ་འཁྲུགས་པ་རྣམས་ཡོང་སྟེ། དེ་ཡང་དང་པོར་འདོད་པའི་དད་པ་བླ་མར་དགའ་བ་དང༌། དད་ཅིང་འབྲལ་མི་ཕོད་པ་དང༌། དེ་ནས་རང་བཞིན་གྱིས་བླ་མ་འདི་ཉིད་སོ་སྐྱེ་ཕལ་པ་མ་ཡིན་ཞིང༌། འདི་ལ་གནས་སྐབས་མཐར་ཐུག་ཀུན་ལ་ཕན་པ་ཞིག་ཡོད་འདྲ་སྙམ་ནས་བརྙས་པ་མེད་ཅིང་ཚོགས་གསོག་ཅི་ནུས་སུ་འབུལ་བ་དང༌། ཞབས་འབྲིང་ངལ་བ་མེད་པར་བསྒྲུབ་པ་ནི་དང་བའི་དད་པ་དང༌། དེ་ནས་བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། ཡོན་ཏན་རྒྱལ་བ་ཞི་ཁྲོ། ཕྲིན་ལས་ཆོས་སྐྱོང་སྲུང་མ་ཡིན་ངེས་སུ་འདུག་པ་དང༌། དེར་མ་ཟད་ཚད་མེད་པའི་ཐུགས་རྗེ་ཆེན་པོས་རང་ཅག་རྣམས་དང་མཉམ་པོར་འགྲོགས་ཤིང་། སྤྱོད་ལམ་མཐུན་པའི་སྒོ་ནས་ཐུགས་རྗེས་ཕ་མ་ལྟ་བུར་གཟིགས་པ་འདི་ནི་རང་ངོས་ནས་རྫོགས་པའི་སངས་རྒྱས་དངོས་ལས་ལྷག་ཅིང་། བཀའ་དྲིན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཆེའོ་སྙམ་ནས་ཡིད་ཆེས་ཤིང༌། བླ་མས་དུག་ལྔ་སྤྱོད་པ་དང༌མི་རྟ་གསོད་པ་སོགས་མཚམས་མེད་ཀྱི་ལས་བྱས་པ་ལྟ་བུ་ཞིག་གལ་ཏེ་སྣང་ནའང་། བླ་མ་ལ་འཁོར་བའི་རྣམ་རྟོག་སྐྱོན་གྱིས་གོས་པ་རྡུལ་ཙམ་མེད་པས་རང་ཅག་རྗེས་སུ་འཛིན་ཕྱིར་ཡེ་ཤེས་ཀྱི་རོལ་པ་ཁོ་ནའོ་སྙམ་ཞིང༌། རང་གི་སྒོ་གསུམ་གྱི་སྒོ་ནས་མཉེས་པ་དགུ་ཕྲུགས་སུ་སྒྲུབ་ཅིང༌། དེ་ཡང་བླ་མ་མི་དགྱེས་པར་འདུག་ན་གཙུག་ལག་ཁང་ཡང་བཤིག །བླ་མ་དགྱེས་པར་འདུག་ན་བྱེ་མའི་ཁང་པ་ཡང་ཁོབས་གསུངས་པ་ལྟར་བླ་མའི་བཞེད་པ་ཅི་འགྲུབ་ཀྱིས་སྐད་ཅིག་ཙམ་ཡང་སྐྱོ་ངལ་མེད་ཅིང་། ཅི་བཞེད་ཐམས་ཅད་དམ་པའི་ཆོས་སུ་ཤེས་པས་འགལ་བ་ཅུང་ཟད་ཀྱང་མེད་པ་སྟེ།

p. 35

དེ་ཡང་ཇི་སྐད་དུ། བླ་མས་མཛད་པ་ཇི་ལྟར་བསྟན་ན་ཡང༌། །ངོ་མཚར་མོས་པས་རྟག་ཏུ་མཆོད་བྱེད་ཅིང༌། །བྱ་བ་ཀུན་ལ་གཞན་སྐྱོན་མི་རྟོག་པ། །ཕན་པའི་འདུ་ཤེས་རྟག་ཏུ་བསྐྱེད་པར་བྱ། །ཞེས་དང༌། རྗེ་མི་བསྐྱོད་ཞབས་ཀྱིས། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་གྱུར་ཅིག །ཅེས་གསུངས་པ་ལྟར་དང་། དེ་ཡང་བཀའ་བརྒྱུད་ཀྱི་དགོངས་པ། བཀའ་བརྒྱུད་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ། ཞེས་གསུངས་པ་ལྟར་དང༌། སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མོས་གུས་དཀར་པོ་གཅིག་ཐུབ་ཏུ་ཞལ་གྱིས་བཞེས་ཤིང་། བན་སྒར་འཇམ་དཔལ་བཟང་པོས་ཀྱང་མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་ལྟར་ཡིན་ཞིང༌། དེར་མ་ཟད། ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཡོན་ཏན་མི་སྐྱེ་ཞིང༌། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་འབྱུང་བས་མཚོན། མདོར་ན་བླ་མའི་བཞེད་པ་བསྒྲུབ་ཕྱིར་ཏེ། དོན་དུ་བླ་མ་ལ་བཞེད་པ་ཅི་ཡང་མེད་ཀྱང་བཞེད་པ་ལྟར་སྣང་བ་ལ་རང་གི་ལུས་ངག་ཡིད་གསུམ་དུ་མ་ཟད་སྲོག་ཀྱང་གཏོང་ནུས་པ་ཞིག་བྱུང་ན། གང་ཟག་དེའི་ལག་ཏུ་རྫོགས་པའི་སངས་རྒྱས་དངོས་སུ་སོན་པ་ཡིན་ལ། བཀའ་བརྒྱུད་སྤྱི་དང་ཁྱད་པར་དུ་མཉམ་མེད་འབའ་རོམ་པ་ཆེན་པོའི་དགོངས་པའི་མཐིལ་ཏེ་དེ་དག་ནི་ཡིད་ཆེས་པའི་དད་པའོ། །དེ་ཡང་རང་སེམས་སངས་རྒྱས་སུ་རྟོགས་ནས། ཡང་བླ་མའི་མཚན་ཐོས་པ་དང༌། མཛད་སྤྱོད་དང་སྐུ་ཡི་ཆས་སོགས་མཐོང་བ་ཙམ་གྱིས་ཡིད་གཡོ་བར་མ་ཟད། རང་བཞིན་སེམས་མ་ཡེངས་པའི་ངང་ནས་འདི་ལ་དད་འདི་ལ་མོས་ཞེས་པའི་ངོས་བཟུང་ཅན་ཞིག་མེད་ཀྱང་གདུང་ཤུགས་ཀྱི་མོས་གུས་དྲག་ཏུ་འབར་བ་ནི། རང་བྱུང་དད་པས་དོན་དམ་སྟོན། །ཞེས་པ་དེ་ཉིད་ཡིན་ནོ། །བཞི་པ་ནི། མཐར་ཕྱི་ནས་ཁྲོམ་འཚོགས་ཀྱི་བླ་མ་ཐམས་ཅད་ཆོས་སྐུ་རྡོ་རྗེ་འཆང་ལ་འདུས། དེ་ནས་རིམ་གྱིས་འོད་དུ་ཞུ་སྟེ་གཅིག་ལ་གཅིག་ཐིམ་པའི་ཚུལ་དུ་སྙིང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ལ་ཐིམ། དེ་ཉིད་ཀྱི་དཔྲལ་བ་དང་སྐུ་ཡི་ཆ་ལས་འོད་ཟེར་དཀར་པོ་བྱུང༌། ཕུང་ཁམས་ཐམས་ཅད་ཁྱབ་ཅིང་ལུས་ཀྱི་སྒྲིབ་པ་དང་དངོས་འཛིན་ཨ་འཐས་བག་ཆགས་ཐམས་ཅད་སྦྱངས། སྐུ་བུམ་པའི་དབང་ཐོབ། སྤྲུལ་པའི་སྐུ་མཚན་དཔེ་ཡོངས་རྫོགས་ཀྱི་ས་བོན་བཞག །ལམ་དུས་སུ་བསྐྱེད་རིམ་བསྒོམ་པ་ལ་དབང་བར་གྱུར་སྙམ་དུ་བསམ། དེ་ནས་བླ་མའི་མགྲིན་པ་དང་གསུང་རླུང་སྔགས་ཀྱི་རང་བཞིན་ལས་འོད་ཟེར་དམར་པོ་འཕྲོས། རང་ཉིད་ཀྱི་ངག་རྩ་རླུང་གི་ཁམས་ཐམས་ཅད་སྦྱངས། གསུང་གསང་བའི་དབང་ཐོབ། ལོངས་སྤྱོད་རྫོགས་པའི་ས་བོན་རྒྱུད་ལ་བཞག །ལམ་དུས་སུ་

p. 36

རྩ་རླུང་དང་རླུང་སྔགས་བཟླ་བ་ལ་དབང་བར་གྱུར་སྙམ་དུ་བསམ་པ་དང༌། བླ་མའི་ཐུགས་ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱི་ཁམས་ལས་འོད་ཟེར་མཐིང་ཀ་འཕྲོས། ཡིད་དང་སེམས་ཀྱི་རྟོག་ཚོགས་ཐམས་ཅད་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དང་། ཐིག་ལེའི་རྟོག་ངན་སེམས་ཀྱི་བག་ཆགས་ཐམས་ཅད་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཆོས་ཀྱི་སྐུ་ཡི་ས་བོན་རྒྱུད་ལ་བཞག །ལམ་དུས་སུ་འོད་གསལ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་འཆར་ཞིང་ཕོ་ཉའི་ལམ་བསྒོམ་པ་ལ་དབང་བར་གྱུར་སྙམ་དུ་བསམ་པ་དང༌། བླ་མའི་ལྟེ་བ་དང་སྐུ་ཡི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། རང་གི་སྒོ་གསུམ་ཆ་སྙོམ་ལ་ཐིམ་པས་སྒྲིབ་གསུམ་སྤྱི་དང་ཤེས་བྱ་སྙོམས་འཇུག་གི་བག་ཉལ་ཐམས་ཅད་ལྷག་མེད་དུ་སྦྱངས། ཚིག་དབང་རིན་པོ་ཆེ་ཐོབ། ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག །ལམ་དུས་སུ་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པ་ལ་དབང་བའོ་སྙམ་དུ་ངེས་ཤེས་བྱས་ལ། ངག་ཏུ། འཁོར་གྱི་བཀའ་བརྒྱུད་བླ་མ་ཐམས་ཅད་ཀུན། །སྟེང་ཕྱོགས་ཆོས་སྐུ་རྡོ་རྗེ་འཆང་ལ་འདུས། །དེ་ནས་རྩ་བརྒྱུད་བླ་མ་ཐོ་བརྩེགས་རྣམས། །རིམ་གྱིས་འོད་ཞུ་གཅིག་ལ་གཅིག་ཐིམ་མཐར། །བྱིན་རླབས་ཀུན་འདུས་བླ་མ་ཡབ་ཡུམ་ལ། །ཐིམ་མཐར་བླ་མའི་དཔྲལ་བའི་འོད་ཟེར་ནི། །དཀར་པོས་ལུས་ཀྱི་སྒྲིབ་བསལ་བུམ་དབང་ཐོབ། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་བྱས། །བླ་མའི་མགྲིན་པའི་འོད་དམར་རྩ་རླུང་སྦྱངས། །གསང་བའི་དབང་ཐོབ་ལོངས་སྐུའི་གོ་འཕང་བྱས། །ཐུགས་ལས་འོད་མཐིང་འཕྲོས་པས་ཡིད་སྒྲིབ་སྦྱངས། །ཤེས་རབ་དབང་ཐོབ་ཆོས་སྐུའི་གོ་འཕང་བྱས། །སྐུ་དང་ལྟེ་བའི་གནས་ནས་འོད་སྣ་ཚོགས། །འཕྲོས་པས་ཆ་སྙོམ་བག་ཆགས་དྲི་མ་སྦྱངས། །ཚིག་གི་དབང་ཐོབ་ངོ་བོ་ཉིད་ཀྱི་སྐུ། །སྐུ་བཞི་ཡོངས་རྫོགས་ཆེན་པོའི་གོ་འཕང་བྱས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པར། །བདེ་སྟོང་གཉིས་མེད་ངང་དུ་རོ་གཅིག་གྱུར། །༧ ཆོས་དྲུག་སྔོན་འགྲོའི་སྐབས། བླ་མ་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱིས། །བདག་ལ་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །ཐུན་མོང་མ་ཡིན་ཤིན་ཏུ་ཟབ་དབང་གིས། །སྟན་ཐོག་འདི་རུ་སྨིན་ཅིང་གྲོལ་

p. 37

བར་མཛོད། །ཅེས་པའི་གསོལ་བཏབ་འཁོར་རྣམས་འོད་དུ་ཞུ། །བླ་མའི་སྐུར་ཐིམ་ཡབ་ཡུམ་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་བབ་ཚངས་པའི་སྒོ་ནས་ཞུགས། །གཞི་དུས་བུམ་པའི་དབང་ཐོབ་ལུས་སྒྲིབ་དག །ལམ་དུས་བསྐྱེད་པའི་རིམ་པ་བསྒོམ་ལ་དབང༌། །འབྲས་དུས་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་གྱུར། །སླར་ཡང་མོས་གུས་དྲག་པོས་བསྐུལ་བའི་མཐུས། །བདེ་བའི་ཉམས་འབར་ཆགས་པའི་སྒྱུ་རྩལ་གྱིས། །རྩ་གསུམ་ལྷ་དང་དཔའ་བོ་མཁའ་འགྲོའི་ཚོགས། །སྤྱན་དྲངས་ཞལ་ཞུགས་བྱང་སེམས་བདུད་རྩིའི་རྒྱུན། །སྦྱོར་མཚམས་ནས་བབ་ཚངས་བུག་རྡོ་རྗེའི་ལྕེར། །བརྒྱུད་དེ་རྩ་གནས་ཀུན་ཁྱབ་བདེ་ཉམས་གཡོས། །གཞི་དུས་གསང་བའི་དབང་ཐོབ་ངག་སྒྲིབ་དག །ལམ་དུས་རླུང་སྔགས་བདག་བྱིན་བརླབ་ལ་དབང༌། །འབྲས་དུས་ལོངས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །བླ་མའི་ཡུམ་ལས་ཡུམ་འཕྲོས་མཉམ་པར་སྦྱོར། །འདུ་ཤེས་གསུམ་གྱིས་དགའ་བཞིའི་འགྲོས་སྦྱངས་པས། །གཞི་དུས་ཤེར་དབང་ཐོབ་ཅིང་ཡིད་སྒྲིབ་དག །ལམ་དུས་གཞན་ལུས་བདེ་སྟོང་བསྒོམ་ལ་དབང༌། །འབྲས་དུས་ཆོས་སྐུ་ཐོབ་པའི་སྐལ་ལྡན་གྱུར། །དེ་ནས་ལུགས་ལྡོག་འགྲོས་མཐར་བརྗོད་མེད་ཉམས། །མཐའ་བྲལ་སེམས་ཀྱི་དེ་ཉིད་ཕྱག་རྒྱ་ཆེ། །བླ་མའི་ཐུགས་དང་དབྱེར་མེད་ཤུགས་ཀྱིས་འདྲེས། །མ་བཅོས་དེ་ཀར་བཞག་པས་ཆོས་སྐུར་གྲོལ། །གཞི་དུས་ཚིག་གི་དབང་ཐོབ་ཆ་སྙོམ་གྱི། །སྒྲིབ་དག་ལམ་དུས་ཕྱག་ཆེན་བསྒོམ་ལ་དབང༌། །འབྲས་དུས་ངོ་བོ་ཉིད་སྐུའི་སྐལ་ལྡན་གྱུར། །མི་ཕྱེད་རྡོ་རྗེའི་བདག་ཉིད་ཧེ་རུ་ཀ །འཕོ་འགྱུར་འདུ་འབྲལ་མེད་པར་རོ་གཅིག་ཤོག །ཅེས་བརྗོད་པ་དང༌། གཏུམ་མོ་འབར་འཛག་གི་དམིགས་པ་བདག་བསྐྱེད་ལ་བརྟེན་ནས་བསྒོམ་ཞིང་བདེ་སྟོང་གི་ཉམས་སྦར་ནས་དམིགས་རིམ་ལ་སྙིང་ཕུར་གཏད་ན་བསྐྱེད་རྫོགས་ཟུང་འཇུག་གི་ལམ་སྦྱོང་བ་ཡང་འདི་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །དེ་ལྟ་བུར་ཚེ་འདི་ཉིད་ལ་ཟུང་

p. 38

འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་ནི་བླ་མ་གོང་མ་རྣམས་ཀྱི་མན་ངག་ཞལ་གསུང་བསླུ་མེད་ཡིན་པས། དེ་ལྟར་ཉམས་སུ་ལེན་པ་ལ་ཐང་ལྷོད་མེད་ཅིང་ཡིད་ཆེས་དང་ལྡན་པས་བསྒྲུབས་ན་དལ་འབྱོར་རིན་པོ་ཆེ་འདི་དོན་དང་ལྡན་པར་འགྱུར་བས་རྗེས་འཇུག་གི་ཚོགས་རྣམས་ཀྱིས་ལྷུར་ལེན་པར་རིགས་སོ། །སླར་སྨྲས་པ། རྒྱལ་དང་རྒྱལ་བའི་མྱུ་གུའི་བཞེད་གཞུང་ལམ། །གྲུབ་པའི་སྤྱི་མེས་གསེར་རིའི་ཕྲེང་བ་ཡི། །ཐུགས་བཅུད་གངྒཱའི་སྙིང་པོ་བཻཌཱུརྻ། །ཐུབ་བསྟན་ལྷུན་པོའི་བ་གམ་སྤོར་བསྒྲེངས་པས། །འགྲོ་ཁམས་གཏན་བདེའི་ཕོངས་ལས་ཡོངས་གྲོལ་ཏེ། །ངེས་པ་དོན་གྱི་ལང་ཚོ་རབ་རྒྱས་ཤིང༌། །མཁྱེན་གཉིས་ཟེར་གྱིས་འོད་གསལ་ཕྱག་རྒྱ་ཆེ། །མངོན་གྱུར་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་ཤོག །སྐྱེས་སྦྱངས་ཡོན་ཏན་བུང་བ་རྩལ་ཞན་ཡང༌། །དཔལ་ལྡན་འབའ་རོམ་སྲི་ཞུའི་འདབ་གཤོག་རྒྱས། །གྲུབ་མཆོག་པདྨོའི་བདུད་རྩི་རྟག་རོལ་བས། །ཟུང་འཇུག་དོན་གྱི་མགྲིན་གླུ་འབྱིན་འདི་རྨད། །ངེས་དོན་སྟག་ཟའི་ང་རོའི་རྗེས་འགྲོ་བས། །ལོག་སྒྲུབ་རྟོག་གེའི་སྨྲ་བ་བསྐྱུང་གྱུར་ཏེ། །དཔལ་ལྡན་འབའ་རོམ་ལྷུན་པོའི་གངས་ཁྲོད་དུ། །བརྟུལ་ཞུགས་ངེས་པའི་སྒྲ་ཆེན་སྒྲོགས་གྱུར་ཅིག །ཅེས་པ་འདིའང་རྗེ་འབའ་རོམ་པ་ཆེན་པོའི་རིང་སྲོལ་འཛིན་པ་དཔལ་ལྡན་སྐྱོ་བྲག་པ་ཆེན་པོའི་བརྒྱུད་པའི་ཕྲེང་འཛིན་དགེ་བཤེས་བླ་མ་དམ་པ་ཀརྨ་ཨ་ཛྙཱ་མ་ལ་མངྒ་ལ་དང༌། ཉེ་གནས་ཀརྨ་དཱ་མ་ཀ་དེ་ཝོ་དཱ་ཡ་སོགས་བརྒྱུད་འཛིན་གྱི་སློབ་ཚོགས་རྣམས་ཀྱིས་བསྐུལ་བའི་བཞེད་སྐོང་སླད་དུ། ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེངྒེའམ་དཔལ་ཁྲག་འཐུང་དགའ་བའི་ཡེ་ཤེས་བདེ་ཆེན་འབར་བའི་རྡོ་རྗེ་སྟོབས་ལྡན་བདུད་འདུལ་གླིང་པ་རྩལ་གྱིས་གདན་ས་ཆེན་པོ་སྤྱི་འབྱམས་ཕུན་ཚོགས་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་གྲྭར་ཐུན་མཚམས་རྣམས་སུ་ཤར་མར་སྨྲས་རིམ་བཞིན། ཀརྨ་འདུལ་བ་ལྷ་དར་ནས་ཡི་གེར་བཏབ་པ་འདིས་ཀྱང་ངེས་དོན་སྙིང་པོ་གསང་བ་ཟབ་མོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཏེ། འགྲོ་ཀུན་ཆོས་དབྱིངས་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤ་སུ་ཛ་ཡ།།

༄༅། །སྟོན་པ་རྡོ་རྗེ་འཆང་གི་བཀའ་ཆོས་དབྱིངས་ཉམས་བསྟན་པའི་ལེའུ།

p. 39

སྟོན་པ་རྡོ་རྗེ་འཆང་གི་བཀའ་ཆོས་དབྱིངས་ཉམས་བསྟན་པའི་ལེའུ།
༄༅། །ན་མོ་གུ་རུ། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །མཁའ་སྤྱོད་གནས་སུ་འོང་འདོད་ན། །དང་པོར་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་ཆོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་གོམས་པར་སྦྱོངས། །ཐ་མ་སྒོམ་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་ཞི། །ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱི་མཆོད་པ་ཕུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་རྒྱུད་ལ་སྦྱོངས། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་གྱིས། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ལམ་ལ་གོམས་པར་གྱིས། །མཐར་ཕྱིན་སྒྲིབ་པ་གཉིས་ཟད་ཀྱིས། །ཆོས་རྣམས་ཟད་སར་སྐྱོལ་བར་གྱིས། །ད་ཡང་འདུས་པའི་སྙིང་པོ་ཉོན། །གདམས་ངག་ཡོད་ན་ཕུན་སུམ་ཚོགས། །ལུང་རིགས་ལྡན་ན་ཐམས་ཅད་མཁྱེན། །ཉམས་སུ་མྱོང་ན་གོལ་ས་ཆོད། །གཅིག་པུར་གནས་ན་ཆོས་བརྒྱད་བྲལ། །བླ་མ་བཀུར་ན་དངོས་གྲུབ་ཐོབ། །བཀའ་བརྒྱུད་བལྟས་ན་རང་ཡིད་ཆེས། །ཕྱི་ནང་ཡུལ་གྱི་སྣང་བ་ལ། །ཡིན་མིན་སྤོང་སྡུད་ཡིད་ལ་ནི། །གང་ཡང་མ་གྱུར་ཆོས་ཀྱི་དབྱིངས། །ཆོས་དབྱིངས་ཉམས་བསྟན་པའི་ལེའུའོ།། །།

དོ་ཧ་མཛོད་བརྒྱད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་གསལ་བར་སྟོན་པའི་གཞུང་། བིར་ཝ་པ།

p. 40

༄༅། །དོ་ཧ་མཛོད་བརྒྱད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་གསལ་བར་སྟོན་པའི་གཞུང་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་མ་ཧཱ་མུ་དྲ་ཨུ་པ་དེ་ཤ །བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གཞུང་དོན་ལ་གསུམ་ལས། དང་པོ་ཕྱག་ཆེན་གནས་ལུགས་བསྟན་པ་ལ་གསུམ་གྱི། དང་པོ་ཇི་ལྟར་གནས་པ་བཤད་པ་ནི། ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང་། །རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོས་པ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་དུའང་མཚོན་པའི་ཡུལ་ལས་འདས། །དེ་ལྟར་མཁའ་དང་སེམས་ཀྱི་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཐ་དད་མིང་ནི་གློ་བུར་བཏགས་པ་ཙམ། །དེ་ནི་དོན་མེད་རྫུན་གྱི་ཚིག་ཏུ་ཟད། །ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད། །ཆོས་ཀྱི་ཟ་མ་ཏོག་ཅེས་ཡོངས་སུ་བཏགས། །དེ་ཡང་ལོགས་པའི་ཆོས་གཞན་མ་ཡིན་ཏེ། །གདོད་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེ་ཡི་དེ་ཉིད་བསྟན་དུ་ཡོད་མིན་ཏེ། །བརྗོད་དུ་མེད་པས་སུས་ཀྱང་གོ་བ་མེད། །གལ་ཏེ་བདག་པོ་ཡོད་ན་ནོར་

p. 41

ཡོད་དེ། །ཡེ་ནས་བདག་མེད་དེ་ལ་ཅི་ཞིག་ཡོད། །སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ། །སེམས་མེད་པ་ལ་ཆོས་ཤིག་སུ་ཡིས་རྟོགས། །སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་འཚོལ་མཁན་གང་ནའང་མེད། །མེད་པ་དུས་གསུམ་མ་སྐྱེས་མི་འགག་པ། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འགྲོ་བ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །བརྟགས་པའི་ཆོས་ཀུན་རི་བོང་རྭ་དང་མཚུངས། །གཉིས་པ་སེམས་ཅན་གྱིས་དེ་ཉིད་མ་རྟོགས་པས་འཁྲུལ་བར་བསྟན་པ་ནི། ཀྱེ་ཧོ། ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང་། །མིག་མེད་རྣམས་ལ་མུན་པ་ཉིད་དུ་སྣང་། །ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་གྱུར་ཀྱང་། །རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་རིང་། །འགྲོ་བ་རྣམས་ཀྱིས་སེམས་མེད་མ་རྟོགས་པས། །བརྟགས་པའི་སེམས་ཀྱིས་སེམས་ཉིད་རབ་ཏུ་བཅིངས། །ཇི་ལྟར་གདོན་གྱིས་བརླབས་པའི་སྨྱོན་པ་དག །དབང་མེད་དོན་མེད་དུཿཁ་བྱེད་པ་ལྟར། །དངོས་འཛིན་རྣམ་རྟོག་གདོན་གྱིས་ཟིན་པ་ཡི། །སྐྱེ་བོ་དོན་མེད་སྡུག་བསྔལ་འབའ་ཞིག་བྱེད། །ཁ་ཅིག་བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། །བདག་པོ་ཁྱིམ་དུ་བཞག་ནས་གཞན་དུ་འཚོལ། །ཁ་ཅིག་གཟུགས་བརྙན་དག་ལ་དོན་དུ་འཛིན། །ཁ་ཅིག་རྩ་བ་བོར་ནས་ལོ་འདབ་འབྲེག །ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རོ། །གསུམ་པ་རི་ཁྲོད་པས་ཇི་ལྟར་རྟོགས་ཚུལ་བསྟན་པ་ནི། ཀྱེ་ཧོ། བྱིས་པ་རྣམས་ཀྱིས་དེ་ཉིད་མ་རིག་ཀྱང་། །དེ་ཉིད་ངང་ལས་གཡོ་མེད་ང་ཡིས་རྟོགས། །ང་ཡིས་ང་ཡི་ཐོག་མཐའ་ཤེས་གྱུར་པས། །ང་ཡིས་ང་མཐོང་ང་ཉིད་གཅིག་པུར་ལུས། །གཅིག་པུ་ཉིད་ལ་བལྟས་པས་གཅིག་མ་མཐོང་། །མཐོང་བྱ་མཐོང་བྱེད་བྲལ་བས་བརྗོད་དུ་མེད། །བརྗོད་དུ་མེད་པས་སུ་ཡིས་གོ་བར་

p. 42

འགྱུར། །གཉུག་མའི་ཡིད་ལ་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་རི་ཁྲོད་ང་ཡི་རྟོགས་པ་འཇུག །སེང་གེའི་འོ་མ་སྣོད་ངན་ཕལ་པར་མིན། །ཇི་ལྟར་ནགས་ན་སེང་གེའི་ང་རོ་ཡིས། །རི་དྭགས་ཕྲ་མོ་ཐམས་ཅད་སྐྲག་འགྱུར་ཡང་། །སེང་ཕྲུག་རྣམས་ནི་དགའ་བས་རྒྱུག་པ་ལྟར། །གདོད་ནས་མ་སྐྱེས་བདེ་ཆེན་འདི་བསྟན་པས། །རྨོངས་པ་ལོག་རྟོག་ཅན་རྣམས་སྐྲག་འགྱུར་ཡང་། །སྐལ་ལྡན་རབ་ཏུ་དགའ་བས་སྤུ་ཟིང་བྱེད། །གཉིས་པ་ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བ་ལ་གསུམ་ལས། དང་པོ་ལྟ་བས་ཐག་བཅད་པ་ལའང་གསུམ་གྱི། དང་པོ་ལྟ་བའི་གནས་ཚུལ་བསྟན་པ་ནི། ཀྱེ་ཧོ། མ་ཡེངས་སེམས་ཀྱིས་རང་གི་རང་ལ་ལྟོས། །རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །མཚན་མ་རང་གྲོལ་བདེ་བ་ཆེན་པོའི་ངང་། །རྨི་ལམ་དག་གི་བདེ་དང་དུཿཁ་རྣམས། །སད་པའི་དུས་ན་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བསམ་པ་ཀུན་སྤངས་ནས། །དགག་དང་སྒྲུབ་པའི་བསམ་པ་སུ་ཞིག་བྱེད། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །དེ་ཉིད་མཐོང་བས་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བསམ་པ་ཟད་གྱུར་པས། །སྤང་དང་བླང་བའི་འབད་རྩོལ་ཅི་བྱར་ཡོད། །སྣང་གྲགས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང་། །གཟུགས་བརྙན་དང་མཚུངས་དངོས་པོ་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའ་སྟེ། །མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བརྟགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་གྱིས། །གཉིས་པ་རྟོག་པའི་ཚུལ་བསྟན་པ་ནི། གང་ཞིག་ནམ་མཁའི་ཁམས་ཀུན་ཡོངས་བཙལ་ཡང་། །མཐའ་དང་དབུས་མེད་མཐོང་བ་ཡོངས་སུ་འགག །དེ་བཞིན་སེམས་དང་ཆོས་ནི་ཡོངས་བཙལ་བས། །

p. 43

སྙིང་པོ་རྡུལ་ཙམ་རྙེད་པར་མ་གྱུར་ཏེ། །ཡོངས་སུ་འཚོལ་བའི་སེམས་ཀྱང་མི་དམིགས་པས། །ཅི་ཡང་མ་མཐོང་བ་ཉིད་དེ་མཐོང་ཡིན། །གསུམ་པ་དེ་ལས་འགྱུར་བ་མེད་པ་ནི། ཇི་ལྟར་གཟིངས་ནས་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ཞིང་སླར་ཡང་དེ་རུ་འབབ། །འདོད་པའི་སེམས་ཀྱིས་རྟོག་པའི་རྗེས་བཅད་ཀྱང་། །དང་པོའི་སེམས་ཉིད་གཉུག་མ་ཉིད་དུ་འབབ། །རྐྱེན་གྱིས་མི་འགུལ་རེ་བའི་ཡི་ཆད་པས། །དོགས་པའི་སྐུང་ས་ཞིག་པ་རྡོ་རྗེའི་སེམས། །གཉིས་པ་སྒོམ་པ་བསྟན་པ་ལ་གསུམ་ལས། དང་པོ་ཕྱག་རྒྱ་ཆེན་པོ་བསྒོམ་དུ་མེད་པར་བསྟན་པ་ནི། རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ། །བསྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ། །ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་མའི་དམིགས་པ་དག་གིས་མི་བསླད་དེ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་བཟུང་མ་བཏང་རང་ག་ཉིད་དུ་ཞོག །གལ་ཏེ་མ་རྟོགས་བློ་ལ་བསྒོམ་རྒྱུ་མེད། །རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོང་པས་སྟོང་པ་བསྒོམ་དུ་མེད། །གཉིས་མེད་ཤེས་པ་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །གཉིས་པ་སྒོམ་དུ་མེད་པའི་དོན་དང་མ་བྲལ་བ་སྒོམ་པ་མཆོག་ཏུ་བསྟན་པ་ནི། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མཐའ་བྲལ་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་བཏགས། །རླུང་ནི་མི་བཟུང་ཡིད་ནི་མི་བཅིང་བར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །དྲན་རྟོག་བྱུང་ན་དེ་ཉིད་རང་ལ་ལྟོས། །ཆུ་དང་རླབས་གཉིས་ཐ་དད་མ་རྟོག་ཅིག །གསུམ་པ་འཁོར་གསུམ་ལས་རྣམ་པར་གྲོལ་བའི་ཐ་མལ་གྱི་ཤེས་པ་ངོས་བཟུང་དང་བྲལ་བ་དེ་ཉིད་ལམ་ཕྱག་རྒྱ་ཆེན་པོ་ཡིན་པ་དཔེས་བསྟན་པ་ནི། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་སྒོམ་སྟེ། །སྒོམ་མེད་དོན་དང་འབྲལ་མེད་སྒོམ་པའི་མཆོག །གཉིས་

p. 44

མེད་ལྷན་སྐྱེས་བདེ་བ་ཆེན་པོའི་རོ། །ཇི་ལྟར་ཆུ་ལ་ཆུ་བཞག་རོ་གཅིག་ལྟར། །ཇི་བཞིན་ངང་དུ་དེ་བཞིན་གནས་པའི་ཚེ། །དམིགས་འཛིན་ཞེན་པའི་ཡིད་ནི་རབ་ཏུ་ཞི། །བཞི་པ་སྤྱོད་པ་བསྟན་པ་ལ་གསུམ་གྱི་དང་པོ་ཕྱག་རྒྱ་ཆེན་པོའི་སྤྱོད་པ་ལ་ངེས་མེད་བསྟན་པ་ནི། ཀྱེ་ཧོ། གཉིས་མེད་གཉུག་མའི་རང་བཞིན་གང་དེ་ལ། །སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད། །ངས་ནི་ཆོས་ཀུན་མ་བཟུང་མ་བཏང་བས། །བུ་ཁྱོད་འདི་གྱིས་བྱ་བ་མི་སྨྲ་འོ། །ཇི་ལྟར་ནོར་བུ་དེ་དངོས་མེད་པ་ལྟར། །རྣལ་འབྱོར་སྤྱོད་པ་དེ་དངོས་མེད་པ་སྟེ། །འདུ་བྱེད་སྣ་ཚོགས་ཅལ་ཅོལ་གང་སྨྲས་ཀྱང་། །རྣལ་འབྱོར་བློ་ནི་གཅིག་ལས་མི་འདའོ། །གཅིག་ཉིད་ན་ནི་གཅིག་ཀྱང་ཡོད་མིན་པས། །རྣམ་པ་སྣ་ཚོགས་རྩ་བ་བྲལ་གྱུར་ཏེ། །སྨྱོན་པ་བཞིན་དུ་རྩིས་མེད་ཡན་པ་ལ། །བྱར་མེད་སྤྱོད་པ་བུ་ཆུང་བཞིན་དུ་བྱ། །གཉིས་པ་དེ་ལྟར་སྤྱད་ན་ཡུལ་གྱི་རྐྱེན་གྱིས་གོས་པ་མེད་པར་བསྟན་པ་ནི། ཨེ་མ་ཧོ། སྲིད་པའི་འདམ་སྐྱེས་པད་མ་ལྟ་བུའི་སེམས། །ཉེས་པ་གང་གིས་གང་ལ་གོས་པ་མེད། །ཟ་ཞིང་འཐུང་ལ་གཉིས་སྤྲོད་བདེ་བ་དང་། །གལ་ཏེ་ལུས་སེམས་རབ་ཏུ་གདུངས་གྱུར་ཀྱང་། །རྣམ་པ་སྣ་ཚོགས་གང་ལ་སྤྱོད་གྱུར་པ། །གང་གིས་མ་བཅིངས་མ་གྲོལ་གོས་པ་མེད། །གསུམ་པ་གཞན་ཕན་ཞེན་མེད་ཀྱི་སྙིང་རྗེ་ཤུགས་ལས་འབྱུང་བར་བསྟན་པ་ནི། རྟོགས་པའི་རང་སྤྱོད་རྩིས་མེད་ངང་དེ་ནས། །རྨོངས་པའི་འགྲོ་བ་ཉམ་ཐག་མངོན་གྱུར་ཚེ། །མི་བཟོད་སྙིང་རྗེའི་ཤུགས་ཀྱིས་མཆི་མ་འབྱུང་། །བདག་གཞན་ལྡོག་ནས་ཕན་པ་ཉིད་ལ་འཇུག །དོན་ལ་བརྟགས་ན་དམིགས་པ་གསུམ་བྲལ་ནས། །ཡང་དག་མ་ཡིན་རྨི་ལམ་སྒྱུ་འདྲ་སྟེ། །ཆགས་ཐོགས་བྲལ་བས་དགའ་ཞིང་སྐྱོ་མེད་པས། །སྒྱུ་མ་མཁན་པོས་སྒྱུ་མའི་དོན་བྱེད་མཚུངས། །བཞི་པ་ཕྱག་རྒྱ་ཆེན་པོར་ལ་བཟླ་བ་ལ་གསུམ་གྱི། དང་པོ་འབྲས་བུ་ཐོབ་ཏུ་ངེས་པར་བསྟན་པ་ནི། ཀྱེ་ཧོ། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །སྤང་དང་ཐོབ་པའི་
དངོས་པོ་འགའ་ཡང་མེད། །ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ནི། །འབྲས་བུ་གང་དུའང་འདོད་པར་མ་བྱེད་ཅིག །རེ་བའི་སེམས་ནི་གདོད་ནས་མ་སྐྱེས་པས། །སྤང་དང་ཐོབ་པའི་དངོས་པོ་ཅི་ཞིག་ཡོད། །གལ་ཏེ་གང་གིས་ཐོབ་པའི་དངོས་ཡོད་ན། །བསྟན་པའི་ཕྱག་རྒྱ་རྣམ་བཞིས་ཅི་ཞིག་བྱེད། །གཉིས་པ་ཐོབ་ཏུ་མེད་པ་ཐོབ་པར་འདོད་པ་འཁྲུལ་བར་བསྟན་པ་ནི། ཇི་ལྟར་རི་དྭགས་འཁྲུལ་བས་གདུངས་པ་ཡིས། །སྨིག་རྒྱུའི་ཆུ་ལ་རབ་ཏུ་རྒྱུག་པ་ལྟར། །རྨོངས་པ་འགའ་ཞིག་འདོད་པས་རབ་གདུངས་པས། །ཇི་ལྟར་འབད་ཀྱང་སླར་ནི་རིང་བར་འགྱུར། །གསུམ་པ་ཐོབ་པ་ཅི་ཡང་མེད་པ་དེ་ཉིད་རྡོ་རྗེ་འཆང་ཐོབ་ཅེས་མིང་བཏགས་པ་ནི། ཡེ་ནས་མ་སྐྱེས་རང་བཞིན་རྣམ་དག་པས། །དེ་ལ་ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །བརྟགས་པའི་ཡིད་ནི་དབྱིངས་སུ་དག་གྱུར་པ། །དེ་ལ་རྡོ་རྗེ་འཆང་ཞེས་བཏགས་པ་ཙམ། །ཇི་ལྟར་ཨེ་ཐང་སྐམ་པོའི་སྨིག་རྒྱུ་དག །ཆུར་སྣང་ཆུ་དེ་ཉིད་དུ་མེད་པ་ལྟར། །གདོད་ནས་དག་པ་བརྟགས་པའི་ཡིད་སངས་པ། །དེ་ལ་རྟག་ཆད་གཉིས་སུ་བརྗོད་དུ་མེད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། །སྨོན་ལམ་དབང་གིས་རེ་བ་ཡོངས་སྐོང་བ། །དེ་ཡང་འཇིག་རྟེན་ཐ་སྙད་ཀུན་རྫོབ་སྟེ། །དམ་པའི་དོན་དུ་འགའ་ཡང་ཡོད་མ་ཡིན། །དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་སྙིང་པོ་དོན་གྱི་མན་ངག་དཔལ་རི་ཁྲོད་པ་ས་ར་ཧའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་རཀྵི་ཏས་རང་འགྱུར་དུ་མཛད་པའོ།། །།

དོ་ཧ་མཛོད། བིར་ཝ་པ།

p. 45

༄༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ན་མ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་བདག་མེད་མ་ལ་ཕྱག་འཚལ་ལོ། །གཞུང་གི་དོན་ལ། དོན་དམ་ཕྱག་རྒྱ་ཆེན་པོ་གཞིའི་གནས་ལུགས། ཀུན་རྫོབ་ཕྱག་ཆེན་གྱི་ལམ་ཁྱེར་བསྟན་པ། བདེན་གཉིས་དབྱེར་མེད་ལ་བཟླ་དང་གསུམ་གྱི། དང་པོ་དོན་དམ་གནས་ལུགས་བསྟན་པ་ནི། ཨེ་མ་ཧོ། སྲིད་དང་ཞི་བ་མཉམ་

p. 46

ཉིད་ཕྱག་རྒྱ་ཆེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་མཁའ་ལྟར་རྣམ་པར་དག །མཚོན་བྱའི་གནས་ལུགས་མེད་པས་ཐ་སྙད་ཚིག་ལམ་ཆད། །རང་བཞིན་བརྗོད་མེད་ངོ་བོ་ལྟོས་ཆོས་ཀུན་དང་བྲལ། །བརྟགས་དང་དཔྱད་དུ་མེད་ཅིང་མཚོན་པའི་དཔེ་དང་བྲལ། །དཔེ་བྲལ་ཉིད་ལའང་མི་གནས་བློ་ཡི་ཡུལ་ལས་འདས། །རྟག་མིན་ཆད་མིན་འཁོར་དང་མྱ་ངན་འདས་པའང་མིན། །སྣང་མིན་སྟོང་མིན་དངོས་དང་དངོས་མེད་སྐྱེ་མེད་མིན། །ཆོས་ཉིད་གཉུག་མ་མ་ཡིན་བློ་ལས་འདས་པའང་མིན། །མིན་པའང་མིན་ཞིང་ཡིན་མིན་བློ་ཡིས་བརྗོད་མེད་ཕྱིར། །གཉིས་ཆོས་གང་དང་འབྲེལ་མེད་གདོད་ནས་མཉམ་པ་ཉིད། །ངོ་བོ་ངེས་ཚིག་བྱེད་པའི་ལས་རྣམས་བཤད་པ་ཡང་། །རི་བོང་རྭ་བརྫུན་དེ་ཡི་རྣོ་བརྟུལ་བརྫུན་དང་མཚུངས། །ཆོས་རྣམས་ཐམས་ཅད་མཚན་ཉིད་དེ་དང་ཁྱད་པར་མེད། །དེ་ལྟར་སྣང་ཞིང་སྲིད་པའི་ཀུན་རྫོབ་ཆོས་ཅན་རྣམས། །ངོ་བོ་ཉིད་མེད་མིང་ཙམ་བརྡ་ཙམ་བཏགས་པ་ཙམ། །མིང་དང་དོན་ལ་ཁྱད་པར་བྱེ་བྲག་ཅུང་ཟད་མེད། །གདོད་ནས་ལྷན་ཅིག་སྐྱེས་པས་གཞན་ནས་བཙལ་དུ་མེད། །སེམས་ཉིད་མིང་སྟོང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་སྟེ། །ནམ་མཁའི་རང་བཞིན་གདོད་ནས་མིང་སྟོང་ཡིན་དང་མཚུངས། །ངོ་བོ་ཉིད་ཀྱིས་མ་སྐྱེས་མཚན་མའི་དངོས་དང་བྲལ། །མཁའ་ལྟར་ཀུན་ལ་ཁྱབ་ཅིང་འཕོ་དང་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་སྟོང་ཞིང་ཡེ་ནས་བདག་མེད་དོ། །དྲན་རྟོག་མཚན་མ་མེད་དེ་སྨིག་རྒྱུའི་ཆུ་བོ་ལྟར། །མ་བཅིངས་མ་གྲོལ་གཉུག་མའི་ངང་ལས་མ་གཡོས་སོ། །སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་སྤྲུལ་པ་ལ། །སྤྲུལ་པའི་ངོ་བོ་ཡེ་ནས་སྐྱེ་མེད་ཆོས་ཀྱི་དབྱིངས། །བདེ་སྡུག་ལ་སོགས་གཉིས་སྣང་མཚན་མ་ཐམས་ཅད་ཀྱང་། །ཆོས་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་རོལ་པ་འོ། །རོལ་པ་ཉིད་ལའང་བདེན་མེད་མི་རྟག་

p. 47

འགྱུར་བའི་ཕྱིར། །གནས་ལུགས་སྟོང་པའི་རྒྱ་ལས་ནམ་ཡང་མ་འདས་སོ། །གཉིས་པ་ཀུན་རྫོབ་ཕྱག་ཆེན་གྱི་ལམ་ཁྱེར་བསྟན་པ་ལ་གཉིས་ལས། དང་པོ་འཁྲུལ་པའི་ལམ་ཁྱེར་བསྟན་པ་ནི། ཁ་ཅིག་དབང་བསྐུར་བ་ཡིས་ཡོངས་སུ་གདུང་བར་བྱེད། །ཁ་ཅིག་ཧཱུྃ་ཕཊ་ཟེར་ཞིང་ཕྲེང་བ་ཡོངས་སུ་བགྲང་། །ཁ་ཅིག་བཤང་གཅི་ཁྲག་དང་ཁུ་བ་ཤ་རྣམས་ཟ། །ཁ་ཅིག་རྩ་དང་རླུང་གི་རྣལ་འབྱོར་སྒོམ་སྟེ་འཁྲུལ། །གཉིས་པ་ལམ་ཁྱེར་མ་འཁྲུལ་བ་ལ་བཞི་ལས། དང་པོ་ཐག་ཆོད་ལྟ་བའི་མན་ངག་ནི། ཨེ་མ་ཧོ། བླ་མ་དམ་པས་ཟིན་པས་གཅིག་ཤེས་འདི་ལྟར་རྟོགས། །གང་ཡང་འཁྲུལ་པ་ཡིན་ཕྱིར་ཡང་དག་རྟོགས་པ་མེད། །རྟོགས་བྱ་རྟོགས་བྱེད་མེད་པས་ཕྱོགས་རིས་མཐའ་དང་བྲལ། །བྲལ་དང་མ་བྲལ་མེད་པས་མཉམ་ཉིད་གཉུག་མའི་ངང་། །དེ་ལྟར་ངེས་པར་རྟོགས་ན་གཞན་ལ་དྲི་རྒྱུ་མེད། །སྣ་ཚོགས་ཆོས་སྐུར་གསལ་བས་སྤང་ལེན་སེམས་མི་འབྱུང་། །སྒོམ་དང་མི་སྒོམ་མེད་པས་མཚན་མས་གོས་པ་མེད། །སྣང་དང་མི་སྣང་ཡུལ་ལ་ནམ་ཡང་བརྟེན་མི་བྱེད། །བྱ་དང་བྱེད་པའི་སེམས་མེད་དམིགས་པ་ཀུན་དང་བྲལ། །རེ་དང་དོགས་པའི་བློ་མེད་ཞེན་པ་ཀུན་ལས་ལོག །བླ་མས་བསྟན་པའི་གཉུག་མའི་གནས་ལུགས་རྟོགས་གྱུར་ན། །དྲན་རིག་སྣ་ཚོགས་ཆོས་ཀྱི་དབྱིངས་སུ་རབ་བརླག་སྟེ། །རྣམ་ཤེས་ཡུལ་ལ་མི་གནས་ཆགས་ཞེན་ཀུན་བྲལ་བས། །མ་བཅོས་གཉུག་མའི་ངང་དུ་ཆོས་ཀུན་གྲོལ་བར་འགྱུར། །ཀུན་ལ་མ་ཆགས་ང་རྒྱལ་ལ་སོགས་དྲི་མ་བྲལ། །གུས་པར་ལྡན་ཞིང་དམ་པས་ཡོངས་སུ་ཟིན་པ་དང་། །གང་ཡང་ཡིད་བྱེད་བྲལ་ན་དྲི་མེད་ཐེ་ཚོམ་མེད། །ཤེས་དང་ཤེས་བྱ་དག་པས་ཆོས་ཉིད་མངོན་སུམ་འཆར། །གཉུག་མ་ཕྱག་རྒྱ་ཆེན་པོ་རྟོགས་པར་མ་གྱུར་ན། །རྟག་ཏུ་གཉིས་འཛིན་དབང་གིས་ཀུན་ལ་ཞེན་གྱུར་པས། །བསམ་རིག་རབ་རིབ་སྣ་ཚོགས་རྒྱུན་དུ་སྐྱེ་འགྱུར་ཞིང་། །མ་ནོར་དོན་ལ་མི་གནས་

p. 48

སྲིད་པར་འཁོར་ཞིང་འཁྱམ། །གྲགས་སྙན་རྙེད་བཀུར་ཀུན་ལ་ཆགས་ཤིང་ཞེན་པ་དང་། །ཐོས་བསམ་གོ་རྟོགས་ཆེ་དང་ཉམས་མྱོང་བཟང་པོ་དང་། །དངོས་གྲུབ་བྱིན་རླབས་ནུས་པའི་རྟགས་འབྱུང་བཅོས་མའི་ལམ། །དོན་གྱི་དྲི་མ་ཡིན་ཕྱིར་མཁས་པས་ཡིད་མི་གཏད། །དེ་ཉིད་ཡིད་ལ་བྱེད་ཅིང་གཉིས་མཐའི་ཕྱོགས་ལྷུང་ན། །འཁོར་བར་འཁོར་ཞིང་སྲིད་པའི་རྩ་བ་ཡིན་པའི་ཕྱིར། །ཀུན་གྱི་གཞི་རྩ་ཡིད་ཀྱི་ངོ་བོ་གང་ཡིན་ལྟོས། །བལྟས་པས་མ་མཐོང་ཡིད་བྱེད་བྲལ་ན་ངེས་པར་གྲོལ། །གཉིས་པ་ཉམས་ལེན་སྒོམ་པའི་མན་ངག་ནི། སེམས་ཀྱི་ཆོས་ཉིད་ཀློང་ལ་འདི་ཡིན་མེད་པས་ན། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད། །ཡོད་མེད་ཅིར་ཡང་མི་རྟོག་ངང་ལ་མ་ཡེངས་བཞག །སྟོང་པ་ཉིད་དང་སྐྱེ་མེད་བློ་ལས་འདས་པ་དང་། །མཐའ་བྲལ་ལ་སོགས་གང་ཡང་ཡིད་ལ་བྱེད་པ་ནི། །གནས་ལུགས་དོན་ལ་མི་གནས་ཤིན་ཏུ་རིང་བའོ། །སྟོང་དང་མི་སྟོང་རྩིས་མེད་ལྷུག་པའི་ངང་ལ་ཞོག །བཞག་དང་མི་བཞག་མེད་པར་རང་གར་ཡན་པར་ཐོངས། །བཏང་དང་བཟུང་བའི་སེམས་མེད་རོ་ལངས་ཇི་བཞིན་གྱིས། །དེ་ཉིད་གནས་ལུགས་རིག་ནས་དེ་ཡི་ངང་གནས་ན། །གཉིས་སྣང་མཚན་མའི་བག་ཆགས་མྱུར་དུ་འཇིག་པར་འགྱུར། །རྟོགས་པའི་ངང་ལ་མི་གནས་མཚན་མས་གཡེངས་གྱུར་ན། །གཉིས་སྣང་མཚན་མའི་བག་ཆགས་ལྡོག་པར་མི་འགྱུར་ཏེ། །རབ་རིབ་ཅན་གྱིས་མིག་གི་ནད་དུ་ཤེས་གྱུར་ཀྱང་། །མིག་གི་ནད་མ་བྱང་བར་རབ་རིབ་སྣང་མི་ལྡོག །གནས་ལུགས་ཡིད་ལ་བྱེད་ཅིང་ཉམས་ལ་ཞེན་པ་དང་། །དེ་ཉིད་དོན་ལ་དམིགས་ཤིང་བསྒོམས་ན་གོལ་བའོ། །གསུམ་པ་ལམ་ཁྱེར་སྤྱོད་པའི་མན་ངག་ལ་གསུམ་གྱི། དང་པོ་ལ་སྤྱོད་པ་དངོས་ནི། མཐོང་ཡུལ་རྣམས་ལ་ཆགས་ཞེན་སྐྱེ་ཕྱིར་འཆིང་བའི་རྒྱུ། །མི་མཐུན་རྐྱེན་ངན་ཐམས་ཅད་དངོས་གྲུབ་དམ་པ་སྟེ། །མི་མཐུན་རྐྱེན་གྱིས་

p. 49

རྣལ་འབྱོར་ཉམས་ཀྱི་གསལ་འདེབས་ཕྱིར། །རྐྱེན་ངན་མི་སྤང་དེ་ཉིད་ཤེས་པས་དེ་ལ་སྐྱོང་། །དེ་ལྟར་སྐྱོང་ཞིང་ཉམས་རྟོགས་མཐར་ཕྱིན་སྤྱོད་པ་སྟེ། །གྱི་ལིང་དག་ལ་ལྕག་གིས་བསྐུལ་བ་ཇི་བཞིན་ནོ། །གལ་ཏེ་རྟོགས་ལྡན་ཉམས་བཟང་སྤྱོད་པའི་གྲོགས་མེད་ན། །ཇི་ལྟར་མིག་ལྡན་སྐྱེས་བུ་རྐང་པ་མེད་དང་མཚུངས། །དོན་དམ་རྣལ་མ་ཆགས་མེད་དོན་ལ་སྤྱད་བྱ་སྟེ། །མི་སྤང་མི་སྒྲུབ་མི་ཞེན་མི་སྤྱོད་མི་འགོག་པར། །རང་ལུགས་ཅི་བདེར་སྤྱོད་པ་རབ་མཆོག་དམ་པ་སྟེ། །གཉིས་པ་སྤྱོད་པའི་གོལ་ས་བསྟན་པ་ནི། ཆགས་ཤིང་ཞེན་པར་སྤྱད་པས་ཀུན་ལ་དགག་སྒྲུབ་བྱེད། །རྒྱུད་དང་མི་འཚམས་འགལ་བའི་སྤྱོད་པ་གོལ་བའོ། །གསུམ་པ་ཕྱག་རྒྱ་ཆེན་པོ་དམ་ཚིག་དང་མ་བྲལ་བར་བསྟན་པ་ནི། ཀུན་རྫོབ་སངས་རྒྱས་མི་རེ་གདེང་ཆེན་ལྡན་གྱུར་ཀྱང་། །བསོད་ནམས་ཚོགས་ཆེན་མི་སྤང་ཅི་ནུས་འབད་པར་བྱ། །འཁོར་བ་དག་ལ་དོགས་པའི་སེམས་མེད་འཇིགས་བྲལ་ཡང་། །སྡིག་པའི་ལས་ནི་ཕྲ་མོ་དག་ལའང་འཛེམ་པར་བྱ། །ཆོས་རྣམས་སྟོང་པ་མཐའ་བྲལ་མཁའ་ལྟར་དག་གྱུར་ཀྱང་། །ཆགས་སྡང་འཛིན་ཆགས་མཐའ་དག་རྩད་ནས་སྤང་བར་བྱ། །ཆོས་ཉིད་མཐའ་བྲལ་ཟང་ཐལ་ཆེན་པོའི་དོན་རྟོགས་ཀྱང་། །བརྟན་པ་མ་ཐོབ་བར་དུ་ཉམས་རྟོགས་གཞན་ལ་གསང་། །དོན་དམ་བདག་གཞན་གཉིས་སུ་མེད་པ་རྟོགས་གྱུར་ཀྱང་། །ཀུན་རྫོབ་འགྲོ་ལ་ཕན་པའི་དོན་ཆེན་དག་ལ་བསམ། །འདྲེན་པ་གཞན་ལ་མི་ལྟོས་གདེང་ཆེན་ལྡན་གྱུར་ཀྱང་། །བཀའ་དྲིན་ཅན་གྱི་བླ་མ་སྤྱི་བོའི་གཙུག་ཏུ་ཁུར། །བཞི་པ་མཐར་ཕྱིན་ཕྱག་རྒྱ་ཆེན་པོའི་འབྲས་བུ་བསྟན་པ་ལ་གཉིས་ཀྱི། དང་པོ་གནས་སྐབས་ཀྱི་འབྲས་བུ་བསྟན་པ་ནི། མཐོང་བྱ་མཐོང་བྱེད་བྲལ་བས་ཐ་དད་རང་སར་གྲོལ། །ཉམས་སུ་ལེན་མཁན་སྟོར་བས་རྩོལ་སྒྲུབ་ཀུན་དང་བྲལ། །འཐོབ་བྱའི་འབྲས་བུ་སྟོར་བས་རེ་དོགས་ཀུན་ལས་གྲོལ། །ང་བདག་རྩད་ནས་ཐོན་པས་བདུད་ཀྱི་
གཡུལ་ལས་རྒྱལ། །དངོས་འཛིན་རང་སར་ཞིག་པས་འཁོར་འདས་ཀུན་ལས་གྲོལ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། རིག་པ་གཞི་ལ་དག་པས་རྫོགས་སངས་རྒྱས་ཞེས་བརྗོད། །ཆོས་བློ་ཟད་སར་སྐྱོལ་བས་མྱ་ངན་འདས་ཞེས་བརྗོད། །མ་བཅོས་མ་བསྒྱུར་སྤང་ཐོབ་ཀུན་ལས་ཡོངས་སུ་གྲོལ། །གསུམ་པ་བདེན་གཉིས་དབྱེར་མེད་ཕྱག་རྒྱ་ཆེན་པོར་ལ་བཟླ་བ་ནི། ཨེ་མ་ཧོ། ཕྱག་རྒྱ་ཆེན་པོ་ཞེས་བྱ་ཟབ་མོའི་སྒྲ་ཆེན་དེ། །གདགས་གཞི་གང་ཡིན་སྟོང་པ་ཞེས་བྱའང་བཏགས་པ་ཙམ། །སྐད་ཅིག་ངོ་བོས་སྟོང་པས་བདག་མེད་སུ་ཡིས་རྟོགས། །རྟོགས་མཁན་ཉིད་མེད་སངས་རྒྱས་མིང་བརྡར་བརྗོད་པ་ཙམ། །དེ་ཉིད་ཡང་དག་མ་ཡིན་གདུལ་བྱའི་སྣང་བའོ། །གདུལ་བྱ་ཉིད་ལའང་བདག་མེད་སྒྱུ་མ་སྤྲུལ་པ་ཙམ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བྱིས་པའི་བློས་བརྟགས་སོ། །འཁྲུལ་དང་མ་འཁྲུལ་ཞེས་བྱའང་མིང་ཙམ་བཏགས་པ་ཙམ། །འཁྲུལ་པར་ཚོལ་ཞིང་རིག་པའི་སྐྱེས་བུ་སུ་ཞིག་ཡིན། །འབྲས་བུ་མྱང་འདས་རྡུལ་ཙམ་མེད་ཅིང་མི་དམིགས་ན། །གྲོལ་དང་མ་གྲོལ་ཞེས་བྱ་གློ་བུར་སྒྲོ་བཏགས་ཏེ། །ནམ་མཁའ་ཞི་ཞིང་དག་ལ་མེད་པ་གྲོལ་ལམ་བཅིངས། །ཀུན་རྫོབ་དོན་དམ་ཞེས་པའང་ནན་གྱིས་བཏགས་པ་སྟེ། །ཆོས་ཀྱི་དབྱིངས་ལ་བདེན་པ་གཉིས་མེད་ཆོས་དབྱིངས་མེད། །དོ་ཧ་མཛོད་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་བསྒྱུར་བའོ།། །།བརྒྱུད་པ་ནི། བིརྺ་པ། ནག་པོ་པ། སློབ་དཔོན་སྒྲ་མཁན་ཞབས། སློབ་དཔོན་པུ་ར་པ། ཤྲཱི་བཻ་རོ་ཙ་ནའོ།།

དོ་ཧ་མཛོད། ཏཻ་ལོ་པ།

p. 50

༄༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ན་མ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་རིག་མི་འགྱུར་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །གཞུང་ལ་གཉིས་ཏེ། རྒྱས་པར་བསྟན་པ་དང་། མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་ལྟ་བ་བསྟན་པ་ནི། ཕུང་པོ་

p. 51

ཁམས་དང་སྐྱེ་མཆེད་རྣམས། །ཕྱག་རྒྱ་ཆེན་པོའི་རང་བཞིན་ལས། །མ་ལུས་དེར་བྱུང་དེ་རུ་ཐིམ། །དངོས་དང་དངོས་མེད་སྤྲོས་དང་བྲལ། །ཡིད་ལ་བྱར་མེད་དོན་མ་འཚོལ། །ཐམས་ཅད་བརྫུན་པའི་རང་བཞིན་ལ། །ཐོག་མ་སྤང་ཞིང་ཐ་མ་སྤང་། །གང་ཞིག་ཡིད་ཀྱི་སྤྱོད་ཡུལ་གྱུར་ན་དེ། །གནས་ལུགས་མ་ཡིན་ཚུ་རོལ་བཏགས་པ་སྟེ། །དེ་ཉིད་བླ་མས་མ་ཡིན་སློབ་མས་མིན། །སེམས་དང་སེམས་མེད་ཉིད་དུ་མ་རྟོགས་པར། །དུ་མ་སྤངས་པའི་གཅིག་ཉིད་གོ་བར་གྱིས། །གཅིག་ལ་ཞེན་ནའང་དེ་ཉིད་ཁོ་ནས་འཆིང་། །གཉིས་པ་སྒོམ་པ་བསྟན་པ་ནི། ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །གནས་ནི་དབེན་པ་མ་ཡིན་མི་དབེན་མིན། །མིག་ནི་ཕྱེ་བ་མ་ཡིན་བཙུམས་པ་མིན། །སེམས་ནི་བཅོས་པ་མ་ཡིན་མ་བཅོས་མིན། །གཉུག་མ་ཡིད་ལ་བྱར་མེད་ཤེས་པར་གྱིས། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཉམས་མྱོང་དྲན་རིག་གློ་བུར་འདི། །བརྫུན་པར་རྟོགས་ན་ཅི་དགར་ཐོངས། །ཕུང་འཚེངས་ཐོབ་ཤོར་ཅི་ཡང་མེད། །གསུམ་པ་སྤྱོད་པ་བསྟན་པ་ནི། འབད་དེ་དཀའ་ཐུབ་ནགས་ལ་མ་བརྟེན་ཅིག །ཁྲུས་དང་གཙང་སྦྲས་བདེ་བ་མི་རྙེད་དོ། །ལྷ་རྣམས་མཆོད་ཀྱང་ཐར་པ་ཐོབ་མི་འགྱུར། །བླང་དོར་མེད་པའི་རྒྱ་ཡན་ཤེས་པར་གྱིས། །བཞི་པ་འབྲས་བུ་བསྟན་པ་ལ་གཉིས་ལས། གནས་སྐབས་ཀྱི་འབྲས་བུ་ནི། རང་གི་དེ་ཉིད་རིག་པ་འབྲས་བུ་ཡིན། །རྟོགས་ཐོབ་དུས་གཅིག་ལམ་ལ་ལྟོས་པ་མེད། །འཇིག་རྟེན་རྨོངས་པས་གཞན་དུ་འཚོལ་བར་བྱེད། །རེ་དོགས་ལྟོས་པ་བཅད་ན་བདེ་བ་ཡིན། །མཐར་ཐུག་གི་འབྲས་བུ་ནི། གང་དུ་སེམས་ཀྱི་ངར་འཛིན་ཞི་བ་ན། །གཉིས་འཛིན་སྣང་བ་དེ་ནི་རབ་ཏུ་ཞི། །གཉིས་པ་མདོར་བསྡུས་བསྟན་པ་ནི། མི་བསམ་མི་མནོ་བརྟག་དཔྱད་མི་བྱ་ཞིང་། །མི་སྒོམ་མི་སྤྱོད་རེ་དོགས་མི་བྱ་བར། །དེར་འཛིན་བློ་ཡི་འདུ་བྱེད་རང་སར་གྲོལ། །དང་པོའི་ཆོས་ཉིད་སྟེང་དུ་དེ་ཡིས་ཕེབས། །དོ་ཧ་མཛོད་ཅེས་བྱ་བ་རྣམ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ནས་རང་འགྱུར་དུ་བསྒྱུར་བའོ།།

དོ་ཧ་མཛོད། ནག་པོ་པ།

p. 52

༄༅། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ན་མ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ། དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་ལ་ཕྱག་འཚལ་ལོ། །གཞུང་ལ་གཉིས་ཏེ། ལྟ་སྒོམ་སྤྱོད་འབྲས་ཀྱི་མཐར་འཛིན་དགག་པ་དང་། དེ་ཁོ་ན་ཉིད་རྩིས་མེད་ཟང་ཐལ་དུ་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་ལྟ་བའི་མཐར་འཛིན་དགག་པ་ནི། འཇིག་རྟེན་པ་ནི་ང་རྒྱལ་བྱེད། །ལུང་དང་རིག་བྱེད་སྣ་ཚོགས་ལ། །ང་ནི་སྟོང་ཉིད་འཇུག་པ་ཞེས། །གོལ་ས་མེད་ལ་ཞུགས་པ་མེད། །སྟོང་པ་ཉིད་ཀྱང་སྟོང་པས་སྟོང་། །སྐྱེ་བ་མེད་པས་སྐྱེ་མི་སྲིད། །དེ་དག་ཐམས་ཅད་བརྫུན་པ་སྟེ། །འཕོ་འགྱུར་གསོབ་ལ་སྙིང་པོ་མེད། །གང་ཞིག་བློ་ཡིས་རྟོག་གྱུར་པ། །རྟོགས་པ་མ་ཡིན་རྟོག་པ་སྟེ། །དེས་ནི་སླར་ཞིང་ནད་རབ་ལྡང་། །གཉིས་པ་སྒོམ་པའི་མཐར་འཛིན་དགག་པ་ནི། རྣམ་པར་རྟོག་པ་ཉིད་འཁྲུལ་ཏེ། །ཡུལ་དང་མཁན་པོ་གཉིས་མ་གྲུབ། །མི་རྟག་བརྫུན་པས་བདེན་པ་མེད། །དེ་བས་དེ་ཉིད་འཁྲུལ་པའི་ལམ། །ཡུལ་དུ་བློ་ཡིས་བླངས་ན་ནི། །རྦ་རླབས་མེད་པའི་དབང་ཕྱུག་ཉམས། །བདེ་གཤེགས་སྲིད་པ་ལྷ་མོ་ཁྲོ་བོའི་ཚོགས། །དཀྱིལ་འཁོར་འཁོར་ལོ་དག་གིས་ཡོངས་སུ་ཉམས། །གསུམ་པ་སྤྱོད་པའི་མཐར་འཛིན་དགག་པ་ནི། དེ་ལ་རྩོལ་སྒྲུབ་ནོར་བ་སྟེ། བླང་དོར་ངལ་དུབ་མཐའ་དང་བཅས། །བཞི་པ་འབྲལ་བུའི་མཐར་འཛིན་དགག་པ་ནི། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །བགྲོད་པས་ཕྱིན་པར་འདོད་པ་ནི། །པྲི་ཏིས་ནམ་མཁའི་མཐའ་འཚོལ་ལྟར། །མཐར་ཐུག་བཅུད་ལྡན་ཐོབ་འདོད་པས། །རི་དྭགས་སྨིག་རྒྱུའི་ཆུ་སྙོག་པའོ། །ཡེ་སངས་རྒྱས་ཤིག་ཡིན་པ་ལ། །ཡང་སངས་རྒྱ་བར་འདོད་པ་འཁྲུལ། །གཉིས་པ་དེ་ཁོ་ན་ཉིད་རྩིས་མེད་ཟང་ཐལ་དུ་བསྟན་པ་ནི། ཨེ་མ་ཧོ། སྒྱུ་མའི་སྐྱེས་བུ་དབུ་མའི་ལམ་ལ་ཞུགས། །ནམ་མཁའི་རི་བོ་རྨི་ལམ་ནགས་ཀྱིས་བརྒྱན། །མིག་ཡོར་གླང་ཆེན་སྨིག་རྒྱུའི་ཆུ་ཀླུང་བསྙོག །མོ་གཤམ་
བུ་ཡིས་དྲི་ཟའི་རྒྱལ་སྲིད་ཐོབ། །ནག་པོ་ང་ཉིད་གང་ནའང་འགྱུར་བ་མེད། །ལམ་གྱི་འབད་རྩོལ་བྲལ་ན་གཉུག་མའི་ངང་། །དེ་བཞིན་ཉིད་དུ་རྟོགས་པས་རྩིས་གདབ་མེད། །རྩིས་མེད་འཆུགས་མེད་ངེས་པའི་དོན་མཐོང་ན། །སྟོང་དང་སྟོང་མིན་གཉིས་ཀྱི་འཛིན་པ་མེད། །ཆོས་ཟད་བློ་ཟད་མཐའ་རུ་དེ་ཡིས་སྐྱོལ། །དོ་ཧ་མཛོད་ཅེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་མཛད་པའོ།།

ལྟ་སྒོམ་སྤྱོད་པ་འབྲས་བུའི་དོ་ཧའི་གླུ། མཻ་ཏྲི་པ།

p. 53

༄༅། །རྒྱ་གར་སྐད་དུ། བྷ་ཝ་ནིརྟ་ཙརྱ་ཕ་ལ་དོ་ཧ་གརྟི་ན་མ། བོད་སྐད་དུ། ལྟ་སྒོམ་སྤྱོད་པ་འབྲས་བུའི་དོ་ཧའི་གླུ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སོ་སོ་སྣ་ཚོགས་རང་གི་སེམས་ཉིད་ཡིན། །འཁོར་འདས་ཐམས་ཅད་རྣམ་པར་དབྱེ་རུ་མེད། །སངས་རྒྱས་སེམས་ཅན་དབྱེ་རུ་མེད་པ་སྟེ། །དཔེར་ན་ཆུ་དང་དེ་ཡི་རླབས་བཞིན་ནོ། །དངོས་དང་དངོས་མེད་སྤང་བའི་སེམས་ཉིད་ནི། །རྟོགས་པའི་རྣལ་འབྱོར་སྐད་ཅིག་ལམ་ལ་ནི། །མར་མེ་ཆུང་ངུས་མུན་ཆེན་འཇོམས་པ་ལྟར། །འཁོར་བའི་དུཿཁ་རང་བཞིན་རབ་རིབ་སེལ། །ཟུང་འཇུག་བློ་འདས་ཕྱག་རྒྱ་ཆེན་པོ་ནི། །གསལ་ལ་མི་རྟོག་ནམ་མཁའ་ལྟ་བུ་ཡིས། །ཁྱབ་ཅིང་རྒྱ་ཆེ་སྙིང་རྗེ་ཆེན་པོ་ནི། །སྣང་ལ་རང་བཞིན་མེད་པ་ཆུ་ཟླ་བཞིན། །གསལ་ལ་ཐ་སྙད་མཐའ་དབུས་ཀུན་དང་བྲལ། །གང་གིས་མ་གོས་དྲི་མེད་རེ་དོགས་བྲལ། །ལྐུགས་པའི་རྨི་ལམ་བཞིན་དུ་སྨྲ་མི་ཤེས། །ཚད་མེད་བདེ་ཆེན་རང་བཞིན་ཤེས་རབ་ནི། །ཉི་ཟླའི་འོད་བཞིན་ཕྱོགས་དང་བྲལ་བ་སྟེ། །ཀྱེ་ཧོ་རྣལ་འབྱོར་རང་བྱུང་ངོ་མཚར་ཆེ། །མ་བཅོས་གཉུག་མའི་སེམས་ནི་ཆོས་སྐུ་སྟེ། །བཅོས་པའི་སེམས་ཀྱིས་རྣལ་འབྱོར་ཐོབ་མི་འགྱུར། །དེ་ཕྱིར་བདེ་བའི་ཕྱོགས་སུ་ཡན་པར་ཐོངས། །རང་བཞིན་གྲུབ་པའི་རྣལ་འབྱོར་བློ་རེ་བདེ། །རྣམ་རྟོག་

p. 54

བྲལ་བས་ཞེ་འདོད་འབྱུང་མི་སྲིད། །གཏམ་འདི་བདག་ཉིད་གྲུབ་ཐོབ་ས་རས་སྨྲས། །ཀྱེ་ཧོ་རྣལ་འབྱོར་ལྟ་བའི་ཉམས་ལེན་ནི། །རང་ལུས་རི་བོ་འདི་ནི་གནས་ཀྱི་མཆོག །སེམས་ཉིད་དུས་ཀྱི་རྣལ་འབྱོར་སྒྲུབ་པ་པོས། །དབང་པོ་རྣམས་བཅིངས་མཚམས་བཅད་བདེ་བར་འགྱུར། །གཡེང་བ་རྣམས་ཀྱང་ཆེད་དུ་སྤང་མི་བྱ། །ཐུག་ཕྲད་སེམས་སུ་ཤེས་ན་ཡི་དམ་ལྷ། །ཤེས་པ་མ་བཀུག་རྟོག་པ་རིམ་གྱིས་སྤང་། །སེམས་ལ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས། །རས་བལ་བཞིན་དུ་མ་བཅོས་ཀློད་ལ་ཞོག །བྱ་བ་སྤངས་ལ་རང་སེམས་རང་གིས་ལྟོས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་བྱ། །རྣམ་རྟོག་རྣམས་ཀྱི་རྩ་བ་སེམས་ཡིན་ཏེ། །དེ་མེད་ཕྱིར་ན་རྣམ་རྟོག་ཡོད་མིན་ཏེ། །དྲན་དང་དྲན་མེད་སྒོམ་པའི་རྣལ་འབྱོར་པས། །སེམས་འདི་བརྟགས་པས་མ་གྲུབ་རང་ལ་ཐིམ། །སྒོམ་འདོད་མེད་པས་འབྲས་བུའི་སངས་རྒྱས་འགྲུབ། །རྣལ་འབྱོར་བུ་ཆུང་ལྟ་བུར་རྟོག་པ་མེད། །ལྡུམ་རའི་བུང་བ་ལྟ་བུར་རོ་མྱང་ལྟར། །ནགས་ནས་ནགས་སུ་འཁྱམས་པའི་སེང་གེ་བཞིན། །ཀུན་ཏུ་རྒྱུ་བ་སྣ་ཚོགས་རླུང་ལྟར་ནི། །སེམས་ཉིད་བག་དང་ལྡན་ན་སྤྱོད་པའི་མཆོག །རང་བཞིན་མི་འགོག་སྨྱོན་པ་ལྟ་བུར་སྤྱོད། །སྣ་ཚོགས་སྣང་བ་སེམས་ཀྱི་ངོ་བོ་འདི། །ཐུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ། །སྣང་ལ་མི་སྣང་སངས་རྒྱས་འབྲས་བུ་འབྱུང་། །དེ་ལ་སེམས་ན་དངོས་གྲུབ་དམ་པ་སྟེ། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད། །མི་རྟོག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་འདྲ། །དེ་ཡང་སེམས་ལས་གཞན་དུ་བཙལ་དུ་མེད། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་མ་རེ་རྟོགས་ན་ཕྱག་རྒྱ་ཆེ། །མ་རྟོགས་རྟོགས་ན་ནམ་མཁའི་སྤྲིན་དང་འདྲ། །རྟོགས་ན་དེ་ཉིད་རང་བཞིན་སྟོང་པ་ཡིན། །ལྟ་སྒོམ་སྤྱོད་འབྲས་དབྱེར་མེད་ལྷན་ཅིག་སྐྱེས། །གཉིས་མེད་རྟོགས་ན་སངས་རྒྱས་འབྲས་བུའི་
མཆོག །ལྟ་སྒོམ་སྤྱོད་པ་འབྲས་བུའི་དོ་ཧའི་གླུ་ཞེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་མངའ་བདག་མཻ་ཏྲི་པའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ།། །།

ཕྱག་རྒྱ་ཆེན་པོའི་མན་ངག །ནཱ་རོ་པ།

p. 55

༄༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཨུ་པ་དེ་ཤ །བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །དཀའ་བ་སྤྱོད་ཅིང་བླ་མ་ལ་གུས་པས། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །སྐལ་ལྡན་ཁྱོད་ཀྱི་སྙིང་ལ་འདི་ལྟར་བྱོས། །དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །དེ་བཞིན་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བར་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགགས་བླ་མེད་བྱང་ཆུབ་ཐོབ། །དཔེར་ན་ཁུག་སྣ་སྤྲིན་རྣམས་ནམ་མཁའི་ཁམས་སུ་དེངས། །གང་ཡང་སོང་བ་མེད་ཅིང་གང་དུའང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དེངས། །དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་གོས་ཤིང་འགྱུར་བ་མེད། །དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །དཔེར་ན་གསལ་དྭངས་ཉི་མའི་སྙིང་པོ་དེ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་ནུས། །དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། །དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །འདི་འདྲར་

p. 56

གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་མ་དལ་བར་སྡོད། །ངག་གི་སྨྲ་བརྗོད་མེད་དེ་གྲག་སྟོང་བྲག་ཆ་འདྲ། །ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ལུས་ལ་སྙིང་པོ་མེད་དེ་སྨྱུག་མའི་སྡོང་པོ་འདྲ། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་ཀློད་ལ་ཞོག། །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། །སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་སྡེ་སྣོད་སྣ་ཚོགས་ཀྱི། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །རྟོག་པའི་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་རྦ་རླབས་འདྲ། །མི་གནས་མི་དམིགས་དོན་ལས་མི་འདའ་ན། །དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །དོན་འདིར་མཉམ་བཞག་སྡིག་སྒྲིབ་ཐམས་ཅད་བསྲེག །བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། །དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟད། །སྡུག་བསྔལ་མི་ཟད་བླུན་པོ་སྙིང་རེ་རྗེ། །སྡུག་བསྔལ་མི་བཟོད་ཐར་འདོད་བླ་མ་མཁས་ལ་བརྟེན། །བྱིན་རླབས་སྙིང་ལ་ཞུགས་ནས་རང་སེམས་གྲོལ་བར་འགྱུར། །ཀྱེ་ཧོ་འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །

p. 57

གཟུང་འཛིན་ཀུན་ལས་འདས་ན་ལྟ་བའི་རྒྱལ་པོ་ཡིན། །ཡེངས་པ་མེད་ན་སྒོམ་པའི་རྒྱལ་པོ་ཡིན། །བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། །དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །གོམས་པའི་ཡུལ་མེད་བླ་མེད་བྱང་ཆུབ་ཐོབ། །ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོག་དང་། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བ་བསྐྱེད་ལ་འཇིག་རྟེན་བྱ་བ་ཐོངས། །འཁོར་ཡུལ་ཆགས་སྡང་འབྲེལ་བ་ཀུན་ཆོད་ལ། །གཅིག་པུར་ནགས་འདབས་རི་ཁྲོད་དགོན་པར་སྒོམས། །སྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། །དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་པས་འཁོར་བའི་ལོ་འདབ་སྐམ། །དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། །ཀྱེ་ཧོ། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩ་བ་ཆོད་ལ་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མ་བྱེད་རང་སར་ཞོག །སྤང་བླང་མེད་པའི་སྣང་སྲིད་ཕྱག་རྒྱ་ཆེ། །ཀུན་གཞི་སྐྱེ་བ་མེད་པས་བག་ཆགས་སྒྲིབ་གཡོགས་སངས། །སྙེམས་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག །མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་
པོ་མཆོག །མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་མཆོག །རེ་མེད་རང་གནས་འབྲས་བུའི་མཆོག་ཡིན་ནོ། །ལས་ནི་དང་པོ་གཅོང་རོང་འབབ་ཆུ་འདྲ། །བར་དུ་ཆུ་བོ་གང་གཱ་དལ་ཞིང་གཡོ། །ཐ་མ་ཆུ་རྣམས་མ་བུ་ཕྲད་པ་འདྲ། །བློ་དམན་སྐྱེ་བོ་ངང་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་ངང་ལ་མི་གནས་བར་དུ་བཅུན། །ལས་ཀྱི་ཕྱག་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཐབས་དང་ཤེས་རབ་བྱིན་རླབས་སྙོམས་པར་འཇུག །དལ་བར་དབབ་ཅིང་བསྐྱིལ་ལྡོག་དྲང་བ་དང་། །གནས་སུ་བསྐྱལ་ལ་ལུས་ལ་ཁྱབ་པར་དགྲམ། །དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར། །ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས་པར་འགྱུར། །བཀྲག་མདངས་གསལ་ལ་སྟོབས་ཀྱང་སེང་གེ་འདྲ། །ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ་བར་འགྱུར། །ཕྱག་རྒྱ་ཆེན་པོ་གནད་ཀྱི་མན་ངག་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་དཔལ་ཏཻ་ལོ་པ་ཆེན་པོའི་ཞལ་སྔ་ནས་མཛད་པ། ཁ་ཆེའི་པཎྜི་ཏ་མཁས་པ་གྲུབ་པ་ཐོབ་པ་ནཱ་རོ་པས་་དཀའ་བ་བཅུ་གཉིས་སྤྱད་པའི་མཐར་ཆུ་བོ་གང་གཱའི་འགྲམ་དུ་ཏཻ་ལོ་པས་གསུངས་པ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིག་རྐང་ཉི་ཤུ་རྩ་བརྒྱད་པ་ཞེས་བྱ་བ་ནཱ་རོ་པ་ཆེན་པོའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བྱང་པུ་ལ་ཧ་རིར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ལྟ་བ་མདོར་བསྡུས་པ། ནཱ་རོ་པ།

p. 58

༄༅། །རྒྱ་གར་སྐད་དུ། ཨདྷི་སིདྡྷི་ས་མཱུ་ནཱ་མ། བོད་སྐད་དུ། ལྟ་བ་མདོར་བསྡུས་པ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་ཉིད་སྐྱོབ་པའི་གཙོ། །འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །ལུང་དང་རིགས་པའི་རྗེས་འབྲངས་ནས། །དངོས་དོན་བསྡུས་ཏེ་གཏན་ལ་དབབ། །སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་རིག་སེམས་ལས་

p. 59

གུད་ན་མེད། །སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན། །གལ་ཏེ་སེམས་དེ་མ་ཡིན་ན། །འབྲེལ་བ་མེད་ཕྱིར་མི་སྣང་འགྱུར། །དེ་ལྟར་ཀུན་རྫོབ་གཏན་ལ་དབབ། །ཆོས་ཀུན་སེམས་ལ་གནས་ཞེས་གསུངས། །ཆོས་ཀྱི་དངོས་གཞི་སེམས་ཉིད་དེ། །རིག་པས་གཞིག་སོགས་ཀྱིས་དཔྱད་ཀྱང་། །རང་བཞིན་འོད་གསལ་སེམས་དེ་དང་། །གློ་བུར་རྣམ་རྟོག་དྲི་མ་གཉིས། །གཅིག་གམ་ཐ་དད་གང་ཡིན་པ། །ཤིན་ཏུ་ཟབ་པ་ཆེན་པོ་ཉིད། །ཤིན་ཏུ་ཟབ་ཕྱིར་མཁས་པས་དཔྱོད། །བཤད་པ་ཡོད་ཀྱང་མ་བྲིས་སོ། །སྟོང་པ་དེ་ཉིད་རིག་པ་སེམས། །བྱང་ཆུབ་སེམས་ཀྱང་དེ་ཉིད་དོ། །སངས་རྒྱས་རིགས་ཀྱང་དེ་ཉིད་དོ། །བདེ་གཤེགས་སྙིང་པོ་དེ་ཉིད་དོ། །ཇི་བཞིན་པ་ཡི་རོ་མྱང་བས། །བདེ་བ་ཆེན་པོའང་དེ་ཉིད་དོ། །གསང་སྔགས་ཤེས་པའང་དེ་ཉིད་དོ། །ཐབས་དང་ཤེས་རབ་དེ་ཉིད་དོ། །ཟབ་དང་རྒྱ་ཆེ་དེ་ཉིད་ཡིན། །ཀུན་བཟང་ཡབ་ཡུམ་དེ་ཉིད་དོ། །སྣང་སྟོང་དབྱིངས་དང་ཡེ་ཤེས་ལ། །ཡེ་སངས་རྒྱས་ཞེས་དེ་ལ་བྱ། །དྲི་མ་དང་བཅས་རང་རིག་དེ། །དེ་ཡང་གཞན་ལ་མི་ལྟོས་ཕྱིར། །རང་བྱུང་ཡེ་ཤེས་དེ་ཉིད་དོ། །རིག་པ་ཡིན་ཕྱིར་གསལ་བའོ། །རང་རིག་ཡིན་ཕྱིར་མི་རྟོག་སྟེ། །རང་རིག་རང་ལ་རྟོག་མི་སྲིད། །རྣམ་པར་རྟོག་བྱ་མིན་པའི་ཕྱིར། །སེམས་དེ་རྣམ་པར་མི་རྟོག་པ། །གསལ་ལ་མི་རྟོག་ཡེ་ཤེས་ཉིད། །དཔེར་ན་བདེ་གཤེགས་ཡེ་ཤེས་བཞིན། །དེས་ན་སེམས་ཉིད་འོད་གསལ་ལ། །སེམས་ནི་ཡེ་ཤེས་ཡིན་རྟོགས་ནས། །སངས་རྒྱས་གཞན་དུ་མི་བཙལ་གསུངས། །འོན་ཀྱང་སེམས་དེ་གློ་བུར་གྱི། །རྣམ་རྟོག་དྲི་མས་ཉོན་མོངས་ཏེ། །ཆུ་དང་གསེར་དང་ནམ་མཁའ་ལྟར། །གནས་སྐབས་དག་དང་མ་དག་ལས། །རང་བཞིན་འོད་གསལ་སེམས་དེ་ལ། །དངོས་པོ་སྐྲ་ཡི་རྩེ་ཙམ་མེད། །དཔེར་ན་ནམ་མཁའི་པད་མོ་བཞིན། །

p. 60

དེ་ལྟར་ཡོད་པ་མ་གྲུབ་ཕྱིར། །མེད་པའང་ཅུང་ཟད་འགྲུབ་མི་འགྱུར། །ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར། །ཚུ་རོལ་མ་གྲུབ་ཕ་རོལ་མིན། །ཡོད་མེད་གཉིས་ཀ་མ་ཡིན་ཏེ། །སོ་སོ་ཉིད་དུ་བཀག་ཕྱིར་རོ། །གཉིས་ཀ་མེད་པའང་མ་ཡིན་ཏེ། །ཡོད་མེད་གཉིས་སུ་འགལ་བའི་ཕྱིར། །ལུས་ཅན་ཡང་ནི་མ་ཡིན་ལ། །ལུས་ཅན་མིན་པའང་མ་ཡིན་ཕྱིར། །དེས་ན་སྤྲོས་པ་ཐམས་ཅད་བྲལ། །དེ་ལྟར་དོན་དམ་གཏན་ལ་དབབ། །སེམས་ནི་ནམ་མཁའ་ལ་གནས་གསུངས། །རང་རིག་སྤྲོས་བྲལ་དེ་ཉིད་ཀྱང་། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །དེ་ལྟར་གཉིས་མེད་གཏན་ལ་དབབ། །ནམ་མཁའ་ཅིའང་མི་གནས་གསུངས། །རང་རིག་སྤྲོས་བྲལ་དེ་ཉིད་ནི། །འཁོར་བའི་དངོས་གཞི་དེ་ཉིད་དོ། །མྱ་ངན་འདས་པའང་དེ་ཉིད་ཡིན། །དབུ་མ་ཆེན་པོའང་དེ་ཉིད་ཡིན། །མཐོང་བར་བྱ་བའང་དེ་ཉིད་ཡིན། །བསྒོམ་པར་བྱ་བའང་དེ་ཉིད་དོ། །ཐོབ་པར་བྱ་བའང་དེ་ཉིད་དོ། །ཚད་མའི་བདེན་པའང་དེ་ཉིད་ཡིན། །རྒྱུ་དང་ཐབས་དང་འབྲས་བུ་ཡི། །རྒྱུད་རྣམ་གསུམ་དུ་གྲགས་པ་དང་། །གཞི་ལམ་འབྲས་བུར་གྲགས་པ་ཡང་། །འདི་ཉིད་ཀྱི་ནི་གནས་སྐབས་སོ། །རྩ་བའི་རྣམ་ཤེས་ཀུན་གཞི་དང་། །འཁོར་བ་ཇི་སྲིད་ཕུང་པོ་དང་། །གཞན་དབང་ཞེས་པ་ལ་སོགས་གྲགས། །ཨེ་མ་ཧོ། སེམས་ཉིད་དྲི་མ་དང་བཅས་དེའི། །རྣམ་འཕྲུལ་འགྲོ་བ་དྲུག་ལ་སོགས། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །སྡུག་བསྔལ་འཁྲུལ་འཁོར་བསམ་ལས་འདས། །རྣམ་རྟོག་དྲི་མ་དང་བྲལ་བའི། །རང་རིག་སྤྲོས་བྲལ་དེ་ཉིད་ནི། །མི་གནས་མྱ་ངན་འདས་པ་ཡིན། །རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན། །སངས་རྒྱས་དྲུག་པའང་དེ་ཉིད་ཡིན། །རིགས་དྲུག་པ་ཡང་དེ་ཉིད་ཡིན། །འཇམ་དཔལ་གཞོན་ནུ་དེ་ཉིད་ཡིན། །རྣམ་པར་སྣང་

p. 61

མཛད་དེ་ཉིད་ཡིན། །ཆོས་ཀྱི་སྐུ་དང་བདེ་ཆེན་དང་། །ཟུང་འཇུག་ཅེས་པའང་དེ་ཉིད་དེ། །བཞི་པའི་དབང་ཡང་དེ་ཉིད་དོ། །ལྷན་ཅིག་སྐྱེས་དགའ་དེ་ཉིད་ཡིན། །རང་བཞིན་དག་པའང་དེ་ཉིད་དོ། །དེ་ལ་སོགས་པ་མདོ་རྒྱུད་ལས། །རྣམ་གྲངས་ཐ་སྙད་གྲགས་པ་ཀུན། །ཕལ་ཆེར་འདི་ལ་བརྟེན་པ་སྟེ། །ཇི་ལྟར་རིགས་པས་འདི་ལ་སྦྱར། །ཨེ་མ་ཧོ། སེམས་ཉིད་དྲི་མ་མེད་དེ་ཡི། །རྣམ་འཕྲུལ་གཟུགས་སྐུས་བསྡུས་པ་ཡི། །ཞིང་ཁམས་རྣམ་པར་དག་པ་དང་། །དཀྱིལ་འཁོར་རྣལ་འཕྲུལ་ལ་སོགས་པ། །ངོ་མཚར་ཆེ་བའི་རྣམ་འཕྲུལ་དག །ནམ་མཁའི་མཐའ་ཀླས་ཁྱབ་པར་སྣང་། །རང་སེམས་དེ་ལ་རྨོངས་པ་ཡི། །ཕྱི་རོལ་མུ་སྟེགས་པ་དག་གིས། །བདག་དང་གཙོ་བོ་ལ་སོགས་ཞེས། །གྲུབ་མཐའ་ལོག་པའི་རྒྱ་མཚོར་ཞུགས། །རང་གི་སྡེ་བ་ཉན་ཐོས་དང་། །རང་རྒྱལ་སེམས་ཙམ་པ་དག་གིས། །གཟུང་འཛིན་གཉིས་སུ་འཛིན་པ་དང་། །གཉིས་མེད་ཡང་དག་ཉིད་དུ་རྟོག །གཞན་ཡང་རྣམ་བདེན་རྣམ་རྫུན་སོགས། །རྣམ་རྟོག་དྲྭ་བར་ཚུད་པར་འགྱུར། །དེ་ལྟར་ལྟ་བ་མ་ནོར་བས། །སྒོམ་པ་དང་ནི་སྤྱོད་པ་དག །དངོས་དང་མཐུན་པས་བྱང་ཆུབ་ཐོབ། །དཀྱུ་ས་བསྟན་པའི་རྟ་བཞིན་ནོ། །ལྟ་བ་དངོས་དང་མ་མཐུན་ན། །སྒོམ་པ་སྤྱོད་པ་འཁྲུལ་འགྱུར་བས། །འབྲས་བུ་ཇི་བཞིན་མི་ཐོབ་སྟེ། །དམུས་ལོང་དམིག་བུ་མེད་པ་བཞིན། །དངོས་དོན་རྒྱ་མཚོ་ལྟར་ཟབ་པ། །ཁྲོན་པའི་སྦལ་འདྲ་བདག་གི་བློས། །བསྐྱོམས་པས་གཏིང་རྙེད་ག་ལ་འགྱུར། །ནོངས་གྱུར་མཁས་རྣམས་བཟོད་པར་མཛོད། །འདི་བྱས་དགེ་བ་གང་ཡིན་དེས། །སྐལ་ལྡན་སྐྱེ་བོ་དམ་པ་ཡི། །འཁྲུལ་པའི་དྲི་མ་རབ་སྤངས་ནས། །རྟོགས་པའི་ཤེས་རབ་སྐྱེ་བར་ཤོག །རྗེ་ནཱ་རོ་པའི་ལྟ་བ་མདོར་བསྡུས་པ་ཞེས་བྱ་བ་རྫོགས་སོ།། །།པཎྚི་ཏ་ཛྙཱ་ན་སིདྡྷིའི་ཞལ་སྔ་ནས། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་པའོ།།

ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་པ། མཻ་ཏྲི་པ།

p. 62

༄༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་སཉྩ་མི་ཐ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་པ། བདེ་ཆེན་ངང་ལ་ཕྱག་འཚལ་ནས། །ཕྱག་རྒྱ་ཆེན་པོ་བརྗོད་པར་བྱ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་དུ་ངོ་བོས་སྟོང་། །སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པས་ནམ་མཁའ་བཞིན། །ཆོས་ཀུན་མཁའ་འདྲ་མཉམ་གནས་ལ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །རང་གི་ངོ་བོ་བསྟན་དུ་མེད། །དེ་ཕྱིར་སེམས་ཀྱི་རང་བཞིན་ཉིད། །ཕྱག་རྒྱ་ཆེན་པོའི་ངང་ཉིད་ལས། །དེ་ལས་བཅོས་ཤིང་བསྒྱུར་དུ་མེད། །གང་གིས་དེ་ཉིད་མངོན་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་གདལ་ཆེན་པོ་འོ། །རང་བཞིན་མ་བཅོས་རྣལ་མར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཅོས་བཞག་པ་སྒོམ་པ་སྟེ། །བཙལ་ཞིང་སྒོམ་པ་འཁྲུལ་པའི་བློ། །མཁའ་དང་ཆོ་འཕྲུལ་ཇི་ལྟ་བར། །སྒོམ་དང་མི་སྒོམ་མེད་པ་རུ། །བྲལ་དང་མ་བྲལ་ག་ལ་ཡོད། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །འགྲོ་དང་འདུག་པ་ག་ལ་ཡོད། །དགོན་པར་གནས་ནས་བསམ་གཏན་ཅི། །དེ་ཉིད་མ་རྟོགས་གང་གིས་ཀྱང་། །གནས་སྐབས་ཙམ་ལས་གྲོལ་མི་འགྱུར། །དེ་ཉིད་རྟོགས་ན་གང་གིས་འཆིང་། །ངང་ལ་མ་ཡེངས་གནས་པ་ལས། །ལུས་ངག་བཅོས་ཤིང་སྒོམ་དུ་མེད། །མཉམ་པར་གཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་བསྒོམ་དུ་མེད། །འདི་ལ་གང་ཡང་མ་གྲུབ་སྟེ། །ཅིར་སྣང་རང་བཞིན་མེད་པར་ཤེས། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་ཀྱི་སྐུ། །
ཆུ་བོ་ཆེན་པོ་རྒྱུན་འབབ་ལྟར། །གང་ལྟར་གནས་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེ། །ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་བྱར་མེད་པ། །དེ་ནི་སངས་རྒྱས་ཀུན་གྱི་ལམ། །སྐལ་པ་རབ་ཏུ་གྱུར་པ་ལ། །བདག་གིས་སྙིང་གཏམ་ཚིག་ཏུ་བསྡུས། །འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེ་ལ་གནས་པར་ཤོག །མཻ་ཏྲི་པའི་ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་པ་རྫོགས་སོ།། །།པཎྚི་ཏ་དེ་ཉིད་ཀྱི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །ཤུདྡྷ་མསྟུ་སརྦ་ཛ་ག་ཏཾ།

སྒྲ་བསྒྱུར་མར་པ་ལོ་ཙཱའི་སྙན་གྱི་ཤོག་དྲིལ་ལས་ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་ཀྱི་མཆན་འགྲེལ། ནཱ་རོ་པ།

p. 63

༄༅། །སྒྲ་བསྒྱུར་མར་པ་ལོ་ཙཱའི་སྙན་གྱི་ཤོག་དྲིལ་ལས་ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་ཀྱི་མཆན་འགྲེལ་བཞུགས་སོ། །
༄༅། །སྙན་གྱི་ཤོག་རིལ་འདི་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་དང་། ཕྱག་དང་། བརྩམ་པར་དམ་བཅའ་བའི་དོན་རྣམས་ཀྱི་དང་པོ་ནི། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་སཉྩ་མི་ཐ། བོད་སྐད་དུ། ཡུལ་དབུས་ཀྱི་མི་རྣམས་ཀྱིས་ངོས་འཛིན་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་བཏབ་པ་ཚིག་བསྡུས་པ། གཉིས་པ་ཕྱག་ནི་ཟག་མེད་བདེ་ཆེན་ངང་ལ་ཕྱག་འཚལ་ནས། །གསུམ་པ་དམ་བཅའ་བ་ནི་ཆོས་ཅན་ལ་ཆོས་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་རྒྱས་བཏབ་པའི་དོན་ཚིག་ཏུ་བརྗོད་པར་བྱ། །འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་རང་གི་སེམས་ལས་གཞན་དུ་མ་གྲུབ་ཅིང་། ཕྱི་རོལ་གྱི་སེམས་ལས་གཞན་དུ་དོན་མཐོང་བ་ནི་འཁྲུལ་བའི་བློ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་སྣང་བ་བཞིན་ཏེ་ངོ་བོ་སེམས་ལས་གཞན་གྱིས་སྟོང་ངོ་། །སེམས་ཀྱང་དྲན་རིག་འགྱུ་བ་ཙམ་མ་གཏོགས་པར། དྲན་རིག་འབྱུང་བ་དེ་ཡང་བདེན་པའི་རང་བཞིན་དུ་གྲུབ་པ་མེད་དེ་རླུང་གི་རྩལ་ཡིན་ཏེ། སེམས་

p. 64

རང་གི་ངོ་བོ་སྟོང་པ་དཔེར་ན་ནམ་མཁའ་བཞིན་ནོ། །དེ་ལྟར་ཕྱི་ནང་གི་ཆོས་ཀུན་ནམ་མཁའ་དང་འདྲ་ཞིང་རང་བཞིན་མེད་པ་མཉམ་པར་གནས་པ་དེ་ལ་མིང་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་མེད་པའི་ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་རང་གི་ངོ་བོ་བསྟན་དུ་མེད་དོ། །སེམས་ཀྱི་རྒྱུ་མཚན་དེའི་ཕྱིར་སེམས་ཀྱི་གནས་ལུགས་དེ་བཞིན་མེད་པ་ཉིད་དོ། །ཕྱག་རྒྱ་ཆེན་པོའི་ངང་ཉིད་ལས། །གང་དུ་ཡང་མ་བཅོས་པ་དེ་ལས་གཞན་དུ་བཅོས་ཤིང་བསྒྱུར་དུ་མེད་པ་ཡིན་ནོ། །གང་ཟག་གང་གིས་སྔར་བསྟན་པའི་ཚུལ་དེ་ཉིད་ཕྱག་རྒྱ་ཆེན་པོར་མཐོང་ཞིང་རྟོགས་ན། འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཕྱག་རྒྱ་ཆེ། །ཆེན་པོའམ། ཆོས་སྐུ་ཁྱབ་གདལ་ཆེན་པོའོ། །མཐོང་བའམ་རྟོགས་པས་སོ། །རང་བཞིན་གནས་ལུགས་དེ་རྣམ་རྟོག་གིས་མ་བཅོས་པར་རྣལ་མར་བཞག་པར་བྱའོ། །དེ་ལྟར་བསམ་དུ་མེད་པའི་དོན་ཆེན་ཆོས་ཀྱི་སྐུ་ཡིན་ལ། འབྲས་བུ་ཆོས་དེ་ལས་གཞན་དུ་མ་བཙལ་བ་དེ་ཡེ་ནས་སངས་རྒྱས་ཡིན་པ་ལ་ཅིར་ཡང་སྣང་བ་བཞག་ན་སྒོམ་པ་ཡིན་སྟེ། དེ་ལས་གཞན་དུ་བཙལ་ཞིང་སྒོམ་པ་གནས་ལུགས་འཁྲུལ་པའི་བློ་ཡིན་ནོ། །དཔེར་ན་ནམ་མཁའ་དང་སྤྲིན་ལ་སོགས་པའི་ཆོ་འཕྲུལ་ཇི་ལྟ་བ་བཞིན་ནོ། །དེ་ལས་རང་བཞིན་ཅིར་ཡང་འཆར་རོ། །སྒོམ་ཡང་དག་པའི་སྒོམ་པ་དང་མི་སྒོམ་གཉིས་མེད་པར། །རྟོགས་པ་དེ་ལ་ཉེས་སྐྱོན་དང་བྲལ་དང་མ་བསྒོམ་པས་མ་བྲལ་ག་ལ་ཡོད། ཆོས་ཐམས་ཅད་རང་བཞིན་མེད་པ་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་ལ། དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཁོ་ན་ཉིད་ཤེས་པ་ལས་གྲོལ་བར་འགྱུར། །འདོད་ཆགས་ལ་སོགས་པ་རང་བཞིན་མེད་པར་རྟོགས་པ་དེ་བས་ན་ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་པའི་གྲོགས་ཡིན་ནོ། །དེ་ཁོ་ན་ཉིད་རྟོགས་པ་དེ་ལ་འགྲོ་དང་འདུག་པ་ག་ལ་ཡོད་ཅིང་། དགོན་པར་ཕྱིན་ནས་བསམ་གཏན་ཅི་ཞིག་སྒོམ་དུ་ཡོད་དེ་མེད་དོ། །དེ་ཁོ་ན་ཉིད་ཀྱི་དོན་མ་རྟོགས་ན་དགེ་བ་གཞན་གང་གིས་ཀྱང་། །གནས་སྐབས་ལྷ་མིའི་བདེ་འབྲས་ཙམ་ལས་འཁོར་བའི་སྡུག་བསྔལ་ལས་གྲོལ་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དེ་ཉིད་རྟོགས་ན་ལས་གང་དང་ཉོན་མོངས་པ་གང་གིས་འཁོར་བར་

p. 65

འཆིང་། །མ་བཅོས་གཉུག་མའི་ངང་ལས་མ་ཡེངས་པར་གནས་པ་ཙམ་ལ། ལུས་ངག་ཡིད་ཀྱིས་བཅོས་ཤིང་སྒོམ་དུ་མེད་ལ། འདི་ནི་མཉམ་པར་བཞག་དང་འདི་ནི་མཉམ་པར་མ་བཞག་པའོ་ཅེས། །གཉེན་པོས་བཅོས་ཤིང་བསྒོམ་དུ་མེད། །དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་གནས་ལུགས་འདི་ལ་གང་ཡང་མ་གྲུབ་སྟེ། །ཅིར་སྣང་རང་བཞིན་མེད་པར་ཤེས། །སྣ་ཚོགས་ཀྱི་སྣང་བ་རང་བཞིན་མེད་པར་རྟོགས་པས་ཡུལ་རང་གྲོལ་ཆོས་ཀྱི་དབྱིངས་ཡིན་ནོ། །དྲན་པ་དང་རྟོག་པ་ཅི་འགྱུས་མེད་པར་ཤེས་པས་ཡུལ་ཅན་ཡང་རང་བཞིན་རང་གྲོལ་ཡེ་ཤེས་ཆེེན་པོ་ཡིན་ཅིང་། རང་བཞིན་གཉིས་མེད་པར་ཡུལ་ཡུལ་ཅན་མཉམ་པ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལྟར་རྟོགས་པ་དེ་ནི་ཆུ་བོ་ཆེན་པོའི་རྒྱུན་མ་ཆད་པར་འབབ་པ་ལྟར། སྤྱོད་ལམ་གང་ལྟར་གནས་ཀྱང་དོན་དང་ལྡན་ལ། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་འདི་ནི་རྟག་ཏུ་ཡེ་ནས་སངས་རྒྱས་ཉིད་ཡིན་པ་ལ་ཡིན་པར་རྟོགས་པས་འཁོར་བ་ཡུལ་མེད་པ་དེ་རྩ་བ་ནས་རང་བཞིན་མེད་པར་བདེ་བ་ཆེན་པོར་ཤེས་པ་ལ། འཁོར་འདས་ཀྱི་ཆོས་རྣམས་རང་རང་གི་ངོ་བོས་སྟོང་པར་རིག་ཅིང་། སྟོང་པར་འཛིན་པའི་བློ་ཡང་རང་གིས་ངོ་བོས་སྟོང་པར་ཤེས་པས་རང་སར་དག་ལ། གནས་ལུགས་བློ་བྲལ་ཡིད་ལ་བྱར་མེད་པའི་ངང་དུ་གནས་པར་རྟོགས། འདི་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ལམ་ཆེན་པོ་ཡིན་ནོ། །གང་ཟག་སྐལ་པ་རབ་དང་མཆོག་ཏུ་གྱུར་པ་ལ། །ནཱ་རོ་པ་བདག་གིས་སྙིང་གཏམ་ཚིག་ཏུ་བསྡུས་པའི་དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེན་པོའི་དོན་ལ་གནས་པར་ཤོག །ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་པ་ཞེས་བྱ་བ། རྒྱ་གར་གྱི་མཁས་པ་ཆེན་པོ་ནཱ་རོ་པས་བོད་ཀྱི་མར་པ་ལོ་ཙཱ་ལ་གནང་བ་རྫོགས་སོ།། །།

ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་ཀྱི་འགྲེལ་པ། མར་པ་ལོ་ཙཱ།

p. 66

༄༅། །ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་ཀྱི་འགྲེལ་པ་བཞུགས་སོ། །
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ད་ལྟ་ཉིད་དུ་ངོ་སྤྲད་པར་འདོད་པས། སྐྱེ་བོའི་འདུ་འཛི་ལས་དབེན་པའི་གནས་སུ་བདེ་བའི་སྟན་ལ་དང་པོ་ཉིད་དུ་མོས་པའི་འདུག་སྟངས་ཞེས་བྱ་སྟེ། པུས་བཙུག་ཐལ་མོ་སྦྱར་ཏེ་འདུག་ལ། རང་གི་སྤྱི་བོར་བླ་མ་དམ་པ་སྤྱན་དྲངས་ཏེ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་དུང་དུང་ཞིག་གདབ། དེའི་བྱིན་རླབས་ཀྱིས་རྒྱུད་ཅུང་ཟད་དྲོས་པ་ན། ལུས་མཉམ་གཞག་ཏུ་བྱ་ཞིང་ཡི་དམ་གྱི་ལྷར་བསྐྱེད། མིག་སྣ་རྩེའི་ཐད་ཀའི་ནམ་མཁར་མིག་འབྲས་མ་འགུལ་བར་རྩེ་གཅིག་ཏུ་དྲིལ་ལ་ཇི་ཙམ་ཚུགས་ཚུགས་སུ་བལྟ་བར་བྱ་སྟེ། བྲམ་ཟེ་ཆེན་པོའི་ཞལ་སྔ་ནས། མིག་ནི་མི་བཙུམ་སེམས་ནི་འགགས་པ་དང་། །རླུང་འགགས་པ་ནི་དཔལ་ལྡན་བླ་མས་རྟོགས། །ཞེས་གསུངས་ཤིང་། དེ་ཉིད་ཀྱིས་ངག་རླུང་གི་འགྱུ་བ་ཡང་བག་གིས་ཆད་པར་འགྱུར་མོད་ཀྱི། རྩོལ་བས་ཀྱང་ཅུང་ཟད་གཟུང་བར་བྱ་སྟེ། དེ་ཉིད་ཀྱི་ཞལ་སྔ་ནས། མེ་དང་རླུང་དང་དབང་ཆེན་འགགས་པ་ན། །བདུད་རྩིར་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །གསུངས་ལ། དེ་ཉིད་ཀྱིས་རྣམ་པར་རྟོག་པའི་འགྱུ་བ་སྣ་ཚོགས་ཤུགས་ལ་འགག་པར་འགྱུར་མོད་ཀྱི། བཟང་ངན་མཐོ་དམན་རེ་དོགས་ཀྱི་རྟོག་པ་གང་ཡང་ཡིད་ལ་མི་བྱ་བར་གལ་པོ་ཆེ་ཟིན་པའམ། ཐང་ཆད་པ་ངལ་སོས་པའམ། ཡིད་མཐུན་གྱི་གྲོགས་དང་འཕྲད་པ་ལྟ་བུར་བདེ་འབོལ་ལེ། ཤིག་གེ །ལྷན་ནེ་བཞག་པར་བྱ་སྟེ།

p. 67

དེ་ཉིད་ཀྱིས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །གསུངས་སོ། །གལ་ཏེ་གང་ལྟར་བྱས་ཀྱང་སེམས་གནས་སུ་མི་བཏུབ་པར་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་རྣམ་པར་རྟོག་པ་སྣ་ཚོགས་སུ་ཐོལ་ཐོལ་སྐྱེ་བར་གྱུར་ན། དང་པོ་རྟོག་པའི་བྱུང་ས་རྩད་བཅད་པས། འདི་ནས་བྱུང་བྱ་བའི་བྱུང་ས་མི་རྙེད། ཐ་མར་འགྲོ་ས་རྩད་བཅད་པས། འདིར་འགྲོ་བའི་འགྲོ་ས་མ་རྙེད། བར་དུ་རང་གི་ངོ་བོ་དབྱིབས་དང་ཁ་དོག་གི་དངོས་པོར་མ་གྲུབ་སྟེ། སྐྱེ་འགག་གནས་གསུམ་གྱིས་སྟོང་པར་ཤེས་པས། དྲན་རྟོག་ཅི་སྐྱེས། ཡང་དག་པར་རྣམ་པར་མི་རྟོག་པ་ཆོས་ཀྱི་དབྱིངས་སུ་གྲོལ་བས་ཕན་གནོད་མ་ནུས་པ་ནི། ལྦུ་བ་ཆུར་ཞི་བའམ། ལྷོ་སྤྲིན་ནམ་མཁར་ཐིམ་པ་ལྟ་བུ་སྟེ། དེ་ཉིད་ཀྱི་ཞལ་སྔ་ནས། སེམས་ཉིད་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་དེ། རྐྱེན་ཤར་ཡིན་ཏེ་བདེན་པར་མ་འཛིན་ཀྱཻ། །ཞེས་པ་དང་། གཞན་ཡང་། དྲན་པའི་ཁ་རླངས་སེམས་ཀྱི་རྣམ་འཕྲུལ་ཡིན། །འདི་ལ་བདག་པོ་འདུག་པ་ངས་མ་མཐོང་། །ཞེས་གསུངས་སོ། །དེ་ལྟར་བླ་མས་ངོ་སྤྲོད་ཅིང་འཕྲོད་པའི་དོན་ལ་མ་ཡེངས་པར་བསྐྱང་བར་བྱའོ། །མདོར་ན་ཕྱག་རྒྱ་ཆེན་པོ་ཡང་དག་པའི་ཉམས་ལེན་ནི། སྟོང་པ་ཕྱོགས་གཅིག་བློ་ཡུལ་དུ་བྱེད་པ་མ་ཡིན་ཏེ། གཞི་སྣང་སྟོང་དབྱེར་མེད་ཀྱི་སྟེང་དུ། ལམ་རིག་སྟོང་འཛིན་མེད། འབྲས་བུ་ཆེད་དུ་བྱེད་པ་བློའི་དྲི་མ་གང་ཡང་མེད་པ། བློ་བྲལ་དུ་ལྷན་ནེ་འཇོག་པ་ཞིག་ཡིན་ཏེ། དེ་ཉིད་ཀྱི་ཞལ་སྔ་ནས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་དོན། །འབྲས་བུ་གང་དུའང་རེ་བར་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་ཞལ་གདམས་འོད་གསལ་ནམ་མཁའ་ལྟ་བུའི་ངོ་སྤྲོད་དོ། །རྗེ་མར་པ་ལོ་ཙཱའི་གསུང་འབུམ་ལས་ཞལ་བཤུས་པ་དགེའོ།། །།

རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ།

p. 68

༄༅། །རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ་བཞུགས་སོ། །
༄༅། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་བརྒྱུད་པའི་རིམ་པ་ནི། སློབ་དཔོན་ཆེན་པོ་ཏཻ་ལོ་པས། མཁས་པ་ཆེན་པོ་ནཱ་རོ་པ་ལ། དེས་ལྷོ་བྲག་མར་པ་ལའོ། །གུང་ཐང་པའི་རྣལ་འབྱོར་བདག །ལྷོ་བྲག་གི་རྗེ་བཙུན་ལ། །དད་ཅིང་ནི་མོས་གྱུར་ནས། །ཞབས་དྲུང་དུ་འཁོར་ཡུན་རིང་། །ཐུགས་རྗེས་ནི་དགོངས་ནས་གནང་། །གདམས་ངག་ནི་དང་དུ་བླངས། །རྩོལ་སྒྲུབ་ཀྱིས་དྲག་ཏུ་བསྒོམས། །བསྒོམས་པ་ཡི་བྱིན་རླབས་ཀྱིས། །ལུས་ལ་ནི་གཏུམ་མོ་འབར། །རས་གོས་ནི་རྐྱང་རེས་དྲོས། །སེམས་ལ་ནི་འོད་གསལ་ཤར། །རྒྱུད་ལུང་ནི་མང་གིས་ཀྱང་། །འདི་དག་དང་གཞན་མི་མཉམ། །ཁྱད་པར་གྱི་བྱེ་བྲག་ལྟོས། །ཉམས་སུ་ལེན་པའི་དུས། །དངོས་པོའི་གནས་ཞུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པའོ། །དེ་ལ་འདིར་སེམས་ཉིད་དངོས་པོའི་གནས་ལུགས་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། འདི་ལ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པ་ལ་གསུམ་སྟེ། གཞི་ཕྱག་རྒྱ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོའོ། །དང་པོ་དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་སེམས་ཉིད། ཁ་དོག་དང་དབྱིབས་སུ་མ་གྲུབ་པ། མཐའ་དང་དབུས་སུ་མ་གྲུབ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཡོད་མ་མྱོང་། མེད་མ་མྱོང་། མ་འཁྲུལ། མ་གྲོལ། རྒྱུས་མ་བསྐྱེད། རྐྱེན་གྱིས་མ་བསྒྱུར། སངས་རྒྱས་མཁས་ཏེ་མ་བཅོས། སེམས་
ཅན་བླུན་ཏེ་མ་བསླད། རྟོགས་པས་བཟང་དུ་མ་སོང་། འཁྲུལ་པས་ངན་དུ་མ་སོང་། དེ་ནི་གཞི་ཀུན་ལ་གནས་པས་གཞི་ཕྱག་རྒྱ་ཆེན་པོའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གཞི་དེའི་སྟེང་དུ་ཉམས་སུ་བླངས་པའི་ཆོས་འཇོག་དུས་དམིགས་མེད་དུ་འཇོག །གནས་ན་ཡེངས་མེད་དུ་གནས། ཁྱེར་དུས་འཛིན་མེད་དུ་ཁྱེར། འཆར་ན་ཆོས་ཉིད་དུ་འཆར། གྲོལ་དུས་རང་གྲོལ་དུ་འགྲོ་བ་ཞིག་ཉམས་སུ་ལེན་པའོ། །དེ་ནི་ལམ་ཕྱག་རྒྱ་ཆེན་པོའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། གྲོལ་བྱ་གྲོལ་བྱེད་དང་བྲལ་བ། རེ་དོགས་དང་བྲལ་བ། བློ་ཟད་ཆོས་ཟད་འཛིན་མེད་ཅེས་པ་བློ་ལས་འདས་པ་ལ་བརྗོད་པ་དང་བྲལ་བའོ། །དེ་ནི་འབྲས་བུ་ཕྱག་རྒྱ་ཆེན་པོའོ། །འདིར་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པའོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གདམས་པ། རྗེ་བཙུན་མི་ལ་རྣལ་འབྱོར་གྱིས་མཛད་པའོ།། །།ཨྠྀི།

ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གཞུང་མཆན། ཨཱ་ནནྟ་དཱ་ཡ།

p. 69

༄༅། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གཞུང་མཆན་བཞུགས་སོ། །
༄༅། །ན་མོ་གུ་རུ་དེ་ཝ་ཌཱཀྐི་ནཱི་ཡེ། རྡོ་རྗེའི་ཚིག་རྐང་ལས། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། །ཞེས་པ་དང་། རྡོ་རྗེའི་གཞུང་ཆུང་ལས། ཡེ་ཤེས་གསལ་བྱེད་དབང་གི་འབྲས་བུ་རྡོ་རྗེའི་ལུས་ལ་འཁོར་ལོ་མདུད་པ་སྤྱི་བོར་གྲོལ་བའི་གནས། ཞེས་གསུངས་པའི་དོན་ནི། ཚིག་དབང་དང་འབྲེལ་བ་ཡེ་ཤེས་གསལ་འདེབས་པར་བྱེད་པ་ཕྱག་རྒྱ་ཆེན་པོའི་གདམས་པ་ལ་གསུམ་སྟེ། སྒོམ་པ་སྤྲུལ་པའི་སྐུའི་གནས་ངོས་བཟུང་བ་དང་། སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་བསྟན་པ་དང་། བསྒོམ་བྱ་ཆོས་སྐུ་

p. 70

ཕྱག་རྒྱ་ཆེན་པོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། བླ་མ་བརྒྱུད་པས་གྲུབ་པ་ཐོབ་པའི་བཞུགས་གནས་སུ་བསྒོམ་ན་བྱིན་རླབས་ཆེ་ཞིང་སྒྲུབ་ཐག་ཉེ་བ་དང་། རི་ཁྲོད་གངས་ཁྲོད་ནགས་ཁྲོད་ལ་སོགས་པ་མཁའ་འགྲོ་འདུ་བའི་གནས་རྣམས་སུ་བསྒོམ་ན་ཉམས་རྟོགས་འཕེལ་ཞིང་བར་ཆད་མི་འབྱུང་བ་དང་། ཉིན་མོ་སྐྱེ་བོའི་འདུ་འཛི་དང་གླགས་ཅོར་མེད་པ། མཚན་མོ་དགྲ་རྐུན་མེད་ཅིང་མཐུན་རྐྱེན་འཛོམས་པའི་གནས་སུ་བསྒོམ་ན་དགེ་སྦྱོར་ཤུགས་ཀྱིས་འཕེལ་བའོ། །གཞན་ཡང་ཡོན་ཏན་གསུམ་སྟེ། རིམ་པ་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་མཐོང་བར་འགྱུར་བ་དང་། འཁོར་ལོ་བཞིའི་མདུད་པ་འགྲོལ་བར་འགྱུར་བ་དང་། དྷཱུ་ཏི་ནར་སོན་པས་མགྲིན་པ་ནས་སྤྱི་བོའི་བར་གྱི་མདུད་པ་ཅི་རིགས་པ་འགྲོལ་བར་འགྱུར་བ་ཡིན་ནོ། །ནང་གི་གནས་ནི། རང་གི་ལུས་ལ་ཡུལ་ཉི་ཤུ་རྩ་བཞི་དང་རྩ་དཔའ་མོ། ཐིག་ལེ་དཔའ་བོ། རླུང་སྙོམས་འཇུག་ཏུ་གནས། ལུས་ལྷ་སྐུ། ངག་སྔགས་ཨ་ལི་ཀ་ལི། སེམས་གདོད་མ་ནས་ཡེ་ཤེས་ཡིན་པར་ངོས་བཟུང་ངོ་། །རྡོ་རྗེའི་གཞུང་ཆུང་ལས། སྒོ་གསུམ་བཀག་ནས་སྒོ་བཞི་ཐིམ་པ་གཉིས་ཀྱི་རྣམ་གྲོལ། ཞེས་པའི་དོན་ནི། གཉིས་པ་སྒོམ་བྱེད་ལོངས་སྤྱོད་རྫོགས་པ་སྐུ་ཡི་བྱ་བ་བསྟན་པ་ནི། ལུས་ཀྱི་བྱ་བ་སྐུའི་སྒོ་དགུ་རང་བཞིན་གྱིས་འགགས་ནས་འབད་པ་དང་རྩོལ་བ་མེད་པར་གནས་པ་དང་། ངག་གི་བྱ་བ་གསུང་གི་སྒོ་བཞི་རང་གནས་སུ་ཐིམ་པས་སྒྲ་ཐམས་ཅད་ཐབས་ཤེས་རབ་ཀྱི་རང་བཞིན་དུ་གནས་པ་དང་། སེམས་ཀྱི་བྱ་བ་ཐུགས་ཀྱི་སྒོ་གཉིས་བྱེ་བས་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་རང་གྲོལ་བས་འབད་རྩོལ་གྱི་འཇུག་པ་ཐམས་ཅད་བྲལ་ནས་ལྷུན་གྲུབ་ཏུ་གནས་པས་ཕྱག་རྒྱ་ཆེན་པོ་ལ་གནས་པའོ། །གསུམ་པ་བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་

p. 71

དང་། མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས་དངོས་པོ་ཐམས་ཅད་རོ་མཉམ་པ་དང་། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལོ། །རྡོ་རྗེའི་ཚིག་རྐང་ལས། ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་བཟུང་། །རྒྱ་ནི་འཁོར་བའི་མདུད་ལས་གྲོལ་བ་སྟེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་བལྟམས་པ་ལས། །གཞན་གྱི་མ་ཡིན་རང་གྲོལ་ཆོས་སྐུའོ། །ཞེས་པའི་དོན་ནི། དང་པོ་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ཕྱག་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། རྒྱ་འཁོར་བའི་རྒྱ་མདུད་གྲོལ་བ་དང་། ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །རྡོ་རྗེའི་ཚིག་རྐང་ལས། སྒོ་གསུམ་གཡོ་མེད་སྒོ་ལྔ་ཧར་དཱངས་བཞག །བལྟས་པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པས་མ་བཅོས་རང་སོར་ཞོག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །ཞེས་པ་དང་གཞུང་ཆུང་ལས། ཡེ་ཤེས་ལུས་ཅན་སྒྲ་སྙན་ལྟ་བུར་བྲལ། །ཞེས་པའི་དོན་ནི། དང་པོ་ཕྱག་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ལུས་སྣང་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། ངག་གྲག་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། སེམས་གསལ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ངོས་བཟུང་བའོ། །དང་པོ་ལུས་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་ནི། རང་གི་ལུས་འདི་ཉིད་གདོད་མ་ནས་སྣང་སྟོང་ཡིན་ཞིང་། ད་ལྟ་ཡང་སྣང་སྟོང་དུ་གནས། ཐ་མ་ཡང་སྣང་སྟོང་དུ་ཤེས་པས་གྲོལ་ནས་སངས་རྒྱ་བའོ། །དེ་ཡང་ལུས་སུ་སྣང་དུས་ན་ངོ་བོས་སྟོང་། ངོ་བོས་སྟོང་དུས་ན་ལུས་སུ་སྣང་སྟེ། ལུས་སྣང་སྟོང་དུ་ཤེས་ཙ་ན་རང་ལུས་ཡེ་ཤེས་ཀྱི་ལུས་སུ་གྱུར་ནས་དངོས་པོ་གང་ལ་ཡང་ཐོགས་པ་མེད་པར་འགྲོ་བས་ལུས་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སོ། །ངག་གྲག་སྟོང་གཉིས་མེད་ཀྱི་ཡེ་ཤེས་ནི། ངག་འདི་ཉིད་གདོད་མ་ནས་གྲག་སྟོང་ཡིན་ཞིང་། ད་ལྟ་ཡང་གྲག་སྟོང་དུ་གནས་ཐ་མ་གྲག་སྟོང་དུ་ཤེས་པས་གྲོལ་བར་འགྱུར། དེ་ཡང་ངག་ཏུ་གྲག་དུས་ན་ངོ་བོས་སྟོང་། སྟོང་དུས་ན་ངག་ཏུ་གྲག་སྟེ། ངག་གྲག་

p. 72

སྟོང་གཉིས་མེད་དུ་ཤེས་ཙ་ན། བརྗོད་བྱའི་སྒྲ་ཐམས་ཅད་ཨ་ལྀ་ཀ་ལྀའི་རྣམ་པས་སྒྲ་སྙན་ལྟར་ཤེས་པས་ངག་གྲག་སྟོང་གཉིས་མེད་ཀྱི་ཡེ་ཤེས་སོ། །སེམས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ནི། སེམས་ཉིད་གདོད་ནས་གསལ་སྟོང་ཡིན་པས། བར་དུ་ཡང་གསལ་སྟོང་དུ་གནས། ཐ་མ་ཡང་གསལ་སྟོང་དུ་གྲོལ་འགྲོ། དེ་ཡང་སེམས་གསལ་དུས་ན་སྟོང་ཞིང་། སྟོང་དུས་ན་གསལ། གསལ་སྟོང་གཉིས་མེད་དུ་ཤེས་ཙ་ན། སེམས་ཉིད་འགྲོ་འོང་གནས་གསུམ་དང་བྲལ་བའི་རང་བཞིན་རྟོགས་པས་སེམས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བའོ། །རྡོ་རྗེའི་གཞུང་ཆུང་ལས། མིག་སོགས་སྟོང་དང་བདུད་བཞི་གྲོལ་བ་ཆོས་ཉིད་ལ་མཁས། ཞེས་གསུངས་པའི་དོན་ནི། གཉིས་པ་རྒྱ་འཁོར་བའི་རྒྱ་མདུད་གྲོལ་བ་ལ་གསུམ་སྟེ། སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་གྲོལ་བ་དང་། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་མཐོ་རིས་ཀྱི་རྒྱ་མདུད་གྲོལ་བ་དང་། ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཉིད་ཀྱི་རྒྱ་མདུད་འགྲོལ་བའོ། །དང་པོ་ནི། སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་ཡང་། ལོངས་སྤྱོད་ལ་ཞེན་ཅིང་ཆགས་ན་འཁོར་བར་འཆིང་བའི་རྒྱ་མདུད་དོ། །དེ་ལ་སྦྱིན་པ་གཏོང་དུས་ན་འཁོར་གསུམ་དག་པའི་ངང་ནས། ཞི་གནས་ལྷག་མཐོང་མཚུངས་པར་ལྡན་པས་རང་གི་མིག་དང་མགོ་བོ་གཏོང་བ་ལ་སོགས་པ་ནས་གང་ལ་གང་འདོད་དུ་གཏོང་བར་བྱེད་པ་སྟེ། སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་གྲོལ་བའོ། །གཉིས་པ་ནི། ཚུལ་ཁྲིམས་བསྲུང་བས་མཐོ་རིས་ཀྱི་ལུས་ཐོབ་སྟེ། ལུས་དེ་ལ་ཞེན་ན་འཁོར་བར་འཆིང་བས། ཚུལ་ཁྲིམས་ཞེན་མེད་དུ་བསྲུང་ཞིང་། དྭངས་མ་བརྟན་པས་ལུས་ཐམས་ཅད་ལ་ཁྱབ་པས་ཕུང་པོ་དང་འཆི་བདག་གི་བདུད་རང་སར་གྲོལ་བའོ། །ཚུལ་ཁྲིམས་མཆོག་ཏུ་གྱུར་པས་ཚུལ་ཁྲིམས་ཀྱི་གཞི་ཤེས་པས་ལུས་ཀྱི་རྒྱ་མདུད་གྲོལ་བའོ། །

p. 73

གསུམ་པ་ནི། སེམས་ཀྱི་ཏིང་ངེ་འཛིན་བསྒོམས་པས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་ཀྱང་དེ་ལ་ཞེན་ན་འཁོར་བར་འཆིང་བས། སེམས་ཉིད་སྐྱེ་མེད་དུ་རྟོགས་ཤིང་ཉམས་མྱོང་ལ་ཞེན་པ་བྲལ་ཙམ་ན་ཆོས་ཉིད་ཡང་དག་པའི་ཤེས་པ་བདེ་ཆེན་ཀློང་ནས་ཤར་བས་ཆོས་ཀྱི་མཁན་པོ་ཆེན་པོར་གྱུར་པས་ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཉིད་ཀྱི་རྒྱ་མདུད་འགྲོལ་བའོ། །གཞུང་ཆུང་ལས། གསུམ་པོ་གཅིག་གྱུར་ཡེ་ཤེས་རྒྱུན་ཆད་མེད། །ཅེས་པའི་དོན་ནི། གསུམ་པ་ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ལ་གསུམ་སྟེ། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་དང་། རླུང་སྣང་སྟོང་ཟུང་འཇུག་གི་དང་། ཐིག་ལེ་བདེ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །དང་པོ་ནི། རྣམ་སྨིན་དང་ཡེ་ཤེས་ཀྱི་རྩ་གཉིས་ལས། རྣམ་སྨིན་གྱི་རྩ་ནི། དབང་པོའི་སྤྱོད་ལམ་ན་རྩ་རྒྱུད་ཤེར་བ་འདི་ཡིན་ལ། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་པ་ཞེ་སྡང་སྐྱེ། དེ་ལམ་དུ་བསླངས་ན་དེའི་ནང་ན་ཡེ་ཤེས་ཀྱི་རྩ་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་གསལ་ལ་རང་བཞིན་སྟོང་པ་གཅིག་ཡོད། དེ་དང་རྣམ་སྨིན་གྱི་རྩ་གཅིག་ཏུ་འདྲེས་པས་རྩའི་མདུད་པ་གྲོལ་བ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་གཅིག་གི་ངོ་བོར་སྨིན་པས་རྩ་ཐམས་ཅད་འདྲེས་པ་ཞེས་བྱ། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་དབང་བསྒྱུར་བས་ན་རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །གཉིས་པ་ནི། ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་ལས། ལས་ཀྱི་རླུང་ནི་དབང་པོའི་སྒོ་ནས་ཤད་ཤད་རྒྱུ་བ་འདི་ཡིན་པས། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་པ་གཏི་མུག་བསྐྱེད། ལམ་དུ་བསླངས་ན། དེའི་ནང་ན་ཡེ་ཤེས་ཀྱི་རླུང་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་གང་དུ་ཡང་མི་རྟོག་པ་གཅིག་ཡོད། དེ་དང་ལས་ཀྱི་རླུང་གཉིས་གཅིག་ཏུ་འདྲེས་པས་འགྲོ་འོང་ལ་སོགས་པའི་རླུང་ཐམས་ཅད་

p. 74

ངང་དུ་ཐིམ་པས་སྟེང་རླུང་དགུ་བརྒྱ་ཕྲག་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་གྱུར་ནས་རླུང་ཐམས་ཅད་འདྲེས་པ་ཞེས་ཀྱང་བྱ། སྣང་སྟོང་གི་ཡེ་ཤེས་ལ་མངའ་བསྒྱུར་བས་རླུང་སྣང་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །གསུམ་པ་ཟག་བཅས་ཀྱི་ཐིག་ལེ་དང་ཟག་མེད་ཀྱི་ཐིག་ལེ་གཉིས་ཡོད་པ་ལས། ཟག་བཅས་ཀྱི་ཐིག་ལེ་ནི་དབང་པོའི་སྤྱོད་ཡུལ་དུ་རྒྱུ་བའི་དཀར་དམར་འདི་ཡིན་ལ། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་པ་འདོད་ཆགས་བསྐྱེད། ལམ་དུ་བསླངས་ན། དེའི་ནང་ན་ཡེ་ཤེས་ཀྱི་ཐིག་ལེ་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་བདེ་ལ་རང་བཞིན་གསལ་བ་གཅིག་ཡོད་པ་དང་། ཟག་བཅས་ཀྱི་ཐིག་ལེ་འདྲེས་ནས་བདེ་སྟོང་ཟུང་འཇུག་ཏུ་གྱུར་ཏེ། འཕོ་འགྱུར་དང་བཅས་པའི་ཐིག་ལེ་ཐམས་ཅད་གཅིག་ཏུ་གྱུར་ཏེ། ཡར་གྱི་རྣམ་པས་མྱ་ངན་ལས་འདས་པའི་རྒྱལ་ས་བཟུང་ནས་གནས་པས་བྱང་ཆུབ་ཀྱི་སེམས་ཐམས་ཅད་འདྲེས་པ་ཞེས་ཀྱང་བྱ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་མངའ་བསྒྱུར་བས་བྱང་སེམས་བདེ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །དེ་ལྟར་ན་རྣམ་སྨིན་གྱི་རྩ་རླུང་ཐིག་ལེ་གསུམ་ལམ་དུ་བསླངས་པས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་གསུམ་དུ་གྱུར་ཏེ། རྩ་གསལ་བ་རྒྱུན་གྱི་རྟག་པ། རླུང་མི་རྟོག་པ་རྒྱུན་གྱི་རྟག་པ། ཐིག་ལེ་བདེ་བ་རྒྱུན་གྱི་རྟག་པ་སྟེ། བདེ་གསལ་མི་རྟོག་པ་རོ་གཅིག་ཏུ་གྱུར་པའོ། །གཞུང་ཆུང་ལས། གཞི་ལམ་འབྲས་བུ་གཅིག་གྱུར་བདེ་ཆེན་ཞེས་པའི་དོན་ནི། གཉིས་པ་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ལ་གསུམ་སྟེ། གཞི་རང་བྱུང་སྐྱེ་མེད་དུ་ཤེས་པའི་སྒོ་ནས་དང་། ལམ་འོད་གསལ་སྐྱེ་མེད་དུ་ཤེས་པའི་སྒོ་ནས་དང་། འབྲས་བུ་ཟུང་འཇུག་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པའོ། །རྡོ་རྗེའི་ཚིག་རྐང་ལས། གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་

p. 75

མཁའི་ཀློང་ཡངས་སུ། །སྐྱེ་ཤི་མེད་པར་ཆོས་སྐུའི་ལུས་ཐོབ་འགྱུར། །ཞེས་པའི་དོན་ནི། དང་པོ་ལ་བཞི་སྟེ། སེམས་དང་པོའི་སངས་རྒྱས་ལྟར་གང་ནས་ཀྱང་མ་འོང་བར་བཞག་པ་དང་། སེམས་འཁོར་བ་ལྟར་གང་དུ་ཡང་མི་འགྲོ་བར་བཞག་པ་དང་། སེམས་མོ་གཤམ་གྱི་བུ་ལྟར་གང་དུ་ཡང་གནས་པ་མེད་པར་བཞག་པ་དང་། སེམས་ནམ་མཁའི་མེ་ཏོག་ལྟར་གང་དུ་ཡང་གྲུབ་པ་མེད་པར་བཞག་པའོ། །དང་པོ་ནི། ཀུན་གཞི་ལ་རྒྱུ་ལྷུན་གྲུབ་ཏུ་གནས་པ་དང་པོའི་སངས་རྒྱས་དེ་དུས་འདི་ནས་བྱུང་མེད་པར་རང་བྱུང་ཡིན། དེ་བཞིན་དུ་སེམས་འདི་ནས་བྱུང་མེད་དེ་སྐྱེ་མེད་རང་བྱུང་དུ་ཤེས་པར་བྱས་ཏེ་བཞག་གོ །གཉིས་པ་ནི། འཁོར་བ་ལ་མཐའ་འདི་ནས་ཟད་མེད་པས་འདིར་སོང་མེད། དེ་བཞིན་དུ་སེམས་སྐྱེ་མེད་ལ་འགྲོ་བ་མེད་པས་འགག་མེད་དུ་ཤེས་པར་བྱས་ཏེ་བཞག་གོ །གསུམ་པ་ནི། མོ་གཤམ་གྱི་བུ་དེ་ལ་གཞི་མ་གྲུབ་པས་འདིར་གནས་མེད། དེ་བཞིན་དུ་སེམས་ལ་ཡུལ་དུས་དངོས་པོ་ལ་སོགས་པ་ཐམས་ཅད་ཀྱིས་དབེན་པས་གནས་མེད་དུ་ཤེས་པར་བྱས་ཏེ་བཞག་གོ །བཞི་པ་ནི། ནམ་མཁའི་མེ་ཏོག་ཅེས་མིང་དུ་བཏགས་ཀྱང་དོན་ལ་གྲུབ་པ་མེད། དེ་བཞིན་དུ་སེམས་ལ་བསྒོམ་བྱ་སྒོམ་བྱེད་དང་དམིགས་ཡུལ་ལ་སོགས་ཅིར་ཡང་མ་གྲུབ་པར་ཤེས་པར་བྱས་ཏེ་བཞག་གོ །བཞི་པ་ནི། ནམ་མཁའི་མེ་ཏོག་ཅེས་མིང་དུ་བཏགས་ཀྱང་དོན་ལ་གྲུབ་པ་མེད། དེ་བཞིན་དུ་སེམས་ལ་བསྒོམ་བྱ་སྒོམ་བྱེད་དང་དམིགས་ཡུལ་ལ་སོགས་ཅིར་ཡང་མ་གྲུབ་པར་ཤེས་པར་བྱས་ཏེ་བཞག་གོ །
༈ གཉིས་པ་ལམ་འོད་གསལ་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ལ་ལྔ་སྟེ། དབང་དོན་རང་བྱུང་གི་ཡེ་ཤེས་ངོས་བཟུང་བ་དང་། རྟེན་ཆོས་ཉིད་རང་གྲོལ་དུ་ངོས་བཟུང་བ་དང་། གཞི་སྤྲོས་བྲལ་བརྗོད་དུ་མེད་པར་ངོས་བཟུང་བ་དང་། ལམ་བློ་

p. 76

འདས་ཡིད་ལ་མི་བྱེད་པར་ངོས་བཟུང་བ་དང་། དུས་སྐད་ཅིག་བརྗོད་དུ་མེད་པར་ངོས་བཟུང་བའོ། །དང་པོ་ནི། དབང་ཐོབ་པའི་དགོས་པ་གང་ཡིན་ན། རང་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ངོ་སྤྲོད་པ་ཡིན་ལ། དེ་ངོ་འཕྲོད་ན་དབང་མ་བསྐུར་ཀྱང་ཐོབ་པ་ཡིན་ལ། དེ་ངོ་མ་འཕྲོད་ན་བསྐུར་ཡང་མ་ཐོབ་པ་ཡིན། འོ་ན་དབང་དོན་རང་བྱུང་གི་ཡེ་ཤེས་དེ་ངོ་འཕྲོད་ན་ཇི་ལྟ་བུ་ཡིན་ཞེ་ན། གཉིས་པ་རྟེན་ཆོས་ཉིད་རང་གྲོལ་དུ་ངོས་བཟུང་ཞེས་པས། དབང་དོན་རང་བྱུང་གི་ཡེ་ཤེས་རང་རྒྱུད་ལ་གནས་པ་དེ། ཆོས་ཉིད་དུས་གསུམ་དུ་འགྱུར་བ་མེད་པས་གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་རང་ས་རུ་ཁྲོལ་གྱིས་ཞིག་པ་གཅིག་གི་སྟེང་དུ་འཕྲོད་པ་ཡིན། རྟེན་ཆོས་ཉིད་རང་གྲོལ་དེའི་གཞི་རང་ཇི་ལྟ་བུ་ཞིག་ཡིན་སྙམ་ན། གསུམ་པ་གཞི་སྤྲོས་བྲལ་བརྗོད་དུ་མེད་པ་བྱ་བ། ཆོས་ཉིད་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ། དེ་ལ་ཡོད་པ་མ་གྲུབ་པས་མེད་པ། མེད་པ་མ་གྲུབ་པས་ཡོད་པ། གཉིས་ཀ་མ་གྲུབ་པས་གཉིས་མེད། གཉིས་མེད་མ་གྲུབ་པས་སྤྲོས་བྲལ། སྤྲོས་བྲལ་དེ་རང་ཇི་ལྟ་བུ་ཞིག་ཡིན་སྙམ་ན། བློས་བསམ་དུ་མེད། ངག་གིས་བརྗོད་དུ་མེད་པའོ། །འོ་ན་གཞི་སྤྲོས་བྲལ་བརྗོད་དུ་མེད་པ་དེ་སངས་རྒྱས་ཀྱི་ལམ་དུ་ཇི་ལྟར་འགྲོ་ཞེ་ན། བཞི་པ་ལམ་བློ་འདས་ཡིད་ལ་མི་བྱེད་པས་འགྲོ་སྟེ། ལམ་དེ་ལ་བློའི་ཡུལ་དུ་སྡོད་རྒྱུའམ་ཡིད་ལ་བྱ་རྒྱུ་རྡུལ་ཕྲ་མོ་ཙམ་ཡང་མེད་པ་སྟེ། ཅིའི་ཕྱིར་ན་ལམ་གྱི་རང་བཞིན་འདི་ལྟ་བུ་བྱ་བ་བློ་ལས་འདས་པའི་ཕྱིར། བློ་འདས་ཀྱི་ལམ་དུ་ཅི་ཡང་བྱ་རྒྱུ་མེད་པའོ། །འོ་ན་ལམ་བློ་འདས་ཡིད་ལ་མི་བྱེད་པ་དེ་ཉམས་སུ་ཇི་ལྟར་ལེན་སྙམ་ན། ལྔ་པ་དུས་སྐད་ཅིག་བརྗོད་དུ་མེད་པར་ངོས་བཟུང་ནས་ལེན་ཏེ། སྐད་ཅིག་སྔ་མ་འདས་པའི་རྗེས་མི་བཅད། ཕྱི་མ་མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་སོ་མ།

p. 77

ཤེས་པ་སྔ་ཕྱི་གཉིས་ཀྱི་བར་ན་རྣམ་རྟོག་གང་གིས་ཀྱང་མ་བསླད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཟང་མ་གཅིག་ཡོད་དེ་དེ་ངོས་བཟུང་ཞིང་བསྒོམ། སྒོམ་ལུགས་ཇི་ལྟར་བསྒོམ་ན། དམིགས་བྱའི་ཡུལ་གྱི་ཤེས་པ་གཅིག་བཞག་ནས་བསྒོམ་དུ་མེད་དེ། ལམ་གང་ཡང་ཡིད་ལ་མི་བྱེད་པར་བཞག །བཞག་ཟེར་བ་དེ་ཡང་ཚིག་ཙམ་མོ། །དེ་ལ་དམིགས་པ་ཡེངས་མེད། བློ་འཛིན་མེད། ཤེས་པ་བྱ་བྲལ་དུ་བཞག་གོ །དེ་ལྟར་མཉམ་པར་བཞག་པས་ཤེས་བྱའི་དྲི་མ་ཕྲ་ཞིང་ཕྲ་བ་གནས་ངན་ལེན་དང་བཅས་པ་མཉམ་བཞག་གི་རྟོགས་པ་དེས་སྤངས་ནས། སྐྱ་རེངས་ཤར་བའི་འོད་གསལ་ཆེན་པོ་མངོན་དུ་བྱས་ཏེ་མངོན་པར་རྫོགས་པར་སངས་རྒྱ་བ་ཡིན་ནོ། །གསུམ་པ་འབྲས་བུ་ཟུང་འཇུག་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ལ་གཉིས་ཏེ། སེམས་ཉིད་དང་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་བཞག་པ་དང་། སངས་རྒྱས་དང་སྐུ་གསུམ་དབྱེར་མེད་དུ་བཞག་པའོ། །དང་པོ་ནི་དབང་བཞི་པའི་དོན་ལ་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ཀྱང་བྱ། དེ་གང་ཡིན་ན་རིག་པ་རྟེན་མེད་གཅེར་བུ་གསལ་སྟོང་བློ་བྲལ་དུ་རྗེན་ནེ་བ་འདི་ཡིན། འདི་ལ་བརྟགས་ན་སྣང་བཞིན་དུ་སྣང་བ་དང་སྟོང་པ་ཟུང་འཇུག །ངོ་བོ་སྟོང་པས་གསལ་བ་དང་སྟོང་པ་ཟུང་འཇུག །མཚན་ཉིད་བདེ་བ་དང་སྟོང་པ་ཟུང་འཇུག་གོ །དེ་གསུམ་དབྱེར་མེད་དུ་རྒྱུད་ལ་སྐྱེས་ཉམས་སུ་མྱོང་བ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། རིག་པ་དེ་ལ་རྒྱུན་ཆད་མེད། འཕོ་འགྱུར་མེད། སྐྱེ་ཤི་མེད་པའོ། །དེ་ལས་ལོགས་ན་ཕྱག་རྒྱ་ཆེན་པོ་གཅིག་ཡོད་མི་སྲིད་པས། ཕྱག་རྒྱ་ཆེན་པོ་དང་རང་སེམས་དབྱེར་མེད་པའོ། །སངས་རྒྱས་དང་སྐུ་གསུམ་དབྱེར་མེད་དུ་བཞག་པ་ལ་གཉིས་ཏེ། རྡོ་རྗེའི་ཚིག་རྐང་ལས། སེམས་ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་མདངས་གང་ཤར་

p. 78

སྤྲུལ་པའི་སྐུ། །གནས་མེད་ཟུང་འཇུག་བདེ་ཆེན་ལོངས་སྤྱོད་རྫོགས། །ཞེས་དང་། གཞུང་ཆུང་ལས། ཡི་གེ་བཞི་དོན། ཞེས་སོགས་གསུངས་པའི་དོན་ནི། རང་དང་སྐུ་གསུམ་ཡར་ལ་དབྱེར་མེད་དུ་བཞག་པ་དང་། སངས་རྒྱས་དང་སྐུ་གསུམ་མར་ལ་དབྱེར་མེད་དུ་བཞག་པའོ། །དང་པོ་ནི། སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་དེས་དབང་གི་མཛད་པ་མཐར་དབྱུང་ནས། རྩ་རླུང་བྱང་ཆུབ་ཀྱི་སེམས་གནས་འགྱུར་ནས། དག་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བར་འགྱུར་ཏེ། རང་བྱུང་གི་ཡི་གེ་ཤྲཱི་ཧེ་རུ་ཀ་ཞེས་པའི་དོན་མངོན་དུ་བྱས་ནས། སྐྱེ་བ་མེད་པ་ཆོས་སྐུའི་ངང་ལ་གནས་པར་འགྱུར་རོ། །གཉིས་པ་སངས་རྒྱས་དང་སྐུ་གསུམ་མར་ལ་དབྱེར་མེད་དུ་བཞག་པ་ནི། དེ་ལྟ་བུའི་དོན་སྐྱེ་བ་མེད་པ་ཆོས་སྐུའི་བདག་ཉིད་ཞི་བ་ཆེན་པོ་དེ་ལས་མ་གཡོས་པར། ནང་དུ་སྙིང་རྗེ་གོམས་པའི་མཐུ་ལས་མཚན་དཔེས་སྤྲས་པའི་ལོངས་སྐུ་ཡན་ལག་བདུན་ལྡན་གྱི་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་པ་དང་། སྨོན་ལམ་དག་པའི་འཕེན་པས་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པས་མ་དག་གི་འགྲོ་དྲུག་སེམས་ཅན་ལ་རང་རང་གི་བསམ་པ་དང་བསྟུན་ནས་ཐེག་པ་སྣ་ཚོགས་སྟོན་པར་བྱེད་པའོ། །གཞན་ཡང་སེམས་ཀྱི་རང་བཞིན་སྟོང་པ་ཆོས་སྐུ། ངོ་བོ་གསལ་བ་སྤྲུལ་སྐུ། མཚན་ཉིད་བདེ་བ་ལོངས་སྐུའོ། །ཡང་ན་བདེ་བ་ལོངས་སྐུ། གསལ་བ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུའོ། །རིག་པ་དེ་སྣ་ཚོགས་སུ་གསལ་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས། རང་བཞིན་སྟོང་པ་དེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། གསལ་སྟོང་དབྱེར་མེད་དེ་དབྱིངས་དང་ཡེ་ཤེས་དབྱེར་མེད་དོ། །རྡོ་རྗེའི་ཚིག་རྐང་ལས། ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་ན་གྲུབ་པ་མེད། །འཁྲུལ་རྟོག་གཉིས་འཛིན་སྣ་ཚོགས་གང་ཤར་རྣམས། །ཅིར་སྣང་གཞི་མེད་རང་བྱུང་རང་དགར་ལྟོས། །ཞེས་པ་དང་། གཞུང་ཆུང་ལས། དངོས་པོ་རོ་མཉམ་ཞེས་གསུངས་པའི་དོན་ནི། གསུམ་པ་

p. 79

སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས་དངོས་པོ་ཐམས་ཅད་ལ་རོ་མཉམ་པ་ལ་གཉིས་ཏེ། གང་ཤར་གཉིས་མེད་དུ་བསྲེས་ལ་རོ་མཉམ་པ་དང་། ཤུགས་འབྱུང་ཞེན་པ་རང་གྲོལ་གྱི་སྤྱོད་པས་རོ་མཉམ་པའོ། །དང་པོ་ལ་དྲུག་སྟེ། ལམ་དང་རང་བཞིན་དབྱེར་མེད་དུ་བསྲེས་ལ་རོ་མཉམ་པ་དང་། ཉམས་མྱོང་དང་རྟོགས་པ་གཉིས་མེད་དུ་བསྲེས་ལ་རོ་མཉམ་པ་དང་། སངས་རྒྱས་དང་སེམས་ཅན་གཉིས་མེད་དུ་བསྲེས་ལ་རོ་མཉམ་པ་དང་། འཁོར་བ་དང་མྱང་འདས་གཉིས་མེད་དུ་བསྲེས་ལ་རོ་མཉམ་པ་དང་། དགེ་བ་དང་སྡིག་པ་གཉིས་མེད་དུ་བསྲེས་ལ་རོ་མཉམ་པ་དང་། འཇིག་རྟེན་ཆོས་བརྒྱད་གཉིས་མེད་དུ་བསྲེས་ལ་རོ་མཉམ་པའོ། །དང་པོ་ནི། མ་རྟོགས་པའི་དུས་ན་ལམ་འབད་རྩོལ་དང་བཅས་པ་དང་རང་བཞིན་ལྷུན་གྱིས་གྲུབ་པ་ཐ་དད་ཀྱང་། རྟོགས་ན་ལམ་དབང་གསུམ་པ་མན་ཆོད་ལ་འབད་པ་དང་རྩོལ་བ་སྣ་ཚོགས་ཀྱི་སྒོ་ནས་བསྒོམ་པ་དང་། རང་བཞིན་བཞི་པའི་དོན་ལྷུན་གྲུབ་ཏུ་གནས་པ་གཉིས་རོ་གཅིག་ཏུ་གྱུར་པས་ན་གཉིས་མེད་དུ་རོ་མཉམ་པའོ། །གཉིས་པ་ནི། མ་རྟོགས་ཙ་ན་ཉམས་ཟག་བཅས་དང་རྟོགས་པ་ཟག་མེད་གཉིས་ཐ་དད་ཀྱང་། རྟོགས་ན་ཉམས་བདེ་གསལ་མི་རྟོག་པ་དང་རྟོགས་པ་རང་བཞིན་ཅིར་ཡང་མ་གྲུབ་པ་གཉིས་རོ་གཅིག་ཏུ་གྱུར་པས་གཉིས་མེད་དུ་རོ་མཉམ་པའོ། །གསུམ་པ་ནི། མ་རྟོགས་པ་ནི་སེམས་ཅན་མ་རིག་པའི་རང་བཞིན་ཅན་དང་སངས་རྒྱས་རིག་པ་ཡེ་ཤེས་གཉིས་ཐ་དད་ཀྱང་། རྟོགས་ན་མ་རིག་པ་འཆིང་བ་དང་བཅས་པའི་སེམས་དེ་རང་ངོ་ཤེས་ན་རིག་པ་ཡེ་ཤེས་ཀྱི་རྒྱ་མཚོའི་ངང་དུ་རོ་གཅིག་ཏུ་གྱུར་པའི་གཉིས་མེད་དུ་རོ་མཉམ་པའོ། །བཞི་པ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དང་ཐར་པ་མྱ་ངན་ལས་འདས་པ་གཉིས་མ་རྟོགས་པའི་དུས་ན་ཐ་དད་ཀྱང་། རྟོགས་ན་འཁོར་བའི་རང་

p. 80

བཞིན་ཤེས་པས་མྱ་ངན་ལས་འདས་པའི་བདག་ཉིད་དབྱེར་མེད་རོ་གཅིག་པར་གྱུར་པས་ན་གཉིས་མེད་དུ་རོ་མཉམ་པའོ། །ལྔ་པ་ནི། སྡིག་པ་སྤང་བར་བྱ་བ་དང་དགེ་བ་སྒྲུབ་པར་བྱེད་པ་གཉིས་ཐ་དད་ཀྱང་། རྟོགས་ན་སྡིག་པ་དྲན་མེད་ཡིད་ལ་བྱར་མེད་པ་དང་དགེ་བ་དམིགས་མེད་བློ་ལས་འདས་པ་གཉིས་དབྱེར་མེད་རོ་གཅིག་ཏུ་འགྱུར་བས་ན་གཉིས་མེད་དུ་རོ་མཉམ་པའོ། །དྲུག་པ་ནི། མ་རྟོགས་པའི་དུས་ན་བདེ་བ་དང་སྡུག་བསྔལ་ཐ་དད་དུ་སྣང་ཡང་རྟོགས་ན་བདེ་སྡུག་གཉིས་ཀ་གྲུབ་པ་མི་འདུག་པས་གཉིས་མེད་དུ་རོ་མཉམ་པའོ། །དེ་བཞིན་དུ་བསྟོད་སྨད། གྲགས་མ་གྲགས། རྙེད་མ་རྙེད་ཐམས་ཅད་དེ་ལྟར་ཤེས་པར་བྱས་ལ་གཉིས་མེད་དུ་རོ་མཉམ་པའོ། །གཉིས་པ་ཤུགས་འབྱུང་ཞེན་པ་རང་གྲོལ་གྱི་སྤྱོད་པས་རོ་མཉམ་པ་ལ་བཅུ་སྟེ། ཚེ་འདི་ལ་ཞེན་པའི་བློ་བྱུང་ན་སྒྱུ་མ་མཁན་གྱི་སྤྱོད་པ་བྱ། སྣང་བའི་ཡུལ་ལ་བདེན་འཛིན་གྱི་བློ་བྱུང་ན་སྨྱོན་པ་ལྟ་བུའི་སྤྱོད་པ་བྱ། ནོར་རྫས་ལ་མངོན་ཞེན་གྱི་བློ་བྱུང་ན་བུ་ཆུང་ལྟ་བུའི་སྤྱོད་པ་བྱ། གཙང་མའི་རྣམ་པར་རྟོག་པ་བྱུང་ན་ཁྱི་ཕག་ལྟ་བུའི་སྤྱོད་པ་བྱ། གཉེན་བཤེས་ལ་གདུང་བའི་བློ་བྱུང་ན་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ་བྱ། ནད་དང་གདོན་གྱི་བར་ཆད་བྱུང་ན་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའི་སྤྱོད་པ་བྱ། བསོད་ཆུང་བདུད་ཀྱི་བསླུ་བྲིད་བྱུང་ན་བྱ་སྒྲོ་རླུང་ཁྱེར་གྱི་སྤྱོད་པ་བྱ། བཙུན་མོ་པད་མའི་ཕྲེང་བ་ཅན་གྱི་བདུད་བྱུང་ན་བསེ་རུ་ལྟ་བུའི་སྤྱོད་པ་བྱ། སྡུག་བསྔལ་དང་སྐྱོ་བའི་བློ་བྱུང་ན་ལྷའི་རོལ་མོ་ལྟ་བུའི་སྤྱོད་པ་བྱ། དུས་དང་རྣམ་པ་ཐམས་ཅད་དུ་ནམ་མཁའ་གོས་སུ་གྱོན་པའི་སྤྱོད་པ་བྱའོ། །རྡོ་རྗེའི་ཚིག་རྐང་ལས། སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དག་བྲལ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །མཁྱེན་མཛད་ཡོན་ཏན་ཇི་སྙེད་རང་ལ་རྫོགས། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུངས་ཡིན། །ཞེས་དང་། གཞུང་ཆུང་ལས། འབྲས་བུ་མངོན་དུ་འགྱུར།

p. 81

ཞེས་པའི་དོན་ནི། བཞི་པ་འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལ་གསུམ་སྟེ། གང་ཟག་གང་ལ་འཆར་བ་དང་། དུས་ནམ་འཆར་བ་དང་། ཚུལ་ཇི་ལྟར་འཆར་བའོ། །དང་པོ་ནི་གང་ཟག་བདག་ཉིད་རྣལ་འབྱོར་པ་ལ་འཆར་ཏེ། མོས་གུས་ཅན་ལ་བྱིན་རླབས་ཀྱི་སྟོབས་ཀྱིས་འཆར། བརྩོན་འགྲུས་ཅན་ལ་སྒོམ་པའི་སྟོབས་ཀྱིས་འཆར་བའོ། །དུས་ནི་བསྐལ་པ་གྲངས་མེད་པ་ལ་སོགས་པ་ལ་མི་ལྟོས་པར་དམིགས་པ་ཡེངས་མེད། བློ་འཛིན་མེད། ཤེས་པ་བྱ་བྲལ་གྱི་ངང་དུ་སྐད་ཅིག་བརྗོད་དུ་མེད་པའི་དུས་སུ་འཆར་རོ། །འཆར་ཚུལ་ནི། ངོ་བོ་ཆོས་སྐུའི་སྙིང་པོ་ཅན་དུ་འཆར་ཏེ། རང་སྣང་ལ་དྲི་མ་དང་བྲལ་བའི་ཆོས་སྐུ། རང་བཞིན་གྱི་འོད་གསལ་བ། སྤྲོས་པ་ཐམས་ཅད་ཞི་བ། མ་རིག་པའི་སྒྲིབ་གཡོགས་དང་དགེ་སྡིག་བག་ཆགས་དང་བྲལ་བར་འཆར། རྣམ་པ་གཟུགས་སྐུའི་དྲི་མ་དང་བྲལ་བར་འཆར། གཞན་སྣང་ལ་གཟུགས་སྐུ་གཉིས་ཀྱི་དག་པ་དང་མ་དག་པའི་གདུལ་བྱ་རྣམས་ལ་མཆོག་དང་དམན་པའི་ཚུལ་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་དཔག་ཏུ་མེད་པ་མཛད་པར་འཆར་རོ། །བྱེད་པ་ཆོས་ཀྱི་རྣམ་རྟོག་གི་དྲི་མ་སྦྱོང་བྱེད་དུ་འཆར་ཏེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་དང་མཐུན་པར་བསྟན་ཏེ། སེམས་ཅན་རྣམས་ཀྱི་རྣམ་རྟོག་གི་དྲི་མ་སྦྱོང་བར་འཆར་རོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་འདེབས་པར་བྱེད་པའི་གདམས་ངག །བླ་མ་མཁའ་འགྲོའི་གསུང་བཞིན་དུ། །གཉའ་ནང་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །ཕྱོགས་དུས་དགེ་ལེགས་ལྡན་གྱུར་ཅིག །རྗེ་བཙུན་མི་ལ་རས་པས་རས་ཆུང་རྡོ་རྗེ་གྲགས་པ་ལ་གཏད་པ་རྫོགས་སོ།། །།གཞུང་གཉིས་ཀྱི་མཆན་རྣམས་ཀུན་དགའ་དར་པོའམ་ཨཱ་ནནྟ་དཱ་ཡས་མཛད་པ་ཡིན་ནོ།།

ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་ངོ་སྤྲོད། མི་ལ་རས་པ།

p. 82

༄༅། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་ངོ་སྤྲོད་བཞུགས་སོ། །
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་མན་ངག་འདི་ལ། ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པ་ལ་གསུམ། གཞི་ཕྱག་རྒྱ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོ། དང་པོ་དངོས་པོ་གཤིས་ཀྱི་གནས་ལུགས་སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་ཆོས་ཉིད། ཁ་དོག་དབྱིབས་སུ་མ་གྲུབ། མཐའ་དང་དབུས་སུ་མ་གྲུབ་པ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཡོད་མ་མྱོང་། མེད་མ་མྱོང་། མ་འཁྲུལ། མ་གྲོལ། རྒྱུས་མ་བསྐྱེད། རྐྱེན་གྱིས་མ་བསྒྱུར། སངས་རྒྱས་མཁས་ཏེ་མ་བཅོས། སེམས་ཅན་བསྒྲིབས་ཏེ་མ་བསླད། རྟོགས་པས་བཟང་དུ་མ་སོང་། འཁྲུལ་པས་ངན་དུ་མ་སོང་། དེ་ནི་གཞི་ལ་གནས་པས་གཞི་ཕྱག་རྒྱ་ཆེན་པོའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གཞི་དེའི་སྟེང་དུ་ཉམས་སུ་བླངས་པས་ཆོག །འཇོག་དུས་དམིགས་མེད་དུ་འཇོག །གནས་ན་ཡེངས་མེད་དུ་གནས། ཁྱེར་དུས་འཛིན་མེད་དུ་ཁྱེར། འཆར་ན་ཆོས་ཉིད་དུ་འཆར། གྲོལ་དུས་ན་རང་གྲོལ་དུ་འགྲོ་བ་གཅིག་ཉམས་སུ་ལེན་པའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། གྲོལ་བྱ་གྲོལ་བྱེད་དང་བྲལ་བ། རེ་དོགས་དང་བྲལ་བ། བློ་ཟད་ཆོས་ཟད་འཛིན་མེད་ཞེན་པ་དང་བློ་ལས་འདས་པས་བསམ་བརྗོད་བྲལ་བ། གཞི་ལམ་འབྲས་བུ་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པའོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་ཞལ་གྱི་གདམས་པ་རྗེ་བཙུན་མི་ལ་རྣལ་འབྱོར་གྱིས་མཛད་པའོ།། །།

སེམས་ཀྱི་མཚན་ཉིད་གབ་པ་མངོན་དུ་ཕྱུང་བ། ཟླ་འོད་གཞོན་ནུ།

p. 83

༄༅། །སེམས་ཀྱི་མཚན་ཉིད་གབ་པ་མངོན་དུ་ཕྱུང་བ་བཞུགས་སོ། །
༄༅། །ན་མོ་རཏྣ་གུ་རུ། སེམས་ཀྱི་མཚན་ཉིད་གབ་པ་མངོན་དུ་ཕྱུང་བའི་མན་ངག །བླ་མ་ཡིད་བཞིན་ནོར་བུའི་སྐུ་ལ་ཕྱག་འཚལ་ལོ། །ནམ་མཁའི་མཐའ་ལ་བརྟག་པར་མི་ནུས་མོད། །སེམས་ཀྱི་མཚན་ཉིད་རིག་པ་མ་ཡིན་ནོ། །མ་རིག་བསྐྱེད་པ་རྒྱུ་དང་མི་ལྡན་མོད། །དེ་ཕྱིར་ཐ་མར་འགགས་པ་ག་ལ་མཆིས། །དེ་ཕྱིར་རྟེན་འབྲེལ་སྒྲོ་བཏགས་མིན་རེ་ཤི །དེ་ལྟར་རིག་ན་འཆིང་གྲོལ་བྱེད་རེ་ཤི །དང་པོ་ཉིད་ནས་སེམས་ལ་ཐོག་མཐའ་མེད། །དེ་ཕྱིར་སེམས་ཅན་འཁྲུལ་པའི་རྒྱུ་མ་མཐོང་། །སངས་རྒྱས་གྲོལ་བའི་རྐྱེན་ཡང་ངས་མ་རིག །སངས་རྒྱས་སེམས་ཅན་གཉིས་སུ་མ་ཕྱེད་པས། །ཐ་སྙད་འདོགས་པའི་ལུང་ས་བོར་ནས་ཐལ། །འཁོར་བ་མཐོང་བ་ཤེས་མཁན་སྐྱོན་ཅན་ཡིན། །མྱང་འདས་རྟོགས་པ་དེ་དང་དབྱེར་མ་ཕྱེད། །སྐྱོན་ཡོན་རྟོགས་ན་གང་དེ་མཐའ་ལྷུང་ཅན། །གང་དུའང་མི་བྱེད་གང་དུའང་མཐར་མི་མངོན། །སངས་རྒྱས་སེམས་ཅན་སྔ་ཕྱི་མ་མཐོང་བས། །གཉིས་བས་གཅིག་ཀྱང་ངེད་ཀྱིས་མ་རིག་གོ །རྨི་ལམ་ཁོངས་ཀྱི་སྒྲོ་བཏགས་ཇི་སྙེད་འདིས། །སྒྱུ་མའི་སེམས་ཅན་ཇི་སྙེད་མགོ་འཁོར་ལངས། །རང་མཚང་རིག་པ་སྲིད་མཐའ་མ་བཀག་ཙམ། །རང་གིས་རང་བཅིངས་སྲིན་གྱི་ཁ་ཆུ་བཞིན། །རང་གིས་རང་གྲོལ་སྦྲུལ་གྱི་མདུད་པ་བཞིན། །འཆིང་གྲོལ་མེད་པ་རྨི་ལམ་སད་པ་འདྲ། །ཐོག་མ་མེད་ནས་སེམས་ཅན་བཅིངས་པ་མེད། །བསོད་ནམས་ཚོགས་ཀྱིས་སངས་

p. 84

རྒྱས་གྲོལ་མ་མཐོང་། །ཚུལ་ལུགས་འདི་འདྲ་ནམ་མཁའ་བསྟན་པར་ཟད། །རྟོགས་མཁན་ཡོད་ན་དེ་རང་འཆིང་བྱེད་ཡིན། །ཨ་ཕ་གཉིད་སད་རྨི་ལམ་གང་དུ་སོང་། །འདུ་ཤེས་བྲལ་བས་སྤང་རྟོགས་རྡུལ་ཙམ་མེད། །མཁས་པར་རློམ་པའི་སྐྱེ་བོ་རྨོངས་པ་རྣམས། །ནང་དུ་ལྟ་བའི་ཡེ་ཤེས་སྤྱན་དང་བྲལ། །སྒྱུ་མའི་གཟུགས་ལ་ལེགས་ཉེས་རྟོག་པ་འཁྲུལ། །འཁོར་འདས་ཆོས་ལ་འདམ་ཀ་བྱེད་མཁན་བླུན། །ཆུ་ནང་གཟུགས་བརྙན་བདེན་པ་སུ་ཞིག་ལྟ། །སྤངས་རྟོགས་སྒྲོ་བཏགས་སུ་ལ་བདེན་པ་མངོན། །བདེན་པར་འཛིན་པའི་བུད་ཤིང་ཚིག་བཅོམ་ན། །འཁོར་འདས་ཀུན་གྱི་ས་བོན་རུལ་བ་ཡིན། །ཇི་ལྟར་སྣང་བའི་ཤེས་པ་གྲ་མ་ཉམས། །ཟུར་མ་ཆག་པར་གྱད་ལངས་བྱེད་པ་འདི། །སངས་རྒྱས་དངོས་སུ་ཞལ་ཕྱག་ལམ་མེ་བ། །འདི་ལ་ཕྲི་སྣོན་བཟང་ངན་ཡོད་རི་ཤི །ཞེ་འདོད་གཅོང་གིས་སྐད་ཅིག་མ་བསླད་པར། །ཁ་ཞེའི་ནད་ཀྱིས་རང་ལ་མ་བསླུས་པར། །གཉིས་འཛིན་དྲི་མས་སྐད་ཅིག་མ་སྦགས་ན། །གང་གང་དེ་རང་ཆོས་སྐུའི་གྱད་ལོངས་ཡིན། །ལ་ལའི་བཞེད་ཀྱིས་མཉམ་བཞག་བརྟན་པ་ལས། །རྗེས་ཀྱི་བར་མཚམས་མེད་པར་འོད་གསལ་ཉིད། །ཁོར་མོ་ཡུག་ཏུ་སོང་བས་སངས་རྒྱས་ཀྱི། །དགོངས་པ་མངོན་དུ་བྱས་པར་འདོད་པ་མང་། །རང་གིས་གོ་ཚུལ་འདི་ལྟར་འཁུམས་པ་ཡིན། །མཉམ་རྗེས་གཉིས་ཀ་ལྕགས་ཟད་བདར་ཟད་དུ། །བག་ཆགས་བཅས་པ་གཏན་དག་ཉིད་བརླགས་ནས། །ཐ་མལ་ཤེས་པ་རྗེན་པ་ཆོས་སྐུར་གོ །འཁྲུལ་པའི་གོང་ན་མ་འཁྲུལ་འདི་འདྲ་ཞེས། །དེ་མེད་ཕྱིར་ན་འཁྲུལ་པའང་དམིགས་སུ་མེད། །དེ་ཕྱིར་སངས་རྒྱས་སེམས་ཅན་མགོ་མཉམ་ཡིན། །འཁོར་འདས་གཉིས་མེད་ཆོས་སྐུ་ཉིད་ལ་མཚུངས། །དྲི་མས་བཀྲུས་པའི་འཁྲུལ་པ་ཁ་གང་མ། །ཇི་བཞིན་དེ་རང་ཡེ་ཤེས་ཉིད་དུ་འཁུམས། །ཞེ་འདོད་ཉིད་

p. 85

ཀྱིས་སྐད་ཅིག་མ་བསླད་པ། །ཇི་བཞིན་དེ་རང་སངས་རྒྱས་དགོངས་པར་འཁུམས། །ཡེངས་པའི་ཚེ་ལ་དྲན་པ་མི་གཡོ་ཞིང་། །འཁྲུལ་པའི་དུས་སུ་གཉེན་པོ་མ་སྦྲོན་པ། །གང་གང་གཟུགས་དེ་སྐད་ཅིག་བཅོས་མི་དགོས། །འདི་འདྲ་གང་དེ་བཅིང་གྲོལ་མེད་པ་ཡིན། །ཡོན་ཏན་འདོད་ཚད་ཞེ་འདོད་གཅོང་གིས་ཟིན། །འབྲས་བུ་འདོད་ཚད་རེ་བའི་སད་ཀྱིས་ཁྱེར། །རྟགས་མཚན་འདོད་ཚད་བདུད་ཀྱི་གོ་རར་ཚུད། །འདོད་བློ་སྐད་ཅིག་མེད་པ་འཚམས་པ་ལས། །ཀུན་བརྟགས་ལྦུ་བའི་གཟུགས་ཀྱིས་བྱིས་པ་བསླུས། །སྒྲོ་བཏགས་ཡོན་ཏན་འདོད་པས་རང་ཉིད་བཅིངས། །འབྲས་བུ་འཆི་དུས་བཏབ་པས་ཁོང་གཅོང་རྒྱས། །རང་གིས་རང་ལ་རྫུན་གྱི་མགོ་བསྐོར་བྱས། །བླང་དོར་ཕྱོགས་ཀྱི་གྲོལ་བ་ཕྱོགས་ཏེ་མཐོང་། །བླང་དོར་ཅི་ཡང་མ་བྱས་ལམ་མ་བཙལ། །འབྲས་བུ་ཅི་ཡང་མ་མཐོང་རེ་དོགས་ཞི། །སྒྲོ་བཏགས་རིགས་པས་རྫུན་གྱི་མགོ་བསྐོར་སངས། །དེ་ཡང་ནང་དུ་གཟིགས་ལ་སེམས་མ་མཐོང་། །དེ་མེད་སངས་རྒྱས་སེམས་ཅན་སུས་བསྐྱེད་པ། །ཐམས་ཅད་མཉམ་ཉིད་ཡིན་ཏེ་དེ་ཡང་མིང་། །མིང་ཙམ་བཏགས་པ་ཙམ་ལ་མ་ཞེན་མཛོད། །རྒྱུ་ཡིས་ཅི་བསྐྱེད་འབྲས་བུ་དེ་འདྲ་ན། །བྱས་པའི་ཆོས་ཀྱི་འབྲས་བུ་འདུས་བྱས་ཡིན། །མ་བྱས་ཆོས་ཀྱི་འབྲས་བུ་ཅི་ཞིག་འཚོལ། །རྫུན་གྱིས་རྫུན་བྱས་ནམ་ཞིག་བཅིང་འགྱུར་ན། །བློ་གྲོས་ཅན་དག་བྱེད་མཁན་ཁུངས་ཆོད་དང་། །གཞན་ལ་མི་ལྟོས་རང་གིས་ཐག་ཆོད་ཀྱིས། །ནམ་མཁའི་མཚན་ཉིད་འདི་ནི་མཚར་བར་འདུག །བྱིས་པའི་རྩེད་མོ་རྒན་ལ་ཅང་བདེན་ནམ། །ཀུན་རྫོབ་བདེན་པར་མཁས་པས་ཅང་འཛིན་ནམ། །ཆོས་དང་ཆོས་མིན་ཡེ་ནས་གཉིས་མཆིས་སམ། །མེད་ན་མཐོང་མཁན་དེ་རང་འཁྲུལ་པར་ཟད། །ཡེངས་པའི་ཚེ་ན་འཁྲུལ་པ་རང་མཚན་པ། །དྲན་ཚེ་ངོ་བོ་གུད་ནས་ཐོབ་པ་

p. 86

ཞིག །དེ་འདྲ་གང་དེ་གཉིས་ཆོས་མ་རིག་པས། །སྒོམ་ལ་ཐོབ་ཤོར་དེ་ནི་ངས་མ་རྟོགས། །གཉིས་ཆོས་ཡོད་ན་བླང་དོར་རིགས་པ་ལ། །མེད་པར་བྱེད་པ་དེ་རང་སྐྱོན་ཅན་ཡིན། །ཡེ་ནས་འཁྲུལ་ན་གྲོལ་བ་གུད་ན་མེད། །ཡེ་གྲོལ་གློ་བུར་དྲི་མ་ག་ལ་མཆིས། །རྟག་པར་གྱུར་ན་ཐེར་ཟུག་སྒྱུར་དུ་མེད། །ཆད་པར་གྱུར་ན་གང་ནས་བཙལ་དུ་མེད། །ཡེ་ཤེས་དེ་ནི་གང་ནའང་མ་མཆིས་ན། །ཐོབ་བྱ་ཞེན་པ་དེ་རང་འཁྲུལ་མཁན་ཡིན། །ཆོ་འཕྲུལ་ཐམས་ཅད་ནམ་མཁའི་རྣམ་འཕྲུལ་ཡིན། །ནམ་མཁས་ཅི་ཡང་སྐད་ཅིག་བྱས་པ་མེད། །དེ་མཚང་རིག་ན་བཅིང་གྲོལ་གོས་པ་མེད། །གོས་པ་ཀུན་གྱིས་གོས་པར་མི་འགྱུར་ཕྱིར། །སེམས་ཅན་དུས་ནས་འཁྲུལ་པ་རང་མཚན་པ། །སྐད་ཅིག་ཡོད་ན་གྲོལ་བ་དེར་འགྱུར་ཏེ། །སེམས་ཅན་འཁྲུལ་པའི་ངོ་བོ་མ་མཆིས་པས། །སངས་རྒྱས་གྲོལ་བའི་ཡེ་ཤེས་སུ་ལ་མངོན། །ནམ་མཁའི་མདུད་པས་སུ་ཡང་བཅིང་དུ་མེད། །ནམ་མཁའ་གྲོལ་བས་སུ་ཡང་གློད་དུ་མེད། །དང་པོ་སེམས་ཅན་དམིགས་པར་མ་གྱུར་པས། །ཕྱིས་ནས་སངས་རྒྱས་ཡོད་པ་སུ་ཡི་ལུགས། །དང་པོ་སེམས་ཉིད་ཡོད་པར་མ་གྱུར་པས། །གནས་འགྱུ་ཡེ་ཤེས་དེ་ནི་སུ་ལ་རིག །དེས་ན་བྱས་དང་བྱེད་པ་ཐམས་ཅད་ཀུན། །ནམ་མཁའི་སོ་ནམ་དཀའ་ལས་ཉིད་དུ་ཟད། །དེ་ལྟར་རིག་ན་མ་བྱས་ལམ་ཀུན་འགྲུབ། །བར་སྣང་ངོས་ལ་རྡུལ་ཁྲོད་རྟེན་མེད་བཞིན། །འདུས་མ་བྱས་ལ་བག་ཆགས་རྟེན་མི་འབྱུང་། །གཉིས་སྣང་རབ་རིབ་དབང་པོའི་སྐྱོན་ཡིན་ལྟར། །དགེ་སྡིག་བྱེད་པ་སེམས་ཀྱི་རང་སྐྱོན་ཡིན། །གང་དུའང་མི་བྱེད་སྐྱོན་ཡོན་གོས་མི་འགྱུར། །ཅིར་ཡང་མི་འཛིན་གོལ་སར་སུ་ཞིག་ལྷུང་། །ཞེ་འདོད་མེད་པར་རེ་དོགས་ཅི་ལས་བྱུང་། །ལྟ་བ་མེད་པར་མཐོ་དམའ་སུ་ཡིས་དོགས། །འདུ་ཤེས་ཉིད་ཀྱིས་དེ་རང་མ་བཅིངས་ན། །དེ་རང་སྟོང་ཕྱིར་གཞན་ཞིག་ཅི་ཡང་

p. 87

མེད། །མེད་བཞིན་སྣང་བ་ནམ་མཁའི་ཆོ་འཕྲུལ་ཡིན། །ཤེས་པས་གྲོལ་བ་རྨི་ལམ་སད་པ་ཡིན། །སྣ་ཚོགས་སྣང་བ་སྟོང་པའི་རི་མོ་ཡིན། །དོན་དུ་འཛིན་པ་བྱིས་པའི་ངང་ཚུལ་ཡིན། །སྐྱོན་ཡོན་མེད་པ་སྒྱུ་མའི་རང་གཟུགས་ཡིན། །ནམ་མཁའི་ལྟད་མོ་འདི་ཀ་མཚར་བར་གདའ། །བལྟ་ཤེས་ཅན་ལ་ནམ་མཁའི་ལྟད་མོ་ཆེ། །སྒོམ་ཉམས་ཅན་ལ་སྣ་ཚོགས་ལམ་དུ་ཆེ། །གདམས་ངག་ཅན་ལ་འགལ་རྐྱེན་གྲོགས་སུ་ཆེ། །འདི་འདྲའི་ཚུལ་ལུགས་བྱིས་པའི་རང་བཞིན་ཡིན། །གཏད་ས་མེད་པར་ཕྱལ་པར་བཏང་བ་ཡིན། །གཟུང་བ་མེད་པར་དྲན་འཛིན་བོར་བ་ཡིན། །སྒོམ་མེད་ངང་ལ་ཐ་མལ་ལུས་པ་ཡིན། །བདག་པོ་མེད་པས་ཅི་དགའ་མུ་དགའ་ཡིན། །ཧེ་ཧེ་ནམ་མཁས་ཅི་ཡང་བྱས་པ་མེད། །འོན་ཀྱང་ཆོ་འཕྲུལ་ནམ་མཁའི་རྣམ་འགྱུར་ཡིན། །གཟུགས་ནས་རྣམ་མཁྱེན་ནམ་མཁའི་རི་མོ་ཡིན། །ནམ་མཁའ་འདི་ལས་མཐུ་སྟོབས་ཆེ་མ་མཐོང་། །སྟོང་པའི་རྣམ་འགྱུར་འདི་ཙམ་གང་ཤོར་ན། །སེམས་ཀྱི་འཆར་སྒོ་འདི་ཙམ་ཅི་ལ་སྐྱེས། །རྟོག་པའི་རྣམ་གྲངས་འདི་ཙམ་གང་ནས་ཤར། །སྒོམ་ཆེན་པ་དེ་འདོད་པའི་གལ་དུ་ཆུང་། །འདི་འདྲ་མཐོང་བས་སྒྱུ་མའི་སྐྱེས་བུ་རྒོད། །ཅི་ཡང་ཐོབ་པ་མེད་པའི་བདེ་སྐྱིད་དང་། །ཐ་མལ་ཤེས་པས་ཆོག་པའི་ཉམས་ལེན་འདི། །སངས་རྒྱས་མི་གཟུགས་ཅན་གྱི་དྲིན་ལས་རྙེད། །ད་དེ་གང་བྱུང་ཆོག་པ་འདི་རང་མཚར། །འབྲས་བུ་རེ་དོགས་མེད་པའི་ཁོང་གཅོང་ཞི། །གནས་འགྱུ་འདམ་ཁ་མེད་པས་གང་བྱུང་ཆོག །དྲན་པའི་འཚོ་སྐྱོང་མེད་པས་ཡེངས་དོགས་མེད། །མཉམ་རྗེས་རེས་མོས་མེད་པས་ཐུན་མཚམས་བྲལ། །གང་བྱུང་ཆོས་ཀྱི་དབྱིངས་ལ་བླང་དོར་མེད། །ཐམས་ཅད་སྒྲོ་བཏགས་ཡིན་པའི་རྫུན་ཕུགས་རིག །སྒྲོ་འདོགས་སེམས་ལ་ཆོད་དང་སྒོམ་ཆེན་ཀུན། །སེམས་ལས་ཆོས་གཞན་མེད་པར་ཤེས་ནས་མཆིས། །

p. 88

སེམས་ཉིད་གཞི་རྩ་མེད་པར་རྟོགས་པར་ངེས། །སྒོམ་མེད་ཡེངས་མེད་གནད་ཅིག་འཆར་བར་མཆིས། །སྤངས་ཐོབ་མེད་པའི་དོན་གཅིག་རྟོགས་པར་མཆིས། །སྔ་ནས་སྐད་ཅིག་འཁོར་བར་འཁྱམས་མ་མཐོང་། །ད་ལྟ་ཕྱིན་ཆད་སྐད་ཅིག་གྲོལ་མ་རིག །གཉིད་ལས་སད་པའི་རྨི་ལམ་རང་ཡལ་ལྟར། །རྫུན་ཕུགས་རིག་པས་འཁྲུལ་གྲོལ་རྨི་ལམ་སངས། །སྒོམ་ཆེན་རྣམས་ལ་མགོ་འཐུམས་ཅི་བྱུང་ན། །སེམས་ཅན་རྣམས་ལ་འཁྲུལ་པ་སུས་བསླབས་ན། །འཕགས་པ་རྣམས་ཀྱིས་གྲོལ་བ་གང་ནས་བཙལ། །བདེ་ཆེན་རང་ངོ་ཤེས་པའི་དམ་པ་རྣམས། །བཅིངས་གྲོལ་གོལ་ས་མེད་པའི་ངང་ཚུལ་ཡིན། །གནད་འདི་རིག་ན་ཀུན་ལ་དེ་ལྟར་གསལ། །ནང་དུ་ལྟོས་ཤིག་རང་ལ་ཡང་དང་ཡང་། །ལྟ་མཁན་བལྟས་པས་རང་མཚང་རང་གིས་རིག །རྒྱུ་མཚན་ཤེས་པས་བཅིངས་གྲོལ་འདག་པ་ཡིན། །དྲན་པས་ཐོབ་དང་ཡེངས་པས་འཁྲུལ་པ་རྣམས། །བློ་ཡིས་བཟུང་མོད་དོན་ལ་ཐོབ་ཤོར་མེད། །འཁོར་འདས་གཉིས་སུ་བློ་ཡིས་ནན་གྱིས་བཟུང་། །དགེ་སྡིག་གཉིས་ཀྱི་བདེ་སྡུག་གཉིས་སུ་མྱོང་། །བདེ་སྡུག་སྣང་དུས་དོན་ལ་ཅི་ཡང་མེད། །མངར་བ་ཞིམ་མོད་སྐྱུར་བའང་ཞིམ་པར་འཛིན། །བློ་ཡིས་བཟུང་བ་ཉིད་ལས་དོན་ལ་མེད། །ཅི་ཡང་མ་བཟུང་ཅི་ཡང་དགོས་པ་མེད། །ཅིར་ཡང་ཤར་བ་ཅིར་ཡང་མི་འཛིན་པ། །ལམ་མཆོག་འདི་ལས་གོང་དུ་འཕུལ་ས་མེད། །བག་ཆགས་འཐས་པའི་མི་སྣང་དགུ་སྣང་འདི། །འཛིན་མེད་གོམས་བྱས་མ་སྤངས་གནས་དག་ཡིན། །བློ་ཡིས་བཟུང་ཚད་མཚན་མའི་ས་བོན་ཡིན། །ཅིར་ཡང་མི་འཛིན་སྐྱེས་གྲོལ་དུས་མཉམ་ཡིན། །དེ་རྣམས་ཐམས་ཅད་བློ་ཡི་སྒྲོ་བཏགས་ཡིན། །ལྟོས་ཤིག་ལྟོས་ཤིག་ཅི་ཡང་མ་ལྟ་ཞིག །སྒོམས་ཤིག་སྒོམས་ཤིག་ཅི་ཡང་མ་སྒོམ་ཞིག །རྨི་ལམ་འདི་ལ་ཅིར་ཡང་མ་འཛིན་ཅིག །ཇི་ལྟར་བཟུང་ཡང་དེ་རང་མཚང་

p. 89

རིག་ན། །གང་ལྟར་བྱས་ཀྱང་སྐྱོན་ཡོན་གོས་པ་མེད། །གོས་པ་ཀུན་གྱིས་གོས་ཀྱང་འགལ་བ་མེད། །དེ་འདྲའི་གྲོལ་ཚད་གང་ཟག་ཡས་མེད་དུ། །སོང་ནས་མཚན་མར་འཛིན་པ་ཞིག་པ་ཡིན། །ལར་ན་ནང་དུ་འཁུ་འཕྲིག་མ་ཆོད་ན། །རྗེས་ལ་རང་སྤྱོད་བསྟན་པ་ཆོས་ཉིད་ཡིན། །ཐེ་ཚོམ་ནང་དུ་ཞི་བའི་རྣམ་འགྱུར་ལ། །སྒོ་གསུམ་གླེང་སློང་གཞན་གྱིས་སྤྲོས་པ་གཅོད། །ངེས་མེད་ཀློང་དུ་མཚན་མའི་བློ་ཞི་ནས། །སྣང་དང་སྟོང་པས་ཕན་གནོད་བྱས་པ་མེད། །བདར་ཤ་སེམས་ལ་ཆོད་ལ་གཅོད་མཁན་ལྟོས། །འདི་ཡིས་གདམས་ངག་ཐམས་ཅད་སྟོན་པ་ཡིན། །འདི་ཡིས་ཡོད་མེད་ཐམས་ཅད་འབུད་པ་ཡིན། །ཡིན་ལུགས་ཐམས་ཅད་འདི་ཡིས་སྟོན་པ་ཡིན། །སྒོམ་མཁན་གཏན་ལ་ཕེབས་པའི་བླ་མ་འདི། །འདུ་འབྲལ་མེད་པར་རང་ལ་བཞུགས་པ་ཡིན། །བྲི་གང་མེད་པར་གཏན་དུ་འགྲོགས་པ་ཡིན། བླ་མ་དེ་ཡི་གསུང་ལ་ཉན་པ་ཉུང་། །ཕྱིར་བལྟས་ཁ་ཡིས་ཟབ་མོའི་མཚང་མི་རིག །ཉམས་མྱོང་མེད་པར་གནད་ཀྱི་དོན་མི་གོ །ཁ་ལྟ་ཡུག་པོས་མི་ལ་ཆོས་མི་སྟོན། །རྒྱུ་འབྲས་ཁྱད་གསོད་མི་ལ་གནད་མི་གསུང་། །སྒྲུབ་པས་དབེན་པ་དེ་ལ་བཤད་མི་རུང་། །དེས་ན་ཆོས་ཀྱི་མདོ་དོན་ཉམས་ལེན་ཡིན། །ཉམས་སུ་བླངས་པའི་འབྲས་བུ་སངས་རྒྱས་ཡིན། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་ཅན་ཡིན། །ཆོས་སྐུ་དེ་ནི་མཚན་མའི་དྲི་མ་བྲལ། །ཇི་ལྟར་བློ་ཡིས་བཟུང་བ་མཚན་མ་ཡིན། །བློ་ཡིས་ཅིར་ཡང་མ་བཟུང་ཅིར་ཡང་སྣང་། །སྤྲོས་པའི་དྲི་མས་རྒྱུད་ལ་གོས་པ་མེད། །ཐོག་མའི་འཁྲུལ་པ་འདི་ནས་བྱུང་བ་མེད། །ཐ་མའི་གྲོལ་བ་འདི་ནས་ཐོབ་པ་མེད། །བར་གྱི་འཁྲུལ་པ་ངོ་བོ་འདི་ཡིན་མེད། །དེ་ལྟར་རིག་ན་བཅིང་གྲོལ་གོས་པ་མེད། །སེམས་མེད་རྟོགས་ན་སྣང་སྲིད་རྒྱ་ཡན་ཡིན། །རྩིས་བདག་མེད་ན་རྣམ་རྟོག་སྐྱེས་གྲོལ་ཡིན། །ཞེ་འདོད་མེད་ན་ཐམས་ཅད་

p. 90

མཉམ་ཉིད་ཡིན། །དེ་ལྟར་རྟོགས་ན་སྒོམ་ལ་རྒྱུན་ཆད་མེད། །སྐྱེ་འཆི་མེད་པས་འཕོ་བའི་རྒྱལ་པོ་ཡིན། །མཚན་འཛིན་མེད་པས་འོད་གསལ་ཁོར་མོ་ཡུག །ཇི་སྲིད་འཛིན་པའི་རྟོད་ཕུར་མ་ཕྱིན་པར། །དེ་སྲིད་རྣམ་རྟོག་ཡོད་པས་ལས་གསོག་པས། །མ་ཡེངས་དྲན་པའི་བྱ་ར་བརྟེན་པ་ལེགས། །ཅི་ཞིག་གོམས་པ་ཀློང་དུ་གྱུར་པའི་ཚེ། །དྲན་དང་མ་དྲན་ལས་གྲོལ་འཁུ་འཕྲིག་སངས། །རྣལ་འབྱོར་པ་ལ་རེ་དོགས་རྡུལ་ཙམ་མེད། །དེ་ཚེ་འཁོར་འདས་ཐམས་ཅད་ཀློང་དུ་ཞིག །སྒོམ་དུ་མེད་མོད་མ་ཡེངས་སྒོམ་པ་དང་། །ཞི་གདེང་མ་ཐོབ་བར་དུ་གོམས་པ་འཚལ། །ཡིན་ལུགས་སྟོན་པའི་བླ་མ་རང་ཤར་ནས། །མཉམ་རྗེས་མེད་པའི་ཀློང་དུ་ཡན་པའི་ཚེ། །དོན་གཉིས་གཏེར་ལ་སྤྱོད་པ་ཆོས་ཉིད་ཡིན། །དེས་ན་དད་དང་བརྩོན་པས་ཉམས་ལེན་ལ། །ད་རེས་ལམ་སྣ་ཟིན་པར་མ་བྱས་ན། །ཕྱིས་ནས་ཐར་བར་དཀའ་འོ་སྐལ་ལྡན་ཀུན། །ད་རེས་འབུངས་གསུམ་ཆོས་ལ་མ་བཏོན་ན། །ཤི་དུས་འགྱོད་པ་སྐྱེ་འོ་སྒོམ་ཆེན་ཀུན། །ཚིག་རྐྱེན་དེ་ལ་སེམས་ལ་ཞུ་གཏུགས་མཛོད། །འཆི་དུས་ཐག་ཆོད་མེད་ན་རང་ལ་གནོད། །སྐྱིད་པར་འདོད་ན་ད་ལྟ་སྡུག་བསྲན་བསྐྱེད། །སངས་རྒྱས་འདོད་ན་རང་སེམས་རྟོགས་པར་མཛོད། །སེམས་ཀྱི་མཚན་ཉིད་གབ་པ་མངོན་དུ་ཕྱུང་བའི་མན་ངག་འགྲོ་བ་སེམས་ཅན་གྱི་སྙིང་ལ་ༀ་ཨཱཿཧཱུྃ། རྣལ་འབྱོར་གྱི་དབང་ཕྱུག་ཆོས་རྒྱལ་ཟླ་འོད་གཞོན་ནུས་རྣལ་འབྱོར་ཆོས་གཡུང་ལ་གསུངས་པའོ། །ཤུ་བྷཾ།།

ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག

p. 91

༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག་གཞུགས་སོ། །
༄༅། །རྒྱ་གར་སྐད་དུ། པྲ་ཀ་ར་ས་མ་ཨུ་པ་དེ་ཤ་མ་ཧཱ་མུ་དྲ། བོད་སྐད་དུ། ཕྱག་རྒྱ་ཉོན་མོངས་པ་དང་ཤེས་བྱའི་སྒོ་ནས་ལྷན་སྐྱེས། ཆེན་པོ་གཞི་མ་བཅོས་པ། རབ་ཏུ་གསལ་བར་བྱ་བའི་མན་ངག །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཕྱི་དང་ནང་དབང་པོ་རྣོན་པོ། ཀུན་ཕྱག་རྒྱ་ཆེ། །ཕྱག་རྒྱ་ལྷན་སྐྱེས་ཁམས་སུ། ཆེན་པོའི་ངང་མཚན་མ་མེད་པ། ཉིད་ལ། །སེམས་ཉིད་རང་བཞིན་མེད་པར། བཅོས་པ་ག་ལ་ཡོད། །སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ། །ཕྱག་རྒྱ་ཆེན་པོའི་ངང་ལྷན་སྐྱེས་ལ་གོམས་པ། ཉིད་ལ། །སྣང་བ་མེད་པ་ཕྱག་རྒྱ་ཆེ། །མ་བཅོས་རིག་པ་གཅིག་པུ། བཞག་ན་སྒོམ་པ་ཡིན། །བསམ་དུ་མེད་པ་ཆོས་ཀྱི་སྐུ། །དབང་པོའི་སྤྱོད་ཡུལ་དུ། མ་བཙལ་བཞག་ན་སྒོམ་པ་ཡིན། །ཅེར་རེ་བལྟས་པའི་དུས་ཉིད་དུ། །ངོ་བོ་ཐ་དད་མེད། གཉིས་སུ་རྣམ་པར་རྟོག་པ། མེད་པར་ཤེས་པར་བྱ། །འདི་ལྟར་ལྷན་སྐྱེས་ལ་གོམས་པས། སྣང་བའི་དངོས་པོ་དང་། །སྟོང་པ་ཉིད་དུ་རྟོགས་པ་ནི། །སྔ་ཕྱི་མེད་པར། དུས་མཉམ་དག་ཏུ་འདོད་པ་ཡིན། །དཔེར་ན་སྔར་འདྲིས་པ་ཡི་མི། །མཐོང་མ་ཐག་ཏུ་ངོ་ཤེས་བཞིན། །མཐོང་བས་འགྱུར་མེད་དུ་ཤེས་པར་བྱ། སེམས་ཀྱི་རྟོག་པ་ལ། སྣང་བ་སྣ་ཚོགས་ཀུན། །མང་པོ་དག་ཏུ་རྟོག་པ་ཆོས་སྐུར། འཆར་བ་ཡང་། །སྟོང་པ་ཉིད་དུ་དབྱེར་མེད་པ། རྟོགས་པ་ནི། །དཔེར་ན་རྒྱ་མཚོར་ཁ་བ་ནི། །བབས་ཚད་ཆུ་རུ་འགྲོ་བ་བཞིན། །རང་བཞིན་མེད་པ་སྐྱེ་མེད་ལྷན་སྐྱེས་ཀྱི་ཁོངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་དགོས། དེ་བཞིན་ཕྱི་རོལ་ཚོགས་དྲུག་གི་ཡུལ་དུ། སྣང་བ་ཐམས་ཅད་ནི། །སྐྱེ་བ་མེད་པར་དཔེར་ན་

p. 92

སྒྱུ་མ་ལྟར་ཤེས་པར་བྱ། རྟོགས་པར་བྱ། །རིག་པའི་རྒྱུན་གོམས་པ་བསྲིངས་བ་ལ་བརྟེན་ནས། དངོས་པོ་སྣང་བ་ཉིད། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །རྒྱ་མཚོར་ཟླ་བའི་གཟུགས་བརྙན་བཞིན། །སེམས་ཀྱི་རང་བཞིན་ཉམས་སུ་མྱོང་བ་སྟེ། སྐྱེ་མེད་དུ། །བློས་མ་བཅོས་པར་བྱ། གོམས་པར་བྱས་ནས་བསྒོམས་པ་དུས་མེད་པར་བྱ། ཡིན། །སྒོམ་པ་ཞེས་པ་ཐ་སྙད་དེ། །ཐ་སྙད་ཅིར་སྣང་ཐམས་ཅད་རང་བཞིན་མེད་པ། སྐྱེ་མེད་དོ། །སེམས་འཛིན་པ་ལ་སོགས་པ། ཚད་དུ་གཏད་ལ་བསྒོམ་རྒྱུ་མེད། །ཐུན་དུ་བཅད་ལ་བསྒོམ་རྒྱུ་མེད། །གང་ལྟར་སྣང་བ་སྒོམ་པ་ཡིན། །རང་རིག་རང་གསལ་ལས། ལོགས་སུ་བཀར་བས་བསྒོམ་རྒྱུ་མེད། །རྒྱུན་མི་ཆད་དུ་སྒོམ་པ་ཡིན། །སེམས་ཀྱི་མཚན་ཉིད་རྟོགས་པ་ལས། །སངས་རྒྱས་གཞན་ནས་བཙལ་དུ་མེད། །དེ་ལ་རྨོངས་རྣམས་སྐལ་པ་དང་ལས་འཕྲོ་མེད་པའི་གང་ཟག་རྣམས། འདི་ལྟར་འདོད། །ཆོས་སྐུ་དེ་ཉིད་སྒོམ་པ་ལ། །མཉམ་བཞག་རྗེས་ཐོབ་མེད་ཀྱང་། བྱིས་པའི་སྐྱེ་བོ་འཁྲུལ་པའི་རང་བཞིན་ཅན་འགའ་ཞིག་མཉམ་བཞག་རྗེས་ཐོབ་དག་ཏུ་འདོད། །པ་ནི་ནོར་བའོ། །འཁོར་བའི་རང་བཞིན་སྐྱེ་བ་མེད་པར། རྟོགས་པ་ལས་གཞན་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་སྟེ། མྱ་ངན་འདས་པ་ལོགས་ན་བཙལ་དུ། མེད། །བདེ་སྡུག་ལ་སོགས་གང་ལྟར་སྣང་བ་དེ་ཉིད་རང་རྟོགས་ན། དེ་ཆོས་ཀྱི་དབྱིངས། ཡིན། །གང་ལྟར་གསལ་བ་ཆོས་ཉིད་ཡིན། །དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། །སྣང་བ་ཐམས་ཅད་གཉིས་སུ་མེད། །ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །འཁོར་བ་ཡེ་ནས་མྱ་འདས་ཡིན། །སེམས་ཅན་ཡེ་ནས་སངས་རྒྱས་ཡིན། །ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །འོན་ཀྱང་ཡེ་ནས་མ་རྟོགས་པས། །ཁམས་གསུམ་པ་ནི་འཁོར་བ་ཡིན། །འཁོར་བ་ལས་ནི་བཟློག་པ་ནི། །བླ་མ་དམ་པའི་གདམས་ངག་དགོས། །བླ་མས་མ་བསྟན་བར་དུ་ནི། །དབུལ་པོའི་གཏེར་ནི་ཇི་བཞིན་དུ། །རང་ལ་ཡོད་ཀྱང་ཕན་མ་ཐོགས། །དེ་བས་བླ་མའི་གདམས་ངག་གཅེས། །འདི་དག་རྟོགས་
ནས་ཉམས་སུ་ལོངས། །ཀུན་རྫོབ་དོན་དམ་གཉིས་མེད་དེ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་དོ། །སངས་རྒྱས་དགོངས་པ་མཐར་ཐུག་ཡིན། །ཕྱག་རྒྱ་ཆེན་པོ་མཐར་ཐུག་པ་མདོར་བསྡུས་པའོ།། །།

ཕྱག་རྒྱ་ཆེན་པོ་གཉུག་མ་མི་འགྱུར། དྭགས་པོ་ལྷ་རྗེ།

p. 93

༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་ཕྱག་རྒྱ་ཆེན་པོའི་རྩ་བ་ལ་ངོ་སྤྲད་པ་ཞེས་ཀྱང་བྱ། སྣང་བ་ལམ་འཁྱེར་གྱི་རྟོགས་པ་གཅིག་ཆོག་ཅེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་གཉུག་མ་མི་འགྱུར་ཞེས་ཀྱང་བྱ་བ་བཞུགས་སོ། །
༄༅། །ན་མོ་རཏྣ་གུ་རུ། རྗེ་བཙུན་དྭགས་པོ་སྙི་སྒོམ་གྱི་ཕྱག་རྒྱ་ཆེན་པོའི་གདམས་པ་འཁོར་བ་དང་སྐྱེ་ཤིས་འཇིགས་པའི་དོན་དུ་བླ་མའི་གསུང་དང་རང་གི་ཉམས་མྱོང་ཡི་གེར་བྲིས་པ། སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལྟ་སྤྱོད་གཉིས་སུ་འདུས། སྤྱོད་པ་ལ་འཆི་བ་དང་ལས་འབྲས་ལ་ཡིད་ཆེས་ནས་དད་པ་དང་སྙིང་རྗེ་ཆེ་བ། སྡིག་པ་ལ་འཛེམ་པ་དགེ་བ་ལ་བརྩོན་པ་ཞིག་དགོས། འཁོར་བ་འདི་ད་རེས་མ་ལྡོག་ན་འཁོར་བར་གཏན་འཁྱམས་ལ་འགྲོ་བས། འཁོར་བ་ལས་ཡིད་ཕྱུང་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཅི་ལྡན་དུ་བྱའོ། །ལྟ་བ་ལ་སྤྱིར་ཐེག་ཆེན་དང་ཐེག་དམན་གཉིས། ཐེག་ཆེན་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་ནི་རྟེན་འབྲེལ་ལ་སོགས་པའི་ལུང་རིགས་ཀྱི་སྒོ་ནས་སྣང་བ་རང་བཞིན་མེད་པར་གཏན་ལ་ཕབ་ནས་མོས་པའི་སྟོང་ཉིད་དུ་སྒོམ་པ་ཡིན་ཏེ་དེ་ནི་དབུ་མའི་སྒོམ་ལུགས་སོ། །དེ་རང་ཡང་བསྒོམ་བྱ་སྒོམ་བྱེད་བཅས་པའི་གཉིས་འཛིན་

p. 94

གྱི་བློར་འདུག །དེས་ལྟ་བ་མ་རྟོགས། དངོས་པོ་ལ་གནོད་པ་ཅུང་ཟད་བསྐྱལ་བས་སྒྲིབ་པ་དཔག་ཏུ་མེད་པ་འཛད་དེ་འཚང་རྒྱ་མི་ནུས་གསུངས། བཀའ་གདམས་པ་དང་མཚན་ཉིད་པ་ཐམས་ཅད་དེ་སྒོམ་པ་ཡིན་གསུངས། བླ་མ་མི་ལ་རས་པའི་ལུགས་ཀྱི་གསང་སྔགས་ལ་ཕྱག་རྒྱ་ཆེན་པོའི་བཞེད་ཀྱིས་འདི་སྐད་གསུངས། མི་དགེ་བ་བཅུ་གོམས་པས་ངན་སོང་གསུམ་དུ་འཁྱམས་པ་ནི་སྐྱོན་དུ་ལྟ་ན། དེ་ཡང་དགེ་བ་བཅུ་གོམས་པས་ལྷ་མིར་འཁྱམ། ཏིང་ངེ་འཛིན་གྱི་རོ་ལ་ཆགས་ནས་བསྒོམས་པས་ལྷ་ཚེ་རིང་པོར་སྐྱེ། དྲན་པས་ཟིན་པའི་རྣམ་རྟོག་ནི་ཡོན་ཏན། མ་ཟིན་པ་ནི་གཉིས་འཛིན་གྱི་སྐྱོན། རྟོག་མེད་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྒྲུབ་པར་འདོད། རྣམ་རྟོག་ལ་སོགས་པའི་སྐྱོན་ཐམས་ཅད་སྤོང་བར་འདོད་ན། དེ་ཡང་གཉིས་འཛིན་གྱི་བློ། སྟོང་པ་བསྒོམས་ཀྱང་བློ། ཡོད་མེད་དུ་བསྒོམས་ཀྱང་བློ། མདོར་ན་བསྒོམས་ཚད་བློ་དང་གཉིས་འཛིན་ལས་གྲོལ་བ་མེད་གསུངས། དེ་ལ་ཕྱག་རྒྱ་ཆེན་པོ་ནི། མི་རྟོག་པའང་སྟོང་ཉིད་བསྒོམ་པ་ལ་སོགས་པའི་ཡོན་ཏན་གང་ཡང་མི་སྒོམ། རྣམ་རྟོག་ལ་སོགས་པའི་སྐྱོན་གང་ཡང་མི་སྤོང་བ་ནི་ཡིད་ལ་ཅི་ཡང་མི་བྱེད་པ། གཉིས་འཛིན་གྱི་བློ་ལས་རང་གྲོལ་བ་དེ་ནི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །སེམས་ཁོ་རང་རྟོག་མེད་ལ་སོགས་པའི་ཡོན་ཏན་ལྡན་པར་འཆར་རུང་། སྐྱོན་ཐམས་ཅད་སྤངས་པར་འཆར་རུང་། སེམས་མི་འགྱུ་དགུ་འགྱུ། མི་དྲན་དགུ་དྲན། རྣ་བར་མ་ཐོས་དགུ་ཐོས། མིག་གིས་མ་མཐོང་དགུ་མཐོང་ཡང་དེ་ལ་དགག་སྒྲུབ་མ་བྱས་ན་རེ་དོགས་གཉིས་འཛིན་དང་བྲལ་ནས་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་དུ་འཆར་རོ། །རྗེ་སྙི་སྒོམ་པས། ཡོད་པར་ཡང་མི་སྒོམ་མེད་པར་ཡང་མི་སྒོམ་པར་དེ་ཙུག་ཏུ་འཇོག་པ་མ་ལགས་སམ་ཞུས་པས། ཡོད་མེད་ཀྱི་བཅས་བཅོས་མང་པོ་མི་བྱ། སེམས་མ་བཅོས་པ་ཇི་ལྟར་འདུག་པ་དེ་ལྟར་བཞག་གསུངས། རྣམ་རྟོག་བྱུང་

p. 95

ན་ཇི་ལྟར་བགྱི་ཞུས་པས། དེ་ཀ་ཙུག་ཏུ་བཞག་པས་ཆོག །ཁོ་རང་ཡལ་ལ་འགྲོ་སྤང་མི་དགོས་གསུངས། གྲྭ་པ་བཅུ་ཙམ་ཚོགས་དུས་སུ་ཕ་རོལ་ཏུ་ཕྱིན་པ་ནི་སྤོང་བའི་ལམ་ཡིན་པས་མི་སྡུག་པ་ལ་སོགས་པ་གཉེན་པོས་ཉོན་མོངས་པ་མགོ་ཐོག་ཏུ་སྤོང་བ་ཡིན་གསུངས། གསང་སྔགས་ནི་གཞི་སྒྱུར་བའི་ལམ་ཡིན་པས་དུག་ལྔ་དང་རྣམ་རྟོག་ཐམས་ཅད་ལམ་དུ་ཁྱེར་བ་ཡིན། དུག་ལྔ་དང་རྣམ་རྟོག་ལ་དགག་སྒྲུབ་གང་ཡང་མ་བྱས་པར་དེ་ཀ་ཙུག་སྐྱེར་བཅུག་པས་རང་ཞི་རང་གྲོལ་ནས་འགྲོ་ཡིས་གསུངས་སོ། །སྒམ་པོ་ནས་དྭགས་པོ་སྟོད་དུ་དགོང་མོ་གཅིག་བྱོན་དུས་གྲྭ་པ་ཐམས་ཅད་ཚོགས་ཙ་ན། སྒོམ་ཆེན་པ་ནི་རྣམ་རྟོག་མེད་པ་གཅིག་འདོད། རྣམ་རྟོག་ནི་འགག་ཏུ་མི་བཏུབ་པར་འདོད། སྒོམ་ཆེན་པ་འོ་བརྒྱལ་ཏེ་འགྲོ་གསུངས་སྐད། འོ་ནའང་ཤིང་ཇི་ལྟར་མང་བ་ལྟར་མེ་ཆེ་བ་ཡིན། རྣམ་རྟོག་ཇི་ལྟར་མང་བ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པ་ཡིན་པས་དུག་ལྔ་དང་རྣམ་རྟོག་དེ་ཀ་ལྟར་སྐྱེར་བཅུག་པས་ཆོག་གསུངས། དགག་སྒྲུབ་མེད་པར་མ་བཅོས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་འདི་རང་ཡིན་ནོ། །རང་ཅག་གིས་སངས་རྒྱས་ངོ་ཤེས་པ་དང་མ་ཤེས་པ་འདི་ཀ་རང་ཡིན་ནོ། །སངས་རྒྱས་ལ་ཡང་འདི་ཀ་ལས་མེད་གསུངས། ཚེས་གཅིག་གི་ཟླ་བ་དང་ཉའི་ཟླ་བ་ཙམ་དུ་ཁྱད་པར་མེད། དེ་བཞིན་དུ་མ་བཅོས་པར་བཞག་པས་གཉིས་མེད་ཀྱི་ཡེ་ཤེས་དེ་རིང་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་གཉིས་ལ་གཉིས་མེད་ཙམ་དུ་ཁྱད་པར་མེད། གཉིས་འཛིན་གྱི་རྣམ་པར་རྟོག་པ་རྦད་ཀྱིས་བཅད་ཙ་ན་སངས་རྒྱས་ཡིན་ཏེ། དེ་ཐོབ་པར་བྱེད་པ་ལ་འཇིག་རྟེན་གྱི་བྱ་བ་བོར། གཅིག་པུར་རི་ཁྲོད་བསྟེན་ནས་གཉིས་མེད་ཀྱི་ཡེ་ཤེས་རང་ཤུགས་སུ་བསྒོམ་ན་རིང་པོར་མི་ཐོགས་པར་སངས་རྒྱས་ཐོབ་གསུངས། བསྐལ་པ་

p. 96

གྲངས་མེད་གསུམ་དུ་ཚོགས་བསགས་པས་སངས་རྒྱས་པར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལམ་རིང་བ་ལ་དགོངས་པ་ཡིན། གསང་སྔགས་ཐབས་ཆེ་བ་ཡིན་པས་འདི་དང་བར་དོ་དང་ཕྱི་མ་གང་ཡང་རུང་བ་གཅིག་ལ་འཚང་རྒྱ་གསུངས། (གསུམ་པ་གཞན་གྱི་དྲུང་ན་)མ་བཅོས་པ་ལ་ལོ་གཅིག་སྒོམ་པ་རང་གིས་མངོན་པར་ཤེས་པ་འོང་སྟེ་གསུངས་སྐད། གཞན་དག་མི་རྟོག་པ་དུས་གཅིག་ལ་མཉམ་བཞག་བྱས་ནས་རྗེས་རྨི་ལམ་སྒྱུ་མ་ལྟ་བུར་སྒོམ་པ་ཡིན་གསུངས། རྗེ་བཙུན་གྱི་ལུགས་ཀྱིས་དུག་ལྔ་དང་རྣམ་རྟོག་གཉིས་མེད་ཀྱི་ཡེ་ཤེས་སུ་ཁྱེར་ནས་ཤིན་ཏུ་གོམས་ཙ་ན་ཐུན་མཚམས་མེད་པར་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་མཉམ་བཞག་འབའ་ཞིག་ཏུ་འཁྱེར་བ་ཡིན་གསུངས་སོ། །ལྷོ་ཕྱོགས་དཔལ་གྱི་རི་རྩེ་ལ་ཏཻ་ལོ་པས། དཔལ་ཕྱག་ན་རྡོ་རྗེ་ལ་ཞུས་པས། མ་བཅོས་པར་ཞོག་གསུངས། དེར་མར་བྱོན་པས་མ་བཅོས་པའི་དོན་མ་གོ་ནས། ཡར་ལ་ལོག་ནས་ཞུ་སྙམ་ཙ་ན། མཁའ་འགྲོ་མ་ཤྲཱི་དྷ་ར་དང་ཕྲད་ནས། རང་གི་སེམས་ལ་མ་ལྟ་མ་སྒོམ་ཐ་མལ་པར་ཞོག་མ་བཅོས་པ་འདི་རང་ཡིན་གསུངས་སྐད། བུད་མེད་ངན་པའི་ལྟོ་བ་ལ་འཁོར་ལོས་སྒྱུར་རྒྱལ་ཡོད་པ་དང་དབུལ་པོའི་ཁྱིམ་ན་གཏེར་ཡོད་ཀྱང་། བུད་མེད་ཀྱི་སྐྱོན་དང་གཏེར་ས་རྡུལ་གྱིས་གཡོགས་པའི་སྐྱོན་གྱིས་དགོས་པ་སྒྲུབ་མ་ནུས་པ་དང་འདྲ་བར། འཁོར་བ་ཐོག་མེད་ནས་ད་ལྟ་ཡན་ཆད་དུ་གཉུག་མ་མ་བཅོས་པའི་དོན་གཉིས་མེད་ཉིན་ཞག་ཕྲུགས་རེའི་ནང་དུ་ཡང་ནས་ཡང་དུ་སྐྱེ་ཡང་ངོ་མ་ཤེས་པས་ལུང་མ་བསྟན་དུ་སོང་ནས་རང་གཞན་གྱི་དགོས་པ་མ་གྲུབ་གསུངས། དངོས་གཞི་དགག་སྒྲུབ་མེད་པའི་མ་བཅོས་པ་འདི་རང་ཡེ་ཤེས་ཡིན་གསུངས། རྗེ་བཙུན་ཁྱི་ཐུལ་ཅན་གྱི་ཞལ་ནས། ཆོས་ཉིད་མ་བཅོས་པ་ལ་སོགས་པ་གཅིག་ཏུ་དྲན་པས་ཆོག །རྟག་ཏུ་ཏུར་རེ་བྱ་མི་དགོས། དྲན་པ་

p. 97

དེ་བོར་ཡང་བོར་དུ་མི་བཏུབ་པར་འོང་གི་གསུངས། དེ་ནས་གཉིད་མ་ལོག །ཆང་གིས་བག་མེད་དུ་མ་བཟི། ངག་གི་སྨྲ་བ་མང་པོ་མི་བྱ། ལུས་ཀྱི་བྲེལ་བ་མང་པོ་མི་བྱེད་ཀྱི་བར་དུ་རྟོག་མེད་དུ་འདུག་ཀྱང་རུང་། རྣམ་རྟོག་འབའ་ཞིག་ཏུ་འདུག་ཀྱང་རུང་། འཇིག་རྟེན་པའི་རྣམ་རྟོག་མིན། སྟོང་ཉིད་འབའ་ཞིག་ཡིན་གསུངས་སོ། །ཁོང་བཀའ་དྲིན་ཆེ། ཁོང་དང་འཕྲད་ཙ་ན་མ་བཅོས་པ་རང་སྒོམ་པ་ཡིན། དེ་རང་དུ་ཤེས་པ་འཐུམས་ནས་རྟོག་མེད་ར་རི་ལས་མ་བྱུང་། དེ་བས་འཇིག་རྟེན་པའི་རང་བཞིན་རང་ག་མར་སོང་། ཁོང་གི་དེས་དགག་སྒྲུབ་མེད་པའི་མ་བཅོས་པ་དེ་གཉིས་མེད་རང་གྲོལ་གྱི་དེར་གོ །དེ་ནས་རྗེ་བཙུན་སྙི་སྒོམ་ལ། སེམས་རང་བཞིན་མེད་པར་སྒོམ་པ་དེ་རང་བློ་མི་འགྲོའམ་ཞུས་པས། སེམས་རང་བཞིན་མེད་དོ། །ཆུ་ལ་ཆུ་ཐིམ་མོ། །རྟག་ཏུ་སྒོམ་མི་དགོས་གསུངས། དོན་གྱིས་བླ་མ་ཁྱི་ཐུལ་ཅན་གྱི་གསུང་ན་འདུག་གོ །འོ་ན་འཇིག་རྟེན་པ་རྣམས་ཀྱང་རྣམ་རྟོག་རང་གར་འདུག །རྣལ་འབྱོར་པ་ཡང་རང་ག་ཐ་མལ་གྱི་ཤེས་པར་འདུག་པ་ལ་དེ་གཉིས་ལ་ཁྱད་པར་ཅི་ཡོད། ཁྱད་པར་མེད་ན་འཇིག་རྟེན་པ་ལ་ཡང་རང་གྲོལ་དུ་མི་འགྲོའམ་སྙམ་ན། འཇིག་རྟེན་པ་ལ་རྣལ་འབྱོར་པའི་གདམས་ངག་མེད་པས་གཉིས་མེད་ངོ་མ་ཤེས་ཏེ་དགག་སྒྲུབ་གཉིས་འཛིན་འབའ་ཞིག་བྱུང་ངོ་། །གདམས་ངག་ཐོབ་ཀྱང་གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་སྣ་ཚོགས་སུ་འཆར་བ་ལ་ཡིད་མི་ཆེས་པས་གཉིས་འཛིན་གྱི་རྣམ་རྟོག་ལས་གྲོལ་ས་མེད་པར་སྐྱེས་སོ། །ཆོས་པ་རྣམས་ཀྱང་ཐོས་བསམ་སྒོམ་གསུམ་གྱི་གཉིས་འཛིན་གྱི་སྡུག་བསྔལ་གྱིས་སྦྱངས་སོ། །རྣལ་འབྱོར་པ་ནི་དགག་སྒྲུབ་ཀྱི་རྒྱུ་དང་བྲལ་ནས་གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་ཀྱི་རྣམ་རྟོག་བདེ་བ་ཆེན་པོ་སྣ་ཚོགས་སུ་འཆར་རོ། །དེ་གཉིས་ཀྱི་ཁྱད་པར་ནི་གནད་ཀ་དེ་ལས་བྱུང་ངོ་། །རྣལ་འབྱོར་པ་

p. 98

འགའ་ཞིག་ལ་དེ་གཉིས་ཀྱི་ཁྱད་པར་དྲིས་ཙ་ན། རྣལ་འབྱོར་པས་ངོ་ཤེས་པ་ཡིན། འཇིག་རྟེན་པས་ངོ་མ་ཤེས་པ་ཡིན་ཟེར། བསྒོམས་ནས་ངོ་ཤེས་སམ། མ་སྒོམ་ནས་ངོ་ཤེས། བསྒོམས་ནས་ངོ་ཤེས་ན་རྣམ་རྟོག་ཏུ་འགྲོ། མ་སྒོམ་པར་ངོ་ཤེས་ན་རང་གྲོལ་དུ་མི་འགྲོའམ་བྱས་ན་རྡུགས་ནས་འགྲོ་བར་འདུག་གོ །འགའ་ཞིག་ན་རེ། དྲན་པས་ཟིན་ན་མི་སྟོང་བསད་ཀྱང་ངན་སོང་དུ་མི་འགྲོ་ཟེར་རོ། །འོ་ན་བསྒོམས་པས་དྲན་པས་ཟིན་ནམ། མ་སྒོམ་པས་དྲན་པས་ཟིན་བྱས་པས། བསྒོམས་ན་བློར་འགྲོ་མ་སྒོམ་ན་རང་གྲོལ་ལམ་བྱས་ན་ཡང་རྡུགས་ནས་འགྲོ་བར་འདུག །འོ་ན་ཇི་ལྟར་ཡིན་ན། དགག་སྒྲུབ་ཀྱི་རྒྱུ་མེད་པ་ལ་མི་གསོད་པ་ལ་སོགས་པ་སྡིག་པའི་ལས་བྱ་བའི་དོན་མེད་དོ། །དྲན་པས་ཟིན་པ་དང་མ་ཟིན་པ་དང་། རྣམ་རྟོག་འཕྲོས་པ་ལ་ཉམ་ང་རྩིས་གདབ་བྱས་ན་གཉིས་མེད་ཀྱི་ཡེ་ཤེས་ལ་ཕར་འཐེན་ཚུར་འཐེན་བྱས་པས། སེམས་ཁ་དབྲག་ཏུ་སོང་ནས་ཁམས་མི་བདེ། སྙིང་རླུང་འཇུག །སྨྱོན་པར་འགྲོ་ཉེན་ཡོད་པས། རེ་དོགས་ཀྱི་རྩིས་གདབ་ཡེ་མི་བྱ། རྗེ་བཙུན་སྙི་སྒོམ་གྱི་ཞལ་ནས་ཀྱང་། ཡོད་པ་དང་མེད་པའི་བཅས་བཅོས་མི་བྱ་གསུངས་པའི་དགོངས་པ་ཡང་དེ་ཡིན་ནོ། །དེ་ཡང་མ་བཅོས་པར་བཞག་པས་སྣང་བ་དང་སྟོང་པ་གཉིས་མེད། ནང་ན་སྣང་བ་དང་སྟོང་པ་གཉིས་ཀྱི་སེམས་ཁ་དབྲག་ཏུ་སོང་བ་མ་ཚོར་བར་གཉིས་འཛིན་དུ་སོང་ནས་ཁམས་མི་བདེ། སྙིང་རླུང་འཇུག །ཐ་མལ་གྱི་ཤེས་པ་གཉིས་འཛིན་དུ་འཆོར། ཡང་ཞལ་ནས། སྒོམ་སེམས་ཐོག་ཏུ་གོ་དགོས་གསུངས། བོད་ཀྱི་ཆོས་པ་ལྟ་བ་མཐོ་བ་ཆོས་མཁས་པ་རྣམས་ཀྱང་། ཞེ་སྡང་ཕྲག་དོག་འབད་རྩོལ་ལ་སོགས་པ་གཉིས་འཛིན་འབའ་ཞིག་ཏུ་ཤར་རོ། །རང་སེམས་ལ་གང་ཤར་གྱི་ངོ་བོ་ལ་ལྟ། ཉ་ར་མི་བྱ་བར་གང་དགར་བཞག་པར་བྱའོ། །གང་དག་འཇོག་པའི་དྲན་པ་

p. 99

ལ་གཉིས་མེད་ཀྱི་རྣམ་རྟོག་ཙབ་ཙུབ་མང་པོ་སེམས་ལ་ཟུག་ན་ཁམས་མི་བདེ་ན། རྣམ་རྟོག་ཐམས་ཅད་སེམས་སུ་འདུས་པ་ལས་འོང་བ་ཡིན་པས་ཚུར་མི་བསྡུ་བར་གར་ཡེངས་ཡེངས་སུ་ལྷོད་དེ་བཞག་པས་མི་རྟོག་པ་དུམ་ཅིག་སྐྱེ། དེས་ཁམས་བདེ་སྟེ་འོང་། ལ་ལ་གོམས་ནས་རང་ཤུགས་སུ་མི་རྟོག་པ་ཡུན་རིང་དུ་སྐྱེའོ། །གློད་ནས་འཇོག་པ་དེ་བག་ཅིག་དྲན་པས་ཆོག །དེ་ནས་རང་ཤུགས་སུ་ཚུར་མི་བསྡུ་བར་ལྷོད་དེ་བཞག །རང་ཤུགས་ཀྱི་རྟོག་མེད་དེ་སེམས་གནས་པ་གཤའ་མ་ཡིན། རྩ་རླུང་ལ་སོགས་པའི་རྟགས་མེད་སྣང་དུམ་རེ་བ་དེ་སེམས་བཙན་བཟུང་གི་སེམས་འཛིན་བྱ་བ་ཡིན་གྱི་སེམས་གཤའ་མ་མིན་ནོ། །སེམས་ཁོ་རང་རྟོག་མེད་དུ་བདེའམ། མིག་བཙུམ་པ་བདེའམ། ཕྱེ་བ་བདེའམ། ཉལ་བ་ལ་སོགས་པའི་སྤྱོད་ལམ་གང་བདེར་གཞག་གོ །དགག་སྒྲུབ་ཀྱི་རྩོལ་བ་མི་བྱ་བར་མི་རྟོག་པར་འདུག་ཀྱང་རུང་། རྣམ་རྟོག་སྣ་ཚོགས་སུ་འཆར་གྱིན་འདུག་ཀྱང་མ་བཅོས་པར་བཞག་པ་རང་གིས་གཉིས་འཛིན་དང་བྲལ། གཉིས་མེད་ཀྱི་ཡེ་ཤེས་རང་ཤར་དུ་འདུག་ཨང་སྙམ་པའི་གོ་བ་བྱུང་ཙ་ན། སེམས་ཁོ་རང་གི་ངོ་བོའམ། གཤིས་སམ། འདུག་ཚུལ་ངོ་ཤེས་པ་ཡིན་ནོ། །དེ་ལྟར་གོ་ན་སྒོམ་བྱ་མི་དགོས། བོར་བའམ། བཞག་ཏུ་མི་བཏུབ་པར་སྒོམ་དབང་མེད་དུ་སྐྱེ་བ་ཡིན་ནོ། །རྣམ་རྟོག་སྣ་ཚོགས་དགག་ཏུ་མི་བཏུབ་པར་འཆར་བར་འདུག་ཙ་ན། གཉིས་མེད་ཀྱི་ཡེ་ཤེས་ཀྱང་དགག་ཏུ་མི་བཏུབ་པར་འཆར་རོ། །ཡང་རིན་པོ་ཆེ་ལ། རང་གི་སེམས་ཀྱི་ངོ་བོ་ཤེས་པ་ཇི་ལྟ་བུ་ལགས་ཞུས་པས། མ་བཅོས་པ་ལ་མ་བཅོས་པར་ཤེས་པ་དེ་ཡིན་གསུངས་སོ། །སེམས་ཉིད་ཁོ་རང་སྤང་བྱ་དང་གཉེན་པོ་ཐམས་ཅད་དང་བྲལ་བར་འདུག་པ་དེ་ཡིན། ངེད་ཀྱིས་ཀྱང་མ་བཅོས་པར་བཞག །མ་བཅོས་པར་བཞག་པས་དགག་སྒྲུབ་ཀྱི་བྱ་རྒྱུ་དང་བྲལ་ནས་གཉིས་

p. 100

མེད་ཡེ་ཤེས་རང་འཆར་ཏེ་དེ་ནི་མི་རྟོག་པ་ཡིན། ལྐུགས་པས་བུ་རམ་མུར་བའམ། གཞོན་ནུ་མས་འདོད་ཆགས་ཀྱི་བདེ་བ་མྱོང་བ་ལྟ་བུའི་རྒྱུ་མེད་པར་གཉིས་མེད་ཀྱི་ཡེ་ཤེས་གསལ་བ་དེ་ནི་གསལ་བ་ཡིན། མི་རྟོག་པ་དང་གསལ་བར་བྱུང་ཙ་ན། གཉིས་འཛིན་གྱིས་བྱ་རྒྱུ་ཐམས་ཅད་རང་ཤུགས་ཀྱིས་འགག་ནས་འགྲོ། དེ་ཙ་ན་སེམས་བདེ། སེམས་བདེ་བས་ལུས་བདེ་བ་ལྟར། བདེ་གསལ་མི་རྟོག་པ་གསུམ་གྱི་ཕན་ཡོན་མཐོང་ཆོས་ཀྱི་ལས་ཚེ་འདི་ལ་འབྱུང་ངོ་། །གཉིས་མེད་མི་གསལ་བདེ་ལ་ཤིན་ཏུ་གསལ་བ་སྟེ། སྣ་ཚོགས་སུ་འཆར་བ་འདི་བྱིང་བ་དང་བྲལ་ན་གཉིས་མེད་དུ་འཆར་རོ། །གཉིས་འཛིན་ལས་འཕྲོས་པ་ལ་རྒོད་པ་ཟེར་བ་ཡིན་ཏེ། མ་བཅོས་པར་རང་གར་བཞག་པས་གཉིས་འཛིན་ལས་བྲལ་ཞིང་བྱིང་རྒོད་ཀྱི་བདུད་དང་བྲལ་ནས་འགྲོའོ། །རྗེ་བཙུན་གྱི་ཞལ་ནས། འཇིག་རྟེན་གྱི་བྱ་བ་བོར་ནས་གཉིས་མེད་ཀྱི་ཡེ་ཤེས་བསྒོམས་ན། གཉིས་འཛིན་རྦད་ཀྱིས་ཆོད་ནས་དབང་པོ་རབ་ཚེ་འདི་ཉིད་ལ་འཚང་རྒྱ། དྲན་པ་གཅིག་པོ་ལས་མེད་ཅིང་། དྲན་པ་གཅིག་པོ་གཉིས་མེད་ཀྱི་ངང་ལ་གནས་ཙ་ན། སྲིད་པ་བར་མ་དོར་ཤི་ནས་ཞག་ཕྱེད་དང་བཞིའི་ནང་དུ་རྣལ་འབྱོར་པ་དོན་མ་གྲུབ་ན་ལས་དགེ་སྡིག་གར་གོམས་སུ་གསལ། དེས་རྐྱེན་བྱས་ནས་འབྲས་བུ་བདེ་སྡུག་གི་ལུས་འཛིན་པས་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཡིན་ན། དེ་གསལ་ནས་ལུས་མི་ལེན་པར་འཚང་རྒྱའོ། །སྐྱེ་བ་འདི་དང་བར་དོ་ལ་སངས་མ་རྒྱས་ན་ཕྱི་མ་ལ་མི་ལུས་བླངས་ནས་འཚང་རྒྱའོ། །ཞེས་བླ་མ་མི་ལ་གསུངས་སྐད། བྱང་ཆུབ་སེམས་དཔའི་ཞལ་ནས། དེ་ལ་སངས་མ་རྒྱས་ན་ཡང་ཕྱི་མ་ལ་འཚང་རྒྱ། དེ་ལ་འཚང་མ་རྒྱས་ན་དམ་ཚིག་གི་སྐྱོན་བྱུང་བ་ཡིན་པས་དམྱལ་བར་ཐེངས་གཅིག་འགྲོ་དགོས་གསུངས་སྐད། རྒྱུད་སྡེ་ཁ་ཅིག་ནས། སྐྱེ་བ་བདུན་དུ་མི་ལུས་བླངས་ནས་

p. 101

ཕྱག་རྒྱ་ཆེན་པོ་བསྒོམས་ན་འཚང་རྒྱ་བར་གསུངས་པ་ཡང་ཡོད། འོ་ན་ཚེ་འདི་ལ་ཡང་གཉིས་འཛིན་གྱི་རྣམ་པར་རྟོག་པ་ཅན་ལ་ཕྱི་རོལ་གྱི་བདུད་འོང་བ་ལ་རེ་དོགས་མེད་པར་གཉིས་མེད་ཀྱི་ཡེ་ཤེས་སྒོམ་ཞིང་། བླ་མ་རྣམས་ལ་དད་གུས་བྱས་ན་ཕྱི་རོལ་གྱི་བདུད་ཀྱིས་ཚུགས་པའི་གནས་མེད་དོ། །རང་གི་ཉམས་མྱོང་བྲིས་པའི་ལྡེ་མིག་ཅེས་བྱ་བའོ།། ༈ ན་མོ་ཌཱ་ཀི་ནཱི་ཡེ། རང་གི་སེམས་ལ་མ་ལྟ་ཞེས་པ་ནི། སྟོང་ཉིད་དང་མི་རྟོག་པ་དང་ཡེངས་པ་དང་། ཕར་འཕྲོས་པ་དང་། ཚུར་འདུས་པ་དང་། དྲན་པས་ཟིན་པ་དང་། མ་ཟིན་པ་དང་། སྒོམ་སྙམ་པའི་རྩིས་གདབ་ཅན་གྱི་སེམས་ཀྱིས་སེམས་ལ་མི་ལྟའོ། །དེས་ན་རང་སེམས་གར་འཆར་དུ་བཞག །མ་སྒོམ་ཞེས་པ་ནི། སྒོམ་པ་ཐམས་ཅད་བློ་ཡིན་གསུངས་པས། གཉིས་མེད་ཀྱི་ཡེ་ཤེས་བསྒོམ་མི་དགོས་པར་རང་ལ་རང་ཆས་སུ་ཡོད་པ་ངོ་ཤེས་པས་ཆོག །སྟོང་ཉིད་ལ་སོགས་པ་ཅི་ཡང་མི་སྒོམ་མོ། །འཇིག་རྟེན་གྱི་བྱ་བ་བོར་ནས་དབེན་པར་གཅིག་པུར་བསྡད་ན། སྒོམ་མི་དགོས་པར་གཉིས་མེད་ཀྱི་ཡེ་ཤེས་ཀྱི་དྲན་པ་བོར་དུ་མི་བཏུབ་པ་རང་ཤུགས་སུ་འཆར་རོ། །རྣམ་པར་རྟོག་པ་ལ་སྐྱོན་དུ་ལྟ་ཞིང་ཉམས་ལེན་བྱས་ན་དེར་ཡང་གཉིས་འཛིན་ཡིན། གསེར་ཞོ་གཅིག་གི་དངོས་པོ་ལ་བརྟེན་ནས་གཉིས་འཛིན་གྱི་རྣམ་རྟོག་རྒྱས་ནས་འགྲོའོ། །དེ་ནི་རྣམ་རྟོག་ཡོད་མེད་ལ་སྐྱོན་ཡོན་དུ་བསྒོམས་པ་ལས་བྱུང་བ་ཡིན་ནོ། །དེས་ན་བློས་བྱས་པའི་ཆོས་མི་སྒོམ་པར་ཐ་མལ་པར་བཞག་ཅེས་པ་ནི། མི་རྟོག་པ་འཆར་དུ་རེ་བ་ལ་སོགས་པ་རྣམ་རྟོག་སྣ་ཚོགས་སུ་འཆར་བའི་ཐ་མལ་གྱི་ཤེས་པ་འདི་ཉིད་དང་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པ་སྟོང་ཉིད་སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ཡིན་གྱི། ལོགས་ན་མི་རྟོག་པ་ལ་སོགས་པའི་ཡོན་ཏན་ཅི་ཡང་སྒོམ་དུ་མེད་གསུངས། དེས་ན། ཐ་མལ་པར་ཞོག་མ་བཅོས་པ་དེ་ཡིན་ཞེས་པ་ནི།
གོང་གི་རང་སེམས་ལ་མ་ལྟ་ཞེས་པ་ལ་སོགས་པ་གསུམ་པོ་དེ་ཀ་རང་མ་བཅོས་པ་ཡིན། མདོར་ན། ཡོད་པ་དང་མེད་པ། སྟོང་པ་དང་མི་སྟོང་པ། རྟོག་པ་དང་མི་རྟོག་པ། བཟང་བ་དང་ངན་པ། ལེགས་པ་དང་མི་ལེགས་པ་ལ་སོགས་པའི་དགག་སྒྲུབ་དང་། བཅས་བཅོས་གང་ཡང་མི་བྱ་བར་ཇི་ལྟར་འཆར་འཆར་དུ་འཇོག་པའི་ཐ་མལ་པའི་ཤེས་པ་འདི་ཉིད་ཁོ་ན་མ་བཅོས་པ་ཡིན་གསུངས་སོ། །ཕྱག་རྒྱ་ཆེན་པོ་སྐྱེ་མེད་ཀྱི་རྩ་བ། རྗེ་བཙུན་དྭགས་པོ་རིན་པོ་ཆེ་སྙི་སྒོམ་གྱི་ཞལ་གདམས་སོ།། །།

ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྙིང་པོའི་ངོ་སྤྲོད་དོན་དམ་གཏེར་མཛོད།

p. 102

༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྙིང་པོའི་ངོ་སྤྲོད་དོན་དམ་གཏེར་མཛོད་བཞུགས་སོ། །
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངེས་དོན་ཕྱག་རྒྱ་ཆེན་པོ་ཡི། །སྙན་ནས་སྙན་དུ་གདམས་པ་འདི། །མི་བརྗེད་གཟུངས་ནི་མ་ཐོབ་པས། །དྲན་པ་གསོ་ཕྱིར་བྲི་བར་བྱ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་གསུང་ནས། ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས། སྣང་སྲིད་འཁོར་འདས་ཙམ་གཉུག་མའི་ངང་དུ་གཅིག་གོ །འདས་པའི་སོང་ཚད། མ་འོངས་པའི་འོང་ཚད། ད་ལྟ་དྲན་པ་སྣ་ཚོགས་ཅིར་སྣང་ཅིར་ཤར་ཡང་དེ་གསུམ་ཀ་གཉུག་མའི་ངོ་བོར་གཅིག་གོ །འདས་པའི་དུས་ན་ཆོས་ཉིད་གཉུག་མར་གནས། མ་འོངས་པའི་དུས་ན་ཡང་ཆོས་ཉིད་གཉུག་མར་གནས། ད་ལྟ་དྲན་པ་སྣ་ཚོགས་ཅི་ཤར་ཡང་ཆོས་ཉིད་གཉུག་མའི་ངང་ལས་མི་འདའ། འདས་མ་འོངས་ད་ལྟ་གསུམ་དུས་ལ་ཁྱད་པར་མེད་པར་རྟོགས་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཕྱག་ནི། སྣང་སྲིད་འཁོར་འདས་ཙམ་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་

p. 103

འདའ་བར་རྟོགས་པ་ནི་ཕྱག་གོ །ཅིར་སྣང་ཅིར་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ། །དེ་ལྟར་རྟོགས་པའི་གང་ཟག་དེ། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས། །དཔེ་གསེར་བཙོ་མ་དང་འདྲའོ། །ཕྱི་ནང་ལྷན་སྐྱེས་དོན་དེ་ལ། །འདུ་འབྲལ་མེད་པ་རྟག་ཏུ་གནས། །རང་ཅི་ཙུག་གནས་བྱས་པ་ལ། །གཉུག་མའི་ངོ་བོ་གང་ཤར་ལྟོས། །གཉུག་མའི་ངང་ལ་ཞེ་སྡང་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ཞེ་སྡང་རང་སར་དག །གཉུག་མའི་ངང་ལ་འདོད་ཆགས་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་འདོད་ཆགས་རང་སར་དག །གཉུག་མའི་ངང་ལས་གཏི་མུག་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་གཏི་མུག་རང་སར་དག །གཉུག་མའི་ངང་ལས་ཕྲག་དོག་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ཕྲག་དོག་རང་སར་དག །གཉུག་མའི་ངང་ལས་ང་རྒྱལ་བྱུང་། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ང་རྒྱལ་རང་སར་དག །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་སྣ་མང་དུ་བྱུང་གྱུར་ཀྱང་། །ངོ་བོ་ཆུ་ཡི་ངོ་བོར་གཅིག །གཅིག་པ་དེ་ལྟར་རྟག་ཏུ་གནས། །ཆུ་བོ་ཀླུང་འབྱམས་བསམ་གཏན་བྱ། །རྟག་ཏུ་གནས་པའི་དོན་དེ་ལ། །འདུ་འབྲལ་མེད་པར་རྟག་ཏུ་གནས། །སྐྱེ་བྲི་མེད་པར་རྟག་ཏུ་གནས། །སྤང་ཐོབ་མེད་པར་རྟག་ཏུ་གནས། །འཕེལ་འགྲིབ་མེད་པར་རྟག་ཏུ་གནས། །འབྱུང་འཇུག་མེད་པར་རྟག་ཏུ་གནས། །རྟག་ཏུ་ཆོས་ཉིད་གཉུག་མར་གནས། །ཅིར་སྣང་ཕྱག་རྒྱ་ཆེན་པོར་གནས། །ལུས་ཀྱིས་མཛད་སྤྱོད་ཅི་བྱེད་ཀྱང་། །ངག་གིས་གླེང་བརྗོད་ཅི་སྨྲ་ཡང་། །ཕྱག་རྒྱ་ཆེན་པོའི་ངོ་བོར་གནས། །དེ་ལྟར་རྟོགས་པའི་གང་ཟག་དེ། །ཆུ་བོ་རླུང་འབྱམས་བསམ་གཏན་ཟིན། །གཉུག་མ་རྒྱུན་མི་འཆད་པར་གནས། །རང་ལས་གཞན་དུ་བཙལ་དུ་མེད། །རྒྱུན་དུ་གནས་

p. 104

པའི་དོན་དེ་ལ། །ཐོག་མ་མེད་པར་རང་ལ་གནས། །མཐའ་དབུས་མེད་པར་རང་ལ་གནས། །གསལ་འགྲིབ་མེད་པར་རང་ལ་གནས། །འཕོ་འགྱུར་མེད་པར་རང་ལ་གནས། །དགོས་འདོད་འབྱུང་བ་རང་ལ་གནས། །རང་ལ་གནས་པའི་དོན་དེ་ལ། །གཞན་ནས་བཙལ་བས་རྙེད་མི་སྲིད། །མི་མཐུན་སྤང་དུ་མེད་པ་ཡིན། །ཆོས་ཉིད་གཉུག་མའི་དོན་དེ་ལ། །གང་ཤར་ཆོས་ཉིད་རང་གྲོལ་ནས། །དཔེ་ནི་ནམ་མཁའ་དྭངས་པ་ལ། །སྤྲིན་དང་ན་བུན་ལ་སོགས་པ། །ནམ་མཁའི་ངང་ལ་རང་སར་གྲོལ། །རྐྱེན་དང་གཉེན་པོ་དེ་ལ་མེད། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །ཉམས་མྱོང་སྤང་དུ་མེད་པའི་དཔེ། །དཔེར་ན་རིན་ཆེན་གསེར་གླིང་ན། །ཐམས་ཅད་གསེར་ལ་བྱས་པ་བཞིན། །དེས་ན་མི་མཐུན་སྤང་དུ་མེད། །གཉེན་པོས་བཅོས་སུ་མེད་པ་ཡིན། །མི་མཐུན་སྤང་དུ་མེད་པའི་དོན་དེ་ལ། །གཉེན་པོས་བཅོས་སུ་མེད་པས་གྲུབ་པ་མེད། །ཡེ་ནས་ཡིན་པས་གཉེན་པོ་མེད། །ཆོས་ཉིད་རང་སར་གྲོལ་ནས་གནས་པ་ལ། །དེ་ལ་གཉེན་པོས་བཅོས་མི་དགོས། །འབྲས་བུ་སྒྲུབ་ཏུ་མེད་པ་ཡིན། །གཉེན་པོ་མེད་པའི་ཆོས་ཉིད་དེ། །རང་ལ་གནས་པར་རྟོགས་ཙ་ན། །འབྲས་བུ་ལོགས་ནས་སྒྲུབ་མི་དགོས། །གཉུག་མ་རང་ལ་སྨིན་ཙ་ན། །འབྲས་བུ་གཞན་ལ་རེ་བ་མེད། །རེ་དོགས་མེད་པའི་འབྲས་བུ་དེ། །འབྲས་བུ་རེ་དོགས་མེད་པར་གོ །དཔེར་ན་ནམ་མཁའ་དྭངས་པ་འདྲ། །ལྟ་བ་ངོས་བཟུང་མེད་པ་ཡིན། །འབྲས་བུ་སྒྲུབ་ཏུ་མེད་ཙ་ན། །ལྟ་བ་ངོས་བཟུང་མེད་པར་ངེས། །ཆོས་ཉིད་གཉུག་མའི་དོན་དེ་ལ། །རྟོག་པའི་རྒྱུད་ལ་མ་བྱུང་བས། །ལྟ་བ་ངོས་བཟུང་མེད་པར་ངེས། །དབྱིབས་དང་ཁ་དོག་དང་བྲལ་བས། །ལྟ་བ་ངོས་བཟུང་མེད་པར་ངེས། །སྤྲོས་པའི་མཐའ་དང་བྲལ་བ་ཡིས། །ལྟ་བ་ངོས་བཟུང་མེད་པར་ངེས། །དཔེར་ན་ཆུ་ཡི་ཟླ་བ་འདྲ། །དེ་ཉིད་སྒོམ་དུ་མེད་པ་ཡིན། །ལྟ་
བ་ངོས་བཟུང་མེད་པ་དེ། །རང་ལ་གནས་པར་རྟོགས་ཙ་ན། །དེ་ཉིད་གཞན་ནས་སྒོམ་དུ་མེད། །ལུས་ཀྱི་སྒོ་ནས་དེ་མི་འཚོལ། །ངག་གི་སྒོ་ནས་དེ་མི་བརྗོད། །ཡིད་ཀྱི་སྒོ་ནས་དེ་མི་སེམས། །བསྒོམ་དང་མི་སྒོམ་རྩིས་གདབ་མེད། །བརྗོད་པ་མེད་པས་ཕྱག་རྒྱ་ཆེ། །བྱ་རྩོལ་བྲལ་བས་གནས་ཙ་ན། །གཉུག་མ་རྒྱུན་མི་ཆད་པར་གནས། །དཔེར་ན་ཆུ་བོའི་རྒྱུན་དང་འདྲ། །ཚིག་ཕྱིར་མི་འབྲང་སེམས་ལ་རྔུབ། །སྐལ་ལྡན་རྣམས་ཀྱིས་གསོལ་བཏབ་པས། །གདམས་ངག་ཡི་གེར་བྲིས་པ་ཡིན། །བླ་མ་ཡི་དམ་མཁའ་འགྲོས་བཟོད། །མཛད་ནས་དངོས་གྲུབ་སྩལ་དུ་གསོལ། །

ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་ལྷན་སྐྱེས་ཡེ་ཤེས་ཀྱི་གདམས་པ།

p. 105

༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་ལྷན་སྐྱེས་ཡེ་ཤེས་ཀྱི་གདམས་པ་བཞུགས་སོ། །
༄༅། །ན་མོ་གུ་རུ། རང་རིག་གསལ་བ་འགྲོ་བ་ཀུན་ལ་ཁྱབ། །དབྱེར་མེད་ཚུལ་གྱིས་མ་སྐྱེས་རང་བཞིན་ཡིན། །ས་ལམ་བགྲོད་མེད་འབྲས་བུ་བློ་ལས་འདས། །སྙིང་པོའི་དོན་ནི་རྟོག་གེའི་ཡུལ་ལས་འདས། །རྒྱལ་བའི་དགོངས་པ་ཉག་གཅིག་བསམ་དུ་མེད། །དག་དང་མ་དག་འཁོར་འདས་གཟུགས་བརྙན་རྣམས། །སྣང་ཡང་སྐྱེ་བ་མེད་པའི་ངང་དུ་གཅིག །སྐྱེ་མེད་འདི་ལ་གཉིས་སུ་མེད་པ་ཡིན། །བདེ་ཆེན་མི་རྟོག་རྒྱུན་དུ་ངང་ལ་གནས། །འཛིན་རྟོག་གཉིས་འདས་མ་བཅོས་ཆོས་ཀྱི་སྐུ། །སྨྲ་མེད་ཉམས་སུ་མྱོང་བ་རྒྱུན་མི་འཆད། །དོན་དམ་དམིགས་སུ་མེད་པའི་དབྱིངས་སུ་རོ་གཅིག་ཉིད། །འཆར་ནུབ་མེད་ན་རྣམ་རྟོག་མུན་པ་ནུབ། །མཐའ་

p. 106

དབུས་མེད་པའི་ཆོས་ཉིད་ནི། །ནམ་མཁའ་ལྟ་བུར་ཐམས་ཅད་ལ། །མ་ཁྱབ་པ་ནི་མེད་པས་ན། །ངོ་མཚར་ཆེ་སྟེ་ཉམས་མྱོང་སྨྲ་མི་བཏུབ། །དབྱེར་མེད་རྟོགས་ན་ལྟ་ངན་མྱུར་དུ་འཇོམས། །འཁོར་འདས་གཉིས་ཀྱི་རེ་དོགས་བྲལ། །དངོས་པོ་ཐམས་ཅད་མཉམ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རྟོག་པ་སྤངས་ཤིང་མི་རྟོག་མི་སྒོམ་དེ། །ཁོ་ན་ཉིད་ལ་གཉེན་པོ་མེད་དེ་རང་སར་གནས། །གཞན་ན་ཡོད་ན་ཀུན་གྱིས་མཐོང་བར་རིགས། །རང་ལ་ཡོད་པས་ལྐོག་གྱུར་བླ་མའི་ཞལ། །རང་གི་སེམས་ཉིད་སངས་རྒྱས་ཁོ་ན་ཡིན། །ཕྱག་རྒྱ་ཆེན་པོའི་ཡོན་ཏན་ནམ་མཁའ་འདྲ། །ཕྱག་རྒྱ་ཆེན་པོ་རང་ལས་གཞན་མེད་ཕྱིར། །མཆོད་རྫས་མཆོད་གནས་མཆོད་པ་རང་ཉིད་ཡིན། །ངོ་བོ་བློ་ཡི་ཡུལ་ལས་ཤིན་ཏུ་འདས། །རང་ཉིད་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པས། །འཁྲུལ་དང་མ་འཁྲུལ་བློ་ཡི་ཡུལ་ལས་འདས། །འོད་གསལ་ཆེན་པོ་གཉུག་མའི་ངོ་བོ་ཉིད། །གསལ་རྒྱུ་མེད་པས་བྱང་ཆུབ་སེམས་སུ་གཅིག །གཉིས་སུ་མེད་པས་འཁོར་བའི་རང་བཞིན་མེད། །དེ་ཉིད་ཤེས་ན་སྣང་བའི་ལོངས་སྤྱོད་ཡིན། །མྱོང་སྣང་ཐམས་ཅད་སྨྲ་མི་བཏུབ་པས་ན། །གཞོན་ནུ་མ་ཡི་བདེ་བ་ཇི་བཞིན་དུ། །བདག་དང་གཞན་དོན་གཉིས་མེད་གསལ་བའི་ངང་། །དངོས་དང་དངོས་མེད་ཡོངས་སུ་བཏང་ནས་འཁོར་བ་མེད། །སེམས་ཀྱི་རང་བཞིན་སངས་རྒྱས་གཉིས་མེད་ངང་། །དྲན་རིག་ཐམས་ཅད་མ་བསྒྲིམས་གློད་ལ་བཞག །ཐམས་ཅད་མཁྱེན་པའི་ངོ་བོར་འདི་འདྲ་མེད། །ཁོ་ན་ཉིད་ཀྱིས་རྟོགས་པར་ཐེ་ཚོམ་མེད། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །རང་གིས་ཉམས་སུ་མྱོང་བ་དེ་ཁོ་ནའོ། །རང་རིག་རང་ལ་འབར་ན་འཛིན་རྟོག་ཟད། །ཤེས་རབ་རང་བཞིན་ཏིང་འཛིན་དགོས་མི་འགྱུར། །རྟོགས་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང་། །གདོད་ནས་དག་པས་རྟོག་མེད་ངང་ལ་ཐིམ། །ཡེ་ཤེས་རང་

p. 107

བཞིན་སྐྱེ་འགག་མེད་པར་རྟོགས། །བློ་ལས་འདས་པས་མནོ་བསམ་ཡུལ་མ་ཡིན། །སེམས་ཅན་སངས་རྒྱས་བསམ་གྱིས་མི་ཁྱབ་པ། །སྐྱེ་མེད་རྟོགས་པའི་ཡུལ་ནི་བློར་མི་སྣང་། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བརྟེན་པའི་ཉན་ཐོས་ལ་སོགས་སྲེག །རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་ལྡན། །ཐོག་མཐའ་བྲལ་ཕྱིར་སྔ་ཕྱིའི་དུས་མི་དམིགས། །དེ་ཕྱིར་དངོས་མེད་ཡེ་ཤེས་རྟོགས་པའི་ལམ། །གང་དུ་བལྟས་ཀྱང་ཡེ་ཤེས་རང་ལ་རྙེད། །གཏེར་རྙེད་བདག་གཞན་གཉིས་ཀའི་དོན་མ་རྨོངས། །ཐུགས་རྗེའི་སྤྲུལ་པས་ནམ་མཁའི་ཁམས་ཀུན་འགེངས། །དོན་དམ་རབ་ཏུ་མི་གནས་རྒྱལ་བའི་ཐུགས། །ཐུགས་ཀྱི་དགོངས་པ་དབྱིངས་ལས་མ་བསྐྱོད་ཀྱང་། །ཚིམ་ཞིང་མགུ་ནས་རབ་ཏུ་མི་གནས་སྟོན་པར་བྱེད། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་གསལ་བར་སྟོན། །ཐོག་མཐའ་མེད་ནས་སྲིད་པའི་རྒྱ་མཚོར་གཡེངས། །སྡུག་བསྔལ་སྲིད་དང་མྱ་ངན་འདས་པའི་ཆོས། །རང་གི་སེམས་ཡིན་ཐག་ཆོད་བསམ་དུ་མེད། །བློ་ལས་འདས་པ་སྒོམ་དུ་མེད། །གདོད་ནས་གནས་པ་ལྷན་ཅིག་སྐྱེས། །སྐྱེ་བ་མེད་པའི་ཆོ་འཕྲུལ་ལས། །གཟུགས་ཀྱི་སྐུ་རུ་བྱུང་བ་ཡིན། །ཆོས་སྐུ་ཡེ་ཤེས་ཆེན་པོ་རང་། །ལོངས་སྐུ་སྤྲུལ་སྐུར་ཤར་བ་ཡིན། །རྟོག་པའི་སྒོ་ནས་ཐ་དད་ཙམ། །ངོ་བོ་གཅིག་ལས་མེད་པ་ཡིན། །ཉམས་སུ་བླང་བའི་གདམས་ངག་ཀྱང་། །རྨོངས་པ་རྣམས་ནི་འདི་ལྟ་སྟེ། །མཉམ་བཞག་རྗེས་ཐོབ་དག་ཏུ་འདོད། །ཐུན་དུ་བཅད་ནས་སྒོམ་པར་འདོད། །དམིགས་མེད་གར་ཡང་མ་འཕྲོས་ལ། །ཕྱག་རྒྱ་ཆེན་པོ་སྒོམ་པར་འདོད། །དེ་ལྟར་བྱོལ་སོང་རྣམས་འདོད་དོ། །ས་ར་ཧ་ནི་འདི་ལྟར་འདོད། །དབང་པོ་དྲུག་གི་སྤྱོད་ཡུལ་དུ། །སྣང་བའི་དབང་པོ་ཐམས་ཅད་ནི། །འབད་རྩོལ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་མེད་པར་རྟོགས་པར་བྱ། །བསམ་དང་བྲལ་

p. 108

བའི་ཚུལ་གྱིས་སུ། །སྣང་བ་དངོས་མེད་རྟོགས་པར་བྱ། །སྤྱོད་པ་མེད་པའི་རང་བཞིན་ལས། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱ། །རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས། །ཐམས་ཅད་ལྷན་སྐྱེས་རྟོགས་པར་བྱ། །བླང་དོར་མེད་པའི་མཆོག་ཡིན་ནོ། །ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །འཁོར་བ་ཡེ་ནས་མྱང་འདས་ཡིན། །སེམས་ཉིད་ཡེ་ནས་གྲོལ་བ་ཡིན། །དུག་ལྔ་སྨན་གྱི་རང་བཞིན་ཡིན། །ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །འོན་ཀྱང་མ་རྟོགས་འཁོར་བར་འཁྱམས་པ་ཡིན། །འཁོར་བ་ཟློག་ལ་བླ་མའི་གདམས་ངག་དགོས། །དབུལ་པོའི་གཏེར་ནི་ཇི་བཞིན་དུ། །རང་ལ་ཡོད་ཀྱང་མ་རྟོགས་སོ། །དེས་ན་བླ་མའི་གདམས་ངག་གིས། །སྐད་ཅིག་ཙམ་ཡང་མ་ཡེངས་པར། །ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་། །བྱ་བ་བཏང་ལ་ཉམས་སུ་བླང་། །ཕྱག་རྒྱ་ཆེན་པོ་དང་འབྲེལ་བའི། །སྤྱོད་པ་རྣམ་གསུམ་བསྟན་པར་བྱ། །གསང་སྤྱོད་རིག་སྤྱོད་ཚོགས་སྤྱོད་གསུམ། །ཕྱག་རྒྱ་ཆེན་པོའི་དུས་སུ་བྱ། །དེ་ཉིད་རྟོགས་ཤིང་ནུས་མེད་པ། །དེ་ཡི་དུས་སུ་གསང་སྤྱོད་བྱ། །ནུས་པ་དག་ནི་སྐྱེས་གྱུར་ན། །དེ་ནས་རིག་པའི་བརྟུལ་ཞུགས་སྤྱོད། །ཚོགས་སྤྱོད་ཟླ་གཅིག་སྤྱོད་པའོ། །འདོད་པ་གཡེང་བ་ཞི་བ་དང་། །ཏིང་འཛིན་བརྟན་པའི་དགོས་པ་ཡོད། །སྤྱོད་པ་མཐར་ཕྱིན་གལ་ཆེའོ། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་ཐོག་བབས་ཀྱི་རྩ་བ་ལགས་སོ།། །།
༈ ན་མོ་གུ་རུ། ཕྱག་རྒྱ་ཆེན་པོའི་གདམས་ངག་ཐོག་བབས། ཡས་ཐོག་ཏུ་གདམས་པ་འདི་ལ་དོན་གཉིས་ཏེ། ཕྱོགས་སྔ་མ་ལོག་པར་རྟོག་པ་ལྔ་བསལ་བ་དང་། གདམས་ངག་དངོས་སོ། །དང་པོ་ལ་ལྔ་ལས། ངོ་བོ་ལ་ལོག་པར་རྟོག་པ་བསལ་བ་ནི། ད་ལྟའི་སེམས་ངན་པ་སྤངས་ནས་ཕྱིས་ཡེ་ཤེས་བཟང་བ་གཅིག་འདོད་པ་ཡིན་ལ། གདམས་ངག་འདིའི་ལུགས་

p. 109

ཀྱིས། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་སྤང་དུ་མེད་དོ། །གཉིས་པ་ཡུལ་ལ་ལོག་རྟོག་བསལ་བ་ནི། དུག་ལྔ་སྤང་བར་འདོད་པ་དེ། ཆོས་འདིའི་ལུགས་ཀྱིས། དུག་ལྔ་ལམ་དུ་འཁྱེར་བའོ། །གསུམ་པ་དུས་ལ་ལོག་རྟོག་བསལ་བ་ནི། བསྐལ་པ་གྲངས་མེད་གསུམ་ལ་རྟོགས་པར་འདོད་པ་དེ། ཆོས་འདིའི་ལུགས་ཀྱིས། ད་ལྟ་རང་རྟོགས་པར་འདོད་པའོ། །བཞི་པ་ཤེས་རབ་ལ་ལོག་རྟོག་བསལ་བ་ནི། རིག་པས་རྟོགས་པར་འདོད་པ་དེ། འདིར་གདམས་ངག་གིས་རྟོགས་པར་འདོད་པའོ། །ལྔ་པ་སངས་རྒྱས་དང་སེམས་ཅན་བཟང་ངན་དུ་བྱེད་པའི་ལོག་རྟོག་བསལ་བ་ནི། འདིར་རྟོགས་མ་རྟོགས་ལས་ཁྱད་མེད་པའོ། །གཉིས་པ་གདམས་ངག་དངོས་ལ་གསུམ། དང་པོ་སྒོམ་པའི་འགོ་རྩོམ་པ་ལ་མཁས་པ། བར་དུ་ཉམས་བརྟན་པ་ལ་མཁས་པ། ཐ་མར་འཕྲོ་གཅོད་པ་ལ་མཁས་པའོ། །དང་པོ་ལ་གཉིས་ལས། ལུས་ཀྱི་བཞག་ཐབས་ནི་རྣམ་སྣང་གི་ཆོས་བདུན་ནོ། །སེམས་ཀྱི་བཞག་ཐབས་ལ་གཉིས་ལས། སེམས་མ་འཁྲུལ་བར་ངོས་བཟུང་བ་ནི། སེམས་ཀྱི་ངོ་བོ་བདེ་གསལ་མི་རྟོག་པ་དེ་མ་བཅོས་པར་རང་ལུགས་སུ་རྩོལ་སྒྲུབ་དང་བྲལ་བར་ཐོག་བབས་སུ་བཞག་པའོ། །སེམས་འཁྲུལ་པ་ངོས་བཟུང་བ་ལ་བཞི། ལྟ་བའི་ཡུལ་དང་། ལྟ་ཐབས་དང་། མཐོང་ཚད་དང་། མཐོང་ལུགས་སོ། །དང་པོ་ལྟ་བའི་ཡུལ་ནི། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་རྟོག་པའོ། །གཉིས་པ་ལྟ་ཐབས་ནི། རྣམ་རྟོག་གང་བྱུང་ལ་ཤེས་རབ་ཀྱི་མིག་གིས་ཐོག་བབས་སུ་ལྟ་བའོ། །གསུམ་པ་མཐོང་ཚད་ནི། རྣམ་རྟོག་བུད་པའི་ཤུལ་ནས་སེམས་མེད་པ་མ་ཡིན་ཏེ། སེམས་ངོ་བོས་སྟོང་པ་གསལ་སིང་ངེ་བ་གཅིག་འདུག་པ་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །བཞི་པ་མཐོང་ལུགས་ལ་བཞི། ཅི་མཐོང་བ། དུས་ནམ་མཐོང་བ། ཆོས་ཅི་དང་
ལྡན་པར་མཐོང་བ། ཇི་ལྟར་མཐོང་བའོ། །ཅི་མཐོང་ཞེ་ན། སེམས་མཐོང་སྟེ། རྟོགས་ན་སངས་རྒྱས་སོ། །དུས་ནམ་མཐོང་ཞེ་ན། ཐོག་མ་མེད་པ་ནས་ཡོད་པར་རོ། །ཆོས་ཅི་དང་ལྡན་པར་མཐོང་ཞེ་ན། ཆོས་ཐམས་ཅད་ལ་ཁྱབ་པར་མཐོང་ངོ་། །ཇི་ལྟར་མཐོང་ཞེ་ན། དབང་པོ་དྲུག་གི་སྤྱོད་ཡུལ་ལས་འདས་པར་མཐོང་སྟེ་ཁ་དོག་དང་དབྱིབས་སུ་མ་གྲུབ་པའོ། །བར་དུ་ཉམས་བརྟན་པ་ལ་མཁས་པ་ནི། རྒོད་ན་དེ་རང་གི་ཐོག་ཏུ་གཏད། བྱིང་ན་རྒོད་དུ་བཅུག་སྟེ་དེ་ལ་ལྟ་བའོ། །ཐ་མ་འཕྲོ་གཅོད་པ་ལ་མཁས་པ་ནི། གསལ་ལ་ཡུན་ཐུང་ངུ་བྱས་ཏེ་སྒོམ་པ་སྟེ་སྒོམ་དང་མ་འཁོན་པར་བཟང་གྱེས་བྱ་བའོ། །ཕྱག་རྒྱ་ཆེན་པོ་རྩིས་ཀྱི་རྒྱ་མདུད་དང་བཅས་པའོ།། །།

བླ་མ་རིན་པོ་ཆེ་གྲུབ་ཐོབ་ཆེན་པོ་དཔལ་ལྡན་འབབ་རོམ་པའི་མགུར་འབུམ།

p. 110

༄༅། །བླ་མ་རིན་པོ་ཆེ་གྲུབ་ཐོབ་ཆེན་པོ་དཔལ་ལྡན་འབབ་རོམ་པའི་མགུར་འབུམ་བཞུགས་སོ། །
༄༅། །ༀ་སྭ་སྟི་སིདྡྷི། རྗེ་བླ་མ་མཉེས་མཛད་མོས་གུས་ཅན། །གནས་གངས་རིར་སྒྲུབ་མཛད་སྒོམ་བསྲན་ཅན། །ལས་གཞན་དོན་རྫོགས་མཛད་ཐུགས་རྗེ་ཅན། །ཕ་བཀའ་དྲིན་ཅན་ལ་གུས་པས་འདུད། །རྗེ་མྱོང་རྟོགས་ངེས་ཤེས་ནང་ནས་ཤར། །མགུར་བཀའ་བབས་དབང་བསྐུར་རྗེས་གནང་རྣམས། །བཀའ་ཇི་ལྟར་གསུངས་པ་མདོ་ཙམ་ཞིག །མཆེད་གྲོགས་ཀྱིས་བསྐུལ་ནས་བདག་གིས་འབྲི། །དེ་ལ་གྲུབ་ཐོབ་ཀྱི་རྒྱལ་པོ་ཆེན་པོ་དཔལ་ལྡན་འབབ་རོམ་པ་དེ། རྒྱལ་རིགས་སུ་སྐུ་ཇི་ལྟར་བལྟམས་པ་དང་། དགུང་ལོ་བརྒྱད་ལ་རབ་ཏུ་བྱུང་ནས། དགེ་བའི་བཤེས་གཉེན་བྱ་ཡུལ་བ་ལ་སོགས་པ་ལས་ཆོས་ཇི་ལྟར་གསན་པ་ལ་

p. 111

སོགས་པ་དང་། བདེ་གཤེགས་རིན་པོ་ཆེའི་སྤྱན་སྔར་བྱོན་ནས་མོས་གུས་དང་ཞབས་ཏོག་སྐྱོ་དུབ་མེད་པར་མཛད་ཅིང་། གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ནས། ཡོན་ཏན་འཁྲུངས་པ་ལ་སོགས་པ་ཐམས་ཅད་རྣམ་ཐར་ན་གསལ་བས་འདིར་མ་བྲིས། །རྟོགས་པ་དོན་གྱི་མགུར་མཛད་པ་ལ་གསུམ། སྒམ་པོར་གསུངས་པ་བཀའ་བབས་ཀྱི་སྐོར། འབབ་རོམ་དུ་གསུངས་པ་མགུར་ཚན་ཉི་ཤུ་རྩ་དགུ་ཡི་སྐོར། མདོ་ཁམས་ལ་སོགས་སུ་གསུངས་པ་གདམས་པ་སྣ་ཚོགས་ཀྱི་སྐོར་རོ། །
༈ དང་པོ་མགུར་གྱི་བཀའ་ཇི་ལྟར་བབས་པ་ནི། སྒམ་པོ་པའི་མདུན་ན་ཐུགས་དམ་ལ་བཞུགས་པའི་དུས་སུ། རྗེ་བཙུན་མི་ལ་མདུན་གྱི་ནམ་མཁའ་ལ་བྱོན་ནས། གསུང་གི་ང་རོ་སེང་གེའི་སྒྲ་དབྱངས་དབྱིངས་ནས་སྒྲོག་པ། ཤོན་གླུ་རིང་མོ་མཛད་པ་ཉམས་སྣང་ལ་བྱུང་བ་ནི། འགྲོ་བའི་མགོན་པོ་འཛམ་གླིང་རྒྱན། །ཡོན་ཏན་འབྱུང་གནས་གཙུག་གི་ནོར། །གདུལ་བྱ་སྨིན་མཛད་བདུད་རྩིའི་བཅུད། །རྗེ་རས་པ་ཆེན་པོའི་ཞབས་ལ་འདུད། །ཡིད་རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །མདུན་མཁའ་ལ་རྗེ་བཙུན་བྱོན་ནས་ཀྱང་། །ཆོས་ཟུང་འཇུག་ཕྱག་ཆེན་སེང་གེའི་སྒྲ། །དོན་འཁོར་འདས་དབྱེར་མེད་འདི་སྐད་གསུངས། །གནས་ཚུ་རོལ་དུ་འཁོར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འདས་པ་མ་མཆིས་པ། །སེམས་འཁོར་འདས་གཉིས་མེད་འདོད་ཞེན་བྲལ། །དེ་དབྱེར་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་སྣང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་སྟོང་པ་མ་མཆིས་པ། །སེམས་སྣང་སྟོང་གཉིས་མེད་ཆགས་སྡང་བྲལ། །དོན་དེ་ཉིད་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགག་པ་མ་མཆིས་པ། །སེམས་སྐྱེ་འགག་གཉིས་མེད་གནས་པ་བྲལ། །དེ་དུས་

p. 112

གསུམ་རྒྱུན་པ་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་འོང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགྲོ་བ་མ་མཆིས་པ། །སེམས་འགྲོ་འོང་གཉིས་མེད་ཡུལ་དང་བྲལ། །དེ་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་འདུ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འབྲལ་བ་མ་མཆིས་པ། །སེམས་འདུ་འབྲལ་གཉིས་མེད་དངོས་འཛིན་བྲལ། །དེ་གཉུག་མ་རང་གྲོལ་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་སྡུག་བསྔལ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བདེ་བ་མ་མཆིས་པ། །སེམས་བདེ་སྡུག་གཉིས་མེད་སྤྲོས་དང་བྲལ། །དེ་ངར་འཛིན་མེད་པ་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཆི་བ་མ་མཆིས་པ། །སེམས་སྐྱེ་འཆི་གཉིས་མེད་བློ་གཏད་བྲལ། །དེ་རྡོ་རྗེའི་སྐུ་ཉིད་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་ཆགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ཐོགས་པ་མ་མཆིས་པ། །སེམས་ཆགས་ཐོགས་མེད་པ་ཕུགས་གཏད་བྲལ། །དེ་དམིགས་མེད་ལྷུན་གྲུབ་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་བཟུང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཛིན་པ་མ་མཆིས་པ། །སེམས་གཟུང་འཛིན་གཉིས་མེད་དྲི་མ་བྲལ། །དེ་དག་པ་གཉིས་ལྡན་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་འགྲིབ་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་གསལ་བ་མ་མཆིས་པ། །སེམས་གསལ་འགྲིབ་གཉིས་མེད་སྒྲིབ་གཡོག་བྲལ། །དེ་དྲི་མེད་རྣམ་དག་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་དམིགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཏད་པ་མ་མཆིས་པ། །སེམས་དམིགས་གཏད་གཉིས་མེད་མཐའ་དང་བྲལ། །དེ་ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་བདག་འཛིན་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཞན་རྟོག་མ་མཆིས་པ། །སེམས་བདག་གཞན་གཉིས་མེད་བདེན་འཛིན་བྲལ། །དེ་དུ་མ་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་ལམ་ལྔ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ས་བཅུ་མ་མཆིས་པ། །སེམས་ས་ལམ་གཉིས་མེད་བསྒྲོད་བྱ་

p. 113

བྲལ། །དེ་ཅིག་ཆར་འཇུག་པ་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་འགྱུར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཕོ་བ་མ་མཆིས་པ། །སེམས་འཕོ་འགྱུར་གཉིས་མེད་མཐའ་དང་བྲལ། །དེ་བློ་ལས་འདས་པ་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་དགག་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་སྒྲུབ་པ་མ་མཆིས་པ། །སེམས་དགག་སྒྲུབ་གཉིས་མེད་ཞེན་པ་བྲལ། །དེ་འགག་མེད་འོད་གསལ་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་སྤང་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བླང་བྱ་མ་མཆིས་པ། །སེམས་སྤང་བླང་གཉིས་མེད་འཛིན་པ་བྲལ། །དེ་མཉམ་ཉིད་རོ་སྙོམས་ཕྱག་རྒྱ་ཆེ། །གནས་ཚུ་རོལ་དུ་དོགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་རེ་བ་མ་མཆིས་པ། །སེམས་རེ་དོགས་གཉིས་མེད་ཞེ་འདོད་བྲལ། །དེ་མི་རྟོག་ཆོས་སྐུ་ཕྱག་རྒྱ་ཆེ། །ཆོས་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་། །སྤྱིར་སེམས་ཅན་རྣམ་རྟོག་བྱེ་བྲག་ལ། །ལས་ཉོན་མོངས་དེ་གྲངས་ཡོད་པས་གསུངས། །དེ་ཀུན་རྫོབ་རྨི་ལམ་རྒྱུ་འབྲས་འབྱུང་། །ང་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །དེས་ཆོས་རྣམས་དངོས་མེད་སེམས་སུ་ཤེས། །དབྱིངས་དོན་དམ་ཡིད་བྱེད་མཐའ་དང་བྲལ། །དཔལ་གཞན་དོན་འབད་མེད་འབྱུང་བར་ངེས། །གསུངས་ནས་ནམ་མཁའ་ལ་གཤེགས་སྐད། དེ་ཕྱིན་ཆད་སྣང་བ་འཁྲུལ་པར་ཤེས་ནས་རྐྱེན་ཅི་ལ་སྦྱར་ཡང་མགུར་ལེན་སྙིང་འདོད་པ་བྱུང་གསུངས།
༈ ཡང་རྨང་ལམ་ན་བུད་མེད་སྐྲ་ཁམ་སི་ལེ་བ་རུས་རྒྱན་ཅན་བཞི་ཕྱག་སྦྲེལ་ནས། ཡིད་གདུང་བ་གླིང་བུའི་སྐད་སྙན་པ་པི་ཝང་གི་ཚུལ་དུ་སྒྲོག་པ། མཁའ་འགྲོ་མའི་མགུར་གླུ་རིང་མོ་མཛད་པ་རྨང་ལམ་དུ་བྱུང་བ་ནི། རྗེ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །དཔལ་ཡེ་ཤེས་སྤྱན་གྱིས་ཐམས་ཅད་གཟིགས། །གནས་ཁམས་གསུམ་སེམས་ཅན་ཐུགས་རྗེས་འདྲེན། །

p. 114

མཐོ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །སངས་རྒྱས་ཇི་བཞིན་དེ་བཞིན་དུ། །ཡོན་ཏན་ཇིི་བཞིན་དེ་བཞིན་ཤེས། །བླ་མ་ཇི་བཞིན་དེ་བཞིན་ནོ། །དངོས་གྲུབ་བྱིན་རླབས་རྒྱན་དུ་ཆེ། །འཇའ་ཚོན་ཇི་བཞིན་དེ་བཞིན་དུ། །སྒྱུ་ལུས་ཇི་བཞིན་དེ་བཞིན་ཤེས། །ཡི་དམ་ཇི་བཞིན་དེ་བཞིན་ནོ། །མཚན་ལྡན་ལོངས་སྐུ་རྒྱན་དུ་ཆེ། །སྟོང་པ་ཇི་བཞིན་དེ་བཞིན་དུ། །སྣང་བ་ཇི་བཞིན་དེ་བཞིན་ཤེས། །ངོ་བོ་ཇི་བཞིན་དེ་བཞིན་ནོ། །སྣང་སྟོང་ཟུང་འཇུག་རྒྱན་དུ་ཆེ། །སྦྲང་མ་ཇི་བཞིན་དེ་བཞིན་དུ། །སྦྲང་རྩི་ཇི་བཞིན་དེ་བཞིིན་ཤེས། །ཉམས་མྱོང་ཇི་བཞིན་དེ་བཞིན་ནོ། །ཆགས་མེད་ཞེན་བྲལ་རྒྱན་དུ་ཆེ། །ནམ་མཁའ་ཇི་བཞིན་དེ་བཞིན་དུ། །རྟོག་པ་ཇི་བཞིན་དེ་བཞིན་ཤེས། །མཁའ་འགྲོ་ཇི་བཞིན་དེ་བཞིན་ནོ། །ལྷན་སྐྱེས་ཡེ་ཤེས་རྒྱན་དུ་ཆེ། །ལུས་སྲོག་ཇི་བཞིན་དེ་བཞིན་དུ། །བསླབ་གསུམ་ཇི་བཞིན་དེ་བཞིན་ཤེས། །དམ་ཚིག་ཇི་བཞིན་དེ་བཞིན་ནོ། །དམ་བཅའ་དྲི་མེད་རྒྱན་དུ་ཆེ། །ཆོས་ཉིད་ཇི་བཞིན་དེ་བཞིན་དུ། །སེམས་ཉིད་ཇི་བཞིན་དེ་བཞིན་ཤེས། །ལྟ་བ་ཇི་བཞིན་དེ་བཞིན་ནོ། །སྐྱེ་མེད་སྟོང་ཉིད་རྒྱན་དུ་ཆེ། །ཆུ་བོ་ཇི་བཞིན་དེ་བཞིན་དུ། །གནས་ལུགས་ཇི་བཞིན་དེ་བཞིན་ཤེས། །སྒོམ་པ་ཇི་བཞིན་དེ་བཞིན་ནོ། །འགག་མེད་འོད་གསལ་རྒྱན་དུ་ཆེ། །སྤྲིན་ཚོགས་ཇི་བཞིན་དེ་བཞིན་དུ། །རྐྱེན་སྣང་ཇི་བཞིན་དེ་བཞིན་ཤེས། །སྤྱོད་པ་ཇི་བཞིན་དེ་བཞིན་ནོ། །གནས་མེད་རོ་སྙོམས་རྒྱན་དུ་ཆེ། །རིན་ཆེན་ཇི་བཞིན་དེ་བཞིན་དུ། །ཆོས་སྐུ་ཇི་བཞིན་དེ་བཞིན་ཤེས། །འབྲས་བུ་ཇི་བཞིན་དེ་བཞིན་ནོ། །གཟུགས་སྐུ་འཕྲིན་ལས་རྒྱན་དུ་ཆེ། །ཨ་པོ་བླ་མ་རི་པ་བ། །རྒྱན་བཅུ་མགུར་གླུ་རིང་མོ་འདི། །ནམ་ཐོ་རངས་ལྷ་ཡི་ལུང་སྟོན་དུ། །ཌཱ་ཀི་མ་བཞིས་དབྱངས་སུ་གསུངས། །མཁའ་འགྲོས་བྱིན་གྱིས་བརླབས་པའི་དབྱངས། །བརྒྱུད་ལྡན་རྟོགས་པ་འཆར་བའི་དབྱངས། །དད་ལྡན་བརྩོན་

p. 115

འགྲུས་འབྱུང་བའི་དབྱངས། །སྐལ་ལྡན་ངེས་ཤེས་སྐྱེ་བའི་དབྱངས། །ཚིག་དུ་མ་བཀོད་ཞེ་ལ་ཞོག །དུས་ཕྱི་ནས་གསོལ་འདེབས་འགའ་ལ་སྟོན། །ཐེ་ཚོམ་མེད་པར་དགའ་བ་ལ། །བྱིན་བརླབས་ཆབ་རྒྱུན་འབབ་པ་ཡིན། །ཕྲག་དོག་ང་རྒྱལ་ཆེ་བ་དང་། །ཐེ་ཚོམ་ཡིད་གཉིས་ཟ་བ་དང་། །སྒྲོ་འདོགས་སྐུར་པ་འདེབས་པ་དང་། །འགོང་རྒྱུག་ཅན་ལ་གསང་ཞིང་སྦ། །འདི་ཡན་ཆོས་རྗེའི་གསུང་ཡིན་ལ་གསུང་རྟིང་མ་འདི་བླ་མ་སེང་གེའི་གསུང་དུ་མངོན་ནོ། །རྨང་ལམ་མཁའ་འགྲོའི་མགུར་གླུ་འདི། །ཞལ་གདམས་པ་ཡི་གེར་བཀོད་པ་ལ། རྗེ་བླ་མ་མཁའ་འགྲོ་མ་མཉེས་ན། །བཀའ་རྗེས་གནང་བསྒྲུབས་པས་བཟོད་པར་བཞེས། །ཞེས་པའི་མགུར་དེ་གསུངས་པ་རྨིས། དེ་ནས་རྣལ་སད་པ་དང་ཐུགས་དགོངས་ལ་བུ་མོ་རུས་རྒྱན་ཅན་དེ་བཞི་མཁའ་འགྲོ་མ་ཡིན་ཏེ་འོང་། ངས་མདང་ཡང་དབྱངས་མང་པོ་བླངས་པས་མཉེས་པ་ཡིན་ཏེ་ཡོང་། དབྱངས་ཀྱི་དངོས་གྲུབ་ཀྱང་འཇུག །བྱིན་རླབས་ཀྱང་འབྱུང་སྙམ་ནས། ཉམས་དགའ་བ་དང་། ཤེས་པ་སྤྲོ་བས་དབྱངས་མང་པོ་མཛད་པས། ཕྱི་ཉིན་རིན་པོ་ཆེའི་ཞལ་ནས། གནས་བརྟན། རྨི་ལམ་བག་ཆགས་ཉིང་འཁྲུལ་ལ། །ཡང་དག་བདེན་པར་མ་འཛིན་མཛོད། །སྒྱུ་མར་ཤེས་ན་དངོས་གྲུབ་ཡིན། །བཀའ་བབས་རྡོ་རྗེའི་མགུར་ལ་དབང་། །འོན་ཀྱང་དགའ་སྤྲོ་བཏེག་བཏེག་པོ་མ་བྱེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་མཉམ་རྗེས་མེད་པར་འོད་གསལ་གྱི་ངང་ལ་བཞུགས་པས། བླ་མ་རྗེ་བཙུན་དང་མཁའ་འགྲོ་མ་རྨི་ཉམས་སུ་བྱུང་བ་དེ། ཁོ་བོ་ལ་གུས་ཤིང་། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་བླ་མ་དང་མཁའ་འགྲོ་མ་མཉེས་པ་ཡིན་གསུངས།
༈ ཡང་རྨང་ལམ་དུ་དགའ་ལྡན་ཡིན་ཟེར་བའི་གནས་ངོ་མཚར་ཅན་ཞིག་ཏུ་ཕྱིན་ཙ་ན། ལྷའི་བུ་དང་བུ་མོས་ཚངས་པའི་སྒྲ་དབྱངས་སྙན་པས་ཡིད་འཕྲོག་པར་མཛད་པ་ལ། རྨི་ལམ་

p. 116

ཡིན་ད་རུང་གཉིད་ལོག་ལ་ཉན་སྙམ་པ་བྱུང་བ་ནི། ཡུལ་སྣང་མེད་སྤྱི་གསུམ་རྣམ་པར་དག །སེམས་སྐྱེ་མེད་མི་འགག་གནས་པ་བྲལ། །ལྷ་དབྱེར་མེད་བླ་མ་དཀོན་མཆོག་ལ། །རྒྱུན་ཆད་མེད་གུས་པས་ཕྱག་འཚལ་འདུད། །ངས་རྨི་ལམ་བག་ཆགས་ཉིང་འཁྲུལ་དེ། །སེམས་དྲན་པས་ཟིན་པའི་ཉམས་སྣང་ལ། །གནས་དགའ་ལྡན་ཕོ་བྲང་ཡིན་ཟེར་བ། །ཡུལ་སྔར་མ་མཐོང་བའི་ངོ་མཚར་ཅན། །ཉམས་དགའ་བྲོད་དང་སྤྲོ་བདེ་བ་ཆེ། །ཕྱོགས་མཉམ་ཉིད་གཡུ་ཡི་ན་བུན་གཏིབས། །གཞི་རིན་ཆེན་སྣ་བདུན་འོད་དུ་འབར། །བཀྲག་མེ་ཏོག་སྣ་ཚོགས་མདངས་མདོག་གསལ། །ཤིང་ཐ་དད་ལོ་འབྲས་ཕུན་སུམ་ཚོགས། །བྱ་རིགས་མང་གཟུགས་མཛེས་སྐད་འགྱུར་སྙན། །ལྷ་སྣ་ཚོགས་འཇའ་ཚོན་འོད་ཟེར་འཁྲིགས། །རྒྱན་སྐུ་མདོག་ཕྱག་མཚན་སོ་སོར་གསལ། །སྤྲིན་མཆོད་པའི་བྱེ་བྲག་བསམ་མི་ཁྱབ། །གདུགས་རྒྱལ་མཚན་འཕན་རིང་བ་དན་འཕྱར། །སྒྲ་རྔ་དུང་པི་ཝང་ཆ་ལང་སྒྲོག །གར་སྣ་ཚོགས་རོལ་མོ་བྱེད་པ་དང་། །ཁོང་ལྷ་ཡི་བུ་དང་བུ་མོ་རྣམས། །ངག་གྲེ་འགྱུར་བསྟུན་ནས་ཚངས་པའི་དབྱངས། །གསུང་གླིང་བུ་ལྟ་བུར་གདུང་བའི་གླུ། །ཡིད་སྐྱོ་མེད་སྙན་པས་འདི་སྐད་གསུངས། །ལྷ་དཀར་པོ་དཀར་པོའི་རྒྱན་དང་ལྡན། །ཕྱག་གཡས་ན་འཁོར་ལོ་དཀར་པོ་འཛིན། །ཐབས་ཐུགས་རྗེའི་འོད་ཟེར་དཀར་པོ་འཕྲོ། །ལས་མཁྱེན་བརྩེས་འདུལ་བ་འདྲེན་པའི་མགོན། །སྡིག་གཏི་མུག་རང་སར་དག་པ་དེ། །དོན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལགས། །སྐུ་མཚན་དཔེ་གཞལ་དུ་མ་མཆིས་པ། །རྗེ་རྣམ་པར་སྣང་མཛད་ཞབས་ལ་འདུད། །ལྷ་སྔོན་པོ་སྔོན་པོའི་རྒྱན་དང་ལྡན། །ཕྱག་གཡས་ན་རྡོ་རྗེ་སྔོན་པོ་འཛིན། །ཐབས་ཐུགས་རྗེའི་འོད་ཟེར་སྔོན་པོ་འཕྲོ། །ལས་ཞི་བས་འདུལ་བ་འདྲེན་པའི་མགོན། །སྡིག་ཞེ་སྡང་རང་སར་དག་པ་དེ། །དོན་མེ་ལོང་ལྟ་བུའི་ཡེ་ཤེས་ལགས། །

p. 117

ཐུགས་འོད་གསལ་སྐྱེ་འགག་མ་མཆིས་པ། །རྗེ་རྡོ་རྗེ་སེམས་དཔའི་ཞབས་ལ་འདུད། །ལྷ་སེར་པོ་སེར་པོའི་རྒྱན་དང་ལྡན། །ཕྱག་གཡས་ན་རིན་ཆེན་སེར་པོ་འཛིན། །ཐབས་ཐུགས་རྗེའི་འོད་ཟེར་སེར་པོ་འཕྲོ། །ལས་རྒྱས་པས་འདུལ་བ་འདྲེན་པའི་མགོན། །སྡིག་ང་རྒྱལ་རང་སར་དག་པ་དེ། །དོན་མཉམ་པ་ཉིད་ཀྱི་ཡེ་ཤེས་ལགས། །དཔལ་ཡོན་ཏན་དཔག་ཏུ་མ་མཆིས་པ། །རྗེ་རིན་ཆེན་འབྱུང་ལྡན་ཞབས་ལ་འདུད། །ལྷ་དམར་པོ་དམར་པོའི་རྒྱན་དང་ལྡན། །ཕྱག་གཡས་ན་པད་མ་དམར་པོ་འཛིན། །ཐབས་ཐུགས་རྗེའི་འོད་ཟེར་དམར་པོ་འཕྲོ། །ལས་དབང་གིས་འདུལ་བ་འདྲེན་པའི་མགོན། །སྡིག་འདོད་ཆགས་རང་སར་དག་པ་དེ། །དོན་སོ་སོར་ཀུན་རྟོག་ཡེ་ཤེས་ལགས། །གསུང་དྲི་མེད་འགག་པ་མ་མཆིས་པ། །རྗེ་སྣང་བ་མཐའ་ཡས་ཞབས་ལ་འདུད། །ལྷ་ལྗང་ཀུ་ལྗང་ཀུའི་རྒྱན་དང་ལྡན། །ཕྱག་གཡས་ན་རྒྱ་གྲམ་ལྗང་ཀུ་འཛིན། །ཐབས་ཐུགས་རྗེའི་འོད་ཟེར་ལྗང་ཀུ་འཕྲོ། །ལས་དྲག་པོས་འདུལ་བ་འདྲེན་པའི་མགོན། །སྡིག་ཕྲག་དོག་རང་སར་དག་པ་དེ། །དོན་བྱ་བ་ནན་ཏན་ཡེ་ཤེས་ལགས། །སྟོབས་འཕྲིན་ལས་ཐོགས་པ་མ་མཆིས་པ། །རྗེ་དོན་ཡོད་གྲུབ་པའི་ཞབས་ལ་འདུད། །ལྷ་ནམ་མཁའ་ནམ་མཁའི་རྒྱན་དང་ལྡན། །ཕྱག་གཡས་ན་ནམ་མཁའི་རྡོ་རྗེ་འཛིན། །ཐབས་ཐུགས་རྗེའི་འོད་ཟེར་སྣ་ཚོགས་འཕྲོ། །ལས་རྣམ་བཞིས་འདུལ་བ་འདྲེན་པའི་མགོན། །སྡིག་དུག་ལྔ་རང་སར་དག་པ་དེ། །དོན་ཡེ་ཤེས་ལྔ་དང་ལྡན་པ་ལགས། །དུས་མཉམ་རྗེས་རྒྱུན་ཆད་མ་མཆིས་པ། །རྗེ་རྡོ་རྗེ་འཆང་ཆེན་ཞབས་ལ་འདུད། །སྤྱིར་ཆོས་རྣམས་རྨི་ལམ་ལྟ་བུ་ལ། །དེ་རྨི་ལམ་ལྟ་བུར་ངོ་ཤེས་པས། །དབྱར་ཀའི་ས་དང་རྣལ་འབྱོར་ཉམས། །སྣ་ཚོགས་སུ་སྣང་ཡང་ངོས་འཛིན་མེད། །ཆེ་འདོད་ཀྱི་ཆོས་བརྒྱད་དབྱིངས་སུ་ཡལ། །ཞེ་འདོད་ཀྱི་ཆགས་སྡང་

p. 118

རྩ་བ་ཆད། །དད་འདོད་ཀྱི་རང་བསྟོད་དྲི་མ་དག །མཁས་འདོད་ཀྱི་སྒྲོས་མེད་སྒྲིག་པ་མིན། །མི་ཆོས་ཀྱི་བླ་མ་མ་སྨྲས་ཏེ། །རྟོག་ངན་གྱི་སྐྱེ་བོ་ཕྲག་དོག་ཆེ། །ཡིད་ཆེས་ཡོད་ཀྱང་སྒྲོ་སྐུར་འདེབས། །བུ་ཁྱོད་མ་ཡིན་ལ་གསང་བ་ཡིན། །དཔལ་ལྷ་ལས་བབས་པ་ཚངས་པའི་དབྱངས། །རྗེ་རིན་པོ་ཆེ་ཡི་བསྟོད་པ་འདི། །ང་སྒྱུ་ལུས་ཀྱི་དཀྱིལ་འཁོར་མ་བསྡོགས་ཚེ། །མི་ཐོ་ཅོ་ཅན་ལ་གསང་བ་གཅེས། །ཞེས་པའི་མགུར་གསུང་བ་རྨིས་པའི་འཕྲལ་རྣལ་སད་སྐད། དེ་དཔལ་ལྷ་ལས་བབས་པ་ཚངས་པ་ལྷའི་མགུར་གྱི་བཀའ་བབས་དང་གསུམ།
༈ ཡང་བླ་མ་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། བག་ཆགས་འཁྲུལ་པའི་ཡིད་ནི་གོམས་ལས་འཇུག །རྨི་ལམ་དགའ་ལྡན་སྐྱོང་ལ་མངོན་དགའ་མེད། །འཁོར་འདས་སེམས་ཉིད་རྣམ་རྟོག་ཡེ་ཤེས་དེ། །མ་བཅོས་ཐ་མལ་ཤེས་པ་ཆོས་ཀྱི་སྐུ། །གསུངས། ཡང་ནང་མཆོད་ཅིག་མཛད་པའི་དུས་སུ། རིན་པོ་ཆེའི་ཞལ་ནས། སྒོམ་ཆེན་པ་བྱ་བ་ལ་ཏིང་ངེ་འཛིན་མྱོང་བ་ནང་ནས་ཤར་བའི་མགུར་བཞེངས་དགོས་པ་ལ་གནས་བརྟན་ཡུལ་སྣ་བའི་གྲེ་བའི་གཤིས་དང་། དབྱངས་རྟ་དེ་རྗེ་བཙུན་པ་དང་འདྲ་བར་འདུག །ཤུགས་ལས་བྱུང་བ་རྟོགས་པ་དོན་གྱི་མགུར་བཞེངས་པ་དེ་ཤིན་ཏུ་ལེགས་པས། མགུར་དབྱངས་ཁྱོད་ཀྱིས་ལོངས་གསུངས་ནས་མགུར་མཛད་པ་ནི། དཔལ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་རིན་པོ་ཆེ་ལ་སྐྱབས་སུ་མཆི། །འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །ཁམས་གསུམ་སེམས་ཅན་གྱི་ལམ་སྣ་དྲོངས། །མཐའ་གཉིས་སྤངས་པའི་ཡང་དགོན་དུ། །བདེ་སྟོང་གཉིས་ཀྱི་གདན་སྟེང་ན། །སྐུ་གསུམ་དོན་ལྡན་གྱི་བླ་མ་བཞུགས། །བདེ་གསལ་མི་རྟོག་གི་ན་བཟའ་གསོལ། །ཆོས་སྐུ་རྟོག་མེད་ཀྱི་མཚན་ཉིད་དེ། །སྲིད་གསུམ་གཞི་བྲལ་འོད་གསལ་ངང་། །ལོངས་སྐུ་བདེ་ཆེན་གྱི་

p. 119

མཚན་ཉིད་དེ། །འགྲོ་དྲུག་གི་མ་རིག་མུན་པ་སེལ། །ཐུགས་རྗེ་སྤྲུལ་སྐུའི་མཚན་ཉིད་དེ། །མ་ཆགས་རང་རིག་ངོ་བོར་གསལ། །སྐལ་ལྡན་ལ་དངོས་གྲུབ་ཆུ་རྒྱུན་འབབ། །གཞན་དོན་བྱང་ཆུབ་ཀྱི་མྱུ་གུ་སྨིན། །རྗེ་ནོར་བུ་དབང་གི་རྒྱལ་པོ་བཞིན། །ཕ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །རྗེ་ཡིད་བཞིན་གྱི་ནོར་བུ་དཔག་བསམ་ཤིང་། །དགོས་འདོད་སེམས་ཀྱི་གཏེར་དང་ཕྲད། །མ་རིག་མུན་པ་སེལ་བར་ངེས། །གདོད་ནས་དག་པའི་མ་དང་ཕྲད། །བདེ་དང་སྟོང་པའི་ངོ་བོར་གསལ། །སེམས་གཞི་རྩ་བྲལ་བས་ནམ་མཁའ་འདྲ། །སྣང་རང་བཞིན་མེད་པས་འཇའ་ཚོན་འདྲ། །ཚོགས་དྲུག་ཐུག་ཕྲད་ཉི་ཤར་འདྲ། །ཞེན་མེད་མེ་ལོང་གཟུགས་བརྙན་འདྲ། །འཁོར་འདས་གཉིས་མེད་འོད་གསལ་ངང་། །འབྲས་བུ་ལ་སྤོང་ལེན་མི་བགྱིད་འཚལ། །ཞེས་པའི་མགུར་དེ་རྗེ་བཙུན་ཆེན་པོའི་དབྱངས་རྟ་ལ་དྲངས་ནས་མཛད་པས། །བླ་མ་མི་ལའི་མགུར་གྱི་དབྱངས་རྟ་མཛད་པའི་དུས་སུ། ཕྱག་ཐལ་མོ་ཅག་གི་མཛད་ནས། ཐུགས་གཏད་གུས་པ་དང་བཅས་ནས་གསན་པ་ཡིན་གསུངས། དབྱངས་ལ་དགྱེས་ནས་རིན་པོ་ཆེའི་ཞལ་ནས། མོས་གུས་ལྟེམ་རྐྱང་མེད་པས་བྱིན་རླབས་བསམ་མི་ཁྱབ། །གཉུག་མ་རྒྱུན་ཆད་མེད་པས་རྟག་ཆད་མཐའ་དང་བྲལ། །སྣང་སེམས་གཉིས་སུ་མེད་པས་ཆོས་སྐུ་མངོན་དུ་གྱུར། །ངེས་ཤེས་གཏིང་ནས་ཤར་བས་མགུར་གྱི་བཀའ་ཆེན་བབས། །གསུངས་ནས་རྡོ་རྗེའི་མགུར་གྱི་བཀའ་བབས་སུ་ལུང་བསྟན་སྐད།
༈ གླེན་ཏོ་མགུར་ལོངས་གསུངས་པས་ཀྱང་ཁྱད་པར་དུ་སྤྲོ་བ་དང་། ཉམས་དགའ་བ་དང་། རིག་པ་ངར་དང་ལྡན་པར་བྱུང་ནས་འོད་གསལ་ཆེན་པོའི་ངང་ལས་ཟབ་མོ་དོན་གྱི་མགུར་དབྱངས་གཡུ་འབྲུག་སྔོན་པོའི་སྒྲ་དབྱངས་ལྟ་བུ་དོན་དང་ལྡན་པ་དཔག་ཏུ་མེད་པ་

p. 120

མཛད་པ་ནི། སྤྱི་གཙུག་ཉི་ཟླའི་གདན་སྟེང་ལ། །བླ་མ་ཡི་དམ་མཁའ་འགྲོ་བཞུགས། །དད་གུས་མོས་གསུམ་གྱིས་གསོལ་བ་བཏབ། །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །ཡེ་ཤེས་ཆུ་རྒྱུན་གྱིས་བྱིན་གྱིས་བརླབས། །མི་བསྐྱོད་རྡོ་རྗེ་འདི་རྒྱན་དུ་ཆེ། །བཀའ་བརྒྱུད་སེང་ཆེན་སྤུངས་པ་འདྲ། །ཀུན་ཟིལ་གྱིས་གནོན་པ་ངོ་མཚར་ཆེ། །བྱིན་རླབས་དངོས་གྲུབ་ཆུ་རྒྱུན་འདྲ། །བདེ་བ་ལམ་སློང་འདི་ངོ་མཚར་ཆེ། །སེམས་མཐའ་དང་བྲལ་བ་ནམ་མཁའ་འདྲ། །འགྱུར་བ་མེད་པ་ངོ་མཚར་ཆེ། །རང་རིག་རང་གསལ་ཉི་ཤར་འདྲ། །འོད་གསལ་རྒྱུན་པ་ངོ་མཚར་ཆེ། །སྣ་ཚོགས་སྣང་བ་འཇའ་ཚོན་འདྲ། །ངེས་མེད་བདེ་ཆེན་ངོ་མཚར་ཆེ། །སེམས་གཏིང་མཐའ་བྲལ་བས་རྒྱ་མཚོ་འདྲ། །མི་གཡོ་ཏིང་འཛིན་ངོ་མཚར་ཆེ། །ངོ་བོ་ཡོན་ཏན་རིན་ཆེན་འདྲ། །དགོས་འདོད་འབྱུང་བ་ངོ་མཚར་ཆེ། །སྙིང་པོའི་དོན་ལ་སྤང་ཐོབ་མེད། །འབྲས་བུ་གཞི་བྲལ་ངོ་མཚར་ཆེ། །ཞེས་པའི་མགུར་གསུངས་པས། ཤོ་སྒོམ་བྱང་ཡེ་བཞེངས་ནས་ཕྱག་རྒྱབ་ཏུ་བསྣོལ་ཏེ། ཨ་ཡེ་འདིར་བཞུགས་སྒོམ་ཆེན་ཀུན། །སྐ་བ་ཡུལ་སྣའི་གནས་བརྟན་ལ། །གནས་བརྟན་མ་ཟེར་སྒོམ་ཆེན་གྱིས། །སྒོམ་ཆེན་མ་ཟེར་རྟོགས་ལྡན་གྱིས། །རྟོགས་ལྡན་མ་ཟེར་གྲུབ་ཐོབ་གྱིས། །དོན་ངེས་ཤེས་ནང་ནས་ཤར་བ་དེས། །བཀའ་རྡོ་རྗེའི་མགུར་གྱི་གཏེར་ཁ་ཕྱེ། །ཚིག་སྔར་མ་ཐོས་པ་ཚངས་པའི་དབྱངས། །དོན་སྐྱེ་འགག་མེད་པ་ཚངས་པའི་གསུང་། །གྲོགས་ཁྱེད་ཀྱི་དབྱངས་ལ་བྱིན་རླབས་ཆགས། །མི་གཞན་ཡང་དགའ་སྤྲོ་ཉམས་མྱོང་འབར། །ཤོ་དགའ་རུ་ཚོར་རམ་སྒོམ་ཆེན་ཀུན། །གསུངས་ནས་ཤོན་བཀྲབས་པ་དང་། ཐམས་ཅད་ཤེས་པ་ལངས་པས་ཤོན་བཀྲབས་གསུངས།
༈ དུས་ཕྱིས་ཚོགས་གྲལ་ཞིག་ཏུ། རྗེ་རིན་པོ་ཆེའི་ཞལ་ནས་གནས་བརྟན་མགུར་

p. 121

ལོངས་གསུངས་པས་མགུར་མཛད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལོག་རྟོག་འཁྲུལ་པའི་སྣང་བ་སོལ། །རྐྱེན་སྣང་བདེ་སྡུག་འཁྲུལ་པ་ལ། །སྤང་བླང་བགྱིད་རྒྱུ་མ་རྙེད་ན། །སྤང་བླང་བགྱི་ན་ཇི་ལྟར་བགྱི། །སེམས་ཉིད་རིག་བཅས་སྟོང་པ་ལ། །སྒོམ་པ་བགྱིད་རྒྱུ་མ་རྙེད་ན། །སྒོམ་པ་བགྱི་ན་ཇི་ལྟར་བགྱི། གདོད་ནས་ཞི་བ་འོད་གསལ་ལ། །ཡེ་ཤེས་བསྐྱེད་རྒྱུ་མ་རྙེད་ན། །ཡེ་ཤེས་བསྐྱེད་ན་ཇི་ལྟར་བགྱི། །མ་བཅོས་ཤུགས་འབྱུང་འགག་མེད་ལ། །ཚུལ་འཆོས་བགྱི་རྒྱུ་མ་རྙེད་ན། །ཚུལ་འཆོས་བགྱི་ན་ཇི་ལྟར་བགྱི། །འཁོར་བ་གཞི་རྩ་བྲལ་བ་ལ། །རེ་དོགས་བགྱི་རྒྱུ་མ་རྙེད་ན། །རེ་དོགས་བགྱི་ན་ཇི་ལྟར་བགྱི། །ཞི་བ་བདེ་སྟོང་གི་ཉམས་མྱོང་ལ། །དངོས་འཛིན་བགྱི་རྒྱུ་མ་རྙེད་ན། །དངོས་འཛིན་བགྱི་ན་ཇི་ལྟར་བགྱི། །ཆོས་ཉིད་སྐྱེ་མེད་ཀྱི་རྒྱལ་ཁམས་སུ། །དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ། །དེ་མངོན་རྟགས་སུ་བགྱི་རྒྱུ་མ་རྙེད་ན། །མངོན་རྟགས་སུ་བགྱི་ན་ཇི་ལྟར་བགྱི། །གདོད་ནས་དག་པའི་སེམས་ཉིད་དེ། །བདེ་གསལ་མི་རྟོག་གི་སྣང་བར་ཤར། །སྣང་བ་མི་རྟོག་པའི་ཡེ་ཤེས་སྐྱེས། །འབྲས་བུ་བསྒྲུབ་རྒྱུ་མ་རྙེད་ན། །འབྲས་བུ་བསྒྲུབ་ན་ཇི་ལྟར་བགྱི། །ཞེས་པ་ལ་སོགས་ཉམས་དབྱངས་མང་པོ་མཛད་ཙ་ན། སྒོམ་རོགས་ཉམས་འབར་བས། ང་རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །དབྱངས་ཁོ་བོའི་དེ་ལ་མཁའ་འགྲོ་འདུ། །རྗེ་ཐམས་ཅད་མཁྱེན་པས་གཟིགས་པ་དེས། །བུ་གནས་བརྟན་དབྱངས་ལོངས་གསུངས་པ་དེ། །དུས་ད་ལྟ་ཙམ་ན་དགའ་བ་ལགས། །བྱ་གཤོག་རྒྱས་ཙམ་ན་འཕུར་བ་ལགས། །ཉམས་རྟོགས་པའི་རྩལ་དང་ལྡན་པ་ལགས། །མགུར་ད་རུང་མཛད་པར་ཞུ་བ་ལགས། །གསུངས་ནས་བཀྲབས་པ་ལ། དཔོན་དཀར་མོ་སྐད་གདངས་ཆེན་པོས།

p. 122

ཉམས་སྣང་ཀུན་གསལ་རུང་མ་གསལ་རུང་། །མཁའ་འགྲོ་ཀུན་འདུ་རུང་མི་འདུ་རུང་། །དབྱངས་ང་རང་དགའ་བ་ང་རང་ལེན། །ཁྱེད་རང་དགའ་བ་ཁྱེད་རང་ལོངས། །གསུངས་པ་ལ། རིན་པོ་ཆེ་པས་ཕྱག་གིས་མགུར་མ་བྱེད་པའི་བརྡའ་མཛད་སྐད།
༈ སློབ་དཔོན་སྒོམ་པས་ཀྱང་ཡུལ་སྣ་བ་མགུར་མཛོད་གསུངས་པས། བླ་མ་དུས་གསུམ་སངས་རྒྱས་ལགས། །དངོས་གྲུབ་ཡེ་ཤེས་དཀྱིལ་འཁོར་ལགས། །དམ་ཆོས་ཕྱག་རྒྱ་ཆེན་པོ་ལགས། །ཡོན་ཏན་འབྱུང་གནས་མོས་གུས་ལགས། །གཞན་དོན་དམིགས་མེད་ཐུགས་རྗེ་ལགས། །འབད་མེད་རིག་པ་ཅེར་མཐོང་ལགས། །འགག་མེད་རང་གྲོལ་ཏིང་འཛིན་ལགས། །ཤུགས་འབྱུང་བདེ་སྟོང་ཞེན་མེད་ལགས། །བློ་དང་བྲལ་བ་དོན་དམ་ལགས། །གཞི་རྩ་བྲལ་བ་ངོ་བོ་ལགས། །མཐའ་དང་བྲལ་བ་ལྟ་བ་ལགས། །གསལ་ལ་མ་ཞེན་གཉུག་མ་ལགས། །དེ་ལ་འགག་མེད་སྤྱོད་པ་ལགས། །སྣང་ཡང་འཛིན་མེད་རྐྱེན་ཤར་ལགས། །ལྷུན་གྱིས་གྲུབ་པ་ཆོས་སྐུ་ལགས། །སྤང་ཐོབ་མེད་པ་འབྲས་བུ་ལགས། །ཞེས་པའི་མགུར་མཛད་དོ། །ཡང་ལན་གཅིག་རྗེ་སྒམ་པོ་པའི་ཞལ་ནས་སློབ་དཔོན་འཕགས་པ་ལ་ཁྱོད་ཀྱིས་ཆོས་ཁུག་ཁྱེར་ལ་ཤོག །ཁོ་བོས་དཔེ་ཡོད་ཚད་ཁོ་ལ་སྟེར་དགོས་གསུངས་པ་ལ། ཁོ་བོ་ལ་དཔེ་མི་དགོས་ཞེས་མགུར་འདི་གསུངས་པ། རང་སེམས་བླ་མར་ཤར་ཙ་ན། །ཡིག་ནག་དཔེ་ཆས་དགོས་པ་མེད། །འགྱུར་མེད་གདེང་དང་ལྡན་ཙ་ན། །ངོ་སྤྲོད་ཚིག་གིས་དགོས་པ་མེད། །བསྒོམ་བྱ་སྒོམ་བྱེད་མེད་ཙ་ན། །སེམས་འཛིན་དམིགས་པས་དགོས་པ་མེད། །སྣང་སེམས་ཟུང་དུ་འཇུག་ཙ་ན། །དགག་སྒྲུབ་གཉིས་ཀྱིས་དགོས་པ་མེད། །རེ་དོགས་མཐའ་དང་བྲལ་ཙ་ན། །སྤང་ཐོབ་འབྲས་བུས་དགོས་པ་མེད། །གནས་ལུགས་ཡིད་བྱེད་དག་ཙ་ན། །ཕྱི་ནས་

p. 123

བཅོས་པས་དགོས་པ་མེད། །གཉུག་མ་སྐྱེ་འགག་མེད་ཙ་ན། །བློས་བརྟགས་འཛིན་པས་དགོས་པ་མེད། །དམིགས་མེད་ཐུགས་རྗེ་སྐྱེས་ཙ་ན། །ཕྱོགས་དང་རིས་ཀྱིས་དགོས་པ་མེད། །ཞེན་པ་གཏིང་ནས་ལོག་ཙ་ན། །གཟུང་དང་འཛིན་པས་དགོས་པ་མེད། །རྩོལ་བས་གཏུམ་མོ་འབར་ཙ་ན། །གོས་ལྷག་མ་མང་པོས་དགོས་པ་མེད། །དད་གུས་འགྱུར་མེད་སྐྱེས་ཙ་ན། །འཇིག་རྟེན་བྱ་བས་དགོས་པ་མེད། །དམ་ཚིག་སྡོམ་པ་སྲུང་ཙ་ན། །ངོ་ལྐོག་ཟོལ་གྱིས་དགོས་པ་མེད། །སྒྲུབ་པ་ཉམས་སུ་ལེན་ཙ་ན། །ངོ་སྲུང་སྤྲོས་པས་དགོས་པ་མེད། །བླ་མའི་ཞབས་ཏོག་བྱེད་ཙ་ན། །བཟོད་བསྲན་ཆུང་བས་དགོས་པ་མེད། །གཅིག་པུར་རི་ཁྲོད་བསྟེན་ཙ་ན། །སྐྱོ་རོགས་གཡེང་བས་དགོས་པ་མེད། །ནང་གི་དཀའ་སླ་འབྱེད་ཙ་ན། །ཕྲ་མས་འབྱེད་པས་དགོས་པ་མེད། །དམ་ཚིག་སྡོམ་པ་སྲུང་ཙ་ན། །དད་ལོག་འཁྲུག་པས་དགོས་པ་མེད། །དགེ་འདུན་སྤྱི་ཆེད་བྱེད་ཙ་ན། །རང་དོན་བྱེད་པས་དགོས་པ་མེད། །ཆད་ཁྲིམས་ལས་ལ་གཏད་ཙ་ན། །འགལ་བ་བྱེད་པས་དགོས་པ་མེད། །ཚོགས་པ་སྤྱི་ལས་བྱེད་ཙ་ན། །གཡོ་སྒྱུ་བྱེད་པས་དགོས་པ་མེད། །ཡག་དུས་ཁ་སྤྱང་ཟློ་ཙ་ན། །ཉེས་དུས་འབྲོས་པས་དགོས་པ་མེད། །གནས་གྲོགས་བླ་མར་འཛོམ་ཙ་ན། །བློ་མང་འཁྱར་བས་དགོས་པ་མེད། །ཅེས་དཔེ་མི་དགོས་ཤིང་གཅིག་པུར་སྒྲུབ་པ་བྱེད་པ་མ་གཏོགས་པ་གཞན་དོན་བྱ་བསམ་མེད་ཅེས་པའི་མགུར་འདི་མཛད་དོ། །སློབ་དཔོན་རྣམ་པས་རྡོ་རྗེའི་མགུར་མཛད་པ་ལ་དབང་བསྐུར་བ་ཡིན་གསུངས།
༈ གཉིས་པ་འབབ་རོམ་དུ་གསུངས་པའི་སྐོར་ལ་གཉིས། རྫ་དེའུ་ལ་གསུངས་པ་ཉི་ཤུ་རྩ་དགུའི་མགུར་དང་། བྲག་དམར་རྫོང་ཆེན་ལ་གསུངས་པ་རྨི་ཉམས་ཀྱི་མགུར་རོ། །ད་ནི་སྒྲུབ་པའི་གནས་ཀྱི་མཚན་ཉིད་ནི། ཡུལ་ཆེན་ཏི་སིའི་གངས་རྒྱུད། ཆུ་ཆེན་འགའ་འགའི་མགོ་

p. 124

བོ། སྡེ་ཆེན་པ་ཚབ་གྱི་ས་ཁུལ། ཐང་ཆེན་ཕྱུག་མོའི་གོང་བ། རུ་ཆེན་བཞིའི་རྒྱུན་ལམ། བྱང་ཆེན་རི་ཁྲོད་རྣམ་དག །མཚོ་ཆེན་ཕྱུག་མོའི་ཤར་ཕྱོགས། རིན་ཆེན་གངས་ཀྱི་ལྕགས་ར། བདེ་ཆེན་འོད་འབར་འབབ་རོམ། ལོ་ཆེན་སྒྲའི་སྒྱུར་ས། སྟོན་ཆེན་བཤད་གྲྭ་འཛུགས་ས། སྒོམ་ཆེན་སེང་ཁྱུའི་སྒྲུབ་གནས། མཐུ་ཆེན་ནུས་པ་འབར་ས། ཙམ་ཆེན་ལྷ་སྒོའི་མཚན་ཉིད་ནི། འཛམ་གླིང་རིའི་རྒྱལ་པོ་ཡིན་པས་ཁྱད་པར་དུ་མཐོ་ལ་བརྗིད་ཆེ་བ། བྱ་རྒོད་ཀྱི་རྒྱལ་མཚན་འབར་བ། དགུང་གི་ཀ་བ་དང་འདྲ་བས་དབྱིབས་ལེགས་པ། རྩེ་ལ་ལྷོ་སྤྲིན་སྨུག་པོ་འཐིབས་ནས། མགུལ་པར་གཡུའི་ན་བུན་གཏིབས་པས་ཤེས་པ་དགའ་བ། སངས་རྒྱས་ཀྱི་ཞལ་སློབ་གནོད་སྦྱིན་གྱི་དེེད་དཔོན་གང་བ་བཟང་པོའི་ཕོ་བྲང་ཡིན་པས། ཆོས་ཉམས་སུ་ལེན་ནས་སྒྲུབ་པ་བྱེད་པའི་གྲོགས་བྱེད་ཅིང་། བཀྲ་ཤིས་པའི་གྲུབ་གནས་ཆེན་པོ་ཡིན་པས། གཞན་དུ་ལོ་གཅིག་སྒྲུབ་པ་བྱས་པ་བས། འདིར་ཟླ་བ་གཅིག་སྒྲུབ་པ་བྱས་པ་བོགས་ཆེ་བ། ས་བྱིན་གྱིས་བརླབས་ཤིང་གཡང་ཆགས་པས་དགང་སླ་བ། ལུང་པའི་མཚན་ཉིད་ནི། རྩི་ཤིང་ནགས་ཚལ་ཕུན་སུམ་ཚོགས་པས་བག་དྲོ་བ། ཤིང་གི་རིགས་ལ་ཤུག་པ་ལ་སོགས་པའི་ཚལ་ཆེན་པོ་རྒྱས་པ། ལོ་འབྲས་ཕུན་སུམ་ཚོགས་ཤིང་མེ་ཏོག་མཛེས་པའི་རྒྱན་དང་ལྡན་པ། བྱ་ཀ་ལན་དྷ་ཀ་དང་ཁུ་བྱུག་སྙན་པའི་སྒྲ་སྒྲོག་པ། མཚོ་དང་རྫིང་བུ་ལ་སོགས་པ་སྔོ་བ། བྱ་ངང་པ་དང་ངུར་པ་ཁྲུང་ཁྲུང་དགའ་བས་རོལ་པས་སྙན་པ། ན་སྤང་བཻ་ཌཱུརྱའི་མཎྜལ་ལྟ་བུ་ལ་སྣ་ཚོགས་མཛེས་པའི་མེ་ཏོག་འཁྲུངས་པ། གསའ་ཆེན་བྲག་ལ་འགྱིང་ཞིང་རྒོད་ཆེན་མགོ་ན་ལྡིང་བའི་དགོན་ཆེན་གོང་མ་ན། དཔལ་ལྡན་འབབ་རོམ་པ་དེ་མཉམ་རྗེས་མེད་པར་འོད་གསལ་ཆེན་པོའི་ངང་ལ་བཞུགས་ཀྱང་། རྐྱེན་བག་ཙམ་ལ་བརྟེན་ནས། ཤུགས་ལས་བྱུང་བ་རྡོ་རྗེའི་མགུར་

p. 125

དཔག་ཏུ་མེད་པ་རྒྱ་མཚོ་ཙམ་མཛད་པ་ལ། ངེད་མཆེད་གྲོགས་འགའ་ཞིག་གིས་དུས་རེ་འགའ་ཞུ་ཕུལ་ནས། དཔལ་ལྡན་དེ་ཉིད་ཀྱི་ཞལ་ནས་སྤོད་པ། དཔང་པོ་ཡོད་པ། སྒྲོ་སྐུར་མེད་པ། ནོར་འཁྲུལ་སྤངས་པ། ཆུ་ཐིགས་ཙམ་ཞིག་ཡི་གེར་བཀོད་པ་ལ།
༈ དང་པོ་ཉེས་པ་ཐམས་ཅད་མྱུར་དུ་ཟད་ཅིང་། ཡོན་ཏན་རིན་པོ་ཆེ་སྐྱེ་བར་བྱ་བའི་ཕྱིར། མོས་གུས་ལྟེམ་རྐྱང་མེད་པའི་སྒོ་ནས་གསོལ་བ་རྒྱུན་ཆད་མེད་པར་འདེབས་པ་དངོས་གྲུབ་རྣམ་གཉིས་ཀྱི་རྩ་བ་ཡིན་པས། བཀའ་བརྒྱུད་དང་རྩ་བའི་བླ་མ་ལ་བསྟོད་པར་གདམས་པ་མོས་གུས་གསེར་འགྱུར་གསོལ་འདེབས་ཀྱི་མགུར་ནི། ན་མོ་གུ་རུ། གནས་ངེས་པ་འོག་མིན་ཞིང་ཁམས་ན། །འཁོར་ངེས་པ་རྒྱལ་སྲས་བྱང་སེམས་ལ། །ཆོས་ངེས་པ་བླ་མེད་ཐེག་ཆེན་གསུང་། །རྗེ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །གནས་ངེས་མེད་རི་བྲག་དུར་ཁྲོད་ན། །འཁོར་ངེས་མེད་སྐལ་བར་གང་ལྡན་ལ། །ཆོས་ངེས་མེད་སྣ་ཚོགས་རྟེན་འབྲེལ་སྒྲིག །རྗེ་ཏཻ་ལོ་པ་ལ་ཕྱག་འཚལ་བསྟོད། །གནས་བྱིན་བརླབས་པུ་ལ་ཧ་རི་ན། །འཁོར་བྱིན་བརླབས་རྒྱ་གར་བལ་བོད་ལ། །ཆོས་བྱིན་བརླབས་རྒྱུད་འགྲེལ་གདམས་པ་བཤད། །རྗེ་ནཱ་རོ་པ་ལ་ཕྱག་འཚལ་བསྟོད། །གནས་བདེ་ཆེན་ལྷོ་ཕུ་ནགས་ཚལ་ན། །འཁོར་བདེ་ཆེན་དབུས་གཙང་གྲྭ་སློབ་ལ། །ཆོས་བདེ་ཆེན་དབང་བཞིའི་ཆུ་བོ་བསྐུར། །རྗེ་ལྷོ་བྲག་པ་ལ་ཕྱག་འཚལ་བསྟོད། །གནས་ཞེན་མེད་བལ་བོད་སོ་མཚམས་ན། །འཁོར་ཞེན་མེད་དད་བརྩོན་ཆེ་བ་ལ། །ཆོས་ཞེན་མེད་ཐབས་ཀྱི་ལམ་མཆོག་འཁྲིད། །རྗེ་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། །གནས་སྙན་པ་སྒམ་པོ་ཟངས་ཟླུམ་ན། །འཁོར་སྙན་པ་ཕྱོགས་བཞིའི་མཁས་བཙུན་ལ། །ཆོས་སྙན་པ་སྟོང་ཉིད་སྒྲ་དབྱངས་སྒྲོག །རྗེ་རིན་པོ་ཆེ་ཕྱག་འཚལ་བསྟོད། །ཐུགས་དམིགས་མེད་མངོན་ཤེས་

p. 126

དྲུག་དང་ལྡན། །དུས་དམིགས་མེད་སྒྲིབ་པ་བྲལ་བར་གསལ། །ཐབས་དམིགས་མེད་ཅི་འདུལ་དེ་ལྟར་སྟོན། །རྗེ་ཐམས་ཅད་མཁྱེན་ལ་ཕྱག་འཚལ་བསྟོད། །ལུང་ལེགས་པར་ཟླ་འོད་གཞོན་ནུར་བསྟན། །དམ་ལེགས་པར་འཁོར་བ་སྒྲོལ་བར་བཅས། །ངོ་ལེགས་པར་སྣང་བ་ཆོས་སྐུར་སྤྲད། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །རྒྱུད་བསླབ་གསུམ་རྒྱན་ལྡན་བྱང་སེམས་འབྱོངས། །ལས་ཁམས་གསུམ་དུག་གསུམ་དྲི་མ་གསུམ། །དབྱིངས་སྐུ་གསུམ་ངང་དུ་དག་པར་མཛད། །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །གནས་རྣམ་དག་ལྷ་སྒོ་བྲག་དམར་ན། །འཁོར་རྣམ་དག་དབུས་ཁམས་དད་འདུས་ལ། །ཆོས་རྣམ་དག་ཕྱག་རྒྱ་ཆེན་པོ་གསུངས། །བཀའ་རྣམ་དག་སྤྲུལ་སྐུས་ཅི་གསུང་སྒྲུབ། །ཡུལ་རྣམ་དག་འཁྲུལ་སྣང་རང་སར་ཡལ། །ཐུགས་རྣམ་དག་འོད་གསལ་འདུ་འབྲལ་མེད། །སྟོབས་རྣམ་དག་འཕྲིན་ལས་བསམ་མི་ཁྱབ། །རྗེ་འབབ་རོམ་པ་ལ་ཕྱག་འཚལ་བསྟོད། །གནས་ལུང་བསྟན་མཁར་ལུང་ལྷ་ཆེན་ན། །འཁོར་ལུང་བསྟན་དད་ལྡན་བུ་སློབ་ལ། །ཆོས་ལུང་བསྟན་གདམས་ངག་ཟབ་མོ་གསུངས། །རྗེ་རས་པའི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་འགྱུར་མེད་ཆོས་དབྱིངས་ནམ་མཁའ་ལ། །ངེད་དབྱེར་མེད་གུས་པས་གསོལ་བ་འདེབས། །སེམས་སྐྱེ་མེད་ཆོས་སྐུར་བྱིན་གྱིས་རློབས། །དབྱིངས་དམིགས་མེད་རྣམ་དག་འདྲེས་པར་ཤོག །རྗེ་མཉམ་མེད་ཡིད་བཞིན་རིན་ཆེན་ལ། །ངེད་དྲི་མེད་མདངས་ལྟར་གསོལ་བ་འདེབས། །ལུས་གཉིས་མེད་སྤྲུལ་སྐུར་བྱིན་གྱིས་རློབས། །རྗེ་སྤྲོས་མེད་ཁྱེད་དང་མཚུངས་པར་ཤོག །རྗེ་སྤྲིན་མེད་ཤེས་རབ་ཉི་མ་ལ། །ངེད་དཔག་མེད་འོད་ལྟར་གསོལ་བ་འདེབས། །ངག་འགག་མེད་ལོངས་སྐུར་བྱིན་གྱིས་རློབས། །དོན་ཕྱོགས་མེད་སྲིད་མཚོ་སྐེམས་པར་ཤོག །རྗེ་ཟག་མེད་བདུད་རྩིའི་ཆུ་བོ་ལ། །

p. 127

ངེས་ཡེངས་མེད་གདུང་བས་གསོལ་བ་འདེབས། །རྐྱེན་དངོས་མེད་བདེ་བར་བྱིན་གྱིས་རློབས། །རྒྱུན་ཆད་མེད་ཡེ་ཤེས་གསལ་བར་ཤོག །རྗེ་དྲི་མེད་བསྟོད་པའི་བསོད་ནམས་ལས། །དོན་དྲི་མེད་བྱུང་བའི་དགེ་རྩ་དེས། །སེམས་དྲི་མེད་ཆོས་སྐུར་མ་ཤར་བར། །ཐུགས་དྲི་མེད་བརྩེ་བས་བཟུང་དུ་གསོལ། །ལུང་བསྟན་ཟླ་འོད་གཞོན་ནུར་གྱུར། །མཚན་ཐོས་མ་རིག་མུན་པ་སེལ། །ཡང་སྲིད་བྲལ་ཡང་འགྲོ་དོན་ཞུགས། །རྗེ་འགྱུར་མེད་སྐུ་ལ་ཕྱག་འཚལ་བསྟོད། །དོན་བརྒྱུད་ཐབས་ཆེན་ཟླ་བ་རྒྱས། །ངོ་སྤྲོད་གདམས་ངག་འོད་ཟེར་འཕྲོ། །སྐལ་ལྡན་སྐར་ཚོགས་སྨིན་གྲོལ་མཛད། །རྗེ་འགག་མེད་གསུང་ལ་ཕྱག་འཚལ་བསྟོད། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་བརྙེས། །རྟོགས་པ་ཤེས་རབ་ཉི་མ་ཤར། །བསྡུ་དངོས་བྱམས་པའི་འོད་ཟེར་འགྱེད། །རྗེ་སྐྱེ་མེད་ཐུགས་ལ་ཕྱག་འཚལ་བསྟོད། །དངོས་མེད་བློ་དང་བྲལ་བའི་ཀློང་། །འཛིན་མེད་ཡེ་ཤེས་ཆུ་རྒྱུན་འབབ། །དབྱེར་མེད་ལྟ་སྒོམ་སྤྱོད་པ་དག །རྗེ་གཉིས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །མི་རྟོག་མཉམ་ཉིད་མཐའ་དང་བྲལ། །འཁོར་འདས་རོ་གཅིག་སྐྱེ་འགག་མེད། །སྣང་སེམས་ཟུང་འཇུག་བློ་ལས་འདས། །རྗེ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །ཡིད་བཞིན་རིན་ཆེན་ཁམས་གསུམ་གྲགས། །དྲི་མེད་འོད་གསལ་ངང་ལ་བཞུགས། །མཉམ་རྗེས་མི་མངའ་ཐམས་ཅད་མཁྱེན། །རྗེ་ལོངས་སྐུ་ཁྱེད་ལ་ཕྱག་འཚལ་བསྟོད། །དམིགས་མེད་ཐུགས་རྗེའི་ཆར་རྒྱུན་འབབ། །འགྲོ་དྲུག་བྱང་ཆུབ་མྱུ་གུ་སྨིན། །ཡོན་ཏན་དཔག་མེད་མེ་ཏོག་མཛེས། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །དཔག་བསམ་ལྗོན་ཤིང་འགྲན་ཟླ་མེད། །སྣ་ཚོགས་ཕྲིན་ལས་ལོ་འབྲས་རྒྱས། །སྲིད་གསུམ་ཉོན་མོངས་སྡུག་བསྔལ་སེལ། །རྗེ་བདེ་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །རིན་པོ་ཆེ་ཆོས་རྗེ་སྒམ་པོ་པ་ལ་དཔལ་ལྡན་འབབ་རོམ་པ་

p. 128

ཆེན་པོས་བསྟོད་པ་དོན་གྱི་སྒྲོན་མེ་ཞེས་བྱ་བ་བྱིན་རླབས་དང་ལྡན་པ་རྫོགས་སོ།། །།
༈ གཉིས་པ་ཁ་ལྟ་དང་ཡིད་བྱེད་ཐམས་ཅད་དང་བྲལ་བར་གདམས་པ་མཐའ་བྲལ་ནམ་མཁའ་ལྟ་བུའི་མགུར་ནི། ཨེ་མ་རྗེ་བཙུན་རྒྱལ་བའི་སྐུ། །དྲི་མེད་དོན་ཟབ་ཚངས་པའི་གསུང་། །མཉམ་རྗེས་དབྱེར་མེད་འོད་གསལ་ཐུགས། །བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །རྟོགས་ལྡན་གྱི་དོན་ལ་བདེ་སྡུག་མཉམ། །སྤང་བླང་མེད་པས་མཐའ་དང་བྲལ། །བླང་དོར་བྱེད་ན་ཉན་ཐོས་ལམ། །འགྱུར་མེད་སྟོང་ཉིད་ངང་ལ་འཇོག །རིག་སྟོང་རྒྱུན་པར་གནས་པ་ལ། །བསྒོམ་བྱ་སྒོམ་བྱེད་འཛིན་པ་བྲལ། །བསྒོམ་རྒྱུ་འདོད་ན་དྲི་མས་སྦགས། །མ་བཅོས་གཉུག་མའི་ངང་ལ་འཇོག །འོད་གསལ་སྟོང་པའི་ཡེ་ཤེས་དེ། །མཉམ་ཉིད་ངང་ལ་རྒྱུན་ཆད་མེད། །བསྐྱེད་པར་འདོད་ན་མུ་བཞིར་གོལ། །ཆོས་དབྱིངས་སྐྱེ་མེད་ངང་ལ་འཇོག །ཤུགས་འབྱུང་འགག་མེད་ཚུལ་འཆོས་བྲལ། །སྣ་ཚོགས་སྣང་བ་གྲོགས་སུ་ཤར། །ཚུལ་འཆོས་ཆོས་བརྒྱད་འཁོར་བའི་རྒྱུ། །མི་འགག་རང་བྱུང་རང་སར་འཇོག །འཁོར་འདས་མཉམ་པ་ཉིད་དུ་གྲོལ། །སྤང་བླང་མེད་པས་རེ་དོགས་བྲལ། །གཉིས་འཛིན་རིགས་དྲུག་གྲོང་ཁྱེར་འགྲིམ། །གཞི་མེད་རྩ་བྲལ་ངང་ལ་འཇོག །བདེ་སྟོང་རིག་པ་ངོས་འཛིན་མེད། །ཉམས་རྟོགས་གཅིག་ཏུ་ཤར་བ་ལ། །ཆགས་ཞེན་བྱེད་ན་ལམ་གྱི་གེགས། །རང་གྲོལ་འཛིན་མེད་ངང་ལ་འཇོག །ཆོས་ཉིད་རྟོགས་པའི་དག་སྣང་ལ། །མངོན་རྟགས་སུ་མི་འཛིན་གཟུགས་སྐུར་ཤར། །མངོན་རྟགས་རུ་ཏྲ་རང་རྒྱུད་པ། །ཟུང་འཇུག་འཇའ་ཚོན་ལྟ་བུར་འཇོག །སེམས་ཉིད་གདོད་ནས་དག་པ་ལ། །བདེ་གསལ་མི་རྟོག་ཉམས་ཤར་བ། །སྣང་མི་རྟོག་འབྲས་བུ་བསྒྲུབ་རྒྱུ་མེད། །སྒྲུབ་ན་ཁམས་གསུམ་གནས་སུ་གོལ། །མཐའ་བྲལ་ལྷུན་གྲུབ་ངང་ལ་འཇོག །

p. 129

༈ གསུམ་པ་དང་པོའི་ཤེས་པ་མི་གནས་མ་བཅོས་པར་དམིགས་པ་ཐམས་ཅད་དང་བྲལ་བར་གདམས་པ་མི་གཡོ་རྒྱ་མཚོ་སྒོམ་པའི་མགུར་ནི། རྗེ་བཀའ་དྲིན་ཅན་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མགོན་ལ་སྐྱབས་སུ་མཆི། །རྐྱེན་སྣང་བག་ཆགས་ཀྱི་གཟུགས་བརྙན་འདི། །གཞི་མེད་སྟོང་པའི་ངང་དུ་ཡལ། །བདེ་སྡུག་འཁྲུལ་པ་སྣ་ཚོགས་འདི། །རང་རིག་སེམས་ཀྱི་ངོ་བོར་རྟོགས། །གཟུང་འཛིན་དྲི་མ་སྣ་ཚོགས་འདི། །འོད་གསལ་ཆེན་པོའི་ངང་དུ་དག །སྤང་བྱ་སྤོང་བྱེད་ཀྱི་ཞེ་འདོད་འདི། །རང་བཞིན་བདེ་ཆེན་དབྱིངས་སུ་ཐིམ། །འཁྲུལ་པའི་རྣམ་རྟོག་དུ་མ་འདི། །རྟེན་མེད་རིག་པའི་ངང་དུ་ཡལ། །སྣང་དང་སེམས་ཀྱི་ངོ་བོ་འདི། །ལྷན་སྐྱེས་ཟུང་འཇུག་བདེ་བར་ཤར། །ཕྱོགས་རིས་སྤང་བླང་སྣ་ཚོགས་འདི། །ཚུལ་འཆོས་མེད་པའི་ངང་དུ་གྲོལ། །མཐོན་དམན་ཉམས་ཀྱི་འཆར་ལུགས་འདི། །དྲན་རིག་སེམས་ཀྱི་ངོ་བོར་ཤར། །གཉིས་སུ་འཛིན་པའི་རེ་དོགས་འདི། །སྤང་ཐོབ་མེད་པར་རང་སར་གྲོལ། །
༈ བཞི་པ་རྐྱེན་སྣ་ཚོགས་སླུ་བྲིད་ཡིན་པར་གདམས་པ་ངེས་མེད་ཉམས་མྱོང་ན་བུན་གྱི་མགུར་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །དམ་ཚིག་རྟེན་སྲུང་གི་གུས་མཆོད་འབུལ། །ཡེ་ཤེས་ཆར་རྒྱུན་གྱིས་བྱིན་གྱིས་རློབས། །རྗེ་ཡི་དམ་མཁའ་འགྲོ་རྒྱན་དུ་ཆེ། །འཁྲུལ་རྟོག་གཞི་རྩ་ཆོད་པ་ལ། །རྣམ་དག་ཏིང་འཛིན་སྐྱེ་བ་ཡི། །ཉམས་མྱོང་ཡེ་ཤེས་ནང་ནས་ཤར། །རྟོག་མེད་ཡེ་ཤེས་འདི་རྒྱན་དུ་ཆེ། །འཁོར་འདས་གཞི་རྩ་ཆོད་པ་ཡི། །འགྱུར་མེད་བློ་ལས་འདས་པའི་དོན། །རང་གསལ་སྟོང་པའི་ལྟ་བ་བདོག །མཐའ་བྲལ་སྟོང་པ་འདི་རྒྱན་དུ་ཆེ། །གསང་སྔགས་ཆེ་བའི་རྟེན་འབྲེལ་གྱིས། །དུག་ལྔ་རང་ཤི་རང་གྲོལ་གྱི། །གསང་སྔགས་ཟབ་མོའི་གདམས་ངག་བདོག །རིགས་ལྔ་རང་ཆས་འདི་རྒྱན་དུ་ཆེ། །སྤྱིར་སྣང་བ་འཁྲུལ་པར་ཤེས་

p. 130

ལགས་པས། །སྤང་བླང་མེད་པའི་དོན་ཞིག་རྟོགས། །མ་བཅོས་ཤུགས་འབྱུང་འགག་མེད་ལགས། །སྣང་བ་བདེ་སྟོང་འདི་རྒྱན་དུ་ཆེ། །རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ལ། །མ་འགག་པད་མའི་སྤྱན་གྱིས་བལྟས། །སྐུ་གསུམ་དོན་ལྡན་འབྲས་བུར་ཤར། །རྩོད་མེད་ཆོས་སྐུ་འདི་རྒྱན་དུ་ཆེ། །
༈ ལྔ་པ་སྤང་བླང་དང་ཚུལ་འཆོས་ཐོ་ཅོ་མི་བྱེད་པར་ཐམས་ཅད་མཉམ་པར་གདམས་པ་འགག་མེད་ཁྱུང་ཆེན་བསྐྱོད་པའི་མགུར་ནི། རྗེ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །སྤྱི་གཙུག་པད་ཟླའི་གདན་ལ་བཞུགས། །མོས་པའི་བུ་ཚོ་ལམ་སྣ་དྲོངས། །ཕྱི་ནང་རྐྱེན་དང་བར་ཆོད་སོལ། །གནས་ངེས་པ་མེད་པའི་རི་ཁྲོད་དུ། །སེམས་སྐྱེ་འཆི་མེད་པར་སྒྲོ་འདོགས་བཅད། །དྲན་ཡེངས་པ་མེད་པའི་ཏིང་འཛིན་ཤར། །འཁྲུལ་སྣང་ཀུན་ཅི་དགའ་མ་དགའ་མཛོད། །སེམས་རིག་པ་མཐའ་བྲལ་ནམ་མཁའ་འདྲ། །རྐྱེན་སྣང་བ་སྣ་ཚོགས་དབྱིངས་སུ་ཡལ། དེ་ཆོས་སྐུ་བདེ་ཆེན་སྐྱེ་བ་མེད། །རྐྱེན་སྣང་ཀུན་ཅི་དགའ་མ་དགའ་མཛོད། །ཡུལ་གཟུང་འཛིན་བག་ཆགས་སྣང་བ་འདི། །རྐྱེན་མི་རྟག་སྒྱུ་མ་ལྟ་བུར་སྣང་། །བདེ་ཆེན་ལོངས་སྐུའི་ངོ་བོར་ཤར། །ཆགས་ཞེན་ཀུན་ཅི་དགའ་མ་དགའ་མཛོད། །དོན་སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད། །དེ་ངོ་བོ་རང་གསལ་རྒྱུན་པར་གནས། །གཞན་དོན་ལྷུན་གྲུབ་སྤྲུལ་པའི་སྐུ། །ཉམས་རྟོགས་ཀུན་ཅི་དགའ་མ་དགའ་མཛོད། །སེམས་མ་བཅོས་མི་འགག་ངོ་བོར་ཤར། །དེ་བློས་བྱས་སྣ་ཚོགས་འཛིན་པ་བྲལ། །འབད་མེད་གདུལ་བྱའི་འགྲོ་དོན་འབྱུང་། །རང་དོན་ཀུན་ཅི་དགའ་མ་དགའ་མཛོད། །ད་དུས་ངན་སེམས་ཅན་ཕྲག་དོག་ཆེ། །ལར་ཕན་སེམས་བྱས་ཀྱང་ལོག་པར་ལྟ། །སྡིག་སྡུག་བསྔལ་རང་རླག་རྒྱན་དུ་འཁུར། །བདེ་སྡུག་ཀུན་ཅི་དགའ་མ་དགའ་མཛོད། །

p. 131

སྤྱིར་ཕྱོགས་རིས་མེད་པ་དྲིན་ཅན་མ། །སེམས་ཅན་ཀུན་བདེ་ལ་འགོག་འབབ་ཀྱང་། །མི་འདུལ་འདུལ་བྱེད་འདི་བདུད་ཀྱི་ལས། །ཞེ་འདོད་ཀུན་ཅི་དགའ་མ་དགའ་མཛོད། །
༈ དྲུག་པ་ཞེ་འདོད་རྟག་ཆད་གཉིས་འཛིན་ཐམས་ཅད་བྲལ་བར་གདམས་པ་གཉིས་མེད་ཡེ་ཤེས་འབྲས་བུའི་མགུར་ནི། ཕ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྗེ་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །མི་བསྐྱོད་རྡོ་རྗེ་དཔེར་བཞག་ཡིན། །དགུང་སྔོན་བཻ་ཌཱུར་ནམ་མཁའ་ལ། །ཉི་ཟླ་གཉིས་ཀྱི་མདངས་གསལ་བ། །སྐུ་གསུམ་ངོ་སྤྲོད་དཔེར་བཞག་ཡིན། །སེམས་ཉིད་དྲི་མེད་འོད་གསལ་ལ། །མི་རྟོག་གཉིས་མེད་ཡེ་ཤེས་ཤར། །སྣང་སྟོང་ཟུང་འཇུག་དཔེར་བཞག་ཡིན། །སྲིད་གསུམ་གཞི་རྩ་བྲལ་བ་ལ། །བདེ་གསལ་མི་རྟོག་ཏིང་འཛིན་སྦྱངས། །སྐུ་གསུམ་དོན་ལྡན་དཔེར་བཞག་ཡིན། །འཁོར་བ་གཞི་རྩ་བྲལ་བ་ལ། །སྤང་བླང་མེད་པའི་དོན་ཞིག་རྟོགས། །དགག་སྒྲུབ་བྲལ་བའི་དཔེར་བཞག་ཡིན། །སེམས་ཉིད་གདོད་ནས་དག་པ་ལ། །བདེ་སྟོང་གཉིས་ཀྱི་མདངས་ཤིག་རྒྱས། །ལྟ་སྒོམ་ཟུང་འཇུག་དཔེར་བཞག་ཡིན། །རང་སྣང་དག་པ་ལྷ་སྐུ་ལ། །ཐུན་བཞི་རྣལ་འབྱོར་གྱིས་གསལ་བཏབ་པས། །བསྐྱེད་རྫོགས་ཟུང་འཇུག་གི་དཔེར་བཞག་ཡིན། །སྣང་བ་གཞི་རྩ་བྲལ་བ་འདི། །སྤང་བླང་མེད་དེ་རང་བཞིན་དག །འཁོར་འདས་གཉིས་མེད་ཀྱི་དཔེར་བཞག་ཡིན། །དག་པ་གཞི་བྲལ་གྱི་ངོ་བོ་ལ། །མ་ཆགས་པད་མའི་སྤྱན་གྱིས་བལྟས། །དག་པ་ཡེ་ཤེས་ཀྱི་དཔེར་བཞག་ཡིན། །དྲན་རྟོག་རང་གྲོལ་གཞི་བྲལ་ལ། །དགག་སྒྲུབ་མེད་པའི་དོན་ཞིག་རྟོགས། །སྤྱོད་པ་ཤུགས་འབྱུང་གི་དཔེར་བཞག་ཡིན། །སྙིང་པོའི་དོན་ནི་གདོད་ནས་དག །འབྲས་བུ་གཉིས་མེད་རང་སར་འབྱུང་། །ལྷུན་གྲུབ་འབྲས་བུའི་དཔེར་བཞག་ཡིན། །

p. 132

༈ བདུན་པ་ལེ་ལོ་ཅན་བརྩོན་འགྲུས་སྐྱེད་པ་ལ་འཆི་བ་རྗེས་སུ་དྲན་ནས། ཆོས་རྗེས་སུ་དྲན་པ་ལ་འཁྲུལ་སྣང་སྒྱུ་མ་མི་རྟག་པའི་མགུར་ནི། (དད་གུས་མོས་གསུམ་ཏིང་འཛིན་གྱིས། །)བླ་མ་ཡི་དམ་མཁའ་འགྲོ་ལ། །ཏིང་འཛིན་གྱི་བྱིན་རླབས་མ་ཞུས་ན། །ཡེ་ཤེས་ཀྱི་ཆུ་རྒྱུན་ཅང་འབབས་སམ། །དད་པ་གཏིང་ནས་མ་སྐྱེས་པར། །དགེ་བཅུ་ལམ་དུ་ཅང་སློངས་སམ། །འཁོར་བའི་སྡུག་བསྔལ་མ་དྲན་པར། །སྡིག་བཅུ་སྤང་དུ་ཅང་འཚལ་ལམ། །མི་རྟག་འཆི་བ་མ་དྲན་པར། །བདག་འཛིན་གྱི་འཆིང་བ་ཅང་གྲོལ་ལམ། །བྱམས་པ་རྒྱུད་ལ་མ་སྐྱེས་པར། །གཞན་ཕན་གྱི་སྙིང་རྗེ་ཅང་འབྱུང་ངམ། །གདམས་ངག་ཉམས་སུ་མ་བླངས་པར། །ལུས་ལ་བདེ་དྲོད་ཅང་སྐྱེ་འམ། །གདམས་ངག་གནད་དུ་མ་ཕོག་པར། །དམིགས་པ་རང་སར་ཅང་སྡོད་དམ། །སྣང་སྲིད་འཁྲུལ་པར་མ་ཤེས་པར། །བསྐྱེད་རྫོགས་ལམ་དུ་ཅང་སློངས་སམ། །དངོས་པོར་འཛིན་པ་མ་ལོག་པར། །འཁྲུལ་པ་འཇིག་ཏུ་ཅང་འཚལ་ལམ། །བདེ་སྟོང་ཉམས་ལ་མ་ཤར་བར། །སྣང་བ་བདེ་བར་ཅང་འཆར་རམ། །འོད་གསལ་རྒྱུད་ལ་མ་ཤར་བར། །འཁྲུལ་པའི་རྟོག་པ་ཅང་འགག་གམ། །སྤྲོས་བྲལ་རྟོགས་པས་མ་ཆོད་པར། །སྐུ་གསུམ་གྱི་འབྲས་བུ་ཅང་འཆར་རམ། །སྲིད་གསུམ་གཞི་རྩ་མ་ཆོད་པར། །དག་པའི་ཡེ་ཤེས་ཅང་འཆར་རམ། །བདེ་འོ་བདེ་འོ་དེ་ཡོང་བདེ། །སྲིད་གསུམ་གཞི་བྲལ་གྱི་ངང་ཤེད་ནས། །སྒོམ་པ་འཛིན་མེད་རང་གསལ་བདེ། །ཆོས་ཉིད་སྐྱེ་འགག་རྒྱལ་ཁམས་ན། །ལྟ་བ་མཐའ་བྲལ་སྟོང་པ་བདེ། །སྣང་བ་བདེ་ཆེན་གཞལ་ཡས་ནས། །སྤྱོད་པ་ཤུགས་འབྱུང་རང་གྲོལ་བདེ། །གཉིས་མེད་ལྷུན་གྲུབ་ངང་ཤེད་ན། །སྐུ་གསུམ་རང་ཆས་ཀྱི་འབྲས་བུ་བདེ། །གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །རང་སར་སྦྱོངས་ཤིག་ངེས་ཤེས་སྐྱེད། །མཉམ་པ་ཉིད་དུ་གྲོལ་བར་ངེས། །

p. 133

༈ བརྒྱད་པ་བྱང་སེམས་བསྐྱེད་ཅིང་ཚོགས་བསག་སྨོན་ལམ་བཏབ་པས། གདུལ་བྱ་སྨིན་པར་མཛད་པ་ལ་གདམས་པ་སྨིན་གྲོལ་བདུད་རྩི་ཆར་རྒྱུན་གྱི་མགུར་ནི། (མཐའ་བྲལ་སྟོང་པ་འདུས་མ་བྱས། །)གདོད་ནས་མི་འགྱུར་བློ་ལས་འདས། །ཕྱོགས་རིས་དམིགས་གཏད་ངོས་བཟུང་བྲལ། །གོ་བློའི་ལྟ་བས་དགོས་པ་མེད། །རང་རིག་འོད་གསལ་རྒྱུན་མི་འཆད། །མ་ཞེན་ཕྱོགས་རིས་འཛིན་པ་ཡལ། །མ་བཅོས་སེམས་ཉིད་འགག་པ་མེད། །བློས་བྱས་སྒོམ་པས་དགོས་པ་མེད། །སྣང་བ་སྣ་ཚོགས་གྲོགས་སུ་ཤར། །དྲན་རིག་སེམས་ཀྱི་ངོ་བོར་རྟོགས། །ཤུགས་འབྱུང་མི་འགག་ངེས་པ་མེད། །ཚུལ་འཆོས་སྤྱོད་པས་དགོས་པ་མེད། །གཞི་ལམ་འབྲས་བུ་རང་བཞིན་གཅིག །སྐུ་གསུམ་རང་ཆས་ལྷུན་གྱིས་གྲུབ། །རེ་དོགས་གོལ་སའི་རྩ་བ་ཆོད། །ཞེ་འདོད་འབྲས་བུས་དགོས་པ་མེད། །སེམས་རང་བཞིན་དག་པ་དྲི་མ་བྲལ། །འོད་གསལ་ཡངས་པ་སྐྱེ་འགག་མེད། །ཕྱོགས་རིས་མེད་པར་འགྲོ་དོན་འགྲུབ། །ངོ་ལྐོག་དམ་ཚིག་གིས་དགོས་པ་མེད། །རྩམ་ཆེན་གངས་ཀྱི་རི་ཁྲོད་འདིར། །གྱི་ན་ཙམ་གྱིས་འཚོ་བྱེད་ཅིང་། །རྩེ་གཅིག་ཏུ་སྒྲུབ་པ་བྱེད་པ་ལ། །ཁ་ལན་གྱི་སྟོན་མོས་དགོས་པ་མེད། །
༈ དགུ་པ་དབང་པོའི་ཁྱད་པར་བྱེ་བྲག་ལ་འགལ་བ་འདུ་བ་ལྟར་གསུངས་པ། དྲང་དོན་དང་ངེས་དོན་འདྲེས་མར་གདམས་པ་གསེར་གཡུ་མཛེས་སྡེབ་བདེན་གཉིས་ཀྱི་མགུར་ནི། ངས་བླ་མ་མཉེས་པའི་རྟེན་འབྲེལ་གྱིས། །ཁོང་གང་ཟག་དབང་པོའི་བྱེ་བྲག་ལ། །སྨོན་ལམ་ལས་འཕྲོའི་ཁྱད་པར་གྱིས། །རྒྱུད་ཚོད་ཀྱི་གོ་ཡུལ་སོ་སོར་ཤར། །སྣ་ཚོགས་རྟོགས་པའི་འཆར་ཚུལ་དེ། །རྒྱུ་འབྲས་ཉམས་སུ་མྱོང་བ་ཡིན། །ཚོགས་གཉིས་བསགས་དང་མ་བྲལ་ན། །སྐྱོན་དག་ཡོན་ཏན་བསམ་མི་ཁྱབ། །ཀུན་རྫོབ་རྒྱུ་འབྲས་ཕྲ་ཞིང་བདེན། །ཁྱད་དུ་མ་བསད་

p. 134

སྲོག་ལྟར་བསྲུངས། །དོན་དམ་ཡིད་བྱེད་མཐའ་དང་བྲལ། །བློ་ཡིས་མ་རེག་ཕྱམ་སེར་ཐོངས། །སྐྱེ་འགག་མེད་པས་ཟུང་དུ་འཇུག །མི་གནས་མྱ་ངན་འདས་པར་ཐལ། །དམིགས་མེད་ཐུགས་རྗེའི་སྨོན་ལམ་གྱིས། །གཞན་དོན་དཔག་མེད་འབྱུང་བ་ཡིན། །
༈ བཅུ་པ་དུས་ལ་མ་བབ་པ་མི་འདུལ་བ་འདུལ་བར་མི་རིགས་པར་གདམས་པ་ཉེས་སྐྱོན་དོགས་བྲལ་བདུད་ལས་སྤང་བའི་མགུར་ནི། ཡོན་ཏན་འབྱུང་གནས་གཙུག་གི་ནོར། །ཕྲིན་ལས་མངའ་བདག་འགྲོ་བའི་མགོན། །གདུལ་བྱ་སྨིན་མཛད་སྤྲུལ་པའི་སྐུ། །རྗེ་རིན་པོ་ཆེ་ཡི་ཞབས་ལ་འདུད། །གསུམ་ལྡན་བླ་མ་དམ་པ་དེས། །གདུལ་བྱ་ཚར་གཅོད་རྗེས་བཟུང་གི །ཐབས་ཀྱིས་འཛིན་པར་མཛད་པ་ལ། །ཡོན་ཏན་སྐྱོན་དུ་མ་འཛིན་མཛོད། །ད་ནས་བཟུང་ནས་སངས་རྒྱས་བར། །ཟབ་མོ་བར་ཆད་མེད་པའི་ལམ། །མོས་གུས་འགྱུར་བ་མེད་པ་ཡིན། །དེ་ལ་རྒྱུན་ཆད་མ་བྱེད་མཛོད། །དམ་ཚིག་སྡོམ་པ་རྣམ་གསུམ་དེ། །རང་གིས་རང་ཉིད་མ་ཁྲེལ་བར། །རང་སེམས་དཔང་དུ་ཚུགས་ལ་སྲུངས། །ཚུལ་འཆོས་གཡོ་སྒྱུ་མ་བྱེད་མཛོད། །ཡོ་འཛུར་མེད་པ་ལམ་གྱི་གྲོགས། །ཚངས་པར་སྤྱོད་པའི་ཆོས་རོགས་ལ། །བརྙས་དོགས་ཕྲག་དོག་ང་རྒྱལ་གྱིས། །ཁྲོ་འཁྲུག་འཁོན་འཛིན་མ་བྱེད་མཛོད། །ལས་ངན་བསགས་པའི་བག་ཆགས་ཀྱིས། །ད་ལྟ་རྒྱུ་འབྲས་ཁྱད་དུ་གསོད། །དགེ་ལ་མི་བསྐུལ་སྡིག་ལ་སྦྱོར། །གྲོགས་པོ་ངན་པ་མ་བརྟེན་མཛོད། །ཡུལ་བྱིན་གྱིས་བརླབས་པ་གནས་ཀྱི་མཆོག །ས་ལྟོས་ཐག་ཆོད་པ་རི་བོའི་གངས། །ཆུ་ཤིང་འཛོམ་པའི་དགོན་པ་དེར། །ལེ་ལོ་མ་བྱེད་སྒྲུབ་པ་མཛོད། །ཚེ་ལ་ལོང་མེད་མི་རྟག་པས། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །གྲོང་ཁྲོད་དུ་གཡེང་བ་མ་བྱེད་པར། །རྟག་ཏུ་དམ་པའི་ལྷ་ཆོས་མཛོད། །ཆོས་གཏམ་ང་རྒྱལ་ཤགས་ངན་

p. 135

གྱིས། །མ་ཐུབ་སྐྱེངས་པས་མཚང་ནས་བྲུས། །ཞེ་སྡང་སྐྱེས་པས་གཉིས་ཀ་བསྲེག །རང་དམའ་རང་གིས་མ་དབབ་མཛོད། །ནོར་སྐྱོང་ཁེ་འདོད་སླུ་བྲིད་ཀྱིས། །ཁ་ན་མ་ཐོ་རྣམ་གསུམ་འཕོག །དེ་བས་ལྟོགས་ཏེ་ཤི་བ་རུང་། །འཁྲིས་བོར་ཤ་དོམ་མ་བཏང་མཛོད། །མར་གྱུར་འགྲོ་དྲུག་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོར་བྱིང་བ་ལ། །དམིགས་མེད་ཐུགས་རྗེའི་གཟིངས་བཅས་ནས། །སྲིད་པའི་ཆུ་ཀླུང་སྒྲོལ་བར་མཛོད། །ངོ་བོ་ལྷན་ཅིག་སྐྱེས་པའི་སེམས། །རྒྱུ་དང་རྐྱེན་གྱིས་མ་སྐྱེད་པར། །གནས་ལུགས་སྟོང་པའི་ཡེ་ཤེས་ཏེ། །སྒོམ་མེད་མ་ཡེངས་མ་བཅོས་མཛོད། །ལྟ་བ་འགྱུར་མེད་ཆོས་ཀྱི་དབྱིངས། །མཐའ་དང་བྲལ་བ་བློ་ལས་འདས། །བཟུང་དང་འཛིན་པ་མཁའ་ལྟར་དག །དེ་ལ་ཉམས་ཆས་མ་བསླད་མཛོད། །རྟོགས་པ་དེ་ཉིད་ཀློང་དུ་གྱུར། །འཁོར་འདས་གཉིས་སུ་མེད་པར་ཆོད། །སྣང་སྲིད་ཕྱག་རྒྱ་ཆེན་པོར་ཤར། །རྟོག་དཔྱོད་ཐེ་ཙོམ་མ་བྱེད་མཛོད། །སྒོམ་པ་དང་པོའི་ཤེས་པ་དེ། །བསྒོམ་བྱ་ཕྱི་ནས་མ་བཅོས་པར། །སྐྱེ་མེད་འོད་གསལ་ངང་དུ་གློད། །དམིགས་བཅས་ཞེན་པས་མ་འཛིན་མཛོད། །ཉམས་མྱོང་རླུང་སེམས་རྟེན་འབྲེལ་འདི། །སྣ་ཚོགས་འཆར་ནུབ་བྱེད་པ་ལ། །དེ་དེ་ཤེས་པས་དེ་ཉིད་མཚོན། །དགག་སྒྲུབ་བདེན་འཛིན་མ་བྱེད་མཛོད། །སྤྱོད་པ་རོ་སྙོམས་མཉམ་པ་ཉིད། །ཤུགས་ལས་བྱུང་བས་ངེས་པ་མེད། །ཕྱོགས་རིས་ཆགས་སྡང་ཞེ་འདོད་སྤོངས། །ཚུལ་འཆོས་ཐོ་ཅོ་མ་བྱེད་མཛོད། །འབྲས་བུ་རང་སྣང་ཆོས་ཀྱི་སྐུ། །སེམས་དཔའ་རྣམས་ལ་ལོངས་སྐུར་འཆར། །འགྲོ་བའི་དོན་དུ་སྤྲུལ་སྐུར་འབྱོན། །དཔེ་མ་གྲུབ་མཁའ་སྤྲིན་ཆར་རྒྱུན་གྱིས། །བཅུད་རྩི་ཤིང་ལོ་ཐོག་སྐྱེད་པ་ལྟར། །དོན་མི་དམིགས་ཐུགས་རྗེའི་སྨོན་ལམ་གྱིས། །མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱུན་ཆད་མེད། །བརྩེ་ཆེན་གྱི་ཡོན་ཏན་བསམ་མི་ཁྱབ། །ཕྲིན་ལས་ཀྱི་ནུས་

p. 136

པ་ཐོགས་པ་མེད། །རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ། །བུ་དེ་བས་བྱ་བཏང་སྒྲུབ་པ་མཛོད། །
༈ བཅུ་གཅིག་པ་བླ་མའི་བཀའ་མ་བཅག་ཅིང་ཅི་གསུངས་བསྒྲུབས་པས་སེམས་མི་འགྱོད་པར་སྒྲོ་འདོགས་ཆོད་པ་ཞབས་ཏོག་གསུམ་ལ་གདམས་པ་ལུས་སྲོག་ལྟོས་མེད་དཀའ་བ་སྤྱད་པའི་མགུར་ནི། རྗེ་བླ་མ་རྣམས་ཀྱིས་མ་ཁྲེལ་བ། །མོས་གུས་ལ་མཐོན་དམན་མ་ཤོར་བས། །ཞབས་ཏོག་གཡོ་སྒྱུ་མེད་པར་བྱས། །ད་ཅི་གསུང་བསྒྲུབས་པས་བློ་རེ་བདེ། །ལྷ་ཡི་དམ་རྣམས་ཀྱིས་མ་ཁྲེལ་བར། །ཐུན་བཞིའི་རྣལ་འབྱོར་མ་ཆག་པས། །ཁམས་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ། །ད་དངོས་འཛིན་མེད་པས་བློ་རེ་བདེ། །གྲོགས་རྡོ་རྗེའི་སྤུན་གྱིས་མ་ཁྲེལ་བ། །དབྱེན་སྡིག་རྫུན་སླུ་བྲིད་མ་བྱས་པས། །ཡབ་སྲས་དང་བཅས་པས་ཐུགས་ལ་བཏགས། །ད་ཞེ་འགྱོད་མེད་པས་བློ་རེ་བདེ། །དཔང་རང་གི་སེམས་ཀྱིས་མ་ཁྲེལ་བ། །དམ་ཚིག་ལ་ངོས་ལྐོག་མ་བྱས་པས། །རྗེ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཞུགས། །ད་དོན་གཉིས་གྲུབ་པས་བློ་རེ་བདེ། །གནས་ལུགས་ཀྱི་ལྟ་བས་མ་ཁྲེལ་བ། །གོ་བློའི་ཡུལ་དུ་མ་བྱས་པས། །དོན་ཡིད་ལ་མི་བྱེད་འགྱུར་བ་མེད། །ད་མཐའ་དང་བྲལ་བས་བློ་རེ་བདེ། །དམིགས་མེད་ཀྱི་སྒོམ་པས་མ་ཁྲེལ་བ། །སྣ་ཚོགས་ཀྱི་ཉམས་ལ་མ་ཆགས་པས། །འོད་གསལ་གྱི་ངང་ལ་རྒྱུན་ཆད་མེད། །ད་ཞེན་པ་བྲལ་བས་བློ་རེ་བདེ། །རོ་སྙོམས་ཀྱི་སྤྱོད་པས་མ་ཁྲེལ་བ། །ཚུལ་འཆོས་ཐོ་ཅོ་མ་བྱས་པས། །ཡུལ་འཛིན་མེད་ཟུང་འཇུག་མཉམ་པ་ཉིད། །ད་སྤང་བླང་མེད་པས་བློ་རེ་བདེ། །གཉིས་མེད་ཀྱི་འབྲས་བུས་མ་ཁྲེལ་བ། །ཞེ་འདོད་ཀྱི་གྲུབ་མཐའ་མ་མཆིས་པས། །དབྱིངས་བློ་ལས་འདས་པ་ཆོས་ཀྱི་སྐུ། །ད་རེ་དོགས་མེད་པས་བློ་རེ་བདེ། །

p. 137

༈ བཅུ་གཉིས་པ་རྒྱུ་འབྲས་ཁྱད་དུ་མི་གསོད་པ་ལས་རྒྱུ་འབྲས་ཕྲ་ཞིང་བདེན་པར་གདམས་པ་ས་བོན་ཚ་སྐྱུར་ལས་འབྲས་ཀྱི་མགུར་ནི། རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ང་མཐོང་ཡུལ་ཆུང་བ་མ་ཡིན་ཏེ། །བླ་མའི་བཀའ་དང་འགལ་བ་ལ། །དངོས་གྲུབ་ཐོབ་པ་ངས་མ་མཐོང་། །མོས་གུས་དད་པ་མེད་པ་ལ། །བྱིན་རླབས་ཞུགས་པ་ངས་མ་མཐོང་། །ཞབས་ཏོག་གསུམ་དང་བྲལ་བ་ལ། །ཅི་བསམ་གྲུབ་པ་ངས་མ་མཐོང་། །གསུང་སྒྲོས་ལོག་པར་བསྒྲགས་པ་ལ། །གཞན་དད་སྐྱེ་བ་ངས་མ་མཐོང་། །སྡིག་དང་གདོས་པའི་འབུལ་བ་ལ། །བླ་མ་མཉེས་པ་ངས་མ་མཐོང་། །ཁ་ཞེ་སོ་སོར་བྱེད་པ་ལ། །ཐུགས་ཡིད་འདྲེས་པ་ངས་མ་མཐོང་། །ཉོན་མོངས་ཅན་དུ་རྟོག་པ་ལ། །ཡེ་ཤེས་ཤར་བ་ངས་མ་མཐོང་། །ཅི་མཛད་ནོར་བར་མཐོང་བ་ལ། །དངོས་གྲུབ་ཐོབ་པ་ངས་མ་མཐོང་། །ཅི་གསུང་ལོག་པར་གོ་བ་ལ། །སྨོན་ལམ་གྲུབ་པ་ངས་མ་མཐོང་། །ཅི་དགོངས་འཁྲུལ་པར་བསམ་པ་ལ། །མཁྱེན་གཉིས་ཤར་བ་ངས་མ་མཐོང་། །གཏིང་ནས་ལོག་ལྟ་སྐྱེས་པ་ལ། །ཆོས་དང་ཕྲད་པ་ངས་མ་མཐོང་། །ལར་བླ་མའི་ཉེས་སྐྱོན་མཐོང་བ་ལ། །ཡོན་ཏན་བྱུང་བ་ངས་མ་མཐོང་། །རྒྱུད་སྡེ་ཁྲོམ་བཤད་བྱེད་པ་ལ། །རྒྱུད་སྲུང་མཉེས་པ་ངས་མ་མཐོང་། །རང་ལྷ་སྤོང་ལེན་བྱེད་པ་ལ། །ཡི་དམ་མཉེས་པ་ངས་མ་མཐོང་། །གསང་སྔགས་ཡང་ཟོང་བྱེད་པ་ལ། །མཁའ་འགྲོ་མཉེས་པ་ངས་མ་མཐོང་། །ཚོགས་གཏོར་བསྙེན་སྒྲུབ་སྤངས་པ་ལ། །ཆོས་སྐྱོང་མཉེས་པ་ངས་མ་མཐོང་། །རྩ་བའི་དམ་ཚིག་ཉམས་པ་ལ། །དངོས་གྲུབ་ཐོབ་པ་ངས་མ་མཐོང་། །བྱིང་རྨུགས་དབང་དུ་སོང་བ་ལ། །རྟེན་འབྲེལ་འགྲིག་པ་ངས་མ་མཐོང་། །འཁྲུལ་སྣང་བདེན་པར་ཞེན་པ་ལ། །མངོན་ཤེས་ཤར་བ་ངས་མ་མཐོང་། །རྒྱུ་འབྲས་ཁྱད་དུ་གསོད་པ་ལ། །ཐར་པ་ཐོབ་པ་ངས་མ་མཐོང་། །ཚེ་འདི་

p. 138

ཡིད་ལ་བྱེད་པ་ལ། །ལམ་སྣ་ཟིན་པ་ངས་མ་མཐོང་། །དམ་ཚིག་སྡོམ་པ་ཉམས་པ་ལ། །འཕྲིན་ལས་གྲུབ་པ་ངས་མ་མཐོང་། །སྒོམ་རྒྱགས་དུས་གཅིག་ཚོལ་བ་ལ། །སྒྲུབ་པ་རེད་པ་ངས་མ་མཐོང་། །བདག་བསྟོད་གཞན་ལ་སྨོད་པ་ལ། །ཀུན་གྱིས་བཀུར་བ་ངས་མ་མཐོང་། །ཁེ་བུན་རྩོལ་སྒྲུབ་དྲག་པ་ལ། །དལ་དུས་ཡོད་པ་ངས་མ་མཐོང་། །བྱ་བྱེད་སྣ་ག་མང་བ་ལ། །ཡིད་སོ་བསོད་པ་ངས་མ་མཐོང་། །ཁེ་སྐམ་འདོད་པ་ཆེ་བ་ལ། །བློ་གཏད་ཡོད་པ་ངས་མ་མཐོང་། །བཙན་ཤ་ཞེ་སྡང་འབར་བ་ལ། །ཕྱོགས་སུ་འདུག་པ་ངས་མ་མཐོང་། །ང་རྒྱལ་ཕྲག་དོག་རགས་པ་ལ། །གྲོགས་དང་མཐུན་པ་ངས་མ་མཐོང་། །ངས་བྱས་ངོ་དགའ་ཆེ་བ་ལ། །ཞེ་སུན་མེད་པ་ངས་མ་མཐོང་། །གདོང་ཟློག་ཤགས་ངན་བྱེད་པ་ལ། །འོར་ཆོ་ཟེར་བ་ངས་མ་མཐོང་། །བཅུད་ཆུང་འབྲོས་འབྱོལ་བྱེད་པ་ལ། །གྲགས་པ་སྙན་པ་ངས་མ་མཐོང་། །གཟེ་རེ་འཁང་སྣ་མང་བ་ལ། །ངོ་སྲུང་བྱེད་པ་ངས་མ་མཐོང་། །ལྐོག་ཁ་རྫུན་དབྱེན་བྱེད་པ་ལ། །བློ་སེམས་བདེ་བ་ངས་མ་མཐོང་། །ས་བླ་སྒྲོ་འདོགས་ཟློ་བ་ལ། །བདེན་འཛིན་ཡོད་པ་ངས་མ་མཐོང་། །གཞན་ལ་སྐུར་པ་འདེབས་པ་ལ། །ཕྲག་དོག་མེད་པ་ངས་མ་མཐོང་། །རང་གི་ཡོན་ཏན་ངོམ་པ་ལ། །ཆོས་བརྒྱད་མཉམ་པ་ངས་མ་མཐོང་། །ཁེ་འདོད་རྟ་ཕྱུགས་སྐྱོང་བ་ལ། །སེམས་ཁྲལ་མེད་པ་ངས་མ་མཐོང་། ཁྱད་གསོད་ཚིག་ངན་རྒྱག་པ་ལ། །ཆོས་གཏམ་ཡིན་པར་ངས་མ་མཐོང་། །སྣང་བ་དགྲ་བོར་ལངས་པ་ལ། །བྱང་སེམས་སྐྱེས་པར་ངས་མ་མཐོང་། །ཚིག་ཁྱག་བཟོད་བསྲན་ཆུང་བ་ལ། །ཞེ་ཁྲོས་མེད་པ་ངས་མ་མཐོང་། །རྡོ་རྗེའི་སྤུན་དང་འཐབ་པ་ལ། །དམ་ཚིག་ཡོད་པར་ངས་མ་མཐོང་། །གོ་ཡུལ་ཁ་ལྟ་གཏོང་བ་ལ། །རྟོགས་པ་ཡོད་པར་ངས་མ་མཐོང་། །བདེ་སྟོང་ཉམས་ལ་ཞེན་པ་ལ། །འོད་གསལ་ཤར་བ་ངས་མ་མཐོང་། །

p. 139

དགག་སྒྲུབ་ཚུལ་འཆོས་ཆེ་བ་ལ། །འཁྲུལ་པ་ཞིག་པ་ངས་མ་མཐོང་། །རེ་དོགས་མཐའ་ལ་ཞེན་པ་ལ། །ཆོས་སྐུ་ཐོབ་པ་ངས་མ་མཐོང་། །མ་རིག་འཁྲུལ་པའི་རྣམ་རྟོག་གིས། །འཇིག་རྟེན་གྱི་ཆོས་ལ་བདེན་པར་ཞེན། །སྣ་ཚོགས་ཀྱི་གྲུབ་མཐའ་བློ་ཡིས་འཛིན། །ཞེ་འདོད་ཅིག་ཕུགས་སུ་བཅུག་པས་འཁོར། །བླ་མའི་བཀའ་དང་འགལ་བ་ལ། །དངོས་གྲུབ་ཐོབ་པ་མ་མཐོང་སོགས། །ཉེས་པའི་སྐྱོན་རྣམས་མ་ལུས་པ་། །མིག་གི་རྡུལ་བཞིན་སྤངས་པ་ན། །རྟེན་འབྲེལ་ནུས་པས་རྟོགས་པ་འཆར། །མ་རིག་མུན་པ་དབྱིངས་སུ་ཡལ། །རྣམ་རྟོག་སྟོང་པའི་ཡེ་ཤེས་གསལ། །ངར་འཛིན་ཆོས་བརྒྱད་འཇའ་ཚོན་སོགས། །སྣ་ཚོགས་གྲུབ་མཐའི་མདུད་པ་ཞིག །ཞེ་འདོད་གཉིས་འཛིན་ལྕགས་སྒྲོག་གྲོལ། །འཁོར་བ་མྱ་ངན་འདས་པར་ཤར། །མཐོ་རིས་ངན་སོང་གར་འགྲོ་བ། །རང་དབང་རང་ལ་ཡོད་དུས་འདིར། །ད་རེས་སྒྲུབ་པ་མ་བྱས་ན། །ཕྱི་ནས་དབང་མེད་ངན་སོང་བསྐོར། །
༈ བཅུ་གསུམ་པ་མཐོང་སྣང་དང་རྨི་ཉམས་སུ་རིན་པོ་ཆེ་པ་ལ་སོགས་པས་བྱིན་གྱིས་བརླབས་ཤིང་གདམས་ངག་ངོ་སྤྲོད་དང་རྗེས་གནང་ལུང་བསྟན་གསལ་བར་གདམས་པ་སྣང་སེམས་ངོ་སྤྲོད་དགའ་བདེའི་མགུར་ནི། གྲུབ་ཐོབ་ཀྱི་བླ་མ་དམ་པ་རྣམས། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་ཐིམ། །ངེད་གསོལ་འདེབས་བུ་ཡི་སྣང་བ་ལ། །ཐུགས་རྗེའི་ཡེ་ཤེས་སྤྲུལ་སྐུར་ཤར། །སྣང་བ་ཆོས་སྐུར་སྟོན་པ་འདི་ཉམས་རེ་དགའ། །དགག་སྒྲུབ་མེད་པ་འདི་བདེ་ཡང་བདེ། །བཀའ་རྩོད་མེད་ཀྱི་གསང་སྔགས་མ་རྒྱུད་འདིར། །བདེ་ཆེན་ལམ་སློང་གི་མན་ངག་ཤར། །དངོས་མེད་ཀྱི་ཤེས་རབ་འདི་ཉམས་རེ་དགའ། །སྒྲོ་སྐུར་བྲལ་བ་འདི་བདེ་ཡང་བདེ། །སེམས་ཉིད་གདོད་ནས་དག་པ་ལ། །བདེ་སྟོང་གཉིས་ཀྱི་སྣང་བ་ཤར། །གསལ་ལ་མ་

p. 140

འགག་འདི་ཉམས་རེ་དགའ། །ངོས་བཟུང་བྲལ་བ་འདི་བདེ་ཡང་བདེ། །འཁོར་གསུམ་གཞི་བྲལ་གྱི་ངང་ཤེད་ནས། །བདེན་གཉིས་ཟུང་འཇུག་གི་སྣང་བ་ཤར། །འཁོར་འདས་གཉིས་མེད་འདི་ཉམས་རེ་དགའ། །སྤང་བླང་བྲལ་བ་འདི་བདེ་ཡང་བདེ། །སྟོང་ཉིད་སྙིང་རྗེའི་ངང་ཤེད་ནས། །བསྐྱེད་རྫོགས་གཉིས་ཀྱི་སྣང་བ་ཤར། །བདེ་ཆེན་ལོངས་སྐུ་འདི་ཉམས་རེ་དགའ། །དག་པ་སྒྱུ་ལུས་འདི་བདེ་ཡང་བདེ། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །སྐུ་གསུམ་གྱི་འབྲས་བུ་རང་སར་ཤར། །ལྷུན་གྱིས་གྲུབ་པ་འདི་ཉམས་རེ་དགའ། །རྩོད་མེད་ཀྱི་འབྲས་བུ་འདི་བདེ་ཡང་བདེ། །སྣང་བ་སྣ་ཚོགས་རྐྱེན་སྣང་ལ། །གཞི་རྩ་བྲལ་བའི་ཉམས་ཤིག་ཤར། །བློ་ལས་འདས་པ་འདི་ཉམས་རེ་དགའ། །གཟའ་གཏད་བྲལ་བ་འདི་བདེ་ཡང་བདེ། །གནད་གསུམ་གདམས་ངག་གི་ངང་ཤེད་ནས། །རྨི་ལམ་སྒྱུ་ལུས་ཀྱིས་མཚམས་སྦྱར་ནས། །བར་དོ་ཆོས་ཉིད་ཀྱི་སྣང་བ་འཆར། །སེམས་མ་བུ་ཕྲད་པ་འདི་ཉམས་རེ་དགའ། །སྐྱེ་འགག་མེད་པ་འདི་བདེ་ཡང་བདེ། །
༈ བཅུ་བཞི་པ་ཆོས་ལྡན་གྱི་གྲོགས་པོ་བསྟེན་ཅིང་ཆོས་མཐུན་གྱི་གྲོགས་ལ་ཉན་པར་གདམས་པ་ཟག་མེད་བདུད་རྩི་གྲོགས་མཆོག་བརྟེན་པའི་མགུར་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །ལུས་ངག་ཡིད་གསུམ་གྱིས་མོས་གུས་བྱས། །བྱིན་རླབས་མི་འཇུག་གི་དོགས་མ་མཆིས། །འཇིག་རྟེན་བྱ་བ་བཏང་བ་ཡི། །བརྩོན་འགྲུས་ལྡན་པའི་གང་ཟག་ལ། །ཏིང་འཛིན་མི་སྐྱེའི་དོགས་མ་མཆིས། །གཞི་རང་སེམས་རིག་པ་གཏན་ལ་ཕབ། །ལམ་ཡེངས་པ་མེད་པའི་བརྩོན་འགྲུས་སྐྱེད། །སྐུ་གསུམ་མི་འཆར་གྱི་དོགས་མ་མཆིས། །གདམས་ངག་ཆེ་དགུའི་ལུང་བསྡུས་པས། །ངེས་ཤེས་བློ་ཡི་གཏིང་ནས་ཤར། །གདམས་ངག་མི་ཟབ་ཀྱི་དོགས་མ་

p. 141

མཆིས། །ལྟོས་ཐག་རི་བོའི་གངས་ལ་བཅད། །སེམས་སྐྱེ་འགག་མེད་པར་སྒྲོ་འདོགས་ཆོད། །སྤྲོས་བྲལ་མི་འཆར་གྱི་དོགས་མ་མཆིས། །རྣམ་པར་མི་རྟོག་གི་ལམ་ལ་ཞུགས། །འགག་པ་མེད་པའི་ངོ་བོ་སྦྱངས། །འོད་གསལ་མི་འཆར་གྱི་དོགས་མ་མཆིས། །སྒྱུ་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །ཞེན་མེད་ཐུན་བཞིའི་རྣལ་འབྱོར་བསྐྱངས། །ལྷ་སྐུར་མི་གསལ་གྱི་དོགས་མ་མཆིས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །ཚོགས་དང་གཏོར་མའི་མཆོད་པ་ཕུལ། །དངོས་གྲུབ་མི་འབྱུང་གི་དོགས་མ་མཆིས། །རྟེན་སྲུང་གི་དམ་ཚིག་མཐར་ཕྱིན་པས། །སྤང་ཐོབ་མེད་པའི་ཡེ་ཤེས་སྐྱེས། །དམ་ཚིག་མི་གཙང་གི་དོགས་མ་ཆིས། །སྣང་བ་སྣ་ཚོགས་སེམས་སུ་ཐིམ། །འགག་པ་མེད་པའི་ལམ་ལ་ཞུགས། །སེམས་མ་བུ་མི་ཕྲད་ཀྱི་དོགས་མ་མཆིས། །
༈ བཅོ་ལྔ་པ་ཆགས་སྡང་སྡིག་གྲོགས་ཐབས་ཀྱིས་སྤངས་ལ་འབྲེལ་ཐག་རྦད་ཀྱིས་བཅད་པར་གདམས་པ་ཟག་བཅས་སྐྱོན་སེལ་གྲོགས་ངན་སྤང་བའི་མགུར་གཉིས་ལས། དང་པོ་ནི། (བརྒྱུད་ལྡན་བླ་མ་དམ་པ་ཡི། །)ཞབས་ཏོག་བཀའ་བཞིན་མི་སྒྲུབ་ཅིང་། །གསོལ་འདེབས་མོས་གུས་མི་བྱེད་པར། །ཡོན་ཏན་འདོད་པ་མཚང་རེ་ཆེ། །མ་རིག་འཁྲུལ་པའི་རྐྱེན་དབང་གིས། །འཇིག་རྟེན་བྱ་བ་དོན་དུ་གཉེར། །གཡོ་སྒྱུ་ཟོལ་གསུམ་ལམ་ཞུགས་ནས། །ངན་འགྲོར་འགྲོ་བ་མཚང་རེ་ཆེ། །སངས་རྒྱས་བསྟན་ལ་ཞུགས་ནས་ཀྱང་། །སྡིག་བཅུ་སྤང་བར་མི་བྱེད་ཅིང་། །དགེ་བཅུ་དང་དུ་མི་ལེན་པ། །རྟེན་འབྲེལ་སླུ་བ་མཚང་རེ་ཆེ། །འཛམ་བུ་གླིང་དུ་ཆོས་དར་ཡང་། །བསག་སྦྱང་གཉིས་ལ་མི་བརྟེན་པར། །དངོས་པོར་འཛིན་ལ་ཞེན་པ་ཡིས། །འཆི་ཀར་འགྱོད་པ་མཚང་རེ་ཆེ། །སོ་སོ་ཐར་པའི་སྡོམ་པ་ཀུན། །བླངས་ནས་གཙང་

p. 142

མར་མི་སྲུང་ཞིང་། །རྒྱུ་འབྲས་ཁྱད་དུ་གསོད་པ་དེ། །བདེ་འགྲོ་སྤངས་པས་མཚང་རེ་ཆེ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །མཁས་པས་ཕ་རོལ་ཕྱིན་པ་ཡི། །ཐེག་པ་ཆེན་པོའི་ལམ་བསྟན་ཀྱང་། །འགྲོ་མཁན་མེད་པ་མཚང་རེ་ཆེ། །བྱིན་རླབས་དབང་གིས་སྨིན་བྱས་ནས། །སེམས་ཉིད་མེ་ལོང་ལྟ་བུ་ལ། །རྐྱེན་སྣང་ལྷ་སྐུར་མི་གསལ་བར། །ཐ་མལ་དུ་སྡོད་པ་མཚང་རེ་ཆེ། །གདོད་ནས་གནས་པ་ཆོས་ཀྱི་སྐུར། །རྟོགས་ལྡན་བླ་མས་ངོ་སྤྲད་ནས། །སྦས་པ་མེད་པའི་ངོ་བོ་ལ། །མཐོང་བ་མེད་པ་མཚང་རེ་ཆེ། །སེམས་ཉིད་རིག་པ་གཅེར་མཐོང་དེ། །དངོས་འཛིན་དམིགས་པ་ཀུན་དང་བྲལ། །སྒྲིབ་པ་མེད་པའི་འོད་གསལ་ལ། །ལྟ་མཁན་མེད་པ་མཚང་རེ་ཆེ། །གནས་ལུགས་ཐོག་མཐའ་མི་མངའ་ཡང་། །ཤུགས་ལས་འབྱུང་བས་ངེས་པ་མེད། །འགག་པ་བྲལ་བའི་རིག་པ་གསལ། །སྤོང་ལེན་བྱེད་པ་མཚང་རེ་ཆེ། །སྐྱེ་འགག་གཉིས་དང་བྲལ་བ་ཡི། །རང་བྱུང་ལྷུན་གྱིས་གྲུབ་པ་དེ། །སྐུ་གསུམ་རང་སར་ཤར་བ་ལ། །རེ་དོགས་བྱེད་པ་མཚང་རེ་ཆེ། །བཀའ་བཞིན་སྒྲུབ་པ་བྱེད་དུས་འདིར། །གྲོགས་ངན་རྫུན་དབྱེན་སླུ་བྲིད་ཀྱིས། །ཚེ་འདི་དང་ཕྱི་མ་གཉིས་ཀ་མེད། །གྲགས་པ་ཉམས་པ་མཚང་རེ་ཆེ། །གཉིས་པ་ནི། (རང་སེམས་བླ་མར་མ་ཤར་ན། །)ཆོས་འདུག་དགུ་ཉན་པ་ཡ་རེ་ཆ། །སྐྱེ་མེད་རང་སར་མ་ཤར་ན། །འཁྲུལ་པའི་རྟོག་པ་ཡ་རེ་ཆ། །སྣང་བ་ཆོས་སྐུར་མ་ཤར་ན། །བདེ་སྡུག་སྤོང་ལེན་ཡ་རེ་ཆ། །མ་བཅོས་རང་གྲོལ་མ་ཤར་ན། །བསྒོམ་བྱ་སྒོམ་བྱེད་ཡ་རེ་ཆ། །གཞི་བྲལ་འོད་གསལ་མ་ཤར་ན། །བདེ་སྟོང་ཉམས་མྱོང་ཡ་རེ་ཆ། །འགག་མེད་ཏིང་འཛིན་མ་ཤར་ན། །སྟོང་པ་ཧད་པོ་ཡ་རེ་ཆ། །རིག་པ་དྲི་མེད་མ་ཤར་ན། །གཏི་མུག་ལྟོམ་སྒོམ་ཡ་རེ་ཆ། །ལྷན་སྐྱེས་འབྲལ་མེད་མ་ཤེས་ན། །ལོགས་ནས་འཚོལ་བ་ཡ་རེ་ཆ། །མཉམ་རྗེས་དབྱེར་མེད་

p. 143

མ་ཤར་ན། །ཞེ་འདོད་གཟུང་འཛིན་ཡ་རེ་ཆ། །རྟོག་མེད་རང་གྲོལ་མ་ཤར་ན། །ཕྱི་ནས་བཅོས་པ་ཡ་རེ་ཆ། །དག་པ་ལྷ་སྐུར་མ་ཤར་ན། །མངོན་རྟགས་རུ་ཏྲ་ཡ་རེ་ཆ། །མཉམ་ཉིད་ངང་ལ་མི་གནས་པར། །དངོས་འཛིན་ཆགས་སྡང་ཡ་རེ་ཆ། །དུས་གསུམ་གཅིག་ཏུ་མ་རྟོགས་པར། །བར་དོ་རྣམ་གསུམ་ཡ་རེ་ཆ། །འགྱུར་མེད་རང་ས་མ་ཟིན་པར། །སྣ་ཚོགས་གྲུབ་མཐའ་ཡ་རེ་ཆ། །རྟེན་སྲུང་གི་དམ་ཚིག་མི་སྐྱོང་བར། །ལས་ལ་རེ་བ་ཡ་རེ་ཆ། །ཚེ་གཅིག་གི་སངས་རྒྱས་མི་སྒྲུབ་པར། །དུས་བསྐལ་པ་བགྲང་བ་ཡ་རེ་ཆ། །ཡོན་ཏན་གོང་མ་མ་སྐྱེས་པར། །གཞན་རྒྱུད་རྟོགས་པ་ཡ་རེ་ཆ། །གཅིག་ཆོད་ཀྱི་གདམས་པ་མི་སྒྲུབ་པར། །ལེ་ལོ་བྱེད་པ་ཡ་རེ་ཆ། །ཐག་ཆོད་ཀྱི་གངས་ལ་མི་སྒོམ་པར། །རང་ཡུལ་དུ་སྙགས་པ་ཡ་རེ་ཆ། །བསྐྱང་རྒྱུའི་རང་སེམས་མི་སྐྱོང་བར། །མི་རྒོད་ཀྱི་སློབ་མ་ཡ་རེ་ཆ། །བློ་དམ་ཚིག་ཅན་ལ་མི་གཏོད་པར། །གཉེན་འདུན་གྱི་བདག་འཛིན་ཡ་རེ་ཆ། །ཆོས་ལྡན་གྱི་གྲོགས་དང་མི་འགྲོགས་པར། །གྲོགས་ངན་བརྟེན་པ་ཡ་རེ་ཆ། །
༈ བཅུ་དྲུག་པ་འཇིག་རྟེན་གྱི་ལས་ལ་ཟིན་པ་མེད་པས་བྱ་བ་བཏང་ནས་སྒྲུབ་པ་བྱ་བར་གདམས་པ་གཅིག་པུར་རི་ཁྲོད་བརྟེན་པས་སེང་གེ་རི་སུལ་བརྟེན་པའི་མགུར་ནི། (རི་ཁྲོད་དུ་གཡེང་བ་མ་མཆིས་པས། །)རང་བསྟོད་ཁེངས་པས་བསླུ་དོགས་མེད། །མཐའ་དབུས་མེད་པའི་མཎྜལ་ལྟར། །འཇིག་རྟེན་ཆོས་བརྒྱད་མགོ་བོ་མཉམ། །སྣང་སེམས་གཉིས་སུ་མ་མཆིས་པས། །དངོས་འཛིན་ཞེན་པས་སླུ་དོགས་མེད། །ཆུ་ལ་ཆབ་རོམ་ཞུ་བ་ལྟར། །དབྱེར་མེད་བདེ་བ་ཆེན་པོར་ཐིམ། །གཉུག་མ་སྤང་བླང་མ་མཆིས་པས། །རྩ་བྲལ་རྟོགས་པས་སླུ་དོགས་མེད། །མཚོ་ལ་སྦྲང་ཆར་བབ་པ་ལྟར། །སེམས་བྱུང་གནས་ལུགས་ངང་དུ་གཏོར། །སྐྱེ་

p. 144

འགག་གནས་གསུམ་མ་མཆིས་པས། །དུས་གསུམ་འཛིན་པས་སླུ་དོགས་མེད། །རྒྱུན་དུ་འབབ་པའི་ཆུ་ཀླུང་ལྟར། །འདུ་འབྲལ་མེད་པའི་འོད་གསལ་ཤར། །ལུང་རྟོགས་གཉིས་སུ་མ་མཆིས་པས། །སྣ་ཚོགས་གྲུབ་མཐས་སླུ་དོགས་མེད། །མ་འདྲེས་ཡོངས་རྫོགས་འཇའ་ཚོན་ལྟར། །ཐམས་ཅད་རོ་གཅིག་སྟོང་པར་ཤེས། །སྟོང་ཉིད་ཡིད་བྱེད་མ་མཆིས་པས། །རྟག་ཆད་གོལ་སས་སླུ་དོགས་མེད། །མཐའ་དང་བྲལ་བའི་ནམ་མཁའ་ལྟར། །མི་རྟོག་ཆོས་སྐུ་འགྱུར་བ་མེད། །དངོས་འཛིན་ཞེན་པ་མ་མཆིས་པས། །བདེན་རྟོག་ཆགས་པས་སླུ་དོགས་མེད། །རྨི་ལམ་རྒྱལ་ས་ཟིན་པ་ལྟར། །དཔག་མེད་གཟུགས་སྐུས་གཞན་དོན་བྱེད། །འཁོར་འདས་གཉིས་སུ་མ་མཆིས་པས། །དངོས་འཛིན་མཚན་མས་སླུ་དོགས་མེད། །ལྕགས་ལ་གསེར་འགྱུར་ཐེབས་པ་ལྟར། །སྐུ་གསུམ་རྒྱུན་ལ་མཉམ་རྗེས་མེད། །གཟུང་འཛིན་སྤྲོས་པ་མ་མཆིས་པས། །ཉོན་མོངས་དུག་ལྔས་སླུ་དོགས་མེད། །ནགས་ལ་མེ་ཆེན་འབར་བ་ལྟར། །ཡེ་ཤེས་ལྔ་ལྡན་རྒྱུན་ཆད་མེད། །སྙིང་རྗེས་དམིགས་པ་མ་མཆིས་པས། །ཞེ་འདོད་ཆགས་པས་སླུ་དོགས་མེད། །ཉི་མ་སྤྲིན་དང་བྲལ་བ་ལྟར། །ཕྱོགས་རིས་མེད་པར་འགྲོ་དོན་འབྱུང་། །
༈ བཅུ་བདུན་པ་དུས་ལ་བབ་ན་དད་ལྡན་སེམས་སུན་མི་དབྱུང་ཞིང་མགོན་མེད་བློ་ཡིས་མི་དོར་བར་གཞན་དོན་རླབས་པོ་ཆེ་བྱ་བར་གདམས་པ་ཐུགས་རྗེའི་ལྕགས་ཀྱུ་གཞན་དོན་གྱི་མགུར་ནི། (སྤང་བླང་བློས་བྱས་འཁྲུལ་རྟོག་ཡིན། །) བདེ་གསལ་མི་རྟོག་ཐབས་ཆ་ཡིན། །རིག་པ་རང་གསལ་ཤེས་རབ་སྟེ། །འདི་གཉིས་སུ་མེད་པ་ཟུང་འཇུག་ཡིན། །བློ་ལས་འདས་པ་ཆོས་སྐུ་ཡིན། །སྣང་སྟོང་གཉིས་ཀྱི་གདན་སྟེང་ན། །རིན་ཆེན་རང་གསལ་གྱི་སྒྲོན་མེ་བདོག །ཡིད་ཀྱི་རྣམ་རྟོག་གཟུང་འཛིན་ཀུན། །ཏིང་འཛིན་གསལ་བའི་འགུགས་འདྲེན་

p. 145

གྱིས། །ཡིད་རང་རིག་རང་གསལ་གྱི་སྒྲོན་མེ་སྤར། །རྣམ་ཤེས་རྟོག་མེད་རང་སར་སྦྱངས། །སེམས་རྩ་བ་མེད་པ་འདི་བདེ་ཡང་བདེ། །འདི་གདོད་ནས་དག་པའི་སྣང་བར་ཤར། །སྲིད་དང་མྱ་ངན་འདས་པ་མེད། །འདི་ནི་ཆོས་ཉིད་རྣམ་དག་སྟེ། །ད་ལུས་སེམས་འབྲེལ་མེད་ཀྱི་དབྱངས་ཤིག་ལེན། །དཔེར་ན་སྤྱད་ནང་ཆུས་གང་སྟེ། །འོད་ནི་ནམ་མཁར་འཕྱོ་བ་འདི། །ཆུ་དེ་བོ་ན་འོད་དེ་ཡལ། །ལུས་གཟུང་འཛིན་རྐྱེན་སྣང་འཁྲུལ་པ་འདིར། །སེམས་རིག་སྟོང་ནམ་མཁའི་དབྱིངས་ན་འཕྱོ། །ལུས་འདི་བཞག་ནས་སེམས་འདི་དབྱིངས་སུ་ཡལ། །ལུས་ལ་མ་ལྟ་སེམས་ལ་ལྟོས། །དེ་ལུས་སེམས་འབྲེལ་མེད་ཀྱི་རྟོགས་པར་གདའ་འོ། །ད་སྒོམ་པ་རང་གི་འཁྱེར་སོ་འདི། །མེ་ལོང་གཡའ་ནི་དག་པའི་ནང་། །ཕར་ངོས་རྐྱེན་སྣང་འཆར་བ་བཞིན། །སྣ་ཚོགས་སྣང་ཡང་གཟུང་འཛིན་མེད། །སེམས་ཉིད་གདོད་ནས་དག་པ་ལ། །བདེ་སྟོང་གཉིས་ཀྱི་སྣང་བ་ཤར། །སེམས་གཞི་རྩ་བྲལ་བས་ངོས་འཛིན་མེད། །སྣང་རང་བཞིན་མེད་པའི་ཉམས་མྱོང་སྐྱོང་། །སྒོམ་འཛིན་མེད་ན་ཡེ་ཤེས་ཡིན། །དོན་འབད་པ་མེད་པའི་རང་བཞིན་ལ། །འགག་པ་མེད་པའི་དབྱིངས་སུ་ཕྱིན། །རྟོག་དཔྱོད་བྲལ་བའི་ཡེ་ཤེས་ཤར། །སྲིད་གསུམ་ཚོགས་དྲུག་འགག་མེད་གསལ། །འདི་ལྟ་བ་གཞི་བྲལ་དཔེར་བཞག་ཡིན། །
༈ བཅོ་བརྒྱད་པ་ཚོགས་གཉིས་གསོག་ཅིང་བྱང་སེམས་སྦྱོང་ཞིང་སྨོན་ལམ་བཏབ་པས་འཕྲིན་ལས་འགྲུབ་པར་གདམས་པ་བདུད་རྩི་ཆར་རྒྱུན་འཕྲིན་ལས་ཀྱི་མགུར་ནི། རང་སེམས་བླ་མ་མ་ཤར་ཡང་། །འདུག་དགུ་ལ་དམ་ཆོས་བྱེད་མ་མྱོང་། །དམ་ཚིག་ཉམས་ཀྱི་དོགས་མ་མཆིས། །རང་སྣང་ལྷ་སྐུར་མ་ཤར་ཡང་། །མཐོང་བྱའི་ཡི་དམ་སྒྲུབ་མ་མྱོང་། །བར་ཆོད་འབྱུང་གི་དོགས་མ་མཆིས། །འདོད་པ་གཏིང་ནས་མ་ལོག་ཀྱང་། །དམ་ཆོས་ཟོང་དུ་

p. 146

འཚོང་མ་མྱོང་། །ལོག་འཚོ་སྤྱོད་ཀྱི་དོགས་མ་མཆིས། །དགེ་ལ་སྐུལ་མ་མ་ཐེབས་ཀྱང་། །སྡིག་ལ་གཞོགས་སྐྲུན་བྱེད་མ་མྱོང་། །སྒོས་སྡིག་སོག་གི་དོགས་མ་མཆིས། །རྣམ་རྟོག་རང་སར་མ་གྲོལ་ཡང་། །སེམས་འཛིན་ལ་སྒོམ་དུ་བྱེད་མ་མྱོང་། །རྟག་ལྟར་འགྲོ་བའི་དོགས་མ་མཆིས། །སྣང་སྲིད་གཞི་རྩ་མ་ཆོད་ཀྱང་། །བདེ་སྟོང་ལ་ངོས་འཛིན་བྱེད་མ་མྱོང་། །མུ་བཞིར་གོལ་གྱི་དོགས་མ་མཆིས། །འཛིན་མེད་འོད་གསལ་མ་ཤར་ཡང་། །བློས་བྱས་སྟོང་པ་སྒོམ་མ་མྱོང་། །ཆད་ལྟར་འགྲོ་བའི་དོགས་མ་མཆིས། །སྐུ་གསུམ་རང་སར་མ་ཤར་ཡང་། །ཐོབ་བྱའི་འབྲས་བུ་མི་འདོད་པས། །གྲུབ་མཐའ་གོལ་གྱི་དོགས་མ་མཆིས། །
༈ བཅུ་དགུ་པ་ལེ་ལོ་ཅན་བརྩོན་འགྲུས་ལ་སྐུལ་ཞིང་རྟག་འཛིན་ཅན་སྐྱོ་བ་སྐྱེད་པའི་ཕྱིར། འཆི་བ་མི་རྟག་པ་རྗེས་སུ་དྲན་པ་ལ་གདམས་པ་མི་རྟག་པ་རྨི་ལམ་སྒྱུ་མའི་མགུར་ནི། བཀའ་བརྒྱུད་རྟེན་འབྲེལ་ཡོན་ཏན་འདི། །དད་གུས་མོས་གསུམ་གྱིས་བརྟེན་པར་བྱ། །སྙིང་ཀར་ཡེ་ཤེས་བཅུག་པ་འདི། །ཐུན་བཞིའི་རྣལ་འབྱོར་གྱིས་བརྟེན་པར་བྱ། །ཆོས་རྣམས་རང་བཞིན་སྟོང་པ་འདི། །དམིགས་པ་མེད་པས་བརྟེན་པར་བྱ། །སེམས་ཉིད་སྤྲོས་དང་བྲལ་བ་འདི། །རིག་པ་རང་གསལ་གྱིས་བརྟེན་པར་བྱ། །ཉམས་མྱོང་བདེ་གསལ་སྟོང་པ་འདི། །ཞེན་པ་བྲལ་བས་བརྟེན་པར་བྱ། །སྣང་སེམས་བདེ་བ་ཆེན་པོ་འདི། །གཉིས་སུ་མེད་པས་བརྟེན་པར་བྱ། །སྐུ་གསུམ་ལྷུན་གྱིས་གྲུབ་པ་འདི། །མི་རྟོག་ཡེ་ཤེས་ཀྱིས་བརྟེན་པར་བྱ། །བདེ་སྡུག་འཁྲུལ་པའི་རྐྱེན་སྣང་འདི། །རང་སེམས་བླ་མར་བརྟེན་པར་བྱ། །རྩོད་མེད་ཀྱི་གསང་སྔགས་མ་རྒྱུད་འདི། །ངེས་དོན་ངེས་ཤེས་ཀྱིས་བརྟེན་པར་བྱ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་འདི། །ཚོགས་དང་གཏོར་མས་བརྟེན་པར་བྱ། །རྟེན་སྲུང་དམ་ཚིག་བསམ་མི་ཁྱབ། །ཆུ་བོ་རྒྱུན་གྱིས་

p. 147

བརྟེན་པར་བྱ། །གཉུག་མ་དྲི་མེད་དྭངས་སངས་དེ། །འགག་པ་མེད་པས་བརྟེན་པར་བྱ། །སྙིང་པོ་དོན་གྱི་ཡེ་ཤེས་འདི། །བཙལ་མི་རྙེད་རང་སར་བརྟེན་པར་བྱ། །དྲན་ཤེས་རིག་པའི་ཏིང་འཛིན་འདི། །སེམས་རྣམ་པར་དབེན་པས་བརྟེན་པར་བྱ། །ཁམས་གསུམ་སེམས་ཅན་མར་གྱུར་དེ། །བྱམས་དང་སྙིང་རྗེས་བརྟེན་པར་བྱ། །སྤང་ཐོབ་མེད་པའི་འབྲས་བུ་དེ། །མ་བཅོས་སོར་བཞག་གིས་བརྟེན་པར་བྱ། །
༈ ཉི་ཤུ་པ་ཞབས་ཏོག་གསུམ་ལ་གཡོ་སྒྱུ་མེད་པར་མཛད་ཅིང་བཀའ་ཇི་ལྟར་གསུང་བ་མ་བཅག་པས། ཞེ་འགྱོད་མེད་ཅིང་སྒྲོ་འདོགས་ཆོད་པས་གྲུབ་མཐའ་ཞིག་པར་གདམས་པ་ལུས་སྲོག་ལྟོས་མེད་དཀའ་བ་སྤྱད་པའི་མགུར་ནི། སྐྱེས་པས་ཆོག་པའི་དུས་སུ་སྐྱེས། །གསང་སྔགས་དར་བའི་དུས་སུ་སྐྱེས། །ཐོས་པས་ཆོག་པའི་རྗེ་བཙུན་ཐོས། །བླ་མ་དྭགས་པོ་རིན་ཆེན་ཐོས། །སྤངས་པས་ཆོག་པའི་གནས་གཞི་སྤངས། །རྒྱལ་སྲིད་མཆིལ་ཐལ་ལྟ་བུར་སྤངས། །ཕྱིན་པས་ཆོག་པའི་ཡུལ་དུ་ཕྱིན། །དཔལ་གྱི་རི་བོ་སྒམ་པོར་ཕྱིན། །མཇལ་བས་ཆོག་པའི་རྗེ་དང་མཇལ། །རྩོད་མེད་སྤྲུལ་སྐུ་དངོས་དང་མཇལ། །དད་པས་ཆོག་པའི་དུས་སུ་དད། །མོས་གུས་འགྱུར་བ་མེད་པར་དད། །རྙེད་པས་ཆོག་པའི་བཀའ་བརྒྱུད་རྙེད། །བཀའ་བཞི་ཏཻ་ལོའི་སྒྲུབ་བརྒྱུད་རྙེད། །ཐོབ་པས་ཆོག་པའི་གདམས་པ་ཐོབ། །ནཱ་རོའི་ཐུགས་ཀྱི་གདམས་པ་ཐོབ། །བྱས་པས་ཆོག་པའི་ཞབས་ཏོག་བྱས། །རྣམ་གསུམ་གཡོ་སྒྱུ་མེད་པར་བྱས། །བསྒྲུབས་པས་ཆོག་པའི་དུས་སུ་བསྒྲུབས། །ལྷ་སྒོའི་གངས་ལ་གཅིག་པུར་བསྒྲུབས། །བསྲུངས་པས་ཆོག་པའི་དམ་ཚིག་བསྲུངས། །མངོན་ལྐོག་གཡོ་སྒྱུ་མེད་པར་བསྲུངས། །སྦྱངས་པས་ཆོག་པའི་བྱང་སེམས་སྦྱངས། །དམིགས་གཏད་ཕྱོགས་རིས་མེད་པར་སྦྱངས། །

p. 148

བལྟས་པས་ཆོག་པའི་སེམས་ལ་བལྟས། །འགྱུར་མེད་བློ་ལས་འདས་པར་བལྟས། །བསྒོམས་པས་ཆོག་པའི་གཉུག་མ་བསྒོམས། །འགག་མེད་ཞེན་བྲལ་འོད་གསལ་བསྒོམས། །སྤྱད་པས་ཆོག་པའི་དགེ་བཅུ་སྤྱད། །ངེས་མེད་རོ་སྙོམས་ཡངས་པར་སྤྱད། །སྨིན་པས་ཆོག་པའི་འབྲས་བུ་སྨིན། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་སྨིན། །
༈ ཉི་ཤུ་རྩ་གཅིག་པ་རྟེན་འབྲེལ་གྱི་ཆེ་བས་ཐུགས་རྗེས་དྲངས་པ་དང་། ཕྱིར་མི་ལྡོག་པར་ལུང་བསྟན་ཅིང་དངོས་འཛིན་འཆིང་བ་གྲོལ་བར་གདམས་པ་དག་སྣང་སྤྲུལ་སྐུས་དབང་བསྐུར་བའི་མགུར་ནི། རྗེ་རིན་པོ་ཆེ་ཡི་བཀའ་དྲིན་གྱིས། །ནང་ཟབ་མོ་དབང་གིས་བྱིན་བརླབས་པས། །ཕྱི་འཁྲུལ་རྟོག་འོད་གསལ་ཆོས་སྐུར་ཤར། །རེ་དོགས་དང་གོལ་ས་བརྗེད་ནས་ཐལ། །འགྱུར་མེད་མོས་གུས་ཀྱི་ཡོན་ཏན་གྱིས། །དོན་རྟོགས་པ་ཉམས་མྱོང་ངེས་ཤེས་སྐྱེས། །ད་ལྟ་སྒོམ་སྤྱོད་གསུམ་དབྱེར་མེད་པས། །དགེ་སྦྱོར་གྱི་བསྒྲིགས་ཀ་བརྗེད་ནས་ཐལ། །ཕུང་པོ་རྒྱལ་བའི་དཀྱིལ་འཁོར་འདི། །དུས་གསུམ་སངས་རྒྱས་བཞུགས་གནས་མཆོག །སེམས་ངོ་བོ་སྐྱེ་འགག་མཐའ་དང་བྲལ། །བློས་བྱས་ཀྱི་བསྐྱེད་རྫོགས་བརྗེད་ནས་ཐལ། །འཁོར་འདས་གཉིས་སུ་འཛིན་པའི་བློ། །ད་གཉིས་མེད་རང་སར་དབྱིངས་སུ་ཡལ། །སྣ་ཚོགས་ཀྱི་ཆོས་རྣམས་གཅིག་ཏུ་གོ །ཐ་དད་ཀྱི་གྲུབ་མཐའ་བརྗེད་ནས་ཐལ། །བཀའ་རྩོད་མེད་ཀྱི་གསང་སྔགས་མ་རྒྱུད་དོན། །ཆོས་སྙིང་པོའི་བཅུད་ཀྱི་གདམས་པ་རྟོགས། །གཉིས་སུ་མེད་པའི་ཡེ་ཤེས་ཤར། །གཉིས་འཛིན་གྱི་ཞེན་ཆགས་བརྗེད་ནས་ཐལ། །ཡུལ་རྐྱེན་སྣང་རང་གྲོལ་ཏིང་ངེ་འཛིན། །དེ་ལྷུན་གྲུབ་བདེ་བ་ཆེན་པོར་ཤར། །ད་འཁོར་གསུམ་གཞི་བྲལ་སྐྱེ་འགག་མེད། །རྟག་ཆད་འཛིན་པ་བརྗེད་ནས་ཐལ། །

p. 149

༈ ཉི་ཤུ་རྩ་གཉིས་པ་བསླབ་པ་གསུམ་དང་སྡོམ་པ་གསུམ་དང་། སྡེ་སྣོད་གསུམ་གྱི་དོན་ལ་ནན་ཏན་དུ་བྱ་བར་གདམས་པ་སྙན་པའི་བ་དན་བསླབ་སྲུང་གི་མགུར་ནི། སྣང་བ་སློབ་དཔོན་དུ་ཤར་ན་ཡང་། །གསུམ་ལྡན་རྗེ་དང་མི་འབྲལ་འཚལ། །གསུམ་ལྡན་གྱི་རྗེ་དང་བྲལ་བ་ན། །རྟེན་འབྲེལ་གྱི་རྩིས་འགོ་ལྡོག་པ་ལགས། །དོན་འཁོར་འདས་གཉིས་སུ་མ་མཆིས་ཀྱང་། །ལས་རྒྱུ་འབྲས་ཁྱད་དུ་མི་བསད་འཚལ། །ལས་རྒྱུ་འབྲས་ཁྱད་དུ་བསད་པ་ན། །བདེ་གཤེགས་ཀྱི་བཀའ་ལས་འདས་པ་ལགས། །སྒོམ་མཉམ་བཞག་རྗེས་ཐོབ་མ་མཆིས་ཀྱང་། །གནས་རི་ཁྲོད་ཀྱི་དགོན་དང་མི་འབྲལ་འཚལ། །གནས་རི་ཁྲོད་ཀྱི་དགོན་དང་བྲལ་བ་ན། །ཕྱི་རྣམ་གཡེང་གི་རླུང་གིས་ཁྱེར་བ་ལགས། །སེམས་མཉམ་ཉིད་འགག་པ་མ་མཆིས་ཀྱང་། །ཞི་དུལ་གྱི་སྤྱོད་དང་མི་འབྲལ་འཚལ། །ཞི་དུལ་གྱི་སྤྱོད་དང་བྲལ་བ་ན། །ཁ་ལོག་གི་ཁྲིམས་དབྱུག་འཕོག་པ་ལགས། །རེ་དོགས་ཀྱི་གོལ་ས་མ་མཆིས་ཀྱང་། །འོད་གསལ་གྱི་རྒྱུན་དང་མི་འབྲལ་འཚལ། །འོད་གསལ་གྱི་རྒྱུན་དང་བྲལ་བ་ན། །ཡིད་བར་དོར་སྣང་བ་འཁྲུལ་བ་ལགས། །ཞལ་གདམས་པ་དྲི་མ་མ་མཆིས་ཀྱང་། །བརྩོན་འགྲུས་ཀྱི་གྲོགས་དང་མི་འབྲལ་འཚལ། །བརྩོན་འགྲུས་ཀྱི་གྲོགས་དང་བྲལ་བ་ན། །བདུད་རྩིའི་ཆུ་མིག་བསྐམས་པ་ལགས། །ཐུགས་མཁྱེན་པ་སྒྲིབ་པ་མ་མཆིས་ཀྱང་། །དོན་མངོན་ཤེས་ཚོགས་སུ་མི་བཤད་འཚལ། །དོན་མངོན་ཤེས་ཚོགས་སུ་བཤད་པ་ན། །སྒྲོ་སྐུར་གྱི་ཐོག་སེར་འབབ་པ་ལགས། །ཐོས་བསམ་གྱི་སྒྲོ་འདོགས་ཆོད་ན་ཡང་། །སྒོམ་ངེས་ཤེས་གདེང་དང་མི་འབྲལ་འཚལ། །སྒོམ་ངེས་ཤེས་གདེང་དང་བྲལ་བ་ན། །ལོག་ཤེས་ཀྱི་འདམ་དུ་ཚུད་པ་ལགས། །
༈ ཉི་ཤུ་རྩ་གསུམ་པ་རྫུན་དབྱེན་དང་ངོ་དགའ་ལྐོག་སྨྲས་ཕྲ་མ་དང་ཁ་ཁྱད་དང་

p. 150

ཤགས་ངན་བསམ་ཁྲལ་དང་། རྣམ་གཡེང་ཐམས་ཅད་སྤང་བར་གདམས་པ་འགྱོད་མེད་སྙན་པ་བདེ་ཆེན་གྱི་མགུར་ནི། (རེ་ས་བླ་མ་རྗེ་ལས་མེད་པ་ལ། །)མགོ་སྐོར་ཁ་གཡོག་བྱེད་པ་ཤིན་ཏུ་བླུན། །ནོར་མེད་ལམ་མཆོག་མོས་གུས་ཡིན་པ་ལ། །གདམས་ངག་ལོགས་ནས་འཚོལ་བ་ཤིན་ཏུ་བླུན། །ཡོན་ཏན་མཐོང་ན་བྱིན་རླབས་འཇུག་པ་ལ། །སྐལ་མེད་སྐྱོན་ལ་རྟོག་པ་ཤིན་ཏུ་བླུན། །ཞབས་ཏོག་བྱས་ན་དངོས་གྲུབ་འབྱུང་བ་ལ། །ཅི་བྱས་ལས་སུ་གཏོང་བ་ཤིན་ཏུ་བླུན། །རྡོ་རྗེའི་སྤུན་ལས་ཉེ་བ་མེད་པ་ལ། །ཁྲོས་ནས་ངན་སྨྲས་བྱེད་པ་ཤིན་ཏུ་བླུན། །མི་རྟག་གཉན་པ་ལྟ་བུའི་ལུས་འདི་ལ། །བདེན་ཞེན་རྟག་པར་འཛིན་པ་ཤིན་ཏུ་བླུན། །སྣང་གྲག་སྒྱུ་མ་བྲག་ཆ་ལྟ་བུ་ལ། །ལོག་ཤེས་བདེན་པར་མཐོང་བ་ཤིན་ཏུ་བླུན། །ཡོད་ཀྱང་འཇོག་པ་སྒྱུ་མའི་ཟས་ནོར་ལ། །སྡིག་དང་གདོས་ནས་གསོག་པ་ཤིན་ཏུ་བླུན། །དམ་ཚིག་ཉམས་ན་དམྱལ་བར་འགྲོ་བ་ལ། །འཁོན་འཛིན་ཞེ་ལ་གནག་པ་ཤིན་ཏུ་བླུན། །བསྐྱངས་ཀྱང་དགའ་སེམས་མེད་པའི་གཉེན་འདུན་ལ། །བདེ་སྐྱིད་སྙན་གསུམ་རེ་བ་ཤིན་ཏུ་བླུན། །རང་ལ་རང་དབང་ཡོད་པའི་དུས་འདི་ལ། །རྣམ་གཡེང་ལེ་ལོ་བྱེད་པ་ཤིན་ཏུ་བླུན། །ཕན་པར་རེ་ནས་ཁ་ཏ་བྱས་པ་ལ། །གནོད་པར་གོ་ནས་ཟློག་པ་ཤིན་ཏུ་བླུན། །གྱི་ན་ཙམ་གྱིས་འཚོ་ཞིང་སྒོམ་པ་ལ། །རྟག་ཏུ་རྩོལ་སྒྲུབ་བྱེད་པ་ཤིན་ཏུ་བླུན། །གྲགས་ཅན་གངས་རིར་སྒྲུབ་པ་བྱེད་པ་ལ། །རྒྱུན་དུ་རུ་གསེབ་འགྲིམ་པ་ཤིན་ཏུ་བླུན། །ཀུན་དང་མཐུན་ན་ཀུན་གྱིས་བཀུར་བ་ལ། །བདག་བསྟོད་གཞན་ལ་སྨོད་པ་ཤིན་ཏུ་བླུན། །ང་རྒྱལ་ཆེ་ན་དམན་སར་ལྷུང་བ་ལ། །ཕྲག་དོག་རང་རྩིས་རྒྱས་པ་ཤིན་ཏུ་བླུན། །སློབ་གཉེར་བྱས་ན་གཉེན་པོར་འགྲོ་བ་ལ། །གང་ཟག་ཆོས་དང་འཛོལ་བ་ཤིན་ཏུ་བླུན། །དོན་དམ་བློ་ཡི་ཡུལ་དང་བྲལ་བ་ལ། །རྟོག་པས་ཕྱི་ནས་བཅོས་པ་

p. 151

ཤིན་ཏུ་བླུན། །ཀུན་རྫོབ་སྣང་བ་རྟེན་འབྲེལ་འབྱུང་བ་ལ། །དགེ་མེད་སྡིག་མེད་ཟེར་བ་ཤིན་ཏུ་བླུན། །གདོད་ནས་རྣམ་པར་དག་པའི་སེམས་ཉིད་ལ། །སྤང་ཐོབ་གཉིས་སུ་འཛིན་པ་ཤིན་ཏུ་བླུན། །དམིགས་མེད་ཐུགས་རྗེས་གཞན་དོན་དགོས་པ་ལ། །ཆགས་སྡང་ཉེ་རིང་བྱེད་པ་ཤིན་ཏུ་བླུན། །ཚོགས་གཉིས་བསགས་ན་དོན་གཉིས་འགྲུབ་པ་ལ། །རྒྱུ་འབྲས་ཁྱད་དུ་གསོད་པ་ཤིན་ཏུ་བླུན། །རང་སྐྱོན་རང་གིས་སྤོང་བར་བྱེད་པ་ལ། །གཉེན་པོ་རྟག་འཛིན་སྡིག་པ་ཕྲ་ལ་འཛེམས། །དགེ་བ་ཆུང་ཡང་དང་དུ་བླང་བར་བྱོས། །དམན་ས་བཟུང་ལ་ཀུན་དང་མཐུན་པར་མཛོད། །མ་བཅོས་མ་བསླད་དང་པོའི་ཤེས་པ་དེ། །མ་སྐྱེས་མི་འགག་གནས་པའི་ཞེན་པ་མེད། །མ་བྱས་མི་དམིགས་སྐུ་གསུམ་ལྷུན་གྱིས་གྲུབ། །དེ་བས་སྒྲུབ་ལ་ནན་ཏན་བྱེད་པར་ཞུ། །
༈ ཉི་ཤུ་རྩ་བཞི་པ་གཉའ་གཡོན་དང་སྐྱེལ་བསུ་མི་བྱེད་ཀྱིན་སེ་ར་མི་བཟུང་བ་ལ་སོགས་པ་ངོས་ཆོད་པར་གདམས་པ་སྤྱི་ཁྲིམས་དར་མདུད་བཅའ་བ་བསྡམས་པའི་མགུར་ནི། ༀ་སྭ་སྟི། གུ་རུ་རཏྣ་ན་མོ། མོས་གུས་ལྟེམ་རྐྱང་མ་བྱེད། །ཞབས་ཏོག་གསུམ་དང་མ་འབྲལ། །རྒྱུ་འབྲས་ཁྱད་དུ་མ་གསོད། །ཚོགས་གཉིས་གསོག་དང་མ་འབྲལ། །ཚེ་འདི་རྟག་པར་མ་འཛིན། །ཟས་དང་ནོར་ལ་མ་ཞེན། །བྱང་སེམས་གསུམ་དང་མ་འབྲལ། །སྲོག་ཤིང་ཡིན་པས་མ་བཅག །མགོན་མེད་བློ་ཡིས་མ་དོར། །མ་རྒན་ཡིན་པས་མ་སྤང་། །ཁ་ཁྱད་ཤགས་ངན་མ་བྱེད། །རྡོ་རྗེའི་སྤུན་ལ་མ་ཁྲོ། །ནག་པོ་ཞེ་ལ་མ་བཅང་། །དམ་ཚིག་ཕྱམ་ལ་མ་སྐྱུར། །སྡིག་པ་ཁོང་སྦྲུམ་མ་བྱེད། །གྲོགས་ལ་སྐུར་པ་མ་གདབ། །བདག་བསྟོད་གཞན་ལ་མ་སྨོད། །སྐུར་པ་སྟེང་དུ་མ་འབོད། །དྲང་ཟེར་གདོང་ཟློག་མ་བྱེད། །གཞན་གྱི་ཞེ་བ་མ་ཟློག །མ་བཅོལ་ཁ་

p. 152

གཏོགས་མ་ཟློ། །གྱོད་ལ་ཁྱོར་བ་མ་གཟེད། །འདུག་འདོད་གྲོགས་ཁར་མ་ཉན། །དགེ་འདུན་སྤྱི་ལས་མ་བཅག །ཕྱག་རྟེན་གཡེན་ལ་མ་བྱེད། །བསམ་གཏན་ཏིང་འཛིན་མ་དཀྲུག །བཟོད་སྙམ་སྐྱེལ་བསུ་མ་བྱེད། །གྱོད་ཆེན་སྟེང་དུ་མ་ལེན། །གཉའ་དང་གཡོན་ལ་མ་གཏོགས། །མིག་ཡོད་དོང་དུ་མ་འཕྱོང་། །ཐུབ་སྙམ་སེ་ར་མ་བཟུང་། །སྡིག་སོག་སྐུར་འདེབས་མ་འབོད། །ཁེ་འདོད་རྟ་ཕྱུགས་མ་ཉོ། །གོད་ཀ་སེམས་ཁྲལ་མ་སྐྱེད། །རྒྱལ་འདོད་གཞན་མགོ་མ་སྐོར། །ཀུན་གྱི་སྡིག་རྐྱེན་མ་བྱེད། །བྲེ་སྲང་ལོག་པ་མ་འཛིན། །ཁ་ལོག་འཐབ་རྩོད་མ་ཉོ། །འདོད་པས་ཁྱིམ་སུན་མ་དབྱུང་། །མཁས་བཙུན་རྐང་འདྲེན་མ་བྱེད། །རྐང་སྐྱས་གཞན་དད་མ་ཟློག །མིས་འཕྱ་རང་མགོ་མ་སྐོར། །མཐོ་སར་ཁ་ཁྲོམ་མ་སོག །གཞན་སེམས་ཏིང་འཛིན་མ་དཀྲུག །གཟེ་རེ་བཟོད་བསྲན་མ་ཆུང་། །ཀུན་གྱི་གཏོར་ཤིང་མ་བྱེད། །ངོ་ལྐོག་གཡོ་སྒྱུ་མ་བྱེད། །མཛའ་བཤེས་སུན་དུ་མ་གཞུགས། །ཚིག་ངན་རངས་སུ་མ་དགྱེར། །ཞེ་སྡང་གཏིང་ནས་མ་སློང་། །ཁྲོ་བ་ངོ་ཐོག་མ་བཞག །ཡང་ཡང་གཞན་སེམས་མ་དཀྲུག །ཕྲག་དོག་ཟུར་འགོ་མ་རགས། །མཉམ་ཉིད་ཐུགས་དང་མ་འབྲལ། །ཕྱོགས་རིས་ཆེ་རྩོད་མ་བྱེད། །དགེ་འདུན་འདུན་པ་མ་བཤིག །མ་བརྟགས་སྐྱམ་ལྟར་མ་ཟློ། །ཀུན་གྱི་མིག་འཛེར་མ་བྱེད། །བྲེལ་སར་དོག་འབུར་མ་མང་། །འདུན་པའི་ཞེ་བ་མ་ཟློག ། རང་སེམས་དུལ་བར་གྱིས་ལ། །གཞན་སེམས་སྲུང་དང་མ་འབྲལ། །ཉོན་མོངས་རྩེ་ལ་མ་འཕྱར། །གཉེན་པོ་ཆེ་དང་མ་འབྲལ། །ཆོས་བརྒྱད་ཉམས་སུ་མ་ལེན། །ནོར་བདུན་རྒྱན་དང་མ་འབྲལ། །དགོས་དུས་ལས་ལ་མ་འབྱོལ། །མེད་དུས་ཟས་ལ་མ་འདུ། །གཞན་གྱི་རྒྱུད་ཚོད་མ་འཛིན། །ང་རྒྱལ་སྒང་ལ་མ་ཞོན། །ཆོས་ལྡན་གྲོགས་དང་མ་འབྲལ། །སྡིག་ལྡན་གྲོགས་ཕྱིར་མ་འབྲང། །འདོད་པའི་ཡུས་ཀྱིས་

p. 153

མ་རྒྱས། །གཞན་ལ་ཆོད་ཆོད་མ་བྱེད། །རང་དོན་རང་རྩིས་མ་ཆེ། །བྱས་པ་ཆུ་ལ་མ་དབོ། །ཤིང་ལ་རྩ་ཐོན་མ་བྱེད། །རང་སྲོག་རང་གིས་མ་གཅོད། །དགེ་འདུན་སྤྱི་ཁྲིམས་མ་བཤིག །རང་དམའ་རང་གིས་མ་དབབ། །རང་བཟང་གྲོགས་ངན་མ་ཟེར། ཁ་ལོག་སྟེང་དུ་མ་འབོད། །རང་མགོ་རང་གིས་མ་སྐོར། །རང་སེམས་རང་གིས་མ་གཡེང་། །ལོག་འཚོ་ཟས་སུ་མ་ཟ། །མ་འདྲིས་གསར་འགྲོགས་མ་བྱེད། །འདྲིས་ནས་ཕྱི་ཐག་མ་ཐུང་། །བཏམས་བཅོལ་རྟ་ཕྱུགས་མ་བཞག །ཁྲེལ་ཟས་ལྐོག་རྔན་མ་ཟ། །མི་ལ་རེ་བ་མ་ཆེ། །ལྷ་ལ་གསོལ་འདེབས་མ་ཞན། །དྲིན་རྩི་ལན་བསྒྲང་མ་བྱེད། །འཁང་རས་ཕྱི་ཐག་མ་བཅད། །མི་ཐུབ་དམ་བཅའ་མ་མང་། །བར་ཆོད་རིན་གྱིས་མ་ཉོ། །ཚོགས་སུ་ནག་ཆགས་མ་སྡུད། །ལྟོགས་ཀྱང་དགོན་འགྲིམ་མ་བྱེད། །གྲོགས་ཀྱི་དུད་འགོ་མ་འཚོ། ཁ་བཟང་གྲོགས་ཀྱིས་མི་སྟོངས། །རང་སེམས་རང་གིས་མ་གཡེང་། །ལེ་ལོ་གཡེང་བ་མ་ཆེ། །སྒྲུབ་ལ་བརྩོན་འགྲུས་མ་ཆུང་། །མོ་ངོམ་རང་རྩིས་མ་ཆེ། །དམན་ལ་ཐུབ་ཐང་མ་རྩི། །ཡོད་པ་ཚོགས་སོག་མ་ཞན། །བསགས་ནས་སྡིག་རྩ་མ་བྱེད། །མེད་པ་བྱ་བ་མ་མང་། །ལྡོམ་བུས་རྒྱལ་ཁམས་མ་གཡེང་། །བསོད་ཀྱང་སྲོག་ལ་མ་འཚེ། །འདི་ཕྱི་གཉིས་ཀ་མ་རླག །ཕྱུག་ཀྱང་གཞན་ནོར་མ་རྐུ། །སྡིག་དང་གཏམ་ངན་མ་ཁུར། །གྲུབ་ཀྱང་ཚངས་སྤྱོད་མ་སྤང་། །རང་གཞན་རླུང་ལ་མ་བསྐུར། །སྐོམ་ཡང་སིང་པོ་མ་འཐུང་། །ཀུན་གྱི་ཕུང་རྩ་མ་བྱེད། །དགྱེས་ཀྱང་རྫུན་གཡེན་མ་བྱེད། །ཕྱི་ནང་སིལ་བུར་མ་བཏང་། །དམ་བཅའ་དོན་དང་མ་འགལ། །སྡོམ་པ་གསུམ་དང་མ་འབྲལ། །སྤྲང་བའི་རྐུན་ཚང་མ་བྱེད། །རང་གིས་རང་ཉིད་མ་བསྐྲད། །ཉེས་བྱས་རང་སྒོར་མ་རྩོད། །གཏམ་ངན་རིན་གྱིས་མ་ཉོ། །ལམ་རྙེད་རྟ་ཕྱུགས་མ་སྡུད། །སྡོམ་པ་རྐང་རླར་མ་འཚོ། །ཁྱད་བསོད་ཁ་ལྟ་མ་བྱེད། །རྟོགས་

p. 154

པའི་གདེང་དང་མ་འབྲལ། །བློས་བྱས་སྒོམ་དུ་མ་བྱེད། །ཡེ་ཤེས་གདེང་དང་མ་འབྲལ། །ཐོ་ཅོའི་སྤྱོད་པ་མ་བྱེད། །བསླབ་གསུམ་གདེང་དང་མ་འབྲལ། །ཞེ་འདོད་འབྲས་བུར་མ་བྱེད། །གཉིས་མེད་གདེང་དང་མ་འབྲལ། །གྲོང་ཁྲོད་གཡེང་བས་མ་འགེངས། །རི་ཁྲོད་དབེན་པ་བརྟེན་མཛོད། །ལྟོ་རྒྱབ་དོན་དུ་མ་གཉེར། །གྱི་ན་ཙམ་ལ་བརྟེན་མཛོད། །མི་ཆོས་ཕྱོགས་རིས་མ་བྱེད། །དགེ་འདུན་འདུན་པ་སྟུན་མཛོད། །ཕྱི་ཡི་ཡུལ་ལ་མ་ལྟ། །ནང་གི་སེམས་ལ་གཟིགས་མཛོད། །སེམས་ཉིད་དཔང་པོར་ཞོག་ལ། །དེས་མ་ཁྲེལ་བར་ཆོས་མཛོད། །ཆོས་མིན་ཅིས་ཀྱང་མི་ཕན། །ཆོས་བཞིན་ཉམས་སུ་ལོངས་མཛོད། །ཁ་ཆོས་བྱས་པས་མི་ཕན། །ཆོས་དང་སེམས་སུ་བསྲེས་མཛོད། །ཅི་བྱེད་ལས་སུ་མ་བཏང་། །ཐམས་ཅད་ཆོས་སུ་ཐོངས་མཛོད། །ཁ་ལན་སྟོན་མོ་མ་སྤེལ། །དགེ་སྦྱོར་སད་ལ་མ་སྐུར། །སྤྱི་ཟས་སྒོས་མགྲོན་མ་བྱེད། །ཀུན་གྱི་ཞེ་བ་མ་ཟློག །སྤྱི་ནོར་སྒེར་ནོར་མ་བྱེད། །ཁ་ལོག་ཁྲིམས་དབྱུག་མ་ཁུར། །དགོས་པ་སྟོང་པར་མ་འཇོག །མིས་འཕྱ་རང་འགྱོད་མ་བྱེད། །མི་དགོས་ཕྱེ་གཏོར་མ་འགམ། །ཟས་ནོར་ལོག་པར་མ་བཏང་། །དཀོན་མཆོག་བུ་ལོན་མ་ཞུ། ཁྲོ་ཆུ་ཁོལ་མ་མ་འཐུང་། །དགེ་འདུན་བཀོར་ལ་མ་རློམས། །མེ་འོབས་ནང་དུ་མ་འཕྱོང་། །ང་འགྲོ་ཁྱོད་སྡོད་མ་ཟེར། །གཉིས་ཕུང་སྐྱོ་མར་མ་བཏང་། །ངོ་སྲུང་སྐྱེལ་བསུ་མ་བྱེད། །རང་རྒྱས་རང་གིས་མ་གཏད། །མི་ཆོས་ཕྱོགས་རིས་མ་ཆེ། །གཞན་གྱི་ཞེ་བ་མ་ཟློག །ལྷ་ཆོས་མཆོད་བསྟོད་མ་ཆུང་། །ཚོགས་གཉིས་ཤིང་རྟ་མ་གཅོག །ཁ་གཡོག་བཙན་སྙོན་མ་བྱེད། །གཞན་གྱི་བྱང་སེམས་མ་དཀྲུག །ཁས་བླངས་བུ་ལོན་མ་འཇོག །ཁ་བྲིད་ཕྱི་དུས་མ་བྱེད། །འཇལ་དུས་བུ་ལོན་མ་འཇོག །མེད་དུས་ཏ་ཏེའུ་མ་བཟུང་། །ཁེ་བུན་བྱ་བྱེད་མ་མང་། །རང་མགོ་རང་གིས་མ་སྐོར་ཅིག །

p. 155

༈ ཉི་ཤུ་རྩ་ལྔ་པ་རེ་བ་མི་ཆེ་གསོལ་བ་འདེབས་པས་དོན་ཐམས་ཅད་གྲུབ་པར་བསྟན་པ་ཀུན་འབྱུང་ལྗོན་ཤིང་ཡོན་ཏན་གྱི་མགུར་ནི། (བརྒྱུད་ལྡན་བླ་མ་དམ་པ་ལ། །) ཞབས་ཏོག་གསུམ་གྱི་བདུད་རྩིས་མཆོད། །སྙན་བརྒྱུད་གདམས་པའི་སྙིང་པོ་ལ། །ཡེངས་མེད་བརྩོན་འགྲུས་བདུད་རྩིས་མཆོད། །ལྷག་བསམ་བྱང་སེམས་ལྗོན་ཤིང་ལ། །ཐུགས་རྗེ་ཆར་རྒྱུན་བདུད་རྩིས་མཆོད། །ལོ་འདབ་རྡོ་རྗེའི་སྤུན་གྲོགས་ལ། །དགའ་སྤྲོ་སྙན་པའི་བདུད་རྩིས་མཆོད། །ལྟ་བ་འགྱུར་མེད་སྟོང་པ་ལ། །མཐའ་བྲལ་བློ་འདས་བདུད་རྩིས་མཆོད། །སྒོམ་པ་རིག་པ་དྲི་མེད་ལ། །འདུ་འབྲལ་མེད་པའི་བདུད་རྩིས་མཆོད། །སྤྱོད་པ་ངེས་མེད་བདེ་ཆེན་ལ། །མཉམ་ཉིད་རོ་སྙོམས་བདུད་རྩིས་མཆོད། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ལ། །རེ་དོགས་མེད་པའི་བདུད་རྩིས་མཆོད། །སྣང་བ་སྣ་ཚོགས་འཇའ་ཚོན་ལ། །དབྱེར་མེད་སྟོང་ཉིད་བདུད་རྩིས་མཆོད། །བྱ་བྱེད་རི་དྭགས་རྒྱུ་བ་ལ། །བྱར་མེད་སྤྲོས་བྲལ་བདུད་རྩིས་མཆོད། །ཕུང་པོ་སངས་རྒྱས་རང་བཞིན་ལ། །རིགས་ལྔ་ཡེ་ཤེས་བདུད་རྩིས་མཆོད། །ཐོག་ཏུ་བབ་པའི་དཀའ་སླ་ལ། །ཞེ་འགྱོད་མེད་པའི་བདུད་རྩིས་མཆོད། །སྣང་སྲིད་སྣོད་བཅུད་མ་ལུས་ལ། །ཟུང་འཇུག་བདེ་ཆེན་དབྱིངས་སུ་བཞེས། །དངོས་གྲུབ་རྣམ་གཉིས་མྱུར་དུ་རྩོལ། །འབད་མེད་འགྲོ་དོན་འབྱུང་བར་ཤོག །
༈ ཉི་ཤུ་རྩ་དྲུག་པ་རང་ལ་མཐར་ཐུག་གི་ཡོན་ཏན་སྐྱེས་ཀྱང་། གཞན་སེམས་སྲུང་ཞིང་ཁྱད་གསོད་མི་བྱེད་པར་གདམས་པ་རློམ་སེམས་རྣམ་དག་ཆུ་བོའི་མགུར་ནི། (འདོད་ཆགས་རང་སར་གྲོལ་བ་དེ། །) ཟག་མེད་བདེ་ཆེན་རྒྱུན་མི་འཆད། །ཞེ་སྡང་རང་སར་གྲོལ་བ་དེ། །དྲི་མེད་འོད་གསལ་རྒྱུན་མི་འཆད། །གཏི་མུག་རང་སར་གྲོལ་བ་དེ། །རྟོག་མེད་སྤྲོས་

p. 156

བྲལ་རྒྱུན་མི་འཆད། །ང་རྒྱལ་རང་སར་གྲོལ་བ་དེ། །བདག་མེད་མཉམ་ཉིད་རྒྱུན་མི་འཆད། །ཕྲག་དོག་རང་སར་གྲོལ་བ་དེ། །འཛིན་མེད་བྱམས་པ་རྒྱུན་མི་འཆད། །དུག་ལྔ་རང་སར་གྲོལ་བ་དེ། །དབྱེར་མེད་ཡེ་ཤེས་རྒྱུན་མི་འཆད། །སྣང་བ་རང་སར་གྲོལ་བ་དེ། །གཉིས་མེད་སྟོང་ཉིད་རྒྱུན་མི་འཆད། །རྣམ་རྟོག་རང་སར་གྲོལ་བ་དེ། །འགག་མེད་གཉུག་མ་རྒྱུན་མི་འཆད། །ཆགས་སྡང་རང་སར་གྲོལ་བ་དེ། །དམིགས་མེད་ཐུགས་རྗེ་རྒྱུན་མི་འཆད། །ཞེ་འདོད་རང་སར་གྲོལ་བ་དེ། །འབྲལ་མེད་ལྷན་སྐྱེས་རྒྱུན་མི་འཆད། །རྟག་ཆད་རང་སར་གྲོལ་བ་དེ། །སླུ་མེད་སྐུ་གསུམ་རྒྱུན་མི་འཆད། །དགག་སྒྲུབ་རང་སར་གྲོལ་བ་དེ། །ཐོགས་མེད་འཕྲིན་ལས་རྒྱུན་མི་འཆད། །
༈ ཉི་ཤུ་རྩ་བདུན་པ་རང་སྐྱོན་རང་གིས་བརྟག་ཅིང་། ཆོས་དང་མི་མཐུན་པ་སྤང་བར་གདམས་པ་སྐྱོན་སེལ་མེ་ལོང་ཞལ་ཏའི་མགུར་ནི། འགྲོ་མགོན་སྤྲུལ་སྐུ་ཐུགས་རྗེ་ཅན། །འཁོར་འདས་རོ་གཅིག་སྤང་བླང་མེད། །སྣང་སེམས་ཟུང་འཇུག་འོད་གསལ་ངང་། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་འདུད། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཞབས་ཏོག་རྣམ་གསུམ་གྲུབ་ཚད་བྱེད། །དེས་ཀྱང་དངོས་གྲུབ་རྣམ་གཉིས་འཐོབ། །གཡོ་སྒྱུ་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཚིག་ཕྱིར་མ་འབྲང་མོས་གུས་བྱེད། །དེས་ཀྱང་ཡོན་ཏན་བསམ་མི་ཁྱབ། །ལྟེམ་རྐྱང་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བླ་མའི་བཀའ་བསྐྱོན་བདུད་རྩིར་གསོལ། །དེས་ཀྱང་བརྒྱུད་པའི་བྱིན་རླབས་ཞུགས། །ཁོང་ཁྲོ་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །སྤྲུལ་སྐུའི་རྗེ་དང་སེལ་མ་ཞུགས། །དེས་ཀྱང་གཞན་ཕན་ཆབ་རྒྱུན་འབབ། །བཀའ་བཞིན་སྒྲུབས་ཤིག་རིགས་ཀྱི་བུ། །དྭགས་པོ་

p. 157

རིན་ཆེན་བུ་སློབ་ཀུན། །བླ་མའི་ཆོས་ལ་ཡིད་ཆེས་བརྟན། །དེས་ཀྱང་ཤིན་ཏུ་གྲུབ་ཐག་ཉེ། །ཐེ་ཚོམ་མ་ཟ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །སེམས་ཅན་དོན་དུ་སེམས་བསྐྱེད་བྱེད། །དེས་ཀྱང་འཕྲིན་ལས་ཐོགས་པ་མེད། །ཐུགས་རྒྱ་སྐྱེད་ཅིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །དམིགས་མེད་ཐུགས་རྗེ་བྱང་སེམས་འབྱོངས། །དེས་ཀྱང་བྱིན་རླབས་ཕུལ་དུ་ཕྱིན། །བྱང་སེམས་སྦྱོངས་ཤིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །འགྱུར་མེད་ངེས་ཤེས་གཏིང་ནས་ཤར། །དེས་ཀྱང་གཅིག་ཤེས་ཀུན་ལ་མཁས། །དེ་ཉིད་མ་སྐྱུར་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། ཁ་ལྟ་མི་བྱེད་མཐའ་དང་བྲལ། །དེས་ཀྱང་འཁོར་འདས་གཉིས་སུ་མེད། །ཡིད་ལ་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །འགག་མེད་ཐ་ལམ་ཤེས་པ་སྐྱོང་། །དེས་ཀྱང་འོད་གསལ་འདུ་འབྲལ་མེད། །མ་བཅོས་མ་ཞེན་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །མཉམ་ཉིད་ཕྱོགས་མེད་གཞན་དོན་མཛད། །དེས་ཀྱང་འགྲོ་བ་མ་ལྟར་བྱམས། །ཆགས་སྡང་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །སྣང་སེམས་ཟུང་འཇུག་གཟུང་འཛིན་མེད། །དེས་ཀྱང་ཆོས་སྐུ་སྤྲོས་དང་བྲལ། །རེ་དོགས་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །རིག་པ་དྲི་མེད་རྣམ་པར་དག །དེས་ཀྱང་སྣ་ཚོགས་རྟེན་འབྲེལ་འཆར། །ངར་འཛིན་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །འཇའ་ཚོན་ལྟ་བུའི་ཡི་དམ་སྒོམ། །དེས་ཀྱང་སྣང་བ་ལྷ་སྐུར་འཆར། །ཐུན་བཞི་མ་བཅག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གནད་གསུམ་བཅས་ནས་བརྩོན་འགྲུས་སྐྱེད། །དེས་ཀྱང་རས་གོས་རྐྱང་གིས་དྲོས། །ལྗར་ཉལ་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ནང་གི་རྩ་

p. 158

གནད་ཡི་གེ་མཁས། །དེས་ཀྱང་གཟུགས་སོགས་ཉམས་སུ་ཤེས། །ཅི་ལའང་མ་སྐྲག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཕྱི་ཡི་འཁྲུལ་སྣང་སེམས་སུ་ཤེས། །དེས་ཀྱང་དངོས་པོར་གྲུབ་པ་མེད། །བདེན་འཛིན་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ལྟོས་མེད་ལུས་སྲོག་སྦྱིན་པར་གཏོང་། །དེས་ཀྱང་གཉན་སར་ཉམ་ང་མེད། །ཆགས་ཞེན་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཡོན་ཏན་སྐྱེས་ཀྱང་གསང་སྤྱོད་མཛད། །དེས་ཀྱང་གོང་ནས་གོང་དུ་འཕེལ། །ཉམས་མྱོང་མ་བཤད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གདམས་པ་བློ་དང་སྦྱར་ནས་འདེབས། །དེས་ཀྱང་རྒྱུད་ཚོད་ངེས་ཤེས་སྐྱེ། །ཅིས་འདུལ་སྤྱོད་ཅིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །རྡོ་རྗེའི་སྤུན་ལ་ཁྲོ་འཁྲུག་མེད། །དེས་ཀྱང་འདི་ཕྱི་གཉིས་ཀ་ལེགས། །ཕྲག་དོག་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཟས་དང་ནོར་ལ་ང་ཁྱོད་མེད། །དེས་ཀྱང་གཅིག་སེམས་གཅིག་གིས་ཟིན། །སོང་ཐལ་མ་རྩི་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཕྲག་དོག་མི་བྱེད་ཆོས་རོགས་བཀུར། །དེས་ཀྱང་ཀུན་དང་ཐུགས་ཡིད་བཅུགས། །ཅི་དགྱེས་སྒྲུབས་ཤིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཚངས་པར་སྤྱོད་པའི་གྲོགས་དང་བསྟེན། །དེས་ཀྱང་གཏན་བདེ་དགེ་སྦྱོར་འཕེལ། །གྲོགས་ངན་སྤོངས་ཤིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཁ་ན་མ་ཐོ་དམ་ཚིག་སྲུང་། །དེས་ཀྱང་སྙན་པས་ས་སྟེང་ཁྱབ། །ལས་འབྲས་སྲུངས་ཤིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །རེ་བ་མི་ཆེ་གསོལ་བ་འདེབས། །དེས་ཀྱང་ཞེ་འཁོན་སྙིང་སྟོང་མེད། །རང་འདོད་མ་ཆེ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ནག་པོའི་ཆོས་བཞི་རྩད་ནས་སྤངས། །དེས་ཀྱང་

p. 159

དཀར་པོའི་བྱང་སེམས་སྐྱེས། །ལོག་ལྟ་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཆོས་ལ་བཟང་ངན་རིས་མི་གཅོད། །དེས་ཀྱང་བདེ་བར་གཤེགས་པ་མཉེས། །བཀའ་ལས་མ་འདའ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བླ་མ་བཟང་ངན་ཚིག་མི་རྩོད། །དེས་ཀྱང་སྡིག་མེད་ཀུན་དང་མཐུན། །རྒྱུད་ཚོད་མ་འཛིན་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གང་ཟག་བློ་ཡི་ཚོད་མི་འཛིན། །དེས་ཀྱང་སྒྲོ་འདོགས་སྡིག་མི་སོག །སྐུར་པ་མ་འདེབས་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཁ་ཁྱད་ཟེར་ནས་མཚང་མི་འབྲུ། །དེས་ཀྱང་སྡིག་རྩ་རྫུན་མི་འདོགས། །དགེ་འདུན་མ་དཀྲུག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ངོ་ལྐོག་དགེ་འདུན་དབྱེན་མི་བྱེད། །དེས་ཀྱང་བློ་གཏད་བདེན་ཚིག་འགྲུབ། །རྫུན་གཡེན་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཕོག་ཐུག་འཁྲུག་པའི་གཏམ་མི་སྨྲ། །དེས་ཀྱང་དགྲ་ཟུན་གཉིས་ཀས་རྩི། །ཕྱོགས་རིས་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གཞན་སྐྱོན་མི་རྟོག་རང་སྐྱོན་སྤོང་། །དེས་ཀྱང་ཀུན་གྱི་ཡིད་དུ་འོང་། །ཉེས་སྐྱོན་མ་བསྒྲང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཆོས་གཏམ་ང་བདེན་ཚིག་མི་རྩོད། །དེས་ཀྱང་བློ་བདེ་བསམ་ཁྲལ་མེད། །ཤགས་ངན་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །རང་བདེན་གཞན་རྫུན་མགོ་མི་བསྐོར། །དེས་ཀྱང་ཆོས་རོགས་སེམས་མི་དཀྲུག །ཁ་གཡོགས་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ངོ་དགའ་སྐྱོན་དུག་ཕྱེ་མི་གཏོར། །དེས་ཀྱང་ཁ་ལྕེ་སྡིག་རྫུན་མེད། །སྐྱོན་སྔོགས་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །རྐུ་སླུའི་ནོར་གྱིས་ཚོགས་མི་གསོག །དེས་ཀྱང་ཡིད་མཆོད་ཆུ་གཙང་འབུལ། །ལོག་འཚོ་མ་འདྲེན་

p. 160

རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ལྟོས་མེད་ཕུལ་ནས་རྗེས་མ་གཅོད། །དེས་ཀྱང་བསོད་ནམས་ཚོགས་ཆེན་རྫོགས། །དྲིན་རྩི་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཆོས་མཐུན་མིན་པའི་ནོར་མི་འདོད། །དེས་ཀྱང་ལོངས་སྤྱོད་ཆར་དུ་འབབ། །གཞན་ནོར་མ་རློམ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །དམན་པའི་ས་བཟུང་ང་རྒྱལ་ཆུང་། །དེས་ཀྱང་ཀུན་གྱིས་ཐོད་བཞིན་འཁུར། །རང་རྩིས་མ་ཆེ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ལྟོ་རྒྱབ་གཉིས་ལ་ཞེན་པ་ཆུང་། །དེས་ཀྱང་རི་དགོན་གངས་ཁྲོད་འཛིན། །གྲོང་ཡུལ་མ་རྒྱུ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཕུལ་གང་རྙེད་ཀྱང་ཉིན་གཅིག་སྒོམ། །དེས་ཀྱང་དགེ་སྦྱོར་ངང་གིས་འཕེལ། །ཚོལ་དཔོག་མ་དྲག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །སུ་བྱུང་བསྐོར་ནས་ཀུས་མི་འདེབས། །དེས་ཀྱང་རང་གི་སེམས་ལ་ལྟ། །ཕོ་ཚོད་མ་སྐྱེལ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཕོ་ཁྲོམ་ཚོགས་ནས་ཁ་མི་སླ། །དེས་ཀྱང་སོ་སོར་གསོལ་བ་འདེབས། །རྐང་སྐྱ་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གླིང་གསེབ་ཐུག་ཆོམ་དངངས་རྒྱག་སྤང་། །དེས་ཀྱང་བསམ་གཏན་ཐུགས་མི་བཀྲུག །འོ་དོད་མ་འབོད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །དགོན་འགྲིམ་བྱེད་ཅིང་གྲོགས་མི་གཙེར། །དེས་ཀྱང་རང་གི་སྤྱིལ་པོར་སྒོམ། །གཞོགས་སྐྲུན་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཟ་རྒྱན་ཁ་ལན་དོམ་མི་ལེན། །དེས་ཀྱང་སྲིས་སྨེ་མིས་མི་འཕྱ། །ལྟོ་སྡར་མ་ཆེ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ངོས་ལྐོག་བྱས་ནས་གྲོགས་མི་འགྱེད། །དེས་ཀྱང་ལེ་ལན་འཐོགས་པ་མེད། །གཏོགས་ཞེན་མ་ཆེ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཕྱེ་གཏོར་བྱས་ཀྱང་

p. 161

མགོ་མི་འཁོར། །དེས་ཀྱང་ཕྱི་ནས་འགྱོད་པ་མེད། །རྦུད་ཁར་མ་ཉན་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཟུར་འགོ་མི་རགས་བཟོད་བསྲན་ཆེ། །དེས་ཀྱང་འདི་ཕྱི་གཉིས་ཀ་བདེ། །ཀོ་ལོང་མ་དམ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བླ་མའི་ཉེ་གནས་གཉེན་བཞིན་སྐྱོང་། །དེས་ཀྱང་ཐུགས་བདེ་རྣམ་སྨིན་མེད། །ཁ་ལོག་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །སྦྱིན་པ་རྣམ་བཞིས་འགྲོ་བ་སྡུད། །དེས་ཀྱང་ཁམས་གསུམ་དབང་དུ་འདུ། །ཕན་སེམས་མ་ཆུང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །རྒྱུ་འབྲས་དོན་རྟོགས་ཚོགས་གཉིས་བསག །དེས་ཀྱང་དོན་གཉིས་ལྷུན་གྱིས་གྲུབ། །ཐུགས་རྗེ་མ་ཆུང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བསླབ་པ་གསུམ་ལ་གུས་པར་བྱེད། །དེས་ཀྱང་ཐམས་ཅད་དད་ཅིང་འདུན། །གཉེན་པོ་མ་ཆུང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཞེན་པ་ལོག་ནས་བྱ་བ་བཏང་། །དེས་ཀྱང་རྩེ་གཅིག་སྒྲུབ་པ་བྱེད། །བརྩོན་འགྲུས་མ་ཆུང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བསམ་པ་བཟང་པོ་སྤྱི་ཕྱིས་བྱེད། །དེས་ཀྱང་གཅིག་ཞོར་གཅིག་གིས་འགྱོགས། །འགལ་བ་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བཙན་ཤ་མི་ཆེ་ཆོས་བཞིན་སྲུང་། །དེས་ཀྱང་སུ་དང་ཕྲད་པ་དགྱེས། །ཚིག་ངན་མ་རྒྱག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ན་ཚ་བྱུང་ཡང་ལམ་དུ་འཁྱེར། །དེས་ཀྱང་ལོག་པར་ལྟ་བ་མེད། །སྨྲེ་སྔགས་མ་འདོན་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བརྙས་བཅོས་བྱས་ཀྱང་ལན་མི་ཟློག །དེས་ཀྱང་འཐབ་རྩོད་སྣ་མི་སྤྲོད། །རང་དམའ་མ་དབབ་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཆོམ་ཤོད་བྱུང་ཡང་གཞན་མི་བརྩོག །དེས་ཀྱང་ཤི་སྨས་གནད་འགྲམས་མེད། །གྱོད་རྩ་མ་

p. 162

བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གཞན་ནོར་བཞག་ནས་རྗིལ་མི་བྱེད། །དེས་ཀྱང་སེམས་ཁྲལ་སྡུག་བསྔལ་མེད། །སྤྱི་ཁག་མ་ཁུར་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །སྒོས་ནོར་སྤེལ་ནས་དགྲ་མི་འབོད། །དེས་ཀྱང་ཆོས་རྒྱགས་ཇ་ནས་བྱེད། །སེམས་ཁྲལ་མ་སྐྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ངོ་ཚ་ཤེས་པས་སྲོག་མི་ཟ། །དེས་ཀྱང་སྡིག་སོག་ཞེས་ཁྲེལ་མེད། ཁྱིམ་སུན་མ་འབྱིན་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བོས་པའི་དུས་སུ་མྱུར་དུ་བྱོན། །དེས་ཀྱང་ཚོགས་པ་ཡི་མི་གཅོད། །འགན་བཅག་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཤེས་ཅན་རྒན་གྱི་ཁ་ལ་ཉན། །དེས་ཀྱང་ཕྱི་ནས་གནོང་འགྱོད་མེད། །རང་བློ་མ་ཉེས་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བཞུད་ཀྱང་སྙད་འགེལ་འཁང་མི་འཇོག །དེས་ཀྱང་གཞི་བྱེས་གཉིས་ལ་བདེ། །གྲྭ་པ་མ་གཏོར་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བཞུགས་ཀྱང་ཕྱི་ནང་མཐུན་རྩི་བྱེད། །དེས་ཀྱང་ཅི་བྱས་ཆོས་སུ་འགྲོ། །ལས་སུ་མ་བཏང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གར་དགོས་དུས་སུ་ཅི་གསུང་ཉན། །དེས་ཀྱང་ཞེ་ཁྲོས་ཡུས་མི་རྩི། །ཅི་བཅོལ་གྱིས་ཤིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། ཁ་མཆུའི་བར་ན་གྲོས་མི་བྱེད། །དེས་ཀྱང་སྒྲོ་འདོགས་སྐུར་འདེབས་མེད། །ཐེམ་འགྲོས་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །སྐྱེལ་བསུ་གཉའ་དང་གཡོན་མི་བྱེད། །དེས་ཀྱང་གྱོད་ལ་ཐོགས་པ་ཉུང་། །སེ་ར་མ་བཟུང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བཅའ་ཁྲིམས་བྱས་ནས་སྲོག་ལྟར་སྲུང་། །དེས་ཀྱང་ཁ་ལོག་ཁྲིམས་མི་འཕོག །ནང་ཁྲིམས་མ་བཤིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །རྙེད་དཀའི་དལ་འབྱོར་ཆུད་མི་

p. 163

གཟན། །དེས་ཀྱང་ཁས་བླངས་ཉམས་སུ་ལེན། །དམ་བཅའ་མ་བརྗེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཕ་རོལ་ཕྱིན་པ་དྲུག་དང་ལྡན། །དེས་ཀྱང་སྒྱུ་མ་ལྟ་བུར་སྤྱད། །དངོས་པོར་མ་འཛིན་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །དད་པས་དགེ་བཅུ་དང་དུ་ལེན། །དེས་ཀྱང་སྡིག་བཅུ་ངང་གིས་འགག །ཁྱད་གསོད་མ་བྱེད་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །གཅིག་པུར་རི་ཁྲོད་ནགས་ཁྲོད་འགྲིམ། །དེས་ཀྱང་སྒྲོ་འདོགས་ནང་ནས་ཆོད། །དབེན་པ་བསྟེན་ཅིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །ཐམས་ཅད་ཆོས་ལ་བཟང་འགྲན་བྱེད། །དེས་ཀྱང་ཀུན་གྱིས་ཡིད་རང་འབུལ། །ངན་འགྲན་མ་བྱེད་རིགས་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བྱས་པ་ཤེས་ཤིང་དྲིན་དུ་བཟོ། །དེས་ཀྱང་བྱས་པ་ཆུད་མི་གཟན། ཕྱི་ཐག་མ་ཐུང་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །བློ་ཆོས་ལ་སྒྱུར་བའི་ཞལ་ལ་ཉན། །དེས་ཀྱང་གྲུབ་ཐོབ་བསམ་མི་ཁྱབ། །སྒྲུབ་པ་གྱིས་ཤིག་རིགས་ཀྱི་བུ། །དྭགས་པོ་རིན་ཆེན་བུ་སློབ་ཀུན། །དགེ་བ་དམིགས་མེད་བྱང་ཆུབ་བསྔོ། །དེས་ཀྱང་སྨོན་ལམ་རྒྱ་ཆེན་འདེབས། །སྟོང་ཉིད་སྒོམས་ཤིག་རིགས་ཀྱི་བུ། །སྔོན་གྱི་ལས་ངན་བག་ཆགས་ཀྱིས། །བྱ་བ་གཏན་ནས་མ་ཐོངས་ཀྱང་། །གསོལ་བ་ཐོབ་ལ་འཁྲི་བ་ཆོད། །མི་རྟག་འཆི་བ་ཆ་མེད་དམ། །ཉེས་པའི་སྐྱོན་རྣམས་སྤངས་ཙ་ན། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ། །ཡོན་ཏན་འཕྲིན་ལས་བསམ་མི་ཁྱབ། །དེ་བས་བཀའ་བཞིན་བསྒྲུབ་པར་ཞུ། །ཆོས་སྐྱོན་སེལ་གསལ་བྱེད་དགེ་རྩ་འདིས། །བདག་དང་སེམས་ཅན་མ་ལུས་པ། །ཉེས་ཟད་ཡོན་ཏན་མཐར་ཕྱིན་ནས། །རྗེ་རིན་པོ་ཆེ་དང་མཚུངས་པར་ཤོག །ཞལ་ཏ་སྐྱོན་སེལ་མེ་ལོང་ཞེས་བྱ་བ། བླ་མ་ཆེན་པོ་དཔལ་ལྡན་འབབ་རོམ་པས་མཛད་པ་རྫོགས་སོ།། །།

p. 164

༈ ཉི་ཤུ་རྩ་བརྒྱད་པ་རྒས་ཁར་གྲྭ་པ་མི་སྐྱོང་། ཁམས་ཀྱིས་ཆོས་བཤད་མི་ནུས་པས་མོས་གུས་མི་བྱེད། ཚིག་ལ་རྟོག་པས་འདོད་པས་དབང་དུ་མི་བྱེད་པར་གདམས་པ་རང་གར་དད་བླ་མ་ཚོལ་བའི་མགུར་ནི། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བློ་ཆོས་ལ་འགྲོ་བར་བྱིན་གྱིས་རློབས། །དོན་མཆོག་དང་ཐུན་མོང་དངོས་གྲུབ་ཞུ། །མི་འགའ་རེ་ང་ལ་འདི་སྐད་ཟེར། །ངས་དེ་སྔ་སྡིག་དང་སྡུག་བསྔལ་བྱས། །སྤྱི་ཕྱིས་དཀའ་བ་ཅི་སྤྱད་ཀྱང་། །ཉེ་རིང་ཀུན་ལ་མགུ་བ་མེད། །སྐྱིད་ལ་རེ་བས་ཚེ་ཕྱེད་ཐལ། །བསགས་པའི་ནོར་དང་སྐྱེས་པའི་མི། །དགྲ་འདྲེ་གཉིས་ཀྱི་ཚལ་མར་ཤོར། །འཁོར་བའི་ཉེས་དམིགས་མཐོང་བས་སུན། །མི་རྟག་འཆི་བ་རྗེས་དྲན་པས། །སྙིང་གིས་ཆོས་ཤིག་བྱ་བསམ་བྱུང་། །བན་དེ་ཆོས་སྒོ་བསྡམས་པ་ཀུན། །དེ་རིང་སང་ལ་སྔ་འཕྱི་ཡོད། །མི་ཆོས་ལྷ་ཆོས་གང་ལ་ཡང་། །རེ་ས་ཁྱེད་ལས་མ་མཆིས་པས། །བསྒྲུབ་རྒྱུའི་ཆོས་དེ་ཤེས་པ་དང་། །ཅི་གསུང་བཀའ་ལས་མི་འདའ་བར། །འཇིག་རྟེན་བྱ་བ་རྒྱབ་ཏུ་བོར། །ལྟོ་རྒྱབ་གཉིས་ལ་གྱོང་བསྐུར་ནས། །གཅིག་པུར་སྒྲུབ་པ་བྱེད་པ་ཡིན། །དེ་བས་ཐུགས་ལ་འདོགས་དགོས་ཟེར། །མགོ་བསྐོར་མ་བྱས་ལན་འདི་བཏབ། །ཉི་མ་ཐལ་ཀའི་སྦང་ཐང་ལྟར། །རྒས་ཁར་གྲྭ་པ་མི་སྐྱོང་བས། །འདི་ན་མ་འདུག་གཞན་དུ་བཞུད། །གྲུབ་ཐོབ་ཀྱི་བླ་མ་གཞན་ན་བཞུགས། །ཆོས་དང་ལོངས་སྤྱོད་བསམ་མི་ཁྱབ། །ཕྱི་ནས་འགྱོད་པ་མེད་པའི་རྒྱུ། །སྙིང་གིས་དེ་ལྟར་བྱས་པ་ལ། །གྲུབ་ཐོབ་ཀྱི་བླ་མ་དམ་པ་ཀུན། །ཆོས་དང་ལོངས་སྤྱོད་ཆེ་བ་དེ། །མ་ཐོས་པ་དང་མ་ཡིན་ཏེ། །འོན་ཀྱང་འགྱུར་མེད་ཁྱེད་ལ་དད། །བསམ་གཞིག་བྱས་ནས་འོངས་པ་ཡིན། །ཞེ་འགྱོད་བྱུང་ཡང་མི་འགྱོད་པས། །ཕུད་ཀྱང་སར་ཏི་བྱེད་པ་ཡིན། །ཅིས་ཀྱང་ཐུགས་ལ་འདོགས་དགོས་

p. 165

ཟེར། །ངས་བདེན་སྙམ་དཀའ་སླ་འདི་ལྟར་བྱས། །དུས་དང་པོར་ཉན་ཐོས་སྡོམ་པ་ཕོག །དུས་བར་དུ་ཐེག་ཆེན་སེམས་བསྐྱེད་བྱས། །དུས་དེ་རྗེས་སྨིན་པར་བྱིན་གྱིས་བརླབས། །དུས་ཕྱི་ནས་རྒྱུད་བཤད་གདམས་པ་བཏབ། །ལམ་ནོར་མེད་བསྐྱེད་རྫོགས་ཟུང་འཇུག་བསྟན། །ངོ་རང་སེམས་སྐྱེ་མེད་ཆོས་སྐུར་སྤྲད། །བོགས་མོས་གུས་བྱིན་རླབས་ནུས་པས་བཏོན། །གེགས་དམིགས་མེད་སྟོང་པའི་གོ་ཆས་བསལ། །ཐབས་སྣ་ཚོགས་གོ་ནས་ཅིས་ཕན་བལྟས། །མ་བརྩེ་བས་བུ་གཅིག་འཚོ་བ་ལྟར། །བཀྲེས་གྲང་སྡུག་གི་དོགས་ནས་བསྐྱངས། །བློ་ཆོས་ལ་འགྲོ་བའི་གསོལ་བ་བཏབ། །སྐྱོན་ལ་ངོས་འཛིན་ཁ་ཏ་བྱས། །ཞེ་འགྱོད་མེད་པར་ཅིས་ཕན་བལྟས། །སྒྲུབ་པ་བྱེད་ལ་བྱ་དགའ་བྱིན། །ངས་བླ་མ་མཉེས་པའི་ཡོན་ཏན་གྱིས། །ཚད་མ་བཞི་ཡི་དོན་ལ་མཁས། །མ་བཅོས་སྐྱོན་བྲལ་ཉམས་རྟོགས་ཁྲིད། །དེ་བས་ཐུགས་ལ་འདོགས་རྒྱུ་མེད། །གོང་དུ་གསུངས་པ་ཁོ་ན་བཞིན། །རང་གིས་རང་ཉིད་ཐུགས་ལ་ཐོགས། །འོན་ཀྱང་འདོགས་ལུགས་མ་ཤེས་ན། །འདི་ལྟར་མཛོད་ལ་ཐུགས་ལ་ཐོགས། །བརྒྱུད་ལྡན་བླ་མ་དམ་པ་ལ། །ཞབས་ཏོག་རྣམ་གསུམ་ཤུགས་ཕྱུངས་ལ། །གསོལ་འདེབས་མོས་གུས་རྒྱུན་མ་བཅད། །བུ་དངོས་གྲུབ་བཞེད་ན་དེ་ལྟར་མཛོད། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །ཚོགས་དང་གཏོར་མའི་མཆོད་པ་ཕུལ། །རྟག་ཏུ་དམ་ཚིག་རྣམ་གསུམ་སྲུངས། །བུ་བྱིན་རླབས་བཞེད་ན་དེ་ལྟར་མཛོད། །སྡོམ་པ་གསུམ་གྱི་སྲོག་ཤིང་ཚུགས། །བསླབ་པ་གསུམ་གྱི་བ་དན་ཕྱོར། །བུ་གྲགས་སྙན་བཞེད་ན་དེ་ལྟར་མཛོད། །འགྱུར་མེད་ཆོས་ཉིད་ནམ་མཁའ་ལ། །དམིགས་མེད་ཐུགས་རྗེའི་སྤྲིན་ཚོགས་བསྡུས། །ཕྱོགས་མེད་བསྡུ་བཞིའི་ཆར་རྒྱུན་ཕོབ། །བུ་གྲྭ་པ་འདོད་ན་དེ་ལྟར་མཛོད། །རང་སེམས་དུལ་ལ་གཞན་སེམས་སྲུངས། །ཞེ་བ་མ་གནག་

p. 166

ཆོས་རོགས་ཁུར། །ཕྲག་དོག་མ་བྱེད་ཀུན་དང་བསྟུན། །བུ་བསྙེན་བཀུར་བཞེད་ན་དེ་ལྟར་མཛོད། །ཡོན་ཏན་གྱི་གདེང་དང་མི་ལྡན་པར། །ཆོས་བརྒྱད་ཀྱི་མགོ་སྐོར་མ་བྱེད་པར། །གཅིག་པུར་མ་བཅོས་སེམས་ལ་ལྟོས། །བུ་དོན་གཉིས་སྒྲུབ་ན་དེ་ལྟར་མཛོད། །མི་འགྱུར་མཐའ་བྲལ་བློ་ལས་འདས། །མ་སྐྱེས་མི་འགག་གནས་པ་མེད། །འཁོར་འདས་རོ་གཅིག་སྤང་བླང་བྲལ། །བུ་ལྟ་བ་བཞེད་ན་དེ་ལྟར་མཛོད། །དེ་ཡི་གནས་ལུགས་རང་བཞིན་མེད། །མ་བཅོས་རྣམ་རྟོག་རང་སར་དག །འགག་པ་མི་མངའ་ཞེན་པ་བྲལ། །བུ་སྒོམ་པ་བཞེད་ན་དེ་ལྟར་མཛོད། །དེ་ལ་མ་ཆགས་མཉམ་པ་ཉིད། །སྣང་སེམས་ཟུང་འཇུག་གཉིས་སུ་མེད། །ངེས་པ་མི་མངའ་ཕྱོགས་རིས་བྲལ། །བུ་སྤྱོད་པ་བཞེད་ན་དེ་ལྟར་མཛོད། །དེ་གསུམ་རོ་གཅིག་རེ་དོགས་མེད། །མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །གཞན་དོན་གཟུགས་སྐུ་ཤུགས་ལ་འབྱུང་། །བུ་འབྲས་བུ་བཞེད་ན་དེ་ལ་མཛོད། །སྦྱོར་དངོས་རྗེས་གསུམ་དམིགས་མེད་ཆོས། །སྨོན་ལམ་རྩི་ཡིས་ཁ་བསྒྱུར་ནས། །ཡོན་ཏན་འཕྲིན་ལས་བསམ་མི་ཁྱབ། །བུ་འགྲོ་དོན་མཛད་ན་དེ་ལྟར་མཛོད། ཁྱེད་སྔར་གསུངས་དམ་བཅའ་བརྗེད་དེ་འདྲ། །ངས་མཛད་སྤྱོད་དེ་ལས་བཟློག་པར་མཐོང་། །ང་སྣང་བ་འཁྲུལ་ལམ་གཞན་སྐྱོན་ཡིན། །གཞན་སྐྱོན་ཡིན་ན་ད་རུང་སྤོངས། །ཐུགས་ལ་བཏགས་སམ་མ་བཏགས་པ། །བསམ་གཞིག་གྱིས་ལ་རྟོག་དཔྱོད་ཐོངས། །དུས་ཕྱི་ནས་གོ་བ་སྐྱེ་བ་སྲིད། །ད་རུང་ཁས་བླངས་དོན་དང་བསྟུན། །རང་སེམས་དཔང་ཚུགས་ཐུགས་ལ་ཐོགས། །གཞན་གྱི་ཁ་ཏས་འགྲས་པའི་རྒྱུ། །དེ་དང་རང་དྲིན་རང་ལ་ཆེ། །ད་རུང་མཛད་སྤྱོད་ཆོས་དང་སྲེས། །སྡིག་དང་གདོས་པའི་ལས་བསགས་པས། །མིས་འཕྱ་རང་སྡུག་གྲགས་སྙན་ཉམས། །ཚེ་འདི་དང་ཕྱི་མ་གཉིས་ཀ་མེད། །ད་རུང་བྱ་བཏང་སྒྲུབ་པ་གྱིས། །

p. 167

༈ ཉི་ཤུ་རྩ་དགུ་པ་གསང་སྔགས་གསང་བས་འགྲུབ་ཅིང་། རྡོ་རྗེའི་མགུར་མཉན་པར་གདམས་པ་གསང་བ་སྨྲ་བཅད་རྒྱས་འདེབས་ཀྱི་མགུར་ནི། གནས་ལུགས་ནམ་མཁའ་དག་པ་ལ། །གློ་བུར་རྣམ་རྟོག་སྤྲིན་ཚོགས་བྱུང་། །བྱུང་ཡང་ནམ་མཁའི་དབྱིངས་སུ་ཡལ། །འཁོར་འདས་དབྱེར་མེད་རྒྱ་ཞིག་བཏབ། །གཉུག་མའི་བར་སྣང་དྭངས་པ་ལ། །ཞེ་འདོད་ན་བུན་ཁུག་སྣ་འཁྲིགས། །འཁྲིགས་ཀྱང་བར་སྣང་རང་ལ་ཡལ། །མི་འགྱུར་དམིགས་མེད་རྒྱ་ཞིག་བཏབ། །སེམས་མ་བཅོས་མི་གཡོ་རྒྱ་མཚོ་ལ། །བསྒོམ་བྱས་བསླད་པའི་རྦ་རླབས་འཕྱོ། །འཕྱོ་ཡང་རྒྱ་མཚོ་རང་ལ་ཐིམ། །འགག་མེད་འོད་གསལ་རྒྱ་ཞིག་བཏབ། །ཉམས་མྱོང་བདུད་རྩིའི་ཆུ་མིག་ལ། །བཟང་ངན་བདེན་འཛིན་རྙོག་མ་ལངས། །ལངས་ཀྱང་ཆུ་མིག་དངོས་ནས་དྭངས། །ཆགས་ཞེན་མེད་པའི་རྒྱ་ཞིག་བཏབ། །སྣང་བ་མ་སྐྱེས་སྟོང་པ་ལ། །བག་ཆགས་འཁྲུལ་པའི་འཇའ་ཚོན་ཤར། །ཤར་ཡང་སྟོང་ཉིད་ངང་དུ་ཡལ། །དུ་མ་རོ་གཅིག་རྒྱ་ཞིག་བཏབ། །ངོ་བོ་རྣམ་དག་རིན་ཆེན་ལ། །ཐོབ་རེ་ཤོར་དོགས་དྲི་མས་གོས། །གོས་ཀྱང་རིན་ཆེན་རང་སར་དག །མཐའ་བྲལ་ཆོས་སྐུའི་རྒྱ་ཞིག་བཏབ། །༧ གཞན་ཡང་རོམ་པོའི་རྔོན་པ་ལ་མགུར་གསུངས་པ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ངའི་བླ་མ་གསུམ་གྱི་སངས་རྒྱས་ལགས། །ཡི་དམ་རྩ་བའི་དཀྱིལ་འཁོར་ལགས། །གདམས་ངག་རང་བཞིན་ལམ་ཁྱེར་ལགས། །གསེབ་ལམ་རིག་པ་རྐྱང་དེད་ལགས། །ལྟ་བ་མཐའ་བྲལ་སྟོང་པ་ལགས། །སྒོམ་པ་འཛིན་མེད་རང་གསལ་ལགས། །སྤྱོད་པ་ཤུགས་འབྱུང་ལྷུག་པ་ལགས། །སྣང་བ་བདེ་ཆེན་རང་གྲོལ་ལགས། །ཉམས་མྱོང་ཞེན་བྲལ་འགག་མེད་ལགས། །འབྲས་བུ་ཆོས་ཉིད་རྣམ་དག་ལགས། །སློབ་དཔོན་གཉི་བ་སྒོམ་ཆེན་ལགས། །ཞེས་པ་འདི་གསུངས་སོ། །

p. 168

༈ གཉིས་པ་བྲག་དམར་རྫོང་ཆེན་ན་གསུངས་པ་རྨི་ཉམས་ཀྱི་མགུར་ནི། ཡང་དུས་ཕྱིས་བྲག་དམར་རྫོང་ཆེན་ན་བཞུགས་པའི་དུས། སེང་གེ་རྒྱལ་མཚན་རྫ་དེའུ་ན་གཅིག་པུར་འདུག་པའི་རྒྱགས་ཆད། ཁ་བས་ལམ་བཅད་པས་ནངས་མ་གཉིས་སུ་མཇལ་དུ་ཡོང་ཚད་པ་ལ་ཁ་བ་ཆེན་པོ་འཚུབས་པས་མ་ཐོན་ནས། ཞག་གསུམ་དུ་ཟ་ཡང་མེད་པས་ཆུ་བསྐོལ་ལ་ཚྭ་བཏབ་ནས་འཐུངས་པ་དང་ཡོང་བས། བྱམས་པ་ཡེ་ཤེས་ལ་ཨ་པོ་ཡོང་བ་དང་འདིར་ཐོངས་གསུང་བས། དེ་རིང་མི་ཐར་ཞུས་པས་ཡོང་བདོ་གསུང་སྐད། ཡོང་བ་དང་སྤྱན་སྔར་ཤོག་གསུངས་པས་ཡོང་ཙ་ན། རྗེའི་ཞལ་ནས་ཁྱོད་རྒྱགས་ད་ལན་ཆད་པ་ཡིན། ངས་རུག་པ་ལ་ཟན་ཐུལ་པའི་སྤགས་རམ་བུའི་ཕྱེ། གྲོ་མ་དང་མན་བུའི་ཟས་ཟོས། ལྕུམ་དང་། སྟར་བུ་དང་། སྐྱུ་རུ་གསུམ་གྱི་སྐོམ་དུ་འཐུངས་ནས་ལོ་མང་པོར་བསྡད་པ་ཡིན། ཤ་འགག་ལ་རྐང་སྣམ་མཛད་ནས་གངས་སྐེད་པ་སྒོར་སྒོར་བ་བཤགས་པ་ལ་སོགས་དཀའ་སླ་མང་དུ་མཛད་གསུངས། ཁར་ནུབ་ཐོ་རངས་ཁར་རིན་པོ་ཆེ་པ་སྐུ་གཟི་མདངས་དང་ལྡན། ཞལ་འཛུམ་བག་དང་བཅས་ནས་བཞུགས་པས། སྣང་བ་ཆོས་སྐུར་སྟོན་པ་དགའ་བདེ་རོལ་པ་ཆོས་བཞི་གནད་ཀྱི་གདམས་པ་འདི་རྣམས་གསུང་གསུངས་ནས་མགུར་འདི་གསུངས་སོ། །ཆོས་སྦྱོར་བ་སྟོང་ཉིད་སྙིང་རྗེའི་ཀློང་། །དོན་འགྲོ་བ་འདྲེན་པ་བདེ་ཆེན་ངང་། །ཆོས་དངོས་གཞི་ཕར་ཕྱིན་དྲུག་ལྡན་ཀློང་། །དོན་སྒྱུ་མ་ལྟར་སྣང་བདེ་ཆེན་ངང་། །ཆོས་རྗེས་ཤེས་འཁོར་གསུམ་མི་རྟོག་ཀློང་། །དོན་རྒྱུ་འབྲས་རྟེན་འབྲེལ་བདེ་ཆེན་ངང་། །ཆོས་སྦྱོར་དངོས་རྗེས་གསུམ་དམིགས་མེད་ཀློང་། །དོན་རྣམ་གཉིས་ལྷུན་གྲུབ་བདེ་ཆེན་ངང་། །སེམས་མཐའ་དང་བྲལ་བ་ལྟ་བའི་ཀློང་། །དོན་འགྱུར་བ་མེད་པ་བདེ་ཆེན་ངང་། །སེམས་ཐ་མལ་ཤེས་པ་སྒོམ་པའི་ཀློང་། །

p. 169

དོན་ཡེངས་མེད་ཞེན་བྲལ་བདེ་ཆེན་ངང་། །སེམས་སྣང་སྟོང་ཟུང་འཇུག་སྤྱོད་པའི་ཀློང་། །དོན་ཕྱོགས་མེད་མཉམ་ཉིད་བདེ་ཆེན་ངང་། །སེམས་རྟག་ཆད་མཐའ་བྲལ་འབྲས་བུའི་ཀློང་། །དོན་ལྷུན་གྱིས་གྲུབ་པ་བདེ་ཆེན་ངང་། །གནད་བཞི་ལྡན་གཏུམ་མོ་བརྩོན་འགྲུས་ཀློང་། །དོན་དྲོད་རྟགས་ཉམས་རྟོགས་བདེ་ཆེན་ངང་། །གནད་རྨི་ལམ་སྦྱོང་སྒྱུར་དེ་ཉིད་ཀློང་། །དོན་གཉིད་ཀྱི་འོད་གསལ་བདེ་ཆེན་ངང་། །གནད་འགྱུར་མེད་འཕོ་བ་ཆོས་སྐུའི་ཀློང་། །དོན་གཟུགས་སྐུ་འཕྲིན་ལས་བདེ་ཆེན་ངང་། །གནད་བར་དོ་འོད་གསལ་གསུམ་འདྲེས་ཀློང་། །དོན་སྐྱེ་འཆི་མེད་པ་བདེ་ཆེན་ངང་། །སྤྱིར་ཆོས་བཞི་སེམས་བཞི་གནད་བཞིའི་ཀློང་། །དོན་བཞི་གསུམ་གདམས་པ་བདེ་ཆེན་ངང་། །རྗེ་གོང་མ་རྣམས་ཀྱི་མཛད་སྤྱོད་ཡིན། །དད་མོས་གུས་ཅན་གྱིས་འགྲུབ་པར་ངེས། །ལས་བྱ་བ་ཐོངས་ལ་ཉམས་སུ་ལོངས། །ཉམས་རྟོགས་པ་དབྱེར་མེད་ཤུགས་ལ་སྐྱེ། །དེས་འཁོར་འདས་གཉིས་ཀྱི་མགོ་ལྟག་ཕྱེ། །དུས་གཏན་གྱི་སོ་ནམ་གྲུབ་པ་ཡིན། །ཞེས་པའི་མགུར་དེ་གསུངས་ནས། ཡང་གསུང་བྱོན་པ། རིན་པོ་ཆེ་པ་བྱོན་པ་དང་ཤིན་ཏུ་དགྱེས་པ་རྨིས་པས་དགའ་བར་ཡང་བྱུང་བས། ད་ང་ཡང་ཁམས་བདེ་བར་ཡང་ཡོད། ཁྱོད་རྫ་འཕྲང་ནས་ཡར་ལོག་པ་ཡང་རྨིས། ཁྱོད་ལྟོ་ལ་ངན་ཆུ་ཐུག་སུན་ཅིག་ལས་མ་འཐུང་བར་ཤོག་གསུངས་ནས་མགུར་འདི་གསུངས། དམ་ཚིག་རྟེན་སྲུང་གི་གདན་སྟེང་ན། །རྣམ་ཤེས་པད་མོའི་མཆོད་རྟེན་བཞུགས། །ཐབས་ཤེས་རབ་གཉིས་ཀྱི་ལྕུ་གུས་བཅིངས། །སྙན་པའི་བ་དན་རྒྱལ་མཚན་བཙུགས། །ཏིང་འཛིན་གསལ་བའི་ཆག་ཆག་བཏབ། །རིན་ཆེན་སྣ་བདུན་རྒྱན་གྱིས་བརྒྱན། །རང་སྣང་གསལ་བའི་སྒྲོན་མེ་ཕུལ། །མཆོད་རྟེན་རྣམ་དག་ཅིག་དེ་ན་གདའ། །མཐའ་གཉིས་སྤངས་པའི་རང་བཞིན་ལ། །ཡེངས་པ་མེད་པའི་ལྷ་ཕྱག་འཚལ། །

p. 170

རྣམ་པར་མི་རྟོག་མཆོད་པ་འབུལ། །རྒྱུན་ཆད་མེད་པའི་བསྐོར་བ་བྱེད། །སྲིད་གསུམ་འཆིང་བ་ལས་གྲོལ་ཤོག །སྤང་ཐོབ་མེད་པའི་ངང་དུ་བསྔོ། །ཞེས་གསུངས་པས་དགའ་དྲགས་པས་བྱམས་ཡེ་ལ་ཟློ་བདོ་ལ་ཡར་འབོད་པས། དྲུང་དུ་ཕྱིན་ཙ་ན་ཁྱོད་ཟློ་དགོས་པ་ཞིག་བྱུང་བས་ངས་ཀྱང་གསོངས་མ་བྱས། ཨ་པོ་སྱ་སྱ་ཕྱིར་འཆག་པོས་ཟློ་དགོས་པས་ངས་བོས་པ་ཡིན་ཏེ། ད་བཟང་གསུངས་ནས་ཡང་འཆི་བ་རྩད་གཅོད་ཀྱི་མགུར་འདི་གསུངས། རྩ་བ་མ་མཐོང་སྒོམ་པའི་ཉམས། །བློ་བཞག་སྒོམ་གྱིས་དགོས་པ་མེད། །རྐྱེན་སྣང་ནམ་མཁའི་སྤྲིན་དང་འདྲ། །ཉམས་དང་རྟོགས་པར་མ་འབྲེལ་བར། །བདེ་གསལ་ཉམས་ཀྱིས་དགོས་པ་མེད། །གློ་བུར་བར་སྣང་ཁུག་སྣ་འདྲ། །དམ་ཚིག་ནང་ནས་མ་དག་པར། །རྟེན་སྲུང་དམ་ཚིག་གིས་དགོས་པ་མེད། །སྦྲང་མ་རྩི་ལ་འབྱར་བ་འདྲ། །བདེན་རྫུན་ནང་ནས་མ་ཞིག་པར། །སྤང་ཐོབ་འབྲས་བུས་དགོས་པ་མེད། །དཔེར་ན་ཡིད་སྨོན་འཇའ་ཚོན་འདྲ། །ང་དང་པོ་སྐྱེས་པ་ནི་རེ་མ་དགའ། །སྐྱེ་བྱ་ལྷན་ཅིག་སྐྱེས་པ་ལ། །ད་གང་ནས་འོངས་ཞེས་དྲིས་པ་ལ། །ཁྱོད་རྒྱུ་དང་རྐྱེན་ལས་མ་སྐྱེས་ཤིག །རྣམ་ཤེས་རྟོག་མེད་རང་སར་ཞོག །མཁའ་ལྟར་དག་པའི་ཡེ་ཤེས་སྤོར། །སྟོང་ཉིད་མཐའ་བྲལ་གྱི་དཀྱིལ་འཁོར་ན། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ། །གཞན་སྣང་དུ་གཟུགས་སྐུ་རྣམ་གཉིས་འབྱུང་། །ཤེས་རབ་ཉི་མའི་འོད་ཟེར་འཕྲོ། །མ་རིག་མུན་པ་སེལ་བར་ངེས། །ཐབས་མཆོག་ཐུགས་རྗེའི་ཟླ་དཀྱིལ་རྒྱས། །འཁོར་བའི་ཚ་གདུང་ཞི་བར་ངེས། །བདག་མེད་སྟོང་པའི་སེང་སྒྲ་སྒྲོགས། །འཁོར་འདས་ཟིལ་གྱིས་གནོན་པར་ངེས། །འགྲོ་དྲུག་ལ་ཡེ་ཤེས་ཆུ་རྒྱུན་འབབ། །བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་ངེས། །འཆི་བ་རྩད་གཅོད་ཀྱི་གདམས་ངག་ལགས། །སྐལ་ལྡན་རི་པའི་ཐུགས་དམ་མཛོད། །ཅེས་གསུངས། དེ་རྣམས་ཕྱིས་ཐམས་ཅད་

p. 171

ཀྱིས་ཤེས་པས་མགུར་འབུམ་གྱི་ནང་དུ་ཡང་བཅུག་པ་ཡིན། རྨང་ལམ་དང་ཉམས་ལ་ཆོས་གསུང་བ་དང་མགུར་མཛད་པ་དཔག་ཏུ་མེད་ཀྱང་གསང་བ་ཡིན་སྐད།
༈ ཡང་བླ་མ་སེང་གེ་རྒྱལ་མཚན་ལ་གདམས་ངག་ལྷུག་པར་བསྟན་པ་ཞལ་ཏ་ཉི་ཤུ་རྩ་བཞིའི་མགུར་ནི། དད་གུས་རྒྱུན་ཆད་མེད་པ་དེ། །ཐར་ལམ་ཡིན་ནོ་རི་པ་བ། །ཞབས་ཏོག་གསུམ་དང་ལྡན་པ་དེ། །གེགས་སེལ་ཡིན་ནོ་རི་པ་བ། །བླ་མའི་བཀའ་བསྐྱོན་ཐེག་པ་དེ། །བོགས་འདོན་ཡིན་ནོ་རི་པ་བ། །རིག་པ་ཡུལ་ལ་གཏོད་པ་དེ། །ནད་འདོན་ཡིན་ནོ་རི་པ་བ། །ཕྱོགས་མེད་བྱམས་པ་ཆེན་པོ་དེ། །སྲུང་འཁོར་ཡིན་ནོ་རི་པ་བ། །རྐྱེན་ཐུབ་བདག་འཛིན་ཆུང་བ་དེ། །ཟློག་པ་ཡིན་ནོ་རི་པ་བ། །མཐའ་བྲལ་བློ་ལས་འདས་པ་དེ། །ལྟ་བ་ཡིན་ནོ་རི་པ་བ། །འགྱུར་མེད་གདེང་དང་ལྡན་པ་དེ། །རྟོགས་པ་ཡིན་ནོ་རི་པ་བ། །མ་བཅོས་ཞེན་པ་མེད་པ་དེ། །སྒོམ་པ་ཡིན་ནོ་རི་པ་བ། །སྣ་ཚོགས་འཐོན་དམན་འཆར་ནུབ་དེ། །ཉམས་མྱོང་ཡིན་ནོ་རི་པ་བ། །དབྱེར་མེད་འགག་པ་བྲལ་བ་དེ། །སྤྱོད་པ་ཡིན་ནོ་རི་པ་བ། །རྟག་ཆད་གཉིས་འཛིན་ཡལ་བ་དེ། །འབྲས་བུ་ཡིན་ནོ་རི་པ་བ། །དམིགས་མེད་ཐུགས་རྗེ་ཆེན་པོ་དེ། །གཞན་དོན་ཡིན་ནོ་རི་པ་བ། །འཁྲུལ་པའི་རྣམ་རྟོག་སྣ་ཚོགས་དེ། །རང་གྲོལ་ཡིན་ནོ་རི་པ་བ། །རང་གིས་མ་ཁྲེལ་སྲུང་བ་དེ། །དམ་ཚིག་ཡིན་ནོ་རི་པ་བ། །ཁས་བླངས་དོན་དང་མཐུན་པ་དེ། །སྡོམ་པ་ཡིན་ནོ་རི་པ་བ། །ལུས་སྲོག་ཚོགས་སོག་བྱེད་པ་དེ། །སྦྱིན་པ་ཡིན་ནོ་རི་པ་བ། །རྒྱུ་འབྲས་ཕྲ་ལ་འཛེམས་པ་དེ། །ཚུལ་ཁྲིམས་ཡིན་ནོ་རི་པ་བ། །ཁོང་ཁྲོ་འཁོན་འཛིན་མེད་པ་དེ། །བཟོད་པ་ཡིན་ནོ་རི་པ་བ། །གཅིག་པུར་རི་ཁྲོད་བརྟེན་པ་དེ། །བརྩོན་འགྲུས་ཡིན་ནོ་རི་པ་བ། །མ་བསླད་སོར་བཞག་ཡེངས་མེད་དེ། །བསམ་གཏན་ཡིན་ནོ་རི་པ་བ། །དམིགས་མེད་འཛིན་པ་

p. 172

བྲལ་བ་དེ། །ཤེས་རབ་ཡིན་ནོ་རི་པ་བ། །དུག་གསུམ་དྲི་མ་དྭངས་སངས་དེ། །སྐུ་གསུམ་ཡིན་ནོ་རི་པ་བ། །དུག་ལྔ་རྣམ་པར་དག་པ་དེ། །ཡེ་ཤེས་ཡིན་ནོ་རི་པ་བ། །གསུངས།
༈ གསུམ་པ་མདོ་ཁམས་ལ་སོགས་སུ་གསུངས་པ་གདམས་པ་སྣ་ཚོགས་ཀྱི་སྐོར་ནི། བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་དུ་གྱུར་ཅིག །འགྲོ་ཀུན་མུན་སེལ། །གསལ་བ་རང་སྣང་། །ཐུགས་རྗེ་གཞན་ཕན། །རང་གཞན་དོན་གྲུབ། །འགྲན་ཟླ་མེད་པའི། །རྗེ་བཙུན་བླ་མ། །རྣམས་ལ་གུས་བཏུད། །ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་བླ་མ་དང་ཡི་དམ་ཡིན་པས། དད་གུས་མོས་གསུམ་གྱིས་བསྟེན་འཚལ། བྲེ་མོའི་གཏམ་ལ་ཟད་པ་མེད་པས་གླེང་སླང་ཚོད་ཟིན་པར་བགྱི་འཚལ། རང་ལ་སྐྱོན་བསམ་གྱིས་མི་ཁྱབ་པས་གཞན་གྱི་མཚང་དང་ཉེས་སྐྱོན་མི་བསྒྲང་འཚལ། འཇིག་རྟེན་གྱི་ལས་ལ་ཟིན་པ་མེད་པས་བྱ་བྱེད་འཕྲོར་བཞག་འཚལ། ཐ་སྙད་ཀྱི་ཚིག་ལ་མཐར་ཐུག་མེད་པས་རང་བྱུང་གི་དོན་ལ་བརྟག་འཚལ། ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྲུབ་པས་དམན་ས་བཟུང་འཚལ། ཚེ་ལ་ལོང་མེད་པས་སྒྲུབ་པ་ལ་བརྩོན་པར་བགྱི་འཚལ། སྐྱེ་འཆི་གཉིས་ལ་ཐོག་མཐའ་མེད་པས་རྣམ་དག་གི་ངང་དུ་གབ་འཚལ། མ་རིག་པ་ངོས་བཟུང་མེད་པས་རང་བྱུང་གི་ཡེ་ཤེས་སྤར་འཚལ། སྣང་བ་ལ་གཞི་རྩ་མེད་པས་རིག་པ་རང་སར་བཞག་འཚལ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་བྱམས་པ་དང་སྙིང་རྗེ་ཡིན་པས་གཞན་ཕན་ལ་བརྩོན་པར་བགྱི་འཚལ། འབྲས་བུ་ལ་སྤང་ཐོབ་མེད་པས་སེམས་ཉིད་མ་འགག་པར་བཞག་འཚལ་ལོ། །
༈ ཀོ་མཛོ་བྲག་ལ་བཞུགས་དུས་གྲུབ་ཆེན་བརྒྱད་དངོས་སུ་གཟིགས་པ་ལ་བསྟོད་པ་དངོས་གྲུབ་གྱི་གསོལ་འདེབས་ནི། དབང་པོ་གཏུམ་དྲག་ཞེས་བྱ་བར། །རྗེ་བཙུན་ཨིནྟྲ་བྷོ་དྷི་

p. 173

ནི། །ཞེན་ཆགས་མེད་པའི་ངང་ཉིད་ལས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་། །སྤྲོས་བྲལ་སྤྱོད་པས་འགྲོ་དོན་མཛད། །ཨིནྟྲ་བྷོ་དྷི་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །ལུས་ངན་འཇིགས་མེད་ཞེས་བྱ་བར། །རྗེ་བཙུན་ཀུ་ཀུ་རི་པ་ནི། །ཆགས་མེད་སྤྱོད་པས་རོལ་མཛད་ཅིང་། །གསང་སྤྱོད་སྒྲོ་འདོགས་ནང་དུ་གཅོད། །རིག་སྤྱོད་སྒྲོ་འདོགས་ཕྱི་ནས་གཅོད། །ཉེར་སྤྱོད་རོལ་པས་འགྲོ་དོན་མཛད། །ཀུ་ཀུ་རི་པ་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །ཆུ་བདག་ཐོད་པ་ཞེས་བྱ་བར། །རྗེ་བཙུན་པདྨའི་རྡོ་རྗེ་ནི། །བདག་མེད་དོན་དམ་ཐུགས་ཆུད་པས། །ཟག་མེད་བདེ་བ་ཉམས་དགའ་བ། །སྤྲོས་བཅས་སྤྱོད་པས་འགྲོ་དོན་མཛད། །པདྨའི་རྡོ་རྗེ་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །གཤིན་རྗེ་འབར་བའི་ནགས་ཚལ་དུ། །རྗེ་བཙུན་ཀླུ་སྒྲུབ་སྙིང་པོ་ནི། །ཡང་དག་དོན་དམ་ཐུགས་ཆུད་པས། །འོད་གསལ་འགྲོ་འོང་མེད་པ་ཡི། །སྤྲོས་མེད་རོལ་པས་འགྲོ་དོན་མཛད། །ཀླུ་སྒྲུབ་མཆོག་ལ་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །དཔལ་ལྡན་ཧ་ཧ་རྒོད་པ་རུ། །རྗེ་བཙུན་བྲམ་ཟེ་ཆེན་པོ་ནི། །ཡེ་ཤེས་མཁའ་འགྲོས་བྱིན་བརླབས་པས། །ཕྱག་རྒྱ་ཆེན་པོའི་དོན་བརྙེས་པའི། །མདའ་འཛིན་སྤྱོད་པས་འགྲོ་དོན་མཛད། །ས་ར་ཧ་ལ་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །མེ་མཚམས་དཔལ་འདྲེན་ཞེས་བྱ་བར། །རྗེ་བཙུན་ཌོམ་བྷི་ཧེ་རུ་ནི། །སྟག་ཞོན་སྦྲུལ་གྱི་གདེངས་ཀ་ཅན། །བརྟུལ་ཞུགས་སྤྱོད་པས་འགྲོ་དོན་མཛད། །ཌོམ་བྷི་ཧེ་རུ་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །བདེན་བྲལ་མུན་ཅན་ཞེས་བྱ་བར། །རྗེ་བཙུན་རྡོ་རྗེ་དྲིལ་བུ་ནི། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྤྲུལ་པའི་ལུས་ནི་མཁའ་ལ་གཤེགས། །

p. 174

མཁའ་སྤྱོད་རོལ་པས་འགྲོ་དོན་མཛད། །རྡོ་རྗེ་དྲིལ་བུ་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །རླུང་དུ་ཅ་ཅོ་སྒྲོགས་ཞེས་པར། །ནམ་མཁའི་གོས་ཅན་དམ་པ་ནི། །རྗེ་བཙུན་དབང་ཕྱུག་ལཱུ་ཧི་པ། །ཐ་མལ་སྤྱོད་པས་འགྲོ་དོན་མཛད། །ལཱུ་ཧི་པ་ལ་ཕྱག་འཚལ་འདུད། །བྱིན་གྱིས་རློབས་ཤིག་དངོས་གྲུབ་གསོལ། །
༈ སྙིགས་མའི་གདུལ་བྱ་མ་དག་པ་ལ་ཐུགས་ཆད་ནས། གདམས་ངག་བསྟན་ཀྱང་གནད་དུ་མི་འགྲོའམ་སྙམ་པ་ཉུང་བ་སུམ་ཅུའི་མགུར་ནི། སྐུ་གསུམ་དབྱེར་མེད་བླ་མ་ལ། །མོས་གུས་བྱེད་པའི་མི་རེ་ཉུང་། །དྲིན་ཅན་བླ་མའི་ཞལ་ཏ་ལ། །ཉན་པར་བྱེད་པའི་མི་རེ་ཉུང་། །དམ་ཚིག་སྡོམ་པ་རྣམ་གསུམ་ལ། །སྲུང་བར་བྱེད་པའི་མི་རེ་ཉུང་། །གདམས་ངག་ཐུགས་ཀྱི་ཉིང་ཁུ་ལ། །ཉམས་ལེན་བྱེད་པའི་མི་རེ་ཉུང་། །གཏུམ་མོ་ལྷུན་གྱིས་གྲུབ་པ་ལ། །འབད་རྩོལ་བྱེད་པའི་མི་རེ་ཉུང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལ། །རང་དབང་བྱེད་པའི་མི་རེ་ཉུང་། །ལས་འབྲས་ཕྲ་ཞིང་བདེན་པ་ལ། །ནན་ཏན་བྱེད་པའི་མི་རེ་ཉུང་། །ཐམས་ཅད་བོར་ནས་འགྲོ་བ་ལ། །སྒྲུབ་པ་བྱེད་པའི་མི་རེ་ཉུང་། །འགྲོ་དྲུག་སེམས་ཅན་མ་རྒན་ལ། །བརྩེ་སེམས་བྱེད་པའི་མི་རེ་ཉུང་། །འཁོར་བ་སྡུག་བསྔལ་རང་བཞིན་ལ། །ཤེས་པར་བྱེད་པའི་མི་རེ་ཉུང་། །ལྟ་བ་མི་འགྱུར་སྟོང་ཉིད་ལ། །ཕྱོགས་རིས་མེད་པའི་མི་རེ་ཉུང་། །སྒོམ་པ་འགག་མེད་འོད་གསལ་ལ། །དམིགས་པ་མེད་པའི་མི་རེ་ཉུང་། །སྤྱོད་པ་རོ་སྙོམས་མཉམ་ཉིད་ལ། །ཚུལ་འཆོས་མེད་པའི་མི་རེ་ཉུང་། །ཉམས་མྱོང་རྐྱེན་ཤར་སྣ་ཚོགས་ལ། །ཞེན་པ་མེད་པའི་མི་རེ་ཉུང་། །འབྲས་བུ་ལྷུན་གྱིས་གྲུབ་པ་ལ། །རེ་དོགས་མེད་པའི་མི་རེ་ཉུང་། །དོན་དམ་བློ་ལས་འདས་པ་ལ། །ཡིད་བྱེད་མེད་པའི་མི་རེ་ཉུང་། །སྣང་སེམས་གཉིས་མེད་སྤྲོས་བྲལ་ལ། །

p. 175

གཉིས་འཛིན་མེད་པའི་མི་རེ་ཉུང་། །མ་བཅོས་ཐ་མལ་ཤེས་པ་ལ། །ཡེངས་པ་མེད་པའི་མི་རེ་ཉུང་། །ཟག་མེད་བདེ་ཆེན་རོ་གཅིག་ལ། །ཆགས་པ་མེད་པའི་མི་རེ་ཉུང་། །རིག་པ་དངོས་མེད་རྒྱུན་པ་ལ། །བསླད་པ་མེད་པའི་མི་རེ་ཉུང་། །ཐབས་དང་ཤེས་རབ་རྒྱུད་གཉིས་ལ། །ཟུང་དུ་འཇུག་པའི་མི་རེ་ཉུང་། །སྣ་ཚོགས་བྱ་བ་ཟིན་མེད་ལ། །སྐྱོ་བ་སྐྱེ་བའི་མི་རེ་ཉུང་། །ཀུན་རྫོབ་བག་ཆགས་གཟུགས་བརྙན་ལ། །སྒྱུ་མར་ཤེས་པའི་མི་རེ་ཉུང་། །སེམས་ཉིད་སྐྱེ་བ་མེད་པ་ལ། །དེ་ཉིད་རྟོགས་པའི་མི་རེ་ཉུང་། །ངོ་བོ་འགག་པ་མེད་པ་ལ། །མཉམ་རྗེས་བྲལ་བའི་མི་རེ་ཉུང་། །གློ་བུར་རྣམ་རྟོག་སྣ་ཚོགས་འདི། །རང་སར་གྲོལ་བའི་མི་རེ་ཉུང་། །རང་བཞིན་མ་སྐྱེས་རྟོག་མེད་ལ། །ཆོས་སྐུར་ཤར་བའི་མི་རེ་ཉུང་། །སྒྱུ་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །ལོངས་སྐུར་གསལ་བའི་མི་རེ་ཉུང་། །སྟོང་ཉིད་ཐུགས་རྗེ་ཆེན་པོ་འདི། །སྤྲུལ་སྐུར་རྟོགས་པའི་མི་རེ་ཉུང་། །ཡ་ང་བྲལ་བའི་རི་ཁྲོད་དུ། །གཅིག་པུར་སྒོམ་པའི་མི་རེ་ཉུང་། །
༈ རང་སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་སྣང་བ་སྣ་ཚོགས་དུ་མ་རོ་གཅིག་གི་མགུར་ནི། རྐྱེན་སྣང་ནམ་མཁའི་སྤྲིན་དང་འདྲ། །སྣང་བ་ལ་ནི་མི་རྟོག་གོ །སྣང་མེད་གནས་པའི་རྣལ་འབྱོར་པས། །རང་སེམས་ཕྱག་རྒྱ་ཆེན་པོར་མཐོང་། །སྐྱེ་མེད་སྤྲོས་བྲལ་ནམ་མཁའ་འདྲ། །སྟོང་པ་ལ་ནི་མི་རྟོག་གོ །ལྷན་ཅིག་སྐྱེས་པ་འདུ་འབྲལ་མེད། །སྣང་སྟོང་ཟུང་འཇུག་བདེ་བ་ཆེ། །སྒྲིབ་གཉིས་དག་པས་འོད་གསལ་འཆར། །འཁོར་བ་དག་པས་མྱ་ངན་འདས། །རྣམ་རྟོག་དག་པས་ཆོས་ཀྱི་སྐུ། །ཉོན་མོངས་དག་པས་ཡེ་ཤེས་ཡིན། །བདེན་གཉིས་རྟོགས་པས་མཐའ་དང་བྲལ། །ཚོགས་གཉིས་བསགས་པས་དོན་གཉིས་འགྲུབ། །ཐམས་ཅད་གཉིས་མེད་ངོ་བོ་གཅིག །སྣ་ཚོགས་དུ་མ་རོ་གཅིག་ཡིན། །

p. 176

༈ གཉིས་འཛིན་མི་བྱེད་ཅིང་མཐའ་བྲལ་དབུ་མའི་དོན་སྟོན་པར་བྱེད་པ་འཚལ་བ་བརྒྱད་ཀྱི་མགུར་ནི། རྟག་ཆད་གཉིས་ཀྱི་ས་མཚམས་ན། །འགྱུར་མེད་མཐའ་བྲལ་ལྟ་བ་བདོག །དམིགས་བཅས་དབང་དུ་མི་བཏང་ཞིང་། །བློས་བྱས་ཀྱི་ཕྱམ་ལ་མི་སྐྱུར་འཚལ། །བྱིང་རྒོད་གཉིས་ཀྱི་ས་མཚམས་ན། །མ་བཅོས་འགག་མེད་སྒོམ་པ་བདོག །རྣམ་གཡེང་དབང་དུ་མི་བཏང་ཞིང་། །ཆགས་ཞེན་ཕྱམ་ལ་མི་སྐྱུར་འཚལ། །སྤང་བླང་གཉིས་ཀྱི་ས་མཚམས་ན། །མཉམ་ཉིད་རོ་སྙོམས་སྤྱོད་པ་བདོག །ཞེ་འདོད་དབང་དུ་མི་བཏང་ཞིང་། །ཚུལ་འཆོས་ཕྱམ་ལ་མི་སྐྱུར་འཚལ། །གཟུང་འཛིན་གཉིས་ཀྱི་ས་མཚམས་ན། །རྐྱེན་ཤར་སྣ་ཚོགས་ཉམས་མྱོང་བདོག །ཞེན་པའི་དབང་དུ་མི་བཏང་ཞིང་། །བདེན་རྟོག་ཕྱམ་ལ་མི་སྐྱུར་འཚལ། །ཆགས་སྡང་གཉིས་ཀྱི་ས་མཚམས་ན། །དམིགས་མེད་ཐུགས་རྗེ་ཆེན་པོ་བདོག །རང་དོན་དབང་དུ་མི་བཏང་ཞིང་། །ཕྱོགས་རིས་ཕྱམ་ལ་མི་སྐྱུར་འཚལ། །ཡུལ་ཡུལ་ཅན་གཉིས་ཀྱི་ས་མཚམས་ན། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་བདོག །ཐེར་ཟུག་དབང་དུ་མི་བཏང་ཞིང་། །འཚོལ་བྱེད་ཕྱམ་ལ་མི་སྐྱུར་འཚལ། །བསྲུང་བྱ་བྱེད་གཉིས་ཀྱི་ས་མཚམས་ན། །དམ་ཚིག་དྲི་མེད་རྣམ་དག་བདོག །ལེ་ལོའི་དབང་དུ་མི་བཏང་ཞིང་། །ཚོད་ཡོད་ཕྱམ་ལ་མི་སྐྱུར་འཚལ། །རེ་དོགས་གཉིས་ཀྱི་ས་མཚམས་ན། །གཉིས་མེད་ལྷུན་གྲུབ་འབྲས་བུ་བདོག །གཉིས་འཛིན་དབང་དུ་མི་བཏང་ཞིང་། །སྤང་ཐོབ་ཕྱམ་ལ་མི་སྐྱུར་འཚལ། །
༈ བླ་མའི་བྱིན་རླབས་ཞུགས་ཤིང་། གདམས་ངག་ཉམས་སུ་བླངས་པས་འབྲས་བུ་མངོན་དུ་གྱུར་པ་ཟག་མེད་བདེ་ཆེན་ཉི་ཤུའི་མགུར་ནི། ཉེས་པ་གྲོལ་བའི་བཀའ་བརྒྱུད་བདེ། །ཐར་པར་འདྲེན་པས་ཤིན་ཏུ་བདེ། །བསླད་པ་གྲོལ་བའི་གདམས་པ་བདེ། །ཡོན་ཏན་འབྱུང་

p. 177

བས་ཤིན་ཏུ་བདེ། །ལྟེམ་རྐྱང་བྲལ་བའི་མོས་གུས་བདེ། །བྱིན་རླབས་འཇུག་པས་ཤིན་ཏུ་བདེ། །ཉམས་ཆག་གྲོལ་བའི་དམ་ཚིག་བདེ། །དངོས་གྲུབ་འབྱུང་བས་ཤིན་ཏུ་བདེ། །དམིགས་པ་གྲོལ་བའི་སྙིང་རྗེ་བདེ། །མགོན་མེད་སྐྱོབ་པས་ཤིན་ཏུ་བདེ། །ཡིད་བྱེད་གྲོལ་བའི་སྟོང་ཉིད་བདེ། །འདུས་མ་བྱས་པས་ཤིན་ཏུ་བདེ། །ཆགས་ཞེན་གྲོལ་བའི་གྲོགས་པོ་བདེ། །ལྷན་ཅིག་སྐྱེས་པས་ཤིན་ཏུ་བདེ། །རྩོད་པ་གྲོལ་བའི་གངས་ཁྲོད་བདེ། །ལྟོས་ཐག་ཆོད་པས་ཤིན་ཏུ་བདེ། །འགྲོ་བློ་གྲོལ་བའི་ལུས་འདི་བདེ། །དབེན་པར་སྒྲུབ་པས་ཤིན་ཏུ་བདེ། །འགག་པ་གྲོལ་བའི་ངག་འདི་བདེ། །བདེན་པར་སྨྲས་པས་ཤིན་ཏུ་བདེ། །དངོས་འཛིན་གྲོལ་བའི་སེམས་འདི་བདེ། །རིག་པ་དྭངས་པས་ཤིན་ཏུ་བདེ། །སྐྱོན་གསུམ་གྲོལ་བའི་རྟེན་གསུམ་བདེ། །རིགས་གསུམ་དག་པས་ཤིན་ཏུ་བདེ། །མཐའ་ལས་གྲོལ་བའི་དོན་དམ་བདེ། །འགྱུར་བ་མེད་པས་ཤིན་ཏུ་བདེ། །ཉམས་མྱོང་གྲོལ་བའི་འོད་གསལ་བདེ། །ཞེན་པ་མེད་པས་ཤིན་ཏུ་བདེ། །སྤང་ཐོབ་གྲོལ་བའི་རོ་སྙོམས་བདེ། །དབྱེར་མི་ཕྱེད་པས་ཤིན་ཏུ་བདེ། །རེ་དོགས་གྲོལ་བའི་ལྷུན་གྲུབ་བདེ། །དོན་གཉིས་འབྱུང་བས་ཤིན་ཏུ་བདེ། །གཏི་མུག་གྲོལ་བའི་རྟོག་མེད་བདེ། །ཆོས་སྐུར་དག་པས་ཤིན་ཏུ་བདེ། །འདོད་ཆགས་གྲོལ་བའི་ཟག་མེད་བདེ། །ལོངས་སྐུར་འབར་བས་ཤིན་ཏུ་བདེ། །ཞེ་སྡང་གྲོལ་བའི་འོད་གསལ་བདེ། །སྤྲུལ་སྐུར་འཆར་བས་ཤིན་ཏུ་བདེ། །དུག་གསུམ་གྲོལ་བའི་ལམ་གསུམ་བདེ། །སྐུ་གསུམ་འཐོབ་པས་ཤིན་ཏུ་བདེ། །
༈ རང་སེམས་འགྱུར་མེད་འོད་གསལ་བདེ་ཆེན་དུ་སྟོན་བྱེད་སྒྲིབ་གཉིས་མུན་སེལ་འོད་ཟེར་འཕྲོ་བརྒྱད་ཀྱི་མགུར་ནི། འགྱུར་མེད་བདེ་བ་ཆེན་པོ་ལ། །འགག་མེད་ནུས་པའི་རྒྱན་གྱིས་མཛེས། །འཛིན་མེད་རྟོགས་པའི་འོད་ཟེར་འཕྲོ། །གཉིས་མེད་སྐུ་གསུང་ཐུགས་

p. 178

ལྡན་བདེ། །སྐྱེ་མེད་སྟོང་ཉིད་ཆེན་པོ་ལ། །འབྲལ་མེད་རང་གསལ་རྒྱན་གྱིས་མཛེས། །ངེས་མེད་མཉམ་ཉིད་འོད་ཟེར་འཕྲོ། །འབད་མེད་ལྷུན་གྱིས་གྲུབ་པས་བདེ། །སྤྲོས་མེད་རྟོག་བྲལ་ཆེན་པོ་ལ། །ཟག་མེད་བདེ་བའི་རྒྱན་གྱིས་མཛེས། །སྒྲིབ་མེད་གསལ་བའི་འོད་ཟེར་འཕྲོ། །དབྱེར་མེད་སྐུ་གསུམ་ལྡན་པས་བདེ། །ཡེངས་མེད་མོས་གུས་ཆེན་པོ་ལ། །གཡེལ་མེད་གསོལ་འདེབས་རྒྱན་གྱིས་མཛེས། །འཆད་མེད་བྱིན་རླབས་འོད་ཟེར་འཕྲོ། །དཔག་མེད་ཡོན་ཏན་འབྱུང་བས་བདེ། །སེལ་མེད་དམ་ཚིག་ཆེན་པོ་ལ། །བསླད་མེད་གདམས་པའི་རྒྱན་གྱིས་མཛེས། །གཡེང་མེད་སྒྲུབ་པའི་འོད་ཟེར་འཕྲོ། །ཐོགས་མེད་ཕྲིན་ལས་གྲུབ་པས་བདེ། །སྡང་མེད་བྱམས་པ་ཆེན་པོ་ལ། །དམིགས་མེད་ཐུགས་རྗེའི་རྒྱན་གྱིས་མཛེས། །ཚད་མེད་བྱམས་སེམས་འོད་ཟེར་འཕྲོ། །ཕྱོགས་མེད་གཞན་དོན་འབྱུང་བས་བདེ། །ལྡོག་མེད་དད་པ་ཆེན་པོ་ལ། །གསོག་མེད་ཚུལ་ཁྲིམས་རྒྱན་གྱིས་མཛེས། །ཆགས་མེད་གཏོང་བའི་འོད་ཟེར་འཕྲོ། །བརྗེད་མེད་ཐོས་པ་ཆེ་བས་བདེ། །གཡོ་མེད་ངོ་ཚ་ཤེས་ཆེན་ལ། །སྒྱུ་མེད་ཁྲེལ་ཡོད་རྒྱན་གྱིས་མཛེས། །རྨོངས་མེད་ཤེས་རབ་འོད་ཟེར་འཕྲོ། །ཟད་མེད་ནོར་བདུན་ལྡན་པས་བདེ། །
༈ ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་གསལ་བར་སྟོན་ཅིང་། རང་སེམས་ཐ་མལ་ཤེས་པ་ལ་ལྟད་མོ་བྱ་བར་གདམས་པ་སེམས་པ་བཞིའི་མགུར་ནི། ལྟ་བ་ཐག་ཆོད་བློ་རེ་དགའ། །སྤྲོས་བྲལ་རྟོགས་པའི་རང་བཞིན་ལ། །སྲིད་གསུམ་གཞི་རྩ་བྲལ་བར་ཤེས། །སྐྱེ་མཆེད་དག་པའི་ངོ་བོ་གསལ། །འཁོར་འདས་དགག་སྒྲུབ་གཉིས་དང་བྲལ། །ལྟ་བ་དམིགས་སུ་ཕྱིན་ནམ་སེམས། །སྒོམ་པ་ཐག་ཆོད་ཉམས་རེ་དགའ། །རྟོག་མེད་གཞི་བྲལ་ངང་ཤེད་ནས། །བདེ་སྟོང་

p. 179

གཉིས་ཀྱི་ཉམས་མྱོང་ཤར། །གསལ་ཆ་མ་འགག་ཉམས་རེ་དགའ། །འཛིན་པ་མེད་པར་གསལ་ལ་དྭངས། །སྒོམ་པ་གནད་དུ་ཕྱིན་ནམ་སེམས། །སྤྱོད་པ་ཟུང་འཇུག་དྭང་རེ་སྤྲོ། །སྣ་ཚོགས་སྣང་བ་རྐྱེན་སྣང་འདི། །གཞི་རྩ་བྲལ་བས་གྲོགས་སུ་ཤར། །སྤྲོས་པ་ཆོད་པའི་རང་བཞིན་ལ། །སྤང་བླང་མེད་པ་འདི་བདེ་ཡང་བདེ། །སྤྱོད་པ་ཚད་དུ་ཕྱིན་ནམ་སེམས། །འབྲས་བུ་ཐག་ཆོད་དོན་རེ་གྲུབ། །སེམས་ཉིད་གཞི་རྩ་བྲལ་བ་ལ། །སྐུ་གསུམ་རང་ཆས་གདོད་ནས་གནས། །ལྟ་སྒོམ་ཡེ་ཤེས་ཀྱི་གསལ་བཏབ་པས། །རྩོད་མེད་ཀྱི་འབྲས་བུ་རང་སར་བྱུང་། །འབྲས་བུ་དབྱིངས་སུ་ཕྱིན་ནམ་སེམས། །ཆོས་ཉིད་སྐྱེ་བ་མེད་པ་ལ། །རིག་པ་འགག་པ་མེད་པ་ཡི། །ཕྱོགས་རིས་མེད་པའི་ལྟད་མོ་ལྟོས། །མ་རིག་རྐྱེན་གྱིས་དག་པ་ལ། །དག་པ་ཡེ་ཤེས་འདི་བདེ་ཡང་བདེ། །བློ་ལས་འདས་པའི་རང་བཞིན་ལ། །རྣམ་དག་ཏིང་འཛིན་གྱི་ལྟད་མོར་གདའོ། །
༈ རང་སེམས་ཆོས་ཀྱི་སྐུར་མ་རྟོགས་ན་རེ་དོགས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀྱིས་བསླུ་བར་བསྟན་པ་མཛོད་བཞིའི་མགུར་ནི། གོ་ཡུལ་ཙམ་བྱེད་སྟོང་པ་ལ། །བློས་བྱས་ཁ་ཡི་ལྟ་བ་ཅན། །འདི་ཡིན་ཏ་སྙམ་སྟེ་སླུ་དོགས་ཡོད། །གང་ཡང་ཡིད་ལ་མ་བྱེད་མཛོད། །དངོས་འཛིན་སེམས་ཀྱི་རྟོག་པ་ལ། །བདེ་གསལ་ཉམས་ཀྱི་ཞེན་པ་ཅན། །འདི་ཡིན་ཏ་སྙམ་སྟེ་སླུ་དོགས་ཡོད། །གང་ལའང་ཆགས་ཞེན་མ་བྱེད་མཛོད། །ངོ་ལྐོག་གཡོ་སྒྱུའི་མགོ་སྐོར་ལ། །ཚུལ་འཆོས་སླུ་བྲིད་སྤྱོད་པ་ཅན། །འདི་ཡིན་ཏ་སྙམ་སྟེ་སླུ་དོགས་ཡོད། །གང་ཡང་གཉིས་སུ་མ་འཛིན་མཛོད། །ཞེ་འདོད་རྟག་ཆད་སྤོང་ལེན་ལ། །ཐར་རེ་འཁོར་དོགས་འབྲས་བུ་ཅན། །འདི་ཡིན་ཏ་སྙམ་སྟེ་སླུ་དོགས་ཡོད། །གང་ཡང་རེ་དོགས་མ་བྱེད་མཛོད། །

p. 180

༈ བསྐྱེད་རིམ་དང་རྫོགས་རིམ་གྱི་ཡོན་ཏན་མཐུན་ཕྱོགས་ནས་སྒྲུབ་པར་གདམས་པ་བསྟེན་འཚལ་བཅུ་དྲུག་གི་མགུར་ནི། དུས་གསུམ་བླ་མ་དམ་པ་འདི། །དད་གུས་མོས་གསུམ་གྱིས་བསྟེན་ཀྱང་འཚལ། །དག་པ་དཀྱིལ་འཁོར་སྣང་བ་འདི། །ཐུན་བཞི་རྣལ་འབྱོར་གྱིས་བསྟེན་ཀྱང་འཚལ། །དཔའ་བོ་དཔའ་མོ་ཆོས་སྐྱོང་རྣམས། །ཚོགས་དང་གཏོར་མས་བསྟེན་ཀྱང་འཚལ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །འགག་པ་མེད་པས་བསྟེན་ཀྱང་འཚལ། །བདེ་སྟོང་རྣམ་དག་ཏིང་འཛིན་འདི། །ཆགས་ཞེན་མེད་པས་བསྟེན་ཀྱང་འཚལ། །རང་སྣང་མི་རྟོག་གཞི་བྲལ་འདི། །གཟུང་འཛིན་མེད་པས་བསྟེན་ཀྱང་འཚལ། །ཐོག་མཐའ་མེད་པའི་གནས་ལུགས་འདི། །མི་གཡོ་དྲི་མེད་ཀྱིས་བསྟེན་ཀྱང་འཚལ། །གཉིས་སུ་མེད་པའི་ངོ་བོ་འདི། །སྤྲོས་བྲལ་བདེ་བས་བསྟེན་ཀྱང་འཚལ། །མ་བཅོས་ཐ་མལ་ཤེས་པ་འདི། །རྒྱུན་ཆད་མེད་པས་བསྟེན་ཀྱང་འཚལ། །མི་རྟོག་བདེ་ཆེན་རང་བཞིན་འདི། །མ་འགག་གསལ་བས་བསྟེན་ཀྱང་འཚལ། །འགྲོ་དྲུག་སེམས་ཅན་མ་རྒན་འདི། །བྱམས་དང་སྙིང་རྗེས་བསྟེན་ཀྱང་འཚལ། །རང་བཞིན་མེད་པའི་འོད་གསལ་འདི། །དམིགས་པ་མེད་པས་བསྟེན་ཀྱང་འཚལ། །སྐྱེ་འགག་མེད་པའི་ཟུང་འཇུག་འདི། །མཉམ་རྗེས་མེད་པས་བསྟེན་ཀྱང་འཚལ། །སྲིད་གསུམ་གཞི་རྩ་བྲལ་བ་འདི། །མྱ་ངན་འདས་པས་བསྟེན་ཀྱང་འཚལ། །སྤང་ཐོབ་མེད་པའི་ཆོས་སྐུ་འདི། །བློ་ལས་འདས་པས་བསྟེན་ཀྱང་འཚལ། །སྐུ་གསུམ་རང་ཆས་འབྲས་བུ་འདི། །བདེ་གསལ་མི་རྟོག་གིས་བསྟེན་ཀྱང་འཚལ། །
༈ ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་གང་ཟག་གིས་མི་མཐུན་ཕྱོགས་མཐའ་དག་སྤང་བར་གདམས་པ་དགོས་པ་བཅུ་དྲུག་གི་མགུར་ནི། གྲུབ་ཐོབ་བླ་མ་རྗེ་བཙུན་ལ། །མོས་

p. 181

གུས་ལྟེམ་རྐྱང་མི་བྱེད་དགོས། །དག་པ་དཀྱིལ་འཁོར་སྣང་བ་ལ། །ཐེར་ཟུག་འཐས་པར་མི་འཛིན་དགོས། །ཏིང་འཛིན་རང་གསལ་ཞེན་མེད་ལ། །གཏི་མུག་མགོ་གཡོགས་མ་བྱུང་དགོས། །སེམས་ཉིད་སྤྲོས་དང་བྲལ་བ་ལ། །བློས་བྱས་རྟོག་པས་མ་བསླད་དགོས། །རིག་པ་དྲི་མེད་གཅེར་བུ་ལ། །ཆགས་སྡང་ན་བཟའ་མི་གསོལ་དགོས། །གཉུག་མ་མ་བཅོས་གནས་ལུགས་ལ། །ཞེ་འདོད་འཁོར་ལོ་མི་བསྐོར་དགོས། །སྣང་བ་དངོས་མེད་སྟོང་པ་ལ། །བདེན་ཞེན་མདུད་པ་མི་བྱེད་དགོས། །གསལ་ལ་མ་འགག་འཛིན་མེད་ལ། །ང་རྒྱལ་རློམ་པ་མ་བྱུང་དགོས། །དམ་ཚིག་སྡོམ་པ་ཚུལ་ཁྲིམས་ལ། །ཉོན་མོངས་དྲི་མས་མ་གོས་དགོས། །ཀུན་རྫོབ་རྒྱུ་འབྲས་ཕྲ་བ་ལ། ཁ་ལྟས་ཁྱད་དུ་མི་གསོད་དགོས། །དོན་དམ་བློ་ལས་འདས་པ་ལ། །ཡིད་བྱེད་སྤྲོས་པས་མ་བསླད་དགོས། །དམིགས་མེད་ཐུགས་རྗེ་ཆེན་པོ་ལ། །ཕྱོགས་རིས་ཆགས་ཞེན་མི་བྱེད་དགོས། །འབྲལ་མེད་རྡོ་རྗེའི་སྤུན་གྲོགས་ལ། །ཞེ་ནག་ཚིག་ངན་མི་སྨྲ་དགོས། །མ་རྒན་འགྲོ་དྲུག་སེམས་ཅན་ལ། །ཞེ་སྡང་གི་མཚོན་ཆ་མི་བཏོན་དགོས། །གཞན་ནོར་མིག་གི་འབྲས་བུ་ལ། །རྐུ་སླུའི་དགྲ་གོད་མི་གཏོང་དགོས། །སྙིང་དང་འདྲ་བའི་བུ་སློབ་ལ། །གྲོགས་ངན་རླུང་པོས་མ་གཡེང་དགོས། །
༈ ཀུན་རྫོབ་ཀྱི་འཁྲུལ་སྣང་སྟོང་པར་རྟོགས་ན་འཕོ་མེད་ཡོངས་གྲུབ་མངོན་དུ་འགྱུར་བ་བདེ་བཅུའི་མགུར་ནི། མི་འགྱུར་མཐའ་དང་བྲལ་བ་ཡི། །བློ་འདས་དམིགས་པ་མེད་པས་བདེ། །སྐྱེ་འགག་གནས་གསུམ་བྲལ་བ་ཡི། །འོད་གསལ་མཉམ་རྗེས་མེད་པས་བདེ། །ཆགས་སྡང་བླང་དོར་བྲལ་བ་ཡི། །རོ་སྙོམས་ངེས་པ་མེད་པས་བདེ། །ཞེ་འདོད་གོལ་ས་བྲལ་བ་ཡི། །ལྷུན་གྲུབ་རེ་དོགས་མེད་པས་བདེ། །སྣང་ཡང་བཟུང་བ་བྲལ་བ་ཡི། །འཁོར་འདས་

p. 182

གཉིས་སུ་མེད་པས་བདེ། །རྣམ་རྟོག་གཞི་རྩ་བྲལ་བ་ཡི། །རང་གྲོལ་འཛིན་པ་མེད་པས་བདེ། །ཕྱི་ནས་བཅོས་པ་བྲལ་བ་ཡི། །གཉུག་མ་རྒྱུན་ཆད་མེད་པས་བདེ། །སྡིག་བཅུ་ཉོན་མོངས་བྲལ་བ་ཡི། །དགེ་བཅུ་དྲི་མ་མེད་པས་བདེ། །བསླབ་གསུམ་གཡོ་སྒྱུ་བྲལ་བ་ཡི། །སྡོམ་གསུམ་ཚུལ་འཆོས་མེད་པས་བདེ། །བྱང་སེམས་སྐྱེ་འཆི་བྲལ་བ་ཡི། །ཐུགས་རྗེ་ཕྱོགས་རིས་མེད་པས་བདེ། །
༈ འབྲས་བུ་ལམ་དུ་བྱེད་ཅིང་ལམ་དུས་ཉིད་ནས་ཀྱང་འབྲས་བུ་མངོན་དུ་བྱེད་པ་གསལ་སྟོང་ཟུང་འཇུག་འབྲས་བུའི་མགུར་ནི། སྣང་བའི་རང་བཞིན་སྟོང་སྟོང་པོ། །ཤེས་པའི་རང་བཞིན་ཕྱོད་ཕྱོད་པོ། །རྣམ་རྟོག་གི་རང་བཞིན་བན་བུན་པོ། །བན་བུན་རང་སར་ཁྱེར་ཙ་ན། །སྣང་ཙམ་ཉིད་ན་སྟོང་ཡང་སྟོང་། །སྟོང་ཙམ་ཉིད་ན་གསལ་ཡང་གསལ། །གསལ་སྟོང་ཟུང་འཇུག་སྣང་བར་ཤར། །རྣམ་རྟོག་སྤོང་ལེན་མི་བགྱི་འཚལ། །སེམས་ཉིད་གཞི་རྩ་བྲལ་བ་ལ། །དྲན་རྟོག་སྣ་ཚོགས་འཕྲོ་ཞིང་འདུ། །རིག་པ་རང་གསལ་གྱི་བྱ་ར་བྱས། །འགག་པ་མེད་པར་གསལ་ལ་དྭངས། །སྣང་བ་སྣ་ཚོགས་རྐྱེན་གྱིས་དག །དག་པ་ཡེ་ཤེས་ཀྱི་སྣང་བར་གསལ། །བློ་ལས་འདས་པའི་ངང་ཤེད་དུ། །ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ལ། །བདེ་སྟོང་ཟུང་འཇུག་གི་སྣང་བ་ཤར། །སྐུ་གསུམ་དོན་ལྡན་གྱི་སྣང་བར་འདུག །བརྗོད་ལས་འདས་པས་དབྱིངས་སུ་ཕྱིན། །བློ་ལས་འདས་པས་ངོས་བཟུང་བྲལ། །གདོད་ནས་དག་པས་སྐྱེ་འགག་མེད། །བདེ་ཆེན་རང་གྲོལ་སྣང་བར་འདུག །ཐུགས་རྗེ་སྟོང་ཉིད་ངང་ཤེད་ནས། །ཆོས་སྐུ་རྣམ་དག་གི་རང་བཞིན་གསལ། །སྟོང་ཉིད་སྙིང་རྗེའི་ངོ་བོར་འདུག །འབྲས་བུ་གཞི་རྩ་བྲལ་བ་འདི། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་གཏོར། །སྐུ་གསུམ་བདེ་ཆེན་གྱི་འབྲས་བུ་རྙེད། །

p. 183

ཐབས་ཤེས་རབ་གཉིས་ཀྱི་ན་བཟའ་བསྐོན། །རྟོག་མེད་ཡེ་ཤེས་ཀྱི་རླན་གྱིས་བཙས། །སྣང་སྟོང་དབྱེར་མེད་ཀྱི་ངོ་བོར་གསལ། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་བསྐྱལ། །འབྲས་བུ་དབྱིངས་སུ་ཕྱིན་ནམ་སེམས། །
༈ མཐའ་བྲལ་གྱི་ལྟ་སྒོམ་སྤྱོད་འབྲས་ལ་ཕྱོགས་ཞེན་མེད་པར་གདམས་པ་མ་ཐོས་བརྒྱད་ཀྱི་མགུར་ནི། །ལྟ་བ་སྟོང་ཉིད་མཐའ་བྲལ་ལ། །ཕྱོགས་རིས་ཡོད་སྐད་མ་ཐོས་སོ། །སྒོམ་པ་མ་བཅོས་ཡེངས་མེད་ལ། །དམིགས་གཏད་ཡོད་སྐད་མ་ཐོས་སོ། །སྤྱོད་པ་ཤུགས་འབྱུང་ངེས་མེད་ལ། །དགག་སྒྲུབ་ཡོད་སྐད་མ་ཐོས་སོ། །ཉམས་མྱོང་བདེ་གསལ་འཛིན་མེད་ལ། །ཞེན་པ་ཡོད་སྐད་མ་ཐོས་སོ། །འབྲས་བུ་དྲི་མེད་ཆོས་སྐུ་ལ། །རེ་དོགས་ཡོད་སྐད་མ་ཐོས་སོ། །སྤྲོས་བྲལ་བདེ་བ་ཆེན་པོ་ལ། །ཆགས་པ་ཡོད་སྐད་མ་ཐོས་སོ། །སྨོན་ལམ་ཐུགས་རྗེ་ཆེན་པོ་ལ། །ཐོགས་པ་ཡོད་སྐད་མ་ཐོས་སོ། །སྣང་བ་འཁྲུལ་པའི་རྣམ་རྟོག་ལ། །བདེན་འཛིན་ཡོད་སྐད་མ་ཐོས་སོ། །
༈ དཔོན་ཡེ་གསལ་དང་། བླ་མ་སྟག་སྒོམ་ལ་སོགས་མི་ཆེན་རྣམས་ཀྱིས་དགོན་པ་བཟུང་ནས་དུས་རྒྱུན་དུ་བཞུགས་པར་ཞུས་པས། རི་ཁྲོད་ལས་ལྷག་པའི་དགོན་པ་མེད་ཅེས་པ་དེ་ལ་བགྱི་བཞིའི་མགུར་ནི། རང་སྒྱུ་ལུས་རྣམ་དག་ལྷ་སྐུར་གསལ། །ཐེར་ཟུག་ཏུ་འཛིན་པའི་རྟོག་པ་བྲལ། །བསྐྱེད་རིམ་བགྱི་ན་དེ་ལ་བགྱི། །རྐྱེན་སྣང་སེམས་ཀྱི་ངོ་བོར་ཐིམ། །ངོ་བོ་གཉིས་མེད་མཐའ་དང་བྲལ། །རྫོགས་རིམ་བགྱི་ན་དེ་ལ་བགྱི། །ལྷན་ཅིག་སྐྱེས་པའི་སེམས་ཉིད་དེ། །གཉིས་མེད་རང་གསལ་གྱི་སྣང་བར་ཤར། །གྲོགས་པོ་བགྱི་ན་དེ་ལ་བགྱི། །དབྱར་དགུན་གཉིས་སུ་མེད་པ་ཡི། །གངས་རི་བྲག་གི་ཡང་རྫོང་ལ། །དགོན་པ་བགྱི་ན་དེ་ལ་བགྱི། །

p. 184

༈ སྣང་བ་ལམ་དུ་འཁྱེར་བར་གདམས་པ་འཁྲུལ་སྣང་བདེན་མེད་དུ་གཏོང་བ་བཅུའི་མགུར་ནི། སྲིད་གསུམ་བདེ་སྡུག་གི་འཁྲུལ་སྣང་འདི། སྤྲོས་བྲལ་རླུང་ལ་བསྐུར་ལ་ཐོངས། །རྐྱེན་སྣང་གློ་བུར་ཆགས་སྡང་འདི། །བདེ་སྟོང་གི་ཉམས་དང་བསྲེས་ལ་ཐོངས། །སེམས་དྲན་པ་ཡིད་ཀྱི་རྣམ་ཤེས་འདི། །ཡི་དམ་ལྷ་ལ་ཕུལ་ལ་ཐོངས། །སྒྱུ་མ་ལུས་ཀྱི་ཕུང་པོ་འདི། །འགྲོ་བ་དྲུག་ལ་སྦྱིན་པར་ཐོངས། །སྤང་ཐོབ་བློས་བྱས་ཀྱི་ཞེ་འདོད་འདི། །རིག་པ་རང་སར་ཟློག་ལ་ཐོངས། །ང་ཆེ་ང་བཙན་གྱི་ཞེ་སྡང་འདི། །མི་རྟག་པ་དང་བསྲེས་ལ་ཐོངས། །འཕྲིན་ལས་རྣམ་བཞིའི་འཐོབ་བྱ་འདི། །ཐབས་ཤེས་རབ་ཟུང་དུ་འཇུག་པར་ཐོངས། །སྒྲིབ་གཉིས་བག་ཆགས་ཀྱི་མུན་པ་འདི། །འོད་གསལ་ཆེན་པོའི་ངང་དུ་ཐོངས། །འདས་དང་མ་འོངས་ད་ལྟར་གསུམ། །དུས་གསུམ་སྐུ་གསུམ་རང་སར་ཐོངས། །འཁོར་འདས་མཉམ་པ་ཉིད་དུ་གྲོལ། །རེ་དོགས་མེད་པ་འབྲས་བུར་ཐོངས། །
༈ སྤྲོས་པའི་མཐའ་བརྒྱད་དང་བྲལ་ནས་རང་སེམས་གདོད་མའི་སངས་རྒྱས་སུ་བཞུགས་པ་ལ་ལྟ་བར་གདམས་པ་བདོག་པ་བརྒྱད་ཀྱི་མགུར་ནི། འཁོར་འདས་གཉིས་ཀྱི་ས་མཚམས་ན། །གཉིས་མེད་སྤྲོས་བྲལ་ངོ་བོ་བདོག །བསྒོམ་བྱ་སྒོམ་བྱེད་ས་མཚམས་ན། །འགག་མེད་བདེ་སྟོང་ངོ་བོ་བདོག །རྟོགས་དང་ཉམས་མྱོང་ས་མཚམས་ན། །དམིགས་མེད་དོན་དམ་ངོ་བོ་བདོག །ཤེས་དང་ཤེས་བྱའི་ས་མཚམས་ན། །མི་རྟོག་ཡེ་ཤེས་ངོ་བོ་བདོག །ཐབས་དང་ཤེས་རབ་ས་མཚམས་ན། །བདེ་ཆེན་ཟུང་འཇུག་ངོ་བོ་བདོག །བསྐྱེད་རྫོགས་གཉིས་ཀྱི་ས་མཚམས་ན། །དག་སྣང་དབྱེར་མེད་ངོ་བོ་བདོག །བྱམས་དང་སྙིང་རྗེའི་ས་མཚམས་ན། །གཞན་སྣང་གཟུགས་སྐུའི་ངོ་བོ་བདོག །སྐྱེ་ཤི་གཉིས་ཀྱི་ས་མཚམས་ན། །རང་

p. 185

སྣང་ཆོས་སྐུའི་ངོ་བོ་བདོག །དོན་ཤེས་རྣམས་ཀྱིས་སྒྲོ་འདོགས་ཆོད། །སྒོམ་ཤེས་རྣམས་ཀྱིས་རང་སར་ཞོག །ཟློས་བྱས་ཁ་ཏ་མ་བྱེད་པར། །མ་བཅོས་དྲི་མེད་སེམས་ལ་ལྟོས། །
༈ སྐལ་དམན་གྱི་སྐྱེ་བོ་ལ་གསང་སྔགས་ཀྱི་མན་ངག་ཟབ་མོ་བསྟན་ཀྱང་ཉམས་ལེན་མི་ནུས་པར་འདུག་པ་དུས་བྱུང་བཅུ་གཉིས་ཀྱི་མགུར་ནི། མོས་གུས་དངོས་གྲུབ་ལམ་ཆེན་དེ། །ལོག་རྟོག་ལ་བརྟེན་པའི་དུས་ཤིག་བྱུང་། །སྙན་བརྒྱུད་ཐུགས་ཀྱི་གདམས་པ་དེ། །ཚིག་ཚོགས་ལ་བརྟེན་པའི་དུས་ཤིག་བྱུང་། །ཐེག་ཆེན་རྒྱུད་སྡེའི་དགོངས་པ་དེ། །ཐེག་དམན་ལ་བརྟེན་པའི་དུས་ཤིག་བྱུང་། །གསང་སྔགས་ནང་གི་དམ་ཚིག་དེ། །ཉན་ཐོས་ལ་བརྟེན་པའི་དུས་ཤིག་བྱུང་། །བླ་མའི་བཀའ་སྒྲུབ་ཡོན་ཏན་དེ། །གླུ་གཡེང་ལ་བརྟེན་པའི་དུས་ཤིག་བྱུང་། །མཐའ་བྲལ་ལྟ་བ་འགྱུར་མེད་དེ། །གོ་ཡུལ་ལ་བརྟེན་པའི་དུས་ཤིག་བྱུང་། །ཞེན་བྲལ་སྒོམ་པ་འོད་གསལ་དེ། །བློས་བྱས་ལ་བརྟེན་པའི་དུས་ཤིག་བྱུང་། །ཆགས་བྲལ་ཉམས་མྱོང་བདེ་སྟོང་དེ། །གཟུང་འཛིན་ལ་བརྟེན་པའི་དུས་ཤིག་བྱུང་། །ངེས་བྲལ་རོ་སྙོམས་སྤྱོད་པ་དེ། །ཚུལ་འཆོས་ལ་བརྟེན་པའི་དུས་ཤིག་བྱུང་། །ལྷུན་གྲུབ་འབྲས་བུ་ཆོས་སྐུ་དེ། །རེ་དོགས་ལ་བརྟེན་པའི་དུས་ཤིག་བྱུང་། །ཡིད་བཞིན་ནོར་བུ་རིན་ཆེན་དེ། །འཆིང་བུ་ལ་བརྟེན་པའི་དུས་ཤིག་བྱུང་། །དམིགས་མེད་ཐུགས་རྗེ་ཆེན་པོ་དེ། །ཕྱོགས་རིས་ལ་བརྟེན་པའི་དུས་ཤིག་བྱུང་། །
༈ ཐ་མལ་གྱི་ཤེས་པ་མ་བཅོས་པ་གདོད་མའི་སངས་རྒྱས་ཡིན་ཀྱང་གཟུང་འཛིན་གྱི་དབང་དུ་སོང་ནས་མ་རྟོགས་པ་འཁང་བརྒྱད་ཀྱི་མགུར་ནི། ད་གཅིག་ཏུ་བླ་མ་རྗེ་ལ་འཁང་། །འཁོར་འདས་གཉིས་མེད་དེ་མི་སྟོན་པར། །ཐ་སྙད་གཟུང་འཛིན་གྱི་གོས་གཡོགས་ནས། །རེ་དོགས་ཀྱི་ཕྱམ་ལ་སྐྱུར་ཏེ་འཁང་། །ད་གཉིས་སུ་ཡི་དམ་ལྷ་ལ་འཁང་། །སེམས་གདོད་ནས་

p. 186

དག་པའི་མེ་ལོང་ལ། ཡུལ་སྣང་བ་ལྷ་སྐུར་མི་འཆར་བར། །བླང་དོར་གྱི་ཕྱམ་ལ་སྐྱུར་ཏེ་འཁང་། །ད་གསུམ་དུ་རྡོ་རྗེའི་སྤུན་ལ་འཁང་། །རྟེན་སྲུང་གི་དམ་ཚིག་མི་སྲུང་བར། །ཆགས་ཞེན་འདོད་པའི་སྙིས་བཟུང་ནས། །དམ་ཆོས་ཀུན་ཕྱམ་ལ་སྐྱུར་ཏེ་འཁང་། །ད་བཞི་རུ་རང་གི་སེམས་ལ་འཁང་། །དེ་མ་བཅོས་རང་སར་མི་གནས་པར། །དྲན་རྟོག་སྣ་ཚོགས་ཀྱི་རྗེས་ཞུགས་ནས། །རྣམ་གཡེང་གི་ཕྱམ་ལ་སྐྱུར་ཏེ་འཁང་། །ད་ལྔ་རུ་ལྟ་བའི་དབྱིངས་ལ་འཁང་། །གཅོད་མི་འགྱུར་རྟོགས་པ་མ་ཤར་བར། །ཡིད་དཔྱོད་གོ་ཡུལ་གྱི་གཞུང་བརྟེན་ནས། །མཐའ་གཉིས་ཀྱི་ཕྱམ་ལ་སྐྱུར་ཏེ་འཁང་། །ད་དྲུག་ཏུ་སྒོམ་པའི་དོན་ལ་འཁང་། །སེམས་སྐྱེ་འགག་མེད་པ་མི་རྟོགས་པར། །གཉིས་འཛིན་ཆགས་པའི་རྒྱར་བཏུམས་ནས། །འདོད་ཞེན་གྱི་ཕྱམ་ལ་སྐྱུར་ཏེ་འཁང་། །ད་བདུན་དུ་སྤྱོད་པའི་ཐབས་ལ་འཁང་། །སྤོང་ལེན་གཉིས་མེད་དུ་མི་གོ་བར། །གཞི་བཟང་ངན་གཉིས་ཀྱི་ཡུལ་བཟུང་ནས། །ཆགས་སྡང་གི་ཕྱམ་ལ་སྐྱུར་ཏེ་འཁང་། །ད་བརྒྱད་དུ་འབྲས་བུའི་གདེང་ལ་འཁང་། །ལྷུན་གྲུབ་ཀྱི་རང་ས་མི་འཛིན་པར། །རེ་དོགས་གཉིས་ཀྱི་སྒྲོག་བཅུག་ནས། །རྟག་ཆད་ཀྱི་ཕྱམ་ལ་སྐྱུར་ཏེ་འཁང་། །
༈ སྣང་སྲིད་ཕྱག་རྒྱ་ཆེན་པོར་རྟོགས་པས་གཉིས་འཛིན་བྲལ་བར་བསྟན་པ་རྐྱེན་བྲལ་བཅུ་གཉིས་ཀྱི་མགུར་ནི། རྗེ་ཡི་དྲིན་ཐོབ་སྒྲུབ་པ་དེ། །སྐྱེ་འགག་གཉིས་ཀྱི་རྐྱེན་དང་བྲལ། །སེམས་ཉིད་རྣམ་པར་དག་པ་དེ། །གཟུང་འཛིན་གཉིས་ཀྱི་རྐྱེན་དང་བྲལ། །རང་སེམས་བླ་མར་ཤར་བ་དེ། །བདེ་སྡུག་གཉིས་ཀྱི་རྐྱེན་དང་བྲལ། །སྣང་བ་གྲོགས་སུ་ཤར་བ་དེ། །ཆགས་སྡང་གཉིས་ཀྱི་རྐྱེན་དང་བྲལ། །སོར་བཞག་རིག་པ་དྲི་མེད་དེ། །བྱིང་རྒོད་གཉིས་ཀྱི་རྐྱེན་དང་བྲལ། །ངོ་བོ་དམིགས་མེད་འོད་གསལ་དེ། །འཆར་ནུབ་གཉིས་ཀྱི་རྐྱེན་དང་བྲལ། །མི་རྟོག་

p. 187

བདེ་སྟོང་རང་བཞིན་དེ། །ཆགས་ཞེན་གཉིས་ཀྱི་རྐྱེན་དང་བྲལ། །རྣམ་རྟོག་གཞི་རྩ་ཆོད་པ་དེ། །མཐོན་དམན་གཉིས་ཀྱི་རྐྱེན་དང་བྲལ། །མཐའ་བྲལ་སྟོང་པའི་ལྟ་བ་དེ། །འཕོ་འགྱུར་གཉིས་ཀྱི་རྐྱེན་དང་བྲལ། །དེ་ཉིད་གནས་ལུགས་སྒོམ་པ་དེ། །འདུ་འབྲལ་གཉིས་ཀྱི་རྐྱེན་དང་བྲལ། །དེ་ལ་ཡེངས་མེད་སྤྱོད་པ་དེ། །སྤང་བླང་གཉིས་ཀྱི་རྐྱེན་དང་བྲལ། །དེ་གསུམ་དབྱེར་མེད་ལྷུན་གྲུབ་དེ། །རེ་དོགས་གཉིས་ཀྱི་རྐྱེན་དང་བྲལ། །
༈ བླ་མ་དང་གདམས་པ་གྲོགས་ལ་དམ་ཚིག་སྲུང་ཞིང་ལྟ་སྒོམ་སྤྱོད་འབྲས་ཀྱི་མི་མཐུན་པའི་ཕྱོགས་སྤང་བར་གདམས་པ་ཞལ་ཏ་བཅུ་གཉིས་ཀྱི་མགུར་ནི། བླ་མའི་ཞལ་གྱི་གདམས་པ་འདི། །ཅི་གསུང་ཁྱད་དུ་མ་བསད་དམ། །གདམས་པ་ཟབ་མོའི་བདུད་རྩི་འདི། །ལེ་ལོའི་ཐན་པས་མ་བསྐམས་སམ། །ལྷག་བསམ་བྱང་སེམས་ལྗོན་ཤིང་འདི། །ཞེ་སྡང་གི་སྟ་རེས་མ་བཅད་དམ། །ལོ་འབྲས་རྡོ་རྗེའི་སྤུན་གྲོགས་འདི། །ཚིག་ངན་གྱི་སེར་བས་མ་བཏགས་སམ། །ལྟ་བ་འགྱུར་མེད་སྟོང་པ་འདི། །རྟག་ཆད་ཀྱི་མཐའ་ལ་མ་སྐྱུར་རམ། །སྒོམ་པ་རིག་པ་དྲི་མེད་འདི། །གཟུང་འཛིན་སྒྲོག་ཏུ་མ་བཅུག་གམ། །སྤྱོད་པ་ངེས་མེད་བདེ་ཆེན་འདི། །ཚུལ་འཆོས་ཀྱི་འདམ་ལ་མ་ཟུག་གམ། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་འདི། །རེ་དོགས་ཀྱི་འཕྲང་ལ་མ་སྦྱངས་སམ། །སྣང་བ་སྣ་ཚོགས་འཇའ་ཚོན་འདི། །བདེན་ཞེན་ལྕགས་ཀྱུས་མ་བཟུང་ངམ། །བྱ་བྱེད་རི་དྭགས་རྒྱུ་བ་འདི། །ཚེ་འདིའི་སྙི་ལ་མ་ཟིན་ནམ། །ཕུང་པོ་སངས་རྒྱས་རང་བཞིན་འདི། །ཉོན་མོངས་ནད་ཀྱིས་མ་གདུངས་སམ། །ཐོག་ཏུ་བབ་པའི་དཀའ་སླ་འདི། །མགོ་སྐོར་གྱི་ཁག་ལ་མ་འཐོགས་སམ། །
༈ ཕར་ཕྱིན་དྲུག་སོགས་ཉམས་ལེན་མཐའ་དག་བསྡུས་ནས་བསྟན་པ་དོན་ཆེན་བཅུ་

p. 188

དྲུག་གི་མགུར་ནི། འགྱུར་མེད་ཡེ་ཤེས་ལྟ་བའི་དོན། །དབྱེར་མེད་གནས་ལུགས་རྟོགས་པའི་དོན། །འཛིན་མེད་འོད་གསལ་སྒོམ་པའི་དོན། །འཆད་མེད་རང་རིག་ཉམས་མྱོང་དོན། །འགག་མེད་མཉམ་ཉིད་སྤྱོད་པའི་དོན། །གཉིས་མེད་ལྷུན་གྲུབ་འབྲས་བུའི་དོན། །སྣང་མེད་འོད་གསལ་ཡང་དག་དོན། །དམིགས་མེད་ཐུགས་རྗེ་འགྲོ་བའི་དོན། །སྐྱེ་མེད་གུས་པ་དད་པའི་དོན། །དྲི་མེད་རྣམ་དག་དམ་ཚིག་དོན། །ཕྱོགས་མེད་གཏོང་བ་སྦྱིན་པའི་དོན། །འབྲལ་མེད་སྲུང་བ་ཚུལ་ཁྲིམས་དོན། །ཁྲོ་མེད་བརྩེ་བ་བཟོད་པའི་དོན། །ཡེངས་མེད་སྒྲུབ་པ་བརྩོན་འགྲུས་དོན། །གཡེང་མེད་རྩེ་གཅིག་བསམ་གཏན་དོན། །དམིགས་མེད་སྟོང་ཉིད་ཤེས་རབ་དོན། །
༈ རྩ་བའི་བླ་མ་རྡོ་རྗེ་འཆང་དུ་རྟོགས་པས་འགྱུར་མེད་ཡོངས་གྲུབ་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་དབུལ་པོའི་ཁང་འོག་གི་གཏེར་རྙེད་པ་དང་མཚུངས་པ་ངོ་མཚར་ཆེ་དྲུག་གི་མགུར་ནི། བླ་མ་རྗེ་བཙུན་རིན་པོ་ཆེ། །ལོངས་སྐུ་རྡོ་རྗེ་འཆང་ཆེན་འདྲ། །གཞན་དོན་འཕྲིན་ལས་བསམ་མི་ཁྱབ། །འགྲོ་བ་འདྲེན་པ་ངོ་མཚར་ཆེ། །འགྱུར་མེད་ལྟ་བ་རིན་པོ་ཆེ། །མཐའ་དང་བྲལ་བ་ནམ་མཁའ་འདྲ། །སྟོང་ཉིད་ཡེ་ཤེས་བསམ་མི་ཁྱབ། །བློ་ལས་འདས་པ་ངོ་མཚར་ཆེ། །འགག་མེད་སྒོམ་པ་རིན་པོ་ཆེ། །སྤྲིན་དང་བྲལ་བའི་ཉི་མ་འདྲ། །བདེ་གསལ་མི་རྟོག་བསམ་མི་ཁྱབ། །ཆགས་ཞེན་མེད་པ་ངོ་མཚར་ཆེ། །ཡེངས་མེད་སྤྱོད་པ་རིན་པོ་ཆེ། །རྒྱུན་ཆད་མེད་པའི་ཆུ་ཀླུང་འདྲ། །མཉམ་ཉིད་རོ་སྙོམས་བསམ་མི་ཁྱབ། །སྤང་བླང་མེད་པ་ངོ་མཚར་ཆེ། །དབྱེར་མེད་འབྲས་བུ་རིན་པོ་ཆེ། །དབུལ་པོ་གཏེར་ཆེན་རྙེད་པ་འདྲ། །དམིགས་མེད་ཐུགས་རྗེ་བསམ་མི་ཁྱབ། །ལྷུན་གྱིས་གྲུབ་པ་ངོ་མཚར་ཆེ། །སྣང་སེམས་ཟུང་འཇུག་

p. 189

རིན་པོ་ཆེ། །གསལ་ཡང་འཛིན་མེད་འཇའ་ཚོན་འདྲ། །གྲོགས་སུ་ཤར་བ་བསམ་མི་ཁྱབ། །གཉིས་སུ་མེད་པ་ངོ་མཚར་ཆེ། །
༈ དབུས་ཁམས་ཀྱི་སློབ་མ་རྣམས་ཀྱིས་ཚེ་འདི་ཕྱི་ལ་ཕན་པའི་ཞལ་ཏ་ཞིག་ཞུ་ཞུས་པས། དེང་སང་ཆོས་འཆད་གདམས་ངག་སྟོན་པ་འདི་ལས་ལྷག་པའི་ཁ་ཏ་མེད་ཅེས་ལོགས་ན་མེད་སུམ་ཅུ་རྩ་གསུམ་གྱི་མགུར་ནི། (བླ་མ་དམ་པའི་ཕ་རོལ་ན། །) སངས་རྒྱས་བྱ་བ་ལོགས་ན་མེད། །བདུད་བཞི་བཅོམ་པའི་ཕ་རོལ་ན། །སྟོབས་ཆེན་བྱ་བ་ལོགས་ན་མེད། །འཁོར་བ་དག་པའི་ཕ་རོལ་ན། །མྱ་ངན་འདས་པ་ལོགས་ན་མེད། །གཞན་སེམས་སྲུང་བའི་ཕ་རོལ་ན། །བྱམས་པ་བྱ་བ་ལོགས་ན་མེད། །བདག་གཞན་བརྗེ་ནུས་ཕ་རོལ་ན། །སྙིང་རྗེ་བྱ་བ་ལོགས་ན་མེད། །དུག་ལྔ་རྣམ་དག་ཕ་རོལ་ན། །ཡེ་ཤེས་བྱ་བ་ལོགས་ན་མེད། །དུག་གསུམ་གནས་འགྱུར་ཕ་རོལ་ན། །སྐུ་གསུམ་བྱ་བ་ལོགས་ན་མེད། །ཆོས་བཅུ་འབྲལ་མེད་ཕ་རོལ་ན། །དགེ་བཤེས་བྱ་བ་ལོགས་ན་མེད། །ལུང་རྟོགས་དོན་ལྡན་ཕ་རོལ་ན། །སྟོན་པ་བྱ་བ་ལོགས་ན་མེད། །རྟོགས་པ་མངོན་གྱུར་ཕ་རོལ་ན། །སྒོམ་ཆེན་བྱ་བ་ལོགས་ན་མེད། །དགེ་འདུན་སྐྱོང་བའི་ཕ་རོལ་ན། །གནས་བརྟན་བྱ་བ་ལོགས་ན་མེད། །འདོད་པ་སྤངས་པའི་ཕ་རོལ་ན། །དགེ་སློང་བྱ་བ་ལོགས་ན་མེད། །དམ་ཚིག་གཙང་བའི་ཕ་རོལ་ན། །སྔགས་པ་བྱ་བ་ལོགས་ན་མེད། །འཁྲུལ་པ་ཞིག་པའི་ཕ་རོལ་ན། །རྣལ་འབྱོར་བྱ་བ་ལོགས་ན་མེད། །ཞེན་པ་ལོག་པའི་ཕ་རོལ་ན། །ཆགས་བྲལ་བྱ་བ་ལོགས་ན་མེད། །རང་སེམས་འདུལ་བའི་ཕ་རོལ་ན། །མཁས་པ་བྱ་བ་ལོགས་ན་མེད། །ཉོན་མོངས་འཇོམས་པའི་ཕ་རོལ་ན། །དཔའ་བོ་བྱ་བ་ལོགས་ན་མེད། །ངོ་བོ་ངོ་སྤྲོད་ཕ་རོལ་ན། །ལམ་མཁན་བྱ་བ་ལོགས་ན་མེད། །ཐེ་ཙོམ་གཅོད་

p. 190

པའི་ཕ་རོལ་ན། །དྲིན་ཅན་བྱ་བ་ལོགས་ན་མེད། །སྲིད་མཚོ་སྒྲོལ་བའི་ཕ་རོལ་ན། །དེད་དཔོན་བྱ་བ་ལོགས་ན་མེད། །བློ་གཏད་ཐུབ་པའི་ཕ་རོལ་ན། །སྣ་ཅན་བྱ་བ་ལོགས་ན་མེད། །དམ་ཆོས་སྤྱོད་པའི་ཕ་རོལ་ན། །ཤེས་ཅན་བྱ་བ་ལོགས་ན་མེད། །མོས་གུས་ཆེ་བའི་ཕ་རོལ་ན། །དངོས་གྲུབ་བྱ་བ་ལོགས་ན་མེད། །ཡིད་ཆེས་བརྟན་པའི་ཕ་རོལ་ན། །བྱིན་བརླབས་བྱ་བ་ལོགས་ན་མེད། །བརྩོགས་ཀྱང་བསྲན་ཚུགས་ཕ་རོལ་ན། །བཟོད་པ་བྱ་བ་ལོགས་ན་མེད། །སྡིག་བཅུ་སྤངས་པའི་ཕ་རོལ་ན། །དགེ་བཅུ་བྱ་བ་ལོགས་ན་མེད། །དགོས་འདོད་འབྱུང་བའི་ཕ་རོལ་ན། །རིན་ཆེན་བྱ་བ་ལོགས་ན་མེད། །ཐོག་མཐའ་བྲལ་བའི་ཕ་རོལ་ན། །བསྒྲོད་བྱ་ས་ལམ་ལོགས་ན་མེད། །འགྱུར་མེད་བློ་འདས་ཕ་རོལ་ན། །ལྟ་བ་བྱ་བ་ལོགས་ན་མེད། །ཞེན་མེད་འོད་གསལ་ཕ་རོལ་ན། །སྒོམ་པ་བྱ་བ་ལོགས་ན་མེད། །ངེས་མེད་རང་གྲོལ་ཕ་རོལ་ན། །སྤྱོད་པ་བྱ་བ་ལོགས་ན་མེད། །རེ་དོགས་མེད་པའི་ཕ་རོལ་ན། །འབྲས་བུ་བྱ་བ་ལོགས་ན་མེད། །སྙིང་གིས་སྒྲུབ་པ་བྱས་པ་ན། །རྐྱེན་ངན་གྱི་བར་ཆད་གྲོགས་སུ་འགྱུར། །སྒྲིབ་གཉིས་ཀྱི་དྲི་མ་གཏན་ནས་འདག །རྣམ་རྟོག་གི་མདུད་པ་རང་སར་གྲོལ། །རྟག་ཆད་ཀྱི་རྩིག་པ་རྨིང་ནས་འགྱེལ། །སྣང་སེམས་གཉིས་མེད་ཁྲུག་གིས་འདྲེས། །ཐམས་ཅད་ཆོས་སྐུར་ལྷན་གྱིས་རྟོགས། །ངས་ཁ་ཏ་བྱ་རྒྱུ་ལོགས་ན་མེད། །
༈ གསང་སྔགས་ཟབ་མོའི་ཉམས་ལེན་ལ་བརྩོན་པས་ཀུན་རྫོབ་འཁྲུལ་པ་ཐམས་ཅད་དོན་དམ་གཞན་སྟོང་དུ་གྲོལ་བར་གདམས་པ་དབྱིངས་སུ་ཞིག་བཅུའི་མགུར་ནི། ཡུལ་དུ་རྟོགས་པའི་སྣང་བ་ཀུན། །ཟུང་འཇུག་སྟོང་ཉིད་དབྱིངས་སུ་ཞིག །བག་ཆགས་འཁྲུལ་པའི་རྣམ་རྟོག་ཀུན། །རང་གྲོལ་གནས་ལུགས་དབྱིངས་སུ་ཞིག །ཆོས་བརྒྱད་ཕྲག་དོག་བྱས་པ་

p. 191

ཀུན། །སྤྲོས་བྲལ་བྱར་མེད་དབྱིངས་སུ་ཞིག །ཁྱད་གསོད་ང་རྒྱལ་འཁྲུག་པ་ཀུན། །དམིགས་མེད་བྱང་སེམས་དབྱིངས་སུ་ཞིག །ཡིད་ལ་བྱེད་པའི་ཉམས་མྱོང་ཀུན། །འཛིན་མེད་འོད་གསལ་དབྱིངས་སུ་ཞིག །རྐྱེན་སྐྱེས་ཀུན་རྫོབ་གཟུང་འཛིན་ཀུན། །བློ་འདས་དོན་དམ་དབྱིངས་སུ་ཞིག །ཐུན་དུ་གཅོད་པའི་དགེ་སྦྱོར་ཀུན། །མཉམ་རྗེས་མེད་པའི་དབྱིངས་སུ་ཞིག །སྤང་བླང་ཕྱོགས་རིས་ཆགས་ཞེན་ཀུན། །དབྱེར་མེད་མཉམ་ཉིད་དབྱིངས་སུ་ཞིག །རེ་དོགས་རྟག་ཆད་ཙམ་སྙམ་ཀུན། །ཞེ་འདོད་མེད་པའི་དབྱིངས་སུ་ཞིག །སྣང་སྲིད་སྣོད་བཅུད་འཁོར་འདས་ཀུན། །སྐྱེ་འགག་མེད་པའི་དབྱིངས་སུ་ཞིག །
༈ བླ་མའི་མན་ངག་གནད་གསུམ་གྱིས་རླུང་རྡོ་རྗེའི་བཟླས་པས་ནང་དུ་ཁམས་བརྟན་ཅིང་། ཕྱི་རོལ་དུ་སྲོག་གཟུགས་གྲུབ་པས་སྣང་བ་ཆོས་སྐུར་ཤར་ཞིང་། འགྲོ་དོན་ཕྱོགས་མེད་སྒྲུབ་པར་གདམས་པ་ལུས་ངག་སེམས་གསུམ་བདེ་ཆེན་གྱི་མགུར་ནི། རྒྱན་སྐུ་གསུམ་བླ་མ་རྗེ་ཞིག་བཀུར། །ཡུལ་ཁམས་གསུམ་རྣམ་དག་ལྷ་ཞིག་སྒོམ། །ཐབས་གནད་གསུམ་བརྩོན་འགྲུས་རྟ་ཞིག་རྒྱུག །གནས་རྩ་གསུམ་འཁོར་ལོ་ཚོགས་ཤིག་བསྐོར། །དུས་རླུང་གསུམ་རྡོ་རྗེ་སྔགས་ཤིག་བསྒྲང་། །རྒྱུད་བཅུད་གསུམ་བྱང་ཆུབ་སེམས་ཤིག་བརྟན། །ལུས་ཞེན་མེད་བདེ་ཆེན་གར་ཅིག་བྱེད། །ངག་འགག་མེད་སྟོང་ཉིད་དབྱངས་ཤིག་ལེན། །སེམས་སྐྱེ་མེད་འོད་གསལ་མདངས་ཤིག་འདོན། །ཕྱི་སྣང་སེམས་གཉིས་མེད་བྲོ་ཞིག་བརྡུང་། །བར་དྲི་མེད་ཚོགས་དྲུག་ཤོན་ཅིག་འཁྲབ། །ནང་འབྲལ་མེད་ལྷན་སྐྱེས་གྲོགས་ཤིག་བསྟེན། །ལམ་བསྐྱེད་རྫོགས་གཉིས་ཀྱི་སྐས་ཤིག་འཛེག །དཔལ་དཔའ་བོ་དཔའ་མོ་ཚོགས་ཤིག་མཉེས། །ཐུགས་བརྩེ་ཆེན་བཟོད་པའི་གོས་ཤིག་གོན། །ཟས་སྤང་བླང་མེད་པའི་སྨན་ཞིག་ཟ། །སྐོམ་ཟག་མེད་

p. 192

བདུད་རྩིའི་ཆབ་ཅིག་འཐུང་། །དྲོད་མཚན་ཉིད་བཞི་ལྡན་མེ་ཞིག་སྤར། །དབྱིངས་སྐྱེ་འཆི་མེད་པའི་རྫོང་ཞིག་འཛིན། །ལས་ཕྱོགས་མེད་འགྲོ་བའི་དོན་ཞིག་འགྲུབ། །
༈ འཁོར་འདས་མཉམ་ཉིད་བདེ་ཆེན་གཅིག་ཏུ་མ་རྟོགས་ཤིང་། རང་གི་དོན་དམ་གྱི་སེམས་གཤིས་ལུགས་ཀྱི་སངས་རྒྱས་ཡིན་པར་མ་རྟོགས་ན་ཐོས་བསམ་སྒོམ་གསུམ་གྱིས་སྐུ་གསུམ་དབྱེར་མེད་དུ་མི་རྟོགས་པ་དོགས་ཡོད་བཅུའི་མགུར་ནི། རྟག་ཏུ་རི་ཁྲོད་དགོན་བརྟེན་ཀྱང་། །མཉམ་ཉིད་བདེ་ཆེན་མ་རྟོགས་ན། །བདག་བསྟོད་གཞན་ལ་སྨོད་དོགས་ཡོད། །དེ་བས་དམིགས་མེད་རང་སར་ཀློད། །ངེས་མེད་སྣང་བ་སྣ་ཚོགས་ཀྱང་། །ཟུང་འཇུག་ཆོས་སྐུར་མ་ཤར་ན། །དངོས་འཛིན་ཞགས་པས་བཟུང་དོགས་ཡོད། །དེ་བས་འཛིན་མེད་སེམས་ལ་ལྟོས། །གློ་བུར་རྣམ་རྟོག་སྣ་ཚོགས་ཀྱང་། །རང་གྲོལ་ཡིན་པར་མ་ཤེས་ན། །དགག་སྒྲུབ་རྒྱ་ལ་འཁོར་དོགས་ཡོད། །དེ་བས་རང་བྱུང་རང་སར་ཞོག །ཡིད་བཞིན་ནོར་བུ་རང་སེམས་ཀྱང་། །དགོས་འདོད་འབྱུང་བར་མ་ཤེས་ན། །སངས་རྒྱས་ལོགས་ནས་ཚོལ་དོགས་ཡོད། །དེ་བས་འགག་མེད་ཡེ་ཤེས་སྤོར། །ཐོས་བསམ་སྒོམ་གསུམ་བྱས་ནས་ཀྱང་། །ཆོས་རྣམས་གཅིག་ཏུ་མ་གོ་ན། །ཁྱད་གསོད་ཕྱམ་ལ་ཡར་དོགས་ཡོད། །དེ་བས་ཐ་དད་གྲུབ་མཐའ་སྤོངས། །ཡིད་ཀྱིས་སྟོང་པ་ཉིད་བསྒོམས་ཀྱང་། །དྲི་མེད་འོད་གསལ་མ་ཤར་ན། །མུ་བཞིའི་དོང་དུ་ལྷུང་དོགས་ཡོད། །དེ་བས་ཡིད་དཔྱོད་ཞེ་འདོད་ཐོངས། །འཆི་བ་མི་རྟག་རྒྱུན་བསྒོམས་ཀྱང་། །བྱར་མེད་ཞེན་པ་མ་ལོག་ན། །རྟག་འཛིན་རྩི་ལ་འབྱར་དོགས་ཡོད། །དེ་བས་བྱ་བཏང་གཉུག་མ་སྒོམས། །སྟོབས་ཆེན་གཉེན་པོ་རྟག་བརྟེན་ཀྱང་། །སྐུ་གསུམ་དབྱེར་མེད་མ་ཤར་ན། །དུག་གསུམ་ནད་ཀྱིས་གཟིར་དོགས་ཡོད། །དེ་བས་བདེ་གསལ་མི་རྟོག་སྤོར། །སྤང་བྱ་སྤོང་བར་

p. 193

བྱེད་འདོད་ཀྱང་། །ངེས་ཤེས་གཏིང་ནས་མ་སྐྱེས་པར། །ཉོན་མོངས་མེ་ཡིས་སྲེག་དོགས་ཡོད། །དེ་བས་དྲི་མེད་སེམས་ལ་ལྟོས། །རྟག་ཏུ་བྱང་ཆུབ་སེམས་སྦྱངས་ཀྱང་། །དམིགས་མེད་ཐུགས་རྗེ་མ་སྐྱེས་ན། །ཆགས་ཞེན་ཐག་པས་འཆིང་དོགས་ཡོད། །དེ་བས་ཕྱོགས་རིས་མེད་པར་མཛོད། །
༈ གསང་སྔགས་ཟབ་མོའི་དམ་ཚིག་མིག་གི་འབྲས་བུ་ལྟར་བསྲུངས་པས། འཁོར་བར་དོགས་པ་དང་བྲལ་བ་གདེང་ཞིག་བདོག་དྲུག་གི་མགུར་ནི། འགྲོ་མགོན་སྤྲུལ་སྐུ་རིན་པོ་ཆེ། །ཟང་ཟིང་ལུས་དང་སྒྲུབ་པས་མཆོད། །ཇི་ལྟར་གསུང་བ་བཞིན་དུ་བསྒྲུབས། །བླ་མ་དགྱེས་པའི་གདེང་ཞིག་བདོག །རྡོ་རྗེ་འཆང་གི་བཀའ་བཞིན་དུ། །བཟའ་སྲུང་བསྐྱང་བར་བྱས་པ་ཀུན། །རང་སེམས་དཔང་དུ་བཙུགས་ནས་བསྲུངས། །དམ་ཚིག་གཙང་བའི་གདེང་ཞིག་བདོག །ཚོགས་པའི་ནང་དུ་གཞན་སེམས་བསྲུངས། །རྡོ་རྗེའི་སྤུན་གྱི་མཐུན་རྩི་བྱས། །ལྐོག་སྨྲས་ཕྲ་མ་མ་བྱས་པས། །གྲོགས་པོ་མཉེས་པའི་གདེང་ཞིག་བདོག །ལྟོ་རྒྱབ་གཉིས་ལ་གྱོང་བསྐུར་ནས། །རྩེ་གཅིག་རི་ཁྲོད་དགོན་པར་བསྒྲུབས། །འགྱུར་མེད་རྟོགས་པའི་ངེས་ཤེས་སྐྱེས། །རང་དོན་གྲུབ་པའི་གདེང་ཞིག་བདོག །ཁ་ལྟས་ཁྱད་གསོད་མ་བྱས་པས། །རྒྱུ་འབྲས་མིག་གི་རྡུལ་བཞིན་བསྲུངས། །དམིགས་མེད་ཐུགས་རྗེས་ཕྱོགས་མེད་བསྐྱངས། །གཞན་དོན་འབྱུང་བའི་གདེང་ཞིག་བདོག །སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས། །འདུ་འབྲལ་མེད་པ་འོད་གསལ་ངང་། །སྤང་བླང་མེད་པ་མཉམ་པ་ཉིད། །རེ་དོགས་མེད་པའི་གདེང་ཞིག་བདོག །
༈ མགུར་ཚན་སྐོར་གསུམ་ལ་སོགས་དཔག་ཏུ་མེད་པ་མཛད་ཀྱང་། སྙིགས་མའི་

p. 194

སེམས་ཅན་གྱིས་ཐོས་པར་མི་རུང་བ་གསང་བ་སྨྲ་བཅད་ཀྱི་མགུར་ནི། དུས་ངན་གྱི་སེམས་ཅན་ཕྲག་དོག་ཆེ། །བསམ་ངན་གྱི་རྟོག་པ་དཔག་ཏུ་མེད། །ལས་ངན་གྱི་དབང་གིས་སྨྲ་ཕོད་ཆེ། །ཚིག་ངན་གྱི་སྐུར་པ་ཐོག་ལྟར་འབེབས། །སྐད་ངན་གྱི་སྒྲོ་འདོགས་ཕྱོགས་བཅུར་སྒྲོག །ཚོགས་ངན་གྱི་རྟེན་བཅས་གཞན་སྐྱོན་རྟོག །བྱེད་ངན་གྱི་ང་རྒྱལ་སྒང་ལ་ཞོན། །གནས་ངན་གྱི་ཡུལ་ལ་ཉམ་ང་མེད། །དོན་རང་ལ་མི་རྟོག་ཚིག་ལ་རྟོག །སྒྲ་ཕྱིན་ཅི་ལོག་ལ་འབྲུ་གནོན་བྱེད། །གཏིང་གོ་བ་མེད་པར་ཉེས་སྐྱོན་འགེལ། ཁོང་དད་པ་མི་སྐྱེ་ཞེ་སྡང་སྐྱེ། །ལས་རྒྱུ་འབྲས་ཐམས་ཅད་ཁྱད་དུ་གསོད། །དེས་ཁ་ཁྱད་བསམ་ཁྲལ་ཤགས་ངན་ཡོང་། །དུས་དེ་ཙམ་ན་གསང་བ་སྒྲོག་པས་འགྱོད། །དེ་བས་ཤིན་ཏུ་གསང་བ་གཅེས། །
༈ མགུར་འདི་རྣམས་ལ་གཟིགས་རྟོག་མཛད་ནས། སེམས་དང་བསྟུན་པས་མོས་གུས་དང་དད་པ་ཆེ་བ། དེ་ཡི་སྟོབས་ཀྱིས་བ་སྤུ་གཡོ་བ་དང་། མཆི་མ་དཀུ་བ་དང་། དགའ་བ་ལ་སོགས་པ་ཉམས་སྣ་ཚོགས་འབྱུང་། རྟེན་འབྲེལ་གྱི་ཆེ་བས་སྔར་མ་སྐྱེས་པའི་ཡོན་ཏན་རྒྱུད་ལ་སྐྱེ། ཡོན་ཏན་སྐྱེས་པ་ཐམས་ཅད་གོང་ནས་གོང་དུ་བོགས་འབྱུང་། གོ་རྟོགས་མཆོག་ཏུ་གྱུར་པ་སྐྱེ། དང་པོའི་ཤེས་པ་མ་བཅོས་མ་བསླད་པ། ཡིད་བྱེད་ཐམས་ཅད་དང་བྲལ་བ། འོད་གསལ་གྱི་ངང་ལ་ཐམས་ཅད་མཉམ་རྗེས་མེད་པར་སེམས་སུ་ཤེས་ནས། གཉིས་འཛིན་གྱི་འཆིང་བ་ལས་གྲོལ་བར་འགྱུར་རོ།། །།
༈ གོ་བ་ཆེར་ཆ། ཆོས་འདི་ལ་གུས་ན་ང་ལ་གུས་པ་ཡིན་པས་ངའི་བརྒྱུད་པ་འཛིན་པ་ཡིན། ང་ལ་གསོལ་བ་འདེབས་ཀྱིན་དད་པ་རྣམས་ཀྱིས་གདམས་ངག་ཏུ་བྱས་ནས་རྒྱུད་ལ་སྦྱོར་ཞིང་། དམ་ཚིག་ཅན་གྱི་ཚོགས་གྲལ་ལམ། །རི་ཁྲོད་རྣམ་པར་དག་པའམ། །ཤིན་ཏུ་དད་

p. 195

པས་གདུངས་པ་ལ། །བློ་ཡི་ཚོད་དང་སྦྱར་ནས་ཀྱང་། །ལན་རེ་ཙམ་ནི་བླང་བར་བྱ། །གཞན་ལ་གསང་བ་མན་ངག་ཡིན། །ཡི་གེ་སུ་དགའ་དགའ་ལ་བསྟན་ན། ཤེས་རབ་ཆེ་ཆེ་བྱས་ནས། ཕྲག་དོག་གི་སྒོ་ནས་སྐྱོན་འགེལ་ཞིང་། སངས་རྒྱས་ཀྱི་ཡེ་ཤེས་དང་། བླ་མ་དམ་པའི་ཉམས་སུ་མྱོང་བའི་དགོངས་པ་ལ་ལོག་ཤེས་ཀྱིས་གཏན་ལ་འབེབས་ནས། འདི་ལས་འགྲོ་ས་མེད་ཟེར་ནས་ཁྱད་གསོད་དང་ཤགས་ངན་འོང་། ང་རྒྱལ་སྐྱེ་བས་དམ་ཚིག་གི་སེལ་དུ་འགྲོ་ཞིང་། ཞིང་དང་དམ་པའི་ཆོས་གཉིས་ཀ་ལ་སྐུར་པ་འདེབས། རང་གིས་ཀྱང་ལན་མ་ལོན་སྙམ་ནས་ཁོའི་བླ་མ་དང་ཆོས་ལ་སྐུར་པ་འདེབས། ཁོས་ཀྱང་དེའི་ལན་བྱེད། ཉི་མ་ལ་ས་གཏོར་བས་རང་གཞན་གཉིས་ཀ་ཕུང་། བླ་མ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མི་མཉེས་པས་བར་ཆད་ཆེན་པོ་འོང་། གསང་ན་དངོས་གྲུབ་ཆེན་པོ་ཡིན། དེ་བས་གསང་ཞིང་སྦ་བར་བྱ།
༈ ང་ལ་ཕྱོགས་ཆ་མ་མཆིས་པས། །ཆོས་ལ་སེར་སྣ་མི་བྱེད་དེ། །ཀུན་ལ་ཕན་ན་དགའ་བ་ལ། །རྟོག་ངན་འགའ་ལ་གནོད་དོགས་ཡོད། །ཡབ་བླ་མའི་གསུང་སྒྲོས་རྡོ་རྗེའི་མགུར། སྲས་མོས་གུས་སྐྱེད་བྱེད་ཚངས་པའི་དབྱངས། །ལས་སྐལ་ལྡན་འདྲེན་མཛད་བདུད་རྩིའི་གསུང་། །བཀའ་ཇི་ལྟར་གསལ་བའི་རྣམ་ཐར་ཀུན། །མཆེད་གྲོགས་ཀྱིས་བསྐུལ་ནས་བདག་གིས་འདིར། །ཚིག་སྒྲོ་སྐུར་མེད་པར་བཀོད་པ་ལ། །དོན་རྟོགས་པའི་དགེ་རྩ་ཟླ་ཟེར་དེས། །མ་ལུས་ཅན་མཁྱེན་གཉིས་ལྡན་པར་ཤོག །དོན་གསང་བར་ལུང་བསྟན་རྣམ་ཐར་འདི། །དཔེ་ཡི་གེར་བཀོད་པར་མི་རིགས་ཀྱང་། །གྲོགས་བསྐུལ་འདེབས་དད་པ་མ་ཟློག་པས། །རྗེ་བླ་མ་མཁའ་འགྲོས་བཟོད་པར་གསོལ། །ཨྠྀི། ༧ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད། མ་རིག་པའི་མུན་པ་སེལ་ཞིང་ཉོན་མོངས་པའི་དྲ་བ་འཇོམས་པ།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་ཤིང་། དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་བླ་མ་རིན་པོ་ཆེ་གྲུབ་ཐོབ་ཆེན་པོ་དཔལ་ལྡན་འབབ་རོམ་པའི་མགུར་འབུམ། དཀར་ཆག་དང་ཕྱོགས་གཅིག་ཏུ་བསྡེབས་ནས་བྲིས་པ་འདི་ནི། ཆོས་རྗེ་འབབ་རོམ་པ་ཆེན་པོ་སྐུ་བདེ་བར་གཤེགས་ནས། ལོ་བརྒྱ་དང་བདུན་ཅུ་རྩ་དགུ་འགྲོ་བའི་མེ་མོ་སྦྲུལ་གྱི་ལོ། གྲོ་བཞིན་ཟླ་བ་ལ་དཔལ་འབབ་རོམ་གྱི་དབེན་གནས། མཁས་པ་ཆེན་པོ་ཀུ་མ་ར་པྲཛྙཱའི་སྒྲུབ་ཁང་དུ། དམ་ཆོས་འཛིན་པ་ནམ་མཁའ་རྒྱལ་མཚན་གྱིས། རང་གི་མོས་གུས་ཀྱི་རྟེན་ཁོ་ནར་བྲིས་པའི་ཡེ་གེ་པ་ནི་དོན་གྲུབ་རྒྱལ་མཚན་ནོ།། །།

བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད། ཏི་ཤྲི་སངས་རྒྱས་རས་ཆེན

p. 196

༄༅། །བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཅེས་བྱ་བ་བཞུགས་སོ། །
༄༅། །གང་གི་དྲིན་གྱིས་བདེ་བ་ཆེར་གྱུར་པའི། །དུས་གསུམ་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོ་དང༌། ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །བདེན་པ་དེ་ཡིས་འགྲོ་ལ་ཕན་མཛད་པ། །བཀའ་དང་བསྟན་བཅོས་མན་ངག་སྙིང་པོའི་བཅུད། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གནད་གཟེར། །རང་སེམས་རྟོགས་པ་བསྒོམས་པས་སངས་རྒྱས་པའི། །བླ་མས་གསུངས་པའི་ཟབ་མོ་བྲི་བར་བྱ། །ཨེ་མ། ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས། །ཁྱད་པར་མཆོག་གྱུར་གང་ཟག་ལས་འཕྲོ་ཅན། །ཚུར་གཤེགས་གདུལ་བྱར་བབ་པའི་སློབ་མ་རྣམས། །བླ་མས་གསུངས་པའི་ཆོས་འདི་བསྟེན་པར་གྱིས། །འཇིག་རྟེན་ཁམས་ཀྱི་ཞིང་ཁམས་ཐམས་ཅད་དུ། །སངས་རྒྱས་གྲངས་མེད་དཔག་མེད་བྱོན་ན་ཡང༌། །བདེ་

p. 197

གཤེགས་རྒྱལ་བ་ཤཱཀྱ་ཐུབ་པ་ནི། །ཚོགས་གཉིས་རབ་རྫོགས་ས་ལམ་མཐར་ཕྱིན་ནས། །འོག་མིན་སྟུག་པོ་ཆོས་ཀྱི་ཕོ་བྲང་དུ། །རྫོགས་ལྡན་དུས་སུ་མངོན་པར་སངས་རྒྱས་ནས། །རི་རབ་སྟེང་དུ་རིགས་ལྔས་གསང་སྔགས་གསུངས། །རྩོད་ལྡན་དུས་སུ་སྤྲུལ་སྐུ་ཤཱཀ་ཐུབ་བྱོན། །དེ་ཡི་བསྟན་པ་དར་ཞིང་རྒྱས་དུས་སུ། །དལ་འབྱོར་རིན་ཆེན་མི་ལུས་ཐོབ་པ་དང༌། །ཆོས་ལ་གོམས་པའི་སྣང་བ་སད་པ་ཡིས། །རང་ཆོས་གཤའ་མར་བྱེད་པའི་བསམ་པ་སྐྱེས། །སྐྱེ་ཤི་མི་རྟག་འཁོར་བའི་སྡུག་བསྔལ་དང༌། །འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་བསླུ་བྲིད་ལ། །སྐྱོ་བ་སྐྱེས་ཤིང་སྐད་ཅིག་མ་ཆགས་པས། །རང་གཞན་གཉིས་ཀྱི་དོན་ཆེན་འབྱུང་བ་ཡིན། །ལར་ཆོས་གཤའ་མར་བྱེད་པའི་གང་ཟག་དེ། །སེམས་ཅན་ཀུན་གྱི་ནང་ནས་མཆོག་ཡིན་པས། །དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པས། །དེ་ལ་བདག་ཀྱང་ངོ་མཚར་སྐྱེས་པ་ཡིན། །ཆོས་གཤའ་མ་གཅིག་གྱིས་ཤིག་སྐལ་ལྡན་རྣམས། །ཀྱེ་མ་ཆོས་ཀྱི་བྱེད་ལུགས་མ་ནོར་བར། །རང་དང་བླ་མ་གདམས་ངག་ཚད་ལྡན་པ། །དེ་གསུམ་འཛོམས་ལས་ཡོན་ཏན་ཐམས་ཅད་འབྱུང༌། །དེ་ཡང་སློབ་མ་ཚད་དང་ལྡན་པ་དགོས། །དད་མེད་ཐབས་ཤེས་མི་ལྡན་སྐྱོན་ཅན་གྱིས། །ཚད་ལྡན་བླ་མའི་མཚན་ཉིད་མི་ཤེས་པས། །ཚད་ལྡན་མི་རྙེད་ལོག་པའི་བཤེས་དང་འཕྲད། །གལ་ཏེ་ཚད་ལྡན་རྙེད་ཀྱང་དམ་ཚིག་ཉམས། །དེས་ན་རང་ཉིད་ཚད་དང་ལྡན་པར་བྱ། །དད་ཅན་ཚུལ་ཁྲིམས་ལྡན་ཞིང་མཁས་ལ་སྒྲིན། །བླ་མ་ལ་གུས་སྲི་ཞུའི་ཐབས་ལ་མཁས། །སྐྱོན་མེད་ཡོན་ཏན་ལྡན་ལ་སྙིང་རྗེ་ཆེ། །སྣོད་ལྡན་ཤེས་རབ་ཅན་གྱི་སློབ་མ་ནི། །རྩ་བའི་བླ་མ་བརྒྱུད་པ་དང་ལྡན་ཞིང༌། །ལུང་རིགས་གདམས་ངག་ཆེ་ཞིང་ཉམས་རྟོགས་བཟང༌། །ཐོས་བསམ་སྒོམ་གསུམ་ཡོན་ཏན་ཀུན་ལ་མཁས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར། །འགྲོ་བ་

p. 198

ཀུན་གྱི་སྐྱབས་གནས་ཐུགས་རྗེ་ཅན། །རང་ཉིད་རྫོགས་སངས་རྒྱས་ཀྱི་སྤྱོད་དང་མཚུངས། །བསྟེན་པ་རྣམས་ལ་དེ་ཡི་ཡོན་ཏན་འབྱུང༌། །དེ་འདྲའི་མཚན་ལྡན་བླ་མ་བཙལ་ལ་བསྟེན། །ཐོས་མང་དོན་ལ་རྨོངས་ཤིང་ལོག་བཤེས་མཁན། །རྩ་མེད་མང་དུ་སྨྲ་བ་མཁས་སུ་རེ། །རང་སེམས་སངས་རྒྱས་ཡིན་པ་མ་རྟོགས་པར། །སངས་རྒྱས་ཡེ་ཤེས་ཡོད་མེད་གཏན་ལ་འབེབས། །ཡོན་ཏན་ཅན་ལ་གཤེ་ཞིང་ཕྲག་དོག་བྱེད། །ང་མཁས་ང་བཟང་ཟེར་བའི་ང་རྒྱལ་ཅན། །རང་ཉིད་ཆོས་དང་མི་ལྡན་གཞན་ལ་ཆོས་བཤད་བྱེད། །བདེན་ན་ཁྱེད་རང་དེ་ལྟར་མི་བྱེད་པ། །ཟེར་ཞིང་གཞན་པོ་རྣམས་ཀྱིས་འཐབ་ཏུ་འོང༌། །བཏུད་ན་འགྱེད་ཅིང་ཉེ་ན་འཐབ་མོ་བྱེད། །ཡོན་ཏན་མི་འབྱུང་མི་དགེའི་ཆོས་ལ་འཁོད། །ངན་འགྲོ་ལོག་པར་འཁྲིད་པའི་ལམ་མཁན་དེ། །སྒོག་སྐྱ་དུག་སྡོང་འདྲ་བས་སྤང་བར་བྱ། །དམ་ཆོས་ཚད་དང་ལྡན་པ་གང་ཡིན་པ། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །རང་བཞིན་ཀུན་ལ་གདོད་ནས་ཡོད་ན་ཡང༌། །མ་རིག་ཉོན་མོངས་རྣམ་རྟོག་དབང་གིས་བསྒྲིབས། །མི་དགེ་སྡིག་པའི་ལས་རྣམས་སྤྱད་པ་ཡིས། །འབྲས་བུ་འཁོར་བའི་སྡུག་བསྔལ་མྱོང་བ་ལ། །ཐུགས་རྗེ་ཚད་ལྡན་དུས་གསུམ་སངས་རྒྱས་ཀྱིས། །རང་གིས་རྟོགས་པའི་སངས་རྒྱས་ཡེ་ཤེས་འདི། །སེམས་ཅན་མ་ལུས་ཀུན་དང་རང་གི་སེམས། །སངས་རྒྱས་ཐུགས་དང་ཁྱད་པར་མེད་པར་གསུངས། །གང་ཟག་ལས་ཅན་སྐལ་ལྡན་ཅིག་ཆར་བས། །རང་སེམས་སངས་རྒྱས་ཡིན་པར་རང་གིས་རྟོགས། །རྟོགས་པ་བསྒོམས་པས་འབྲས་བུ་སངས་རྒྱས་ཐོབ། །དེ་སོགས་འགྲོ་བ་སེམས་ཅན་ཐམས་ཅད་དང༌། །གང་ཟག་རིགས་ནི་བྱེ་བྲག་སོ་སོ་ལ། །རྒྱལ་བས་ཐེག་པ་དཔག་མེད་གསུངས་ན་ཡང༌། །ཁྱད་པར་སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་དང་ཐེག་པ་གསུམ་དུ་གསུངས།

p. 199

།དེ་ལ་གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡིས། །རིང་བརྒྱུད་ཉེ་བརྒྱུད་ཕྱི་ནང་གཉིས་སུ་བཟུང༌། །མུ་སྟེགས་བྱེད་ནི་ལྟ་ལོག་རྟག་ཆད་ལམ། །ཉམས་སུ་བླངས་པས་འབྲས་བུ་སོ་སོར་ཐོབ། །ཉེ་བརྒྱུད་ནང་པ་སངས་རྒྱས་ཐེག་པ་ལ། །ཐེག་གསུམ་སོ་སོར་ཉམས་སུ་བླངས་པ་ལས། །ལ་ལ་ཉན་ཐོས་དགྲ་བཅོམ་རང་སངས་རྒྱས། །གྲུབ་མཐའ་དམན་པས་གང་ཟག་བདག་མེད་རྟོགས། །བདག་མེད་གཉིས་མ་རྟོགས་པས་ཐེག་ཆུང་ལམ། །སོ་སོར་ཐར་གྱི་སྡོམ་པ་སྲུང་བ་དང༌། །འགོག་པར་མ་གྱུར་ཚོགས་བསགས་བརྒྱུད་པའི་རྒྱུས། །འབྲས་བུ་མངོན་སངས་རྒྱས་པ་འཐོབ་པར་འགྱུར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བྱང་ཆུབ་སེམས་གཉིས་དབྱེར་མེད་གཞི་དག་ལ། །ཕ་རོལ་ཕྱིན་དྲུག་ཚོགས་གཉིས་རབ་ཏུ་བསགས། །བདག་མེད་གཉིས་རྟོགས་ཐེག་པ་ཆེན་པོ་ཡིན། །ས་ལམ་མཐར་ཕྱིན་སྒྲིབ་སྤངས་ཡོན་ཏན་རྫོགས། །དེ་ལྟའི་དཔའ་ཆེན་བྱང་ཆུབ་སེམས་དཔའ་ལ། །ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །བཅུད་བསྡུས་འོད་ཟེར་འབྲས་བུའི་དབང་བསྐུར་ནས། །དེ་ནས་འགྲོ་བའི་དོན་དུ་མངོན་སངས་རྒྱས། །མཚན་ཉིད་ཕ་རོལ་ཕྱིན་པའི་ཐེག་པ་ཡིན། །འབྲས་བུ་རྡོ་རྗེ་ཐེག་པའི་ལམ་ཉིད་ནི། །སྨིན་བྱེད་དབང་བཞི་ཚུལ་བཞིན་ཐོབ་བྱས་ནས། །གྲོལ་བྱེད་བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །རང་གི་ལུས་ངག་རླུང་དང་ཡི་གེ་ཡི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཚང་བ་དེར། །ཕྱི་ནང་གནད་ཀྱི་རྟེན་འབྲེལ་འགྲིགས་པ་དང༌། །ཟུང་འཇུག་གཉིས་སུ་མེད་པར་རྟོགས་པ་ཡིས། །བསྒོམས་པས་ས་ལམ་མ་ལུས་རབ་བགྲོད་པས། །སྒྲིབ་པ་སྦྱངས་ཤིང་ཡོན་ཏན་ཐམས་ཅད་རྫོགས། །ས་དེར་གནས་པའི་བྱང་ཆུབ་སེམས་དཔའ་དེ། །འོག་མིན་སྟུག་པོ་ཉམས་དགའི་ཕོ་བྲང་དུ། །ལྷུན་རྫོགས་གོས་དང་བཅས་པར་བརྫུས་སྐྱེས་

p. 200

ལ། །སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱིས། །རིག་མ་ལ་བསྟེན་འབྲས་བུའི་དབང་བསྐུར་བས། །སྐུ་གསུམ་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །དྲུག་པ་རྡོ་རྗེ་འཆང་དུ་མངོན་སངས་རྒྱས། །རིགས་མཐུན་ལ་སོགས་སེམས་ཅན་ཐམས་ཅད་ལ། །རྒྱུད་སྡེ་བཞི་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་སངས་རྒྱས་བཀའ་ནི་རྒྱས་བསྡུས་ལ། །དགྲ་བཅོམ་ལ་སོགས་མཁས་པ་ཐམས་ཅད་ཀྱིས། །བདེ་གཤེགས་བཀའ་ཡི་དགོངས་པ་བསྡུ་བར་མཛད། །སངས་རྒྱས་གཉིས་པ་ལྟ་བུའི་ཐུགས་རྗེ་ཅན། །རྟོགས་ལྡན་རྣམས་དང་མཁས་པ་པཎྚི་ཏས། །བཀའ་ལ་ཡིན་མིན་རྩོད་པ་སྤོང་བ་དང༌། །བཀའ་དང་བསྟན་བཅོས་ཁྱད་པར་བསྟན་པ་དང༌། །མུ་སྟེགས་བྱེད་དང་ལྟ་ལོག་དགག་པ་དང༌། །བརྗོད་བྱ་རྗོད་བྱེད་ཚིག་དོན་བརྒལ་བ་དང༌། །གང་ཟག་བློ་ཡི་བྱེ་བྲག་གྲུབ་མཐའ་ལ། །གོལ་ས་གཅོད་ཅིང་དོན་ལ་མཁས་པ་ཡིས། །གཞན་གཞུང་དགག་བྱ་རྣམ་པར་གཅོད་པ་དང༌། །རང་གཞུང་བསྒྲུབ་བྱ་ཡོངས་སུ་སྒྲུབ་པ་ཡི། །གཞལ་བྱེད་མངོན་སུམ་རྗེས་དཔག་ཚད་མ་ཡིས། །བདེ་གཤེགས་བཀའ་ཡི་ཚིག་དང་དོན་རྣམས་ནི། །མ་ནོར་གཏན་ལ་འབེབས་པར་མཛད་པ་ཡི། །དོན་རྟོགས་ལམ་རྣམས་ཉམས་སུ་བླངས་པས་ནི། །ས་ལམ་ནོན་ཅིང་སྒྲིབ་དག་ཚོགས་རྫོགས་པས། །རང་གཞན་དོན་གྲུབ་སངས་རྒྱས་ཐོབ་པ་ཡིས། །སྤྱི་དང་རང་གི་མཚན་ཉིད་སྟོན་མཛད་པའི། །འགྲེལ་པ་དང་ནི་བསྟན་བཅོས་ཊཱིཀྐ་མཛད། །མཁས་པ་ཁྱེད་རྣམས་ལ་ནི་བདག་ཕྱག་འཚལ། །རྟོགས་ལྡན་རྣལ་འབྱོར་ཆེན་པོ་ཀུ་སུ་ལུས། །འགྲོ་བ་མ་ལུས་སེམས་ཅན་ཐམས་ཅད་ལ། །ཚད་མེད་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིས། །བཀའ་དང་བསྟན་བཅོས་རྒྱས་པར་གསུངས་པ་ལས། །དོན་གྱི་གནད་རྣམས་ཉམས་ལེན་མ་ཤེས་དང༌། །ཉུང་ངུར་

p. 201

བསྡུས་པ་བརྡ་ཡི་ཆོས་རྣམས་ལ། །རྒྱུད་དཀྲུག་ལུང་དཀྱུས་མན་ངག་གབ་པ་ཡིས། །མཐའ་དྲུག་དགོངས་པ་གོ་བར་མ་ནུས་དང༌། །དོན་རྣམས་མ་གོ་ཚིག་ལ་མཁས་པ་ཡི། །ཐོས་མང་དོན་ལ་རྨོངས་པ་རྣམས་དང་ནི། །ཐོས་ཆུང་སྒོམ་པས་ཁེངས་པའི་སྟོང་སྦོས་པ། །ཚིག་དོན་གཉིས་ལ་རྨོངས་པའི་གང་ཟག་ལ། །བཀའ་དང་བསྟན་བཅོས་གཉིས་ཀྱི་མན་ངག་ནི། །སེམས་ཅན་ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །སངས་རྒྱས་སྐུ་གསུང་ཐུགས་སུ་སྟོན་མཛད་པས། །གནད་བཞིའི་རྟེན་འབྲེལ་འགྲིགས་པའི་མན་ངག་གིས། །གཉིས་མེད་རང་རིག་ཡེ་ཤེས་མངོན་སུམ་དུ། །སྐད་ཅིག་གཅིག་གིས་དོན་རྣམས་རྟོགས་པ་ལ། །ལུང་དང་རྗེས་དཔག་མང་པོ་སྤྲོ་མི་དགོས། །འོན་ཀྱང་ལུང་དང་རྗེས་དཔག་རང་སེམས་ཡིན། །གཅིག་ཤེས་ཀུན་ལ་མཁས་པའི་མན་ངག་གིས། །སེམས་རྟོགས་པས་ནི་ཚེ་འདིར་མངོན་སངས་རྒྱས། །བླ་མའི་གདམས་ངག་མཁས་པ་བསྟེན་ལས་བྱུང༌། །མོས་གུས་བསྐྱེད་ཅིག་ལས་ཅན་སྐལ་ལྡན་རྣམས། །རྟོགས་ལྡན་རྣམས་ལ་བདག་ནི་སྐྱབས་སུ་མཆི། །དེ་ལྟར་བཀའ་དང་བསྟན་བཅོས་མན་ངག་གི །ཆོས་ཀྱི་བྱེ་བྲག་ཟུར་ཙམ་སྨོས་པ་དེ། །ཁྱེད་བཞེད་ཆོས་འདི་བསྟན་ན་ཆོག་ལགས་ཏེ། །མཁས་པ་རྣམས་ནི་ངེས་ཤེས་སྐྱེ་བ་དང༌། །རྨོངས་པ་རྣམས་ནི་ཤེས་རབ་སྐྱེ་བའི་ཕྱིར། །དམ་པ་ཆོས་ཀྱི་བྱུང་ཚུལ་བསྟན་པ་ཡིན། །ཁྱེད་ཀྱིས་ཞུས་པའི་ཆོས་རྣམས་བསྟན་པ་ནི། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་ཙ་ན། །སྣང་སྲིད་འཁོར་འདས་སེམས་ལས་ལོགས་ན་མེད། །རང་སེམས་སངས་རྒྱས་ཡིན་པར་རྟོགས་པ་ལ། །དེ་ལ་སྒོམ་ནི་དགོས་སམ་མི་དགོས་དང༌། །བསྒོམས་པའི་ཡོན་ཏན་ཅི་བྱུང་ཞུས་པ་དང༌། །ཡང་ནི་ཆོས་གཅིག་ཞུ་བར་གདའ་བ་ནི། །གཞུང་གཞན་ས་ལམ་ཡོན་ཏན་གསུངས་ན་ཡང༌། །འདིར་ནི་སྒོམ་ཆེན་པ་ཡི་

p. 202

ཉམས་ལེན་ལ། །རྣལ་འབྱོར་བཞི་ཡི་རིམ་པ་གསུངས་པ་སྟེ། །དེས་ན་སྒྲིབ་པ་སྤོང་དང་ཡོན་ཏན་སྐྱེ་ཚུལ་དང༌། །འབྲས་བུ་སངས་རྒྱས་ཇི་ལྟར་ཐོབ་ཚུལ་གསུངས། །དེ་ཡི་ལན་རྣམས་སོ་སོར་བསྟན་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། །བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །རང་སེམས་སངས་རྒྱས་ཡིན་པར་ཐུབ་པས་གསུངས། །གཞན་ཡང་རྒྱུད་རྒྱལ་བརྟག་པ་གཉིས་པ་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང༌། མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལས་ཀྱང༌། །རིགས་ཁམས་རྣམ་དག་ཀུན་ལ་ཡོད་པར་གསུངས། །ཡོད་ཀྱང་རྟོགས་ཤིང་ཉམས་སུ་མ་མྱོང་བས། །སེམས་ཅན་སངས་རྒྱས་མ་ཐོབ་འཁོར་བར་འཁྱམས། །མ་བསྒོམས་པ་ལ་སངས་རྒྱས་མི་འབྱུང་སྟེ། །སྟོབས་པོ་ཆེ་ཡི་མདོ་(སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་ཟེར། )ལས་ཀྱང༌། །ཇི་ལྟར་འོན་པ་སིལ་སྙན་མཁན། །ཚོང་དུས་དབུས་སུ་དཀྲོལ་བྱེད་ཀྱང༌། །རང་གིས་གཅིག་ཀྱང་ཐོས་པ་མེད། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་འབྲི་བྱེད་ཀྱང༌། །རང་གིས་གཅིག་ཀྱང་མཐོང་བ་མེད། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་གསུངས། ནོར་བུ་རིན་ཆེན་མཆིང་བུས་བཏུམས་པ་ལ། །འོད་དང་དགོས་འདོད་ཐམས་ཅད་འབྱུང་མི་འགྱུར། །བྱི་དོར་ཚད་བྱས་རྒྱལ་མཚན་རྩེར་བཏགས་ནས། །འོད་དང་དགོས་འདོད་ཐམས་ཅད་འབྱུང་བ་ཡིན། །རང་སེམས་རྟོགས་པ་བསྒོམས་པས་སངས་རྒྱས་སོ། །མཁའ་འགྲོ་མ་ཡི་རྒྱུད་ལས་ཀྱང༌། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པ་ཡིས་སངས་རྒྱས་ཀྱི། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་

p. 203

མེད། །ཅེས་གསུངས། བསྒོམས་ན་གནས་སྐབས་མཐར་ཐུག་ཡོན་ཏན་འབྱུང༌། །དེ་ཡང་ཉམས་སུ་བླངས་ཚུལ་བསྟན་པ་ནི། །གང་ཟག་དད་ཅན་ལས་ནི་དང་པོ་པས། །ཡང་དག་པ་ཡི་བླ་མ་བཙལ་ཞིང་བསྟེན། །སྡོམ་གསུམ་རྩ་བ་ཆོས་ཀྱི་གཞི་བྱས་ནས། །ཐབས་ལམ་ནཱ་རོའི་ཆོས་དྲུག་ཆོས་བཅུ་དང༌། །ལྟ་བ་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཡི། །ཁྲིད་ཀྱི་རིམ་པ་སོ་སོར་སྟོན་པ་ནི། །བླ་མ་མཆོད་ནས་མཎྜལ་དབུལ་བར་བྱ། །དད་པ་གུས་པ་བསྐྱེད་ཅིང་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་བདུད་རྩི་དང༌། །ཡི་གེ་བརྒྱ་པས་སྡིག་སྒྲིབ་སྦྱངས་བྱས་ནས། །ཆོས་རྗེ་མཉམ་མེད་དྭགས་པོ་རིན་ཆེན་གྱིས། །དང་པོར་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་མཛད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རང་སེམས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་མཛད། །ཉམས་དང་རྟོགས་པའི་ཁྱད་པར་ངོས་འཛིན་ལ། །སྐྱོན་དང་གོལ་ས་བར་ཆད་གེགས་བསལ་ནས། །བརྟན་དང་བོགས་འདོན་ཁྲིད་ཀྱི་རིམ་པ་མཛད། །མཐར་ཐུག་རྟོགས་པ་སྐྱེས་པར་གྱུར་པ་ལ། །ཁྲིད་རིམ་རྫོགས་ནས་ཐོན་ཆོས་བསྔོ་བ་མཛད། །རྗེ་ཡི་ཞལ་སློབ་སངས་རྒྱས་སྒོམ་པ་དང༌། །བླ་མ་རིན་ཆེན་འབའ་རོམ་པ་དང་གཉིས། །སྐྱེ་མེད་ཞང་དང་ཆོས་རྗེ་འབྲི་གུང་པ། །གོང་མའི་རྗེས་འབྲངས་ཁྲིད་ཀྱི་རིམ་པ་ཡིས། །རང་ལ་ཉམས་རྟོགས་སྐྱེས་པའི་གནད་ཤེས་པས། །གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡི། །ཁམས་དང་ཉོན་མོངས་བག་ལ་ཉལ་སོགས་ཀྱིས། །དེ་དང་དེ་ཡི་གཉེན་པོས་འཆོས་ཤེས་པས། །ཁྲིད་བྱས་པས་ནི་ཉམས་རྟོགས་སྐྱེ་བར་འགྱུར། །དེ་དོན་ཉམས་སུ་ལེན་ལུགས་བསྟན་པ་ནི། །རིམ་སྐྱེས་པ་ལ་བོགས་འདོན་གདམས་ངག་བསྟན། །ཐོད་རྒལ་བ་ལ་མཚམས་སྦྱོར་གདམས་ངག་བསྟན། །གཅིག་ཆར་བ་ལ་ངོ་སྤྲོད་གདམས་ངག་བསྟན། །ལས་དང་པོ་པ་ལ་མཉམ་བཞག་རྗེས་ཐོབ་བསྟན། །སྤྱོད་པ་མཉམ་

p. 204

བཞག་རྗེས་ཐོབ་རོ་སྙོམས་བྱ། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ། །མཉམ་བཞག་རྗེས་ཐོབ་སྤང་བླང་རིམ་པ་མེད། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །རང་སེམས་མིན་པ་གཞན་ཞིག་གྲུབ་པ་མེད། །སེམས་ཉིད་རྟོགས་ན་སྒོམ་ཞིག་ལོགས་ན་མེད། །མ་གོམས་དྲན་པས་ཟིན་དང་མ་ཟིན་ཡོད། །གོམས་པར་གྱུར་ན་ཐམས་ཅད་སྒོམ་དུ་འཆར། །ཉམས་སུ་བླངས་ལུགས་གནད་དུ་བསྟན་པ་ནི། །མ་བཅོས་པ་ལ་མ་བསླད་པ་ཡི་དོན། །གཉུག་མའི་ཡེ་ཤེས་རྒྱུན་ཆད་མེད་པ་ལ། །བཏང་བཞག་མེད་པར་ངམ་ངམ་ཤུགས་ཀྱིས་གནས། །སྐྱེ་མེད་འོད་གསལ་རྒྱ་མཚོ་དྭངས་པ་ལ། །རྣམ་རྟོག་སྣང་བ་སྣ་ཚོགས་བྱུང་བ་རྣམས། །རྦ་རླབས་དང་ནི་ཆུ་བུར་ཇི་བཞིན་དུ། །གཉིས་མེད་ཐུག་ཕྲད་རང་གྲོལ་སོ་མར་ཞོག །ཉམས་མྱོང་དང་ནི་རྟོགས་པ་དབྱེར་མེད་འབྱུང༌། །སྤང་བླང་མེད་ཀྱང་སྒྲིབ་པ་ཤུགས་ཀྱིས་འབྱང་། །ཆོས་སྐུ་སྤྲོས་བྲལ་གཉིས་མེད་ཟུང་འཇུག་ལ། །གནས་སྐབས་མཐར་ཐུག་ཡོན་ཏན་འཆར་བ་ཡིན། །སྟོང་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་དེ། །སྐྱེ་མེད་འོད་གསལ་སྟོང་པ་དངོས་པོའི་ཆོས། །སྣང་བ་སྣ་ཚོགས་དཀར་དམར་སྟོང་ཉིད་གཟུགས། །གཉིས་མེད་ཡེ་ཤེས་ཟུང་འཇུག་ཕྱག་རྒྱ་ཆེ། །དེ་བསྒོམས་པ་ལས་ཡོན་ཏན་ཐམས་ཅད་འབྱུང༌། །ཉི་མ་ཡོད་པས་འོད་ཟེར་ཡོད་བཞིན་དུ། །སྟོང་ཉིད་སྒོམ་པའི་དགོས་པ་གང་ཡིན་པ། །བློ་ནི་གཞན་དོན་དགའ་བ་སྐྱེ་བར་འགྱུར། །སྒོམ་སྐྱེས་བླ་མའི་བཀའ་དྲིན་ཡིན་པར་གོ །བླ་མ་སངས་རྒྱས་ཡིན་པའི་དད་གུས་སྐྱེ། །དང་བའི་དད་པ་རུས་པའི་གཏིང་ནས་སྐྱེས། །ཕྱི་ནང་གྲུབ་མཐའ་གཞན་གྱི་ཡོན་ཏན་ལས། །རང་གི་བླ་མ་རིན་ཆེན་ཡོན་ཏན་ལ། །ཡིད་གཉིས་ཐེ་ཚོམ་རེ་དོགས་མི་སྐྱེ་བའི། །འགྱུར་མེད་བརྟན་པ་ཡིད་ཆེས་དད་པ་སྐྱེ། །འཁོར་བའི་རྒྱུ་འབྲས་མྱང་འདས་རྒྱུ་

p. 205

འབྲས་ལ། །གཉིས་མེད་གཉུག་མའི་ཏིང་འཛིན་སྒོམ་པ་ཡི། །འདོད་པའི་དད་པས་འགོག་པ་མངོན་དུ་བྱེད། །དད་གསུམ་འཁོར་ལོ་རྒྱུན་ཆད་མེད་པ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་མ་རྒན་རྣམས། །འཁོར་བའི་སྡུག་བསྔལ་དཔག་མེད་མྱོང་བ་ལ། །སྙིང་རྗེ་ཆེན་པོ་ངམ་ངམ་ཤུགས་ཀྱིས་སྐྱེ། །འགྲོ་བའི་སྡུག་བསྔལ་སེལ་བར་མཛད་པ་ཡི། །སྟོང་ཉིད་སྙིང་རྗེ་རྟག་ཏུ་བསྒོམ་པར་བྱ། །སེམས་ཅན་ལ་དམིགས་སྙིང་རྗེས་གཞན་དོན་བྱེད། །རང་སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིས། །སེམས་ཅན་རྣམས་ཀྱི་སེམས་དང་རང་གི་སེམས། །སངས་རྒྱས་ཐུགས་དང་འདི་གསུམ་འདྲ་བ་ལ། །རང་སེམས་མ་རྟོགས་སེམས་ཅན་ཐམས་ཅད་ལ། །ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེས། །གཞན་སེམས་རྟོགས་པར་བྱེད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པར་འཕགས་པ་སྡུད་པ་ལས། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །འཁོར་འདས་གཉིས་མེད་མཐར་ཐུག་ཟུང་འཇུག་རྟོགས། །སེམས་ཅན་རྣམས་དང་སྙིང་རྗེ་སྒོམ་མཁན་གསུམ། །ཡུལ་དང་ཡུལ་ཅན་ཐ་དད་མི་དམིགས་པས། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་ཡིན་ཡང༌། །སྡུག་བསྔལ་ཅན་ལ་སྙིང་རྗེ་ངང་གིས་སྐྱེས། །སེམས་ཅན་ཆོས་དང་དམིགས་མེད་སྙིང་རྗེ་གསུམ། །སྐྱེ་མེད་འོད་གསལ་རང་གཟུགས་སྙིང་རྗེ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པ་འཕགས་པ་སྡུད་པ་ལས། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །ཅེས་གསུངས་སོ། །སྐྱེ་མེད་སྒོམ་པའི་དགོས་པ་གང་ཡིན་པ། །རང་གཞན་དོན་ཀུན་ཤེས་རབ་སྐྱེ་བ་ཡིན། །དུས་གསུམ་སངས་རྒྱས་མཁྱེན་པའི་ཡེ་ཤེས་དེ། །ཤེས་རབ་ཕུན་སུམ་ཚོགས་ལས་འབྱུང་བར་

p. 206

གསུངས། །དོན་དམ་ཀུན་རྫོབ་སྦྱངས་པའི་ཤེས་རབ་གསུམ། །རང་སེམས་གདོད་ནས་རྣམ་དག་སྤྲོས་དང་བྲལ། །རང་སེམས་རྟོགས་པ་དོན་དམ་ཤེས་རབ་ཡིན། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་སོ་སོ་ལ། །མ་འདྲེས་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས། །རྒྱུ་མེད་པ་དང་རྒྱུ་འབྲས་འཆོལ་བ་དང༌། །རྟག་ཆད་འཕོ་དང་མ་ངེས་མུ་མཐའ་རྣམས། །གཏི་མུག་མུན་པས་སྒྲིབ་པའི་ལོག་ཤེས་སྤངས། །ཡང་དག་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་བའི། །ལས་འབྲས་དཀར་ནག་ཕྱེད་པ་ཀུན་རྫོབ་ཤེས་རབ་ཀྱིས། །གཞན་རྣམས་དགེ་ལ་བཀོད་པ་གཞན་དོན་ཡིན། །བཀའ་དང་བསྟན་བཅོས་མན་ངག་ཆོས་རྣམས་ལ། །མང་དང་མང་པོ་མང་དུ་ཐོས་པ་ཡིས། །ཡུལ་དང་ཡུལ་ཅན་ཕྱི་ཡི་སྒྲོ་འདོགས་ཆོད། །ཐོས་ལ་བསམ་པས་རྟག་ཏུ་བསྐྱང་བ་ནི། །དགེ་དང་མི་དགེའི་ཆོས་རྣམས་ཡུལ་ལས་བྱུང༌། །ཡུལ་རྣམས་བཀག་པས་སེམས་ཉིད་འགགས་པར་འདོད། །ཆུ་མིག་མགོ་འབུར་ས་ཡིས་ནོན་པ་མེད། །རྣམ་ཤེས་རྣམ་རྟོག་སྣ་ཚོགས་འཕྲོ་བ་དེ། །ཡུལ་སྣང་བཀག་པས་གཅིག་ཀྱང་ཁོག་པ་མེད། །འོན་ཀྱང་དེ་དག་བསམ་བྱུང་ཤེས་རབ་ཀྱིས། །དེ་ཉིད་དོན་ལ་རློམ་ཡང་སྨིག་རྒྱུའི་ཆུ་དང་འདྲ། །དོན་དམ་གཉུག་མ་བསམ་བརྗོད་ཡུལ་ལས་འདས། །རང་སེམས་དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་བྱེད་པ་གཞན་དོན་ཡིན། །དགོན་པའམ་ནི་ནགས་ཁྲོད་དབེན་པ་རུ། །འཇིག་རྟེན་བྱ་བ་བཏང་ནས་སྒྲུབ་པ་ནི། །དང་པོ་སེམས་བསྐྱེད་ཡི་དམ་ལྷ་བསྒོམ་ཞིང༌། །བླ་མ་བསྒོམ་ཞིང་མོས་གུས་གསོལ་བ་འདེབས། །རང་སེམས་ཕྱག་རྒྱ་ཆེན་པོ་མ་བཅོས་པ། །སོ་མ་རང་དྭངས་མཉམ་ཉིད་ལྷུག་པར་ཞོག །དེ་ལྟར་བསྒོམས་ན་ཉམས་དང་རྟོགས་པ་འཆར། །ཚད་མ་བཞི་ཡིས་ཉམས་སུ་བླངས་ཐབས་ནི། །རང་རིག་ཡེ་ཤེས་མངོན་གསུམ་ཚད་མ་ཡིས། །

p. 207

དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་དེ། །རྣལ་འབྱོར་མངོན་སུམ་རང་གི་སེམས་སུ་རྟོགས། །སྣང་མེད་འོད་གསལ་ཆེན་པོའི་ཤེས་རབ་སྟེ། །ཟག་མེད་ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ། །རྟོགས་ཤིང་ཉམས་སུ་མྱོང་བས་རང་རྒྱུད་ཚིམས། །འཁོར་བ་སྡུག་བསྔལ་ཟུག་རྔུ་གཏིང་ནས་བཏོན། །རང་སེམས་ཡོན་ཏན་རིན་ཆེན་གཏེར་དང་འཕྲད། །མྱ་ངན་འདས་པས་དབུལ་ཞིང་ཕོངས་པ་བསལ། །ཡོན་ཏན་ཐམས་ཅད་རྫོགས་པའི་གླིང་དུ་བརྟོལ། །གནད་བཞིའི་རྟེན་འབྲེལ་བསྒོམས་བྱུང་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟར་བསྒོམ་ཞེ་ན། །རང་སེམས་གདོད་ནས་དག་པ་ཕྱག་རྒྱ་ཆེ། །མ་བཅོས་སོ་མར་འཇོག་པ་གདམས་ངག་ཡིན། །གཞན་ཡང་ཆོས་རྣམས་གཉིས་མེད་ཟུང་འཇུག་ནི། །ལུས་ངག་ཡིད་གསུམ་འཁོར་འདས་ཆོས་རྣམས་ཀུན། །ལྷ་དང་སྔགས་དང་ཏིང་འཛིན་ཡོན་ཏན་དུ། །ཐམས་ཅད་སྒོམ་དུ་འཆར་བའི་མདོ་གནད་འདི། །ཐམས་ཅད་ཕྱག་རྒྱ་ཆེན་པོར་འཆར་ན་ཡང༌། །རིག་པ་རྐྱང་འདེད་བྱེད་པ་མན་ངག་ཡིན། །ཐུག་ཕྲད་གཅེར་མཐོང་གིས་ནི་བྱིང་རྒོད་འཇོམས། །སྐྱོན་ལ་ངོས་འཛིན་བྱེད་པ་གེགས་སེལ་ཡིན། །སྡུག་བསྔལ་བདེ་བར་ཤེས་ན་སྤང་བླང་མེད། །སྐུ་གསུམ་རང་ལས་རྙེད་པས་རེ་དོགས་བྲལ། །རྒྱུ་དང་ལམ་དང་འབྲས་བུའི་ཡོན་ཏན་ཆོས། །རང་སེམས་རིག་པའི་སྟེང་དུ་སྒོམ་ཤེས་ན། །སྒྲིབ་པ་རྣམ་གཉིས་ཆགས་པའི་གནས་མེད་པས། །ཚོགས་གཉིས་རང་གི་སེམས་ལ་ཡོངས་སུ་རྫོགས། །དབང་པོ་ཡང་རབ་ཚེ་འདིར་མངོན་སངས་རྒྱས། །འབྲིང་གིས་བར་མ་དོ་རུ་སངས་རྒྱས་ཐོབ། །དབང་པོ་དམན་པའི་གང་ཟག་ཡིན་ན་ཡང༌། །བླ་མ་ལ་གུས་དམ་ཚིག་མ་ཉམས་དང༌། །ཆོས་འདི་དང་ནི་མཇལ་བའི་ཆེ་བ་ཡིས། །སྐྱེ་བ་བདུན་དུ་མི་ལུས་བརྒྱུད་ཐོབ་ནས། །

p. 208

ཚེ་དེ་ཉིད་ཀྱིས་སྐུ་གསུམ་མངོན་དུ་བྱེད། །དེ་ནི་གསང་སྔགས་ཟབ་མོའི་ཆེ་བ་ཡིན། །བུ་ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །རྗེ་དྭགས་པོ་རིན་པོ་ཆེའི་བཞེད་པ་ཡིན། །ལས་དང་པོ་པ་ཡི་གང་ཟག་དད་ཅན་ལ། །བླ་མའི་རྣལ་འབྱོར་མཎྜལ་ཡིག་བརྒྱ་བསྟན། །དེ་ནས་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་བྱེད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །ཁྲིད་ཀྱི་རིམ་པ་རྫོགས་པར་མཛད་པ་དང༌། །ངོ་བོ་མཐོང་བས་རྟོགས་པ་ཡིན་པར་བཞེད། །ཉམས་རྟོགས་རིམ་པ་རྣལ་འབྱོར་བཞི་ལ་བརྩི། །ཐབས་ལམ་བསྒོམ་པར་འདོད་པ་རྣམས་ལ་ནི། །རྗེ་ནཱ་རོ་པའི་ཆོས་དྲུག་ཁྲིད་དུ་མཛད། །དེས་ཀྱང་ངོ་བོ་མཐོང་བར་བཞེད་པ་ཡིན། །ད་ལྟ་ཆོས་ལ་འདྲ་མིན་བྱུང་བ་དེ། །གདམས་ངག་སོ་སོའི་རྟོགས་ཚད་བཞེད་གཞུང་ཡིན། །དེ་ལ་ལྷན་ཅིག་སྐྱེས་སྦྱོར་རྐྱེན་བཞི་འདི། །ཕ་རོལ་ཕྱིན་པའི་གཞུང་དང་མཐུན་པ་ཡིན། །ཕ་རོལ་ཕྱིན་དྲུག་བྱང་ཆུབ་ཕྱོགས་ལ་སོགས། །ས་ལམ་རྫོགས་ནས་སངས་རྒྱས་ཐོབ་པར་བཞེད། །ཐེག་ཆེན་གསང་སྔགས་གཞུང་དང་མཐུན་པ་ནི། །ཁྱད་པར་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ལ། །རྣལ་འབྱོར་བཞི་རིམ་རྫོགས་ནས་མངོན་སངས་རྒྱས། །དེ་ལ་དང་པོའི་ལས་ཅན་གང་ཟག་རྣམས། །ཉོན་མོངས་རྣམ་རྟོག་སྣང་བ་བག་ཆགས་དང༌། །མ་རིག་དབང་གིས་འཁྲུལ་པའི་འདམ་དུ་བྱིང༌། །བསྒོམས་ཀྱང་སྒོམ་འཕྲོ་འཆོར་ཞིང་གཞན་དུ་ཡེངས། །དེ་ལ་བླ་མ་དམ་པའི་བྱིན་རླབས་དགོས། །བར་ཆད་བྱུང་ན་རྟ་མགྲིན་བསྒོམ་པར་བྱ། །ཏིང་ངེ་འཛིན་ལ་གནད་དུ་འགྲོ་ཙམ་ན། །དེ་ལ་རྣལ་འབྱོར་བཞི་རིམ་འཆར་བ་ཡིན། །རྩེ་གཅིག་རྣལ་འབྱོར་སྤྲོས་བྲལ་རྣལ་འབྱོར་དང༌། །རོ་གཅིག་རྣལ་འབྱོར་སྒོམ་མེད་རྣལ་འབྱོར་རོ། །རྩེ་གཅིག་དུས་སུ་སེམས་ཀྱི་རང་བཞིན་མཐོང༌། །སྤྲོས་བྲལ་དུས་སུ་སེམས་ཀྱི་ངོ་བོ་མཐོང་། །རོ་གཅིག་དུས་སུ་སེམས་

p. 209

ཀྱི་མཚན་ཉིད་མཐོང་། །སྒོམ་མེད་དུས་སུ་སེམས་ཀྱི་གཤིས་ཀ་རྟོགས། །རང་སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །སྟོང་པར་སྒོམ་ན་གོལ་དང་ཤོར་ས་མང༌། །བདེ་ལ་ཞེན་ན་འདོད་པའི་ཁམས་སུ་གོལ། །གསལ་ལ་ཞེན་ན་གཟུགས་ཀྱི་ཁམས་སུ་གོལ། །རྟོག་མེད་ཞེན་ན་གཟུགས་མེད་ཁམས་སུ་གོལ། །རྒྱས་འདེབས་གཉེན་པོ་ལམ་དང་གཤིས་སུ་ཤོར། །གཟུང་འཛིན་ལ་སོགས་བློ་ཡི་ཡུལ་དུ་གྱུར་པ་རྣམས། །བློས་བྱས་སྟོང་པ་སྒོམ་པ་རྒྱས་འདེབས་ཡིན། །ཉོན་མོངས་སྐྱེས་པ་དེ་ཉིད་སྟོང་པར་མི་ཤེས་པར། །སྟོང་པ་སྒྱུ་མ་གཉེན་པོར་ཤོར་བ་ཡིན། །ཆོས་རྣམས་སྟོང་ཉིད་གཞི་རྩ་བྲལ་ཟེར་ཞིང༌། །སྟོང་པར་བསྒོམས་པས་ལམ་དུ་ཤོར་བ་ཡིན། །ཆོས་རྣམས་ནམ་མཁའ་ལྟ་བུར་ཅིར་ཡང་གྲུབ་པ་མེད། །སྒོམ་དུ་མེད་ཟེར་ཤེས་བྱའི་གཤིས་ལ་ཤོར། །དེ་ལ་སེམས་ཀྱི་བཞག་ཐབས་མ་འཆོལ་ན། །ཉམས་རྟོགས་རིམ་པ་བྱེ་བྲག་སྐྱེ་ཚུལ་ནི། །གཅིག་ཆར་བ་ལ་དང་པོ་རྟོགས་པ་སྐྱེ། །ཐོད་རྒལ་བ་ལ་རིས་ཡོད་རིས་མེད་བྱེད། །རིམ་གྱིིས་པ་ལ་དང་པོ་རྩེ་གཅིག་སྐྱེས། །བདེ་གསལ་མི་རྟོག་སེང་ངེ་ཡེ་རེ་བ། །ཉམས་ལ་མཐོ་དམན་ཡོད་མེད་བྱུང་དུས་སུ། །བླ་མ་བསྒོམ་ཞིང་མཎྜལ་འབུལ་བར་བྱ། །ཡུལ་དང་ཡུལ་ཅན་ཐམས་ཅད་སྟོང་པར་འཆར། །འོན་ཀྱང་ངེས་ཤེས་མེད་པ་སྟོང་ཉམས་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་དང༌། །རང་སེམས་སྟོང་ཉིད་ནམ་མཁའ་མཐའ་དབུས་མེད། །དེ་ནི་སྣང་བ་བཀག་ནས་སྟོང་པ་སྒོམ་པ་མིན། །ཡུལ་དུ་སྣང་བ་སྟོང་པ་ཉིད་དུ་སྒོམས། །གསལ་དང་ཕྲ་ལ་སོགས་པའི་ཤེས་རབ་སྐྱེ། །ཆོས་མཆོག་ཆེན་པོའི་ཏིང་འཛིན་འདྲ་བ་ཡིས། །རང་བཞིན་སྟོང་པ་དྲོད་ཀྱི་ཉམས་མྱོང་ཀུན། །རྟོགས་པ་མེད་པས་མ་ངེས་བསམ་གཏན་ཡིན། །མོས་གུས་བྱས་ཤིང་གསོལ་བཏབ་ཚོགས་བསགས་ནས། །དེ་ནས་སྤྲོས་བྲལ་རྟོགས་པ་སྐྱེ་བ་

p. 210

ནི། །ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་རྟོགས། །རང་སེམས་གདོད་ནས་དག་ཅིང་སྟོང་པ་ཉིད་དུ་འཆར། །དེ་ཉིད་ལ་ནི་གོམས་ཤིང་སྦྱངས་པ་ལས། །འཁོར་འདས་གཉིས་ཀྱི་སྤྲོས་པ་སྣ་ཚོགས་ཀུན། །སྤྲོས་པ་བཀག་པའི་སྤྲོས་མེད་མ་སྒོམ་པར། །སྤྲོས་པ་སྤྲོས་པས་སྟོང་པའི་སྤྲོས་མེད་བསྒོམ། །ཉམས་སུ་བླངས་ཤིང་བླ་མའི་བྱིན་རླབས་ཀྱིས། །འོད་གསལ་བདེ་ཆེན་སེམས་ཀྱི་ངོ་བོ་རྟོགས། །ཉམས་ཀྱི་བདེ་གསལ་མི་རྟོག་སྲིད་གསུམ་ངོ་བོ་ཡིན། །རྟོགས་པའི་བདེ་གསལ་མི་རྟོག་སྐུ་གསུམ་ངོ་བོ་ཡིན། །སྤྲོས་བྲལ་བདེ་ཆེན་ཟུང་འཇུག་ལམ་ཡིན་ནོ། །དེ་ནས་རོ་གཅིག་རྟོགས་པ་སྐྱེ་བ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀྱི། །མཚན་ཉིད་མ་འདྲེས་སོ་སོར་གསལ་བ་རྣམས། །ཐ་དད་གཉིས་མེད་ཆོས་སྐུར་རོ་གཅིག་པས། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ཡོངས་སུ་རྫོགས། །དེ་ནི་ཇི་ལྟར་ཡོངས་སུ་རྫོགས་ཞེ་ན། །སྒོ་ལྔའི་རྣམ་ཤེས་བྱེད་ལས་ཐ་དད་ཀྱང༌། །རྟོག་བྲལ་མ་འཁྲུལ་རིག་པའི་ངོ་བོར་གཅིག །འཁོར་བའི་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ལ། །རྒྱུ་རྐྱེན་འབྲས་བུ་ཇི་ལྟར་འབྱུང་བ་རྣམས། །ཚུར་རོལ་ཕ་རོལ་མཐོང་བའི་རྟོགས་པ་ཡིས། །འཁོར་བ་སྤངས་ཤིང་མྱང་འདས་བསྒྲུབས་པ་ཡིས། །རྒྱུ་འབྲས་མངོན་དུ་འགྲིགས་པ་ནུས་པ་ཡིན། །སྣ་ཚོགས་གཉིས་མེད་དུ་མ་རོ་གཅིག་དེ། །དྲན་པས་མ་ཟིན་ཡུལ་དང་ཡུལ་ཅན་ཀུན། །གཉིས་སྣང་བག་ཆགས་ཡིན་པར་འཆར་ན་ཡང༌། །ལམ་དེ་ཡོངས་སུ་གོམས་པར་བྱས་པ་ལ། །དགག་སྒྲུབ་རེ་དོགས་གཉིས་འཛིན་བག་ཆགས་རྣམས། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་གཅིག། སངས་རྒྱས་ཆོས་ཀྱི་ཡོན་ཏན་བྱེ་བྲག་རྣམས། །རྟོགས་ལྡན་སེམས་ལ་ཡོན་ཏན་འཆར་བ་ནི། །མཆོད་པ་རྣམ་བདུན་བྱེད་ལས་སོ་སོ་རྣམས། །འབུལ་མཁན་སེམས་ལ་མ་འདྲེས་ཡོངས་སུ་རྫོགས། །ཡོན་

p. 211

ཆབ་ཕུལ་བས་འདོད་ཆགས་ལ་སོགས་འདག །ཆོས་སྐུ་འཐོབ་དང་འོག་མ་དེ་ཡིས་འགྲེས། །གཞན་ཡང་དགེ་བའི་འབྲས་བུ་སོ་སོ་རྣམས། །ཆོས་རྣམས་རང་སེམས་ཟུང་འཇུག་ངང་དུ་རྫོགས། །དཔེར་ན་སྤོས་ཀྱི་རྒྱ་དང་རྒྱ་ལེན་བཞིན། །རྒྱ་ལ་རི་མོ་སྣ་ཚོགས་ཡོད་པ་ལ། །སྤོས་ཕྱེ་བདལ་དང་རྒྱ་ལེན་བཏབ་པ་ལས། །རྒྱ་ལ་རི་མོ་ཇི་ལྟར་ཡོད་པ་རྣམས། །སྤོས་ལ་རི་མོ་དེ་ལྟར་བྱུང་ན་ཡང༌། །རི་མོ་མ་འདྲེས་སོ་སོར་བཀྲ་བ་རྣམས། །སྤོས་ཕྱེ་མིན་པ་གཞན་ཞིག་བྱུང་བ་མིན། །རིགས་དྲུག་སེམས་ཅན་ཡུལ་ཕྱོགས་ཅི་གནས་པར། །སེམས་ཀྱིས་བྱེད་ལས་ཅི་བྱས་འབྲས་བུ་འབྱུང༌། །བྱུང་ཡང་རང་སེམས་མིན་པ་བྱུང་བ་མེད། །རྒྱུ་དང་ལམ་དང་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཡོན་ཏན་ཇི་ལྟར་གནས་པ་ལ། །དགེ་བའི་སེམས་ཀྱིས་བྱེད་ལས་གང་བྱས་པས། །ཡུལ་ལ་ཇི་ལྟར་ཡོད་པའི་ཡོན་ཏན་འབྱུང༌། །བྱུང་ཡང་རང་སེམས་མིན་པ་གཞན་ཞིག་བྱུང་བ་མིན། །འཁོར་འདས་གཉིས་ཀྱི་རྟེན་ཅིང་འབྲེལ་འབྱུང་རྣམས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་དུ་རྫོགས། །སེམས་ཀྱི་གཤིས་ཀ་སྒོམ་དུ་མེད་པ་ནི། །སངས་རྒྱས་ཐུགས་དང་ཡེ་ནས་ཁྱད་མེད་པས། །བསྒོམས་པས་ལོགས་ནས་བོགས་ཤིག་དབྱུང་དུ་མེད། །འཁོར་འདས་གཉིས་ཀྱི་ཆོས་རྣམས་དུ་མ་ཀུན། །སེམས་ཅན་རྣམས་ཀྱི་སེམས་སྣང་མ་ཡིན་པ། །ཡུལ་དང་ཡུལ་ཅན་ལོགས་སུ་གྲུབ་པ་མེད། །མཐོང་ཐོས་དྲན་རེག་ཤེས་བརྗོད་ཆོས་རྣམས་ཀུན། །ཇི་ལྟར་མཐོང་ཡང་རང་སེམས་མཐོང་བ་ཡིན། །ཐམས་ཅད་རང་སེམས་སྒོམ་དུ་ཤེས་པ་ཡིས། །སྒོམ་པ་མིན་པ་མེད་པས་སྒོམ་མེད་ཡིན། །སྒོམ་མེད་དུས་སུ་མཐར་ཐུག་རྟེན་འབྲེལ་འགྲིགས། །དབང་ཕྱུག་ལ་སོགས་ཡོངས་སུ་བསྒྱུར་བ་ཡི། །འདོད་རྒུ་ཇི་ལྟར་བསམ་པ་བཞིན་དུ་འགྲུབ། །རྣམ་སྨིན་ལུས་རྒྱ་སྐབས་འདིར་འདག་པ་ཡིན། །གང་

p. 212

ཟག་དེ་ནི་ཚེ་འདིར་མངོན་སངས་རྒྱས། །ཡང་ནི་སྐྱེ་བ་གཅིག་གིས་ཐོགས་པ་མེད། །རྣམ་ཆད་ལས་དབང་འཆི་བ་མ་ཡིན་པར། །ཡོངས་བསྒྱུར་བསམ་གྱིས་མི་ཁྱབ་འཆི་བ་ཡིས། །ལུས་རྒྱ་ཞིག་ནས་བར་དོར་མངོན་སངས་རྒྱས། །རང་སེམས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ཚིག་ཚོགས་བྱ་སོགས་བྱེད་པ་གཉིས་སུ་མེད་ན་ཡང༌། །སྒོམ་མེད་རྟོགས་པ་སྐྱེས་པར་གྱུར་པ་ལ། །རང་སེམས་དྲན་པས་འཛིན་པ་ལ་སོགས་པའི། །ཐབས་ཀྱི་ཆ་ནི་གང་ཡང་སྒོམ་མི་དགོས། །སངས་རྒྱས་སེམས་ཅན་ལོགས་ན་མི་སྲིད་པས། །ལོགས་སུ་བསྒོམ་རྒྱུ་གཅིག་ཀྱང་མེད་ན་ཡང༌། །འོན་ཀྱང་རྟོགས་པའི་ཆོས་དེ་ཉིད་ལ་ཡང༌། །གོམས་ཤིང་འདྲེས་པས་རང་སེམས་རྩལ་སྦྱངས་པས། །མངོན་པར་ཤེས་པ་དྲུག་དང་སྤྱན་ལྔ་དང༌། །ཡེ་ཤེས་དང་ནི་ལུས་ཀྱི་བཀོད་པ་དང༌། །རྫུ་འཕྲུལ་དང་ནི་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་ཀྱི་ནི་ཡོན་ཏན་ཡར་ལྡན་དུ། །སོང་བ་ཡིན་པས་རྟོགས་པའི་འབྲས་བུ་སྟེ། །དེ་ཡི་དགོངས་པ་དེ་ཡང་ཆོས་ཉིད་རྩལ་སྦྱངས་པས། །ཤེས་པ་ལ་ནི་དབང་ཐོབ་འོང་བ་ཡིན། །ཤེས་བྱའི་ཆ་ནི་ཐམས་ཅད་ཕྲ་ལ་དྭངས། །དེ་ལྟ་བུ་གཅིག་མཁྱེན་པའི་ཡོན་ཏན་འཆར། །བྱམས་དང་སྙིང་རྗེ་གཞན་དོན་འབྱུང་བའི་ཐབས། །རྟོགས་པའི་རྩལ་ཁ་སྦྱོང་བར་མི་བྱེད་པར། །གཞི་དེ་རང་གི་ཐོག་ཏུ་བཞག་པས་ཆོག་ཟེར་ཞིང༌། །དགེ་བ་བྱ་རྒྱུ་མེད་ཅེས་ཟེར་བ་རྣམས། །ཕན་གནོད་འབྲས་བུ་འབྱིན་པར་མི་ནུས་པས། །དེ་ལ་ཐམས་ཅད་མཁྱེན་པ་མི་འབྱུང་བས། །བསྒོམ་བྱ་སྒོམ་བྱེད་མེད་ཀྱང་རྟོགས་པའི་རྩལ་ཁ་སྦྱངས། །འགྲོ་བའི་དོན་དུ་ཚོགས་གཉིས་བསགས་པ་ཡིས། །མཐར་ཐུག་མི་སློབ་ཟུང་འཇུག་ལ་གནས་ནས། །འབྲས་བུ་སྐུ་གསུམ་མངོན་དུ་བྱས་པ་ཡིན། །གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །ལོངས་སྐུ་སྤྲུལ་སྐུ་གཟུགས་སྐུ་སྣ་ཚོགས་རྣམས། །

p. 213

སངས་རྒྱས་ཀྱི་ནི་ལྷན་ཅིག་སྐྱེས་པའི་རྐྱེན། །དང་པོ་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས། །བར་དུ་རྣལ་འབྱོར་བཞི་དང་ཚོགས་བསགས་ཤིང༌། །རྗེས་ལ་འགྲོ་བའི་དོན་ལ་རྒྱལ་བ་ཡིས། །དགེ་བ་བསྔོ་ཞིང་སྨོན་ལམ་བཏབ་པ་འདི། །གདུལ་བྱ་རྣམས་ཀྱིས་ཉེ་བར་ལེན་པའི་རྒྱུ། །སངས་རྒྱས་སྐུ་གསུམ་སོ་སོར་འཆར་བ་ཡང༌། །དག་པ་རྣམས་ལ་སྐུ་གསུམ་དབྱེར་མེད་འཆར། །དམན་པ་རྣམས་ལ་སྐུ་གསུམ་སོ་སོར་འཆར། །རིགས་དྲུག་རྣམས་ལ་སྟོན་པ་དྲུག་ཏུ་འཆར། །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་འབྲས་བུ་ཡིན། །སྒྲིབ་པ་སྤོང་ཞིང་ཡོན་ཏན་སྐྱེ་ཚུལ་ནི། །གོང་དུ་ཞོར་ལ་ཞིབ་པར་བསྟན་ན་ཡང༌། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །རང་སེམས་སངས་རྒྱས་མ་མཐོང་སྒྲིབ་པ་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །དགེ་དང་མི་དགེ་ལུང་མ་བསྟན་དུ་གནས། །མ་རིག་དབང་གིས་ཉོན་མོངས་དུག་ལྔ་ཡི། །མི་དགེ་སྤྱོད་པ་རྣམ་སྨིན་སྒྲིབ་པ་ཡིན། །དེ་ཡི་གཉེན་པོར་དགེ་སྤྱོད་མཚན་མར་བཟུང༌། །ཡོན་ཏན་ལ་ཞེན་ཤེས་བྱའི་སྒྲིབ་པ་ཡིན། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་མ་ལུས་རྣམས། །མ་རིག་ཉོན་མོངས་མི་དགེའི་ལས་དབང་གིས། །འཁོར་བའི་རྒྱ་མཚོར་ཐོག་མ་མེད་ནས་འཁྱམས། །མི་དགེའི་དབང་གིས་ཉོན་མོངས་སྒྲིབ་པས་གོས། །ལམ་རྣམས་ཉམས་སུ་བླངས་པས་སྒྲིབ་པ་འདག །དང་པོ་ཆོས་ལ་ཞུགས་པའི་གང་ཟག་རྣམས། །རིགས་དྲུག་འཁོར་བའི་སྡུག་བསྔལ་མུན་ནག་ཏུ། །མུན་པའི་དཀྱིལ་དུ་ཉི་མ་ཤར་བ་ལྟར། །སངས་རྒྱས་བསྟན་པའི་འོད་ཟེར་ཤར་བ་ཡིས། །སྒྲིབ་པའི་ཚོགས་རྣམས་མ་ལུས་སེལ་བར་བྱེད། །བླ་མས་བསྟན་པའི་ཆོས་ལ་ཞུགས་པ་རྣམས། །དང་པོ་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རྩེ་གཅིག་དང་པོའི་ཏིང་འཛིན་སྐྱེས་པ་དེས། །མར་

p. 214

མེས་མུན་པ་སེལ་ཚོད་ཇི་ལྟ་བར། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེས་པ་ཡིས། །ཉོན་མོངས་རྣམ་རྟོག་ཚང་ཚིང་སེལ་བར་བྱེད། །རྩེ་གཅིག་གཉིས་པའི་ཏིང་འཛིན་སྐྱེས་པ་ཡིས། །ཉོན་མོངས་ཕྲ་བའི་ཕྲ་བ་མགོ་ནོན་ནས། །སྐྱ་རེངས་ཤར་ནས་མུན་པ་སེལ་བ་ལྟར། །ཡུལ་དང་ཡུལ་ཅན་རྟོག་མེད་བསྒོམས་པ་ཡིས། །ཡུལ་ལ་བདེན་པར་འཛིན་པའི་ཞེན་པ་དག །རྩེ་གཅིག་གསུམ་པའི་ཏིང་འཛིན་སྐྱེས་པ་ནི། །འཁོར་འདས་རང་སེམས་སྟོང་པར་བསྒོམས་པ་ཡིས། །ནམ་ལངས་པས་ནི་མུན་པ་དྭངས་པ་ལྟར། །ཡུལ་ཅན་རྟག་པར་འཛིན་པའི་ཞེན་པ་དག །ཉི་མ་ཤར་བས་མུན་པ་ཐམས་ཅད་བསལ་བ་ལྟར། །སྤྲོས་བྲལ་དང་པོའི་རྟོགས་པ་སྐྱེས་པ་ཡིས། །སྒྲིབ་གཉིས་ལ་སོགས་མུན་པ་སེལ་བར་བྱེད། །སངས་རྒྱས་ཉི་མའི་དཀྱིལ་འཁོར་ཤར་བ་ཡིས། །རིགས་དྲུག་འཁོར་བའི་སྡུག་བསྔལ་སེལ་བར་བྱེད། །སྤྲོས་བྲལ་གཉིས་པ་སྐྱེས་པའི་ཏིང་འཛིན་གྱིས། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །ལམ་རིམ་ངང་དུ་འདག་ཅིང་ཡོན་ཏན་སྐྱེས། །གསུམ་པ་ནས་བཟུང་སྒོམ་མེད་བར་དུ་ནི། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་རྣམས། །ཆུང་ངུ་སྔོན་དང་ཆེན་པོ་ཕྱིས་ནས་འདག །ཤེས་རབ་དང་ནི་ཤེས་བྱའི་སྒྲིབ་པ་ནི། །ཆེན་པོ་སྔོན་དང་ཆུང་ངུ་ཕྱི་ནས་འདག །ཀུན་གཞིའི་ཡེ་ཤེས་ཉོན་མོངས་རང་གིས་སྒྲིབ། །ཉོན་མོངས་དུག་ལྔ་དུག་གསུམ་སྦྱང་བྱ་རྣམས། །ཡེ་ཤེས་ལྔ་དང་སྐུ་གསུམ་ཡོན་ཏན་ཆོས། །ཉོན་མོངས་སངས་ནས་ཡེ་ཤེས་སྐུ་གསུམ་པོ། །དེ་དག་མ་གཏོགས་ལོགས་ནས་གྲུབ་པ་མེད། །ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་དང༌། །གཏི་མུག་ལ་སོགས་ཉོན་མོངས་སྒྲིབ་པ་ཀུན། །ཆོས་རྣམས་དེ་དག་སོ་སོར་རང་གིས་སྟོང༌། །ཉོན་མོངས་སྒྲིབ་པ་དེ་དག་ཉིད་ཀྱིས་འདག །ཉོན་མོངས་སྒྲིབ་པ་ཐོག་མེད་བསགས་པ་ནི། །ལས་དང་

p. 215

བག་ཆགས་ཀུན་ལྡང་རྣམ་པར་སྨིན། །མ་རིག་ལྟ་ལོག་ཐེ་ཚོམ་ཡིད་གཉིས་ཀུན། །ལམ་རྣམས་ཉམས་སུ་བླངས་པས་ཐད་སོར་འདག །ཉོན་མོངས་བདུད་དང་ཉོན་མོངས་རྟོག་རྒྱ་ཆོད། །ཆོས་རྣམས་རང་སེམས་གཅིག་ཏུ་རྟོགས་པ་ཡིས། །བསྒོམ་བྱ་སྒོམ་བྱེད་སྒོམ་མཁན་བསྒོམ་རྒྱུ་རྣམས། །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས། །ཤེས་བྱའི་སྒྲིབ་པ་ཆེན་པོ་འདག་པར་བྱེད། །སྒོམ་རོ་གཅིག་སྐྱེས་པའི་གང་ཟག་ལ། །ཡོན་ཏན་སྐྱེ་དང་སྒྲིབ་པ་སྤོང་ཚུལ་རྣམས། །ལམ་གྱི་སྐབས་སུ་ཞིབ་ཏུ་བསྟན་ན་ཡང༌། །ཉོན་མོངས་ཤེས་བྱ་གཉིས་ཀའི་འབྲིང་པོ་འདག །དེ་ཡི་ཡོན་ཏན་རིམ་པ་སྐྱེ་ཚུལ་ནི། །གོང་དུ་ལམ་གྱི་སྐབས་སུ་ཞིབ་པར་བསྟན། །ཀུན་ཏུ་བཏགས་པའི་མ་རིག་མན་ཆད་ཀྱི། །ཉོན་མོངས་སྒྲིབ་པ་ཕྲ་རགས་ཐམས་ཅད་དང༌། །གཉིས་སྣང་བག་ཆགས་ཡན་ཆད་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཆུང་ངུའི་རགས་པ་འདག །སྒོམ་མེད་སྐྱེས་པའི་རྟེན་གྱི་གང་ཟག་ལ། །ཡོན་ཏན་སྐྱེ་ཚུལ་ལམ་གྱི་སྐབས་སུ་བསྟན། །ཉོན་མོངས་ཆེན་པོ་ཤེས་བྱ་ཆུང་ངུ་ནི། །རང་སེམས་གཉིས་མེད་ཡེ་ཤེས་རྟོགས་པ་ཡིས། །སྒོམ་པ་མིན་པ་ལོགས་སུ་གྲུབ་པ་མེད། །ཐམས་ཅད་སྒོམ་དུ་ཤར་བའི་ཤེས་རབ་ཀྱིས། །ལྷན་ཅིག་སྐྱེས་པའི་མ་རིག་ཀུན་གཞི་དང༌། །ཉོན་མོངས་རྩ་བའི་སྒྲིབ་པ་ཆེན་པོ་འདག །དེ་ཡི་ཉོན་མོངས་སྒྲིབ་པ་འདག་ཚུལ་ནི། །རང་སེམས་ཆོས་སྐུར་རིག་པས་མ་རིག་འདག །ཀུན་གཞི་རང་བཞིན་རྣམ་པར་དག་པ་ཡིས། །ཉོན་མོངས་སྒྲིབ་པ་ཆགས་པའི་གཞི་རྩ་བྲལ། །དེ་ཡིས་ཉོན་མོངས་སྒྲིབ་པ་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ནི། །གཉིས་འཛིན་གཉིས་སྣང་བག་ཆགས་མ་ཡིན་ཡང༌། །དེ་ཡིས་བཞག་པའི་སྒྲིབ་པ་ཆུང་ངུ་ནི། །སྐུ་དང་ཡེ་ཤེས་ཐ་དད་སྣང་བ་ཡིན། །རིགས་ལྔ་རོ་གཅིག་དྲུག་པ་རྡོ་རྗེ་འཆང༌། །
ཡེ་ཤེས་ལྔ་དང་ཆོས་སྐུ་རོ་གཅིག་པས། །སྐུ་ལྔ་དབྱེར་མེད་གཅིག་ཏུ་གྱུར་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་དུས་སུ། །ཤེས་རབ་སྒྲིབ་པ་རིག་མ་ལ་བརྟེན་ནས། །སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱིས། །མཐར་ཐུག་འབྲས་བུའི་དུས་སུ་དབང་བསྐུར་བས། །ཤེས་བྱའི་སྒྲིབ་པ་འདག་ཅིང་མངོན་སངས་རྒྱས། །དེ་དག་སྒྲིབ་པ་འདག་ཚུལ་སོ་སོ་རྣམས། །ལམ་གྱི་ཐད་སོར་སྦྱར་ནས་ཤེས་པར་བྱ། །ཆོས་ཞུ་པོ་དང་འགྲོ་བའི་དོན་དུ་ནི། །སྙན་བརྒྱུད་ཟབ་མོ་ཡི་གེར་བྲིས་པ་ལ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྣམས། །མི་མཉེས་གྱུར་པ་ཐམས་ཅད་བཟོད་པར་གསོལ། །ཆོས་འདི་བརྩམས་པའི་དགེ་བ་དྲི་མེད་དེས། །ཞུ་བ་པོ་དང་འགྲོ་བ་སེམས་ཅན་རྣམས། །མཆོག་དང་ཐུན་མོང་དངོས་གྲུབ་རབ་བརྙེས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཐོབ་པར་ཤོག །ཕྱག་རྒྱ་ཆེན་པོ་བསྒོམས་པའི་ཡོན་ཏན་དང༌། །རྣལ་འབྱོར་བཞི་ཡི་ལམ་གྱི་རིམ་པ་གཉིས། །དད་ལྡན་དབོན་པོ་ཤེས་རབ་དབང་ཕྱུག་གིས། །འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་ཞུས། །ཡུལ་ལ་མཚན་གསོལ་རྩི་ཀླུང་ཀོ་མཛོ་རུ། །ཟབ་ཆོས་ཡོན་ཏན་རིན་ཆེན་ཀུན་ཏུ་འོད། །ཏི་ཤྲི་རས་པས་འགྲོ་བའི་དོན་དུ་བཀོད། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་ཤོག །ཤུབྷཾ།།

འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་གཞི་ལམ་འབྲས་བུ།

p. 216

༄༅། །འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་གཞི་ལམ་འབྲས་བུ་བཞུགས་སོ། །
༄༅། །ན་མོ་གུ་རུ། གཞི་ལ་གནས་པ། ལམ་དུ་གོམས་པ། འབྲས་བུ་སྨིན་པའོ། །གཞི་ལ་གནས་པ་ཞེས་པ་ནི། བདེ་གཤེགས་སྙིང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་

p. 217

ལྔ་སེམས་ཅན་ཀུན་ལ་ཁྱབ་པར་གནས་པའོ། །དེ་ལྟར་ཡིན་པ་ཡང༌། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང༌། གཞན་ཡང་ལུང་དུ་མ་ལས་གསུངས་སོ། །འོ་ན་འཁོར་བ་ན་སྡུག་བསྔལ་ལོ་སྙམ་ན། མ་རིག་པའི་དབང་གིས་དེ་ཉིད་མ་རྟོགས་པ་ཡིན་ཏེ། དེ་རྟོགས་པར་བྱེད་པ་ལ་ལྟ་བ་རྣམ་པར་དག་པ་ཞིག་དགོས། དེ་ལ་གསུམ། ཆོས་ཉིད་རྟོགས་པའི་ལྟ་བ་དང༌། རང་སེམས་རྟོགས་པའི་ལྟ་བ་དང༌། བྱིན་རླབས་ཞུགས་པའི་ལྟ་བའོ། །དང་པོ་ནི། སྣང་སྲིད་འཁོར་འདས་བེམ་རིག་ཐམས་ཅད་མི་རྟག་པའི་སྟོང་པ་ལྟ་བུ་མ་ཡིན་ཏེ་ཡེ་ནས་གནས་པའི་ཆོས་ཉིད་ཡིན། དེ་ལྟ་བུའི་ཆོས་ཉིད་ཤེས་པར་བྱ་བ་ཡིན་གྱི་ཉམས་སུ་བླང་བྱ་ནི་མ་ཡིན་ནོ། །གཉིས་པ་རང་གི་སེམས་རྟོགས་དགོས། སེམས་མ་རྟོགས་ན་སངས་མི་རྒྱ། སེམས་ལ་འཁོར་འདས་གཉིས་ཀྱི་གནས་ལུགས་ནི། རྣམ་ཤེས་ཚོགས་བརྒྱད་རྟེན་འབྲེལ་བཅུ་གཉིས་པོ་དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི། གཞི་ནི་སྟོང་པ་ཉིད་ལ་ཀུན་ནི་ཆོས་ཐམས་ཅད་དོ། །དེ་ཡང་རིག་པ་དང་སྟོང་པ་དབྱེར་མེད་དུ་གནས་པ་ཡིན་ཏེ་རིག་པས་རང་ཉིད་སྟོང་པར་མ་རིག །སྟོང་ཉིད་གཞན་ནས་རྟོགས་བྱར་འདོད་པ་མ་རིག་པའོ། །དེས་གཟུང་བ་དང་འཛིན་པའི་ལས་བྱས་པས་རྣམ་པར་ཤེས་པ་མྱུ་གུ་ལྟ་བུར་བསྐྱེད། རྒ་ཤི་ལ་སོགས་པ་འཁོར་བའི་ཆོས་སུ་སྣང་བའོ། །རིག་པ་རང་སྟོང་པར་ཤེས་པས་མྱ་ངན་ལས་འདས་པའི་ཆོས་སུ་སྣང་བའོ། །སྟོང་པ་ཉིད་ཀྱི་གཞི་ལ་ནི། ལས་དགེ་སྡིག་བསོག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་བསྐུལ་ནས་སྒོ་ལྔའི་རྣམ་པར་ཤེས་པ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཆགས་སྡང་གི་ལས་བསགས་པས་འཁོར་བའི་ཆོས་སུ་སྣང་བའོ། །རང་རིག་པའི་ཡེ་ཤེས་ཀྱིས་ཡུལ་སྒོ་ལྔ་ལ་ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་

p. 218

པ་ཕྲད་ནས་ཀུན་གཞིའི་རྣམ་པར་ཤེས་པ་སྟོང་པར་རྟོགས་པས་མྱ་ངན་ལས་འདས་པའོ། །ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང༌། །རྣམ་པར་བྱང་བའི་གཞི་མ་ཡིན། །ཞེས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཆོས་ཉིད་སྟོང་པ་ཉིད་ཡིན་པས་སམ། རྣམ་པར་བྱང་བའི་གཞི་མ་ཡིན་པ་ནི། འཁོར་འདས་ཀྱི་བདེ་སྡུག་ཏུ་སྣང་བ་ཡང་སྟོང་པ་ཉིད་དུ་འགྱུར་བ་མེད་པའོ། །དེ་ལྟར་ཡིན་པ་ཅིའི་ཕྱིར་ཞེ་ན། ནམ་མཁའ་འདི་ཆོས་ཅན། གཞི་ཡིན་ཏེ། སྣང་མུན་གཉིས་སྣང་བ་ཡིན་པའི་ཕྱིར་རོ། །ཡང་རྣམ་བྱང་མི་འགྱུར་བ་ཡིན་ཏེ། སྣང་མུན་འདི་ཆོས་ཅན། ནམ་མཁའ་མ་ཡིན་ཏེ་ཡུལ་གཉིས་སུ་སྣང་བ་ཡིན་པའི་ཕྱིར་རོ། ། ༈ ད་ནི་གསུམ་པ་བྱིན་རླབས་ཞུགས་པའི་ལྟ་བ་ནི། བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཞིག་ལ་མོས་གུས་བྱས་ཤིང་གསོལ་བ་བཏབ་ན་བྱིན་རླབས་འཇུག་སྟེ་ཅི་ཞིག་ལྟར་ལ་རང་གི་སེམས་རྟོགས་པའོ། །ལྟ་བ་གཉིས་པོ་དང་ཆོས་ཉིད་རྟོགས་པའི་ལྟ་བ་གཅིག་གམ་ཐ་དད་ཅེ་ན། གཉིས་གཅིག་ཏུ་བྱས་པའི་གཅིག་པ་མི་འདོད་འདྲ་བ་ཙམ་གཅིག་པའོ། །གཅིག་ན་སྐྱོན་ཅི་ཡོད་ཅེ་ན། བེམ་རིག་གི་ཁྱད་ཡོད་པའོ། །གཞན་ཡང་རིག་པ་བེམ་པོར་འགྲོ་བའི་གནད་ཡོད། རིག་བཅས་ཀྱི་ཆོས་སྐུ་ཡང་འདྲ་བར་གཅིག་ལ་གཉིས་གཅིག་ཏུ་བྱས་པའི་གཅིག་པ་མི་འདོད། གཅིག་པ་ལ་སྐྱོན་ཅི་ཡོད་ན། གཅིག་སངས་རྒྱས་ན་ཀུན་སངས་རྒྱས་སོ། །དེ་ལ་འབྲེལ་བ་ཡོད་དམ་མེད་ཅེ་ན། བདག་གཅིག་པ་ནི་དེ་ལས་བྱུང་བའི་འབྲེལ་བ་མེད་པའོ། །རྗེས་མཐུན་པ་ཡོད་དེ། འདས་པའི་སངས་རྒྱས་ཇི་ལྟར་སངས་རྒྱས་པ་བཞིན་དུ་བདག་ཀྱང་སངས་རྒྱས་པའོ། །ད་ནི་སྤྱི་དོན་གསུམ་ལ། ལམ་ནི་ས་བཅུ་ལམ་ལྔ་ལ་སོགས་པ་གསུངས་པ་ལས། འདིར་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ། ཀུན་
བརྟགས་ཕུང་པོ་ལྔ་ལས་གཞན་དབང་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་ནས་ཡོངས་གྲུབ་བསྐྱེད་པའི་རིམ་པ་བསྒོམ་པའོ། །རྫོགས་པའི་རིམ་པ་ནི། མཚན་བཅས་མཚན་མེད་ལ་སོགས་པ་མང་ཞིག་གསུངས་ན་ཡང༌། རང་གི་སེམས་གསལ་བའི་ངར་དང་བཅས་པས་བདེ་བའི་ཉམས་དང་ལྡན་པ་རྟོག་མེད་ཀྱི་དོན་དང་བཅས་པའོ། །འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱིས་སངས་རྒྱས་པའོ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།། །།

འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་དོན་མཆོག་བདུན་མའི་རྩ་འགྲེལ།

p. 219

༄༅། །འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་དོན་མཆོག་བདུན་མའི་རྩ་འགྲེལ་བཞུགས་སོ། །
༄༅། །ན་མོ་གུ་རུ། མཉམ་ཉིད་དོན་དང་ལྡན་པའི་རིན་པོ་ཆེ། །སྐུ་གསུམ་རྣམ་དག་དབྱེར་མེད་ངོ་བོ་ཉིད། །མཐོང་ཐོས་དྲན་རེག་སྐུ་ལྔ་ཐོབ་མཛད་པའི། །བཀའ་དྲིན་ཅན་གྱི་བླ་མའི་ཞབས་ལ་འདུད། །དམ་ཆོས་བདུད་རྩི་འོ་མའི་རྒྱ་མཚོ་ལས། །དོན་མཆོག་ཉམས་མྱོང་རང་རིག་མངོན་སུམ་འདི། །འགྲོ་རྣམས་དག་གི་དོན་དུ་གཉེར་ལགས་ཀྱིས། །སྐལ་པར་གང་བབ་དོན་དུ་བྲི་བར་བྱ། །སྒྲུབ་པའི་གནས་མཆོག་གང་ཟག་ལུས་གནད་དོན། །བདེ་གཤེགས་བཀའ་བརྒྱུད་བླ་མའི་བྱིན་རླབས་དོན། །དད་གུས་སྐོམ་པ་ཆུ་འཕྲད་ངེས་ཤེས་དོན། །སྣ་ཚོགས་ཁ་བསྒྱུར་རིན་ཆེན་སེམས་བསྐྱེད་དོན། །ཉམས་སུ་ལེན་པ་ལམ་མཆོག་རྟེན་འབྲེལ་དོན། །མ་སྨིན་པ་རྣམས་སྨིན་བྱེད་དབང་གི་དོན། །ཆོས་རྣམས་རང་སེམས་སྣང་བ་ཟུང་འཇུག་དོན། །ལྟ་བ་མཐའ་བྲལ་ངོ་བོ་རྟོགས་པའི་དོན། །འབྲས་བུ་གནས་སྐབས་མཐར་ཐུག་
རང་གཞན་དོན། །བཀྲ་ཤིས་དང་ནི་བསྔོ་བ་སྨོན་ལམ་དོན། །འཇིག་རྟེན་རྒྱབ་ཀྱིས་ཕྱོགས་པའི་བློ་བརྟན་པོ། །བླ་མ་ལ་གུས་འགྲོ་ལ་སྙིང་བརྩེ་བས། །རྗེ་ཡི་གདན་སར་མཚན་དུ་གསོལ་བས་བསྐུལ། །ཞལ་ངོ་མ་བཅག་དོན་མཆོག་བདུན་པ་བྲིས། །བརྩེ་ཆེན་ཁྱེད་སོགས་འདི་ཡིས་རྒྱལ་གྱུར་ཅིག །དཔོན་ཞིག་པོ་ཞེས་བྱ་བའི་དུས་སུ་ཉམས་མྱོང་དང་རྟོགས་པ་སྐྱེས་པའི་དོན་མཆོག་བདུན་པ་ཞེས་བྱ་བ། ཟབ་མོ་རྡོ་རྗེའི་ཚིག་ཐུགས་ལ་ཡོད་པ་ལྗགས་དམར་པོའི་རྩེ་ལས་ཕྱུང་ནས་གདུལ་བྱ་རྣམས་ཀྱི་ངོར་གསུངས་པ་ཤོག་བུ་དཀར་པོ་ལ་ཡི་གེར་བྲིས་པ་ལགས་སོ། །དགེའོ།། །།

ཏི་ཤྲི་རས་པས་མཛད་པའི་དོན་མཆོག་བདུན་པ།

p. 220

༈ ན་མོ་གུ་རུ། སྒྲུབ་པའི་གནས་མཆོག་ཅེས་པ་ནི་རི་བོའི་རྩེའམ། ཤིང་གཅིག་གམ། དུར་ཁྲོད་དམ། བྱ་སྐྱིབས་སམ་ལྷོ་གཞོལ་བ། མེ་ཏོག་དང་རྩི་ཤིང་དང༌ནགས་ཚལ་ཕུན་སུམ་ཚོགས་པ། བློ་ཆོས་ལ་འགྲོ་ཞིང་ཏིང་ངེ་འཛིན་འཕེལ་བ། མཁའ་འགྲོ་འདུ་ཞིང་བྱིན་རླབས་འབྱུང་བ། དབེན་ཞིང་ཉམས་དགའ་བའོ། །དོན་ནི་བདུན་པོ་ཀུན་ལ་གསལ་པོར་བསྟན་ཏོ། །རེ་རེ་དམིགས་ཀྱིས་བསལ་ནས་གནས་ཀྱི་མཚན་ཉིད་གོང་དུ་བསྟན་པ་རྣམས་མ་ཡིན་པའི་གོ་སྐབས་མ་ཡིན་པའོ། །སེམས་སྐུ་གསུམ་དུ་སྣང་ན་སྲིད་པ་གསུམ་མི་སྣང༌། སྲིད་པ་གསུམ་ཡང་ཉོན་མོངས་པ་ཡིན་ན་ཡང༌། ཁྱད་པར་དུ་འདོད་ཆགས་ཀྱིས་ལུས་སྲིད་པར་བྱེད་པ་ཡིན། གཟུགས་ཀྱིས་འདོད་ཆགས་དང༌། ཟག་པ་ཟུག་རྔུ་དང་བཅས་པའི་འཁྲིག་པའི་འདོད་ཆགས་དང་བཅས་པ་གཉིས་ཀྱིས་འདོད་ཁམས་སྲིད་པ་ཡིན། འཁྲིག་པའི་འདོད་ཆགས་མེད་ལ་གཟུགས་ཀྱི་འདོད་ཆགས་ཡོད་པས་གཟུགས་ཁམས། ཉོན་མོངས་པ་བག་ལ་ཉལ་ཡོད་ལ་འཁྲིག་པ་དང་གཟུགས་ཀྱི་འདོད་ཆགས་གཉིས་མེད་པས་གཟུགས་མེད། གཟུགས་སྡུག་པ་མངོན་དུ་གྱུར་ཙམ་ན་དེར་འཛིན་རགས་པ་འདོད་ཆགས་སྐྱེས་པ་དེ་འདོད་ཁམས། དེར་

p. 221

འཛིན་ལོག་པ་ལ་གཟུགས་སྣང་བ་དེ་གཟུགས་ཁམས། དེར་འཛིན་དང་གཟུགས་གཉིས་ཀ་མི་སྣང་བ་དེ་གཟུགས་མེད། སྐད་ཅིག་མ་གཅིག་གི་རྟོག་པ་གཅིག་ལ་གནས་སྐབས་ཀྱི་སྲིད་པ་གསུམ་སྣང་བ་ཡིན་ནོ། །རང་སེམས་གང་དུ་རྟོག་པ་དེ་རྟོག་པ་དང༌། སྣང་བ་གང་གིས་མ་འདྲེས་པའི་གོ་སྐབས་མ་ཡིན་ཏེ། ལུང་ལས་ཀྱང་། སེམས་གཉིས་འགྲོགས་ཅིང་ཕྲད་པ་མེད། །ཅེས་པ་དང༌། སློབ་དཔོན་སེངྒེ་བཟང་པོའི་ཞལ་ནས་ཀྱང༌། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །ཅེས་པ་དང༌། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། གང་གང་མཐོང་བ་དེ་དེ་ཉིད། །ཅེས་པ་དང༌། ཚོན་སྐུད་སྣ་ལྔའི་ཟ་འོག་གུར་ཁྱིམ་ཕྱི་ལ་བལྟས་ན་ཐམས་ཅད་མཐོང༌། དཀར་པོ་ལ་བལྟས་ན་ཁ་དོག་མི་མཐོང་བ་བཞིན་ནོ། །དེ་ནས་སོ་སོ་གང་དུ་སྣང་བ་གཞན་གྱིས་མ་འདྲེས་པར་རྒྱུས་སུ་ཐོན་པ་ཞིག་ཉམས་སུ་མྱོང་དགོས་པ་ཡིན། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀུན་ལ་ཤེས་རབ་ཞིབ་མོའི་ལྟ་དཔྱད་ཡོད་ཀྱང༌ཕྱོགས་རེ་རེ་ཙམ་དུ་མཉམ་དུ་ཡོད་ཀྱི་ཐམས་ཅད་དུ་མཉམ་དུ་མེད། རྣལ་འབྱོར་པ་རླུང་སེམས་འདུས་པའི་ཉམས་ལ་ཕྱོགས་འགའ་རེ་དུས་མཉམ་དུ་སྣང་ཡང་ཐམས་ཅད་དུ་མི་སྣང་བ་དང༌། ལྷ་ཡི་མིག་དང་མངོན་པར་ཤེས་པ་ཡོད་པ་རྣམས་ལ་ཡང་ཕྱོགས་རེས་འགའ་རེ་ཡོད་པ་ཡིན་གྱི་ཐམས་ཅད་མི་སྣང་། ལམ་དང་ས་ལ་གནས་པ་ཡང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་སྐུ་གསུང་ཐུགས་མི་ཟད་པ་ལ་སྐུ་ཡིན་པའི་དུས་ན་གསུང་ཡང་ཡིན་ལ་ཐུགས་ཀྱང་ཡིན། གསུང་ཡིན་ན་སྐུ་དང་ཐུགས་ཀྱང་ཡིན། ཐུགས་ཡིན་ན་སྐུ་དང་གསུང་ཡང་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་དེ་ལྟར་སྣང༌། ཤེས་བྱ་རིམ་གྱིས་མཁྱེན་པ་ལ་ཟེར་བ་མིན། དུས་གཅིག་ལ་དུས་གསུམ་ཤེས་བྱ་མ་ལུས་མཁྱེན་པ་ཡིན། དེ་རྣམས་གཅིག་ཏུ་དྲིལ་ནས་མཁྱེན་པ་མ་ཡིན་ནོ། །

p. 222

དེ་ལྟར་ལས་དང་པོ་པས་ཉམས་སུ་ལེན་པའི་དུས་ན་གང་ཉམས་སུ་ལེན་པ་དེ་གཞན་གྱིས་མ་འདྲེས་པར་རུས་སུ་ཐོན་པ་གཅིག་ཉམས་སུ་ལེན་པ་ཡིན། སེམས་ཉིད་སྟོང་པ་ཉིད་ཡིན་ན་སྟོང་པ་ཉིད་དུ་མྱོང་དགོས། ཟུང་འཇུག་ཡིན་ན་ཟུང་འཇུག །ཕྱག་རྒྱ་ཆེན་པོ་ཡིན་ན་ཕྱག་རྒྱ་ཆེན་པོ། གང་རྟོགས་པའི་དོན་དེ་ཉམས་སུ་མྱོང་བ་དགོས་པའོ། །གང་ཟག་གི་ནི་སྣོད་སྐྱོན་གསུམ་སྤངས་པ་རིན་པོ་ཆེའི་སྣོད་ལྟ་བུའོ། །ལུས་ནི་གསང་སྔགས་དང་འདུལ་བ་ནས་གསུངས་པའི་རྐྱེན་མེད་གནད་ཆོས་དྲུག་དང་ལྡན་པའོ། །ལམ་གང་གི་གནད་ཉམས་སུ་བླངས་པ་མ་ཡིན་པའི་གོ་སྐབས་མ་ཡིན་ནོ། །གནས་བཀྲ་ཤིས་ཤིང་ཏིང་ངེ་འཛིན་འཕེལ་བའི་དོན། གང་ཟག་སྐྱོན་དང་བྲལ་བའི་དོན། འཁྲུལ་འཁོར་གནད་དུ་ཚུད་ན་འབྱུང་བཞི་རོ་སྙོམས་ཤིང༌། སྲོག་རྩོལ་གནད་དུ་ཚུད་ན་ཐིག་ལེ་འཕེལ་བས་མི་རྟོག་པ་སྐྱེ་བའི་དོན་ནོ། །བདེ་བར་གཤེགས་ཞེས་པ་ནི་ཕྱི་རོལ་དུ་མུ་སྟེགས་ཀྱི་སྟོན་པ་དང༌། དགེ་སྦྱོང་གཅེར་བུ་ལ་སོགས་པ་མ་ཡིན་པའི་ཆད་ཁུངས་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྩ་བའི་བླ་མའི་བར་ལ་བླ་མ་དེ་དག་བྱིན་རླབས་འབྱུང་བའི་གནས་ཡིན་པའི་དོན་ནོ། །དད་གུས་ཀྱིས་གསོལ་བ་བཏབ་ན་སྐོམ་པ་ཆུ་དང་འཕྲད་ན་ཚིམས་པ་བཞིན་ངེས་ཤེས་གཏིང་ནས་སྐྱེས་པའི་དོན་ནོ། །གསེར་སྲང་གང་གིས་ལྕགས་སྲང་སྟོང་གསེར་འགྱུར་གྱིས་རྩིས་གསེར་དུ་བྱེད་པ་ལྟར་ལས་དང་བྱ་བ་བྱེད་པ་ཐམས་ཅད་བྱང་ཆུབ་སེམས་སུ་སྣང་བ་དོན་ནོ། །ཉམས་སུ་ལེན་པ་ལམ་མཆོག་ཅེས་པ་ནི་ལམ་མཆོག་རྟེན་འབྲེལ་འགྲིགས་པ་གཅིག་དགོས་ཏེ་འདི་ལ་བདུན། ལུས་ངག་ཡིད་གསུམ་ཐ་མལ་པ་དབང་བསྐུར་ནས་སྨིན་པའི་དོན། བླ་མ་བྱིན་རླབས་དང་ལྡན་པ། སློབ་མ་མོས་གུས་ཡོད་པ། ཕྱག་རྒྱ་རྩ་བཟང་བ། བསྙེན་སྒྲུབ་

p. 223

ཚད་དུ་བསྐྱལ་བ་དེ་བཞི་འཛོམས་ན་རྟེན་འབྲེལ་མི་སྨིན་པའི་གོ་སྐབས་མ་ཡིན་པའོ། །ཆོས་རྣམས་སེམས་སུ་ཞེས་པ་ནི་ཡུལ་དང་ཡུལ་ཅན་གཟུང་བ་དང༌འཛིན་པ་གཉིས་སྣང་དང༌གཉིས་འཛིན་སེམས་ལ་འདི་དག་སྣང་བ་ལ། ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྟོན་པ་རྟག་ཆད་དང༌གང་ཟག་གིས་བདག་ཏུ་བཟུང༌། ཉན་ཐོས་དང་རང་སངས་རྒྱས་ཀྱིས་གང་ཟག་གིས་བདག་དང་བདག་མེད། མདོ་སྡེ་པས་རང་གིས་ཤེས་ཉམས་སུ་མྱོང་བ་འཇོག་མཁན་གྱི་ཤེས་པ་རྐྱེན་དང་བཅས་པ། སེམས་ཙམ་པས་སེམས་དང་རྣམ་པ་དང༌། དབུ་མ་པས་སྒྱུ་མ་དང་སྒྱུ་མ་བདེན་པ། བྱང་ཆུབ་སེམས་དཔས་བདག་མེད་གཉིས། གསང་སྔགས་པས་ཟུང་འཇུག །གོང་མས་འོག་མ་འགོག་པ་རྣམ་གཅོད། རང་གཞུང་སྒྲུབ་པ་ཡོངས་གཅོད། གྲུབ་མཐའི་བྱེ་བྲག་དེ་ལས་བྱུང་བ་ཡིན། ཐམས་ཅད་སེམས་སུ་ཤེས་ན་ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན་པ་མེད་པར་གཅིག་ཏུ་རྟོགས་པས་ཟུང་འཇུག་དེ་དོན་ཐམས་ཅད་རང་ལ་འགྲིགས་པས་རྟེན་འབྲེལ། ཟུང་འཇུག་མ་ཡིན་པ་གཞན་གྱི་གོ་སྐབས་མ་ཡིན་ནོ། །ལྟ་བ་ལས་འབྲས་བུ་ཁྱད་དུ་གསོད་པའི་སྟོང་ཉིད་དང༌། སྟོང་ཉིད་རྒྱས་འདེབས་སུ་སོང་བ་དང༌བློས་བྱས་ཀྱི་སྟོང་པ་མ་ཡིན་པ། མཐའ་བརྒྱད་དང་བྲལ་བའི་ངོ་བོ་ཉིད་རྒྱུ་འབྲས་སུ་རྟོགས་པ་རྟེན་ཅིང་འབྱུང་བའི་དོན། སེམས་ཀྱི་ངོ་བོ་ངེས་ཚིག་མཚན་ཉིད་ལས་གཞན་པའི་གོ་སྐབས་མ་ཡིན་ནོ། །བཞི་པ་ཕུང་ཁམས་དང༌། སྐྱེ་མཆེད་དང༌། རྐྱེན་ཡི་དམ་ལྷ་སྐུ་རང་སེམས་དེ་གསུམ་འགྲིགས་པས་རྟེན་འབྲེལ། རང་སྣང་ལྷར་གསལ་བ་དོན། དེ་གསུམ་འགྲིགས་པས་ལྷ་མ་ཡིན་པ་གཞན་གྱི་གོ་སྐབས་མ་ཡིན་ནོ། །རྩ་དང་ཡི་གེ་རླུང་དང་བྱང་སེམས་རིག་པ་ལ་ལམ་རེ་རེ་ལ་དུས་གཅིག་ཏུ་ཚོགས་པ་རྟེན་འབྲེལ། སོ་སོའི་ཉམས་མྱོང་དང་རྟོགས་པ་སྐྱེས་པ་དོན་ལ་སོ་སོར་སྨིན་པ་མ་

p. 224

ཡིན་པ་གཞན་གྱི་གོ་སྐབས་མ་ཡིན་པའོ། །རང་གི་སེམས་གདོད་ནས་རྣམ་པར་དག་པ་སངས་རྒྱས་ཀྱི་ཐུགས་རང་ལ་ཡོད་པ་གཞན་ནས་མ་ཚོལ་བ། རྟེན་འབྲེལ་མཚན་མའི་དངོས་པོས་མ་གོས་ཤིང༌བསྒོམ་བྱ་སྒོམ་བྱེད་མེད་པར་ལྷུན་གྱིས་གྲུབ་པའི་དོན། ཅིར་སྣང་ཕྱག་རྒྱ་ཆེན་པོར་རྟོགས་པ་མ་གཏོགས་པ་གཞན་གྱི་གོ་སྐབས་མ་ཡིན་ནོ། །སྡོམ་པ་གསུམ་པོ་གཅིག་གིས་གཅིག་མི་འཇོམས་པར་སོ་སོར་བསྲུང༌། འགལ་བ་འདུས་པ་ཡར་ལྡན་དུ་སྐྱོང་བ་རྟེན་འབྲེལ། སྡོམ་པ་གསུམ་ཀ་ཐིག་ལེ་མི་ཉམས་པར་བསྲུང་བ་རྩ་བ། ཁྱད་པར་གསང་སྔགས་པས་སྤེལ་བར་སོ་སོའི་གནད་མ་འཆུག་པར་བྱེད་པ་དོན་ཡིན་ནོ། །ཐམས་ཅད་གྲོགས་སུ་ཤར་བས་སྤྱོད་པ་རོ་མཉམ་པས་ཤེས་པ་མ་ཡིན་པ་གཞན་གྱི་གོ་སྐབས་མ་ཡིན་ནོ། །འབྲས་བུ་ཞེས་པ་ནི་རྒྱུ་སྔོན་དུ་སོང་བ་ལས་འབྱུང་བ་སྟེ། དེ་ཡང་རྟེན་འབྲེལ་འགྲིགས་པ་དགོས། རྒྱུ་ལུས་ངག་ཡིད་གསུམ་རླུང་ཐིག་ལེ་ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས། རྐྱེན་བླ་མ་དམ་པའི་གདམས་ངག་དེ་དག་ཚོགས་པས་རྟེན་འབྲེལ། འབྲས་བུ་གནས་སྐབས་རྟགས་དང་ཕན་ཡོན། མཐར་ཐུག་སྐུ་ལྔ་རོ་གཅིག་སྟེ། དེ་ཡང་ཉེ་བར་ལེན་པའི་རྒྱུ་གདུལ་བྱ་དག་དང་མ་དག་ལ། ལྷན་ཅིག་སྐྱེས་པའི་རྐྱེན་དང་པོ་བྱང་ཆུབ་སེམས་བསྐྱེད། བར་དུ་ལམ་ཉམས་སུ་བླངས་པས་རྟེན་འབྲེལ་འགྲིག །རྗེས་ལ་གདུལ་བྱའི་དོན་དུ་སངས་རྒྱས་པའི་སྨོན་ལམ་བཏབ། དེ་དག་ཚོགས་པ་ལས་བདག་དོན་སངས་རྒྱས་རང་ལ་རྙེད། གཞན་དོན་ལྔས་རིགས་ཅན་བདེ་ལ་འགོད་པའི་དོན་ཡིན་ནོ། །བཀྲ་ཤིས་ཀྱིས་དག་པར་བྱེད། བསྔོ་བས་མི་ཟད་པའི་གཏེར་དུ་སྦེད། སྨོན་ལམ་གྱིས་ཁ་བསྒྱུར། དེ་གསུམ་ཚོགས་ན་འགལ་བའི་རྐྱེན་གང་གིས་བར་དུ་མི་ཆོད་ཅིང་འགྲུབ་པ་དོན་ནོ། །ཏི་ཤྲི་རས་པས་མཛད་པའི་དོན་མཆོག་བདུན་པ་རྫོགས་སོ།། །།དགེའོ།།

འགྲོ་མགོན་ཏི་ཤྲི་རས་ཆེན་གྱི་གསུང་ངོ་སྤྲོད་ཞུས་ལན་ཕྱག་ཆེན་མུ་ཏིག་ཕྲེང་བ།

p. 225

༄༅། །འགྲོ་མགོན་ཏི་ཤྲི་རས་ཆེན་གྱི་གསུང་ངོ་སྤྲོད་ཞུས་ལན་ཕྱག་ཆེན་མུ་ཏིག་ཕྲེང་བ་བཞུགས་སོ། །
༄༅། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །གཉིས་སུ་མེད་པའི་བླ་མ་ལ། །ཉེར་ལེན་འབྲས་བུ་འབྱུང་བ་ཡིས། །བདག་ཐ་བ་སྤང་བའི་ལུས་ངག་ཡིད། །མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །འགྲོ་ལ་ལོ་ཏོག་སྨིན་པས་འདུད། །ཕ་བདེ་གཤེགས་བླ་མ་རིན་པོ་ཆེ། །བཀའ་ཡི་བརྒྱུད་པ་མ་ཆད་པ། །ཐུགས་བཅུད་གདམས་པ་རིན་ཆེན་གནད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདག་ལ་རེ་ལྟོས་བྱེད་པ་ཡི། །གསོལ་འདེབས་རྣམས་ལ་བྱིན་གྱིས་རློབས། །ཡོན་ཏན་སྐྱབས་ཞེས་སྐྱེས་བུ་དེས། །བླ་མ་སངས་རྒྱས་སུ་མཐོང་བ་ཡིས། །བདེ་གཤེགས་བཀའ་དང་བླ་མའི་གསུང་། །རང་གཞན་བསམ་པ་འགྲུབ་པ་ཡི། །ངོ་སྤྲོད་ཞལ་གདམས་ཟབ་མོ་རྣམས། །འགྲོ་ལ་བརྩེ་བས་ཞུ་འབུལ་བས། །ཁྱོད་ཀྱི་ཞལ་ངོ་མི་གཅོག་པས། །ཞུས་ལན་མུ་ཏིག་ཕྲེང་བ་བྲི། །ཐུབ་པ་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་ཕུང་པོ་གསུངས་མོད་ཀྱང་། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །གཉེན་པོ་གང་ཡིན་ཞུས་པ་ནི། །སྤང་བྱ་སྤོང་བྱེད་གཉེན་པོ་དང་། །རང་བཞིན་ཤེས་པའི་གཉེན་པོའོ། །ཞེ་སྡང་ལས་གྱུར་ཉི་ཁྲི་སྟོང་། །འདོད་ཆགས་ལས་གྱུར་ཉི་ཁྲི་སྟོང་། །གཏི་མུག་ལས་གྱུར་ཉི་ཁྲི་སྟོང་། །དུག་གསུམ་ཆ་མཉམ་ཉི་ཁྲི་སྟོང་། །ཞེ་སྡང་གཉེན་པོར་བྱམས་པ་བསྒོམ། །མི་སྡུག་ལ་སོགས་སེམས་ཅན་ལ། །མ་གཅིག་བུ་ལྟར་བྱམས་པ་དང་། །མ་རྣམས་བདེ་བར་རྟག་ཏུ་བསྒོམ། །འདོད་ཆགས་

p. 226

གཉེན་པོར་མི་སྡུག་བསྒོམ། །སྡུག་པའི་ཡུལ་རྣམས་མཐོང་བའི་ཚེ། །མི་གཙང་རྫས་དང་ཀེང་རུས་དང་། །ཕུང་པོ་བཤིག་ཁྲོལ་བསྒོམ་པར་བྱ། །གཏི་མུག་གཉེན་པོར་སྟོང་ཉིད་བསྒོམ། །མ་རིག་ལ་སོགས་རྟེན་འབྲེལ་ཡང་། །སྐྱེ་འགག་གནས་གསུམ་བྲལ་བས་སྟོང་། །དུག་གསུམ་ཆ་མཉམ་གཉེན་པོ་ནི། །ཉོན་མོངས་ཤས་ནི་གང་ཆེ་བ། །དེ་དང་དེ་ཡི་གཉེན་པོ་བསྒོམ། །དེ་བཞིན་ཤེས་པའི་གཉེན་པོ་ནི། །ཐེག་མཆོག་བླ་མེད་དགོངས་པ་ཡིས། །དུག་ལྔ་རང་གྲོལ་ཡེ་ཤེས་ལྔ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཞེ་སྡང་དམྱལ་བ་རང་གིས་སྟོང་། །སེམས་ཅན་སེམས་དང་རང་གི་སེམས། །སངས་རྒྱས་ཐུགས་དང་རང་གི་སེམས། །ཁྱད་པར་གྱུར་པ་གཅིག་མེད་པས། །ང་རྒྱལ་སྐྱེ་བའི་ཡུལ་དང་བྲལ། །ཆེ་འདོད་ཡོན་ཏན་མཉམ་པ་ཉིད། །སྒོ་ལྔ་ཡུལ་དུ་གྱུར་པ་ལ། །སོ་སོར་མ་འདྲེས་ཀུན་རྟོགས་པས། །ཟག་མེད་བདེ་བ་ཆེན་པོར་མྱོང་། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །ནང་དུ་ཏིང་འཛིན་རྩལ་རྫོགས་པས། །ཕྱི་རུ་ཕྲིན་ལས་ཐོགས་པ་མེད། །དཔལ་ལ་མི་སྡང་གཞན་གཅེས་པས། །བྱང་ཆུབ་སེམས་གཉིས་དབྱེར་མེད་ཀྱིས། །ཕྲག་དོག་མཐོ་གནོན་རང་སར་ཞི། །གཞན་དོན་ཕྲིན་ལས་བྱ་བ་འགྲུབ། །གཏི་མུག་རང་བཞིན་རྣམ་དག་པས། །སྣང་མེད་འོད་གསལ་ཆེན་པོར་མྱོང་། །ཁྱབ་དང་གཟུགས་ཅན་མ་ཡིན་དང་། །འགྲོ་འོང་མེད་དང་ལྷུན་གྱིས་གྲུབ། །ནམ་མཁའ་ལྟ་བུར་ཐམས་ཅད་སྟོང་། །གཞན་ཡང་རྣམ་རྟོག་སྣང་བ་དང་། །ཉོན་མོངས་ལ་སོགས་ཆོས་རྣམས་ཀུན། །སོ་སོར་རང་རང་སྟོང་པ་ཡིན། །དེ་ལྟར་གཉེན་པོ་ཤེས་པར་བྱ། །བདག་ཉིད་ལས་འཕྲོ་འཛོམས་ཞེས་པ། །དགེ་བའི་བག་ཆགས་གོམས་ན་ཡིན། །གང་ཟག་གཞན་ལ་ཕན་འདོད་པ། །བྱང་ཆུབ་སེམས་ཀྱིས་ཟིན་ན་ཡིན། །སྐལ་ལྡན་རྣམས་ཀྱིས་མཐོང་ཐོས་པ། །ཆོས་ཟབ་སྣོད་དུ་

p. 227

གྱུར་པ་དེ། །ཐོག་མེད་དུས་ཀྱི་ལས་འབྲེལ་དེས། །ཆོས་ལ་ལས་འཕྲོ་སད་པ་ཡིན། །བླ་མའི་ཐུགས་དགོངས་རྫོགས་འདོད་པ། །ཅི་གསུང་བསྒྲུབས་པས་ཡོང་བ་ཡིན། །ཞུ་ལོ་ཚེ་འདིར་མ་ལགས་པས། །ཡང་དག་དོན་གཅིག་ཞུ་ཞེས་པ། །ཡང་དག་དོན་དེ་གང་ལགས་ན། །རང་གི་སེམས་ལས་ལོགས་ན་མེད། །རང་སེམས་དྲི་མེད་ཆོས་སྐུ་འདི། །ཐོག་མེད་དུས་ནས་འབྲལ་མ་མྱོང་། །དུས་འདིར་རྟོགས་ཀྱང་གསར་སྐྱེས་མིན། །བླ་མའི་དྲིན་གྱིས་མཐོང་བ་ཡིན། །མོས་གུས་ཅན་གྱིས་རྟོགས་པ་ཡིན། །རྟོགས་ལྡན་ལྷན་ཅིག་སྐྱེས་པ་འདི། །གྲུབ་མཐས་མ་བསྒྱུར་ཐ་མལ་ཤེས། །སེམས་ངོ་རང་གིས་ཤེས་པ་ཡིན། །ཡོན་ཏན་སྐྱབས་ཞེས་ཟེར་བ་དེ། །ཁྱོད་རང་ཉིད་ལ་ཟེར་བ་ཡིན། །ད་ལྟའི་ཤེས་པ་སོ་མ་འདི། །ཆོས་སྐུ་ཡིན་པར་གཅེར་གྱིས་ལྟོས། །སྣང་བ་སྣ་ཚོགས་དཀར་དམར་འདི། །སྤང་བླང་མ་བྱེད་ལྷུག་པར་ཞོག །རྣམ་རྟོག་སྣ་ཚོགས་འཕྲོ་བ་འདི། །རང་རིག་ཡེ་ཤེས་ཡིན་པར་གོ །ཡུལ་དུ་སྣང་བའི་དངོས་པོ་འདི། །ཕྱི་རོལ་དོན་དུ་གྲུབ་མེད་ཀྱང་། །སྣང་བ་བག་ཆགས་འཐས་པ་ཡིན། །རང་སེམས་ཆོས་སྐུར་གོ་ཙམ་ན། །བག་ཆགས་ཤུགས་ཀྱིས་འབྱང་བ་ཡིན། །དྲན་པ་སྐད་ཅིག་མེད་པ་དེ། །སྐུ་གསུམ་ངོ་སྤྲོད་བླ་མ་ཡིན། །མ་བཅོས་ཤེས་པ་སོ་མ་འདི། །བཏང་བཞག་མེད་པར་རང་དགར་ཞོག །བསྒོམ་མོ་སྙམ་ན་བཅོས་པ་ཡིན། །སྒོམ་རྒྱུ་བྱུང་ན་གཟུང་འཛིན་ཡིན། །སྒོམ་མཁན་ཡོད་ན་ང་བདག་ཡིན། །བཏང་བཞག་ཡོད་ན་བླང་དོར་ཡིན། །བཟང་ངན་བྱུང་ན་ཆོས་བརྒྱད་ཡིན། །གཉུག་མ་ལྷན་ཅིག་སྐྱེས་པ་ལ། །ཡོད་ཅེས་ཟེར་ན་སྒྲོ་འདོགས་ཡིན། །མེད་ཅེས་ཟེར་ན་སྐུར་འདེབས་ཡིན། །སྒྲོ་སྐུར་གཉིས་མེད་གཉུག་མ་འདི། །གང་ལ་ཟེར་བ་ཡིན་སྙམ་པའི། །རྟག་ཏུ་གདུང་སེམས་ཡོད་པ་ཀུན། །ལག་པའི་མཐིལ་གྱི་རྫས་མཐོང་བཞིན། །ཨ་ཕས་བསྟན་གྱི་

p. 228

བུ་རྣམས་ལྟོས། །ཀྱེ་ཧོ་སྐལ་ལྡན་རྣལ་འབྱོར་ཀུན། །ཨེ་མ་རང་བྱུང་ལྷན་ཅིག་སྐྱེས། །དེ་ནི་རང་རིག་འདི་ཡིན་ཏེ། །ངག་གིས་སྤྱོད་པའི་ཡུལ་མིན་པས། །ཏཻ་ལོའི་རིགས་བརྒྱུད་བྱིན་རླབས་ཅན། །ཀྱེ་ཧོཿགདུང་བས་གང་བོས་པ། །ནཱ་རོ་པ་ཡི་མོས་གུས་བཞིན། །གང་ལ་ཡོད་པ་རྣམས་ལ་འབོད། །རྨད་བྱུང་དམ་ཆོས་གང་ཡིན་པ། །རང་གི་ལུས་ངག་ཡིད་གསུམ་གྱི། །སྣང་དང་སྟོང་དང་ཡོད་མེད་སོགས། །ཇི་ལྟར་སྣང་བ་མ་ལུས་ཀུན། །རང་ཉིད་མིན་པ་གཅིག་ཀྱང་མེད། །གཞན་ཞིག་ཡིན་སྙམ་མ་བྱེད་ཅིག །རང་ཉིད་ཇི་ལྟར་འདུག་འདུག་འདི། །མཐའ་དང་བྲལ་བའི་ཤེས་པ་འདི། །ཕྱག་རྒྱ་ཆེན་པོ་མ་ཡིན་པ། །ཆོས་གཅིག་ལོགས་སུ་གྲུབ་པ་མེད། །ལུས་ངག་ཡིད་གསུམ་འཛིན་པ་ཡི། །ཤེས་པ་ཅི་ཞིག་ཡོད་ཡོད་པོ། །ཡོད་སྙམ་བྱེད་ཀྱང་མེད་པ་ཡིན། །ལུས་མེད་ལུས་དེ་སྟོང་པ་ཡིན། །རང་སེམས་ཆོས་སྐུ་རིན་པོ་ཆེ། །འབྲལ་མ་མྱོང་བ་ཐུགས་ལ་བཏགས། །ངོ་མ་ཤེས་པའི་སྙིང་རིང་པོ། །འདྲིས་ཀ་ཐུན་མོང་མ་ཡིན་པ། །ད་རེས་མཐོང་བས་ཨ་རེ་དགའ། །ཁྱོད་ལས་གྱོང་བ་གཅིག་ཀྱང་མེད། །རྟག་ཏུ་འགྲོགས་ཀྱང་མ་འདྲེས་པ། །ད་རེས་འབྲལ་མེད་གཅིག་ཏུ་གྱུར། །ཁྱོད་མཐོང་དགའ་བ་སྐྱེས་པ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆ་ཡི་བདེ་བ་བཞིན། །དགའ་དང་སྤྲོ་བ་རྒྱུན་ཆད་མེད། །བདེ་བ་ཆེན་པོ་སྐྱེས་པ་འདྲ། །ཐོག་མེད་དུས་ནས་མ་མཐོང་བ། །ད་རེས་མཐོང་བ་ངོ་མཚར་ཆེ། །ཡང་དག་དོན་ནི་གཤའ་མ་དེ། །རང་སེམས་ཆོས་སྐུ་འདི་ཡིན་གྱིས། །མ་བཅོས་ཞོག་ཅིག་སྐལ་ལྡན་ཀུན། །ཆོས་གཅིག་གཤའ་མར་བྱེད་གྱུར་ན། །ཅི་ཙུག་བྱ་ཞེས་ཞུས་པ་ནི། །འཆི་དང་མི་རྟག་ཤེས་བྱས་ལ། །འཁོར་བ་མཐའ་དག་ཡིད་འབྱུང་སྟེ། །རྒྱུ་འབྲས་ལས་ལ་རྩིས་བྱེད་ཅིང་། །ཐེག་ཆེན་རྩ་བར་གྱུར་པ་ནི། །བྱང་ཆུབ་སེམས་ལ་བློ་སྦྱོང་ཞིང་། །སྨིན་གྲོལ་

p. 229

གཉིས་ཀྱི་ལམ་ཉིད་ལ། །བསྐྱེད་རྫོགས་གནད་ནི་མ་འཆུག་པ། །ཚུལ་བཞིན་ཉམས་སུ་ལེན་ན་ཡིན། །རི་བྲག་སྟོང་པར་གཅིག་པུ་རུ། །སྡོད་ན་གདེང་ནི་ཅི་ལྟ་བུ། །ལྡན་ཞེས་ཁྱོད་ཀྱིས་ཞུས་པ་ནི། །མངོན་ལྐོག་མེད་པའི་ཚུལ་ཁྲིམས་དང་། །གདམས་པའི་གནད་ལ་མ་འཆུགས་དང་། །ཉམས་རྟོགས་གདེང་དང་ལྡན་པ་ཡིན། །ལར་ནི་བདག་འཛིན་མེད་ན་ཡིན། །ན་ཚ་སྡུག་བསྔལ་བྱུང་ཙ་ན། །ཟུག་གཟེར་ཇི་ལྟར་འཇོམས་ཞེས་པ། །ན་ཚ་སྡུག་བསྔལ་རང་གི་སེམས། །གཉེན་པོ་གཞན་དུ་བསྒོམ་དུ་མེད། །ཟུག་གཟེར་དེ་ཉིད་ཕྱག་རྒྱ་ཆེ། །གཅེར་མཐོང་བྱེད་པས་འཇོམས་པ་ཡིན། །ཉོན་མོངས་ཚན་ཀ་གཡོས་པ་ལ། །དེ་ཡི་གཉེན་པོ་ཞུས་པ་ནི། །གོང་དུ་ཞིབ་ཏུ་གསུངས་ན་ཡང་། །ཁྱད་པར་མཆོག་ཏུ་གསུངས་པ་ནི། །སྡུག་པའི་ཡུལ་རྣམས་མཐོང་དུས་ན། །འདོད་ཆགས་གཅེར་གྱིས་སྐྱེས་པ་དེ། །དེ་ཉིད་བདེ་བར་མྱོང་བར་བྱ། །ཡུལ་རྣམས་དྲན་ཅིང་ཡིད་བྱེད་པ། །དྲན་པ་དེ་ཉིད་བདེ་བར་བསྒོམ། །འདོད་ཆགས་རྟོག་པ་གང་སྐྱེས་པ། །དེ་ཉིད་བདེ་བ་ཆེན་པོ་ཡིན། །ཟག་པ་ཟུག་རྔུ་ཤོར་གྱུར་ན། །རྟོག་གཉིས་གཅིག་ཆར་མི་འཇུག་པས། །གང་གང་མྱོང་བ་དེ་རང་ཡིན། །དེ་ཉིད་བདེ་བར་མྱོང་བར་བྱས། །སེམས་ཅན་མི་སྡུག་མཐོང་བ་ན། །ཞེ་སྡང་གློ་བུར་སྐྱེས་གྱུར་ན། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཅི་ཙུག་བསྒོམ་ཞེས་ཞུས་པ་ནི། །མི་སྡུག་གཅེར་གྱིས་མཐོང་བ་ན། །བྱམས་པའི་མ་རུ་གཅེར་གྱིས་ལྟ། །ཞེ་སྡང་ཕྱུར་གྱིས་སྐྱེས་པ་དེ། །དེ་ཉིད་སྟོང་པ་ཉིད་ཡིན་ཏེ། །སྟོང་པའི་རོ་ནི་བདེ་ཆེན་པོ། །བདེ་སྟོང་ཟུང་འཇུག་བསྒོམ་པར་བྱ། །རང་སེམས་བདེ་བར་མྱོང་བ་སྟེ། །ཡུལ་ལ་བྱམས་པ་སྒོམ་པ་ཡིན། །སྙིང་རྗེ་ཇི་ལྟར་བསྒོམ་ཞེ་ན། །ཞེ་སྡང་ལ་སོགས་ཉོན་མོངས་ཀྱིས། །མནར་བའི་སེམས་ཅན་མི་སྡུག་པ། །འདི་ནི་འདི་ལྟར་སྡུག་བསྔལ་བ། །རང་

p. 230

སེམས་མ་རྟོགས་པ་ཡིས་ལན། །ཞེ་སྡང་ལ་སོགས་ཉོན་མོངས་དེ། །སྟོང་པ་ཡིན་པར་མ་ཤེས་པར། །སྙིང་རེ་རྗེ་ན་སྙམ་དུ་བསྒོམ། །སྙིང་རྗེ་ཇི་ལྟར་སྐྱེས་གྱུར་ཀྱང་། །སྙིང་རྗེ་སྐྱེ་བའི་ཡུལ་དེ་རྣམས། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །སྙིང་རྗེ་སྐྱེ་བའི་ཡུལ་མེད་ཀྱང་། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ། །ཐ་དད་འདུ་ཤེས་རྡུལ་ཙམ་ཡང་། །སྐད་ཅིག་གཅིག་ཀྱང་མི་སྐྱེ་བ། །དེ་བཞིན་འཕགས་པ་སྡུད་པ་ལས། །བྱང་ཆུབ་སེམས་ནི་རིག་པ་གང་གི་དུས་ཀྱི་ཚེ། །སྐྱེ་མེད་རྣམ་པར་བསམ་སྟེ་འདི་ལྟར་སྤྱོད་བྱེད་ཅིང་། །སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་མ་ཡིན་ཐ་དད་པས། །ཡུལ་ནི་སེམས་ཅན་སྡུག་བསྔལ་ཅན། །སྙིང་རྗེ་སྐྱེ་བའི་ཡུལ་དང་ནི། །སྙིང་རྗེ་རྣམ་པར་གསལ་བ་དང་། །སྙིང་རྗེ་སྒོམ་མཁན་གསུམ་དུ་བཏགས། །དམིགས་བཅས་འཁོར་བའི་འབྲས་བུ་ཡིན། །ཡང་ནི་མདོ་ནི་དེ་ཉིད་ལས། །གལ་ཏེ་སེམས་ཅན་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་དུ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྙིང་རྗེ་སྐྱེས་གྱུར་ཀྱང་། །སྙིང་རྗེ་ཆེན་པོ་མ་ཡིན་པས། །སྙིང་རྗེའི་གནད་ལ་མཁས་པར་བྱ། །སྙིང་རྗེ་ཆེན་པོ་གང་ཡིན་པ། །བདག་ཉིད་སྡུག་བསྔལ་མི་འདོད་བཞིན། །སེམས་ཅན་སྡུག་བསྔལ་ཡོངས་མི་འདོད། །བདག་ཉིད་བདེ་བར་འདོད་པ་བཞིན། །སེམས་ཅན་རྣམས་ཀྱང་བདེ་བར་འདོད། །རང་སེམས་ཆོས་སྐུར་རྟོགས་ཙ་ན། །སེམས་ཅན་སེམས་ཀྱང་ཆོས་སྐུ་སྟེ། །མ་རྟོགས་པ་རྣམས་སྙིང་རེ་རྗེ། །སྙམ་དུ་སྙིང་རྗེ་སྐྱེ་བར་འགྱུར། །རང་སེམས་སྐྱེ་མེད་རྟོགས་

p. 231

པ་ཡིས། །སྙིང་རྗེ་ངང་གིས་སྐྱེ་བ་ཡིན། །དེ་ལྟར་ཡང་ནི་སྡུད་པ་ལས། །བདག་ཅི་འདྲ་བར་སེམས་ཅན་ཐམས་ཅད་དེ་འདྲར་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་ནི་གང་ཞེ་ན། །ཀུན་རྫོབ་དོན་དམ་དབྱེར་མེད་པ། །རང་སེམས་ཡིན་པར་བསྒོམ་པར་བྱ། །བླ་མ་སངས་རྒྱས་ཇི་ལྟ་བར། །བདག་གིས་བསྒོམ་ཞེས་ཞུས་པ་ནི། །བླ་མ་སངས་རྒྱས་ཆོས་སྐུ་ནི། །ཟབ་ཞི་སྤྲོས་བྲལ་འདུས་མ་བྱས། །ལོགས་ན་ཡོད་སྙམ་མི་བྱེད་པར། །འབྲལ་མ་མྱོང་བ་མོས་གུས་ཡིན། །ཟག་མེད་བདེ་ཆེན་ལོངས་སྐུ་ནི། །སྒེག་སོགས་དཔལ་ལྡན་ཧེ་རུ་ཀ །ཐབས་ཤེས་རབ་གཉིས་མེད་འཁྲིལ་བའི་སྐུ། །ཟུང་འཇུག་འབྲལ་མེད་མོས་གུས་ཡིན། །སྣ་ཚོགས་འཁོར་འདས་མ་ལུས་ལ། །ཤེས་བྱ་ཇི་སྙེད་སྤྲུལ་སྐུ་ནི། །དག་ཅིང་གསལ་ལ་མ་འདྲེས་པ། །ཕྲིན་ལས་མི་འབྲལ་མོས་གུས་ཡིན། །འགྲོ་བ་སེམས་ཅན་མ་རྣམས་ལ། །ཕན་ནི་ཇི་ལྟར་འདོགས་ཞུས་པ། །ལས་དང་བྱ་བ་ཅི་བྱེད་ལ། །བྱང་ཆུབ་སེམས་ཀྱིས་ཟིན་བྱས་ལ། །བདག་གི་ལུས་དང་ལོངས་སྤྱོད་དང་། །ཆོས་དང་མི་འཇིགས་ལ་སོགས་ཀྱིས། །ཞེན་འཁྲིས་མེད་པར་ཕན་འདོགས་བྱ། །གར་སྡོད་གནས་ནི་ཐམས་ཅད་དུ། །གཏོར་མ་ཇི་ལྟར་བཏང་བ་དང་། །བདེན་པ་བདར་བར་ཞུས་པ་ནི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཆོས་སྐྱོང་ནག་པོ་ཆེ་སོགས་ལ། །ནང་གཏོར་སྒྲུབ་ཐབས་བཞིན་དུ་འབུལ། །བསྟོད་པ་བརྗོད་ཅིང་བྱིན་རླབས་ཞུ། །ཞི་རྒྱས་ལ་སོགས་ཕྲིན་ལས་བཅོལ། །རང་ཉིད་གང་འདུག་གཞི་བདག་ལ། །ཨ་ཀཱ་རོའི་སྔགས་ཀྱིས་དཀར་གཏོར་བསྔོ། །ང་ཡི་ལུས་ངག་ཡིད་གསུམ་གྱིས། །དགེ་བ་ཅི་བྱས་ཐམས་ཅད་ཀུན། །ཁྱེད་སོགས་བདེ་བ་ཐོབ་འདོད་ཡིན། །

p. 232

བདག་གི་དགེ་བ་ཕུན་ཚོགས་ཀུན། །ཁྱེར་ལ་ཡོན་བདག་གྱིས་ཞེས་བརྗོད། །ཆོས་ཟབ་ཁ་གསལ་ཞུ་ཞེས་པ། །གསལ་བྱེད་མུ་ཏིག་ཕྲེང་བ་འདི། །མ་རིག་མུན་པའི་སྒྲོན་མེ་ཡིན། །ལེགས་ཉེས་འདུན་མ་འདི་ལ་དྲིས། །བློ་གྲོས་ཅན་གཅིག་འདི་ཡིན་གྱི། །འཕྲལ་ཕུགས་བློ་གཏད་འདི་ལ་དྲིས། །བློ་གཏད་ཐུབ་ཀྱི་ཟབ་མོ་སྐྱོང་། །སྒྲོ་སྐུར་གཉིས་མེད་གཉུག་མ་འདི། །ཐེ་ཚོམ་སྒྲོ་འདོགས་གཅོད་པ་ཡིན། །སེམས་ལ་དགའ་སྤྲོ་སྐྱེ་བ་ནི། །སྒོམ་ཆེན་རྣམས་ཀྱི་སྐྱོ་བསང་ཡིན། །ལས་དང་བྱ་བྱེད་ཐམས་ཅད་ཀུན། །ཚོགས་གཉིས་དག་ཏུ་བསྡུས་བྱས་ལ། །སྐུ་གཉིས་རང་ལ་ཡོད་པ་རུ། །གཞན་ནས་མ་འཚོལ་རང་ལ་སྡུར། །འགྲོ་བ་སེམས་ཅན་མ་རྣམས་དང་། །ཡོན་ཏན་སྐྱབས་ཞེས་ཁྱེད་ཉིད་ཀྱིས། །སྐྱབས་གནས་རེ་ས་གང་ཡིན་པ། །གདམས་ངག་རིན་ཆེན་འདི་ཡིན་གྱི། །ཉམས་སུ་ལོངས་ཤིག་སྐལ་ལྡན་ཁྱོད། །ཉམས་དང་རྟོགས་པ་སྐྱེས་གྱུར་ན། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །རང་གཞན་བདེ་སྐྱིད་འབྱུང་བ་ཡི། །སྐུ་གཉིས་མངོན་དུ་ཐོབ་པར་ཤོག །ཞུས་ལན་མུ་ཏིག་ཕྲེང་བ་ཞེས་བྱ་བ་གཙུག་ལག་ཁང་ཤེས་རབ་ཉི་མའི་སྡེ་ལ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།། །།དགེའོ།།

འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་འཇམ་མགོན་ས་སྐྱ་པཎྚི་ཏ་ལ་གདམས་པའི་ཕྱག་ཆེན་རྟོགས་ཆོས།

p. 233

༄༅། །འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་འཇམ་མགོན་ས་སྐྱ་པཎྚི་ཏ་ལ་གདམས་པའི་ཕྱག་ཆེན་རྟོགས་ཆོས་བཞུགས་སོ། །
༄༅། །གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་གཉིས་དབྱེར་མེད་གཟུགས་ཀྱི་སྐུ། །འགྲོ་བ་ཐམས་ཅད་སྨིན་པར་མཛད་པ་ཡི། །བླ་མའི་ཞབས་ལ་དད་པས་ཕྱག་འཚལ་ལོ། །གནས་ལུགས་ངེས་དོན་འདི་ཡིན་ཞེས་བྱ་བ། །སངས་རྒྱས་ཀྱིས་ཀྱང་བརྗོད་པར་མི་ནུས་ལ། །སྦྱངས་རྟོགས་ཤེས་རབ་མེད་པ་ཁོ་བོ་ཡིས། །བརྗོད་པས་དོན་དང་ལྡན་པར་མི་འགྱུར་ཏེ། །འོན་ཀྱང་དམ་པ་ཁྱེད་ཀྱི་གསུང་མི་གཅོག །རང་སེམས་གདོད་ནས་རྣམ་པར་དག་པ་འདི། །མ་རྟོགས་ཕྱིན་ལོག་རྣམ་རྟོག་རང་གིས་བསྒྲིབས། །རྟོགས་པར་གྱུར་ན་ཅི་ཡང་བསལ་དུ་མེད། །འདི་ལྟར་སྣང་བ་སྣ་ཚོགས་དཀར་དམར་ཡང༌། །རང་གི་སེམས་ལས་གཞན་ཞིག་ལོགས་ན་མེད། །ཆུ་ཉིད་འཁྱོག་པའི་རྦ་རླབས་ཇི་བཞིན་དུ། །ཐབས་དང་ཤེས་རབ་དེ་ལས་གཞན་མི་བཙལ། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ལ། །འདི་སྤང་འདི་བླང་གཉིས་སུ་གྲུབ་པ་མེད། །དེ་ལྟར་མཉམ་པར་རྟོགས་པའི་རྣལ་འབྱོར་ལ། །དཔེར་ན་ཕར་ཀར་ཕྱིན་པའི་གཟིངས་ལྟ་བུ། །ཆོས་ཀྱང་འདོར་ལ་ཆོས་མིན་ལྟ་ཅི་སྨོས། །གཉིས་ཀས་མ་གོས་ཟུང་འཇུག་ཆེན་པོ་ཡིན། །འོད་གསལ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །ཟག་མེད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །མ་འགགས་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །སྐུ་གསུམ་
གདོད་ནས་རང་ལ་ལྷུན་གྱིས་གྲུབ། །ཟློས་སྐྱོན་སྒྲ་དོན་གོང་འོག་འགལ་བ་དང༌། །རང་གིས་མ་རྟོགས་འོལ་ཚོད་བརྗོད་པ་འདི། །ལུང་རིགས་མན་ངག་སྒྲ་དོན་ཀུན་དང་ནི། །འགལ་ཚེ་མཁས་པ་ཁྱོད་ཀྱིས་བཟོད་པར་རིགས། །ཐུབ་པ་མངོན་སངས་རྒྱས་པ་རྡོ་རྗེ་གདན། །འཁོར་ལོ་གསུམ་བསྐོར་བྱ་རྒོད་རི་སོགས་དང༌། །རིག་འབྱུང་ནཱ་ལེནྡྲ་དང་འདྲ་བ་ཡི། །གནས་མཆོག་ས་སྐྱ་དེ་རུ་སྐུ་འཁྲུངས་པའི། །མཁས་རྟོགས་དོན་དང་ལྡན་པའི་རིགས་རྒྱུད་ཅན། །ཀུན་དགའ་རྒྱལ་མཚན་དཔལ་ཞེས་གྲགས་པ་ལ། །གཞི་ལམ་སྤྱོད་པ་འབྲས་བུ་བཞི་ལྡན་ཆོས། །ཀུ་སུ་ལུ་པ་རས་པ་བདག་གིས་སྤྲིངས། །སྐྱེས་མཆོག་ཁྱེད་ཀྱིས་གཟིགས་ནས་མཉེས་པར་ཞུ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།། །།དགེའོ།།

ས་སྐྱ་པ་ལ་གདམས་པ། ཏི་ཤྲི་སངས་རྒྱས་རས་ཆེན།

p. 234

༈ ན་མོ་གུ་རུ། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། མ་བཅོས་སོ་མར་བཞག་པ་ཕྱག་རྒྱ་ཆེ། །ཞེས་གསུངས། འོ་སྐོལ་གྱི་བླ་མའི་ཞལ་ནས། ཕྱག་རྒྱ་ཆེན་པོ་རང་གི་སེམས་ལ་ཟེར་བ་ཡིན་གསུངས། དེ་ཡང་གཉིས་སུ་མེད་པའི་དོན་གྱིས་ན་ཕྱག །མི་འདའ་བའི་དོན་གྱིས་ན་རྒྱ། དེ་ཡི་གོང་ན་གཞན་མེད་པས་ན་ཆེན་པོའོ། །ཕྱག་ཅེས་པ་ནི་མི་ལ་ལག་པ་གཉིས་ཡོད་པ་ཐལ་མོ་གཅིག་ཏུ་སྦྱར་བ་ལྟར་སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་ཟུང་འཇུག་དེ་ལས་མི་འདའ་བས་ན་རྒྱ། རང་གིས་སེམས་དེ་ལྟར་རྟོགས་ན་སངས་རྒྱས་བྱ་བ་གཅིག་དེའི་གོང་ན་མེད་པས་ཆེན་པོ་བྱ་བ་ཡིན་གསུངས། ཡིད་དང་རིག་པ་སེམས་དང་རླུང༌། །དེ་ཡི་འབྲེལ་བ་ཤེས་པར་གྱིས། །ཞེས་པས། དེ་ལ་ཡིད་ཅེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང༌ཡིད་ཀྱི་རྣམ་པར་ཤེས་པ། རིག་པ་ཞེས་པ་ནི་ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས་གདོད་ནས་དག་ཅིང་སྟོང་པའི་ངང༌། སེམས་དང་རླུང་ཞེས་པ་

p. 235

ནི་རླུང་གི་རྟ་ལ་སེམས་ཉིད་ཞོན་ནས་སྒོ་ལྔ་ལ་འགྱུས་པས། ཡིད་ཀྱི་རྣམ་པར་ཤེས་པ་དེར་འཛིན་དུ་ཞུགས་པས་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་སྐྱེས་པས་དེ་འཁོར་བའི་ཆོས་སུ་སྣང༌། གང་ཞིག་སེམས་ནི་ཞི་བ་དེར། །དེར་ནི་རླུང་ཡང་ཞི་བར་འགྱུར། །གང་ཞིག་རླུང་ནི་ཞི་བར་དེར། །དེར་ནི་སེམས་ཀྱང་ཞི་བར་འགྱུར། །ཞེས་པས་སེམས་མ་བཅོས་པར་བཞག་པས་རླུང་ནང་དུ་ཟིན། དེས་ཀུན་གཞིའི་རིག་པ་བྱང་ཆུབ་སེམས་ཀྱི་འདུག་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ཙ་ན། སྒོ་ལྔའི་ཤེས་པ་དང་ཡིད་ཀྱི་རྣམ་ཤེས་ཉོན་མོངས་པ་ཅན་གྱི་ཡིད་ལ་སོགས་པ་ལོགས་ན་མེད་པས་ཀུན་གཞིའི་རང་སྣང་འབའ་ཞིག་ཏུ་སྣང༌། དེ་ནི་མྱ་ངན་ལས་འདས་པའི་ཆོས་ཡིན། བདག་གིས་ཀུན་གཞི་བཟང་པོ་མྱ་ངན་ལས་འདས་པ་གཅིག་ལོགས་ནས་བསྒྲུབ་པར་འདོད། རྣམ་པར་རྟོག་པའམ། ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་འདི་དག་ཞི་བའམ་སྤང་བར་འདོད་པའི་བློ་སྐྱེས་རྟོག་པ་བྱུང་ཙ་ན་མི་དགའ། སེམས་གནས་ཙ་ན་དགའ་བར་བྱུང་བས་ཅི་ཞིག་ལྟར་ན། བླ་མའི་བྱིན་གྱིས་བརླབས་པས་རྣམ་པར་རྟོག་པ་སྐད་ཅིག་མ་དེ་དངོས་པོ་མ་གྲུབ་པར་སྟོང་པར་རྟོགས། དེས་ཀུན་གཞི་རྣམ་དག་ལོགས་ན་མེད་པས་རྣམ་རྟོག་སྟོང་པར་འདུག་པའི་སེམས་དེ་རང་དུ་འདུག །ཡིད་ཀྱི་རྣམ་ཤེས་ལ་སོགས་པའི་འཁོར་བའི་ཆོས་དེ་ཡང་སྤང་མི་དགོས་པར་སྟོང་པར་འདུག །དཔེར་ན་འཁྱག་རོམ་ཞུ་བར་ཆུ་མི་དགོས་པར་འཁྱག་རོམ་རང་ཆུ་ཡིན་པ་བཞིན་དུ། དེས་ན་རྟོག་པ་ཞི་བའི་སྟོང་པ་བསྒྲུབ་མི་དགོས། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་འདི་དེ་ལྟར་སྣང་བ་མ་ཡིན་པ་གཞན་གང་ཡང་མི་སྣང་བར་གོ །ཆོས་ཐམས་ཅད་སེམས་ཡིན་བྱ་བ་དེ་ཡང་འདི་རང་ཡིན་པར་རྟོགས། ཇི་ལྟར་སྣང་སྣང་སེམས་དེ་རང་དེ་ལྟར་སྣང་བས་ཕྱིའི་ཡུལ་ལོགས་ན་མེད་པར་

p. 236

གོ །ཡུལ་ཡུལ་ཅན་གཉིས་མེད་ཟེར་བ་དེ་ཡང་དེར་གཟོད་གོ །ཡུལ་བུམ་པ་ལྟ་བུ་དང་སེམས་གཉིས་དབྱེར་མེད་ཟེར་བ་རེ་ནི་མི་འདོར། ཡུལ་སེམས་ཀྱིས་མ་བཟུང་ན་ཕྱི་རོལ་དོན་དུ་གྲུབ་པ་ཡང་མི་སྣང་ལ། སྣང་སེམས་གཉིས་སུ་མེད་བྱ་བ་ཡིན་ཡང་གང་ལྟར་སྣང་ཡང་སེམས་དེ་དེ་ལྟར་སྣང་བ་མ་ཡིན་པ་གཞན་མི་སྣང༌། སྣང་བ་སེམས་སུ་འདོད་ན་གྲུབ་སྡེ་གཅིག་པའམ་བདག་གཅིག་པའི་སྐྱོན་འབྱུང༌། འོ་ན་ཡུལ་སེམས་ཐ་དད་པའམ་ཕྱི་རོལ་དོན་དུ་གྲུབ་པའི་སྐྱོན་མི་འབྱུང་ངམ་སྙམ་ན། ཇི་ལྟར་སྣང་སྣང་སེམས་འདི་སྣང་བ་མིན་པ་གཞན་མི་སྣང་། མིག་ཀ་བ་ལ་བལྟས་ན་སེམས་ཡི་དམ་གྱི་ལྷར་བསྒོམས་ན་ཀ་བ་མི་སྣང༌། སེམས་འདི་སྣང་བ་ཡང་མི་གདའ། སེམས་སྣང་བ་ཡིན་ན་རིག་པ་འདི་བེམ་པོར་འགྲོ་དགོས་པ་ལ་མི་འགྲོ་བར་གདའ། དེས་ན་རང་གི་སེམས་འདི་མ་ཡིན་པར་ཕྱག་རྒྱ་ཆེན་པོའམ་སྟོང་པ་གཅིག་བསྒོམ་མི་དགོས་པར་གདའ། ཇི་ལྟར་སྣང་སྣང་སེམས་ལྟ་བུར་སྣང་། སྣང་བདོ་བ་དེ་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པར་ཤེས་པས་ཕྱག་རྒྱ་ཆེན་པོ་མ་ཡིན་པའི་རང་སེམས་སམ་ཡུལ་མི་གདའ། ཇི་ལྟར་སྣང་སྣང་ནི་སེམས་དེ་ལྟར་དུ་སྣང༌། དེ་ལྟར་སྣང་བ་དེ་སེམས་ཕྱག་རྒྱ་ཆེན་པོ་མ་ཡིན་པ་མེད་པས་ད་སྒོམ་མ་ཡིན་པ་གཅིག་ཀྱང་མེད་པས་ས་ཕྱོགས་དག །རང་གིས་དེ་ལྟར་གོ་བས་སེམས་ཅི་ཚུག་འདུག་འདུག་འདི་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་ལོགས་ན་མེད་པས་དགའ་བ་ཆེན་པོ་གཅིག་སྐྱེས། འདི་བླ་མའི་དྲིན་ཡིན་པར་གདའ་སྙམ་ནས་བླ་མར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། ཕྱག་རྒྱ་ཆེན་པོའི་དོ་ཧ་ལས། བླ་མས་གསུངས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་ཡོད་པའི་རྫས་མཐོང་འདྲ། །གསུངས་པ་ཡང་འདི་ཡིན་པར་གདའ་སྙམ་པ་བྱུང༌། སེམས་འདི་དང་པོ་ནས་འདི་ཙུག་སྣང་བ་ལ་འདི་ངོ་མ་ཤེས་པ་འཆུག་

p. 237

སོང་བ་ཡིན་ན་ཨང་སྙམ་པ་བྱུང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་འདི་བཞིན་དུ་སྣང་བ་ལ་མ་རྟོགས་པ་དེ་སེམས་འདི་ལྟར་སྣང་བ་སྙམ་ནས་བྱུང༌། སྙིང་རྗེ་ངམ་ཤུགས་ཀྱིས་སྐྱེས། བདག་གི་བླ་མ་རིན་པོ་ཆེ་འདི་དང༌སེམས་ཅན་ཐམས་ཅད་མཇལ་ནས་སེམས་འདི་ལྟར་དུ་བསྟན་ན་སྙམ་པ་བྱུང༌། མི་ཞེ་སྡང་ཆེ་བ་ཞེ་སྡང་གིས་ཀར་ཀར་འདུག་པ་མཐོང་ཙ་ན། ཞེ་སྡང་དེ་རང་ཕྱག་རྒྱ་ཆེན་པོ་རང་སྣང་བ་ལ་ཨང་འདི་མ་ཤེས་པ་སྙམ་པ་བྱུང༌། སེམས་ཅན་གཞན་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་མནར་བ་མཐོང་ཙ་ན། ཉོན་མོངས་པའམ་རྣམ་པར་རྟོག་པ་འདི་རང་སྟོང་ཡིན་པ་ལ་འདི་མ་ཤེས་པར་འདུག་འཁྲུལ་ནས་སྣང་ཨང་སྙམ་པ་བྱུང༌། ད་ལྟ་སེམས་ལ་སྙིང་རྗེ་སྒོམ་པ་དང༌། བླ་མ་ལ་མོས་གུས་བྱེད་པ་དང༌། ལུས་ཡི་དམ་ལྷར་སྒོམ་པ་དང༌། ཐབས་ཀྱི་ཆ་ཉམས་སུ་ལེན་པ་འདི་མ་གཏོགས་པའི་སྟོང་པ་ཉིད་བསྒོམ་མི་དགོས་པར་གདའ། ཐབས་ཤེས་རབ་གཉིས་སུ་མེད་པ་ཡང་འདི་རང་དུ་གདའ། ཕ་རོལ་ཏུ་ཕྱིན་པའི་བརྗོད་བྱ་གཉིས་མེད་ཟེར་བ་དེ་ཡང་འདི་མ་ཡིན་པ་གཞན་མེད། སྣང་བ་སྒྱུ་མར་འདོད་པ་ནི་ཕྱག་རྒྱ་ཆེན་པོའི་སྐྱོན་ཡིན་ཏེ་སེམས་དེ་རང་དེ་ལྟར་སྣང་བ་དེ་མ་ཡིན་པར་སྒྱུ་མར་སྣང་བར་འདོད་ན་བཅོས་པ་ཡིན་པས་སྐྱོན་ཡིན། འདི་ལྟར་སྣང་བ་སྒྱུ་མ་ལྟར་སྣང་ལ་སྒྱུ་མ་ཉིད་མ་གྲུབ་པར་ཤེས་པས་སྒྱུ་མ་གཉིས་མེད་ཀྱི་དབུ་མ་ཡང་ལོགས་ན་མི་གདའ། ལུས་ཡི་དམ་ལྷར་སྒོམ་ཙམ་ན་ལུས་ཡི་དམ་གྱི་ལྷར་མི་སྣང་སེམས་ཡི་དམ་གྱི་ལྷར་སྣང༌། ཡི་དམ་གྱི་ལྷ་ཚུར་འོང་བ་ཡང་མི་སྣང༌། སེམས་ཡི་དམ་གྱི་ལྷར་སོང་བ་ཡང་མི་སྣང༌། སེམས་དེ་རང་ཡི་དམ་གྱི་ལྷར་སྣང་བ་དེ་སྟོང་པར་སྣང༌། ཡི་དམ་གྱི་ལྷ་ཞི་ནས་སྟོང་པ་ཉིད་མི་འདོད་པ་བསྐྱེད་རྫོགས་ཟུང་འཇུག་ཟེར་བ་ཡང་དེ་རང་དུ་གདའ། སེམས་གང་ལྟར་སྣང་སྣང་སྟོང་པ་ཉིད་ཡིན་པས་

p. 238

གསང་སྔགས་ཀྱིས་ཟུང་འཇུག་ཟེར་བ་ཡང་དེ་རང་ཡིན། སྤྲོས་པ་སྤྲོས་པས་སྟོང་ཞིང་དག་ཅིང་གསལ་བ་འདི་ཆོས་སྐུ། དྲན་པ་དང་རྟོག་པ་ཅི་ཡང་སྣང་ཞིང་འདུག་པ་དེ་སྤྲུལ་པའི་སྐུ། དེ་གཉིས་དབྱེར་མེད་མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་ཡང་དེ་ལས་ཚང་བས་ལོངས་སྤྱོད་རྫོགས་པའི་སྐུ། ཟག་པ་དང་བཅས་པ་ཟག་པ་དང་བཅས་པས་སྟོང༌། ཉོན་མོངས་པའམ་རྣམ་པར་རྟོག་པ་ལ་སོགས་པ་ཟུག་རྔུ་སྡུག་བསྔལ་དུ་སྣང་བ་དེ་དེ་རང་གིས་སྟོང་པ་དེ་བདེ་བ་ཆེན་པོའི་སྐུ། དེ་ལ་སྒྲིབ་པའམ་སྒྲིབ་མཁན་གང་ཡང་མ་གྲུབ་པས་རྣམ་དག་གི་སྐུ། སྐུ་ལྔ་ཡང་སེམས་དྲན་པ་སྐད་ཅིག་མ་འདི་ལ་ཚང་བས་ཕྱག་རྒྱ་ཆེན་པོ་ནས་ལྷུན་གྱིས་གྲུབ་པ་ཟེར་ཡང་སེམས་སྐུ་ལྔ་ལྷུན་གྱིས་གྲུབ་པ་འདི་ལྟར་གདའ། བློས་བྱས་པའི་ཆོས་འདི་ཞི་བའམ་ཞི་ཡང་མི་དགོས་པས་བློ་འདི་རང་འདི་འདྲ་བ་གཅིག་ཡིན་བྱ་བའི་མཐའ་མི་སྣང་བས་བློ་ལས་འདས་པ་ཟེར་བ་ཡང་དེ་རང་དུ་སྣང༌། འཁོར་འདས་ཀྱི་ཆོས་མ་ལུས་པ་རིག་པ་འདི་མ་ཡིན་པ་གཞན་མེད་པས་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་གཅིག་ཙམ་ཞིག་མ་ལུས་པ་མེད་པར་སེམས་འདི་ལ་རྫོགས་པས་བློ་འདས་སམ་རྫོགས་པ་ཆེན་པོ་པས་ཡེ་ནས་ཡེ་རྫོགས་ཡིན་ཟེར་བ་དེ་ཡང་འདི་རང་དུ་གདའ། དེ་ལྟར་ཡིན་ཡང་ཆོས་ཅན་སོ་སོའི་མཚན་ཉིད་མ་འདྲེས་པར་མྱ་ངན་ལས་འདས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་སོ་སོའི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་མཚན་ཉིད་མ་འདྲེས་པར་སོ་སོར་ཤིག་གེ་ས་ལེ་གསལ་བར་གདའ། སྒོམ་པ་ཀུན་གྱིས་སེམས་ཡུལ་གཅིག་ཏུ་བསྒོམས་ནས་ཆོས་ཉིད་སྟོང་པ་ཉིད་ཡིན་ཟེར་ཞིང་བྱེ་བྲག་མང་པོ་གང་ནས་དགོས་ཟེར་བར་གདའ་སྟེ། དེ་སྟོང་པ་ཉིད་སྒོམ་ཟེར་ཡང་བཏང་སྙོམས་དང་མཉམ་ཉིད་དང་ཆོས་ཉིད་སྒོམ་པར་གདའ། དེ་ནི་སྟོང་པ་ཉིད་དེ་

p. 239

མ་རྟོགས་པས་སྒོམ་མ་ཤེས་པ་ཡིན། སྟོང་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་འགགས་པ་མེད་པ་རང་གི་སེམས་འདི་ཡིན་སྙམ། ད་ལྟར་གྱི་ཤེས་པ་ཙུག་འདུག་པ་འདི་སྒོམ་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པར་སྒོམ་མཁན་གྱི་ཤེས་པ་གཉུག་མ་འདི་ཕྱག་རྒྱ་ཆེན་པོ་ཡིན་པ་ལ་ཡིན་པར་ཤེས་པའི་ཚུལ་གྱིས་མ་ཡེངས་པར་བསྐྱངས་ན་སེམས་ཕྱག་རྒྱ་ཆེན་པོ་ཡིན་པ་སྟེ་ཕྱག་རྒྱ་ཆེན་པོར་མྱོང་བར་གདའ། རྟོགས་པའི་དོན་དེ་མ་སྣང་ན་ནུབ་རྟོགས་ན་ནུབ་སངས་རྒྱས། ནངས་རྟོགས་ན་ནངས་སངས་རྒྱས་བྱས་པས་མི་ཕན། སྔར་མ་རྟོགས་པའི་དུས་བཞིན་ཉོན་མོངས་པ་དང༌། རྣམ་རྟོག་དང་གཟུང་འཛིན་ཐ་མལ་པར་སྔར་བཞིན་དུ་སྣང་ན་རྟོགས་བྱས་ཀྱང་མི་ཕན། སེམས་ཅན་ཐམས་ཅད་ཀྱིས་སེམས་ཆོས་ཀྱི་སྐུར་ཐོག་མ་མེད་པ་ནས་ཡོད་ཀྱང་ཆོས་སྐུར་མི་སྣང་བས་འཁོར་བར་སྣང་བ་ཡིན། དེས་ན་གཉུག་མའི་ཡིད་ཀྱིས་ཟིན་པ་གལ་ཆེ། གཉུག་མ་ཞེས་པ་ནི་སྒྲོ་སྐུར་དང་བྲལ་བའི་ཤེས་པ་འདི་ལ་ཟེར་བ་ཡིན། ཡོད་ཅེས་བྱ་རྒྱུ་ལ་དངོས་པོ་འདི་འདྲ་བ་གཅིག་ཡིན་བྱ་བ་གྲུབ་པ་མེད་པས་སྒྲོ་འདོགས་སུ་མི་སྣང༌། མེད་ཅེས་བྱ་རྒྱུ་ལ་རྒྱུན་ཆད་པ་མེད་པར་ཅིར་སྣང་གིན་འདུག་པས་སྐུར་པ་བཏབ་ཏུ་མི་སྣང༌། སྒྲོ་སྐུར་དང་བྲལ་བའི་ཤེས་པ་གཉུག་མ་འདི་གོམས་པར་བསྐྱངས་ནས་སྣང་གྲགས་ཀྱི་དངོས་པོ་འདི་ཐམས་ཅད་ལ་འདི་སྤང་འདི་བླང་བྱ་བ་མེད་པར་ཐམས་ཅད་སྒོམ་དུ་འཆར་ཞིང་འདུག །དེ་ལྟར་ཡིན་པ་ཡང་དོ་ཧ་ལས། གཉུག་མའི་ཡིད་ནི་གང་ཚེ་བསྐྱང་གྱུར་ན། །དེ་ཚེ་བླ་མའི་མན་ངག་སྙིང་ལ་འཇུག །ཅེས་གསུངས། ཡང་དོ་ཧ་ལས། མཐོང་དང་ཐོས་དང་དྲན་དང་རིག་པ་དང༌། །ཅལ་ཅོལ་སྨྲ་དང་ལན་སྨྲར་གྱུར་པ་ལ། །རྣམ་པ་དེ་ཉིད་ལས་ཀྱང་སྤྱོད་མི་བྱ། །ཞེས་གསུངས་པའི་དོན་ཡང་དེ་ཉིད་ལ་གསུངས་པར་སྣང༌། དེ་ཉིད་གོམས་པ་མངོན་དུ་གྱུར་ན་

p. 240

འབྲས་བུ་ཡང་དེ་རང་དུ་འདུག་པས་འཁོར་བར་ལྟུང་བ་དང་ལྟུང་བའི་དོགས་པ་དང་བྲལ། མྱ་ངན་ལས་འདས་པ་རང་གི་སེམས་ཆོས་ཀྱི་སྐུར་རྟོགས་པས་སངས་རྒྱས་ཐོབ་པའི་རེ་བ་དང་བྲལ། གཞན་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡང༌བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། བླ་མ་ལ་མོས་གུས་བྱེད་པ་དང༌། ལུས་ཡི་དམ་གྱི་ལྷར་སྒོམ་པ་དང༌། སྨོན་ལམ་རྣམ་པར་དག་པ་བཏབ་ན་རང་གཞན་གཉིས་ཀའི་བདེ་སྐྱིད་ཕུན་སུམ་ཚོགས་པ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་རང་ལ་ཡོད་པ་འདི་རང་ཡིན། དེ་ལས་བྱུང་བའི་དགེ་བའི་རྩ་བ་འདིས། །བདག་གཞན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དགེ་བའི་བཤེས་གཉེན་པས། ངེད་ཀྱིས་ཉམས་སུ་མྱོང་བའི་ཆོས་ཤིག་ཡི་གེར་ཞིབ་པར་མཛོད་ལ་བསྐུར་གསུངས་པ་ལ། རང་སེམས་ཉམས་སུ་མྱོང་ཚོད་ཡི་གེར་བྲིས་པ་ལགས། ཐུགས་ལ་བདེ་ན་འདི་བཞིན་ཉམས་སུ་ལོངས། འོན་ཀྱང་ཁྱེད་ལ་འདི་མི་དགོས་ཏེ། བསྐུར་གསུངས་པའི་གསུང་མ་བཅག་པ་ལགས་པས་ཐུགས་མཉེས་པར་ཞུ། དགེ་བའི་བཤེས་གཉེན་ལ་འབུལ་བ་རྒྱ་ཆེན་པོ་དགོས་པ་ཡིན་ཏེ་མི་གདའ། ན་བཟའི་རྒྱུ་ཆེ་ཧ་ཐུན་རི་རབ་ཡུག་གཅིག །དངུལ་བྲེ་ཆེན་སྲང་ལྔ་བཅུ་ཡོད་པ་གཅིག །འབྲོམ་གྱིས་ཕུལ་བའི་གཡུ་དམར་ཟུར་གསུམ་ཞེས་པ་ཞོ་གཉིས་པ་རབ་གཅིག །སོག་པོའི་ཞེའུ་བྱིན་བཟང་བ་གཅིག་དང་འདི་རྣམས་འབུལ། འབུལ་བ་ཆུང་བར་སྣང་བ་ལ་ཐུགས་རྗེ་མི་ཆུང་བར་ཞུ། ས་སྐྱ་པ་ལ་གདམས་པ། ཏི་ཤྲི་རས་པས་མཛད་པ་རྫོགས་སོ།། །།དགེའོ།།

ཆོས་རྗེ་འབའ་རོམ་པའི་ཞལ་གདམས་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་ཁྲིད་ཡིག

p. 241

༄༅། །ཆོས་རྗེ་འབའ་རོམ་པའི་ཞལ་གདམས་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་ཁྲིད་ཡིག་བཞུགས་སོ། །
༄༅། །ན་མོ་རཏྣ་གུ་རུ། དུས་གསུམ་གྱི་ཐུབ་པའི་དགོངས་པ། བྱང་ཆུབ་ཀྱི་སྙིང་པོ་བགྲོད་པར་བྱེད་པའི་ཐབས། བླ་མ་དམ་པ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད། ཞལ་ནས་ཞལ་དུ་བརྒྱུད། ཐུགས་ནས་བྱིན་རླབས་ཀྱི་བརྒྱུད་པ་ཐུགས་སུ་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་ཞལ་གྱི་གདམས་པ་ནི། ༈ དང་པོ་ལུས་གནད་ལེགས་པར་བཅོས་ནས་སེམས་བསྐྱེད་སེམས་ཅན་ཐམས་ཅད་རྗོགས་པའི་སངས་རྒྱས་ཐོབ་པར་བྱ་དེའི་ཕྱིར་དུ་བདག་གིས་བསྒོམ་དགོས་སྙམ་པ་བྱ་སྟེ། ནམ་མཁའ་དང་མཉམ་པའི་སེམས་ཅན་འདི་དག་ཐམས་ཅད་བདག་གི་མ་ཡིན། མ་དྲིན་ཅན་འཁོར་བའི་གནས་སུ་སྡུག་བསྔལ་བ་འདི་དག་སྙིང་རེ་རྗེ་ཨང་སྙམ་པ། དེའང་ཁ་ཙམ་དང་ཚིག་ཙམ་གྱི་སྙིང་རྗེ་མིན་པར་ཞེ་ཐག་པ་སྙིང་ཁོང་རུས་པའི་གཏིང་ནས་མཆི་མ་འཁྲུགས་པ། བ་སྤུ་གཡོ་བ། ལུས་ཀྱི་ཤ་ཁོལ་བ་ཙམ་གྱི་མི་བཟོད་པའི་སྙིང་རྗེ་དུང་དུང་བ་ཞིག་བསྒོམ། དེ་ནས་རང་ལུས་ཡི་དམ་གྱི་ལྷ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་གསལ་བར་བསྒོམ། རྩ་བའི་བླ་མ་སྙིང་གི་དཀྱིལ་དུ་བསྒོམ་ལ་མོས་གུས་ཐུན་མོང་མ་ཡིན་པ་བྱ། དེ་ཡང་བྱས་ལོ་ཙམ་མིན་པར་སྙིང་ཐག་པ་ཞེ་ཁོང་རུས་པའི་གཏིང་ནས་མཆི་མ་འཁྲུགས་ཤིང་བ་སྤུ་གཡོ་བའི་གདུང་ཤུགས་བཅས་སྐབས་སུ་རྩ་བརྒྱུད་ཀྱི་བླ་མ་སྤྱི་བོར་བསྒོམ་ལ་མོས་གུས་བྱ། དེ་ནས་རང་གི་སེམས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་སྐུ་ཡིན་པས་མ་བཅོས་པར་ལྷོད་ཀྱིས་

p. 242

ཀློད་ལ་ཙེན་གྱིས་ཞོག །འདས་པའི་རྟོག་པ་སྔ་མ་གར་སོང་བསམ་རྗེས་མ་གཅོད། མ་འོངས་པའི་ཤེས་པ་ད་ཅི་འོང་ན་སྙམ་སྔུན་མ་བསུ། ད་ལྟ་བ་ཡིད་ལ་མ་བྱེད། ཤེས་པ་ཡུལ་ལ་ཕར་མ་སྤྲོ། ཚུར་མ་བསྡུ། སྣང་བ་མ་འགོག །སྟོང་པ་མ་སྒྲུབ། ཤེས་པ་འདི་ཕར་མ་སྒོམ། སྒོམ་ཚུར་ལ་ཡོང་དུའང་མི་རེ་བར་སེམས་ཉིད་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པ་འདི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་ཆམ་གྱིས་བཞག་གོ །ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཡིད་དང་རིག་པ་སེམས་དང་རླུང༌། །དེ་ཡི་འབྲེལ་བ་ཤེས་པར་གྱིས། །གསུངས་ཏེ་དེ་ལ་ཡིད་ཅེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའི་ཡིད་ཀྱི་རྣམ་པར་ཤེས་པའོ། །རིག་པ་ཅེས་པ་ནི་རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས་གདོད་མ་ནས་དག་ཅིང་སྟོང་པའོ། །སེམས་དང་རླུང་ཞེས་པ་ནི་རླུང་གི་རྟ་ལ་སེམས་ཉིད་ཞོན་ནས་ཕྱི་རོལ་སྒོ་ལྔ་ལས་འཕྲོས་ཤིང་རྒྱུས་པས། སྒོ་ལྔ་རྟོག་མེད་གླེན་པ་ལ་དེར་འཛིན་མ་ཞུགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་འཕྲོས་པ་ལ་བརྟེན་ནས་ངར་འཛིན་ཞུགས། དེས་ཡུལ་བཟང་ངན་བར་མ་ལ་བརྟེན་ནས་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་བསྐྱེད། དེ་འཁོར་བ་ལ་མྱ་ངན་ལས་འདས་པ་མི་འབྱུང་བས་མིག་མེད་པའི་ཆོས་སུ་སྣང་སྟེ་དེ་ཡང་བླ་མ་རིན་པོ་ཆེའི་ཞལ་ནས། གང་ཞིག་སེམས་ནི་ཞི་བ་དེས། །དེར་ནི་རླུང་ཡང་ཞི་བར་འགྱུར། །གང་ཞིག་རླུང་ནི་ཞི་བ་དེར། །དེར་ནི་སེམས་ཀྱང་ཞི་བར་འགྱུར། །ཞེས་གསུངས་པས་ལྷོད་ཀྱིས་ཀློད་ནས་མ་བཅོས་པའི་ངང༌ཙེན་གྱིས་བཞག་པས་དེར་སེམས་གནས། དེར་རླུང་ཞི་བར་འགྱུར་རོ། །དེ་ནི་དང་པོ་སྒོམ་བཏབ་བྱ་བ་ཁྲིད་ཀྱི་རིམ་པ་ཡིན། རྗེས་ལ་བསྔོ་བ་དང་སྨོན་ལམ་གདབ་བོ། ། ༈ ད་ནི་གཉིས་པ་སེམས་ངོ་སྤྲད་པ་ཡིན་ཏེ། སེམས་བསྐྱེད་ནས་ལུས་ཡི་དམ་གྱི་ལྷར་སྒོམ་པ་དང༌། བླ་མ་སྒོམ་པ་སོགས་བྱས་ལ་གོང་ལྟར་ཞེ་ཐག་པ་ནས་སེམས་ཅན་ལ་སྙིང་རྗེ་རུས་སུ་ཐོན་པ་བསྒོམ། དེ་ནས་

p. 243

སྙིང་རྗེའི་ཡུལ་དང༌། སྙིང་རྗེ་དེ་དང༌། སྙིང་རྗེ་སྒོམ་མཁན་གསུམ་གང་དུ་འདུག་ལྟ། དེ་གསུམ་གང་ཡང་གང་ནས་ཀྱང་འོང་བ་མེད། གང་དུའང་སོང་བ་མེད། དེ་ལྟར་སྣང་བ་དེ་རང་གི་སེམས་ཡིན། སེམས་དེ་ལྟར་དུ་སྣང་བ་ཡིན་པས་སེམས་ཉིད་མ་བཅོས་པའི་ངང་དུ་ལྷོད་ཀྱིས་ཀློད་ལ་ཞོག་གསུངས། ད་ལུས་ཡི་དམ་གྱི་ལྷ་རུ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་གསལ་བར་བསྒོམས་ལ་སྔར་བཞིན་བལྟས་པས་ལུས་ཡི་དམ་གྱི་ལྷར་སོང་བའང་མེད། དེ་ལྟར་སྣང་བ་དེ་རང་གི་སེམས་ཡིན། དེ་ལྟར་སྒོམ་མཁན་དེ་ཡང་རང་གི་སེམས་ཡིན་ཏེ་ལྷ་དེ་གང་ནས་ཀྱང་འོང་བ་མེད་ལ་གང་དུའང་འགྲོ་བ་མེད་པས་སོ་གསུངས། ད་ཡང་བླ་མ་སྙིང་གི་དཀྱིལ་དུ་བསྒོམས་ལ་གོང་ལྟར་མོས་གུས་བྱ། དེ་ཡང་བླ་མ་དེ་གང་ནས་ཀྱང་བྱོན་པ་མེད་དེ་རང་གི་སེམས་བླ་མར་སྣང་བ་ཡིན། དེས་ན་བླ་མའི་སྐུར་སྣང་བ་དེ་རང་གི་སེམས་ཡིན། བླ་མ་སྒོམ་མཁན་ཡང་རང་གི་སེམས་ཡིན། བླ་མ་བསྒོམས་ནས་མོས་གུས་བྱེད་མཁན་ཡང་རང་གི་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པ་འདི་མ་བཅོས་པར་ཀློད་ལ་བཞག །དེ་ཡང་ཡིད་ལ་མ་བྱེད་མི་དམིགས་ཞོག །བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་སོ་མར་ཞོག །ཅེས་སོ། །རྗེས་ལ་བསྔོ་བ་སྨོན་ལམ་གོང་ལྟར་བྱའོ། ། ༈ ཡང་གསུམ་པ་སེམས་འདི་ངོ་སྤྲད་ནས། བསྒོམ་རྒྱུ་ངོས་མ་ཟིན་ན། འདི་སེམས་ཀྱི་རང་བཞིན་རྟོག་མེད་སྒོམ་ཡིན་ཏེ། དེ་ཡང་སེམས་བསྐྱེད་དང༌། སེམས་ཅན་ལ་སྙིང་རྗེ་དང༌། ལུས་ཡི་དམ་གྱི་ལྷར་སྒོམ་པ་དང༌། རྩ་བའི་བླ་མ་སྙིང་གི་དཀྱིལ་དུ་བསྒོམས་ཏེ་མོས་གུས་བྱས་ལ་སེམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པར་ལྷོད་ཀྱིས་བཞག །དེའི་ངང་ལས་རང་གི་མདུན་ཁྲུ་གང་ལས་མི་དམའ་འདོམ་གང་ལས་ཚུར་མི་ཉེ་བ་དེར་རྣམ་པར་ཤེས་པ་གཏད་དེ་མིག་འཁོར་ལོས་སྒྱུར་བའི་ལྟ་

p. 244

སྟངས་བྱའོ། །ཡིད་ཙམ་ཁྲོས་པའི་ཚུལ་དུ་བལྟ། ཚོགས་དྲུག་མི་སྤྲོ། མི་བསྡུ། མི་བསམ། མི་མནོ། མི་དཔྱད། མི་གཞིག །མི་མནན། མི་རྟོག་གོ །དེ་ཡང་རྗེ་སྒམ་པོ་པའི་ཞལ་ནས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཉི་མ་དང་ནི་ཉི་མའི་ཉི་མ་ལ་འོད་ཟེར་སྣ་ཚོགས་སྣང་ཡང་གཅིག་ལས་མེད་པའོ། །འོད་ཟེར་བཞིན། །ཞེས་གསུངས་སོ། །རང་གི་ཤེས་པ་འདི་ཕར་མི་སྤྲོ། ཚུར་མི་བསྡུ་བར་བདེ་གསལ་མི་རྟོག་པ་གསུམ་གྱི་ཉམས་ཅི་ཤར་དེ་ལས་བོགས་ཅི་ཐོན་བྱའོ། །རྗེས་ལ་བསྔོ་བ་བྱའོ། ། ༈ ཡང་སྔར་གྱི་སེམས་ཀྱི་རང་བཞིན་བསྒོམས་པ་ལས་བོགས་མ་ཐོན་ཡོན་ཏན་མ་བྱུང༌ན། འདི་བཞི་པའི་ཚིག་གིས་ངོ་སྤྲད་འདྲ་ཡིས་བོགས་འདོན་བྱ་བ་ཡིན་ཏེ། ཡང་སེམས་བསྐྱེད། སྙིང་རྗེ་སྒོམ་པ་དང་ལུས་ཡི་དམ་གྱི་ལྷར་བསྒོམ། བླ་མ་སྙིང་གི་དཀྱིལ་དུ་བསྒོམས་ལ་མོས་གུས་གོང་ལྟར་བྱའོ། །དེ་ནས་སེམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པར་ཀློད་ལ་བཞག །དེའང་བསམ་དུ་མེད་ཅིང་སྒོམ་དུ་མེད་པ་བཟུང་བ་དང་བྲལ་བ་ཅེས་པའོ། །ཞེས་སོ། །དེ་ཡང་སྔར་གྱི་རང་བཞིན་ལ་བོགས་འདོན་ན་སེམས་ངོ་སྤྲོད་པ་ཡིན་ཏེ། བླ་མ་རིན་པོ་ཆེའི་ཞལ་ནས། ཡུལ་སྒོ་ལྔ་རྟོག་མེད་ཀྱིས་ཤེས་པར་གྱིས། །ལུང་ཐོས་བསམ་མན་ངག་གིས་ཤེས་པར་གྱིས། །གསུངས་ཏེ་དེ་ལ་ཡུལ་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱའོ། །སྒོ་ལྔ་ནི། མིག །རྣ་བ། སྣ། ལྕེ། ལུས་སོ། །རྟོག་པ་ལ་གསུམ་སྟེ་དགེ་མི་དགེ་ལུང་མ་བསྟན་ནོ། །རྟོག་མེད་ལ་གཉིས་ཏེ་རྟོག་པ་འགགས་པའི་རྟོག་མེད་དང༌། རྟོག་པ་རང་སྟོང་པར་ཤེས་པའི་རྟོག་མེད་དོ། །དེ་དག་གིས་དགེ་སྡིག་གོ་ངོ་བོའི་གནས་ལུགས་དེ་ལྟར་དུ་སྟོང་ངོ༌། །ཞེས་པའོ། །ལུང་ཐོས་བསམ་མན་ངག་གིས་ཤེས་པར་གྱིས་གསུངས་ཏེ། ཡུམ་ཆེན་མོ་ལས་ཀྱང༌། གཟུགས་གཟུགས་ཀྱིས་སྟོང་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་

p. 245

སྟོང་ངོ་ཞེས་དང༌། ཡང་དེ་ཉིད་ལས། གསལ་ཡང་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་སོ། །ཡང་ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་སོ། །ལུང་གིས་དེ་ལྟར་དུ་གསུངས་ཀྱང་རྒྱུད་ནས་མ་གསུང་སྙམ་ན། མཁའ་འགྲོ་མ་གཟེབ་ཀྱི་རྒྱུད་ལས། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱས་པའི། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་སོ། །ལུང་ལས་དེ་ལྟར་དུ་གསུངས་ཀྱང་རིགས་པ་མེད་དོ་སྙམ་ན། མགོན་པོ་བྱམས་པའི་ཞལ་སྔ་ནས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །ཐོས་པའང་ཡིན་ཏེ་མང་དུ་ཐོས་པ་དང༌སྤྱིར་སྡེ་སྣོད་ཀྱི་ཆོས་ལ་མང་པོར་ཐོས་པའོ། །དེའང་ཆོས་འདི་ལྟ་བུ་གཅིག་ལའང་མང་དུ་ཐོས་པ་ཞིག་དགོས་པ་ཡིན་ཏེ། མ་ཐོས་ན་མི་ཤེས་པས་དེ་འདྲ་བའི་རིགས་ཐོས་པ་མེད་ན་བདག་གི་དོན་བྱས་ཀྱང་བྱ་བར་མི་ནུས་ཤིང་རང་དོན་མི་འགྲུབ་པ་ལ་གཞན་དོན་མི་འབྱུང་བར་ངེས་ན་གཞན་གྱི་དོན་བྱ་བར་ག་ལ་ནུས། ཞེས་སོ། །ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱང་ཐོས་པ་ལས་འོང་སྟེ། དེས་ན་ཐོག་མར་ཐོས་པ་གལ་ཆེ། དེ་ཡང་དོན་ལ་མ་བསམ་ན་ཚིག་ཐོས་པ་ཁོ་ནས་མི་ཕན་ཕྱིར་བསམ་དགོས་པས་ལུས་སྤྱི་བོའི་གཙུག་རྐང་པའི་མཐིལ་ཡན་ཆད་དུ་སེམས་སྐྱེ་འགག་གནས་གསུམ་དང་མདོག་དབྱིབས་སོགས་བཙལ་བར་བྱའོ། །ཞེས་སོ། །དེ་ཡང་བཙལ་བས་མི་རྙེད་པ་ནི་རྙེད་པའི་མཆོག །ཅེས་གསུངས་ཏེ་མདོག་དབྱིབས་ཕོ་མོ་མ་ནིང་སོགས་ཀྱིས་སྟོང་པས་སོ། །མན་ངག་ཀྱང་ཡིན་ཏེ། ཏཻ་ལོ་པའི་

p. 246

ཞལ་ནས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཡིད་ལ་མི་བྱེད་སྙིང་པོའི་དོན། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་ཡང་མ་མཐོང་བ་དེ་ཉིད། །དེ་རིང་མགོན་པོ་ང་ལྟར་འཁྲུལ་པ་ཟད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས་སོ། །༧ ངོ་སྤྲད་པ་ནི། མདུན་དུ་ཨརྱ་པ་ལོ་ངོ་མཚར་བ་ཞིག་སྒྲུབ་ཐབས་ནས་འབྱུང་བ་བཞིན་རྒྱན་ཆ་སོགས་གསལ་བར་བསྒོམས་ཏེ། མདུན་དུ་ཐུགས་རྗེ་ཆེན་པོར་སྣང་བ་དེ་རང་སེམས་ཡིན། སེམས་མདུན་ན་སྣང་མི་སྣང་ལྟ། སེམས་མདུན་ན་ཡོད་པ་མ་ཡིན་ཏེ་རང་གི་སེམས་ཐུགས་རྗེ་ཆེན་པོར་སྣང་བ་ཡིན། སྣང་བཞིན་པ་དེ་རང་གདོད་མ་ནས་དག་ཅིང་སྟོང་པ་ཕྱག་རྒྱ་ཆེན་པོར་མ་བཅོས་པར་བཞག །རྗེས་ལ་བསྔོ་བ་བྱའོ། ། ༈ ཡང་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་སྒོམ་པ་དང་བླ་མ་ལ་མོས་གུས་བྱ། དེ་ནས་བླ་མའི་སྐུ་ལ་སྤྲོ་བསྡུ་བྱ་སྟེ། དེ་ལའང་དང་པོ་སྙིང་དཀྱིལ་གྱི་བླ་མ་ལས་སྤྲོ་ན། ལུས་ཀྱི་ནང་ཐམས་ཅད་བླ་མའི་སྐུས་གང་བར་བསྒོམ། ཡང་བླ་མའི་སྐུས་བ་སྤུའི་བུ་ག་ཐམས་ཅད་གང་བར་བསམ། ཡང་ཕྱིར་འཕྲོས་པས་ཕྱི་རོལ་ནས་བླ་མའི་སྐུ་ཞལ་ཕར་གཟིགས་ཚུར་གཟིགས་བྱེད་པའི་སྐུ་དཔག་ཏུ་མེད་པས་སྣོད་བཅུད་ཐམས་ཅད་གང་བར་བསམ། དེ་ནས་ཕྱི་རོལ་གྱི་བླ་མ་དེ་དག་གང་དུ་སྣང་ལྟ། བ་སྤུའི་བུ་གའི་ལུས་ཀྱི་ཆ་ཐམས་ཅད་བླ་མ་ཡིན་སྙམ་པ་དགོས། བླ་མ་དེ་དག་གང་དུ་སྣང་ལྟ། ལུས་ཀྱི་ནང་གི་བླ་མ་དེ་དག་གང་དུ་སྣང་ལྟ། དེ་ལྟར་སྣང་བ་དེ་རང་གི་སེམས་སྣང་ཡིན། དེ་ནས་ཕྱི་རོལ་གྱི་བླ་མ་དེ་རྣམས་ཚུར་བ་སྤུའི་བླ་མ་རྣམས་ལ་བསྡུ། བ་སྤུའི་བུ་གའི་བླ་མ་དེ་རྣམས་ཀྱང་ལུས་ཀྱི་ནང་གི་བླ་མ་ཉིད་དུ་བསྡུ། དེ་རྣམས་ཀྱང་ཐུགས་ཀའི་

p. 247

བླ་མ་ལ་བསྡུས་ཏེ་གསལ་བ་ཞིག་བསྒོམ། སྙིང་དཀྱིལ་གྱི་བླ་མར་སྣང་བ་དེ་རང་གི་སེམས་དེ་ལྟར་སྣང་བ་ཡིན། སེམས་ཕྱག་རྒྱ་ཆེན་པོར་བཞག །རྗེས་ལ་བསྔོ་བ་བྱའོ། །༈ དྲུག་པ་མདུན་དུ་ཤེལ་གྱི་མཆོད་རྟེན་སྒོམ་པ་ནི། ཡང་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་སྒོམ་པ་དང་བླ་མ་བསྒོམས་ཏེ་མོས་གུས་གོང་ལྟར་བྱས་ལ། དེའི་རྗེས་ལ་མདུན་དུ་ཤེལ་གྱི་མཆོད་རྟེན་དཀར་ཙེར་རེ་བ་རྒྱ་ཆེ་ཞིང་དཔང་མཐོ་བ་ཞིག་བསམ། དེ་ནས་རང་ཉིད་རྗེན་གཅེར་བྱས་ཏེ་དེ་ལ་འདྲེད་ཅིང་མི་ཐར་བཞིན་འཛེགས་པས་སྟེང་དུ་ཕྱིན་ནས་གཡང་ཟ་ཕྱོ་ཕྱོ་བྱེད་ཅིང་འདུག་པར་བསམས་ལ། གླིང་བཞི་རི་རབ་དང་བཅས་པ་བལྟས་པར་བསམ། ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་བལྟས་པར་བསམ། བུདྡྷ་དང་བོ་དྷི་ས་ཏྭ་ཐམས་ཅད་ཀྱི་ཞིང་ཁམས་ཐམས་ཅད་ཀྱང་བལྟས་པར་བསམ། དེ་ནས་དེའི་སྟེང་དུ་རང་ཉིད་སྐྱིལ་ཀྲུང་བཅས་ནས་འདུག་པར་བསམ། དེ་ལྟར་འཛེགས་མཁན་དེ་གང་དུ་སྣང་ལྟ། སྟེང་དུ་ཕྱིན་ནས་ཞིང་ཁམས་ཐམས་ཅད་ལྟ་མཁན་དེ་གང་དུ་སྣང་ལྟ། ཞིང་ཁམས་དེ་དག་ཀྱང་གང་དུ་སྣང་ལྟ། དེའི་སྟེང་དུ་བཞུགས་མཁན་དེ་གང་དུ་སྣང་ལྟ། མདུན་དུ་ཤེལ་གྱི་མཆོད་རྟེན་གང་དུ་སྣང་ལྟ། དེ་དག་ཐམས་ཅད་རང་གི་སེམས་ཡིན། མདུན་ན་ཡོད་པའི་ཤེལ་གྱི་མཆོད་རྟེན་གཅིག་དང༌། དེར་འཛེགས་མཁན་གྱི་སེམས་གཅིག་དང༌། ལྟ་མཁན་བལྟ་བྱའི་ཡུལ་ལ་སོགས་པ་དེ་དག་ཐམས་ཅད་ཐ་དད་མ་ཡིན་རང་སེམས་ཡིན། གང་ལྟར་སྣང་བ་དེ་རང་གི་སེམས་དེ་ལྟར་དུ་སྣང་བ་ཡིན། སེམས་ཕྱག་རྒྱ་ཆེན་པོར་བཞག །རྗེས་ལ་བསྔོ་བ་བྱའོ། །༈ བདུན་པ་འདི་རྐྱེན་ངན་གྲོགས་སུ་འཁྱེར་བའམ། ལྟས་ངན་གཡང་དུ་བླང་བ་བྱ་བ་ཡིན། ཡང་སེམས་བསྐྱེད་པ་དང༌། སེམས་ཅན་ལ་སྙིང་རྗེ་སྒོམ་པ་དང༌། ལུས་ཡི་དམ་གྱི་ལྷར་སྒོམ་པ་དང༌། བླ་མ་བསྒོམས་ནས་མོས་གུས་ལ་སོགས་པ་གོང་ལྟར་བྱ། དེ་ནས་རང་ཉིད་གཅེར་བུར་ཀ་ཆ་ཕྲལ་

p. 248

ལེ་བ་ནམ་མཁར་འདུག་པ་ལ། འོག་ནས་སྐྱེ་བོའི་ཚོགས་དཔག་ཏུ་མེད་པས་འཕྱ་ཞིང་གད་མོ་བྱེད་པར་བསམ་སྟེ་རང་ཉིད་ཀྱང་དེ་ལ་ངོ་ཚ་ཞིང་གཡང་ཟ་ཕྱོ་བྱེད་ཅིང་འདུག་པར་བསམ། ཡང་རང་ཉིད་ནམ་མཁའ་ལ་འདུག་ནས་གཡང་ཟ་བ་དང༌། ངོ་ཚ་མཁན་དང༌། འོག་ནས་ཡར་འཕྱ་ཞིང་དགོད་མཁན་ལ་སོགས་པ་དེ་དག་ཐམས་ཅད་གང་དུ་སྣང་ལྟ། དེ་ལྟར་སྣང་བ་དེ་རང་གི་སེམས་ཡིན། སེམས་ལས་གཞན་དུ་དེ་དག་གང་ཡང་ལོགས་སུ་གྲུབ་པ་མེད་དོ། །སེམས་ཞི་བ་དང༌། སྟོང་དུ་གཞུག་མི་དགོས་པར་དེ་རང་གིས་སྟོང་པ་ཡིན་ནོ། །ཡང་རང་གི་ལུས་ནམ་མཁའ་ལ་ཡི་དམ་གྱི་ལྷར་གསལ་བ་ཞིག་བསྒོམས་ཏེ་འོག་གི་སྐྱེ་བོའི་ཚོགས་རྣམས་ངོ་མཚར་ཞིང་ལུས་གུས་པས་ངག་གིས་ཚིགས་སུ་བཅད་པ་བརྗོད། སེམས་དང་བ་དང་བཅས་རང་ལ་གྱང་འགྱེལ་བ་བཞིན་དུ་ཕྱག་འཚལ་བར་བསམ། ཡང་ནམ་མཁའི་ཡི་དམ་ངོ་མཚར་བ་དེ་དང་དགའ་ཞིང་ངོ་མཚར་ཞིང་གུས་པ་བྱེད་མཁན་དེ་གང་དུ་སྣང་ལྟ། དེ་དག་ཐམས་ཅད་རང་གི་སེམས་ཡིན། གང་ལྟར་སྣང་བ་དེ་ལྟར་རང་གི་སེམས་དེ་ལྟར་སྣང་བ་ཡིན། སེམས་ཀྱི་རང་བཞིན་གདོད་མ་ནས་དག་ཅིང་སྟོང་པ་ཞིག་ཡིན། དེས་ན་བཟང་ངན་སྐྱིད་སྡུག་ལ་སོགས་པ་ཅི་བྱུང་ཡང་རང་གི་སེམས་ཕྱག་རྒྱ་ཆེན་པོར་མྱོང་ན། བཟང་ངན་སྐྱིད་སྡུག་ལ་སོགས་པ་ཅི་བྱུང་ཡང་གྲོགས་སུ་འཆར་བ་ཡིན་གསུངས། ད་ཡང་རང་ཉིད་མལ་གདན་ཐོག་ཏུ་བཞུགས་པར་བསམ་ལ་ལུས་ཡི་དམ་གྱི་ལྷ་གསལ་བ་ཞིག་བསྒོམས་ཏེ་སེམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་མ་བཅོས་པར་བཞག །རྗེས་ལ་བསྔོ་བ་བྱའོ། ། ༈ ཡང་སེམས་བསྐྱེད་བྱ། སེམས་ཅན་ལ་སྙིང་རྗེ་བསྒོམ། ལུས་ཡི་དམ་གྱི་ལྷ་རུ་སྒོམ་པའི་སྙིང་གི་དཀྱིལ་དུ་བླ་མ་བསྒོམས་ནས་མོས་གུས་བྱེད་པ་སོགས་གོང་བཞིན་བྱས་ལ། སྐབས་འདིར་རང་རེ་འདུག་

p. 249

པའི་ས་གཞི་འདིའང་རཏྣའི་ས་གཞི། ཁང་པ་ལ་སོགས་པ་ཡང་རཏྣའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་དབུས་སུ་རང་ཉིད་རཏྣ་སྣ་ཚོགས་ཀྱིས་སྤྲས་པའི་ཁྲི་གཅིག་གི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་བཞུགས་པ་ལ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་ཆོས་འཆད་ཅིང་བཞུགས་པར་བསམ། ཡང་ཤར་ཕྱོགས་ཀྱི་ལོ་ཀའི་འཇིག་རྟེན་གྱི་ཁམས་ན་རཏྣའི་གཞལ་ཡས་ཁང་གི་ནང་ན་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་ཕྱག་མཚན་དང་ལྡན་པར་བཞུགས་པ་ལ་འཁོར་དཔག་ཏུ་མེད་པས་བསྐོར་བ་གོང་ལྟར་བསམ། ཡང་ལྷོ་ཕྱོགས་ཀྱི་ལོ་ཀའི་ཁམས་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་འཁོར་དང་བཅས་པ་གོང་ལྟར་ནས། ནུབ་ཕྱོགས་ཀྱི་ལོ་ཀའི་ཁམས་ན་ཡང་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འཁོར་དང་བཅས་པ་གོང་ལྟར་བསམ། ཡང་བྱང་ཕྱོགས་ཀྱི་ལོ་ཀའི་ཁམས་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་དང་བཅས་པ་གོང་ལྟར་བསམ། རང་ཉིད་ཕྱོགས་བཞི་དབུས་དང་ལྔའི་སྟོན་པ་མཛད་ཅིང་འཁོར་དེ་དག་ལ་ཆོས་གསུང་བ་གསལ་བ་ཞིག་བསྒོམ་པར་བྱ་སྟེ། དེ་ཡང་བཤད་པའི་དུས་སུ་གོ་རིམ་བྱུང་ཡང༌། སྒོམ་པའི་དུས་སུ་གཅིག་ལ་གསལ་བར་བསྒོམ་མོ། །དེ་ནས་འཁོར་རྣམས་སོ་སོའི་གཙོ་བོ་ལ་བསྡུ། གཙོ་བོ་བཞི་ཡང་དབུས་ཀྱི་གཙོ་བོ་དང༌། རང་གི་སེམས་ཉིད་ཕྱག་རྒྱ་ཆེན་པོ་གཉིས་གཅིག་ཏུ་བསམ་སྟེ་མི་དམིགས་པར་བཞག་གོ །དེ་དག་ནི་ཕྱག་རྒྱ་བཞི་ལས་རྒྱུ་དམ་ཚིག་གི་ཕྱག་རྒྱ་བྱ་བ་ཡིན། དེ་ཡང་རྒྱུའི་དུས་སུ་དེ་ལྟར་བསྒོམས་པས་སངས་རྒྱས་ནས་འབྲས་བུའི་དུས་ཞིང་ཁམས་སོ་སོའི་སྟོན་པ་དེ་ལྟར་བྱེད་པ་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་གསུངས། ༈ ཡང་རྗེ་
རིན་པོ་ཆེའི་ཞལ་ནས། སེམས་བསྒོམས་ནས་རྟོགས་དགོས། སེམས་ལ་ལོངས་སྤྱོད་དགོས། སེམས་འབྲས་བུ་བྱ་བ་ཡིན་གསུངས། དེ་ལ་སེམས་རྟོགས་པ་ནི་སེམས་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་དག་ཅིང་སྟོང་པ། ཟུང་འཇུག་གཉིས་སུ་མེད་པ་དོན་དམ་ཆོས་སྐུར་རྟོགས་ནས་སེམས་དྲན་པ་དང་རྟོག་པ་སྣ་ཚོགས་སུ་སྣང་བ་དེ་རང་གི་སེམས་དེ་ལྟར་དུ་སྣང་བ་ཡིན། དེ་ལྟར་དུ་སྣང་མོད། དེ་རང་ལ་བརྟགས་ན་གདོད་མ་ནས་དག་ཅིང་སྟོང་པ། ཟུང་འཇུག་གཉུག་མ་རྒྱུན་ཆད་མེད་པ་སྒོམ་པ་ལས་གཞན་མེད་པའོ། །ལོངས་སྤྱོད་པ་ནི། སེམས་དེ་ལ་དྲན་པ་དང་རྟོག་པ་ཅི་བྱུང་ཡང་སེམས་ཡིན་ལ། སེམས་ཀྱི་རང་བཞིན་དེ་གདོད་མ་ནས་དག་ཅིང་སྟོང་པ་སྟེ་སྣང་སྟོང་དབྱེར་མེད་དུ་ལོངས་སྤྱོད་པའོ། །སེམས་ཀྱི་འབྲས་བུ་བཞི་ཡིན་ཏེ། གསལ་བ་སྤྲུལ་པའི་སྐུ། བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ། མི་རྟོག་པ་ཆོས་ཀྱི་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ་སྐུ་བཞི་ལྷུན་གྱིས་གྲུབ་པ་འབྱུང་བའོ། །འདི་བྲིས་བསོད་ནམས་གང་ཐོབ་དེས། །འགྲོ་རྣམས་རང་སེམས་རྟོགས་གྱུར་ནས། །འབྲས་བུ་སྐུ་བཞི་ལྷུན་གྲུབ་སྟེ། །རང་གཞན་དོན་རྣམས་འགྲུབ་འགྱུར་ཤོག །སྙན་བརྒྱུད་ཡི་གེར་བྲིས་པ་ལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མི་མཉེས་གྱུར་ན་བཟོད་པར་གསོལ། །ཨྠྀི། དགེའོ།། །།

ཕྱག་རྒྱ་ཆེན་པོའི་ཁྲིད། ཏི་ཤྲི་སངས་རྒྱས་རས་ཆེན།

p. 250

༈ ན་མོ་རཏྣ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་སྟོང་ཞིང་ཞི་བ། ངོ་བོ་སྤྲོས་བྲལ་དག་ཅིང་གསལ་བ། མཚན་ཉིད་མ་འདྲེས་པ་ཡོངས་སུ་རྫོགས་པ། གཤིས་ཀ་སྐྱེ་མེད་ལྷུན་གྱིས་གྲུབ་པ་བྱ་བ་ཡིན་གསུངས། ཨྠྀི། ༈ ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་ངོ་བོ་བྱ་བ་ལ། ཕྱག་རྒྱ་ཆེན་པོའི་ངོ་བོ། ངེས་ཚིག །མཚན་ཉིད། ཁྱད་པར་བྱ་བ་གསུངས་ཏེ། དེ་ཡང་ངོ་བོ་ནི་བདེ་བ། གསལ་བ། མི་རྟོག་

p. 251

པ་གསུམ་མོ། ངེས་ཚིག་ནི་གཉིས་སུ་མེད་པའི་དོན་གྱིས་ན་ཕྱག །དེ་ལས་མི་འདའ་བའི་དོན་གྱིས་ན་རྒྱ། དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །མཚན་ཉིད་ནི་ཅི་ཡང་མ་ཡིན་ཅིར་ཡང་སྣང་བ་མཚན་ཉིད་མེད་པའི་མཚན་ཉིད་ཅེས་གསུངས་སོ། །ཁྱད་པར་ནི་གཉིས་སུ་མེད་ལ་གཅིག་པ་བཀག་པའི་ཁྱད་པར་དུ་མ་ལ་ཐ་དད་མ་ཡིན་པའི་ཁྱད་པར་རོ། །ཨྠྀི། ༈ ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་གྱི་གདམས་པ་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་ནི། དང་པོ་སྒོམ་བཏབ་པ་བྱ་བ་ཡིན། གཉིས་པ་ངོ་སྤྲད་པ་བྱ་བ་ཡིན། གསུམ་པ་འདི་སེམས་ཀྱི་རང་བཞིན་རྟོག་མེད་སྒོམ་པ་བྱ་བ་ཡིན། བཞི་པ་མདུན་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་སྒོམ་པ་ནི་ཚིག་གིས་ངོ་སྤྲད་པ་འདྲ་ཡིས་བོགས་འདོན་པ་བྱ་བ་ཡིན། ལྔ་པ་བླ་མའི་སྐུ་ལ་སྤྲོ་བསྡུ་བྱེད་པ་འདི་བླ་མ་ལ་བརྟེན་ཏེ་རང་གི་སེམས་བོགས་འདོན་བྱ་བ་ཡིན། དྲུག་པ་མདུན་དུ་ཤེལ་གྱི་མཆོད་རྟེན་སྒོམ་པ་ནི་སེམས་མ་རྟོགས་པ་རྟོགས་པར་བྱེད་པ་འདྲ་བའི་བོགས་འདོན་བྱ་བ་ཡིན། བདུན་པ་རང་ཉིད་ནམ་མཁའི་མཐོངས་སུ་འདུག་པ་འདི་མི་མཐུན་པའི་ཕྱོགས་སམ་རྐྱེན་ངན་གྲོགས་སུ་འཁྱེར་བ་བྱ་བ་ཡིན། བརྒྱད་པ་འདིས་སེམས་རྟོགས་དགོས་སེམས་བསྒོམ་དགོས་སེམས་ལ་ལོངས་སྤྱོད་དགོས་ཏེ། སེམས་འབྲས་བུ་བྱ་བ་ཡིན། དགུ་པ་རང་ཉིད་རྒྱལ་བ་རིགས་ལྔར་སྒོམ་པ་འདི་མ་འོངས་པའི་དུས་སུ་ཞིང་ཁམས་དེ་ལྟ་བུ་ན་འཁོར་གྱི་སྟོན་པ་དེ་ལྟ་བུ་བྱེད་པའི་རྒྱུ་ཡིན། བཅུ་པ་འདི་ཐོན་ཆོས་ཡིན་ཏེ་སྒོམ་སྐྱེས་ཀྱང་འདི་བཞིན་དུ་སྒོམ་སྐྱོང་བ་ཡིན། མ་སྐྱེས་ཀྱང་འདི་བཞིན་བསྒོམས་ན་སྐྱེ་བ་ཡིན་གསུངས། འདི་ལ་སྦྱོར་བའི་ཆོས་བདུན། དངོས་གཞིའི་ཆོས་ལྔ། རྗེས་ཀྱི་ཆོས་གཅིག་སྟེ་གནད་ཀྱི་ཆོས་བཅུ་གསུམ་དུ་ཤེས་པར་བྱའོ། །གོང་གི་ཁྲིད་ཐབས་བཅུ་པོ་དེ་ལ་སྦྱོར་བའི་དུས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། དངོས་
གཞིའི་དུས་སུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རུས་སུ་ཐོན་པ་སྒོམ་པ་དང༌། ལུས་ངག་ཡི་དམ་གྱི་ལྷར་གསལ་བར་སྒོམ་པ་དང༌། བླ་མ་སྙིང་གི་དཀྱིལ་དུ་བསྒོམས་ནས་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་མོས་གུས་ཐུན་མོང་མ་ཡིན་པ་བྱེད་པ་དང༌། མདུན་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་སྒོམ་པ་ལ་སོགས་པའི་དམིགས་པ་རིམ་པ་བཞིན་དུ་སྒོམ་པ་དང༌། རྗེས་ཀྱི་དུས་སུ་སེམས་ཉིད་ཕྱག་རྒྱ་ཆེན་པོར་མྱོང་བ་དང་རྟོགས་པའོ། །ཆོས་རྗེ་དྭགས་པོ་རིན་པོ་ཆེ། དེས་རྗེ་འབའ་རོམ་པ་ནས་ཆོས་ཀྱི་རྒྱལ་པོ་འགྲོ་མགོན་ཏི་ཤྲི་རས་ཆེན་གྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་གོང་འོག་མ་ནོར་བ་བླ་མའི་ཞལ་ནས་རྙེད་པ་ཉིད་ཡི་གེར་བཀོད་པ་རྫོགས་སོ།། །།ཨྠྀི།

ཆོས་རྗེ་འབའ་རོམ་པའི་ཞལ་གདམས་གསེབ་ལམ་རིག་པ་རྐྱང་འདེད་ལས་ཕྱག་རྒྱ་ཆེན་པོའི་གནད་ཆོས་བཅུ་གསུམ།

p. 252

༄༅། །ཆོས་རྗེ་འབའ་རོམ་པའི་ཞལ་གདམས་གསེབ་ལམ་རིག་པ་རྐྱང་འདེད་ལས་ཕྱག་རྒྱ་ཆེན་པོའི་གནད་ཆོས་བཅུ་གསུམ་བཞུགས་སོ། །
༄༅། །ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་གྱི་གདམས་པ་ཕྱག་རྒྱ་ཆེན་པོ་གནད་ཀྱི་ཆོས་བཅུ་གསུམ་ནི། སྦྱོར་བའི་ཆོས་བདུན། དངོས་གཞིའི་ཆོས་ལྔ། རྗེས་ཀྱི་ཆོས་གཅིག་གོ ། དེ་ལ་སྦྱོར་བའི་ཆོས་བདུན་ནི། ༧ བྱ་བ་བཏང་ལ་དགོན་གསུམ་བསྟེན་པའི་གནད། །ཅེས་གསུངས་ཏེ། དེ་ཡང་གནས་ཀྱི་དགོན་པ་ཡིན་ཏེ་ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་ཉུང་བ། མཚན་མོ་སྒྲ་ཡི་གླགས་ཅོར་མེད་པ། འདུ་འཛི་ལས་དབེན་པ། ས་མ་ཏི་ཏིང་ངེ་འཛིན་ངང་གིས་འཕེལ་ཞིང་ཉམས་དགའ་བའོ། །ཡང་ན་བྱིན་གྱིས་བརླབས་པའི་གནས་རི་བོའི་དུར་ཁྲོད་དམ། ཤིང་

p. 253

གཅིག་གམ། ཆུ་འགྲམ་ལ་སོགས་པའོ། །གནས་ཀྱི་དགོན་པ་དེ་ལྟ་བུ་དེར། ལུས་ཀྱི་དགོན་པ་ལ་ངལ་དུབ་མེད་པས་དལ་བ། ངག་གི་དགོན་པ་ལོ་ཀའི་འཇིག་རྟེན་གྱི་གཏམ་ལ་སོགས་པ་སྨྲ་བ་ཉུང་བ། ཡིད་ཀྱིས་གཟུང་འཛིན་སྤངས་པས་ཏེ་མཐུན་རྐྱེན་ཚོགས་ཤིང་འགལ་རྐྱེན་སྤངས་པས་ལུས་སེམས་བདེ་བ་དེའི་རྐྱེན་གྱིས་ས་མ་ཏི་འཕེལ་ཏེ་སེམས་ཉིད་ཆོས་སྐུར་ངོ་འཕྲོད་ནས་ཉམས་བདེ་གསལ་མི་རྟོག་པ་གསུམ་འཆར་བས་ན་གནད་ཅེས་སོ། །དེ་ལ་མཐུན་རྐྱེན་བསྟེན་པ་དང་འགལ་རྐྱེན་སྤངས་པའི་གནས་ཞེས་བགྱིའོ། །དེ་ལྟར་ཡང་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ལས། རབ་ཏུ་དབེན་པའི་རྡོ་ལེབ་སྟེང༌། །མེ་ཏོག་སྣ་ཚོགས་བཅལ་བཀྲམ་པའི། །རྩྭའི་ལྗོངས་དང་ཕུག་སྟོང་དང༌། །ཤིང་ཏོག་རབ་རྒྱས་གནོད་བྲལ་བའི། །ནགས་ཀྱི་གྲོང་ཁྱེར་རབ་རྒྱས་དང༌། །ཆུ་ཡི་འགྲམ་དང་ཤིང་གཅིག་དྲུང༌། །དུར་ཁྲོད་དང་ནི་དབེན་པའི་གནས། །ཀླུ་དང་ཕུ་ཆུ་ཧཱུྃ་སྒྲ་ཅན། །སེར་བུ་བསིལ་བའི་ངད་ལྡན་ཞིང༌། །སྨན་དང་ལྗོན་ཤིང་མང་གནས་ཤིང༌། །གླང་ཆེན་སྨྱོན་པ་གཅན་གཟན་གདུག །སྦྲུལ་དང་གཡང་ས་སྡིགས་པ་དང༌། །ཀླུ་གདུག་ཡི་དྭགས་གནས་པའི་ས། །གནོད་སྦྱིན་གདུག་གནས་རབ་སྤངས་ཏེ། །རབ་ཏུ་ཡིད་དང་མཐུན་པ་དེར། །ཡེ་ཤེས་སེམས་དཔའ་བསྒྲུབ་པར་བྱ། །ཞེས་སོ། །༧ ལུས་ཀྱི་འཁྲུལ་འཁོར་རྟེན་འབྲེལ་འཛོམས་པའི་གནད། །ཅེས་གསུངས་ཏེ། དེའང་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ། ལག་པ་མཉམ་བཞག་གི་མུ་དྲ་ཕྱག་རྒྱ་བྱ། སྒལ་ཚིགས་གསེར་གྱི་དོང་ཙེ་བརྩེགས་པ་ལྟར་བསྲང༌། མགྲིན་པ་ལྕགས་ཀྱུ་ལྟར་རམ་རྨ་བྱ་ལྟར་དགུག །བྲང་སེངྒེ་ལྟར་ཡངས་པར་བྱ། དཔུང་པ་རྒོད་གཤོག་ལྟར་བརྒྱང་། ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེ་མཐོང་ཙམ་དུ་བྱ་སྟེ། ལུས་སེམས་ཁོང་ནས་གློད་ལ་བཞག་པར་བྱ། རྟེན་འབྲེལ་འདི་དག་འཛོམས་

p. 254

པ་ལས། སེམས་ཉིད་ངོ་ཤེས་པར་འགྱུར་བས་ན་གནད་ཅེས་གསུངས་སོ། །༧ བྱང་ཆུབ་སེམས་བསྐྱེད་ཐེག་པ་ཆེན་པོའི་གནད། །ཅེས་གསུངས་ཏེ། དེ་ཡང་ད་ལྟ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཐེག་པ་ཆེན་པོར་འགྱུར་བ་དང་ནམ་སངས་རྒྱས་པའི་དུས་སུ་སེམས་ཅན་གྱི་དོན་འབད་པ་མེད་པ་འབྱུང་བས་ན་གནད་ཅེས་བྱའོ། །༧ སྐད་ཅིག་དྲན་རྫོགས་གཟུགས་སྐུ་འཆར་བའི་གནད། །ཅེས་གསུངས་ཏེ་ལུས་ཡི་དམ་གྱི་ལྷ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྐད་ཅིག་གིས་གསལ་བར་བསྒོམས་པས། འབྲས་བུ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱིས་གཞན་དོན་བྱེད་པ་ཞིག་འབྱུང་བས་ན་གནད་ཅེས་བྱའོ། །བདེ་མཆོག་ལས་ཀྱང༌། ཀུན་ནས་ཐམས་ཅད་སྐད་ཅིག་སྟེ། །ཞེས་གསུངས་སོ། །༧ བླ་མ་བསྒོམས་པས་བྱིན་རླབས་འབྱུང་བའི་གནད། །ཅེས་གསུངས་ཏེ། དེ་ཡང་རྩ་བའི་བླ་མ་སྙིང་གི་དཀྱིལ་དུ་བསྒོམས་ལ་མོས་གུས་བྱས་ཏེ། བླ་མའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མའི་གསུང་ལ་སྐྱབས་སུ་མཆིའོ། །བླ་མའི་ཐུགས་ལ་སྐྱབས་སུ་མཆིའོ། །ཞེས་པ་དང༌། ལུས་ལ་བདེ་དྲོད་སྐྱེ་བར་བྱིན་གྱིས་རློབས། །ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ། ནོར་བུ་ལྟ་བུ། བདུད་རྩི་ལྟ་བུས་གང་བར་མཛད་དུ་གསོལ། བདེ་གསལ་མི་རྟོག་གསུམ་གྱི་ཉམས་སྐྱེ་བར་མཛད་དུ་གསོལ། ས་མ་ཏི་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། གནས་ལུགས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ངོ་འཕྲོད་ཅིང་མཆོག་དང་ཐུན་མོང་གཉིས་ཀྱི་སིདྡྷི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ན་བྱིན་རླབས་འབྱུང་བས་གནད་ཅེས་སོ། །དེ་ལྟར་ཡང་ཤེས་རྒྱུད་འགྲོལ་བའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་

p. 255

སྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་རྣམས། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང༌། དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ཤིང་བྱིན་གྱིས་རླབས་པ་ཡིན། ༧ སྟེང་འགགས་ཆེན་པོ་རྣམ་རྟོག་འཇོམས་པའི་གནད། །ཅེས་གསུངས་ཏེ། དེའང་སྟེང་རླུང་རན་ཙམ་དུ་བཟུང་ནས་ཞད་ཙམ་མནན་པས་ཕྱི་ཡི་ཡུལ་སྣ་ཚོགས་ལ་རྣམ་རྟོག་འཕྲོ་བ་འགགས་པས་ན་གནད་ཅེས་བྱའོ། །དེ་ལྟར་ཡང༌། ཡིད་དང་རིག་པ་སེམས་དང་རླུང༌། །དེ་ཡི་འབྲེལ་བ་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་གསུངས་སོ། །༧ འོག་འགགས་ཆེན་པོ་བདེ་བ་སྐྱེ་བའི་གནད། །གསུངས་ཏེ། དེ་ཡང་འོག་རླུང་ལན་གསུམ་ཙམ་དྲག་ཏུ་ཡར་འཐེན་ནས་བསྡམས་པས་བདེ་བ་ཆེན་པོ་རྒྱུད་ལ་སྐྱེ་བའི་གནད། ཅེས་སོ། །དེ་ཡང་ཆུ་མ་རྙོག་ན་དྭངས། སེམས་མ་བཅོས་ན་གསལ། ཞེས་སོ། །༧ བཏང་སྙོམས་ཆེན་པོ་ཡེ་ཤེས་འཆར་བའི་གནད། །ཅེས་གསུངས་ཏེ། དེ་ཡང་སེམས་ཀྱི་འཕྲོ་འདུ་ཐམས་ཅད་ཁོང་ནས་ལྷོད་ཅིང་རང་གར་ཀློད་ལ་བཞག་པས་རང་རིག་པའི་ཡེ་ཤེས་ངོ་འཕྲོད་པའམ་རྟོགས་པར་འགྱུར་བས་ན་གནད་ཅེས་གསུངས་སོ། །དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ལས། དངོས་པོ་བསྐལ་པར་བསྒོམས་པ་བས། །རང་རིག་སྐད་ཅིག་ཐོས་པ་གཉིས། །བརྒྱ་སྟོང་ལ་སོགས་ཆར་མི་ཕོད། །དཔེར་ན་མཚོ་དང་གླང་རྗེས་བཞིན། །ཞེས་སོ། །༧ མ་ཡེངས་རྩེ་གཅིག་ཆོས་སྐུ་འཕེལ་བའི་གནད། །ཅེས་གསུངས་ཏེ། དེ་ཡང་ལྷོད་ཀྱིས་ཀློད་ན་གསལ། དེའི་ངང་དེ་ཉིད་ལས་མཉམ་བཞག་གསལ་ཡང་རུང་མི་གསལ་ཡང་རུང་རྩེ་གཅིག་ཏུ་མ་ཡེངས་པར་ཡང་ཡང་དུ་གོམས་པར་བྱས་ནས་སེམས་ཉིད་ཆོས་སྐུར་ངོ་འཕྲོད་ནས་རང་གཞན་གྱི་དོན་ཤུགས་ལ་འབྱུང་བས་ན་གནད་ཅེས་བྱའོ། །དཔལ་བདུད་རྩི་འབྱུང་བའི་རྒྱུད་

p. 256

ལས། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འདི། །ལྟ་བའི་རྒྱལ་པོ་ཡིན་པར་འདོད། །ཅེས་སོ། །༧ གསལ་ལ་ཡུན་ཐུང་བྱིང་རྒོད་འཇོམས་པའི་གནད། །ཅེས་གསུངས་ཏེ། དེའང་མཉམ་བཞག་གསལ་ལ་ཡུན་ཐུང་བར་བྱ། ཡུན་རིང་ན་ཐུན་ཞབས་སུ་གཉིད་དང༌། རྣམ་པར་རྟོག་པའི་བྱིང་རྒོད་དུ་འགྲོ་བས་མཉམ་བཞག་དེ་ལ་ཤེས་པ་གནས་པའི་དུས་སུ་འཕྲོ་གཅོད་པའི་ཚུལ་དུ་བྱས་ཤིང་ཡང་ཡང་བསྒོམས་ན་བྱིང་རྒོད་ལ་སོགས་པའི་རྐྱོན་དག་འཇོམས་པས་ན་གནད་ཅེས་གསུངས་སོ། །རྡོ་རྗེ་འཆང་གི་ཞལ་ནས། རང་སེམས་རྟོགས་པའི་སྒོམ་པ་ལ། །ཅིག་ཅར་བསྟུན་ཏེ་འཇུག་ནུས་ན། །སྒོམ་པའི་ཐུན་ལ་རིང་ཐུང་མེད། །ནམ་གྲུབ་བསམ་པའི་ཁར་མ་ལུས། །ཞེས་དང༌། རྗེ་བཙུན་མི་ལའི་ཞལ་ནས། ཡུན་ཐུང་བ་ལ་ལན་མང་བསྒོམ། །ལན་མང་བསྒོམས་པས་སྐྱོན་མེད་གོམས། །སྐྱོན་མེད་གོམས་ཤིང་བརྟན་པ་ལ། །རྫོགས་པའི་སངས་རྒྱས་འབྱུང་བ་ཡིན། །ཅེས་སོ། །༧ ཆུ་བོ་རྒྱུན་སྒོམ་བར་ཆོད་མེད་པའི་གནད། །ཅེས་གསུངས་ཏེ། དེའང་དཔེར་ན་ཆུ་སྔ་མ་བབས་པའི་རྗེས་ལ་ཕྱི་མ་འབབ་པས་རྒྱ་མཚོ་ལ་ཐུག་གི་བར་དུ་རྒྱུན་མི་ཆད་པར་འབབ་པ་བཞིན་དུ་རང་གི་རིག་པ་ཆོས་ཀྱི་སྐུ་སེམས་ཉིད་ལྷན་ཅིག་སྐྱེས་པ་གསལ་བའི་ངང་ནས་རྒྱུན་ཆད་མེད་པར་བསྒོམས་ན་བར་ཆད་གང་གིས་ཀྱང་མི་ཚུགས་པས་ན་གནད་ཅེས་གསུངས་སོ། །༧ ཉོན་མོངས་ཐོག་བརྫི་དགག་སྒྲུབ་མེད་པའི་གནད། །ཅེས་གསུངས་ཏེ། དེའང་ཉོན་མོངས་པའི་རྣམ་པར་རྟོག་པ་གང་སྐྱེས་ཀྱང་དེ་ཉིད་ཀྱི་སྟེང་དུ་ལྷོད་ཅིང་བསྒོམ་སྟེ། དེ་རང་གི་མཚན་ཉིད་ཤེས་པར་བྱས་ལ་དེ་རང་གྲོགས་སུ་འཆར་བས་གནད་ཅེས་བྱའོ། །ཧེ་བཛྲ་ལས། ཆགས་པས་འཇིག་རྟེན་འཆིངས་གྱུར་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་སྦྱོར་བ་འདི་དག་ནི། །མུ་
སྟེགས་སངས་རྒྱས་ཀྱིས་མི་ཤེས། །ཞེས་སོ། །༧ རྨི་ལམ་ལ་སོགས་རྗེས་ཐོབ་བསྲེ་བའི་གནད། །ཅེས་གསུངས་ཏེ། དེའང་སེམས་ཉིད་ལྷན་ཅིག་སྐྱེས་པ་རིག་པ་གསལ་བའི་དོན་ལ་གནས་པའི་ཚེ་དབང་པོ་རབ་མཉམ་བཞག་དང་རྗེས་ཐོབ་དུས་མཉམ་པ་ཡིན་ལ། དེའང་དཔེར་ན་ཆུ་ལ་རལ་གྲི་བཏབ་པ་དང་འདྲ་བ་ཡིན། འབྲིང་གིས་ཀྱང་སྒྱུ་ལུས་ལ་སོགས་པ་རྗེས་ལ་ཐོབ་ཀྱི་བར་དུ་སྒྱུ་མ་ལྟར་བསམ་པར་བྱ། ཐ་མས་ཀྱང་རྗེས་ཀྱི་དུས་སུ་སྒྱུ་མ་ལྟ་བུའི་རྒྱས་བཏབ་སྟེ་རྗེས་ལ་བསྲེ་བར་བྱའོ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅི་ཡང་མ་ཡིན་ཁས་ལེན་བྲལ། །ཅིར་ཡང་སྣང་བ་ངོ་མཚར་ཆེ། །ཞེས་པ་དང༌། གཉིས་མེད་ཤེས་པ་ཡུལ་དང་ཐུག་ཕྲད་ལ། །མཉམ་བཞག་རྗེས་ཐོབ་རིམ་པ་ཡོད་མིན་ཏེ། །ཆུ་དང་རྦ་རླབས་ཐ་དད་མ་ལྟ་ཞིག །ཅེས་གསུངས་སོ། །འདི་དག་ནི་རྗེ་སྒམ་པོ་པ་དང་ཆོས་རྗེ་འབའ་རོམ་པ་ཡབ་སྲས་ཀྱི་ཞལ་གདམས་ཕྱག་རྒྱ་ཆེན་པོ་གནད་ཀྱི་ཆོས་བཅུ་གསུམ་ཞེས་བྱ་བ་སྒོམ་ཆེན་ཀུན་གྱིས་ཐུགས་ལ་ཞོག །ཨྠྀི། དག་པར་བཤུས་པའོ། །མངྒ་ལཾ། །

ཕྱག་ཆེན་ནམ་མཁའི་ཁེབ་མ་སྣང་བ་བཅོལ་བའི་ཁྲིད་ཡིག་ཟུང་འཇུག་གྲུབ་པའི་གསེང་ལམ། པུཎྱེ་བྷ་དྲ།

p. 257

༄༅། །ཕྱག་ཆེན་ནམ་མཁའི་ཁེབ་མ་སྣང་བ་བཅོལ་བའི་ཁྲིད་ཡིག་ཟུང་འཇུག་གྲུབ་པའི་གསེང་ལམ་ཞེས་བྱ་བ་བཞུགས་སོ། །
༄༅། །རྗེ་བླ་མ་རྣམས་ལ་གུས་པས་འདུད། བཀའ་བརྒྱུད་འདི་ཡི་ཐུགས་བཞེད་ཀྱི་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པ་ནི་སྔོན་འགྲོ་གོང་ལྟར་དུ་བྱ། བླ་མ་སྤྱི་བོར་བསྒོམ་ལ་མོས་

p. 258

གུས་ཚད་མེད་པ་བྱ། བླ་མའི་ཐུགས་རྒྱུད་དྲི་མ་མེད་པ་དང་རང་གི་སེམས་རྒྱུད་གཉིས་བསྲེ། རང་གི་མདུན་དུ་ལྷ་སྐུའམ་ཤིང་བུ་རྡེའུ་གང་བདེ་བཞག་ལ་སེམས་གཏད། མིག་མི་འགུལ། རྫི་མ་མི་གཡོ་བར་ཅེ་རེ་གཏད་པ་ནི། ཀ་ར་ན་ཡུལ་ལ་བཅིངས་བྱ་བ་ཡིན། དེ་ལྟར་འདས་མ་འོངས་ད་ལྟ་གང་ཡང་ཡིད་ལ་མི་བྱེད་པར་ཧྲིག་གེར་འཇོག་པ་ནི། ཅེར་ལྟ་དང་ཅེར་འཇོག་གི་ཚུལ་དུ་བྱ་བ་སྟེ། མ་བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས། དེ་ནས་གནས་འགྱུ་གཉིས་མཉམ་པོར་སྐྱོང༌། ལུས་སེམས་ཁོང་ཀློད། རླུང་ཡང་མི་རྟོག་རྒྱ་ཡན་ལ་བསླབས་ནས། གནས་ན་གནས་པའི་ངོ་བོ་རང་སྐྱོང༌། ཐུན་ཞབས་སུ་རྐུན་མ་མ་ཞུགས་པར་བྱ། འགྱུ་ན་འགྱུ་བའི་ངོ་བོ་རང་སྐྱོང༌། གཏད་སར་མ་འཁྱམས་པར་བྱ། དེ་ལྟར་མ་ཡེངས་མ་བརྗེད་པའི་ངང་ནས་སྒྲིམ་ལྷོད་རན་པར་སྐྱོང་བས་བདེ་གསལ་མི་རྟོག་པའི་ཉམས་རྣམས་འབྱུང་སྟེ། བདེ་བ་ཤས་ཆེ་ན་གསལ་བས་རྒྱས་གདབ་པ་ལ་སོགས་པ་གོ་ལྡོག་གི་ཏིང་འཛིན་རྣམས་བསྒོམ། འབྱུང་བའི་དབང་གིས་གནས་འགྱུ་གང་ཤས་ཆེ་ཆུང་རྣམས་ཐ་དད་དུ་ངོས་འཛིན་བཅུག་ལ། བཀག་འགོག་མེད་པར་ངེས་ཤེས་བསྐྱེད་ལ་ཁྲིད། བདེ་གསལ་ལ་སོགས་པའི་ཉམས་མྱོང་གི་བོགས་གང་ཆེ་རྣམས་བྱེད་དུ་བཅུག །གང་ཤར་ཡང་རིག་ཐོག་ཏུ་ལོན་པ་བྱེད་ནས་སྐྱོང་བ་གལ་ཆེ། དེ་ལྟར་ཆ་མཉམ་དུ་མ་ཡེངས་མ་བརྗེད་པའི་ངང་དུ་བསྐྱངས་བས་ཉམས་ཀྱི་མཐོ་དམན་བག་རེ་འབྱུང་སྟེ། དབང་པོ་དྭངས་ཤིང་ཉམས་ལེན་སྐྱོང་བའི་དུས་སུ་བདེ་གསལ་མི་རྟོག་པའི་ཉམས་ཉིན་མཚན་ཁོར་ཡུག་ཏུ་སྐྱེ་བ་འབྱུང་བས་ངེས་ཤེས་དང་དགའ་བ་ཚད་མེད་པ་སྐྱེ། སྔར་གྱི་གྲུབ་ཐོབ་དང་བླ་མ་རྣམས་ལ་ཡང་འདི་བས་ལྷག་པ་མེད་སྙམ་པའི་ང་རྒྱལ་དམ་པོར་སྐྱེ། ཡེངས་པ་དང་བརྗེད་པའི་དུས་སུ་

p. 259

སྨག་ལ་རྨུག་ལམ་བཅུག །གར་སོང་ཆ་མེད་པ་འདི་ཁ་བ་ཞབས་ཀྱི་འབར་འབུར། མགོ་གཡོག་ཞབས་ཀྱི་སོ་ནམ་འདི་སྒོམ་པ་ལ་ཡོན་ཏན་ཅི་ཡང་མེད་སྙམ་པ་འབྱུང༌། དེའི་དུས་སུ་དབེན་པར་འདུག་ལ་གང་ཤར་བའི་ཉམས་དེ་ལ་མ་ཡེངས་པར་ནན་ཏན་དུ་བསྐྱངས་ན་ཉམས་གོང་ནས་གོང་དུ་འཕེལ། སྤུན་ཆ་རྒོད་པའི་དུས་སུ་རིག་ཐོག་ཏུ་ཀློད་ལ་གང་བྱུང་ཐམས་ཅད་རིག་པར་ཉམས་སུ་བླངས། དེ་ལྟར་དྲན་ཤེས་བཞིན་གྱི་བློ་དང་མ་བྲལ་བར་བསྐྱངས་པས་ཉམས་ལེན་སྤྱོད་ལམ་རྣམ་བཞི་འབྲེལ་བ་འབྱུང༌། སྐབས་སུ་ཉམས་མྱོང་དེ་རྣམས་རིག་ཐོག་ཏུ་ཤོར་ནས་ཡེངས་འགྲོ་སྙམ་བྱེད། དེ་དུས་ལུས་ལྷར་བསྒོམ། བླ་མ་སྙིང་གའི་དབུས་སུ་གསལ་གདབ། མིག་སྦྱར་ཏེ་རིག་པ་ནང་དུ་ལྡོག་ནས་བླ་མ་ལ་གཏད། དེ་ནས་གཏད་མེད་དུ་སྒོམ་མཁན་བསྐྱུར་ནས་ལྟ་སྟངས་མཐོ་དམན་ཀུན་བྱ། རྒྱ་ཡན་གྱི་ཤེས་པས་ཕྱིའི་ཡུལ་དྲུག་ལ་ཚོལ། དེར་མ་རྙེད་ན་ནང་གི་དབང་པོ་དྲུག་ལ་ཚོལ། དབང་པོ་དང་དབང་ཤེས་ལུས་ཕྱི་ནང་གར་ཡང་སེམས་ཀྱི་འོང་ས་དང་། གནས་ས་ལ་སོགས་མེད་པར་ཐག་ཆོད་ནས་སེམས་རང་རྒྱ་ཡན་དུ་བསྐྱངས་ཏེ། མཁས་པས་བ་གླང་འཚོ་སྐྱོང་བཞིན། །རྣལ་འབྱོར་ཤེས་པ་གང་དགར་ཐོངས། །གསུངས་པ་དང༌། གཟིངས་ལས་འཕུར་བའི་བྱ་རོག་བཞིན། །ཡུལ་ལ་འཕྲོ་བ་དགུག་མི་དགོས། །ཞེས་གསུངས། དེ་ལྟར་རྒྱ་ཡན་རྒྱུན་འཚོའི་ངང་ལ་མ་ཡེངས་པར་བསྐྱངས་པས་ཉམས་ཀྱི་དྭངས་ཆ་བརྟན་པོ་རྣམས་འབྱུང༌། ཡུལ་ཐམས་ཅད་རྒྱུན་བསྲེས་ཀྱི་ངང་ལ་རང་འདྲེས་སུ་འཆར། དེ་ནས་ཡུན་རིང་དུ་བསྐྱངས་པས་གཏད་མེད་རྟོག་མེད་དུ་འཁྲུལ་སྣང་བྱེད། དེ་དུས་ཤེས་པ་ནང་དུ་གཏད་མེད་དུ་ལྡོག །སེམས་གཏད་ས་གཅིག་ཡོད་ཀྱང་ཀློད་ལ་ཞོག་ཟེར་ངོ་སྤྲོད་བྱ། གཏད་མེད་རྟོག་མེད་སྒོམ་མི་བསྒོམ་གྱི་རྩིས་གདབ་

p. 260

བྲལ་བར་སྐྱོང་སྟེ། བསྒོམ་འདོད་ན་སྒོམ་མིན་གྱི་སྣང་བ་འདི་ལ་ལྟོས་གསུངས། དེ་ལྟར་ཉམས་མྱོང་གི་རྩི་དང་མ་བྲལ་བར་བསྐྱངས་པས་ཏིང་འཛིན་རྒྱུན་ཆད་མེད་པར་ལོ་དང་བསྐལ་པར་གནས་པར་བཤད། ལར་ཉམས་ལ་འདི་འཆར་དང་འདི་མི་འཆར་ཟེར་བ་མེད་པར་བཀའ་ལུང་རྣམས་ཀྱི་དགོངས་པ་དང༌། རང་གི་ཤེས་རབ་དང༌། གཞན་སོ་སྐྱེའི་དབང་པོ་མཐོ་དམན་དང་བསྟུན་ནས་བསྟན་ཏེ་སྨན་དཔྱད་རིག་པའི་མདས་བསྣུན་ཟེར་བ་དང་འདྲ། བྱང་དཔལ་བའི་ཞལ་ནས། མ་ཡེངས་སྐྱོངས་དང་རྩེ་གཅིག་འཆར། །གསུངས། མ་ཡེངས་སྐྱོང་བའི་རྩེ་གཅིག་ལ། །དྲན་པའི་རྩི་དང་མ་བྲལ་བར། །གནས་འགྱུའི་ཞབས་ཏོག་བྱས་པ་ལ། །བདེ་གསལ་ཉིན་མཚན་འབྲེལ་བར་འབྱུང༌། །ཨེ་མ་ཡ་མཚན་མི་ཆེའམ། །ཞི་གནས་ཀྱི་ཉམས་དེ་རྣམས་ལ། དམ་པས། མི་རྟོག་ལྟེང་པོ་བདེ་གསལ་བསྐྱེད་དེ་ལུང་མ་བསྟན། །དེ་ཡིས་མྱང་འདས་སངས་རྒྱས་སར་མི་འགྲོ། །གསུངས། ༧ དེ་ནས་ལྷག་མཐོང་ངོ་སྤྲད་པ་ནི། ཉམས་ཐམས་ཅད་བརྟན་ནས་དབང་པོ་དྭངས་པའི་དུས་གཅིག་ལ། རིག་པ་གཡེར་འདོན། མིག་བར་སྣང་ལ་བཀྲོལ་བའམ། སྔར་གྱི་གྲུབ་ཐོབ་རྣམས་ཀྱིས་མཆོང་རྒྱུག་ལ་སོགས་པའི་སྤྱོད་ལམ་གྱི་སྟེང་ནས་ཀྱང་ཉམས་ཐམས་ཅད་བཤིགས་ནས་ངོ་སྤྲོད་མཛད། དེ་ལྟར་རིག་པ་ཕྱོགས་མེད་དུ་བཀྲོལ་ནས་ཉམས་མྱོང་ཐམས་ཅད་བཤིག་པའི་དུས་སྟོང་ཉིད་ངོས་བཟུང་དང་བྲལ་བ་འཆར་ཏེ། མངོན་གྱུར་རྟོགས་ན་སྤྲོས་བྲལ་ཟེར། །གསུངས། དཔེར་ན་སྤྲིན་ནང་ནས་ནམ་མཁའ་བུད་པའམ། ཏིལ་གྱི་ནང་ནས་མར་ཁུ་བུད་པ་བཞིན་དུ། དག་བརྟན་སོ་སོར་ཕྱེད་པ་ནི། །རྟོགས་དང་མ་རྟོགས་ཟེར་བ་ཡིན། །འཁོར་འདས་ས་མཚམས་དེ་རུ་ཕྱེད། །གསུངས། སྔར་ཉམས་བརྟན་ནས་སྟོང་ཉིད་དེའི་སྟེང་དུ་ལོ་ཡུན་ལ་འགྱུར་སྤུན་མི་ལྡང་སྟེ། དེ་ཐོག་ཏུ་

p. 261

བསྒོམ་པས་ངོས་བཟུང་བྲལ་བ་ནང་ནས་འཆར། དེ་ནས་དྲན་རིག་ཤར་བ་རྣམས། མ་བལྟས་པར་ཡང་མི་འཇིགས་ཏེ། རང་བྱུང་རང་ཐིམ་ཆུ་ཡི་པ་ཏྲ་འདྲ། །གསུངས། དེ་ནས་དབྱིངས་རིག་གཉིས་སྤང་བླང་མེད་པར་ལམ་དུ་ཁྱེར་བའི་དུས་སྟོང་རིག་རྗེན་པ་ཤ་གསེབ་ནས་རུས་བྱུང་བ་ལྟ་བུ་ངར་དང་ངེས་ཤེས་ལྡན་པ་ཉིན་མཚན་འབྲེལ་བ་འབྱུང༌། སྐབས་སུ་དབྱིངས་ཉམས་རྣམས་ཞིག་ནས་དེ་ཡིན་འདི་མིན་མེད་ནི་འགྲོ་བའི་དུས་ཇེ་ཐུ་ལ་སོང་ཟིན་སྙམ་ནས་ཡེངས་འཁྲུལ་ཡང་ཡོང༌། སྤུན་ཆ་ཐམས་ཅད་ལྡང་བའི་དུས་སེམས་ཅན་རང་ཁ་མ་དང་ཁྱད་མི་གདའ་སྒོམ་མ་བསྒོམ་འདྲ་ཟིན་སྙམ་པ་འབྱུང༌། ཇི་ལྟར་དུ་ཤར་ཡང་དབྱིངས་རིག་གཉིས་ཀྱིས་གཏད་མེད་དུ་ཁྱེར་ནས་བྱུང་རྒྱལ་དུ་གཏོང་བ་ནི། ཕག་པས་གཙང་བཙོག་མེད་པ་ཟ། །གསུངས། དེ་ནས་དབྱིངས་ཀྱི་དྭངས་ཆ་ཤར་བའི་དུས་རློམ་སེམས་མི་སྐྱེད། ལུང་མ་བསྟན་དེར་ལུས་པའི་དུས་སྒྱིད་མི་ལུག །དྲན་སྤུན་འཚུབས་པའི་དུས་བཀག་འགོག་མི་བྱ། ལུས་ངག་ཡིད་གསུམ་དགོན་པ་གསུམ་དང་མ་བྲལ་བར་གློད་སྦྲེལ། ལྟ་མི་བལྟ་ལ་སོགས་པའི་ངོ་སྤྲོད་ཀྱིས་ཐ་དད་དུ་གཟེར་བཏབ་ནས་གཏད་མེད་དུ་ལམ་དུ་ཁྱེར་ནས་སྟོང་པ་ངོས་བཟུང་མེད་པ་བློ་དང་བྲལ་བའི་དུས་མེད་དོགས་ཀྱི་སྦྱོར་བ་མི་རྒྱག་པར་ལུང་མ་བསྟན་དུ་ཀློད། བན་བུན་ཐེ་ཚོམ་བྱུང་ཡང་གཏད་མེད་བྲག་ཆའིི་སྒྲ་དང་སྦྱར་ནས་ལྷག་མཐོང་དབྱིངས་རིག་གི་ངར་སྣ་ཚོགས་ལམ་དུ་ཁྱེར། དབྱིངས་གཅུན། ངར་གཅུན། ཕྲ་གཅུན་ཐ་དད་དུ་ངོ་སྤྲད་ནས་རྩལ་ཆེ་འབྲིང་ཆུང་གསུམ་རྣམས་སྦྱངས། ཐམས་ཅད་དག་ནས་ཐ་མལ་པ་ལྟ་བུ་སྣང་བྱེད་དེ་ལ་སྐྱོན་མི་བརྒྱག་པར་མེད་པ་རང་གི་སྟེང་དུ་བསྒོམ། ལར་ཕྱི་ཡི་ཡུལ་དུ་བཟོ་མི་བྱེད། ནང་གི་སེམས་ལ་ལས་མི་བཅོལ། ཤར་བ་མི་བཀག །མེད་པ་མི་སྒྲུབ། སྤང་བླང་དགག་སྒྲུབ་མེད་

p. 262

པར་ལམ་དུ་ཁྱེར། སྟོང་པ་དང་མེད་ན་དབྱིངས་ལ་སྤྱད། བྱུང་ན་ནི་ལམ་ཁྱེར་གྱི་གནད་དང་སྦྱར། དེ་ལྟར་བསྒོམས་ན་དབྱིངས་རིག་རྗེན་པ་ནང་ནས་འཆར་བ་ཡིན། བླ་མས་བརྡའམ་ཚིག་གིས་ངོ་སྤྲད་ན་མ་གཏོགས་ཡི་གེར་བྲིས་པ་ལ་ངེས་པ་མེད། ཕྱག་རྒྱ་ཆེན་པོ་བརྡའི་དོན་ལ་འཆར། །ཡི་གེས་གོ་བ་མི་སྐྱེ་དིང་རི་བ། །གསུངས། དེ་ལྟར་བརྡས་ངོ་སྤྲད་པ་ལ་ཡུལ་བླ་མ་དགོས་པ་ཡིན། ཉམས་རྟོགས་གཉིས་ཀྱིས་བསྐྱེད་པའི་དྭངས་ཆ་གང་བྱུང་ཡང་གཏད་མེད་དུ་ལམ་དུ་ཁྱེར། དུག་ལྔས་བསྐྱེད་པའི་ཡུལ་ཕྲ་རགས་གང་བྱུང་ཡང་གཏད་མེད་དུ་ཁྱེར། དེ་ལྟར་གཉིས་གཉིས་ཉམས་སུ་བླངས་པས་སྟོང་ཉིད་འགྱུར་བ་མེད་པ་ནང་ནས་འཆར་ཏེ། ཕུག་པ་པའི་ཞལ་ནས། ཞི་གནས་བརྟན་པོའི་གྲི་ཡུ་ལ། །ལྷག་མཐོང་ངར་མའི་གྲི་སོ་བཙུགས། །གསུངས། སྒོམ་མཁན་སྐྱུང་བའི་སྤྲོས་བྲལ་ལ། །སྣ་ཚོགས་སྤང་བླང་མེད་པ་ཡི། །དབྱིངས་རིག་གཉིས་ཀྱིས་ཞབས་ཏོག་བྱས། །སྟོང་ཉིད་འགྱུར་བ་མེད་པར་འཆར། །ཨེ་མ་ཡ་མཚན་མི་ཆེའམ། །དེ་ལྟར་སྣང་སེམས་གཉིས་ཉམས་སུ་ལེན་པ་ནི། སྣང་སེམས་གདོད་ནས་མ་གྲུབ་པར། །སྣང་སེམས་གཉིས་ཀྱི་འདུག་ལུགས་ཡིན། །གསུངས། དེ་ལྟར་སེམས་ཉིད་གདོད་ནས་དག་ཅིང་སྟོང་པ་ཡོད་མེད་སྐྱེ་འགག་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བར་གདོད་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པ་དབྱིངས་རང་བཞིན་རྣམ་པར་དག་པ་བར་སྣང་འདྲ་བ་ལ། སྣང་བ་སྣ་ཚོགས་ན་བུན་ཁུག་རླངས་ལྟ་བུ་འབྱུང་སྟེ། ཟུང་འཇུག་ལམ་དུ་ཁྱེར་བ་ལ། ཆུ་དང་ཟླ་བའམ། བུ་རམ་དང༌། རིགས་དྲུག་གི་གཟུགས་ཀྱི་དཔེ་བཞིན་དུ་དབྱེར་མེད་དུ་ལམ་དུ་ཁྱེར་ཏེ། སྣང་སེམས་མཇལ་མ་མཇལ་གྱི་རིག་འབྱེད་ཕྲ་རགས་སྤུན་གསུམ་ཡང༌། བསམ་རྒྱུ་སྣ་ཚོགས་ཀྱིས་ཉམས་སུ་ལེན་པ་ནི་ཡུལ་ཕྱི་ནང་བར་

p. 263

གསུམ་ཀློད་སྦྲེལ་བྱེད་ཅིང་སྐྱོང༌། དེ་ལྟར་བསྐྱངས་པས་སྣང་སེམས་མཇལ་ཟིན་སྙམ་པ་ནི་འབྱུང་སྟེ། དེ་ལ་ཡང་མ་ཆགས་པར་སེམས་ཀྱི་རྩ་བ་གཅོད་པ་ནི། མཇལ་མ་མཇལ་གྱི་རྩིས་གདབ་བྲལ་ནས་མཐོ་རིས་ངན་སོང་ཤེས་བྱའི་ཡུལ་དུ་གྱུར་ཚད་བསམ་རྒྱུ་སྣ་ཚོགས་སྤང་བླང་དང༌ཆགས་ཐོགས་མེད་པར་ལམ་དུ་ཁྱེར། སྐབས་སུ་སྟོང་ཉིད་མཐའ་དབུས་མེད་པ་འདྲ་བའི་སྟེང་དུ་སྐྱུར། སྐབས་སུ་ཡུལ་སྣང་ཐམས་ཅད་ན་བུན་དང་ཁུ་རླངས་འདྲ་བ་ལ་ཀློད་སྦྲེལ་བྱ། སྐབས་སུ་བརྟག་བྱེད་ཀྱི་ཤེས་པ་དྲན་རིག་ཕྲ་རགས་ཐམས་ཅད་བསྐྱང་དུ་འཇུག །དེ་ལྟར་འདོར་ལེན་མེད་པར་ཉམས་སུ་བླངས་པས་བར་སྣང་རྣམ་པར་དག་པའི་དཀྱིལ་ལྟར་འཆར་ཏེ། སྟོང་པ་མཚན་མ་མེད་པར་སྣང་སྲིད་ཆོས་སྐུར་འཆར་བར་དགོས་གསུངས། དེ་ལྟར་ཤེས་བྱ་ཡུལ་དང་ཡུལ་ཅན་ཐམས་ཅད་ཆུ་བུར་ཆུ་ལ་ཐིམ་པ་བཞིན་དུ་ཡལ་ནས་སྣང་སྟོང་གི་དབྱེན་ཐམས་ཅད་གཏོར་ནས་ཟུང་འཇུག་ཆེན་པོའི་རྟོགས་པ་ནང་ནས་འཆར་ཏེ། ཉིན་པར་བསྒོམ་བྱ་སྒོམ་བྱེད་གདོད་ནས་མ་གྲུབ་པ་གཉུག་མ་རྒྱུན་ཆད་མེད་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱིས་མ་གོས་ཤིང་ཐམས་ཅད་རྒྱན་དུ་ཤར་བ་ནི། ཡུལ་མེད་ཀྱི་རིག་པ་རང་གསལ་གྱིས། །འཁོར་འདས་ཀྱི་བདེ་ལ་ལོངས་སྤྱོད་ཅིང༌། །ཞེས་གསུངས། དེ་ལྟ་བུ་མཉམ་རྗེས་མེད་པའི་རྟོགས་པ་མངོན་དུ་གྱུར་ཏེ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལག་མཐིལ་གྱི་གཏེར་བཞིན་གསལ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་ཐོག་ཏུ་རྫོགས། ཤེས་བྱ་ཤེས་མི་ཤེས་རིག་མི་རིག་ཅེས་བྱ་བ་གདོད་ནས་བྲལ་བ་བར་སྣང་རང་གི་འདུག་ལུགས་འདྲ་བ་ནང་ནས་འཆར་ཏེ། རས་ཆུང་པའི་ཞལ་ནས། སེམས་ཉིད་དྭངས་སྙིགས་ཕྱེད་པ་དང༌། །གཉུག་མ་རང་ས་ཟིན་པ་དང༌། །མཉམ་རྗེས་མེད་པར་བརྟན་པ་གསུམ། །འདི་གསུམ་སྒོམ་པའི་མཐར་ཐུག་ཡིན། །

p. 264

གསུངས། སྣང་སེམས་མཇལ་བའི་རོ་གཅིག་ལ། །ཡུལ་སྣང་ཐམས་ཅད་རྒྱན་དུ་ཤར། །སྣང་སེམས་གཉིས་ཀྱི་ཞབས་ཏོག་བྱས། །གཉུག་མ་མཐའ་དབུས་མེད་པར་མཇལ། །ཨེ་མ་ཡ་མཚན་མི་ཆེའམ། །དེ་ལྟར་ཉིན་མཚན་གཉིས་ལ་ཉམས་སུ་ལེན་པ་ནི། ཉིན་པར་སྟོང་ཉིད་འགྱུར་བ་མེད་པར་འཆར་ཡང་གོ་བའི་ཡུལ་དུ་སོང་ནས། བདག་ཏུ་མེད་པའི་ཕྲ་སྤུན་གྱི་རོ་ཡུལ་གྱིས་ཁྱེར་ནས་མི་རིག་པས་མཚན་མོ་གཉིད་ཀྱི་དུས་སུ་རྨི་ལམ་ཕྲ་སྤུན་ཐམས་ཅད་འཚུབས་ཏེ། གཉིད་དང་རྨི་ལམ་ཐམས་ཅད་བསྲེས་ཤིང་གཅུན་གསུངས། དེ་ལ་གཏི་མུག་ཆེན་པོ་ལམ་དུ་ཁྱེར་བ་འབྱོངས་ན་ཆོས་ཀྱི་སྐུ། རྨི་ལམ་ལམ་དུ་ཁྱེར་བ་འབྱོངས་ན་ལོངས་སྤྱོད་རྫོགས་པའི་སྐུ། རྨི་ལམ་པའི་ཡུལ་ཐམས་ཅད་ལམ་དུ་ཁྱེར་བ་འབྱོངས་ན་སྤྲུལ་པའི་སྐུ། དེ་ལྟར་ལམ་དུ་ཁྱེར་བ་ནི་གཉིད་དང་རྨི་ལམ་ཐམས་ཅད་མ་དག་གི་བར་དུ་གཉིད་ཐུན་གཅོད་པ་དང༌། རྨི་ལམ་སྐོར་རྫོགས་བྱེད་ཅིང་ལམ་དུ་ཁྱེར་བས་གཉིད་དང་རྨི་ལམ་ཐམས་ཅད་དག་ནས་འོད་གསལ་རྒྱུན་ཆད་མེད་པར་རྒྱུད་ལ་ཤར་བའི་དུས། ཉིན་མོ་དང་མཚན་མོ་ཁྱད་མེད་ན་སྒོམ་པ་ཀློང་དུ་གྱུར་པ་ཡིན་གསུངས། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཟད་སར་སྐྱོལ་ནས་ནམ་མཁའ་སྤྲིན་དང་བྲལ་བའམ། རྒྱ་མཚོ་རླབས་དང་བྲལ་བ་བཞིན། འཁོར་འདས་ཀྱི་མིང་དང་ཐ་སྙད་གདགས་གཞི་ཐམས་ཅད་དང་བྲལ་ནས། གཞི་གནས་ལུགས་ལྷུན་གྱིས་གྲུབ་པ་རང་བཞིན་གྱིས་གདོད་ནས་བཞུགས་པའི་སྟེང་དུ་མཇལ་ནས་ཡུལ་ཐམས་ཅད་ཞིང་ཁམས། གཟུགས་ཐམས་ཅད་སྐུ་རུ་ཤར་ནས། རང་སྣང་ལ་ཤར་མ་ཤར་གྱི་རྩིས་གདབ་མེད་པར། བར་སྣང་བཞིན་དུ་ཡོད་ཀྱང་གཞན་སྣང་དབང་པོའི་ངོ་སྐལ་ལ་སྐུ་མཛད་པ་ཕྲིན་ལས་ཐམས་ཅད་ཕྱོགས་མེད་དུ་འཆར་ཏེ། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །གསུངས།

p. 265

དེ་ལྟར་སྒོམ་མེད་ཀྱི་རྟོགས་པ་མངོན་ཏུ་གྱུར་ནས། ནམ་མཁའི་ཀློང་ནས་འབྲས་བུ་སྨིན། །ཀུན་གྱི་དགོས་འདོད་རེ་བ་སྐོང༌། །མ་བྱས་ལྷུན་གྱིས་གྲུབ་པ་ཡིན། །འགྲོ་མགོན་ཏི་ཤྲི་རས་པའི་ཞལ་ནས། སེམས་ངོ་ཤེས་ཟེར་བ་ཅི་ཞིག་ལགས། གཞི་ཁོ་རང་གི་འདུག་ལུགས་ཇི་ལྟ་བར། །མ་བཅོས་ལྷུན་གྱིས་གྲུབ་པ་ཝལ་ལེ་བ། །ཇི་ལྟར་གནས་པ་དེ་ལྟར་གདའ་བས་ཨ་རེ་དགའ། །གསུངས། ཟད་སར་སྐྱོལ་བའི་སྒོམ་མེད་ལ། །སྟོང་ཉིད་མཐའ་དབུས་མེད་པ་ཡིས། །ཉིན་མཚན་གཉིས་མེད་ཞབས་ཏོག་བྱས། །འོད་གསལ་བ་ལ་རྒྱུན་པར་གནས། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་ལམ་ཀུན་གཞི་དྲི་མའི་ལྡང་ཚུལ། ཆོས་ཀྱིས་གཞིལ་ཚུལ། མཐར་མངོན་དུ་གྱུར་པའི་རིམ་པ་སྟེ་ལམ་གྱི་རྒྱུད་དོ། །གཞི་གནས་ལུགས་དོན་གྱི་ངོ་བོ་རྟོགས་པ་ཡིན། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རབ་རིབ་གསུམ་ཡོད་པས་སྦྱང་བ་གསུམ་དགོས་ཏེ། རེ་བ་བ་ཚྭའི་ཆུས་སྦྱོང་བ་དང༌། སྐྱུར་པོ་ལྭ་བ་དང༌། ཆུ་གཙང་རས་ལ་སོགས་པས་སྦྱངས་ཏེ། རྒྱལ་མཚན་རྩེ་ལ་བཏགས་ན་གསོལ་བ་གང་བཏབ་འབྱུང༌། དཔེ་དེ་བཞིན་དུ་སེམས་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་ལས་སྒྲིབ་ཉོན་སྒྲིབ་ཤེས་སྒྲིབ་ལ་སོགས་དྲི་མ་ཕྲ་རགས་ལས་གྲོལ། (མ་ཕྱི་ལྡེབ་གཅིག་མ་ཚང་། མཆན།)ཞལ་ནས། ནམ་མཁའི་ཀློང་ནས་འབྲས་དྲུག་སྨིན། །ཕོངས་པ་ཡི་དྭགས་ལྟོ་གོས་ཚིམ། །མ་བཅོས་ལྷུན་གྱིས་གྲུབ་པ་ལ། །སྐུ་བཞི་གསལ་འགྲིིབ་མེད་པར་རྫོགས། །གསུངས། ཀྱེ་མ་གནས་ལུགས་ངོ་མཚར་ཆེ། །ནོར་བུ་རྒྱལ་མཚན་རྩེ་མོར་སོན། །ཚོགས་གཉིས་ཟུང་འཇུག་མཆོད་པ་འབུལ། །འགྲོ་ལ་འདོད་དགུ་ཆར་བཞིན་འབེབས། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་ཆོས་ཀྱི་ཆེ་བ་དང་བྱེད་ལས་ཀྱི་རིམ་པ་སྟེ་འབྲས་བུའི་རྒྱུད་དོ། །ལ་ལ་ཐབས་མཁས་ཐུགས་རྗེ་མེད། །ལ་ལ་ཐུགས་རྗེར་ཐབས་

p. 266

མཁས་མེད། །ཐབས་མཁས་ཐུགས་རྗེ་ལྡན་པའི་རྗེ། །ཀེ་རུ་ཀིརྟི་སྙན་གསོན་དང༌། །རིན་ཆེན་བཟང་པོས་བསྐུལ་བའི་ངོར། །བདག་ཀྱང་སྣང་བ་འཁྲུལ་པ་དང༌། །ཁྱེད་ཀྱི་གསུང་ལ་བག་བཙལ་ནས། །བཀའ་རྒྱུད་སྡེ་རྣམས་ལ་རྫུན་ཚིག་བྱས། །གསང་སྔགས་ཆོས་ལ་རས་ཆོད་བྱས། །སྙན་བརྒྱུད་རྣམས་ཀྱི་གབ་ཚིག་སྐྱུར། །གདམས་ངག་རྣམས་ལ་ལྟེ་ཕུག་བཟོས། །ལག་ལེན་རྣམས་ལ་འདོད་པས་དཀྲུགས། །ཆོས་དྲུག་མུན་པའི་སྒྲོན་མེ་དང༌། །ཕྱག་ཆེན་ནམ་མཁའི་ཁེབ་མ་གཉིས། །རྟོག་པས་བཟོས་ནས་གཅིག་ཏུ་དྲིལ། །ངར་འཛིན་སེམས་ཀྱི་རྒྱལ་ས་བཤིག །འཁོར་འདས་ཆོས་རྣམས་ཆམ་ལ་ཕབ། །ཟུང་འཇུག་བར་གྱི་དབྱེན་པ་བསད། །འོད་གསལ་ནམ་མཁའི་མཚོ་ལ་བསྒྱུར། །ཅལ་ཅོལ་ཚིག་དོན་གླུ་ཆུང་འདི། །ཁྱེད་རིན་ཆེན་བཟང་པོའི་སྙན་དུ་ཕུལ། །ཉམས་སུ་ལོངས་ལ་གཞན་ལ་སྟོན། །འགལ་ན་གནས་གསུམ་མཁའ་འགྲོ་དང༌། །བླ་མ་ཡི་དམ་སྤྱན་སྔར་བཤགས། །དགེ་བས་འགྲོ་དྲུག་སེམས་ཅན་རྣམས། །གཞི་ཕྱག་རྒྱ་ཆེ་ལ་གནས་པར་ཤོག །ཅེས་ཀུན་གྱི་བཞེད་དགོངས་ཐ་སྙད་སྣང་བ་བཅོལ་བའི་ཁྲིད་ཀྱི་ལག་ལེན་ཞེས་བྱ་བ་འདི། ཕའི་སྲས་རིན་ཆེན་བཟང་པོ་ཞེས་བྱ་བས་ཡང་ཡང་བཀྱོན་པར་མཛད་པའི་ངོར། འཇམ་དབྱངས་ཆེན་པོའི་དབེན་གནས་སྐྱོ་བྲག་དཀར་པོའི་རི་ཁྲོད་དུ། བཙུན་པ་པུཎྱེ་བྷ་དྲ་བདག་གིས་ཉེ་བར་སྦྱར་བ་རེ་ཞིག་རྫོགས་སོ།། །།༧ཆོས་འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ། ནཱ་རོ། མར་པ་ལོ་ཙཱ། མི་ལ་རས་པ། དྭགས་པོ་རིན་པོ་ཆེ། ཆོས་རྗེ་འབའ་རོམ་པ། ཏི་ཤྲི་རས་པ། རས་པ་དཀར་པོ། བྱང་དཔལ་བ། བྱང་གཞོན་པ། བློ་གྲོས་རྡོ་རྗེ། བརྩོན་འགྲུས་དཔལ་བ། རྒྱལ་མཚན་གྲགས་པ། པུཎྱེ་བྷ་དྲ། དེ་ལས་བདག་གིས་ཞུས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག།།

ཆོས་རྗེ་འབའ་རོམ་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་ནམ་མཁའི་ཐོག་དབུབ་རང་བཞིན་ཀུན་ཁྱབ། ཀརྨ་དཱ་མ་ཀ་དེ་ཝོ་དཱ་ཡ།

p. 267

༄༅། །ཆོས་རྗེ་འབའ་རོམ་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་ནམ་མཁའི་ཐོག་དབུབ་རང་བཞིན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། སྣང་སྲིད་སྒྲིབ་གཡོགས་བྲལ་བའི་རྒྱ་ཆེན་པོ། །སྐྱེ་བ་མེད་པ་སྟོང་ཉིད་ཕྱག་རྒྱས་བཏབ། །གཉིས་མེད་ཟུང་འཇུག་རིན་ཆེན་གསེར་གྱི་གླིང༌། །ཐུགས་ཀྱི་དཔལ་བེར་བསྐྱིལ་བ་དེ་ལ་འདུད། །དེ་ཡང་ཆོས་རྗེ་འབའ་རོམ་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་ནམ་མཁའི་ཐོག་དབུབ་རང་བཞིན་ཀུན་ཁྱབ་ཅེས་བྱ་བ་འདི་ལ་བཞི། གཞི་གནས་ལུགས་འགྱུར་བ་མེད་པ་རྒྱུའི་རྒྱུད། ཀུན་གཞི་དྲི་བཅས་ལམ་གྱི་རྒྱུད། ངར་འཛིན་འཁོར་བའི་སྐྱེ་ཚུལ། གཉེན་པོ་ཆོས་ཀྱིས་གཞིལ་ཚུལ། དེ་མཐར་ཕྱིན་པ་དྲི་བྲལ་འབྲས་བུའི་རྒྱུད་དོ། །དང་པོ་ནི། ཇི་སྐད་དུ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་རྒྱུ་བདེ་བར་གཤེགས་པའི་སྙིང་པོའི་རྒྱུད་ཁམས་རང་བཞིན་གྱིས་རྣམ་པར་དག་པ་སྟེ། མདོ་འབྱུང་བ་མེད་པ་ལས། སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །ཞེས་ཚུལ་ཇི་ལྟ་བུས་དག་གམ་སྙམ་ན། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་རྣམ་པར་དག །ཅེས་ཡེ་གདོད་མ་ནས་རྟག་ཅིང་བརྟན་ལ་འགྱུར་བ་མེད་པ་འཁོར་འདས་ཀྱི་ཆོས་རྣམས་ཀྱིས་མ་གོས་པ་སྟེ། ཇི་སྐད་དུ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །

p. 268

སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ལ་ཁྱབ་པ། དེ་ཡང་ཁྱབ་བྱ་ཁྱབ་བྱེད་དང་བྲལ་བ་གསེར་དང་གསེར་གྱི་ཁ་དོག་ལྟ་བུར་རིགས་དྲུག་ཏུ་གཏོགས་པའི་ལུས་ཅན་ཐམས་ཅད་ལ་གནས་པ། གནས་ཀྱང་སོ་སོའི་སྤྱོད་ཡུལ་གྱིས་མ་གོས་པ་སྟེ། བ་ཁ་དོག་སྣ་ཚོགས་བཞོས་པའི་འོ་མ་དང་ཆོས་མཚུངས་ལ། དེ་ཡང་བརྗོད་བྱའི་ཚིག་ལས་འདས་པ། རྗོད་བྱེད་ཀྱི་གཞིར་གྱུར་ཅིང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟེ། འོ་མར་མར་གྱི་སྙིང་པོ་གནས་པ་ལྟར་རམ། ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་གཟོད་མ་ནས་ཆོས་ཀྱི་སྐུ་རུ་ལྷུན་གྱིས་གྲུབ་པ། མ་བཅོས་པའི་ཆོས་ཉིད་ཅེས་གཞི་ཀ་དག་ཆེན་པོའམ་གནས་ལུགས་ཆེན་པོ། རང་བཞིན་གྱིས་རྣམ་པར་དག་པ་དབུ་མ་ཆེན་པོ། ཐིག་ལེ་ཉག་གཅིག །བདེ་གཤེགས་སྙིང་པོ་ལ་སོགས་པའི་མིང་གི་གདགས་གཞི་མང་པོར་གསུངས་ཀྱང༌། དོན་དུ་མ་བཅོས་པའི་སེམས་ཉིད་ཐ་སྙད་སྒྲོ་སྐུར་དང་བྲལ་བའི་ཆོས་ཉིད་འདི་ཡིན་པར་གསུངས་ཏེ། མངོན་པ་(རྒྱུད་བླ་ཐོགས་འགྲེལ་)ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དུ་གསུངས། །ཞེས་གསུངས་པ་ལྟར་ཡེ་གཟོད་མ་ནས་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་གསལ་ལ་རྙོག་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་རུ་ལྷུན་གྱིས་གྲུབ་པ་སྟེ། དཔེར་ན་གསེར་དངུལ་གྱི་རྡོ་བ་གང་དག་བཞུ་བཏུལ་བྱས་ན་དངོས་སུ་འབྱུང་རུང་བ་ལྟར། སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་རང་ལ་རང་ཆས་སུ་ཡོད་པར་ཤེས་པར་བྱའོ། །༧ གཉིས་པ་ཀུན་གཞི་དྲི་བཅས་ལམ་གྱི་རྒྱུད་ནི། ཆོས་ཀྱི་དབྱིངས་མཁའ་ལྟར་དག་པའི་ཀློང་ནས་ཀུན་རྟོག་གི་རྒྱུ་བ་ཅུང་ཟད་གཡོས་ཏེ་ཕྲ་བའི་རྟོག་པ་

p. 269

འགའ་ཞིག་ཤར་བ་དེའི་སྟེང་དུ་ངར་འཛིན་གྱི་བག་ཆགས་དཔེར་ན་ཆུའི་སྟེང་དུ་འཁྱགས་རོམ་ཆགས་པའམ། ནམ་མཁའ་སྟོང་པར་སྤྲིན་ལྡང་བ་ལྟར་ཆོས་ཉིད་ཆོས་ཅན་གཉིས་སུ་གྱུར་པ་སྟེ། མངོན་པ་(རྒྱུད་བླ་ཐོགས་འགྲེལ་)ལས། ཐོག་མེད་སྦུབས་ཀྱིས་སྒྲིབ་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་གསེར་བཙོ་མར་བསྐྲུན་པའི་རྒྱལ་བའི་སྐུ་གཟུགས་མི་གཙང་བའི་འདམ་རྫབ་ཀྱིས་གོས་པ་ལྟར། སེམས་ཉིད་ཡེ་ནས་སངས་རྒྱས་ཀྱི་རང་བཞིན་དེ་དག་གནས་སྐབས་གློ་བུར་གྱི་དྲི་མས་སྒྲིབ་པ་སྟེ། རྒྱུད་བླ་མ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །ཅེས་གསུངས་ལ། དེ་ཡང་དཔེར་ན་ཤར་ཕྱོགས་ཀྱི་ནམ་མཁའ་ནས་སྣང་བྱེད་ཉི་མའི་འོད་ཤར་བ་ནུབ་ཕྱོགས་ཀྱི་རི་བོར་འཕོས་པ་ཉི་མ་རང་གི་བྱེད་ལས་ཡིན་པར་མ་ཤེས་པས། གཞན་དུ་འཛིན་པ་ལྟར་གཟུང་འཛིན་གཉིས་རྟོག་གི་འཁྲུལ་སྣང་མ་དག་པའི་ཤེས་པས། སྨིག་རྒྱུའི་ཆུ་བོར་རི་དྭགས་ཆགས་པས་གདུང་བཞིན་མེད་པ་ལ་ཡོད་པའི་བློས་སྒྲོ་བཏགས་ཀྱི་རྟོག་པར་གོམས་ཤིང༌། རང་ངོ་རང་གིས་མ་ཤེས་ནས་གཉིས་འཛིན་འཁྲུལ་པའི་བག་ཆགས་མཐུ་བརྟས་པས་སྲིད་པ་འཁོར་བའི་ཆོས་རྣམས་གྲུབ་ཅིང༌། མ་རིག་པས་བསྐྱེད་པའི་རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས་ཀྱིས་རིམ་པར་གཟུགས་སོགས་ཕུང་པོ་ལྔ་དང༌། མིག་སོགས་སྐྱེ་མཆེད་རྣམས་བྱུང༌། དེ་བཞིན་མཐོ་སྲིད་རྩེ་མན། དམའ་ན་རག་དམྱལ་བ་ཡན་འགྲོ་བ་རིགས་དྲུག་སོ་སོའི་བཟང་ངན་ལས་སྣང་མ་འཆོལ་བར་བསྐྱེད་པ་ཡིན་ལ། དེའང་ལྷ་གནས་བདེ་གསལ་གྱི་ལོངས་སྤྱོད་ལ་ཞེན་ཅིང༌འཆི་འཕོ་ལྟུང་བྱེད་ཁམས་གོང་མ་ནས་འོག་མར་ལྟུང་བའི་སྡུག་བསྔལ་སྐྱེད། ལྷ་མ་ཡིན་གྱི་ཡུལ་སྣང་བ་སྣ་ཚོགས་ཀྱི་རྫས་གང་མཐོང་ཐམས་ཅད་མཚོན་ཆ་དང་དགྲ་རུ་མཐོང་

p. 270

ནས་འཐབ་རྩོད་སྲོག་གཅོད་ཀྱི་སྡུག་བསྔལ་སྐྱེད། མིའི་གནས་སུ་བྲེལ་ཕོངས་འཕྲོག་བཅོམ་ལ་སོགས་ཆོག་ཤེས་མེད་པའི་སྡུག་བསྔལ་སྐྱེད། དུད་འགྲོའི་གནས་ཀྱང་ཕྱིའི་རྒྱ་མཚོར་ཆང་གི་སྦངས་མ་ཙམ་དང༌། གླིང་བར་རྣམས་སུ་ཉི་ཟླ་མིག་གིས་མི་མཐོང་ཞིང༌རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་རིག་པ་དང༌། གཅིག་གིས་གཅིག་ཟ་བ་དང༌། མིར་བརྟེན་པ་རྣམས་ཀྱང་རྨོ་འགེལ་བཞོན་དང་འཇོ་ཞིང་མཐར་སྲོག་གཅོད་པའི་སྡུག་བསྔལ་སྐྱེད། ཡི་དྭགས་ཀྱི་གནས་རིས་རྣམས་ཀྱང་བཀྲེས་སྐོམ་ཚ་གྲང་དང༌། ཟས་རྣམས་རྣག་ཁྲག་གི་རྒྱ་མཚོ་དང་དགྲ་རུ་མཐོང་ཞིང༌ཁ་དང་མིད་པར་མི་ཐར་བ་དང༌། ལུས་ཕྱི་ནང་འབིགས་པ་ལ་སོགས་པའི་སྡུག་བསྔལ་སྐྱེད། དམྱལ་བའི་གནས་སུ་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་གཉིས་ལ་སོགས་པའི་དམྱལ་ཁམས་རྣམས་སུ་དོས་དྲག་ལ་ཡུན་རིང་བའི་བཙོ་བརྔོ་སྲེག་གཅོད་འབིགས་པ་ལ་སོགས་བཟོད་པར་དཀའ་བའི་སྡུག་བསྔལ་དཔག་ཏུ་མེད་པ་སྐྱེད་དོ། །དེ་ལྟར་རིགས་དྲུག་སོ་སོར་ཉོན་མོངས་པ་དུག་ལྔ་དུག་གསུམ་སེམས་བྱུང་ལྔ་བཅུ་རྩ་གཅིག །འཁྲུལ་རྟོག་བརྒྱད་ཅུ་ལ་སོགས་པ་ཤེས་བྱའི་གྲངས་དང་མཉམ་པའི་རྟོག་ཚོགས་ལ་སྤྱོད་ནས་ལུས་ལེན་ཞིང་། འཁོར་བ་ཟོ་ཆུན་འཁྱུད་མོ་ལྟར་འབྱུང་བ་ནི་རྟེན་འབྲེལ་ལུགས་འབྱུང་གིས་བྱུང་ཞིང༌། དེ་དག་གི་རྩ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རང་ངོ་རང་གིས་མ་རིག་པས་འཁྲུལ་པ་སྟེ། ཆོས་རྗེ་སྐྱོབ་པས། རྟེན་འབྲེལ་བཅུ་གཉིས་མ་རིག་ཁོ་ནས་ལན། །ཞེས་གསུངས་པ་ལྟར་ལ། མ་རིག་པ་དེའི་རང་ངོ་མཐོང་བས་སངས་རྒྱས་པ་སྟེ། ཇི་སྐད་དུ། དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་གསུངས་པ་ལྟར་རོ། །༧ གསུམ་པ་གཉེན་པོ་ཆོས་ཀྱིས་གཞིལ་ཚུལ་ནི། དེ་ཡང་མ་རིག་རྐྱེན་གྱིས་བསྐྱེད་པའི་ཉོན་མོངས་པ་དེ་དག་འདུལ་བྱེད་ལམ་

p. 271

གྱི་རིམ་པ་ཡང༌། སྤྱིར་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེ་དག་འདུལ་བྱེད་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཤིང༌། དེ་ཡང་དབང་པོ་ཐ་མའི་དོན་དུ་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་དགེ་སྡིག་བླང་དོར་གྱི་གནས་རྣམས་བསྟན་ཏེ། སོ་ཐར་རིས་བདུན་གྱི་བསླབ་སྡོམ་སོགས་དྲང་དོན་ཁོ་ན་གསུངས་པ་དང༌། དབང་འབྲིང་ཐེག་ཆེན་གྱི་རིགས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གཏན་ལ་ཕབ། ལུས་ཅན་སྐྱེ་དགུ་མ་ལུས་ཕ་མར་ཤེས་པས་ཡིད་དྲངས་ཏེ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། རྒྱུ་ཕར་ཕྱིན་དྲུག་གིས་འགྲོ་བའི་དོན་ཤུགས་ཀྱིས་འགྲུབ་པར་མཛད་པ་དང༌། ཤིན་ཏུ་དབང་རྣོན་བློ་ཆེན་རྣམས་ལ་བཀའ་ཐ་མ་དྲང་ངེས་རྣམ་པར་འབྱེད་པའི་འཁོར་ལོ་བསྐོར་ཞིང་། རྒྱུ་དང་འབྲས་བུ་ཟུང་དུ་འཇུག་པའི་ཆོས་བླ་ན་མེད་པ་གསང་སྔགས་ཀྱི་ལམ་ཐབས་དང་ཤེས་རབ་གཉིས་མེད་དུ་བསྟན་ནས་གྲོལ་བར་མཛད་པ་ཡིན་ནོ། །བྱེ་བྲག་རྒྱལ་བའི་བཞེད་གཞུང་དེ་དག་གང་ཟག་གི་བློ་དང་སྡེབ་པའི་ཚུལ་དང༌བཞེད་ཚུལ་ཐ་དད་དེ། པཎྚི་ཏས་ཆོས་ཀྱི་གཞི་དོན་བཀྲོལ་ཞིང་གཉེན་པོ་གསུམ་གྱིས་དུག་གསུམ་གྱི་རྟོག་ཚོགས་གཞོམ་པ་དང༌། ཀུ་སུ་ལུ་པ་རྣམས་ཀྱིས་དུག་གསུམ་ལམ་དུ་ཁྱེར་ནས་སྤང་གཉེན་བྲལ་བའི་ཡེ་ཤེས་བསྒོམ་པ་རྣམས་ཟབ་པར་གསུངས་པ་དང༌། རྗེ་བཙུན་མི་ལས་གཏུམ་མོ་དང༌། ཇོ་བོ་རྗེའི་ལུགས་ཀྱིས་མི་རྟག་པ་སྒོམ་པ་སྟེ། འོན་ཀྱང་རང་རང་གིས་ཆོས་ལ་ངེས་ཤེས་དང་རྟགས་གང་གིས་ཐོན་པ་དེ་ཟབ་པར་བཞེད་པ་ཡིན་ལ། དེ་ཡང་རང་ཅག་མཉམ་མེད་འབའ་རོམ་བཀའ་བརྒྱུད་པའི་ལུགས་འདི་ལ་ན་སོ་གཞོན་པ་རྣམས་ཀྱིས་

p. 272

ཐབས་གྲོལ་ཟུང་འཇུག་དང༌། རྒན་པ་རྣམས་ཀྱིས་ཐབས་ལམ་འབྱུང་བས་མི་ཆུན་པས་གྲོལ་ལམ་བསྟེན་པ་ཟབ་པར་གདམས་པ་སྟེ། ཐབས་གྲོལ་གང་བསྒོམས་ཀྱང་དང་པོ་སྨིན་བྱེད་དབང་གིས་འཇུག་པའི་སྒོ་འབྱེད་ཅིང༌། དེ་ལས་བསྐྱེད་རྫོགས་ཀྱི་ལམ་ཟབ་མོར་འཇུག་དགོས་ལ། དེ་ཡང་འཕགས་ཡུལ་གྱི་གྲུབ་ཐོབ་ཕལ་ཆེ་བ་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་བསྐྱེད་རིམ་བསྒོམས་ཤིང༌། དེ་ནས་རྫོགས་རིམ་གྱིས་རྒྱས་འདེབས་པ་དང༌། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་བསྐྱེད་རིམ་ལ་བརྟན་པ་ནམ་ཐོབ་པའི་དུས་སུ་རྫོགས་རིམ་ལ་འཇུག་པར་བཞེད་པ་སོགས་ལས། འདིར་ནི་ནཱ་རོ་པས། རིམ་གཉིས་མཉམ་པར་གནས་ནས་སུ། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་པ་ལྟར་རིམ་གཉིས་མཉམ་པར་སྐྱོང་ཞིང་ས་ལམ་སྦྱོང་བར་གསུངས་ཏེ། ཐོག་མར་སྙི་སྒོམ་ཆོས་ཀྱི་རྒྱལ་པོའི་བཞེད་གཞུང་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་གདམས་པ་བརྒྱུད་པའི་ཟམ་མ་ཆད་པའི་གསུང་ལས་འཕྲོས་པ་ཐུན་མོང་གི་སྔོན་འགྲོ་རྣམ་པ་བཞི་དང༌། ཐུན་མིན་སྔོན་འགྲོས་རྒྱུད་ལེགས་པར་སྦྱང་ཐབས་ཟུར་ནས་འབྱུང་བ་བཞིན་བྱ་བ་དང༌། ཐབས་ལམ་ལ་མོས་པའི་བློ་ཅན་གྱིས་ནཱ་རོ་ཏ་པའི་ཆོས་དྲུག་ཟུར་དུ་བཀོད་པ་ལས་རྟོགས་པར་རིགས་སོ། །༧ བཞི་པ་དྲི་བྲལ་འབྲས་བུའི་རྒྱུད་ལ་ནང་གསེས་ཀྱི་དབྱེ་བས་བཞི། ཚོགས་སྦྱོར་ལམ་གྱིས་ཞི་ལྷག་རྩེ་གཅིག་གཏན་ལ་དབབ་པ། མཐོང་ལམ་གྱིས་ཡེ་ཤེས་ངོ་སྤྲོད་པ། སྒོམ་ལམ་གྱི་རིམ་པས་ཆོས་ཉིད་ནར་སོན་པ། མི་སློབ་པའི་ལམ་གྱིས་མཐར་ཐུག་འབྲས་བུའི་དོན་བསྟན་པའོ། །དང་པོ་ལའང་གསུམ། རགས་པའི་རྟོག་པ་འཇིལ་བྱེད་ཞི་གནས། དེའི་རྩལ་ལས་ལྷག་མཐོང༌། དེ་གཉིས་ཟུང་འཇུག་རྩེ་གཅིག་བསྟན་པའོ། །དང་པོ་ནི་རྗེ་ཟླ་འོད་གཞོན་ནུས། འབྲས་བུ་དུས་གསུམ་རྒྱུན་པ་ཡིན། །ཞེས་གསུངས་

p. 273

པ་ལྟར་སྤྱིར་རང་སེམས་རྣམ་པར་དག་པ་ཡེ་གདོད་མ་ནས་མ་བཅོས་པའི་རྒྱུ་འབྲས་དབྱེར་མེད་དུ་བཞུགས་པ་སྟེ། ལམ་གྱི་དུས་སུ་བླ་མས་ངོ་སྤྲད་པའི་ཤེས་པ་སྐད་ཅིག་མའི་རང་ཞལ་མཐོང་བས་འབྲས་བུ་ཐོབ་པ་ཡིན་པའི་ཕྱིར་ལམ་འབྲས་དབྱེར་མི་ཕྱེད་པ་སྟེ། དེ་ཡང་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་རྡོ་རུས་འཕྲོད་པའི་དམིགས་ཐུན་དང༌། བཟོད་མེད་གདུང་བའི་དབྱངས་ཀྱིས་རྒྱང་འབོད་ཅི་ནུས་སུ་བྱས་མཐར་དབང་བཞི་བླངས་ལ། དེ་རྗེས་འོད་ཞུ་བྱས་ཤིང་རང་སེམས་དང་དབྱེར་མེད་དུ་མོས་པས་མདུན་དུ་ལྷ་སྐུའམ་ཤིང་བུ་རྡེའུ་སོགས་དམིགས་པའི་རྟེན་གང་རུང་བཀོད་ཅིང་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། མིག་དང་རྫི་མ་མི་གཡོ་བར་མདུན་གྱི་རྟེན་ལ་སེམས་གཏད་ནས་ཆམ་གྱིས་བཞག་པ་ནི་ཞི་གནས་རྟེན་ཅན་ཏེ། དེ་ཡང་ཐོག་མར་རྣམ་རྟོག་འཕྲོ་བའི་དོགས་ཟོན་ཞུགས་ཕྱིན། དཔེར་ན་བཙོན་དུ་གཟུང་བྱའི་རྐུན་མར་བྱ་ཤོར་བ་བཞིན་འཕྲོ་རྐྱེན་བྱེད་པས། བློའི་འཛིན་བཏང་མ་ཤོར་བར་ལྷོད་ཀྱིས་སྐྱོང་ལ། དེ་ནས་རྣམ་རྟོག་གང་སྐྱེས་དེ་ཐོག་ཏུ་རང་བབས་སུ་རིམ་གྱིས་འཇོག་པ་དང༌། གང་ཡང་ཡིད་ལ་མི་བྱེད་པར་དུས་གསུམ་གྱི་རྟོག་པ་གང་སྐྱེས་དེ་ཀར་ཆམ་མེར་བཞག་པ་སྟེ། ཟླ་འོད་གཞོན་ནུས། བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མི་བྱེད་མི་དམིགས་ཞོག །ཅེས་གསུངས་པ་ལྟར་ཉམས་སུ་ལེན་པ་ནི་ཞི་གནས་རྟེན་མེད་དེ་ཉམས་དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ། ཉམས་གཉིས་པ་གཅོང་རོང་གི་ཆུ་བོ་ལྟ་བུ། ཉམས་གསུམ་པ་རྒྱ་མཚོ་མེར་བ་ལྟ་བུ་རིམ་གྱིས་འབྱུང་ལ་དེ་དག་གི་ཚེ་ནའང་གྲིམ་ལྷོད་རན་པ་བྲམ་ཟེའི་སྐུད་པ་སྒྲིམ་པ་བཞིན་དགོས་ཤིང༌། གལ་ཏེ་སྒྲིམ་དྲགས་པའི་རྐྱེན་གྱིས་རྣམ་རྟོག་འཕྲོ་རྒོད་མང་དུ་བྱུང་ན། སྙིང་ཁམས་མི་བདེ་བ་དང་ཀི་དང་བཤུད་འདེབས་འདོད་པ་འབྱུང་

p. 274

བས། དེ་དུས་ལུས་གནད་སོག་མའི་ཕོན་ཐག་ཆད་པ་ལྟར་ཤིགས་ཀྱིས་བཤིག །སེམས་གནད་རྫིང་ལས་འཕུར་བའི་བྱ་བཞིན་གང་དགར་བཏང་བས་ལྷོད་ཀྱིས་ཀློད་ལ་བསྐྱང་བ་དང༌། ཀློད་པའི་སེམས་དེ་ཉིད་མཐར་རྨུག་ཅིང་འཐིབ་ནས་གཉིད་བྲོ་བ་དང༌། གཉིད་དུ་ཤོར་བ་རྣམས་བྱུང་ན་ལུས་གནད་དམ་ཁྱུག་གེར་བཅས་ཏེ་མིག་ཅེར་གྱིས་ནམ་མཁར་བལྟས་ལ་རིག་པ་གསལ་འདོན་བྱེད་པ་དང༌། འདི་སྐབས་སེམས་འཐིབས་པའི་དུས་དཔེར་ན་རྒྱ་དར་སྲབ་མོའི་བ་དན་སྒྲེང་བ་རླུང་དང་བྲལ་བའི་དུས་སུའང་ཞིབ་ཀྱིས་དཔྱད་ན་ཅུང་ཟད་གཡོ་བ་བཞིན། ཞི་གནས་ཀྱི་ཉམས་དེའི་ངང་ནས་རྣམ་རྟོག་ཕྲའུ་འགྱུས་ན་ལྟེང་པོ་སྟེ། དེ་ལ་བག་ཟོན་པས་རིག་པ་ཧུར་ཕྱུངས་ལ་གསལ་ངར་བཏོན་ཅིང་ཕྲ་བའི་རྣམ་རྟོག་གི་སྤུན་ཆ་བྱུང་མིན་གྱི་གོ་འབྱེད་པར་བྱ་ལ། དེ་ལྟར་འབད་པས་དང་པོར་སེམས་སྐབས་རེར་གནས་པ་དང༌། རིམ་གྱིས་གནས་པ་རྣམས་ཇེ་བརྟན་དུ་སོང་ནས། མཐར་མེར་རེ་ཆི་ལེའི་གནས་ཉམས་སྐྱེས་ནས་ཕྲ་རགས་སྤུན་ཆའི་འཕྲོ་རྒོད་ཚབ་ཚུབ་ཏུ་གྱུར་པ་དེ་མེད་ཅིང༌། ཆོས་རྗེ་རིན་པོ་ཆེས། ཕྲ་རགས་སྤུན་ཆ་རང་སར་དག་པར་འགྱུར། །ཞེས་གསུངས་པ་ལྟར་ཏེ། དེ་དུས་རང་ཉིད་གཅིག་པུར་འདུག་པ་ལ་དགའ་བ་དང༌། འཇིག་རྟེན་རྣམ་གཡེང་འུར་ཟིང་གིས་རྐྱེན་ནས་གཏད་མེད་དུ་འགྲོ་འདོད་པ་དང༌། བྱ་བྲལ་གྱི་སྤྱོད་པ་ལ་འཇུག་འདོད་སོགས་འབྱུང་ཞིང༌། དེ་དག་ནི་གནས་སྐབས་ཉམས་ཀྱི་འཆར་སྒོ་སྟེ་དེ་ཐོག་བཏང་བས་སྔ་མའི་ཉམས་དང་བྲལ་བའི་དུས་ཡི་མུག་སྐྱེ་བ་སོགས་འབྱུང་སྲིད་པས། རང་འཁོས་དང་དཔག་སྟེ་འདུན་མ་མ་ནོར་བར་བྱ་བ་དང༌། སེམས་བདེ་འབོལ་ལེ་ཤིག་གེ་བའི་བདེ་ཉམས་ལ་དགའ་ཞིང་ཞེན་པས། བདེ་བ་ཚད་མེད་པ་དེ་ཉིད་ལུས་ཀྱི་སྟེང་དུ་དྲངས་པས་ཆགས་པ་བསྐྱེད་པ་དང༌། སྐབས་སུ་དུག་

p. 275

གསུམ་གྱི་རྩལ་ལས་རླུང་སེམས་དང་བཅས་པ་འཐུམ་པས་ཞེ་སྡང་དང་གཏི་མུག་སོགས་སྐྱེ་བས། དེ་དུས་དེའི་དབང་དུ་མ་སོང་བར་ཉམས་ལེན་དང་བསྲེ་ནས་བསྒོམ། སྐབས་སུ་གསལ་བའི་ཉམས་སྣང་གཡེར་ཆེ་བས་འདི་ལྟ་བུ་ཡིན་ནོ་སྙམ་པའི་ང་རྒྱལ་ཡང་འབྱུང་ལ། དེ་དག་ནི་བསམ་གཏན་དང་པོའི་བདེ་ཉམས་དང༌། མཐར་བསམ་གཏན་གཉིས་པ་ཡང་འདྲེས་མར་སྣང་བར་འགྱུར་ཏེ། ཏི་རས་ཀྱིས། བདེ་ལ་ཞེན་ན་འདོད་པའི་ཁམས་སུ་གོལ། །ཞེས་གསུངས་པ་ལྟར་བདེ་ཉམས་ལྟ་བར་རློམ་ན་ར་གན་གསེར་དུ་འཛིན་པ་བཞིན་ཁེ་སྟོར་བས། ཞེན་འཛིན་རྣམ་པར་རྟོག་པའི་ངོ་བོ་ལྷག་མཐོང་དུ་ངོ་ཤེས་པས་ཉམས་མྱོང་གོང་འཕེལ་དུ་བཏང་ལ། དེ་ཡང་དང་པོ་ཞི་གནས་ཀྱི་ཏིང་འཛིན་འདི་སྐབས་ཟད་པར་ཟིལ་གནོན་གྱི་སྐྱེ་མཆེད་སོགས་སྒྲུབ་པར་འདོད་ན་ནུས་ཤིང༌། ཤུགས་ཀྱིས་འབྱུང་བའི་ཕྲའུའི་མངོན་མཁྱེན་ཅུང་ཟད་རེ་ཡོང་བས་དེ་རྣམས་ལ་ཆེད་འཛིན་མི་བྱ། འདི་ནི་རྩེ་གཅིག་གི་ཉམས་དང་པོ་ཡིན་པར་གསུངས་སོ། །༧ གཉིས་པ་ལྷག་མཐོང་གི་ཏིང་ངེ་འཛིན་ནི། ཉམས་དང་པོ་ཞི་གནས་ཀྱི་ཉམས་དེ་ཉིད་མ་བསྒྲུབས་ན། སེམས་གཅོང་རོང་གི་ཆུ་བོ་རྦ་ཀློང་རབ་ཏུ་འཁྲུགས་ཤིང་འཚུབས་པའི་ནང་ནས་ཉ་སྲམ་སོགས་ཆུ་གནས་ཀྱི་སྲོག་ཆགས་ཇི་ཙམ་རྒྱུ་ཡང་མི་མཐོང་བ་བཞིན་སེམས་རྣམ་རྟོག་འཚུབས་ཆེ་བའི་ངང་ནས་ལྷག་མཐོང་གི་ཡེ་ཤེས་ངོས་བཟུང་དཀའ་བས། འདི་ལ་གནས་ཉམས་རབ་ཏུ་བརྟན་པར་བྱེད་པ་མཁར་གྱི་རྨིང་རྡོ་ལྟ་བུ་སྟེ། གནས་ཉམས་རྙོག་བྲལ་གྱི་རྒྱ་མཚོ་དྭངས་པའི་ནང་ནས་རྡོ་བ་དང་ཉ་སོགས་ཇི་བཞིན་མངོན་པ་ལྟར་ལྷག་མཐོང་གི་ཡེ་ཤེས་ངོས་བཟུང་སླ་ལ། དེས་ན་སྔོན་གྱི་གྲུབ་བརྙེས་གོང་མའི་ཐུགས་བཞེད་བཞིན་མཆོང་རྒྱུག་དྲག་པོས་ལུས་དུབ་པར་བྱས་མཐར་རྣམ་སྣང་གི་ཆོས་བདུན་བཅའ་བཅུག་

p. 276

ལ། དེ་ནས་བླ་མས་ཁྱོད་ཀྱི་ཞི་གནས་ཀྱི་ཉམས་དེ་བདག་ཏུ་བཟུང་ཞིང་། འདི་ལྟར་གནས་སོ་སྙམ་པའི་རྟོག་འཛིན་དེ་ངོར་ཚུར་ལྟ་བ་ལྟ་བུས་སྐྱུར་ཐབས་སུ་ཞོག་དང༌། ཞེས་ངོ་སྤྲད་པས་བལྟ་བྱ་ལྟ་བྱེད་གཉིས་མེད་དུ་སྟོང་པར་ལྷག་གེར་མཐོང་དུ་འོང་སྟེ། སྙི་སྒོམ་ཆོས་ཀྱི་རྒྱལ་པོས། མཚན་མར་སྐྱེས་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་བཙིར་གྱིས་བཟུང་། །ཞེས་གསུངས་པ་ལྟར་ལྟ་བྱེད་རྣམ་པར་རྟོག་པ་དེ་ཉིད་ཀྱི་ངོ་བོ་ལ་བག་ཐེབ་པ་ཙམ་བྱ་བ་སྟེ། ཞི་གནས་དང་སྦྲེལ་ཏེ་རྩོལ་བས་སྐྱོང་བ་དང༌། རྗེ་བཙུན་གྱིས། སྒོམ་པའི་གཟེར་གསུམ་བཤད་ཙ་ན། །རྣམ་རྟོག་ཆོས་ཀྱི་སྐུ་རུ་གདའ། །རིག་པ་གསལ་བའི་ངང་དུ་གདའ། །མ་བཅོས་ལྷུག་པར་བཞག་པར་གདའ། །ཞེས་གསུངས་པ་ལྟར་ཁ་ཡན་དུ་ཅི་བདེར་ལྷུག་པར་རྣམ་རྟོག་གང་ཤར་གྱི་ངོ་བོ་ལམ་ལམ་གྱིས་ཆོས་སྐུའི་རིག་སྟོང་རྗེན་པར་ལམ་དུ་སློང་བས་ཤར་གྲོལ་དུས་མཉམ་དུ་འགྲོ་བར་བྱ་ཞིང༌། དེ་དག་གི་གེགས་སེལ་བོགས་འདོན་ནི། ཏི་རས་ཀྱིས། བསྒོམས་ཀྱང་སྒོམ་འཕྲོ་ཤོར་ཞིང་གཞན་ཡེངས་ན། །དེ་ལ་བླ་མ་དམ་པའི་བྱིན་རླབས་དགོས། །ཞེས་གསུངས་པ་ལྟར། བླ་མའི་གསོལ་འདེབས་དང་མོས་གུས་མི་རྟག་འཆི་བ་ཡང་ཡང་དྲན་པས་རྒྱུད་བསྐུལ་བ་སོགས་གནད་དུ་བསྣུན་པ་གལ་ཆེའོ། །འདི་དག་གི་སྐབས་སུ་སེམས་ས་ལེ། ཧྲིག་གེ། རྗེན་ནེ་སོགས་གསལ་བའི་ཉམས་འཆར་ཞིང༌། དེ་དུས་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྡོ་རྗེའི་ཐུགས་ལའང་འདི་ལས་ལྷག་པ་མེད་དོ་སྙམ་པའི་རྟོག་པ་མཆོག་འཛིན་འབྱུང་ལ། ཏི་རས་ཀྱིས། གསལ་ལ་ཞེན་ན་གཟུགས་ཀྱི་ཁམས་སུ་གོལ། །ཞེས་གསལ་བའི་ཉམས་དེར་ཞེན་ན་གཟུགས་ཁམས་སུ་སྐྱེ་བའི་རྒྱུ་སྟེ། དེ་ཉིད་ཀྱི་རང་ངོར་བལྟས་ནས་སྔ་མའི་ཉམས་ཁྲོལ་གྱིས་བཤིག་པར་བྱ་བ་དང༌། འདི་སྐབས་བསམ་གཏན་གསུམ་པའི་ཉམས་མྱོང་

p. 277

རྣམས་ཀྱང་རིམ་བཞིན་འཆར་བས་དེ་ལ་ཤུགས་ཀྱིས་བློ་ཡི་འདུན་པ་ནི་ཡོད་དེ། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། མ་ཡེངས་བསྐྱངས་པའི་རྩེ་གཅིག་ལ། །དྲན་པའི་རྩི་དང་མ་བྲལ་བར། །ཞི་ལྷག་གཉིས་ཀྱིས་ཞབས་ཏོག་བྱས། །བདེ་གསལ་ཉིན་མཚན་འབྲེལ་བར་འབྱུང༌། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པས་སོ། །༧ གསུམ་པ་ཞི་ལྷག་ཟུང་འབྲེལ་ནི། ཞི་གནས་དེ་དག་རིམ་གྱིས་བརྟན་ཅིང༌། སེམས་ཀྱི་ངོ་བོ་སྟོང་ཉིད་དུ་ཤེས་པས་རྟོག་ཚོགས་ཕྲ་རགས་སྤུན་ཆ་ཐམས་ཅད་ཤར་གྲོལ་དུས་མཉམ་དུ་འགྲོ། འགྱུ་བས་མི་གནོད་པར་ལྷང་ལྷང་གྲོགས་སུ་འཆར་ལ། དེ་དག་རེས་མོས་དང་ཟུང་འཇུག་ལྟ་བུ་ཅི་རིགས་སུ་འཆར་བ་ནི་ཞི་ལྷག་ཟུང་འཇུག་ཅེས་མིང་དུ་བཏགས་པ་ཡིན་ལ། འདི་སྐབས་རྟོག་པ་འོག་འགྱུ་ཞེས་སྐབས་རེར་སྟོང་པའི་རང་རྩལ་མཐོང་བ་དང༌། སྐབས་སུ་ཞི་གནས་ཀྱི་ཉམས་ཀྱིས་བསྒྲིབས་ནས་ཅུང་ཟད་ཡེངས་ཀྱང་ཡེངས་སུ་མི་ཚོར་བ་ཉལ་ཉིལ་ལམ། རྡོ་བའི་གསེབ་ནས་ཆུ་འབབ་པ་ལྟར་ཡེངས་དང་མ་ཡེངས་ཆ་མི་ཕྱེད་པར་འབྱུང་བས་དེ་སྐབས་རིག་པ་གྲུང་ཕྱུང་སྟེ་མཚམས་ཕྱེད་པར་བྱའོ། །དེ་ཡང་མོས་གུས་མི་རྟག་ཟུང་འབྲེལ་དུ་བསྒོམས་པས་སེམས་སྟོང་པ་འདི་དང༌། ལུས་འདི་ཡང་རྣམ་པ་དུ་མའི་སྒོ་ནས་སྟོང་པ་ཉིད་ཡིན་སྙམ་པ་དང༌། ཕྱི་རོལ་གྱི་ས་རྡོ་རི་བྲག་ཁང་ཁྱིམ་སྐྱེས་པ་བུད་མེད་རྟ་གླང་འདི་རྣམས་ཀྱང་བདག་ཉིད་ཇི་ལྟ་བ་བཞིན་བདེན་པར་མེད་ཅིང་སྟོང་པ་ཉིད་དོ། །རྨི་ལམ་ཙམ་ལས་སྟོང་པ་ཉིད་དོ། །སྣང་ཙམ་ལས་སྟོང་པ་ཉིད་དོ། །ནམ་མཁའ་ལྟར་སྟོང་པ་ཉིད་དོ། །ཅི་ཡང་མ་མཆིས་སོ། །གང་ཡང་མེད་དོ་སྙམ་པའི་རིམ་གྱིས་སྟོང་པར་བློ་ཕྱོགས་ཆེས་པའི་དབང་གིས་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་ནས་ཁྱད་དུ་གསོད་པ་ནག་པོ་ཁ་འབྱམས་ཀྱི་ལྟ་བ་འབྱུང་སྲིད་ལ། གོ་ཉམས་ལག་ལེན་དང་སྦྲགས་ན་

p. 278

ངན་འགྲོར་ལྟུང་བས་དཀར་ནག་གི་བླང་དོར་མ་ནོར་བར་བྱ་བ་དང༌། ཏི་རས་ཀྱིས། རྟོག་མེད་ཞེན་ན་གཟུགས་མེད་ཁམས་སུ་གོལ། །ཞེས་བདག་གི་སེམས་ནམ་མཁའ་ལྟ་བུའོ་སྙམ་པའི་ངེས་ཤེས་ཀྱིས་ནམ་མཁའ་མཐའ་ཡས་པ་དང་། སེམས་རྣམ་པར་ཤེས་པ་འདི་ཤིན་ཏུ་མཐའ་དང་བྲལ་ལོ་སྙམ་པའི་འཛིན་པས་རྣམ་ཤེས་མཐའ་ཡས་དང༌། སེམས་ཀྱི་རྒྱུན་ཅུང་ཟད་ཙམ་ལས་མེད་དོ་སྙམ་པས་ཡོད་མིན་མེད་མིན་དང༌། ཡོད་མེད་གཉིས་པོ་གང་ཡང་མེད་དོ་སྙམ་པས་ཅི་ཡང་མེད་པའི་སྐྱེ་མཆེད་བཅས་སུ་གོལ་ལ། དེ་ཡང་འཛིན་པ་ངེས་ཤེས་དང་བཅས་པས་ཚེ་འཕོས་ན་དེ་རྣམས་སུ་སྐྱེ་བ་ཡིན་གྱི། གནས་སྐབས་ཉམས་ཀྱི་འཆར་སྒོ་ཙམ་གྱིས་མིན་ཞིང༌། འཛིན་པ་ངེས་ཤེས་ནམ་སྐྱེས་པའི་དུས་དེར་དེའི་ཐོག་རིག་པ་ཐོག་རྫིས་བྱས་པས། རྦ་རླབས་ཆུ་བོར་གྲོལ་བ་བཞིན་གཤིས་ལུགས་མ་བཅོས་པའི་སྟེང་དུ་ཕྱིན་པར་འགྱུར་རོ། །འདི་སྐབས་ཉམས་ལ་མཐོ་དམན་མང་དུ་འབྱུང་ཞིང༌། སྐབས་རེར་སེམས་སབ་སོབ་ཏུ་སོང་ནས་སྙིང་མི་དགའ་བ་དང་ཁོང་ཡུས་ཀྱིས་བརྣངས་པ་སོགས་འབྱུང་སྟེ། ཉི་མ་ནུབ་རིར་ཐོན་པའི་དུས་བས་མཐའ་ཆུ་རོང་ཡ་ང་བར་གྲོགས་མེད་གཅིག་པུར་ཅོལ་ཆུང་ཕྱིན་པ་བཞིན་སྙིང་ཧད་དེ་བ། སྐབས་སུ་དགོད་བྲོ་བ། ངུ་ཤོར་བ། སྟོང་ཉིད་ཀྱི་ཉམས་གླུ་ལེན་སྙིང་འདོད་པ་དང༌། སྔ་མའི་ཞི་གནས་ཀྱི་བདེ་ཉམས་ལ་ཕྱི་ཆགས་འཁྱོར་བ་སོགས་འབྱུང་ལ། འདི་དག་ནི་སྟོང་ཉམས་དང་མི་རྟོག་པ་ཞེས་བསམ་གཏན་གསུམ་པའི་སྙོམས་འཇུག་དང༌། བསམ་གཏན་བཞི་པའི་ཉམས་རྣམས་སོ། །དེ་ནས་མཐར་ཞི་གནས་ཀྱི་བདེ་ཉམས་དེ་ཉིད་ཤུན་པ་བརྗེས་པ་ལྟར་གསལ་ལ་སྟོང་པ། སྟོང་བཞིན་ཤིན་ཏུ་གསལ་བ་ཉི་འོད་དང་ཟླ་ཟེར་གྱི་སྣང་བ་ལྟ་བུ། སླར་བསམ་གཏན་གཉིས་པའི་ཉམས་འཆར་ཞིང་གོང་དུ་བཤད་པ་བཞིན་ངེས་ཤེས་དང་ང་

p. 279

རྒྱལ་འཛིན་པ་དང་བཅས་འབྱུང་ལ། དེ་དུས་མཐོང་ལམ་གྱི་ཡེ་ཤེས་ངོ་སྤྲོད་དོ། །དེ་ཡང་གོང་དུ་སྨོས་པའི་ཉམས་རྣམས་དབང་པོའི་ཁྱད་པར་གྱིས་མ་ངེས་པར་འཆར་བ་དང༌། འགྲིགས་ཆགས་སུ་འཆར་བ་སྣ་ཚོགས་ཡོང་བ་ཡིན་པས་དཔྱད་ཤེས་པར་བྱ་བ་དང༌། འདི་སྐབས་སྒྲིབ་སྦྱོང་གི་ཡོན་ཏན་སྡིག་སྒྲིབ་ཉམས་ཆག་སོགས་འདག་པ་དང༌། ཚོགས་བསགས་པའི་ཡོན་ཏན་གྱི་བསོད་ནམས་དང་། བླ་མར་མོས་གུས་སྙིང་ཕུར་དུ་གཏད་པས་བྱིན་རླབས་དངོས་སུ་འཇུག་པའི་སྟོབས་ཀྱིས་ཚོགས་སྦྱོར་གྱི་ཡོན་ཏན་སྐད་ཅིག་མར་སྐྱེ་བར་འགྱུར་རོ། །༧ གསུམ་པ་མཐོང་ལམ་གྱི་ཡེ་ཤེས་ངོ་སྤྲད་པ་ནི། ཏི་རས་ཀྱིས། སྤྲོས་པ་བཀག་པའི་སྤྲོས་མེད་མ་སྒོམ་པར། །སྤྲོས་པ་སྤྲོས་པས་སྟོང་པའི་སྤྲོས་མེད་བསྒོམ། །ཞེས་གསུངས་པ་ལྟར། སྔ་མའི་ཡོན་ཏན་སྐད་ཅིག་མར་ཐ་མལ་གྱི་ཤེས་པ་རང་སོ་མ་ཉམས་པར་བལྟ་བྱ་ལྟ་བྱེད་དབྱེར་མེད། གནས་དང་མི་གནས་གསལ་དང་མི་གསལ་སོགས་ཅི་ཡང་མེད་པར། རིག་པ་ཁོ་རང་རང་གཤིས་ལས་བཟོ་བཅོས་དང་འདི་བྱ་འདི་བྱེད་ཉལ་ཉུལ་སོགས་གང་ཡང་མི་བྱེད་པར་རང་བབས་ཐད་ཀར་དུ་འཇོག་དགོས་ལ། དེ་ཡང་རྗེ་འབའ་རོམ་དར་མ་དབང་ཕྱུག་གི་ཞལ་ནས། མ་བཅོས་གཉུག་མའི་ངང་ལ་ཞོག །ཅེས་དང༌། ཏི་རས་ཀྱིས། སྐྱེ་མེད་འོད་གསལ་རྒྱ་མཚོ་དྭངས་པ་ལས། །རྣམ་རྟོག་སྣང་བ་སྣ་ཚོགས་བྱུང་བ་རྣམས། །རྦ་རླབས་དང་ནི་ཆུ་བུར་ཇི་བཞིན་དུ། །གཉིས་མེད་ཐུག་ཕྲད་རང་གྲོལ་སོ་མར་ཞོག །ཅེས་གསུངས་པ་ལྟར་ཏེ། དེ་ལྟ་བུས་བློ་མི་ཚིམ་པ་དང༌། ཡིད་ཀྱིས་ཉལ་ཉུལ་སོགས་བྱུང་ན་བྱུང་མཁན་ཁོ་རང་གི་སྟེང་དུ་བཤིག་ཐབས་སུ་བཞག་ལ། སླར་རྣམ་རྟོག་གང་སྐྱེས་དེ་གའི་ངོས་བཟུང་སྟེ། སྤང་བླང་མེད་པར་གཏད་མེད་གུ་ཡངས་ཀྱི་དྲན་ཤེས་བརྟེན་པ་ནི་གནད་དམ་པའོ། །འདི་དག་གི་སྐབས་སུ་

p. 280

རིག་པའི་རྩིས་སླེབ་མ་ཐག་དེ་དག་སོར་བཞག་གིས་སྐྱོང་བ་ཡིན་ཅིང༌། འབའ་རོམ་པས། བསྒོམ་རྒྱུ་འདོད་ན་དྲི་མས་གོས། །ཞེས་གསུངས་པ་ལྟར་གང་ཤར་གྱི་རྟོག་པ་སྐད་ཅིག་མར་འཇོག་མ་ནུས་ཤིང་བློ་མ་ཚིམ་ནས། གང་ཡང་ཡིད་ལ་མི་བྱེད་པ་ཞིག་དགོས་པར་འདོད་ནས་ལྟ་རྒྱུ་དང་བཞག་རྒྱུ་ཅི་ཡང་མེད་ཅིང༌། ལྟ་དང་མི་ལྟ་བཞག་དང་མི་བཞག་གང་ཡང་མེད་པ་འདི་ལྟར་ཡིན་ནོ་སྙམ་ནས་བློ་ཡིས་དཔྱད་གཞིག་བྱས་ཏེ། རང་གར་སྐྱུར་བ་ལྟ་བུའི་སྔོན་དུ་བློ་ཡིས་འཛིན་སྟངས་ཤོར་བ་ནི་སྒོམ་བདག་མེད་མ་ཞེས་པ་དང༌། དྲན་པའི་རྩིས་སླེབ་མ་ཐག་དེ་ཀའི་ཐོག་ཏུ་མི་བཞག་པར་ཚུར་བཀུག་པ་ལྟ་བུ་སྒོམ་ལྕགས་ཀྱུ་མ་དང༌། བློ་ཞིབ་མོས་ཚོལ་བ་ལྟ་བུའི་ཉལ་ཉུལ་མང་པོ་ཞིག་བྱས་ནས་གར་བཞག་འདིར་བཞག་མེད་པར་བློ་ཐེ་ཚོམ་ལོག་གེ་བའི་དབང་དུ་ལུས་པའམ། རྣམ་རྟོག་དྲག་པོས་འཕྲོག་པ་ནི་སྒོམ་ཁྱི་སྣ་མ་ཞེས་ལྟ་མིན་གྱི་སྐྱོན་དང༌། ཏི་རས་ཀྱིས། རྒྱས་འདེབས་གཉེན་པོ་ལམ་དང་གཤིས་སུ་ཤོར། །ཞེས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་པའམ། གསལ་སྟོང་དབྱེར་མེད་ཅིག་ཡིན་ནོ། །འདི་ལྟ་བུར་བྱས་ན་བདེ་བར་ཡོད་དོ་སྙམ་པའི་ལུགས་ཀ་དང་གཏད་སོ་འདྲ་བའི་སྟེང་དུ་བཞག་པ་ནི་སྒོམ་རྒྱས་འདེབས་མ་དང༌། ཡེ་ནས་སེམས་སྐྱེ་བ་མེད་པའི་རང་བཞིན་ཡིན་ནོ་སྙམ་པའི་རྩིས་གདབ་པ་ནི་ཤེས་བྱའི་གཤིས་ལ་ཤོར་བ་དང༌། སྟོང་ཉིད་ཀྱི་རོར་ཞེན་པ་ནི་ཆགས་པར་ཤོར་བ་དང༌། ཉོན་མོངས་རྣམ་རྟོག་གང་ཤར་གྱི་ངོ་བོ་སེམས་སུ་མ་ཤེས་ནས་སྤང་གཉེན་གཉིས་སུ་བྱས་པ་དེ་ནི་གཉེན་པོར་ཤོར་བ་སྟེ། འདི་དག་ཐམས་ཅད་རྟོག་པའི་སྐྱོན་རང་འདོད་ཀྱི་ཁྱེར་སོ་ཡིན་པས་སྤངས་ལ། འབའ་རོམ་པས། སྤང་ཐོབ་མེད་པའི་འབྲས་བུ་འདི། །མ་བཅོས་སོར་བཞག་གིས་བརྟན་པར་བྱ། །ཞེས་དྲན་པའི་རིག་པ་སོ་མ་སྐད་ཅིག་

p. 281

མའི་རིག་ཐོག་དེར་བཞག་ཅིང་བག་ཙམ་དེའི་ངང་དུ་ཀློད་ལ་སྐྱུར་ཐབས་སུ་སྐྱོང་བ་མཉམ་བཞག་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྤྱོད་ལམ་ཟ་ཉལ་འགྲོ་འདུག་གང་བྱེད་ཀུན་ལ་རང་གཤིས་ཀྱི་ངོ་བོ་མ་བོར་ཙམ་བྱ་སྟེ། ཆོས་འོད་ཟེར་གྱིས། སྐྱིད་དང་སྡུག་དང་སྤུན་པ་ཀུན། །གཏད་མེད་བྱུང་རྒྱལ་ཀྱི་ལི་ལི། །ཞེས་གསུངས་པ་ལྟར་གཏད་མེད་གུ་ཡངས་ཀྱིས་གཉུག་མའི་ཤེས་པ་རྣལ་མ་རྒྱུད་ལ་འབྱོར་བར་བྱ་ཞིང༌། དེ་ཡང་འདི་སྐད་དུ། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་འདི་བྱ་དང་འདི་བྱེད་བསམ་པའི་བློ་དང་བྲལ་ཞིང་། ཐ་མལ་གྱི་ཤེས་པ་དེ་ཉིད་གྲྭ་མ་ཆག་ཟུར་མ་ཉམས་པར་རང་བབས་སུ་སྐྱོང་བ་ནི་ཉམས་ལེན་གྱི་མཐིལ་ཡིན་ལ། འབའ་རོམ་པས། རྐྱེན་སྣང་སེམས་ཀྱི་ངོ་བོར་མཐོང༌། །ངོ་བོ་གཉིས་མེད་མཐའ་དང་བྲལ། །ཞེས་གསུངས་པ་ལྟར་འདི་ཕྱི་འཁོར་འདས་སོགས་རྟོག་ཚོགས་སྤྲོས་པ་དང་བྲལ་བས་སྤྲོས་བྲལ་ཏེ། དེ་དག་ངོ་མཐོང་ཙ་ན་ཚེས་གསུམ་གྱི་ཟླ་བ་ཟླ་བ་ཡིན་པར་ངོ་ཤེས་པ་ལྟར་ས་དང་པོའི་བདེན་པ་མཐོང་བས་ན་མཐོང་ལམ་ཡིན་ཞེས་གོང་མ་རྣམས་ཀྱིས་གསུངས་སོ། །འདིའི་སྐབས་སུ་རྒྱུ་འབྲས་སྟོང་ཉིད་དུ་རིམ་བཞིན་ཞུགས་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་། ཕྲའུའི་རྟོག་ཚོགས་གཟུགས་སྒྲ་དྲི་རོ་རེག་བྱ་འདུ་ཤེས་འདུ་བྱེད་ཀྱི་སྣང་ཆ་ཐམས་ཅད་སྟོང་པ་ཉིད་ཁོ་ན་ཡིན་ནོ་སྙམ་སྟེ། དཀར་ནག་རྒྱུ་འབྲས་ཐམས་ཅད་དོན་དུ་མ་གྲུབ་པར་སྟོང་པ་ཉིད་ཡིན་ཕྱིར་དགེ་བས་ཕན་བཏགས་པ་དང༌། སྡིག་པས་གནོད་སྐྱེལ་བ་གང་ཡང་མེད་དོ་སྙམ་པའི་སྟོང་ལྟ་ཧད་པོ་དང་སྟོང་པ་རིས་ཆད་ཀྱི་ལྟ་ངན་སྐྱེ་སྲིད་པས་དེ་དག་ནི་བློ་ངན་འདོད་འཁྲིས་ཀྱིས་བྱས་པ་ཡིན་པས། འདི་ཡིན་འདི་ལྟར་རོ་སྙམ་པའི་ཐག་ཆོད་ཀྱི་འཛིན་པ་དེ་ཉིད་ཀྱི་སྟེང་དུ་ཀློད་ལ་

p. 282

བཞག་པས་འཛིན་རྟོག་དེ་དག་ཁྲོལ་གྱིས་ཞིག་ནས་ཡིན་མིན་གྱི་རྩིས་གདབ་མི་དགོས་པར་རང་གྲོལ་དུ་འགྱུར་ལ། འབའ་རོམ་པས། སྣ་ཚོགས་སྣང་བའི་རྐྱེན་སྣང་འདི། །གཞི་རྩ་བྲལ་བས་གྲོགས་སུ་ཤར། །ཞེས་དང༌། ཆོས་རྗེ་རིན་པོ་ཆེས། གཉུག་མའི་རང་ས་རྒྱུན་དུ་ཟིན་པ་ཡིས། །ཞེས་སོགས་གསུངས་པ་ལྟར་མཉམ་པར་བཞག་པའི་ཏིང་ངེ་འཛིན་དང་རྗེས་ཐོབ་གཉིས་ལ་གདམ་ག་མེད་པར་གཅིག་ཏུ་གོ་བ་ནི་མཉམ་རྗེས་འདྲེས་པ་སྤྲོས་བྲལ་ཆེན་པོ་སྟེ། དེ་ལྟར་གྱི་ཚུལ་ཡང་ཆོས་རྗེ་བསོད་ནམས་བཟང་པོས། སྒོམ་མཁན་སྐྱུང་བའི་སྤྲོས་བྲལ་ལ། །སྣ་ཚོགས་སྤང་བླང་མེད་པ་ཡིན། །སྣང་སྟོང་གཉིས་མེད་ཀྱི་ཞབས་ཏོག་བྱས། །སྟོང་ཉིད་འགྱུར་བ་མེད་པ་སྟེ། །ཨེ་མ་ཡ་མཚན་མི་ཆེ་འམ། །ཞེས་གསུངས་པ་ལྟར་ཏེ། དེ་ལྟར་གྱིས་ས་གསུམ་གྱི་དབང་ཕྱུག་ཏུ་མངའ་མཉེས་ཤིང་ཉོན་མོངས་ཀྱི་སྒྲིབ་པ་ཐམས་ཅད་སེམས་ཀྱི་ངོ་བོ་མཐོང་བས་ཤུགས་ཀྱིས་སྤང་བར་འགྱུར་རོ། །༧ གསུམ་པ་སྒོམ་ལམ་གྱི་རིམ་པ་ནི། རྒྱུ་འབྲས་སྟོང་པ་ཉིད་དུ་ཞུགས་པ་དེ་ཉིད་གསལ་སྟོང་གི་རང་བཞིན། སྟོང་ཉིད་རྒྱུ་འབྲས་སུ་བཞེངས་པ། མ་དག་སེམས་ཅན་གྱི་སྣང་བ་ཐམས་ཅད་མེད་སྣང་གློ་བུར་བ་རྨི་ལམ་ལྟ་བུར་རྟོགས་ནས། རྟོགས་དང་མ་རྟོགས་རང་རྩལ་གྱི་ཆ་རྣམས་བཟང་ངན་མེད་པར་འབྲས་བུ་ཐམས་ཅད་བསླུ་མེད་དུ་གོ་ཞིང༌། སེམས་ཅན་གྱི་ཁམས་རྣམས་ལ་འཁྲུལ་སྣང་གི་བདེ་སྡུག་གཉིས་ལས། སྡུག་བསྔལ་ཅན་ལ་སྙིང་རྗེ་བྱམས་པ། བདེ་བ་ཅན་ལ་དགའ་བ་བཏང་སྙོམས་བཅས་སྔོན་གྱི་ཉམས་ལེན་རྣམས་ལས་ཁྱད་པར་དུ་འཕགས་པ་སྐྱེ་བ་དང༌། སཱཙྪའི་དུམ་བུ་དང་ཆོས་ཀྱི་ཚིགས་སུ་བཅད་པ་རེ་རེ་ཙམ་དང༌། ངུར་སྨྲིག་གི་ཚལ་པ། རྟགས་ཙམ་འཛིན་པའི་འཁོར་བཞི་པོ་གང་རུང་བཅས་དཀོན་མཆོག་གསུམ་གྱི་ཆར་གཏོགས་པ་ཐམས་ཅད་ལ་

p. 283

སྔོན་བས་ཀྱང་ལྷག་པའི་དད་འདུན་ཡིད་ཆེས་མོས་གུས་ཚད་མེད་པ་སྐྱེ་བ་དང༌། བསླབ་སྡོམ་ཕྲའུ་ས་མི་རྐོ་བ་དང༌། མེ་ལ་མི་རེག་པ་སོགས་རྒྱལ་བས་བཅས་པ་རྣམས་ཤིན་ཏུ་དོན་ཆེ་བའི་ཡིད་ཀྱིས་ངོ་མཚར་ཐོབ་པ་སོགས་དང༌། ཏི་རས་ཀྱིས། སྣང་སྲིད་འཁོར་འདས་མ་ལུས་ཆོས་ཚུལ་ཀུན། །མཚན་ཉིད་མ་འདྲེས་སོ་སོར་གསལ་བ་རྣམས། །ཐ་དད་དབྱེར་མེད་ཆོས་སྐུར་རོ་གཅིག་འགྱུར། །ཞེས་དང༌། སྐྱོ་བྲག་ཀརྨ་ཚེ་བརྟན་གྱིས། དབྱིངས་སྐྱེ་མེད་ནམ་མཁས་ཀུན་ལ་ཁྱབ། །སེམས་རང་གསལ་རིག་པས་དབྱིངས་མཐའ་འགྲིམ། །བློ་འཁྲུལ་སྣང་ཁུག་སྣ་དབྱིངས་སུ་ཡལ། །ཡུལ་སྣང་སྟོང་མཚོ་ལ་ཟླ་བ་ཤར། །ཞེས་གསུངས་པ་ལྟར། སྣང་སྲིད་འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང༌། སེམས་ཉིད་རྟོག་ཚོགས་དུ་མ་ཉིད་ཀྱང་ཆོས་ཉིད་རྟོགས་པའི་ཀློང་དུ་འདུས་པར་རྟོགས་པ་དང༌། སྟོང་ཉིད་དེའི་ངང་ལས་སྒྱུ་མའི་འཁྲུལ་གཟུགས་བཞིན་འཁོར་འདས་ཀྱི་རོལ་པ་ཅིར་ཡང་འཆར་ཞིང་སྣང་བར་ཤེས་པ་དང་། རྒྱུ་འབྲས་བསླུ་བ་མེད་པར་ཁྲིགས་སུ་གནས་པར་ཡིད་ཆེས་ཤིང་། ཆོས་ཐམས་ཅད་ཀྱི་རྟེན་འབྲེལ་གང་འབྱུང་བ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ཤར་བ་བཞིན་འཁྲུལ་མེད་དུ་རྟོགས་པ་ནི་དུ་མ་རོ་གཅིག་ཏུ་རྟོགས་པའི་ཉམས་ཏེ། དེ་དུས་འཁོར་འདས་བདེ་སྡུག་གི་ཆོས་ཐམས་ཅད་རོ་གཅིག་ཏུ་འདྲེས་པའི་ཉམས་རྒྱ་མཚོ་རབ་ཏུ་འཁྲུགས་པའི་རྦ་ཀློང་ན་བྱིས་པ་སོང་བ་ལྟ་བུ་འབྱུང་སྟེ། བསྟན་འཛིན་བཟང་པོས། འགྱུར་མེད་ཕྲའུའི་གབ་སྐུང་དེ། །རྩ་བྲལ་དབྱིངས་སུ་རྗེན་པར་ཕུད། །ཅེས་གསུངས་པ་ལྟར་ཕྲའུའི་རྟོག་པས་སླར་གཟུང་འཛིན་གཉིས་སུ་འཆིང་དུ་འོང་བས་དེ་དུས་རིག་སྟོང་གཉིས་མེད་ཀྱི་གནད་བཅའ་བ་དང༌། སོ་མ་ངར་ཅན་གྱིས་སྟོང་ཉིད་རྗེན་པར་ཕུད་པ་དང༌། བདེན་ཞེན་གྱི་རྟོག་པ་ཚེ་འདིའི་ཟླ་

p. 284

གྲོགས་གཉེན་འདུན་ལ་ཨ་འཐས་སུ་འགྲོ་སྲིད་དེ། འབའ་རོམ་པས། ཆགས་ཞེན་བྱེད་ན་ལམ་གྱི་གེགས། །རང་གྲོལ་འཛིན་མེད་ངང་ལ་ཞོག །ཅེས་གསུངས་པ་ལྟར་དེ་སྐབས་ཞེན་འཛིན་གྱི་ངོ་བོ་རང་ཐོག་ཏུ་བསྐྱངས། དེ་ནས་ཤེས་པའི་ཉམས་དང༌། རྟག་པ་དང་བརྟན་པའི་རིམ་པས་ས་བཅུ་མན་ཆད་རྫོགས་པ་སོགས་སོ་སོའི་བཞེད་གཞུང་འདྲ་མིན་མང་བར་ཡོད་ཀྱང༌། ས་དྲུག་མན་ཆད་ཉན་རང་ཐུན་མོང་གི་ལམ་དང༌། དག་དང་མ་དག་ཆ་མཐུན་གྱིས་ས་བདུན་པ་དང༌། དག་པ་ས་གསུམ་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྐབས་ཏེ་གསང་སྔགས་པ་སོགས་ཀྱིས་བགྲོད་པར་བཞེད་ལ། རགས་པ་སྙོམས་འཇུག་གི་སྒྲིབ་པ་སྤང་བར་འདོད་ཅིང༌། སྤྲོས་བྲལ་མན་ཆད་ཀྱིས་དྲན་རྫིའམ་འཛིན་བྱེད་དྲན་པའི་བློ་དང་ལྡན་པ་སོགས་ཅུང་ཟད་འཛིན་པ་དང་བཅས་པའི་སྐྱོང་ཚུལ་དང༌། སྤྲོས་བྲལ་རོ་གཅིག་སོགས་ཀྱི་སྐབས་འཛིན་པ་བག་ཉལ་ཕྲའུ་བཅས་བལྟ་བྱ་ལྟ་བྱེད་གཉིས་མེད་རིག་ཐོག་གཅིག་པུར་ཐག་ཆོད་པའི་རྟགས་ནང་ནས་འཆར་བར་འགྱུར་ཏེ། བསོད་ནམས་བཟང་པོས། སྣང་སེམས་འདྲེས་པའི་རོ་གཅིག་ལ། །ཡུལ་སྣང་ཐམས་ཅད་རྒྱན་དུ་ཤར། །སྣང་སེམས་གཉིས་མེད་ཀྱི་ཞབས་ཏོག་བྱས། །གཉུག་མ་མཐའ་དབུས་མེད་པར་མཇལ། །ཨེ་མ་ཡ་མཚན་མི་ཆེ་འམ། །ཞེས་གསུངས་པ་ལྟར་དང༌། དེ་ཡང་རང་ངོ་ཤེས་ཤིང་ཉམས་རྟོགས་སྐྱོང་བའི་གཟུགས་སྒྲ་དྲི་རོ་རེག་བྱའི་རྐྱེན་གྱིས་ངོ་བོ་མཐོང་ཚེ། ཕར་ཡུལ་གྱི་ཐོག་ནས་རྗེས་སུ་འབྲང་བ་ལྟ་བུ་དང༌། འབའ་རོམ་པས། སེམས་གཞི་རྩ་བྲལ་བ་ནམ་མཁའ་འདྲ། །སྣང་ལ་རང་བཞིན་མེད་པ་འཇའ་ཚོན་འདྲ། །ཞེས་གསུངས་པ་ལྟར། བརྟན་པ་ཐོབ་དུས་ཤིན་ཏུ་མཐོ་བའི་ས་ནས་ཤེལ་དང་མེ་ལོང་དྭངས་པ་བསྟན་པས་དེའི་ནང་དུ་ཡུལ་ཐམས་ཅད་ཀྱི་གཟུགས་བརྙན་ཚུར་ལ་

p. 285

སྟོན་ཅིང་འཆར་བ་ལྟ་བུ་སྣང་ལ་རང་བཞིན་མེད་པ། ངོ་བོ་གཞན་གྱིས་འཕྲོག་མི་ནུས་པ་ཆགས་ཐོགས་མེད་པའི་མཁྱེན་པ་བརྡོལ་ཞིང་མངོན་པར་ཤེས་པ་སྒྲིབ་མེད་དུ་གསལ་བ་སོགས་ཉམས་མྱོང་གི་ཡོན་ཏན་ནང་ནས་རྒྱུད་ལ་སྐྱེ་བར་འགྱུར་རོ། །༧ བཞི་པ་མི་སློབ་པའི་ལམ་ནི། ཏི་རས་ཀྱིས། སྒོམ་པ་མེད་པ་སྒོམ་མེད་ཡིན། །ཞེས་གསུངས་པ་ལྟར་བསྒོམ་རྒྱུ་རྡུལ་ཙམ་མེད་ཀྱང་ཡེངས་སུ་སྐད་ཅིག་ཀྱང་མེད་པ་སྒོམ་མེད་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ས་ཞེས་གསུངས་པ་ནི་བགྲོད་མ་མྱོང་བས་ལམ་རྒྱུས་བཤད་པ་དང་མཚུངས་མོད། འོན་ཀྱང་ཆོས་ཀྱི་རྐང་གྲངས་ཚང་བའི་ཕྱིར་གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་ས་བོན་ཙམ་བརྗོད་པ་ནི། བླ་མ་རང་སེམས་དབྱེར་མེད་ངང༌། སེམས་ཉིད་ཉག་གཅིག་སངས་རྒྱས་སུ་རྟོགས་པས་སྐྱེ་ཤི་འཕོ་འགྱུར་རྟག་ཆད་འགྲོ་འོང་བྲི་གང་མེད་པར་རྟོགས་ཤིང་། ཡུལ་དང་ཡུལ་ཅན་བྲལ་ཡང་འཁོར་འདས་ཐམས་ཅད་ཡེ་ནས་སངས་རྒྱས་དང་བླ་མར་ཤེས་པས། ཕྱོགས་མེད་ཀྱི་མོས་གུས་རྒྱུན་ཆད་མེད་པ་དང༌། འབའ་རོམ་པས། རྩོལ་མེད་ཀྱི་འབྲས་བུ་རང་སར་འབྱུང་། །ཞེས་གསུངས་པ་ལྟར། ཁྱད་དུ་འབད་རྩོལ་མ་དགོས་པར་རིག་པ་རང་ཆས་སུ་བཞུགས་པ་དྲན་རྟོག་གི་བློ་དང་བྲལ་བ། ནམ་མཁའ་ལྟར་མཐའ་དབུས་མེད་པ། རྒྱ་མཚོ་ཆེན་པོ་ལྟར་ཁ་ཞབས་བྲལ་ཞིང༌། ཆུ་བོ་ཆེན་པོ་ལྟར་རྒྱུན་མི་འཆད་པ། བསོད་ནམས་རྒྱུན་དུ་འབབ་ཅིང༌སྐུ་དང་ཡེ་ཤེས་ཡོན་ཏན་སོགས་འབྲས་བུ་འགྲིབ་མེད་རང་ཆས་སུ་བཞུགས་པར་རྟོགས་པ་ནི་གཙང་བདེ་རྟག་བདག་གི་རང་བཞིན་མཆོག་ཏུ་གྲུབ་པ་སྟེ། སྒོམ་མེད་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ས་ཞེས་ཟབ་མོ་སྔགས་ཀྱི་ལམ་ཐབས་གྲོལ་གཉིས་དང༌། རྒྱུ་མཚན་ཉིད་ཀྱི་ཐེག་པར་སྙོམས་འཇུག་དང་ཤེས་བྱའི་སྒྲིབ་པ་བག་ཆགས་ཕྲའུ་བཅས་

p. 286

ཤེས་རབ་མཚན་ལྡན་གྱི་ལུས་ལ་བརྟེན་ནས་རྒྱུན་མཐའ་རྡོ་རྗེ་ལྟ་བུས་གཞོམ་སྟེ། རྡོ་རྗེ་འཛིན་པའི་བར་གྱི་ས་གསུམ་བགྲོད་པར་གསུངས་པ་ལྟར་བསླུ་མེད་ཡོན་ཏན་ངེས་ཤེས་ཀྱིས་བསྟན་པ་ཉིད་དོ། །དེ་ཡང་རྗེ་བཙུན་ཆེན་པོས་ཐོག་མར་ཤེས་སྒྲིབ་སྤང་བར་གསུངས་པ་དང༌། སྐྱོབ་པ་རིན་པོ་ཆེས་ཀྱང༌། ཤེས་བྱའི་སྒྲིབ་པ་ཐོག་མར་སྤང་བའང་ཡོད། །ཅེས་གསུངས་པ་ལྟར་ཏེ། སྒྲིབ་པ་སྤང་ཚུལ་ལའང་ཅི་རིགས་འབྱུང་བར་གསུངས་སོ། །འདི་དག་རྣམས་ཀྱི་ཚེ་འཁྲུལ་སྣང་ནང་ནས་ཞིག་མ་ཞིག་དང་། ཕྱིའི་སྤྱོད་ལམ་གོ་འགགས་མ་འགག་གི་ཚོད་རྣམས་རྨི་ལམ་གྱིས་འཛིན་པར་བྱའོ། །དེ་ཡང་བསོད་ནམས་བཟང་པོས། རྟོག་ཚོགས་བྲལ་བའི་སྒོམ་མེད་ལ། །སྟོང་ཉིད་མཐའ་དབུས་མེད་པ་ཡིས། །ཉིན་མཚན་གཉིས་མེད་ཞབས་ཏོག་བྱས། །འོད་གསལ་བ་ལ་རྒྱུན་ཆད་མེད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པ་ལྟར་གྱི་སངས་རྒྱས་གཞན་ལ་མ་ལྟོས་པར་སྐུ་བཞི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་སྟེ། གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་ཏེ། ཆོས་རྗེ་རིན་པོ་ཆེས། ནམ་མཁའི་ཀློང་ནས་འབྲས་དྲུག་སྨིན། །ཕོངས་པ་ཡི་དྭགས་ལྟོ་གོས་ཚིམ། །མ་བསམ་ལྷུན་གྱིས་གྲུབ་པ་ལ། །སྐུ་བཞི་གསལ་འགྲིབ་མེད་པར་རྫོགས། །ཞེས་གསུངས་ཤིང༌། གཞན་སྔ་མ་ལས། ཀྱེ་མ་གནས་ལུགས་ངོ་མཚར་ཆེ། །ནོར་བུ་རྒྱལ་མཚན་རྩེར་སོན་པར། །ཚོགས་གཉིས་ཟུང་འཇུག་མཆོད་པ་ཕུལ། །ཡིད་བཞིན་འདོད་རྒུ་ཆར་བཞིན་འབེབས། །ཨེ་མ་ཡ་མཚན་མི་ཆེ་འམ། །ཞེས་ཆོས་ཀྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་སྟོང་ཉིད་རྡོ་རྗེའི་མགུར་གྱིས་བསྟན་པ་ལྟར་ལ་ལྟེམ་རྐྱང་བྲལ་བར་བརྩོན་པར་རིགས་སོ། །སླར་སྨྲས་པ། སྣང་སྟོང་ཟུང་འཇུག་གདོད་མའི་ཡེ་ཤེས་ཆེ། །རིགས་ཁམས་དབྱིངས་ཀྱིས་
ཀུན་ལ་ཁྱབ་པའི་དཔལ། །བྱི་དོར་དད་གསུམ་རྒྱན་གྱིས་སྤུད་པའི་དབྱིག །ངེས་དོན་སྙིང་པོའི་བ་གམ་སྤོར་བསྒྲེངས་པས། །སྒྲུབ་བརྒྱུད་དཔལ་གྱི་ལང་ཚོ་རབ་རྒྱས་ཤིང༌། །འབྲས་བུ་གཞན་ལྟོས་ཕོངས་ལས་ཡོངས་གྲོལ་ཏེ། །སྐུ་གཉིས་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པ་འདིའང་རྗེ་འབའ་རོམ་པ་ཆེན་པོའི་ཆོས་བརྒྱུད་འཛིན་པ་ཆོས་རྗེ་སྐྱོ་བྲག་པའི་དགེ་བཤེས་བླ་མ་དམ་པ་ཀརྨ་བཀའ་བརྒྱུད་བཀྲ་ཤིས་དང་། ཆོས་སྲས་ཀརྨ་འདུལ་བ་སོགས་སློབ་ཚོགས་དད་མོས་ཅན་འགའ་ཡིས་ཡང་ཡང་བསྐུལ་ངོར་རིང་ལུགས་འདི་ལ་མི་ཕྱེད་པའི་དད་པ་ཐོབ་པའི་མཐུས་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱི་ཆ་ཤས་ཐོབ་པ་ལ་བརྟེན་ནས། ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེང་གེའམ་དཔལ་རིག་འཛིན་ཁྲག་འཐུང་དགའ་བའི་ཡེ་ཤེས་བདེ་ཆེན་འབར་བའི་རྡོ་རྗེ་སྟོབས་ལྡན་བདུད་འདུལ་གླིང་པ་རྩལ་གྱིས་རྗེ་འབའ་རོམ་དར་མ་དབང་ཕྱུག་དང༌། འགྲོ་མགོན་ཏི་ཤྲི་རས་ཆེན། ཆོས་རྗེ་བསོད་ནམས་བཟང་པོ་སོགས་གྲུབ་བརྙེས་གོང་མ་རྣམས་ཀྱི་དགོངས་པའི་བཅུད་མན་ངག་སྙིང་པོར་དྲིལ་ཏེ། གདན་ས་ཆེན་པོ་སྤྱི་འབྱམས་མདོ་སྔགས་བཤད་སྒྲུབ་ཕུན་ཚོགས་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེའི་འདུ་བྱེད། ཀརྨ་དཱ་མ་ཀ་དེ་ཝོ་དཱ་ཡར་འབོད་པས་བྲིས་པ་འདིས་ཀྱང་ངེས་དོན་སྙིང་པོའི་བསྟན་པ་ཕྱོགས་མཐར་ཁྱབ་ཅིང་འགྲོ་ཀུན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ།།

ཕྱག་རྒྱ་ཆེན་པོ་སྒོམ་མ་མོ་ཆེན་མོའི་སྔོན་འགྲོ་དངོས་གཞི་ཞང་རིན་པོ་ཆེ་ཞེས་འགྲན་གྱི་དོ་མེད་དེའི་མན་ངག །དེ་ཝ་ཀུ་མཱ་ར།

p. 287

༄༅། །ཕྱག་རྒྱ་ཆེན་པོ་སྒོམ་མ་མོ་ཆེན་མོའི་སྔོན་འགྲོ་དངོས་གཞི་ཞང་རིན་པོ་ཆེ་ཞེས་འགྲན་གྱི་དོ་མེད་དེའི་མན་ངག་བཞུགས་སོ། །
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་སྤྲོས་མེད་བདེ་ཆེན་ངང་ཉིད་ལས། །ཐུགས་རྗེའི་ཕྲིན་ལས་འགྲོ་བ་ཀུན་ལ་ཤར། །བྱིན་རླབས་སྟོབས་ཀྱིས་གདུལ་བྱ་

p. 288

གྲོལ་བར་མཛད། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དམ་ཆོས་སྙིང་པོ་ཐེག་པ་ཀུན་གྱི་རྩེ། །བཀའ་བརྒྱུད་གོང་མའི་ཚོགས་རྣམས་གཤེགས་པའི་ཤུལ། །རྗེ་ཡི་ཕྱག་ལེན་གདུལ་བྱ་འདྲེན་པའི་ལམ། །བླ་མའི་ཞལ་གདམས་གསུང་བཞིན་ཡི་གེར་བཀོད། །དེ་ཡང་ཆོས་རྗེ་དཔལ་ལྡན་ལྷ་རི་པའི་གདམས་ངག་གི་གཙོ་བོ། ཕྱག་རྒྱ་ཆེན་པོ་ལག་བཅངས་སུ་སྟོན་པར་བྱེད་པའི་ཐབས་སློབ་མ་ལས་ཅན་རྣམས་ལ་འདེབས་པར་བྱེད་པའི་ཁྲིད། དྭགས་པོ་བཀའ་བརྒྱུད་ཐམས་ཅད་ཀྱི་ཕ་ཕོག་གི་ཆོས། སེམས་ཉིད་རིན་པོ་ཆེ་གཅེར་མཐོང་དུ་ངོ་སྤྲད་ནས་བྱིན་རླབས་ཞུགས་པས། ནང་ལྷན་སྐྱེས་ཀྱི་རྟོགས་པ་ཁོང་ནས་རྡོལ་བར་བྱེད་པའི་གསང་ལམ་དམ་པ། སྔོན་འགྲོ་དངོས་གཞི་ཁྲིད་འདེབས་པའི་ལུགས་འདི་ཡིན་པས། དེ་ཡང་བླ་མ་དམ་པ་དེ་ཉིད་གདུལ་བྱར་གྱུར་པའི་སློབ་མ་ལ་སྡོམ་པ་གསུམ་གྱི་གཞི་བཏིང་ནས། དབང་གིས་རྒྱུད་སྨིན་པར་བྱས་པའི་རྗེས་ལ་འདི་བཞིན་དུ་འཁྲིད་པ་ཡིན་ནོ། །དེ་ལ་བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་ལྔ་ལ་སྐྱོན་མ་ཞུགས། རང་དབང་རང་གིས་ཐོབ་པའི་དུས་འདིར། ནམ་བཞག་གཏན་གྱི་བདེ་བ་ཞིག་སྒྲུབ་དགོས། དེ་ལ་དམ་པའི་ཆོས་བྱེད་དགོས། ཆོས་བྱེད་པ་ལ་དད་པ་ཕུན་སུམ་ཚོགས་པ་ཞིག་མེད་པའི་ཐབས་མེད། དད་པ་སྐྱེ་བར་བྱེད་པ་ལ་འཁོར་བའི་ཉེས་དམིགས་བསམ་ཞིང་འཆི་བ་མི་རྟག་པ་སྒོམ་དགོས་པ་ཡིན་ཏེ། དེ་ཡང་སྔར་སྐྱེས་པ་ལ་མ་ཤི་བ་གཅིག་ཀྱང་མེད། ད་གདོད་སྐྱེ་བ་རྣམས་ཀྱང་འཆི་བར་ངེས། ད་ལྟ་ཡོད་པ་རྣམས་ཀྱང་གཅིག་ཤི་གཉིས་ཤི་ལས་ཐམས་ཅད་ལུས་མི་སྲིད། ལར་ནི་སྐྱེས་ཕན་ཆད་འཆི་བའི་ཆོས་ཅན་མི་རྟག་པའི་མཚན་ཉིད་ཡིན་ཏེ། མདོ་ལས་ཀྱང་། སའམ་འཇིག་རྟེན་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །གང་

p. 289

ཞིག་ཁྱོད་ཀྱིས་དེ་མཐོང་ངམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །ཞེས་གསུངས་པས། ཐམས་ཅད་རུབ་རུབ་འཆི་བ་འདི་འཇིགས་མོ་ཡིན། དེ་ཐག་རིང་པོ་ཞིག་ན་ཡོད་པ་མ་ཡིན་ཏེ། རང་རེའི་སྟེང་དུའང་རྒྱངས་ཀྱིས་མི་ཡོང་མི་སྲིད་པས། ངེས་པར་སང་ནངས་མོ་ཚུན་ཆད་ལ་མི་འཆི་བའི་གདེང་ཐོབ་པའང་མེད་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་པ་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་པས། རང་རེ་ཡང་འཆི་ངེས་པར་ཐག་ཆོད་ཅིང་ནམ་འཆིའི་ཚོད་མི་ཤེས། ན་སོ་གཞོན་པས་གདེང་སྦྱར་མི་གཏུབ་སྟེ། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པའི་སྟོབས་ཀྱིས་རིགས་གཅིག་བུ་ཆུང་ལ་འཆི། རིགས་གཅིག་བྱིས་པ་ལ་འཆི། ཕལ་ཆེར་དར་ལ་བབས་ནས་རུབ་རུབ་འཆི་ཡི་ཡོད་པ་ཡིན་མོད། རྒས་ནས་འཆི་བ་རེ་རེ་ཙམ་ཡིན། ཁྱད་པར་སྙིགས་མའི་དུས་འདིར་ཚེ་ཡི་སྙིགས་མར་སོང་བས་ཚེ་ཐུང་བའི་སྟོབས་ཀྱིས་ཚེ་མཐར་བསྐྱོལ་ཡང་ལོ་དྲུག་ཅུ་ཙམ་རེ་ལས་མི་ཐུབ་པ་ཐག་ཆོད་པ་ཡིན་མོད། དེ་བས་ན་རང་རེ་རྣམས་ཀྱང་སང་འཆིའམ་གནང་འཆིའམ། སང་ཕོད་འཆི་ཚོད་མི་ཤེས། བསམ་པ་བརྒྱའི་སྟེང་དུ་མི་ཕེབས་པར་མ་བསམ་པ་གཅིག་གིས་འུབ་ཀྱིས་བསྡུས་ནས་མིག་རིག་རིག་འཆི་བ་འདི་འཇིགས་མོ་ཡིན་ནོ། །མདོ་ལས་ཀྱང་། སང་ཙམ་འཆི་བའི་དུས་ཤེས་ཀྱང་། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དག་ནི། །ནམ་འོང་ཤེས་པ་མ་ཡིན་ནོ། །ཞེས་གསུངས་པས། རང་ཅག་རྣམས་ཀྱང་མ་ལ་སྐྱེས་ནས་འཆི་བའི་ཕྱོགས་སུ་ཞག་གཅིག་བས་ཞག་གཅིག་ཉེར་སོང་། ཁར་སང་བས་ཀྱང་དེ་རིང་ཉེར་སོང་། ཇེ་ཉེ་ཇེ་ཉེ་ལ་སོང་བ་མ་གཏོགས་པས་བཟུང་ནས་ཡོད་པ་མ་ཡིན། ཁར་སང་མི་རྟག་དེ་རིང་། དེ་རིང་མི་རྟག་

p. 290

སང་དུ་འགྲོ། ཟླ་བ་སྔ་མ་མི་རྟག་ཕྱི་མར་སོང་། ན་ནིང་མི་རྟག་དུས་གཅིག་ཏུ་སོང་བ་འདི་ཐམས་ཅད་རང་གི་ཚེ་ལ་མ་ཚོར་བ་རྦད་རྦད་གཅོད་ཅིང་ཡོད་པ་ཡིན་ཏེ། མདོ་ལས། ཆུ་ཀླུང་དྲུག་པ་འབབ་པའི་རྒྱུན། །ལྡོག་པ་མེད་པར་འགྲོ་བ་ལྟར། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །སོང་བ་བས་ཀྱང་ལྡོག་པ་མེད། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་དག་སྨོས་ཅི་དགོས། །ཞེས་གསུངས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ་ཆེན་པོ་ལྟ་བུ་དང་། བླ་མ་གྲུབ་ཐོབ་གོང་མ་རྣམས་ལྟ་བུ་ཡང་འདས་ཤིང་གཤེགས་ན། རང་ཅག་རྣམས་རྟག་ཏུ་རེ་བས་ཅི་ཕན། ཀུན་གྱི་འགྲོ་ས་འདི་རང་ཡིན། བདག་ཀྱང་འཆི་བ་འདི་མི་ཐུབ། མཆུ་བདེ་ཡང་ཤགས་མི་ཐེབ། ལོངས་སྤྱོད་ཆེ་ཡང་བསླུ་རུ་མེད། ཡུལ་མཁར་བཙན་ཡང་མི་ཐུབ། ལར་ཚེའི་མཐུན་རྐྱེན་ཟད་ན་ཅི་བྱས་ཀྱང་མི་ཕན་པར་ཁྱོད་མེད་ཐབས་མེད་དར་གཅིག་སྡོད་དགོས་བྱས་ཀྱང་ཡུག་གཅིག་སྡོད་པའི་བཤོལ་མི་ཐེབས་པར་ནོར་ལོངས་སྤྱོད་མང་པོ་བསགས་ཀྱང་ཐམས་ཅད་ཤུལ་དུ་བཞག་ནས་རང་དེ་གཅིག་པུར་གཅེར་བུ་ལག་སྟོང་དུ་ཀྱུར་གྱིས་འགྲོ་བ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། ཡུན་རིང་དུས་སུ་བསགས་སྤྱད་དེ། །རྙེད་པ་མང་པོ་རྙེད་གྱུར་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་པོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས་ཏེ། སྒྲེན་མོ་ལག་སྟོང་དུ་ཐག་རུལ་ཞིག་གིས་ཧྲིལ་གྱིས་བསྡམས་ནས་ཧམ་ཧྲིལ་གྱིས་བོར་གཏོང་བ་འདི་འཇིགས་མོ་ཡིན་ནོ། །ངེས་པར་འཆི་བ་ལ་བསམས་ན་བསྲན་པའི་གླགས་ཅང་ཡོད་དམ། ཉེ་བ་དང་འཁོར་གཡོག་མང་པོ་ཡོད་ཀྱང་ཚབ་བཏང་ས་མེད། འགོར་མི་གཏུབ་འགྲོགས་ཟླ་བཏང་ས་ཡང་མེད་པར་རང་རེ་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་

p. 291

བཞིན་དུ་ཞུལ་གྱིས་འགྲོ་བའི་དུས་ཤིག་བྱུང་ཙ་ན། བསགས་པའི་ནོར་གྱིས་མི་སྟོངས། ཉེ་བ་དང་འབྲེལ་བས་མི་སྟོངས། སྔར་བྱས་པའི་ལག་རྗེས་ཀྱིས་མི་སྟོངས། ཚེ་འདིར་བྱས་པའི་ལག་རྗེས་ཀྱིས་མི་སྟོངས། ཚེ་འདིའི་མཐུན་རྐྱེན་ཐམས་ཅད་ཁྲེས་ཀྱིས་བཞག །རང་རེ་རྣམ་སྨིན་གྱི་ཁུར་ཚ་ཁུར་ནས་འགྲོ་དགོས་པ་དེ་ནི་ངེས་པར་འོང་བ་ཡིན་ཏེ། སྤྱོད་འཇུག་ལས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་གཅོད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གསུངས་པས། ངེས་པར་འཆི་ངེས། ནམ་འཆི་ཚོད་མི་ཤེས་ཏེ། དུས་ལ་ལོང་མེད། དེས་ན་འཆི་བ་ལ་ཆོས་མིན་པ་གཞན་གང་གིས་ཀྱང་མི་སྟོངས་པས། དེ་བསམས་ལ་དམ་པའི་ཆོས་ལ་འབུངས་འཚལ། དེ་ཡང་མ་གོ་བ་རྣམས་སྙམ་ན། ཆོས་བྱས་ཀྱང་འཆི་བ་ནི་ཡོང་། ནམ་ཡང་ཐམས་ཅད་འཆི་བ་ལ་སྔ་འཆི་ཕྱི་འཆི་ཡིན། དེ་གཅིག་པུས་སྡུག་བསྔལ་བྱ་རྒྱུ་ཅི་ཡོད་སྙམ་པ་བྱས་ནས་ཚེ་འདིའི་དབང་དུ་ཕྱད་ཕྱད་གཏོང་བ་རྣམས་མ་གོ་བ་ཡིན། མི་འཆི་བ་ག་ན་འོང་། འཆི་བ་ལ་སྐྱིད་སྡུག་གི་ཁྱད་ཡོད་པ་ཡིན་མོད། དམ་པའི་ཆོས་མི་བྱེད་པ་སྔ་འཆི་ཕྱི་འཆི་ཡིན་ཟེར་ཏེ། ཤི་བའི་ཡུལ་ན་སྐྱིད་པ་ཞིག་མེད་པར་གདའ་འོ། །ཤི་ནས་མེད་དུ་མི་འགྲོ་སླར་སྐྱེ་དགོས་ཏེ། ཆོས་མ་བྱས་ན་ངན་སོང་གསུམ་དུ་སྐྱེ་སྟེ་སྡུག་བསྔལ་བསམ་གྱིས་ག་ལ་ཁྱབ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་དེ། ཚ་བའི་དམྱལ་བ་ན་ལུས་གཤགས་པ་དང་། གཏུབས་པ་དང་། མེས་སྲེག་པ་དང་། འཚེད་པ་དང་། བརྡུང་བའི་སྡུག་བསྔལ་བཟོད་པའི་གླགས་མེད་པ་བསྐལ་པ་མང་པོར་མྱོང་བར་བཤད། གྲང་བའི་དམྱལ་བ་ན་ཡང་། ལུས་འཁྱག་ནས་ཆུ་བུར་བརྡོལ་པ་དང་།

p. 292

གས་པ་དང་། གྱེས་པ་ལ་སོགས་པ་ཡོད་པར་བཤད། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ཟས་སྐོམ་ལོ་ཟླ་བར་ཡང་མིག་གིས་མི་མཐོང་། གལ་ཏེ་སྲིད་པ་ཙམ་མཐོང་ཞིང་རྙེད་ན་ཡང་གཞན་གྱིས་འཕྲོག་པ་དང་རྣག་ཁྲག་ཏུ་འགྱུར་ཞིང་། སྟེང་ནས་མཚོན་ཆའི་ཆར་བབ་པ་ལ་སོགས་པས་སླར་སྡུག་བསྔལ་བསྐྱེད་ཅིང་ལས་ངན་མ་ཟད་པས་འཆི་རུ་མི་གཏུབ་པས་སྡུག་བསྔལ་དཔག་ཏུ་མེད་པར་གསུངས། དུད་འགྲོ་ལ་བླུན་ཞིང་གཏི་མུག་པའི་སྡུག་བསྔལ་དང་། གཞན་ཡང་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ་དང་། ཆེ་བས་ཆུང་ཟ། ཆུང་བས་ཆེ་ཟ། མང་བས་ཉུང་ཟ། ཉུང་བས་མང་ཟ་བའི་སྡུག་བསྔལ། དུད་འགྲོ་རྣམས་ཀྱི་སྐྱིད་ཤོས་མི་ལ་བརྟེན་པ་འདི་རྣམས་ཡིན་ཏེ། འདི་རྣམས་ལ་ཡང་མི་ཐེག་བཞིན་དུ་འགེལ། མི་ནུས་བཞིན་དུ་བཀོལ། སྤུ་འབལ། སྣ་འབུགས། ཞོ་འཇོ་བ་ལ་སོགས་པའི་སྡུག་བསྔལ། རྟག་ཏུ་བཀོལ་ཞིང་སྤྱད་ནས་མཐར་ཁྲེས་ཀྱིས་གསོད་དེ། མི་རྣམས་སྐྱིད་ན་ཡང་དུད་འགྲོ་རྣམས་ཀྱི་སྟེང་དུ་འོང་། སྡུག་ན་སྡུག་སྟེ་དུད་འགྲོ་རྣམས་ཀྱི་སྟེང་དུ་འོང་། རྒས་ཐུག་ཐུག་ཏུ་བཀོལ་ཞིང་གཡོག་བྱས་ནས། མཐར་ཤ་དམར་ཤག་གིས་ཕྱེས་ནས། མིག་ཁྲག་གིས་དམར་ལོང་གི་བཏང་ནས་ཟ་བའི་སྡུག་བསྔལ་དེ་མ་མཐོང་ངམ། ངན་སོང་གསུམ་ན་ནམ་དུ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། མཐོ་རིས་གསུམ་ནའང་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་གསུངས་ཏེ། ལྷ་ལ་ལྟུང་བའི་སྡུག་བསྔལ། ཚེ་ཟད་པས་ལུས་ཀྱི་རྒྱན་རྣམས་ནི་རྙིང་། འོད་རྣམས་ནི་ཡལ། ལྷ་ཟླ་བོ་རྣམས་ཀྱིས་གླེས་ལ་བོར། འཆི་བར་ནི་ཤེས། ཕྱི་མ་གནས་ངན་པར་ལྷུང་ནས་སྡུག་བསྔལ་མྱོང་བ་ནི་མངོན་ཤེས་ཀྱིས་མཐོང་། སྡུག་བསྔལ་བཟོད་པའི་གླགས་མེད། ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་ཡོང་བར་གསུངས། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་

p. 293

སྡུག་བསྔལ་གསོད་པ་དང་། གཅོད་པ་དང་། མ་ཐུབ་པ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་ཡོད་པར་བཤད། མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་བཞིའི་སྟེང་དུ། ཡོད་པ་འཚོ་སྐྱོང་། མེད་པ་བཙལ་གྱིས་མི་རྙེད་པ་དང་། དགྲ་སྡང་བ་འཕྲད་དམ་འཕྲད་ཀྱིས་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་ལམ་བྲལ་གྱིས་དོགས་པའི་སྡུག་བསྔལ། ཁྱད་པར་དུ་སྙིགས་མའི་དུས་འདིར་ཧོར་གསེར་ཡིག་པ་དང་། མི་དཔོན་གདུག་པ། ཁྲལ་འུ་ལག་དང་། དེ་ལ་སོགས་པས་གཙེར་ཏེ། བཟང་ངན་མེད་པའི་སྡུག་ལ་གཏད་དེ། བཟང་བ་བཟང་ན་སྡུག་བསྔལ། ངན་ན་ངན་པས་སྡུག་བསྔལ། ཡོད་པ་ཡོད་ན་སྡུག་བསྔལ། མེད་པ་མེད་ན་སྡུག་བསྔལ། ལར་ན་འཁོར་བ་འདིར་སྐྱེས་ཕན་ཆད་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་བསྐོར་ཟློག །སྡུག་བསྔལ་གྱི་མཚན་ཉིད་ལས་མ་འདས་པ་ཡིན་ཏེ། བྱམས་མགོན་གྱིས། རྒྱུད་བླ་མར་ཡང་། འཁོར་བ་སྡུག་བསྔལ་རང་བཞིན་ཏེ། །འཁོར་བ་པ་ལ་བདེ་བ་མེད། །འདི་ཡི་རང་བཞིན་མེ་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་ཏོག་ཙམ་འདིར། འཁོར་བའི་གཡུལ་ངོ་མ་བཟློག་ཅིང་། ནམ་བཞག་གཏན་གྱི་དོན་གཅིག་མ་འགྲུབ་ན། དེ་ནས་མི་ཟློག་སྟེ། ཕྱི་མ་གར་སྐྱེ་མི་ཤེས་པས་དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་པ་ཤིན་ཏུ་དཀོན་པ་ཡིན་ཏེ། གྱང་འཇམ་པོ་མེ་ལོང་འདྲ་བའི་ལོགས་ལ་སྲན་མ་གཏོར་ན་གཅིག་ཀྱང་ཆགས་པ་དཀའ་བ་ཡིན་པར་འདུག །དེ་བས་ཀྱང་མི་ལུས་ཐོབ་པ་དཀའ་བ་ཡིན་པར་འདུག །དེ་ཡང་མེ་ལོང་ངོས་ལ་སྲན་མ་གཏོར་ན་གཅིག་ཆགས་སྲིད་དམ། དེ་ཡང་མི་ཆགས་ཐམས་ཅད་ལྷུང་ནས་འགྲོ་ཞེས་པ་དང་། སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་

p. 294

ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་པས། རྒྱ་མཚོ་ཆེན་པོའི་སྟེང་ན་ཕར་གཉའ་ཤིང་གཅིག་འཕྱོར་བཅུག་པས། ལོ་བརྒྱ་ན་རུས་སྦལ་ཞིག་རྒྱ་མཚོའི་སྟེང་དུ་མགོ་རྡོག་པ་ཞིག་ལན་གཅིག་འོང་བས། རུས་སྦལ་གྱི་མགོ་དེ་གཉའ་ཤིང་གི་བུ་ག་དེར་ཚུད་པ་ཤིན་ཏུ་དཀའ་བ་ལགས་པར་གདའ། དེ་བས་ཀྱང་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བ་ལགས་པར་གདའ། དེའི་ཕྱིར་སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་ནས་ཀྱང་། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པས་ཐོབ་པར་དཀའ་ཞིང་། འཇིག་པར་སླ་བའི་མི་ལུས་ཡུད་ཙམ་ཐོབ་པའི་དུས་འདིར་འཁོར་བར་མི་འཁྱམས་པའི་གདེང་ཐོབ་པ་ཞིག་རང་གིས་བྱས་ན་བྱར་ཡོད་པས་བྱེད་དགོས། རང་ལ་རང་དྲིན་ཆེ་བར་བྱེད་དགོས། རང་གིས་རང་མ་བསླུས་པ་ཞིག་བྱེད་པ་གལ་ཆེ་བས། ཅི་ནས་ཀྱང་ཆོས་མི་བྱེད་པའི་གླགས་མེད། ཆོས་བྱེད་པ་ལ་ཐོག་མར་སྡོམ་པ་དང་ལྡན་པ་ཞིག་དགོས་པ་ཡིན་ཏེ་སྔར་ཐོབ་པ་དེ་ཡིན། ད་འཁོར་བར་འཁྱམས་པ་དང་སངས་རྒྱས་ཐོབ་པར་བྱེད་པའི་རྩ་བ་རང་གི་སེམས་འདི་ཡིན། འདིའི་རང་བཞིན་མ་ཤེས་པས་འཁོར་བར་འཁྱམས། ཤེས་པས་སངས་རྒྱས་པ་ཡིན་པས་འདིའི་རང་བཞིན་ཤེས་དགོས། འདིའི་རང་བཞིན་མ་ཤེས་པ་ཅིས་ལན་ན་སྡིག་པ་མ་དག་པས་ལན་པ་ཡིན་པས། སྡིག་པ་དག་པར་བྱེད་པ་ལ་དང་པོ་ཡི་གེ་བརྒྱ་པའི་ཁྲིད་འདི་གལ་ཆེ་བས་འདི་ཤིན་ཏུ་ཉམས་སུ་བླང་འཚལ། དེ་ཡང་དབེན་པའི་གནས་སུ་མཚམས་དང་འདག་སྦྱར་ལ་སོགས་པ་དམ་སྦྲིང་གིས་བྱས་ལ། སྟན་བདེ་བ་ལ་འདུག་སྟེ་བསམ་པ་འདི་བཞིན་དུ་བྱ། ཨ་པ། ང་ཁར་སང་ཕན་ཆད་མ་ཤི་བས་ང་རེ་འཚེངས། མདོ་མེད་

p. 295

དུ་དེའུ་སོང་ནས་འདུག །ད་ནི་ཚེ་མཇུག་ལྷག་མ་ཏོག་ཙམ་ཡུད་ཙམ་འདིར་ནམ་བཞག་གཏན་གྱི་དོན་ཞིག་མི་བསྒྲུབ་རེ། དམ་པའི་ཆོས་བཤའ་མ་ཞིག་མི་བྱེད་རེ། ད་ནི་ཚེ་མཇུག་ལྷག་མ་ཏོག་ཙམ་འདི་ཚེ་འདིའི་དབང་དུ་གཏང་རེ། བླ་མ་དང་དཀོན་མཆོག་དཔང་པོར་མི་འཛུགས་རེ་སྙམ་དུ་ཞེ་མནའ་ལིང་གིས་བསྐྱལ། འཆི་བ་མི་རྟག་པ་དང་འཁོར་བའི་ཉེས་དམིགས་ཡུད་ཙམ་ཞིག་བསྒོམ། དེས་ལེ་ལོ་དང་སྙོམས་ལས་སུ་མི་ལུས་པའི་དགོས་པ་ཡོད། དེ་ནས་སེམས་བསྐྱེད་པ་ཡིན་པས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱང་རྫོགས་པའི་སངས་རྒྱས་ལ་འགོད་པར་བྱ། དེའི་ཆེད་དུ་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ། ངག་ཏུ་སངས་རྒྱས་ཆོས་དང་ལ་སོགས་པའི་སེམས་བསྐྱེད་ལན་གསུམ་བྱ། དེའི་རྗེས་ལ་རང་ཡི་དམ་ལྷར་ཝལ་གྱིས་བསྒོམས་པའི་སྤྱི་བོར་མཐོ་གང་ཙམ་གྱི་ནམ་མཁའ་འདི་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཡོན་དངུལ་གྱི་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པ་ཝལ་གྱིས་བསྒོམ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ཉ་གང་བ་ལྟ་བུའི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཡི་གེ་ཧཱུྃ་དངུལ་ཆུའི་མདོག་འདྲ་བ་དཀར་ལ་འཚེར་བ་ཞིག་བསམ། དེ་ལས་འོད་ཟེར་ཕྱོགས་མཐའ་དག་ཏུ་འཕྲོས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞུ་བཞུ་སྔབ་སྔབ་ས་ཕྱོགས་མཐའ་དག་

p. 296

ནས་བདུད་རྩིའི་ངོ་བོར་བཀུག་པས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་དབུའི་གཙུག་ཚངས་པའི་བུ་ག་ནས་མར་བབས་པས་སྐུ་ལུས་དཀར་མེར་གྱིས་ཁེངས། ཞབས་གཡས་པའི་མཐེ་བོང་གི་སེན་མོའི་ནང་ནས་མར་བརྡོལ་བས་རང་གི་སྤྱི་གཙུག་ན་མར་བབས། ཕྱི་ནས་མར་སོང་ཕྱིའི་སྡིག་སྒྲིབ་ཐམས་ཅད་སོལ་བའི་ཁུ་བ་ཆུས་དེད་པ་བཞིན་ནག་ཉིལ་གྱིས་རྐང་སོར་བཅུ་དང་གཤང་ལམ་ནས་མར་བདས་པར་བསམ་ཞིང་ཡི་གེ་བརྒྱ་པ་ཚར་སྟོང་ཙམ་རེ་བགྲང་ངོ་། །ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་པ་འཕྲོ་གཅོད་པ་དང་དཔལ་རྡོ་རྗེ་སེམས་དཔའ་དེ་རང་གི་ལུས་ལ་ཆིལ་གྱིས་ཐིམ་པར་བསྒོམ། ཐིམ་པ་དང་ལུས་སེམས་ཁོང་ནས་ཤིགས་ཀྱིས་གཤིག་ལྷོད་ཀྱིས་གློད་ལ་ཙེན་གྱིས་ཞོག་ཅིག །རྗེས་ལ་བསྔོ་བས་རྒྱས་ཐོབ། དེ་ལྟ་བུའི་བསྒོམ་བཟླས་དེ་ནི། སྤྱིར་སྒོམ་ཆེན་པ་བྱ་བ་དགེ་སྦྱོར་བྱེད་པ་ལ་ཐུན་བཞིར་རྦད་ཀྱིས་བཅད་དེ། ཐོ་རངས་ནམ་སུམ་ཆ་ཙམ་རེ་ཡོད་པའི་དུས་སུ་འདི་སྙམ་དུ་བསམ་སྟེ། ཨ་པ། ང་གཉིད་མ་ཕེབས་ནས་དགོན་པ་འདིར་འོངས་པ་མིན། གཉིད་མ་ཕེབས་ནས་རི་ཁྲོད་དུ་འོངས་པ་མིན། གཉིད་མ་ཕེབས་ནས་མཚམས་འདག་སྦྱར་བྱས་པ་མིན། འཁོར་བ་ཐོག་མ་མེད་པ་ནས་ཇི་ཙམ་གཉིད་ལོག་ནས་ཡོང་། དེས་མ་ངོམས་ན་ད་ཉལ་བ་གཅིག་གིས་ངོམས་པ་མི་ཡོང་སྙམ་པ་བྱས་ནས། ཡར་ཧག་གིས་ལངས་ནས་དགེ་སྦྱོར་ལ་གོང་བཞིན་དུ་ཞུགས། ཚ་བ་མི་རན་གྱི་བར་དུ་བསྒོམ། ཚ་བ་རན་པ་དང་བསྔོ་བ་རྣམ་པར་དག་པ་རེས་རྒྱས་གདབ་ནས།

p. 297

ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ཚ་བ་བྱའོ། །ཚ་བ་ཐོན་པ་དང་མལ་དུ་སུར་གྱིས་ཞུགས་ནས། དྲོ་མི་རན་བར་དུ་དགེ་སྦྱོར་བྱ། དྲོ་རན་པ་དང་བསྔོ་བ་བྱས་ལ་དྲོ་བྱ། དྲོ་ཐོན་པ་དང་ཡང་མལ་དུ་ཆིལ་གྱིས་སྡོད། དགོང་མོ་རྒྱུན་གཏོར་མི་རན་གྱི་བར་དུ་དགེ་སྦྱོར་ལ་འབད་པར་བྱའོ། །དེ་ནས་གཏོར་མ་དང་དཀོན་མཆོག་ལ་མཆོད་པ་འབུལ་བ་ལ་སོགས་པའི་དགེ་བའི་ལས་འགྲུབ་ཚད་བྱ། གཏོར་མ་ཐོན་པ་དང་མལ་དུ་སུར་གྱིས་ཞུགས་ལ་སྲོད་ཀྱི་ནམ་སུམ་ཆ་ཙམ་དུ་སོང་སོང་དུ་མི་ཉལ་བར་དགེ་སྦྱོར་ལ་འབུང་བ་ཡིན། དེ་ནས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་རེས་རྒྱས་ཐེབས་པར་བྱས་ལ། ནམ་གུང་སུམ་ཆ་ཙམ་ཞིག་ཁམས་གསོ་བའི་ཆེད་དུ་ལུས་གནད་དང་ལྡན་པས་གཉིད་ལོག་སྟེ། ཐོ་རངས་ལ་སོགས་པ་གོང་བཞིན་དགེ་སྦྱོར་ལ་འབུང་བར་བྱའོ། །དེ་ལྟར་སྲོད་ཐོ་རེངས་གཉིས། སྔ་དྲོ་ཕྱི་དྲོ་གཉིས་ཏེ་ཐུན་བཞིའི་བསྲང་དུ་བཅུག་སྟེ་མ་ཆགས་པར་བྱའོ། །དེས་ཞག་བསྐྱེལ། དེས་ཟླ་བ་བསྐྱེལ། དེས་ལོ་བསྐྱེལ། དེས་མི་ཚེ་ཧྲིལ་གྱིས་དགེ་སྦྱོར་ལ་བསྐྱེལ་བའི་དགོས་པ་ཡོད། དེ་ལྟར་ཐུན་བཞིར་གྱིས་ལ་ཡི་གེ་བརྒྱ་པའི་བསྒོམ་བཟླས་འབུངས་ཤིག་གསུངས། ད་སྔོན་འགྲོ་བླ་མ་ལ་གསོལ་བ་འདེབས་པ་འདི་ཕྱག་ལེན་གྱི་གཙོ་བོ་ཡིན་པས་འདི་བཞིན་དུ་ཉམས་སུ་བླང་། དེ་ཡང་ཐོ་རངས་ལ་སོགས་པ་སྔར་ལངས་ལ་འཆི་བ་མི་རྟག་པ་སྒོམ་པ་དང་། སྐྱབས་འགྲོ་སེམས་བསྐྱེད་དང་ཡི་གེ་བརྒྱ་པའི་བཟླས་པ་ཕྲེང་བསྐོར་རེ་ཙམ་བགྲང་ནས། རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པ་ཡན་ཆད་གོང་བཞིན་བྱས་ལ། དེ་ནས་རང་གི་མདུན་དུ་མེ་ལོང་གི་མཎྜལ་ལམ། སའི་མཎྜལ་ལམ། ཤིང་གི་མཎྜལ་ལམ་གཡམ་པ་ལ་སོགས་པ་གང་འབྱོར་བའི་མཎྜལ་ལ་ནས་ཀྱི་ཚོམ་བུ་ཉི་ཤུ་རྩ་གསུམ་དགྲམ་སྟེ། རང་ལྷར་གསལ་བའི་སྤྱི་བོའི་གཙུག་ཏུ་རང་གི་

p. 298

རྩ་བའི་བླ་མ་བསྒོམ། དེའི་སྤྱི་བོའི་གཙུག་ཏུ་དེའི་རྩ་བའི་བླ་མ། དེའི་སྤྱི་བོའི་གཙུག་ཏུ་དེའི་རྩ་བའི་བླ་མ་ནས། ཡ་གི་དྲུག་པ་རྡོ་རྗེ་འཆང་ལ་ཐུག་པར་བསྒོམ། ནམ་མཁའ་དང་མཐོང་ཡུལ་ཐམས་ཅད་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ལ་སོགས་ཡུལ་གོང་མ་ཐམས་ཅད་སྤྲིན་འཐིབས་པ་བཞིན་གང་བར་བསྒོམས་ལ། དེ་དག་གི་སྤྱན་སྔར་བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྡིག་པ་མི་དགེ་བའི་ལས་བགྱིས་པ་ཐམས་ཅད་གནོང་ངོ་འགྱོད་དོ། །བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་སྡིག་པ་བཤགས། དེ་ནས་མཐོར་གཏོང་དམར་གཏོང་ཁྱེད་རང་ཤེས་སོ་སྙམ་དུ་བློ་ལིང་གིས་བཀལ་བའི་རྗེས་ལ། མཎྜལ་དེ་ལ་དམིགས་པའི་རྟེན་ཙམ་བྱས་ལ་མཎྜལ་གྱི་གཞི་མ་དེ་ཉིད་རྒྱ་མཚོ་ཆེན་པོ་གསེར་གྱི་ས་གཞི་དང་བཅས་པ་ལ། དབུས་ཀྱི་རི་བོ་མཆོག་རབ། གླིང་ཆེན་པོ་བཞི། གླིང་ཕྲན་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གཏེར་གྱི་བུམ་པ་ཁ་བྱེ་དང་བརྒྱད། ཉི་ཟླ་ཟུང་གཅིག །རྒྱ་མཚོ་དང་། གླིང་དང་། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས། རྟ་དང་གླང་པོ་ཆེ་ལ་སོགས་པ་སྟེ་བཞོན་པ་སྣ་ཚོགས། འདོད་པ་འཇོ་བའི་བ། ཁྲུས་ཀྱི་རྫིང་བུ། མ་རྨོས་ཀྱི་ལོ་ཐོག །རིན་པོ་ཆེ་གསེར་གྱིས་གང་བ། དངུལ་དང་མུ་མེན། མུ་ས་གརྦྷ་དང་། རིན་པོ་ཆེ་རྡོའི་སྙིང་པོ་ལ་སོགས་པ་སྟེ་རིན་པོ་ཆེའི་རིགས་སམ། བྱེ་བྲག་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པ། གཞན་ཡང་མཆོད་པའི་ཁྱད་པར་ཡིན་ཏེ། གདུགས་དང་རྒྱལ་མཚན་དང་བ་དན་དང་། འཕན་རིང་དང་། དར་ཟབ་ཀྱི་རྒྱན་སྣ་ཚོགས་དང་། རྔ་དང་དུང་དང་ཆ་ལང་དང་། པི་ཝཾ་དང་། རོལ་མོའི་སྒྲ་སྣ་ཚོགས། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་འདོད་ཡོན་སྣ་ཚོགས། འཇིག་རྟེན་ན་གཅེས་པའི་ལོངས་སྤྱོད་གསེར་

p. 299

གཡུ་རྟ་ཁྲབ་གོས་སྣམ་གནག་ལུག་ཤ་མར་ལ་སོགས་པའི་ལོངས་སྤྱོད་ཀྱིས་འཇིག་རྟེན་ཁམས་མེར་གྱིས་ཁེངས་པ་ཕུལ། གཞན་ཡང་མཆོད་པའི་རིགས་སམ་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རེ་རེས་ཀྱང་ནམ་མཁའ་ཁེངས་པ་དང་། མཆོད་པའི་ལྷ་མོའི་རིགས་མང་པོ་སོ་སོ་རང་རང་གིས་མཆོད་པ་ཐོགས་པ། རིན་པོ་ཆེའི་རིགས་རེ་རེའི་ཕུང་པོས་ཀྱང་ནམ་མཁའ་ལ་སླེབས་པ། དར་ཟབ་ལ་སོགས་པས་ཁྲ་ཆིལ་ལ་སོང་བ་དང་། རོལ་མོ་ལ་སོགས་པའི་སྒྲས་སིལ་སྒྲ་ལ་སོང་བ་དང་། ལར་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཆོད་པའི་རྣམ་པས་ཁེངས་པར་བསམས་ལ་དབུལ་ལོ། །ཡིད་ཀྱིས་མཆོད་དུ་འོས་པའི་དངོས་པོ་རྣམས་ཀྱང་བསམས་ལ་དབུལ་ལོ། །རང་གི་ལུས་ལོངས་སྤྱོད་དངོས་པོ་ཐམས་ཅད་ལ་མ་ཆགས་པར་ཕུལ་བའི་རྗེས་ལ། མོས་གུས་ཆེན་པོ་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཞེ་ཐག་པ་ནས་སྙིང་ཁུང་རུས་པའི་གཏིང་ནས་ཏུང་གིས་བྱས་ལ། ཞེ་ཐག་པ་ནས་གསོལ་བ་འདི་བཞིན་དུ་གདབ། འོ་ཁྱེད་ཀྱིས་བདག་གི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་འདུག་ས་འདི་རང་། ཐུན་འདི་རང་། གདན་ཐོག་འདི་རང་། སྐད་ཅིག་མ་འདི་རང་ལ་བྱང་ཞིང་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཐུན་མོང་མ་ཡིན་པ་འདུག་ས་འདི་རང་། གདན་ཐོག་འདི་རང་། ཐུན་འདི་རང་། སྐད་ཅིག་མ་དང་པོ་འདི་རང་ལ་བསྐྱེད་དུ་གསོལ། རྟོགས་པའི་ཡེ་ཤེས་དང་། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱང་དེས་འགྲེའོ། །གསོལ་བ་བསྐྱར་ཞིང་བསྐྱར་ཞིང་ཞེ་ཐག་པ་ནས་བཏབ་པས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ནམ་མཁའི་ལྷ་ཚོགས་རྣམས་ཀྱིས་ཀྱང་དགྱེས་པ་དང་བཅས་ནས་ཞལ་གྱིས་ཏོག་གིས་བཞེས་ནས་མགྲིན་གཅིག་ཏུ་འདི་སྐད་གསུང་ངོ་། །ངེད་ལབ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པ་ཡིན་པ་ལ། སྔ་མ་ཕན་ཆད་

p. 300

གསོལ་བ་འདེབས་མཁན་མ་བྱུང་ནས་རྡུགས་པ་ཡིན་པ་ལ། ད་རེས་བུ་ཁྱོད་གསོལ་བ་འདེབས་ན་བྱིན་གྱིས་བརླབ་ཅེས་གསུངས་ནས། སྐུ་གསུང་ཐུགས་ཀྱི་གནས་གསུམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་བྱིན་རླབས་ཐུགས་རྗེའི་རང་བཞིན་གྱི་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ་ཞིང་གསོལ་བ་བཏབ་པས། ཐུགས་རྗེས་མ་བཟོད་པའི་སྟོབས་ཀྱིས་རང་ལ་བྱིན་གྱིས་བརླབ་པའི་ཆེད་དུ། ནམ་མཁའི་སངས་རྒྱས་ཐམས་ཅད་བླ་མ་བརྒྱུད་པ་རྣམས་ལ་ཐིམ། བླ་མ་བརྒྱུད་པ་རྣམས་ཀྱང་ཡ་ཀི་རྡོ་རྗེ་འཆང་ནས་གཅིག་ལ་གཅིག་ཐིམ་གཅིག་ལ་གཅིག་ཐིམ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་སློབ་དཔོན་རིན་པོ་ཆེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དེ་རང་གི་སྤྱི་གཙུག་ན་རང་ལ་བརྩེ་ཞིང་དགྱེས་པའི་ཆ་བྱད་དུ་འོད་དང་གཟི་བརྗིད་དང་བཅས་ནས་བཞུགས་པ་ལ། ཤིན་ཏུ་ཡུས་ཆེ་ཞིང་འདོད་ཐག་ཉེ་བའི་བསམ་པས་མོས་གུས་ཀྱི་གདུང་བ་དྲག་པོ་བསྐྱེད་ལ། བུ་ཕ་ལ་མི་རེ་སུ་ལ་རེ། བུ་ཕས་མི་སྐྱོབ་ན་སུས་སྐྱོབ། ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཐལ་མོ་སྙིང་ཁར་སྦྱར་ཞིང་བཞིན་སྨིན་ཕྲག་ཏུ་བསྡུས་ནས་ཁོང་པ་ཡུས་ཀྱིས་བརྣངས་ནས། གདོང་མཆི་མས་གང་བའི་གདུང་བས། དུང་ལྷོག་ལྷོག་གིས་གསོལ་བ་བཏབ་པས། རྩ་བའི་བླ་མའི་ཞལ་ནས་འོ་ང་གསོལ་བ་འདེབས་རིན་ཆོག་པའི་བླ་མ་ཡིན་ནོ། །བུ་གསོལ་བ་ཐོབ་ཅིག་གསུང་བར་བསམ་ཞིང་མཆི་མ་ཅི་འོང་བྱས་ལ་གསོལ་བ་བཏབ། ཐུན་གྱི་དངོས་གཞི་གསོལ་བ་འདེབས་པ་ལ་བསྐྱལ། འཕྲོ་གཅོད་པ་དང་བླ་མ་ཡང་ཐུགས་རྗེས་མ་བཟོད་པའི་སྟོབས་ཀྱིས། རང་ལ་བྱིན་གྱིས་བརླབ་པའི་ཆེད་དུ་འོད་དུ་ལྟེམ་གྱིས་ཞུ་ནས་རང་གི་ལུས་ལ་ཆིལ་གྱིས་ཐིམ་

p. 301

པར་བསྒོམ། ཐིམ་པ་དང་ལུས་སེམས་ཁོང་ནས་ཤིགས་ཀྱིས་བཤིག །ལྷོད་ཀྱིས་གློད་ལ་བཞག་གོ །མི་འཕྲོ་བར་འདུག་ན། མི་འཕྲོ་བའི་བར་དུ་དེ་ཀའི་ངང་ལ་བཞག །འཕྲོ་བར་འདུག་ན་མཎྜལ་ཞིག་ཕུལ་ལ། ཡིད་མཆོད་འབུལ་བ་དང་གསོལ་བ་འདེབས་པ་གོང་དུ་བསྟན་པ་ལྟར་དེ་ཁོ་ན་ལ་བསྐྱར་ཞིང་བསྐྱར་ཞིང་བྱའོ། །མོས་གུས་བསྐྱེད་ལ་གསོལ་བ་གདབ། འཕྲོ་གཅོད་ཙ་ན་བླ་མ་རང་ལ་ཐིམ་པར་བསམ། དེ་ཡང་བཀའ་བརྒྱུད་ཀྱི་བྱིན་བརླབས་འཇུག་མི་འཇུག་དང་སྒོམ་སྐྱེ་མི་སྐྱེ་ཐམས་ཅད་རང་གི་མོས་གུས་ལ་རགས་ལས་པས། མོས་གུས་བསྐྱེད་ལ་མཆི་མ་ཅི་འོང་ཅི་འོང་བྱ། གསོལ་བ་སྐམ་འདེབས་ལ་བྱིན་རླབས་ཀྱང་སྐམ་པོ་ལས་མི་འབྱུང་། དེ་ལ་སྒོམ་ཡང་སྐམ་པོ་ལས་མི་སྐྱེ་བས་མཆི་མ་ཅི་འོང་ཅི་འོང་བྱ། མོས་གུས་ཁོ་ན་རྐྱང་འདེད་ཀྱི་ལག་ལེན་གྱི་མཐིལ་འདི་ཁོ་ན་ཡིན། དེ་ཆོས་ཀྱི་སྣོད་དུ་ཐབས་ཀྱི་ཚ་ཟེར། འདིར་སྔོན་འགྲོ་ཞེས་སུ་བཏགས་པ་ཡིན། གལ་ཆེ་ཤོས་དག་འདི་ཡིན་པས། ཟླ་བ་ཕྱེད་ཀྱི་བར་དུ་མོས་གུས་ལ་འབུངས་ཤིག་གསུངས་སོ། །དངོས་གཞིའི་མན་ངག་ནི། སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན། །སྟོང་པ་ཉིད་ཅེས་རྒྱལ་བས་བཤད། །དེ་ནི་སེམས་ངོ་ཤེས་པ་ལས། །ཐོབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་པ་དང་། འདའ་ཀ་ཡེ་ཤེས་ཀྱི་མདོ་ལས་ཀྱང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པས། སེམས་ཞེས་ཀྱང་བྱ། རིག་པ་ཞེས་ཀྱང་བྱ། རྣམ་རྟོག་ཞེས་ཀྱང་བྱ། དྲན་པ་ཞེས་ཀྱང་བྱ་སྟེ། དོན་ལ་ང་ཡི་སེམས་ང་ཡི་སེམས་ཟེར་བ་མི་དྲན་དགུ་དྲན་རིག་རིག་པོ་འདི་ཉིད་ཁོ་ན་ལ་ཟེར་བ་ཡིན། འདིའི་རང་བཞིན་ཤེས་པ་ལ་བརྟེན་ནས་སངས་རྒྱས་པ་ཡིན་ལ། འདིའི་རང་བཞིན་མ་ཤེས་པ་ལ་བརྟེན་ནས་འཁོར་བར་

p. 302

འཁྱམས་པ་ཡིན་པས། དེས་ན་སེམས་འདིའི་རང་བཞིན་ཤེས་པ་བྱེད་དགོས། དེ་ཡང་ཆོས་སྤྱིའི་སྐད་དུ་ཤེས་རབ་ཀྱི་ཆ་ཟེར། འདིར་དངོས་གཞིའི་མན་ངག་ཏུ་བཏགས་པ་ཡིན་པས། འདི་བཞིན་དུ་ཉམས་སུ་བླང་འཚལ། དེ་ཡང་གོང་དུ་བསྟན་པ་བཞིན་དུ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། ཡི་གེ་བརྒྱ་པ་འདྲེན་པ་ནས་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ལ་སོགས་བྱས་པའི་རྗེས་ལ། དད་གུས་གདུང་བས་གསོལ་བ་བཏབ་སྟེ། རང་སེམས་རྙོགས་མ་དྭངས་སུ་གཞུག་ཅེས་པ་དང་། བརྟག་དཔྱད་རབ་རིབ་མ་མང་བར། མ་བཅོས་རང་དགར་གློད་ལ་བཞག་གོ །ཞེས་གསུངས་པས། བླ་མ་ལ་མོས་གུས་བཅོས་མ་མ་ཡིན་པ་མཆི་མ་འདུར་གྱིས་བྱུང་བའི་རྗེས་ལ། བླ་མ་ཡང་ཐུགས་རྗེས་མ་བཟོད་དེ་འོད་དུ་ཞུ་ནས་རང་གི་ལུས་ལ་ཆིལ་གྱིས་ཐིམ་པར་བསྒོམ། ཐིམ་པ་དང་ལུས་སེམས་ཁོང་ནས་ཤིགས་ཀྱིས་བཤིག །ལྷོད་ཀྱིས་གློད་ལ་ཙེན་གྱིས་བཞག་གོ །ཆེད་དུ་གང་ཡང་མི་བསྒོམ། རང་བཞིན་དག་པའི་སེམས་ཉིད་ལ། །བསམ་གཏན་དྲི་མས་མི་བསླད་འཚལ། །ཞེས་གསུངས་པས། ཆོས་ཀྱི་སྐུ་སྒོམ་པར་འོང་ངམ་མི་བསྒོམ། བློ་ལས་འདས་པ་མི་བསྒོམ། སྟོང་པ་ཉིད་མི་བསྒོམ། སྐྱེ་བ་མེད་པ་མི་བསྒོམ། འོད་གསལ་མི་བསྒོམ། ཕྱག་རྒྱ་ཆེན་པོ་བསྒོམ་པར་འོང་ངམ་མ་བསྒོམས་ཤིག །འོ་ན་ཇི་ལྟར་བྱ་ན། ལུས་མི་འགུལ། མིག་མི་འཛུམ། འདས་པའི་ཤེས་པའི་རྗེས་མི་གཅོད། མ་འོངས་པའི་ཤེས་པའི་སྔུན་མི་བསུ། ད་ལྟར་བ་རྩིས་གདབ་གང་ཡང་མ་བྱེད་པར་སྣང་བ་བཀྲ་ལམ་མེ། རིག་པ་སྟོང་སང་ངེ་། ཤེས་པ་རྣལ་མ་རྗེན་ཁྲེས་སེ་བ་འདི་ཉིད་ཁོ་ན་ལ་ཙེན་གྱིས་བཞག་གོ །དེ་ཡང་རང་བབས་སུ་ཆིལ་ལེ་བཞག་གོ །མ་བསྒྲིམ་པར་ལྷོད་དེ་བཞག་གོ །དེ་ལ་ལེགས་ཉེས་ཀྱི་བརྟགས་དཔྱད་མ་བྱེད། ཡིན་མིན་གྱི་ཐེ་

p. 303

ཚོམ་མ་ཟ། རྣམ་པར་རྟོག་པ་སྤྲོས་ཏེ་སྤྲོས་པ་མང་པོའི་རྗེས་སུ་མ་འབྲེང་བ། ཚ་ཡ་དོས་ཐག་ཆད་པ་བཞིན་དུ་ཁྲེས་སེ་བཞག་གོ །སོག་ཕོན་ཕོན་ཐག་ཆད་པ་བཞིན་དུ་ཤིགས་སེ་བཞག་གོ །དེ་ཡང་ཤེས་པ་རྣལ་མར་ལྷོད་དེ་བཞག་པས། རྣམ་པར་རྟོག་པ་སྔ་མ་ནི་འདས། ཕྱི་མ་མ་སྐྱེས། ད་ལྟ་བ་གློད་པའི་བར་འདི་ན། སེམས་ལ་སེམས་མ་མཆིས་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པས། སེམས་སྟོང་སང་ངེ་། ས་ལེ་རིག་གེ་ཧྲིག་གེ་རྗེན་ནེ་ཁྲེས་སེ་བ་འདི་ཁོ་ན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ། དབུ་མ་རབ་ཏུ་མི་གནས་པ་ཞེས་བྱ། འོད་གསལ་ཞེས་བྱ། ཕྱག་རྒྱ་ཆེན་པོ་ཞེས་བྱ། རྫོགས་པ་ཆེན་པོ་ཞེས་བྱ། ཆོས་ཀྱི་སྐུ་ཞེས་པ་ཡང་འདི་ལ་ཟེར་བ་ཡིན་པས། གཅེར་རེ་མཐོང་ནས་མ་ལོང་ཞིག །འགྲོ་སར་ཕྱིན་ནས་མ་འཁྱམས་ཤིག །དེ་ཉིད་མཐོང་ནས་མ་སྒྲིབ་ཅིག །གནས་ལུགས་ཡིན་ནོ་མ་བཅོས་ཞོག །ཅེས་གསུངས་པས། རང་ངོ་ཙིར་གྱིས་བཟུང་ལ་རིག་པ་དྲི་མ་མེད་པ་སྟོང་སང་ངེ་བ་འདི་ཁོ་ནའི་སྟེང་དུ་མ་བཅོས་པར་གློད་ལ་བཞག་པས། བཏང་སྙོམས་ཙམ་དུ་མ་སྒོམ་རང་སར་བཞག་ན། ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བཏགས་ཞེས་གསུངས་པས་སྒོམ་ཞེས་པ་ཡང་དེ་ལ་བྱ། དགེ་སྦྱོར་ཞེས་པ་ཡང་དེ་ལ་ཟེར། ངོ་བོ་ཞེས་པ་ཡང་དེ་ལ་ཟེར་ཏེ། དེ་ཁོ་ནའི་སྟེང་དུ་མ་བཅོས་པར་རང་བབས་སུ་ལྷོད་དེ་བཞག །དེ་ཉིད་ལས་རྣམ་པར་རྟོག་པ་མི་འཕྲོ་བར་འདུག་ན། ཇི་སྲིད་མི་འཕྲོ་བའི་བར་དུ་བཞག །དེ་ལྟར་བཞག་པའི་དུས་སུ་སེམས་ཞེས་ཀྱང་བྱ། རིག་པ་ཞེས་ཀྱང་བྱ། འགྱུ་བྱེད་མི་དྲན་དགུ་དྲན་འདི་ཏོལ་ཏོལ་འཕྲོ་བར་འདུག་ན། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པས། ཕྱི་ཡུལ་ལ་འཕྲོ་འམ། ནང་སེམས་ལ་འཕྲོའམ། གང་འཕྲོ་བ་དེ་ཁོ་ནའི་སྟེང་དུ་གློད་ལ་བཞག་

p. 304

པས། འཕྲོ་བ་དེ་ཉིད་ཆད་ནས་རང་བཞིན་ཅིའི་ངོ་བོར་ཡང་མ་གྲུབ་པར་སྟོང་པ་ཉིད་དུ་ལྷན་གྱིས་སོང་ནས་ནམ་ཟླ་སྟོན་གྱི་སྤྲིན་མེད་པའི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་དྭངས་སངས་ངེ་བ་ཞིག་མི་འཆར་མི་སྲིད་དེ། དེ་ཡུན་རིང་བ་ལ་དགའ་བར་མི་བྱ། ཐུང་བ་ལ་མི་དགའ་བར་མི་བྱ། ཕྱག་རྒྱ་ཆེན་པོ་དགག་སྒྲུབ་གཉིས་དང་བྲལ་བའི་གནད་ཀས་གསུངས། དེ་ལྟར་གློད་བཞག་ཀྱང་སེམས་མི་གནས་ཞིང་རིག་རིག་འཕྲོ་ན་སྒོམ་འདོད་ཀྱི་བློ་དང་མ་བྲལ་བས་ལན་པ་ཡིན་པས། དེ་ལྟར་ཆེད་དུ་བྱེད་པའི་བློ་དེ་དང་ཕྲལ་ལོ། །སེམས་གནས་མ་གནས་ལ་དགག་སྒྲུབ་མ་བྱེད། ཕུ་ཆུ་དྲག་པོ་བརྡབས་ཀྱིན་དྭངས། །དངུལ་དཀར་མེ་ལོང་ཕྱིས་ཀྱིན་གསལ། །རྣལ་འབྱོར་གྱི་སྒོམ་པ་བཤིགས་ཀྱིན་བདེ། །ཞེས་གསུངས་པས། མ་བསྒོམ་པར་རང་ལུགས་སུ་ལྷོད་དེ་བཞག་གོ །དྲན་རིག་རྒྱ་མཚོའི་རྙོགས་མ་འདི། །གློད་ནས་བཞག་ན་དྭངས་ཀྱིན་གདའ། །ཞེས་གསུངས་པས། གློད་ཤེས་པ་གཅིག་པུས་ཆོག་པ་ཡིན། གློད་ཤེས་པ་རབ་ལ་སྒོམ་རབ་སྐྱེ། གློད་ཤེས་པ་འབྲིང་ལ་སྒོམ་འབྲིང་སྐྱེ། གློད་ཤེས་པ་ཐ་མ་ལ་སྒོམ་ཐ་མ་ལས་མི་འོང་བས། རྣམ་པར་རྟོག་པ་གང་སྐྱེས་པ་དེ་ཉིད་ཀྱི་སྟེང་དུ་འཇོག་པ་དེ་ཁོ་ན་གདམས་ངག་གི་རྩ་བ་ཡིན་པས། རྣམ་རྟོག་ཏོལ་གྱིས་སྐྱེས་པ་དེ་ཉིད་ངོས་ཙིར་གྱིས་བཟུང་ལ། དེ་ཁོ་ནའི་སྟེང་དུ་ལྷོད་ཀྱིས་གློད། ཡང་གཅིག་སྐྱེས་པའི་དུས་སུ་དེ་ཉིད་ཀྱི་ངང་དུ་གློད་ལ་བཞག་གོ །ཐུན་ཆུང་བ་ལ་གྲངས་མང་དུ་བསྒོམ། ཐུན་ཆུང་བས་ནི་སྐྱོན་མེད་ལ། །གྲངས་མང་བས་ནི་སྐྱོན་མི་འབྱུང་། །ཞེས་གསུངས་པས། རྣམ་རྟོག་གཅིག་སྐྱེ་འདོད་བྱེད་པ་དང་། མ་སྐྱེས་ཙམ་གྱི་གོང་ནས་གློད། དེ་ལྟར་དེ་ནས་དེར་གློད་པས་དྲན་རིག་འདི་ཉིད་ཁོ་ན་ཆོས་སྐུར་མི་འཆར་མི་སྲིད་དེ། སྡོམ་པ་རྒྱ་མཚོའི་རྒྱུད་ལས། མ་བཅོས་མ་ཡེངས་རང་སར་

p. 305

གྲོལ། །སྣང་བ་རང་གྲོལ་བདེ་ཆེན་ཀློང་། །སོ་མ་ལྷུག་པ་གྱི་ན་ཙམ། །མི་སྒོམ་པ་ཡི་སྒོམ་ཞིག་བྱ། །ཞེས་གསུངས་སོ། །རྣམ་རྟོག་འདི་ཉིད་ཆོས་སྐུར་ལྷག་གིས་ཤར་ནས་རྟོག་པ་སྤང་མི་དགོས་པ་ཞིག་འོང་བ་ཡིན། ཆོས་སྐུ་སྒྲུབ་མི་དགོས་པ་ཞིག་ཡིན་པས། གློད་ཤེས་པ་གཅིག་པུས་ཆོག་པ་ཡིན་ནོ། །དེ་ལྟར་གློད་པ་དང་རང་སེམས་མ་བཅོས་པར་བཞག་ཀྱང་། སེམས་མི་གནས་ཤིང་འཕྲོ་བར་འདུག་ན། ལིང་གིས་བཞག་ལ། མཎྜལ་གཅིག་ཕྱིས་ནས་ཕུལ་ཏེ། གོང་དུ་བསྟན་པ་བཞིན་དུ་ཡིད་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ལ། མོས་གུས་ཀྱི་གདུང་བ་ཆེན་པོས་ཐང་མ་ཆད་ཀྱི་བར་དུ་གསོལ་བ་ཁོ་ན་གདབ། ཐང་ཆད་པ་དང་སེམས་མ་བཅོས་པའི་ངང་དུ་ཁྲེས་ཀྱིས་བསྐྱུར་ལ་བཞག་གོ །རྣམ་རྟོག་མི་འཕྲོ་བར་འདུག་ན་མི་འཕྲོ་བ་དེ་ཉིད་ཀྱི་སྟེང་དུ་ཁྲེས་སེ་བཞག་གོ །དེ་ལྟར་གློད་པ་དང་བལྟས་པས་དེ་ཉིད་ཀྱང་རྣམ་རྟོག་ཏུ་གྱུ་གྱུ་བྱུང་ན། དྲན་པ་བཀག་པས་ལན་པ་ཡིན་པས། རྣམ་པར་རྟོག་པ་བཀག་པས་མི་ཁེགས། སྤངས་པས་མི་སྤོང་། བཀུག་པས་མི་ཁུག །བཟུང་བས་མི་ཟིན། གཟིངས་ལས་འཕུར་བའི་བྱ་རོག་བཞིན། །ཡུལ་ལ་འཕྲོ་བའི་སེམས་མི་བསྡུ། །མཁས་པས་བ་གླང་སྐྱོང་བ་བཞིན། །རྣལ་འབྱོར་ཤེས་པ་ཡན་དུ་ཆུག །ཅེས་པ་དང་། ཡེ་ཤེས་གསང་བ་སྒྲོན་མེའི་རྒྱུད་ལས། འཛིན་མེད་རང་གསལ་བརྟེན་མ་འཆའ། །ཟང་ཐལ་རིག་པ་རྗེན་པར་བཞག །ཅེས་གསུངས་པས། བཀག་པ་བཞིན་དུ་འཕྲོ་བཟུང་བ་བཞིན་དུ་འགྲོ་བས་ཆེད་དུ་གང་ཡང་མི་དགག་པར་གང་འགྲོར་བཏང་བས། གར་ཡང་འགྲོ་ས་མི་རྙེད། ལྷན་གྱིས་རེངས་པ་ཡིན་པས་ཆེད་དུ་གང་ཡང་མི་དགག །མི་བསྡུ། མི་བསྐྱོད། ཆེད་དུ་མི་སྤྲོ། མི་བསམ། མི་བསྒོམ། མ་བཅོས་པར་རང་ལུགས་སུ་ལྷོད་དེ་གློད་ཅིང་ཁོ་ན་བཞག་པའི་ངང་ལས། སྐབས་སུ་དགའ་མི་དགའི་རྣམ་པར་

p. 306

རྟོག་པ་ཐོལ་ཐོལ་སྐྱེ་བར་འདུག་ན། རྣམ་རྟོག་གང་སྐྱེས་པ་དེ་ལ་ཅེར་གྱིས་བལྟས་ཏེ་འདི་དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། མཐར་གང་དུ་འགྲོ་བར་འདུག །དེ་དབྱིབས་ཅི་འདྲ་བ་འདུག །གྲུ་བཞིར་འདུག་གམ། སྒོར་མོར་འདུག་གམ། ཟུར་གསུམ་དུ་འདུག་གམ། ནར་མོར་འདུག་གམ། དེ་ལ་ཁ་དོག་ཅི་འདྲ་བ་ཞིག་འདུག་གམ། དཀར་པོར་འདུག་གམ། དམར་པོར་འདུག་གམ། སེར་པོར་འདུག་གམ། སྔོན་པོར་འདུག་གམ། ནག་པོར་འདུག་བལྟ། གནས་གང་ན་གནས། སྤྱི་གཙུག་ན་འདུག་གམ། དེ་བཞིན་དུ་མགོ་དང་རོ་སྟོད་དང་། ཡན་ལག་གང་ན་གནས་འདུག་བལྟ། ད་ལྟ་གང་ན་འདུག་ཅེར་གྱིས་བལྟའོ། །དེ་ལྟར་བླ་མ་ལ་མོས་གུས་བསྐྱེད་ཅིང་སེམས་མ་བཅོས་པའི་ངང་དུ་གློད་ཅིང་སེམས་ལ་ལྟ་བ་དེ་ཁོ་ན་ལ་བོང་བསྐོར་དུ་བྱ་ཞིང་ཉམས་སུ་བླངས་པས། ཡིན་ལུགས་ཤིག་ནང་ནས་འཆར་བར་གདའ་གསུངས་པས། དུས་ཅི་ཞིག་ཙམ་ན་འདིའི་རང་བཞིན་འདིར་འདུག་པ་ལ་ད་སྔ་ཕན་ཆད་འཁྲུལ་འདུག །ད་ནི་འདི་ལས་འཆུགས་ས་མི་འདུག་སྙམ་དུ་བློ་ཐག་རྦད་ཀྱིས་ཆོད་ནས་མཆི། དེའི་དུས་སུ་རང་གི་སེམས་ཉིད་རིན་པོ་ཆེ་འདི་ཁོ་ན་ཆོས་ཀྱི་སྐུར་ལྷག་གིས་ཤར་བས་རྣམ་རྟོག་སྤང་མ་དགོས་ཏེ་རང་སར་གྲོལ། སྟོང་ཉིད་སྒྲུབ་མ་དགོས་ཏེ་རང་ཆས་དུ་ཤར་བས། རྟོག་པ་དེ་ཉིད་ཆོས་ཉིད་དུ་ཤེས་ན། ཆོས་ཀྱི་དབྱིངས་ཉིད་གཞན་ནས་བཙལ་མི་དགོས། ཞེས་གསུངས་པས། མི་དྲན་དགུ་དྲན་གྱི་རྣམ་པར་རྟོག་པ་འདི་ཉིད་ཁོ་ན་ཆོས་ཀྱི་སྐུར་ལྷག་གིས་འཆར་བ་ཆོས་ཉིད་ཡིན། དེ་ཙམ་ན་མིག་བཙུམ་པ་ལ་སྒོམ་རེ་མི་དགོས། སྣང་བ་བཀག་པ་ལ་སྒོམ་རེ་མི་དགོས། མིག་གི་ཡུལ་དུ་སྣང་སྟོང་ཟུང་འཇུག །རྣ་བར་གྲག་སྟོང་། སེམས་བདེ་སྟོང་ཡིན་ཏེ། སྣང་བའི་རང་བཞིན་ཡེ་ནས་སྟོང་པ་ལ། །བཤིག་བཅོམ་མིང་སྟོང་ཙམ་ལ་སྟོང་

p. 307

མི་གདགས། །ཞེས་གསུངས་སོ། །མིག་གི་ཡུལ་ན་གཟུགས་སྣང་མོད། སྣང་ཙམ་ཉིད་ན་རང་བཞིན་ཅིའི་ངོ་བོར་ཡང་མ་གྲུབ་པས་སྣང་སྟོང་དབྱེར་མེད་ཅེས་བྱ། རྣ་བའི་ཡུལ་དུ་སྒྲ་གྲག་མོད། གྲག་ཙམ་ཉིད་ན་རང་བཞིན་མ་གྲུབ་པས་གྲག་སྟོང་དབྱེར་མེད་ཅེས་བྱ། སེམས་ལ་སྣ་ཚོགས་འཆར་མོད་རང་བཞིན་ཅིར་ཡང་མ་གྲུབ་པས་རིག་སྟོང་དབྱེར་མེད་ཅེས་བྱ། དེ་ཙམ་ན་ཕའི་ཕོགས་ཐོབ་པ་ཞེས་བྱ་བ་ཡིན། བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས་པ་ཞེས་བྱ་བ་ཡིན། ནོར་བུ་རིན་པོ་ཆེ་ཨམ་ཕྲག་ཏུ་ཆུད་པ་བྱ་བ་ཡིན། བླ་མའི་བཀའ་དྲིན་ལོན་པ་བྱ་བ་ཡིན་པས། དེ་མ་བྱུང་རིང་ལ་འབུང་འཚལ་གསུངས་སོ། །དེ་ལྟར་ངོ་སྤྲོད་རྒྱས་པ་དེ་རྣམས་ནི་སྔར་ཡང་ཡང་གསུང་གིན་འདུག །དུས་ཕྱིས་དངོས་གཞིའི་མན་ངག་ནི། དོན་བརྒྱུད་སངས་རྒྱས་ནང་བརྡོལ་བྱ་བ་ཡིན་པས། བླ་མས་ངོ་སྤྲད་མི་དགོས་པར་རང་ལ་ནང་དུ་ལྷག་གིས་འཆར་བ་ཡིན་པས། བླ་མ་ལ་མོས་གུས་གྱིས་ལ་སེམས་མ་བཅོས་པར་གློད་ཀྱིན་བཞག་གོ །འཁོར་འདས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་འདི་ཡིན་པས། འདིའི་རང་བཞིན་ཅི་འདྲ་ཞིག་འདུག་ཚོལ་ཤོག་ཅིག་ཅེས་པ་ཁོ་ན་གསུང་གིན་འདུག་གོ །བཅོམ་ལྡན་ཐུབ་པའི་བསྟན་པའི་མར་གཤམ་འདིར། །ས་བཅུའི་དབང་ཕྱུག་ཟླ་འོད་གཞོན་ནུ་ཡི། །སྤྲུལ་པའི་ཕྲིན་ལས་བོད་ཁམས་འདིར་བཀྱེ་བས། །དྭགས་ལྷ་སྒམ་པོར་དྭགས་པོ་ལྷ་རྗེ་བྱོན། །མོས་གུས་ལམ་གྱིས་དད་ལྡན་ཁྲིད་པ་ཡིས། །སློབ་མ་གྲུབ་ཐོབ་དཔག་ཏུ་མེད་པ་བྱོན། །བོད་ཁམས་ཆོས་པས་གང་བ་ཁོང་གི་དྲིན། །བླ་མ་དེ་ཡིས་ཆོས་འདིའི་སྲོལ་གཏོད་ཅིང་། །ཉམས་སུ་ལེན་པའི་བུ་བརྒྱུད་བསམ་མི་ཁྱབ། །དེ་རྗེས་ལྷ་ས་རྣམ་གཉིས་ཚལ་དང་གུང་ཐང་དུ། །སྤྲུལ་པའི་སྐྱེས་བུ་སྐྱེ་མེད་ཞང་སྒོམ་དེས། །ཐུགས་རྗེས་འདུས་པའི་གདུལ་བྱ་སྣོད་ལྡན་ལ། །འདི་ཉིད་ཁོ་ནའི་

p. 308

ཁྲིད་ལུང་བཏབ་པ་ཡིས། །མཆོག་གི་གྲུབ་ཐོབ་རྟོགས་ལྡན་མང་པོ་ཐོན། །སྒྲུབ་བརྒྱུད་བསྟན་པ་དར་བ་རྗེ་ཡི་དྲིན། །བླ་མ་དེ་ཡིས་འདི་ཉིད་དར་བར་མཛད། །དེ་རྗེས་སྤང་གཤོངས་ལྷ་རིའི་དགོན་པ་དེར། །ཞང་གི་སྤྲུལ་པ་མཉམ་མེད་ཆོས་ཀྱི་རྗེ། །འགྲན་གྱི་དོ་མེད་བླ་མ་(ལྷ་རི་བ་ནམ་མཁའ་འོད། )དེ་བྱོན་ནས། །ཚོགས་པའི་བུ་སློབ་མ་ལུས་ཐམས་ཅད་ལ། །དམ་ཆོས་འདི་ཉིད་ཁོ་ན་བཏབ་པ་ཡིས། །ལོ་རེ་ལ་ཡང་རྟོགས་ལྡན་ཟད་མེད་ཐོན། །གདུལ་བྱ་མ་ལུས་གྲོལ་བར་འདི་ཡིས་མཛད། །བླ་མ་དེ་ཡི་ཕྱག་ལེན་སྙིང་པོ་ཡིན། །དེ་ཕྱིར་འདི་ཉིད་གཞན་ལས་ཁྱད་འཕགས་ཤིང་། །བཀའ་བརྒྱུད་འདི་ཡི་གདམས་ངག་གཙོ་བོ་ཡིན། །དེས་ན་ཆོས་ཀྱི་ཡང་སྙིང་ཌཱ་ཀིའི་སྲོག་སྙིང་འདི། །བླ་མའི་གསུང་སྒྲོས་ཡང་ཡང་ཐོབ་པ་ཡིས། །བློ་ལ་གསལ་ཞིང་རྗེན་པར་གནས་པ་དེ། །བརྗེད་པར་ཕངས་ནས་མ་འཆུགས་ཇི་བཞིན་བཀོད། །སྙན་བརྒྱུད་དམར་ཁྲིད་ཞལ་གདམས་ཡིན་པའི་ཕྱིར། །ཡི་གེར་བྲིས་པས་བྱིན་རླབས་ཉམས་སྲིད་དེ། །གུས་ཤིང་བརྩེ་བའི་བསམ་པ་རྣམ་དག་ལས། །རང་འདོད་མེད་པས་ཉེས་པ་མེད་པར་རིགས། །རྗེ་དེའི་བུ་ཆེན་ཡོན་ཏན་སྨིན་པ་ཡི། །ཚོགས་པ་སྐྱོང་བའི་བརྒྱུད་འཛིན་བྱུང་ན་ཡང་། །གསུང་བཞིན་མ་ནོར་ཇི་བཞིན་ཡོད་པའི་ཕྱིར། །འདི་ཉིད་བཟུང་ནས་གདུལ་བྱ་སྐྱོང་བར་རིགས། །ཕ་དེའི་ཐུགས་རྗེའི་ལྕགས་ཀྱུས་རབ་བཟུང་ཡང་། །སྔོན་སྦྱངས་ལས་དང་བརྩོན་འགྲུས་ཆུང་བ་ཡིས། །ཡོན་ཏན་སྐྱེས་མེད་པོ་ལ་ལུས་པ་ཡི། །སྤྲང་པོ་བདག་ཀྱང་འདི་ལ་འབུང་བ་འཐད། །འདི་བྲིས་ལ་འཁྲུལ་ནོངས་པ་ཅི་མཆིས་དང་། །གསུང་སྒྲོས་ཟུར་ཉམས་ལ་སོགས་ཉེས་པ་རྣམས། །མཚན་ལྡན་བླ་མ་དེ་ཡིས་གཙོར་བྱས་པའི། །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །འདི་བྲིས་དགེ་བས་མཁའ་མཉམ་སེམས་ཅན་རྣམས། །མ་
ལུས་དམ་ཆོས་འདི་ཉིད་ཉམས་བླངས་ནས། །ཆོས་སྐུ་མཉམ་ཉིད་ཐིག་ལེ་ཉག་གཅིག་དེ། །སྐྱེ་བ་གཅིག་གིས་མངོན་དུ་འགྱུར་བར་ཤོག །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་དཔལ་ལྷ་རི་བའི་སྔོན་འགྲོ་དངོས་གཞིའི་ཁྲིད་འདེབས་པའི་ལག་ལེན་རྣམས། བླ་མ་རིན་པོ་ཆེའི་གསུང་བཞིན་མ་འཆུགས་པར་བྲིས་པ་རྫོགས་སོ།། །།དེ་ཝ་ཀུ་མཱ་རས་སྤང་གཤོངས་ལྷ་རིའི་ཁར་སྦྱར་བ་ཨྠྀི། མངྒ་ལམ། །

ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ།

p. 309

༄༅། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་བཞུགས་སོ། །
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གདམས་པ་ཞལ་ནས་སྙན་དུ་བརྒྱུད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་འདི་ལ་དོན་གཉིས་ཏེ། བླ་མ་དམ་པའི་བརྒྱུད་རིམ་བཤད་པ་དང༌། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་བཀའ་སྡུད་པ་པོ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་གསུངས། དེས་ཏཻ་ལོ་ཤེས་རབ་བཟང་པོ་ལ། དེས་མཁས་གྲུབ་ནཱ་རོ་པཎ་ཆེན་ལ། དེས་སྒྲ་སྒྱུར་མར་པ་ལོ་ཙཱ་ལ། དེས་དབང་ཕྱུག་མི་ལ་རས་པ་ལ། དེས་དྭགས་པོ་ཟླ་འོད་གཞོན་ནུ་ལ། དེས་བདེ་གཤེགས་ཕག་མོ་གྲུ་པ་ལ། དེས་གྲུབ་ཐོབ་གླིང་རྗེ་རས་པ་ལ། དེས་འགྲོ་མགོན་གཙང་པ་རྒྱ་རས་ལ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ། དེས་ཡང་དགོན་ཆོས་ཀྱི་རྒྱལ་པོ་ལ། དེས་ཐུགས་སྲས་སྤྱན་སྔ་རིན་ལྡན་ལ། དེས་ཀུན་ཆེན་ཟུར་ཕུག་ཆོས་རྗེ་ལ། དེས་བྱ་བཏང་རི་ཁྲོད་རས་ཆེན་ལ། དེས་སྨན་སྒོམ་འོད་ཟེར་སེང་གེ་ལ། དེས་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་ལ།

p. 310

དེས་འདུལ་འཛིན་ངག་གི་དབང་པོ་ལ། དེས་སྟག་ལུང་ཐང་པ་ངག་དབང་གྲགས་པ་ལ། དེས་མཉམ་མེད་ཤར་རབ་འབྱམས་པ་སངས་རྒྱས་སེང་གེ་ལ། དེས་རྗེ་བཙུན་རུས་པའི་རྒྱན་ཅན་ལ། དེས་མཉམ་མེད་རྒོད་ཚང་རས་པ་ལ། དེས་བདག་ལའོ། །ཁྲིད་བྱེད་པའི་དུས་སུ་སྔོན་དུ་བླ་མའི་རྣལ་འབྱོར་སྒོམ་པ་གལ་ཆེའོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཟེར་ཡང་དོན་ལ་ཚིག་བཞི་སྟེ། དང་པོ་སེམས་ཀྱི་གཞི་རྩ་བཅད་པ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ། གསུམ་པ་སེམས་ཀྱི་གོལ་ས་བཅད་པ། བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པའོ། །དང་པོ་སེམས་ཀྱི་གཞི་རྩ་བཅད་པ་ནི། སེམས་ཉིད་འདི་དང་པོ་གང་ནས་བྱུང༌། བར་དུ་གར་གནས། ཐ་མ་གར་འགྲོ་བརྟགས་པས། དང་པོ་བྱུང་ས་མེད་དེ་རྒྱུ་དང་རྐྱེན་ལས་མ་བྱུང་བས་ཡེ་ནས་རྩ་བྲལ་དུ་འདུག །བར་དུ་གནས་ས་མེད་དེ་དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུ་བ་སྟོང་འགྱུ་དང་སྣང་བ་སྟོང་སྣང་དུ་འདུག །ཐ་མ་འགྲོ་ས་མེད་དེ་འདིར་སོང་གི་ཡུལ་དང་རྗེས་མེད་པས་འགྱུ་བ་རང་གྲོལ་དང་སྣང་བ་རང་སངས་སུ་འདུག །དེས་ན་སེམས་ཉིད་འདི་དང་པོ་རྒྱུ་ཡིས་མ་བསྐྱེད་པས་ཐ་མར་རྐྱེན་གྱིས་མི་འཇིག །དུས་གློ་བུར་དུ་མ་བྱུང་བས་གང་སྟོང་དང་འཕེལ་འགྲིབ་མེད། སྣང་སྲིད་ཀུན་ལ་ཁྱབ་པས་ཕྱོགས་དང་རིས་སུ་མ་ཆད། དངོས་པོ་དང་མཚན་མར་མ་གྲུབ་པས་འདི་ཞེས་མཚོན་དུ་མེད། གང་དུའང་མ་གྲུབ་ལ་ཅིར་ཡང་འཆར་བས། ཡོད་མེད་རྟག་ཆད་གཉིས་ཀྱི་མཐའ་ལས་འདས། དུས་གསུམ་འཕོ་འགྱུར་མེད་ཅིང་རང་བཞིན་ཡེ་ནས་དག་པས་འཁོར་བའི་སྐྱོན་གྱིས་མ་གོས་ཏེ་སེམས་ཉིད་འདི་ཡེ་ནས་སངས་རྒྱས་ཡིན་གསུངས་སོ། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ནི། དེ་ལྟར་རྟོགས་པའི་སྟེང་དུ་སེམས་མི་གནས་པ་གནས་

p. 311

པར་བྱེད་པའི་ཐབས་ལ་དྲུག་སྟེ། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། སེམས་ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་གཉུག་མའི་ངང་དུ་སེམས་རྩོལ་སྒྲུབ་མེད་པར་མཉམ་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་ཉིད་གཡོ་འགུལ་མེད་པར་མཉམ་པར་བཞག །ཉི་ཟླ་སྤྲིན་དང་བྲལ་བ་བཞིན་དུ་ཀུན་གསལ་མདངས་དང་ལྡན་པར་མཉམ་པར་བཞག །བུ་ཆུང་ལྷ་ཁང་བལྟ་བ་བཞིན་དུ་གསལ་ཆ་མ་འགགས་ལ་འཛིན་ཆ་མེད་པར་མཉམ་པར་བཞག །ཆུའི་རྦ་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་མཉམ་པར་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རིག་པ་རྗེས་མེད་མཉམ་པར་བཞག་གོ །གསུམ་པ་སེམས་ཀྱི་གོལ་ས་བཅད་པ་ལ་ལྔ་སྟེ། ཡར་སངས་རྒྱས་ལ་རེ་ན་གོལ་བས་རང་སེམས་རང་གིས་རིག་པ་ལས་གུད་ན་བཟང་བཟང་པོའི་སངས་རྒྱས་ཤིག་མེད་པར་ཁོ་ཐག་བཅད། མར་འཁོར་བ་ལ་དོགས་ན་གོལ་བས་རང་སེམས་རང་གིས་མ་རིག་པ་ལས་གུད་ན་ངན་ངན་པོའི་འཁོར་བ་ཞིག་མེད་པར་ཁོ་ཐག་བཅད། བར་གྱི་སྣང་བ་ལ་ཞེན་ན་གོལ་བས་ཅིར་སྣང་རྨི་ལམ་སྒྱུ་མར་ཁོ་ཐག་བཅད། ནང་གི་ཉམས་མྱོང་ལ་ཞེན་ན་གོལ་བས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད། ལས་རྒྱུ་འབྲས་ཁྱད་དུ་གསོད་ན་གོལ་བས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ལས་རྒྱུ་འབྲས་ཀྱིས་མི་བསླུ་བར་ཁོ་ཐག་བཅད་ལ། སྡིག་པ་ཕྲ་མོ་ནས་སྤང་ཞིང་དགེ་བ་ཕྲ་མོ་བསྒྲུབ་པར་བྱའོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ལ། སྤྱོད་པ་རྒྱུན་ཁྱེར་གྱི་རྣལ་འབྱོར་དྲུག་བྱ་སྟེ། ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར། ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར། ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར། ཐོ་རངས་རིག་པ་

p. 312

གསལ་གདབ་པའི་རྣལ་འབྱོར། འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་རོ། །ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར་ནི། འདི་ལྟར་སྣང་བ་རང་སེམས་འཁྲུལ་པར་རྒྱས་བཏབ། སེམས་འཁྲུལ་པ་ངོས་བཟུང་མེད་པས་རྨི་ལམ་སྒྱུ་མར་རྒྱས་བཏབ། སྒྱུ་མ་ལ་རང་བཞིན་མེད་པས་ཆོས་ཐམས་ཅད་སྐྱེ་མེད་དུ་རྒྱས་བཏབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་འཁྱེར་བའི་རྣལ་འབྱོར་ནི། བར་འདོད་ཡོན་ཐམས་ཅད་སྟོང་པ་ལ་སྟོང་པར་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། འབྲིང་སྒྱུ་མ་ལ་སྒྱུ་མར་རོལ་ཡེ་ཤེས་ལ་ཡེ་ཤེས་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། ཐ་མ་བླ་མ་ཡི་དམ་ལ་ཚོགས་མཆོད་འབུལ་བའི་ཚུལ་གྱིས་ལོངས་སྤྱད། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར་ནི། རྣམ་རྟོག་འཁྲུལ་པ་དྲན་པ་གང་ཤར་གྱི་ངོ་བོ་ལ་གཅེར་བལྟས་ལ། རྟོག་པ་ཐམས་ཅད་གཞི་ཆོས་ཉིད་ངང་དུ་བསྡུ་བའོ། །ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར་ནི། ནུབ་མོ་སྙིང་གི་དཀྱིལ་དུ་བླ་མ་དམ་པ་བསྒོམ་པ་དེ་ལ་ཤེས་པ་གཏད་དེ་གཉིད་ལོག་པས་གཉིད་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། དུས་གནད་ཤེས་རབ་ཀྱི་རྒྱས་བཀྲལ་ལ། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་གཞིག་འབྲེལ་བཏང་ཞིང་བླ་མ་དམ་པའི་གདམས་ངག་ཟབ་མོ་རྣམས་རིམ་བཞིན་གསལ་བཏབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་ནི། རྣལ་འབྱོར་པ་ནམ་འཆི་བའི་ཚེ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་རྩ་བ་ནས་བཅད་ལ། དོན་དམ་པར་སེམས་སྐྱེ་འཆི་མེད་པས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད་ལ། སྒོམ་མེད་ཀྱི་ངང་དུ་མ་ཡེངས་པར་བཞག་པས་བར་དོ་མེད་པར་ཟང་ཐལ་དུ་སངས་རྒྱའོ། །གཞི་རྩ་བཅད་པ་ལྟ་བ་ཡིན། །བཞག་ཐབས་བསྟན་པ་
སྒོམ་པ་ཡིན། །ལམ་ཁྱེར་བསྟན་པ་སྤྱོད་པ་ཡིན། །གོལ་ས་བཅད་པ་འབྲས་བུ་ཡིན། །གོ་སླ་ལ་ཁྱེར་བདེ་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་རྫོགས་སོ།། །།སརྦ་དཱ་མངྒ་ལཾ།།

ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཀྱི་འབྲུ་འགྲེལ་གསལ་བྱེད་ཉིན་མོའི་མགོན་པོ།

p. 313

༄༅། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གདམས་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཀྱི་གནད་འགག་གལ་ཆེ་བའི་འབྲུ་འགྲེལ་གསལ་བྱེད་ཉིན་མོའི་མགོན་པོ་བཞུགས་སོ། །
༄༅། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། སངས་རྒྱས་སྐུ་གསུམ་གྱི་བསྟན་པ་རབ་འབྱམས་མདོ་རྒྱུད་བསྟན་བཅོས། དྲང་དོན། ལྡེམ་དགོངས། ངེས་དོན་རྣམས་ཀྱི་སྙིང་པོར་གྱུར་པ། ཕྱག་རྒྱ་ཆེན་པོ་ལ་མིང་དང་བཀའ་སྲོལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པའི་ནང་ནས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ལ། སྔར་དུ་རྩ་བའི་གཞུང༌། དེ་དག་གི་ཁྲིད་ཀྱི་སྡོམ་ཚིག །དེ་ཡི་གསལ་བྱེད་དུ་ཟིན་བྲིས། དེའི་རྒྱབ་ཆོས་རྗེ་ཡང་དགོན་པས་མཛད་པའི་རྣལ་འབྱོར་བཞིའི་ཞལ་གདམས་ཤིན་ཏུ་ཞིབ་པ། རྗེ་རྒོད་ཚང་པས་ས་ལམ་བགྲོད་ཚུལ་གཙོ་ཆེ་བའི་རྣལ་འབྱོར་བཞིའི་ཞལ་གདམས་རྣམས་ཁུངས་བཙུན་ཞིང་བྱིན་རླབས་ཆེ་བ་དང༌། དེ་དག་ལ་མ་འཐུས་ཤིང་མ་ཚང་བ་མེད་པས། སོ་སོ་སྐྱེ་བོའི་ཡིག་འཇོག་མང་པོ་དགོས་པ་ཆུང་ཞིང༌། རྩོད་པའི་དུས་འདིར་ཚད་མར་འཛིན་པའང་དཀའ་མོད། འོན་ཀྱང་སྐྱེས་བུ་དམ་པས་ནན་ཆེར་བསྐུལ་

p. 314

བ་ལ་ངོ་མི་ལྡོག་ཕྱིར། རང་གི་སྤྱོད་ཡུལ་གྱི་གོ་ཚོད་ཅུང་ཟད་བརྗོད་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་ཀྱི་མཆོག །བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ། །ཀུན་འདུས་ཡིད་བཞིན་ནོར་བུ་ལྟ་བུ་ཡི། །དགོས་འབྱུང་རིགས་བདག་རྩ་བའི་བླ་མར་འདུད། །དོན་བརྒྱུད་སྙན་བརྒྱུད་བརྡ་བརྒྱུད་ཚིག་གི་བརྒྱུད། །ཕྱག་ཁྲིད་ཇི་བཞིན་མ་ནོར་འདིར་འགོད་བྱ། །བརྩེ་བས་རྗེས་གནང་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་སྟོན་ལུགས་རྣམ་པ་བརྒྱད་དེ། ཟོག་པོའི་འུར་ཁྲིད་ཅེས་པ་དོན་དང་མ་འབྲེལ་བ་དང༌། འདོད་པོ་ཆེའི་དཔུང་ཁྲིད་ཅེས་པ་ཚིག་དོན་གང་ཡང་རྒྱུད་དང་མ་འདྲེས་པའི་ལུགས་དང༌། ཤེས་ཆུང་གི་དཔེ་ཁྲིད་ཅེས་པ་རང་ལ་གོ་བ་ཉམས་མྱོང་རྟོགས་པ་གང་གི་ཡང་གདིང་མེད་པར་དཔེ་ཐོག་ནས་ཁྲིད་འདེབས་པ་མུ་ཐུག་དང་གསུམ་ནི་སྐྱོན་ཅན་སྤང་བྱ། པཎྜི་ཏའི་ཚིག་ཁྲིད་ཅེས་པ་ཚིག་མ་ལུས་པ་བློ་ལ་ཚུད་ཅིང་དོན་མ་ནོར་བར་གོ་ངེས་ཤེས་པ་དང༌། སྒོམ་ཆེན་གྱི་དམར་ཁྲིད་ཅེས་པ་ལུས་གནད་སེམས་གནད་དམིགས་པའི་གནད་བསྟན་ཏེ། རང་སའི་མྱོང་བ་རྒྱུད་ལ་སྐྱེ་ངེས་སུ་སྒོམ་པ་དང༌། རྣལ་འབྱོར་པའི་མྱོང་ཁྲིད་ཅེས་པ། གང་ཟག་དབང་པོ་མཐོ་དམན་འབྲིང་གསུམ་གྱི་རྒྱུད་ལ་སྐྱེ་ཚུལ་དང༌། རང་གིས་གོ་མྱོང་རྟོགས་གསུམ་བསྟུན་ཏེ་མ་ངེས་པར་ཁྲིད་པ་དང༌། རྟོགས་ལྡན་གྱི་དགོངས་ཁྲིད་ཅེས་པ་སློབ་མའི་རྒྱུད་ཚོད་རིག་པས་ཐོད་རྒལ་གཅིག་ཅར་དུ་ཁྲིད་གདབ་པ་དང༌། རྒན་མོའི་མཛུབ་ཁྲིད་ཅེས་པ་ཉམས་མྱོང་རྟོགས་པ་གསུམ་རང་གི་རྒྱུད་ལ་གང་སྐྱེས་པ་དེ་མཛུབ་ཚུགས་སུ་སྐུ་གསུམ་ཡེ་ཤེས་ལྔར་ངོ་སྤྲོད་པའོ། །དེ་ལྔ་ནི། སྐྱོན་མེད་དོན་ལྡན་གྱི་ཁྲིད་དོ། །དེ་དག་དང་མ་འབྲེལ་བའི་བཤད་ལོ་ཞུས་ལོ། །ཐོབ་ལོའི་རྣམ་གཡེང་འདུ་འཛི་ལོངས་སྤྱོད་དང་བསྲེས་པའི་སྦོམ་སྦོམ་སབ་སབ་དོན་ལ་མ་བསྙེགས་

p. 315

པ་ལ་སྐུ་ཆེན་གྱི་སྦོམ་ཁྲིད་ཅེས་བྱ་སྟེ། ལག་ལེན་འཁྲུལ་པའོ། །དེ་ལྟར་མ་ཡིན་པའི་ངེས་དོན་དམར་ཁྲིད་འདེབས་པ་སྟེ། དེ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། ཐུན་མོང་གི་སྔོན་འགྲོ་བརྒྱད་ནི། གང་ཟག་སྔོན་སྦྱངས་ལས་འཕྲོ་སད་པ་ལ་ངེས་བཅས་མི་དགོས་ཏེ་གསལ་འདེབས་པ་ཙམ། རྗེ་བཙུན་ཆེན་པོ་མི་ལས་ཉ་མ་དཔལ་དར་འབུམ་ལ་ཁྲིད་བཏབ་པ་ལྟ་བུའོ། །དབང་པོ་ཡང་རབ་སྔོན་སྦྱངས་དང༌། ཚེ་འདིར་ཡང་སྦྱངས་པ་སོང་ཞིང་རྒྱུད་ལ་སྐྱེས་པ་ལ་དོན་ངོ་སྤྲད་པས་ཆོག་སྟེ། དཔལ་ལྡན་སྒམ་པོ་པ་དང༌། རྗེ་ཕག་མོ་གྲུ་པའི་རྣམ་ཐར་ལྟ་བུའོ། །དེ་ལས་གཞན་པ་རྣམས་ལ་གོ་ངེས་ཤིང་རྒྱུད་ལ་རང་སའི་མྱོང་བ་མ་སྐྱེས་པར་ཁྲིད་འདེབས་པ་གལ་ཆེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དྲུག་ནི། སྔར་བཤད་མ་ཐག་པ་ལྟར་སྐྱེས་སྦྱངས་ཀྱིས་རིགས་སད་པ་ལ་མ་ངེས། དེ་ལས་གཞན་པ་རྣམས་ལ་རང་སའི་མྱོང་རྟགས་མ་ཐོན་བར་བསྒོམ་དགོས་ཏེ། དེ་རྣམས་ཀྱིས་མྱོང་རྟགས་གསུང་རབ་སྤྱི་དང་མཐུན། རྡོ་རྗེ་སེམས་དཔའ་རང་ལ་ཐིམ་རྗེས། རང་གང་མོས་ཀྱིས་ལྷར་གསལ་བཏབ་སྟེ། ཐ་མལ་གྱི་ལུས་སུ་ནམ་ཡང་མི་གནས་པ་ཡིན། འདི་ཟུར་དུ་དྲངས་ན། སྔོན་འགྲོ་བདུན་དུ་འགྱུར་རོ། །དངོས་གཞིའི་བླ་ཞེས་པ་ནི། མཆོག་གི་དངོས་གྲུབ་འདོད་པའི་གང་ཟག་ལ་མེད་ཐབས་མེད་པའི་བླ་མའམ་སྲོག་ལྟར་འབྲལ་མེད་ཅེས་པ་དང༌། དངོས་གྲུབ་དང་ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན་པས་སམ་མི་བསླུ་ངེས་པས་དམ་པ། གཞི་ལམ་འབྲས་གསུམ་གནས་སྐབས་མཐར་ཐུག་ཀུན་ཏུ་སྒོ་གསུམ་གུས་པས་འདུད་ཕྱིར་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་ཕྱག་ནི་སྟོང་ཉིད་བློ་བྲལ། རྒྱ་ནི་འཁོར་འདས་ཐམས་ཅད་དེ་ལས་མ་འདས་པ། ཆེན་པོ་ནི་དེ་ལས་མཆོག་གྱུར་གོང་ན་གཞན་མེད་པའོ། །ཡི་གེ་ནི་ཡིག་འབྲུའམ་ཚིག་འབྲུ་ཡིག་སྣ་བཞིའམ། ལྟ་

p. 316

སྒོམ་སྤྱོད་པ་འབྲས་བུའི་ཡིག་སྣ་བཞིའོ། །དོན་གཉིས་ནི་ཡིད་ཆེས་ཕྱིར་བརྒྱུད་པ་སྟེ། བརྒྱུད་ཚུལ་སྤྱི་དང་བྱེ་བྲག་སོ་སོའི་རྣམ་ཐར་རྒྱས་བསྡུས་སྐབས་དང་སྦྱར་བའི་རིགས་པས་དཔྱད་དེ་བཤད་ལ་ངེས་ཤེས་བསྐྱེད། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་བཞི་ལས། གཞི་ཡིན་ལུགས་གདོད་མའི་སངས་རྒྱས་ཀྱི་རྩ་བརྡར་བཅད་པ་ལ་གསུམ་ལས། དང་པོ་ཉམས་མྱོང་ལྟར་བཅད་པ་ནི། ལུས་གནད་སེམས་གནད་དམིགས་པའི་གནད་གསུམ་གྱིས་སློབ་མའི་རྒྱུད་ལ་གོ་མྱོང་རྟོགས་གསུམ་ཚད་དུ་མ་ཁེལ་གྱི་བར་དུ་བླ་མའི་ཉམས་མྱོང་གིས་སློབ་མའི་རིག་པ་དམར་ཐག་བཅད། ཁྲིད་ལོང་ཡོད་རྒྱས་པ་ལ་སེམས་ཀྱི་བཞག་ཐབས། ནམ་མཁའ་སྤྲིན་ཆུ་ལྷ་སྐུར་རོ། །ལྷུན་པོ་ཆུ་ཆད་རང་ཐག་ལྟར། །ཞེས་པ་དང༌། ལོང་མེད་བསྡུས་པ་ལ་དེ་བཞག་ལ། ཁྱུང་ཆེན་རྒྱ་མཚོ་ཉི་ཟླ་དང༌། །བུ་ཆུང་རྦ་རླབས་བྱ་རྗེས་སོ། །ཞེས་པ་གཞི་རྩ་བཅད་པ་དང༌། བཞག་ཐབས་བསྟན་པ་གཉིས་ཀའི་གོ་ཆོད། དེས་སོ་སོའི་སྐལ་པ་དང་མཐུན་པའི་ཡེ་ཤེས་རང་ཐོག་ཏུ་ཁེལ་ཚེ། རིག་པ་གཅེར་མཐོང་བཟོ་བྱད་གར་གྱི་བརྡ་ཐབས་ཀྱི་ཕྱག་ལེན་བཞིན་ཡིན་ལུགས་ཡིན་ཐོག་ཏུ་རྒན་མོའི་མཛུབ་བཙུགས་སུ་སྐུ་གསུམ་ཡེ་ཤེས་ལྔར་ངོ་སྤྲོད་དོ། །དེ་ནས་གཉིས་པ་འགྲེལ་པ་ལྟར་འཆད་པ་ལ་སྦྲུལ་གསེར་རང་བུ་ཆོམས་པོར་བྱུང་བའི་རྟོགས་བརྗོད་ཀྱི་དཔེ་དོན་ལུང་རིགས་ཀྱིས། རིམ་གྱིས་ཐོད་རྒལ་ཅིག་ཅར་བ་རྣམས་ཀྱི་ངོ་འཕྲོད་ཚུལ་གྱིས། གཞི་ལམ་འབྲས་བུ་སྤང་གཉེན་རྣམས་སྒྲོ་འདོགས་ཆོད་ངེས་སུ་རྒྱས་པར་གཏན་ལ་དབབ་པའོ། །གསུམ་པ་གཞུང་ལུགས་ལྟར་འཆད་པ་ནི། སེམས་ཉིད་དང་པོ་གང་ནས་བྱུང་ཞེས་པ་ནས། འགྱུ་བ་རང་གྲོལ་དུ་འདུག་ཅེས་པའི་བར་གྱིས། སྣང་སྲིད་འཁོར་འདས་ཀྱི་ཆོས་སྐྱེ་འགག་གནས་གསུམ་གྱི་བྱེད་པ་ཐམས་ཅད་སེམས་

p. 317

ཀྱི་རྣམ་པ་དང༌། དེའི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་བསྟན། དེས་ན་སེམས་ཉིད་འདི་ཞེས་པ་ནས། འཁོར་བའི་སྐྱོན་གྱིས་མ་གོས་ཏེ། །ཞེས་པའི་བར་གྱིས་སེམས་རྒྱུ་རྐྱེན་དུས་སྔ་ཕྱི་གང་སྟོང་འཕེལ་འགྲིབ། ཕྱོགས་རིས་རྟག་ཆད་ཡོད་མེད་སྐྱེ་འགག་འཁྲུལ་གྲོལ་འཁོར་འདས་སྤང་གཉེན་དགག་སྒྲུབ་སོགས་མདོར་ན། ཚིག་ཏུ་བརྗོད་པ་ཡིད་དང་བློ་ཡི་བསམ་རྟོག་ཐམས་ཅད་དེ་ཡིན་ལ། དེ་ཉིད་དེ་ཐམས་ཅད་ཀྱིས་མ་གོས་པས་སྣང་དུས་ན་སྣང་མེད། བརྗོད་དུས་ན་བརྗོད་མེད། བསམ་དུས་ན་བསམ་མེད། བློ་ཡི་དུས་ན་བློ་བྲལ་ཏེ། ཡེ་གདོད་མ་ནས་འཁྲུལ་པ་ཀ་ནས་དག་པས་འཁོར་བ་ཞེས་པ་སེམས་མ་རྟོགས་པའི་དྲི་མ་ལ་ཀུན་རྫོབ་ཐ་སྙད་དུ་བཏགས་པ་ཙམ་ལས། ངེས་པའི་དོན་ལ་འཁྲུལ་གྲོལ་ཡོད་མ་མྱོང་བས་སེམས་ཡེ་གཞི་དང་པོའི་སངས་རྒྱས་སུ་ངོ་སྤྲད་པའོ། །དེ་ཡང་སེམས་ཅིར་ཡང་འཆར་བས་ཀུན་གཞི། དེ་སྟོང་ཉིད་ཆོས་སྐུར་མ་རིག་པས་འཁྲུལ་གཞི། རིག་པས་གྲོལ་གཞི། འཁྲུལ་གྲོལ་གདོད་ནས་འདུས་མ་བྱས་ཤིང་བློ་ལས་འདས་པས་ཡེ་གཞི། དེའི་ཕྱིར། དཔལ་བརྟག་པ་གཉིས་པ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང༌། དགོངས་པ་ཟང་ཐལ་གྱི་རྒྱུད་ལས། ཧོ། སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །རིག་དང་མ་རིག་ཆོ་འཕྲུལ་ཏེ། །ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །ཅེས་དང༌། འཇམ་དཔལ་མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་དང༌། བདེ་མཆོག་ར་ལི་ལས། སེམས་ཅན་སེམས་ཉིད་འོད་གསལ་བ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་

p. 318

རྒྱས་དེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པའོ། །ཞེས་དང༌། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་འཆི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར། །ཞེས་གསུངས་པ་སྟེ། ཡེ་གཞིའི་རྩ་བ་ཆོད་དེ་ངེས་པར་རྟོགས་ན། དང་པོའི་སངས་རྒྱས་ཡིན་གོ་ཆོད་ཅིང༌། མངོན་དུ་གྱུར་པས་རིག་པ་སྐད་ཅིག་མའི་སངས་རྒྱས། དེ་མཉམ་རྗེས་མེད་པར་བརྟན་ན་རྟོགས་པ་མངོན་གྱུར་གྱི་སངས་རྒྱས། དེ་ལུས་སྣང་སེམས་གསུམ་གཅིག་ཏུ་འདྲེས་ཏེ་ས་ལམ་ཚེ་འདིར་ཆོད་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་སྒྲུབ་པའི་རྟགས་མངོན་སུམ་དུ་སྟོན་པར་ནུས་ན། གྲུབ་པ་ཐོབ་པའམ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཞེས་བྱའོ། །གཉིས་པ་བཞག་ཐབས་བསྟན་པ་སྒོམ་པའི་ཡི་གེ་ནི། དེ་ལྟར་རྟོགས་ཤིང་ཐག་ཆོད་པའི་ལྟ་བ་དེ་ཉིད། མཉམ་བཞག་ཏུ་ལུས་གཡོ་མེད་རི་བོ་ལྟ་བུ། ངག་སྨྲ་མེད་པི་ཝཾ་གསང་ཐག་ཆད་པ་ལྟ་བུ། སེམས་རྟོག་མེད་དབུགས་བྲལ་ལྟ་བུར་བཞག་ཐབས་དྲུག་གིས་ཆུ་བོའི་རྒྱུན་ལྟར་གོང་བཞིན་རྗེས་ཐོབ་གང་སྣང་ཅི་ཤར་ཐམས་ཅད་དེའི་དོན་ལས་མ་གཡོས་པར་བསྐྱངས་ཏེ། རབ་མཉམ་རྗེས་མེད་པ། འབྲིང་རྗེས་ཐོབ་མཚན་ཉིད་པ། ཐ་མ་རྗེས་ཐོབ་སྒྱུ་མར་རྩོལ་མེད་དུ་འཆར་བ་མ་བྱུང་བར་དུ་བསྒོམ་པར་བྱའོ། །བཞི་པ་ཐོབ་བྱའི་སྒོ་ནས་འབྲས་བུ་ཡིན་ཡང༌། ལྟ་སྒོམ་གོལ་སར་ཤོར་ན་སྤྱོད་པ་རྣམ་དག་མི་འབྱུང་བས་འབྲས་བུ་ཡང་མི་ཐོབ་ཕྱིར། མན་ངག་གི་ཆོས་ཚན་གསུམ་པ་འདིར་བླངས་པ་ཡིན་པས། དོན་ལ་བཞི་པ་འབྲས་བུའི་ཡི་གེ་སྟེ། རྟོགས་པའི་ཡེ་ཤེས་དེ་ཉིད་བསྒོམས་པས་ཡེངས་མེད་དུ་བསྐྱངས་པས། སྤྱོད་པ་ཆོས་ཉིད་ཀྱི་ལམ་དུ་སློང་བ་སྟེ། དེ་ལ་ཆོས་ཚན་ལྔ་སྟེ། ཞེས་པ་ནི་མ་རིག་པ་ཉིད་རང་རིག་ཏུ་རྟོགས་པས་

p. 319

མུན་པ་ལ་མར་མེ་བཏེགས་ཚེ། མུན་པ་མ་སྤང་ཞིང་སྣང་བར་འགྱུར་བ་ལྟར་ངན་པའི་འཁོར་བ་ལ་དོགས་པ་མེད། བཟང་པོའི་མྱང་འདས་ལ་རེག་པ་མེད། རྨི་ལམ་རྨི་ལམ་དུ་ཤེས་པ་ལྟར། ཕྱིའི་སྣང་བ་ལ་ཞེན་པ་མེད། ནམ་མཁའི་དབྱིངས་སུ་བལྟས་པ་ལྟར། མྱོང་བྱ་མྱོང་བྱེད་ཀྱི་མཁན་པོ་བློ་ལས་འདས་པས། ནང་གི་ཉམས་མྱོང་ལ་ཞེན་པ་མེད། ཆུ་ནང་ན་གཟའ་སྐར་ཡོད་མ་མྱོང་ཡང༌། རྟེན་འབྲེལ་ཚོགས་པས་ཆུ་དྭངས་པའི་ངོས་ལ་མ་འདྲེས་གསལ་བར་འཆར་བ་ལྟར། སེམས་སྟོང་པ་ཇི་ལྟ་བ་རྟོགས་པའི་གསལ་མདངས། རྒྱུ་འབྲས་རྟེན་འབྲེལ་མ་འདྲེས་སོ་སོ་ཇི་སྙེད་པ་ཉིད་དུ་འཆར་བས། མིག་ཅན་གཡང་ལ་མི་མཆོང་བ་ལྟར། ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པའོ། །ལྟ་སྒོམ་དང་འབྲས་བུ་ལ་ལྟོས་པའི་གསུམ་པ། ལྟ་སྒོམ་གོལ་གཅོད་ཀྱི་རིམ་པ་ལ་ལྟོས་པའི་བཞི་པ་ལ་ཆོས་ཚན་དྲུག་གིས། དང་པོས་ཡེངས་མེད་དུ་འཁྲུལ་ཕྱིར་མི་འབྲང་བར་ཆོས་ཉིད་ཡེ་ཤེས་ཀྱི་རྒྱས་བཏབ། གཉིས་པས་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ཉམས་ལེན་གྱིས་འདོད་ཡོན་ལམ་དུ་འཁྱེར། གསུམ་པས་ཉིན་མོའི་འཁྲུལ་པ་མཉམ་བཞག་ཡེ་ཤེས་དང་བསྲེ། བཞི་པས་རྟོགས་པའི་འོད་གསལ་ཅི་ཟིན་བྱེད། ལྔ་པས་ཞག་རེ་ལ་རང་གིས་རང་ལ་ཁྲིད་ཚར་རེ་གསལ་འདེབས། དྲུག་པས་ཆ་གཅིག་ལུས་གཅིག་ལ་འབྲས་བུ་མ་ཐོབ་ན། འཆི་ཁར་བར་དོ་དང་པོར་ཆོས་སྐུར་སངས་རྒྱ་བའི་མཚམས་སྦྱོར་བ་སྟེ། ཡི་གེ་བཞི་པའི་དོན་མངོན་དུ་འགྱུར་བའོ། །གསུམ་པ་རྗེས་ནི་ཡི་གེ་བཞི་པའི་དོན་ཆུ་བོའི་གཞུང་བཞིན་རྒྱུན་ཆད་མེད་པར་བསྐྱངས་པས། གཅིག་ཅར་རྟོགས་གྲོལ་དུས་ཅིག་ཏུ་འབྱུང་ཞིང༌། ཐོད་རྒལ་བ་ནི། མཐོ་དམན་ཤིན་ཏུ་ཆེ་བས་གོ་རིམ་རང་ལ་ངེས་བསྟན་ཆེར་མི་ཡོང་ལ། དེའི་ཕྱིར་རྣལ་འབྱོར་བཞིའི་རིམ་པ་ངེས་བཅས་ནི་གཙོ་བོ་རིམ་སྐྱེས་པ་ཁོ་ན་

p. 320

ལ་དགོངས་བཞིན་བསྟན། ས་ལམ་བགྲོད་ཚུལ་སོགས་ནི་སྤྱི་མཐུན་དུ་དགོངས་པ་ཡིན་འདུག །གོལ་ས་གསུམ་ལས་རྟོགས་པས་བསྡུས་པའི་བདེ་གསལ་མི་རྟོག་པ་གསུམ་ནི། གོལ་ས་མེད་ཅིང་སྐུ་གསུམ་གྱི་རང་བཞིན་ཡིན་ལ། ཉམས་ཀྱིས་བསྡུས་པའི་བདེ་བ་ལ་ཞེན་འཛིན་བྱུང་ན་འདོད་ཁམས་སུ་གོལ། གསལ་བ་ལ་འཛིན་ཞེན་ཞུགས་ན་གཟུགས་ཁམས་སུ་གོལ། མི་རྟོག་པ་ལ་བློས་བྱས་སུ་སོང་ན་གཟུགས་མེད་ཁམས་སུ་གོལ་བའོ། །ཤོར་ས་བཞིའི་ཡེ་ཤོར་ནི། དང་པོར་ཡིན་ལུགས་ཇི་བཞིན་ངོ་མ་འཕྲོད་པ་ཡིན་ལ། འཕྲལ་ཤོར་ནི། དང་པོར་ཡིན་ལུགས་གཏན་ལ་ཕེབས་ཀྱང་ཕྱིས་སུ་ཉམས་ལེན་གྱི་གནད་འཁྲུལ་བའོ། །དེ་ལ་སྟོང་ཉིད་ཤེས་བྱའི་གཤིས་སུ་ཤོར་བ་ནི། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྐྱེ་མེད་དོན་དམ་འདུས་མ་བྱས་ཡིན་པ་དེ་མ་གོ །དེ་ག་འགག་མེད་དུ་ཤར་བའི་བྱེད་ལས་རྟེན་འབྲེལ་གྱི་མཚང་མ་རིག་པར་ཐམས་ཅད་སྟོང་པ་ཡིན་སྙམ་རྒྱུ་འབྲས་ཁྱད་དུ་གསོད་པའོ། །སྟོང་ཉིད་ལམ་དུ་ཤོར་བ་ནི། སེམས་ཡེ་སྟོང་ཆོས་སྐུ་རང་ངོ་ཤེས་པ་ལ་བརྟན་པ་ཐོབ་པ་ལས་འབྲས་བུ་ལོགས་ན་མེད་པའི་དོན་མ་རིག་པར། ད་ལྟ་སྟོང་ཉིད་བསྒོམས་པས། འབྲས་བུ་ཆོས་སྐུ་བཟང་པོ་ཞིག་ལོགས་ནས་ཐོབ་པར་འདོད་པའོ། །སྟོང་ཉིད་གཉེན་པོར་ཤོར་བ་ནི། སྤང་བྱ་འཁྲུལ་པའི་ཉོན་མོངས་པ་རང་གི་ངོ་བོ་ངོ་ཤེས་མ་ཡེ་ཤེས་ཡིན་པའི་དོན་མ་རྟོགས་པར་སྤང་གཉེན་ཐ་དད་དུ་འཛིན་པའོ། །སྟོང་ཉིད་རྒྱས་འདེབས་སུ་ཤོར་བའི་བློ་ཆུང་རྒྱས་འདེབས་ནི། གང་སྣང་ཅི་ཤར་གྱི་སྣང་བ་འདི་ཁ་སྟོང་པ་ཁོ་རང་གིས་རྩལ་དང་མདངས་ཡིན་ཞིང༌། འདི་གའི་ངོ་བོ་སྟོང་ཉིད་བློ་བྲལ་ཡིན་པ་བློར་མི་ཤོང་བར་སྟོང་པ་ཡིན་སྙམ་ཡིད་ཀྱིས་རྒྱས་འདེབས་པའོ། །དྲེད་པོ་རྒྱས་འདེབས་ནི། དང་པོ་སྣང་སྟོང་དབྱེར་མེད་ངོ་འཕྲོད་པས། སྣང་

p. 321

བས་སྟོང་གོ་ཆོད་དེ་སྟོང་ཉིད་ལ་སྣང་བ་དགག་མི་དགོས་པའི་ཉམས་མྱོང་རྒྱུད་ལ་སྐྱེས་ཀྱང༌། ཕྱིས་སྒོམ་པ་གཡེལ་བས་ཉམས་མྱོང་དྲེད་དེ་བློས་བཅོས་ཏེ་སྒོམ་དགོས་པའོ། །རྣལ་འབྱོར་བཞིའི་རྩེ་གཅིག་ནི། གནས་པ་གསུམ་གྱིས་རིམ་པས། ཡིན་ལུགས་ཀྱི་ངང་ལ་མཉམ་པར་ནམ་བཞག་གནས་པ་སྟེ། རེས་མ་བསྒོམས་ཀྱང་ཡོང༌། རེས་བསྒོམས་ཀྱང་མི་ཡོང་བ་ནི་བཟོ་གཟབ་ཏུ་མི་གཏུབས་པ་དང་འདྲ་སྟེ་རྩེ་གཅིག་ཆུང་ངུས་བདེ་གསལ་གྱི་ངོ་བོ་མཐོང༌། ནམ་སྒོམ་སྒོམ་ཡོང་བ་ནི་རྩེ་གཅིག་འབྲིང་པོ་ཏིང་ངེ་འཛིན་ལ་རང་དབང་ཐོབ། ཉམས་མྱོང་དེ་འཁོར་ཡུག་ཏུ་རྒྱུན་བརྟན་ཞིང་རྩོལ་བ་ཆེར་མི་དགོས་པར་གཉིད་ཀྱང་ཕལ་ཆེར་ཉམས་དང་འདྲེས་པས་སྒོམ་མེད་ཆེན་པོ་ཡིན་སྙམ་པའི་རློམ་པ་བྱུང་བ་ནི་རྩེ་གཅིག་ཆེན་པོ་ཉམས་ཀྱི་འཁོར་ཡུག་མའོ། །འདིའི་མཉམ་རྗེས་གནས་པ་མཉམ་བཞག །མི་གནས་པ་རྗེས་ཐོབ་ཨ་འཐས་སུ་འཆར་བས་རྗེས་ཐོབ་བཏགས་པ་བ་ཡིན། ཉམས་མྱོང་དེ་ཡུལ་མེད་དུ་རང་ངོ་ཤེས་པའི་ངེས་ཤེས་སྐྱེས་ན་ངོ་བོ་མཐོང་ཞིང་ཞི་ལྷག་ཟུང་འཇུག་སྟེ་རྣལ་འབྱོར་གྱི་མིང་ཐོབ། ངེས་ཤེས་མ་སྐྱེས་ན་ཞི་གནས་རྐྱང་པ་དང་གནས་པ་རྐྱང་པ་དེས་ལྷག་མཐོང་དང་རྣལ་འབྱོར་གྱི་མིང་མི་ཐོབ། ཞེན་མེད་ཀྱི་སྙིང་རྗེ་སྐྱེས་ན་གཟུགས་སྐུའི་ས་བོན་ཐེབས་པ་སྟེ་རང་སའི་འགྲོ་དོན་འབྱུང༌། གང་ཤར་ཉམས་དེའི་ངང་དུ་འགྲོ་ན་རྣམ་རྟོག་སྒོམ་དུ་ཤར། ཏིང་ངེ་འཛིན་དེའི་དྭངས་ཆ་ལ་རྒྱུ་འབྲས་རྟེན་འབྲེལ་ལ་ངེས་ཤེས་འདྲོང་ན་ཀུན་རྫོབ་ལ་རང་བྱན་ཚུད། མངོན་ཤེས་དང་རྫུ་འཕྲུལ་ཕྲ་མོ་དང༌། སངས་རྒྱས་བྱང་སེམས་ཀྱི་ཞལ་མཐོང་ལུང་སྟོན་པ་སོགས་ལམ་གྱི་རྟགས་ཤར་ན་ཡོན་ཏན་སྐྱེས། དེ་དག་མི་ལྡན་ན་རྩེ་གཅིག་རྒྱུད་ལ་སྐྱེས་ཀྱང་ཡོན་ཏན་རྒྱུད་ལ་མ་སྐྱེས་རྩལ་མ་རྫོགས། ཀུན་རྫོབ་ལ་རང་བྱན་མ་ཚུད། གཟུགས་སྐུའི་ས་བོན་

p. 322

མ་ཐེབས། རྣམ་རྟོག་སྒོམ་དུ་མ་ཤར། ངོ་བོ་མ་མཐོང་བས་རྩེ་གཅིག་མུན་པའི་དཀྱིལ་ན་འབྱམས་ཞེས་པའི་གོལ་ས་དང༌། གོལ་ས་དེ་ཆོད་ནས་སྔ་མའི་ཡོན་ཏན་དྲུག་པོ་བརྟན་ན། རྩེ་གཅིག་ཆུང་ངུས་དྲོད་ཆུང་ངུ་དང༌། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་ཚོགས་ལམ་བཞི་གསུམ་བཅུ་གཉིས་སོ། །རྩེ་གཅིག་འབྲིང་པོ་དྲོད་འབྲིང་པོ། སྦྱོར་ལམ་དྲོད་དང་རྩེ་མོ་སྟེ་དབང་པོ་ལྔ་དང་ལྡན་པའོ། །རྩེ་གཅིག་ཆེན་པོས་དྲོད་ཆེན་པོ་སྟེ། བཟོད་པ་ཆོས་མཆོག་སྟེ་སྟོབས་ལྔ་དང་ལྡན་པའོ། །སྤྲོས་བྲལ་ཆུང་ངུས་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས། ལམ་ལྔ་ལས་མཐོང་ལམ་སྟེ་སྡུག་བསྔལ་ཀུན་འབྱུང་ལམ་འགོག་སྟེ་བདེན་པ་བཞི་དང་དེ་ངོ་བོའམ་རྫས་གཅིག་ལ་བཟློག་པའམ་རྣམ་པ་བྱེད་ལས་ཐ་དད་དུ་དབྱེ་བས་ཤེས་བཟོད་ཡེ་ཤེས་སྐད་ཅིག་མ་བཞི་སྟེ་སྐད་ཅིག་བཅུ་དྲུག་དང་བྱང་ཆུབ་ཡན་ལག་བདུན་ཏེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོ། །སྤྲོས་བྲལ་འབྲིང་པོས་སེམས་རྩ་བ་དང་བྲལ་བར་རྟོགས། ཆེན་པོས་ཕྱི་ནང་གིས་སྒྲོ་འདོགས་རྦད་ཀྱིས་ཆོད། དེ་ལ་སེམས་སྟོང་པར་རྟོགས་ཀྱང་སྟོང་པ་རྒྱུ་འབྲས་སུ་འཆར་བའི་གནད་མ་རིག་ན། སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱེར། ཞེས་པའི་གོལ་ས་དང༌། ངོ་བོ་མ་མཐོང་རྩལ་མ་རྫོགས་པས་ཀུན་རྫོབ་ལ་རང་བྱན་མ་ཚུད། ཆོས་ལ་དམིགས་པའི་སྙིང་རྗེ་མ་སྐྱེས་ན་གཟུགས་སྐུའི་ས་བོན་མ་ཐེབས། ས་རབ་དགའ་དྲི་མེད་འོད་བྱེད་འོད་འཕྲོ་བ་སྦྱང་དཀའ་བ་མངོན་དུ་གྱུར་པ་སྟེ། དྲུག་པ་མན་གྱི་ཡོན་ཏན་མེད་ན་ཡོན་ཏན་མ་སྐྱེས་རྩལ་མ་རྫོགས་པའོ། །རོ་གཅིག་ཆུང་ངུས་འཁོར་འདས་གཅིག་ཏུ་འདྲེས། འབྲིང་པོས་གཟུང་འཛིན་གྱི་རྩ་བ་ཆོད། ཆེན་པོས་ཆོས་ཀུན་མཉམ་ཉིད་དུ་རྟོགས་པའོ། །རོ་གཅིག་ཤར་ཡང་ཆེན་པོར་མ་སླེབས་ན་རྩལ་མ་རྫོགས་

p. 323

དམིགས་མེད་སྙིང་རྗེ་མ་ཤར་ན་གཟུགས་སྐུའི་ས་བོན་མ་ཐེབས། དུ་མ་རོ་གཅིག་ཇི་ལྟ་བ་རྟོགས་ཀྱང༌། ཇི་སྙེད་མཁྱེན་པའི་རྟེན་འབྲེལ་མ་ཤར་ན། རོ་གཅིག་འདྲེས་པའི་རྦ་ལ་གཡེངས་ཤེས་པའི་གོལ་ས་དང༌། ངོ་བོ་མ་མཐོང་ཀུན་རྫོབ་ལ་རང་བྱན་མ་ཚུད་པ་དང༌། རིང་དུ་སོང་བ་མི་གཡོ་བ་ལེགས་པའི་བློ་གྲོས་རྣམས་ཀྱི་མཉམ་རྗེས་ཀྱི་རྟགས་མ་རྫོགས་ན་ཡོན་ཏན་མ་སྐྱེས་པའོ། །སྒོམ་མེད་ཆུང་ངུས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་རྟོགས། འབྲིང་པོས་ལྷུན་གྲུབ་ཀྱི་རང་ས་ཟིན། ཆེན་པོས་འོད་གསལ་མ་བུ་གཅིག་ཏུ་འདྲེས་པའོ། །ས་དང་པོ་མཐོང་ལམ་རྒྱུད་ལ་སྐྱེས་པ་ནས། སྒོམ་མེད་འབྲིང་ནམ་སྒོམ་ལམ་ས་བཅུ་སྟེ་ཆོས་ཀྱི་སྤྲིན་དང༌། མཉམ་བཞག་ཟག་མེད་ཀྱི་ཡེ་ཤེས་ཆེན་པོ་གཅིག་ལས་རྗེས་ཐོབ་ཟག་བཅས་འཕགས་ལམ་ཡན་ལག་བརྒྱད་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་འགྱུར་དུ་རིམ་པས་འབྱུང་ལ་ཀུན་ཏུ་འོད་པདྨ་ཅན་རྡོ་རྗེ་འཛིན་པ་བདེ་བ་ཆེན་པོའི་ས་དང་ལམ་ལས་མི་སློབ་པའི་ལམ་སྟེ། དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་དྲི་མ་ཕྲ་མོ་མ་དག་ན་སྒོམ་མེད་ཉི་མ་སྤྲིན་གྱིས་བཀབ་ཅེས་པའི་གོལ་ས་དང༌། ངོ་བོ་མ་མཐོང་རྩལ་མ་རྫོགས། ས་བཅུ་པ་ནས་བཅུ་བཞི་བདེ་བ་ཆེན་པོའི་བར་གྱི་སྤང་རྟོགས་ཀྱི་ཆེ་བ་མངོན་དུ་མ་གྱུར་ན་གཟུགས་སྐུའི་ས་བོན་མ་ཐེབས་ཡོན་ཏན་མ་སྐྱེས་ལ་སྐྱོན་དེ་དག་དང་བྲལ་ན་མི་སློབ་ལམ་སྟེ། ཡོན་ཏན་ཐམས་ཅད་རྫོགས་པས་འབྲས་བུ་མ་ནོར་བར་སངས་རྒྱས་ཀྱི་ས་མངོན་དུ་གྱུར་པའོ། །དེ་ལ་རྩེ་གཅིག་རྒྱུད་ལ་སྐྱེས་དུས་ཆོས་བརྒྱད་ཚེ་འདིའི་སྣང་བ་ཟིལ་གྱིས་གནོན་ནུས་པས་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་དང༌། གཉེན་པོའི་བཟུང་དྲན་གསང་སྤྱོད་ཀྱི་དུས་སྤྲོས་བྲལ་རྒྱུད་ལ་སྐྱེས་ནས་སྣང་བ་ཐམས་ཅད་བདེན་མེད་དུ་འཆར་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། ཡང་དག་

p. 324

ཤེས་དྲན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་དུས་རོ་གཅིག་རྒྱུད་ལ་སྐྱེས་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་ཚུད་པས་ཉན་རང་གི་ས་ལས་འདས་ཏེ། ཐེག་པ་ཆེན་པོར་ཡང་དག་པར་ཆུད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་འོང་དྲན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྤྱོད་པའི་དུས། སྒོམ་མེད་མངོན་དུ་གྱུར་ཚེ་ས་ལམ་མཐར་ཕྱིན་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ལྷུན་གྲུབ་མཁྱེན་དྲན་ཕྱོགས་ཀུན་ལས་རྣམ་པར་རྒྱལ་ཏེ་འབྲས་བུ་སྐུ་གསུམ་མངོན་དུ་གྱུར་པའི་དུས་སོ། །དེ་ལ་རྗེས་ཐོབ་མཚན་ཉིད་པ་མཉམ་བཞག་གི་ནུས་པས་རྗེས་སྣང་བ་སྒོམ་དེའི་ཤུགས་སུ་འཆར་བ་དང༌། རྗེས་ཐོབ་རྒྱ་ཡན་པ་ཐ་མལ་དུ་འཆར་བའོ། །རྗེས་ཤེས་སོ་སོའི་མཉམ་བཞག་དེའི་བྱིན་རླབས་ཀྱིས་ཤེས་པ་སྔར་གྱི་ཐ་མལ་པ་དང་མི་འདྲ་བ་དང༌། སྣང་བ་ཡང་སྔར་དང་ཅུང་མི་འདྲ་བས་རྗེས་སྣང་ཞེས་བྱ། རྗེས་ཐོབ་རྗེས་ཤེས། རྗེས་སྣང་རྣམས་སྔར་ལུགས་སུ་འཆར་ན་མཉམ་བཞག་རྩལ་ཆུང་བས། རྗེས་བྱིན་གྱིས་བརླབ་མ་ནུས་པ་སྟེ། ཐ་མལ་བླུན་སྐད་ལའང༌། མཉམ་པར་ཨེ་བཞག་རྗེས་ལ་ལྟོས། ཞེས་པ་ལྟ་བུའོ། །དེ་ལ་རྩེ་གཅིག་ལ་རང་སའི་མཉམ་རྗེས་ལས་མཉམ་རྗེས་མཚན་ཉིད་པ་མེད། རྗེས་ཐོབ་ཨ་འཐས་སུ་འཆར། ས་མཚམས་གནས་མི་གནས་ཀྱིས་འབྱེད། དཔེ་མིས་ཕྱིན་ཤུལ་ཁྱི་རྗེས་བྱུང་བ་དང་འདྲ། སྤྲོས་བྲལ་མཉམ་རྗེས་གཉིས་སུ་འབྱེད། རྗེས་ཐོབ་སྒྱུ་མར་འཆར། ས་མཚམས་དྲན་མ་དྲན་གྱིས་འབྱེད། རོ་གཅིག་མཉམ་རྗེས་གཅིག་ཏུ་འདྲེས། རྗེས་ཐོབ་སྟོང་པར་འཆར། ས་མཚམས་སྟོང་ཞེན་དག་མ་དག་གིས་འབྱེད། སྒོམ་མེད་རྟོག་པ་འབའ་ཞིག་ཡིན་པས་མཉམ་རྗེས་མེད། ཆེ་འབྲིང་ཆུང་གསུམ་རྟོགས་པ་བརྟན་མི་བརྟན་གྱི་གནས་འབྱེད། མཉམ་བཞག་ཕུང་པོ་ལྔ་བྲལ་དང་རྗེས་ཐོབ་ཚོགས་བརྒྱད་འདག་ཚུལ་ནི། རྩེ་

p. 325

གཅིག་གི་དུས་སུ་གཟུགས་ཀྱི་ཕུང་པོ་དང་བྲལ། སྒོ་ལྔའི་རྣམ་པར་ཤེས་པ་འདག །སྤྲོས་བྲལ་དུས་སུ་ཚོར་བ་འདུ་ཤེས་ཀྱིས་ཕུང་པོ་དང་བྲལ་ཡིད་ཀྱི་རྣམ་ཤེས་འདག །རོ་གཅིག་གི་དུས་སུ་འདུ་བྱེད་ཀྱི་ཕུང་པོ་དང་བྲལ་ཉོན་མོངས་པ་ཅན་གྱི་ཡིད་འདག །སྒོམ་མེད་ཀྱི་དུས་སུ་རྣམ་ཤེས་ཀྱི་ཕུང་པོ་བྲལ་ཀུན་གཞིའི་རྣམ་པར་ཤེས་པ་འདག །དེ་ལ་འདག་ཅེས་པ་མེད་པར་སོང་བ་ནི་མིན། གཟུང་འཛིན་གྱི་དྲི་མ་འདག་པའོ། །རྩེ་གཅིག་གི་དུས་རྒྱུ་འབྲས་ཨ་འཐས་སུ་འཆར། སྤྲོས་བྲལ་དུས་སྒྱུ་མ། རོ་གཅིག་དུས་ནམ་མཁའ་ལྟ་བུ། སྒོམ་མེད་དུས་གཞི་མེད་རྟེན་ཅིང་འབྲེལ་འབྱུང་དུ་མཁྱེན་པའོ། །རྩེ་གཅིག་དུས་སེམས་ཀྱི་ངོ་བོ་རྟོགས། སྤྲོས་བྲལ་དུས་རང་བཞིན་རྟོགས། རོ་གཅིག་དུས་མཚན་ཉིད་རྟོགས། སྒོམ་མེད་རྟོགས་པ་འཁོར་ཡུག་མའོ། །དེ་དག་མདོ་རྒྱུད་བསྟན་བཅོས་མན་ངག་ཚད་མའི་དགོངས་པ་ཡིན་ཀྱང༌། དྭགས་པོ་རིན་པོ་ཆེས་གསལ་བར་མཛད་པས་རྟོགས་པའི་ཆོས་སུ་བྱེད། རྗེ་དྭགས་པོ་སྒོམ་ཚུལ་གྱིས་ཞིབ་ཏུ་ཞུས་པའི་ལན་ཞལ་གདམས་མ་ཞེས་གྲགས། དཔལ་ཕག་མོ་གྲུ་པས་བཞི་གསུམ་བཅུ་གཉིས་སུ་དབྱེ་བ་མཛད། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས། ངོ་བོ་མཐོང་མ་མཐོང༌། རྣམ་རྟོག་སྒོམ་དུ་ཤར་མ་ཤར། རྩལ་རྫོགས་མ་རྫོགས། གཟུགས་སྐུའི་ས་བོན་ཐེབ་མ་ཐེབ། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད། ཡོན་ཏན་སྐྱེས་མ་སྐྱེས་དྲུག་གིས་ཕྲ་ཞིབ་འབྱེད་པ་དང༌། ལྕགས་ཀྱུ་འཇའ་ཚོན་བདག་མེད་པ་སྟེ་རྩེ་གཅིག་དུས་ཀྱི་སྒོམ་གསུམ་དང༌། ཕྱོགས་རེ་རེས་འཇོག་མ་དེ་སྤྲོས་བྲལ་དུས་ཀྱི་སྒོམ་གཉིས་དང༌། འཁོར་ཡུག་མ་རོ་གཅིག་ཆེན་པོའི་དུས་ཞེས་བཞེད། རྒྱལ་བ་འབྲི་གུང་པ་སྤྲོས་བྲལ་ཆེན་པོ་ས་དྲུག་སྟེ། ཉན་རང་དང་མངོན་རྟོགས་མཐུན་པར་བཞེད། རོ་གཅིག་ཆུང་ངུས་ས་བདུན། འབྲིང་པོས་ས་བརྒྱད། ཆེན་པོས་

p. 326

ས་དགུར་བཞེད། སྒོམ་མེད་ཆེ་འབྲིང་ཆུང་གསུམ་གྱི་ས་བཅུ་པ་དང་བཅུ་གཅིག་པ་སྟེ་གཙོ་བོར་མདོ་དང་དགོངས་པ་བསྟུན་ཏེ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བཞེད་པ་དང༌། བཅུ་པ་སྒོམ་ལམ་དུ་བྱས། བཅུ་གཅིག་བཅུ་གཉིས་བཅུ་གསུམ་བཅུ་བཞི་རྣམས་མི་སློབ་ལམ་སངས་རྒྱས་སྐུ་གསུམ་གྱི་སར་གསང་སྔགས་རྡོ་རྗེ་ཐེག་པ་དང་སྒོ་བསྟུན་ཏེ་སྐྱེས་མཆོག་འབའ་ར་བའི་བཞེད་པ་ཡིན། འབྲས་བུ་ནི་དམ་པ་སྐུ་གཉིས། མཆོག་གི་དང་པོ་སྐུ་གསུམ་དང༌། དེ་ལས་དབྱེ་བས་སྐུ་བཞི། སྐུ་ལྔ་སྐུ་དྲུག་སོགས་རྣམ་དབྱེ་མང་དུ་གསུངས་མོད། དེ་ལ་སྤྲུལ་སྐུའི་ཡེ་ཤེས་མཁྱེན་པ་གཉིས་ལྡན། ལོངས་སྐུའི་ཡེ་ཤེས་ལྔ་ལྡན། ཆོས་སྐུ་ཡེ་ཤེས་གསུམ་ལྡན་ཟེར་ཡང༌། སངས་རྒྱས་ཕྱིན་སྐུ་གསུམ་དབྱེར་མེད་ངོ་བོ་གཅིག་པས་དྲང་དོན་དུ་དབྱེ་བ་བསྟན་པ་ཙམ་མོ། །དེ་ལ་ཡོན་ཏན་སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་ཆོས་སྐུ་གཙོ་ཆེ་བའི་ཡོན་ཏན་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། གཟུགས་སྐུ་གཙོ་ཆེ་བའི་ཡོན་ཏན། ཐུན་མོང་དུ་ཁ་སྦྱོར་གྱི་ཡོན་ཏན་ཡན་ལག་བདུན། བྱང་ཆུབ་ཀྱི་ཡོན་ཏན་བརྒྱད། མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ། མདོར་ན་སངས་རྒྱས་བྱང་ཆུབ་བཅོམ་ལྡན་འདས་ཏེ་བརྗོད་ཀྱིས་མི་ལོང་ཞིང་ཚད་བཟུང་མེད་པའི་ཡོན་ཏན་རྫོགས་པ་སྟེ། མཆོག་གི་དངོས་གྲུབ་འབྲས་བུ་ཕྱག་རྒྱ་ཆེན་པོ་དཔལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་གྱུར་པའོ། །སྤྱན་ལྔ་མི་ལྡན་མངོན་ཤེས་དྲུག་མ་ཐོབ། །གནས་ལྔ་མ་རིག་སྤང་རྟོགས་རྩལ་མ་རྫོགས། །སྒྲུབ་པའི་རྟགས་མེད་ཡིད་སྨོན་གོ་ཡུལ་མཁན། །རྒོད་ཚང་རས་སོགས་སྣ་ཚོགས་མིང་ལྡན་པ། །མལ་པའི་རྣལ་འབྱོར་ཁོ་བོ་བདག་འདྲ་ཡིས། །འཆད་རྩོད་རྩོམ་སོགས་མཁས་པའི་བྱ་བ་ལ། །འཇུག་པའི་
འོས་མིན་ནུས་པ་མ་མཆིས་ཀྱང༌། །སྔོན་སྦྱངས་སྐྱེ་དྲན་སྐྱེས་སྦྱངས་བློ་གྲོས་ལྡན། །དམ་པའི་རིགས་ངེས་ཙཱ་རི་སྐུ་སྐྱེ་ཞེས། །སྐྱེས་བུ་མཆོག་གིས་ནན་ཆེར་བསྐུལ་བའི་ངོར། །རང་གི་གོ་ཡུལ་མདོ་ཙམ་ཡི་གེར་བཀོད། །ནོར་འཁྲུལ་མཆིས་ན་མཁས་གྲུབ་རྣམས་ལ་བཤགས། །དེ་ལས་བྱུང་བའི་དགེ་ཚོགས་དཔག་མེད་ཀྱིས། །མཁའ་མཉམ་འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །སླར་ཡང༌། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་ཞིབ་པར་བརྟགས་ཤིང་དཔྱད་དེ་སྡེབ་སྐྱོན་ཕྲ་མོའང་བསལ་ཡོད་པས་ཤིན་ཏུ་དག་པ་ཡོད། སུས་ཟེར་ན་ཁོ་བོ་དྲུང་ཡིག་རས་པས་དགེ་སྦྱོར་སྐྱོང་མ་ནུས་པའི་སྐབས་སུའོ། །

ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་རིམ་པ་སྙིང་པོ་དོན་གྱི་གཏེར་མཛོད། ཡང་དགོན་པ།

p. 327

༄༅། །ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་རིམ་པ་སྙིང་པོ་དོན་གྱི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཤྲཱི་བཛྲ་ཡོ་གི་ནི། གཉིས་མེད་རང་བཞིན་ཕྱག་རྒྱ་ཆེན་པོའི་གནས། །སངས་རྒྱས་ཆོས་དང་དགེ་འདུན་དེའི་རང་བཞིན། །རྡོ་རྗེ་འཆང་ཆེན་དབྱེར་མེད་ས་ར་ཧ། །ཀླུ་སྒྲུབ་ཡབ་སྲས་རི་ཁྲོད་རྗེས་འབྲངས་དང་། །བྲམ་ཟེ་བཟང་པོ་དཔལ་ལྡན་ཏོག་ཙེ་པ། །དབང་ཕྱུག་མི་ལ་དྭགས་པོ་ཡབ་སྲས་ལ། །ཕྱག་བཟང་པོ་ཡིས་བཏུད་དེ་གསུང་འདི་བཀོད། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེས་བྱིན་གྱིས་བརླབས་ཤིང་དེ་དང་གཉིས་སུ་མེད་པ། མཆོག་གི་བྱིན་རླབས་ཀྱིས་ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་བྲམ་ཟེ་ཆེན་པོ་ས་ར་ཧ་ཡིན་ཏེ། བསྟན་པ་

p. 328

འདི་ལ་རྡོ་རྗེ་ཐེག་པའི་སྒོ་ནས་གྲུབ་པ་བརྙེས་པ་ལ་སྔ་བའི་གྲུབ་ཆེན་བརྒྱད་ཅུའི་སྤྱི་མེས་ཆེན་པོ་ཡིན་ནོ། །དེའི་བརྒྱུད་པ་འཛིན་པ་ཀླུ་སྒྲུབ་ཡབ་སྲས་སམ། རི་ཁྲོད་རྗེ་འབངས་སམ། བྲམ་ཟེ་བཟང་པོའི་ཞབས་སམ། ཏོག་ཙེ་པ་ལ་སོགས་པ་ཡིན་ཏེ། དེའང་འཛམ་བུའི་གླིང་ན་ཕྱག་རྒྱ་ཆེན་པོ་ཞེས་གྲགས་ཤིང་། སྙིང་པོ་དོན་གྱི་བརྒྱུད་པ་འཛིན་པ་ཐམས་ཅད་ཀྱི་བརྒྱུད་པའི་ཆུ་མགོ་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་མ་ཐུག་པ་མེད་པ་ཡིན་ནོ། །དེ་ཉིད་ནས་དོན་གྱི་བརྒྱུད་པ་དང་བྱིན་རླབས་ཀྱི་འཕོ་བ་གཉིས་སུ་མེད་པའི་ཡེ་ཤེས་ཆིག་བརྒྱུད་ཟམ་མ་ཆད་པའི་བཀའ་བབས་ཤིང་བཅུད་འདུས་པ་ནི་ཚེ་གཅིག་ལུས་གཅིག་ལ་མཆོག་གི་དངོས་གྲུབ་བརྙེས་པའི་དབང་ཕྱུག་བཞད་པ་རྡོ་རྗེ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཡིན་ལ། དེའི་ཐུགས་སྲས་རྣམས་ཀྱི་ནང་ནས་མཆོག་དང་གཙོ་བོར་གྱུར་ཅིང་ལུང་བསྟན་མང་དུ་ཐོབ་པ་ནི་རྗེ་དྭགས་པོ་རིན་པོ་ཆེ་ཡིན་ཏེ། ཐུབ་པ་ཆེན་པོ་ཉིད་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཅིང་། ཁྱད་པར་དུ་ཏིང་འཛིན་རྒྱལ་པོའི་མདོ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསལ་བར་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ། ལྔ་བརྒྱ་པའི་དུས་སུ་ཚད་མེད་པའི་ཐུགས་རྗེས་དགེ་སློང་འཚོ་བྱེད་ཀྱི་མིང་ཅན། འཇིག་རྟེན་གསུམ་དུ་གྲགས་པའི་དྭགས་པོ་ལྷ་རྗེ་ཞེས་བྱ་བ་བྱོན་ནས། གསང་བ་བླ་ན་མེད་པའི་སྙིང་པོ་བྱིན་རླབས་མངོན་སུམ་གྱི་ལམ། ཡི་གེ་མེད་པའི་དོན་གྱི་བརྒྱུད་པ་གོལ་ས་མེད་པ་གཅིག་ཆར་བའི་ལམ་ནས་སྐལ་བ་ལྡན་པ་དཔག་ཏུ་མེད་པ་ཁྲིད་ཅིང་། སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོ་ལྟ་བུ་མཛད་དེ། དོན་གྱི་བརྒྱུད་པ་ཡེ་ཤེས་ཀྱི་སྒྲོན་མེ་ཕྱོགས་བཅུར་སྤར་ནས། ལྷ་དང་བཅས་པའི་འགྲོ་བ་དཔག་ཏུ་མེད་པ་ཕྱིར་མི་ལྡོག་པའི་ས་ལ་འགོད་པ་ཡིན་ནོ། །དེའི་ཁྲིད་ཀྱི་རིམ་པ་ནི་ལྷན་ཅིག་སྐྱེས་སྦྱོར་བྱ་བ་ཡིན། དེའི་

p. 329

ཉམས་རྟོགས་ཀྱི་ཤན་འབྱེད། ས་ལམ་གྱི་ཚད་འཛིན། རྣལ་འབྱོར་བཞིའི་ལམ་གྱི་རིམ་པ་འདི་ཡིན། རྣལ་འབྱོར་བཞིའི་ཆོས་སྐད་འདི་རྣམས་རྒྱུད་སྡེ་རྣམས་ནས་ཐ་སྙད་དངོས་སུ་གསུངས་པ་ཡང་ཡོད་ཅིང་། དོན་ཇི་ལྟ་བ་བཞིན་དུ་བཞུགས། དེས་ན་རྒྱུད་སྡེའི་དགོངས་དོན་དབང་ཕྱུག་བཞད་པ་རྡོ་རྗེའི་ཐུགས་རྒྱུད་ལ་གཅིག་ཆར་དུ་འཁྲུངས་པ། ཁྱད་པར་གྱི་ཆོས། དྭགས་པོ་རིན་པོ་ཆེའི་རྟོགས་ཆོས་ཡིན་ཏེ། དེའི་བརྒྱུད་པ་འཛིན་པའི་བུ་ཆེན་རི་བོ་ལྟ་བུ་མཐའ་ཡས་པ་བྱོན་པས། དགོངས་པ་བཀོད་ལུགས་ཀྱི་བཞེད་པ་མང་པོ་ཞིག་བྱུང་འདུག །དེ་རྣམས་ཀྱི་ནང་ནས་དབོན་པོ་དྭགས་པོ་སྒོམ་ཆུང་ལ་ཁྱད་པར་གྱི་ཆོས་སུ་གནང་བ། རྣལ་འབྱོར་བཞིའི་ཞལ་གདམས་མ་བྱ་བ་འདི་ལ་མཐིལ་བྱས་ནས། དཔལ་ཕག་མོ་གྲུ་པའི་ཡང་དགོངས་དོན། འཇིག་རྟེན་མགོན་པོ་འབྲི་ཁུང་པ་དང་། ཞང་རིན་པོ་ཆེ་དང་། འགྲོ་མགོན་རྒྱ་རས་གསུམ་གྱི་དགོངས་པ་གུང་སྲོང་བ། རང་གི་མྱོང་བ་འཐད་ལྡན་ཕྱོགས་གཅིག་ཏུ་སྡེབས་པའི་ཞལ་གདམས་ཤིག་བྲི་བར་བྱའོ། །དེ་ལ་དང་པོ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་རང་གི་ངོ་ཤེས་དགོས་ཏེ། དེ་ཡང་དེ་བཞིན་གཤེགས་པའི་མདོ་རྒྱུད་དང་། སྔོན་གྱི་གྲུབ་ཐོབ་རྣམས་ཀྱི་གདམས་ངག་ལས། ཕྱག་རྒྱ་བཞིའི་རིམ་པ་གསུངས་ཏེ། ཕྱག་རྒྱ་གསུམ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པས། འདིར་དེའི་ཁྲིད་ཀྱི་རིམ་པ་ལ་ཕྱག་རྒྱ་གསུམ་གྱི་རིམ་པ་དོན་གྱིས་ཚང་ཞིང་བྱིན་རླབས་ཀྱི་མཐུས། ཐབས་ཁྱད་པར་ཅན་གྱིས་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་པར་མཛད་པས་གཅིག་ཆར་བའི་ལམ་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། འགའ་ཞིག་ཕྱག་སྣང་བ། རྒྱ་སྟོང་པ། ཆེན་པོ་ཟུང་འཇུག་ཟེར་ཏེ་ཆོས་ཀྱི་ཕྱག་རྒྱའི་སྐད་ཡིན། ཕྱག་རྒྱ་ཆེན་པོའི་རང་སྐད་མ་ཡིན། གསལ་སྟོང་གི་སྐད་ཐམས་ཅད་དམ་ཚིག་གི་ཕྱག་རྒྱའི་སྐད་ཡིན།

p. 330

བདེ་སྟོང་གི་སྐད་ཐམས་ཅད་ལས་ཀྱི་ཕྱག་རྒྱའི་སྐད་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ནི་བྲམ་ཟེ་ཆེན་པོ་ས་ར་ཧའི་བཞེད་ཀྱིས། རྐྱེན་གསུམ་དང་བྲལ་བ། དགའ་བ་བཞི་ལས་འདས་པ། འོད་གསལ་ལས་ཁྱད་པར་དུ་གྱུར་པ་གཅིག་བཞེད་པས། ཕྱག་རྒྱ་ཆེན་པོ་བདེ་བའི་རྐྱེན་ལ་མི་ལྟོས། གསལ་བའི་རྐྱེན་ལ་མི་ལྟོས། མི་རྟོག་པའི་རྐྱེན་ལ་མི་ལྟོས་པས་རྐྱེན་གསུམ་ལ་མི་ལྟོས་པའོ། །དགའ་བ་བཞི་ལས་ལྷན་ཅིག་སྐྱེས་པའི་དགའ་བ་ནི། བླ་མས་བསྟན་དུ་ཡོད་ལ། སློབ་མས་གོ་རུ་ཡོད་པས་མཚོན་བྱ་མཚོན་བྱེད་དང་བཅས་པའི་དཔེའི་ཡེ་ཤེས་ཡིན། ཕྱག་རྒྱ་ཆེན་པོ་ནི་བླ་མས་བསྟན་དུ་མེད། སློབ་མས་གོ་རུ་མེད། ཉམས་དང་མྱོང་བས་མ་སྦགས། རྟོགས་པ་དང་ངེས་ཤེས་ཀྱིས་མ་བསླད། ལྟ་སྒོམ་སྤྱོད་པས་མ་ཕྱེ། གཞི་ལམ་འབྲས་བུའི་རིས་སུ་མ་བཅད་པའི། འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་འདི་དག་ཐམས་ཅད་ལ་བསལ་བཞག་གམ། བཅིང་གྲོལ་ལམ། གཉེན་པོས་བཟོ་གཅིག་ཀྱང་མ་བྱས་པ་རང་སར་རང་ངོ་ཤེས་ཤིང་རང་གྲོལ་བ་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན་ནོ། །འོད་གསལ་ནི་སྣང་མེད་སྤྲོས་བྲལ་ཡིན་ལ། ཕྱག་རྒྱ་ཆེན་པོ་ནི་སྣང་རིག་སོ་མ། སྤྲོས་པ་རང་གྲོལ་བ་ཡིན་པས་འོད་གསལ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །དེ་ལ་ལྷ་སྐུའམ། འོད་གསལ་ལམ། སྟོང་པའམ། བདེ་བའམ། མི་རྟོག་པ་ལ་སོགས་པའི་དམིགས་གཏད་དམ་སྐྱེད་ཡོད་རྒྱུ་གཅིག་ཀྱང་མེད་པར། ལྷ་སྐུ་ཡིན་མོད། འདྲེ་སྐུ་ཡིན་མོད། བདེ་བ་ཡིན་མོད། སྡུག་བསྔལ་ཡིན་མོད། སྣང་བ་ཡིན་མོད། སྟོང་པ་ཡིན་མོད། འོད་གསལ་ཡིན་མོད། མཚན་མ་ཡིན་མོད། རྟོག་པ་ཡིན་མོད། མི་རྟོག་པ་ཡིན་མོད། གང་ཡིན་ཡང་དགག་སྒྲུབ་གཅིག་ཀྱང་མ་བྱས་པར་རང་སར་རང་གིས་ཆོག་པ་དེ་ཡིན་ནོ། །དེ་ལ་བསལ་བཞག་གམ། བཅོས་བསླད་ཇི་ལྟར་བྱུང་ཡང་རྣམ་པ་ཡིན། ཉམས་ཡིན། མཚན་མ་

p. 331

ཡིན། དམིགས་པ་ཡིན་ནོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་སྒྲ་དོན་ནི། སཾ་ཀྲི་ཏའི་སྐད་དུ་མ་ཧཱ་མུ་དྲའི་སྒྲ་ལས་དྲངས་ན། མི་འདའ་བའམ། མི་ཕྱེད་པའམ། མི་རྟོག་པ་ལ་འཇུག་སྟེ། དེ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རང་ས་ན་སོ་མ་ཉམས། མདོག་མ་འགྱུར་གཟུགས་མ་བརྗེས་པར། དུས་གསུམ་དུས་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་ལོགས་སམ། དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །དེ་ཡང་ཤེས་པ་སྐད་ཅིག་མའི་ཐོག་ཏུ་ཕྱོགས་གཅིག་ལ་སྦྱར་ན། རྣམ་པར་རྟོག་པ་གཅིག་ཐོལ་སྐྱེས་པའི་དུས་ན། རྣམ་རྟོག་དེ་ལ་དགག་སྒྲུབ་གཅིག་ཀྱང་མ་བྱས་པར་རྣམ་རྟོག་ཐོལ་ལེ་བ་དེ་རང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དངོས་གཞིར་འདུག་ལ། དེ་རྟོགས་རུང་མ་རྟོགས་རུང་དེ་ལས་མི་གཡོ་མི་འདའ་བས་ཕྱག་རྒྱ། རྣམ་རྟོག་དེ་ལས་ལོགས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ། སངས་རྒྱས་ཀྱི་དགོངས་པ་ཞེས་བཙལ་དུ་མེད་པས་ཆེན་པོའོ། །དེ་ལྟར་ཡང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་ཆུད་པ་སྟེ། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །ཞེས་དང་། བྲམ་ཟེ་ཆེན་པོ་ཉིད་ཀྱིས། དོན་དམ་པ་ཡི་རིག་པ་ལ། །ཀྱེ་ལགས་དབང་པོ་ལྟོས་ཤིག་དང་། །ངས་ནི་འདི་ལས་མ་རྟོགས་སོ། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཞེས་དང་། དཔལ་ལྡན་ཏོག་ཙེ་ཞབས་ཀྱིས། བསམ་མི་ཁྱབ་ལས། མིག་གི་དབང་པོས་བལྟས་པ་ལས། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་པ་ལ་སོགས་པའི་དོན་ཡིན་ནོ། །དེ་ལྟར་གང་ཤར་རུང་། ཇི་ལྟར་སྣང་རུང་། རྟོགས་རུང་། འཁྲུལ་རུང་། གནས་རུང་། འགྱུས་རུང་། ཇི་ལྟར་སོང་ཡང་ཕྱག་རྒྱ་ལས་འདའ་ས་མེད་ཅིང་། ཆེན་པོ་ལས་དབུལ་ས་མེད་པས་

p. 332

ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལས་ཡེངས་སུ་ཡེངས་ས་མེད་ལ། སངས་རྒྱས་ནས་སེམས་ཅན་གྱི་བར་གྱི་སྣང་བ། ཐ་ན་མནར་མེད་པའི་དམྱལ་བ་ན་བསྲེག་པའི་དུས་ན་ཡང་། དམྱལ་བའི་སྣང་རིག་དེ་ཀ་སོ་མ་ཉམས་པར་སྐུ་གསུམ་གྱི་ངོ་བོར་ཀྲོང་ངེ་འདུག་པས་འཁྲུལ་དུ་འཁྲུལ་ས་མེད་ཅིང་། དངོས་པོའི་ཆོས་སུ་མ་སྐྱེས། དངོས་མེད་ཀྱི་ཆོས་སུ་མ་འགགས། ཐ་དད་ཀྱི་ཆོས་ལ་མི་གནས། རྟག་ན་རྟག་ཐོག་ཏུ་མཐའ་བརྒྱད་རང་གྲོལ། ཆད་ན་ཆད་ཐོག་ཏུ་མཐའ་བརྒྱད་རང་གྲོལ་ཏེ། གཅིག་མཐའ་གཅིག་གིས་བཀག་པའི་མཐའ་ཡེ་གྲོལ་ལ་གོལ་ས་མེད། དེ་ལྟར་རང་ངོ་མ་ཤེས་པར་གཟུང་འཛིན་ལ་ཡང་དག་ཏུ་ཞེན་པས། ཡེངས་པའམ། འཁྲུལ་པའམ། གོལ་ས་ལ་སོགས་པ་ཐམས་ཅད་ཀུན་བརྟགས་ཀྱི་བློ་ངོ་ཡིན་ནོ། །ཡིད་ལ་མི་བྱེད་པ་ཞེས་པའི་དོན་ནི། སཾ་ཀྲི་ཏའི་སྐད་དུ། ཨ་མ་ན་སི་སི་ཀ་ར་ཞེས་བྱ་སྟེ། ཡི་གེ་བདུན་པོ་འདིའི་སྒྲ་ལས་དྲངས་ན། ཨ་མ་ན་ཡིད། སི་སི་ཀ་ར་བྱེད་པ་ཡིན་ལ། དེ་ཨ་ཡིས་བཀག་པས། དེ་ལྟར་ན་ཡིད་ལ་བྱེད་པ་མེད་པ་ཞེས་བྱ་སྟེ། ཡིད་ལ་མི་གནས་པའམ། ཡིད་ལས་གྲོལ་བའམ། ཡིད་ལས་འདས་པ་ཞེས་པ་ལ་འཇུག་ལ། དེ་ཡིད་ལ་མི་གནས་པ་ཞེས་བསྒྱུར་ན་སྒྲ་དོན་གོ་བདེ་བ་ལ། ཡིད་ལ་མི་བྱེད་པ་ལ་འཁྲུལ་གཞི་བྱུང་ནས། ཡིད་ཀྱིས་ཡུལ་བྱས། རྣམ་རྟོག་དང་ཀུན་རྟོག་གིས་ཡུལ་ཅན་བྱས་ནས། དེ་གཉིས་ཀྱིས་དེ་ཡིད་ལ་མི་བྱེད་པ་ལ། ཡིད་ལ་མི་བྱེད་པ་ལྟར་གོ་ནས། ཡིད་ལ་མི་བྱེད་པ་རང་ཡིད་ལ་བྱེད་པར་སོང་བ་ཡང་འདུག་གོ །འདིའི་དོན་ནི། ཀུན་གཞི་དང་སྒོ་ལྔར་ཇི་ལྟར་ཤར་ཡང་རྟོག་མེད་དུ་རང་གསལ་བ་ཕྱག་རྒྱ་ཆེན་པོའི་རང་གཤིས་ཡིན་ནོ། །དེ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཀུན་གཞི་ལ་ཁ་ནང་དུ་བལྟས་ཏེ་བདག་ཏུ་བཟུང་། ཡིད་ཤེས་ཀྱིས་སྒོ་ལྔ་ལ་ཕྱི་རུ་བལྟས་ཏེ་རིས་སུ་བཅད། དེ་ལྟར་

p. 333

ཡིད་གཉིས་ཀྱི་གཟུང་འཛིན་ནི་འཁོར་བའི་ཆོས་ཏེ་བཟང་ངན་གྱི་འཛིན་པ་ཐམས་ཅད་ཡིད་ཡིན་ལ། དེ་ལས་འདས་ཤིང་མི་གནས་པས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །དེ་ཡང་ལྟ་བ་ཟུང་འཇུག་གམ། མཉམ་ཉིད་དམ། ཕྱོགས་མེད་དམ། སྣང་སྟོང་དབྱེར་མེད་ལ་སོགས་པ་ཇི་ཙམ་ཟད་སར་སྐྱོལ་ཞིང་མཐའ་དང་བྲལ་བ། མཐོན་པོ་དང་ཆེན་པོར་མིང་ཇི་ལྟར་བཏགས་ཀྱང་། རྣམ་དཔྱད་དང་ཡོངས་དཔྱོད་ཀྱི་ཕྱོགས་འཛིན་སྤུ་རྩེ་ཙམ་ཞིག་འདུག་ན་ཡིད་བྱེད་ཀྱི་ལྟ་བ་ཡིན། ཕྱག་རྒྱ་ཆེན་པོ་མ་ཡིན། སྒོམ་པའི་ཁྱད་པར་བློ་འདས་སམ། དམིགས་མེད་དམ། རྩ་བྲལ་ལམ། ཟང་ཐལ་ལ་སོགས་པ་ཇི་ལྟར་བཟང་ཞིང་ཡངས་པར་མིང་བཏགས་ཀྱང་། མྱོང་བའམ། ངེས་ཤེས་ཀྱི་གཏད་སོ་སྤུ་རྩེ་ཙམ་ཞིག་འདུག་ན་ཡིད་བྱེད་ཀྱི་སྒོམ་པ་ཡིན། ཕྱག་རྒྱ་ཆེན་པོ་མ་ཡིན། ད་ལྟར་གྱི་སྣང་རིག་སོ་མ་འདི་ལ་ཆོས་སྐུའམ། ཡེ་ཤེས་སམ། བདེ་ཆེན་ནམ། བསལ་བཞག་གམ། བྲལ་ཐོབ་ཀྱི་གཉེན་པོས་བཅོས་རྒྱུའམ། སྤང་རྒྱུའམ། འདག་རྒྱུའམ། ཐོབ་རྒྱུའམ། སྐྱེད་དབྱུང་རྒྱུ་སྤུ་རྩེ་ཙམ་ཞིག་འདུག་ན་ཡང་ཡིད་བྱེད་ཀྱི་སྤྱོད་པ་ཡིན། ཡིད་བྱེད་ཀྱི་འབྲས་བུ་ཡིན། ཕྱག་རྒྱ་ཆེན་པོ་རྟོགས་པ་མ་ཡིན། མཻ་ཏྲི་པས། སེམས་ཉིད་མ་བཅོས་ཆོས་ཀྱི་སྐུ། །སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་འོང་སེམས་ཅན་སྤྲུལ་པའི་བདག །དམ་པ་དག་ལས་རྟོགས་པའོ། །ཞེས་དང་། སྟུག་པོ་བཀོད་པ་ལས། སེམས་ཉིད་བདེ་སྟོང་ལྷན་ཅིག་སྐྱེས། །འོག་མིན་གཙང་མའི་གནས་མཆོག་གོ །ཞེས་པ་ལྟར། འདི་ནི་སྒྲ་ཇི་བཞིན་པ་མ་ཡིན་པས་དོན་ཐུན་མོང་མ་ཡིན་པ་གཏན་ལ་འབེབས་པ་སྟེ། དེ་རྣམས་ལས་འདས་ཤིང་མི་གནས་པ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འཛིན་ཅིང་འདོད་ན་ཡང་ཕྱག་རྒྱ་ཆེན་པོ་མ་ཡིན་ནོ། །སྨྲ་ཚད་ཕྱོགས་འཛིན། བསམ་ཚད་རྟོག་པ་ཡིན་པས། རྒྱལ་བ་སྲས་དང་བཅས་པ་རྣམས་

p. 334

ཀྱིས་ཀྱང་། བསམ་གྱིས་མི་ཁྱབ་པའམ། ཟབ་པའམ། དབེན་པའི་དོན་ཞེས་པ་ལས། ཕྱོགས་གཅིག་ཏུ་འདི་ཡིན་ཞེས་གསུང་དུ་མ་བཏུབ་པས་ཚིག་གི་ལམ་ཆད་པ་ཡིན་ནོ། །མདོར་ན་ཐ་མལ་གྱི་ཤེས་པ་སུས་ཀྱང་བཟོ་མ་བྱས་པའི་ཨཾ་སོ་རེ་བ་འདི། ཁོ་རང་གིས་ཁོ་རང་ངོ་ཤེས་པ་དེ་ལ་ཕྱག་རྒྱ་ཆེན་པོའི་དགེ་སྦྱོར་སྐྱེས་པ་ཟེར་བ་ཡིན་ནོ། །འདི་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱས་ན་ཆོས་སྐད་ཡིན། ཐ་མལ་གྱི་ཤེས་པ་རྗེན་པ་བྱས་ན་ཀུ་སུ་ལུའི་བླུན་གཏམ་ཡིན། དོན་ལ་འདྲ་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་རང་ངོ་དེ་རིག་ཐོག་ཏུ་རྡོ་རུས་ཤིག་མ་ཐུག་ན། ཉམས་རྟོགས་ཀྱི་དབྱེ་བ་དང་། རྣལ་འབྱོར་བཞིའི་རིམ་པ་ལ་སོགས་པའི་བཤད་ཤོད་ཇི་ལྟར་བྱས་ཀྱང་། གོ་ཡུལ་བན་བུན་ལས་ས་ཟིན་དང་། བཞག་ས་མི་ཡོང་བས། བླ་མ་རྟོགས་ལྡན་གཅིག་གི་དྲུང་དུ་མོས་གུས་ཀྱི་སྙིང་ཕུར་བཏབ་ལ། བྱིན་རླབས་ཀྱི་འཕོ་བས་དོན་གྱི་ཆིག་བརྒྱུད་ཐོབ་པར་བྱའོ། །ཕྱག་རྒྱ་ཆེན་པོ་ན་བཏུབ། འཆི་བཏུབ། སྐྱིད་བཏུབ། སྡུག་བཏུབ། དྲན་བཏུབ། ཡེངས་བཏུབ་ཅིག་མེད་ན། གཞན་ཅི་ཡོད་ཀྱང་སྒོམ་ཆེན་དེ་ཕྱི་ལྡིར་ནང་སྟོང་། ཁང་སྟོང་སྒོ་ལྕགས་ཅན་བྱ་བ་ཡིན་ནོ། །ཉམས་དང་ཏིང་ངེ་འཛིན་གྱི་བྱེ་བྲག་སྐྱེད་ཅིང་སྒོམ་དུ་ངོ་སྤྲོད་པའི་བླ་མ་ནི་མང་ལ། ཐ་མལ་གྱི་ཤེས་པ་སྒོམ་དུ་ངོ་སྤྲོད་ཤེས་པའི་བླ་མ་ནི་ཉིན་ཁར་གྱི་སྐར་མ་བས་དཀོན་པ་ཡིན་ནོ། །འདིའི་སྐབས་སུ་དཔལ་ཕག་མོ་གྲུ་པས་རྗེ་དྭགས་པོ་རིན་པོ་ཆེའི་དྲུང་དུ་ཉམས་ཕུལ་ཞིང་ངོ་སྤྲད་པ་དང་། རྗེ་འབྲི་ཁུང་པས་དཔལ་ཕག་མོ་གྲུ་པའི་དྲུང་དུ་སྔར་གྱི་ཕྱག་རྒྱ་ཆེན་པོའི་སྒོམ་ལུགས་དང་ཉམས་ཕུལ་ཞིང་ངོ་སྤྲད་པ་དང་། བླ་མ་ཞང་གིས་དྭགས་པོ་སྒོམ་ཚུལ་ལས་ཁྲིད་བསྐྱངས་པ་དང་། བླ་མ་ཏི་ཤྲི་རས་པ་ལ་བླ་མ་འབའ་རོམ་པས་བསླབས་པའི་སྒོམ་བླ་མ་ཞང་ཅན་བྱོན་པའི་དུས་སུ་བཤིག་ནས་ངོ་སྤྲད་པ་དང་། འགྲོ་

p. 335

མགོན་རྒྱ་རས་ཀྱིས་རྗེ་བཙུན་གླིང་གི་དྲུང་དུ་ཁྲིད་བསྐྱངས་པའི་ལོ་རྒྱུས་རྣམས་གསུངས་ཏེ་ལོ་རྒྱུས་དེ་རྣམས་རང་ལ་གོ་རྒྱུ་རེ་ཡོད་པ་ཡིན་ནོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་དེ་བླ་མ་ཉམས་རྟོགས་ཅན་གཅིག་གིས་ཁྲིད་ཀྱི་སྐྱ་དབར་ནས་བཏོན་པས། ཤོར་ས་བཞི་དང་། གོལ་ས་གསུམ་དུ་མ་ཤོར་བར་བསྐྱངས་པ་ན། སྐྱེ་ལུགས་གསུམ་གྱིས་མཚམས་སྦྱར་ནས། རྣལ་འབྱོར་བཞིའི་རིམ་པས་སྐྱེ་བར་གསུངས། དེ་ལ་དང་པོ་ཤོར་ས་བཞི་ནི། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ། སྟོང་ཉིད་ལམ་དུ་ཤོར་བ། སྟོང་ཉིད་གཉེན་པོར་ཤོར་བ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བའོ། །འདི་ལ་ཡེ་ཤོར་དང་། འཕྲལ་ཤོར་གཉིས་ཡིན་གསུངས། ཡེ་ཤོར་ནི་དོན་སྤྱི་གོ་ཡུལ་དུ་ཤོར་བ་ཡིན་ལ། འཕྲལ་ཤོར་ནི་ཉམས་མྱོང་ངམ་ལག་ལེན་འཁྲུལ་པ་ཡིན་ནོ། །དེ་ལ་ཡེ་ཤོར་བཞིའི་སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་གཉིས་མེད་རྟེན་འབྲེལ་གྱི་འདུག་ལུགས་མ་གོ་བར། སྟོང་པ་བྱ་བ་མེད་པ། མ་གྲུབ་པ་གཅིག་ལ་བློ་རྩེ་གཏད་ནས། མཚན་ཉིད་པས། སྣང་བ་འདི་གཏན་ཚིགས་ཆེན་པོ་བཞིའི་སྒོ་ནས་བརྟགས་ནས། ཅི་ཡང་མ་གྲུབ་པ་ལ་གཤིས་བྱེད་པའམ། གསང་སྔགས་པས། སྭ་བྷཱ་ཝ་དང་། ཤཱུ་ནྱ་ཏཱས། སྣང་དམིགས་ཀྱི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས་ནས། མེད་པའམ། མ་གྲུབ་པ་ལ་གཤིས་བྱེད་པ་ལྟ་བུ། སྟོང་ཉིད་དུ་བློས་བཟོ་བྱེད་པ་དེ། སྟོང་ཉིད་གཤིས་ལ་ཤོར་བའོ། །ལམ་དུ་ཤོར་བ་ནི་རྒྱུ་འབྲས་དབྱེར་མེད་ཀྱི་དོན་ལམ་གསལ་བྱེད་ཀྱི་རྐྱེན་དང་འབྲས་བུ་བྲལ་བའི་འབྲས་བུར་མ་གོ་བར། ད་ལྟ་སྟོང་ཉིད་ལམ་དུ་བྱས་ཤིང་བསྒོམས་པས། དེས་འབྲས་བུ་ཆོས་སྐུ་ཐོབ་པར་འདོད་པའོ། །གཉེན་པོར་ཤོར་བ་ནི། སྦང་བྱ་རང་གི་གཤིས་དུས་གསུམ་དུ་སྟོང་ཉིད་དུ་གནས་པའི་སྤང་བྱ་གཉེན་པོ་དབྱེར་མེད་པ་དེ་རང་ངོ་མ་ཤེས་ཤིང་།

p. 336

སྤང་བྱ་ཁོ་རང་གི་གཉེན་པོར་ཁོ་རང་འཆར་བ་མ་གོ་བར། ཉོན་མོངས་ལོགས་པ་ཞིག་ལ་སྟོང་ཉིད་ལོགས་པ་ཞིག་གིས་སྤང་བྱ་གཉེན་པོས་སྤང་བ་ནི་གཉེན་པོར་ཤོར་བའོ། རྒྱས་འདེབས་སུ་ཤོར་བ་ནི། ཐབས་ཤེས་ཟུང་འཇུག་ཟབ་རྒྱས་དབྱེར་མེད་ཀྱི་དོན་མ་གོ་བར། སྦྱིན་པའམ། བསྔོ་བ་ལྟ་བུ། སྔོན་ལ་འཁོར་གསུམ་དམིགས་པ་ཅན་གཅིག་བྱས་པ་ལ། དེ་ནས་འཁོར་གསུམ་མི་རྟོག་པའི་རྒྱས་འདེབས་པ་ནི། དང་པོ་ཐབས་རྐྱང་པ། འོག་མ་ཤེས་རབ་རྐྱང་པར་སོང་བས། བདེན་གཉིས་ལམ་དུ་མི་སློང་ཤིང་། དོན་གཉིས་མངོན་དུ་མི་བྱེད་པས་རྒྱས་འདེབས་སུ་ཤོར་བའོ། །འཕྲལ་ཤོར་བཞི་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་དེ་ཡང་། བླ་མ་གདམས་ངག་ཟབ་མོ་ཅན་གྱི་བདག་རྐྱེན་དང་རང་གི་ཤེས་རབ་ཆེན་པོའི་ཉེར་ལེན་གྱིས། དོན་སྤྱི་ཇི་ལྟ་བ་བཞིན་བློ་ཡུལ་དུ་གོ་ཞིང་གཞན་ལ་སྨྲ་ཤེས་ཀྱང་ག་ཤེད་ན་སུ་ཞིག་ལ་ཡོད་པ་ཞིག་གཏན་ལ་འབེབས་པ་ལྟ་བུར་སོང་ནས་རིག་ཐོག་ཏུ་ངོ་མ་འཕྲོད་ཅིང་ཐུག་རིག་མེད་པ་ནི་སྟོང་ཉིད་གཤིས་ལ་ཤོར་བའོ། །རྟོགས་པ་ཉག་ཉུག་སྐྱེས་ཀྱང་འཛིན་མེད་དུ་ཐག་མ་ཆོད་ཅིང་། ལྟོས་མེད་དུ་བློ་མ་ཁེལ་བ་དེ་བས་ལྷག་པ་ཞིག་ཡོད་པར་རེ་ནས། ཐ་མལ་གྱི་ཤེས་པས་བློ་མ་ཚིམ་པར་སྒོམ་གྱི་ལྷན་པ་བཏབ་ཅིང་སྒོམ་པ་ནི་ལམ་དུ་ཤོར་བའོ། །རྣམ་རྟོག་འགྱུས་པའི་དུས་སུ་ཡང་། རང་སར་རང་ངོ་ཤེས་པའི་ཡང་དག་གི་དྲན་པ་བསྟེན་མི་ཤེས་པར་འགྱུས་པ་བཀུག་ཅིང་སྒོམ་ལ་འཇོག་པ་ནི་གཉེན་པོར་ཤོར་བའོ། །རྒྱས་འདེབས་སུ་ཤོར་བ་ལ་གཉིས་ལས། དྲེད་པོ་རྒྱས་འདེབས་སུ་ཤོར་བ་ནི། སྒོམ་མགོ་རྐང་མ་ཚང་བའམ། བདག་པོ་མེད་པར་ཤོར་བས་དང་པོ་སྒོམ་དགའ་རབ་སྐྱེས་ཀྱང་། ཕྱིས་ཡིད་ཡུལ་དུ་དྲེང་ཙམ་ལས་མེད་པ་དེ་ལ། ཕྱིས་སྙོགས་སུ་ཡིད་དགའ་བྱས་ཤིང་དམིགས་མེད་ཡིན། མི་རྟོག་པ་ཡིན་སྙམ་དུ་གསལ་འདེབས་པའོ། །

p. 337

བློ་ཆུང་རྒྱས་འདེབས་སུ་ཤོར་བ་ནི། རྗེས་ཐོབ་ལམ་དུ་མི་སློང་བར། ཨ་ཕ་ད་ཅི་ནས་ཡེངས་འདུག །ད་བསྒོམ་དགོས་སྙམ་དུ་རྣམ་རྟོག་གི་བྲེ་ཁ་སྒོམ་གྱིས་གཅོད་པའོ། །དེ་བཞིར་མ་ཤོར་བར་བྱེད་པ་ནི། གོང་གི་ཕྱག་རྒྱ་ཆེན་པོ་དེ་དོན་སྤྱི་མ་ནོར་བ་གོ་ཞིང་། རང་མཚན་མ་འཁྲུལ་བར་རྟོགས་ན་མི་འཆོར་ཏེ། དེ་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ། ཡོད་པས་སྟོང་། མེད་པས་སྟོང་། རྟག་པས་སྟོང་། ཆད་པས་སྟོང་། སྣང་བས་སྟོང་། སྟོང་པས་སྟོང་། དངོས་པོས་སྟོང་། དངོས་མེད་ཀྱིས་སྟོང་པས། གཤིས་ཅི་ཡང་མ་ཡིན་པ། རྐྱེན་གྱིས་ཅི་ཡང་བྱར་བཏུབ་ཅིང་། གཤིས་དོན་དམ་དུ་བདེན་པར་མེད་པ་ལ། གདངས་ཀུན་རྫོབ་ཏུ་བརྫུན་པར་མེད་པའི་གཉིས་མེད་རྟེན་འབྲེལ་དུ་གོ་བས་སྟོང་ཉིད་གཤིས་ལ་མི་འཆོར། གང་ཤར་གྱི་སྣང་རིག་སོ་མ་འདི་ལ། སྤང་ཐོབ་ཀྱི་བོགས་དབྱུང་རྒྱུ་མེད་པའི་རྒྱུ་འབྲས་དབྱེར་མེད་ཀྱི་དོན་ཤེས་པས། སྟོང་ཉིད་ལམ་དུ་མི་འཆོར། ལམ་སྙིང་པོའི་རང་འགྲོས་སྤང་གཉེན་གཉིས་སུ་མེད་པའི་ཟག་མེད་ཀྱི་སྡོམ་པ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་ཤེས་པས། སྟོང་ཉིད་གཉེན་པོར་མི་འཆོར། མཚན་མའམ་དམིགས་བཅས་ཀྱི་དགེ་བ་ཇི་ལྟར་བྱས་ཀྱང་དེའི་གཤིས་དམིགས་མེད་ལས་འདའ་ས་མེད་པས། འཁོར་གསུམ་རང་གི་ངོ་བོས་སྟོང་པས་གང་ཟག་གིས་རྒྱས་བཏབ་མི་དགོས་པར། ཆོས་ཀྱི་རྒྱས་ཡེ་བཏབ་ཏུ་ཤེས་པས་སྟོང་ཉིད་རྒྱས་འདེབས་སུ་མི་འཆོར་བའོ། །གོལ་ས་གསུམ་ནི། བདེ་གསལ་མི་རྟོག་པ་གསུམ་སྟེ། བདེ་བ་ལ་ཞེན་པ་ཡོད། གསལ་བ་ལ་འཛིན་པ་ཡོད། མི་རྟོག་པ་ལ་བློས་བྱས་ཡོད་པས། དེ་གསུམ་ལ་ཞེན་ན་ཁམས་གསུམ་ལ་གོལ་ཞིང་། ཞེན་འཛིན་མེད་ཀྱང་གནས་ལུགས་ཀྱི་རང་ཞལ་མ་མཐོང་ན། ཉན་རང་གི་འབྲས་བུར་གོལ་ལོ། །ཕྱག་རྒྱ་ཆེན་པོ་ནི། རྐྱེན་གསུམ་དང་བྲལ་བའི་ཐ་མལ་གྱི་

p. 338

ཤེས་པ་རྗེན་པ་ཡིན་པའི་ཕྱིར། དོ་ཧ་ལས། བསམ་གཏན་བརྫུན་པས་ཐར་པ་ཐོབ་བམ་ཅི། །ཀྱེ་ལགས་གང་སྨྲས་བརྫུན་པར་སོང་བ་དེ་བོར་ལ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོངས། །ཞེས་པའི་དོན་ནོ། །སྤྱིར་ཞི་གནས་ཀྱི་བདེ་གསལ་མི་རྟོག་པ་གསུམ་གྱི་མཚམས་ཕྱེད་དགོས་ཀྱི། རྣམ་པ་ནས་རྣམ་པར་གོལ་སར་བྱས་པས་མི་འོང་། རྟོགས་པའི་བདེ་གསལ་མི་རྟོག་པས་སྐུ་གསུམ་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་ཤོར་ས་བཞི་དང་། གོལ་ས་གསུམ་དུ་མ་ཤོར་བར་ཉམས་སུ་བླངས་པས་སྐྱེ་ལུགས་གསུམ་ནི། གཅིག་ཆར་དུ་སྐྱེ་བ། རིམ་གྱིས་སྐྱེ་བ། ཐོད་རྒལ་དུ་སྐྱེ་བའོ། །དེ་ལ་གཅིག་ཆར་བ་ནི། དཔེར་ན། གཅོང་རོང་དོག་མོའི་ལུང་པ་སྐམ་གཤེར་མེད་པའི་ནམ་མཁའ་ལས་ཉི་མ་ཤར་བའི་དུས་སུ། ཉི་རྒན་དེ་ཤར་མ་ཐག་ཏུ། མུན་པ་སངས་པ་དང་། ས་རྡོ་དྲོས་པ། འཁྱག་པ་ཞུ་བ་གསུམ་དུས་མཉམ་དུ་འབྱུང་བ་དང་འདྲ་བར། བླ་མ་བཅུད་ལྡན་གཅིག་ལ། སློབ་མ་སྣོད་ལྡན་གཅིག་གིས། མོས་གུས་ཚད་མེད་ཅིག་གནད་དུ་བསྣུན་པའི་དུས་སུ། བྱིན་རླབས་ཀྱི་འཕོ་བ་དོན་གྱི་ཆིག་བརྒྱུད་ཐོབ་སྟེ། གནས་པ། ཉམས་མྱོང་། རྟོགས་པ་གསུམ་སྒོམ་པ་པོ་མེད་པར་དུས་གཅིག་ཆར་ལ་ཤར་ནས། སྐད་ཅིག་ལ་སྒོམ་མེད་ཀྱི་རྟོགས་པ་མངོན་དུ་གྱུར་པ་ནི། གཅིག་ཆར་བའི་སྐྱེ་ལུགས་ཏེ། དྭགས་པོ་རིན་པོ་ཆེའམ། རྗེ་བཙུན་གླིང་རས་པ་ལྟ་བུའོ། །རིམ་གྱིས་པའི་སྐྱེ་ལུགས་ནི། གནམ་ཁ་ཞེང་ཅན་གྱི་ཟེ་ཟུར་གྱི་ཉི་མའམ། ཡུལ་ངན་གྱི་ཉི་མ་ཁ་ཤོར་དང་འདྲ་སྟེ། ཉི་མ་ཤར་ནས་མུན་པ་རགས་པ་སངས་པ་ཙམ་འདུག་ཀྱང་ས་རྡོ་མི་དྲོས་ཤིང་། འཁྱག་པ་འཇུ་བར་མི་ནུས་པ་བཞིན། གནས་པ། ཉམས་མྱོང་། རྟོགས་པ་གསུམ་རིམ་གྱིས་ནུད་ཙམ་ནུད་ཙམ་དུ་སྐྱེ་ཞིང་། སེམས་ཀྱི་ངོ་བོ་ཙམ་མཐོང་ཡང་། འཕྲལ་དུ་སྤང་བྱ་མི་སྤངས་ཤིང་། གཉེན་པོ་ལ་དབང་མ་ཐོབ་པས་སྒོམ་

p. 339

གཉུག་བསྲིང་དགོས་པ་ཡིན་ནོ། །ཐོད་རྒལ་བའི་སྐྱེ་ལུགས་ནི། སྤྲིན་བར་གྱི་ཉི་མ་དང་འདྲ་སྟེ། སྔོན་ལ་རྟོགས་པ་ལྷག་གིས་འཆར། རྟོགས་ཀྱང་མི་བརྟན། མཐོ་དམའ་དང་གསལ་འགྲིབ་ཤིན་ཏུ་ཆེ། རེས་ཉམས་སུ་འཆར། རེས་ཨ་འཐས་སུ་འོང་། རེས་རྟོགས་པ་རྗེན་འོང་སྟེ། སྐྱེ་ལུགས་འདི་ཉམས་ལེན་ཞན་པའམ། སྒོམ་ཡུན་ཆུང་བས་ཚེ་འདིར་གཅིག་ཆར་བར་མ་འཕྲོད་ན། འདིའི་རྟོགས་པ་བཤའ་མ་བར་དོར་འཆར་བ་ཡིན་གསུངས་སོ། །དེ་ལ་རིམ་གྱིས་པ་ལམ་མ་རྫོགས་པ་ཡིན། ཐོད་རྒལ་བ་ལམ་མི་བརྟན་པ་ཡིན། གཅིག་ཆར་བ་ལམ་མཆོག་ཡིན་ནོ། །དེས་ན། རིམ་གྱིས་པའི་སྐྱེ་ལུགས་ཀྱི་དབང་དུ་བྱས་ན། གནས་པ། ཉམས་མྱོང་། རྟོགས་པ་གསུམ་རྣལ་འབྱོར་བཞིའི་རིམ་པས་སྐྱེ་བ་ནི། ཏིང་ངེ་འཛིན་གྱི་རྒྱུ་ཚོགས་པ་ལས། གནས་པ་གསུམ་གྱི་ཏིང་ངེ་འཛིན་སྐྱེ་སྟེ། གནས་པ་དང་པོ་རི་གཟར་གྱི་ཁ་ནས་ཆུ་འབབ་པ་དང་འདྲ་སྟེ། རྣམ་རྟོག་སྔར་བས་ཀྱང་རགས་ཤིང་མང་བ་ཟམ་མ་ཆད་པ་འབྱུང་། དེའི་དུས་སུ་བླ་མ་ཉམས་མྱོང་ཅན་མེད་ན་སྒོམ་ཆེན་མགོ་འཁོར་ཞིང་། སྣ་སུན་ནས་འགྲོ་བ་ཡིན། དེ་ལྟར་རྣམ་རྟོག་བྱུང་ཚད་ཚོར་བ་དེ་སེམས་ཅུང་ཟད་ཟིན་པ་ཡིན་པས་གནས་པའི་ཉམས་ཡིན། གནས་པ་མེད་པའི་གོང་དུ་རྣམ་རྟོག་ངོས་མ་ཟིན་པས་རྒྱ་ཡན་དུ་ཤོར་བའོ། །དེའི་སྣ་མ་བསྐྱིལ་རྗེས་སུ་མ་འབྲངས་པར་བསྐྱངས་པས་ཇི་ཞིག་ལྟར་ལ་རྣམ་རྟོག་དེ་ཕྲ་ཉལ་སོང་ནས་མི་རྟོག་པའི་ངང་མ་ཤོར་བར་རྣམ་རྟོག་ཕྲ་མོ་ཏོལ་སྐྱེས་ཀྱང་རྟོག་པའི་བྱ་བ་མི་བྱེད་པར་གཏད་མེད་དུ་ཡལ་འགྲོ་བ་དེ་གནས་པ་བར་པ་ཆུ་ཀླུང་དལ་གྱིས་འབབ་པ་ལྟ་བུ་ཡིན། དེ་ནས་རྣམ་རྟོག་གི་འགྱུ་བ་ཆད་ནས་མི་རྟོག་པའི་ངང་ལ་གང་བཞག་བཞག་གནས་པ་དེ། གནས་པ་ཐ་མ་མི་གཡོ་བ་རྒྱ་མཚོ་ལྟ་བུ་བྱ་བ་ཡིན། བཀའ་གདམས་པ་ཀུན་དེ་ལ་སྒོམ་དུ་བྱེད་པ་ཡོད་པར་

p. 340

གདའ། དེ་ལྟར་གནས་པའི་ཏིང་ངེ་འཛིན་དེ་ཞེན་པ་མེད་པར་ཐབས་ལ་མཁས་ཤིང་ཤེས་རབ་ཀྱིས་ཟིན་པར་བསྐྱངས་པས་རྩེ་གཅིག་གི་རྣལ་འབྱོར་སྐྱེ་སྟེ། རྣལ་འབྱོར་ཞེས་པ་ནི། ཐབས་དང་ཤེས་རབ་བམ་ཞི་གནས་དང་ལྷག་མཐོང་མཉམ་པར་སྦྱོར་བའི་རྣལ་འབྱོར་ཏེ། དེ་གང་གིས་སྦྱོར་བ་ནུས་པ་དེ་ལ་རྣལ་འབྱོར་པ་བྱ་བ་ཡིན། དེ་ལ་རྣལ་འབྱོར་བཞིའི་ས་མཚམས་ཞིབ་ཏུ་ཕྱེ་ན། རྗེ་དྭགས་པོ་སྒོམ་ཆུང་གི་ཞལ་གདམས་ལས། དང་པོ་ངོ་ཏི་ངོས་བཟུང་བ་བཞི་ནི། ངང་ལ་གནས་པ་རྩེ་གཅིག་ཡིན། །སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཡིན། །སྤང་བླང་མེད་པ་རོ་གཅིག་ཡིན། །མྱོང་བ་དག་པ་སྒོམ་མེད་ཡིན། །མཉམ་བཞག་གི་རྟོགས་པ་བཞི་ནི། རྩེ་གཅིག་དུས་སུ་ངོ་བོ་རྟོགས། །སྤྲོས་བྲལ་དུས་སུ་རང་བཞིན་རྟོགས། །རོ་གཅིག་དུས་སུ་མཚན་ཉིད་རྟོགས། །སྒོམ་མེད་རྟོགས་པ་ཁོར་ཡུག་མའོ། །རྟོགས་པའི་འཁོར་ས་བཞི་ནི། །རྩེ་གཅིག་མུན་པའི་དཀྱིལ་ན་འབྱམས། །སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱེར། །རོ་གཅིག་འདྲེས་པའི་རྦ་ལ་གཡེངས། །སྒོམ་མེད་ཉི་མ་སྤྲིན་གྱིས་བཀག །རྗེས་ཤེས་ཀྱི་སྐྱེ་ཚུལ་བཞི་ནི། རྩེ་གཅིག་གི་རྗེས་ཤེས་ཨ་འཐས་སུ་སྐྱེ། སྤྲོས་བྲལ་གྱི་རྗེས་ཤེས་སྒྱུ་མར་སྐྱེ། རོ་གཅིག་གི་རྗེས་ཤེས་སྟོང་པར་སྐྱེ། སྒོམ་མེད་ཀྱི་རྗེས་ཤེས་སྙིང་རྗེར་སྐྱེ། །རྗེས་ཀྱི་དྲི་མ་བཞི་ལ། རྩེ་གཅིག་ལ་དངོས་འཛིན་གྱི་དྲི་མ། སྤྲོས་བྲལ་ལ་ངོ་མ་ཤེས་ཀྱི་དྲི་མ། རོ་གཅིག་ལ་ཉམས་ཀྱི་དྲི་མ། སྒོམ་མེད་ལ་ཤེས་བྱའི་དྲི་མའོ། །རྗེས་ཤེས་འདག་ཚུལ་བཞི་ལ། རྩེ་གཅིག་ལ་བྲལ་བ་ཡོད་ལ་ཐོབ་པ་མེད། སྤྲོས་བྲལ་ལ་བྲལ་ཐོབ་གཉིས་ཀ་ཡོད། རོ་གཅིག་ལ་བྲལ་བ་མེད་ལ་ཐོབ་པ་ཡོད། སྒོམ་མེད་ལ་བྲལ་ཐོབ་གཉིས་ཀ་མེད་དོ། །མཉམ་རྗེས་ཀྱི་ས་མཚམས་བཞི་ལ། རྩེ་གཅིག་མན་ཆད་ལ་མཉམ་རྗེས་མཚན་ཉིད་པ་མེད། རང་སའི་མཉམ་རྗེས་ཡོད། དེའི་དོན་གྱིས་རྗེས་

p. 341

སྣང་འབའ་ཞིག་ཡིན། སྤྲོས་བྲལ་གྱི་དུས་སུ་མཉམ་རྗེས་ཤགས་ཀྱིས་དབྱེ། རོ་གཅིག་གི་དུས་སུ་མཉམ་རྗེས་འདྲེ། སྒོམ་མེད་ཀྱི་དུས་སུ་མཉམ་བཞག་འབའ་ཞིག་ཡིན། ཡང་རྩེ་གཅིག་ཨ་འཐས་སུ་སྒོམ་པའི་དུས། སྤྲོས་བྲལ་སྟོང་པར་སྒོམ་པའི་དུས། རོ་གཅིག་ཟུང་འཇུག་སྒོམ་པའི་དུས། སྒོམ་མེད་མངོན་དུ་གྱུར་པའི་དུས་སོ། །དེ་ལ་མཉམ་བཞག་ཕུང་པོ་ལྔ་བྲལ་གྱི་རྟོགས་པ་རྗེས་ཤེས། རྣམ་ཤེས་ཚོགས་བརྒྱད་ཀྱི་སྣང་བ་འདག་ལུགས་ནི། རྩེ་གཅིག་དུས་སུ་གཟུགས་ཀྱི་ཕུང་པོ་དང་བྲལ། སྒོ་ལྔའི་རྣམ་ཤེས་འདག །སྤྲོས་བྲལ་གྱི་དུས་སུ་ཚོར་བའི་ཕུང་པོ་འདུ་ཤེས་ཀྱི་ཕུང་པོ་དང་བྲལ། ཡིད་ཀྱི་རྣམ་ཤེས་འདག །རོ་གཅིག་གི་དུས་སུ་འདུ་བྱེད་ཀྱི་ཕུང་པོ་དང་བྲལ། ཉོན་མོངས་པ་ཅན་གྱི་ཡིད་འདག །སྒོམ་མེད་ཀྱི་དུས་སུ་རྣམ་པར་ཤེས་པའི་ཕུང་པོ་དང་བྲལ། ཀུན་གཞིའི་རྣམ་པར་ཤེས་པ་འདག་པ་ཡིན་ནོ། །ཉམས་རྟོགས་ཀྱི་ས་མཚམས་བཞི་ལ། རྩེ་གཅིག་ཉམས་རྟོགས་དྲི་བཅས། སྤྲོས་བྲལ་ཉམས་རྟོགས་ཤན་འབྱེད། རོ་གཅིག་ཉམས་རྟོགས་ཟུང་འཇུག །སྒོམ་མེད་རྟོགས་པ་ཁོར་ཡུག་མའོ། །ཀུན་རྫོབ་རྒྱུ་འབྲས་ཀྱི་འཁྱེར་ཚུལ་བཞི་ལ། རྩེ་གཅིག་དུས་སུ་ཨ་འཐས་ཀྱི་རྒྱུ་འབྲས། སྤྲོས་བྲལ་དུས་སུ་སྒྱུ་མ་ལྟ་བུའི་རྒྱུ་འབྲས། རོ་གཅིག་དུས་སུ་ནམ་མཁའ་ལྟ་བུའི་རྒྱུ་འབྲས། སྒོམ་མེད་དུས་སུ་གཞི་མེད་རྟེན་ཅིང་འབྲེལ་འབྱུང་མཁྱེན་པའོ། །གོ་བ་ཉམས་མྱོང་རྟོགས་པ་གསུམ་གྱི་ཁྱད་པར་ནི། དོན་སྤྱི་མ་ནོར་བ་བློ་ཡུལ་དུ་ཤར་བ་གོ་བ། རང་མཚན་གྱི་རྣམ་པ་ཉམས་འོག་ཏུ་ཚུད་པ་ཉམས་མྱོང་། རང་མཚན་མ་འཁྲུལ་བར་མངོན་སུམ་རྟོགས་པ་ནི་རྟོགས་པ། ཡང་བློ་ཡུལ་དུ་ཡིད་ཆེས་པ་གོ་བ། དེ་སེམས་ཀྱིས་མྱོང་བ་ཉམས། སེམས་རང་དེའི་ངོ་བོར་ཤར་བ་རྟོགས་པའོ། །དེ་ལྟར་རྣལ་འབྱོར་བཞི་པོ་དེ་ལ། རྗེ་ཕག་མོ་གྲུ་པས་རྣལ་འབྱོར་བཞི་གསུམ་བཅུ་

p. 342

གཉིས་སུ་ཕྱེ་བ་ནི། རྩེ་གཅིག་ཆུང་ངུ་བདེ་གསལ་གྱི་ངོ་བོ་མཐོང་། འབྲིང་པོ་ཏིང་ངེ་འཛིན་ལ་རང་དབང་ཐོབ། ཆེན་པོ་ཉམས་ཀྱི་ཁོར་ཡུག་ཏུ་སོང་བའོ། །སྤྲོས་བྲལ་ཆུང་ངུ་སྐྱེ་འགག་མེད་པར་རྟོགས། འབྲིང་པོ་རྩ་བ་བྲལ་བར་རྟོགས། ཆེན་པོ་ཕྱི་ནང་གི་ཆོས་ལ་སྒྲོ་འདོགས་ཆོད་པའོ། །རོ་གཅིག་ཆུང་ངུ་འཁོར་འདས་གཅིག་ཏུ་འདྲེས། འབྲིང་པོ་གཟུང་འཛིན་གྱི་རྩ་བ་རྦད་ཀྱིས་ཆོད། ཆེན་པོ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་ཞི་བའོ། །སྒོམ་མེད་ཆུང་ངུ་བསྒོམ་བྱ་སྒོམ་བྱེད་དང་བྲལ། འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན། ཆེན་པོ་འོད་གསལ་གཉིས་འདྲེས་པའོ། །དེ་རྣམས་ལ་འགྲོ་མགོན་རྒྱ་རས་ཀྱིས་བཞེད་ཀྱི། ངོ་བོ་མཐོང་མ་མཐོང་། རྩལ་རྫོགས་མ་རྫོགས། རྣམ་རྟོག་སྒོམ་དུ་ཤར་མ་ཤར། ཡོན་ཏན་རྒྱུད་ལ་སྐྱེས་མ་སྐྱེས། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད། གཟུགས་སྐུའི་ས་བོན་ཐེབས་མ་ཐེབས་དང་དྲུག་གིས་ཕྲ་ཞིབ་འབྱེད་པའོ། །དེ་རྣམས་ཀྱི་དོན་རྒྱས་པར་བཤད་ན། དང་པོ་ངང་ལ་གནས་པ་རྩེ་གཅིག་གི་རྣལ་འབྱོར་ཏེ། དེ་ཡང་གནས་པའི་ཏིང་ངེ་འཛིན་ནི་ཞི་གནས་རྐྱང་པ་ཡིན་ལ། འདིར་རྣལ་འབྱོར་ཞེས་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་དགོས་ཏེ། ཕྲ་རགས་ཀྱི་རྣམ་རྟོག་རང་སར་ཞི་ནས་སེམས་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་སལ་ལེ་སེང་ངེ་གནས་པ་ལ་རྟོག་མེད་དུ་ངེས་ཤེས་སྐྱེས་པ་ནི་ལྷག་མཐོང་གི་ཉམས་ཡིན་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོམ་མོ། །སྒོམ་དེ་བཟང་དུས་ན་རྟོག་མེད་ཀྱི་ཤེས་པ་བདེ་གསལ་དུ་སེང་ངེ་རྗེན་ནེ་ཡེ་རེ་ལྷང་ངེ་གནས་པ་ནི། བདེ་གསལ་དུ་གནས་པའི་ངོ་བོ་མཐོང་བའོ། །རྗེས་ཐོབ་ཏུ་རེས་བསྒོམས་ཀྱང་མི་འོང་། རེས་མ་བསྒོམ་ཡང་འོང་བ་ནི་ཏིང་ངེ་འཛིན་ལ་དབང་མ་ཐོབ་པས། བཟོ་གསར་བཟའ་མི་བཏུབ་པ་དང་འདྲ་བས་རྩེ་གཅིག་ཆུང་ངུ་ཡིན་

p. 343

ནོ། །ཕྱག་རྒྱ་ཆེན་པོའི་སྒོམ་གྱི་སྣ་འདི་ནས་ཟིན་པ་ཡིན་པས་བླ་མ་ཉམས་མྱོང་ཅན་གྱིས་ངོ་སྤྲད་འདོད་པ་ཡིན། དེ་ལ་སྒོམ་སྐྱེས་པ་ཟེར་བ་ལགས་སོ། །དེ་བརྟན་པས་རྟོག་མེད་ཀྱི་ཤེས་པ་ངོས་བཟུང་མེད་པར་སིང་ངེ་བ་དེ་ལ་ནམ་བཞག་བཞག་གིས་གནས་པ་ན་རྩེ་གཅིག་འབྲིང་པོ་ཏིང་ངེ་འཛིན་ལ་རང་དབང་ཐོབ་པ་བྱ་བ་ཡིན། དེ་རྒྱུན་ཆད་མེད་པར་ཤར་ནས་རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཞི། གཉིད་ཀྱང་ཉམས་ཀྱི་འོད་གསལ་དུ་ཚུད་སྤྱོད་ལམ་རྣམ་བཞིར་འབྲལ་བ་མེད་པ་ན་རྩེ་གཅིག་ཆེན་པོ་ཉམས་ཀྱི་ཁོར་ཡུག་མ་བྱ་བ་ཡིན། འདིའི་དུས་སུ་སྒོམ་མེད་ཡིན་ནམ་སྙམ་པའི་ངེས་ཤེས་ཆེན་པོ་འོང་སྟེ། ཉམས་རྟོགས་པར་ཤོར་བ་བྱ་བའི་གོལ་ས་ཡིན། ཕྱོགས་རེའི་རྟོགས་པ་དང་སྦྱར་ན། ཞང་རིན་པོ་ཆེའི་ཞལ་ནས། རྩེ་གཅིག་དུས་སུ་ངོ་བོ་རྟོགས་གསུངས། ངོ་བོ་གསལ་ལ་གོ་མ་འགགས་པའི་ཤེས་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་དེ་ལ་ཡིད་ཆེས་ཤིང་། རྟོག་མེད་དུ་ངེས་ཤེས་སྐྱེས་པ་ན། རྩེ་གཅིག་གི་ངོ་བོ་མཐོང་། བདེ་གསལ་མི་རྟོག་པའི་ངང་ལ་ས་ལེ་སེང་ངེ་གནས་པ་ཙམ་འདུག་ཀྱང་ཡིད་ཆེས་ཀྱི་ངེས་ཤེས་མ་སྐྱེས་ན་ལྷག་མཐོང་གི་ཉམས་དང་མ་འབྲེལ། གནས་ལུགས་དང་ཞལ་མ་མཇལ་བས་རྩེ་གཅིག་མུན་པའི་དཀྱིལ་ན་འབྱམས་པ་ཞེས་བྱ་བ་ངོ་བོ་མ་མཐོང་བ་ཡིན། སེམས་རང་ངོ་མ་ཤེས་པས་ཉམས་རྟོགས་ཀྱི་ས་མཚམས་མ་ཕྱེད་དེ། སྣང་ལ་མ་ངེས་པའི་ཉམས་བུ་ཆུང་གིས་ཟླ་བ་མཐོང་བའམ། བླུན་པོས་ལྷ་ཁང་མཐོང་བ་ལྟ་བུའོ། །ངེས་ཤེས་ཡུལ་འཛིན་དང་བཅས་པས་ཉམས་རྟོགས་དྲི་མ་ཅན་ཡིན། རྩེ་གཅིག་མན་ཆད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་སྐྱེས་པས་མཉམ་བཞག་མཚན་ཉིད་པ་མེད་ལ། རྗེས་སྣང་སྒྱུ་མར་མི་འཆར་བས་རྗེས་ཐོབ་མཚན་ཉིད་པ་མེད། རང་སའི་མཉམ་རྗེས་ཡོད། སེམས་གསལ་སྟོང་རྟོག་མེད་དུ་

p. 344

གནས་ཀྱང་ཡུལ་འཛིན་གྱི་ཡིད་བྱེད་མ་དག་པས་མཉམ་བཞག་བཏགས་པ་བ་ཡིན། རྗེས་ཤེས་དངོས་འཛིན་ཨ་འཐས་སུ་སྐྱེ་བས་མི་ལ་ཁྱི་རྗེས་བྱུང་བ་དང་འདྲ་སྟེ་རྗེས་ཐོབ་བཏགས་པ་བ་ཡིན། མཉམ་བཞག་བདེ་གསལ་རྟོག་མེད་ཀྱི་སྒོམ་ལ་ནམ་བཞག་བཞག་གིས་གནས་པ་ན་རྩེ་གཅིག་གི་རྩལ་རྫོགས། རེས་བསྒོམས་ཀྱང་མི་འོང་། རེས་མ་སྒོམ་ཡང་འོང་ན་ད་དུང་རྩལ་མ་རྫོགས། རྣམ་རྟོག་སྐྱེས་ཚད་དྲན་པ་ཙམ་གྱིས་སྒོམ་དེའི་ངང་དུ་ཞི། གཉིད་ཉམས་ཀྱི་འོད་གསལ་ཚུད་པ་ན་རྣམ་རྟོག་སྒོམ་དུ་ཤར། དྲན་པས་རྣམ་རྟོག་ཞི་མི་ནུས་པར་སྒོམ་ལྕགས་ཀྱུ་མས་འགྱུས་དྲན་བཀུག་ཅིང་སྒོམ་ལ་བཞག་དགོས་ན་རྣམ་རྟོག་སྒོམ་དུ་མ་ཤར། དྲན་པས་མ་ཟིན་ན་སྒོམ་འཆོར་བས་བྲལ་བ་ཡོད་ལ། ཟིན་ཀྱང་སྔར་གྱི་སྒོམ་གྱི་རྒྱུན་དེ་ལ་བཞག་པ་ལས་རྣམ་རྟོག་གི་ངོ་བོ་མ་མཐོང་བས་ཐོབ་པ་མེད། སྒོམ་དེ་བསྐྱངས་ཡུན་རིང་ན་ཆོས་བརྒྱད་ལས་བློ་ལྡོག །ཕྱི་ནང་གི་སྲིན་བུ་སྤོང་། མངོན་ཤེས་དང་ཟད་པར་ཟིལ་གནོན་ལ་སོགས་པའི་རྫུ་འཕྲུལ་ཅི་རིགས་པ་སྟོན་ནུས་ན་རྩེ་གཅིག་གི་ཡོན་ཏན་སྐྱེས་པ་ཡིན། སེམས་ལས་སུ་མི་རུང་ཞིང་ཡིད་ཞི་བ་མ་ཐོབ་ན་སྒོམ་གྱི་དྭངས་སྙིགས་མ་ཕྱེད་པར་ཐུན་མོང་གི་དྲོད་རྟགས་འབྱིན་མི་ནུས་ན་ཡོན་ཏན་མ་སྐྱེས་པ་ཡིན། ཏིང་ངེ་འཛིན་དྭངས་པའི་འཆར་སྒོ་ལ་ཕྱི་ནང་གི་རྒྱུ་འབྲས་ཕྲ་རགས་ལ་འཕྲིག་ཚུད་པས། བསྐྱེད་བྱ་སྐྱེད་བྱེད་ཀྱི་ཨ་འཐས་ཀྱི་རྒྱུ་འབྲས་གོ་ན་ཀུན་རྫོབ་ལ་རང་བྱན་ཚུད་པ་ཡིན། ཟག་བཅས་འཇིག་རྟེན་པའི་ལམ་ཡིན། ལས་རང་རྒྱུད་པ་སོགས་བག་ཆགས་འབྲེལ་མ་ཆོད། སྟོང་ཆ་མི་རྟོག་པའི་ཏིང་ངེ་འཛིན་ཡོད་ཀྱང་། སྣང་ཆའི་རྟེན་འབྲེལ་ལ་གོ་བ་མ་སྐྱེས་ན་ཀུན་རྫོབ་ལ་བྱན་མ་ཚུད། སྒོམ་དེའི་གདངས་ལ་སེམས་རྣམ་རྟོག་སྣ་ཚོགས་ཀྱིས་དུབ་པའི་སེམས་ཅན་ལ་དམིགས་བཅས་ཀྱི་སྙིང་རྗེའི་གདུང་ཤུགས་

p. 345

སྐྱེས་ན་གཟུགས་སྐུའི་ས་བོན་ཐེབས་པ་ཡིན། རང་སའི་འགྲོ་ལ་ཕན་པ་འབྱུང་། ཉམས་ཀྱི་ཚན་ཁས་སྙིང་རྗེའི་སྐྱེ་སྒོ་འགགས་ན་གཞན་དོན་གྱི་ས་བོན་མ་ཐེབས་ཏེ་ཉན་ཐོས་འགོག་པ་དང་འདྲའོ། །དེ་ལྟར་རྩེ་གཅིག་གི་ཉམས་དེ་ཞེན་པ་མེད་པར་བསྐྱངས་པས། ཉམས་མྱོང་དེ་རྣམ་པར་དག་པའི་ངང་དུ་ཇི་ཞིག་ལྟར་ལ། སྤྲོས་བྲལ་ཆོས་ཉིད་ཀྱི་བདེན་པ་མཐོང་འོང་སྟེ། གང་མཐོང་ན་རང་མཐོང་། གང་གིས་མཐོང་ན་རང་གིས་མཐོང་། ཇི་ལྟར་མཐོང་ན་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ་མཐོང་ངོ་། །དེ་ཡང་འདས་པའི་ཤེས་པ་རྒྱུན་ཆད། མ་འོངས་པའི་ཤེས་པ་མ་སྐྱེས་པའི་བར་ན། ད་ལྟར་གྱི་ཤེས་པ་རྣམ་རྟོག་སྐད་ཅིག་མ། རྣམ་པར་མི་རྟོག་པའི་ངོ་བོ། ཁོ་རང་གིས་ཁོ་རང་ཡུལ་མེད་དུ་རང་ངོ་ཤེས་པའོ། །འདིའི་དུས་སུ་འཁོར་འདས་ཀྱི་ས་མཚམས་ཕྱེད། སྔར་གྱི་གོ་བ་དང་ཆོས་སྐད། ཉམས་མྱོང་གི་བཟང་འཛིན་ཐམས་ཅད་ཕྱི་ཤུན་ལྟར་འགྲོ། སེམས་ཁོ་རང་ཕྱི་རུ་བལྟས་སྤྲོས་པ་དང་བྲལ། ནང་དུ་བལྟས་སྤྲོས་པ་དང་བྲལ། སྤྲོས་བྲལ་གྱི་ངོ་བོ་མཐོང་བས་ངོས་བཟུང་མ་གྲུབ། ཐ་སྙད་ཀྱི་གཏད་སོ་མ་རྙེད། བློའི་ཡུལ་དུ་བྱར་མ་བཏུབ་པར་ཡུལ་མེད་དུ་རང་ངོ་ཤེས་ཤིང་རྟོག་མེད་དུ་སྒྲོ་འདོགས་ཆོད་པ་དེ་སྤྲོས་བྲལ་གྱི་ངོ་བོ་མཐོང་བ་ཡིན་ནོ། །དེ་ཡང་སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་སྟེ། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་འདྲེན་པས་རབ་ཏུ་བཤད། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་ཀྱང་། །ནམ་མཁའ་ཇི་ལྟར་མཐོང་བའི་དོན་འདི་བསམ་པར་གྱིས། །དེ་ལྟར་ཆོས་མཐོང་བའང་དེ་བཞིན་གཤེགས་པས་བསྟན། །ཅེས་པའི་དོན་ནི། དེ་ལྟར་སྒོམ་

p. 346

གྱི་གོ་ར་ནས་ཐོན་པའི་ཐ་མལ་དུ་ཁྲེས་སེ་བའི་རྟོགས་པ་དེ། ཕུང་པོ་ལྔ་དང་བྲལ་བ་ཡིན་ཏེ། དངོས་པོའི་ངོ་བོ་མ་གྲུབ་པས་གཟུགས་ཀྱི་ཕུང་པོ་དང་བྲལ། མྱོང་རིག་གི་འཛིན་པ་དག་པས་ཚོར་བའི་ཕུང་པོ་དང་བྲལ། ཐ་སྙད་ཀྱི་གཏད་སོ་མེད་པས་འདུ་ཤེས་ཀྱི་ཕུང་པོ་དང་བྲལ། ཀུན་སྦྱོར་གྱི་སེམས་པ་མེད་པས་འདུ་བྱེད་ཀྱི་ཕུང་པོ་དང་བྲལ། ངེས་ཤེས་ཀྱི་ཡུལ་འཛིན་དག་པས་རྣམ་ཤེས་ཀྱི་ཕུང་པོ་དང་བྲལ་བ་སྟེ། ཕུང་པོ་ལྔ་བྲལ་གྱི་རྟོགས་པ། སངས་རྒྱས་ཀྱི་དགོངས་པ། རྣལ་འབྱོར་པའི་ལམ་གྱི་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། དོན་ཡོད་ཞགས་པའི་མདོ་ལས། ཕུང་པོ་ལྔ་དང་བྲལ་བའི་སྦྱོར་བ་འདིས་ནི། སངས་རྒྱས་རྗེས་སུ་དྲན་པར་བྱའོ། །ཞེས་པའི་དོན་ནོ། །དེ་ལྟར་གསལ་སྟོང་གི་ངོ་བོ་མཐོང་ཡང་། སྟོང་འཛིན་ནམ་ངེས་ཤེས་ཀྱི་འཁྲིས་ཤིག་དང་མ་བྲལ་བར་འདུག་ན། ཉམས་རྟོགས་ཀྱི་ཤན་མ་ཕྱེད་པས་སྤྲོས་བྲལ་ཆུང་ངུ་ཡིན། དེའི་དུས་སུ་སེམས་སྐྱེ་འགག་དང་བྲལ་བར་རྟོགས་ཏེ། ཐ་མལ་གྱི་ཤེས་པ་རྗེན་པ་རྣམ་རྟོག་བག་ཆགས་ཀྱི་འཆར་སྒོ། བཀྲ་ཧྲིག་གེ་བའི་རིག་སྟོང་འགྱུ་སྟོང་། དངོས་པོའི་ཆོས་སུ་མ་སྐྱེས། དངོས་མེད་ཀྱི་ཕྱོགས་སུ་མི་འགག །ཐ་དད་ཀྱི་ཆོས་སུ་མི་གནས་པས། སྐྱེ་འགག་གནས་གསུམ་དང་བྲལ་བ་རྣམ་ཐར་སྒོ་གསུམ་གྱི་དོན་མཐོང་། ཡིད་བྱེད་ཀྱི་མི་དགེ་བ་མེད་པས་དགེ་སྦྱོར་སྐྱེས་པ་ཟེར། ཟག་མེད་ཀྱི་ལམ་དུ་ཚུད་པས་མཐོང་ལམ་དངོས་ཡིན། རྟོགས་པ་དེ་བརྟན་པོར་སོང་བ་དང་། སྟོང་འཛིན་ངེས་ཤེས་ཀྱི་ཆ་ཉམས་ཀྱི་དྲི་མ་དེ་རྩ་བ་ནས་དག་ནས། ཐ་མལ་གྱི་ཤེས་པ་ཡུལ་མེད་དུ་ལྷང་སོང་སྟེ། སྣང་འཛིན་སྟོང་འཛིན་གཞི་རྩ་བྲལ་བས་ན། སྤྲོས་བྲལ་འབྲིང་པོ་རྩ་བ་བྲལ་བར་རྟོགས་པ་ཡིན། དོ་ཧ་ལས། རྩ་བ་བྲལ་བར་གང་གིས་སུས་ཤེས་པ། །བླ་མའི་བཀའ་དྲིན་ཐོབ་པ་དེ་ཡི་མཆོག །ཅེས་སོ། །འདིའི་སྐབས་སུ་

p. 347

རྟོག་པའི་རང་བཞིན་ཤེས་པས། འགྱུ་ཐོག་ཏུ་བདེ་ལ། སྣང་ཐོག་ཏུ་བདེ་དོགས་ཀྱི་འཛིན་པ་འབྱུང་བ་ཡིན། འདི་ནས་ཉམས་རྟོགས་ཀྱི་ཤན་ཕྱེད། རྟོགས་པ་ཉམས་དང་འདྲེས་ཤིང་། ཉམས་རྟོགས་པ་དང་མ་བྲལ་བར་ཉམས་ཀྱི་འདག་བྱེད་རྟོགས་པས་བྱས། རྟོགས་པའི་མགོ་ཉམས་ཀྱིས་བཏོན་ནས་བསྐྱངས་པས། རྟོགས་པ་དེ་མཐར་ཐུག་པ་ན། འཁོར་འདས་ལམ་གྱི་བསྡུས་པ་ཤེས་བྱ་ལ་སྲིད་ཚད་ཀྱི་ཕྱི་ནང་གི་ཆོས་ལ། སྤྲོས་པ་དང་མ་བྲལ་བའམ་མི་སྟོང་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པར། མཚན་མའི་སྤྲོས་པ་དང་བྲལ་ཞིང་། འཛིན་པའི་སྒྲོ་འདོགས་ཆོད་པ་ནི་སྤྲོས་བྲལ་ཆེན་པོ་ཕྱི་ནང་གི་ཆོས་ལ་སྒྲོ་འདོགས་ཆོད་པའོ། །འདིའི་དུས་སུ། སྣང་ཐོག་ཏུ་སྣང་བ་རང་བཞིན་མེད་པར་རྟོགས་པས་སྣང་བ་བདག་མེད་ཏུ་འཆར། སྣང་བ་རང་སེམས་དོན་སྤྱིའི་ཚུལ་དུ་རྟོགས་པ་ཡིན་པས། ཕྱི་རོལ་ན་སྣང་བ་མེད་པར་རང་གི་སེམས་སུ་རྟོགས་པས་སེམས་ཙམ་པ་དང་མཐུན་ཞེས་པའི་དོན་ཡང་དེ་ཡིན། སྤྲོས་བྲལ་བྱང་ཆུབ་སེམས་ཀྱི་རང་བཞིན་རྟོགས་པས་སྟོང་ཐོག་ཏུ་སྒྲོ་འདོགས་ཆོད། དོན་དམ་པའི་ཤེས་རབ་ཡིན་པས། ཆོས་ཐམས་ཅད་རང་བཞིན་མེད་པའམ། མ་སྐྱེས་པའམ། མ་གྲུབ་པ་གཅིག་བདེ། གང་ཤར་གྱི་རྣམ་རྟོག་སོ་མ་ཉམས་པ་འདི་ཅུང་མི་བདེ་བས། ཕྱག་རྒྱ་ཆེན་པོའི་ཕྱོགས་གཅིག་ལས་མ་རྟོགས། རོ་གཅིག་སྐྱེས་པ་དང་སྤྲོས་པ་དང་བྲལ་མ་བྲལ་མེད། སྟོང་མི་སྟོང་མེད་པར་སྣང་བ་སོ་མ། ཅི་སྐྱེས་གང་ཤར་གང་སྣང་གིས་ཆོག་པ་སྟེ། ཕྱག་རྒྱ་ཆེན་པོ་མཚན་ཉིད་པ་ད་གཟོད་རྟོགས་པ་ཡིན། སྤྲོས་བྲལ་དུ་འོད་གསལ་རྟོགས་པ་ཡིན། རོ་གཅིག་ཏུ་ཟུང་འཇུག་རྟོགས་པ་ཡིན། རྟོགས་པ་ལ་ན་འཕར་རྒྱུ་ཞིག་གདའོ། རྗེ་འབྲི་ཁུང་པས། སྔ་མའི་རྟོགས་པ་དེ་ཕྱི་མའི་འདག་རྒྱུ་ཡིན་ཡང་གསུངས། སྐད་ཅིག་གིས་སྐྱེ་འགག་བྱེད་པ་ཡང་སྤང་བྱ་དང་གཉེན་པོ་

p. 348

འཕེལ་འགྲིབ་བྱེད་པ་ཡིན་ནོ། །སྤྲོས་བྲལ་སྐྱེས་པ་དང་མཉམ་རྗེས་གཉིས་སུ་ཤགས་ཀྱིས་འབྱེད་དེ། སེམས་ཕྱི་ནང་མེད་པར་ཡེ་ཤེས་ཟང་ཐལ་དུ་ཤར་བ་ལ་མཚན་མའི་སྤྲོས་པ་མེད་པ་ཡུལ་མེད་དུ་རང་ངོ་ཤེས་པ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ་མཉམ་བཞག་མཚན་ཉིད་པ་ཡིན། རྗེས་ཤེས་ཡུལ་ཡུལ་ཅན་དུ་སོང་ཡང་། སྣང་བ་ལ་བདེན་འཛིན་མེད་པར་སྒྱུ་མར་སྐྱེ་སྟེ། མི་ཤུལ་དུ་མི་རྗེས་བྱུང་བ་དང་འདྲ་སྟེ་རྗེས་ཐོབ་མཚན་ཉིད་པ་ཡིན། དེ་ལ་སྣང་ལ་མ་ངེས་པའི་ངོ་མི་ཤེས་ཀྱི་དྲི་མ་ཡོད། ཡང་དག་གི་དྲན་པས་མ་ཟིན་ན་བྲལ་བ་དང་། ཟིན་ཙམ་ན་གང་ཤར་གྱི་རང་ངོ་མཐོང་བས་ཐོབ་པ་ཡོད་དེ། ཡེ་ཤེས་ཀྱི་འགྲོ་ལྡོག་བྱེད་པས་བྲལ་ཐོབ་གཉིས་ཀ་ཡོད། དེ་ལྟར་རྟོག་མེད་ཀྱི་ཤེས་པ་ཡུལ་མེད་དུ་གསལ་བ་ནི་མཉམ་བཞག །རང་ངོ་མ་ཤེས་པར་ཡུལ་སྣང་གི་རྟོག་པར་ཐལ་ཤར་བ་ན་རྗེས་ཤེས། དེ་ཉིད་དུ་ངོ་ཤེས་ཀྱི་དྲན་པས་རང་སར་རང་ངོ་མཐོང་བ་ནི་རྗེས་ཐོབ། དེའི་རྒྱུན་གཟུང་འཛིན་གྱི་མཐའ་ལ་མི་གནས་པར་རང་སོ་ཚུགས་པ་མཉམ་བཞག་སྟེ། དེ་ལྟ་བུའི་མཉམ་རྗེས་ཀྱི་ཉམས་ལེན་ཁོར་ཡུག་གིས་སྒོམ་སྤང་གི་དྲི་མ་སྤོང་བ་ཡིན་ནོ། །དེ་ལ་སེམས་སྐད་ཅིག་མའི་རང་ངོ་སྤྲོས་བྲལ་དུ་མཐོང་བ་ལ། ངེས་ཤེས་ཀྱི་འཛིན་པ་དག་པ་སྤྲོས་བྲལ་དུ་རྟོགས་པ་ན་ངོ་བོ་མཐོང་བ་ཡིན། དེ་ལ་སྟོང་འཛིན་ནམ་ངེས་ཤེས་ཀྱི་ཆ་ཐམས་ཅད་སྤྲོས་བྲལ་གྱི་ཉམས་ཡིན། སྤྲོས་བྲལ་དུ་རྟོགས་ཀྱང་ཡུལ་ཡུལ་ཅན་གྱི་ཆ་བག་ཙམ་འདུག་ན་ངོ་བོ་མ་མཐོང་། འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་བྲལ་དུ་རང་ངོ་ཤེས་པས་འཛིན་པའི་སྒྲོ་འདོགས་ཆོད་པ་སྤྲོས་བྲལ་དུ་དག་པ་ན་སྤྲོས་བྲལ་གྱི་རྩལ་རྫོགས་པ་ཡིན། རྣམ་རྟོག་གི་རང་བཞིན་ཤེས་ཀྱང་སྣང་ཐོག་ཏུ་བདེ་དོགས་འོང་བ་དང་། ངོ་བོ་མཐོང་ཡང་སྟོང་འཛིན་གྱི་མྱོང་བ་མ་དག་ན་རྩལ་མ་རྫོགས། གང་ཤར་གྱི་དྲན་

p. 349

སྣང་སྟོང་སྣང་དང་སྟོང་འགྱུ་རུ་རང་ངོ་ཤེས་ན་རྣམ་རྟོག་སྒོམ་དུ་ཤར། མཉམ་བཞག་གི་རྟོགས་པ་རྗེས་སྣང་གི་ཐོག་ཏུ་ལམ་དུ་མི་སློང་། ཉིན་བར་གྱི་དགེ་སྦྱོར་གཉིད་ཀྱི་དུས་སུ་མི་འདྲོངས་ན་སྒོམ་རེས་འཇོག་མ་སྟེ་རྣམ་རྟོག་སྒོམ་དུ་མ་ཤར། མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་ཆ་མཐུན་ཤར་ན་ཡོན་ཏན་སྐྱེས་པ་ཡིན། རྟོགས་པ་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་སང་བྱེད་ལམ་གྱི་རྐྱེན་དང་མ་འཕྲད་པར་གྲུབ་པའི་རྟགས་ཀྱི་སྣང་ཆ་མེད་ན་ཡོན་ཏན་མ་སྐྱེས། སྟོང་པའི་གདངས་རྒྱུ་འབྲས་སུ་རྟོགས་པས། གཤིས་ཅི་ཡང་མ་ཡིན་ལ་རྐྱེན་གྱིས་ཅིར་ཡང་བྱར་བཏུབ་པའི་རྟེན་འབྲེལ། ཆོས་ཐམས་ཅད་ཚོགས་པ་ལས་འབྱུང་བ། རྐྱེན་ལས་སྐྱེ་བ། སྒྱུ་མ་ལྟ་བུའི་རྒྱུ་འབྲས། སྣང་སེམས་སྒྱུ་མའི་འཆར་སྒོར་གོ་ན་ཀུན་རྫོབ་ལ་བྱན་ཚུད་པ་ཡིན། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་མ་སངས་ན། ལས་འབྲས་ལ་རྨོངས་པའི་མ་རིག་པ་མ་སངས་པས་རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་གོ་ན་བྱན་མ་ཚུད་པ་ཡིན། འདིའི་སྐབས་སུ་རྒྱུ་འབྲས་སྟོང་པར་རྟོགས་པས་རྣམ་སྨིན་ལ་བསགས་པ་མི་འདུག །ལས་འབྲས་ལ་གྲུབ་པ་མི་འདུག་སྙམ་པའི་མྱོང་བའི་ངེས་ཤེས་ཀྱི་རྟོགས་པ་དེའི་རྗེས་སུ་འབྲང་ན་ནག་པོ་ཁ་འབྱམས་སུ་ཤོར་དོགས་ཡོད། སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱེར་བྱ་བའི་འཁོར་ས་ཡིན། བདུད་ཀྱི་བར་ཆད་སྡོམ་པ་ཤོར་བ་ལ་སོགས་པ་འབྱུང་། ལས་རྗེས་སུ་མི་འབྲང་། ལས་ཀྱི་དབང་དུ་མི་འཆོར། ལྟར་སྣང་ཙམ་དུ་སྨིན། སྟོང་ཉིད་རྟོགས་པའི་གདངས་དམིགས་མེད་ཀྱི་སྙིང་རྗེར་སྐྱེ། སྙིང་རྗེའི་སྨོན་ལམ་གྱི་འཕྲུལ་འཁོར་གྱིས་རྗེས་ཤེས་ཀྱི་སྣང་བ་ལ། ལེགས་ཚོགས་ཀྱི་རྟེན་འབྲེལ་བདེན་མེད་དུ་སྒྲིག་ཤེས་ན་གཟུགས་སྐུའི་ས་བོན་ཐེབས། གཞན་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་འགྲིག །སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་མ་སྐྱེས་པའམ། ཤེས་

p. 350

རབ་རྒྱུད་ལ་སྐྱེས་ཀྱང་ཐབས་ཀྱི་རིམ་པ་ཁྱད་དུ་གསོད་ན་གཟུགས་སྐུའི་ས་བོན་མ་ཐེབས། གཞན་དོན་འགྲུབ་པར་དཀའ། གཞན་དོན་བས་ལྟོ་རྒྱབ་ཀྱང་ཕྱིད་དཀའོ། །སྤྱིར་གང་ཟག་གི་རིགས་མ་ངེས་ཏེ་སྔོན་གྱི་སྦྱངས་པ་ཆེ་ཆུང་གིས་ལ་ལ་སྤྲོས་བྲལ་དང་པོ་ནས་དྲན་པས་བཟུང་མི་དགོས་པ་འོང་། ལ་ལ་རོ་གཅིག་ཆེན་པོའི་བར་དུ་དྲན་པས་བཟུང་དགོས་པ་འོང་། ལ་ལ་སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་མ་སྐྱེས་པའམ། ལ་ལ་རྟོགས་པ་དང་སྙིང་རྗེ་དུས་མཉམ་དུ་འཆར་བ་འོང་། ཉམས་རྟོགས་ཟུང་དུ་ཆུད་མ་ཆུད། ཐབས་ཤེས་ཡ་བྲལ་མ་བྲལ་མཐའ་གཅིག་ཏུ་འོང་བར་མ་ངེས་སོ། །སྤྱོད་པ་ལ་ཡང་། ལ་ལ་ཅི་བྱས་ཀྱང་མི་སྟོ་སྙམ་ནས་འཇིག་རྟེན་པ་དང་འདྲེ་བ་འོང་། ལ་ལ་རི་ཁྲོད་འགྲིམ་ཞིང་སྒྲུབ་པ་བྱེད། ལ་ལ་སངས་རྒྱས་ཀྱི་བྱ་བ་རླབས་པོ་ཆེ་ལ་འཇུག་སྟེ་མ་ངེས་པ་ཡིན་ནོ། །དེ་ལྟར་སྤྲོས་བྲལ་གྱི་རྟོགས་པ་དེ་བསྐྱངས་པ་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྲོས་བྲལ་མ་བྲལ་མེད། སྟོང་མི་སྟོང་མེད། བསལ་བཞག་དང་དགག་སྒྲུབ་མེད་པར་རང་སར་གྲོལ་བ་རང་ངོ་ཤེས་པས། སྣང་བ་དུ་མར་སྣང་ཡང་། རྟོགས་པ་གཅིག་གི་ངོ་བོར་དུ་མ་རོ་གཅིག་གི་རྣལ་འབྱོར་ཏེ། དེ་ལ་རོ་གཅིག་ཆུང་ངུ་འཁོར་འདས་གཅིག་ཏུ་འདྲེ་བ་ནི། སྣང་བ་སྟོང་པ་དོན་དམ་ཀུན་རྫོབ། བསྐྱེད་རིམ་རྫོགས་རིམ་ལ་སོགས་པ་གཉིས་བསྡུས་ཀྱི་ཆོས་ཇི་སྙེད་པ་དེ་ཐམས་ཅད་རྟོགས་པ་གཅིག་གི་ངོ་བོར་དབྱེར་མེད་པར་ཟུང་འཇུག་མངོན་དུ་གྱུར། སྣང་བ་སྟོང་པ་དང་འབྲལ་མ་མྱོང་ལ་སྟོང་པ་སྣང་བ་དང་འབྲལ་མ་མྱོང་བས། སྣང་སྟོང་གང་རུང་རེའི་ཐོག་ན་ལམ་གྱི་ཆོས་ཇི་སྙེད་པ་ཐམས་ཅད་ཚང་ཞིང་གཉིས་མེད་ཟུང་དུ་འཇུག་པ་ཡིན་པས་ཟུང་འཇུག་ཡངས་པ་ཡིན། དེ་ལྟར་དུ་མ་རོ་གཅིག་ཏུ་རྟོགས་ཀྱང་། ད་དུང་དེ་རང་ལ་འཛིན་པའམ། ངེས་ཤེས་ཀྱི་

p. 351

ཆ་མ་འདྲེས་པའམ། འདྲེས་པའི་མྱོང་བ་ངེས་ཤེས་ཀྱི་དྲི་མ་ཅུང་ཟད་ཅིག་འདུག་ན་རོ་གཅིག་ཆུང་ངུ་། རོ་གཅིག་འབྲིང་པོ་གཟུང་འཛིན་གྱི་རྩ་བ་རྦད་ཀྱིས་ཆོད་པ་ནི། རྟོགས་པ་དེ་བརྟན་དུ་སོང་བ་དང་། རྟོགས་བྱ་དང་རྟོགས་མཁན་དུ་མ་རོ་གཅིག་ཏུ་འདྲེ་རྒྱུ་དང་འདྲེས་པའི་ཡུལ་འཛིན་རྩ་བ་ནས་དག་པས་བེམ་པོ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ལུས་པར་སྣང་སེམས་གཅིག་ཏུ་ཀྲོང་ངེ་བ་དེ་རོ་གཅིག་འབྲིང་པོ་ཡིན། ཡིད་ལ་མི་བྱེད་པ་མཚན་ཉིད་པ་དེ་རུ་མངོན་དུ་གྱུར་པ་ཡིན། རོ་གཅིག་ཆེན་པོ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྐྱེ་མེད་ཀྱི་ངང་དུ་ཞི་བའི་དུ་མ་རོ་གཅིག་ཏུ་རྟོགས་ལ་རོ་གཅིག་གི་རྟོགས་པ་དེ་དུ་མའི་སྣང་བར་ཤར་བས། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོགས་པ་དེའི་དངོས་གཞིར་གནས་པ་ནི་རོ་གཅིག་དུ་མ་ཞེས་བྱ་བ་ཟབ་རྒྱས་དབྱེར་མེད་ཀྱི་དོན་རྟོགས་པ་སྟེ། མདོ་ལས། ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཤིན་ཏུ་སྤྲོས་པའི་ཏིང་ངེ་འཛིན་ཞེས་གསུངས་པའི་དོན་ནོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ལ་རང་ས་རང་ས་ན་སོ་མ་ཉམས། མདོག་མ་འགྱུར་བར། ཇི་ལྟར་གནས་པ་དེ་རང་གཉིས་མེད་རྟོགས་པའི་ངོ་བོར་འདུག་པ་ལས་དེ་ལ་བསལ་བཞག་གམ། བྲལ་ཐོབ་བམ། གཉེན་པོས་བཅོས་རྒྱུ་སྤུ་རྩེ་ཙམ་ཡང་མ་གོས་པ་ནི་རོ་གཅིག་ཆེན་པོའོ། །རོ་གཅིག་སྐྱེས་པ་དང་མཉམ་རྗེས་འདྲེ་བ་ཡིན་ཏེ། མཉམ་བཞག་གི་དུས་སུ་གཉིས་ཆོས་གཉིས་མེད་དུ་ཀྲོང་ངེ་བ་ལ་འཛིན་པའི་དྲི་མ་མེད་པར་གནས་པ་དེ་ལ། རྗེས་ཤེས་སྣང་སྟོང་གཉིས་མེད་དུ་རང་ངོ་མ་ཤེས་པར། སྟོང་པར་ཕྱོགས་གཅིག་ཏུ་ཐལ་འགྲོ་བ་དེ་རོ་གཅིག་གི་རྗེས་ཤེས་སྟོང་ཉིད་དུ་སྐྱེ་བ་བྱ་བ་ཡིན། དེ་ལ་སྟོང་འཛིན་ཡོད་པས་ཉམས་ཀྱི་དྲི་མ་ཡིན། རྗེས་སྣང་ཕལ་ཆེར་སྒྱུ་མར་འཆར་ཡང་། ངོ་མ་ཤེས་ཀྱི་དྲི་མའང་

p. 352

ཡོད། ཞང་རིན་པོ་ཆེའི་ཞལ་ནས། འདིའི་དུས་སུ་ཨ་འཐས་ཀྱི་སྣང་བ་ཡང་ཡུད་ཙམ་ཡོད་གསུངས། གོམས་རྗེས་ཚོགས་དྲུག་གི་སྣང་བ་ཤར་བའི་དུས་སུ་དྲན་པས་མ་ཟིན་ཡང་རྟོགས་པ་རྒྱུན་མི་ཆད་པས་བྲལ་བའི་ངོས་བཟུང་མེད་ལ། སྣང་སྟོང་དེ་ཡང་དག་གི་དྲན་པས་གསལ་བཏབ་པ་ལྟ་བུར་རྗེན་གྱིས་འོང་བས་བྲལ་བ་མེད་ལ་ཐོབ་པ་ཡོད། སྐྱེས་གྲོལ་དུས་མཚུངས་ཞེས་པ་ཡང་སྐྱེས་ཆ་རང་རྒྱུད་པ་མེད་ལ་གྲོལ་ཆ་ཡོད་པ་ཞིག་ཡོད། རོ་གཅིག་ཆེན་པོ་ནས་གང་ཤར་གྱིས་ཆོག་པ་ཡིན། དེ་ལ་བྲལ་ཐོབ་གཉིས་ཀ་མེད་དོ། །གང་ཤར་གྱི་སྣང་བ་ལ་བསལ་བཞག་གམ། དགག་སྒྲུབ་མེད་པར་རང་སར་རང་ངོ་ཤེས་པ་རོ་གཅིག་གི་རྟོགས་པ་ཡིན་ཏེ་ངོ་བོ་མཐོང་བ་ཡིན། དེ་ལ་ངེས་ཤེས་སམ། ཐག་ཆོད་པའི་འཛིན་པ་རྒྱུ་དང་འདྲེས་པའི་དགག་སྒྲུབ་ཀྱི་དྲི་མ་ཅུང་ཟད་འདུག་ན་རོ་གཅིག་གི་ཉམས་ཡིན་པས་ངོ་བོ་མ་མཐོང་། སྣང་སྲིད་འཁོར་འདས་ཀྱི་ཆོས་ལ་གཉེན་པོས་བཅོས་རྒྱུ་སྐད་ཅིག་མ་གཅིག་ཀྱང་མེད་པར། རང་སར་རང་གིས་ཆོག་པའི་དུ་མ་རོ་གཅིག་ཏུ་རྟོགས་ལ། རོ་གཅིག་གི་རྟོགས་པ་དེ་དུ་མའི་སྣང་བ་ལ་དབང་བསྒྱུར་བ་ན་རྩལ་རྫོགས་པ་ཡིན། དུ་མ་རོ་གཅིག་ཏུ་རྟོགས་ཀྱང་རོ་གཅིག་དུ་མར་མ་ཤར། གཉིས་ཆོས་གཉིས་མེད་དུ་རྟོགས་ཀྱང་གཉིས་མེད་གཉིས་ཆོས་སུ་མ་གྲོལ་བས་ད་དུང་བསལ་བཞག་གམ། དགག་སྒྲུབ་ཀྱི་གཉེན་པོའི་འཁྲིས་དང་མ་བྲལ་འདུག་ན་རྩལ་མ་རྫོགས་པ་ཡིན། རྒྱལ་ཐང་དུ་བླ་མ་ལྡུམ་གྱི་སློབ་མས། ཏི་སེ་བའི་རི་པ་ལ་ཆོས་སྐད་ཀྱི་འུད་བཏང་བའི་ལོ་རྒྱུས་ཀྱང་གསུངས། སྣང་སེམས་གཅིག་ཏུ་འདྲེས་པས་ངར་འཛིན་རྩ་བ་ནས་ཟད་ཅིང་། ཉོན་མོངས་པ་ཅན་གྱི་ཡིད་དག །རང་མ་གྲུབ་པས་དེ་ལ་ལྟོས་པའི་གཞན་མ་གྲུབ་སྟེ། བདག་གཞན་གཉིས་མེད་གཅིག་ཏུ་འདྲེས་པས་འཁྲིག་པའི་འདོད་པ་དང་བྲལ།

p. 353

ཕྲག་དོག་རྩ་བ་ནས་ཞི། ཚོགས་དྲུག་ཟང་ཐལ་གྱི་འཆར་སྒོ་ལ། བཅིངས་གྲོལ་འགྲོ་འོང་མེད་པར་གང་ཤར་གྱིས་ཆོག་ན་རྣམ་རྟོག་སྒོམ་དུ་ཤར་བ་ཡིན། དེ་དུས་ངོ་ཤེས་ཀྱི་དྲན་པས་ཐོབ་རྒྱུ་དང་གྲོལ་རྒྱུ་འདུག་ན་རྣམ་རྟོག་སྒོམ་དུ་མ་ཤར། སྤྱིར་ཚོགས་དྲུག་སྤྲོས་བྲལ་གྱི་དུས་སུ་འདག །ཉོན་མོངས་པའི་ཡིད་རོ་གཅིག་གི་དུས་སུ་འདག །ཀུན་གཞིའི་རྣམ་པར་ཤེས་པ་སྒོམ་མེད་ཀྱི་དུས་སུ་འདག་པ་ཡིན་ནོ། །སྣང་སེམས་གཅིག་ཏུ་འདྲེས་ཤིང་རང་གཞན་གཉིས་མེད་དུ་ཤར་བས། འབྱུང་བ་ལ་དབང་ཐོབ་པའི་རྫུ་འཕྲུལ་དང་མངོན་ཤེས་དང་མཁྱེན་པའི་ཡེ་ཤེས་ཀྱིས་ཕྱི་ནང་གི་ཆོས་ལ་དབང་བསྒྱུར་བས་དག་པའི་ས་ལ་གནས་པའི་ཡོན་ཏན་འབྱུང་སྟེ། ཤེས་པ་སྐད་ཅིག་མའི་ཐོག་ཏུ་འཁོར་འདས་ཀྱི་ལེགས་ཚོགས་སྒྲུབ་པ་དང་། ཉེས་སྐྱོན་སྤོང་བ་དང་། ཡོན་ཏན་བསྐྱེད་པར་ནུས་པས་རྣམ་རྟོག་ལ་དབང་བསྒྱུར་བའོ། །སྐྱེ་གནས་མྱོང་འགྱུར་གྱི་ལས་བསྐལ་པ་དུ་མར་མནར་མེད་དུ་སྐྱེ་བའི་ལས་ལྟ་བུ་བག་ལ་ཉལ་དུ་མ་ལུས་པར་རང་དབང་མེད་པར་བསླང་ནས། ད་ལྟ་རྨི་ལམ་འཁྲུག་པ་ཙམ་ཞིག་གིས་རང་དག་ཏུ་བྱེད་པའམ། དགེ་བའི་ལས་བསྐལ་པ་མང་པོའི་ཕ་རོལ་དུ་སྨིན་པར་བྱེད་པ་ཡང་། དུས་འདི་ཉིད་དུ་མངོན་དུ་བྱེད་པ་ལ་སོགས་པ་ལས་ལ་དབང་བསྒྱུར། དུས་གསུམ་མཉམ་པ་ཉིད་དུ་རྟོགས་ཤིང་སྐད་ཅིག་མ་ཆ་མེད་དུ་རྟོགས་པས་བསྐལ་པ་སྐད་ཅིག་མར་བྱིན་གྱིས་རློབ་པའམ། སྐད་ཅིག་མ་བསྐལ་པར་བྱིན་གྱིས་རློབ་པ་ལ་སོགས་པ་དུས་ལ་དབང་བསྒྱུར། ལུས་སེམས་སྣང་བ་གསུམ་གཅིག་ཏུ་འདྲེས་པས། ནམ་མཁའ་དང་ལག་མཐིལ་མཉམ་པ་དང་། སྟོང་གསུམ་ཡུངས་འབྲུར་ཚུད་པ་དང་། གཅིག་ལས་མང་པོར་བྱེད་པ་དང་། མང་པོ་གཅིག་ཏུ་བྱེད་པ་དང་། རིགས་དྲུག་སོ་སོའི་གཟུགས་སུ་སྟོན་ཅིང་སྐད་དུ་སྨྲ་བ་ལ་སོགས་པ། སྣང་བ་ལ་དབང་

p. 354

བསྒྱུར། མགྲིན་པའི་རྩ་ཁ་བྱེ། གསུང་གི་མཛོད་བརྡོལ། ངག་གི་དབང་ཕྱུག་འགྲུབ། རྩོམ་པའི་སྤོབས་པ་ལ་ཐོགས་པ་མེད། སྟོན་པའི་གསུང་རབ་ཀྱི་དོན་ལ་མ་རྨོངས། ཤེས་བྱའི་ཆོས་ལ་ཆགས་ཐོགས་མེད་པས་ཡེ་ཤེས་ལ་དབང་བསྒྱུར། དེ་རྣམས་སྣང་སེམས་འདྲེས་པའི་རྟེན་འབྲེལ་གྱིས་མི་འོང་ཁ་མེད་པ་ཡིན་ཏེ། སློབ་དཔོན་སྒོམ་པས་རྗེ་དྭགས་པོ་རིན་པོ་ཆེ་ལ། རོ་གཅིག་གི་དུས་སུ་ལུས་སེམས་སྣང་བ་གསུམ་གཅིག་ཏུ་འདྲེས་པ་གསུངས་པ་ཅི་ཙུག་ལགས་ཞུས་པས། ཕྱག་དབུ་སྔས་ཀྱི་ཀ་བ་ལ་ཕྱལ་ཕྱལ་མཛད་ནས། དེ་གསུམ་དེ་ཙུག་འདྲེ་བ་ཡིན་གསུངས། དེ་ལྟར་ན་ཡོན་ཏན་སྐྱེས་པ་ཡིན། རོ་གཅིག་གི་རྟོགས་པ་ཙམ་སྐྱེས་ཀྱང་། སད་བྱེད་ལམ་གྱི་རྐྱེན་ཞན་པས་གྲུབ་པའི་རྟགས་རྫུ་འཕྲུལ་མ་ཤར་ན་ཡོན་ཏན་མ་སྐྱེས། རོ་གཅིག་ངང་ལ་འབྱམས་གྱུར་ན། རྒྱུ་འབྲས་མངོན་སུམ་ཉིད་དུ་འགྱུར། དེ་ཡང་དུ་མའི་སྣང་བ་རྟོགས་པ་གཅིག་གི་ངོ་བོར་དབྱེར་མེད་ཅིང་རོ་གཅིག་གི་རྟོགས་པ་དེས་དུ་མའི་རྒྱུ་འབྲས་ལ་དབང་བསྒྱུར། རྟེན་ཅིང་འབྲེལ་བར་འབྱུང་བ་སྐད་ཅིག་མར་རྒྱུ་འབྲས་འཁོར་ལོ་ཉི་མའི་གུང་ལ་ཟ་འོག་བཀྲམ་པ་བཞིན་གསལ། ཤེས་པ་སྐད་ཅིག་མའི་འཆར་སྒོ་ལ་འཁོར་འདས་འགྱེས། དགེ་སྡིག་གི་འདོར་ལེན། སྒྲིབ་དང་སྦྱང་བའི་སྤེལ་སྦྱང་བྱེད། སྟོང་པའི་མཚན་ཉིད་ལ་སྟོང་པའི་ཆོས་འབྱུང་བ། ནམ་མཁའ་ལྟ་བུའི་རྒྱུ་འབྲས་མངོན་དུ་གྱུར། བག་ཆགས་ཀྱི་ཀུན་སྦྱོར་ཟད་པས་ལས་འབྲས་སྐད་ཅིག་གཉིས་པར་མི་སྡོད། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་འབྱུང་རྒྱུ། གནས་གཞི། འཇིག་རྐྱེན་དུ་ཤེས་པས། ལུས་ངག་ཡིད་གསུམ་གྱི་འཁྲུལ་འཁོར། ཐ་ན་རྡེའུ་འམ་ཤིང་བུ་གཅིག་གི་བསྒྱུར་ལྡོག་གིས་ཀྱང་སྐྱོན་ཡོན་གྱི་སྤོང་སྒྲུབ་ཤེས། ཕྱི་རོལ་གྱི་སྣང་བ་བྱ་དང་བྱེའུ་ཚུན་ཆད་ཀྱིས་ཀྱང་ཆོས་ཚུར་སྟོན། དེ་ལྟར་སྣང་བ་

p. 355

རང་སེམས་རང་མཚན་དུ་རྟོགས་པའི་རྟེན་འབྲེལ་རྒྱུ་འབྲས་ཀྱི་མཐའ་ལ་མཁས་པ་ན་ཀུན་རྫོབ་ལ་བྱན་ཚུད། རོ་གཅིག་སེམས་ཀྱི་མཚན་ཉིད་རྟོགས་པས་སྣང་ཐོག་ཏུ་སྒྲོ་འདོགས་ཆོད་པ་ཀུན་རྫོབ་ཤེས་པའི་ཤེས་རབ་ཡིན། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་སངས་ཏེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སྐྱེ་དགོས་པ་ལ། སྟོང་པ་རོ་གཅིག་དུ་མའི་རྒྱུ་འབྲས་སུ་མ་ཤར་ན་ཀུན་རྫོབ་ལ་བྱན་མ་ཚུད་པ་ཡིན། དེ་ལྟར་དུ་མ་རོ་གཅིག་ཏུ་རྟོགས་ཤིང་། རོ་གཅིག་གི་རྟོགས་པ་དེ་དུ་མའི་སྣང་བ་ལ་དབང་བསྒྱུར་བའི་དུས་སུ་ཀུན་ཁྱབ་ཀྱི་སྙིང་རྗེ་དང་རྩོལ་མེད་ཀྱི་ཕྲིན་ལས་འབྱུང་བས་འཁོར་འདས་ཀྱི་བདག་པོར་འགྱུར། སྣང་བ་དང་མི་སྣང་བའི་འཁོར་དང་ལོངས་སྤྱོད་ཀྱི་སྤྲིན་འདུ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་གཙུག་གི་ནོར་བུར་གྱུར་པ་ནི་དབང་མེད་ཀྱི་རྒྱུ་འབྲས་ཏེ། རྗེ་ཕག་མོ་གྲུ་པའི་ཞལ་ནས། སྙིང་ནས་རྩ་བ་ཆོད་གྱུར་ཅིང་། །སྒོམ་རོ་གཅིག་ངང་ལ་འབྱམས་གྱུར་ན། །དཔལ་གྱི་རི་ལ་དར་ཆེན་འཕྱར། །དགོས་དགུ་མི་འདོད་བཞིན་དུ་འབྱུང་། །དེ་དབང་མེད་ཀྱི་རྒྱུ་འབྲས་མ་ལགས་སམ། །གསུངས་སོ། །འདིའི་དུས་སུ་གཞན་དོན་ལ་སྐེ་རགས་བཅིངས་པས། དུས་ཕུན་སུམ་ཚོགས་པ་ལྔ་ལ་རྒྱུན་ཆད་མེད་ཅིང་། ཚེ་བསོད་ནམས་ཀྱི་ཚོགས་སུ་མི་འགྱུར་བ་ཡིན། རོ་གཅིག་མ་སྐྱེས་ན་གཞན་དོན་རྒྱ་ཆེན་པོ་མི་འགྲུབ་ཅིང་། འགྲུབ་ཀྱང་ལོགས་ཤིག་ཏུ་ཤོར་འོང་བ་ཡིན། དེ་ལྟར་གཞན་དོན་གྱི་གཏེར་ཁ་ཕྱེད་པ་ན་གཟུགས་སྐུའི་ས་བོན་ཐེབས། དུ་མ་རོ་གཅིག་གི་རྟོགས་པ་སྐྱེས་ནས། སྣང་སེམས་གཅིག་ཏུ་འདྲེས་པའི་དུས་སུ། རང་དང་སེམས་ཅན་གཉིས་སུ་མི་འདུག་པ་ལ། སུ་ཡིས་སུའི་དོན་བྱ་སྙམ་པ་དང་། བླ་མ་དང་རང་སེམས་གཅིག་ཏུ་འདྲེས་ནས། གསོལ་བ་འདེབས་པ་དང་མོས་གུས་བྱ་བའི་ཡུལ་མ་རྙེད། ངེས་ཤེས་ཀྱི་ཉམས་རྟོགས་དེའི་རྗེས་སུ་

p. 356

འབྲངས་ན་ཉན་ཐོས་ཀྱི་གསེབ་ལམ་འགྲིམས་དོགས་ཀྱང་ཡོད། རོ་གཅིག་འདྲེས་པའི་རྦ་ལ་གཡེངས་བྱ་བའི་འཁོར་ས་ཡིན། ས་བདུན་པ་མན་ཆད་ཉན་རང་དུ་ལྡོག་པའི་སྐབས་ཡོད་པ་ཡང་དེ་ཡིན་ནོ། །རྟོགས་པའི་རྩལ་སྙིང་རྗེ་རུ་མ་ཐོན་པས་གཞན་དོན་གྱི་གཏེར་ཁ་མ་ཕྱེད་ཏེ། རྟོགས་ལྡན་གྱི་དྲོད་འཆག་ཅིང་ཕོ་ཧྲེང་པོར་ལུས་པ་ཡང་སྲིད་དེ། བླ་མ་ལྡུམ་ལྟ་བུའམ། བགྲེས་མོས་ཞུས་པ་ཞི་མདོ་ལྟ་བུའོ། །དེ་ལྟར་ན་གཟུགས་སྐུའི་ས་བོན་མ་ཐེབས། དེ་ལ་དགོངས་ནས་དྭགས་པོ་རིན་པོ་ཆེས། གཞན་ཕན་ཞེན་མེད་སྙིང་རྗེ་འདི། །ཐབས་ཀྱི་མཆོག་ཏུ་བཙིར་གྱིས་བཟུང་། །སྤྱིར་མཐོ་ཡིན་མཐོ་ཡིན་གཡང་ས་ཆེ། །འཁྲུལ་ས་དང་འཁོར་ས་མང་དུ་ཡོད། སྤྲོས་བྲལ་དང་རོ་གཅིག་རྟོགས་པའི་རང་ལྡོག་ཙམ་ཞིག་སྐྱེས་ཀྱང་། ཟབ་མོའི་གནད་ནས་འཛིན་མ་ཤེས་ན་ཅིར་འགྱུར་ཆ་མེད། ལར་བླ་མ་དང་གདམས་ངག་གལ་ཆེ་བ་ཡིན་ནོ། །དེ་ལྟར་རོ་གཅིག་ནི་སློབ་པའི་ཟུང་འཇུག་ཡིན། སྒོམ་མེད་ནི་མི་སློབ་པའི་ཟུང་འཇུག་ཡིན་ཏེ། རྟོགས་པ་དེ་ལ་གོམས་པར་བྱ་རྒྱུ་མེད་ན་སྒོམ་མེད་མངོན་དུ་གྱུར་པ་ཡིན་ཏེ། དེ་ལ་སྒོམ་མེད་ཆུང་ངུ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་ནི། སྒོམ་མཁན་ནམ། རྟོགས་མཁན་གྱི་མཁན་པོ་རྩ་བ་ནས་དག་པས་བསྒོམ་བྱ་སྒོམ་བྱེད། རྟོགས་བྱ་རྟོགས་བྱེད། ཤེས་བྱ་ཤེས་བྱེད། དྲན་འཛིན་གོམས་པར་བྱ་རྒྱུའི་ཉམས་ཀྱི་དྲི་མ་རྩ་བ་ནས་དག་ནས་ཉིན་བར་གྱི་དུས་ན་མཉམ་རྗེས་མེད། ཡེངས་མ་ཡེངས་མེད་པར་ཤར་བ་ལ། མཚན་བར་གྱི་དུས་ན་སྒོམ་བྱེད་དམ་ངེས་ཤེས་ཀྱི་དྲི་མ་ཅུང་ཟད་ཅིག་འདུག་པ་དེ་སྒོམ་མེད་ཆུང་ངུ་། རྗེ་རྒོད་ཚང་པས། ཉིན་བར་གྱི་དུས་སུ་རྗེས་སྣང་སྒྱུ་མའམ་སྟོང་པར་གསལ་དུ་མངོན་ཙམ། ཡུན་སེ་གོལ་བཏོག་པའི་བར་ཙམ་རེ་བྱུང་ཡང་དྲན་པས་བཟུང་རྒྱུའི་ཐ་སྙད་མེད་པར་དེ་ཉིད་དུ་ངོ་བོ་རང་དག་ཏུ་འགྲོ་

p. 357

བ་འོང་གསུངས། སྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན་པ་ནི་གཞི་ཐོག་ཏུ་འབྲས་བུའི་སར་ཕྱིན། སྐུ་གསུམ་མ་དང་འཕྲད། ཡིན་ལུགས་ཡིན་བཞིན་དུ་མངོན་དུ་གྱུར་པས་ཉིན་མཚན་མེད། གཉིད་ལོག་མ་ལོག་མེད་པར་དྲན་པས་བཟུང་རྒྱུའམ། ངོ་ཤེས་རྒྱུ་གཏན་ནས་མེད་པའི་མཉམ་བཞག་ཆེན་པོ་གཅིག་ཏུ་གྱུར་པ་ལས། ཡེ་ཤེས་ཀྱི་རང་གྲིབ་མི་ཤེས་པར་གྲོལ། ཤེས་བྱའི་དྲི་མ་ཅུང་ཟད་དང་བཅས་པ་དེ་སྒོམ་མེད་འབྲིང་ངོ་། །ཆོས་ཀྱི་དབྱིངས་ཡེ་ཤེས་དེར་ཤེས། ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པས་ལམ་དང་རང་བཞིན་གྱི་འོད་གསལ་གཅིག་ཏུ་འདྲེས་ནས་འོད་གསལ་ཆེན་པོ་སྤྲོས་མེད་ཀྱི་ཡེ་ཤེས་ལ་མི་ཤེས་པ་དང་། ཤེས་བྱའི་དྲི་མ་རྩ་བ་ནས་དག་ནས་ཚེ་འདི་ཕྱིའམ་རྒྱུ་འབྲས་ཀྱི་འཛིན་པ་ཕྲ་མོ་ཙམ་ཡང་མེད་པར་རང་གཞན་འཁོར་འདས་ཐམས་ཅད་ཆོས་ཀྱི་སྐུ་གཅིག་ཏུ་གྱུར་པ་ནི། སྒོམ་མེད་ཆེན་པོ་འོད་གསལ་གཉིས་འདྲེས་མི་སློབ་པའི་ཟུང་འཇུག་གོ །སྤྱིར་སྒོམ་མེད་ལ་གསུམ་ཡིན་གསུངས། སྒོམ་མཁན་གྱི་ཤེས་པ་རང་ངོ་ཤེས་པའི་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་སྒོམ་མེད་དེ་ནི་སྤྲོས་བྲལ་སྐྱེས་པ་དང་འོང་བ་ཡིན་ཏེ། རྗེ་འབྲི་ཁུང་པའི་ཞལ་ནས། སྒོམ་མེད་ཀྱི་རྣལ་འབྱོར་བྱ་བ་སེམས་རང་ངོ་ཤེས་པ་ལ་ཟེར་བ་ཡིན་གསུངས། མཉམ་བཞག་རྗེས་ཐོབ་འདྲེས་པས་ཐུན་དང་དུམ་བུ་མེད་པའི་སྒོམ་མེད་ནི། རོ་གཅིག་གི་དུས་སུ་འོང་བ་ཡིན་ཏེ། འགྲོ་མགོན་རྒྱ་རས་ཀྱི་ཞལ་ནས། རོ་གཅིག་སྣང་བ་སྒོམ་དུ་ཤར། །ཁོར་ཡུག་མ་རུ་སོང་བ་ཡིན། །གསུངས། ལམ་གྱི་འོད་གསལ་དང་འབྲས་བུའི་འོད་གསལ་གཅིག་ཏུ་སོང་བས་འོད་གསལ་གཉིས་འདྲེས་པའི་སྒོམ་མེད་ནི། སྒོམ་མེད་དངོས་མཐར་ཐུག་པ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། སྒོམ་པ་པོ་མེད་ལྷན་ཅིག་སྐྱེས། །འདི་ལ་བསྒོམ་བྱ་ཡོད་མ་ཡིན། །ཞེས་པའི་དོན་ནོ། །

p. 358

སྒོམ་མེད་ལ་མཉམ་རྗེས་མེད་པའོ། །རྟག་ཏུ་མཉམ་བཞག་འབའ་ཞིག་ཡིན། དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས། རྗེས་ཐོབ་དམིགས་མེད་ཀྱི་སྙིང་རྗེར་སྐྱེ་བ་ཡང་འགལ་བ་མེད་དེ། སྡུད་པ་ལས། ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེས་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོང་མི་ཉམས། །ཞེས་པའི་དོན་ནོ། །ཉམས་རྟོགས་ཀྱི་དབྱེ་བ་མེད། རྟོགས་པའི་ཁོར་ཡུག་ཡིན། རྟོགས་པའི་ངོ་བོ་ལ་སྤངས་རྟོགས་ཀྱི་མཐོ་དམའ་ཅུང་ཟད་ལ་སྒོམ་མེད་ཆེ་འབྲིང་ཆུང་གསུམ་དུ་རྩི་བ་ཡིན། འགྲོ་མགོན་རྒྱ་རས་ཀྱི་བཞེད་ཀྱིས། སྒོམ་མེད་འབྲིང་པོ་དང་ས་བཅུའི་རྟོགས་པ་མཉམ། སྒོམ་མེད་ཆེན་པོ་སངས་རྒྱས་ཀྱི་ས་ཡིན་ནོ། །དེ་ལྟར་རྟོགས་པའི་ཡེ་ཤེས་ལ་དུས་ཐམས་ཅད་དུ་དྲན་པས་བཟུང་རྒྱུའམ། གོམས་པར་བྱ་རྒྱུའི་མྱོང་བ་རྩ་བ་ནས་དག་པ་ན་སྒོམ་མེད་ཀྱི་ངོ་བོ་མཐོང་། ད་རུང་རྟོགས་པ་དེ་ལ་གོམས་པར་བྱ་རྒྱུའམ། གསལ་དུ་འགྲོ་རྒྱུ་ཅུང་ཟད་ཅིག་འདུག་ན་ངོ་བོ་མ་མཐོང་། རྟོགས་པའི་ཡེ་ཤེས་ལ་གཉིས་འཛིན་གྱི་དྲི་མ་དང་། མི་ཤེས་པའི་ཟོལ་མེད་པས་ཤེས་པ་དང་ཤེས་བྱ་གཅིག་ཏུ་ཟད་དེ་ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་གྱུར་པ་ན་སྒོམ་མེད་ཀྱི་རྩལ་རྫོགས། བསྒོམ་བྱ་སྒོམ་བྱེད་དང་བྲལ་བས་སྒོམ་མཉམ་བཞག་འབའ་ཞིག་ཏུ་གྱུར་ཀྱང་ནང་དུ་ཤེས་པ་མ་ཟད་པས་ཡེ་ཤེས་རང་འགྲིབ་སྟེ། ལམ་གྱི་ཡེ་ཤེས་འབྲས་བུའི་ཡེ་ཤེས་སུ་རྣམ་པར་མ་དག །ཕྱི་རུ་ཤེས་བྱ་མ་ཟད་པས་ཇི་སྙེད་པའི་ཆོས་ལ་གཉིས་སྣང་ཕྲ་མོ་དང་མ་བྲལ་བར་འདུག་ན། སྒོམ་མེད་ཉི་མ་སྤྲིན་གྱིས་བཀབ་བྱ་བ་ཡིན་ཏེ་རྩལ་མ་རྫོགས། ཕུང་པོ་ལྔ་དང་བྲལ་ཞིང་ལུས་མེད་སེམས་མེད། སྣང་བ་སྣང་མེད་དུ་རྒྱ་གསུམ་གྲོལ་ནས། ཀུན་གཞིའི་རྣམ་ཤེས་གནས་སུ་དག་ན་རྣམ་རྟོག་སྒོམ་དུ་ཤར་

p. 359

བའོ། །ཚོགས་དྲུག་དང་ཉོན་ཡིད་དག་ནས་ཀུན་གཞི་ལ་ལུས་སེམས་སྣང་བའི་འཛིན་པ་བག་ལ་ཉལ་ཕྲ་མོའམ། བདེ་གསལ་མི་རྟོག་པ་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའམ། ཉམས་ཀྱི་དྲི་མ་ཕྲ་མོ་ཞིག་འདུག་ན་རྣམ་རྟོག་སྒོམ་དུ་མ་ཤར། ལུས་འཇའ་ལུས་སུ་གྱུར། སེམས་ཆོས་སྐུར་གྱུར། སྣོད་འོག་མིན་སྟུག་པོ་བཀོད་པའི་ཕོ་བྲང་ལ། བཅུད་རྣམ་པར་སྣང་མཛད་ཡེ་ཤེས་ཀྱི་སྐུ། སྐུ་ལྔ་དབྱེར་མེད་ཀྱི་ཚེ་འདི་ཉིད་ལ་སངས་རྒྱས་ན་ཡོན་ཏན་སྐྱེས། ཐབས་རྟེན་འབྲེལ་གྱི་འགྲོས་མ་ཐིམ་ཞིང་། ཤེས་རབ་རྟོགས་པའི་རྩལ་ཞན་པས་ད་རུང་ལུས་སེམས་དང་སྣོད་བཅུད་མ་དག་པས་འཆི་བའི་དུས་ལ་ལྟོས་ན་ཡོན་ཏན་མ་སྐྱེས། རང་གཞན་སྣོད་བཅུད་བརྟན་གཡོའི་དངོས་པོ་ཐམས་ཅད་རྡོ་རྗེ་གསུམ་གྱི་ངོ་བོ་ཆོས་སྐུ་གཅིག་ཏུ་གྱུར་པས་ཡང་དག་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་གྱི་ཁམས་རྒྱུད་དང་སངས་རྒྱས་ཀྱི་ཐུགས་རྗེ་གཉིས་སུ་མེད་པར་ཁྱབ་པས་འཁོར་བ་མ་སྟོང་གི་བར་དུ་མཆོག་གི་སྤྲུལ་སྐུ་རྒྱུན་མི་འཆད་ན་གཟུགས་སྐུའི་ཕྲིན་ལས་ཀྱི་ས་བོན་མངོན་དུ་གྱུར་པ་ཡིན། ད་རུང་ཞིང་ཁམས་གསུམ་གྱི་དུས་ལ་ལྟོས་ན། མངོན་དུ་མ་གྱུར་པ་ཡིན། ཇི་ལྟ་བ་དང་། ཇི་སྙེད་པ་དང་། སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་མངོན་དུ་གྱུར་ན། ཀུན་རྫོབ་རྣམ་པར་དག་ཅིང་མཐར་ཕྱིན་པས་བྱན་ཚུད། ཇི་ལྟ་བའི་རྟོགས་པ་མངོན་དུ་གྱུར་ཀྱང་། ཇི་སྙེད་པའི་མཁྱེན་པ་ཕྲ་ཞིང་ཕྲ་བ་རྣམས་རྒྱ་གསུམ་གྱི་དྲི་མས་མངོན་དུ་མ་གྱུར་ན་ཀུན་རྫོབ་རྣམ་པར་མ་དག་སྟེ་བྱན་མ་ཚུད་པ་ཡིན། སྒོམ་ཆེན་པའི་ཆོས་སྐད་ཉམས་མྱོང་གིས་ཕྲ་བ་ཡིན། ས་མཚམས་ཀྱི་བྱེ་བྲག་ཤེས་པར་བྱ་བ་ཕྲ་མོ་དེ་རྣམས་ཅུང་ཟད་གོ་དཀའ་བ་ཡིན་པས། བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལེགས་པར་ཐོབ་པར་བྱས་ལ་ཤེས་པ་

p. 360

སྐད་ཅིག་མའི་ཐོག་ཏུ། སྐྱོན་ཡོན་གྱི་གནད་མཚང་རིག་པས། སྒྲོ་འདོགས་སེམས་ཐོག་ཏུ་ཆོད་པ་གལ་ཆེའོ། འགྲོ་མགོན་རྒྱ་རས་ཀྱི་བཞེད་པས། སྒོམ་ལ་རིགས་བདུན་དུ་འགྱེད་དེ། སྒོམ་ལྕགས་ཀྱུ་མ་ནི། འགྱུས་དྲན་བཀུག་ནས་སྒོམ་ལ་འཇོག་པའོ། །སྒོམ་འཇའ་ཚོན་མ་ནི་གསལ་གསལ་དྭངས་དྭངས་པོ་དེ་གཅིག་པུ་ལ་དོན་དུ་བྱས་ཤིང་བསྒོམས་པས་རྗེས་ཤེས་གྱི་སྣང་བ་རྐྱེན་དང་ཕྲད་ཙམ་ན་རྟག་མ་ཐུབ་པའོ། །སྒོམ་བདག་མེད་མ་ནི་སྒོམ་ལེགས་པོ་གཅིག་སྐྱེས་ཀྱང་། སྐྱོང་མཁན་གྱི་བདག་པོ་མེད་པས། དྲེད་པོར་ཤོར་བ་སྟེ་སྒོམ་གྱི་མགོ་རྐང་མ་ཚང་བའོ། །དེ་གསུམ་རྩེ་གཅིག་གི་དུས་ཡིན་གསུངས། རྟོགས་པ་སྐྱེས་པ་དང་ངོ་ཤེས་ཀྱི་དྲན་པས་ཆོག །རྗེས་སྣང་གི་གསལ་འདེབས་དྲན་པས་མ་བསྐྱངས་ཀྱང་། བོགས་མི་ཐོན་ཙམ་མ་གཏོགས་རྩ་བ་ནས་འཆོར་མི་སྲིད་པའོ། །སྒོམ་ཕྱོགས་རེ་མ་ནི། སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་མ་སྐྱེས་པའོ། །སྒོམ་རེས་འཇོག་མ་ནི། མཉམ་བཞག་གི་རྟོགས་པ་རྗེས་ཤེས་ཀྱི་ཐོག་ཏུ་མི་འདྲེ་བ་དང་། ཉིན་བར་གྱི་དགེ་སྦྱོར་གཉིད་དང་རྨི་ལམ་གྱི་དུས་སུ་མི་འདྲོངས་པ་སྟེ། དེ་གཉིས་སྤྲོས་བྲལ་འབྲིང་པོ་མན་ཆད་ཀྱི་དུས་ཡིན་གསུངས། སྒོམ་ཁོར་ཡུག་མ་ནི། མཉམ་རྗེས་དང་ཉིན་མཚན་ཐུན་མཚམས་མེད་པ་སྟེ་རོ་གཅིག་ཆེན་པོའི་དུས་ཡིན་གསུངས། སྒོམ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མ་ནི། ཟུང་འཇུག་གི་རྟོགས་པ་ལ་གོམས་པར་བྱ་རྒྱུ་མེད་པར་སྣང་སྲིད་ལ་དབང་བསྒྱུར་བས། མི་སློབ་པའི་ལམ་གྱི་མཐར་ཐུག་སྟེ་སྒོམ་མེད་ཆེན་པོའི་དུས་ཡིན་གསུངས་སོ། །ཡང་རྩེ་གཅིག་ཉམས་ཀྱི་སྣང་ཆ་ཡིན། །འཇིག་རྟེན་ལམ་སྟེ་ལས་རྣམས་སོག །སྤྲོས་བྲལ་ཕ་ཡུལ་མཐོང་བ་ཡིན། །རྫུན་སྣང་ངེས་མེད་ལྟད་མོར་ཆེ། །རོ་གཅིག་སྣང་བ་སྒོམ་དུ་ཤར། །ཁོར་ཡུག་མ་རུ་སོང་བ་ཡིན། །སྒོམ་མེད་ཆོས་སྐུའི་རྒྱལ་ས་ཟིན། །བྱ་རྩོལ་ཐམས་ཅད་

p. 361

དབྱིངས་སུ་ཐིམ། །གསུངས། རྗེ་འབྲི་གུང་པའི་ཞལ་ནས། སྒོམ་གྱི་རྩ་བ་རྩེ་གཅིག་དུས་སུ་ཚུགས་དགོས། རྟོགས་པའི་གཟུགས་རུས་སྤྲོས་བྲལ་དུས་སུ་ཐོན་དགོས། རོ་གཅིག་ཕན་ཆད་རྒྱུ་དྲུག་འཛོམ་པའི་བཟོ་ཡིན་སླ་གསུངས། རྗེ་དྭགས་པོ་རིན་པོ་ཆེའི་ཉེ་གནས་ལོ་བཅུ་གཉིས་བྱས་པའི་དྭགས་པོ་གླན་སྒོམ་བྱ་བས། སློབ་དཔོན་སྒོམ་པ་བ་ལ་རྣལ་འབྱོར་བཞིའི་ཁྱད་པར་ཞིག་ཞུ་བྱས་པས་རྩེ་གཅིག་སེམས་ཀྱི་རང་བཞིན་ཤེས་པ་ཡིན། སྤྲོས་བྲལ་སྟོང་པའི་རང་བཞིན་ཤེས་པ་ཡིན། རོ་གཅིག་སྣང་བའི་རང་བཞིན་ཤེས་པ་ཡིན། སྒོམ་མེད་དམ་དེ་ང་ལ་མེད་གསུངས། ཡང་རྩེ་གཅིག་ནལ་གྱི་བུ་དང་འདྲ། །སྐྱེས་པ་མང་སྟེ་ཁས་ལེན་ཉུང་། །སྤྲོས་བྲལ་སྤྱི་རྟ་རྒལ་ཅན་འདྲ། །ཁ་འཛིན་མང་སྟེ་ཆེད་གཉེར་ཉུང་། །རོ་གཅིག་གཏེར་གྱི་ཁ་བྱང་འདྲ། །གླེང་བ་མང་སྟེ་ཐོན་པ་ཉུང་། །སྒོམ་མེད་རྒྱལ་པོའི་གདན་ས་འདྲ། །སྨོན་པ་མང་སྟེ་ཐོབ་པ་ཉུང་། །གསུངས་སོ། །༈ མ་བཅོས་རྐྱེན་གསུམ་བྲལ་བ་སྙིང་པོའི་དོན། །གཉུག་མ་འགྲོ་འོང་མེད་པ་ཕྱག་རྒྱ་ཆེ། །མོས་གུས་མཆོག་ཏུ་གྱུར་པའི་སྐལ་ལྡན་ལ། །བྱིན་བརླབས་སྟོབས་ཀྱིས་འཆར་གྱི་བརྟགས་པས་མིན། །བླ་མའི་དྲིན་གྱིས་སེམས་ཀྱི་ངོ་བོ་མཐོང་། །གོམས་པའི་སྟོབས་ཀྱིས་རྗེས་ཤེས་དྲི་མ་དག །གོང་མའི་གསུང་དང་རང་གི་མྱོང་བའི་གནད། །གཞན་ལ་ཕན་ཕྱིར་ཡི་གེར་བཀོད་པ་ཡིན། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་ཀུན། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་གྱུར་ཤོག །ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་རིམ་པ། བླ་མ་དམ་པའི་གསུང་ལས་ཅུང་ཟད་རྒྱས་པར་ཕྱེ་བ། སྙིང་པོ་དོན་གྱི་གཏེར་མཛོད་ཅེས་བྱ་བ། ཀུ་སུ་ལུའི་སྤྲང་པོ་ཡང་དགོན་པས། དཔལ་ལྷ་སྡིངས་ཀྱི་དགོན་པར་ཡི་གེར་བཀོད་པ་རྫོགས་སོ།། །།དགེའོ།།

རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེའི་སྙིང་གཏམ་ཚིག་གཅིག་མ།

p. 362

༄༅། །རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེའི་སྙིང་གཏམ་ཚིག་གཅིག་མ་བཞུགས་སོ། །
མདོར་ན་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་སྙིང་གཏམ་ཚིག་གཅིག་ཏུ་འདི་གསུངས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀྱི་དགོངས་པ། དམ་པ་རྣམས་ཀྱིས་དོན་དུ་གཉེར་བ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ། གཡེར་པོ་ཆེ་དེ་རང་གི་སེམས་ལ་ཟེར་བ་ཡིན། རང་སེམས་ངོ་བོ་མ་ཤེས་ན། ང་ཡི་སེམས་ང་ཡི་སེམས་ཟེར་བའི་མི་དྲན་དགུ་དྲན་གྱི་རིག་པ་འདི་ཡིན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རིག་པ་འདི་རང་ལས་མ་འདས། སྡེ་སྣོད་མདོ་རྒྱུད་ཀྱི་བཅུད་ཀྱང་འདི་ཡིན། འདི་ཉམས་སུ་ལེན་ན་བསྒོམ་རྒྱུ་ཡང་མེད། རིག་པ་རང་སར་ཧྲིག་གེར་ཞོག །དེ་ཕྱག་རྒྱ་ཆེན་པོ་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་མི་དགོས། ཡག་ཏུ་རེ་བ་དང་ཉེས་ཀྱི་དོགས་པ་ཡེ་མ་བྱེད། རྟོག་པ་བན་བུན་མང་པོའི་རྗེས་སུ་མ་འབྲང་། རིག་པ་ཧྲིག་གེ་བ་འདི་རང་གི་ཐོག་ཏུ་ཞོག །ལྷོད་དེ་གློད་ལ་ཞོག །བསྒོམ་རྒྱུ་དེ་ལས་ཅི་ཡང་མི་དགོས་སོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་པས་དུས་ཚོད་ཅིག་ན། རྣམ་རྟོག་རང་ངོ་ཤེས་ནས། གཞི་མེད་རྩ་བྲལ་དུ་ལྷན་གྱིས་རྟོགས་ནས་ཞེན་པ་ཐམས་ཅད་རང་སར་གྲོལ་ནས། སྐད་ཅིག་གཅིག་ལ་བག་ཆགས་མ་ལུས་པ་དྲུང་ཕྱུང་སྟེ། དེ་ཉིད་སངས་རྒྱས་ཞེས་བྱའོ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ཕྱག་རྒྱ་ཆེན་པོའི་སྙིང་གཏམ་ཚིག་གཅིག་མ། བླ་མ་དམ་པ་གྲུབ་ཐོབ་རྣམས་ཀྱི་མན་ངག་མཐར་ཐུག །
དེ་ལས་གཞན་པ་ཡོད་རེ་ཤི། སྣོད་མིན་གཞན་ལ་མི་བསྟན་པར་ཞུའོ། །གསང་སྒོ་ཡལ་བར་དོར་ན་བྱིན་རླབས་འབྱུང་མི་སྲིད་པ་ལགས། དུས་རྟག་ཏུ་ཁོ་བོ་དྲན་པར་གྱིས། འདི་ལ་འཆུག་པ་མི་བདོག་གོ། བྱིན་རླབས་འབའ་ཞིག་ལ་རེ་བ་ཡིན། ཁྲིད་མ་ཚར་བར་དཔེ་སུ་ལ་ཡང་མི་བསྟན་པ་བཀའ་རྒྱ་ཡིན། ཞེས་པ་འདི་རང་བྱུང་རྡོ་རྗེས་དབེན་གནས་ཡང་དགོན་དུ་མཛད་པའོ། །

ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ།

p. 363

༄༅། །ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །
༄༅། །གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང༌། །གདུལ་བྱའི་དོན་དུ་གང་འདུལ་སྐུར་བསྟན་ནས། །མཚན་ཙམ་ཐོས་པས་འཁོར་བའི་འཇིགས་སེལ་བ། །བཀའ་བརྒྱུད་རིན་ཆེན་དེ་ལ་སྙིང་ནས་འདུད། །བླ་མ་བརྒྱུད་པར་བཅས་ལ་ཕྱག་བཙལ་ཏེ། །སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །རྡོ་རྗེ་ཐེག་པའི་ཡང་སྙིང་ཕྱག་རྒྱ་ཆེ། །ཐར་འདོད་སློབ་བུས་བསྐུལ་ཕྱིར་ཅུང་ཟད་བརྗོད། །དེའང་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཐུགས་བཅུད། སངས་རྒྱས་ནས་རྩ་བའི་བླ་མའི་བར་དུ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐུན་མོང་མིན་པ་ཐོབ་བྱེད་ཀྱི་ཐབས། བཀའ་བརྒྱུད་རིན་པོ་ཆེའི་བཞེད་སྲོལ་མ་ཉམས་པའི་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པར་སྤྲོ་ན། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་རྩ་བ་གཅིག་ལ་ཡལ་ག་ལྔར་གྱེས་པའི་དབུས་སུ་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས།

p. 364

གཡོན་དུ་དགེ་འདུན་དེ་དག་རེ་རེ་ལ་རང་རིགས་ཀྱི་ཚོགས་ཀྱིས་བསྐོར་བར་དམིགས། རང་ཉིད་མདུན་དུ་གནས་པས་འདྲེན་དཔོན་བྱས་མ་རྒན་སེམས་ཅན་ཐམས་ཅད་ཀྱང་ཁྲོམ་ཚོགས་སུ་གནས་པས་རང་གི་རམ་འདེགས་བྱས་ནས་སྐྱབས་འགྲོ་བྱེད་པར་དམིགས་ལ་སྐྱབས་འགྲོ་གང་འོས་བརྗོད་པ་དང༌། སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་དེ་དག་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བླ་མེད་ཀྱི་བྱང་ཆུབ་ཐོབ་པར་བྱའོ། །དེའི་ཆེད་དུ་བདག་གིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ངང་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ། མཐར་སྐྱབས་ཡུལ་འོད་དུ་ཞུ་རང་ལ་ཐིམ་པར་སྒོམ་པ་རྒྱུད་དག་པར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་བསྒོམ་པ་དང་གཅིག །
༈ རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་མཚན་དཔེས་སྤྲས་པ་བསྒོམས་ནས། བླ་མ་རྡོ་རྗེ་སེམས་དཔའ་བདག་གི་སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་དང་གཞན་ཡང་བཤགས་པ་ཅི་རིགས་བྱས། རྡོ་རྗེ་སེམས་དཔའི་ཞབས་ཀྱི་མཐེ་བོང་ལས་བདུད་རྩི་དཀར་པོ་བབས་རང་གི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང༌། རང་གི་སྡིག་སྒྲིབ་ཐམས་ཅད་ཕྱིར་ཐོན། ཤུལ་ཐམས་ཅད་བདུད་རྩིས་གང་བླ་མ་དགྱེས་བཞིན་འོད་དུ་ཞུ་བས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་འདྲེས་པར་སྒོམ་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་གཉིས།
༈ མཎྜལ་ལ་ཚོམ་བུ་ལྔ་བཀོད་པའི་དབུས་སུ་བླ་མ་མདུན་དུ་ཡི་དམ་གཡས་སུ་

p. 365

སངས་རྒྱས་རྒྱབ་ཏུ་ཆོས་གཡོན་དུ་དགེ་འདུན་སྒོམ་པ་སྒྲུབ་པའི་མཎྜལ་དང༌། དེ་ལ་མཎྜལ་གཞན་ཞིག་ལ་ཚོམ་བུ་བཀོད་ནས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །སོགས་དང༌། གཞན་ཡང་མཎྜལ་གྱི་ཆོ་ག་ཅི་རིགས་ཀྱིས་ཕུལ་ནས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་འབུལ། དེ་ལྟར་ཕུལ་བའི་མཐུས་ཚོགས་གཉིས་རྫོགས་ཤིང་ཉམས་རྟོགས་ཕུལ་དུ་བྱུང་བ་སྐྱེ་བར་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ་པས་སྒྲུབ་པའི་མཎྜལ་གྱི་ལྷ་ཚོགས་འོད་དུ་ཞུ་རང་ལ་ཐིམ་པར་བསམ་མོ། །དེ་ལྟར་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ་ནན་ཏན་དུ་བྱེད་པ་དང་གསུམ།
༈ རང་གི་སྤྱི་བོར་རྩ་བའི་བླ་མ་དེ་སྐུ་དེ་ཀའམ་ཡི་དམ་གྱི་རྣམ་པ་ཅན་གང་མོས་ཞིག་ཏུ་བསྒོམས་ནས་དེའི་སྤྱི་བོ་ནས་རྡོ་རྗེ་འཆང་ལ་ཐུག་གི་བར་གྱི་བླ་མ་རྣམས་ཐོ་བརྩེགས་སུ་སྒོམ་པའམ་ཡང་ན་ཁྲོམ་ཚོགས་སུ་བསྒོམས་ནས་དེ་ལ་ཚད་བཟུང་མེད་པའི་མོས་གུས་ཐུན་མོང་མིན་པའི་དུང་དུང་བ་བྱས་ནས་གསོལ་འདེབས་དར་དྲག་ལ་ཡུན་རིང་བ་སྣང་བ་འགྱུར་ངེས་སུ་བྱས། བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྩ་བའི་བླ་མ་ལ་ཐིམ་པས་རྩ་བའི་བླ་མ་ཀུན་འདུས་ཀྱི་སྐུར་བསྒོམས་ཏེ། ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་ཡན་ལག་བདུན་པ་འབུལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་དྲག་ཏུ་བགྱིས་ལ། བླ་མ་རང་ལ་ཐིམ་

p. 366

པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་པར་བསམས་ཏེ་སྤྲོས་བྲལ་གྱི་ངང་དུ་བཞག །ཕྱག་རྒྱ་ཆེན་པོ་རྟོགས་པར་བྱེད་པའི་ཐབས་འདི་ལ་རག་ལས་པས་ནན་ཏན་བྱ་བ་ནི་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་བསྒོམ་པ་དང་བཞི།
༈ མི་རྟག་པ་སྒོམ་པར་མ་བྱས་ན་ཚེ་འདི་ལ་བློ་མི་ལྡོག །དེ་མ་ལོག་ན་འཁོར་བ་ལས་མི་གྲོལ་བས་དེས་ན། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་པ་ལྟར་སྤྱིར་འདུས་བྱས་ཐམས་ཅད་མི་རྟག །སྒོས་འགྲོ་བའི་ཚེ་སྲོག་ནི་ཆུ་བུར་ལྟར་མི་རྟག་པས་ནམ་འཇིག་ཆ་མི་འཚལ། ད་ལྟ་མི་འཆི་བའི་ངེས་པ་མེད། ཤི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པས། དོན་མེད་པའི་འཇིག་རྟེན་དང་ཚེ་འདིའི་བྱ་བ་རྣམས་བསྒྲུབ་ན་སྡུག་བསྔལ་གྱི་རྒྱུ་ལས་མ་འདས་པས་ད་ལམ་ཚེ་འདིའི་ལྟོ་གོས་སོགས་ཀྱི་ཆེད་དུ་གཡེང་བ་སྐད་ཅིག་ཙམ་ཡང་བྱེད་རི་ཤི་བསམ་པའི་ཞེ་མནའ་དང༌། སྐབས་སུ་རང་གི་གཉེན་ཉེ་བ་སོགས་སྔར་ཤི་བ་རྣམས་བགྲང་ཞིང་དེ་དག་གི་འཆི་ཚུལ་རོ་དུར་ཁྲོད་དུ་བསྐྱལ་ནས་ལུས་ལྷག་མ་མེད་པར་བྱེད་ཚུལ། སླར་རང་ཡང་དེའི་རང་བཞིན་ལས་མ་འདས་པས་གཤེད་མའི་ལག་ཏུ་ཆུད་པའི་སེམས་ཅན་བཞིན་འདར་ཡེད་ཡེད་ཀྱི་ངང་ནས་གནས་པར་བྱས་ན་རྣམ་གཡེང་ལ་བློ་མི་འཇུག་ཅིང་ཚེ་བློས་ཐོངས་པར་འགྱུར་བས་དེ་ཉིད་ལ་ཆིག་དྲིལ་དུ་སྒོམ་པ་འཆི་བ་མི་རྟག་པ་བསྒོམ་པ་དང་ལྔ།
༈ དེ་ནས་ལས་རྒྱུ་འབྲས་ཀྱི་བླང་དོར་མ་འཆོལ་བར་བྱ་དགོས་པས་ལུས་ཅན་རྣམས་ཀྱིས་རང་རང་གི་ལས་གང་བྱས་པའི་འབྲས་བུ་སོ་སོར་རང་ཐོག་ཏུ་སྨིན་ལ། དེའང་མི་དགེ་བ་

p. 367

བཅུ་སྤྱད་པས་ངན་སོང་དུ་སྐྱེ་ཞིང༌། དུག་གསུམ་མམ་གྲངས་མང་ཉུང་ངམ་ཡུལ་གཉན་མི་གཉན་ནམ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་སུ་སྐྱེ་བས་དེར་སྐྱེས་ན་སྡུག་བསྔལ་དཔག་པར་དཀའ་བ་དེ་དང་དེ་དག་མྱོང་བར་འགྱུར་ལ། དགེ་བ་ཆེ་འབྲིང་ཆུང་གསུམ་སོགས་སུ་སྤྱད་པས་འདོད་པའི་ལྷ་མི་གཟུགས་ཁམས་གཟུགས་མེད་རྣམས་སུ་སྐྱེ་བས། དེས་ན་དུས་ཐམས་ཅད་དུ་རང་གི་སྒོ་གསུམ་ལ་བརྟག་དཔྱད་བྱས། དགེ་བ་གང་བྱས་ལ་སྤྲོ་བ་བསྐྱེད། མི་དགེ་བ་དང་ལུང་མ་བསྟན་གང་བྱས་ལ་ཚར་བཅད་དེ་སྤང་བླང་འཇུག་ལྡོག་མ་འཆོལ་བར་མི་དགེ་བ་རྒྱུན་བཅད་དེ་སྒོ་གསུམ་དགེ་བའི་འཁོར་ལོར་རྒྱུན་མི་འཆད་པ་དང་ལྡན་པར་བྱས་ན་སངས་རྒྱས་ཀྱི་བསྟན་པའི་དོན་ཡང་དེ་ཡིན་ཞིང་ཉམས་ལེན་བྱས་པའི་དགོས་དོན་ཡང་གྲུབ་པ་ཡིན་ནོ། །དེའི་ཕྱིར་ལས་རྒྱུ་འབྲས་ཀྱི་བླང་དོར་ཕྲ་ཞིབ་ནས་ཀྱང་ཤེས་པར་བྱས་ནས་བསླབ་པར་བྱ་བ་ལས་རྒྱུ་འབྲས་བསྟན་པ་དང་དྲུག
༈ དེའི་རྗེས་འཁོར་བའི་ཉེས་དམིགས་མ་སྒོམ་ན་ཞེན་པ་མི་ལོག་ཅིང་ངེས་འབྱུང་གི་བསམ་པའང་མི་སྐྱེ། དེའི་རྐྱེན་གྱིས་ཉམས་རྟོགས་རྒྱུད་ལ་མི་འཆར་ལ་འཆར་བའི་སྐལ་བ་མེད་པས་དེ་སྤང་བའི་ཕྱིར་འཁོར་བའི་སྡུག་བསྔལ་བསྒོམ་དགོས་པས་དེ་ཡང་སེམས་ཅན་དམྱལ་བར་སྐྱེས་ན། ཚ་དམྱལ་བརྒྱད་གྲང་དམྱལ་བརྒྱད་ཉི་ཚེ་ཉེ་འཁོར་བ་སོགས་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོར་གསོད་གཅོད། མི་ལ་སྐྱེ་རྒ་ན་འཆི། ལྷ་ལ་འཕོ་ལྟུང༌། ལྷ་མིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་སོགས་རིགས་དྲུག་པོ་དེར་ཡང་སྡུག་བསྔལ་མངོན་གྱུར་པ་དུ་མ་མྱོང་བ་རྣམས་སྡུག་བསྔལ་གྱི་སྡུག་བསྔལ། བདེ་བར་སྣང་བ་རྣམས་འགྱུར་བའི་སྡུག་བསྔལ། ཚོར་བ་བཏང་སྙོམས་སུ་གནས་པའི་ཆ་དང་བཅས་པ་འདུ་བྱེད་ཀྱི་

p. 368

སྡུག་བསྔལ་གྱིས་བར་ཆད་པ་མེད་པར་མནར་བས་འཁོར་བ་འདིར་འཁོར་ལོས་སྒྱུར་རྒྱལ་དང་ཚངས་པ་བརྒྱ་བྱིན་སོགས་ཀྱི་གོ་འཕང་ཐོབ་ཀྱང་སྡུག་བསྔལ་ལས་མ་འདས་པས་འདི་ལས་ད་རེས་གཏན་གྱེས་སུ་ཅི་ཐུབ་བྱ་སྙམ་པས་འཁོར་བ་འདི་བཙོན་དོང་ངམ་མེའི་འོབས་ལྟ་བུར་ཐག་ཆོད་དེ་འདི་ལས་ཐར་ཐབས་ལ་འབད། དེ་ལས་ཀྱང་ལྷག་པའི་ཐེག་དམན་གྱི་བྱང་ཆུབ་ཐོབ་ཀྱང་མཐར་ཐུག་གི་བདེ་བའི་གོ་འཕང་དུ་མ་གྱུར་པས། ད་ནི་བླ་མེད་ཀྱི་བྱང་ཆུབ་འདི་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་མ་ལུས་པའི་འགྲོ་བ་འདི་རྣམས་ཐོག་མེད་ནས་དྲིན་ཅན་གྱི་ཕ་མ་ཤ་སྟག་ཏུ་ངེས་པས་འདི་དག་ངེས་པར་གཏན་བདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདག་གིས་གཞག་པར་བྱའོ། །ཞེས་བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་བསྐྱེད་དེ་དེ་ཉིད་ལ་ནན་དུ་བྱ་བ་དང་བདུན།
༈ དེ་ལྟ་བུ་སྒྲུབ་པར་བྱེད་པའི་རྟེན་མི་ལུས་རིན་པོ་ཆེ་འདི་ཤིན་ཏུ་ནས་རྙེད་པར་དཀའ་བས་སྙོམས་ལས་དང་ལེ་ལོའི་དབང་དུ་མ་སོང་བར་ཉམས་ལེན་ལ་ཆིག་དྲིལ་བྱ་དགོས། གལ་ཏེ་འཆི་བ་མི་རྟག་པའི་གདོན་གྱིས་ཟིན་པའི་དལ་འབྱོར་སྟོང་ལོག་ཏུ་སོང་ན་ཇི་ལྟར་བྱེད་དེ་མི་ལུས་རིན་པོ་ཆེ་འདིའང་རྙེད་དཀའ་ཞིང་འཇིག་སླ་བ་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་དལ་འབྱོར་ཐོབ་པ་དོན་ཡོད་པར་བྱ་བ་ལ་ནན་ཏན་རབ་ཏུ་བྱ་བ་དང་བརྒྱད།
༈ སྒྲུབ་རྐྱེན་བཞི་ལས་མི་རྟག་པས་རྒྱུད་དུལ་ཞིང་འཁོར་བའི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མཐོང་བས་ཡིད་འབྱུང་ཞིང་ཞེན་ལོག་བྱ་བཏང་ལ་ནན་ཏན་བྱེད་པ་རྒྱུའི་རྐྱེན་དང་དགུ།
༈ གང་ཟག་བརྒྱུད་པའི་བླ་མ། བདེ་གཤེགས་བཀའི་བླ་མ། དོན་དམ་ཆོས་ཉིད་

p. 369

ཀྱི་བླ་མ། སྣང་བ་བརྡའི་བླ་མ་སོགས་ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་ཏེ་གདམས་ངག་ཇི་ལྟ་བར་ཉམས་སུ་ལེན་པ་ཡང་དག་པའི་དགེ་བའི་བཤེས་ཀྱིས་ཟིན་པ་བདག་པོའི་རྐྱེན་ཡིན་པས་དེ་ལྟར་བསྟེན་པ་དང་བཅུ།
༈ འདིར་ཐ་སྙད་དང་རྟོག་བཏགས་ཀྱིས་གྲུབ་པ་ལ་ཕྱོགས་ཞེན་གྱི་ཆ་ཐམས་ཅད་རྦད་བཅད་དེ་ཐམས་ཅད་དང་མི་འགལ་ཞིང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གདོད་མའི་གནས་ལུགས་ཆོས་ཉིད་ཀྱི་རང་བབས་སོ་ཞེས་ངེས་པ་བསྐྱེད་པ་དེ་བསྒོམ་བྱ་མ་འཁྲུལ་བ་དམིགས་རྐྱེན་ཡིན་པས་དེ་ལྟར་ངེས་པར་བྱ་བ་དང་བཅུ་གཅིག །
༈ སྒོམ་ལ་ཞེན་པ་བྲལ་བའི་ངང་ནས་ནན་ཏན་སྙིང་རུས་བསྐྱེད་པ་མ་གཏོགས་བདག་གིས་སྒོམ་པར་བྱེད་དོ་བྱའོ་བྱས་སོ་སྒོམ་སྐྱེས་ན་ལེགས་མ་སྐྱེས་ན་མ་ལེགས་སོ་སྙམ་པ་སོགས་རེ་དོགས་ཀྱི་མཚན་མ་གང་ཡང་མི་བྱེད་པ་རེ་དོགས་དང་བྲལ་བ་དེ་མ་ཐག་རྐྱེན་ཡིན་པས་མ་བཅོས་པའི་ངང་ནས་ཉམས་ལེན་བྱ་བ་དང་བཅུ་གཉིས་ཏེ་སྔོན་འགྲོའོ། །
༈ དངོས་གཞི་ལ་ཞི་གནས་དང་ལྷག་མཐོང་གཉིས་ལས། དང་པོ་ནི། སྤྱིར་ཏིང་ངེ་འཛིན་ལ་སྐྱེ་ཐབས་མང་ཡང་གནད་གཅིག་ཤེས་ན་གེགས་བར་ཆད་མི་འབྱུང་ཞིང་ཞི་གནས་དང་ལྷག་མཐོང་སྐྱོན་བྲལ་གཉུག་མ་ཡེ་ཤེས་ཀྱི་ཉམས་རྟོགས་རྩོལ་མེད་དུ་འབྱུང་བ་རྣམ་པར་སྣང་མཛད་ཀྱི་སྐུའི་སྒོ་ནས་ཆོས་བསྟན་པས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་བདེ་གསལ་མི་རྟོག་པའི་ཉམས་འབད་མེད་དུ་སྐྱེ་བའི་ཐབས་ནི་ལས་དང་པོ་པ་རྣམས་ལུས་གནད་ལ་རག་ལས་པས། དེའང་ཐུར་སེལ་གྱི་རླུང་དབང་དུ་བྱ་བའི་ཕྱིར་རྐང་པ་གཉིས་རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་བཅས། ས་རླུང་དབུ་མར་གནས་ཕྱིར་སྒལ་ཚིགས་དོང་རྩེ་ལྟར་

p. 370

བསྲང༌། ཆུ་རླུང་དབུ་མར་འཛུད་པའི་ཕྱིར་ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅིངས་ལ་དཔུང་པའི་རྩེ་ཕན་ཚུན་གདེངས་པར་བྱ། མེ་རླུང་དབུ་མར་འཛུད་པའི་ཕྱིར་མགྲིན་པ་ལྕགས་ཀྱུ་ལྟར་ཡིད་ཙམ་དགུག །རླུང་གི་རླུང་དབུ་མར་འཛུད་པའི་ཕྱིར་མིག་གདངས་ཟུམ་མེད་པར་སྣ་རྩེའི་ཐད་དུ་བལྟ། ལྕེ་མཆུ་རང་བབས་སམ་ལྕེ་ཡ་རྐན་ལ་སྦྱར་བ་སྟེ་དེ་ལྟར་ལུས་གནད་བཅས་པས་རྣམ་པར་རྟོག་པའི་རྒྱུ་བ་རང་དག་ཏུ་སོང་ནས་མི་རྟོག་པ་སོགས་ཡོན་ཏན་དུ་མ་འཆར་ལ་ལུས་གནད་དེའང་བཅས་པ་ཙམ་གྱིས་ལུས་སེམས་བདེ་འབོལ་འགྲོ་བ་གྲིམས་མ་དྲགས་བཅུམ་མ་དྲགས་པར་བྱས་ལ། དང་པོར་རླུང་རོ་ཅུང་ཟད་བུས་སླར་དབུགས་དབྱུང་རྔུབ་ཀྱི་རྩོལ་བ་དང་བྲལ་བར་བཞག་ནས། སྔོན་འགྲོ་རྣམས་ལམ་ཙམ་གསལ་བཏབ་ནས་འདས་པའི་བྱ་བ་ཡིད་ལ་མི་བྱེད། མ་འོངས་པ་ན་འདི་བྱ་འདི་བྱེད་མི་བསམ། ད་ལྟར་གྱི་ཐ་མལ་ཤེས་པ་བཟོ་བཅོས་མ་བྱས་པའི་སོ་མ་ལྷུག་པ་རང་ག་བ་དེ་ཉིད་ཀྱི་ངང་དུ་སྤང་བླང་མེད་པར་བཞག་པས་སེམས་ལས་སུ་རུང་ཞིང་ཏིང་ངེ་འཛིན་སྐྱེ་བས་དེ་ལྟའི་ལུས་གནད་སེམས་གནད་སྒོམ་གྱི་རྨང་རྡོ་ཡིན་པས་དེ་ལ་ནན་ཏན་བྱ་བ་དང་གཅིག ། ༈ དེ་ལ་སེམས་གནས་མ་ནུས་ན་དམིགས་པས་ཕྱི་རོལ་དུ་ཤིང་བུ་རྡེའུ་སྟོན་པའི་སྐུ་མར་མེ་ནམ་མཁའ་སོགས་ཇི་ལྟར་རིགས་པ་ཞིག་ལ་ལྟ་སྟངས་གཏད་ལ་དམིགས་རྟེན་དེའི་ཁ་དོག་དབྱིབས་སོགས་ཀྱང་མི་བསམ་པར་ཧ་ཅང་གྲིམ་དྲགས་པ་དང་རྒྱ་ཡན་ལ་ཤོར་བ་གཉིས་ཀ་སྤངས་ཏེ་དེ་དམིགས་རྟེན་ཙམ་བྱས་ལ་མ་ཡེངས་ཙམ་དུ་བཞག །རྣམ་རྟོག་གཞན་གྱི་རྒྱུ་བ་ཐམས་ཅད་རྦད་བཅད།
ཡང་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡི་གེ་ༀ་དཀར་པོ་

p. 371

ཨཱཿདམར་པོ་ཧཱུྃ་སྔོན་པོ་འམ། ཐིག་ལེ་དཀར་དམར་སྔོན་པོ་རྣམས་གང་འོས་མདུན་དུ་བྲིས་པའམ་དམིགས་ཏེ་མདོར་ན་གཟུགས་ཀྱི་རིགས་ཇི་ལྟར་འོས་པ་ལ་སེམས་འཛིན་གང་བདེ་བ་དེ་ལ་རྩེ་གཅིག་ཏུ་གཏད་དེ་འཇོག །འཇོག་ཚུལ་གཤིས་ཅིར་ཡང་མ་ཡིན་པར་བློས་གང་དུའང་མི་འཛིན་པར་སེམས་དེ་གནས་ན་ཞོག །འགྲོ་ན་ཐོང༌། གཉེར་ཁ་མ་བྱེད་པར་ཡན་དུ་ཆུག །སྒོམ་སྙམ་པ་དང་མི་བསྒོམ་སྙམ་པ་དང༌། སེམས་གནས་སུ་རེ་བ་དང་མ་གནས་དོགས་པ་སོགས་རྣམ་རྟོག་གི་མཚན་མ་ཐམས་ཅད་རྦད་བཅད། བསྒོམ་རྒྱུ་ཅི་ཡང་མེད་པར་ཡེངས་སུ་སྐད་ཅིག་ཀྱང་མི་འཇུག་པར་དྲན་པའི་རྩིས་ཟིན་པར་སྒོམ་དང་བཟང་གྱེས་ཐུན་ཐུང་ལ་གྲངས་མང་བ་གསལ་དྭངས་བྲོད་པ་དང་བཅས་པས་ཡང་མཉམ་པར་གཞག་ཅིང་ཡང་ཡང་འཕྲོ་བཅད་མ་སུན་པར་བྱ་བ་ལ་བསླབ་པ་གལ་ཆེ། དམིགས་རྟེན་དེ་དག་གང་རུང་གཅིག་ལ་སེམས་གཟུང་བདེ་ནའང་བྱ། ཐམས་ཅད་ལ་རིམ་གྱིས་འཛིན་འདོད་ཀྱང་རུང༌། གཅིག་ལ་ཟིན་ན་དེ་ཀས་ཆོག་པས་ཐམས་ཅད་ལ་འཛིན་པ་ཀ་དཔེ་མ་རང་མི་དགོས་ལ། མདོར་ན་གཟུགས་གང་རུང་གཅིག་ལ་སེམས་གཟུང་བ་དང་གཉིས།
༈ དེ་ཟིན་པ་དང་རྣ་བའི་ཡུལ་གྱི་སྒྲ་སྣའི་ཡུལ་གྱི་དྲི་ལྕེའི་ཡུལ་གྱི་རོ་ལུས་ཀྱི་ཡུལ་གྱི་རེག་བྱ་སོགས་ལའང་རིམ་གྱིས་གཟུང༌། དེ་ལ་སྒྲ་དྲི་སོགས་ལ་སྒྲ་ལྷང་ངེ་བ་དྲི་ཆིལ་ལེ་བ་དེ་ཙམ་ལ་སེམས་གཏད་དེ་མ་ཡེངས་པར་དྲན་པའི་ལྕགས་ཀྱུས་བཟུང་ནས་རང་བབས་སུ་གཞག་པ་མ་གཏོགས་བཟང་ངན་ཆེ་ཆུང་སོགས་ཀྱི་དཔྱད་པ་གང་ཡང་མི་བྱེད་གང་རུང་ལ་སེམས་ཟིན་ཏེ་གསལ་བདོ་བར་མཚམས་བཅད་དེ་ངལ་གསོ་ཉོག་མི་འཇུག །ཐུན་བར་ཐམས་ཅད་དུ་དྲན་ཐག་མ་ཆད་ཙམ་དང་མིག་ལྟ་སྟངས་སྣ་རྩེར་དབབ། ལུས་འགྲོ་འདུག་ངག་

p. 372

སྨྲ་བརྗོད་རྣམས་དྲག་ཤུལ་ཅན་དང་མང་པོ་མི་བྱ། ཡིད་ཀྱིས་མཚན་བཅས་ཀྱི་བསམ་བློ་རྣམས་ཀྱང་རྒྱུན་བཅད་དེ་རིམ་གྱིས་མཉམ་གཞག་ལ་གོམས་འཇུག་པ་དང་གསུམ།
༈ གཞན་ཡང་བྱིང་རྒོད་ཀྱི་སྐྱོན་སོགས་སེལ་བས་སྨིན་མཚམས་སུ་ཐིག་ལེ་སྲན་མ་ཙམ་པ་དཀར་འཚེར་སྣུམ་འདྲིལ་ཤིན་ཏུ་དྭངས་པ་ཞིག་བསྒོམས་ནས་དེ་ལ་སེམས་གཏད། སྐབས་སུ་གདན་མཚམས་སུ་ཐིག་ལེ་ནག་པོ་སྣུམ་འདྲིལ་སྲན་མ་ཙམ་ཞིག་ལ་གཏད་ལ་བྱིང་ན་དཀར་པོ་ལ་རིག་པ་གཏད་དེ་ལྟ་སྟངས་ནམ་མཁར་བལྟ། ལུས་ལ་སེར་བུ་དང་ཆུ་ལྕག་བརྡེག །གོས་སྲབ་ཅིང་ཟས་བཅུད་ཆུང་བ་བརྟེན། མེ་དང་ཉི་མར་མི་སྡོད། ཤེས་པ་རྒོད་དེ་སེམས་མང་པོར་འཕྲོ་ན་ལྟ་སྟངས་དང་དམིགས་པ་ཐིག་ལེ་ནག་པོ་ལ་གཏད། སྤྱོད་ལམ་དྲོད་ཅན་དང་བསྐུ་མཉེ་བྱ་ཟས་བཅུད་ཆེན་བསྟེན་ནོ། །བྱིང་རྒོད་མེད་ན་ཐད་ཀའི་ཉི་གྲིབ་མཚམས་སུ་ཐིག་ལེའམ་རྫས་སྔོན་པོ་ཆུང་ངུ་ཞིག་ལ་མིག་དང་ཤེས་པ་གཏད་དེ་དེ་རྣམས་ལ་དང་པོར་ཐིག་ལེ་སོགས་འདི་ལྟ་བུ་བསྒོམ་པར་བྱ་སྙམ་དུ་འཕེན་པ་ཙམ་བཏང་ནས། དེ་རྗེས་གསལ་ན་རབ་མ་གསལ་ན་འདི་ལྟ་བུ་ཡོད་སྙམ་པ་ཙམ་ཡིད་ལ་བྱས་ཏེ་དེ་ནས་བརྟག་གཞིག་མི་བྱེད་པར་དེ་ཉིད་ཀྱི་སྟེང་དུ་རང་བབས་མ་ཡེངས་ཙམ་རང་ལུགས་སུ་བཞག་གསལ་བདོ་བར་མཚམས་བཅད། ཡང་བསྒོམས་ཏེ་ཐུན་ཐུང་གྲངས་མང་བར་བྱས་ཏེ་སེམས་འཛིན་པ་དང་བཞི།
༈ རྟེན་མེད་ལ་གཏད་པ་རང་གི་ཐད་ཀྱི་ནམ་མཁར་མིག་ཧ་རེ་བལྟས་ནས་དམིགས་གཏད་གང་ཡང་མེད་ཅིང༌། ཡིད་ལའང་གང་ཡང་མི་བསམ་པར་མ་ཡེངས་ཙམ་བྱ། ཡོད་མེད་འདས་མ་འོངས་གང་ཡང་ཡིད་ལ་མི་བྱ། བརྩོན་པ་ཆེན་པོས་མ་ཡེངས་པར་དྲན་པའི་རྒྱང་སོ་

p. 373

ཙམ་བཀོད་ནས་ལྷོད་དེ་འབོལ་ལེ་མ་བཅོས་སོ་མའི་ངང་དུ་བཞག་སྟེ། སྐད་ཅིག་ཀྱང་མ་ཡེངས་པ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ། གཡོ་འགུལ་མེད་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ། རྩོལ་སྒྲུབ་དང་བྲལ་བ་ཁྱུང་ནམ་འཕང་གཅོད་པ་ལྟ་བུར་འཇོག་ཅིང་རེ་དོགས་ཐམས་ཅད་དང་བྲལ་བར་བྱ། དེ་ལ་མ་ཡེངས་པར་རྣམ་རྟོག་མི་ཡོང་ནམ་ཡེངས་ཙ་ན་རྣམ་རྟོག་གཅིག་ཡེར་གྱིས་ཡོང་བས། དེ་བྱུང་མ་ཐག་ངོས་བཟུང་སྟེ་དེ་ཀ་ལ་ཅེར་ཀྱིས་བལྟས་ནས་སྔར་བཞིན་འཇོག །དེ་བཞིན་རྣམ་རྟོག་ཇི་ལྟར་འཕྲོས་ཀྱང་ངོས་བཟུང་སྟེ་དགག་སྒྲུབ་དགའ་མི་དགའ་གང་ཡང་མི་བྱ་བར་དེ་ཉིད་ཀྱི་སྟེང་དུ་བཞག་ལ་ཤེས་རབ་ཀྱི་མིག་གིས་བལྟ། རྟོག་པ་དེ་ཉིད་སེམས་འཛིན་གྱི་རྟེན་དུ་བྱས་ཏེ་བཞག །གྲིམ་དྲགས་པ་ལྷོད་དྲགས་པ་གང་དུའང་མ་ལྷུང་བར་སྐྱོང་བ་དང༌ལྔ།
༈ སེམས་འཛིན་ཐབས་རླུང་ལ་བརྟེན་པ་རླུང་བུམ་པ་ཅན་བཟུང་སྟེ་མ་ཡེངས་པར་བཞག །བུམ་ཅན་མི་ཆུན་ན་གྲངས་སོགས་ལ་འཛིན་དགོས་པས་རླུང་ནང་དུ་རྒྱུ་བ་ཕྱིར་རྒྱུ་བ་ནང་དུ་གནས་པ་རྣམས་གྲངས་སུ་གཟུང༌། ཐོག་མར་ཉེར་གཅིག་ཙམ་དེ་ནས་རིམ་གྱིས་བརྒྱ་སོགས་ཀྱི་བར་བགྲང་། སྣ་སྒོ་རང་དུ་སེམས་གཏད་དེ་རླུང་གྲངས་སུ་གཟུང༌། གཞན་གང་དུའང་མ་ཡེངས་པར་བྱ། དགང་བ་དང་གཏོང་བ་ལ་འཛིན་ན་རླུང་ཕྱིར་ལན་གསུམ་འབུད། དེ་ནས་ནང་དུ་བརྔུབས་ཐུབ་ཚད་གཟུང་ཞིང་ལྟེ་འོག་ཏུ་མནན་མི་ཐུབ་པ་དང་སངས་ཀྱིས་བཏང༌། དེ་ལྟར་ཡང་ཡང་དེ་ཉིད་ལས་གཞན་དུ་མ་ཡེངས་པར་བྱ། བྱིང་རྒོད་བྱུང་ན་རིམ་གྱིས་སེལ་ཐབས་ལ་འབད། དམིགས་པའི་རྣམ་གྲངས་དེ་རྣམས་ལ་གནས་པའི་སྣ་མ་ཟིན་ན་གཞན་ཡང་དམིགས་པ་ཇི་ལྟར་འོས་པ་བྱ། གང་ཟག་རིགས་མ་ངེས་པ་ལ་ལ་ཁྲིད་ཕོགས་པ་

p. 374

རེ་རེ་གཉིས་གསུམ་ལ་གནས་པ་སྐྱེ། འགའ་ཞིག་ལ་མང་པོ་བསྒོམས་ཀྱང་སྐྱེ་བར་དཀའ་ལས་ཡོང༌། དེ་ལ་སྒྱིད་མ་ལུག་པར་བསྐྱངས་ན་མི་སྐྱེ་བ་མི་སྲིད། བླ་མ་ཉམས་མྱོང་ཅན་གྱིས་སློབ་མའི་བློ་ཚོད་དང་མཐུན་པར་གེགས་སེལ་བོགས་འདོན་སོགས་བྱེད་དགོས་ཤིང་དེ་ལྟར་བསྐྱངས་པས་གནས་པ་དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ་རྣམ་རྟོག་རགས་ཤིང་མང་བ་དང༌། གཉིས་པ་རྣམ་རྟོག་རགས་པ་ནུབ་སྐབས་སུ་རྟོག་པ་རེ་ཏོལ་གྱིས་སྐྱེ་ཡང་ངོས་ཟིན་ཡོང་ཞིང་དེ་མ་ཐག་རང་ཞིར་ཆུ་བོ་ཆེན་པོ་དང་འདྲ་བ་སྒོམ་རྒྱུན་ན་ར་ར་འགྲོ་བ་དང༌། མཐར་ཐུག་རྣམ་རྟོག་ཕྲ་རགས་ཐམས་ཅད་ནུབ་མི་རྟོག་པའི་ངང་དུ་ཆམ་འགྲོ་བདེ་གསལ་མི་རྟོག་པའི་ངང་དུ་ཆམ་མེ་མེ་རེ་ས་ལེ་སིང་ངེ་ཡེ་རེ་གནས་པ་འབྱུང་བས་དེ་ལྟ་བུའི་གནས་པ་མ་སྐྱེས་བར་བརྩོན་འགྲུས་བསྐྱེད། སྐྱེས་ནས་ཀྱང་རྒྱུན་ཆད་མེད་པར་ཉམས་སུ་ལེན་པ་དང་དྲུག
༈ དེ་ལྟར་གྱི་གནས་པ་གསུམ་པོ་མ་སྐྱེས་ན་ད་དུང་བརྩོན་འགྲུས་བསྐྱེད་དེ་གྲིམས་ལྷོད་ལྡོག་སྒོམ་གསུམ་གྱི་སྒོ་ནས་བྱ་སྟེ། དེ་ལ་གྲིམས་པ་ནི་ལུས་གནད་ལྟ་སྟངས་ཤེས་པ་གཅུན་ཏེ་གྲིམས་ཀྱིས་སྒྲིམས་པ་སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་པ་ཟམ་པ་མདའ་གཅིག་མའི་སྟེང་དུ་འགྲོ་བ་ལྟ་བུ་དམིགས་པ་འདི་བསྒོམ་བྱ་བ་མེད་པར་ཕྲི་ལི་ལི་བསྐུལ་ལེགས་པར་འཇུར་ལ་བཏབ་སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་པ་ཐུན་ཐུང་ལ་གྲངས་མང་བ་བྱ། གློད་པ་འཁྲུལ་འཁོར་ལྟ་སྟངས་བཅས། འདི་སྒོམ་གྱི་དམིགས་གཏད་གང་ཡང་མེད་ཅིང་སེམས་ཁོ་རང་རང་ལུགས་སུ་གློད་བཟོ་མེད་བདག་མེད་གཉེར་མེད་གར་ཐོད་ཐོད་དུ་གཞག །འབོལ་ལེ་ལྷོད་དེ་རང་བབས་སུ་ཆམ་གྱིས་རྩོལ་སྒྲུབ་མེད་པར་བུ་ཆུང་ལྟོས་འགྲངས་པའམ་སོག་མ་ཕོན་ཐག་ཆད་པ་བཞིན་ལྷོད་དེ་བཞག་ལ་དེའི་ངང་ནས་མ་ཡེངས་ཙམ་གྱི་དྲན་པ་ཡུད་དེ་བ་བྱ།

p. 375

དེ་མིན་ཅི་ཡང་མི་སྒོམ་པར་རང་ལུགས་སུ་བཞག །ཐུན་ཅུང་རིང་ཙམ་བྱ། ལྷན་ནེ་གནས་པ་དང་བཤིག་ནས་ངལ་གསོ། ཐུན་བར་ལའང་དྲན་པའི་རྩིས་ཟིན་ཙམ་བྱ། ལྡོག་སྒོམ་བྱེད་ན་མ་ཡེངས་པའི་དུས་རྣམ་རྟོག་མི་ཡོང་ནམ་ཡེངས་པའམ་རྐྱེན་གློ་བུར་བ་ལ་བརྟེན་རྣམ་རྟོག་མང་པོ་ལྡང་ཚེ་དེ་སྤོང་ངམ་ཞེ་ན་མི་སྤོང་བར་དེ་ཉིད་སྐུ་དྲིན་ཅན་དུ་བལྟས་ཏེ། ཁྱོད་རང་འགྱུ་རྒྱུ་ཅི་ཡོད་འགྱུས་ཤིག་ཅེས་འགྱུར་བཅུག །ཡང་གཅིག་སྐྱེས་གཉིས་སྐྱེས་ངོས་ཟིན་པར་བྱས། སྤང་ཡང་མི་སྤང་རྗེས་སུ་ཡང་མི་འབྲང༌། གནས་པ་ལ་དགའ་བ་དང་འགྱུ་བ་ལ་མི་དགའ་བ་དང་སྒོམ་མ་བྱུང་དོགས་ཤིང་བཟང་པོ་ཡོང་དུ་རེ་བ་སོགས་རེ་དོགས་གང་ཡང་མི་བྱེད་པར་རྟོག་པ་དེ་ཀ་སེམས་འཛིན་གྱི་རྟེན་དུ་བྱས། རྟོག་པ་བཀག་ནས་མི་རྟོག་པ་ཆེད་དུ་མི་སྒྲུབ་པར་རྟོག་པ་དེ་ཉིད་ཡུལ་དུ་བྱས་ཏེ་ཐོག་ཏུ་ཞོག་དང་རྟོག་པ་རང་ཞིར་སངས་ནས་མི་རྟོག་པ་ངང་གིས་འཆར་བས་དེ་ལྟར་ཉམས་ལེན་བྱ་བ་དང་བདུན།
༈ དེ་ནས་ཞི་གནས་སྐྱེ་ཚུལ་དང་ངོ་སྤྲོད་པ་ནི་ཞི་གནས་མཚན་ཉིད་པ་སེམས་རྣམ་རྟོག་དང་མཚན་འཛིན་གྱི་གཡེང་བ་ཐམས་ཅད་ཞི་ཞིང༌། བྱིང་རྒོད་རྨུགས་གསུམ་དང་བྲལ་བར་མི་རྟོག་པའི་ངོ་བོར་རྩེ་གཅིག་ཏུ་གནས་པ་སྔར་གྱི་རྩོལ་བ་དང་བཅས་པ་དེ་ད་རྩོལ་བ་ལ་མ་ལྟོས་པར་སླ་ལ་བདེ་བ་གུ་ཡངས་པ་སྐྱོང་བདེ་བ། སྒོམ་ལས་ལངས་དུས་ཀྱང་སེམས་གང་དུའང་མི་འགྱུར་བར་དེ་ཀར་སྐོར་རེ་སྡོད། འགྲོ་འདུག་སོགས་ཀྱི་ཚེའང་ཤེས་པ་དལ་ལ་ལྷུན་ཆགས་པ་ལྷོད་དེ་ཤིག་གེ་མེ་རེ་སྣང་བ་ཟི་བུན་བཀྲག་མེད་དུ་ལོང་ངེ་ཡུལ་ལ་ཆེད་དུ་ཤེས་པ་མ་བཅུག་ན་ཡུལ་གྱི་སྤུ་རིས་མི་ཟིན་རྣམ་གཡེང་ལ་བློ་མི་འཇུག །བདེ་གསལ་མི་རྟོག་པའི་ཉམས་ཆ་མཉམ་པའི་གསུམ་ག་ཡོད་པ་ལ་གང་རུང་ཞིག་ཤས་ཆེ་བ་མཐོང་ཉམས་ཐོས་ཉམས་

p. 376

མངོན་ཤེས་རྫུ་འཕྲུལ་ཡང་དུ་མ་འབྱུང་ཞིང་རྟགས་བཅུ་སོགས་ཇི་ལྟར་རིགས་པ་འཆར་བའི་ཞི་གནས་སྐྱོན་མེད་དེ་བཞིན་ཡང་རྒྱུད་ལ་སྐྱེ། འདི་ལྷག་མཐོང་སོགས་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་ཡིན་ཞིང་འདི་སྐབས་སུ་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་རྨི་ལམ་བཟང་ངན་མངོན་ཤེས་རྫུ་འཕྲུལ་བདེ་གསལ་མི་རྟོག་པ་སོགས་ཉམས་བཟང་ངན་ཅི་བྱུང་ཡང་ཆགས་ཞེན་མི་བྱེད་པར་སྙིང་པོ་མེད་པར་ཐག་བཅད་དགའ་སྡུག་གི་བསམ་མནོ་གང་ཡང་མི་བྱ། གལ་ཏེ་ཉམས་ལ་ཞེན་ཚེ་ཁམས་གསུམ་པའམ་འཁོར་བར་འཁོར་བའི་རྩ་བ་བྱེད། སྲིད་པ་ལས་མི་གྲོལ། འདི་ཙམ་ཕྱི་རོལ་པ་རྣམས་ལའང་ཡོད་ཀྱང་དེས་ཕན་པ་མེད་པས་མདོར་ན་ཉམས་རྟོགས་གང་ལའང་ཞེན་ན་ཕུང༌། དེ་ལ་མི་ཆགས་ཤིང་ཞེན་འཁྲིས་མེད་པའི་ངང་ནས་ཡུན་བསྲིངས་ཏེ་བརྩོན་འགྲུས་ཀྱི་སྐྱ་བར་ནས་བཏོན། སྡུག་བསྲན་བསྐྱེད་དེ་བསྒོམས་ན་ཡོན་ཏན་བསམ་ལས་འདས་པས། དེ་ལྟར་སློབ་པར་བྱ་ཞིང་ཉམས་གོ་བ་རྟོགས་པ་སྐྱེ་ཚུལ་དངོས་རྣམས་དཔོན་སློབ་གཉིས་ཀས་མ་ནོར་བར་བྱས་ཏེ་ངོ་འཕྲོད་ངེས་བྱ་ཞིང༌། གཙོ་བོར་འདོད་ཡོན་ཚེ་འདིའི་ཆེད་དུ་མ་ཞེན་པར་བླ་མར་མོས་གུས་བཅོས་མ་མ་ཡིན་པ། འགྲོ་དྲུག་ལ་བྱང་སེམས་འབྱོངས་པ། ཡེངས་མེད་དུ་དྲན་པའི་རྩིས་ཟིན་པ་ལོང་མེད་ཀྱི་བློ་སྣ་ཐུང་སྦུད་པ་ཞེ་བཅད་ཅན་མི་ཆོས་དང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་བྱ་བ་གལ་ཤིན་ཏུ་ཆེ་ཞིང༌། དེ་ལྟར་སྐྱོན་དང་བྲལ་བར་ཉམས་སུ་བླངས་ན་ཉམས་རྟོགས་རྣམས་འབད་མེད་དུ་སྐྱེ་བས་དེ་ལྟར་ནན་ཏན་བྱེད་པ་དང་བརྒྱད་དོ། །
༈ གཉིས་པ་ལྷག་མཐོང་ནི། ལུས་གནད་སྔར་ལྟར་བཅས་ལྟ་སྟངས་སྐབས་འདིར་གལ་ཤིན་ཏུ་ཆེ་བས་མིག་ཚམ་ཚུམ་ཡ་ཡོ་གྱ་གྱུ་མེད་པར་མདུན་གྱི་བར་སྣང་སྟོང་པའི་དཀྱིལ་

p. 377

འདིར་ཐད་ཀར་འབུར་ཚུགས་སུ་གཏད་དེ་ཧ་རེ་བལྟ། སེམས་གནས་པ་སྐྱོན་མེད་དེའི་ངང་ནས་རང་ལུགས་སུ་བཟོ་མེད་བདག་མེད་གཉེར་ཁ་མེད་པར་རང་བབས་སུ་ཆམ་བཞག་དེ་ལ་ཅུང་ཟད་ངར་སྐྱེད་ལ་སལ་ལེ་ཧྲིག་གེ་མ་ཡེངས་པའི་དྲན་པ་ཡུད་དེ་བ་བྱས་ལ། ཞི་གནས་བཟང་བདོའི་དུས་ཀྱི་སེམས་ཀྱི་ངོ་བོ་ལ་ཆེར་ལྟོས་ལ་དེའི་ངོ་བོ་ཁ་དོག་གཟུགས་དབྱིབས་སྐྱེ་འགག་གནས་གསུམ་ཡོད་མེད་ཕྱི་ནང་གར་གནས་གནས་པ་དེ་ཀ་མ་གཏོགས་གཞན་ལོགས་སུ་ཤེས་རྒྱུ་ཨེ་འདུག་ཅི་ཡང་ངོས་གཟུང་མེད་པའི་སྟོང་པ་ཅང་མེད་གཅིག་འདུག་གམ་གནས་པའི་ངང་ནས་ངོས་གཟུང་མེད་པའི་ཤེས་པ་ས་ལེ་ཡེར་རེ་ལྷང་ངེ་བ་ངག་ཏུ་སྨྲ་མི་ཤེས་པ་ཞིག་འདུག །གནས་པའི་ངོ་བོ་དེའང་ཤེས་པ་ནག་ཐོམ་མེ་བ་ཞིག་འདུག་གམ་གསལ་ལེ་ཧྲིག་གེ་རྗེན་ནེ་བ་ཞིག་འདུག །འདིར་གནས་ལུགས་ཀྱི་མཚང་གནད་འགག་ཐམས་ཅད་ཡོད་པས་གོ་ཡུལ་དང་རྣ་ཐོས་དང་ཆོས་སྐད་མཐོ་བ་ཉམས་རྟོགས་བཟང་བཟང་པོའི་འཇིག་རྟེན་ཆོས་བརྒྱད་ཀྱིས་བཅིངས་པའི་རྒྱུད་ལ་མ་སྐྱེས་པར་སྐྱེས་ཁ་བའི་རང་མགོ་རང་གཡོགས་བྱས་ན་རང་བསླུས་ཤིང་རབ་བྱུང་ཡིན་ན་མི་ཆོས་བླ་མའི་བརྫུན་གྱིས་སྡོམ་པ་ཡང་ཉམས་པས་རང་གིས་ཉམས་ལེན་རྡོ་རུས་གཏུགས་ནས། རྣམ་རྟོག་གིས་ཕར་ལྷན་པ་བཏབ་པ་མ་ཡིན་པར་རང་གི་ནང་ནས་ཚུར་ལ་སྒོམ་སྟོབས་ཀྱིས་སྐྱེས་པའི་མྱོང་རྟོགས་གཤའ་མ་ཞིག་དགོས་པས་རིག་པ་འཇུར་བཏབ་ནས་ལྟ། ཡང་ངལ་གསོ། ཡང་ལྟ་བ་སྟེ་གནས་པའི་སེམས་ཀྱི་ངོ་བོ་ལ་ལྟ་དགོས་ཤིང་འདི་སྐབས་རྣམས་སུའང་འཇོག་ཚུལ་གསལ་དྭངས་མདངས་དང་ལྡན་པ་ཉི་མ་སྤྲིན་བྲལ་ལྟ་བུར་གཞག །སྐབས་སུ་ཤེས་པ་ཧུར་ཕྱུང་ནས་ངོ་བོ་ལ་ལྟ་བ་ལ་འབད་པ་ངོ་སྤྲོད་བཏབ་ཚུལ་དང་པོ་ཡིན་པས། བླ་མས་ཀྱང་སློབ་མའི་རྒྱུད་ཚོད་དང་མཐུན་པར་གཅུན་ཞིང་

p. 378

འདྲི། འགའ་ཞིག་ལ་བསླབ་རུང་བྲིད་ཅིང་ཡང་དྲི་སྟེ་གོ་བ། ཉམས། རྟོགས་པ། མྱོང་བ། ཆོས་སྐད་རྣམས་མ་འདྲེས་པར་ངོ་སྤྲད། སློབ་མས་ཀྱང་དེ་ལྟར་འབད་དེ་སེམས་ཀྱི་ངོ་བོ་ལ་ལྟ་བ་དང་གཅིག །ཡང་གཞི་རྩ་བཅད་དེ་འགྱུ་ཐོག་གམ་རྣམ་རྟོག་གི་རྒྱུ་བ་རྩད་བཅད་ནས་ངོ་སྤྲོད་བྱ་བ་ལུས་གནད་ལྟ་སྟངས་སྤྱོད་ལམ་སོགས་སྔར་བཞིན་བྱས་ནས། བདེ་གསལ་མི་རྟོག་པ་གསུམ་དང་ལྡན་པའི་ངང་དུ་སིང་ངེ་ལྷོད་དེ་དེ་ལས་རྣམ་རྟོག་གློ་བུར་བ་ཞིག་ཐོལ་སྐྱེས་པའམ་ཡང་ན་ཇི་ལྟར་འོས་པ་ཞིག་ལ་རྣམ་རྟོག་སྤྲོས་ཏེ། འཕྲོས་པའི་ཤེས་པ་དེའི་ངོ་བོ་ལ་བལྟ། འཕྲོ་དུས་ལ་བལྟ། འཕྲོས་པའི་གནས་ལ་བལྟས་ཏེ། ཁ་དོག་དབྱིབས་སྐྱེ་ས་གནས་ས་འགག་ས་ཇི་ལྟར་ཡིན། ཕྱིར་གནས་སམ་ནང་ལུས་ལ་གནས། ནང་ནའང་སྙིང་དབུས་སོགས་ལུས་ཀྱི་ཕྱི་ནང་གང་དུ་རྣམ་པ་ཇི་ལྟ་བུའི་ཚུལ་གྱིས་གནས་པ་དང་འཕྲོ་ཞེས་བརྟག །སེམས་དེ་དངོས་པོར་འདུག་གམ་དངོས་མེད་དུ་འདུག །སྐྱེ་འགག་ཁ་དོག་དབྱིབས་སོགས་ཨེ་འདུག །འདུག་ན་ཅི་འདྲ་ཞིག་འདུག །མི་འདུག་སྙམ་པའི་སྐད་དེ་བ་ཞིག་འདུག་གམ་འདི་ཡིན་སྙམ་རྒྱུ་ཡང་མེད་ལ་སྐྱེ་འགག་མེད་པ་སོགས་ཤེས་རྒྱུ་ཡང་ཡོད་པ་ཞིག་འདུག །རྟོག་པ་ལ་ལྟ་དུས་དེར་རྟོག་པ་ཐམས་ཅད་སྟོང་པ་སྤྲོས་བྲལ་སྐྱེ་འགག་མེད་པ་ཞིག་གམ་རྟོག་པ་དེ་ལ་བལྟས་པས་རྗེས་མེད་དུ་ཤིགས་ཤིགས་འགྲོ་ཡིན་གདའམ་རྟོག་པ་སྐྱེས་ཚད་ངོས་བཟུང་མེད་པར་ཤར་ཨེ་འདུག་བལྟ། ངོས་བཟུང་མེད་པར་ཤར་འདུག་ན་དེ་དུས་ངོས་བཟུང་ཆ་མི་འདུག་སྙམ་པ་འདུག་གམ་མི་འདུག །རྣམ་རྟོག་འགྱུས་སམ་འགྱུར་བཅུག་ནས་དེའི་ངོ་བོ་ལ་གལ་མེད་འཛིན་མེད་དུ་བལྟ། དེ་ལ་བདེའམ་མ་བདེ་ན། བདེ་མི་བདེ་སོ་སོའི་ངོ་བོ་ལ་བལྟ། རྣམ་རྟོག་ཅི་མང་གྱིས་ལ་ལྟོས། ཉོན་མོངས་དུག་ལྔ་སོགས་དྲག་པོ་སྐྱེས་སམ་བསྐྱེད་ནས་དེ་ལའང་

p. 379

བལྟ། རྟོག་པ་རང་དང་རྟོག་པའི་ཡུལ་དང་དེ་སྔ་ཕན་གྱི་རྟོག་པའམ་སེམས་ལ་ཁྱད་པར་ཅི་འདུག་སོགས་ཀྱང་ནང་ནས་སྒྲོ་འདོགས་ཆོད་ངེས་ཐག་ཆོད་པར་བལྟ། རྟོག་པའི་ངོ་བོ་གསལ་རིག་རྗེན་པར་མཐོང་ན་སྔར་གནས་པའི་སྟེང་གི་མཐོང་བའི་གསལ་རིག་རྗེན་པ་དང་ད་རེས་ད་རྟོག་པའི་སྟེང་དུ་མཐོང་བའི་གསལ་རིག་རྗེན་པ་དེ་གཉིས་ལ་ཁྱད་ཨེ་འདུག་བལྟ། མ་ཆོད་ན་རྟོག་པ་དེ་ཉིད་ཚུར་བཀུག་ནས་གསལ་རིག་ལ་བཞག་སྟེ་ལྟ་བ་མ་ཡིན་པར་རྟོག་པ་ཐོལ་སྐྱེས་པར་ཐོག་མའི་ཐ་མལ་ཤེས་པ་གང་གིས་ཀྱང་མ་བསླད་པ་དེ་རང་གི་ངོ་བོ་ལ་ལྟ་བ་ཡིན་པས་ལེགས་པར་ལྟ་བ་སོགས་མདོར་ན་འཆར་ཚུལ་དང་གོ་བསྟུན་ནས། དཔོན་སློབ་གཉིས་ཀས་ཤན་ཕྱེད་པར་བྱས་ཏེ། ཕུ་ཐག་དང་གཞི་རྩ་བཅད་དེ་ལྟ་བ་ངོ་སྤྲོད་དང་བལྟ་ལུགས་དེ་ལ་ནན་ཏན་བྱ་བ་དང་གཉིས།
༈ ཡང་སྣང་སེམས་དབྱེར་མེད་དུ་ངོ་སྤྲོད་ཕྱིར་སྣང་ཐོག་ནས་བལྟ་བ་ཡང་ལྟ་སྟངས་ལུས་གནད་སྔར་བཞིན་ལ་ཡུལ་ངེས་པ་ཅན་ཀ་བུམ་མམ་སྐུ་བརྙན་ནམ་རི་རབ་ལྟ་བུའམ་བར་སྣང་གི་གཟུགས་ཇི་ལྟར་འོས་པ་ཞིག་ལ་མིག་དང་དམིགས་པ་རྩེ་གཅིག་ཏུ་གཏད་ནས་དེ་ལ་ཅེར་བལྟ། དེ་ཐོག་ཤེས་པ་གློད་ལ་ཅུང་ཟད་བཞག །ཡང་བལྟ། དེ་བཞིན་རྣ་བའི་ཡུལ་གྱི་སྒྲ་སྙན་མི་སྙན་ཆེ་ཆུང་ཐ་དད་ཡོད་མེད་རང་དང་གཞན་གྱིས་སྨྲས་པ་སོགས་ལ་སྒྲའི་ངོ་བོ་ལ་བལྟ། དེ་བཞིན་སྣའི་ཡུལ་དུ་སྣང་བའི་དྲི་བཟང་པོ་ངན་པ་ལྕེ་ལ་རོ་ཞིམ་མི་ཞིམ་ལུས་ལ་རེག་བྱ་བདེ་སྡུག་ཚ་གྲང་ན་ཚ་ཟུག་གཟེར་སོགས་གང་ཤར་བ་དེ་ལ་བལྟ། དེའི་དུས་ན་སྣང་བ་དེ་འགག་འགྲོ་ཡིན་འདུག་གམ་རང་དང་སྣང་བ་གུད་ན་སྣང་ངམ་སེམས་ལ་སྣང་བ་ཚུར་འཆར་གདའམ་སེམས་ཀྱིས་སྣང་བས་འདི་སྣང་བའོ་ཞེས་ཕར་བཟུང་མཆིས་སམ། སྣང་བ་དང་

p. 380

སེམས་དབྱེར་མེད་པས་ཡུལ་མེད་སྣང་སྟོང་དུ་ལྷང་ངེ་ཡོད་པ་ལགས། ཞེས་བལྟ་བ་ལྟ་མཁན་གྱི་རྟོག་པ་དང་ཡུལ་ལྔ་པོ་གང་རུང་རེ་ལ་བལྟ་བ་སྤེལ་ལ། དེ་གཉིས་ཁྱད་ཨེ་འདུག་བལྟས་ཏེ་ཡུལ་སྣང་བ་དང་ཡུལ་ཅན་རྟོག་པའི་ཁྱད་པར་ཅི་འདུག་བལྟ། ཡུལ་ལ་བལྟས་ཚེ་ཡུལ་དེ་ཕ་གིར་ལམ་མེ་འདུག་ན་དེ་སྐད་སྙམ་པའི་ཀད་དེ་བ་ཞིག་འདུག་གམ། དེ་སྐད་སྙམ་པའང་མེད་པར་ཡུལ་དེའང་མ་འགགས་ཐལ་ལེ་བ་དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་གལ་མེད་དུ་ཤིག་གེ་དེ་གཉིས་ཐ་དད་ཀྱང་མེད་པ་འདྲ་བ་ལ། དེ་སྐད་ཐ་དད་མེད་པའོ་སྙམ་རྒྱུ་གང་ཡང་མེད་པ་ཞིག་འདུག །ཡུལ་ཕ་གིར་ལམ་མེ་འདུག་སྙམ་པའི་ཀད་དེ་བ་ཞིག་འདུག་ན་དེ་སྐད་སྙམ་པའི་ཀད་དེ་བ་དེ་ཀ་རང་ཅི་འདྲ་ཞིག་འདུག་བལྟ། དེ་བཞིན་ལུས་སེམས་གཉིས་ཀྱང་གཅིག་དང་ཐ་དད་གང་ཡིན་བལྟ། གཅིག་ན་ལུས་སྐྱེ་འཇིག་ཅན་དང་སེམས་ཉིད་སྐྱེ་འཇིག་བྲལ་བ་རྟག་པ་གཉིས་གཅིག་གམ། ཐ་དད་ན་ལུས་སེམས་གཉིས་སོ་སོར་ངོས་བཟུང་དགོས་པ་ལ། སེམས་ནི་འདི་ན་གནས་མེད་པར་ལུས་མགོ་མཇུག་མེད་པར་ཁྱབ་ནས་ཚོར་བ་མྱོང་བ་དེ་ཅི་ཡིན། ལུས་སེམས་རྟེན་བརྟེན་པ་ཡིན་ཞིང་ལུས་ཕྱི་སེམས་ནང་ན་མི་དང་གོས་བཞིན་དང་ཚོར་བ་མྱོང་བ་དེའང་ལུས་གཅིག་པུས་ཚོར་སྙམ་དུ་སེམས་ན་རོས་ཀྱང་ཚོར་དགོས་ལ། སེམས་ཀྱིས་ཚོར་ནས་དེ་གཉིས་ཐ་དད་ན། སེམས་ལ་ནི་གསོད་གཅོད་གང་ཡང་བྱེད་མི་ཐུབ་པ་ལ། ལུས་ལ་ཚེར་མ་ཟུག་པ་སེམས་ཀྱིས་ཚོར་ན་དཔེ་རྟེན་གོས་མེས་ཚིག་ན་བརྟེན་པ་མི་མེས་ཚིག་པ་དང་ཅིས་མི་མཚུངས། དེས་ན་ལེགས་པར་བལྟས་ཏེ་ཐག་ཆོད་པར་བྱ་དགོས་པས། འདི་སྐབས་སུའང་བྱུང་ཚོར་ཐམས་ཅད་ཆུ་དང་རླབས་ལྟར་སེམས་སུ་ཤེས་ཏེ་བཞག་ལ་དེའི་ངང་ནས་གནས་ལུགས་ཕུ་ཐག་བཅད་ཕྱིར་དེ་ལྟར་བལྟ་བ་དང་གསུམ།

p. 381

༈ ཡང་སེམས་གསལ་སྟོང་དུ་ཡེ་རེ་གནས་དུས་ཀྱི་ངོ་བོ་ལ་བལྟ། ཡང་རྣམ་རྟོག་ཞིག་འགྱུར་བཅུག་ནས་དེའི་ངོ་བོ་ལ་བལྟས་ཏེ། གནས་འགྱུ་གཉིས་ཀྱི་ངོ་བོ་གཅིག་གམ་ཐ་དད་ལྟ། དེ་ལྟར་བལྟས་པས་ཐ་དད་པར་མཐོང་ན་ཐ་དད་ལུགས་ཇི་ལྟར་འདུག །གནས་འགྱུ་གཉིས་པོ་དེ་སྐུད་པ་ཐང་ལ་བརྐྱང་བ་ལྟར་ཤེད་མཉམ་དུ་སྒྲིལ་ནས་རེས་མོས་ཀྱིས་འཆར་འདུག་གམ། གནས་པ་ས་གཞི་ལྟ་བུ་ལ་འགྱུ་བ་ཤིང་སྐྱེས་པ་ལྟར་སྐྱེ་བར་འདུག་གམ། སྦྲུལ་ལམ་ཐག་པ་འཁྱོག་པ་ལྟར་གཉིས་པོ་གཅིག་ཡོད་ན་གཅིག་མི་ཡོང་བ་གནས་ཙ་ན་མི་འགྱུ་འགྱུ་ཙ་ན་མི་གནས་པ་ཞིག་འདུག །དེའང་འགྱུ་བ་ནི་མི་འགྱུ་དགུ་འགྱུ་སྣ་ཚོགས་འཕྲོ་བ་ཡིན། གནས་པ་མི་འགྱུ་བར་གནས་པ་ཡིན་པས་དེ་ཁྱད་པར་ཤིན་ཏུ་ཆེ་ཞིང༌། ངོ་བོ་ཐ་དད་སྙམ་ན་དེ་གཉིས་ལ་ཁ་དོག་དབྱིབས་སོགས་ལ་ཁྱད་པར་འདུག་གམ་སྐྱེ་གནས་འགག་གསུམ་འདས་མ་འོངས་ད་ལྟར་སོགས་དང༌། རྟག་མི་རྟག་ལྟ་བུ་གང་འདྲ་ཞིག་གི་ཁྱད་པར་འདུག་ཀྱང་བལྟ། ཡང་རྣམ་རྟོག་སྒོམ་དུ་ཤེས་ན་གནས་འགྱུ་གཉིས་ངོ་བོ་གཅིག་ལས་མི་འདུག །འཆར་ལུགས་རེ་མོས་སུ་འཆར་ཞིང་གནས་དུས་འགྱུ་མཁན་དང་འགྱུ་དུས་གནས་མཁན་གང་ཡང་མི་གདའ། ཆུ་དང་རླབས་བཞིན་དུ་སེམས་གཅིག་པུའི་འགྲོས་སམ་བྱེད་ལས་འབའ་ཞིག་ཏུ་འདུག་པ་གནས་འགྱུ་གཉིས་ཀ་གསལ་སྟོང་རྗེན་པ་དེ་ལས་མ་འདས་པར་འདུག་པར་རྟོགས་ན་ཅུང་ཟད་རྟོགས་པ་ཡིན། འོན་ཀྱང་རྟོག་པ་ཚུར་བཀུག་ནས་སྒོམ་ལ་བཞག་པས་གསལ་སྟོང་དུ་འདུག་གམ་རྟོག་པ་ཡལ་བའི་རྗེས་སུ་གསལ་སྟོང་དུ་འདུག་གམ་རྟོག་པ་ཐོལ་ལེ་བ་དེ་ཀ་གསལ་སྟོང་དུ་འདུག །དང་པོ་གཉིས་ལྟར་སྙམ་ན། ད་དུང་ཀྱང་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ལ་སླར་ལྟ་བ་ལ་འབད་པས་ཅི་ཞིག་ན་མཐོང་བར་ངེས་སོ། །ངོ་ལྟ་འདི་རྣམས་བྱས་

p. 382

པས་ཐོད་རྒལ་བའི་རིགས་ཐོག་མར་ལྷག་མཐོང་དེ་ནས་ཞི་གནས་སྐབས་སུ་གཉིས་ཀ་མེད་སྐབས་སུ་གཉིས་ཀ་འཆར། གཅིག་ཆར་བ་ནི་སྔོན་སྦྱངས་ཀྱི་མཐུ་ལས་ཞི་ལྷག་དུས་མཉམ་དུ་བརྡ་བསྟན་ཙམ་གྱིས་སྐྱེ། རིམ་སྐྱེས་པ་ནི་རིམ་གྱིས་སྐྱེ་བས་འདིར་ཕྱི་མའི་དབང་དུ་བྱས་པ་ཡིན་པས། འཆར་ཚུལ་ལ་དཔགས་ནས་སྟོན་དགོས་ལ་ལྟ་བའང་གསལ་ཆ་ཡོད་ལ་འཛིན་ཆ་མེད་པ་བུ་ཆུང་ལྷ་ཁང་བལྟ་བ་ལྟར་བཞག་ལ་དེའི་ངང་ནས་ལྟ་བ་ལ་བརྩོན་པ་ཆེན་པོས་འབད་དེ་ལེ་ལོ་སྤངས། ཞེན་ལོག་དགོས་མེད་ངེས་འབྱུང་མོས་གུས་དད་པ་ཡེངས་མེད་ཀྱི་དྲན་པ་བརྟན་པ་མ་བཅོས་པའི་ངང་ནས་རེ་དོགས་གང་གིས་མ་བཅིངས་པར་ཉམས་ལེན་བྱས་རྒྱུ་བའི་ཟབ་ཟོབ་ལ་མ་སོང་བར་ཚེ་ཕྱི་མ་ཁོ་ན་དོན་དུ་གཉེར་ནས་སེམས་ལ་བལྟ་བ་འདི་དག་ལ་འབད་ན་ངེས་པར་མྱུར་དུ་ལྷག་མཐོང་གི་ཡེ་ཤེས་འདི་ཙམ་གྱིས་མི་སྐྱེ་ཀ་མེད་ཡིན་པས། དེ་ལྟར་གནས་འགྱུ་གཉིས་གཏན་ལ་ཕབ་པ་དང་བཞི།
༈ དེ་ལྟར་ངོར་བལྟ་དང་སེམས་ཀྱི་མན་ངག་དེ་ལྟར་བསྐྱངས་པས་ཕལ་ཆེར་ངོ་སྤྲོད་མ་དགོས་པར་ནང་ནས་རང་རྡོལ་ཡོང་ཞིང༌། འགའ་ཞིག་སྐྱེས་ཀྱང་ངོ་མ་ཤེས་པ་དང༌། འགའ་ཞིག་གོ་བ་དང་རྣ་ཐོས་སྐམ་པོ་དང་མགྱོགས་པོར་ཉམས་རྟོགས་བཟང་པོ་སྐྱེས་རྒྱུ་བར་འདོད་ནས་མ་སྐྱེས་ཀྱང་ཆོས་སྐད་མ་འཛོལ་བར་སྨྲ་ཉེན་ཡོད་པས། དེ་ལ་བླ་མས་ཀྱང་ཤན་འབྱེད་པར་བྱེད་དགོས། སློབ་མས་ཀྱང་གནད་དུ་བསྣུན་ནས་ཉམས་ལེན་བྱེད་དགོས་པ་ལས་དང་པོ་ངོ་བོ་ལ་བལྟ་དུས་ཀྱི་ངོ་སྤྲོད་ཚུལ་དང་པོ་ནི། སྔར་གནས་པའི་སེམས་ཀྱི་ངོ་བོ་ལ་བལྟ་ཚུལ་སོགས་སྔར་བཞིན་བྱས་པས་གནས་པའི་ངོ་བོ་དེའང་གསལ་ལེ་ཧྲིག་གེ་བ་རྗེན་ནེ་བ་སྟོང་རྐྱང་མིན་པའི་གནས་པའི་ངང་ནས་ངོས་བཟུང་མེད་པའི་ཤེས་པ་སལ་ལེ་ཧ་རེ་ལྷང་ངེ་ཡེ་རེ་

p. 383

ལྷོད་དེ་བ་ཁ་དོག་དབྱིབས་སོགས་འདི་འདྲ་དང༌། ངག་ཏུ་སྨྲ་རྒྱུ་འདི་དང་འདི་བཞིན་ཡིན་ཟེར་རྒྱུ་མེད་པར་ངོས་བཟུང་མེད་བཞིན་གསལ་ལ་མ་འགགས་པའི་ཤེས་པ་སིང་ངེ་ཡེར་རེ་རྗེན་ནེ་ལྷང་ངེ་ཧྲིག་གེ་བ་མ་མཐོང་བའི་མཐོང་རྒྱུ་མ་མྱོང་བའི་མྱོང་རྒྱུ་མི་ཤེས་པའི་ཤེས་རྒྱུ་འདི་འདྲ་རང་སྙམ་རྒྱུ་མེད་པར་རང་ལ་ཤར་རྒྱུ་ཞིག་ཡོད་པར་ཁར་འདོན་རྒྱུ་འདི་བཞིན་ཞེས་པའང་མེད་ལ་གཏིང་ནས་ཐག་ཆོད་པ་ཞིག་གིས་གསལ་ལ་སྟོང་པ་ངོས་བཟུང་མེད་པ་གསལ་ལྷན་ནེ་གནས་པ་ཞིག་འདུག་ན་གོ་བ་ཡིན་ན་གྲུལ་མི་ཐུབ་པས་ཅུང་མི་ཡོང༌། ནང་ནས་ཤར་བ་ཡིན་ན། འོ་དེ་ནི་གནས་པ་ལ་ལྷག་མཐོང་ཤར་བ་ཡིན་པས་ངོ་བོ་རྗེན་གྱིས་རྡོ་རུས་གཏུགས་པས་མཐོང་བ་མ་གཏོགས་ངོ་སྤྲོད་སྔས་ན་གོ་ཡུལ་དུ་ལུས་ཏེ་དྲེད་པོར་འགྲོ་སྟེ། རྟིང་སོར་གཞན་གྱིས་ཁྲིད་འདེབས་པ་སོགས་ལའང་གནོད་པས་ངོ་སྤྲོད་མི་འདེབས་རྣམ་རྟོག་རྒྱུན་མ་ཆད་པར་ངོ་བོ་མི་མཐོང༌། ངོ་བོ་མ་མཐོང་བར་ངོ་སྤྲོད་མི་བཏུབ། ངོ་མ་འཕྲོད་ན་སྒོམ་ལམ་དུ་མི་འགྲོ། ཉམས་བཟང་དུས་ཀྱང་བལྟ། ངན་དུས་ཀྱང་གསལ་འདེབས་ཡང་ཡང་བྱ། ཉམས་ལེན་སྐྱོང་ལུགས་བསླབ་པ་ལ་ཁྲིད་ཟེར་བ་ཡིན། སྒོམ་ཤེས་པ་ལ་ཁྲིད་ཚར་བ་ཟེར་བ་ཡིན་པས་དེའི་ངང་ནས་མ་ཡེངས་པར་བསྐྱངས་ནས། ཉམས་རྟོགས་སྐྱེ་བ་ལ་ཚེགས་མེད་པས་ངོ་བོ་མཐོང་ནས་ངེས་ཤེས་འདྲོངས་ཤིང་ཐེ་ཚོམ་ཆོད་པའི་ཕྱིར་ད་ནི་ངོ་སྤྲད་པར་བྱ་བ་ནི། སྤྱིར་སྒོམ་ལ་ཞི་ལྷག་གཉིས་ཡིན་པ་ལས། སེམས་རང་ལུགས་སུ་ལྷོད་བཞག་པའི་དུས་རྣམ་རྟོག་ཐམས་ཅད་རང་སར་ཞི་ནས་རང་ལུགས་སུ་གསལ་ལྷན་ནེ་གནས་པ་འཇིག་རྟེན་ཚེ་འདིའི་རྣམ་གཡེང་ལ་བློ་མི་འཇུག་པ་བདེ་འབོལ་ལེ་ཉོན་མོངས་པ་ཐམས་ཅད་ཕྲ་ཉལ་གྱིས་ཞི་ཞིང༌། དགེ་བའི་ངོ་བོར་རྩེ་གཅིག་ཏུ་གནས་པ་ཇི་ཙམ་སྡོད་ཀྱང་རང་དབང་ཡོད་པ་རླུང་འགྲོ་འོང་

p. 384

ཡང་མི་ཆོར་བ་ཞིག་འདུག་གམ་དེ་ནི་ཞི་གནས་ཁྱད་པར་ཅན་ཡིན། དེ་ཉམས་གཙོ་ཆེ་རྟོགས་པའི་གོ་མི་ཆོད་དེ་མེད་ཀྱང་མི་རུང༌། དེ་ལ་མ་ཞེན་པར་བསྐྱངས་པས་དེའི་ངང་ནས་བྱིང་རྒོད་ལུང་མ་བསྟན་བཏང་སྙོམས་སུ་མ་ལུས་པར་སེམས་ཀྱི་ངོ་བོ་ལ་འདི་འདྲ་ཞེས་ཁ་དོག་དབྱིབས་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་ཞིང༌། རང་གི་བློ་ཡུལ་དུ་འདི་ལྟ་བུའོ་ཞེས་ཤེས་རྒྱུ་དང་མྱོང་རྒྱུ་ཡོད་ལ་ངག་ཏུ་སྨྲར་མི་བཏུབ་པ་གཞོན་ནུའི་བདེ་བ་ལྟ་བུ་གསལ་སྟོང་ཟུང་འཇུག་ངོས་བཟུང་དང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་རྣམ་རྟོག་གང་གིས་ཀྱང་མ་བསླད་པ། འཇིག་རྟེན་གྱི་རྣམ་རྟོག་གང་གིས་ཀྱང་མ་རྙོག །ཞི་གནས་དང་མི་རྟོག་ལྟེང་པོས་མ་བཏུབ་པའི་ཤེས་པ་རང་སོ་རང་བབས་སུ་རང་གར་འདུག་པ་དེ་ལ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཐ་མལ་གྱི་ཤེས་པའམ་སེམས་ཞེས་བྱ་ཞིང༌། དེ་མ་ཤེས་ན་མ་རིག་པ་དང་འཁོར་བ་ཤེས་ན་རིག་པ་ཡེ་ཤེས་སམ་མྱང་འདས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་སམ་གཉུག་མའམ་འོད་གསལ་ལམ་ལྷག་མཐོང་ཞེས་བྱ་བས་ད་འཁོར་འདས་ཀྱི་མགོ་ལྟག་ཕྱེད་པ་ཡིན། བླ་མས་ངོ་སྤྲད་པ་ལས་སློབ་མས་དེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་ངོ་ཤེས་པ་ཡིན། དེ་ངོ་ཤེས་པ་ལ་སེམས་ངོ་ཤེས་པ་ཞེས་བྱ་སྟེ། སློབ་མ་ཤེས་རབ་ཆེ་བ་བླ་མ་གདམས་ངག་མཁས་པས་བྱས་པ་མ་ཡིན། གདོད་ནས་དེ་ལྟར་གནས་པ་ལ་སྔར་ཉོན་མོངས་པ་དང་རྣམ་རྟོག་གིས་བསྒྲིབས་ནས་ངོ་མ་ཤེས་པ་ད་རྣམ་རྟོག་རྒྱུན་ཆད་དེ་ངོ་སྤྲད་པས་ཤེས་པ་ཡིན་ཞིང༌། སེམས་ངོས་བཟུང་མེད་པའི་གསལ་སིང་ངེ་བ་དེ་སེམས་ཀྱི་རང་བཞིན་མེད་བཞིན་སལ་ལེ་སྣང་བ་སེམས་ཀྱི་མཚན་ཉིད་སྟོང་གསལ་རིག་པའི་ངོ་བོ་སིང་ངེ་མེར་རེ་བ་རྒྱུན་ཆད་མེད་པ་དེ་ངོ་བོ་ཡིན། དེ་ལ་ངོ་ཤེས་རྗེན་པ་དེ་ལས་དུས་རྟག་ཏུ་མ་གཡོས་པར་སྐྱོང་ན་ཕན་

p. 385

ཡོན་བསམ་གྱིས་མི་ཁྱབ་པ་ལས་གནས་པ་ལ་ལྷག་མཐོང་ཤར་བ་དེ་ངོ་འཕྲད་པ་ཡིན་པས། དེ་ངོ་སྤྲོད་དངོས་གཞི་གཅིག་སྟེ་དེ་ལ་གནད་དུ་བསྣུན་ནས་ཉམས་སུ་ལེན་པ་དང་དུས་རྒྱུན་དུ་སྐྱོང་བ་གལ་ཆེ་བས་དེ་བཞིན་ངོ་ཤེས་ཏེ་སྐྱོང་བ་དང་ལྔ།
༈ བལྟ་ཚུལ་གཉིས་པ་གཞི་རྩ་བཅད་དེ་རྟོག་མེད་ཀྱི་སྟེང་ནས་ངོ་སྤྲད་པ་དང༌། འགྱུ་ཐོག་གམ་རྣམ་རྟོག་གི་སྟེང་ནས་ངོ་སྤྲོད་པ་རྣམ་རྟོག་འགྱུས་སམ་འགྱུར་བཅུག་པའི་འགྱུ་བའི་སྟེང་ནས་ངོ་སྤྲོད་པ་གཉིས་ལས། དང་པོ་ནི། རྟོག་མེད་དུ་ལྷན་ནེ་གསལ་སིང་ངེ་གནས་པ་བྱིང་རྒོད་དང་བྲལ་བའི་ཤེས་པ་དེ་ལ་བལྟས་པས་དེའི་ཁ་དོག་དབྱིབས་སོགས་དང་སྐྱེ་འགག་མི་འདུག་སྙམ་པའི་ཀད་དེ་བའི་འདི་ཡིན་སྙམ་རྒྱུ་ཡང་མེད། སྐྱེ་འགག་མེད་པར་ཤེས་རྒྱུ་ཞིག་ཀྱང་འདུག་ན་རྟོག་མེད་ལ་ལྷག་མཐོང་ཤར་བ་ཡིན། གཉིས་པ་ནི་རྣམ་རྟོག་འགྱུས་པ་ཐམས་ཅད་སྟོང་པ་སྐྱེ་འགག་དང་བྲལ་བར་འདུག་ཟེར་ན་སྟོང་སྐད་ཡིན། སྐྱེ་འགག་གནས་གསུམ་དབྱིབས་ཁ་དོག་སོགས་ཀྱི་ངོས་བཟུང་དང་བྲལ་བར་རྗེས་མེད་དུ་ཤིགས་སེ་འདུག་ན་ཅུང་ཟད་ཤར་བ་ཡིན། ངོས་བཟུང་མི་འདུག་སྙམ་པའི་ཀད་དེ་བ་ཡང་མེད་ལ་གལ་མེད་འཛིན་མེད་དུ་ངོས་བཟུང་མེད་པར་ཤར་གྲོལ་དུས་མཉམ་ན་ངོ་འཕྲོད་པ་ཡིན་ཞིང་གཞན་ཡང་རྟོག་པ་རྟོག་པའི་ཡུལ་གནས་དུས་དང་འགྱུ་དུས་ཀྱི་སེམས་སྔར་གྱི་སེམས་སྔར་གྱི་རྟོག་པ་སོགས་ལའང་བཟང་ངན་དང་ཁྱད་པར་ཅུང་ཟད་མེད་པར་གསལ་རིག་རྗེན་པར་རྟོགས་པ་དང༌། རྟོག་པ་ཚུར་བཀུག་པའི་རྗེས་སམ་རྟོག་པ་ཡལ་བའི་རྗེས་སུ་གསལ་སྟོང་དུ་སོང་བ་མ་ཡིན་པར་ཐོལ་སྐྱེས་ཀྱི་རྟོག་པ་དེ་ཀ་གསལ་སྟོང་དུ་ཤར་བའམ་རྟོགས་ན་ངོ་འཕྲོད་པ་ཡིན་པས་ད་རྟོག་པ་འགྱུས་པ་དང༌། གནས་པ་དང་རྟོག་པ་རང་གི་ངོ་བོ་གསུམ་ག་ཡང་གསལ་སྟོང་དུ་རྗེན་

p. 386

ནེ་འདུག་པ་རྟོགས་པ་དང་མི་རྟོག་པ་གཉིས་ངོ་མ་ཤེས་པར་ཡིད་ཀྱིས་སྒྲོ་བཏགས་ནས་བཟུང་བ་ལས་ཁྱད་པར་དུ་བྱ་བ་ཅུང་ཟད་ཀྱང་མེད་དེ། སྔོན་རྟོག་པ་ངོ་མ་ཤེས་པས་སྒོམ་དུ་མ་སོང་ཞིང་མ་རིག་པ་ཡིན་ལ། ད་ངོ་ཤེས་ན་རྟོག་པ་ཁོ་རང་སྒོམ་པ་དང་རིག་པ་ཡེ་ཤེས་སུ་འདུག །ད་སྒོམ་གྱི་རྩ་བ་རྟོག་པ་ལ་གྱིས། དེ་སྔ་རྟོག་པ་ཁོ་རང་གིས་ཁོ་རང་བསྒྲིབས་ཏེ་མ་མཐོང་བ་ཡིན། མི་རྟོག་པའི་སྟེང་དུ་སྒོམ་པ་ལས་ཁྱད་པར་དུ་འཕགས་པ་ད་རྟོག་པའི་སྟེང་དུ་སྒོམ་ཤེས་པ་ཡིན་པས་གང་ཤར་བའི་རྟོག་པ་དེ་ངོས་ཟིན་པར་གྱིས་ལ་རྟོག་པ་མ་སྐྱེས་ན་མ་སྐྱེས་པའི་ངང་དུ་ཞོག་སྤྲོ་མི་དགོས། སྐྱེས་ན་སྐྱེས་པའི་ངང་དེར་ཞོག་ལ་བསྡུ་མི་དགོས་པས་རེ་དོགས་ཀྱི་བསམ་པ་གང་ཡང་མ་བྱེད་པར་སྒོམ་གྱི་ངོ་བོ་རྟོག་པ་རང་ལ་གྱིས་དང༌། རྟོག་པ་དེ་སེམས་ལས་མ་འདས། སེམས་དེ་ནི་རང་གྲོལ་ངོ་བོ་གསལ་སྟོང་རྗེན་པ་ཆོས་ཀྱི་སྐུ་གྲོལ་བྱ་གྲོལ་བྱེད་དང་བྲལ་བ་ཡིན་པས་དེ་ལྟར་རྟོགས་པ་ནི་རྟོག་པ་ལ་ལྷག་མཐོང་ཤར་བ་ཡིན་པས་གསལ་སྟོང་ཟུང་འཇུག་ཆོས་སྐུར་ངོ་འཕྲོད་པའོ། །མདོར་ན་གང་ཤར་ལ་ངོ་ཤེས་པར་གྱིས་ལ་དེ་ཉིད་ཀྱི་སྟེང་དུ་མ་བཅོས་ཤིང་མ་ཡེངས་པར་བཞག་ནས་སྐྱོང་བར་བྱ་དགོས། དེ་ལྟར་ངོ་སྤྲོད་དངོས་གཞི་གཉིས་པ་སྟེ་དེ་ངོ་འཕྲོད་པས་མི་ཆོག་རྒྱུན་སྐྱོང་བར་བྱ་བ་དང་དྲུག །
༈ ངོ་སྤྲོད་གསུམ་པ་སྣང་སེམས་དབྱེར་མེད་དུ་སྣང་ཐོག་ནས་ངོ་སྤྲད་པ་ནི། ཕྱི་རོལ་གྱི་ཡུལ་ལྔ་སོགས་གང་རུང་ལ་བལྟས་པས། ཡུལ་དེ་ཕ་གིར་འདུག་སྙམ་པའི་ཀད་དེ་བ་ཡང་མེད་པར་ཡུལ་མ་འགགས་ཐལ་ལེ། དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་དུ་ཤིགས་སེ། དེ་གཉིས་གཅིག་ཐ་དད་ཀྱང་མེད་ལ་མེད་སྙམ་རྒྱུ་ཡང་མེད་ལ། ལུས་སེམས་གཉིས་ཀྱང་གཅིག་ཐ་དད་གང་ཡང་མ་ཡིན་པར་དབྱེར་མེད་གསལ་སྟོང་སྣང་སྟོང་ཟུང་དུ་འཇུག་པ་ཆུ་ནང་

p. 387

གི་ཟླ་བ་ལྟ་བུ་ཚ་གྲང་སོགས་ཚོར་བའང་སྣང་བ་སྣང་སྟོང་དུ་མ་ཤེས་པས་སེམས་ཀྱིས་བཏགས་ནས་འཛིན་པ་མཐའ་ཡས་པ་མ་གཏོགས་དོན་དུ་གྲུབ་པར་ལུས་སེམས་གང་གིས་ཚོར་གྱི་གདགས་གཞི་དང་བྲལ་བར་འདུག་པར་རྟོགས་པ་དང༌། སྣང་བ་གང་བྱུང་ཞིག་ལ་ལྟ་སྟངས་དང་སེམས་གཏད། དེ་ནས་ཅུང་ཟད་གློད་ནས་བཞག་པས་དང་པོར་ཡུལ་དེའི་སྤུ་རིས་ལམ་ཡོང་དེ་ནས་ཅུང་ཟད་ལྟ་མི་འདོད་པར་སྐྱུག་ལོག་པ་མིག་སྦྲིད་ཆིལ་བ་འོང་བས་དེ་རང་ལོག་བྱ་བ་ཡིན། དེ་ནས་ཅུང་ཟད་བལྟས་པས་སྣང་བ་འཛིན་མེད་དུ་ལྷང་ངེ་བ་ཞིག་འོང་བ་དེ་རང་སར་ལོག་པ་བྱ་བ་ཡིན། དེའི་དུས་ན་རང་དང་སྣང་བ་དབྱེར་མེད་སྣང་སྟོང་ཡུལ་མེད་དུ་ལྷང་ངེ་འདུག་ན། དེ་གནས་ལུགས་ཀྱི་རང་སྣང་ངམ་སེམས་ཀྱི་མཚན་ཉིད་ཡིན་པས་ཕྱིའི་སྣང་བ་དང་ནང་གི་སེམས་གཉིས་ཐ་དད་མེད། སེམས་ཀྱི་རང་མདངས་མ་འགགས་པར་ཤར་བའོ། །སྣང་བ་ལ་ཡུལ་དུ་བཟུང་བས་འཛིན་ཤེས་ཀྱང་འཁྲུལ་པར་ཤར་བ་ཡིན། དེའི་དུས་དེ་གུད་དུ་སོང་བ་མིན་སེམས་རང་འཁྲུལ་པས་སྣང་བའོ། །དེས་ན་སེམས་སྣང་མ་གཏོགས་སྣང་བའམ་ཡུལ་གཞན་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པ་ལ། སྔར་མ་རིག་པའམ་ཡིད་འཛིན་གྱིས་བསྒྲིབས་ནས་མ་མཐོང་བ་ཡིན། ད་འཛིན་རྟོག་རྒྱུན་ཆད་ནས་ཡུལ་མེད་དུ་རང་ངོ་ཤེས་པ་ཡིན། སྣང་བ་ལ་འཛིན་པ་མེད་པར་སྟོང་སང་ངེ་ཡུལ་མེད་དུ་ལྷང་ངེ་སྣང་བ་ལ་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཟེར་བྱ་བ་ཡིན་པས། ད་བཟོ་མེད་དུ་སྐྱོང༌། ཚོགས་དྲུག་རྒྱ་ཡན་དུ་བཏང༌། ཉམས་ལེན་སྣང་ཐོག་ཏུ་སྐྱོང༌། དེའི་ངང་ལས་ཤེས་པ་འབོལ་ལེ་ཤིགས་སེ་ཡིན་ལུགས་ཀྱི་སྟེང་དུ་མ་བཅོས་པར་འཇོག །དེ་ཡང་བདེ་བདེ་པོ་གསལ་གསལ་པོ་སྟོང་སྟོང་པོ་བཟང་བཟང་པོ་ཆེད་དུ་མི་སྒྲུབ་པར་འདས་པ་མི་སྨོན། མ་འོངས་པ་མི་བསམ། ད་ལྟར་བ་མི་

p. 388

སེམས། བློས་བྱས་མི་སྒོམ། ཡིན་མིན་གྱིས་བརྟག་དཔྱད་མི་གཞུག །སེམས་ཁོ་རང་རང་བབས་ལྷུག་པ་སོ་མ་འབད་རྩོལ་མེད་པ་གཉེར་མེད་པའི་ངང་དུ་སེམས་ཁོ་རང་གི་རང་བཞིན་གྱི་ངང་དུ་ཞོག །སྣང་སྟོང་དབྱེར་མེད། གྲགས་སྟོང་དབྱེར་མེད། བདེ་སྟོང་དབྱེར་མེད། རིག་སྟོང་དབྱེར་མེད། གསལ་སྟོང་དབྱེར་མེད་ཀྱི་ངང་དུ་གཞག་པར་བྱའོ། །དེ་ལྟར་སྣང་སྟོང་དབྱེར་མེད་སྣང་ལ་མ་འགགས་འཛིན་པ་དང་བྲལ་བར་མངོན་སུམ་རྟོགས་པ་ནི་སྣང་བ་ལ་ལྷག་མཐོང་ཤར་བ་ཡིན་པས་དེ་ནི་སྣང་སྟོང་ཟུང་འཇུག་ཆོས་སྐུར་ངོ་འཕྲོད་པ་ལགས་སོ། །དེ་ཉིད་རྒྱུན་དུ་སྐྱོང་བ་ལ་བརྟེན་ཉམས་རྟོགས་ཕུལ་ཕྱིན་སྐྱེ་བས་དེ་ནི་སྣང་ཐོག་ནས་ངོ་སྤྲོད་པ་སྟེ་ངོ་སྤྲོད་གསུམ་པ་ཡིན་པས་དེ་ལྟར་ཉམས་ལེན་སྐྱོང་བ་དང་བདུན།
༈ ཡང་གནས་འགྱུ་གཉིས་གཅིག་ཐ་དད་གང་ཡིན་བལྟས་ནས་ངོ་སྤྲོད་པ་ནི། གནས་འགྱུ་གཉིས་གཅིག་ཐ་དད་ལ་བརྟགས་པའི་ཚེ་དེ་གཉིས་ལས་རྣམ་རྟོག་སྒོམ་དུ་ཤེས་ནས་གནས་འགྱུ་གཉིས་པོ་དེ་གཅིག་ལས་མེད་པར་འཆར་ལུགས་རེ་མོས་སུ་འཆར་ཞིང་གནས་དུས་མི་འགྱུ། འགྱུ་དུས་མི་གནས་བྱེད་མཁན་ནི་སེམས་གཅིག་པུས་བྱེད་པར་འདུག་ཅིང་གཉིས་པོ་དེའི་ངོ་བོ་གསལ་སྟོང་རྗེན་པ་དེ་ལས་མ་འདས། དེའང་རྟོག་པ་ཚུར་བཀུག་ནས་གསལ་སྟོང་རྗེན་པར་མཐོང་བ་མིན། དྲན་རྟོག་ཡལ་བའི་རྗེས་སུ་གསལ་སྟོང་དུ་སོང་བའང་མིན་པར་ཐོག་མའི་ཐོལ་སྐྱེས་ཀྱི་རྟོག་པ་དེ་ཀ་གསལ་སྟོང་རྗེན་པར་རྟོགས་པའམ་སོང་ན་ད་སེམས་ཀྱི་གནས་ལུགས་ཤེས་ཤིང༌། གནས་འགྱུའི་བར་ལག་འགྱེལ་བ་ཟེར་བ་ཡིན་པས་སེམས་མི་རྟོག་པ་ལ་གསལ་ལྷན་ནེ་གནས་སམ་རྟོག་པ་འགྱུས་སམ་རྟོག་པ་ཁོ་རང་གི་ངོ་བོ་རྣམས་གསལ་སྟོང་རྗེན་པ་དེ་ལས་མ་འདས་སོ། །ད་ཡུལ་སྣང་བ་ཐམས་ཅད་ཆུ་དང་རླབས་

p. 389

ལྟར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་དོན་དུ་གང་ཡང་མ་གྲུབ་པར་རྟོགས་པ་སྣང་བ་སེམས་སུ་ངོ་འཕྲོད་པ་ཡིན། སེམས་དེའི་ངོ་བོ་འགྲོ་གནས་བྱུང་གསུམ་ལ་དཔྱད་པས་གང་དུའང་མ་གྲུབ་པ་རྨི་ལམ་གྱི་རྟ་གླང་ལྟར་དོན་ལ་མ་གྲུབ་པར་རྟོགས་པས་སེམས་སྟོང་པར་ངོ་འཕྲོད་པ་ཡིན། སྟོང་བཞིན་གསལ་དྭངས་ཀྱི་ངང་ནས་འགག་མེད་དུ་སྣ་ཚོགས་ལྷུན་གྲུབ་ཏུ་འཆར་བ་ཆུ་ནང་གི་ཟླ་བ་ལྟར་རྟོགས་པས་སྟོང་པ་ལྷུན་གྲུབ་ཏུ་ངོ་འཕྲོད་པ་ཡིན། དེ་ལྟར་ལྷུན་གྱིས་གྲུབ་ཙམ་ནས་གསལ་རིག་སྟོང་པ་ལྷུན་གྲུབ་སྤྲོས་བྲལ་འགྱུར་མེད་བདེ་བ་ཆེན་པོ་ལས་མ་གཡོས་པར་སྦྲུལ་ལ་མདུད་པ་བོར་བ་ལྟར་ཤར་གྲོལ་དུས་མཉམ་པར་ངེས་པས་ལྷུན་གྲུབ་རང་གྲོལ་དུ་ངོ་འཕྲོད་པ་ཡིན། ངོ་སྤྲོད་རྒྱུའི་སེམས་དེ་ནི་ཐ་མལ་ཤེས་པ་མི་འགྱུ་དགུ་འགྱུ་རིག་རིག་ཏུར་ཏུར་པོ་དེ་ཀ་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ཅེས་སམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་ངོ་ཤེས་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་ཟེར་བ་ཡིན་པས་དེ་ལ་བསྒོམ་རྒྱུ་ཅི་ཡང་མེད་པར་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེ་རང་སོར་བཞག །ལེགས་སུ་རེ་བ་དང་ཉེས་དོགས་པའི་རེ་དོགས་གང་ཡང་མི་བྱ་བར་ལྷོད་གློད་ལ་ཐ་མལ་གྱི་ཤེས་པའི་རང་ངོ་བསྐྱངས་པས་སྐད་ཅིག་དེ་ལ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་དེ་སྤྲིན་མེད་ཀྱི་ནམ་མཁའ་དག་པའི་དཀྱིལ་ལྟར་མཐོང་བ་ཡིན་ནོ། །ད་ཞི་ལྷག་ཟུང་དུ་འབྲེལ་ཞིང་ཉམས་རྟོགས་ཕུལ་དུ་བྱུང་སྟེ་ཐར་པའི་ལམ་དུ་ཚུད་པ་ཡིན་པས་གོ་བཅད། སྟོང་པ་སེམས་ཀྱི་རང་བཞིན་གསལ་བ་སེམས་ཀྱི་མཚན་ཉིད་ཟུང་འཇུག་སེམས་ཀྱི་ངོ་བོ་བཟང་ངན་སྐྱེ་འགག་གནས་གསུམ་ཡོད་མེད་རྟག་མི་རྟག་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྨྲ་བསམ་ལས་འདས་ཤིང་ངོས་གཟུང་དང་བྲལ་ཡང་ཉམས་སུ་མྱོང་རྒྱུ་ཡོད་

p. 390

པ་གསལ་ཧྲིག་གེ་རྗེན་ནེ་བདེ་གསལ་མི་རྟོག་པའི་རང་བཞིན་ཅན་ཡེ་ཤེས་ཆེན་པོའི་བདག་ཉིད་རང་བྱུང་ཆེན་པོའི་ཆོས་ཉིད་ཤེས་བྱའི་གཤིས་ཀྱི་གནས་ལུགས་ཡང་དག་པའི་ཤེས་པ་དེ་བཞིན་ཉིད་མཉམ་ཉིད་བདེ་བ་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་དོན་དམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། ཆོས་ཐམས་ཅད་སེམས་སུ་རྟོགས་པས་སེམས་ཙམ་དང༌། མཐའ་དབུས་ཐམས་ཅད་དང་བྲལ་བས་དབུ་མ་ཆེན་པོ། ཀུན་གྱིས་རྟོགས་པར་དཀའ་བས་གསང་སྔགས། འདིས་འཁྲུལ་པ་ཐམས་ཅད་འཇོམས་པས་རྡོ་རྗེ་ཐེག་པ། སངས་རྒྱས་ཀྱི་སྙིང་པོ་མཐོང་བས་ཆོས་སྐུ་ཟེར་བའོ། །མདོར་ན་གཉིས་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། གཉིས་མེད་ཡེ་ཤེས་མཉམ་ཉིད་སྤྲོས་བྲལ་བདེ་བ་ཆེན་པོ་ཕྱག་རྒྱ་ཆེན་པོ་དེ་ད་ངོ་འཕྲོད་པ་ཡིན། དེའང་མོས་གུས་གནད་དུ་ཚུད་པ་ལ་ལྡིང་བ་ཡིན། གསོལ་འདེབས་ཆོག་ཤེས་མེད་པ་ལ་འཁོར་བ་ཡིན། བྱིན་རླབས་མངོན་སུམ་ཞུགས་པ་ལ་འབབ་པ་ཡིན། མ་སྦས་མངོན་སུམ་མ་བྲལ་བར་རང་ཆས་མ་སྒྲིབ་པར་རྗེན་པར་འདུག་པ་འདི་ད་ངོ་འཕྲོད་པས་དེ་གཞི་ཕྱག་རྒྱ་ཆེན་པོའི་ཐོག་ཏུ་སླེབ་པ་ཡིན། ལམ་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང༌། འབྲས་བུ་ཕྱག་རྒྱ་ཆེན་པོ་གཏན་ལ་ཕེབས་པས་འདི་བཞིན་དགའ་བས་སྐྱོངས། ད་མི་ལུས་ཐོབ་པ་དོན་ཡོད་དུ་བྱས། ཐར་པའི་ལམ་དུ་ཚུད་འཁོར་བ་མཐའ་ཅན་དུ་བྱས་པས་ལེགས་དགའ་བ་སྒོམས་ལ་ཡུན་དུ་སྐྱོང་བ་གལ་ཆེ། དེ་ནི་གནས་འགྱུ་ལ་བལྟས་ཏེ་ངོ་སྤྲོད་པ་སྣང་བ་སེམས་སེམས་སྟོང་པ་སྟོང་པ་ལྷུན་གྲུབ་ལྷུན་གྲུབ་རང་གྲོལ་ཕྱག་རྒྱ་ཆེན་པོ་དང༌། ཆོས་སྐུ་མཛུབ་ཚུགས་སུ་ངོ་སྤྲད་པ་དེ་བཞིན་རྒྱུན་དུ་ཉམས་ལེན་བསྐྱངས་ཏེ། མཐར་འཁྱོལ་བར་གོ་བའི་ལྷན་པ་མ་ཡིན་པར་རྒྱུད་ཐོག་ཁེལ་ངེས་བྱ་བ་དང་

p. 391

བརྒྱད་དོ། །འདི་དག་ནི་དངོས་གཞི་ཞི་ལྷག་ངོ་སྤྲོད་དེ་དང་པོར་ལྟ་བའི་དམིགས་པ་བྱ། དེ་ནས་རིམ་གྱིས་ཐམས་ཅད་སྐྱེས་པ་དང་གོ་བསྟུན་ནས་ངོ་སྤྲོད་རྣམས་ཕྱོགས་གཅིག་བྱས་པ་ཡིན། གཞན་སྐྱེས་ཚུལ་རེ་རེ་དང་གོ་བསྟུན་ནས་ངོ་སྤྲོད་རེ་རེ་བྱས་ཀྱང་རུང་མོད། འདིར་ཚིགས་ཚོགས་ལ་མ་ལྟོས་པར་ལྟ་ཚུལ་ཕྱོགས་གཅིག་ཏུ་བྱས་ཏེ། ཕུ་ཐག་ཆོད་པ་དང་རྟགས་བསྟུན་ངོ་སྤྲོད་རྣམས་ཕྱོགས་གཅིག་རིམ་བཞིན་ཀ་ཐོ་དང་རྟགས་བརྒྱབ་པ་བཞིན་སོ་སོར་སྦྱར་ནས་སྐབས་ཐོབ་སྐྱེས་ཚུལ་དང་བསྟུན་ནས་བྲིས་པ་ཡིན། དང་པོ་ནས་ངོ་སྤྲོད་བྱས་ན་ངོ་སྤྲོད་ཀྱིས་དྲེད་ནས་ཆོས་རྒྱུས་ཅན་དྲེད་པོར་སོང་སྟེ་རྒྱུད་ལ་མ་སྐྱེས་དོགས་པས། དེ་སེལ་ཆེད་ངོ་སྤྲོད་བཏབ་ཚུལ་དེ་ལྟར་བྱས་པ་ལགས། དེ་དག་ནི་དངོས་གཞིའོ། །
༈ གསུམ་པ་རྗེས་ལ་བོགས་འདོན་པར་བྱ་བ་ཡང་མཉམ་གཞག་གི་དྲན་འཛིན་ཡེངས་མེད་དུ་འབྱམས་ན་འཕྲལ་བཞག །རྗེས་ཐོབ་ཏུ་ཡེངས་འགྲོ་ན་མཉམ་གཞག་དང་ཡེངས་མེད་སྐྱོང་བ་རེས་འཇོག་ཏུ་བྱ་བ་དང༌། འཆི་བ་མི་རྟག་པ་བསམས་ལ། འཆི་བ་སོགས་སུ་ལུས་ངག་ཡིད་གསུམ་སུ་འཆིའོ་སྙམ་པའི་སེམས་དེ་འཆི་བ་དང་འཆི་སེམས་ཀྱི་རང་བཞིན་ངོས་བཟུང་སྟེ། དེའང་སེམས་ཀྱིས་བཏགས་པ་ཙམ་ལས་རྟག་མི་རྟག་གི་འཛིན་པ་ལས་གྲོལ་བར་འགྱུར་ཞིང༌། དེ་བཞིན་འཁོར་བའི་ཉེས་དམིགས་ཐམས་ཅད་ལ་བསམས་པ། འཁོར་འདས་གཉིས་ཀ་རྨི་ལམ་གྱི་ཕར་ཚུར་ལྟར་ཤེས་པར་འགྱུར་རོ། །ཡང་སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་བྱམས་སྙིང་རྗེ་དུང་དུང་བསྒོམ། དེ་བཞིན་སྨོན་འཇུག་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་བསྒོམས་ལ། དེའི་རང་བཞིན་ངོས་བཟུང་སྟེ་མ་བཅོས་པར་བཞག་པས་རྣམ་པ་བྱང་ཆུབ་ཀྱི་སེམས་ལམ་མེ་ངོ་བོ་སྤྲོས་པ་དང་བྲལ་བ་ཅི་ཡང་བྱར་མེད་པར་ཤེས་པའི་

p. 392

ངང་དུ་བཞག་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་འགྲོའོ། །ཡང་དབང་བཞིའི་བུམ་དབང་གི་ལམ་ལས་བསྐྱེད་རིམ་བསྐྱེད་ཆོག་བཞི་གང་རུང་ཞིག་གིས་རང་ཡི་དམ་དུ་བསམ། སྣོད་བཅུད་ལྷ་སྒྲ་གྲག་སྔགས་སུ་སྒོམ་ལ་གསལ་བ་དང་དེའི་ངོ་བོ་ལ་བལྟ། དེ་རྟོག་པ་དང་བྲལ་བ་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་བསྐྱེད་རིམ་ཕྱག་རྒྱ་ཆེན་པོ་དང་འོད་གསལ་སྦྱར་ནས་སྒོམ་པ་དང་འགྲོ་འཆག་ཉལ་འདུག་གཏམ་གླེང་ལ་སོགས་ཐམས་ཅད་ཀྱི་ཚེའང་རང་ངོ་ངོས་བཟུང་སྟེ་ཕྱག་རྒྱ་ཆེན་པོར་བསྲེ། ཡང་བསྐྱེད་རྫོགས་སམ་ཞི་ལྷག་དབྱེར་མེད་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ཀུན་བཟང༌། དེ་བརྟན་པར་གྱུར་ན་གཉན་ས་རྣམས་སུ་རིག་པས་ལྟ་སྒོམ་སྤྱོད་པ་གསང་སྟེ་ཉམས་སུ་ལེན་པ་གསང་སྤྱོད། དེ་མི་གཡེང་བར་བརྟན་ན་མང་པོ་ཚོགས་སར་གཡེང་བ་དང་བསྲེ་ཞིང་ལམ་དུ་འཁྱེར་བ་དང་ཉམས་སུ་ལེན་པ་ཚོགས་སྤྱོད། དེ་བརྟན་མི་བརྟན་གྱི་བྱེ་བྲག་གིས་ཆེ་འབྲིང་ཆུང་གསུམ་ལས། ཆེན་པོ་ལ་རྟགས་ངེས་མེད་ཡིན་ལ་སྦྱོར་ལམ་ཆེན་པོ་ཐོབ་ནས་སྤྲོས་བཅས་བྱ་ན། ཧེ་རུ་ཀའི་ཆ་ལུགས་ཀྱིས་བཟའ་བྱ་ཡིན་མིན་གཙང་བཙོག་སྐྱོན་ཡོན་གང་ཡང་མི་རྟོག་པར་རྐྱེན་དྲག་པོ་དང་བསྲེས་ཏེ་ཉམས་སུ་བླངས་པས་རིམ་གྱིས་སྦྱོར་ལམ་བགྲོད་ནས་མཐོང་ལམ་ཐོབ་པས་རང་ངོས་ནས་བདུད་དང་ཉོན་མོངས་པ་དང་ཐེག་དམན་ལས་རྒྱལ་བས་ཕྱོགས་ལས་རྣམ་རྒྱལ། གཞན་ངོར་ཚོགས་སྤྱོད་ཆེན་པོས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པས་སྤྱོད་པ་དེའང་ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་བགྲོད་པ་ཡིན་ལ། གང་ཟག་དབང་པོ་རབ་ལ་བོགས་འདོན་བྱར་མེད་དེ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ཕྱིར། དེ་ལྟར་མིན་པའི་བོགས་འདོན་ཚུལ་དུ་མ་ཡོད་པ་རྣམས་བླ་མ་རྣམས་ཀྱི་ཞལ་ལས་ཤེས་སོ། །དེ་རྣམས་ནི་མཉམ་རྗེས་རེས་འཇོག་དང་ཐེག་པ་ཐུན་མོང་གི་ལམ་དང་

p. 393

སྔགས་ལུགས་དང་སྤྱོད་པ་བཞི་དང་སྦྱོར་ནས་བོགས་འདོན་ཚུལ་ཏེ། དེ་ལྟར་ནན་ཏན་བྱས་ཏེ་ཉམས་སུ་བླངས་ནས་བོགས་འདོན་པ་དང་གཅིག །
༈ གེགས་སེལ་ལའང་ཡུལ་དགེ་མི་དགེ་སོགས་ལ་ཞེན་པ་བྲལ་བར་བྱ་བ་དང་དུས་གསུམ་གྲུབ་པ་མེད་བཞིན་དུས་འདི་ཙམ་ན་བྱང་ཆུབ་ཐོབ་པར་བྱ་སྙམ་པའང་སྤང་བར་བྱས་ཏེ་སྐད་ཅིག་གཅིག་ལ་བྱང་ཆུབ་པར་ངེས་པ་དང༌། རང་སེམས་ཐ་མལ་པར་མི་གཟུང་བར་གདོད་ནས་ཡེ་ཤེས་ལྔའི་ངོ་བོར་ཤེས་པ་དང༌། བདག་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་མི་གཙང་བར་མི་གཟུང་ཞིང༌། གདོད་ནས་ལྷ་དང་ལྷ་མོ་གཤེགས་པ་གཤེགས་མར་ངེས་པ་དང༌། ཐོས་བསམ་ཁོ་ནས་གྲོལ་བར་འདོད་པ་སྤངས་ཏེ། སྒོམ་སྟོབས་དང་བླ་མའི་བྱིན་རླབས་ཀྱིས་གྲོལ་བར་ཐག་ཆོད་པ་སྟེ། ཡུལ་དང་དུས་དང་ངོ་བོ་དང་རང་བཞིན་དང་ཤེས་རབ་རྣམས་ཀྱི་ལོག་རྟོག་ལྔ་སྤངས་ཏེ། ལུས་གནད་ལེགས་པར་བཅས་ཏེ་གནས་ན་གནས་ཐོག་འཕྲོ་ན་འཕྲོ་ཐོག་ཏུ་ངོ་བོ་ལ་བལྟས་ཏེ་མཉམ་པར་གཞག་པ་དང་པོར་སྒོམ་གྱི་མགོ་རྩོམ་པར་མཁས་པ་དང༌། ཏིང་ངེ་འཛིན་དང་ལུས་གནད་གཅིག་ཏུ་མ་འབྱམས་པར་བསྒྱུར་རུང་དུབ་པ་སྤངས་ཏེ་བར་དུ་འཕྲོ་གཅོད་པར་མཁས་པ་དང༌། ཉམས་བཟང་པོ་ཅི་འདྲ་ཤར་ཡང་མ་ཞེན་པར་བྱ་བ་མཐར་ཉམས་བསྐྱང་བར་མཁས་པ་སྟེ་མཁས་པ་གསུམ་ལ་བསླབ་པ་དང༌། སེམས་སྣ་ཚོགས་སྣང་བ་སྤྲུལ་སྐུ། རིག་པ་ལོངས་སྐུ། སྟོང་པ་ངོ་བོ་ཉིད་སྐུ། དབྱེར་མེད་པ་ཆོས་སྐུ་སྟེ། སྣང་སྲིད་འཁོར་འདས་ཐམས་ཅད་དེའི་རང་བཞིན་དུ་ཐག་བཅད་དེ་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་སྤྲོས་པའི་མཐའ་ཐམས་ཅད་ཀྱིས་དབེན་པར་གཏན་ལ་ཕེབས་ནས། སྤང་བླང་རེ་དོགས་ཀུན་དང་བྲལ་བར་མཉམ་པར་གཞག་པ་དང་གཉིས། ཡང་བདེ་

p. 394

གསལ་མི་རྟོག་གསུམ་ལ་ཞེན་ན་ཁམས་གསུམ་དུ་གོལ་བས་ཉམས་བཟང་ངན་ཅི་བྱུང་ཡང་མཆོག་འཛིན་མི་བྱ་བ་དང༌། གཅིག་དུ་བྲལ་གྱི་རིགས་པས་གཏན་ལ་ཕབ་པས། ཆོས་ཐམས་ཅད་རང་གི་ངོ་བོ་སྟོང་པར་སོང་བའམ་བློས་དཔྱད་དེ་ཡོད་པ་བཀག་པའི་མེད་པ་ཙམ་ལ་འདི་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་སེམས་ཞིང་སྒོམ་པར་བྱེད་པ་སྟོང་ཉིད་གཤིས་ཤོར་ཏེ་དེས་ལས་འབྲས་ལ་རྩིང་པོར་འགྱུར་བས། དེའི་མེད་འཛིན་དང་བློས་བྱས་ཀྱི་སྟོང་ཉིད་སྒོམ་པ་སྤངས་ཏེ། མེད་འཛིན་དེའི་ངོ་བོ་ལ་བལྟས་ཏེ་མ་བཅོས་པར་བྱ་བ་དང༌། སྤང་གཉེན་ཐམས་ཅད་སྟོང་ཉིད་དུ་མ་རྟོགས་ནས་རང་རྒྱུད་ལ་ཉོན་མོངས་པ་དང་རྣམ་རྟོག་ངན་པ་སོགས་དུ་མ་བྱུང་དུས་འདིས་ཐར་པའི་སྲོག་འཕྲོག་པའོ་ཞེས་དགྲར་བཟུང་ནས། འདི་ནི་སྟོང་ཉིད་ཀྱིས་གཞོམ་པར་བྱ་སྙམ་དུ་དེ་གཉིས་སྤང་གཉེན་དུ་བཟུང་ནས་སྟོང་ཉིད་སྒོམ་པ་སྟོང་ཉིད་ལམ་ཤོར་ཏེ། དེ་ནི་ཉོན་མོངས་པ་དེའམ་སྤང་གཉེན་སོ་སོར་འཛིན་པའི་རྟོག་པ་དེ་ཀ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་པ་དང༌། གཞི་ལམ་འབྲས་བུ་གསུམ་ག་སྟོང་ཉིད་དུ་མ་རྟོགས་པར་སངས་རྒྱས་ཐོབ་པའི་ལམ་གྱི་མཆོག་སྟོང་པ་ཉིད་ཡིན་པ་འདི་རྟོགས་ན་ལམ་གྱི་མཆོག་ཡིན་ཞིང༌། དེ་མ་གཏོགས་པའི་ལམ་གཞན་ཐམས་ཅད་དམན་པའོ་ཞེས་ཐབས་ཀྱི་ཆ་ལ་མི་སེམས་པ་ནི་སྟོང་ཉིད་ལམ་ཤོར་ཡིན་པས། དེའི་ལམ་ལ་མཆོག་འཛིན་སྟོང་ཉིད་ལ་ཞེན་པའི་རྟོག་པའི་ངོ་བོ་དེ་ཀ་ངོས་གཟུང་སྟེ་བལྟས་པས་ཐམས་ཅད་སྟོང་ཉིད་སྤང་གཉེན་མཆོག་དམན་མེད་པར་སྟོང་ཉིད་དུ་ཤེས་པར་བྱ་བ་དང༌། ཉམས་སུ་མ་མྱོང་བའི་སྔགས་སམ་བློས་བྱས་ཀྱི་སྟོང་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཕར་རྒྱས་བཏབ་སྟེ་ཐམས་ཅད་སྟོང་ཉིད་ཡིན་སྙམ་པ་ཙམ་མམ་ཐམས་ཅད་སྟོང་ཉིད་ཡིན་པས་གང་ཡང་མ་གྲུབ་པའི་ཕྱིར། འདུས་བྱས་ཀྱི་དགེ་

p. 395

བས་ཅི་བྱེད་ཅེས་ལས་རྒྱུ་འབྲས་ཁྱད་དུ་གསོད་པ་སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་སྟེ། དེ་ནི་སྟོང་ཉིད་ཡིན་སྙམ་པ་དེ་ཀ་ལ་བལྟས་ཏེ་ངོས་གཟུང་ནས་ཁོ་རང་གི་རང་ངོ་རྟོག་པ་དང་བྲལ་བ་དེ་ཉིད་ལ་གཞག་པར་བྱའོ། །བློས་བྱས་ཀྱི་སྟོང་ཉིད་འདི་དག་རྣམ་པ་ཐམས་ཅད་དུ་མི་རུང་བའང་མ་ཡིན་ཏེ། ལས་དང་པོ་པ་ལ་བློས་བྱས་སྒོམ་པར་མ་བྱས་ན་ཐོག་མ་ནས་སྟོང་ཉིད་བསྟན་ཀྱང་རྟོགས་མི་ནུས་པས་དེ་ཉིད་གོམས་ནས་མཐར་སྟོང་ཉིད་རང་ཤུགས་ཀྱིས་རྟོགས་པར་འགྱུར་བས་བློས་བྱས་ཀྱི་སྟོང་ཉིད་སྒོམ་པའང་འཐད་ལ། མཐར་ནི་ཕྱག་རྒྱ་ཆེན་པོའི་ཤོར་ས་ཡིན་པས་སྤང་བར་བྱ་དགོས། འདི་དག་ནི་ཤོར་ས་བཞིའི་གེགས་ཡིན་པས་དེ་ལྟར་སྤང་བླང་མ་འཆོལ་བར་བྱ་བ་དང༌། དེའི་ངང་ནས་ཡིད་དཔྱོད་མི་བྱ་བར་གང་ཤར་གྱི་སྟེང་དུ་མ་བཅོས་པར་འཇོག་པ་སོ་མ་དེ་ལས་མ་གཡོས་པར་ལུས་གནད་དྲག་པོ་དང་རླུང་བཟུང་བ་སོགས་མི་བྱ་བར་ལྷུག་པར་དགེ་མི་དགེ་ལུང་མ་བསྟན་སོགས་ཀྱི་རྟོག་པ་གང་ལའང་དགག་སྒྲུབ་སྤང་བླང་མེད་པར་རང་ཡན་དུ་གང་ཤར་འཛིན་མེད་རང་གར་འཇོག་པར་བྱ་བ་དང་གསུམ། ཡང་རྣམ་རྟོག་དང་ཉོན་མོངས་པ་སྒོམ་དུ་དགའ་རབ་ཤར་ནས་སྐབས་ཤིག་ཏུ་རྟོག་པ་རགས་ཤིང་མང་སྒོམ་གྱིས་མི་ཆུན་པ་དྲག་པོར་གཡོ་ན་རྟོག་པ་དགྲར་ལངས་ཏེ། དེ་ནི་རྟོག་པ་དེ་ཀའི་ངོ་བོ་དང་རྟོག་པ་དེ་ཀ་ངོས་བཟུང་སྟེ། དེ་ལ་སྐྱོན་དུ་མ་བལྟས་པར་སྐུ་དྲིན་ཅན་དུ་བསམས་ནས། སྒོམ་གྱི་ངོ་ཏིར་བྱས་པས་རང་ངོ་སྤྲོས་བྲལ་ཆོས་སྐུར་འཆར་བས་དེ་བཞིན་སྐྱོང་བ་དང༌། སྔར་ཉོན་མོངས་གང་སྐྱེས་སྟོང་ཉིད་ཀྱིས་འདག་པ་ལས་སྐབས་ཤིག་ཏུ་ཉོན་མོངས་པ་འདོད་ཆགས་སོགས་དབང་མེད་དུ་སྐྱེ་བ་ཉོན་མོངས་དགྲར་ལངས་ཏེ། དེ་ནི་ཉོན་མོངས་གང་སྐྱེས་དེའི་ངོ་བོ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་པས་མ་སྤང་རང་

p. 396

སར་དག་ནས་རྣམ་པ་ལམ་མེ་བ་དེའང་བདེ་གསལ་མི་རྟོག་སྟོང་པའི་སྟེང་དུ་རྣམ་རྟོག་ལམ་ཁྱེར་དུ་བཤད་པ་ལྟར་རང་དག་ལ་འགྲོ་བས་དེ་ལྟར་སྐྱོང་བ་དང༌། སེམས་བརྟག་དཔྱད་བཙལ་བས་མ་རྙེད་པར་ཆོས་ཐམས་ཅད་མ་གྲུབ་པར་མཐོང་ནས་སྤང་གཉེན་དགེ་སྡིག་ཐམས་ཅད་ཁྱད་དུ་གསོད་ཅིང་སྟོང་ཉམས་ཀྱི་རིགས་གཙོ་བོར་གྱུར་པས་རང་གཞན་ཐམས་ཅད་སྟོང་པར་སོང་ནས་ཅི་ཡང་བྱེད་མི་ཤེས་པར་སྟོང་པར་འཛིན་པ་ནི་སྟོང་པ་དགྲར་ལངས་སམ་ནག་པོ་ཁ་འབྱམས་ཏེ། དེ་ཡང་སྟོང་འཛིན་དེ་ཀ་ངོས་བཟུང་སྟེ་དགག་སྒྲུབ་མེད་པར་བཞག་ན་སེལ་བས་དེ་ལྟར་འཇོག་པ་དང༌། སྣང་བ་རྟེན་འབྲེལ་དུ་ཤེས་ཀྱང་སྟོང་ཉིད་ལ་དངོས་འཛིན་གྱིས་ཞེན་ཏེ་གུ་དོག་སྐྱེས་པའམ་སྣང་བ་སྣ་ཚོགས་ཅི་མཐོང་ལ་སྐྲག་ཅིང་ཞེན་ཏེ། དེ་ལ་མ་བདེ་ཏིང་ངེ་བ་དེ་ལ་སྣང་བ་དགྲར་ལངས་ཞེས་བྱ་སྟེ། དེ་ནི་སྣང་བ་དང་དངོས་འཛིན་དེ་དང་དེའི་ངོ་བོ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་པར་བྱས་ན་སེལ་ཞིང༌། དེ་ལྟར་བསྒོམས་པས་དད་པ་དང་སྙིང་རྗེ་སོགས་གཞན་ལས་ཆེ་བ་ཞིག་སྐྱེ་ནའང༌། དེ་ཉིད་ཕྱག་ཆེན་དུ་མ་དག་པར་རང་ག་བར་ཤོར་ནས། གཞན་ཡོན་ཏན་དེ་དག་དང་མི་ལྡན་པ་ལ་སྙིང་རྗེ་སྐྱེས་ཏེ། ད་འདི་ལས་གཞན་དོན་བྱས་ན་ཕན་པ་ཆེ་འདུག་བསམས་ནས་མི་འགྲུབ་བཞིན་རང་གི་ཡོན་ཏན་རྣམས་བསྐྱུར་ཏེ་གཞན་དོན་ལ་འཇུག་པ་ནི་སྙིང་རྗེ་དགྲར་ལངས་ཏེ། དེ་ཡང་སྙིང་རྗེ་དུང་ངེ་བའི་བློ་དེ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་ནས་སྙིང་རྗེ་ལམ་མེ་བ་དེ་རང་བཞིན་ཕྱག་རྒྱ་ཆེན་པོར་གསལ་བའི་ངང་ནས་སྨོན་ལམ་རྒྱ་ཆེར་བཏབ་པས་དགྲར་ལངས་སེལ་ཞིང༌། གཞན་ཕན་གྱི་རྟེན་འབྲེལ་ཡང་འགྲིག་པར་འགྱུར་ལ། ཡང་ལྟ་བ་གཏན་ལ་མ་ཕེབས་ནས་སྒྲ་ཚད་སོགས་ཕྲན་ཚེགས་ལ་སྦྱངས་ནས་གདོད་ལྟ་བ་རྟོགས་པར་

p. 397

བྱའོ། །ཞེས་འདོད་ནས་སྒོམ་དོར་ན་རྒྱུ་འབྲས་དགྲར་ལངས་ཞེས་བྱ་སྟེ། དེ་ནི་ལྟ་སྒོམ་ཉིད་ལ་འབད་དེ་རེ་དོགས་མེད་པར་སྐྱོང་བས་སེལ་ལ་དེ་བཞིན་ཉམས་ལེན་བྱའོ། །གཞན་ཡང་ནད་གདོན་ཏིང་ངེ་འཛིན་གྱི་གེགས་བྱིང་རྒོད་རྨུགས་གསུམ་སོགས་ཅི་བྱུང་ཡང༌། དེ་དག་སོ་སོའི་ངོ་བོ་ཁ་དོག་དབྱིབས་བྱུང་གནས་འགྲོ་གསུམ་ལ་བརྟགས། དགག་སྒྲུབ་མེད་པར་རང་བཞིན་གྱིས་མ་གྲུབ་པར་ཐག་བཅད། ཡང་ན་གཏོང་ལེན་བྱེད། ནད་བྱུང་དོགས་ཕན་རེ་སོགས་རེ་དོགས་གང་ཡང་མི་བྱེད་པར་ནད་གདོན་རྣམས་སྐུ་བཞིར་ཁྱེར་ཏེ་ཉམས་སུ་བླང་ངོ༌། །བྱིང་རྒོད་སོགས་ལའང་སྤྱོད་ལམ་དམིགས་པ་སོགས་བྱིང་ན་རྒོད་ཐབས་དང༌། རྒོད་ན་བྱིང་ཐབས་བྱ། ཡང་བྱིང་རྒོད་དེའི་ངོ་བོ་ལ་བལྟས་ཏེ་བཞག་པས་སེལ་ལོ། །གེགས་སེལ་མང་ཡང་འདིར་ཡི་གེས་འཇིགས་ནས་མ་བྲིས་པས་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་དབང་པོ་རབ་ནི་ཐམས་ཅད་གཉུག་མ་སྤྲོས་བྲལ་དུ་རྟོགས་པས་གེགས་སེལ་བྱར་མེད་དོ། །འཕྲང་འདི་རྣམས་རོ་གཅིག་གི་སྐབས་སུ་འབྱུང་ཞིང༌། ཕྱག་ཆེན་པས་འདི་རྣམས་ཉོན་མོངས་དང་རྣམ་རྟོག་གི་བག་ཆགས་རྒྱུད་ལ་འཐས་པ་རྣམས་ལྷོངས་པས་སྟོང་པར་འདག་པའི་རྟགས་སུ་གསུངས། ལམ་འབྲས་སོགས་སྤྱི་ཁྱབ་ཏུ་རྫོགས་རིམ་མཚན་བཅས་ཀྱི་དུས་ཉོན་མོངས་དང་རྣམ་རྟོག་དེ་དང་དེའི་རིགས་མཐུན་གྱི་སྟོབས་ལས། རྩ་རླུང་ཐིག་ལེ་དང་སེམས་རྣམས་འདུས་པའི་རྟེན་འབྲེལ་ལས་འཆར་བར་གསུངས། དེ་ལྟར་ཤོར་ས་དང་འཕྲང་ནད་གདོན་ཏིང་ངེ་འཛིན་གྱི་གེགས་མང་མོད་ཀྱང༌། ཕལ་ཆེར་འདི་ཙམ་ལ་འདུས་ཤིང༌། སྐྱོན་སེལ་ཚུལ་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །འདི་དག་ནི་གོལ་ས་གསུམ། ཤོར་ས་བཞི། འཕྲང་ལྔ། གེགས་གསུམ་སེལ་བའི་རིམ་པ་སྟེ་དེ་བཞིན་སྐྱོན་ཡོན་ཤེས་པར་བྱས་ཏེ་འབད་ནས་བླང་དོར་མ་འཆོལ་བ་དང་ལྔ།

p. 398

༈ ཡོན་ཏན་སྐྱེ་ཚུལ་ཡང་སྔོན་འགྲོའི་ཡོན་ཏན་རང་གི་སྐབས་དོན་འགྲུབ་ཅིང༌། ལམ་ཕྱི་མ་སྐྱེ་བའི་རྟེན་དུ་རུང་བའི་ཕྱིར་ཡིན་ལ། དེར་མ་ཟད་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདི་ལ་བློ་ལོག །ལས་འབྲས་བསམས་པས་དེ་ལ་ཡིད་ཆེས་ཏེ་སྲོག་ལ་བསྡོས་ནས་སྲུང་ནུས། འཁོར་བའི་ཉེས་དམིགས་བསམས་པས་ཁམས་གསུམ་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་ངེས་པར་འབྱུང་ནས་བྱང་ཆུབ་ཁོ་ན་ཐོབ་པར་འདོད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་བདེ་འདོད་དང་བྲལ་ནས་སེམས་ཅན་གྱི་དོན་ཁོ་ན་བསམ་པ་འབྱུང༌། ཡིག་བརྒྱའི་རྣལ་འབྱོར་ལ་འབད་པས་སྡིག་པ་དག་པའི་རྟགས་དངོས་དང་རྨི་ལམ་དུ་འབྱུང་བས་དེས་ཉམས་རྟོགས་སྐྱེ། མཎྜལ་གྱིས་ལུས་བདེ། སེམས་གསལ། འདོད་པ་ཆུང་ཞིང་བསོད་ནམས་དཔག་མེད་འཐོབ། བླ་མའི་རྣལ་འབྱོར་བསྒོམས་པས་མོས་གུས་ཁོང་ནས་འབར། ཏིང་ངེ་འཛིན་དང་བྱིན་རླབས་འབྱུང༌། ཉམས་རྟོགས་རྩོལ་མེད་དུ་སྐྱེ། དངོས་གཞི་སྐྱེ་མི་སྐྱེ་འདི་ལ་རག་གོ །དངོས་གཞི་ལ་ཞི་གནས་ཀྱི་ཡོན་ཏན་ལ་བདེ་གསལ་མི་རྟོག་པའི་ཉམས་སྐྱོན་མེད་དུ་སྐྱེ་བ། ཟས་གོས་ལ་སྲེད་པ་ཆུང༌། བཀྲག་མདངས་དང་ལྡན། སེམས་ཤིན་ཏུ་སྦྱངས་པ་དང༌། སྤྱན་ལྔ་དང་མངོན་ཤེས་སོགས་ཐོབ། ཉོན་མོངས་པ་དང་རྣམ་རྟོག་ཟིལ་གྱིས་ནོན། ལྷག་མཐོང་གི་ཡོན་ཏན་དབང་པོ་རབ་ས་ལམ་ཅིག་ཆར་བགྲོད། འབྲིང་རེས་གཅིག་ཆར་རེས་རིམ་གྱིས་ཏེ་ཐོད་རྒལ་དུ་སྐྱེ། ཐ་མ་རིམ་གྱིས་སྐྱེ་བས། ལས་དང་པོ་པའི་ས་ནས་ས་བཅུ་རིམ་གྱིས་བགྲོད་ལ། བགྲོད་ཚུལ་ལའང་རྣལ་འབྱོར་བཞི་གསུམ་བཅུ་གཉིས་འཆར་ཚུལ་དང་གོ་བསྟུན་ཏེ། བདེ་གསལ་མི་རྟོག་པའི་ངང་དུ་ཇི་ཙམ་བཞག་པ་དང༌།

p. 399

ཡང་ན་བསྒོམས་ལ་བཞག་པས་རེས་བསྒོམས་ཀྱང་མི་ཡོང༌། རེས་མ་བསྒོམས་ཀྱང་ཡོང་བ་ཏིང་ངེ་འཛིན་ལ་དབང་ཆེར་མ་ཐོབ་པ་ནི་རྩེ་གཅིག་ཆུང་ངུ། རྣམ་པར་གཡེང་བས་མི་གནོད་པར་ཁྲིག་གེ་གནས་ཤིང༌། ནམ་བསྒོམས་ཀྱིས་འོང་ཞིང་ཏིང་ངེ་འཛིན་ལ་དབང་ཐོབ་པ་ནི་རྩེ་གཅིག་འབྲིང་དང༌། རྐྱེན་དྲག་པོས་མི་གཡེང་བར་རྒྱུན་ཆད་མེད་པར་ཤར། རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཞི། གཉིད་ཀྱང་དེའི་ངང་དུ་འདྲེས་ཏེ་སྤྱོད་ལམ་ཀུན་ཏུ་འབྲལ་བ་མེད་ན་རྩེ་གཅིག་ཆེན་པོ། ཉམས་ཀྱི་འཁོར་ཡུག་བྱ་བས་འདི་དུས་སྒོམ་མེད་ཆེན་པོ་ཡིན་སྙམ་པའི་རྟོགས་པ་འབྱུང་ཡང༌། ཉམས་རྟོགས་པར་ཤར་བ་ལས་རྟོགས་པ་དངོས་གཞི་མིན། འདི་ཚོགས་སྦྱོར་གྱི་དུས་ཡིན། སེམས་ངོ་ཅུང་ཟད་མ་ཤེས་པས་སྟོང་འཛིན་གྱི་ཉམས་ཞི་གནས་གཙོ་བ་ཡིན། ཉམས་དེ་ཉིད་ཞེན་མེད་དུ་ཡུན་དུ་བསྐྱངས་པས་ཉམས་མྱོང་དེ་རྣམས་དག །བདེ་གསལ་མི་རྟོག་པའི་གནས་ཆ་ཐམས་ཅད་སིལ་གྱིས་ཞིག །ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ་བདེ་གསལ་མི་རྟོག་སྟོང་པ་གསུམ་ཡུལ་མེད་དུ་ཞི་ནས་རིག་པའི་ངོ་བོ་དེ་ཤུན་པ་བཤུས་པའམ་གཏེར་རྙེད་པ་ལྟར་ཡེ་རེ་འཆར་བས་ཐེག་ཆེན་གྱི་མཐོང་ལམ་ཐོབ་པ་ཡིན་ཞིང༌། སྤྲོས་བྲལ་ཞེས་ཀྱང་བྱ་ལ་དེའི་དུས་སུ་སྟོང་ཞེན་གྱི་འཛིན་པའི་འཁྲིས་ཅུང་ཟད་དང་མ་བྲལ་ཞིང༌སེམས་ངོ་ཅུང་ཟད་མཐོང་མ་ཐག་པ་སྤྲོས་བྲལ་ཆུང་ངུ་། དེ་རྩ་བ་ནས་དག་སྟེ་ཇི་བཞིན་རྟོགས་ནས་ཐ་མལ་གྱི་ཤེས་པ་ཡུལ་མེད་དུ་ལྷང་སོང་ན་སྤྲོས་བྲལ་འབྲིང༌། དེ་བརྟན་པོར་གྱུར་ཅིང་སྣང་ཐོག་ཏུ་མི་བདེ། རྟོག་པའི་ཐོག་ཏུ་བདེ་བ་དེ་དག་ནས་ཆོས་ཐམས་ཅད་མི་སྟོང་པ་གཅིག་ཀྱང་མེད་པར་ཐམས་ཅད་སྟོང་པར་རྟོགས་ནས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་ཐོག་ཏུ་སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཆེན་པོའོ། །དེ་རྣམས་ཀྱི་རྗེས་ཐོབ་སྣང་བ་སྒྱུ་མར་

p. 400

འཆར། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྟོགས། མཐོང་སྤང་བརྒྱད་ཅུ་རྩ་གཉིས་སྤངས། འཁོར་བ་དང་སྲིད་པར་སྨོན་ལམ་གྱི་དབང་གིས་མ་གཏོགས་སྐྱེ་བ་ལེན་པ་དང་ལྡོག་པར་མི་བྱེད་པས་ས་དང་པོ་རབ་ཏུ་དགའ་བའམ་མཐོང་ལམ་ཐོབ་པ་ཞེས་བྱའོ། །དེ་ཉིད་ཡུན་དུ་བསྐྱངས་པས་རོ་གཅིག་ཏུ་ན་འཕར་ཏེ། དེ་ལའང་ད་དུང་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའམ་མེད་པ་གཅིག་བདེ་བ་གང་ཤར་གྱི་རྣམ་རྟོག་སོ་མ་ཉམས་པ་དེ་ཅུང་ཟད་མི་བདེ་བ་དེ་དག་ནས། སྟོང་མི་སྟོང་མེད་སྤྲོས་པ་དང་བྲལ་རུང༌མ་བྲལ་རུང་གང་ཤར་སོ་མ་དེ་ཀས་ཆོག །ཆོས་སུ་རྟོགས་པའི་ངོ་བོར་རོ་གཅིག་པ་སྣང་སྟོང་གང་རུང་རེ་རེའི་སྟེང་དུའང་ལམ་གྱི་ཆོས་ཇི་སྙེད་པ་ཐམས་ཅད་ཚང་བར་རྟོགས་པ་རོ་གཅིག་ཆུང་ངུ། ད་དུང་དེ་ལ་མྱོང་བ་ངེས་ཤེས་ཀྱི་ཆ་གཅིག་འདྲེས་པས་དེ་དག་ནས་བེམ་པོ་ཕྱིར་མ་ལུས། རིག་པ་ནང་དུ་མ་ལུས་པར་སྣང་སེམས་དང་རྣམ་ཤེས་ཡེ་ཤེས་སོགས་ཐམས་ཅད་ཆོས་ཉིད་དག་པ་གཅིག་ཏུ་འདྲེས་པས་མདོར་ན་སྲིད་ཞི་མཉམ་ཉིད་འཁོར་འདས་དབྱེར་མེད་དུ་ཀྲོང་ངེ་ཤར་བ་དེ་རོ་གཅིག་འབྲིང་པོ། དུ་མ་རོ་གཅིག་ཏུ་ཤར་བ་དེ་ལས་ཐབས་མཁས་རྟེན་འབྲེལ་གྱི་སྣང་བ་མཆེད་ནས་རོ་གཅིག་དུ་མར་ཤར་བས་རོ་གཅིག་ཆེན་པོ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ས་གཉིས་པ་ནས་བདུན་པའི་བར་ཡིན་ནོ། །ལ་ལར་བརྒྱད་པའི་བར་དུའང་བཤད། དེར་མཉམ་རྗེས་འདྲེས། འོན་ཀྱང་རྗེས་ཐོབ་ལ་སྟོང་འཛིན་གྱི་དྲི་མ་ཡོད་པས། དེ་དག་ནས་འཐོབ་བྱ་ཐོབ་བྱེད། མཉམ་རྗེས་ཡེངས་མ་ཡེངས་ཀྱི་ཁྱད་པར་ཅུང་ཟད་མེད་པར་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག་སྟེ། བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་མ་ཐམས་ཅད་དང་བྲལ་བ་སྒོམ་མེད་ཆུང་ངུ་ས་བརྒྱད་པ་དེ་ལ་གཉིད་དུས་སུ་རེས་འགའ་འཛིན་པའི་དྲི་མ་ཅུང་ཟད་འབྱུང་སྲིད་པས། དེ་དག་ནས་ཡེ་ཤེས་

p. 401

མཉམ་གཞག་ཆེན་པོ་གཅིག་ཏུ་གྱུར་པ་སྒོམ་མེད་འབྲིང༌། ས་དགུ་པ་དང་བཅུ་པ། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་རལ་གྲིས་ཤེས་སྒྲིབ་བག་ཉལ་དང་བཅས་དྲུང་ཕྱུང་སྟེ། ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་མའི་འོད་གསལ་དང་འདྲེས། མི་སློབ་པའི་ཟུང་འཇུག་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་གྱུར་པ་སྒོམ་མེད་ཆེན་པོ་སངས་རྒྱས་ཀྱི་ས་སྟེ་ས་བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བགྲོད་པས་གཉུག་མ་ལྷན་ཅིག་སྐྱེས་པ་རང་བཞིན་དག་པ་དེ་མངོན་དུ་མཛད་པས་ཆོས་སྐུ། སེམས་ཅན་གྱི་སེམས་རྣམ་རྟོག་གི་རང་བཞིན་དག་པ་མངོན་དུ་བྱས་པས་ལོངས་སྐུ། རྐྱེན་དབང་གི་ཡུལ་ལྟར་སྣང་གི་རང་བཞིན་དག་པ་མངོན་དུ་བྱས་པས་སྤྲུལ་སྐུ། སྐུ་གསུམ་མམ་མཐའ་ཡས་པས་འབད་རྩོལ་དང་རྟོག་པ་མེད་པར་གཞན་དོན་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་འབད་རྩོལ་མེད་པར་ནམ་མཁའི་མཐར་ཁྱབ་པར་འབྱུང་བ་ནི་ཡོན་ཏན་མཐར་ཐུག་པ་ཡིན་པས་དེས་ན་སྔོན་འགྲོ་ནས་སྒོམ་མེད་བར་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་བསྐྱེད་པ་དང་སྐྱེས་པ་རྣམས་མི་ཉམས་ཤིང༌། གོང་འཕེལ་གྱི་ཐབས་ལ་འབད་ན་ཡོན་ཏན་དེ་དག་འབྱུང་བས་དེ་བཞིན་བརྩོན་པ་བསྐྱེད་དེ་ཉམས་སུ་ལེན་པ་དང༌། དེ་ནས་དོན་དུ་ཡེ་གདོད་མ་ནས་དག་པ་གཉིས་ལྡན་དུ་རྟོགས་མ་རྟོགས་ཙམ་མ་གཏོགས། རང་ཆས་སུ་སེམས་ཉིད་དེ་བཞིན་ཉིད་དམ་ཕྱག་རྒྱ་ཆེན་པོ་ཞེས་པ་རང་ཆས་སུ་ལྡན་པ་གཞི་དུས་དང་། དེ་ནས་ལམ་བསྒོམ་པ་ལ་ཞུགས་ནས་ས་བཅུ་པའི་བར་གྱི་སེམས་ཉིད་ནི་ལམ་དུས། དེ་ནས་མ་རིག་པའི་གཉིད་ལས་སངས་ཤིང༌ཡང་དག་པའི་དོན་མངོན་དུ་གྱུར་པ་ནི་འབྲས་དུས་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བས། གཟུང་འཛིན་ཀུན་དང་བྲལ་ཞིང་ཡང་དག་པའི་གནས་ལུགས་ལ་ལྟ་བ་ནི་ལྟ་བ། དེ་དོན་ཡེངས་མེད་དུ་སྒོམ་པ་

p. 402

ནི་སྒོམ་པ། བྱ་བྱེད་ཐམས་ཅད་དང་བྲལ་ཞིང༌སྤྱོད་པ་བཞི་གང་རུང་སྐྱོང་བ་སྤྱོད་པ་དང༌། མར་འཁོར་བར་ལྷུང་དོགས་དང་ཡར་སངས་རྒྱས་ཐོབ་འདོད་སོགས་རེ་དོགས། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་བྲལ་བ་ནི་འབྲས་བུ་སྟེ། ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་ཡང༌དེ་བཞིན་དུ་ཤེས་པར་བྱས་ལ་བརྩོན་པ་བསྐྱེད་ཅིང༌། བླ་མ་ལ་བློ་གཏད་ལིངས་སྐྱུར་གྱི་མོས་གུས། འཁོར་བ་དང་ཚེ་འདི་ལ་ཞེན་པ་བྲལ་བའི་ཞེན་ལོག །དུས་རྟག་ཏུ་ཡེངས་མེད་ཀྱི་དྲན་པ་བསྟེན་ཏེ་དགོས་མེད་ཀྱི་བློ་སྣ་ཐུང་སྦུད་པ་འཇིག་རྟེན་ཆོས་བརྒྱད་དང༌ཚེ་འདིའི་རྣམ་རྟོག་དང་ངོ་བསྲུང་སོགས་ཀྱི་བློ་སྐྱེས་ན་འབུར་འཇོམས་བྱ། རང་ཉིད་ཚེ་འདིའི་སྡོས་ཐག་རྦད་བཅད་དེ། སྒོམ་སྐྱེས་བདག་པོ་མེད་པར་མ་སོང་བར་དུས་རྟག་ཏུ་སྐྱོང་བ་ལ་འབད་དགོས། ཉམས་དང་རྟོགས་པ་གཉིས་ཀྱི་ཁྱད་པར་མང་ཡང་སྒོམ་མཁན་རང་གི་སེམས་སྒོམ་བདེ་གསལ་མི་རྟོག་སྟོང་པ་དེ་སྒོམ་རྒྱུའམ་མྱོང་རྒྱུ་འདུག་ན་ཉམས། སྒོམ་མཁན་དང་སྒོམ་གཉིས་སུ་མི་འདུག་པ་ཡིད་དཔྱོད་མ་ཡིན་པར་མངོན་སུམ་དུ་རྟོགས་ན་རྟོགས་པ་ཡིན་པས་ཉམས་རྟོགས་རྣམས་ཀྱང་ཤན་ཕྱེད་པར་བྱས་ཏེ། དེ་ལ་ཞེན་པ་དང་མཆོག་འཛིན་མ་ཞུགས་པའི་ངང་ནས་དུས་རྟག་ཏུ་འབད་པས་སྐྱོང་བ་གལ་ཆེ་ལ། དེ་ལ་ཕྱག་རྒྱ་བཞི་ལས། ལས་རྒྱ་ནི་དབང་རྟུལ་གྱི་ལམ་འདོད་ཁམས་ཀྱི་དངོས་གྲུབ་སྒྲུབ་ལ། དམ་རྒྱ་དང་ཆོས་རྒྱ་ནི་དབང་འབྲིང་གི་ལམ་འོག་མིན་གྱི་མཐར་ཐུག་གི་དངོས་གྲུབ་སྒྲུབ། ཕྱག་རྒྱ་ཆེན་པོ་ནི་དབང་རྣོན་གྱི་ལམ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས། སྣང་སྟོང་བདེ་སྟོང་རིག་སྟོང་གསལ་སྟོང་དབྱེར་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། བླ་མས་བསྟན་དུ་མེད། སློབ་མས་གོ་རུ་མེད། ཚིག་གིས་གོ་རུ་མི་བཏུབ་པ་འདི་ཡིན་འདི་མིན་ཐམས་ཅད་དང་བྲལ་ཞིང༌། ངོས་གཟུང་མེད་ལ་ཉམས་སུ་མྱོང་

p. 403

རྒྱུ་ཡོད་པའི་བདེ་བ་ཆེན་པོ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པ་བློ་འདས་ཆེན་པོ་ཞིག་ཡིན་ལ། དེ་བླ་མའི་གདམས་ངག་གིས་སེམས་རྣམ་རྟོག་ཆོས་སྐུ་གསུམ་ལྷན་ཅིག་གདོད་མ་ནས་གནས་ཀྱང༌། དེ་མ་རྟོགས་པ་ལས་ད་རེས་དབྱེར་མེད་ཟུང་འཇུག་གཅིག་ཏུ་བསྲེས་ནས་སྟོན་པས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་པ་སྟེ། རྡོ་རྗེ་འཆང་ནས་ཏཻ་ལོ། ནཱ་རོ། མར་པ། མི་ལ། སྒམ་པོ་པ་ནས་བརྒྱུད་པ་ལས། སྒམ་པོ་པ་ནས་སྒོམ་ཚུལ་སོགས་ལ་བརྒྱུད་པ་ཞང་བཀའ་བརྒྱུད་ཀྱི་ཕྱག་ཆེན། འབའ་རོམ་ཕྱག་ཆེན། ཕག་གྲུ་ལས་བརྒྱུད་པ་འབྲི་ཁུང་བཀའ་བརྒྱུད་ཀྱི་ཕྱག་ཆེན། སྟག་ལུང་བཀའ་བརྒྱུད་ཀྱི་ཕྱག་ཆེན། སྤྱན་སྔ་བཀའ་བརྒྱུད། སྨར་ཡེལ་བཀའ་བརྒྱུད། ཤུག་གསེབ་བཀའ་བརྒྱུད། ཁྲོ་ཕུ་བཀའ་བརྒྱུད། གཡའ་བཟང་བཀའ་བརྒྱུད། གླིང་རས་རྒྱ་རས་སོགས་ལས་བརྒྱུད་པ་འབྲུག་པ་བཀའ་བརྒྱུད། ཁྱད་པར་སྒམ་པོ་པ་ནས་དུས་མཁྱེན་ནས་བཟུང་བདག་གི་བླ་མ་ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་གི་བར་བརྒྱུད་པ་བར་མ་ཆད་བྱིན་རླབས་ཀྱི་དྲོད་མ་ཡལ་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གདམས་པ་ཁྱད་པར་དུ་འཕགས་པ་ཀརྨ་ཀཾ་ཚང་གི་ཕྱག་ཆེན་ཏེ། ཕྱག་ཆེན་མང་དུ་དར་བ་ཐམས་ཅད་ཀྱི་བཀའ་བབས་གཅིག་ཏུ་འདྲེས་པས་བརྒྱུད་པ་དང་ལྡན་ཞིང༌། ཡོན་ཏན་དུ་མའི་འབྱུང་གནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པ་ལགས་པས། འདི་ལ་རྡོ་རུས་གཏུགས་པར་ཉམས་སུ་བླངས་ན། ཉམས་རྟོགས་དབང་མེད་དུ་སྐྱེ་བ་ཐག་ཆོད་པས་དེ་ལྟར་ཉམས་སུ་ལེན་པ་དང་བདུན་ནོ། །༈ འདིར་ལུང་འདྲེན་སོགས་གཏན་མ་བྱས་པར་ཉམས་ལེན་མཛུབ་ཚུགས་སུ་ངོ་སྤྲོད་པ་གཙོ་བོར་བཟུང་ནས་བསྟན་པ་ཡིན་ནོ། །ཞེས་པ་འདི་བསམ་སྡེ་བླ་མ་རབ་འབྱམས་སྨྲ་བ་བསམ་གཏན་ཀུན་
དགས་ནན་གྱིས་བསྐུལ་ཕྱིར་རང་ལ་ཉམས་མྱོང་མ་མཆིས་ཀྱང༌། བླ་མ་གོང་མའི་གསུང་བཞིན་གཡར་ཁྲལ་དུ་མི་ཕམ་ཆོས་དབང་ངམ་བཛྲེ་ཤྭ་རས་ཞོ་ཁ་འོར་གྱི་ཁང་པར་ཐུན་ཁོངས་སུ་བྲིས་པ་ཡིན་ནོ། །འདིར་ཡང་དྲིལ་ཐུན་ཉི་ཤུའམ་ཉེར་གཉིས་སམ་ཉེར་ལྔའོ། །དགེ་བ་འདིས་བདག་གཞན་མ་གྱུར་སེམས་ཅན་ཐམས་ཅད་སྙིང་ནས་འདོད་ཡོན་ལ་ཞེན་པ་ལོག་ནས་སེམས་ཀྱི་ངོ་བོ་མཐོང་བར་ཤོག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ། །

གྲོལ་ལམ་ཕྱག་རྒྱ་ཆེན་པོའི་སྔོན་དངོས་ཁྲིད་ཀྱི་རིམ་པ་ངེས་དོན་ལམ་བཟང་ཡེ་ཤེས་སྒོ་འབྱེད། ཀརྨ་པ་དབང་ཕྱུག་རྡོ་རྗེ།

p. 404

༄༅། །གྲོལ་ལམ་ཕྱག་རྒྱ་ཆེན་པོའི་སྔོན་དངོས་ཁྲིད་ཀྱི་རིམ་པ་ངེས་དོན་ལམ་བཟང་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །
༄༅། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །ཆེ་བཞི་ཡ་བརྒྱད་ཟུར་གཉིས་དྭགས་བརྒྱུད་པའི། །གསེར་ཕྲེང་ཚར་དུ་དངར་ལ་གུས་ཕྱག་འཚལ། །བརྒྱུད་པ་རྡོ་རྗེ་འཆང་དང་བྱང་སེམས་བློ་གྲོས་རིན་ཆེན་ཞབས། །རྒྱལ་སྲས་སྒྲ་གཅན་འཛིན་དང་བྲམ་ཟེ་ཆེན་པོ་ས་ར་ཧ། །ཀླུ་སྒྲུབ་སྙིང་པོ་ཤ་བ་རི་དང་རྒྱལ་བ་མཻ་ཏྲི་པ། །མར་མི་དྭགས་གསུམ་རྒྱལ་བ་འབའ་རོམ་བརྒྱུད་འཛིན་བཅས་ལ་འདུད། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོས་འཛམ་གླིང་ཡངས་པའི་ཁྱོན་ཀུན་འགེངས། །ཁྱད་པར་གངས་ཅན་ཞིང་འདིར་ཐུགས་རྗེ་ཆེན་པོའི་འདུལ་ཞིང་ལས། །ཞི་བསིལ་དམ་ཆོས་བདུད་རྩིར་བསྟེན་པའི་སྐལ་ལྡན་རིགས་ཅན་རྣམས། །ཚེ་འདིར་རྣམ་གྲོལ་སྐུ་བཞིའི་གོ་འཕང་འགོད་ལ་སོམ་ཉི་བྲལ། །བདག་ཀྱང་སྔོན་བསགས་བསོད་ནམས་སྟོབས་ཀྱིས་བརྒྱུད་ལྡན་བླ་མ་མཇལ། །བརྩེ་ཆེན་ཐུགས་རྗེས་རྗེས་སུ་བཟུང་ནས་རྣམ་མཁྱེན་ལམ་བཟང་བསྟན། །སྨིན་བྱེད་དབང་དང་གྲོལ་བྱེད་མན་ངག་ཐབས་གྲོལ་གདམས་ཁྲིད་བསྩལ། །བཀའ་དྲིན་གཞལ་བར་དཀའ་ཡང་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། །ལས་འཕྲོ་བཟང་པོས་རང་རེ་ཚེ་འདིར་འཛོམས་པའི་སྐལ་ལྡན་རྣམས། །བརྒྱུད་པའི་བྱིན་རླབས་ལ་བརྟེན་ཐབས་གྲོལ་བདུད་རྩིའི་དགའ་སྟོན་འགྱེད། །སྤྲོ་བ་བསྐྱེད་ལ་བཀའ་བརྒྱུད་གོང་མའི་རྣམ་ཐར་རྗེས་སུ་སྙེགས། །བཤད་སྒྲུབ་བསྟན་པ་སྤེལ་ལ་ཚེ་འདིར་

p. 405

བྱང་ཆུབ་སྒྲུབ་ལ་བརྩོན། །འགྲོ་བའི་མགོན་པོ་ཏི་ཤྲི་རས་པའི་ཞལ་ནས་ཀྱང༌། །དལ་འབྱོར་མི་ལུས་རྙེད་པར་དཀའ་ཡི་ཆུད་མ་གསོན། །བཤེས་གཉེན་དམ་པས་ཟིན་པར་དཀའ་ཡི་མོས་གུས་བསྐྱེད། །ཐེག་ཆེན་ཆོས་དང་འཕྲད་པར་དཀའ་ཡི་བརྩོན་འགྲུས་རྩོམས། །ཟབ་མོ་རྒྱུད་ལ་སྐྱེ་བར་དཀའ་ཡི་མ་ཡེངས་མཛོད། །ཅེས་གསུངས། ཡང་ཏི་རས་ཀྱིས། དམ་ཆོས་སྒྲུབ་པར་བྱེད་པ་དེ། །མགོ་ལ་མེ་ཤོར་བཞིན་དུ་སྒྲིམས། །ལེ་ལོའི་བདུད་ལ་མི་བསྐུར་ཞེས། །ཐམས་ཅད་རྩེ་གཅིག་སེམས་ལ་ལྟོས། །ཞེས་གསུངས་དོན་བཞིན་རྒྱུད་ལ་སྦྱར། །འདི་འདྲའི་སྐལ་བཟང་ཐོབ་པ་འདི། །ཨུ་དུམ་ཝ་རའི་མེ་ཏོག་དཔེ། །སྤྲོ་བ་བསྐྱེད་ལ་སྒོམ་སྒྲུབ་མཛོད། །སྐབས་འདིར་རྒྱལ་བསྟན་ཡང་དར་གྱི། །བཤད་སྒྲུབ་ལས་གསུམ་འཁོར་ལོ་བསྐོར། །དམ་ཆོས་ཐང་མལ་བརྡལ་བ་ལ། །གསལ་འདེབས་ཟིན་བྲིས་མི་དགོས་ཀྱང༌། །བླ་མའི་བཀའ་དྲིན་བསབ་པ་དང༌། །བརྒྱུད་འཛིན་ཐུགས་བཞེད་སྐོང་བའི་ཕྱིར། །ཅུང་ཟད་བརྗེད་ཐོར་བྲི་བ་ལ། །རྩ་གསུམ་ལྷ་ཡིས་ཤིས་པ་སྩོལ། །༈ འདིར་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། ཐོག་མར་བསླབ་བྱ་སྤྱིར་བསྟན་པ་ནི། ཀྱེ་མ་དེང་དུས་སྙིགས་མ་ལ། །ཚེ་འདིར་བྱ་བས་གཡེང་ཞིང་བྲེལ། །ཆོས་སྒོར་ཞུགས་པ་མང་ལགས་ཀྱང༌། །ཚུལ་བཞིན་སྒྲུབ་པ་ཤིན་ཏུ་དཀོན། །རང་རེ་རྒྱལ་བསྟན་སྒོར་ཞུགས་རྣམས། །རྐྱེན་ངན་དུས་དབང་མི་གཏོང་བར། །རང་དྲིན་རང་ལ་ཆེ་བ་དང༌། །རང་ཚུགས་རང་གིས་ཟིན་པར་མཛོད། །ཆོས་རྒྱལ་དྭགས་པོ་ལྷ་རྗེ་ཡི། །བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི། །གདམས་ངག་ཁྲིད་ཀྱི་གོ་རིམ་བཞིན། །སྔོན་འགྲོ་དངོས་གཞིའི་རིམ་པ་བསྟན། །དང་པོ་སྔོན་འགྲོ་ལ་ཡང༌། ནང་གསེས་དོན་གསུམ་གྱི་དང་པོ་ཐུན་མོང་ཕྱི་ཡི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་ནི། དེ་ཡང་ཆོས་རྗེ་སྒམ་པོ་པས། །དལ་འབྱོར་རྙེད་པར་དཀའ་བ་དང༌། །འཆི་བ་མི་རྟག་ངེས་མེད་ཕྱིར། །ལས་ཀྱི་རྒྱུ་འབྲས་མི་བསླུ་བ། །འཁོར་བའི་ཉེས་དམིགས་སྡུག་བསྔལ་སོགས། །བསམ་སྟེ་ཐར་པའི་གོ་འཕང་བསྒྲུབ། །གསུང་བཞིན་གནས་སྐབས་བདེ་འབྱོར་ལ། །ཞེན་ཆགས་འཆིང་བའི་བློ་ལྡོག་ཕྱིར། །དགོས་མེད་དྲན་ཤེས་བརྟན་པར་བྱ། །༧ དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས། །སྔོན་བསགས་བསོད་ནམས་སྟོབས་

p. 406

ཀྱིས་གྲུབ། །དལ་འབྱོར་སྙིང་པོ་ལེན་པ་ལ། །སྡོམ་པ་གསུམ་དང་ལྡན་པར་མཛོད། །༧ སྣོད་བཅུད་འཇིག་རྟེན་ཐམས་ཅད་ཀུན། །མི་རྟག་སྒྱུ་མའི་རང་བཞིན་ལ། །ཁྱད་པར་འཆི་བ་ཡིད་ལ་སོམས། །ལེ་ལོའི་དགྲ་ལ་ཞེ་ཟོན་མཛོད། །༧ དགེ་སྡིག་ལས་འབྲས་མི་བསླུ་བ། །སྟོན་པ་སངས་རྒྱས་ཞལ་ནས་གསུངས། །དེ་ཕྱིར་ལས་ལ་ཡིད་ཆེས་དང༌། །དགེ་བའི་ལས་ལ་བརྩོན་འགྲུས་བསྐྱེད། །༧ རིགས་དྲུག་གནས་སུ་འཁོར་བ་ཡི། །སྡུག་བསྔལ་མཐའ་མེད་མྱོང་བ་ལ། །བསམ་ཞིང་སྐྱོ་ཤས་ངེས་འབྱུང་གིས། །གཏན་གྱི་བདེ་བ་འགྲུབ་པར་མཛོད། །༈ གཉིས་པ་ཐུན་མིན་ནང་གི་སྔོན་འགྲོ་བཞི་ནི། ཕྱི་ནང་གྲུབ་མཐའི་ཁྱད་པར་ལྟར། །སྐྱབས་གནས་དཀོན་མཆོག་རྣམ་གསུམ་བསྟེན། །གཏན་གྱི་སྐྱབས་གནས་རྫོགས་སངས་རྒྱས། །བློ་གཏད་ལིང་སྐྱུར་ཡིད་ཆེས་བསྐྱེད། །ཁྱད་པར་གསང་བ་སྔགས་ཀྱི་ལུགས། །རྩ་བ་གསུམ་དང་རྩ་རླུང་ཐིག །སྐུ་གསུམ་རང་བཞིན་ལྷུན་གྲུབ་པའི། །ཀུན་ཁྱབ་ཆེན་པོར་སྐྱབས་སུ་འགྲོ། །༧ ཐེག་ཆེན་བྱང་ཆུབ་སེམས་མཆོག་གིས། །ཚད་མེད་བཞི་ལ་བློ་སྦྱོང་ཞིང༌། །མཁའ་མཉམ་དྲིན་ཆེན་ཕ་མ་རྣམས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ལ། །བཅོས་མིན་སྙིང་རྗེའི་རྩལ་བསྐྱེད་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བདག་བས་གཞན་གཅེས་བསྒོམ་པ་དང༌། །རྣམ་མཁྱེན་སྒྲུབ་པར་དམ་བཅའོ། །༧ བདག་གཞན་ཐོག་མེད་འཁྱམས་པའི་འགྲོ། །མ་རིག་གཉིས་སྣང་འཁྲུལ་པས་སྒྲིབ། །ཉོན་མོངས་ཤེས་བྱ་བག་ཆགས་སྒྲིབ། །ཉེས་ལྟུང་མི་དགེའི་ལས་སྣ་ཚོགས། །རིགས་གཅིག་རིགས་བརྒྱའི་ཁྱབ་བདག་ཆེ། །བླ་མ་རྡོར་སེམས་ལ་བརྟེན་ནས། །ཡི་གེ་བརྒྱ་པའི་སྒོམ་བཟླས་དང༌། །སྟོབས་བཞིའི་སྒོ་ནས་བྱང་བར་མཛོད། ༧ རྣལ་འབྱོར་དབང་ཕྱུག་ཏཻ་ལོ་པས། །བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་པར། །

p. 407

ཚོགས་གཉིས་ཤིང་རྟའི་འཕང་ལོ་ལ། །འབྲལ་བར་མ་བྱེད་ནཱ་རོ་པ། །གསུངས་བཞིན་དངོས་བཤམས་ཡིད་སྤྲུལ་གྱིས། །ཚོགས་ཞིང་སངས་རྒྱས་ཞིང་ཀུན་དང༌། །དཀོན་མཆོག་རྩ་གསུམ་ལྷ་ཚོགས་ལ། །སྣང་སྲིད་དག་མཉམ་མཆོད་པ་འབུལ། །འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག ། ༧ སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས། །བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །གསུངས་བཞིན་བླ་མའི་རྣལ་འབྱོར་བརྩོན། །རང་ལུས་ཡི་དམ་གསལ་སྣང་བསྐྱེད། །སྙིང་ཁའི་དབུ་མར་ཡས་རིམ་བཞིན། །བརྒྱུད་པའི་བླ་མ་གསལ་བཏབ་སྟེ། །མོས་གུས་དཀར་པོ་གཅིག་ཐུབ་ཀྱིས། །བརྒྱུད་པའི་བྱིན་རླབས་འཇུག་ངེས་མཛོད། །བཀའ་བརྒྱུད་གོང་མའི་ཞལ་ནས་ཀྱང༌། །ཆོས་དངོས་གཞི་ལས་སྔོན་འགྲོ་ཟབ། །གསུངས་ལྟར་ཐུན་མོང་ཕྱི་ནང་གི །ཆོས་རྣམས་ངེས་པར་རྒྱུད་ལ་སྦྱོངས། །༈ གསུམ་པ་ཁྱད་པར་གྱི་སྔོན་འགྲོ་བཞི་ནི། ཚེ་འདིར་ཞེན་ཆགས་ཆུང་བ་ཡིས། །དགོས་མེད་རྒྱུད་ལ་སྐྱེ་བ་དང༌། །ངན་སོང་སྡུག་བསྔལ་དྲན་དྲག་ནས། །སྐྱོ་ཤས་སྙིང་རླུང་ལྡང་བའི་དུས། །ཚེ་འདིའི་ཞེན་འཁྲིས་བཅད་ནས་ཀྱང༌། །བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན། །འཇིག་རྟེན་ཆོས་བརྒྱད་རྒྱང་བསྲིངས་ནས། །དབེན་པའི་རི་ཁྲོད་ཟིན་པར་མཛོད། །༧ འགྲོ་དྲུག་སེམས་ཅན་ཕ་མ་རྣམས། །སྡུག་བསྔལ་མཐའ་མེད་མྱོང་བ་ལ། །ཚད་མེད་བཞི་ཡིས་བློ་སྦྱངས་ནས། །དྲིན་ལན་ཆོས་ཀྱིས་འཇལ་བའི་ཕྱིར། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །བརྟགས་ཤིང་དཔྱད་པས་བླ་མ་བསྟེན། །མོས་གུས་ཐང་ལྷོད་མེད་པ་དང༌། །དམ་ཚིག་མིག་ལྟར་གཅེས་པར་མཛོད། །༧ བསྒྲུབ་བྱ་ཚེ་འདིར་གྲོལ་བ་ཡི། །མྱུར་ལམ་ཕྱག་ཆེན་སྒོམ་པ་ལ། །སྙིང་ལ་རུས་པ་ཐོན་ངེས་

p. 408

པའི། །བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་མཛོད། །༧ རྟེན་འབྲེལ་ས་དཀར་གཡུང་དྲུང་ཐོག །སྒོམ་སྟན་སྲ་བའི་འབོལ་ཆུང་སྟེང༌། །རེ་དོགས་བསམ་མནོ་མི་མང་བར། །ཡ་ང་བག་ཚ་མེད་པར་མཛོད། །དེ་ལྟར་སྔོན་འགྲོའི་རིམ་པ་རྣམས། །ཚུལ་བཞིན་རྒྱུད་ལ་འབྱོངས་པའི་རྟགས། །འཇིག་རྟེན་ཆོས་བརྒྱད་བློས་དོར་ནས། །དགོས་མེད་རྒྱུད་ལ་སྐྱེ་ངེས་མཛོད། །
༈ རྩ་བའི་གཉིས་པ་དངོས་གཞིའི་ཁྲིད་རིམ་ལ་ཞི་ལྷག་གཉིས་ཀྱི་དང་པོ་ཞི་གནས་ལ་དོན་བཅུ་གཅིག་གི་དང་པོ། ལུས་ཀྱི་གནད་ནི། སྔོན་འགྲོ་ལེགས་པར་གཞི་ཚུགས་ནས། །དངོས་གཞིའི་རིམ་པར་འཇུག་པ་ལ། །དང་པོ་ལུས་གནད་གལ་ཆེ་བ། །བཀའ་བརྒྱུད་གོང་མས་ཡང་ཡང་གསུངས། །དེ་ཕྱིར་རྣམ་སྣང་ཆོས་བདུན་དང༌། །བསམ་གཏན་ཆོས་ལྔ་བཅའ་བ་གནད། །ནཱ་རོ་མཻ་ཏྲིའི་བཞེད་པ་ལྟར། །མར་སྟོན་ཆེན་པོས་ཆེད་དུ་བསྔགས། །རྟེན་འབྲེལ་ལུས་ལ་བསྒྲིགས་པ་ཡིས། །རྟོགས་པ་སེམས་ལ་འཆར་གསུངས་པ། །ལས་རླུང་དབུ་མར་ཚུད་པ་ཡིས། །བདེ་གསལ་མི་རྟོག་ངང་གིས་འཆར། །རླུང་མེ་ས་ཆུ་ཐུར་སེལ་རླུང༌། །དབུ་མར་ཚུད་པས་དུག་ལྔ་ཞི། །གེགས་སྐྱོན་ལ་སོགས་མི་འབྱུང་གསུངས། །དེ་ཕྱིར་ལུས་གནད་གཟབ་པར་མཛོད། །༧ གཉིས་པ་སེམས་ཀྱི་གནད་གསང་ནི། སེམས་གནད་མཉམ་པར་བཞག་པའི་ཐབས། །བཀའ་བརྒྱུད་བླ་མས་འདི་ལྟར་གསུངས། །སྤྱི་བོར་རྩ་བའི་བླ་མ་ནི། །རྡོ་རྗེ་འཆང་དང་དབྱེར་མེད་ལ། །བླ་མའི་རྣལ་འབྱོར་བཞིན་དུ་བསྒོམ། །མོས་གུས་གདུང་བ་དྲག་པོ་ཡིས། །གསོལ་འདེབས་དབང་བཞི་ལེན་པ་དང༌། །འོད་ཞུ་བླ་མའི་སྐུ་གསུང་ཐུགས། །རང་གི་ལུས་ངག་ཡིད་གསུམ་འདྲེས། །དམིགས་མེད་ངང་དུ་གློད་ནས་ཀྱང༌། །འདས་པའི་རྣམ་རྟོག་རྗེས་མི་བཅད། །མ་འོངས་རྣམ་རྟོག་སྔོན་མི་བསུ། །ད་ལྟའི་ཤེས་པ་སོ་མ་ལ། །བཟོ་བཅོས་གང་ཡང་མི་བྱེད་པར། །གསལ་ལེ་དྭངས་

p. 409

སང་རྗེན་པའི་སྟེང༌། །ངོས་བཟུང་མེད་པའི་ངང་དུ་བཞག །༧ གསུམ་པ་སེམས་ཀྱི་བཞག་ཐབས་ལ་ངེས་ཤེས་རྙེད་པའི་ཕྱིར། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་གདམས་གལ་ཆེ་བའི་སྐོར། ཏཻ་ལོའི་ཞལ་གདམས་ཆོས་དྲུག་ནི། །མི་མནོ་མི་བསམ་མི་སེམས་པ། །མི་བསྒོམ་མི་དཔྱད་རང་སར་བཞག །གསུངས་པའི་དོན་རྣམས་མདོར་བསྡུས་ན། །མི་མནོ་འདས་པའི་རྗེས་མི་གཅོད། །རྣམ་རྟོག་རྗེས་འབྲངས་གཟུང་འཛིན་རྒྱུ། །མི་བསམ་ད་ལྟར་བཟོ་མ་བཅོས། །བཅོས་བསླད་མཉམ་བཞག་རྐྱེན་དབང་འཆོར། །མི་སེམས་མ་འོངས་སྔོན་མི་བསུ། །སྔོན་བསུ་དགྲ་ལ་བྱ་ཤོར་འདྲ། །མི་བསྒོམ་སྣང་བ་རང་སོར་ཞོག །སྟོང་ཉིད་གསལ་འདེབས་དོན་མི་རྟོགས། །མི་དཔྱད་ཞེ་འདོད་མེད་པར་བཞག །དཔྱད་ན་མཚན་འཛིན་བློ་ཡིས་སྒྲིབ། །རང་སར་བསམ་བརྗོད་བྲལ་བར་བཞག །ལེགས་འདོད་བཅོས་མས་དོན་མི་འགྲུབ། །གསུངས་ལྟར་མན་ངག་གནད་དྲུག་འདི། །དེ་དོན་ཐུགས་སུ་ཆུད་པར་མཛོད། །བྲམ་ཟེ་ཆེན་པོ་ས་ར་ཧས། །འཇུར་བུས་བཅིང་བའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །དེ་ལྟར་རྣམ་པར་རྟོག་པ་ཡིས། །གཉིས་འཛིན་ཞེན་པས་བཅིངས་པའི་སེམས། །སོག་ཕུང་མདུད་པ་ཁྲོལ་བ་བཞིན། །རང་སར་གློད་ན་གྲོལ་བར་གསུངས། །ཆོས་རྒྱལ་ཟླ་འོད་གཞོན་ནུ་ཡིས། །བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མ་བྱེད་མི་དམིགས་ཞོག །ཆོས་རྗེ་རྒྱལ་བ་འབའ་རོམ་པས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གཉིས་སུ་མེད་པའི་ཡེ་ཤེས་དེ། །རང་སེམས་ཡིན་གྱི་མ་བཅོས་ཞོག །གཉུག་མ་ལྷན་ཅིག་སྐྱེས་པ་འདི། །རང་སེམས་ཡིན་གྱི་སོ་མར་ཞོག །བློ་གྲོས་མཐའ་ཡས་ཞལ་སྔ་ནས། །མ་ཡེངས་མི་བསྒོམ་བཟོ་མེད་གསུམ། །རྣམ་པར་ཐར་པའི་སྒོ་གསུམ་དང༌། །བཞག་ཐབས་གནད་ཀ་ཡིན་པར་གསུངས། །དེ་ལྟར་

p. 410

བཞག་ཐབས་མན་ངག་བཞིན། །ཡུན་ཐུང་གྲངས་མང་རྒྱུན་བསྲིང་ལ། །དྲན་ཤེས་ལྡན་པའི་ངང་ནས་སྐྱོང། །ངོས་བཟུང་མེད་པའི་ངང་དུ་ཞོག །༧ བཞི་པ་གང་ཟག་སོ་སོའི་དབྱེ་བ་དང་ཞི་གནས་རྟེན་བཅས་ལ་སེམས་འཛིན་པ་ནི། ཚེ་སྔོན་བསོད་ནམས་བསགས་པའི་མཐུས། །དལ་འབྱོར་ལུས་རྟེན་འདྲ་ན་ཡང༌། །ལས་སྨོན་རྟེན་འབྲེལ་ཟབ་མོ་དང༌། །གང་ཟག་དབང་པོའི་རིམ་པ་ཡིས། །སྒང་གཤོང་ཅན་དང་རིམ་སྐྱེས་པ། །གཅིག་ཆར་བ་སོགས་ཁྱད་པར་ཆེ། །དེ་ལྟར་དབང་པོའི་རིམ་པ་ལ། །སྒོམ་ཁྲིད་ལག་ལེན་དེ་དང་བསྟུན། །དམིགས་རིམ་ལ་སོགས་ཞིབ་ཁྲིབ་རྣམས། །གཅིག་ཆར་བ་ལ་མི་དགོས་ཀྱང༌། །རིམ་སྐྱེས་པ་ཡི་དབང་དུ་ནི། །ཐོག་མར་ཞི་གནས་རྟེན་བཅས་བསླབ། །སེམས་འཛིན་དམིགས་པ་གང་ལའང་སྦྱང་། །མ་དག་རི་དང་རྡེའུ་ཤིང༌། །མར་མེ་ནམ་མཁའ་ཐིག་ལེ་བཅས། །ཕྲ་རགས་དམིགས་པ་གང་ཟིན་མཛོད། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་དབང་བཞུགས། །གསུངས་ལྟར་རྒྱལ་བའི་སྐུ་གཟུགས་ལ། །སེམས་འཛིན་བྱེད་པ་ཁྱད་པར་འཕགས། །སྙིང་ཁར་པདྨའི་ཟེའུ་འབྲུའི་སྟེང༌། །བླ་མ་ཡི་དམ་གསལ་བའམ། །འོད་ཀྱི་གོང་བུ་དཀར་པོ་ལ། །སེམས་འཛིན་དམིགས་པ་ཤིན་ཏུ་ཟབ། །དེ་སྐད་མདོ་སྡེ་རྒྱན་ལས་ཀྱང༌། །དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ཉིད་རབ་ཏུ་སྐྱེ། །གསུངས་བཞིན་ཉམས་སུ་ལེན་པར་བྱ། །སེམས་འཛིན་གནད་ལ་མ་ཡེངས་པར། །མི་བསྒོམ་རང་སར་གློད་ཤེས་པ། །བཟོ་མེད་ཤེས་པ་རང་གསལ་ལ། །སྤང་བླང་རེ་དོགས་མེད་པར་མཛོད། །༧ ལྔ་པ་སེམས་རྟེན་མེད་དུ་འཇོག་པ་ནི། དམིགས་པ་མེད་པའི་སེམས་འཛིན་ནི། །ཕྱི་ནང་དངོས་པོར་སྣང་བ་ཀུན། །འོད་གསལ་སྟོང་པ་ཉིད་དབྱིངས་ལ། །དམིགས་མེད་ངང་དུ་མཉམ་པར་བཞག །ལྷན་སྐྱེས་མ་རིག་སྒྲིབ་པ་ཡིས། །གཉིས་སྣང་འཁྲུལ་པའི་སྣང་བ་

p. 411

བྱུང༌། །དེ་ལ་རེ་དོགས་མཚན་མས་འཆིང༌། །ཐམས་ཅད་བདེན་དངོས་གྲུབ་པ་ལྟར། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དང༌། །རྣམ་པར་ཤེས་པའི་ཕུང་པོ་ལྔ། །དབང་པོ་ལྔ་དང་དེའི་སྤྱོད་ཡུལ། །གཟུགས་སྒྲ་དྲི་རོ་རེག་བྱར་སྣང༌། །དོན་དམ་གཤིས་ཀྱི་གནས་ལུགས་ལ། །བརྟགས་ན་བདེན་པར་མ་གྲུབ་ཅིང༌། །རྨི་ལམ་སྒྱུ་མ་ཇི་ལྟ་བུར། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་དངོས། །རྗེ་བཙུན་ཆེན་པོའི་ཞལ་ནས་ཀྱང༌། །འཁྲུལ་པའི་རྩ་བ་སེམས་ལས་བྱུང༌། །སེམས་ཀྱི་ངོ་བོ་རྟོགས་པ་ལས། །འོད་གསལ་འགྲོ་འོང་མེད་པར་མཐོང༌། །ཕྱི་རོལ་ཡུལ་གྱི་སྣང་བ་འདི། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཙམ། །སྣང་བའི་མཚན་ཉིད་བརྟགས་པ་ལས། །སྣང་སྟོང་གཉིས་སུ་མེད་པར་གསུངས། །འགྲོ་མགོན་ཏི་ཤྲི་རས་ཆེན་གྱིས། །སྐྱེ་མེད་འོད་གསལ་དྭངས་པ་ལ། །རྣམ་རྟོག་སྣང་བ་སྣ་ཚོགས་རྣམས། །ཆུ་དང་ཆུ་རླབས་ཇི་བཞིན་དུ། །གཉིས་མེད་རང་གྲོལ་སོ་མར་ཞོག །དེ་བཞིན་བཀའ་དང་ཚད་མའི་གསུང༌། །གོ་བས་ཡིད་ཆེས་སྐྱེ་བ་དང༌། །ཉམས་སུ་མྱོང་བས་ངེས་ཤེས་བསྐྱེད། །རྟོགས་པས་འཁོར་བ་དོང་ནས་སྤྲུགས། །༧ དྲུག་པ་བུམ་པ་ཅན་སོགས་རླུང་ལ་བརྟེན་ནས་སེམས་འཛིན་པ་ནི། རླུང་ལ་བརྟེན་ནས་སེམས་འཛིན་པ། །པཎ་ཆེན་ནཱ་རོའི་བཞེད་པ་ལྟར། །རྣམ་སྣང་ཆོས་བདུན་ལེགས་བཅས་ཏེ། །སྤྱི་བོར་བརྒྱུད་པའི་བླ་མ་བསྒོམ། །བདག་གི་རྒྱུད་ལ་ཏིང་ངེ་འཛིན། །མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །གསོལ་འདེབས་མོས་གུས་དྲག་ཏུ་བྱ། །བླ་མ་འོད་ཞུ་རང་ལ་བསྟིམ། །ཐོག་མར་རླུང་རོ་དགུ་འབུད་ཀྱིས། །སྐྱེ་བ་སྔ་ཕྱི་བར་གསུམ་གྱི། །སྡིག་སྒྲིབ་ཉེས་ལྟུང་རྩ་རླུང་གེགས། །རླུང་རོ་ངན་པ་ཕྱིར་བསལ་ནས། །སྐད་ཅིག་ལྷན་

p. 412

སྐྱེས་འཁོར་ལོ་སྡོམ། །མཐིང་གསལ་བདེ་སྟོང་ངོ་བོ་ཉིད། །རྩ་གསུམ་ལེགས་པར་གསལ་བཏབ་ནས། །བུམ་པ་ཅན་ནི་དྲག་ཏུ་གཅུན། །བདུན་ནམ་ཉེར་གཅིག་བརྒྱ་དང་བརྒྱད། །གང་འགྲུབ་སོ་སོའི་ཁམས་དང་བསྟུན། །རྔུབ་དགང་གཞིལ་བ་མདའ་ལྟར་འཕངས། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བར་གསུངས། །དེ་ཕྱིར་ཞལ་ཤེས་བསྟེན་པར་བྱ། །སྐབས་སུ་བར་རླུང་བཟུང་བ་གནད། །རྩོལ་བ་ཆུང་ལ་རླུང་གེགས་མེད། །བརྩོན་འགྲུས་བསྐྱེད་དང་ཡོན་ཏན་འཕེལ། །རླུང་སེམས་གཉིས་མེད་ངང་དུ་ཞོག །དུས་རྒྱུན་འཇམ་རླུང་ངང་ནས་ཀྱང༌། །འབྲུ་གསུམ་རྡོར་བཟླས་བྱེད་པ་ཟབ། །རྣམ་རྟོག་ངན་ལང་མི་འཆོར་ཞིང༌། །སེམས་ཟིན་རླུང་རྒྱུ་སྔགས་བཟླས་འགྱུར། །༧ བདུན་པ་འགྱུ་བའི་ངོར་སེམས་འཛིན་པ་ནི། སྐབས་སུ་རྟོག་པར་སེམས་འཛིན་པ། །རྣམ་རྟོག་ཆེད་དུ་མི་བཀག་པར། །གང་ཤར་དེ་ཀའི་ངོ་བོ་ལ། །ཅིར་གྱིས་བལྟས་པས་རྗེས་མེད་ཡལ། །དཔེར་ན་རྒྱ་མཚོའི་རླབས་བཞིན་དུ། །སྣང་ཙམ་ཉིད་ནས་ངོ་བོ་སྟོང༌། །སྣང་སྟོང་གཉིས་སུ་མེད་པ་ལ། །གནས་དགའ་འགྱུ་སྡུག་མེད་པར་ཞོག །གཟིངས་ལས་འཕུར་བའི་བྱ་ལྟ་བུར། །རྣལ་འབྱོར་ཤེས་པ་གང་དགར་བཏང༌། །མཁས་པས་བ་གླང་སྐྱོང་བ་བཞིན། །རྩོལ་སྒྲུབ་བྲལ་བའི་ངང་དུ་བཞག །རྒོད་ཚང་པ་ཡི་ཞལ་ནས་ཀྱང༌། །ཡང་ཅིག་རྣམ་རྟོག་སྐྱེས་པ་ན། །ངོ་ཡིས་ཙིར་གྱིས་ཟུང་མཛོད་ལ། །ཁོ་རང་ཐོག་ཏུ་གློད་ལ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས། ༧ བརྒྱད་པ་གནས་ཉམས་རིམ་པ་གསུམ་གྱི་ཁྱད་པར་ནི། དེ་ལྟར་སེམས་འཛིན་མན་ངག་གིས། །གནས་པ་རིམ་གསུམ་འཆར་གསུངས་པས། །དང་པོ་རི་གཟར་འབབ་ཆུ་འདྲ། །རགས་པའི་འགྱུ་བ་ཤེས་པ་ཡིན། །གཉིས་པ་ཆུ་རླུང་དལ་འབབ་ལྟར། །ཕྲ་བའི་རྟོག་པ་ཚོར་བ་ཡིན། །གསུམ་པ་གཡོ་མེད་རྒྱ་མཚོ་བཞིན། །ནམ་

p. 413

མཁའ་དྭངས་པའི་དཀྱིལ་ལྟར་འཆར། །རྗེ་བཙུན་ཆེན་པོའི་ཞལ་ནས་ཀྱང༌། །ནམ་མཁའ་དྭངས་པར་བལྟས་པ་བཞིན། །རིག་སྟོང་རྗེན་ནེ་ཡེར་རེ་བ། །རྟོག་མེད་གསལ་ཞིང་དྭངས་པ་དེ། །ཞི་གནས་ཉམས་སྣང་ཡིན་པར་གསུངས། །འདི་ནི་བསམ་གཏན་དངོས་གཞི་ཡིན། །སྒོམ་ཡུན་བསྲིང་ན་ཉམས་སྣ་ཚོགས། །མངོན་ཤེས་བདེན་པ་མཐོང་བའི་རྟེན། །ཏིང་འཛིན་བརྟན་པ་ཐོབ་པའི་གཞི། །འགྲོ་བའི་མགོན་པོ་ཏི་རས་ཀྱིས། །སྐྱེ་མེད་རྒྱ་མཚོ་དྭངས་པ་ལ། །ཉོན་མོངས་རྦ་རླབས་ཞི་བ་ཡིན། །ཞི་གནས་ཏིང་འཛིན་མི་གཡོ་བས། །རྐྱེན་ཐུབ་མཚོ་ཡི་སྦྲང་ཆར་འདྲ། །ཞེས་གསུངས། ༧ དགུ་པ་མདོ་ཡི་སེམས་གནས་འཇོག་ཐབས་ནི། བཅོམ་ལྡན་ཐུབ་པའི་དབང་པོ་ཡིས། །གསུངས་པའི་སེམས་གནས་འཇོག་ཐབས་དགུ། །དང་པོ་དམིགས་པ་གང་བདེ་ལ། །རྩེ་གཅིག་གཏད་དེ་སེམས་འཇོག་པ། །གཉིས་པ་དེ་ཉིད་རྒྱུན་མཐུད་དེ། །ཡུན་རིང་གནས་པ་ཀུན་ཏུ་འཇོག །གསུམ་པ་རྣམ་རྟོག་འཕྲོ་ན་ཡང༌། །དྲན་པས་བཟུང་སྟེ་ངེས་པར་འཇོག །བཞི་པ་སྔར་གྱི་གནས་པའི་སྟེང༌། །བསྲེས་ཏེ་མཉམ་པར་ཉེ་བར་འཇོག །ལྔ་པ་སེམས་གནས་ཡོན་ཏན་རྣམས། །གསལ་བར་དྲན་པས་དུལ་བར་བྱེད། །དྲུག་པ་གང་ལ་འཕྲོ་བའི་རྐྱེན། །ངེས་ཤེས་དེ་དག་ཞི་བར་བྱེད། །བདུན་པ་རྣམ་པར་གཡེང་བ་གང༌། །ངོས་བཟུང་ཉེ་བར་ཞི་བར་བྱེད། །བརྒྱད་པ་གོམས་པའི་རང་ཤུགས་ཀྱིས། །འབད་བརྩོན་མི་ལྟོས་རྒྱུད་གཅིག་བྱེད། །དགུ་པ་རྣམ་གཡེང་མེད་པ་ཡིས། །མཉམ་པར་འཇོག་པ་ཁོ་ནར་གསུངས། །༧ བཅུ་པ་མཉམ་བཞག་གི་སྐྱོན་རྣམས་སེལ་བ་ནི། སྒོམ་སྐྱོན་བྱིང་རྒོད་སེལ་བའི་ཐབས། །བྱིང་ན་མཁའ་སྤྱོད་ཏིང་འཛིན་བསྒོམ། །སྙིང་གར་པད་དཀར་འདབ་བཞིའི་སྟེང༌། །ཐིག་ལེ་དཀར་ལ་འཚེར་བ་ཞིག །རླུང་དང་སྦྲགས་ཏེ་ཚངས་བུག་ནས། །དབྱིངས་ཀྱི་ནམ་མཁར་གནས་པར་བསམ། །ལུས་གནད་

p. 414

ལྟ་སྟངས་སྟེང་དུ་གཅུན། །རིག་པ་ངར་དང་ལྡན་པ་ཡིས། །གསོལ་འདེབས་མོས་གུས་དྲག་ཏུ་བྱ། །མཐོ་སར་བསིལ་བའི་གནས་སུ་འདུག །རྒོད་ན་ས་སྤྱོད་ཏིང་འཛིན་བསྒོམ། །སྙིང་གར་པད་ནག་འདབ་བཞི་པ། །འོག་ཏུ་ཕྱོགས་པའི་ལྟེ་བ་ལ། །ཐིག་ལེ་ནག་པོ་སྲན་འབྲུ་ཙམ། །གསལ་བཏབ་བ་ཐག་འཁྲིལ་བ་ལྟར། །འོག་ཕྱོགས་དཔག་ཚད་མང་པོའི་མཐར། །ལྕི་བའི་རྣམ་པར་གནས་པར་བསམ། །སྲིན་ཞལ་བསྡམ་ལ་ལྟ་སྟངས་དབབ། །ཤེས་པ་ཀློད་ལ་ངལ་གསོ་ཞིང༌། །བཅུད་ཅན་ཟས་དང་དྲོ་སར་འདུག །དེ་ལྟར་བྱིང་རྒོད་གང་བྱུང་ཡང༌། །སྤེལ་མའི་རྣལ་འབྱོར་བསྒོམ་པར་བྱ། །མིག་སོགས་དབང་ལྔའི་སྣང་ཡུལ་དུ། །གཟུགས་སྒྲ་དྲི་རོ་རེག་བྱ་རྣམས། །གང་སྐྱེས་དམིགས་རྟེན་བྱེད་པ་དང༌། །སྤང་བྱ་དུག་ལྔའི་རྟོག་པ་དང༌། །བླང་བྱ་དགེ་བའི་རྟོག་ཚོགས་དང༌། །ལུང་མ་བསྟན་གྱི་རྣམ་རྟོག་སོགས། །གང་ཤར་སྤང་བླང་མི་བྱེད་པར། །རྟོག་པ་གང་སྐྱེས་དེ་ཡི་ཐོག །ལྷོད་ཀྱིས་གློད་ལ་ཙེན་གྱིས་བཞག །བཟང་ལྟ་ངན་སྐྱུར་མི་བྱེད་པར། །དྲན་འཛིན་གཉེན་པོ་བསྟེན་པར་བྱ། །རྒྱལ་བས་མདོ་སྡེ་རྒྱན་ལས་ཀྱང༌། །གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེ་བཞིན། །དེ་ཡིས་དེ་དག་ལས་ངེས་འབྱུང༌། །གསུངས་བཞིན་ཉམས་སུ་ལེན་པར་བྱ། །ཡུན་ཐུང་སྒོམ་གྲངས་མང་བ་དང༌། །གྲིམ་ལྷོད་གཉིས་ཀྱང་སྤེལ་མར་བྱ། །མ་གཅིག་ལབ་སྒྲོན་ཞལ་ནས་ཀྱང༌། །གྲིམ་གྱིས་སྒྲིམ་ལ་ལྷོད་ཀྱིས་གློད། །དེ་ལ་ལྟ་བའི་གནད་གཅིག་ཡོད། །གསུངས་ལྟར་གྲིམ་གྱིས་སྒྲིམ་པ་ནི། །སྐད་ཅིག་ཡེངས་སུ་མི་འཇུག་པར། །དཔེར་ན་ཁབ་མིག་སྐུད་འདྲེན་དང༌། །འཕྲུལ་གྱི་ཁ་ལོ་བཞིན་དུ་བསྒྲིམ། །གློད་པ་སྒོམ་གྱི་རྩོལ་བ་དང༌། །ལེགས་འདོད་བཟོ་བཅོས་མི་བྱེད་པར། །ལུས་སེམས་ཁོང་གློད་རང་སར་བཞག །ཉི་ཟླ་སྤྲིན་

p. 415

བྲལ་ལྟ་བུར་བཞག །དེ་ལྟར་གྲིམ་ལྷོད་གང་དགོས་ཀྱིས། །བྱིང་རྒོད་གཉིས་པོའི་སྐྱོན་སེལ་ཞིང༌། །ཡོན་ཏན་ཡར་ངོའི་ཟླ་བཞིན་རྒྱས། །རྩོལ་མེད་མི་རྟོག་ལྷུན་གྱིས་གྲུབ། །༧ བཅུ་གཅིག་ཞི་གནས་སྒོམ་པའི་ཡོན་ཏན་དང་ཉམས་ཀྱི་བྱེ་བྲག་ནི། ཞི་གནས་བསྒོམས་པའི་ཡོན་ཏན་གྱིས། །མཚན་འཛིན་བག་ཆགས་རྣམ་གཡེང་སོགས། །ཉོན་མོངས་རྟོག་ཚོགས་རབ་ཏུ་ཞི། །རྩོལ་མེད་མཉམ་བཞག་བདེ་བ་ཡིས། །རྩེ་གཅིག་ངང་ལ་རྒྱུན་དུ་གནས། །སྐྱོ་བྲག་ཆོས་རྗེའི་ཞལ་ནས་ཀྱང༌། །མ་ཡེངས་སྐྱོང་བའི་རྩེ་གཅིག་ལ། །དྲན་པའི་རྩི་དང་མ་བྲལ་བ། །གནས་འགྱུའི་ཞབས་ཏོག་བྱས་པ་ལ། །བདེ་གསལ་ཉིན་མཚན་འབྲེལ་བ་འབྱུང༌། །གསུངས་བཞིན་ཉམས་མྱོང་རྒྱུད་ལ་སྐྱེ། །བདེ་གསལ་མི་རྟོག་གསུམ་གྱི་ཉམས། །འཆར་སྒོ་བསམ་གྱིས་མི་ཁྱབ་པ། །སྤྲོ་བ་བསྐྱེད་པའི་གཞིར་གྲུབ་ཀྱང༌། །ཉམས་ཀྱི་རྩི་ལ་མི་ཞེན་པར། །བཏང་སྙོམས་ཆེན་པོའི་ངང་དུ་བཞག །གཞན་ཡང་སྔོན་གྱི་ལས་རྣམ་སྨིན། །འཕྲལ་རྐྱེན་བར་དུ་གཅོད་པ་ཡིས། །ལུས་ལ་ན་ཚ་ཟུག་གཟེར་དང༌། །མི་ཁ་གཏམ་ངན་ཐོས་པ་དང༌། །འཇིགས་སྐྲག་སྡུག་བསྔལ་བྱུང་བ་དང༌། །ཉམས་དང་རྨི་ལམ་ངན་པ་སོགས། །མི་འདོད་ཐོག་བབས་བྱུང་བའི་དུས། །ཐམས་ཅད་སྒྱུ་མ་རྨི་ལམ་བཞིན། །བརྟགས་ན་བདེན་པར་མ་གྲུབ་ཅིང༌། །བདེན་མེད་ཆུ་ཟླ་ལྟ་བུ་ལ། །རེ་དོགས་སྤང་བླང་མི་བྱེད་པར། །གང་ཤར་དེ་ཀའི་ཐོག་ཏུ་གློད། །བདག་འཛིན་མགོ་ནོན་ཡོང་བ་དང༌། །རྐྱེན་ངན་གྲོགས་སུ་འཆར་བར་མཛོད། །རྗེ་གྲུབ་པའི་དབང་ཕྱུག་ཏཻ་ལོ་པས། །བུ་སྣང་བས་མི་འཆིང་ཞེན་པས་འཆིང༌། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་དོན་གྱི་སྒྲོ་འདོགས་ཆོད། །ཏི་ཤྲི་རས་པའི་ཞལ་ནས་ཀྱང་། །དག་པ་ཡེ་ཤེས་སྣང་བའི་གཟུགས། །སྣང་སྟོང་ཟུང་འཇུག་ལྷུན་གྱིས་གྲུབ། །བྱས་པའི་ཆོས་ལ་ཞེན་པ་བྲལ། །དེ་ཉིད་འགྱུར་ན་

p. 416

འབྲས་བུ་ཡིན། །གསུངས་བཞིན་ངེས་ཤེས་བསྐྱེད་པར་བྱ། །དཔེར་ན་སྤྲིན་བྲལ་མཁའ་དབྱིངས་སུ། །ཉི་ཟླའི་འོད་ཀྱིས་གསལ་བ་བཞིན། །དངོས་གཞི་སྒོམ་གྱི་གཞི་ཟིན་ནོ། །ཕག་མོ་གྲུ་དང་འབའ་རོམ་པའི། །ཐུགས་ཀྱི་སྲས་མཆོག་འབྲི་གུང་པས། །སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །གསུངས་ལྟར་ཉམས་སུ་ལེན་པར་འཚལ། །གཉུག་མ་རྒྱུན་ཆད་མེད་པ་ལ། །མ་ཡེངས་རྒྱུན་གྱི་དྲན་པ་བསྟེན། །ངོས་བཟུང་བྲལ་བའི་ཀློང་དུ་གློད། །རྩོལ་མེད་མི་རྟོག་ལྷུན་གྱིས་གྲུབ། །ཞི་གནས་སྒྲུབ་འདོད་ཤེས་ལྡན་དག །ཞི་བའི་གནས་སུ་དབེན་པ་བསྟེན། །ཞི་གནས་སྲིད་ལ་མངོན་ཞེན་ལྡོག །ཞི་སྤྱོད་ཏིང་འཛིན་བསྒོམ་པར་མཛོད། །དངོས་གཞི་ཁྲིད་རིམ་དང་པོའོ། །
༈ དངོས་གཞིའི་ཁྲིད་རིམ་གཉིས་པ་ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་གདམས་མན་ངག་གནད་ཀྱི་ཆོས་བཅུ་གསུམ་ཞེས་བྱ་བའི་གསུང་ལ་གཞི་བྱས། རྒྱུད་སྡེའི་ལུང་གིས་རྒྱབ་སྐྱོར། བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་གིས་ཟུར་བརྒྱན་ཏེ་ཁྲིད་ཀྱི་རིམ་པ་མདོར་བསྡུས་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་ལས། ཐོག་མར་སྦྱོར་བའི་ཆོས་བདུན། བར་དུ་དངོས་གཞིའི་ཆོས་ལྔ། མཐར་རྗེས་ཀྱི་ཆོས་གཅིག་བཅས་དོན་བཅུ་གསུམ་གྱི་སྒོ་ནས་བསྟན་པ་བཞིན་དུ་ཉམས་སུ་ལེན་པར་བྱ་བ་ལ། ༈ དང་པོ་ཚེ་འདི་ཡི་ཞེན་འཛིན་འཇིག་རྟེན་ཆོས་བརྒྱད་སྤང་བའི་བློ་སྟོབས་ཀྱིས་ཕྱི་ནང་གི་དབེན་པ་བསྟེན་ཞིང༌བཀའ་བརྒྱུད་གོང་མ་རྣམས་ཀྱི་མཛད་སྤྱོད་ལ་སློབ་པ་ནི། ༡༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། བྱ་བ་བཏང་ལ་དགོན་གསུམ་བསྟེན་པའི་གནད། །ཅེས་གསུངས་པ་ལྟར། འཇིག་རྟེན་ཚེ་འདིའི་བྱ་ལས་ཀུན། །སྙིང་པོ་མེད་པར་ངེས་ཤེས་བསྐྱེད། །དགོས་མེད་རྒྱུད་ལ་སྐྱེ་བའི་ཕྱིར། །འཇིག་རྟེན་ཆོས་བརྒྱད་བཏང་བར་བྱ། །རྒྱལ་བ་གོང་མས་བྱིན་བརླབས་པའི། །སྒྲུབ་པའི་གནས་མཆོག་ཁྱད་པར་

p. 417

ཅན། །ཏིང་འཛིན་ངང་གིས་འཕེལ་བ་དང༌། །གང་ཟག་བྱིན་གྱིས་རློབ་པའི་གནས། །ཡང་ན་སྒྲུབ་པའི་གནས་དེ་ཉིད། །སྐྱེ་བོའི་རྒྱུ་འགྲུལ་ཉུང་བ་དང༌། །གནོད་འཚེའི་བར་ཆད་མེད་པའི་ས། །འདུ་འཛི་རྣམ་གཡེང་ལས་དབེན་པ། །ཉམས་དགའ་དགེ་སྦྱོར་འཕེལ་བའི་གནས། །དེ་ལྟར་དབེན་པའི་གནས་མཆོག་ནི། །རི་ཁྲོད་དགོན་པ་གང་ཡིན་ཡང༌། །མཐུན་རྐྱེན་འཛོམས་པ་བསོད་ནམས་འབྲས། །མིན་ཡང་འགལ་རྐྱེན་སྤང་བར་བྱ། །དེ་ནི་ཕྱི་ཡི་དབེན་པ་ཡིན། །ལུས་ཀྱི་མི་དགེ་རྣམ་གསུམ་དང༌། །ཆོས་མིན་དཀའ་ཚེགས་ངལ་དུབ་རིགས། །འགྲོ་འཆགས་ཉལ་སོགས་སྤྱོད་ལམ་སྤང་། །དྲང་སྲོང་ལྟ་བུའི་སྤྱོད་འགྲོས་ཀྱིས། །ལུས་ནི་དབེན་པར་གནས་པར་བྱ། །ངག་གི་མི་དགེ་བཞི་སྤང་ཞིང༌། །འཇིག་རྟེན་ཚེ་འདིའི་མཐུན་འཇུག་ཚིག །དོན་མེད་རྣམ་གཡེང་འཆལ་གཏམ་སོགས། །སྨྲ་བརྗོད་སྤངས་ལ་ལྐུག་པ་བཞིན། །ངག་ཀྱང་དབེན་པར་གནས་པར་བྱ། །ཡིད་ཀྱི་གསུམ་པོ་སྤང་བ་དང༌། །གཉིས་འཛིན་འཁྲུལ་པའི་འཆིང་ཐག་བཅད། །མ་རིག་སྒོང་རྒྱའི་སྦུབ་ལས་ཐོན། །ཆོས་ཉིད་ཡངས་པའི་ཀློང་ཡངས་སུ། །རིག་པའི་ཁྱེའུའི་རང་ས་འཛིན། །དེ་ལྟར་ནང་གི་དབེན་པ་བསྟེན། །དབེན་པ་བསྟེན་པའི་ཡོན་ཏན་གྱིས། །ལུས་སེམས་བདེ་ཞིང་ཏིང་འཛིན་འཕེལ། །ཉམས་ལ་བདེ་གསལ་མི་རྟོག་འཆར། །སེམས་ཉིད་ཆོས་སྐུའི་རང་ཞལ་མཇལ། །དབེན་པའི་ཡོན་ཏན་ཀུན་གྱིས་བསྔགས། །རྒྱལ་བའི་སྲས་པོ་ཞི་བ་ལྷས། །ནགས་ན་རི་དྭགས་བྱ་རྣམས་དང༌། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང༌། །ནམ་ཞིག་ལྷན་གཅིག་བདག་གནས་འགྱུར། །ཞེས་གསུངས་པ་བཞིན་ནོ། །
༈ གཉིས་པ་ལུས་གནད་དང་ལྡན་པའི་ཕན་ཡོན་ནི། མདོ་དང་སྔགས་སོགས་ནས་ཀྱང་མང་དུ་གསུངས་པ་དང༌། ཁྱད་པར་བཀའ་

p. 418

བརྒྱུད་གོང་མ་རྣམས་ཀྱིས་ལུས་གནད་ཁྱད་དུ་བསྔགས་པ་བཞིན་ནོ། །དེ་ལྟར་ལུས་ཀྱི་གནད་མི་ཤེས་པའི་སྐྱོན། རྗེ་བཙུན་ཆེན་པོའི་གསུངས་པ་སོགས་བླང་དོར་གྱི་གནས་བསྟན་པ་ནི། ༢༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། །ལུས་ཀྱི་འཁྲུལ་འཁོར་རྟེན་འབྲེལ་འཛོམས་པའི་གནད། །ཅེས་གསུངས་པས། ལུས་གནད་རྣམ་སྣང་ཆོས་བདུན་ནི། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལག་གཉིས་མཉམ་གཞག་བརླ་རྩར་བཞག །སྒལ་ཚིགས་དྲང་པོ་མདའ་ལྟར་བསྲང། །མགྲིན་པ་རྨ་བྱའམ་ལྕགས་ཀྱུ་ལྟར། །བྲང་ནི་སེངྒེ་བཞིན་དུ་ཡངས། །དཔུང་པ་རྒོད་གཤོག་ལྟ་བུར་བརྒྱང་། །ལྕེ་རྐན་སྦྱར་ཞིང་མཆུ་རང་བབས། །མིག་ནི་སྣ་རྩེའི་ཐད་སོར་བལྟ། །ལུས་སེམས་ཁོང་ལྷོད་མཉམ་པར་བཞག །དེ་ལྟར་ལུས་གནད་ཡོན་ཏན་ནི། །ཤུགས་ཀྱིས་དྲོད་སྐྱེ་རྩ་ཁ་འབྱེད། །རླུང་སེམས་དབུ་མར་རང་བཞིན་ཚུད། །རྟོག་མེད་འཆར་ཞིང་རླུང་ནད་ཆུང༌། །དམིགས་པ་གསལ་ཞིང་བདེ་དྲོད་མྱུར། །ཡོན་ཏན་དཔག་མེད་འབྱུང་བར་གསུངས། །དེ་ལྟར་ལུས་གནད་མེད་པའི་སྐྱོན། །རྗེ་བཙུན་ཆེན་པོས་འདི་སྐད་གསུངས། །མགོ་བོ་སྒུ་ན་མིག་མི་གསལ། །སྤྲོ་ཐུང་གཉིད་ཆེ་ཤེས་པ་ཉོག །རོ་སྟོད་དགྱེ་ན་ཤེས་པ་འཕྱོ། །རྟོག་པ་འཕྲོ་ཞིང་རོ་སྟོད་གཟེར། །རོ་སྟོད་སྒུ་ན་ཤུགས་རིང་འབྱིན། །ཉམས་ནི་མི་དགའ་སྙིང་རླུང་འབྱུང༌། །གཡས་སུ་ཡོ་ན་འགྲོ་འདོད་ཆེ། །དམིགས་པ་མི་ཟིན་སྡོད་མི་ཚུགས། །གཡོན་དུ་ཡོ་ན་འདོད་སྲེད་ཆེ། །ཚེ་ཐུང་ལོངས་སྤྱོད་འཁོར་མི་འདུ། །ཚང་ར་སྟན་སྦྱར་མཁལ་ནད་འབྱུང༌། །ལེ་ལོ་ཆེ་ཞིང་ཉམས་ངན་ནོ། །དེས་ན་རྟག་ཏུ་ལུས་གནད་གཟབ། །གནད་བཞི་བསྟན་པ་ཏི་རས་ཀྱིས། །རྟོག་པ་ནམ་སྐྱེས་དུས་ཀྱི་གནད། །རྣམ་སྣང་ཆོས་བདུན་ལུས་ཀྱི་གནད། །སྣང་བ་དཀར་དམར་ཡུལ་གྱི་གནད། །སྣང་སྟོང་ཟུང་འཇུག་ཤེས་པའི་གནད། །ཅེས་གསུངས་པའོ། །༈ གསུམ་པ་ཀུན་སློང་རྣམ་པར་དག་པའི་

p. 419

སྒོ་ནས་གཞན་ཕན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པ་གལ་ཆེ་བའི་ཕྱིར། ༣༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། བྱང་ཆུབ་སེམས་བསྐྱེད་ཐེག་པ་ཆེན་པོའི་གནད། །ཅེས་གསུངས་ཡང་དུ་གནད་བཀྲོལ་བ། །དེ་ཡང་མར་གྱུར་སེམས་ཅན་ལ། །ད་ལྟ་གཞན་ཕན་རྣམ་དག་གིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །ཐེག་པ་ཆེན་པོར་འགྱུར་བ་དང༌། །ནམ་ཞིག་མངོན་སངས་རྒྱས་པའི་དུས། །འགྲོ་བ་སེམས་ཅན་རྣམས་ཀྱི་དོན། །འབད་པ་མེད་པར་འབྱུང་བའི་ཕྱིར། །ཐེག་ཆེན་བྱང་སེམས་བསྒོམ་པར་བྱ། །ཞེས་གསུངས་དོན་བཞིན་རྒྱུད་ལ་སྦྱར། །ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །ཕ་མར་མ་གྱུར་གང་ཡང་མེད། །ཐོག་མེད་སྲིད་པའི་འཁོར་བར་འཁྱམས། །དེ་ཕྱིར་མ་རྒན་དྲིན་ཅན་རྣམས། །སྡུག་བསྔལ་ཆུ་བོར་བྱིང་བ་ཡི། །མཐའ་མེད་འཁྱམས་པའི་ཨ་ཙ་མ། །ངན་སོང་སྡུག་བསྔལ་མྱོང་དྲག་པས། །ཕ་མ་སེམས་ཅན་སྙིང་རེ་རྗེ། །ཁ་ཙམ་ཚིག་ཙམ་མ་ཡིན་པར། །སྙིང་ནས་བཟོད་མེད་བརྩེ་བ་ཡིས། །དྲིན་ལན་ཆོས་ཀྱིས་འཇལ་བར་བྱ། །དེ་ཕྱིར་ཐར་པའི་ལམ་མཆོག་བཙལ། །རང་ཉིད་ཞི་བདེ་འདོད་པ་ཡི། །ཐེག་དམན་སེམས་བསྐྱེད་མ་ཡིན་པར། །ཐེག་ཆེན་བྱང་ཆུབ་སེམས་མཆོག་གིས། །གཞན་ཕན་རྣམ་དག་བསྒྲུབ་པར་བགྱི། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །མངོན་རྟོགས་རྒྱན་ལས་གསུངས་པ་བཞིན། །རྣམ་མཁྱེན་བསྒྲུབ་པའི་དམ་བཅའ་བགོ །ཀུན་རྫོབ་སྙིང་རྗེ་བྱང་སེམས་ཀྱིས། །རྟག་ཏུ་སེམས་ཅན་ཕན་པར་སེམས། །དོན་དམ་བྱང་ཆུབ་སེམས་མཆོག་གིས། །དམིགས་མེད་ཐུགས་རྗེས་སྐྱོང་བར་བྱ། །རྒྱལ་སྲས་ཆེན་པོ་ཞི་བ་ལྷས། །བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་

p. 420

གསུངས་བསླབ་བྱ་ཐར་རྒྱན་ལས། །སེམས་ཅན་བློས་མི་བཏང་བ་དང༌། །སེམས་དེའི་ཕན་ཡོན་དྲན་བྱ་དང༌། །ཚོགས་གཉིས་བསག་པར་བྱ་བ་དང༌། །ཡང་ཡང་བྱང་སེམས་སྦྱང་བ་དང༌། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །དེ་ལྟར་རྣམ་པ་དྲུག་པོ་ཡིས། །འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས། །ཞེས་གསུངས་རྗེ་བཙུན་མི་ལ་ཡིས། །བྱང་ཆུབ་སེམས་ལ་དབང་སྒྱུར་ཞིང༌། །བྱང་ཆུབ་སེམས་ཀྱིས་རྣལ་འབྱོར་སྐྱོངས། །བྱང་ཆུབ་ཆེན་པོ་མྱུར་ཐོབ་ནས། །མར་གྱུར་འགྲོ་བ་འདི་དག་ཀུན། །བྱང་ཆུབ་མཆོག་ལ་སྦྱོར་བར་ཤོག །ཅེས་གསུངས་ཐུགས་བསྐྱེད་སྨོན་ལམ་བཞིན། །ཚད་མེད་བཞི་ཡིས་བློ་སྦྱོང་ཞིང༌། །ཀུན་རྫོབ་བདེན་པས་རྩལ་བསྐྱེད་ནས། །དོན་དམ་བདེན་པའི་རང་ས་ཟིན། །འགྲོ་ཀུན་སྡུག་བསྔལ་སེལ་གྱུར་ཅིག །དེ་ལྟར་རང་དོན་ཡིད་བྱེད་ཀྱི་བློ་སྤངས་ནས། ཀུན་སློང་རྣམ་པར་དག་པའི་སྒོ་ནས་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །
༈ བཞི་པ་ཐ་མལ་གདོས་བཅས་ཀྱི་ལུས་སྣང་ཨ་འཐས་ཞེན་འཛིན་གྱི་འཆིང་བ་འདི་རང་སར་དག་པའི་ཕྱིར། ལུས་ལྷ་ཡི་དཀྱིལ་འཁོར་དུ་གསལ་བ་ནི། ༤༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། སྐད་ཅིག་དྲན་རྫོགས་གཟུགས་སྐུ་འཆར་བའི་གནད། །ཅེས་གསུངས་བདེ་མཆོག་རྒྱ་གཞུང་ལས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །གསུངས་བཞིན་ཀུན་སློང་དག་པ་ཡིས། །རང་ཉིད་སྐད་ཅིག་འཁོར་ལོ་སྡོམ། །རྣམ་པ་ལྷ་ཡི་གསལ་སྣང་གིས། །གདོས་བཅས་འཛིན་པའི་ཞེན་སྣང་བོར། །ངོ་བོ་སྟོང་ལ་རང་བཞིན་གསལ། །དཔེར་ན་ཆུ་ཟླ་འཇའ་ཚོན་བཞིན། །རྣམ་དག་

p. 421

དྲན་པའི་ཡི་དམ་ལྷ། །ཐབས་ཤེས་རྒྱན་དང་ཆ་ལུགས་རྫོགས། །ཞེན་མེད་རང་རིག་རང་གསལ་བ། །ཡོངས་གྲུབ་ཡེ་ཤེས་སྒྱུ་མའི་སྐུ། །དེ་ལྟར་ལྷ་ཡི་སྐུར་སྣང་ཡང༌། །ཞེན་འཛིན་ང་རྒྱལ་མ་ཡིན་པར། །སྟོང་ཉིད་སྙིང་རྗེའི་རང་རྩལ་ལས། །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད། །འགྲོ་བའི་མགོན་པོ་ཏི་རས་ཀྱིས། །བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །བརྟན་དང་བོགས་དབྱུང་རབ་གཞོལ་བྱས། །ཉམས་དང་རྟོགས་པ་ལྷག་གིས་ཤར། །དེ་ཕྱིར་རྨད་དུ་བྱུང་བ་ཡིན། །ཞེས་དང་ཡང་དུ་ཏི་རས་ཀྱིས། །བསྐྱེད་རིམ་སྒོམ་པའི་བྱེ་བྲག་ལ། །མངོན་བྱང་ལྔ་དང་ཆོ་ག་གསུམ། །རྡོ་རྗེ་བཞི་སོགས་མང་གསུངས་ཀྱང༌། །གང་ཟག་བློ་ཡི་བྱེ་བྲག་ཡིན། །དབང་རབ་སྐད་ཅིག་དྲན་རྫོགས་ཀྱིས། །མེ་ཏོག་ཕོག་པའི་ཡི་དམ་ལྷ། །དཀྱིལ་འཁོར་ཞུགས་ཤིང་དབང་བསྐུར་ཐོབ། །གཅིག་ལ་སེམས་ཉིད་གོམས་པར་གྱིས། །རང་སེམས་ལྷ་སྐུར་བརྟན་ཙ་ན། །སྣང་བ་ལྷ་སྐུར་འཆར་བ་ཡིན། །ཞེས་གསུངས་པ་བཞིན་ཉམས་སུ་ལེན་པར་བྱའོ། །
༈ ལྔ་པ་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་ལ་བརྟེན་ནས་རང་རྒྱུད་ལ་ཉམས་རྟོགས་སྐྱེ་དགོས་པའི་ཕྱིར། ༥༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། བླ་མ་བསྒོམས་པས་བྱིན་རླབས་འབྱུང་བའི་གནད། །ཅེས་གསུངས་པས་བརྒྱུད་པའི་བླ་མ་རྣམས་དང༌། ཁྱད་པར་རང་ལ་བཀའ་དྲིན་ཆེ་བའི་བླ་མ་དམ་པ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ། ཡིད་ཁྱེད་ཤེས་ཀྱི་དད་པས་མོས་གུས་བཟོད་མེད་ཀྱི་ངང་ནས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མར་གསུངས། །ཀུན་འདུས་དཔལ་ལྡན་བླ་མ་ལ། །མི་ཕྱེད་དད་པས་གུས་ཕྱག་འཚལ། །བླ་མའི་སྐུ་མཆོག་མཚན་དཔེར་གསལ། །གསུང་མཆོག་ཡི་དམ་བདེ་བ་ཆེ། །ཐུགས་མཆོག་ཤེས་རབ་རྣལ་འབྱོར་མ། །རྩ་གསུམ་འདུས་ཞལ་བླ་མ་ལ། །འབྲལ་མེད་གུས་པས་གསོལ་བ་འདེབས། །སྐུ་

p. 422

ནི་སྤྲུལ་སྐུ་གསུང་ལོངས་སྐུ། །ཐུགས་ནི་སྐྱེ་མེད་ཆོས་ཀྱི་སྐུ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །སྐུ་བཞིའི་བདག་ཉིད་བླ་མ་ལ། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། །དོན་དེ་བཞིན་དཔལ་ལྡན་བླ་མ་ལ། །ཡིད་ཁྱེད་ཤེས་མོས་གུས་ལ་བརྟེན་ནས། །ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཕྱིར། །དགོངས་བརྒྱུད་ཀྱི་བྱིན་རླབས་འཕོ་བར་མཛོད། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་སློང་བར་བྱིན་གྱིས་རློབས། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། །འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །ལུས་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ངག་བདེན་ཚིག་འགྲུབ་པར་བྱིན་གྱིས་རློབས། །སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ལུས་གཅེས་འཛིན་འདི་བྲལ་བར་བྱིན་གྱིས་རློབས། །ངག་གྲག་སྟོང་དུ་ཤེས་པར་བྱིན་གྱིས་རློབས། །སེམས་ཆོས་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བདེ་གསལ་མི་རྟོག་གསུམ་གྱི་ཉམས། །རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །གནས་ལུགས་དེ་བཞིན་ཉིད་ཀྱི་དོན། །མྱུར་དུ་རྟོགས་པར་མཛད་དུ་གསོལ། །བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས། །བདག་རྒྱུད་སྨིན་པར་མཛད་དུ་གསོལ། །བླ་མའི་སྐུ་གསུང་ཐུགས་རྡོ་རྗེའི། །མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །དེ་ལྟར་བློ་གཏད་ལིང་སྐྱུར་གྱིས་གསོལ་འདེབས་ལ་བརྩོན་པར་རིགས་སོ། །འཕྲོས་དོན་ཡིད་ཆེས་འབྱུང་བའི་ཕྱིར་རྒྱབ་སྐྱོར་ལུང་གིས་བསྟན་པ་ནི། མཉམ་མེད་འཛམ་གླིང་གྲགས་པ་ཡིས། །ཕྱག་རྒྱ་ཆེན་པོ་རྟོགས་པ་ཡི། །ཐབས་ལ་མོས་གུས་ལས་གཞན་མེད། །ཅེས་དང༌། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །

p. 423

སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་སྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང༌། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་པ་ལྟར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ཤིང་བྱིན་གྱིས་བརླབ་པ་ཡིན་གསུངས། འབའ་རོམ་པ་ཆེན་པོའི་གསུང་ལ་གཞི་བྱས། གསོལ་འདེབས་འདོན་བདེ་བའི་ཆེད་དུ་སབ་ཁ་ཅུང་ཟད་བགྱིས་པ་འདི་ལ་ནོངས་པ་མེད་པར་སེམས་ཀྱང༌། འགལ་འཁྲུལ་མཆིས་ན་རྩ་གསུམ་ལྷ་ཚོགས་རྣམས་ལ་བཤགས་པར་བགྱིའོ། །༈ དྲུག་པ་ཕྱི་རོལ་གྱི་ཡུལ་སྣ་ཚོགས་ལ་རྣམ་རྟོག་འཕྲོ་བ་དགག་པའི་ཕྱིར། ༦༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། སྟེང་འགགས་ཆེན་པོ་རྣམ་རྟོག་འཇོམས་པའི་གནད། །ཅེས་གསུངས་པས། ལུས་གནད་སྟོང་ར་ཡི་དམ་ལྷ། །གོང་དུ་ལེགས་པར་གསལ་བཏབ་ནས། །དེ་ཡང་རྩ་ཡི་མཚན་ཉིད་ལ། །རྒྱས་བསྡུས་མང་དུ་གསུངས་མོད་ཀྱང༌། །ཁྱད་པར་རྩ་གསུམ་འཁོར་ལོ་བཞི། །དྷཱུ་ཏི་སྒྲིབ་མེད་མདའ་སྨྱུག་ཙམ། །མཐིང་མདོག་སྲོག་ཤིང་ཚུལ་དུ་གནས། །ཡར་སྣེ་ཚངས་བུག་ཧྃ་ཡིག་ནི། །ཐབས་ཀྱི་ངོ་བོ་དཀར་ལ་འཚེར། །མར་སྣེ་གསང་བའི་གནས་རྡོ་རྗེ། །རོ་མ་གཡས་ལ་དམར་བའི་མདངས། །རྐྱང་མ་གཡོན་ལ་དཀར་མདངས་ཅན། །ཡར་སྣེ་སྣ་བུག་གཉིས་སུ་ཟུག །མར་སྣེ་ལྟེ་འོག་སོར་བཞིའི་མཚམས། །ཡི་གེ་ཆ་ལྟར་དྷུ་ཏིར་ཟུག །རྩ་གསུམ་འདུས་མདོར་ཆོས་འབྱུང་དབུས། །ཤེས་རབ་ངོ་བོ་ཨ་ཡིག་དམར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རྩ་འདབ་རེ་བཞིར་བདེ་དྲོད་བསྐྱེད། །སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ། །འདབ་བརྒྱད་འོད་གསལ་སྒོམ་པའི་གནས། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ། །བཅུ་དྲུག་རྨི་ལམ་སྦྱང་བའི་གནས། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ། །སོ་གཉིས་ཟག་མེད་བདེ་ཆེན་བསྐྱེད། །རྩ་འཁོར་སྒོམ་པའི་དུས་སུ་ཡང༌། །གདུགས་ཀྱི་རྩིབས་ལྟར་ཤིག་གེ་བ། །སྙིང་ཁ་སྤྱི་བོ་ཐབས་ཀྱི་ཆ། །རྩ་འདབ་སྣེ་མོ་ཝྃ་གྱི་དབྱིབས། །ལྟེ་བ་མགྲིན་པ་ཤེས་རབ་

p. 424

ཆ། །རྩ་འདབ་སྣེ་མོ་ཆོས་འབྱུང་དབྱིབས། །གདུགས་ལྟར་ཡར་མར་ཐབས་ཤེས་ཀྱི། །དམིགས་པ་དེ་ལྟར་གསལ་བའི་ངང༌། །ཐོག་མར་རླུང་སྐྱོན་བསལ་བ་ནི། །གཡས་གཡོན་དབུས་སུ་གསུམ་གསུམ་འབུད། །ནད་གདོན་ཉོན་མོངས་རྩ་རླུང་གེགས། །དུད་པ་ལྟ་བུར་ཐོན་པར་བསམ། །རྔུབ་དུས་ལྷ་མིའི་ཚེ་བསོད་དཔལ། །འོད་ཟེར་སྣ་ལྔའི་རྣམ་པར་བསྡུས། །རྔུབ་དགང་གཞིལ་བ་མདའ་ལྟར་འཕང་། །དེ་ལྟར་རླུང་སྦྱོར་བཞི་ལྡན་གྱིས། །སྟེང་རླུང་རན་ཙམ་བཟུང་ནས་ཀྱང༌། །བུམ་པ་ཅན་དང་བར་རླུང་བཟུང༌། །ཉོན་མོངས་ཡིད་ཀྱི་རྟོག་ཚོགས་འགགས། །རིག་པ་བདེ་སྟོང་ངོ་བོར་གསལ། །སེམས་ཀྱི་རྟོག་ཚོགས་ཞི་བ་ཡིས། །རླུང་ཡང་རང་བཞིན་ཟིན་པར་འགྱུར། །འབའ་རོམ་ཆེན་པོའི་ཞལ་ནས་ཀྱང༌། །གང་ཞིག་སེམས་ནི་ཞི་བ་དེས། །དེར་ནི་རླུང་ཡང་ཞི་བར་འགྱུར། །གང་ཞིག་རླུང་ནི་ཞི་བ་དེས། །དེར་ནི་སེམས་ཀྱང་ཞི་བར་འགྱུར། །གསུངས་བཞིན་ལྷོད་ཀྱིས་གློད་ནས་ཀྱང༌། །དམིགས་མེད་ངང་དུ་བཞག་པར་བྱ། །ཏི་ཤྲི་རས་པའི་ཞལ་ནས་ཀྱང༌། །རྩ་རླུང་གནད་ཀྱི་མན་ངག་གིས། །སྐྱོན་ཡོན་ཉམས་ཀྱི་སྐྱེ་ཚུལ་དང༌། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིས། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་གོ །ཞེས་གསུངས་རྗེ་བཙུན་ཆེན་པོས་ཀྱང༌། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །གསུངས་བཞིན་ཉམས་སུ་ལེན་པ་ལ། །ལྷོད་མེད་བརྩོན་འགྲུས་བསྐྱེད་པར་བྱ། །ཞེས་རླུང་གི་གེགས་སྐྱོན་རྣམས་མི་འབྱུང་བའི་ཕྱིར་བླ་མའི་ཞལ་ཤེས་ལྟར་ཉམས་སུ་ལེན་པར་བྱའོ། །༈ བདུན་པ་བདེ་བ་ཆེན་པོའི་ཡེ་ཤེས་འཆར་བ་དང༌། དྲོད་མྱུར་དུ་སྐྱེ་བའི་གནད་ཡོད་པའི་ཕྱིར། ༧༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། འོག་འགགས་ཆེན་པོ་བདེ་བ་སྐྱེ་བའི་གནད། །ཅེས་གསུངས་པས། ལུས་གནད་སྟོང་ར་རྩ་འཁོར་སོགས། །དམིགས་པ་གསལ་ཞིང་རླུང་རོ་བསལ། །རླུང་སེམས་གཉིས་མེད་བསྐྱེད་རྫོགས་ཀྱིས། །སྦྱོར་བ་བཞི་

p. 425

ལྡན་ཉམས་སུ་ལེན། །ཐོག་མར་སྟེང་རླུང་མནན་པའི་རྗེས། །འོག་རླུང་ལན་གསུམ་ཡར་འཐེན་ཞིང༌། །དྲག་ཏུ་བསྡམ་ཞིང་སྲིན་པོ་བསྐུམ། །ཤེད་སྒྲིམ་ལུས་པོ་ཅུང་ཟད་སྒུར། །ལི་རི་ལྟ་བུར་བསྒྲིམ་པར་བྱ། །རླུང་སེམས་དྷཱུ་ཏིར་ཚུད་པ་ཡིས། །བདེ་དྲོད་མྱུར་དུ་སྐྱེ་བ་དང༌། །ཟག་མེད་བདེ་ཆེན་འཆར་བར་གསུངས། །དེ་ཡང་རླུང་བཅུ་ཟིན་པ་ནི། །དང་པོ་རྩ་བའི་རླུང་ལྔ་ལས། །ས་རླུང་མེ་མཉམ་ལྟེ་བར་གནས། །དྭངས་སྙིགས་འབྱེད་ཅིང་ཉམས་དུ་བ། །ཆུ་རླུང་ཁྱབ་བྱེད་སྤྱི་བོར་གནས། །བྱེད་ལས་བརྐྱང་བསྐུམ་སྨིག་རྒྱུའི་ཉམས། །མེ་རླུང་གྱེན་རྒྱུ་མགྲིན་པར་གནས། །བྱེད་ལས་ཟས་སྐད་མེ་སྟག་ཉམས། །རླུང་གི་རླུང་ནི་ཐུར་སེལ་རླུང༌། །བཤང་མཚན་བར་གནས་འབྱིན་སྡོམ་བྱེད། །མར་མེ་ལྟ་བུའི་ཉམས་སྣང་འཆར། །མཁའ་རླུང་སྲོག་འཛིན་སྙིང་ཁར་གནས། །བྱེད་ལས་དྲན་ཚོར་སྤྲིན་བྲལ་ཉམས། །རླུང་ཟིན་ཡོན་ཏན་བཀྲག་མདངས་རྒྱས། །རང་ལུས་མཉེན་ཞིང་རིག་པ་དྭངས། །བདེ་དྲོད་སྐྱེ་ཞིང་ཤེས་རབ་གསལ། །གཉིས་པ་ཡན་ལག་རླུང་ལྔ་ནི། །རྒྱུ་བའི་རླུང་ཞེས་ས་ཡི་རླུང༌། །བྱེད་ལས་གཟུགས་ཀྱི་བྱེ་བྲག་འབྱེད། །རབ་ཏུ་རྒྱུ་བ་ཆུ་ཡི་རླུང༌། །བྱེད་ལས་སྒྲ་ཡི་བྱེ་བྲག་འབྱེད། །རྣམ་པར་རྒྱུ་བ་མེ་ཡི་རླུང༌། །དྲི་ཡི་བྱེ་བྲག་འབྱེད་པར་བྱེད། །ཤིན་ཏུ་རྒྱུ་བ་རླུང་གི་རླུང༌། །རོ་ཡི་བྱེ་བྲག་འབྱེད་པར་བྱེད། །ཤིན་ཏུ་རྣམ་རྒྱུ་ནམ་མཁའི་རླུང༌། །བྱེད་ལས་རེག་བྱའི་བྱེ་བྲག་འབྱེད། །དེ་བཞིན་གཟུགས་སྒྲ་དྲི་རོ་རེག །ཡོན་ཏན་ལམ་གྱི་གྲོགས་སུ་འཆར། །འབྱུང་བ་ལྔ་ཡི་རླུང་ཁ་དོག །ས་རླུང་སེར་པོ་ཆུ་རླུང་དཀར། །རླུང་གི་རླུང་ལྗང་མེ་རླུང་དམར། །ནམ་མཁའི་རླུང་ནི་མཐིང་ཀའོ། །ཡང་དུ་འགྲོ་མགོན་རས་པ་ཡིས། །རླུང་རྣམས་དབུ་མར་ཚུད་པའི་གནད། །དུག་ལྔའི་རྟོག་ཚོགས་རང་སར་ཞི། །ལྟེ་བར་གཏུམ་མོ་འབར་བའི་གནད། །ལུས་ལ་བདེ་དྲོད་སྐྱེ་བ་ཡིན། །

p. 426

འདི་ཉིད་ཡུན་དུ་གོམས་པའི་གནད། །བདེ་གསལ་མི་རྟོག་ངང་གིས་འཆར། །རྩོལ་མེད་མི་རྟོག་འཆར་བའི་གནད། །རྟོགས་པའི་ཡེ་ཤེས་འཆར་བར་གསུངས། །དེ་ལྟར་སྦྱོར་བའི་ཆོས་བདུན་ལ་ནན་ཏན་དུ་བྱ་བར་རིགས་སོ། །༈ རྩ་བའི་དོན་གཉིས་པ་དངོས་གཞིའི་ཆོས་ལྔ་ནི། དང་པོ་སྒོམ་བཏབ་བྱ་བའམ། སེམས་ཀྱི་བཞག་ཐབས་བསྟན་པ་ནི། དེ་ཡང་ཆུ་མ་རྙོག་ན་དྭངས། སེམས་མ་བཅོས་ན་གསལ། ཞེས་པ་ལྟར། ༡༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། བཏང་སྙོམས་ཆེན་པོ་ཡེ་ཤེས་འཆར་བའི་གནད། །ཅེས་གསུངས་པས། རང་གི་སེམས་ཉིད་གདོད་མ་ནས། །རང་བཞིན་རྣམ་དག་ཆོས་ཀྱི་སྐུ། །རང་སེམས་འཕྲོ་འདུ་ཐམས་ཅད་ཀུན། །རང་རིག་ཡེ་ཤེས་རོལ་པའི་རྩལ། །དགེ་དང་མི་དགེའི་བྱེ་བྲག་དང༌། །སྣ་ཚོགས་སྣང་བའི་འཆར་སྒོ་ལ། །དགག་སྒྲུབ་མེད་པར་རོ་སྙོམ་ཞིང༌། །བཏང་སྙོམས་ཆེན་པོའི་ངང་དུ་བཞག །མ་བཅོས་གཉུག་མ་རང་བབས་སུ། །ལྷོད་ཀྱིས་གློད་ལ་ཙེན་གྱིས་ཞོག །འདས་པའི་རྟོག་པ་རྗེས་མི་གཅོད། །མ་འོངས་ཤེས་པ་སྔོན་མི་བསུ། །ད་ལྟ་བ་ལ་ཡིད་བྱེད་བྲལ། །བརྗོད་མེད་ངོ་བོ་གོམས་པར་བྱ། །ཤེས་པ་ཡུལ་ལ་ཕར་མ་སྤྲོ། །རྣམ་རྟོག་སེམས་ལ་ཚུར་མི་བསྡུ། །སྣ་ཚོགས་སྣང་བའི་ཆོ་འཕྲུལ་འདི། །སྣང་བ་ལྷན་སྐྱེས་ཆོས་སྐུའི་འོད། །སྣང་ཙམ་ཉིད་ནས་ངོ་བོས་སྟོང༌། །སྣ་ཚོགས་རང་གྲོལ་ཆོས་ཀྱི་སྐུ། །འོད་གསལ་རྒྱུན་ཆད་མེད་པའི་ཉམས། །བསམ་བརྗོད་བྲལ་བའི་ངེས་ཤེས་རྙེད། །སྐྱེ་འགག་གནས་གསུམ་བྲལ་བར་རྟོགས། །རྩོལ་མེད་རང་བྱུང་ཡེ་ཤེས་འཆར། །སེམས་ཉིད་ཕྱག་རྒྱ་ཆེན་པོ་འདི། །རང་བཞིན་རྣམ་དག་ལྷུན་གྱིས་གྲུབ། །དཔེར་ན་ནམ་མཁའི་མཚན་ཉིད་བཞིན། །རང་རིག་ཡེ་ཤེས་ཉམས་སུ་མྱོང༌། །ཡེ་ཤེས་ཕྲེང་བའི་རྒྱུད་ལས་ཀྱང༌། །དངོས་པོ་བསྐལ་པར་བསྒོམས་པ་བས། །རང་རིག་སྐད་ཅིག་ཐོས་པ་གཉིས། །བརྒྱ་སྟོང་ལ་སོགས་ཆར་མི་ཕོད། །དཔེར་ན་མཚོ་དང་

p. 427

གླང་རྗེས་བཞིན། །ཞེས་དང་རྩ་བ་ཤེས་རབ་ལས། །ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་མགོན་པོ་ཀླུ་སྒྲུབ་ཀྱིས། །བྱ་བ་ཐམས་ཅད་བློས་བཏང་ལ། །གང་ལ་གནས་པའི་དོན་ལ་བཞག །མ་བཅོས་པ་ཉིད་མ་ནོར་བ། །བདེ་བ་ཆེན་པོའི་རང་སོ་ཉིད། །ཞེས་གསུངས་པཎ་ཆེན་ནཱ་རོ་པས། །ཕྱག་རྒྱ་ཆེན་པོར་བརྗོད་བྱ་བ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་ངོ་བོས་སྟོང༌། །སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོས་སྟོང་པ་ནམ་མཁའ་འདྲ། །ཆོས་ཀུན་མཁའ་འདྲར་གནས་པའོ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ནི། །རང་གི་ངོ་བོ་བསྟན་དུ་མེད། །དེ་ཕྱིར་སེམས་ཀྱི་དེ་བཞིན་ཉིད། །ཕྱག་རྒྱ་ཆེན་པོའི་ངང་ཉིད་དོ། །ཞེས་གསུངས་པས་ལྟ་བ་ཕྱག་རྒྱ་ཆེན་པོ་ལ་སྣང་བ་དང་རིག་པ་ཟུང་འཇུག་གསུམ་གྱི་སྒོ་ནས་བསྟན་པའོ། །༈ གཉིས་པ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་བསྒོམས་ན་མཉམ་བཞག་ལ་བརྟན་པ་ཐོབ་ཅིང་སེམས་ཉིད་རང་ངོ་འཕྲོད་ནས་ཆོས་སྐུ་མངོན་དུ་བྱེད་པའི་ཕྱིར། ༢༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། མ་ཡེངས་རྩེ་གཅིག་ཆོས་སྐུ་འཕེལ་བའི་གནད། །ཅེས་གསུངས་པས། བདེ་བ་ཆེན་པོ་རང་གི་སེམས། །འཁྲུལ་དབང་གློ་བུར་རྐྱེན་བྱུང་ཡང༌། །རྒྱ་མཚོ་དྭངས་པའི་དཔེ་བཞིན་དུ། །མ་བཅོས་གཉུག་མ་རྒྱལ་བའི་ཐུགས། །གཉེན་པོ་ལོགས་སུ་མི་བཙལ་བར། །གང་ཤར་དེ་ཡི་ངོ་བོ་ལ། །ཅེར་གྱིས་བལྟས་པས་དེ་ཉིད་མཐོང༌། །སྤྱོད་ལམ་རྣམ་བཞིར་མ་ཡེངས་པར། །ངོས་བཟུང་རང་བཞིན་མེད་པར་བཞག །གཞི་མེད་རྩ་བྲལ་ལྷག་གིས་འཆར། །དེ་ཡང་ལྷོད་ཀྱིས་གློད་ན་གསལ། །དེ་ཉིད་ངང་དུ་རྩེ་གཅིག་ཏུ། །མ་ཡེངས་དྲན་རྫི་མ་བྲལ་བ། །བློས་བྱས་སྒོམ་གྱིས་མ་བསླད་པར། །མ་བཅོས་གཉུག་མ་སྐྱོང་ཤེས་ན། །

p. 428

གཉིས་འཛིན་འཁྲུལ་པ་རང་གྲོལ་གྱི། །སེམས་ཉིད་ཆོས་སྐུ་མངོན་དུ་བྱེད། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །སྤྱན་རས་གཟིགས་ཀྱིས་འདི་སྐད་གསུངས། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་སོར་བཞག་ན། །དེ་ལྟར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་དང་རྒྱལ་བ་བྱམས་པས་ཀྱང༌། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་བྲམ་ཟེ་ཆེན་པོ་ས་ར་ཧས། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འདི། །ཕྱག་རྒྱ་ཆེན་པོ་སྒོམ་པ་ཡིན། །ཞེས་དང་རི་ཁྲོད་དབང་ཕྱུག་གིས། །གང་ལའང་སྐྱོན་དུ་མི་ལྟ་ཞིང༌། །ཅི་ཡང་མ་ཡིན་ཉམས་སུ་བླང༌། །སྒོམ་དུ་མེད་པར་བསྟན་མོད་ཀྱང༌། །ལེ་ལོ་བཏང་སྙོམས་དབང་མི་བཏང༌། །ཞེས་གསུངས་འགྲོ་མགོན་ཏི་རས་ཀྱིས། རྩེ་གཅིག་སེམས་ཀྱི་རང་བཞིན་མཐོང༌། །དང་པོ་སིང་ངེ་ཡེ་རེ་བ། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེ། །སྒོམ་དུས་དངོས་མེད་སྟོང་པ་སྐྱེ། །འོན་ཀྱང་ཉམས་ཀྱི་ཞེན་པ་ཡིན། །མ་ངེས་བསམ་གཏན་གཉིས་པའོ། །ཞེས་གསུངས་པཎ་ཆེན་ནཱ་རོ་པས། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་གདལ་ཆེན་པོར་བས། །རང་བཞིན་མ་བཅོས་ལྷུག་པར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་སྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །མཁའ་དང་ཆོ་འཕྲུལ་ཇི་ལྟ་བར། །སྒོམ་དང་མི་སྒོམ་གཉིས་མེད་པས། །བྲལ་དང་མ་བྲལ་ག་ལ་ཡོད། །རྣལ་འབྱོར་པས་ནི་དེ་ལྟར་རྟོགས། །ཞེས་གསུངས་པས་སྒོམ་པ་ཕྱག་རྒྱ་ཆེན་པོ་ལ་གནས་ལུགས་དང་རང་བཞིན་རྟོགས་ཚུལ་སོགས་ཀྱིས་བསྟན་པའོ། །༈ གསུམ་པ་གསལ་ཆ་ཡོད་ལ་འཛིན་པ་མེད་པ་གསལ་སྟོང་ཟུང་འཇུག་ཐུན་ཐུང་ལ་གྲངས་མང་བ་གསལ་

p. 429

དྭངས་ངར་དང་བཅས་པའི་ངང་ནས་ངལ་གསོ་ཞིང་ཡང་ཡང་མུ་མཐུད་དེ་བསྒོམ་པར་བྱ་བ་ནི། ༣༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། གསལ་ལ་ཡུན་ཐུང་བྱིང་རྒོད་འཇོམས་པའི་གནད། །ཅེས་གསུངས་པས། རང་བྱུང་རིག་པ་རང་གསལ་འདི། །མ་བཅོས་སྤྲོས་བྲལ་བདེ་བ་ཆེ། །ཀུན་ཁྱབ་ནམ་མཁའ་ལྟ་བུའི་ངང༌། །རང་གསལ་རིག་པ་སོ་མར་བཞག །སྣ་ཚོགས་སྣང་བའི་ཆོ་འཕྲུལ་འདི། །གང་ཤར་ཆོས་སྐུའི་ཀློང་དུ་གྲོལ། །འཕོ་འགྱུར་མཚན་མས་མ་བསླད་པར། །ཞེན་འཛིན་བྲལ་བའི་ངང་དུ་གློད། །རང་སྣང་ལྷུན་གྲུབ་ཡེ་ཤེས་འདི། །རང་གསལ་རིག་པའི་ངང་ལ་གནས། །རང་རིག་ཅི་ཡང་མི་རྟོག་པ། །རང་གནས་ཡེ་ཤེས་སེམས་སུ་གསལ། །འགྲོ་བའི་མགོན་པོ་ཏི་རས་ཀྱིས། །སེམས་ཀྱི་རང་བཞིན་གདོད་ནས་སྟོང༌། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །གཉིས་མེད་ཟུང་འཇུག་བདེ་བ་ཆེ། །སྤྲོས་བྲལ་སེམས་ཀྱི་ངོ་བོ་ཡིན། །ཞེས་གསུངས་མཉམ་མེད་སྒམ་པོ་པས། །རྣམ་རྟོག་ཆོས་སྐུ་ལགས་པར་གདའ། །གཉེན་པོས་བཅོས་སུ་མེད་པར་གདའ། །རིག་པ་གསལ་བའི་ངང་དུ་གདའ། །ཞེས་གསུངས་བཞད་པ་རྡོ་རྗེ་ཡིས། །ཡུན་ཐུང་བ་ལ་ལན་མང་བསྒོམ། །ལན་མང་བསྒོམས་པས་སྐྱོན་མེད་གོམས། །སྐྱོན་མེད་གོམས་ཤིང་བརྟན་པ་ལ། །རྫོགས་པའི་སངས་རྒྱས་འབྱུང་བ་ཡིན། །ཅེས་གསུངས་རྒྱུད་ལས་ཀྱང༌། །རང་སེམས་རྟོགས་པའི་སྒོམ་པ་ལ། །གཅིག་ཆར་བསྟུན་ཏེ་འཇུག་ནུས་ན། །སྒོམ་པའི་ཐུན་ལ་རིང་ཐུང་མེད། །ནམ་གྲུབ་བསམ་པའི་ཁར་མ་ལུས། །ཞེས་དང་ཀླུ་ཡི་དབང་པོས་ཀྱང༌། །སེམས་ཀྱི་འཇུར་བུ་གློད་ལ་བཞག །བླ་མ་ཉིད་ཀྱང་མཉམ་བཞག་ལ། །ཐུན་གྱི་ངེས་པ་ཡོད་མ་ཡིན། །ཅི་ཙམ་གནས་པའི་བར་ལ་བཞག །ཅེས་གསུངས་སློབ་དཔོན་ནཱ་རོ་པས། །དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །

p. 430

ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །འགྲོ་དང་འདུག་དུས་ག་ལ་ཡོད། །དགོན་པར་ཕྱིན་ན་བསམ་གཏན་ཅི། །དེ་ཉིད་མ་རྟོགས་གང་གིས་ཀྱང༌། །གནས་སྐབས་ཙམ་ལས་གྲོལ་མི་འགྱུར། །དེ་ཉིད་རྟོགས་ན་གང་གིས་འཆིང༌། །ངང་ལ་མ་ཡེངས་གནས་པ་ལས། །མཉམ་པར་བཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་བསྒོམ་དུ་མེད། །ཅེས་གསུངས་པ་ནི། སྤྱོད་པ་ཕྱག་རྒྱ་ཆེན་པོ་ལ། རང་གྲོལ་དང༌། རོ་སྙོམས། དབྱེར་མེད་སོགས་ཀྱིས་བསྟན་པའོ། །༈ བཞི་པ་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི། དེའང་དཔེར་ན་ཆུ་སྔ་མ་བབས་པའི་རྗེས་ལ་ཕྱི་མ་འབབ་པས་མཐའ་ཡི་རྒྱ་མཚོ་ལ་ཐུག་གི་བར་དུ་རྒྱུན་མི་འཆད་པར་འབབ་པ་བཞིན་དུ། རང་གི་རིག་པ་ཆོས་ཀྱི་སྐུ་སེམས་ཉིད་ལྷན་ཅིག་སྐྱེས་པ་གསལ་བའི་ངང་རྒྱུན་ཆད་མེད་པར་བསྒོམས་ན་བར་ཆད་གང་གིས་ཀྱང་མི་ཚུགས་པའི་ཕྱིར། ༤༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། ཆུ་བོ་རྒྱུན་སྒོམ་བར་ཆད་མེད་པའི་གནད། །ཅེས་གསུངས་པས། འཁོར་འདས་གཉིས་མེད་འོད་གསལ་བ། །མཉམ་ཉིད་ཡེ་ཤེས་བདེ་བ་ཆེ། །སྐྱེ་འགག་གནས་གསུམ་བྲལ་བའི་ངང༌། །ཆུ་བོའི་རྒྱུན་བཞིན་ཉམས་སུ་ལེན། །རང་བྱུང་ཡེ་ཤེས་ལྷུན་གྲུབ་ལ། །བྱ་རྩོལ་བསྒྲུབ་བྱ་མ་མཆིས་པས། །གཉིས་འཛིན་བག་ཆགས་རང་སར་དག །རེ་དོགས་མཚན་མས་ག་ལ་འཆིང༌། །སྣང་སེམས་སྟོང་པ་འོད་གསལ་བ། །ལྷུན་གྲུབ་བདེ་ཆེན་འདུས་མ་བྱས། །སྐུ་གསུམ་རོལ་པའི་ཡེ་ཤེས་རྩལ། །ཐམས་ཅད་ཁྱབ་གདལ་ཆོས་དབྱིངས་ཀློང༌། །འགྲོ་མགོན་ཏི་ཤྲི་རས་པ་ཡིས། །སེམས་ཀྱི་མཚན་ཉིད་སྣ་ཚོགས་པ། །ཐམས་ཅད་མཉམ་ཉིད་དེ་བཞིན་ཉིད། །དགག་སྒྲུབ་མེད་པར་རྟོགས་པ་དེ། །རོ་གཅིག་རྣལ་འབྱོར་དང་པོ་ཡིན། །ཞེས་དང་མི་ལ་རས་ཆེན་གྱིས། །སངས་རྒྱས་ཡོན་ཏན་སྐྱེ་བ་ལ། །སྐྱིད་སྡུག་ཐེག་པའི་ཞེ་བཅད་འཚལ། །ཆུ་བོ་མ་གིར་དཔེ་ལོངས་ལ། །རྒྱུན་ཆད་མེད་པའི་སྒོམ་ཞིག་མཛོད། །བླ་མའི་བྱིན་རླབས་འཇུག་པ་ལ། །མོས་

p. 431

གུས་རྒྱུན་ཆད་མེད་པར་འཚལ། །བྱང་སེམས་བློ་གྲོས་རིན་ཆེན་གྱིས། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས། །རྟག་ཏུ་གནས་པའི་དོན་དེ་ལ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ། །རང་ལས་གཞན་དུ་བཙལ་དུ་མེད། །ཞེས་གསུངས་ནཱ་རོ་ཆེན་པོས་ཀྱང༌། །འདི་ལ་གང་ཡང་མ་གྲུབ་སྟེ། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་ཀྱི་སྐུ། །ཆུ་བོ་ཆེན་པོའི་རྒྱུན་འབབ་ལྟར། །ཇི་ལྟར་སྤྱད་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེ། །ཆོས་རྣམས་རང་རང་ངོ་བོས་སྟོང༌། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་མི་བྱེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས་པ་ནི། འབྲས་བུ་ཕྱག་རྒྱ་ཆེན་པོ་ལ། སྣང་སྲིད་དང༌། འཁོར་འདས་མཐར་ཐུག་སོགས་ཀྱིས་བསྟན་པ་དགེ་ལེགས་འཕེལ། ༈ ལྔ་པ་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་གང་སྐྱེས་ཀྱང་དེ་ཉིད་ཀྱི་སྟེང་དུ་ལྷོད་ཅིང་བསྒོམས་པས། དེ་རང་གི་མཚན་ཉིད་ཤེས་པར་འགྱུར་ཞིང༌དེ་རང་གྲོགས་སུ་འཆར་བའི་ཕྱིར། ༥༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། ཉོན་མོངས་ཐོག་བརྫི་དགག་སྒྲུབ་མེད་པའི་གནད། །ཅེས་གསུངས་པས། གང་གིས་འཆིང་བར་བྱེད་པའི་རྒྱུ། །དེ་ཉིད་གྲོལ་བར་བྱེད་པའི་ལམ། །བདེ་ཆེན་ལམ་ལ་བརྟེན་ནས་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །སྒོམ་མེད་དོན་དང་འབྲལ་མེད་མཆོག །གཉིས་མེད་ལྷན་སྐྱེས་བདེ་བ་ཆེ། །དམིགས་མེད་ཤེས་རབ་ཆེན་པོ་ཡིས། །ཉོན་མོངས་རྟོག་ཚོགས་རྣམ་པར་གྲོལ། །ཡིད་བཞིན་ནོར་བུ་ཇི་བཞིན་དུ། །མ་ལུས་འགྲོ་བའི་དོན་བྱེད་ཅིང༌། །ཐམས་ཅད་ནམ་མཁའི་མཚན་ཉིད་ལྟར། །རྣམ་པར་སྒོམ་པ་ཅི་ཡང་མེད། །མཉམ་མེད་འགྲོ་མགོན་ཏི་རས་ཀྱིས། །རྟོགས་པ་མངོན་དུ་གྱུར་པ་ལ། །བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད། །སྒྲིབ་པ་མེད་ཅིང་སྒྲིབ་མཁན་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །སེམས་ཉིད་ཆོས་སྐུ་རྣམ་དག་

p. 432

ལ། །སྒྲིབ་པ་ཆགས་པའི་གནས་མ་ཡིན། །ཞེས་གསུངས་བཞད་པ་རྡོ་རྗེ་ཡིས། །རྣལ་འབྱོར་མི་ལ་རས་པ་ངས། །ཅེར་གྱིས་བལྟས་པས་ངོ་བོ་མཐོང༌། །སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང༌། །ཅོག་གིས་བཞག་པས་གནས་ལུགས་རྟོགས། །དངོས་ཀུན་སྟོང་པའི་ངོ་བོར་རྟོགས། །ལྷོད་ཀྱིས་གློད་པས་རང་ས་ཟིན། །རིག་པའི་ཆུ་བོ་དྭངས་སྙིགས་ཕྱེ། །ལིང་གིས་བོར་བས་དྲན་རྟོག་ཆད། །རིགས་དྲུག་གཡང་ས་རྦད་ཀྱིས་ཆོད། །སངས་རྒྱས་སེམས་སུ་ངོ་ཤེས་པས། །ཞེ་འདོད་བསྒྲུབ་བྱ་མ་མཆིས་སོ། །རྟོགས་པ་ནང་ནས་ཤར་ཙ་ན། །མུན་པར་ཉི་མ་ཤར་བ་བཞིན། །བཅོས་མེད་རང་སར་ཡལ་ནས་ཐལ། །ཞེས་གསུངས་རྒྱལ་བ་མཻ་ཏྲི་པས། །ཆོས་རྣམས་རང་རང་ངོ་བོས་སྟོང༌། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་བྱར་མེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས་སོ། །༈ རབ་བྱུང་བཅུ་བདུན་མེ་ཕག་ལོར། །ཆོས་འཁོར་ཟླ་བའི་ཉེར་གསུམ་གྱི། །ཐོ་རངས་ཉམས་རྨིས་འདྲེས་མའི་ངང༌། །རང་གི་སྤོང་ཁང་ཕྱོགས་བཞི་ཀ །ཕྱི་ནང་སྒྲིབ་མེད་ཤེལ་བུམ་ལྟར། །ཡངས་ཤིང་རྒྱ་ཆེར་གྱུར་པ་ཡི། །སྟེང་ཕྱོགས་མདུན་གྱི་ནམ་མཁའ་རུ། །རྗེ་བཙུན་ཆེན་པོ་ནཱ་རོ་པ། །གཅེར་བུ་རུས་རྒྱན་ཨང་རག་གསོལ། །མེ་ཐབ་དྲུག་ཆིང་བཞུགས་སྟངས་ཀྱིས། །ཕྱག་གཉིས་སྡིགས་མཛུབ་བསྣོལ་སྟབས་བཅས། །དགྱེས་འཛུམ་ལྡན་པའི་ཞལ་ནས་ཀྱང༌། །སྐྱེ་འགག་འགྲོ་འོང་གནས་པ་བྲལ། །རང་རིག་ཡེ་ཤེས་བརྗོད་དུ་མེད། །ཐམས་ཅད་ནམ་མཁའི་མཚན་ཉིད་ལྟར། །དངོས་སྣང་སྒྱུ་མ་ཞེན་མེད་སྤྱོད། །ཅེས་གསུངས་ནམ་མཁར་ཧྲིག་གེར་གཟིགས། །གནས་ཁང་བླ་མ་རང་ལུས་གསུམ། །དབྱེར་མེད་སྐད་ཅིག་མི་སྣང་བར། །བརྗོད་མེད་རིག་སྟོང་རྗེན་པའི་ངང༌། །དར་གཅིག་ལུས་འཕྲོར་གཉིད་ལས་སངས། །ཆོས་རྣམས་ཐམས་ཅད་བདེན་མེད་དུ། །སྒྱུ་མ་ལྟ་བུའི་ངེས་ཤེས་རྙེད། །བྱིན་རླབས་བབས་སོ་ཡོད་ན་སྙམ། །ཞེས་པའང་སྤྱིར་ཉམས་ཤར་ཁྲིད་ཡིག་ཤོ་ལོ་ཀའམ། ཚིག་རྐང་རེ་ཟུང་འཆར་གྲངས་མང་ཡང་བླ་མ་དངོས་མཇལ་ལྟ་བུའི་ཞལ་གསུང་ཁྱད་པར་ཅན་འདི་རང་ངོས་ནས་ཡིད་ཚིམ་པོ་བྱུང་བས་བྱིན་རླབས་ཆེ་བར་འདུག་སྙམ་འདིར་དངོས་གཞིའི་ཁྲིད་རིམ་ནང་དུ་བཞག་པ་ཡིན།

p. 433

༈ གང་ཟག་དབང་པོ་རབ་འབྲིང་ཐ་མའི་དབང་གིས། མཉམ་རྗེས་དབྱེར་མེད་དང༌། སྒྱུ་མ་ལྟ་བུའི་ངེས་ཤེས་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་དོན་ལ་གོམས་པར་བྱ་བ་སོགས། གྲུབ་ཐོབ་གོང་མ་རྣམས་ཀྱི་གསུང་བཞིན་ཉམས་སུ་ལེན་པར་བྱ་བ་ནི། ༡༽ ཆོས་རྗེ་དཔལ་ལྡན་རྒྱལ་བ་འབའ་རོམ་པའི་ཞལ་ནས། རྨི་ལམ་ལ་སོགས་རྗེས་ཐོབ་བསྲེ་བའི་གནད། །ཅེས་གསུངས་ཏེ། དེ་ཡང་སེམས་ཉིད་ངོ་བོ་ལ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །རིག་པ་གསལ་བའི་དོན་ལ་གནས། །བདེ་སྟོང་དབྱེར་མེད་ཟུང་འཇུག་ལ། །གོམས་པ་མཐར་ཕྱིན་དབང་པོ་རབ། །རྗེ་འབའ་རོམ་པ་ཡི་ཞལ་ནས་ཀྱང༌། །མཉམ་བཞག་རྗེས་ཐོབ་དུས་མཉམ་པ། །དཔེར་ན་རྒྱུན་འབབ་ཆུ་བོ་ལ། །དཔའ་བོས་རལ་གྲི་བཏབ་པ་འདྲ། །ཞེས་གསུངས་དཔེ་དོན་རྒྱུད་ལ་སྦྱར། །འགྲོ་བའི་མགོན་པོ་ཏི་རས་ཀྱིས། །འཁོར་འདས་ཆོས་རྣམས་མ་ལུས་ཀུན། །དྲི་ཟའི་གྲོང་དང་སྒྱུ་མའི་དཔེ། །ཞེས་གསུངས་དོན་བཞིན་རྟོག་ཚོགས་ཀུན། །དངོས་སྣང་གོམས་པའི་བག་ཆགས་ཀྱིས། །མེད་ལ་བདེན་ཞེན་བྱེད་པ་འཁྲུལ། །བདེན་མེད་སྒྱུ་མ་རྨི་ལམ་བཞིན། །དབང་པོ་འབྲིང་གིས་ཉམས་སུ་མྱོང༌། །འགྲོ་མགོན་ཏི་ཤྲི་རས་པ་ཡིས། །དུག་ལྔའི་ནད་ཀྱིས་ཐེབས་པ་ཡིས། །རྟག་པར་འཛིན་པའི་སྐྱེས་བུ་ལ། །སྒྱུ་མའི་ཆོས་ཀྱིས་སྨིན་གྲོལ་བྱ། །ཞེས་གསུངས་དོན་བཞིན་རྒྱུད་ལ་སྦྱར། །དུག་ལྔའི་རྟོག་ཚོགས་གང་སྐྱེས་ཀྱང༌། །མེ་ལོང་ངོས་ཀྱི་གཟུགས་བརྙན་བཞིན། །རྗེས་ཐོབ་སྒྱུ་མ་ལྟ་བུའི་བློས། །དབང་པོ་ཐ་མས་ཡང་ཡང་སྦྱང་། །མདོར་ན་འཁོར་གསུམ་ཡོངས་དག་གིས། །དམིགས་མེད་རང་གྲོལ་ཕྱག་རྒྱ་ཆེ། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །མཉམ་རྗེས་བྲལ་བར་བྱིན་གྱིས་རློབས། །ཆོས་རྗེ་དཔལ་ལྡན་འབའ་རོམ་པས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅི་ཡང་མ་ཡིན་ཁས་ལེན་བྲལ། །ཅིར་ཡང་སྣང་བ་ངོ་མཚར་ཆེ། །ཞེས་གསུངས་ཡང་

p. 434

དུ་འབའ་རོམ་པས། །གཉིས་མེད་ཤེས་པ་ཐུག་ཕྲད་ལ། །མཉམ་བཞག་རྗེས་ཐོབ་རིམ་པ་མེད། །ཆུ་དང་ཆུ་རླབས་ཇི་བཞིན་དུ། །ཐ་དད་དུ་ནི་མ་ལྟ་ཞིག །ཅེས་གསུངས་དེ་བཞིན་ཉམས་སུ་ལེན། །དེ་དག་ཆོས་རྗེ་སྒམ་པོ་པ། །དཔལ་ལྡན་འབའ་རོམ་ཡབ་སྲས་ཀྱི། །ཞལ་གདམས་གནད་ཀྱི་ཆོས་བཅུ་གསུམ། །མན་ངག་ལུང་གིས་ཟུར་བརྒྱན་ཅིང༌། །གོ་དོན་ཅུང་ཟད་ཁ་གསབ་བཅས། །དངོས་གཞིའི་ཁྲིད་རིམ་གཉིས་པའོ། །
༈ རྩ་བའི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གེགས་སེལ་བོགས་འདོན་སོགས་རྒྱས་པར་ནཱ་རོའི་གཟེར་ལྔ་དང༌། བཀའ་བརྒྱུད་གོང་མའི་གསུང་ཁྱད་པར་ཅན་རྣམས་ལས་ཤེས་པར་བྱའོ། །འདིར་བསྡུས་དོན་ཅུང་ཟད་འགོད་པ་ལ། རྗེས་ཀྱི་རིམ་པ་སྤྱི་འགྲོ་ནི། །ཚེ་འདིའི་ཆེད་དུ་སྒྲུབ་པ་ཡི། །འཇིག་རྟེན་ཆོས་བརྒྱད་ལ་ཞེན་པའི། །ལོག་འཚོ་རྣམ་པ་ལྔ་བསྟེན་ཅིང༌། །དཀའ་སྤྱད་སྙིང་རུས་གོ་ལོག་གིས། །རྣམ་གཡེང་བྱ་བས་བྲེལ་བ་ལ། །རྟག་ཏུ་འབད་བརྩོན་མི་བྱེད་པར། །རང་རྒྱུད་ཆོས་དང་མཐུན་མིན་སོགས། །རང་གིས་རང་ལ་བསྐོར་གདབ་བྱ། །སྤྱོད་ལམ་རྣམ་བཞི་ཀུན་ཏུ་ཡང༌། །ཡེངས་མེད་དྲན་པས་ཟིན་པ་དང༌། །འཛིན་མེད་མ་བཅོས་གཉུག་མའི་གཤིས། །ཞི་ལྷག་དབྱེར་མེད་ཉམས་སུ་ལེན། །ཉམས་རྟོགས་བཟང་ངན་གང་ལ་ཡང༌། །ཆགས་ཞེན་སྤང་བླང་མི་བྱ་བར། །བློས་བྱས་སྒོམ་གྱིས་མ་བསླད་པར། །གང་ཤར་འཛིན་མེད་ངོ་བོ་སྐྱོང་། །གོལ་ཤོར་དགྲར་ལངས་ནད་དང་གདོན། །བདེ་གསལ་མི་རྟོག་ཉམས་སྣང་ཀུན། །ཐམས་ཅད་སྐུ་གསུམ་རོལ་པའི་རྩལ། །རང་གྲོལ་ཆེན་པོས་བོགས་དབྱུང་བྱ། །སྔོན་འགྲོ་གོམས་པའི་ཡོན་ཏན་གྱིས། །ཚེ་འདིར་བློ་ལྡོག་བྱང་ཆུབ་སྒྲུབ། །མཆོག་གསུམ་དད་མོས་བྱམས་སྙིང་རྗེས། །གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད། །རྟེན་ནི་སྡོམ་པ་དམ་ཚིག་བསྲུང༌། །ཚོགས་བསོག་སྒྲིབ་སྦྱོང་ཅི་ནུས་འབུང༌། །འདོད་

p. 435

ཆུང་ཆོག་ཤེས་དམན་ས་བཟུང༌། །མོས་གུས་དག་སྣང་དགེ་སྦྱོར་མཐིལ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལ། །བག་ཡོད་དྲན་ཤེས་རྟག་ཏུ་བསྟེན། །ནམ་ཞིག་སྒྲིབ་པ་དག་སྟོབས་ཀྱིས། །གནས་ལུགས་ངེས་ཤེས་ནང་ནས་འཆར། །སྤྲོས་པ་བྲལ་ཞིང་ཐེ་ཚོམ་ཆོད། །རེ་དོགས་ཟད་སར་འཁྱོལ་བའི་ཚེ། །འབྲས་བུ་ཐོབ་ཅེས་མིང་དུ་བཏགས། །བཀའ་བརྒྱུད་གོང་མའི་ཞལ་ནས་གསུངས། །ལམ་གྱི་བགྲོད་ཚུལ་བརྒྱུད་པའི་སྲོལ། །ཞི་གནས་རབ་ཏུ་བརྟན་པ་དང༌། །དྲན་འཛིན་མ་ལྟོས་སྤྲོས་དང་བྲལ། །ཆོས་རྣམས་དུ་མ་རོ་གཅིག་པ། །བསྒོམ་བྱ་སྒོམ་བྱེད་བྲལ་བ་སོགས། །ཆུང་འབྲིང་ཆེན་པོའི་ལམ་བགྲོད་ནས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །མངོན་པར་སངས་རྒྱས་ཕྲིན་ལས་བཞིས། །འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱིས། །གཞན་དོན་འཁོར་བ་དོང་ནས་སྤྲུགས། །ཁྱབ་གདལ་ཆེན་པོར་ལྷུན་གྱིས་གྲུབ། །བཀའ་བརྒྱུད་རིན་ཆེན་ཕྲེང་བ་ཡི། །གྲོལ་ལམ་མན་ངག་ཟབ་མོའི་ཆོས། །བསྡུས་དོན་ཡི་གེར་བཀོད་པ་ལ། །འགལ་བ་མཆིས་ན་བཟོད་པར་གསོལ། །དགེ་འདིས་སྒྲུབ་བརྒྱུད་འབའ་རོམ་པའི། །བསྟན་པ་ཕྱོགས་མཐར་རྒྱས་པ་དང༌། །འབྲེལ་ཚད་གཉུག་མའི་བསྟན་སྲིད་ཟིན། །རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །ཅེས་སྒྲུབ་བརྒྱུད་མར་མི་དྭགས་གསུམ་གྱི་བསྟན་སྒོར་ཞུགས་ཤིང་དཔལ་ལྡན་བླ་མ་དམ་པའི་བཀའ་དྲིན་ལ་བརྟེན་ནས་བརྒྱུད་པའི་བྱིན་རླབས་ཀྱིས་རང་ལ་གོ་མྱོང་རྟོགས་གསུམ་ངེས་ཤེས་ཅུང་ཟད་རྙེད་པའི་ཚུལ་གྱིས་རིགས་ཀྱི་ལྷ་སྐལ་རྒྱལ་བ་འབའ་རོམ་པའི་བསྟན་པ་ལ་བསམ་སྦྱོར་རྣམ་དག་གིས་སྒྲུབ་པའི་མཆོད་པ་དང༌། རྗེས་འཇུག་རྣམས་ཀྱི་འདོད་མོས་དང་བསྟུན། ཁྱད་པར་རྒྱལ་བ་འབའ་རོམ་པའི་བསྟན་པའི་བརྒྱུད་འཛིན་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་དང༌། སྒྲུབ་པ་སྙིང་པོར་ཉམས་བཞེས་གནང་བའི་འབའ་རོམ་རས་པའི་བརྒྱུད་འཛིན་ཚུལ་ཁྲིམས་མཐར་ཕྱིན་དང༌། སྒྲུབ་དཔོན་མགོན་པོ་གྲགས་པས་གཙོའི་སློབ་ཚོགས་རྣམས་ཀྱིས་གསུང་བསྐུལ་ཡང་ཡང་གནང་དོན་ལྟར། ཐུན་མོང་ཐུན་མིན་ཁྱད་
པར་གྱི་སྔོན་འགྲོ་དང༌། དངོས་གཞིའི་ཁྲིད་རིམ་དང་པོ་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་ལས་བསྡུས་དོན། འཕགས་མ་ཡིད་བཞིན་འཁོར་ལོ་དང༌། འཇམ་དབྱངས་དམར་སེར་གྱི་བསྙེན་སྒྲུབ་བསྐྱལ་མཚམས་བྲིས་ཤིང་རྒྱལ་བ་འབའ་རོམ་པའི་གསུང་ཕྱག་ཆེན་སྐོར་ཡིག་ཆ་ཚོལ་སྡུད་ཀྱིས་ལྕགས་སྟག་ལོར་མན་ངག་གནད་ཆོས་བཅུ་གསུམ་ལག་འབྱོར་བྱུང་བའི་རྟེན་འབྲེལ་གྱིས་བྱིན་རླབས་ཀྱི་བབས་སོ་ཆེ་སྙམ། རྒྱལ་བ་འབའ་རོམ་པའི་གསུང་ལ་གཞི་བྱས་གྲུབ་ཐོབ་གོང་མ་རྣམས་ཀྱི་གསུང་གིས་ཟུར་བརྒྱན། དོན་དང་མཐུན་པའི་ཁ་གསབ་ཕྲན་བུ་བཅས། ཁྲིད་རིམ་གཉིས་པ་དང༌རྗེས་ཀྱི་དོན་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོར་ཆུ་སྟོད་ཟླ་བའི་ཚེས་བཞི་རྣམ་འདྲེན་ཐུབ་པའི་དབང་པོས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་རྫོགས་པར་བྲིས་པའི་དགེ་བའི་རྩ་བ་གང་མཆིས་པ་དེ་དག །སྤྱིར་རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས་ནུབ་མེད་དུ་དར་ཞིང་རྒྱས་པ་དང༌། ཁྱད་པར་སྒྲུབ་བརྒྱུད་རྒྱལ་བ་འབའ་རོམ་པའི་བསྟན་པ་འདི་ཉིད། རྗེ་བཙུན་ཆེན་པོ་ནཱ་རོ་པའི་མ་འོངས་ལུང་བསྟན། སེངྒེ་ཁྱུང་གི་ཕྲུག་གུ་བཞིན། །བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། །གསུངས་པ་ལྟར། དབྱར་གྱི་ཆུ་བོ་བཞིན་དུ་རྒྱས་པའི་སྨོན་འདུན་བཅས། སྐྱོ་བྲག་གསལ་བྱེད་སྐྱེ་ཕྲེང་འཛིན་པ་ན་རབས་དགུ་པ། ༧ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སྦྱར་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།

ཆོས་རྗེ་རྒྱལ་བ་འབའ་རོམ་པ་ཆེན་པོའི་སྙན་བརྒྱུད་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་ཐུན་ཆོས་གྲུབ་པའི་ཞལ་ལུང་། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 436

༄༅། །ཆོས་རྗེ་རྒྱལ་བ་འབའ་རོམ་པ་ཆེན་པོའི་སྙན་བརྒྱུད་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་ཐུན་ཆོས་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
༄༅། །དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོར་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་རློབ་པ་དང་བཀའ་ཡིས་གནང་བ་སྩལ་དུ་གསོལ། དེ་ལ་འདིར་ཆོས་རྗེ་རྒྱལ་བ་འབའ་རོམ་པ་ཆེན་པོའི་ཞལ་གདམས་གསེབ་ལམ་རིག་པ་རྐྱང་འདེད་དུ་གྲགས་པའི་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུ་འདི་ཉིད་གནད་ཆོས་བཅུ་གསུམ་གྱི་སྒྲོམ་དུ་གཞུག་ནས་ཞག་

p. 437

བརྒྱའི་ཁོངས་སུ་ཉམས་བསྟར་བགྱིད་ཚུལ་གྱི་བརྗེད་བྱང་མདོར་བསྡུས་སུ་འགོད་པ་ལ། ༈ ཐོག་མར་དྭགས་བརྒྱུད་སྤྱི་ཡི་གསོལ་འདེབས་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །རྒྱལ་ཚབ་སྒོམ་ཚུལ་དཔལ་ལྡན་དུས་གསུམ་མཁྱེན། །འགྲོ་བའི་མགོན་པོ་ཕག་གྲུ་རྡོ་རྗེ་རྒྱལ། །དཔལ་ལྡན་འབའ་རོམ་མཚུངས་མེད་ཏི་ཤྲི་རས། །ཚུལ་ཁྲིམས་སྙིང་པོའི་རྗེས་བཟུང་ཞང་ཚལ་པ། །འབྲི་སྟག་ཁྲོ་གླིང་སྨར་ཡེལ་གཡའ་ཤུག་སོགས། །ཆེ་བཞི་ཡ་བརྒྱད་ཟུར་གཉིས་བརྒྱུད་འཛིན་པ། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་བན་སྒར་བ་ཀུན་མཁྱེན་འཇམ་དཔལ་ཡེ་ཤེས་བཟང་པོས་མཛད་པ་སོར་

p. 438

བཞག་ལ་དགོས་དབང་གིས་ཁ་གསབ་པ་ཅན་ནོ། །༈ བཀའ་བརྒྱུད་བླ་མའི་གསོལ་འདེབས་གསེར་འགྱུར་མ་ནི། ན་མོ་གུ་རུ། གནས་ངེས་པ་འོག་མིན་ཞིང་ཁམས་སུ། །འཁོར་ངེས་པ་རྒྱལ་སྲས་བྱང་སེམས་ལ། །ཆོས་ངེས་པ་བླ་མེད་ཐེག་ཆེན་གསུངས། །རྗེ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གནས་ངེས་མེད་རི་བྲག་དུར་ཁྲོད་དུ། །འཁོར་ངེས་མེད་སྐལ་པར་གང་ལྡན་ལ། །ཆོས་ངེས་མེད་སྣ་ཚོགས་རྟེན་འབྲེལ་བསྒྲིགས། །རྗེ་ཏཻ་ལོ་པ་ལ་གསོལ་བ་འདེབས། །གནས་བྱིན་བརླབས་པུ་ལ་ཧ་རི་ན། །འཁོར་བྱིན་བརླབས་རྒྱ་གར་བལ་བོད་ལ། །ཆོས་བྱིན་བརླབས་རྒྱུད་འགྲེལ་གདམས་པ་བཤད། །རྗེ་ནཱ་རོ་པ་ལ་གསོལ་བ་འདེབས། །གནས་བདེ་ཆེན་ལྷོ་ཕུ་ནགས་ཚལ་ན། །འཁོར་བདེ་ཆེན་དབུས་གཙང་གྲྭ་སློབ་ལ། །ཆོས་བདེ་ཆེན་དབང་བཞིའི་ཆུ་བོ་བསྐུར། །རྗེ་ལྷོ་བྲག་པ་ལ་གསོལ་བ་འདེབས། །གནས་ཞེན་མེད་བལ་བོད་སོ་མཚམས་སུ། །འཁོར་ཞེན་མེད་དད་བརྩོན་ལྡན་པ་ལ། །ཆོས་ཞེན་མེད་ཐབས་ཀྱི་ལམ་མཆོག་ཁྲིད། །རྗེ་མི་ལའི་སྐུ་ལ་གསོལ་བ་འདེབས། །གནས་སྙན་པ་སྒམ་པོ་ཟངས་ཟླུམ་ན། །འཁོར་སྙན་པ་ཕྱོགས་བཞིའི་མཁས་བཙུན་ལ། །ཆོས་སྙན་པ་སྟོང་ཉིད་སྒྲ་དབྱངས་སྒྲོགས། །རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །གནས་ལུང་བསྟན་ཙམ་ཆེན་ལྷ་སྒོ་ན། །འཁོར་ལུང་བསྟན་དད་ལྡན་བུ་སློབ་ལ། །ཆོས་ལུང་བསྟན་ཕྱག་རྒྱ་ཆེན་པོ་སྟོན། །རྗེ་འབའ་རོམ་པ་ལ་གསོལ་བ་འདེབས། །གནས་རྣམ་དག་མཁར་ལུང་ལྷ་ཆེན་ན། །འཁོར་རྣམ་དག་བསླབ་གསུམ་ལྡན་པ་ལ། །ཆོས་རྣམ་དག་བཀའ་དང་དགོངས་འགྲེལ་འཆད། །རྗེ་ཏི་ཤྲི་རས་པར་གསོལ་བ་འདེབས། །གནས་ཁྱད་འཕགས་སྐུ་འབུམ་གདན་ས་ན། །འཁོར་ཁྱད་འཕགས་ལས་ཅན་བུ་སློབ་ལ། །ཆོས་ཁྱད་འཕགས་ཐེག་ཆེན་སྨིན་གྲོལ་མཛད། །རྗེ་རས་པ་དཀར་པོར་གསོལ་བ་འདེབས། །གནས་ངོ་མཚར་ནང་སོ་

p. 439

ཆེན་མོ་ན། །འཁོར་ངོ་མཚར་བཀའ་བབས་སློབ་ཚོགས་ལ། །ཆོས་ངོ་མཚར་ཟབ་ལམ་གདམས་པ་གཏད། །རྗེ་ལུས་མེད་རྡོ་རྗེར་གསོལ་བ་འདེབས། །གནས་ཕྱོགས་བྲལ་དབེན་པའི་རི་ཁྲོད་ན། །འཁོར་ཕྱོགས་བྲལ་ལས་སྨོན་ལྡན་པ་ལ། །ཆོས་ཕྱོགས་བྲལ་ཕྱག་ཆེན་ངོ་སྤྲོད་མཛད། །རྗེ་རི་དགོན་བཅོ་བརྒྱད་ལ་གསོལ་བ་འདེབས། །རས་དཀར་ནས་འདིའི་བར་མ་ཏི་རཏྣས་བཙུད་པའོ། །རྗེ་འགྱུར་མེད་བཀའ་བརྒྱུད་བླ་མ་ལ། །ངེད་ཡེངས་མེད་གུས་པས་གསོལ་བ་འདེབས། །སེམས་སྐྱེ་མེད་ཆོས་སྐུ་མངོན་གྱུར་ནས། །དོན་འབད་མེད་གཟུགས་སྐུས་འགྲོ་སྒྲོལ་ཤོག །ཅེས་མོས་གུས་ལྟེམ་རྐྱང་མེད་པར་གསོལ་བ་རྒྱུན་དུ་བཏབ་ན་དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ་བོ་གསུངས། ༈ དེ་ནས་གནད་ཆོས་བཅུ་གསུམ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བའི་ཆོས་བདུན་གྱི་ནང་ཚན། ༡-བྱ་བ་བཏང་ལ་དགོན་གསུམ་བསྟེན་པའི་གནད། །ཐུན། ༢-ལུས་ཀྱི་འཁྲུལ་འཁོར་རྟེན་འབྲེལ་འཛོམས་པའི་གནད། །ཐུན། འདིར་རླུང་རོ་ལན་གསུམ་བསལ། མཆན། ༣-བྱང་ཆུབ་སེམས་བསྐྱེད་ཐེག་པ་ཆེན་པོའི་གནད། །ཅེས་དང་། འདི་ནས་བཟུང་ཐུན་གྱི་ཉམས་ལེན་ཕྱག་ཆེན་ལྔ་ལྡན་གྱི་འགྲོས་དང་སྦྱར་བ་ལ་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་རྡོ་རྗེའི་གསུང་ལས་བྱུང་བ་ནི། མཆན། ༧ བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །ཐུན། ༤-སྐད་ཅིག་དྲན་རྫོགས་གཟུགས་སྐུ་འཆར་བའི་གནད། །ཅེས་དང་། ༧ རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་བཙན་ས་མ་ཟིན་ན། །མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་ནན་ཏན་མཛོད། །༧ བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས་པ་གྲུ་མོ་ན་ཁ་

p. 440

ཊྭཱྃ་ག་ཡོད་པ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། ཐུན། ༥-བླ་མ་བསྒོམས་པས་བྱིན་རླབས་འབྱུང་བའི་གནད། །ཅེས་དང་། ༧ བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །ཡིད་མོས་གུས་འདི་ལ་ནན་ཏན་མཛོད། །༧ དྭགས་པོའི་གསང་ལམ་བླ་སྒྲུབ་ལྟར། རང་ཉིད་རྒྱལ་ཡུམ་དུ་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རབ་བྱུང་གི་ཆ་ལུགས། དབུ་ལ་སྒོམ་ཞྭ། ཕྱག་མཉམ་བཞག །ཞབས་སྐྱིལ་ཀྲུང་། སྐུ་ལྷུན་ཆགས་ཤིང་དང་བ་འདྲེན་པ། བལྟ་བས་མི་ངོམས་པ། དྲི་མ་མེད་པའི་འོད་སྐུ་ཚོན་གང་ཙམ། དྲན་པ་ཙམ་གྱིས་ཚེ་འདིའི་སྣང་བ་ཧྲུལ་པོར་འགྲོ་བ། སྒོམ་པ་ཙམ་གྱིས་བྱིན་རླབས་རང་བཞིན་དུ་འཇུག་པ། ཏིང་ངེ་འཛིན་གྱི་ཡོན་ཏན་རང་ཤུགས་ཀྱིས་སྐྱེ་བ། ཚད་མེད་བཞི་ཡི་ཉམས་འུར་བ་ཞིག་ཏུ་གྱུར་པར་མོས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ལན་གསུམ། ཁྲིད་གཞུང་ལས། བླ་མའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མའི་གསུང་ལ་སྐྱབས་སུ་མཆིའོ། །བླ་མའི་ཐུགས་ལ་སྐྱབས་སུ་མཆིའོ། །ཞེས་པ་དང་། ལུས་ལ་བདེ་དྲོད་སྐྱེ་བར་བྱིན་གྱིས་རློབས། ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ། ནོར་བུ་ལྟ་བུ། བདུད་རྩི་ལྟ་བུས་གང་

p. 441

བར་མཛད་དུ་གསོལ། བདེ་གསལ་མི་རྟོག་གསུམ་གྱི་ཉམས་སྐྱེ་བར་མཛད་དུ་གསོལ། ས་མ་ཏི་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། གནས་ལུགས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ངོ་འཕྲོད་ཅིང་མཆོག་དང་ཐུན་མོང་གཉིས་ཀྱི་སིདྡྷི་བདག་ལ་སྩལ་དུ་གསོལ། ལན་གསུམ། ༧ དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །སྙིགས་མའི་དུས་སུ་འགྲོ་དོན་མཛད། །ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །ཟླ་འོད་གཞོན་ནུའི་ཞབས་ལ་གསོལ་བ་འདེབས། །ལན་བདུན། ༧ ན་མོ་གུ་རུ་བཛྲ་དྷཱ་ར་ཛམྦུ་དཱི་པ་ཀིརྟི་ཡེ། རྒྱལ་བའི་ཐུགས་རྗེ་མ་ལུས་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་ཞི། །དྲན་ཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་པ་ལ། །གང་ནས་བསམས་ཀྱང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་ཟུངས་ཤིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྒྱལ། །མགོན་ཁྱོད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཚིག་རྗེས་མ་ལན་གསུམ། ༧ སྐྱབས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །རྗེ་འགྲན་བྲལ་དར་མ་དབང་ཕྱུག་ལ་གསོལ་བ་འདེབས་སོ། །ཕ་དྲན་ཆོག་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བདག་མོས་པའི་བུ་ལ་ཐུགས་རྗེ་ཡིས་ད་ལྟ་གཟིགས་ཤིག །ལན་གསུམ། ༧ བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་མིན་རྣམ་རྟོག་འགག་པར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་

p. 442

བྱིན་གྱིས་རློབས། །འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ལན་གསུམ། ༧ དྲིན་ཅན་རྩ་བའི་བླ་མ་ལ། །བཟོད་མེད་སྙིང་ནས་གསོལ་བ་འདེབས། །བདག་རྒྱུད་དམ་པའིཆོས་དང་མཐུན། །འཁྲུལ་མེད་ངོ་བོ་རྟོགས་པར་མཛོད། །ལན་གསུམ། ༧ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གདུང་བས་འབོད་དོ་དྲིན་ཅན་ཆོས་ཀྱི་རྗེ། །སྐལ་དམན་བདག་ལ་རེ་ས་ཁྱེད་ལས་མེད། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །ལན་གསུམ་མཐར་ཐུན། ༧ སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །ཐུན། འདིར་ཐོག་མར་དངོས་གཞིའི་ཁྲིད་ཚན་དང་པོ་སྒོམ་བཏབ་པ་བྱ་བ་ཁྲིད་ཀྱི་རིམ་པ་དང་སྦྱར་ནས་ཞི་གནས་གཙོ་བོར་བསྒོམ་ལ། མཆན། ༦-སྟེང་འགག་ཆེན་པོ་རྣམ་རྟོག་འཇོམས་པའི་གནད། །ཅེས་དང་། ༧-འོག་འགག་ཆེན་པོ་བདེ་བ་སྐྱེ་བའི་གནད། །ཐུན། དེ་ཡན་གྱིས་སྦྱོར་བའི་ཆོས་བདུན་དང་འབྲེལ་བའི་སྔོན་དངོས་ཀྱི་སྒོམ་རིམ་སོང་། འདི་ནས་བཟུང་ཐུན་ཐམས་ཅད་ཀྱི་མཇུག་ཏུ། ༧ ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང་། ༧ ན་མོ་གུ་རུ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །སོགས་དང་། ༧ ན་མོ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སོགས་ཕྱག་ཆེན་སྨོན་ལམ་ཚན་གཉིས་གང་རུང་གིས་མཐར་དབྱུང་། ༧ གྲོལ་གདངས་ཀྱིས། གདོད་ནས་སྐྱེ་མེད་རང་བཞིན་འདི། །བློ་ཡི་གཏིང་ནས་རྟོགས་གྱུར་ན། །འཁོར་བའི་འདམ་དུ་བྱིངས་པ་ལ། །སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །ཞེས་དང་། ༧ མགུར་འདེབས་ཀྱིས། རྗེ་མི་ལ་བཞད་པ་རྡོ་རྗེ་ལ་

p. 443

གསོལ་བ་འདེབས་སོ། །ལན་བདུན་གྱེར་བཞིན་སྒོམ་ཐུན་གྲོལ་བ་སྟེ་གཤམ་གྱི་ཐུན་ཀུན་ལ་སྦྱོར་དངོས་རྗེས་ཀྱི་རིམ་པ་གནད་ཆོས་བཅུ་གསུམ་དང་ལྔ་ལྡན་གྱིས་ཁོག་དབུབ་ཚུལ་འགྲེའོ། །༈ དེ་ནས་ལྷག་མཐོང་གི་ཁྲིད་ཀ་ཉམས་སུ་ལེན་པ་ལ་སྦྱོར་བའི་ཆོས་བདུན་ཡན་ཉིན་སྔ་མ་ལྟར་སྔོན་དུ་སོང་ནས། དངོས་གཞིའི་ཆོས་ལ་ལྔ་ལས། ༡-བཏང་སྙོམས་ཆེན་པོ་ཡེ་ཤེས་འཆར་བའི་གནད། །ཅེས་པའི་དོན་དང་འབྲེལ་བར་གསེབ་ལམ་རིག་པ་རྐྱང་འདེད་དངོས་ལ་ཐོན་ཆོས་བཅས་ཁྲིད་ཐབས་བཅུ་ཡོད་པའི་དང་པོ་གོང་དུ་སྨོས་ཟིན་པ་ལྟར་ལ། མཆན། ༧ གཉིས་པ་ངོ་སྤྲད་པ་བྱ་བ་དང་། ༧ གསུམ་པ་སེམས་ཀྱི་རང་བཞིན་རྟོག་མེད་སྒོམ་པ་བྱ་བ་དང་། ༧ བཞི་པ་ཚིག་གིས་ངོ་སྤྲད་པ་འདྲ་ཡིས་བོགས་འདོན་བྱ་བ་དང་། ༧ ལྔ་པ་བླ་མའི་སྐུ་ལ་སྤྲོ་བསྡུ་བྱེད་པ་འདི་བླ་མ་ལ་བརྟེན་ཏེ་རང་གི་སེམས་བོགས་འདོན་བྱ་བ་དང་། ༧ དྲུག་པ་མདུན་དུ་ཤེལ་གྱི་མཆོད་རྟེན་སྒོམ་པ་ནི་སེམས་མ་རྟོགས་པ་རྟོགས་པར་བྱེད་པ་འདྲ་བའི་བོགས་འདོན་བྱ་བ་དང་། ༧ བདུན་པ་རང་ཉིད་ནམ་མཁའི་མཐོངས་སུ་འདུག་པ་འདི་མི་མཐུན་པའི་ཕྱོགས་སམ་རྐྱེན་ངན་གྲོགས་སུ་འཁྱེར་བ་བྱ་བ་དང་། ༧ བརྒྱད་པ་འདིས་སེམས་རྟོགས་དགོས་སེམས་བསྒོམ་དགོས་སེམས་ལ་ལོངས་སྤྱོད་དགོས་ཏེ་སེམས་འབྲས་བུ་བྱ་བ་དང་། ༧ དགུ་པ་རང་ཉིད་རྒྱལ་བ་རིགས་ལྔར་སྒོམ་པ་འདི་མ་འོངས་པའི་དུས་སུ་ཞིང་ཁམས་དེ་ལྟ་བུ་ན་འཁོར་གྱི་སྟོན་པ་དེ་ལྟ་བུ་བྱེད་པའི་རྒྱུ་ཡིན་པ་དང་། ༧ བཅུ་པ་འདི་ཐོན་ཆོས་ཡིན་ཏེ་སྒོམ་སྐྱེས་ཀྱང་འདི་བཞིན་དུ་སྒོམ་སྐྱོང་བ་ཡིན། མ་སྐྱེས་ཀྱང་འདི་བཞིན་བསྒོམ་ན་སྐྱེ་བ་ཡིན་གསུངས། ཞེས་པའི་བར་ཁྲིད་ཚན་ཕྱི་མ་རྣམས་རིམ་བཞིན་ཁྲིད་སྐྱོར་བྱས་ལ་ཐུན་དུ་བཅད་ཀྱིན་བསྒོམ་དགོས། དངོས་གཞིའི་མཉམ་བཞག་གི་སྐབས་ཐམས་ཅད་དུ་ཚིག་གིས་གསལ་འདེབས་ཤིང་དོན་གནད་དུ་ཕེབས་དགོས་པ་ནི། ༢-མ་ཡེངས་རྩེ་གཅིག་ཆོས་སྐུ་འཕེལ་བའི་གནད། །ཅེས་དང་། ༣-གསལ་ལ་ཡུན་ཐུང་བྱིང་རྒོད་འཇོམས་པའི་གནད། །ཅེས་དང་། ༤-ཆུ་བོ་རྒྱུན་སྒོམ་བར་ཆད་མེད་པའི་གནད། །

p. 444

ཅེས་དང་། ༥-ཉོན་མོངས་ཐོག་བརྫི་དགག་སྒྲུབ་མེད་པའི་གནད། །ཅེས་རེ་རེ་བཞིན་གོ་མྱོང་རྟོགས་གསུམ་དཔྱིས་མ་ཕྱིན་བར་འབད་པར་བྱ་ཞིང་། མཇུག་བསྔོ་སྨོན་སོགས་གོང་ལྟར་བྱས་པས་འཐུས། ༈ ཁྱད་པར་ཐུན་མཚམས་རྣམས་སུ་ལམ་ཁྱེར་གྱི་རིམ་པ་༧རྗེས་ཀྱི་ཆོས་ལ་གཅིག་སྟེ། ༡-རྨི་ལམ་ལ་སོགས་རྗེས་ཐོབ་བསྲེ་བའི་གནད། །ཅེས་པའི་དོན་ལ་རྩལ་སྦྱོང་བར་བྱའོ། །དེ་ལྟར་སྙན་བརྒྱུད་ཟབ་མོ་འདི་ཉིད་ཞག་གྲངས་མང་ཉུང་གི་སྐབས་དང་བསྟུན་པའི་ཁྲིད་ཀ་ཉམས་བསྟར་བྱ་ཚུལ་མདོར་དྲིལ་ན། སྦྱོར་བའི་ཆོས་བདུན་གྱི་ནང་གསེས་སྟེང་འོག་གི་རླུང་སྦྱོར་དང་འབྲེལ་བའི་ཞི་གནས་ཀྱི་སྒོམ་རིམ་དང་གསེབ་ལམ་ཁྲིད་གཞུང་ནང་གི་ཁྲིད་རིམ་དང་པོ་སྒོམ་བཏབ་པ་བྱ་བ་ཁྲིད་ཀྱི་རིམ་པ་གཉིས་ལྟོ་སྦྱར་བ་ཡན་ཁྲིད་ཚན་གཅིག་ལ་བགྲང་། གཉིས་པ་ངོ་སྤྲད་པ་ནས་བཟུང་དངོས་གཞིའི་ཁྲིད་ཀ་ཐོན་ཆོས་བཅས་དགུ་བསྣན་པས་བསྡོམས་ཞི་ལྷག་གཉིས་ལ་ཁྲིད་ཚན་བཅུ་རེད་འདུག་པ་དེ་རེ་རེ་ལ་ཉིན་གསུམ་རེ་བྱས་ན་ཟླ་བ་གཅིག་དང་། ཉིན་བཅུ་རེ་བྱས་ན་ཞག་བརྒྱ་འོང་ཞིང་། ཉིན་ཞག་རེ་ལ་ཐོར་ཐུན་དང་། སྔ་ཐུན་སྔ་ཕྱི་གཉིས། ཕྱི་ཐུན་སྔ་ཕྱི་གཉིས། སྲོད་ཐུན་ཏེ་ཐུན་དྲུག་གམ། ཡང་ན་སྔ་ཕྱིའི་ཐུན་གཉིས་ཀྱང་ཐུན་རེ་བྱས་ཏེ་ཐུན་བཞིའི་རིམ་པ་འགྲིག་ཆགས་སུ་ཉམས་བསྟར་བྱ་བ་གལ་ཆེ། གང་ལྟར་ཡང་ཐུན་རེ་བཞིན་ཞི་ལྷག་གི་གོ་རིམ་ཙམ་མ་གཏོགས་གནད་ཆོས་བཅུ་གསུམ་གྱི་སྒྲོམ་དུ་གཞུག་ཅིང་ཕྱག་ཆེན་ལྔ་ལྡན་གྱི་འགྲོས་དང་སྦྱར་བའི་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །དེའང་མཇུག་ཐོན་ཆོས་སྐབས་བླ་སློབ་ཕན་ཚུན་རྟོགས་འབུལ་ཡར་ཞུ་མར་གནང་བྱ་བ་དང་། འབའ་རོམ་བཀའ་བརྒྱུད་ཀྱི་མགུར་མཚོ་ལ་སྦྱར་བའི་བླ་སྒྲུབ་གང་རུང་གི་ཚོགས་མཆོདདང་ཤིས་སྨོན་རྒྱས་པར་སྤེལ་བས་ལེགས་པར་གྲུབ་པ་ཡིན་ནོ། །ཞེས་པའང་སྔ་སོར་བྱང་འབའ་རོམ་གདན་སའི་ཁྲི་འཛིན་མཆོག་སྤྲུལ་ཉི་མ་རྒྱལ་མཚན་རིན་པོ་ཆེ་དང་སྒྲུབ་དཔོན་བླ་སློབ། དཀར་ལྡེམ་དགོན་པའི་མཁན་པོ་དཀོན་མཆོག་བསྟན་འཛིན་དང་སྒྲུབ་དཔོན་བླ་སློབ་ཐུན་མོང་གིས་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་བརྒྱུད་ནས་རྟེན་གསུམ་གྱི་མཎྜལ་བཅས་གསུང་བསྐུལ་གནང་བའི་ཐུགས་བཞེད་སྐོང་ཕྱིར་ཐུན་ཆོས་ཉམས་བསྟར་བགྱིད་ཚུལ་གྱི་དྲན་ཐོ་ཙམ་དུ་སྐྱོ་བྲག་གསལ་བྱེད་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྐྱོ་བྲག་ཡང་དབེན་དཔལ་རི་བསམ་གཏན་ཆོས་གླིང་གི་སྒྲུབ་སྡེར་སྦྱར་བའི་དགེ་བས་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག །ཤུབྷཾ།

འབའ་རོམ་པའི་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས་མེད་ཆོས་སྐུའི་རྒྱང་གླུ། ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།

p. 445

༄༅། །འབའ་རོམ་པའི་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས་མེད་ཆོས་སྐུའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ། །༄༅། །ན་མོ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བདག་དང་འགྲོ་ལ་བརྩེར་དགོངས་བྱིན་གྱིས་རློབས། །བདག་གིས་དུས་གསུམ་བསགས་ཡོད་དགེ་ཚོགས་མཐུས། །རང་གཞན་རྒྱུད་ལ་དམིགས་མེད་བྱང་ཆུབ་སེམས། །འབད་མེད་མྱུར་བ་ཉིད་དུ་སྐྱེ་བ་དང༌། །ཐོས་བསམ་སྒོམ་པའི་ཤེས་རབ་སྣང་བ་རྒྱས། །ཚོགས་གཉིས་བསགས་པའི་ངེས་འབྱུང་རྒྱུད་ལ་སྐྱེས། །རྟག་ཆད་མཐའ་བྲལ་བདེན་གཉིས་དབྱེར་མེད་པའི། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་པའི་འབྲས། །དབྱེར་མེད་སྒྲོ་འདོགས་སེམས་ལ་ཆོད་པ་དང༌། །མ་ཡེངས་མི་བསྒོམ་ལྟ་སྒོམ་སྤྱོད་པའི་མཆོག །གཞི་དོན་གཅིག་ཏུ་རྫོགས་པའི་དོན་རྟོགས་ཤོག །སེམས་ནི་སྟོང་ཉིད་ཆོས་རྣམས་སེམས་ཀྱི་འཕྲུལ། །གཟུང་འཛིན་འཁྲུལ་པའི་རྒྱ་འདིས་མི་འཆིང་བར། །དངོས་མེད་དངོས་པོ་ཀུན་གྱི་རང་བཞིན་ཉིད། །རྟག་ཆད་མཐའ་བྲལ་ཟུང་འཇུག་དབུ་མའི་ལམ། །དཔེ་ཡིས་མི་མཚོན་བློ་འདས་ཡིད་བྱེད་བྲལ། །མཐའ་བྲལ་དོན་གྱི་ཕྱག་རྒྱ་ཆེ་རྟོགས་ཤོག །མ་རྟོགས་འཁོར་བ་རྟོགས་ན་སངས་རྒྱས་ཉིད། །སྟོང་ཉིད་ཆོས་སྐུ་སྣང་བ་ཆོས་སྐུའི་འོད། །སྣང་སེམས་ཡིན་མིན་བྲལ་བའི་དོན་རྟོགས་ཤོག །སེམས་ཉིད་བློ་དང་བྲལ་བ་ཐ་མལ་གཤིས། །གཟུང་འཛིན་
དབང་གིས་མ་བཅོས་འཇོག་ཤེས་པར། །རྙོག་དང་བྱིང་རྨུགས་བྲལ་བའི་གདེང་ཐོབ་ཤོག །མ་མཐོང་མཐོང་བའི་རྒྱལ་པོ་དེ་མཐོང་ནས། །ཕྱི་ནང་ཆོས་ཀུན་འོད་གསལ་གཅིག་ཏུ་རྫོགས། །གཟུང་འཛིན་སྤྲོས་བྲལ་རྟག་ཆད་མཐའ་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་འཛིན་པ་དག །བླ་མ་རང་སེམས་དབྱེར་མེད་མོས་གུས་དང༌། །དོན་དམ་སྐྱེ་མེད་རང་མདངས་བསྐྱེད་རིམ་བསྒོམ། །ཡུལ་དང་བྲལ་ཀྱང་བཟོད་མེད་སྙིང་རྗེ་འཁྲུངས། །དོན་གཉིས་ལྷུན་གྲུབ་ཆེན་པོའི་འབྲས་ཐོབ་ཤོག །སྤངས་རྟོགས་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། །གཉིས་མེད་ཆོས་ཀྱི་སྐུ་རུ་ལྷུན་གྲུབ་ཤོག །ཅེས་པ་འདིའང་སྐྱོ་བྲག་གི་སྒྲུབ་སྡེ་ངེས་དོན་བྱང་ཆུབ་ཆོས་གླིང་དུ་འཁོད་པའི་རིམ་གཉིས་ཀྱི་རྣལ་འབྱོར་ལྷུར་ལེན་པ་རྣམས་ཀྱིས་ཆེད་བསྐུལ་ངོར། དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ངེས་པ་ཆ་ཙམ་རྙེད་པའི་འདུ་གསུམ་པ། ༧ ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེས་ཤུགས་འབྱུང་དུ་སྤེལ་བ་དགེ་བར་གྱུར་ཅིག །ཤུབྷཾ།

འབའ་རོམ་བསྟན་པ་རྒྱས་སྨོན་ལྷ་ཡི་རྔ་སྒྲ། སྐྱོ་བྲག་མི་འགྱུར་ཉི་མ།

p. 446

༄༅། །འབའ་རོམ་བསྟན་པ་རྒྱས་སྨོན་ལྷ་ཡི་རྔ་སྒྲ་བཞུགས་སོ། །༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། ཚོགས་གཉིས་མཐར་ཕྱིན་ཕྱོགས་དུས་བདེ་བར་གཤེགས། །ཞི་བ་ཆགས་བྲལ་ལུང་དང་རྟོགས་པའི་སྡེ། །ཚོགས་ཀྱི་མཐར་ཐུག་དགེ་འདུན་འདུས་པའི་ཁྱུ། །བསླུ་མེད་རིན་ཆེན་རྣམ་གསུམ་དགོངས་སུ་གསོལ། །ཟག་མེད་འཇའ་ལུས་སྐུ་བརྙེས་བླ་མ་རྗེ། །གྲུབ་གཉིས་འདོད་འཇོ་བདེ་གཤེགས་ཞི་ཁྲོའི་ལྷ། །མཁའ་ལ་རེག་པའི་གར་མཁན་ཌཱ་ཀིའི་སྡེ། །རྩ་གསུམ་རྒྱལ་བ་རབ་འབྱམས་དགོངས་སུ་གསོལ། །ངོ་བོ་ཆོས་དབྱིངས་ཀ་ནས་དག་སྟོབས་དང༌། །རང་བཞིན་སྣང་ཆ་རྣམ་པར་དག་སྟོབས་དང༌། །ཐུགས་

p. 447

རྗེ་མ་འགགས་ཅིར་ཡང་སྣང་སྟོབས་ཀྱིས། །རྣམ་དག་སྨོན་ལམ་འགྲུབ་པའི་དཔང་པོ་མཛོད། །དོན་དམ་ཆོས་ཉིད་མཉམ་པ་ཆེན་པོའི་བདེན། །ཀུན་རྫོབ་སྣང་སྲིད་དག་པ་རབ་འབྱམས་མཐུ། །ལས་སྨོན་བསླུ་མེད་རྟེན་ཅིང་འབྲེལ་འབྱུང་གི །བདེན་པས་སྨོན་པའི་དོན་འདི་འགྲུབ་གྱུར་ཅིག །དཀོན་མཆོག་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང༌། །ལྷ་དང་དྲང་སྲོང་རིག་པ་འཛིན་པ་སོགས། །བདེན་ཚིག་གྲུབ་པ་རྣམས་ཀྱི་བདེན་པའི་མཐུས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུབ་ཆེན་རྒྱལ་བའི་བཀའ་ཡི་བཅས་ཁྲིམས་ལས། །ནམ་ཡང་འདའ་བ་མེད་པའི་གོ་ཆ་ཡིས། །ཐོག་མཐའ་བར་དུ་དགེ་བའི་བཙུན་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཚན་ཉིད་ལྡན་པའི་བཤེས་གཉེན་ལ་བསྟེན་ནས། །མདོ་རྒྱུད་མན་ངག་རིག་པའི་གཞུང་ལུགས་ལ། །མཁྱེན་པའི་འོད་ཕྲེང་ཕྱོགས་བརྒྱར་སྤྲོ་བ་ཡིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཆོས་ཀྱི་གྲགས་པའི་གཞུང་བཟང་ལ་བརྟེན་ནས། །བརྒལ་བརྟགས་རྣོ་ངར་ལྡན་པའི་རལ་གྲི་ཡིས། །དྲེགས་ལྡན་ཕས་རྒོལ་འཇོམས་པའི་རིགས་ལམ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁྱེན་གཉིས་ལང་ཚོས་སྒེག་པའི་ཟློས་གར་གྱིས། །མདོ་རྒྱུད་མན་ངག་རིག་པའི་གཞུང་ལུགས་ཀུན། །ཇི་བཞིན་འགྲེལ་བའི་བློ་མཐུ་ཟླ་མེད་པས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལ་བརྟེན་ནས། །བཅོས་མིན་བྱང་སེམས་བདུད་རྩིའི་ཆར་ཆེན་པོས། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་བ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བླ་མ་སྐུ་བཞིའི་རྒྱ་མཚོ་ལས་འོངས་པའི། །སྨིན་བྱེད་ཁ་འབབ་རྣམ་བཞིའི་ཆུ་རྒྱུན་གྱིས། །རྒྱལ་བ་སྐུ་བཞིའི་སྐྱེད་ཚལ་རྒྱས་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་

p. 448

གྱུར་ཅིག །བསྐྱེད་རིམ་དག་པ་རབ་འབྱམས་ལྷའི་འཁོར་ལོ། །རྫོགས་རིམ་ཅིར་སྣང་ཆོས་སྐུར་བརྡལ་བ་ཆེ། །ངག་རླུང་རྡོ་རྗེའི་སྔགས་སུ་དག་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་བཞི། །ཐེག་པ་རིམ་དགུའི་གནད་དོན་མ་ལུས་པ། །འགལ་མེད་ཉམས་སུ་ལེན་པའི་ཐབས་མཁས་ཀྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུད་སྡེའི་ཡང་རྩེ་འཁོར་ལོ་བདེ་མཆོག་གི །ཡང་བཅུད་ནཱ་རོའི་ཆོས་དྲུག་ལ་བརྟེན་ནས། །ཚེ་གཅིག་གྲུབ་པའི་རྒྱལ་སར་བསྙེགས་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁས་མཆོག་ནཱ་རོ་ཏ་པའི་གསེར་ཆོས་དང༌། །མཻ་ཏྲིའི་ཕྱག་ཆེན་དཀར་པོ་གཅིག་ཐུབ་གཉིས། །ཐབས་དང་ཐབས་བྱུང་རྟོགས་པ་མངོན་གྱུར་པས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་ཆོས་རྗེ་དར་མ་དབང་ཕྱུག་གི །གསང་བ་ཟབ་མོའི་ཡོན་ཏན་ཇི་སྙེད་པ། །རྗེས་འཇུག་རྣམས་ལའང་ཇི་བཞིན་རྫོགས་པ་ཡིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང༌། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང༌། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །འཆད་ན་དབྱིག་གི་གཉེན་གྱི་སྤོབས་པ་དང༌། །རྩོད་ན་ཆོས་ཀྱི་གྲགས་པའི་རིགས་རྩལ་དང༌། །རྩོམ་ན་དཔའ་བོའི་གསུང་ལྟར་སྙན་པ་ཡིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རི་ཀུན་སྒོམ་པའི་ཁྱུ་ཡིས་འགེངས་པ་དང༌། །གཞུང་ཀུན་བཤད་པའི་སྡེ་ཡིས་ཕྱུག་གྱུར་ཏེ། །འཁོར་ལོ་གཉིས་ཀྱིས་རྒྱལ་བསྟན་མཛེས་པ་ཡིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གང་ཡང་ཡིན་པ་བྲལ་བ་ལྟ་བའི་རྩལ། །གང་ཡང་མིན་པ་བྲལ་བ་སྒོམ་པའི་རྩལ། །གར་ཡང་གཏད་སོ་

p. 449

བྲལ་བ་སྤྱོད་པའི་རྩལ། །གང་ལའང་རེ་དོགས་བྲལ་བ་འབྲས་བུའི་རྩལ། །བྱ་རྩོལ་བྲལ་བའི་རྩལ་ཆེན་རྫོགས་པ་ཡིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཀོན་མཆོག་རྩ་གསུམ་ཞི་ཁྲོའི་ཐུགས་རྗེ་དང༌། །བསླུ་མེད་བདེན་པ་གྲུབ་པའི་བདེན་ཚིག་དང༌། །ལས་སྨོན་རྟེན་འབྱུང་བསླུ་བ་མེད་པའི་མཐུས། །སྨོན་ལམ་བཟང་པོའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་པ་འདིའང་རྟགས་མཚན་རྨི་ལམ་བཟང་པོའི་རྒྱུ་བྱས། ཀརྨ་མཁྱེན་རབ་ཡེ་ཤེས་སོགས་ཀྱིས་བཀྲ་ཤིས་པའི་ལྷ་རྫས་བཅས་ཀྱིས་བསྐུལ་བས་རྐྱེན་བྱས་ཏེ། འོག་མིན་སེང་གེ་རྫོང་གི་ཡང་དབེན་འཕགས་མཆོག་ངག་གི་དབང་ཕྱུག་གི་སྐུ་བརྙན་གྱི་དྲུང་དུ། དུས་མཐའི་སེར་གཟུགས་སྐྱོ་བྲག་མི་འགྱུར་པས་བྲིས་པའི་དགེ་བས་ཇི་ལྟར་སྨོན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཤུབྷཾ།།

p. 450

ཤོག་སྟོང་།

པར་བྱང་སྨོན་ཚིག

p. 451

༄༅། །ཤྲཱི་སྭ་སྟི་བི་ཛ་ཡནྟུ། ༡ མཐའ་ཀླས་འགྲོ་ལ་གཅིག་ཏུ་ཕན་བཞེད་ཚོགས་གཉིས་ཆ་ཤས་རབ་ཏུ་རྫོགས། །སྤྲོས་པའི་དྲྭ་ཟུར་ཀུན་ནས་ཡོངས་ཟླུམ་མཚན་དཔེའི་རི་དྭགས་གཟི་བྱིན་ལྷམ། །གདུལ་བྱའི་ཞིང་སར་ཟབ་དང་རྒྱ་ཆེའི་བསིལ་ཟེར་འབུམ་ཆར་སྤྲོ་བའི་གཉེན། །ཐུབ་ཆེན་ཤར་གྱི་ཐིག་ལེའི་འོད་རྡུལ་དད་གསུམ་ཀུན་དཱའི་གསོས་སུ་ལེན། ། ༢ ཡེ་ཤེས་ལྔ་ལྡན་སྲིད་ཞིའི་སྲོག་སྟེ་ནམ་མཁའི་རྗེས་འགྲོ་ཆོས་ཀྱི་དབྱིངས། །ཟུང་འཇུག་རོལ་པས་གང་འདུལ་སྐུར་སྣང་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ཁྲོ་ཆགས་ཉམས་བརྒྱས་སྒེག་པའི་སྒྱུ་འཕྲུལ་མ་ལུས་སྐྱེ་དགུའི་མགོན་གྱུར་པ། །རྡོ་རྗེ་འཆང་གི་བཀའ་བརྒྱུད་རིན་ཆེན་ཛ་ལན་དྷ་རའི་རྒྱན་དུ་བསྙེན། ། ༣ འཕགས་ཡུལ་གྲུབ་རྗེ་མདའ་བསྣུན་ཡབ་སྲས་ཤ་བ་རི་དང་མཻ་ཏྲི་པ། །བཀའ་བཞིའི་བརྒྱུད་སྲོལ་ཀུན་འདུས་དབང་ཕྱུག་ཏཻ་ལོ་ནཱ་རོ་ལས་བྱོན་པའི། །ཐེག་མཆོག་བསྟན་པའི་ཤིང་རྟ་མཆོག་གྱུར་མར་མི་དྭགས་པོའི་བཀའ་བརྒྱུད་ཀྱིས། །རྒྱལ་བའི་བསྟན་ལ་སྟོན་པའི་མཛད་པས་ཡངས་པའི་ནོར་འཛིན་ཁྱབ་འདི་རྨད། ། ༤ དེ་ཕྱིར་དེ་ཡི་རིང་ལུགས་པ། །མཁས་གྲུབ་བྱེ་བའི་ཐུགས་མཚོ་རུ། །བསྐྱིལ་བའི་རིག་གཞུང་མན་ངག་གཏེར། །བསྟན་འགྲོའི་གསོས་སུ་སྤེལ་ལ་བྲེལ། ། ༥ དེང་དུས་ཚན་འཕྲུལ་རིག་པའི་བཞུར་རྒྱུན་གོ་ལའི་རྒྱན་དུ་འཁྱིལ་དང་ལྷན། །རྨད་བྱུང་སེམས་ཁམས་གསོ་བའི་བདུད་རྩི་ནང་བསྟན་ཟིལ་མངར་སྦྱར་བའི་སྐྱེས། །གཟུར་གནས་བློ་ལྡན་ཀླུ་དབང་ཚོགས་ཀྱི་སྐལ་དུ་སྤེལ་བའི་བསམ་སྦྱོར་གང་། །རྒྱལ་རྣམས་དགྱེས་བསྐྱེད་མཆོད་སྤྲིན་མཆོག་སྟེ་བསྟན་དང་འགྲོ་

p. 452

ལ་སྲི་ཞུ་ཡིན། ། ༦ དེ་ལྟའི་ལེགས་སྤྱད་རྐང་འཐུང་གཡོ་བའི་གར་སྟེགས་སུ། །བཀའ་བརྒྱུད་རིག་གཞུང་དཔེ་ཚོགས་ཞེས་པའི་སྐྱེད་ཚལ་ཕྲེང་། །མཚན་དང་དོན་མཐུན་བགྱིས་པའི་དགེ་ཚོགས་ཁ་འབབ་རྒྱུན། །རྣམ་གྲོལ་བྱང་ཆེན་རྒྱ་མཚོའི་ཀློང་དུ་གཞོལ་བར་ཕྱོགས། ། ༧ དེ་ཕྱིར་འཕྲལ་ཡུན་ཕན་བདེའི་གཏེར་གྱུར་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཚུལ་གནས་ཐོས་བསམ་སྒོམ་པའི་འགྲོས་ཀྱིས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། །རྣམ་དག་ལྟ་སྤྱོད་ནོར་བུས་ཕྱུག་པའི་བསྟན་འཛིན་རྒྱ་མཚོས་ས་ཆེན་འགེངས། །སྨིན་གྲོལ་མན་ངག་དབྱིག་གི་བགོ་བཤའ་སྲིད་པའི་མཐར་ཡང་བདོ་གྱུར་ཅིག ། ༨ བརྗོད་བྱ་བསླབ་གསུམ་ནོར་བུའི་ཏོག་བརྗིད་ཅིང་། །རྗོད་བྱེད་སྡེ་སྣོད་དར་གྱི་ཤམ་བུས་མཛེས། །ལུང་རྟོགས་བསྟན་པའི་རྒྱལ་མཚན་ཕྱོགས་ཀུན་ཏུ། །མི་ནུབ་བསྒྲེང་བའི་མཐུ་ནུས་ལྡན་གྱུར་ཅིག ། ༩ རིས་མེད་ཚོགས་མཆོག་འདུས་པའི་སྡེ་རྣམས་སྤོང་ཀློག་འཁོར་ལོ་གཉིས་ལྡན་གྱིས། །ཟབ་རྒྱས་ཆོས་མཛོད་དབང་དུ་འབྱོར་ནས་རིག་དང་གྲོལ་བའི་དཔལ་ཐོབ་སྟེ། །འབྲེལ་བཅས་འགྲོ་མང་སྲིད་ལས་དབུགས་དབྱུང་ཐར་པའི་དགའ་སྟོན་ལ་སྦྱོར་བས། །དོན་གཉིས་གྲུབ་པའི་དགེ་ལེགས་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག ། ༡༠ ཐབས་གྲོལ་མངོན་རྟོགས་ཕྱག་རྒྱའི་མཐུ་གྲུབ་པས། །མཆོག་ཐུན་ཡིད་བཞིན་མཛོད་ལ་མངའ་བརྙེས་པ། །མཚུངས་བྲལ་དོན་བརྒྱུད་གསེར་རིའི་ཕྲེང་བ་ཡི། །ཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག།། ༡༡ གཞན་དོན་ཡང་དག་སྒྲུབ་ལ་དཔའ་བའི་སྐྱེས་མཆོག་མི་ཡི་སེང་གེ་གང་། །འཁོར་ལོ་གསུམ་གྱི་མཛད་ཕྲིན་རབ་རྒྱས་བསྟན་དང་འགྲོ་བའི་དཔལ་མགོན་དུ། །གསང་གསུམ་ཚེ་ལྷའི་ངོ་བོར་འཚོ་གཞེས་ཉེར་འཚེའི་བདུད་ལས་རྣམ་པར་གྲོལ། །སྲས་བཅས་རྒྱལ་བའི་རྣམ་ཐར་རྒྱ་མཚོ་ངོམས་མེད་བདག་གིར་མཛད་གྱུར་ཅིག།། ༡༢ ཟབ་གསང་བླ་མེད་རྒྱུད་སྡེའི་དགོངས་པའི་

p. 453

གནད། །ཐུགས་ལ་འབྱོར་བས་བདེ་སྟོང་ཕྱག་རྒྱ་ཆེ། །ཡེ་ཤེས་ཉི་མའི་འོད་ཟེར་རབ་བཀྱེ་བས། །ཡིད་བྱེད་ལྟ་བའི་སྨག་རུམ་འབྱིན་གྱུར་ཅིག ། ༡༣ ཐོས་བསམ་སྒོམ་པའི་གནས་ལ་ལེགས་སྤྱད་པས། །མཁས་བཙུན་གྲུབ་པའི་སྙེམས་ལྡན་དེད་དཔོན་མཆོག །ཐུབ་བསྟན་རྒྱ་མཚོའི་དབུས་སུ་རྟག་རོལ་ཅིང་། །འཆད་རྩོད་རྩོམ་པའི་དར་ཆེན་སློང་གྱུར་ཅིག།། ༡༤ དེ་མཐུས་སྙིགས་ལྔའི་མུན་ཁྲོད་ལ་འཕྱན་ལེགས་སྤྱོད་སྣང་བས་རབ་ཕོངས་ཤིང་། །ཉེས་སྤྱོད་འབྱུང་བྱའི་ཐན་སྐད་ཟློ་བཞིན་གཉིས་ཕུང་ལས་ཀྱི་ཁུར་འཁྱེར་བའི། །བསམ་སྦྱོར་མཐའ་དག་ལྟ་སྤྱོད་རྣལ་མས་མི་མངོན་དབྱིངས་སུ་རྒྱས་བཏབ་སྟེ། །ཆོས་དང་མཐུན་པའི་བཟང་པོ་སྤྱོད་པས་འཇིག་རྟེན་ཀུན་ཏུ་མཛེས་གྱུར་ཅིག ། ༡༥ འཛམ་བུས་མཚན་པའི་ལྷོ་གླིང་འདིས་མཚོན་རྒྱུ་དང་མི་རྒྱུའི་སྣོད་བཅུད་ཀུན། །ནད་མུག་གཡོ་འཁྲུགས་ཉེས་པའི་གྲང་རེག་ལྷག་མེད་ཞི་ནས་རྫོགས་ལྡན་དཔལ། ། བདེ་བླག་ཐོབ་པའི་རྩེད་དགའ་ལ་རོལ་དགེ་བཅུ་དཔྱིད་ཀྱི་ལང་ཚོ་སྨིན། །ཕུན་ཚོགས་ལེགས་དགུའི་ཆུ་ཁུར་དཀྲིགས་ལས་ཞི་བདེའི་གྲུ་ཆར་འཇོ་གྱུར་ཅིག།། ༡༦ བདག་སོགས་ཚེ་རབས་ཀུན་ཏུ་རྟེན་བཟང་ཐོབ། །མཚན་ལྡན་བཤེས་གཉེན་དམ་པའི་ཐུགས་རྗེས་ཟིན། །རྨད་བྱུང་ཚུལ་དགུའི་ཡོན་གྱིས་མངོན་པར་འབྱོར། །ཡོངས་རྫོགས་རྒྱལ་བསྟན་སྤེལ་བའི་བྱེད་པོར་ཤོག ། ༡༧ རྣམ་དཀར་འདི་ཉིད་དར་བའི་བྱེད་པོ་མཆོད་ཡོན་འབྲེལ་ཐོག་འགྲོ་བས་གཙོའི། །གཞལ་མེད་དྲིན་ལྡན་ཕ་མ་སེམས་ཅན་མཁའ་མཐས་གཏུགས་པ་ཡོད་དོ་ཅོག །ལས་ཉོན་ན་ཀྲའི་མཆེ་བས་རབ་བཙིར་སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས། །མྱུར་དུ་ཐར་ནས་བདེ་ཆེན་ཞིང་སྐྱེས་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག ། ༡༨ བཀྲ་ཤིས་ངེས་འབྱུང་ཞིང་ས་རབ༵་གཤིམ་བཀྲ་ཤིས་ཐར་པའི་སོན་བཟང་སྨིན། །བཀྲ་ཤིས་སྨོན་འཇུག་མྱུ་གུ་རབ༵་འབུས་བཀྲ་ཤིས་ཕྱིན་དྲུག་སྡོང་པོ་བརྟན། །བཀྲ་ཤིས་རིམ་གཉིས་ཁོ་

p. 454

ལག་རབ༵་ཡངས་བཀྲ་ཤིས་ཉམས་རྟོགས་འབྲས་བུས་ཕྱུག །བཀྲ་ཤིས་མཛད་ཕྲིན་ལྗོན་བཟང་རབ༵་རྒྱས་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་རང་དགོན་གྱི་དགེན་བླ་མ་བསྟན་འཛིན་ཡོངས་གྲགས་ལགས་དང་། ཆེད་ལས་ཞུ་སྒྲིག་པ་མཁན་སློབ་ཡོངས་ཀྱི་དགོངས་བཞེད་ལྟར། ལེགས་བྱས་མུ་འབྲེལ་དུ་སྤེེལ་བའི་དགེ་བསྔོའི་སྨོན་ཚིག་ཏུ་༧ཨ་བསྟན་ཕུན་ཚོགས་རབས་བརྒྱད་པའི་མཚན་འཛིན་དགེ་སྦྱོང་གྱི་ན་བ་དེས། ཁམས་ཀྱི་གནས་མཆོག་སྐྱོ་བྲག་སེང་ཧ་རྫོང་གི་ངོགས། ཁང་ནེའི་ཡང་དབེན་འོག་མིན་སྐུ་གསུམ་གླིང་གི་སྤོང་ཁང་དུ་རབ་རྒྱན་མེ་བྱ་ལོའི་མཆུ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་སྦྱར་བ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུ་བྷཾ།། །།

p. 455

གཙོ་སྒྲིག་པ། སྐྱབས་རྗེ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ།
ཞལ་ཐང་མཁོ་འདོན་པ། ཚང་གསར་མགོན་པོ་མཐར་ཕྱིན།
དེབ་གཞིའི་ཇུས་འགོད་པ། དགེན་བླ་མ་བསྟན་འཛིན་ཡོངས་གྲགས།
འཕྲུལ་འཇུག་པ། གཙོ་བོར་ཚང་གསར་བླ་མ་ཀརྨ་དཔལ་འབྱོར།
ཞུ་དག་པ། མཁན་རིན་ཆེན་དར་རྒྱས། སྒྲུབ་དཔོན་དགེ་ལེགས་རྒྱལ་མཚན། སྒྲུབ་དཔོན་བསམ་གཏན་མཐར་ཕྱིན།
དེབ་གཞི་ཕྱི་ནང་སྒྲིག་སྦྱོར་བ། མཁན་འཇམ་དབྱངས་སེང་གེ

p. 456

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལ་ན་མོ

Pecha page