← Search

དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།

ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། འཇམ་མགོན་བློ་གྲོས་མཐའ་ཡས། ཨོ་རྒྱན་གཞན་ཕན་མཐའ་ཡས། ཁྱབ་བདག་བཟང་པོ་རྡོ་རྗེ། མ་ཏི་རཏྣ། འཇིགས་མེད་ཆོས་ཀྱི་སེང་གེ །བློ་གྲོས་རིན་ཆེན། ཆོས་ཀྱི་གྲགས་པ། བློ་གྲོས་རྒན་པོ། ཀརྨ་སྒྲུབ་མཆོག །བདེ་ཆེན་འབར་བའི་རྡོ་རྗེ། འཇིགས་མེད་ཆོས་ཀྱི་སེངྒེ། མཁས་གྲུབ་ཀརྨ་ཆགས་མེད། མི་ཕམ་ཆོས་ཀྱི་དབང་ཕྱུག །ཀརྨ་པ་དབང་ཕྱུག་རྡོ་རྗེ། ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པ།

བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལྷན་ཅིག་ཏུ་བྱ་བའི་ཚུལ་དངོས་གྲུབ་ཆུ་རྒྱུན། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 0

༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{སྨིན་བྱེད་དབང་གི་སྐོར་སྟོད་ཆ་}བཞུགས་སོ། །

p. 1

༄༅། །བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལྷན་ཅིག་ཏུ་བྱ་བའི་ཚུལ་དངོས་གྲུབ་ཆུ་རྒྱུན་བཞུགས་སོ། །

p. 2

ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཟུང་འཇུག་རྡོ་རྗེའི་རྒྱལ་ཐབས་ཆེ། །བདེ་བླག་བརྙེས་ནས་ཐབས་མཁས་ཀྱིས། །འགྲོ་མང་སྒྲོལ་མཛད་བླ་མ་དང༌། །རྣལ་འབྱོར་དབང་ཕྱུག་ཚོགས་ལ་འདུད། །དེ་ཀུན་བྱིན་རླབས་ཡེ་ཤེས་རྒྱུན། །སྟན་ཐོག་གཅིག་ཏུ་ཐོབ་བྱེད་པ། །ཁྱབ་བདག་རྡོ་རྗེ་འཛིན་དབང་གིས། །རྗེས་སུ་གནང་བཞིན་འདིར་གསལ་བྱ། །སློབ་དཔོན་དཔའ་བོ་འོད་གསལ་གྱི་བཀའ་སྲོལ་ལས་བྱོན་པའི་གྲུབ་པའི་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སྒོ་འབྱེད་བཀའ་སྲུང་དང་བཅས་པའི་བྱིན་རླབས་སོ་སོར་བྱ་བའི་ཚུལ་ནི་ཡོངས་སུ་གྲགས་པ་ལྟར་ལ། འདིར་དེ་དག་ལྷན་གཅིག་ཏུ་བྱ་བའི་ལག་ལེན་མདོར་བསྡུས་ཏེ་བཀོད་པ་ལ། སྤྱིར་འདི་ནི་རྡོ་རྗེའི་ཡེ་ཤེས་པ་ཕོ་མོའི་དབང་བསྐུར་ཡིན་པས་གནང་བ་པོ་བདེ་སྟོང་ཕྱག་

p. 3

རྒྱ་ཆེན་པོའི་རང་ཞལ་ནང་དུ་མཇལ་བས་སློབ་མའི་རྒྱུད་ལ་རྟོགས་པ་དོན་གྱི་ཡེ་ཤེས་འཕོ་ནུས་པ་ཞིག་དགོས་པར་མངོན་ཞིང༌། སློབ་མའང་མོས་གུས་དང་ཏིང་ངེ་འཛིན་འབྲེལ་བས་ཐུགས་རྒྱུད་ཀྱི་ཡེ་ཤེས་ཕར་ལ་ཐིམ་ཕོད་དང་ཚུར་ལ་སིམ་ཕོད་དུ་གྱུར་པའི་སྐལ་ཅན་ནམ། ཐ་ནའང་དད་མོས་དྲག་པོས་དམིགས་རྣམ་ལ་སེམས་རྩེ་གཅིག་ཏུ་གནས་པ་ཞིག་ངེས་པར་གལ་ཆེ་བས་རྫས་སྔགས་ཏིང་ངེ་འཛིན་གྱི་རྣམ་གྲངས་སྤྲོས་བཅས་གཞན་ལྟར་བསྐུར་ཐོབ་མང་པོ་ཅན་ཡང་མ་ཡིན་པས་ཞུས་ལོ་དང་ཐོབ་ལོ་ཙམ་གྱིས་ཐོབ་པར་དཀའ་བ་དང༌། དུས་ཀྱང་ཡར་མར་གྱི་ཚེས་བཅུ་ལྟ་བུ་ཕྱི་ནང་གི་འདུ་བ་མཐུན་པའི་ཚེ་སོགས་དཔོན་སློབ་གནས་དུས་ཀྱི་རྟེན་འབྲེལ་ཚོགས་པ་ན། བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གང་དུ་བྱ་བའི་གནས་ཁང་བྱི་དོར་དང་རྟེན་བཀྲམ་པའི་གོང་དུ་སྟེགས་གཙང་མ་ལ་མཎྜལ་གྲུ་བཞི་པའི་དབུས་

p. 4

ཟླུམ་སྐོར་མཐིང་ག །དེ་རྒྱབ་པདྨ་མ་འདབ་མ་བརྒྱད། དེ་རྒྱབ་བཅུ་དྲུག །དེ་རྒྱབ་ཉི་ཤུ་པ་རིམ་པ་གསུམ་བསྐོར་བ་རྣམས་མཛེས་ཚོན། གྲུ་ཆད་ཕྱོགས་མདོག་ཏུ་བྱས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་ལ་རྡོ་རྗེ་འཆང་གི་སྐུ་བརྙན་བཞུགས། རྣམ་རྒྱལ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་བཅས་པ་དང༌། ཐོད་ཆང་མངར་གསུམ་དང་སྦྱར་བ། རིག་མའི་ཙཀ་ལི་རྣམས་ནུབ་ངོས་ལྟ་བུར་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ཀྱིས་བསྐོར། ཡི་དམ་མི་གཡོ་བའི་རྗེས་གནང་དང་སྦྲེལ་ན། མདུན་གཡས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་གདན་ལ་ཚོམ་བུ་སྔོན་པོ་བཀོད། མདུན་གཡོན་དུ་ཆོས་སྐྱོང་ལ་མཎྜལ་སྟེང་གཏོར་མ་གྲུ་གསུམ་ནག་པོའམ་དཔལ་གཏོར་སྙིང་གཟུགས་པད་འདབ་བཞི་པ་རྒྱན་ལྡན་དར་གདུགས་ཕུབ་པ་མཉྫི་ལ་བཀོད། མདུན་ངོས་སུ་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམས། སློབ་དཔོན་གྱི་མདུན་དུ་རྡོ་རྗེ། དྲིལ་བུ། ནང་མཆོད་རྣམས་བཞག་གོ། །གཉིས་པ་ནི། མདུན་བསྐྱེད་སྒྲུབ་མཆོད་སོགས་ཀྱི་སྤྲོས་པ་གང་ཡང་མི་དགོས། ནང་མཆོད་དང་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བརྩམས་བདེ་དགྱེས་ཕག་མོ་ལྟ་བུ་བླ་མེད་རྒྱུད་སྡེ་གང་འོས་ཀྱི་བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་དུ་བྱ། དེ་ནས་ཚོགས་མཆོད་ནི། བཟའ་བ་དང་བཅའ་བ་དམ་ཚིག་གི་རྫས་ཇི་སྙེད་པ་ཚོགས་པར་བྱས་ལ་ནང་མཆོད་ཀྱི་བདུད་རྩིས་བྲན། ཨོཾ་སུམྦྷ་ནིས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། ཚོགས་རྫས་རྣམས་མི་

p. 5

དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡྃ་ལས་རླུང༌། རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། ན་མོ། ཐབས་དང་ཤེས་རབ་ནས་རྒྱས་བཏབ་པ་འདི་ཉིད། དངོས་གྲུབ་ཀྱི་རྩ་

p. 6

བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སོགས། ན་མོ། ཐབས་དང་ཤེས་རབ་ནས་འདི་ཉིད་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་སོགས། ན་མོ། ཐབས་དང་ནས་རྒྱས་བཏབ་པ་འདི་ཉིད། དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་ཞལ་དུ་སོགས། སླར་ཡང་བྱིན་འབེབས་ནི། དབྱིངས་བདེ་གསལ་མི་རྟོག་ཕོ་བྲང་ཆེར། །རྗེ་རྡོ་རྗེ་འཆང་ཆེན་འགྲོ་བའི་མགོན། །དེ་རང་ལ་སྣང་བ་སྐྱབས་ཀྱི་གཙོ། །ཕ་དྲིན་ཆེན་རྩ་བའི་བླ་མ་ཡང༌། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབས་ལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཆུགས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་ཤཱི་ཏི་སིདྡྷི་ལབྡྷ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ།

p. 7

ཡུལ་དབུས་འགྱུར་མ་ག་དྷ་ཡི་ཆར། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་ཤར་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་ལྷོ་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་

p. 8

པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་ནུབ་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་བྱང་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་

p. 9

བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། རིགས་རྒྱལ་རིགས་བྲམ་ཟེ་རྗེའུ་རིགས། །འབངས་དམངས་རིགས་ཕལ་པར་སྐུ་འཁྲུངས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡབ་རྣལ་འབྱོར་དབང་པོ་མཐའ་ཡས་ཀྱི། །མ་ལྷན་གཅིག་སྤྱོད་པ་གསང་བའི་ཡུམ། །སྲིང་དགའ་བཞིའི་ཉམས་སྟེར་ཐམས་ཅད་ཀྱང༌། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴

p. 10

གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ་དང༌། །མོ་རྟོགས་ཤིང་གྲོལ་བའི་སྲིང་མོ་བཞི། །རྗེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། སྟུག་པོའི་ཞིང་ཁམས་འཇིགས་མེད་པར། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །རྡོ་རྗེ་གཏུམ་པོ་མི་གཡོ་མགོན། །བཅོམ་ལྡན་ཧེ་རུ་ཀ་དཔལ་ཡང༌། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴

p. 11

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་ཨ་ཨཱ། མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་གནས། །རྒྱལ་བ་དགྱེས་པའི་བདེ་སྐྱེད་ཡུམ། །རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་ཨ་ཨཱ། བདུད་ཚོགས་ཀུན་འདུལ་ཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །དཔལ་ལྡན་མགོན་པོ་ལྕམ་དྲལ་ཡང༌། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴

p. 12

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་ཨ་ཨཱ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་སི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་སྤྱན་དྲངས་པས། བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཚོགས་རྣམས་འོག་མིན་མཁའ་སྤྱོད་ཀྱི་

p. 13

ཞིང་ནས་སྐད་ཅིག་གིས་བྱོན་ཏེ་མདུན་གྱི་དཀྱིལ་འཁོར་ལ་མངོན་སུམ་དུ་བཞུགས་པར་དམིགས་པ་ནི་སྔོན་བྱུང་གི་ལོ་རྒྱུས་དང་མཐུན་པས་ལེགས་པར་མངོན། དེ་ནས་ལས་ཀྱི་རྡོ་རྗེས་ལག་གཡོན་ཐོད་པ་བདུད་རྩིས་གང་བ་བཟུང༌། གཡས་རྩེ་གསུམ་ཕྱག་རྒྱས་སྟེང་འོག་ཁ་སྦྱོར་དུ་བཟུང་སྟེ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁཾ། ཚོགས་ཀྱི་གཙོ་བོ་ནས་བརྩམས་ཏེ་བསྐོར། དེ་དག་གིས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བླངས་ལ་ཚོགས་ཕུད་འབུལ་བ་ནི། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་བླ་མའི་ལྷ་ཚོགས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་གིས། །

p. 14

འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་མ་ཧཱ་གུ་རུ་སིདྡྷི་ལབྡྷ་བུདྡྷ་བོ་དྷི་ས་ཏྭ་ཝཱི་ར་ཌཱ་ཀི་ནི་ས་པཱ་རི་ཝ་རི་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིངྟ་སྭཱ་ཧཱ། ཞེས་པའམ། ཨོཾ་ཨ་ཀཱ་རོ་བཏགས་པ་ལ་ལན་བདུན་གྱིས་བླ་མ་གྲུབ་ཐོབ་འཁོར་བཅས་དང༌། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་མི་གཡོ་བ་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་སོགས་ནས་མཱ་ར་ཡ་ཧཱུྃ་ཕཊ་ཀྱིས་མགོན་པོ་ཆོས་སྐྱོང་ཚོགས་ལ་འབུལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ་བཛྲ་ཨཱ་རལླི་ཧོ་ཛཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཁ་ཁ་སོགས་མཁའ་འགྲོ་སྤྱི་གཏོར་ལྟར་གྱིས་མགྲོན་གཞན་རྣམས་ལ་ཕུལ། ནང་མཆོད་ཐོགས་ལ། ཨོཾ་མཆོད་དོ། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་

p. 15

ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་པས་མཆོད་ལ། བརྒྱུད་པའི་ཕྱག་བཞེས་ལས་འབྱུང་བ་ལྟར་འོག་ཏུ་བཤད་པའི་བྱིན་རླབས་ཀྱི་ཆོ་ག་ཉིད་བདག་འཇུག་གི་ཚུལ་དུ་ལེགས་པར་བླང་ངོ༌། །དེ་ནས་བླ་མེད་གང་ཡང་རུང་བའི་དབང་བཞིས་རྒྱུད་སྨིན་པའི་སློབ་མ་ཇི་ལྟར་འོས་པ་བོས་ལ་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱས་ཏེ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཐོག་མཐའ་མེད་པར་བྱིང་བ་འདི་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཕགས་ཡུལ་གྲུབ་པའི་དབང་ཕྱུག་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཟབ་མོ་ལེགས་པར་གསན་ནས་གདམས་པའི་

p. 16

རིམ་པ་རྣམས་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ཚུལ་བཞིན་དུ་གསལ་ཐོབ་ལ་གསན་འཚལ། གང་གསན་པར་བྱ་བའི་ཆོས་ནི། རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་མཐའ་ཡས་པ་རྣམས་ཀྱི་ཁམས་དབང་མོས་པ་དང་འཚམས་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱི་ཡང་རྩེ་ཐེག་དམན་ལས་ཆེ་བ་བདུན་གྱིས་འཕགས་པའི་ཐེག་པ་ཆེན་པོ་ལའང་རྒྱུ་འབྲས་ལམ་དུ་བྱེད་ཚུལ་གྱི་སྒོ་ནས་སྤྱི་དང་ཁྱད་པར་གཉིས་སུ་བཞུགས་པ་ལས་འདིར་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། ཐེག་ཆེན་ལམ་གྱི་རྩ་བ་ནི་དགེ་བའི་བཤེས་གཉེན་བསྟེན་པ་ལ་རགས་ལས་ཏེ། མདོ་སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་

p. 17

ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་ཡོངས་སུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་དང༌། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱི་མངོན་རྟོགས་མཐའ་དག་བླ་མའི་བྱིན་རླབས་ལམ་དུ་བྱེད་པ་ཁོ་ན་ལས་འབྱུང་སྟེ། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། རྒྱུད་གཞན་ལས་ཀྱང༌། ཡོན་ཏན་རྒྱ་མཚོ་བླ་མ་ལ། །དང་བའི་ཡིད་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་ཐམས་ཅད་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་སོགས་ཀྱིས་མཚོན་ལ། སྐལ་ལྡན་དབང་པོ་ཡང་རབ་འགའ་ཞིག་བྱིན་རླབས་ཀྱི་སྟོབས་ཀྱིས་སྐད་ཅིག་ལ་གྲོལ་བ་ཡང༌། བླ་མའི་ཐུགས་རྗེ་དང་སློབ་མའི་མོས་གུས་

p. 18

འཛོམས་པ་ལས་བྱུང་བ་ཡིན་ཏེ། འཕགས་བོད་དུ་སྔོན་བྱུང་བའི་གྲུབ་པའི་དབང་པོ་ཕལ་ཆེར་བརྡ་དང་དགོངས་པ་གཏད་པས་གྲོལ་བའི་ལོ་རྒྱུས་མང་དུ་བྱུང་བས་མཚོན་ཅིང༌། དེ་ལས་འདིར་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་བརྟེན་ཏེ་རྡོ་རྗེ་ཐེག་པའི་འཇུག་སྒོའི་སྨིན་བྱེད་ཀྱི་བྱེ་བྲག་དབང་གི་ཆོ་ག་དངོས་མ་ཡིན་ཀྱང་དེའི་དོན་ཚང་ཞིང་བྱ་བའི་རིམ་པ་ཤིན་ཏུ་ཟོར་ཡངས་པ་བྱིན་རླབས་ཀྱི་ཆོ་ག་དབང་བཞིའི་ཚུལ་གྱིས་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདིའི་ཐུགས་བསྐྱེད་ཀྱི་སྟོབས་དང་སྨོན་ལམ་གྱི་ཁྱད་པར་ལས་སངས་རྒྱས་གཞན་གྱི་བསྟན་པ་ལ་འབྱུང་བར་དཀོན་པའི་རྡོ་རྗེ་ཐེག་པའི་ལམ་ལས་དངོས་གྲུབ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་བསམ་འདས་བརྗོད་ཀྱིས་མི་ལང་བ་བྱོན་མོད་ཀྱང༌། འདིར་རྫོགས་པའི་

p. 19

སངས་རྒྱས་མྱ་ངན་ལས་འདས་ནས་ཉན་ཐོས་སྡེ་པ་རྣམས་ལ་གྲགས་པའི་བཀའ་བསྡུ་གསུམ་པ་ཟིན་པའི་མཇུག་ཐེག་ཆེན་གྱི་སྡེ་སྣོད་ཐོག་མར་དར་བ་དང་དུས་མཚུངས་པར་སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧ་བྱོན་པ་ནས་བཟུང་སྟེ། དུས་ཕྱིས་མཁས་པ་སྒོ་དྲུག་ཡན་ཆད་ཀྱི་དུས་ཙམ་དུ་བྱོན་པའི་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོའི་ལམ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་ཚོགས་ཀྱི་འཁོར་ལོའི་འདུ་བ་གཅིག་ལ་བྱོན་པ་རྣམས་ཏེ། དེའང་བོད་ཡུལ་འདིར་ལོ་རྒྱུས་སོགས་ཁུངས་མ་དག་ཅིང་ཡིད་བརྟན་མེད་པའི་ལུགས་སྲོལ་མང་ཡང༌། པཎྜི་ཏ་དཔའ་བོ་འོད་གསལ་གྱི་ལུགས་འདི་ཉིད་འཕགས་ཡུལ་དུའང་སྔ་ཕྱིར་ཡོངས་སུ་གྲགས་པས་ཚད་ཐུབ་ཏུ་གྱུར་པ། གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང༌། དེའི་ཡང་སྲིད་ཐམས་

p. 20

ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཟུང་གིས་སྔོན་གནས་རྗེས་དྲན་དང༌། རྒྱ་གར་བའི་མཁས་གྲུབ་ཚད་མ་རྣམས་ཀྱི་གསུང་གིས་དཔང་པོ་མཛད་དེ་ཁུངས་ལྡན་དུ་བཞེད་པ་ཡིན་ཅིང༌། དེ་དང་འབྲེལ་བའི་སྔོན་བྱུང་གི་ལོ་རྒྱུས་མདོ་ཙམ་འཆད་ན། རྒྱ་གར་ནུབ་ཕྱོགས་སཽ་རཥྚའི་བྱེ་བྲག་ཀནྟ་མ་ར་ཞེས་བྱ་བར་ཆོས་ལྡན་གྱི་རྒྱལ་པོ་ཀུཉྫི་ཞེས་པ་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་ཞིག་ཡོད་པ་ལས། ནམ་ཞིག་ན་དེའི་མ་ན་སྟེ་འཆི་བར་ཉེ་བ་ན། རྒྱལ་པོ་དེ་མ་ལ་བརྩེ་བས་མ་ཁྱེད་ཡུན་རིང་དུ་མི་བཞུགས་པ་འདྲ་ན་སྐུ་ཚེ་ཕྱི་མར་ཕན་པའི་ཐབས་སུ། དགེ་སློང་གི་དགེ་འདུན་དང༌། བྲམ་ཟེ་དང༌། ལྷ་ཁང་མཆོད་པ་དང༌། སྦྱིན་པ་གཏོང་བ་ལ་སོགས་པ་ཅི་འདོད་པ་བདག་གིས་བྱ་ཡིས་བཀའ་སྩོལ་ཅིག་ཅེས་སྨྲས་པས། མ་ན་རེ། ཁོ་མོའི་དགེ་རྩ་གཞན་བྱ་མི་དགོས་ཀྱི། གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་བརྒྱད་ཅུ་

p. 21

རྩ་བཞི་སྤྱན་དྲངས་ལ་ཚོགས་ཀྱི་འཁོར་ལོས་མཆོད་དེ་ངའི་དོན་དུ་གསོལ་བ་ཐོབ་ཅིག་ཟེར་ནས་འདས་སོ། །དེར་རྒྱལ་པོའི་བསམ་པ་ལ། སྔོན་གྱི་གྲུབ་ཐོབ་དེ་དག་ནི་ད་ལྟ་མིའི་འགྲོ་བ་ཐ་མལ་པས་མི་མཐོང་ན་ཇི་ལྟར་སྤྱན་དྲངས། འོན་ཀྱང་མའི་ངག་གཅོག་ན་མི་རུང་ཞིང༌། གྲུབ་ཆེན་རྣམས་ཐུགས་རྗེའི་བདག་ཉིད་ཡིན་པས་གསོལ་བ་གདབ་པར་བྱའོ་སྙམ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀོ་ཀ་ལི་དང༌། དྷརྨ་བི་ཤྭས་མངོན་སུམ་དུ་ཞལ་བསྟན་ཏེ་དེ་དག་གཉིས་ཀྱིས་ཁྱོད་ཀྱི་གྲོགས་བྱའོ་གསུངས་ཏེ་གྲུབ་ཐོབ་རྣམས་སྤྱན་འདྲེན་པའི་ཁ་ཆད་བྱས། ཚོགས་ཁང་རྩིགས་ཤིག་གསུངས་པས། དེར་རྒྱལ་པོས་ཚོགས་ཁང་རྒྱ་ཆེན་པོ་བརྩིགས། མཁའ་འགྲོ་མ་གཉིས་ཀྱི་རྫུ་འཕྲུལ་གྱིས་སྐད་ཅིག་ལ་གནས་སོ་སོར་བྱོན་ཏེ་གྲུབ་ཐོབ་རྣམས་སྤྱན་དྲངས་པས།

p. 22

དང་པོར་ལཱུ་ཡི་པ་བྱོན། དེ་ནས་རིམ་བཞིན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སྐད་ཅིག་ལ་བྱོན་ཏེ་གདན་ལ་བཞུགས་པ་ལ། རྒྱལ་པོས་ཚོགས་ཀྱི་ཡོ་བྱད་གྱ་ནོམ་པ་བཤམས་ཏེ། ཚོགས་ཀྱི་འཁོར་ལོའི་འདུ་བ་ཡུན་རིང་དུ་མཛད། མཐར་གྲུབ་ཐོབ་རྣམས་རྒྱལ་པོའི་མཆོད་གནས་སུ་ཡུན་དུ་བཞུགས་པར་ཞུས་ཀྱང་མ་གནང༌། གྲུབ་ཐོབ་རེ་རེས་དོ་ཧ་རྡོ་རྗེའི་གླུ་རེ་བླངས་ཏེ་གར་གཤེགས་ཆ་མེད་པར་བཞུད། དེར་རྒྱལ་པོས་སྐུ་ཚབ་ཏུ་གྲུབ་ཐོབ་སོ་སོའི་སྐུ་རེ་བཞེངས། དེའི་མདུན་དུ་སོ་སོའི་དོ་ཧ་རྣམས་ཡི་གེར་བྲིས་ཏེ་མཆོད་པར་བྱས་སོ། །དེའི་ཚེ་ཤར་ཕྱོགས་ཀྱི་ཐག་རིང་པོ་ན་བརྒྱུད་ནས་པཎྜི་ཏ་དཔའ་བོ་འོད་གསལ་ཞེས་བྱ་བ་ཞིག་གིས་རྒྱལ་པོ་ཀུཉྫིའི་མཆོད་གནས་ལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་བྱོན་ཏོ། །ཞེས་ཐོས་ནས་བསྙེགས་ཏེ་བྱོན་པས་གྲུབ་ཐོབ་རྣམས་ཐེགས་ཟིན་ནས་ཞག་བདུན་

p. 23

ལོན་པ་དང་འགྲིགས། གདུང་ཤུགས་དྲག་པོས་ས་ཐེ་བཙུགས་ནས་གསོལ་བ་བཏབ་པས་ཞག་བདུན་སོང་བ་ན། མཁའ་འགྲོ་མ་གཉིས་ཀྱིས་ཞལ་མངོན་སུམ་དུ་བསྟན་ཏེ་དོ་ཧ་དང་རིན་ཆེན་ཕྲེང་བ་སོགས་ཀྱི་གདམས་པ་ལོ་རྒྱུས་དང་བཅས་པ་བསྩལ། དེའི་དོན་ཉམས་སུ་བཞེས་པས་རྟོགས་པ་ཁྱད་པར་ཅན་བརྙེས་ཏེ་གྲུབ་པའི་དབང་ཕྱུག་ཏུ་གྱུར། དོ་ཧ་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་ཡང་མཛད། དེས་བྲམ་ཟེའི་པཎྜི་ཏ་ཀ་མ་ལ་ཞེས་པར་བཤད། དེས་གྲུབ་ཐོབ་རི་ཁྲོད་པ་ཛ་མ་རི་པ་ལ། དེས་མ་ག་དྷའི་པཎྜི་ཏ་མི་འཇིགས་སྦྱིན་པའི་དཔལ་ལ་བཤད། དེས་དོ་ཧའི་འགྲེལ་པ་རྣམ་ཐར་དང་བཅས་པ་མཛད། དེ་ཐམས་ཅད་ཕྱོགས་གཅིག་ཏུ་པཎྜི་ཏ་དེ་ཉིད་དང༌། མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཡབ་སྲས་ཀྱིས་བོད་འདིར་བསྒྱུར་ཅིང་འཆད་ཉན་

p. 24

གྱིས་གཏན་ལ་ཕབས་ཏེ་དར་རྒྱས་སུ་མཛད་པ་ཡིན་ཞིང༌། དོ་ཧ་རྣམ་ཐར་གཉིས་སྔོན་གྱི་བསྟན་འགྱུར་སྡུད་པ་པོ་མཁྱེན་ལྡན་ཀུན་གྱིས་ཁུངས་ཐུབ་ཏུ་བཞག་ནས། དབུས་གཙང་གི་བསྟན་འགྱུར་ཡོངས་ལ་བཞུགས་པའི་རྩོད་མེད་ཡིད་ཆེས་ཅན་ཡིན་ལ། དེ་ལྟ་བུའི་བྱིན་རླབས་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་བསྒྲུབ་པར་བགྱི་བ་ལ། ཐོག་མར་སྒོ་འབྱེད་ཀྱི་ཚུལ་དུ་རྩ་བའི་བླ་མའི་དབང་བཞི་སྒྲུབ་པའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་མཎྜལ་འདི་ཉིད་རྩ་བའི་བླ་མ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པ་ངོ་མཚར་གྱི་བཀོད་པ་འབྱམས་སུ་ཀླས་ཤིང་རང་སྣང་མཆོད་པའི་སྤྲིན་ཕུང་གཏིབས་པའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་དུས་གསུམ་སངས་རྒྱས་ཀུན་

p. 25

འདུས་ཀྱི་ངོ་བོ་རྗེ་བཙུན་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཨིནྡྲ་ནཱི་ལའི་ཕུང་པོ་ལྟར་སྔོ་ཞིང་འོད་ཟེར་འབར་བ། ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་ཅིང་རང་སྣང་ཤེས་རབ་མཆོག་གི་བདེ་བར་སྤྱོད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དྲན་པ་ཙམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པར་ནུས་པའི་བདག་ཉིད་རྩ་གསུམ་ཀུན་འདུས་ཀྱི་སྤྱི་གཟུགས་སུ་བཞུགས་པའི་སྤྱན་སྔར། བདག་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ། སྣོད་བཅུད་རྟེན་བརྟེན་པར་བཅས་པ་མཎྜལ་གྱི་ཚུལ་དུ་འབུལ་བའི་མོས་པས་མཎྜལ་ཕུལ་མཛོད། ས་གཞི་སྤོས་སོགས། སླར་ཡང་ཁྱེད་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་ཕུང་པོ་འདི་

p. 26

ཉིད་ཀྱི་དབུའི་ཡ་ཐོད་ཧག་གིས་བཀོག་པའི་ནང་དུ་སྐུ་ལུས་ལྷག་མ་རིལ་པོར་བཅུག་པ་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་དང་ལྡན་པ་དཀར་ལ་དམར་བའི་མདངས་ཅན་དུ་མེར་གྱིས་ཞུ་བ་བླ་མའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་དཔལ་ལྡན་བླ་མ་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་ག་ཎ་ཙཀྲ་ས་པཱ་རི་ཝ་རེ་བྷྱཿ ཨི་དཾ་བ་ལིཾ་གྲྀ་ཧྞནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། དེ་ནས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་

p. 27

ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དེ་ལྟར་ཕྱག་བགྱིས་ཏེ་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་དངོས་སུ་བུམ་པ་སྤྱི་བོར་བཞག །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་སྔགས་དང་བཅས་པས་དབང་བསྐུར་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་

p. 28

ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། ཡང༌། བླ་མ་རྡོ་རྗེ་འཆང་རང་སྣང་གི་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ཞལ་དུ་ཞུགས་རྗེས་སུ་ཆགས་པས་ཞུ། དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་དེ་ལྕེ་སྟེང་དུ་མྱང་བས་གསང་བའི་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །ཅེས་ཐོད་པར་གནས་པའི་ནང་མཆོད་ཁྱོར་པ་གཡོན་པར་སྦྱིན་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། བརྗོད། སློབ་མས་ཀྱང༌། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་མྱང་ངོ༌། །དེ་ལྟར་བྱང་སེམས་མགྲིན་པའི་ལམ་བརྒྱུད། རྩ་གནས་ཐམས་

p. 29

ཅད་དུ་སོན་ཅིང་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པའི་མོས་པ་དང༌། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། ཡང༌། བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་བྱུང་ནས་ཁྱེད་རང་རྣམས་ལ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གཏད་པའི་མོས་པ་མཛོད། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་རིག་མའི་གཟུགས་བརྙན་གཏད། ཁྱེད་རང་རྣམས་རྡོ་རྗེ་འཆང་ཆེན་པོར་གསལ་བ་ལ། ད་ལྟ་གཏད་པའི་རིག་མ་དེ་ཉིད་ཡུམ་རྡོ་རྗེ་སྙེམས་མའི་ངོ་བོར་གནས་པ། མཁའ་གསང་བྱིན་གྱིས་

p. 30

བརླབ་པ་ལ་སོགས་པ་འདུ་ཤེས་གསུམ་གྱི་སྒོ་ནས་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས། བྱང་སེམས་གནས་བཞིར་བབས་པ་སྟེ་ཡས་བབས་དང༌། ལྡོག་པའི་རིམ་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་བས་རང་རིག་བདེ་སྟོང་བརྗོད་བྲལ་ལ་མཉམ་པར་བཞག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཤེས་རབ་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་བཞག་པའི་མོས་པ་མཛོད། དེ་ལྟར་དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་དེ་ཉིད། དོན་གྱི་གནས་ལུགས་རིག་པ་རང་བཞིན་གྱི་ངོ་བོ་འདུས་མ་བྱས་པ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ་དེ་རང་ངོ་ཚུལ་བཞིན་ཤེས་པས་གློ་བུར་བག་ཆགས་ཀྱི་དྲི་མ་སངས་ནས་བྲལ་འབྲས་མངོན་དུ་བྱེད་པ་

p. 31

སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རང་རིག་གཅེར་མཐོང་དུ་ངོ་སྤྲད་པའི་མོས་པས་ལུས་གནད་ལྟ་སྟངས། སེམས་དུས་གསུམ་རྣམ་རྟོག་གི་སྤྲོ་བསྡུས་མ་བསླད་པར་རང་རིག་བདེ་སྟོང་མ་བཅོས་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེས་སྒོ་གསུམ་གྱི་དྲི་མ་དག །དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། སླར་ཡང་མོས་གདུང་དྲག་པོ་མཛད་པའི་རྐྱེན་གྱིས། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དགྱེས་ཞིང་བརྩེ་བའི་ཉམས་ཀྱིས་བདེ་བ་ཆེན་པོའི་རང་བཞིན་འོད་ཀྱི་ཕུང་པོར་ཞུ། ཁྱེད་རང་རྣམས་ཀྱི་དབུ་གཙུག་ནས་སིབ་

p. 32

ཀྱིས་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་རྩ་བྲལ་ལྷུན་གྲུབ་ཆེན་པོའི་ངང་དུ་བཞག་སྟེ། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། རོལ་མོས་བྱིན་དབབ། དེས་འཇུག་སྒོ་སྤྱིའི་དབང་གི་རིམ་པ་ལེགས་པར་གྲུབ་པ་ཡིན། ད་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་རྣམས་ཆབས་གཅིག་ཏུ་སྒྲུབ་པར་བྱེད་པ་ལ་ཐུགས་མོས་འདི་བཞིན་དུ་མཛོད། དེའང་སྣང་གཞི་མདུན་གྱི་མཎྜལ་འདི་ཉིད་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པ་ཕྱི་རོལ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོ་དུར་ཁྲོད་རོལ་པའི་གཞལ་མེད་ཁང་བཀོད་པས་ཁྱད་པར་འཕགས་པ་ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་ནང་དུ་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བཞུགས་པ། དེའི་མདུན་ནས་

p. 33

བརྩམས་ཏེ་གཡས་བསྐོར་དུ་རིམ་པ་བཞིན་གྲུབ་པའི་དབང་ཕྱུག་བརྒྱད་བཞུགས་པ་ནི། རི་དྭགས་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་ཡི་པ་རྒྱ་གར་གྱི་ཨཱ་ཙརྻ་ནུས་ལྡན་གྱི་ཆ་བྱད་སྐུ་མདོག་སྔོ་སྐྱ་ཅུང་ཟད་སྐེམ་པའི་ཚུལ་ཅན། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་ཤིང་རས་ཀྱི་སྨད་དཀྲིས་གསོལ་བ། སྐུའི་མདུན་ཕྱོགས་སུ་ཉའི་རྒྱུ་ལྟོ་སྤུངས་པ་ལས་ཕྱག་གིས་བླངས་ཏེ་གསོལ་བའི་ཚུལ་ཅན་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། རིན་པོ་ཆེའི་ཁྲི་ལ་གྲུབ་ཆེན་ལཱི་ལ་པ་མི་བདག་གི་ཆ་བྱད་དཀར་ལ་དམར་བའི་མདངས་ཆགས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་དབུ་རྒྱན་མགུལ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྦ་པའམ་བི་རཱུ་པ་སྐུ་མདོག་སྨུག་ནག་

p. 34

སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། དབུ་སྐྲ་ཅོ་བྲེགས་ལ་མེ་ཏོག་གི་ཕྲེང་བས་བརྒྱན་པ། སྤྱན་ལྟ་སྟངས་འབུར་ཚུགས་སུ་གཟིགས་པ། ཕྱག་གཡས་སྡིགས་མཛུབ་ནམ་མཁར་གདེང་པ། ཕྱག་གཡོན་བ་མེན་གྱི་རྭ་ཞལ་བདུད་རྩིས་གང་བ། ཤ་ནའི་གོས་ཀྱི་འདོམས་དཀྲིས་གྲུ་གསུམ་ཅན་ཞབས་རོལ་པའི་སྟབས་ཀྱིས་བཞུགས་ཤིང༌། གཡོན་གྱི་ཕྱོགས་ནས་མཁའ་འགྲོ་ཞིང་གི་རྣལ་འབྱོར་མ་མི་མོའི་ཚུལ་ཅན་གྱིས་བདུད་རྩིའི་བུམ་པ་འཛིན་པས་མཆོད་པ། ཌོམྦྷི་ཧེ་རུ་ཀ་སྐུ་མདོག་དཀར་དམར་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྦྲུལ་རེག་པའི་དུག་ཅན་གྱིས་རྒྱན་དུ་མཛད་ཅིང༌། མཐོང་བའི་དུག་ཅན་ལྕག་གི་ཚུལ་དུ་བསྣམས་པ། ཁ་རླངས་ཀྱི་དུག་ཅན་བདུན་གྱིས་དབུའི་སྟེང་དུ་གདེངས་ཀར་བྱས་ཤིང༌། སྟག་མོ་འཇིགས་སུ་རུང་བར་ཆིབས་ཤིང༌། སྐུའི་བརླ་གཡོན་པའི་སྟེང་ནས་གསང་

p. 35

བའི་ཡུམ་གཡུང་མོ་རྣལ་འབྱོར་མ་མཛེས་ཤིང་བལྟ་བས་མི་ངོམས་པ་པདྨ་ཅན་གྱི་མཚན་ཉིད་ལྡན་པས་འཁྱུད་ཅིང་བདེ་བ་མཆོག་ལ་དགྱེས་དགུར་རོལ་པ། ཀྲྀཥྞ་སཱ་རའི་པགས་པའི་སྟན་ལ་ཤ་བ་རི་པ་སྐུ་མདོག་ནག་པོ། སྤྱན་འབྲུ་ཚུགས་སུ་གཟིགས་ཤིང༌། ཕྱག་གཡས་ན་མདའ་དང༌། གཡོན་ན་འོད་མའི་གཞུ་བསྣམས་པ། གཞུ་མཆོག་ལ་ཕག་པའི་ཁོག་སྟོད་དང་ཁོག་སྨད་བཀལ་བ། རྨ་བྱའི་སྒྲོ་མདངས་གཤིབས་པའི་སྨད་གཡོགས་གསོལ་བ། མེ་ཏོག་དང་འབྲས་བུའི་རྒྱན་སྣ་ཚོགས་པས་བརྒྱན་པ། སྐུའི་གཡས་གཡོན་རིག་མ་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པ་མདའ་དོང་ཐོགས་པ་གཉིས་ཀྱིས་བསྟེན་པ། རི་དྭགས་ཀྱི་པགས་པའི་གདན་ལ་དཔལ་ས་ར་ཧ་པ་སྐུ་མདོག་དཀར་དམར། དབུ་སྐྲ་ཅོ་བྲེགས་ཚངས་སྐུད་ཅན། རས་དམར་པོའི་ཨངྒ་རག་གསོལ་བ། ཕྱག་

p. 36

གཉིས་ཀྱིས་མདའ་སྲོང་བའི་ཚུལ་གྱིས་ལྷན་སྐྱེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ནོར་དྲང་ཐད་སྟོན་པའི་བརྡས་མཚོན་ཤིང༌། སྐུའི་གཡོན་ཕྱོགས་ནས་ཞིང་གི་རྣལ་འབྱོར་མ་མདའ་མཁན་མོའི་ཚུལ་གྱིས་བསྟེན་པ། ཀངྐ་ལ་པ་སྐུ་མདོག་སྔོ་སངས་དབུ་སྐྲ་ཅོ་བྲེགས། ཕྱག་མཉམ་བཞག་གིས་བཞུགས་ཤིང་རྒྱན་མེད་པ། མདུན་ན་བུད་མེད་ཀྱི་རོ་ཤ་མེད་པའི་ཀེང་རུས་ཉལ་སྟབས་སུ་གནས་པ། མཱི་ན་པ་ཆེན་པོ་སྐུ་མདོག་སྔོ་སངས་གཅེར་བུ་རྒྱན་སྤངས་ཤིང་དབུ་སྐྲ་འཛིངས་པ། ཕྱག་གཉིས་གར་བསྒྱུར་བའི་ཚུལ། མཱི་ན་ཏེ་ཉ་ཆེན་པོའི་ཁོག་པ་གཤགས་པའི་དབུས་ནས་འཐོན་པའི་ཚུལ་གྱིས་ཞབས་གཉིས་གར་སྟབས་ཀྱིས་བཞེངས་པའོ། །དེའི་ཕྱི་རིམ་དུ་གྲུབ་ཐོབ་བཅུ་དྲུག་བཞུགས་པ་ནི། མདུན་ནས་གཡས་བསྐོར་གྱིས་རིམ་པས་ཤྲཱི་གོ་རཀྵ་ནཱ་ཐ་སྐུ་ཤ་དཀར་བ། སྤྱན་ལྟ་སྟངས་ཅན། སྙན་ལ་མུ་དྲ་

p. 37

ནག་པོ་དང༌། མགུལ་དུ་རྭ་དུང་བཏགས་པ། སྐུ་ལུས་གཅེན་བུའམ་ཙཀྲ་ཀནྟ་ཏེ་འཁོར་ལོ་ལྟ་བུའི་བེམ་པོ་གསོལ་བ་སྒོམ་ཤིང་ལ་ཀོས་ཀོ་བརྟེན་པའི་ཚུལ་གྱིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུའི་ཉེ་སྐོར་དུ་བ་ལང་གི་ཁྱུའི་ཚོགས་ཀྱིས་བསྐོར་བ། ཙོ་རང་གི་དབུ་སྐྲ་རལ་པའི་ཐོར་ཚུགས་ཆུང་ངུ་དང་ལྡན་ཞིང༌། སྐུ་ཤ་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་མཉམ་བཞག །ཞབས་སྐྱིལ་ཀྲུང་གིས་ལྗོན་པའི་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས་པ། ཝཱི་ཎ་པ་སྐུ་མདོག་དཀར་དམར་དར་ཟབ་ཀྱི་ན་བཟའ་དང༌། ཐོད་པ་བཅིངས་པ་རྒྱལ་པོའི་ཆ་བྱད་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕྱག་གཉིས་ཛནྟ་ར་དུ་ཀུ་བ་གསུམ་པའི་རྒྱུད་མང་རྡུང་བའི་སྒྲ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བའི་ཚུལ་ཅན་རིན་པོ་ཆེའི་ཁྲི་སྟན་ལ་བཞུགས་པ། རཏྣ་ཨཱ་ཀ་ར་ཤཱནྟི་པ་སྐུ་མདོག་དཀར་སྔོ་ཅུང་ཟད་

p. 38

བགྲེས་པའི་རྣམ་པ་ཅན། ཆོས་གོས་རྣམ་པ་གསུམ་དང༌པཎྜི་ཏའི་ཅོད་པན་གསོལ་བ། ཕྱག་གཡས་བཤད་པའི་ཕྱག་རྒྱ་དང༌གཡོན་གླེགས་བམ་བསྣམས་པ་ཟབ་དང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཅན་གདིང་བའི་སྟན་ལ་བཞུགས་པ། ཏནྟི་པ་སྐུ་སྔོ་སངས་ཤིན་ཏུ་སྨིན་པའི་ན་ཚོད་ཅན། ཨག་ཚོམ་དང་སྨ་ར་རིང་དུ་འཕྱར་བ་དབུ་སྐྱེས་ཐམས་ཅད་ཀུནྡ་ལྟར་དཀར་བ། རས་ཀྱི་སྨད་དཀྲིས་གསོལ་ཞིང་ཁྲི་ཐགས་ཀྱི་བྱ་བ་ལ་བརྩོན་པའི་ཚུལ་དུ་ཆོས་ཀྱི་ངེས་གནས་བརྡའ་ཐབས་ཀྱིས་སྟོན་པ། ཙ་མ་རི་པ་སྐུ་མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ལྷམ་བཟོའི་བྱ་བ་མཛད་པས་ཀུན་རྫོབ་བརྡས་གཉུག་མ་སེམས་ཀྱི་དོན་མཚོན་པ། ཁཌྒ་པ་སྐུ་མདོག་སྔོ་སངས། རས་ཀྱི་ཨང་རག་གསོལ་བ། ཕྱག་གཡས་གྲུབ་པའི་རལ་གྲི་ཡེ་ཤེས་ཀྱི་མེ་འབར་བ་བསྣམས་ཏེ་ནམ་

p. 39

མཁར་འཕུར་བའི་ཚུལ། རལ་པའི་ཐོར་ཚུགས་ཅན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་མདོག་སྔོ་སངས་ནོར་བུ་རིན་པོ་ཆེའི་མདོག་ལྟར་དྭངས་ཤིང་དྲི་མ་མེད་པ་ཤིན་ཏུ་མཚར་བ། མཚན་དཔེས་སྤྲས་ཤིང༌། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཐུགས་ཀར་མཛད་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀླུའི་རྒྱལ་པོ་མཆོག་རྣམས་སྦྲུལ་གྱི་རྣམ་པས་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་གདེངས་ཀའི་གྲིབ་མ་འབུལ་བ་ལ་སྐུ་རྒྱབ་བརྟེན་པ། བརྟུལ་ཞུགས་སྤྱོད་པ་ནག་པོའི་ཞབས་སྐུ་མདོག་ནག་པོ། ཕྱག་གཡས་ཅང་ཏེའུ་འཁྲོལ་ཞིང༌། གཡོན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་ཅིང༌། མཆན་ཁུང་དུ་ཁ་ཊྭཱཾ་ག་འཛིན་པ། སྐུ་ལ་རུས་པའི་རྒྱན་དྲུག་དང་སྟག་ཤམ་གསོལ་བ། པི་ཤྭ་རཱུ་པི་ནཱི་ཞེས་པའི་སྲིན་མོའི་གཙོ་མོ་

p. 40

འཇིགས་སུ་རུང་བའི་གཟུགས་གདན་ནམ་བཞོན་པའི་ཚུལ་དུ་གནས་པའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པ། རེས་འགའ་རོ་ལངས་ཆེན་པོ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ་ཆིབས་པ་སོགས་སྣ་ཚོགས་རྫུ་འཕྲུལ་རོལ་པ་སྟོན་པ། སྟེང་གི་ནམ་མཁར་གདུགས་བདུན་འཛིན་པ་མེད་པར་འཁོར་ཞིང༌། ཌཱ་མ་རུ་བདུན་འཁྲོལ་མཁན་མེད་པར་སྒྲ་གྲགས་བཞིན་པ། རེས་འགའ་གདུགས་བདུན་བརྒྱ་དང་ཌཱ་མ་རུ་བདུན་བརྒྱར་འཕེལ་བའི་ཆོ་འཕྲུལ་ཅན། སྣང་དང་མི་སྣང་བའི་འཁོར་གྲུབ་པ་དང་རིག་འཛིན་གྱི་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པའི་འཁོར་ལོའི་འདུ་བར་རྟག་ཏུ་སྤྱོད་པ། འཕགས་པ་ལྷ་སྔོ་སངས་དགེ་སློང་གི་ཆ་བྱད་ཆོས་གོས་རྣམ་པ་གསུམ་དང་ལྡན་ཞིང༌། ཞབས་སྐྱིལ་མོ་ཀྲུང་གིས་གདིང་བའི་སྟན་ལ་བཞུགས་པ། ཀརྞ་རི་ཞེས་པའི་ཤིང་ལོ་ཆེན་པོ་ཕྱག་ན་བསྣམས་པ། ཐ་ག་ན་

p. 41

སྐུ་མདོག་སྔོ་སངས་ཤིང་ལྗོན་པ་ལ་སྐུ་རྒྱབ་བརྟེན་པའི་བྱད་སྙེས་ཀྱིས་པགས་པའི་གདན་ལ་བཞུགས་ཤིང་ཕྱག་ས་གནོན་སོགས་ཅི་བདེར་སྤྱོད་པ། དཔལ་ནཱ་རོ་པ་སྐུ་མདོག་སྨུག་ནག་གཟི་བྱིན་མཚུངས་པ་མེད་པའི་ཟིལ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་དང༌། སྐུ་ལ་རུས་པའི་རྒྱན་དྲུག་སོགས་ཀྱིས་སྤྲས་པ། དར་གྱི་ཨངྒ་རག་གསོལ་བའམ་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། མི་ལྤགས་ཀྱིས་སྟེང་གཡོགས་མཛད་པའི་རྐང་ལག་གཉིས་ཕྱག་གིས་བཟུང་སྟེ་ཕན་ཚུན་དུ་བརྒྱངས་པའམ་ཕྱག་གཡས་ཀྱིས་མི་ལྤགས་བརྒྱངས་ཤིང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གར་སྟབས་སམ་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་ཤིང༌། མདུན་དུ་གསང་ཡུམ་མཁའ་འགྲོ་མ་མི་མོའི་རྣམ་པ་མཚར་སྡུག་ཕུན་སུམ་ཚོགས་པས་བདུད་རྩི་འབུལ་བ། ཤྱ་ལི་པ་སྐུ་སྔོ་སངས་རས་ཀྱི་

p. 42

ཨང་རག་གསོལ་བ། ལྕེ་སྤྱང་གི་རོ་ཕྲག་པར་བཀལ་བ། ཏིལླི་པ་སྐུ་ཤ་སྔོ་ནག་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རས་ཀྱི་ཨང་རག་གསོལ་ཞིང་ཏིལ་བརྡུང་བའི་རྣམ་པ་ཅན། མདུན་དུ་རིག་མ་ཞིང་གི་རྣལ་འབྱོར་མ་ཏིལ་མཁན་མོའི་རྣམ་པས་ཏིལ་བླུགས་པའི་བྱ་བ་ལ་བརྩོན་པས་གཉུག་མའི་ཡེ་ཤེས་རང་ལ་རང་ཆས་སུ་བཞུགས་པ་ངོ་སྤྲོད་པའི་བརྡའ་མཚོན་པ། ཙཀྲ་པ་སྐུ་མདོག་དཀར་དམར་རབ་བྱུང་གི་ཆ་བྱད་གླེགས་བམ་གྱི་ཁུར་པོ་རྒྱབ་ཏུ་བསྣམས་ཤིང་ཕྱག་ཏུ་གླེགས་བམ་ཆུང་ངུ་འཛིན་པ། བྷ་ཏྲ་པ་སྐུ་ཤ་དཀར་དམར་ལང་ཚོ་རྒྱས་པའི་ཉམས་ལྡན། དབུ་སྐྲ་ཤད་པ་བཅིངས་པའི་ཐོར་ཅོག་ཅན། ཚངས་སྐུད་དང་རྣ་རྒྱན་སོགས་རིན་པོ་ཆེའི་རྒྱན་ཐོར་བུས་སྤྲས་པ། ཕྱག་མཉམ་པར་བཞག་པའི་ཕྱག་རྒྱ་དང༌། ཞབས་སྐྱིལ་ཀྲུང་གི་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་བཞུགས་པའི་སྐུའི་

p. 43

མདུན་ངོས་སུ་ཕག་གི་ཤ་དང་མྱོས་བྱེད་ཀྱི་བུམ་པར་བཅས་པའོ། །དེའི་ཕྱི་རིམ་དུ་གྲུབ་ཐོབ་ཉི་ཤུ་བཞུགས་པ་ནི། མདུན་ནས་གཡས་བསྐོར་གྱི་རིམ་པས། དྷུ་ཁནྡྷི་པ་སྐུ་མདོག་སྔོ་སངས་དབུ་སྐྲ་ཅོ་བྲེགས། ཕྱགས་དར་ཁྲོད་ཀྱི་གོས་ཧྲུལ་པོ་སྣ་ཚོགས་གཅིག་ཏུ་བསྡུས་ཏེ་འབྲུབ་པའི་ཚུལ་གྱིས་ཆོས་ཅན་ཐམས་ཅད་ཆོས་ཉིད་གཅིག་ཏུ་འདུ་བའི་བརྡའ་སྟོན་པ། ཞབས་གཡས་མདུན་དུ་བརྐྱངས་ཤིང་གཡོན་ཕྱེད་ཀྲུང་གིས་པགས་པའི་གདན་ལ་བཞུགས་པ། ཨ་ཛོ་གི་པ་སྐུ་མདོག་སྔོ་སྐྱ་རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་པ་འཕྲེད་ཉལ་སྟབས་ཀྱིས་གཟིམས་པའི་ཚུལ་ཅན། ཀ་ལ་པ་སྐུ་མདོག་དཀར་དམར་མཛེས་ཤིང་ལྟ་བས་མི་ངོམས་པ། རལ་པའི་ཐོར་ཚུགས་ཆུང་ངུ་ཅན། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་དང༌ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དྷུ་པི་ར་ཛ་སྐུ་

p. 44

མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་གསོལ་ཞིང་ཞབས་པུས་བཙུགས། མདུན་དུ་ཆུ་རྒྱུན་ལ་གོས་རྙིང་པ་སྣ་ཚོགས་པ་འཁྲུད་པའི་ཚུལ་གྱིས་སེམས་ཀྱི་དྲི་མ་སྦྱངས་པའི་བརྡའ་སྟོན་པ། གཡོན་དུ་རིག་མས་བསྟེན་པ། ཀངྐ་ན་སྐུ་མདོག་དཀར་དམར་མདངས་ལྡན་རྒྱལ་པོའི་ཆ་བྱད་དར་དང་རིན་པོ་ཆེས་སྤྲས་པ། ཕྱག་གཡས་པའི་གདུབ་བུ་ནོར་བུ་རིན་པོ་ཆེ་འོད་འབར་བ་ལ་རྩེ་གཅིག་ཏུ་གཟིགས་པའི་ཚུལ་དང༌། ཞབས་རོལ་སྟབས་ཀྱིས་རིན་པོ་ཆེའི་ཁྲི་དང་དར་ཟབ་ཀྱི་འབོལ་སྟན་ལ་བཞུགས་པ། མཐའ་བསྐོར་བཙུན་མོ་བློན་འབངས་ཀྱིས་བསྐོར་ཞིང༌། སྟེང་གི་བར་སྣང་གི་ནམ་མཁའ་ནས་ལྷ་དང་ལྷ་མོའི་ཚོགས་ཀྱིས་མཆོད་པ་འབུལ་བ། ཀམྤ་ལ་པ་སྐུ་མདོག་དཀར་དམར་དགེ་སློང་གི་ཆ་བྱད། སྐུ་ལ་ལྭ་བའི་ན་བཟའ་གསོལ་ཞིང༌། ཕྱག་མཉམ་བཞག་གི་ཕྱག་རྒྱས་ཏིང་ངེ་འཛིན་ལ་

p. 45

མཉམ་པར་བཞག་བཞིན་པ། ཌིངྒི་པ་སྐུ་ལ་རས་ཀྱི་སྨད་དཀྲིས་གསོལ་ཞིང༌རལ་པའི་ཐོར་ཚུགས་ཅན། ཕྱག་གཉིས་སྣོད་དུ་འབྲས་བླུགས་ཏེ་གཏུན་ཤིང་གིས་འབྲས་སྤྲུ་ཞིབ་ཆུ་ལ་འཁྲུད་པས་སྙིང་པོའི་དོན་གྱི་བརྡའ་སྟོན་པ། ཞབས་པུས་བཙུགས་ཀྱི་རྣམ་པ། སྐུ་ཡི་གམ་ནས་རིག་མ་བཟང་མོས་ཆུ་ཡི་རྒྱུན་བླུགས་པ། བནྡྷེ་པ་རྒྱལ་པོའི་ཆ་བྱད་སྐུ་དཀར་དམར་མདངས་ལྡན། དར་གྱི་མདུང་མ་དང་ཐོད་བཅིངས་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་རོལ་སྟབས་ཀྱིས་རིན་པོ་ཆེའི་ཁྲི་སྟན་དར་འབོལ་ལ་བཞུགས་པ། ཏནྟེ་པ་སྐུ་མདོག་སྔོ་སངས་རྒྱ་གར་བ་ཕལ་པའི་ཆ་བྱད་རས་ཀྱི་སྨད་དཀྲིས་དང་ཐོད་བཅིངས་པ། ཕྱག་གཉིས་རྒྱ་གར་གྱི་ལུགས་དང་མཐུན་པའི་ཤོ་བསྣམས་ཏེ་ཤོག་གདན་གྱི་སྟེང་དུ་རོལ་རྩེད་མཛད་པའི་ཚུལ་ཅན། ཀུ་ཀུ་རི་པ་སྐུ་མདོག་སྔོ་མདངས་ཅུང་ཟད་

p. 46

ཡོད་པ་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་གྱིས་མཛེས་པ་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་ཅིང༌། སྐུ་པང་དུ་རྡོ་རྗེ་རྣལ་འབྱོར་མ་ཀུ་ཀུ་རི་གཞོན་ནུའི་གཟུགས་ཅན་ཕྱག་གཡས་ཀྱིས་བཟུང་སྟེ་དགྱེས་རྒུར་རོལ་པའི་ཚུལ་ཅན། ཀུ་རི་པ་སྐུ་མདོག་སྔོ་སངས་རྣལ་འབྱོར་པའི་ཆ་བྱད་རས་ཀྱི་ཨང་རག་གསོལ་བ། །ལྟག་པའི་ཕྱོགས་སུ་ལྦ་བས་མཚན་པ། མདུན་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པ་ལ་གུས་པས་བསྙེན་པའི་ཚུལ་ཅན། དྷ་མ་པ་སྐུ་ཤ་དཀར་སྔོ་བྲམ་ཟེའི་ཆ་བྱད་གཙུག་ཕུད་དང་ཚངས་སྐུད་རིལ་བ་དང་བཅས་ཤིང་རས་ཀྱི་སྨད་དཀྲིས་ཅན། ཕྱག་ན་གླེགས་བམ་བསྣམས་པ། སྐུའི་ཉེ་སྐོར་དུ་ཡང་པོ་ཏི་མང་པོ་དང་བཅས་པ། མ་ཧེ་ལ་སྐུ་ལུས་ཡན་ལག་སྦོམ་ཞིང་ཤ་སུལ་ཅན་གཞན་ལ་ལུས་སྟོབས་འགྲན་པའི་ཚུལ་ཅན། ཨ་ཙིནྟ་པ་རས་ཀྱི་

p. 47

འདོམས་དཀྲིས་གསོལ་ཞིང༌། ཤིང་ཕུར་དང་སྟྭ་རེ་བསྣམས་ནས་ཤིང་གཅོད་པའི་ཚུལ་གྱིས་འཁྲུལ་པའི་དྲྭ་བ་གཅོད་པའི་བརྡའ་སྟོན་པ། བ་བྷ་ཧི་མི་བདག་གི་ཆ་བྱད་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ལ། ན་བཟའ་སྨད་གཡོགས་ལས་གཞན་མེད་པར་དབུ་རྒྱན་ཕྱག་ཞབས་རིན་པོ་ཆེའི་གདུ་བུས་མཛེས་པ། སྐུའི་གཡོན་ཕྱོགས་ནས་མཚར་སྡུག་ཕུན་སུམ་ཚོགས་པའི་བཙུན་མོས་འཁྱུད་པས་འཕོ་མེད་བདེ་ཆེན་གྱི་རོ་ལ་དགྱེས་པས་རོལ་པ། རིན་པོ་ཆེའི་ཁྲི་སྟན་ལ་བཞུགས་པ། ནཱ་ལི་ནཱ་པ་སྐུ་མདོག་དཀར་དམར་བྲམ་ཟེའི་ཆ་བྱད། མཚོའི་དབུས་ན་མེ་ཏོག་པདྨའི་སྡོང་བུ་རྩ་བ་དང་བཅས་ཏེ་གཅོད་པ། ཤཱནྟ་དེ་བ་སྐུ་མདོག་དཀར་དམར་ཤ་ཉམས་རྒྱས་པ། དགེ་སློང་གི་ཆ་བྱད་ཆོས་གོས་གསོལ་བ་གདིང་བའི་སྟེང་དུ་ཞབས་སྐྱིལ་མོ་ཀྲུང་བཅས་ཏེ། དགེ་སློང་གི་དགེ་

p. 48

འདུན་ཆེན་པོའི་དབུས་སུ་འཇིགས་པ་མེད་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུང་བཞིན་དུ་ནམ་མཁའ་ལ་ཇེ་མཐོར་འཕགས་པའི་ཚུལ་ཅན། ཆོས་ཀྱི་རྒྱལ་པོ་ཨིནྡྲ་བོ་དྷི་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་མཛེས་པ། འཁོར་ལོས་བསྒྱུར་བ་ཆེན་པོའི་ཆ་བྱད། རིན་པོ་ཆེའི་ཁྲི་དང་དར་ཟབ་ཀྱི་འབོལ་སྟན་ལ་བཞུགས་པ། ཁམས་གསུམ་དབང་ཕྱུག་ཆེན་པོའི་འབྱོར་པས་གཏམས་ཤིང༌། རྡོ་རྗེ་རྣལ་འབྱོར་མ་མིའི་བུ་མོའི་ཚུལ་བཟུང་བའི་བཙུན་མོ་མཚར་སྡུག་ཕུན་སུམ་ཚོགས་པ་ལྔ་བརྒྱས་གླུ་གར་རོལ་མོ་རེག་བྱའི་མཆོད་པས་རྟག་ཏུ་མཆོད་ཅིང༌། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དགའ་སྟོན་ལམ་དུ་ཁྱེར་བའི་སྤྲོས་བཅས་ཀྱི་སྤྱོད་པ་ཆེན་པོ་རྩོམ་པའི་ཚུལ་ཅན་གྱིས་དགྱེས་རྒུར་རོལ་པ། མེ་ཀོ་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཐོད་

p. 49

བཅིངས་པ། ཁྱིམ་པ་ཐ་མལ་པའི་ཆ་བྱད་གོས་ཕུ་དུང་ཅན་དང༌། ཕྱག་གཉིས་སྣུམ་ཁུར་བཟོ་བའི་བྱ་བ་མཛད་ཅིང༌། སྐུའི་མདུན་ཕྱོགས་སུ་ཁ་ཟས་ཀྱི་བྱེ་བྲག་སྣ་ཚོགས་པ་བཀྲམ་པ། རིག་མ་མཛེས་མས་གཡོས་ཀྱི་བྱ་བ་མཛད་པའི་ཚུལ་ཅན། ཏོག་རྩེ་པ་སྐུ་མདོག་སྔོ་ནག་དབུ་ལ་ཐོད་བཅིངས་ཤིང་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ཀྱིས་ཏོག་ཙེ་བསྣམས་ཏེ་ཞིང་ཐ་རེངས་བརྐོ་བའི་ཚུལ་གྱིས་རང་རྒྱུད་རེངས་པ་འདུལ་དགོས་པའི་བརྡའ་མཛད་པ་རྣམས་བཞུགས་པའོ། །དེའི་ཕྱི་རིམ་དུ་གྲུབ་ཐོབ་ཉི་ཤུ་བཞུགས་པ་ནི། མདུན་ནས་གཡས་སྐོར་གྱི་རིམ་པས། གམྦྷ་རི་པ་སྐུ་སྔོ་ནག་ཤ་ནའི་གོས་ཀྱི་སྨད་དཀྲིས་ཅན་ཐོད་བཅིངས་པ། ཕྱག་གཉིས་ཐོ་བ་དང་སྐམ་པ་བཟུང་སྟེ་ལྕགས་མགར་གྱི་ལས་ལ་བརྩོན་པས་དུག་གསུམ་ཆོས་ཀྱི་སྐུ་རུ་སྦྱོང་བའི་བརྡའ་སྟོན་པ། ཛ་ལནྡྷ་ར་

p. 50

བ་སྐུ་མདོག་དཀར་དམར། རལ་པའི་ཐོར་ཚུགས་དང་རུས་རྒྱན་ཅན་རས་དམར་གྱི་འདོམས་དཀྲིས་གསོལ་བ། ཞལ་ཕྱོགས་གཅིག་རྒྱབ་ནས་དཔུང་པར་བཀལ་ཞིང༌། ཕྱོགས་གཅིག་བཞེངས་པའམ་པུས་བཙུགས་ཀྱི་ཚུལ་ཅན། ཕྱག་གཉིས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལྡོག་སྟེ་སྤྱི་བོར་འཆིང་བ། གཡོན་གྱི་ཕྱོགས་ནས་རིག་མ་རྣལ་འབྱོར་མའི་ཆ་བྱད་ཀྱིས་འདུད་བཞིན་པ། རཱ་ཧུ་ལ་པ་སྐུ་སྔོ་སངས་ཡིད་ཙམ་བགྲེས་པ། དབུ་སྐྲ་ཅོ་བྲེགས་ཕྱག་གཉིས་མཉམ་བཞག་དང༌། ཞབས་གཉིས་སྐྱིལ་ཀྲུང་གིས་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་བཞུགས་པ། དྷརྨ་པ་སྐུ་སྔོ་སངས་ཆེས་ཆེར་སྨིན་པའི་ན་ཚོད་ཅན་དགེ་སྦྱོང་གི་ཆས་ལྡན། པོ་ཏི་ཕྱག་ན་བསྣམས་ཤིང་ཞབས་སེམས་སྐྱིལ་གྱིས་གདིང་བའི་སྟན་ལ་བཞུགས་པ། དྷོ་ཀ་རི་པ་སྐུ་མདོག་སྨུག་ནག་སློང་མོ་བའི་ཆ་བྱད། ཕྱག་གཉིས་ཛོ་ལ་ཞེས་པ་

p. 51

དྲྭ་བའི་སྣོད་དུ་ཁ་ཟས་ཀྱི་སྣོད་ཆེན་པོ་དབྱུག་པའི་དཔྱངས་ཐག་ཅན་བསྣམས་ཏེ་སློང་མོ་སློང་བའི་ཚུལ་དུ་བཞེངས་པ། མེ་དྷི་ན་པ་སྐུ་སྔོ་སངས་རྨོས་མཁན་གྱི་ཆ་བྱད། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་ཤིང༌། རས་ཀྱི་སྨད་དཀྲིས་ཅན་རྨོས་གླང་གཉིས་ལ་གཉའ་ཤིང་བཅུག་སྟེ་ཞིང་རྨོ་བའི་ཚུལ་གྱིས་ཆོས་ཀྱི་ངེས་གནས་སྟོན་པ། སངྐ་ཛ་པ་སྐུ་མདོག་དཀར་དམར་གཞོན་པའི་ཉམས་དང་ལྡན་པ་བྲམ་ཟེའི་ཆ་བྱད། ཞབས་གར་སྟབས་ཀྱིས་བཞེངས་ཤིང་པདྨའི་རྫིང་བུའི་འགྲམ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལ་བསྙེན་བཀུར་མཛད་པ། རྡོ་རྗེ་དྲིལ་བུ་པ་སྐུ་མདོག་མི་ཤ་ཁ་སྔོ་སངས་ཞི་མ་ཁྲོ། རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་

p. 52

རྣལ་འབྱོར་མའི་རྣམ་པ་གྲི་གུག་དང་ཐོད་པ་འཛིན་པ་ཕྱག་རྒྱ་ལྔ་ལྡན་ཤིན་ཏུ་མཛེས་མ་ལ་མཉམ་པར་སྦྱོར་བའི་བདེ་བས་དགྱེས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱི་སྟབས་ཀྱིས་མཁའ་དབྱིངས་མཐོན་པོར་འཕགས་པ། ཛོ་གི་པ་རྣལ་འབྱོར་གྱི་ཆ་བྱད་སྐུ་སྔོ་སངས་གཅེར་བུ། འཁར་བ་ཐོགས་ཤིང་ཡོ་བྱད་རྣམས་ཕྲག་དབྱུག་གི་རྩེར་བཏགས་ཤིང་ཐོད་པ་འཛིན་པ། ཙ་ལུ་ཀི་པ་རྣལ་འབྱོར་པའི་ཆ་བྱད། ལ་ཊི་ཞེས་པ་འབོལ་སྟན་སྔས་སུ་བཅུགས་ནས་གཟིམས་པ། མདུན་དུ་སྒོམ་ཤིང་ཅི་བདེར་བསྐྱུར་བའི་ཚུལ་ཅན། གཡོན་ཕྱོགས་ནས་རིག་མས་བསྟེན་པ། གོ་རུ་ར་པ་སྐུ་མདོག་སྔོ་སངས་སྐུ་སྨད་ལ་ཤིང་ལོའི་གོས་ཅན། དབུ་སྐྲ་ཅོ་བྲེགས། སྙི་བཙུགས་ཏེ་བྱ་སྣ་ཚོགས་པ་གཤོར་བའི་རྣམ་པ་ཅན། ལུ་ཙི་ཀ་པ་སྐུ་མདོག་དཀར་ཉམས་བྲམ་ཟེའི་ཆ་བྱད། སྐྲ་དང་ཁ་སྤུ་རྣམས་འཇབ་

p. 53

རྩེས་འཐོག་སྟེ་ཟད་པའི་རྣམ་པ་ཅན། ན་གུ་ཎ་པ་ཁྱིམ་པའི་ཆ་བྱད། སྐུ་མདོག་དཀར་ལ་དམར་མདངས་ཅན། མལ་ཁྲི་ལ་རྒྱབ་སྙེས་སུ་སྙེས་ནས་ཟས་ཟ་བའི་ཚུལ་ཅན། ཛ་ཡ་ནནྟི་པ་བྲམ་ཟེའི་སློབ་དཔོན་དགེ་བསྙེན་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རས་ཀྱི་སྨད་དཀྲིས་གསོལ་ཞིང་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་བཞུགས་པ། ཕྱག་གིས་ཏིང་ཤག་བསྣམས་ཏེ་རྡུང་བའི་ཚུལ་གྱིས་གཏོར་མ་སྣ་ཚོགས་པ་གཏོང་བའི་རྣམ་པ་ཅན། སྐུའི་མདུན་དུ་བྱ་སྣ་ཚོགས་འདུས་ཤིང༌། འཁོར་སློབ་མ་སྐྱེས་པ་དང༌བུད་མེད་སྣ་ཚོགས་རྫ་རྔ་རྡུང་བ་དང༌། གླིང་བུ་འབུད་པ་སོགས་འབུད་དཀྲོལ་ཀྱི་བྱ་བ་བྱེད་པ་ལ་བརྩོན་པ་རྣམས་ཀྱིས་བསྐོར་བ། པ་ཙ་རི་པ་རྣལ་འབྱོར་གྱི་ཆ་བྱད་སྐྲ་བྲེགས་པ། ཤིང་ལྗོན་པའི་དྲུང་ན་བཞུགས་ཤིང༌འདོམས་དཀྲིས་གྲུ་གསུམ་པ་ཞིག་མ་གཏོགས་ན་

p. 54

བཟའ་མེད་པ། མདུན་དུ་མེ་བཏང་སྟེ་སྣུམ་ཁུར་བཙོ་བ་ལ་སྣུམ་ཁུར་གཅིག་གི་ཕྱེད་ཞལ་དུ་གསོལ་བའི་རྣམ་པ། མདུན་ན་སྤྱན་རས་གཟིགས་བཞེངས་ཏེ་ཆོས་སྟོན་པ། ཙམྤ་ཀ་པ་སྐུ་མདོག་དཀར་དམར་ལང་ཚོ་རྒྱས་པ། དར་གྱི་ན་བཟའ་ཕུ་དུང་ཅན་དང་རིན་པོ་ཆེས་བརྒྱན་པ། ཕྱག་ན་མེ་ཏོག་གི་ཕྲེང་བ་བསྣམས་པ། མཐའ་བསྐོར་གྱི་སྐྱེད་ཚལ་རྣམས་ཙམྤ་ཀ་ཡི་ཤིང་སྟེ་ཡལ་ག་རྣམས་ཟླུམ་པོར་སྐྱེས་པ། ལོ་མ་ལྗང་ནག་མེ་ཏོག་སེར་སྐྱར་ཡོད་པ། དེ་ལྟ་བུའི་སྐྱེད་ཚལ་གྱི་དབུས་ན་རིན་པོ་ཆེ་དང་དར་ཟབ་ཀྱི་ཁྲི་སྟན་ལ་བཞུགས་པ། བྷིཀྵ་ཎ་པ་སྐུ་སྔོ་སངས། ཕྱག་ན་ཀུ་བའི་སྣོད་བསྣམས་ཤིང༌། ཕྱག་གཅིག་གིས་རང་གི་ཚེམས་གཅིག་མདུན་མཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཞི་བ་རུས་རྒྱན་ཅན་གྱིས་ཆོས་སྟོན་པ་ལ་འབུལ་བའི་ཚུལ་ཅན། དྷི་ལི་པ་རས་ཀྱི་ཐོད་དཀྲིས་དང་སྟོད་

p. 55

གཡོགས་སྨད་གཡོགས་ཅན། མདུན་དུ་མར་ནག་གི་སྣོད་ཆེན་པོ་མང་དུ་བཤམས་ཏེ་འཚོང་བའི་ཚུལ་དང༌ཁ་ཟས་སྣ་ཚོགས་བཤམས་པ། ཀུམྦྷ་རི་པ་རྫ་མཁན་གྱི་ཆ་ལུགས་འཁོར་ལོ་བསྐོར་ཏེ་རྫ་བཟོ་བའི་ཚུལ་ཅན། ཤེས་རབ་མས་མཐའ་བརྟེན་པ། ཙརྤ་ཊི་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ན་བཟའ་མེ་ཁ་ལི་བཞེས་པ་དབུས་ཀྱི་བུག་པ་ནས་མགུལ་བཏོན་ཅིང༌། གཡས་གཡོན་གྱི་ཕྱེད་ཕྱེད་མདུན་རྒྱབ་ཀྱི་ན་བཟའ་བགོས་པ་ལ་སྐུ་རགས་བཅིངས་པ། ཕྱག་གཉིས་བཅུད་ལེན་གྱི་སྣོད་གསེར་འགྱུར་གྱི་རྩིས་གང་བའི་བུམ་པ་བསྣམས་པ་ལས། ཤིང་ལོའི་འཐོར་གཡབ་ཀྱིས་གཏོར་བས་སྐྱེས་པ་བུད་མེད་མཐའ་ཡས་པ་དོན་ཆེན་པོ་ལ་ཡུད་ཀྱིས་འགོད་པ་རྣམས་སོ། །དེའི་ཕྱི་རོལ་དུ་གྲུབ་ཐོབ་ཉི་ཤུ་བཞུགས་པ་ནི། མདུན་ནས་གཡས་བསྐོར་གྱིས་རྣལ་འབྱོར་

p. 56

གྱི་དབང་ཕྱུག་ཆེན་པོ་མ་ཎི་བྷ་དྲ་བུ་མོ་གཞོན་ནུ་མའི་ལང་ཚོའི་གང་བ་ཅན་ཤིན་ཏུ་མཛེས་པའི་མཚར་སྡུག་ཕུན་སུམ་ཚོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནམ་མཁའ་ལ་འཕུར་བའི་ཚུལ་ཅན། འོག་གི་ས་གཞིར་ཆུ་བུམ་ཆག་པ་ལ་གཟིགས་པའི་རྣམ་པ། རྣལ་འབྱོར་མ་མེ་ཁ་ལི་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་གཞོན་མཛེས་ལང་ཚོ་རྒྱས་ཤིང་དབུ་སྐྲ་སིལ་བུར་གྲོལ་བ་གཅེར་བུ་རུས་པའི་རྒྱན་ཅན། མཆན་ཁུང་དུ་རྡོ་རྗེ་ཁ་ཊྭཱཾ་ག་བཟུང་བ། ཞལ་ལས་ཡེ་ཤེས་ཀྱི་རལ་གྲི་ཕྱུངས་ཏེ་ཕྱག་གཡས་ཀྱིས་འཛིན་ཞིང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཉིས་གར་སྟབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། རྣལ་འབྱོར་མ་ཀ་ན་ཁ་ལ་སྐུ་མདོག་དཀར་དམར་གཅེར་མོ་ལང་ཚོ་རྒྱས་པ་རུས་པའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་པས་ཡེ་ཤེས་ཀྱི་རལ་གྲི་རྣོ་

p. 57

ངར་དང་ལྡན་པ་འཛིན་ཅིང༌། གཡོན་པས་རང་གི་དབུ་བཅད་དེ་འཛིན་པ་ཕག་མོ་དབུ་བཅད་མའི་ཚུལ་ལྟར་ཞབས་བརྐྱང་བསྐུམ་གར་སྟབས་ཀྱིས་ནམ་མཁའ་ལ་གར་མཛད་པ། ཀ་ལ་ཀ་ལ་པ་སྐུ་སྔོ་ནག་གཅེར་བུ་དུར་ཁྲོད་འཇིགས་སུ་རུང་བའི་དབུས་ན་ཏིང་ངེ་འཛིན་ལ་བཞུགས་པ། དེའི་མདུན་མཐོ་བ་ན་རྣལ་འབྱོར་དབང་ཕྱུག་རུས་རྒྱན་ཅན་ཞིག་གིས་ཆོས་སྟོན་པ། སྐནྡྷ་ལི་པ་སྐུ་མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ཁབ་སྐུད་དང་བེམ་པོ་བསྣམས་ཏེ་ཚེམ་བུ་འདྲུབ་པའི་ཚུལ་ཅན་པགས་པའི་གདན་ལ་བཞུགས་པ། དྷ་ཧུ་ལི་པ་སྐུ་སྔོ་སངས་རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་པ། རས་ཀྱི་སྨད་དཀྲིས་ཅན་གཡོན་ནས་རིག་མས་འདུད་ཅིང༌རྩྭ་ཐག་གྲིམས་པའི་ཁུར་པོ་འཆང་བའི་ཚུལ་ཅན། ཨུ་དྷི་ལི་པ་སྐུ་མདོག་དཀར་སྨུག་ཤ་ཉམས་ཅན་སྨ་ར་

p. 58

བཟང་པོ་དང་ལྡན་པ། གོས་ཕུ་དུང་ཅན་གསོལ་ཞིང་དབུ་ལ་རས་ཀྱི་ཐོད་བཅིངས་སོགས་ཁྱིམ་བདག་གི་ཆ་བྱད། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་གོས་སྟན་བཟང་པོ་ལ་བཞུགས་པ། སྤྱན་ནམ་མཁའ་ལ་གཟིགས་ཤིང་ནམ་མཁའི་མཐོངས་སུ་སྤྲིན་ཁ་དོག་སྣ་ལྔ་པ། གླང་པོ་ཆེ་དང༌། རྟ་དང་བྱ་ལ་སོགས་པའི་གཟུགས་བརྙན་འཆར་བ་དང༌། བྱ་ངང་པ་ནམ་མཁའ་ལ་འཕུར་བ། དེའི་མདུན་དུ་རྣལ་འབྱོར་པ་ཤིང་ལོ་ཐོགས་པ་ཞིག་གིས་ཆོས་འཆད་པའི་ཚུལ་ཅན། ཀ་པཱ་ལ་པ་རྣལ་འབྱོར་པའི་ཆ་བྱད་སྐུ་མདོག་སྔོ་ནག །འདོམས་དཀྲིས་མ་གཏོགས་གཅེར་བུ་རུས་པའི་རྒྱན་གྱིས་སྤྲས་པ། མདུན་དུ་བུད་མེད་བཟང་མོའི་རོ་བཞག་པའི་ཐོད་པ་བྲེགས་ཏེ་ཕྱག་ཏུ་བསྣམས་པ། ཀི་ར་བ་ལ་པ་སྐུ་མདོག་དཀར་སྨུག་ཅུང་ཟད་ཁྲོ་བའི་ཉམས་ལྡན་སྨ་ར་བཟང་པོ་ཅན། དབུ་ལ་ཅོད་པན་དབུས་དང་ཕྱོགས་བཞི་

p. 59

སྟེ་རྩེ་མོ་ལྔ་པ་རིན་པོ་ཆེའི་ཏོག་ཅན་གསོལ་བ། སྐྲ་མཚམས་སུ་དཔའ་བོའི་དར་དཔྱངས་ཞེས་པ་རིན་ཆེན་གསེར་གྱི་འཁྱུད་མོ་ལས་རྣ་ལྟག་གཡས་གཡོན་ནས་མར་དར་དཔྱངས་འཕྱར་བ། ཕྱག་གཡས་རལ་གྲི་དང༌གཡོན་ཕུར་པ་བཟུང་སྟེ་རོལ་སྟབས་ཀྱིས་རིན་པོ་ཆེའི་ཁྲི་སྟན་ལ་བཞུགས་པ། ས་ཀ་ར་པ་དགེ་སློང་གི་ཆ་བྱད། ཆོས་གོས་རྣམ་པ་གསུམ་དང་ལྡན་པ། མདུན་ན་འཕགས་པ་སྤྱན་རས་གཟིགས་སྐུ་བཞེངས་སྟབས་ཀྱིས་བཞུགས་པ་ལ་གུས་པས་མཆོད་པའི་ཚུལ། སརྦ་བྷཀྵ་པ་སྐུ་སྔོ་སངས་དམངས་རིགས་ཀྱི་ཆ་བྱད་རས་ཀྱིས་འདོམས་དཀྲིས་ཤིང་སྐྲ་བཅིངས་པ། མདུན་དུ་སྣོད་གཅིག་གི་ནང་ཟས་སྣ་ཚོགས་པ་ཡོད་པ་ལོངས་སྤྱོད་པའི་ཚུལ་ཅན། ནཱ་ག་བོ་དྷི་སྐུ་མདོག་མི་ཤ་ཁ་སྔོ་སངས་དགེ་སློང་གི་ཚུལ་ཅན་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་གདིང་བའི་

p. 60

སྟན་ལ་ཏིང་ངེ་འཛིན་གྱིས་བཞུགས་པ། དཱ་རི་ཀ་པ་སྐུ་མདོག་སྔོ་སངས་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་ཞིང་འཇའ་འོད་དང་བཅས་ནམ་མཁའ་ལ་འཕུར་ཞིང་ལྡིང་བའི་ཚུལ་གྱིས་གཤེགས་པ། འཁོར་དུ་མཆོག་ཏུ་གྱུར་པའི་བུད་མེད་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་བཅས་མཁའ་སྤྱོད་དུ་བགྲོད་པའི་ཚུལ་ཅན། པུ་ཏ་ལི་པ་རྣལ་འབྱོར་གྱི་ཆ་བྱད་དབུ་སྐྲ་ཅོ་བྲེག་སྒོམ་ཐག་དང་ཨང་རག་གསོལ་ནས་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་བཞུགས་པ། མདུན་དུ་དཔལ་དགྱེས་པ་རྡོ་རྗེའི་སྐུ་རས་བྲིས་བཀྲམ་པ་ལ་རྩེ་གཅིག་ཏུ་གཟིགས་པ། པ་ན་ཧ་པ་སྐུ་མདོག་དཀར་སྔོ་སངས་རས་ཀྱི་སྨད་དཀྲིས་དང་ཐོད་ཅན་ཕྱག་གཉིས་དཀུར་བརྟེན་པ་ཨག་ཚོམ་དང་བཅས་ཤིང༌། ཞབས་ལ་ལྷམ་ཡུ་བཅད་གཡེར་ཁ་སོགས་རྒྱན་མང་པོ་བཏགས་ཏེ་སིལ་ཁྲོལ་གྱི་སྒྲ་དང་

p. 61

བཅས་རྒྱུག་པའི་ཚུལ་གྱིས་བདེ་ཆེན་གྱི་སར་རིངས་པར་འགྲོ་བ་ལ་བརྩོན་དགོས་པའི་བརྡ་སྟོན་པ། ཀོ་ཀི་ལ་པ་རྒྱལ་པོའི་ཆ་བྱད་སྐུ་མདོག་དཀར་དམར། དར་ཟབ་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་སྟན་ལ་བཞུགས་པའི་མཐའ་བསྐོར་དུ་སྐྱེད་མོས་ཚལ་འབྲས་བུ་ཅན་གྱི་ཤིང་གིས་གང་བ། གཞོན་ནུ་མ་མཆོག་གི་མཛེས་སྡུག་ཅན་མང་པོས་གླུ་དང་གར་དང༌། རླུང་གཡབ་དང༌། ཁྲུས་གསོལ་བའི་རྣམ་པ་ཤིང་རྣམས་ལ་བྱ་ཀོ་ཀི་ལ་སྟེ་ཁུ་བྱུག་ནག་པོ་མང་པོ་སྙན་པའི་སྒྲ་འབྱིན་པ། ཨ་ནོངྒ་པ་སྐུ་དཀར་དམར་ཤིན་ཏུ་མཛེས་པ་བལྟ་བས་ཆོག་མི་ཤེས་པ་ཞབས་སྐྱིལ་ཀྲུང༌། ཕྱག་མཉམ་བཞག་དང་ས་གནོན་གྱི་ཚུལ་གྱིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་རྩྭ་ཡི་སྤྱིལ་པོར་གནས་པ། རྣལ་འབྱོར་དབང་ཕྱུག་ཆེན་མོ་ལཀྵཱི་ཀ་ར་སྐུ་མདོག་དཀར་

p. 62

དམར་བདེ་བའི་ཉམས་མཆོག་ཏུ་རྒྱས་པའི་ལང་ཚོའི་གང་བ་ཅན་མཛེས་སྡུག་གི་ཕུལ་དུ་ཕྱིན་པ། སྐུ་གཅེར་མོ་ནུ་འབུར་དང་བྷ་ག་རྒྱས་པ། ཁྲོ་འཛུམ་ཆགས་པའི་ཉམས་ལྡན། ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག་བསྣམས་ཤིང་རུས་པའི་རྒྱན་གྱིས་མཛེས་པ། ཞབས་བརྐྱང་བསྐུམ་རོལ་སྟབས་ཀྱིས་བཞུགས་པ། ས་མུ་དྲ་པ་སྐུ་མདོག་དཀར་དམར་དེད་དཔོན་གྱི་ཆ་བྱད་གོས་ཙོམ་དང་ཐོད་བཅིངས། ཞབས་ཕྱེད་ཀྲུང་གིས་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་བཟོ་ཁྱད་ཕུན་སུམ་ཚོགས་པ་ནོར་བུ་རིན་པོ་ཆེས་གང་བའི་དབུས་སུ་བཞུགས་ཤིང༌འཁོར་དུ་མས་བསྐོར་བ། སྟེང་གི་ནམ་མཁའ་ལ་གྲུབ་ཐོབ་ཨ་ཙིནྟ་པ་གཅེར་བུ་རལ་པ་ཅན་གྱིས་ཆོས་སྟོན་པ། བྱཱ་ལི་པ་སྐུ་མདོག་དཀར་དམར་ནོར་བུའི་ཁ་དོག་ལྟར་འོད་ཟེར་འབར་བ། བྲམ་ཟེའི་

p. 63

ཆ་བྱད་ཚངས་སྐུད་དཀར་པོ་ཕྲག་པར་ཐོགས་པ། རས་ཀྱི་སྨད་དཀྲིས་གསོལ་བ། ཕྱག་གཉིས་བཅུད་ལེན་གྱི་སྣོད་ཐོགས་ཤིང༌སྐུའི་ཉེ་ལོགས་སུ་གསེར་འགྱུར་གྱི་རྩིས་གང་བའི་གཞོང་པ་དང༌། ལྕགས་མང་པོ་གསེར་དུ་བསྒྱུར་བའི་རྣམ་པ་ཅན། སྐུའི་གཡོན་ཕྱོགས་སུ་ཆུང་མ་དང་གནའ་མར་བཅས་བཅངས་པ། མདུན་དུ་རྟ་མཆོག་སྟེ་ཐམས་ཅད་རིག་པ་འཛིན་པའི་ལུས་ཅན་རྒྱན་གྱིས་སྤྲས་པ། དེ་དག་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་འོད་ཕྱོགས་བརྒྱར་འབར་བས་སྐུ་བཀྲག་མདངས་དང་ལྡན་ཅིང་བཟོད་པར་དཀའ་བའི་ཟིལ་ཅན་ཉི་མའི་སྙིང་པོ་ལྟ་བུ། གསུང་གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཀྱི་རང་སྒྲ་སྒྲོགས་པ། ཐུགས་ཟབ་གསལ་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་ཆེན་པོར་རྟག་ཏུ་མཉམ་

p. 64

པར་བཞག་བཞིན་པ། མཛད་པ་ཕྲིན་ལས་མ་ངེས་ཅིར་ཡང་སྟོན་པ་དཔག་པར་དཀའ་བའི་སྒྱུ་འཕྲུལ་ཅན། སྣང་སྲིད་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ལྷ་དང་ལྷ་མོ་དཔག་ཏུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད་པའི་སྐུ་ཅན་དུ་གསལ་བའི་སྤྱན་སྔར། ཁྱེད་རང་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ཀྱི་དབུའི་ཡ་ཐོད་ཧག་གིས་བཀོག་པའི་ནང་དུ་སྐུ་ལུས་ལྷག་མ་རིལ་པོར་བཅུག་པ་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་དང་ལྡན་པ་དཀར་ལ་དམར་བའི་མདངས་ཅན་དུ་མེར་གྱིས་ཞུ་བ་བླ་མ་གྲུབ་ཐོབ་ཕོ་མོ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་དཔལ་ལྡན་བླ་མ་ལ། །དད་པས་ཕུལ་བས་འགྲོ་བ་

p. 65

འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་ཙ་ཏུ་རཱ་ཤཱི་ཏི་མ་ཧཱ་ཡོ་གི་ཤྭ་ར་ས་པཱ་རི་ཝ་རེ་བྷྱཿ ཨི་དཾ་བ་ལི་གྲྀ་ཧྞནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། དེ་ནས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་བླ་མ་གྲུབ་ཆེན་རྣལ་འབྱོར་ཕོ་མོའི་ཚོགས་རྣམས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །གྲུབ་ཆེན་བརྒྱད་ཅུའི་ཞབས་ལ་འདུད། །ལན་གསུམ། དེ་ལྟར་དད་མོས་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་མཛད་པའི་རྐྱེན་གྱིས་བླ་མ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞིའི་དཔྲལ་བ་ནས་སྐུའི་བྱིན་རླབས་ཀྱི་རང་བཞིན་གཡོན་རྐྱང་མ་དང་རྗེས་སུ་

p. 66

འབྲེལ་བའི་ཀུན་ད་བྱང་སེམས་དཀར་པོའི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། སྐུ་རྡོ་རྗེའི་བྱིན་རླབས་ཞུགས། མགྲིན་པ་ནས་གསུང་གི་བྱིན་རླབས་ཀྱི་ངོ་བོ་གཡས་རོ་མ་དང་རྗེས་སུ་འབྲེལ་བའི་རཀྟ་བྱང་སེམས་དམར་པོའི་རྒྱུན་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། གསུང་རྡོ་རྗེའི་བྱིན་རླབས་ཞུགས། སྨིན་མཚམས་ནས་ཐུགས་ཀྱི་བྱིན་རླབས་དབུ་མ་དང་རྗེས་སུ་འབྲེལ་བའི་ཁུ་ཁྲག་འདྲེས་པའི་བྱང་སེམས་བྱོན། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས་པར་མོས་མཛོད། དེ་དག་ནི་འདྲ་བའི་འདྲ་བ་ལམ་དུ་བྱེད་པ་གོང་མའི་བརྡའ་དབང་རྣམ་གསུམ་ཡིན། ད་བཞི་པ་ཡེ་ཤེས་རྡོ་རྗེའི་དབང་

p. 67

བསྐུར་བ་ལ་ཁྱེད་རང་རྣམས་ལུས་གནད་ལྟ་སྟངས་གཡོ་བ་མེད་པའི་ངང་ནས་སེམས་དུས་གསུམ་རྣམ་རྟོག་གི་སྤྲོས་པས་མ་བསླད་པར། རང་རིག་བདེ་སྟོང་བརྗོད་བྲལ་གྱི་ངང་ལ་ཡུད་ཅིག་མཉམ་པར་འཇོག་པར་ཞུ། དེ་ལ་གནས་ལུགས་ཀྱི་དོན་ངོ་སྤྲོད་པའི་ཚུལ་དུ་བླ་མ་གྲུབ་ཐོབ་ཆེན་པོ་ལཱུ་ཡི་པས་ཐོག་དྲངས་རྣལ་འབྱོར་ཕོ་མོ་བརྒྱད་ཅུ་རྩ་བཞིས་རང་རང་གི་རྟོགས་པ་བརྗོད་པ་དོ་ཧ་རྡོ་རྗེའི་གླུས་རིམ་པ་བཞིན་དུ་གདམས་པ་སྩོལ་བའི་མོས་པ་མཛོད། མགུར་རྟ་ཤེས་ན་དེ་དང་སྦྱར། མ་ཤེས་ནའང་དལ་ཞིང་གསལ་ལ་སྙན་པའི་ཚིག་གིས་འདི་རྣམས་བརྗོད་དོ། །ཁྱི་རྒོད་མི་བསྲུན་སྣ་ལ་སྦྲང་རྩི་བཀུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །དེ་བཞིན་བློ་དམན་སྐལ་མེད་དག་ལ་བླ་མའི་གདམས་ངག་སྦྱིན་པས་རང་རྒྱུད་སྲེག །སྐལ་བཟང་སྐྱེ་མེད་རྟོགས་པ་དག་ནི་སྣང་བ་ཐུག་ཕྲད་ཙམ་གྱིས་རྣམ་རྟོག་

p. 68

འཇོམས། །དཔེར་ན་གླང་ཆེན་རབ་བརྟན་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །༈ ཚད་མེད་བཞི་ཡི་དགོན་པ་རུ། །རྣལ་འབྱོར་རྒྱལ་པོ་སེང་གེ་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན། །རྣལ་འབྱོར་དབང་རྟགས་རིགས་ལྔ་འཆང༌། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་པོ་ལ་སོགས་ཤ་རུས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡི། །རྣམ་རྟོག་མི་མཐུན་ཕྱོགས་རྣམས་འབྱེད། །ལཱི་ལས་དེ་ལྟར་རྟོགས་པས་གྲོལ། །༈ ཕྱག་རྒྱ་ཆེན་པོའི་ངང་ནས་ལྷན་ཅིག་སྐྱེས་པ་དེང༌། །མི་བསམ་མི་རེག་བདག་མེད་རང་གི་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བ་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པར་ཟུང་དུ་འཇུག ། ༈ གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེར་དུ་འགྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་

p. 69

མོངས་གཉིས་མེད་ཡེ་ཤེས་བསྒྱུར། །༈ མ་རིག་པ་ཡི་ནགས་ཚལ་དུ། །གཟུང་འཛིན་གཉིས་ཀྱི་རི་དྭགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་བརྡུངས་ནས། །སྙིང་པོ་དོན་གྱི་མདའ་གཅིག་འཕངས། །འཆི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང༌། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །༈ ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མ་དམ་པའི་ཞལ་ལས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ་འཆི་བ་མེད་ཅིང་ལུས་ལ་ཆད་པ་མེད། །༈ ཇི་ལྟར་ནམ་མཁའ་སྟོང་པ་ལ། །གཅིག་དང་གཞན་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་དེ། །དཔེ་མེད་ཐ་སྙད་ཀུན་ལས་འདས། །༈ ལྕགས་ཀྱུ་ཐོགས་པའི་ཉ་པ་ནི། །ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཉ་ཆེན་ལུས་ལ་བརྟེན་

p. 70

བྱས་ནས། །ལྷ་ཆེན་གདམས་ངག་ཉམས་བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐོག་མཱི་ན་པ་ཞེས་གྲགས། །༈ རིགས་ནི་མཆོག་དང་འབྲིང་དང་ཐ་མ་རུ། །གནས་པའི་རྒྱུ་ལ་རྐྱེན་གྱིས་སྟོབས་ལྡན་པས། །འགགས་མེད་ལས་དབང་འབྲས་བུ་ངོ་མཚར་ཆེ། །ཙོ་རཾ་གི་ལ་བྱང་སེམས་བསྙེན་བསྐུར་བྱས། །དེ་རྐྱེན་སྟོབས་ཀྱིས་ཁམས་ཀྱི་ས་བོན་བཏབ། །ཨ་ཙིནྡྷ་ཡིས་འཆི་མེད་བདུད་རྩི་བསྟན། །གཽ་རཀྑ་ཡིས་གཉིས་མེད་དེ་ཉིད་མཐོང༌། །སྲིད་གསུམ་བ་རྫིའི་རྒྱལ་པོ་ངོ་མཚར་ཆེ། །༈ ཐོག་མེད་སྲིད་པ་ཡུན་རིང་དུ། །མ་རིག་སྡོང་པོའི་རྩ་བ་ལ། །འདུ་བྱེད་ཆུ་ཡིས་ལེགས་བརླན་ནས། །སྲིད་པའི་ཡན་ལག་སྣ་ཚོགས་རྒྱས། །མ་རིག་པ་ཡི་ཤིང་ཆེན་དེ། །བླ་མ་དམ་པའི་གདམས་ངག་དང༌། །ཤེས་རབ་གསུམ་གྱི་སྟེའུ་ཡིས། །ཙཽ་རིངྒ་ཡིས་དེ་ཉིད་བཅད། །༈ ཕྱིན་ཅི་ལོག་ལ་གོམས་པའི་

p. 71

སྒྲ། །གུས་དང་བརྩོན་པས་བཅད་བྱས་ནས། །མ་སྐྱེས་སྐྱེ་མེད་སྒྲ་སྤྱད་པས། །ཝཱི་ན་པ་ཡིས་བདག་མེད་རྟོགས། །༈ བུ་ཆུང་མ་ཡིས་གསོས་པ་ཡིས། །གྱད་ཀྱི་སྟོབས་དང་ལྡན་པ་བཞིན། །བློ་ཆུང་བླ་མའི་མན་ངག་གིས། །རིམ་གྱིས་འཁྲིད་པས་ཐེག་པ་ཆེ། །རླུང་མཁྲིས་བད་ཀན་འདུས་པ་ཡི། །ནད་རྣམས་སྨིན་གྱིས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པ་ནི། །བླ་མའི་གདམས་པས་ལྷན་ཅིག་བསྲེགས། །༈ འཇིག་རྟེན་པ་ཡི་ཐགས་མཁན་རྣམས། །སྣལ་མ་ཐམས་ཅད་ཐགས་སུ་བཏགས། །ང་ནི་བླ་མའི་གདམས་ངག་གིས། །ཆོས་རྣམས་ཐམས་ཅད་ཐགས་སུ་བཏགས། །སྟོང་ཉིད་གནས་སུ་ཡེ་ཤེས་ལྔའི། །སྣལ་མ་མན་ངག་བཏགས་སོ་དང༌། །ཤེས་རབ་ཀྱིས་ནི་སྒྲོམ་བུ་ཡི། །དབྱིངས་རིག་གཉིས་མེད་ཆོས་སྐུར་བཏགས། །༈ རྣམ་རྟོག་མཚན་མའི་ཀོ་བ་འདི། །སྟོང་

p. 72

ཉིད་སྙིང་རྗེའི་སྤངས་སུ་བཅུག །ཆོས་བརྒྱད་སྤངས་པའི་རྒྱུན་གྱིས་ནི། །ཤེས་རབ་ཉམས་མྱོང་སྙུང་བུས་བཙེམས། །ལྷུན་གྲུབ་ཆོས་སྐུའི་ལྷམ་བྱེད་པ། །ཙ་མ་རི་པ་ལྷམ་མཁན་མཆོག ། ༈ མཚོན་ཆ་མེད་པའི་དཔའ་བོ་ནི། །རྒྱུན་དང་དགྲ་དང་གཡུལ་འགྱེད་ཀྱང༌། །བདག་ཉིད་སྡུག་བསྔལ་དབང་དུ་འགྱུར། །འཆི་མེད་ཡེ་ཤེས་རལ་གྲི་ཡིས། །སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཁཌྒ་པ་ཡིས་ལོངས་སྤྱོད་བྱེད། །༈ གང་ཞིག་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་སྲིད་འབངས་ཀྱིས་བཟུང་བ་བཞིན། །རྟོགས་པས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་འདམ་དུ་བྱིང་བ་འདྲ། །ཤིང་རྟའི་འཁོར་ལོ་བཞི་དང་མི་ལྡན་ཁྲིད་ཀྱང་འགྲོ་བར་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིན། །བྱ་རྒོད་རྩལ་རྫོགས་འདབ་གཤོག་རྒྱས་པ་དག་ནི་ནམ་

p. 73

མཁར་སྤྱོད་ཅིང་རྒྱུ། །སྐལ་བཟང་རྣལ་འབྱོར་རྣམས་ནི་དབང་གི་གདམས་ངག་ཁོང་དུ་ཆུད་པས་བདེ། །༈ དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་གཅིག །དེ་ནི་རྟོགས་ན་རང་བཞིན་རང་གི་སེམས། །རྟོགས་པར་འདོད་ན་མ་བཅོས་རང་བཞིན་ཞོག །གོམས་པ་བྱས་ན་རྣལ་འབྱོར་མངོན་དུ་འགྱུར། །གང་ཞིག་རྣ་བར་ཆུ་ཞུགས་པ། །ཆུ་ཉིད་ཀྱིས་ནི་འབྱིན་པ་བཞིན། །དེ་བཞིན་སྣང་སྲིད་བརྫུན་པ་ལ། །བརྫུན་པར་གོམས་པས་བདེན་པ་མཐོང༌། །༈ འཁོར་ལོས་བསྒྱུར་རྒྱལ་དཔུང་ཚོགས་རྣམས་ཀྱིས་ནི། །གླིང་དང་གླིང་ཕྲན་རྣམས་ལ་དབང་བྱེད་ལྟར། །ལྷན་ཅིག་སྐྱེས་པའི་རོ་རྙེད་རྣལ་འབྱོར་ནི། །འཁོར་བ་དབང་སྒྱུར་བདེ་བ་ཆེན་པོ་ཡིན། །༈ ལེགས་སྦྱངས་རི་མོ་མཁན་དག་གིས། །ཤིན་ཏུ་འཇིགས་པའི་གཟུགས་བརྙན་བྲིས། །མཐོང་ན་བདག་ཉིད་འཇིགས་འགྱུར་ལ། །

p. 74

བརྟགས་ནས་མ་གྲུབ་གཟུགས་བརྙན་སྣང༌། །༈ རི་རབ་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་གསེར་དུ་སྣང༌། །མཁས་པ་སྐྱེ་མེད་རྟོགས་པ་ཡིས། །དངོས་པོ་བོར་ན་བདེ་བ་ཆེ། །༈ རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ་ཡིན། །མཐོང་བ་སྐྱེ་མེད་རྟོགས་པ་སློབ་དཔོན་མཆོག །བྱིས་པ་རྣམས་ཀྱི་གཉིས་འཛིན་རྟོགས་པ་ཡིས། །དགེ་སྡིག་འབྲས་བུ་དེ་ལ་གཉིས་མི་འབྱུང༌། །༈ སྟོང་ཉིད་རྟོགས་པས་འཁྲུལ་པ་དག །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། །སྣ་ཚོགས་གཉིས་མེད་བསྒོམས་པ་ཡིས། །གཞི་མཐུན་རོ་གཅིག་འབྲས་བུ་ཡིན། །༈ ཀུན་རྫོབ་བསྐྱེད་པའི་རིམ་པ་དང༌། །དོན་དམ་རྫོགས་པའི་རིམ་པ་གཉིས། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ། །འབྲས་བུ་སྐུ་གསུམ་ཡེ་ཤེས་འཆར། །༈ བླ་མ་དམ་པའི་གདམས་ངག་གིས། །སྟེང་སྒོ་སྣ་རྩེར་ཐིག་ལེ་སྒོམ། །དེ་ཉིད་ལ་ནི་བློ་

p. 75

བརྟན་པས། །ཡུངས་ཀར་སྟོང་གསུམ་དམིགས་པ་རྟོགས། །༈ འགྲོ་བ་འདི་དག་ཐོག་མེད་དུས་ནས་འཁྲུལ། །དེ་ཡིས་འཇིག་རྟེན་ཐམས་ཅད་སྨྱོན་པར་གྲགས། །བླ་མའི་གདམས་ངག་བདུད་རྩི་སྨན་གྱིས་ནི། །འཁྲུལ་པའི་ནད་རྣམས་སྐད་ཅིག་གཅིག་ལ་བསྲེག ། ༈ ཡུན་རིང་དུས་ན་དྲི་མ་འཁྲུད་བྱས་ཀྱང༌། །སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མེད། །རང་བཞིན་རྣམ་དག་སྟོང་ཉིད་གོས་དག་ལ། །བླ་མའི་གདམས་པ་རང་བཞིན་ཁྲུས་མཁན་མཆོག ། ༈ རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་འབྱུང་བས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །༈ རྒྱ་མཚོ་ཟབ་ཅིང་རྒྱ་ཆེའི་ནང་ན་ནོར་བུས་གང་བ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །དེ་བཞིན་སྣང་གྲགས་ཐམས་ཅད་ཡེ་ནས་

p. 76

ཆོས་སྐུར་ཡིན་པ་ལ། །རྟོགས་པ་དང་ལྡན་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །༈ རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །སྤྲེའུ་བྱིས་པ་ཆུ་ཡི་རི་མོ་འདྲ་ན་རྟོགས་པ་ཡིན། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུད་མིག་དང་འཁོར་ལོ་ལྟ་བུས་འབྲས་བུ་ཐོབ། །༈ མངོན་ཞེན་མེད་པ་བྱམས་པའི་མཆོག །གནས་ལུགས་རྟོགས་པ་སྙིང་རྗེ་ཡིན། །ཟག་མེད་བདེ་བ་དགའ་བ་སྟེ། །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། །༈ ཇི་ལྟར་དྲན་རིག་སྣ་ཚོགས་དག །རྟོག་མེད་དབྱིངས་སུ་ཟད་ཅིང་འགགས། །དེ་བཞིན་སྣང་སྲིད་ཆོས་རྣམས་ཀུན། །སྟོང་ཉིད་དབྱིངས་སུ་ཟད་ཅིང་འགགས། །༈ སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང༌། །འདོད་དང་འབད་རྩོལ་ཡོད་ན་སངས་རྒྱས་མིན། །བྱིན་རླབས་བླ་མའི་ཞལ་ལས་ཉམས་མྱོང་དཔལ། །ཆ་ལྡན་རང་ལ་

p. 77

ཡོད་ཀྱང་མ་མཐོང་ངོ༌། །༈ བླ་མའི་གསུང་གི་འོད་ཟེར་གྱིས། །ཡོད་དང་མེད་པའི་མཐའ་མ་རྙེད། །གང་ཞིག་མ་རྙེད་དེ་མཐའོ། །མཐའ་དེ་རྟོགས་ན་དོན་གྱི་མཆོག ། ༈ གཉིས་འཛིན་མ་རིག་དུག་དབང་གི །རིག་པའི་སྐྱེས་བུ་རྒྱུན་དུ་བཟུང༌། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །སྣང་སྲིད་འཁྲུལ་པའི་དུག་ནད་སེལ། །མ་རིག་ང་རྒྱལ་རི་བོ་ཡིས། །རྟོགས་པ་ཡིད་བཞིན་ནོར་བུ་བསྒྲིབས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །༈ དམིགས་མེད་ཕྱག་རྒྱ་ཆེན་པོ་རུ། །འཁྲུལ་པའི་དྲན་རིག་སྣ་ཚོགས་སྟོང༌། །ཡེ་ཤེས་རིག་པའི་སྣང་བ་ཡིས། །རང་སྣང་ཕྱག་རྒྱ་ཆེན་པོར་མཐོང༌། །༈ དཔེར་ན་ངང་པའི་རྒྱལ་པོ་ཡིས། །ཆུ་ལས་འོ་མ་འབྱེད་པ་བཞིན། །བླ་མ་དམ་པའི་གདམས་ངག་གིས། །བྱང་ཆུབ་སེམས་ཀྱི་བདུད་རྩི་བླངས། །

p. 78

བདེ་འོ་བདེ་འོ་དངོས་མེད་བདེ། །ཞེན་པ་མེད་པས་དངོས་མེད་བདེ། །རྟོགས་པ་ཐམས་ཅད་དེར་ཤེས་བདེ། །སྒྲུབ་བྱ་མེད་པའི་གསང་བ་བདེ། །༈ སྤྱི་བོ་པདྨ་འདབ་སྐྱེས་སུ། །ས་བོན་གཡོ་བ་དགའ་བ་སྟེ། །སྙིང་ག་མགྲིན་པ་མཆོག་ཏུ་དགའ། །ལྷན་སྐྱེས་ཁྱད་དགའ་བླ་མེད་ཐོབ། །༈ བདག་གིས་མ་རྟོགས་བར་དུ་རོ་ལ་ཁྱད་དགའ་ཆེ། །དེ་བཞིན་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆི། །རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །དཔེར་ན་རྒྱ་མཚོའི་ནང་ན་འབར་བའི་རིན་ཆེན་བཞིན། །༈ དུས་ཀྱི་སྣ་རྩེའི་བདག་བྱིན་རླབས་དང་མི་ལྡན་ན། །ཕྱི་ནང་ཀུན་ཏུ་སྤྱོད་པ་དག་གིས་འཚང་མི་རྒྱ། །དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པ་ནི། །ཞེན་པ་བཏང་ན་རང་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ་འགྱུར། །༈ བླ་མ་དག་ལས་དང་པོར་རང་གི་

p. 79

སེམས་རྟོགས་བྱ། །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མེད་བྱ་སྟེ། །གཉིས་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ། །མཉམ་པར་རྟོགས་ན་སྨྱོན་པའི་བརྟུལ་ཞུགས་སྤྱོད་པར་བྱ། །༈ བདེ་སྡུག་ཐམས་ཅད་སེམས་ལས་བྱུང༌། །གདམས་པས་སེམས་ཀྱི་རི་བོ་བརྐོས། །ས་ཡི་རི་བོ་བརྐོས་གྱུར་ཀྱང༌། །གཉུག་མའི་བདེ་ཆེན་ཐོབ་མི་འགྱུར། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་མི་ཆད། །བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དང་མི་སྒོམ་གཉུག་མའི་ངང་དུ་ཞོག ། ༈ རང་བཞིན་ལུས་ཀྱི་སོ་མལ་དུ། །དྲན་རིག་རྣམ་རྟོག་སོལ་བ་ལ། །ལ་ལ་རཱ་སའི་སྦུད་པས་བུས། །དྷཱུ་ཏི་ཡེ་ཤེས་མེ་སྤར་ནས། །དུག་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས། །ཀཾ་བྷ་རི་པས་རྟོགས་ནས་གྲོལ། །༈ ཁམས་གསུམ་ལུས་ངག་ཡིད་གསུམ་གྱི། །

p. 80

དྲན་རིག་རྣམ་རྟོག་སྣ་ཚོགས་ཀུན། །ལཱ་ལ་རཱ་ས་དྷཱུ་ཏི་རུ། །བདག་བྱིན་བརླབ་ཕྱིར་བཅིང་བར་བགྱི། །༈ ཕྱི་ཡི་སྒྲ་གཅན་བཟང་པོ་ཡིས། །ཟླ་བའི་སྣང་བ་གཉིས་མེད་ཐོས། །ཀུན་རྫོབ་ཟླ་བའི་ཐིག་ལེ་ནི། །དབྱིངས་རིག་སྒྲ་གཅན་གཉིས་མེད་ཟོས། །༈ སྣང་སྲིད་ཆོས་ཀྱི་ཀོང་བུ་རུ། །བྱང་ཆུབ་སེམས་ཀྱི་མར་ཁུ་བླུག །ཚོགས་དྲུག་རྣམ་ཤེས་སྡོང་བུ་ལ། །གཉིས་མེད་ཡེ་ཤེས་མེ་སྤར་བས། །རྣམ་རྟོག་འཁྲུལ་པའི་མུན་པ་བཅོམ། །༈ ཆོས་དབྱིངས་རང་བཞིན་སྣོད་དག་ཏུ། །རིག་པ་ཆོས་སྐུའི་རྫས་ཉིད་བཅུག །དབྱིངས་རིག་གཉིས་མེད་འབྲས་བུ་ནི། །སྐལ་ལྡན་རྣལ་འབྱོར་རིག་པས་བཅུག ། ༈ རིག་པ་གཉུག་མའི་ཤེས་རབ་དང༌། །ཉམས་མྱོང་གོམས་པའི་ཐབས་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལས། །བདེ་ཆེན་ལྷུན་གྲུབ་འབྲས་བུ་རྟོགས། །༈ ཇི་ལྟར་བླ་མས་མ་ཟིན་མ་

p. 81

རྟོགས་དུས་དག་ཏུ། །ཡིད་བཞིན་ནོར་བུ་དང་ནི་ནོར་བུ་མཆིང་བུ་མཉམ། །བླ་མ་དང་ནི་རྟོགས་པས་ཡོངས་སུ་ཟིན་གྱུར་ན། །ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། །༈ ལཱ་ལ་རཱ་ས་དྷཱུ་ཏི་གསུམ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས་པས་བསྟེན། །༈ མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྲ་ཞིང་གསལ་བའི་ཡིད་གོམས་པས། །བརྟན་ཞིང་གཡོ་བའི་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་སུ་རྣམ་པར་ཐིམ། །༈ བླ་མ་དམ་པའི་གདམས་ངག་ནི། །ཡུན་རིང་དུས་སུ་བསྒོམ་པ་ཡིས། །ས་སོགས་རིམ་པར་ཐིམ་པ་ལས། །རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར། །༈ ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །སེམས་ཉིད་གསལ་བའི་དོན་རྟོགས་ན། །སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །རྟོགས་པ་མངོན་གྱུར་རྫོགས་སངས་རྒྱས། །

p. 82

༈ གང་ཞིག་ཐོག་མ་མེད་དུས་ནས། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས། །བླ་མ་དམ་པའི་གྲུ་དག་གིས། །བརྒལ་དཀའི་མཚོ་ལས་དེ་རིང་ཐར། །༈ ཆུ་རླབས་ལྟ་བུའི་ཉམས་བརྟན་ནས། །སྤྱོད་པར་བགས་ཀྱིས་འགྲོ་བར་བྱ། །བླ་མ་དམ་པའི་གདམས་ངག་གིས། །ཆགས་སྡང་རྟོག་པ་རང་ཞིར་བྱས། །༈ ཡེ་ཤེས་རིག་པའི་ཏིང་ངེ་འཛིན། །ཐད་ཀ་མ་དེ་གཉུག་མར་གནས། །ཇི་ལྟར་རྟོགས་ན་ངེས་པ་ཡིན། །རྣམ་རྟོག་དྲན་པ་དེ་ཉིད་མིན། །༈ གང་ཡང་མ་བལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔགས་ཀྱི་གསང་བའི་སྟོབས་དཔྱད་ན། །རྣལ་འབྱོར་རིགས་ཀྱིས་བསྡུ་བར་བྱ། །༈ ཐབས་དང་ཤེས་རབ་འོད་གསལ་ལྟ་བུ་ལ། །བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ། །ལྷན་ཅིག་སྐྱེས་པ་དཔག་བསམ་ཤིང་དག་ལ། །འབྲས་བུ་སྐུ་གསུམ་རང་གསལ་རབ་ཏུ་རྫོགས། ། ༈

p. 83

བླ་མེད་བགྲོད་དཀའི་བྱང་ཆུབ་གནས་ཆེན་དུ། །ཟུང་འཇུག་བདེ་བ་ཆེན་པོའི་ལམ་བསྟན་ནས། །ཕྱོགས་ཆ་བྲལ་བའི་རྣལ་འབྱོར་དབང་ཕྱུག་མཆོག །བླ་མའི་གདམས་པའི་དྲིན་གྱིས་དེ་ལྟར་རྟོགས། །༈ བདག་ཉིད་གདོད་ནས་སངས་རྒྱས་ལ། །རྟོགས་པའི་དབང་གིས་ཆོས་ཉིད་ཡིན། །དབང་བླངས་ལྷན་ཅིག་སྐྱེས་པ་དེས། །སྐྱེ་མེད་རྒྱས་འདེབས་རྗེ་བོ་འཛིན། །༈ རྒྱུ་མཐུན་ལས་ཀྱི་འཁོར་ལོ་ཡིས། །སྲིད་པའི་ཟློས་གར་སྣ་ཚོགས་བྱས། །ཡེ་ཤེས་རིག་པའི་མེ་ཡིས་ནི། །འཁྲུལ་པའི་དྲི་མ་མ་ལུས་བསྲེགས། །༈ སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །རང་གིས་རྟོགས་པས་གཞན་མེད་དེ། །གཉུག་མ་སེམས་ཉིད་རྟོགས་པ་གང༌། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། །༈ གང་ཞིག་མ་རྟོགས་དུས་ཀྱི་ཚེ། །རྣམ་རྟོག་སྣ་ཚོགས་སྒྲ་ཕྱིར་འབྲངས། །དེ་ཉིད་རང་བཞིན་

p. 84

མངོན་གྱུར་ཚེ། །གང་སྣང་རང་བཞིན་དེ་དེ་ཉིད། །༈ ཕྱི་དང་ནང་ཀུན་སེམས་སུ་འདུས། །ཞེན་པ་མེད་ན་རོ་སྙོམས་ལྡན། །འབད་རྩོལ་མེད་ན་སྒོམ་པའི་མཆོག །གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། །༈ གོ་ཆ་ཆེན་པོ་བགོས་ནས་ཀྱང༌། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ཀྱི་གྲུ་བཏང་ནས། །མི་རོའི་ཁོག་པར་ངེས་བར་ཞུགས། །༈ ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། །སྐྱེ་མེད་འབྲུག་སྒྲ་ལེགས་བསྒྲགས་པས། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །སྐུ་གསུམ་ཡེ་ཤེས་འབྲས་བུས་མཛེས། །༈ བླ་མ་དམ་པའི་ཁབ་དག་དང༌། །སྙིང་རྗེ་ཡི་ནི་སྐུད་པ་ཡིས། །ཁམས་གསུམ་མ་ལུས་གོས་སུ་བཙེམས། །གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། །༈ ཟུང་འཇུག་རིག་པ་རིན་ཆེན་མཛོད། །གཉིས་མེད་ངང་དེར་བཙལ་བས་མིན། །བྱ་བ་བཏང་བའི་སེམས་

p. 85

བཞིན་དུ། །ཇི་ལྟར་བཞག་པ་དེ་བཞིན་བདེ། །༈ ཇི་ལྟར་རྣམ་རྟོག་རྗེས་འབྲང་འཁྲུལ། །མ་འབྲེངས་བག་ཆགས་མ་བཏང་བཟུང༌། །གང་ལ་མི་གནས་འགྲོ་བ་བསྡུ། །གཞན་ལས་བཙལ་བས་དེ་རྙེད་མིན། །༈ དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །རྒྱན་སོགས་ཐོད་པ་གློ་བུར་བ། །ངར་འཛིན་འཁྲུལ་པ་དེ་ཉིད་ཀྱང༌། །རང་གིས་བཙལ་བས་རྙེད་མ་ཡིན། །༈ ཇི་སྲིད་མ་རྟོགས་བར་དུ་རང་བཞིན་རྟོག་པས་བཅིངས། །དེ་ཚོ་རྟོགས་པར་གྱུར་ན་རང་བཞིན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བློས་བརྟགས་ཡིན། །དེ་ཉིད་སྤྲོས་བྲལ་མ་བཅོས་རང་སར་རང་སེམས་བཟུང༌། །༈ འགྲོ་རྣམས་སྡུག་བསྔལ་གྱིས་གདུངས་ལ། །འདོད་ཡོན་དག་གི་ཆར་ཕབ་བོ། །དེ་བཞིན་ཉིད་ཀྱི་གནས་ཆེན་དུ། །རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས། །སྐལ་ལྡན་རིག་འཛིན་ཕོ་

p. 86

མོ་ལ། །གསང་སྔགས་རིག་པའི་ཆར་ཕབ་བོ། །༈ བདག་གིས་མ་རྟོགས་དུས་ན་སྣ་ཚོགས་རོ་ལ་ཁྱད་པར་ཆེ། །གང་ཞིག་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། །དེ་བཞིན་མ་རྟོགས་ཉིད་ན་འཁོར་འདས་ཐ་དད་སྣང༌། །དེ་ཉིད་རྟོགས་ན་འཁོར་བ་སངས་རྒྱས་བདེ་བ་ཆེ། །༈ ས་ལ་གནས་ན་ཐམས་ཅད་སྐལ་པ་བཟང༌། །རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་དག་ཏུ་ཕྱིན་ན་གཉེན་དང་འཕྲད། །༈ བདེ་བ་ཆེན་པོ་རང་ལ་ཡོད་ཀྱང་མ་རྟོགས་འཁྲུལ་པས་སྒྲིབ། །བདེ་གསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསགས་བྱ། །ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང༌། །བླ་མ་ཆེན་པོ་དག་དང་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །༈ ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །བློས་བཞག་

p. 87

ལོག་པའི་ལམ་སྤངས་ཏེ། །སྙིང་པོའི་ལམ་ལ་བརྩོན་བྱས་པས། །སྙིང་པོའི་འབྲས་བུ་གདོན་མི་ཟ། །གང་གི་བླ་མ་དམ་པ་ལས། །དབང་རྣམས་ལྷན་ཅིག་སྐྱེས་པ་དེ། །རོ་ཡི་ཀུན་ལ་ཁྱབ་བྱས་ཏེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །༈ སྙིང་པོ་གཉུག་མའི་དོན་བསམ་པས། །ཇི་ལྟར་བསམ་པ་དེ་ལྟར་རྟོགས། །དེས་ན་དེ་ཉིད་རང་དགར་ཡིན། །འདོད་རྒུ་ལྷུག་པར་ཐམས་ཅད་འབྱུང༌། །༈ བྱ་བ་བཏང་ན་མན་ངག་ཡིན། །ཞེ་བདོད་མེད་པ་རྟོགས་པ་ཡིན། །བདེ་བ་དངོས་མེད་སྒོམ་པ་ཡིན། །བསྒྲུབ་བྱ་མེད་ན་འབྲས་བུའི་མཆོག ། ༈ འཁོར་བ་སྙིང་པོ་མེད་པ་ཡི། །འཇའ་ཚོན་ལྟ་བུའི་ལུས་འདི་ལ། །མ་རིག་མངོན་ཞེན་དྲེགས་པ་ཡི། །དུག་གིས་ཟིན་ནས་བདེ་བར་འཛིན། །མངོན་ཞེན་དུག་ནད་སྤངས་པ་ན། །འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ། །༈ དང་པོར་བློ་ལྡན་རྟོགས་པ་

p. 88

སྐྱེས། །བར་དུ་གནས་ལུགས་མ་ཡེངས་བསྒོམ། །དེ་ནས་ཉམས་མྱོང་སྐྱེས་པ་ན། །སྤྱོད་པ་བགས་ཀྱིས་སྤྱད་པར་བྱ། །༈ སྐྱེ་མེད་རྟོགས་ཀྱང་ཉམས་མྱོང་དང་བྲལ་ན། །དཔེར་ན་སྲིན་པོའི་ལག་ཏུ་བུ་ཁྱེར་འདྲ། །ཉམས་མྱོང་གནས་ལུགས་དག་དང་མ་འབྲེལ་ན། །དེ་ཡང་གླང་ཆེན་འདམ་དུ་ཞུགས་པ་འདྲ། །༈ བླ་མ་དམ་པ་མཐོང་ན་དེ་ཉིད་མཐོང༌། །ནམ་མཁའི་མཐོངས་སུ་སྒོམ་ན་དབེན་པའི་མཆོག །ཆོས་རྣམས་ཡོངས་སུ་རྟོགས་ན་མི་མཐུན་མེད། །ནམ་མཁའི་འོ་མ་འཐུང་ན་འཚོ་བར་འགྱུར། །དེ་ལྟར་གསུང་གི་གདམས་པ་སོ་སོར་སྩལ་བར་མོས་མཛོད། སླར་ཡང་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། བླ་མ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་སྐུ་འོད་ཕུང་གི་རྣམ་པར་ལྟེམ་གྱིས་ཞུ་ནས་ཁྱེད་རང་ལ་སིབ་

p. 89

ཀྱིས་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྤར་བཏབ་པ་བཞིན་ཐུགས་རྒྱུད་ལ་འཕོས་པའི་མོས་པ་མཛོད། ཅེས་མཎྜལ་རྡུལ་ཚོན་ནམ་ཚོམ་བུ་སོགས་མགོ་བོར་འཇོག་ཅིང་དྲིལ་བུ་གསིལ། ངག་ཏུ། སྤྱིར་འཕགས་ཡུལ་དུ་བྱོན་པའི་གྲུབ་ཐོབ་ཕོ་མོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བྱིན་གྱིས་རློབས་ཤིག །ཁྱད་པར་རྣལ་འབྱོར་དབང་ཕྱུག་ཆེན་པོ་ལཱུ་ཡི་པ་ལ་སོགས་པ་བརྒྱད་ཅུ་རྩ་བཞིས་རྡོ་རྗེ་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ལུས་ལ་རྡོ་རྗེའི་སྐུ་ཡི་སྒོ་ནས་བྱིན་གྱིས་རློབས་ཤིག །ངག་ལ་རྡོ་རྗེའི་གསུང་གི་སྒོ་ནས༴ ཡིད་ལ་རྡོ་རྗེའི་ཐུགས་ཀྱི་སྒོ་ནས༴ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས༴ ཕྲིན་ལས་རྣམ་པ་བཞིའི་སྒོ་ནས༴ གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས༴ ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ སྟན་ཐོག་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཛཿཧཱུྃ་བཾ་ཧོཿ དེས་

p. 90

སྒོ་གསུམ་འཕོ་བའི་སྒྲིབ་པ་དག །དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པའི་མོས་པ་མཛོད་ཅིག །དེ་དག་གིས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཆབས་ཅིག་ཏུ་གྲུབ་པ་ལགས། འདིར་ཡི་དམ་གཏོད་པའི་ཚུལ་དུ་མི་གཡོ་བའི་རྗེས་གནང་བྱ་སྲོལ་འདུག་པ་མ་བྱས་ཀྱང་ཆད་སྐྱོན་མེད་ལ་བྱ་བར་འདོད་ན་འདིར་སྦྱར། དེའང་ལུགས་སྲོལ་གང་བདེ་ཆོག་མོད་ཀྱང༌། ཕྱག་རྒྱུན་དུ་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་གི་ནང་ཚན་ཉིད་སྦྱོར་བར་མཛད་དོ། །མཐར་བཀའ་སྡོད་ཆོས་སྐྱོང་གི་བྱིན་རླབས་ནི། མགོན་པོ་གྲི་གུག་གི་མངོན་རྟོགས་མདོར་བསྡུས་ཙམ་གྱིས་ཆོག་མོད། འབྲུག་པའི་ཡིག་ཆར་ཕྱག་བཞི་པར་མཛད་པའི་རྒྱུན་བཞུགས་པ་ལྟར་ན། དེ་ནས་རྡོ་རྗེ་ཐེག་པའི་བསྟན་སྲུང་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་བཀའ་སྡོད་དཔལ་ཡེ་ཤེས་མགོན་པོའི་བྱིན་རླབས་བསྒྲུབ་པ་ལ་མོས་འདུན་འདི་ལྟར་མཛོད། སྣང་གཞི་མདུན་གྱི་མཎྜལ་འདི་ཉིད་འོག་མིན་གསང་ཆེན་རོལ་པའི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པ་ཕྱི་

p. 91

རོལ་སྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་ནང་དུ་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བའི་དབུས་པདྨ་ཉི་མ་དགྲ་བགེགས་བསྒྲལ་བའི་བམ་རོའི་གདན་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་སྐུ་མདོག་དུས་མཐའི་སྤྲིན་དང་མུན་པ་ལྟར་ནག་ལ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དྲག་པོར་ཁྲོས་པའི་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་མེ་སྟག་ལྟར་དམར་ཞིང་ཟླུམ་ལ་གཡོ་བ། སྨ་ར་སྨིན་མ་ཨག་ཚོམ་དམར་སེར་མེ་འོད་འཕྲོ་བ། ཕྱག་བཞི་གཡས་ཀྱི་དང་པོས་མཆོག་སྦྱིན། གཉིས་པ་ན་རལ་གྲི་མེ་འབར་བ། གཡོན་གྱི་དང་པོས་ཐོད་ཁྲག །གཉིས་པ་རྩེ་གསུམ་དར་དཔྱངས་ཌཱ་མ་རུ་ལྡན་པ་འཕྱར་བ། རྡོ་རྗེ་ནག་པོའི་རྩེ་ཕྲན་ཅན་གྱི་མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ། གདུག་པའི་སྦྲུལ་དང་རུས་པའི་

p. 92

རྒྱན་གྱིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས། ཞབས་གཉིས་བརྐྱང་བསྐུམ་རོལ་སྟབས་སྐྱིལ་ཀྲུང་སྣ་ཚོགས་པའི་སྟབས་ཀྱིས་བཞུགས་པ། ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་དབུས་ན་འཇིགས་པའང་འཇིགས་པར་མཛད་པའི་ཧེ་རུ་ཀ་དཔལ་ཆེན་དྲག་པོའི་འཁོར་ལོས་བསྒྱུར་བའི་ཚུལ་དུ་རོལ་པ། སྲིད་གསུམ་དྲེགས་པ་ཀུན་གྱིས་འདུད་བཞིན་པའི་སྤྱན་སྔར། ཁྱེད་རང་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་སོགས་ནས་ལེགས་སྦྱར་འདི་ནི་རྗེ་བཙུན་ནག་པོ་ཆེར། །དད་པས་ཕུལ་བས་སོགས་དང༌། ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ག་ཎ་ཙཀྲ་སོགས་བསྒྱུར། ཕྱག་འཚལ་སྐབས། གང་གིས་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་ཐོབ་ནས་རྒྱལ་བའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཆོས་སྐྱོང་མཆོག་ལ་ཕྱག་འཚལ་ལོ། །ཞེས་དང༌། དེ་ལྟར་དད་

p. 93

མོས་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་མཛད་པའི་རྐྱེན་གྱིས། དཔལ་ཡེ་ཤེས་ཀྱི་མགོན་པོའི་དཔྲལ་བ་ནས་སོགས་ནས། མཉམ་པར་བཞག་པའི་བར་སྔར་གྱི་བཞིན་རིགས་འགྲེ། སླར་ཡང་མོས་གདུང་དྲག་པོས་གསོལ་བ་བཏབ་པས་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་འོད་ཕུང་གི་རྣམ་པར་ལྟེམ་གྱིས་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་ལ་མངའ་བརྙེས་པའི་མོས་པ་མཛོད། མཎྜལ་གྱི་ཚབ་གཏོར་མ་མགོ་བོར་བཞག་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དམ་ཚིག་གི་རིམ་པ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། སེམས་ཅན་གྱི་བདེ་སྐྱིད་སྤེལ། བྱེ་བྲག་ཏུ་རྡོ་རྗེའི་

p. 94

སློབ་མ་འདི་ཉིད་དུས་འདི་ནས་བཟུང་སྟེ་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཅིག །མཐུན་རྐྱེན་ཐམས་ཅད་སྒྲུབས་ཤིག །སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་རིག་པ་འཛིན་པ་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །མདོར་ན་རིག་པ་འཛིན་པ་འདིའི་ཆོས་ལྡན་བསམ་པ་ཡིད་བཞིན་འགྲུབ་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། སྙིང་པོ་དང༌། རྩ་སྔགས་ཤཱ་ས་ན་སོགས་བརྗོད་ཅིང༌། ཛཿཧཱུྃ་བཾ་ཧོཿ བརྗོད། དེས་འཕགས་ཡུལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་མཐའ་བརྟེན་དང་བཅས་པའི་རིམ་པ་ཆད་ལྷག་ནོར་བའི་སྐྱོན་མེད་པ།

p. 95

འཕགས་ཡུལ་གྲུབ་པའི་བཞེད་གཞུང༌། མཁས་མཆོག་གྲུབ་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གཏན་ལ་ཕབ་པའི་དགོངས་དོན་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས། རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་ཡོན་དུ་མཎྜལ་ཕུལ་སོགས། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་བླ་མ་ལྷ་ལ་ཡོན་དུ་འབུལ་ན་ཆ་ཤས་ནས་ཀྱང་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟ་བུའི་དགེ་བ་མཁའ་མཉམ་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ཉིད་ལྷན་ཅིག་ཏུ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་སོགས་བརྗོད་པས་གྲུབ་བོ། །དེ་ནས་བརྡའ་དང་བརྡའི་འབུལ་ལེན་བཅས་སློབ་དཔོན་གྱིས་ཚོགས་རྫས་ནང་གི་སྦྱིན་སྲེག་ཚུལ་དུ་ལོངས་སྤྱོད། ལྷག་མ་

p. 96

ལ་ལམ་སྒྲོན་བཙུག །བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་འགྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཨ་ཀཱ་རོ་ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་བལྟ་བ་ལ་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཨོཾ་ཨུཙྪིཥྚ་བ་ལིང་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་ཕྱི་རོལ་བཏང༌། དེ་ནས་རྡོ་རྗེའི་གླུ་ནི་དྲིལ་བུ་ཁྲོལ་ཞིང༌། ཀོ་ལླ་ཨི་རེ་ཊཱ་ཨ་བོ་ལླ། མུམྨ་ཎི་རེ་ཀ་ཀྐོ་ལ། གྷ་ཎ་ཀྲི་པི་ཏ་ཧོ་བཛྫ་ཨི། ཀ་རུ་ཎི་ཀི་ཨ་ཨི་ཎ་རོ་ལཱ། ཏཱ་ཧིཾ་བ་ལ་ཁཱཛྫ་ཨི། གཱ་ཌ་མི་ཨ་ཎཱ་བཛྫ་ཨ་ཨི། ཧ་ལེ་ཀ་ལི་ཉྩ་ར་པ་ཎི་ཨ་ཨི། དུ་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་མ་ཀ་ཙྩ་རཾ་སི་ཧླ། ཀ་སུ་ར་ལ་ཨི་ཨ་ཨི། མ་ལ་ཨིནྡྷན་སཱ་ལི་ཛཾཿ ཏ་ཧིཾ་བྷ་རུ་

p. 97

ཁ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁེཊ་ཀ་རནྟ། ཤུརྡྷ་ཨ་ཤུརྡྷ་ཎྞ་མ་ནི་ཨ་ཨི། ནི་རཾ་སུ་ཨཾ་གཾ་ཌ་བི། ཧ་ཧིཾ་ཛ་ས་རཱ་བ་བཱ་ཎི་ཨ་ཨི། མ་ལ་ཙ་ཀུནྟ་རུབ་ཨ་ཨི། ཌི་ཎ་ཌི་མ་ཏ་ཧི་བཛྫ་ཨ་ཨི། ཞེས་སྦྱར་བའམ། ཡང་ན་དཀྱུས་ལྟར་ཐམས་ཅད་རྫོགས་པའི་མཐར་སྦྱར་བས་ཀྱང་རུང༌། གཞན་ཡང་རྡོ་རྗེའི་གླུ་ཅི་རིགས་བླང༌། དངོས་སམ་ཡིད་ཀྱིས་ཕྱག་རྒྱར་སྦྱོར་བའི་བདེ་སྟོང་ལ་མཉམ་པར་བཞག །བདག་བསྐྱེད་བདེ་མཆོག་ཡིན་ན་གོ་ཆ་དང་ཕྱོགས་བཅིངས་པས་མཚོན་སོ་སོའི་རྗེས་རིམ་ལྟར་བྱ། གསང་བ་ཆེན་པོའི་སྨོན་ལམ་སྤྱི་དང་ཁྱད་པར། དཔའ་བོ་གཉིས་མེད་མཆོད་པས་སོགས་དང༌། བཀྲ་ཤིས་ཀྱི་ཚིག་ཕྲེང་རྒྱས་པར་བརྗོད་ལ་དགེ་ལེགས་ཀྱི་སྣང་བ་རྒྱ་ཆེར་སྤེལ་བར་བྱའོ། །རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས། །སྐལ་ལྡན་བསམ་ཡས་རྟོགས་གྲོལ་དུས་མཉམ་ནས། །གྲུབ་མཆོག་རྣམས་དང་གོ་འཕང་དབྱེར་མེད་པར། །ཇི་སྙེད་ལུས་ཅན་ཡོངས་ཀྱི་མགོན་གྱུར་ཅིག །ཚུལ་འདི་ཉིད་རང་རྟོག་དང་བྱ་སླ་སྟབས་བདེའི་གཟུ་ལུམ་མ་ཡིན་པར། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་དབྱེར་མི་ཕྱེད་པ་ཁྱབ་བདག་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པ་ཡེ་ཤེས་ཆེན་པོའི་གཟིགས་ངོར་གྲུབ་མཆོག་ལྭ་བའི་ན་བཟའ་ཅན་གྱིས་རྗེས་སུ་གདམས་པའི་དོན་བཞིན་རང་ཉིད་ལ་བཀའི་གནང་བ་དམིགས་བསལ་དུ་སྩལ་བའི་སྐལ་བཟང་ཐོབ་པ་

p. 98

ལྟར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། ཇོ་ནང་རྗེ་བཙུན་གོང་འོག་གི་བཞེད་པ་དང་ཕྱག་རྒྱུན་ལས་བྱུང་བ་ཉིད་འཁྲུལ་དྲིས་མ་བསླད་པ་རྩ་བར་བཟུང་སྟེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་རྣམ་གསལ་དུ་བཀོད་པ་དགེ་ལེགས་འཕེལ།། །།

རྗེ་བཙུན་མར་པ་ལོ་ཙཱའི་བླ་སྒྲུབ་ལས་གསང་སྒྲུབ་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འབྱེད། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 99

༄༅། །རྗེ་བཙུན་མར་པ་ལོ་ཙཱའི་བླ་སྒྲུབ་ལས་གསང་སྒྲུབ་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

p. 100

ན་མོ་གུ་རུ་མ་ཧཱ་ལོ་ཙཱ་མ་ཏྱཻ། ཁ་བ་ཅན་ལྗོངས་འདུལ་བའི་རྒྱལ་ཚབ་ཏུ། །མཁས་གྲུབ་ནཱ་རོ་མཻ་ཏྲིས་མངའ་གསོལ་བ། །མར་པ་ཆོས་ཀྱི་བློ་གྲོས་གསང་གསུམ་གྱི། །བྱིན་རླབས་བདག་གཞན་སྒོ་གསུམ་རྒྱུད་ལ་སྩོལ། །རྒྱ་གཞུང་ཁུངས་དང་བྱིན་རླབས་རྒྱུན། །མ་ཉམས་ལམ་ཟབ་སྨིན་བྱེད་ལུས། །མཚམས་སྦྱོར་གསེར་གྱི་རྒྱན་བཟང་སྤྲས། །ཐར་འདོད་སྙིང་གི་དཔྱིད་དུ་གྲུབ། །གྲུབ་ཆེན་ཏཻ་ལོ་པའི་གདམས་ངག་བརྒྱུད་པའི་བཀའ་སྲོལ་མ་ཉམས་པར་བྱོན་པའི་ལམ་ཟབ་བླ་མ་སྒྲུབ་པ་ཉིད་མངའ་བདག་མར་པའི་གསང་སྒྲུབ་ཏུ་སྦྱར་བའི་དབང་གི་ཆོ་གས་སྐལ་ལྡན་རྗེས་སུ་བཟུང་བ་ལ་གསུམ། སྔོན་དུ་བྱ་བ། དངོས་གཞིའི་ལས་རིམ། རྗེས་ཀྱི་ཆོ་གའོ། །དང་པོ་ནི། འདིའི་ཁུངས་ཚར་གསུམ་ཁུག་པའི་གདམས་ངག་ཉིད་ཡིན་པས་ཀུན་སྤངས་ལ་ཚིག་ཙམ་གྱིས་སྦྱིན་པར་བྱ་བ་དང༌། གཞན་དུ་ཕྱི་དཀྱིལ་ལ་མི་ལྟོས་པར་བུམ་པ་སོགས་དབང་རྫས་འདུ་བྱས་ཏེ་སློབ་དཔོན་

p. 101

གྱིས་བདག་བསྐྱེད་བཟླས་པ་དང་བསྙེན་པའི་མཐར་དབང་བསྐུར་བ་ཙམ་གྱིས་གྲུབ་པ་ཡིན་ཀྱང༌། ལས་དང་པོ་པ་བློ་དམན་སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ཏེ་ད་ལྟའི་ཕྱག་རྒྱུན་ལྟར་འཛོམས་ན་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་དང་རྒྱན་རྫོགས་རྡོ་ར་མེ་རི་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་ལྔ་པ་ལྟེ་བ་མཐིང་ནག་གེ་སར་ཟེའུ་འབྲུ་དང་བཅས་པ་ལ་རྡོ་རྗེ་དང་རིགས་ལྔ་ཡབ་ཡུམ་གྱི་སྐུའམ་ཕྱག་མཚན་བྲིས་པའམ་མ་འཛོམས་ན་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་སྟེགས་བུ་ལ་བུམ་པ་བདུད་རྩི་ལྔ་དང་དྲི་བཟང་གི་ཆུས་བཀང་བ་མགུལ་ཆིངས་སྔོན་པོ་ཅན་གྱི་ཁར་བདུད་རྩི་རིལ་བུ་དང་སྦྱར་བའི་ཐོད་ཆང༌། མཐའ་བསྐོར་དུ་དབུ་རྒྱན་རིགས་ལྔ་དར་དཔྱངས་དང་བཅས་པ། རྡོ་རྗེ། དྲིལ་བུ། ལས་ཐམས་ཅད་པའི་བུམ་པ། རིག་མའི་ཙཀླི་རྣམས་བཀོད། ཕྱི་མཆོད་གཡས་བསྐོར། རྒྱབ་ངོས་སུ་འབུལ་གཏོར། ཚོགས་ཀྱི་ཡོ་བྱད་སོགས་རྒྱས་པར་བཤམ། མིག་

p. 102

དར། མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་ལ་གཉིས། དབང་དོན་སྒྲུབ་མཆོད། དབང་བསྐུར་བ་དངོས་སོ། །དང་པོ་ནི། གསོལ་འདེབས་དང་སྐྱབས་སེམས་སྔོན་དུ་འགྲོ་བས། གསང་སྒྲུབ་ལྟར་བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད་བཟླས་པ་བདག་འཇུག་དང་བཅས་པ་ཚང་བར་བཏང༌། གཉིས་པ་ནི། སློབ་མ་རྣམས་ལ་ཁྲུས་དང༌། མཎྜལ་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མ་སྒྲུབ་པའི་དབང་བསྐུར་གསན་ནས་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེའང་རྒྱལ་བ་ཐམས་ཅད་མཁྱེན་པས་གསུངས་པའི་ཆོས་ཐམས་ཅད་ཀྱི་ཉིང་ཁུ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེའི་དཀྱིལ་འཁོར་འཁོར་ལོའི་མགོན་པོ་ནི་དཔལ་ལྡན་བླ་མ་མཆོག་གི་རྡོ་རྗེ་ཅན་ཉིད་ལས་གཞན་དུ་མ་དམིགས་པའི་

p. 103

ཕྱིར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་འཕགས་བོད་ཀུན་ཏུ་རླུང་ལྟར་གྲགས་པ་ལས། དཔལ་ལྡན་ནཱ་རོ་ཏ་པའི་བཀའ་བརྒྱུད་འདི་ཉིད་ལམ་ཟབ་མོས་གུས་ཀྱི་བཀའ་བབས་པས་བཤད་པའི་ཚིག་ཙམ་དུ་མ་ལུས་པར་ཚུལ་བཞིན་ཐུགས་ཉམས་སུ་ལོན་པས་བརྒྱུད་པའི་གང་ཟག་མཐའ་དག་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པ་ཤ་སྟག་བྱོན་པར་འདུག །དེའང་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་སོ་སོ་ལ་བརྟེན་པའི་མོས་གུས་ལམ་དུ་ཁྱེར་ཚུལ་ཇི་སྙེད་ཅིག་མཆིས་པ་ལས། འདིར་བཀའ་བརྒྱུད་ཡོངས་ཀྱི་སྤྱི་མེས་དགྱེས་མཛད་མར་པ་ལོ་ཙཱ་ལ་བརྟེན་པའི་ལམ་ཟབ་བླ་མ་སྒྲུབ་པའི་དབང་བསྐུར་བ་སྐབས་སུ་བབས་པ་སྟེ། མར་སྟོན་ཆོས་ཀྱི་བློ་གྲོས་འདི་ཉིད་ངོ་བོ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་དང་ཐ་དད་མེད་པ་ལས། རྣམ་པ་གདུལ་བྱ་མཐའ་ཡས་པ་ལ་གང་

p. 104

འདུལ་དེར་སྟོན་གྱི་ཚུལ་དུ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། འཕགས་པའི་ཡུལ་དུ་གྲུབ་ཆེན་ཌོམྦྷི་ཧེ་རུ་ཀ་སོགས་རྣམ་པར་རོལ་བའི་ཆོ་འཕྲུལ་རྒྱ་མཚོས་མ་བརྒལ་བའི་འགྲོ་བ་མཐའ་དག་བསྒྲལ་བར་མཛད་ཅིང༌། ཁྱད་པར་གངས་རིའི་ལྗོངས་སུ་རྡོ་རྗེ་ཐེག་པ་བླ་མེད་ངེས་དོན་སྙིང་པོའི་བསྟན་པ་སྤེལ་བའི་སླད་དུ་བོད་ཡུལ་ལྷོ་བྲག་ཏུ་མར་པའི་རིགས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ནས་ཆོས་སྒོར་ཞུགས་ཤིང་འབྲོག་མི་ལོ་ཙཱ་ལས་རྒྱ་སྐད་མཐར་ཕྱིན་པ་བསླབས། ལས་འཕྲོ་སད་པའི་སྟོབས་ཀྱིས་རྒྱ་གར་དུ་ཕེབས་པའི་ལམ་ཞོར་བལ་པོ་སྤྱི་ཐེར་བ་དང་པེན་ཏ་པ་སྐུ་མཆེད་ལས་གསང་འདུས་དང་གདན་བཞི་སོགས་ནཱ་རོ་པ་ལས་བརྒྱུད་པའི་གཞུང་གདམས་མང་དུ་གསན། དཀའ་སྤྱད་ཆེན་པོས་འཕགས་ཡུལ་དུ་བྱོན་ཏེ་བྱང་ཕྱོགས་པུཥྤ་ཧ་རིའི་དགོན་པར་

p. 105

དཔལ་ནཱ་རོ་ཏ་པ་མཇལ། དེས་ཀྱང་བླ་མ་ཏཻ་ལོ་པས་ལུང་བསྟན་པའི་ཐུགས་སྲས་སུ་དགོངས་ཏེ་བརྩེ་བ་ཆེན་པོས་རྗེས་སུ་བཟུང༌། སྔ་ཕྱི་བར་གསུམ་ལ་ལོ་བཅུ་དྲུག་དང་ཟླ་བ་བདུན་བསྟེན། སྤྱིར་རྒྱ་གར་དུ་འབྱོན་ཐེངས་ལན་གསུམ་མཛད་པའི་དང་པོ་ལ་ལོ་བཅུ་གཉིས། བར་པ་ལ་ལོ་དྲུག །རྗེས་མར་ལོ་གསུམ་དུ་བཞུགས་ཤིང༌། མངའ་བདག་མཻ་ཏྲི་པ་ཆེན་པོ། པཎ་ཆེན་ཡེ་ཤེས་སྙིང་པོ། ནག་པོ་ཤཱནྟི་བྷ་དྲ། རྣལ་འབྱོར་མ་མི་རུས་ཀྱི་རྒྱན་ཅན། དཔལ་སིངྒ་གླིང་པ་མཆེད་སོགས་མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་མང་དུ་བསྟེན་ནས་མཉེས་པ་དགུ་ཕྲུགས་སུ་བསྒྲུབས། དགྱེས་གསང་གཙོ་བོར་གྱུར་པའི་རྒྱུད་སྡེ། བཀའ་བཞིའི་བརྒྱུད་པས་ཐོག་དྲངས་པའི་གདམས་ངག །ཕྱག་རྒྱ་ཆེན་པོ་སྙིང་པོའི་དོན་སྐོར། རྫོགས་རིམ་ཁ་འཐོར་དང་བསྟན་སྲུང་གི་རིགས། ལས་ཕྲན་ཚེགས་ཀྱི་

p. 106

སྦྱོར་བ་དུ་མ་གསན་ཅིང༌། ཁྱད་པར་འབྱོན་ཐེངས་རྗེས་མར་ནཱ་རོ་པ་སྤྱོད་པ་ལ་གཤེགས་ཟིན་པས་གདུལ་བྱ་ཐུན་མོང་བ་རྣམས་ཀྱིས་མཇལ་དུ་མེད་ཀྱང༌། རྗེ་འདིས་མོས་གུས་དང་དཀའ་སྤྱད་ཆེན་པོས་བཙལ་བས་ཞལ་མངོན་སུམ་དུ་མཇལ་ཞིང་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཡོངས་སུ་རྫོགས་པ་གནང༌། དུས་དེར་འཕགས་ཡུལ་ཙམ་ན་འགྲན་ཟླ་བྲལ་བའི་བླ་མ་ནཱ་རོ་པ་དང་མཻ་ཏྲི་རྣམ་པ་གཉིས་ཀྱིས་བྱང་ཕྱོགས་ཁ་བ་ཅན་རྣམས་འདུལ་བའི་རྒྱལ་ཚབ་ཏུ་མངའ་གསོལ། ཐོས་སྒོམ་སྟབས་གཅིག་ཏུ་མཛད་པས་རླུང་སེམས་ལ་རང་དབང་ཐོབ། འོད་གསལ་གྱི་རྩལ་འབྱོངས། དགྱེས་རྡོར་དང་གདན་བཞི་སོགས་ཡི་དམ་ལྷའི་དཀྱིལ་འཁོར་ཡང་ཡང་མཇལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་དབང་དང་གདམས་པ་གསན། ཁྱད་པར་དཔལ་ས་ར་ཧ་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་

p. 107

ཞིང་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ཐུན་མོང་མ་ཡིན་པ་བསྩལ། སྐྱེ་བ་གསུམ་གྱི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ལུང་བསྟན་ཐོབ། སྣོད་ལྡན་ཐུན་མོང་མ་ཡིན་པ་རྣམས་ཀྱི་སྣང་ངོར། དགྱེས་རྡོར། བདེ་མཆོག །གསང་འདུས་སོགས་རྒྱུད་སྡེའི་ལྷར་སྤྲུལ་པ་དང༌། ཟད་པར་ཟིལ་གནོན་སོགས་ངོ་མཚར་བའི་ཆོ་འཕྲུལ་བསྟན་པས་སྤྲོ་བ་བསྐྱེད་ཅིང༌། ཐུན་མོང་བ་རྣམས་ལ་གྲོང་འཇུག་སོགས་བློ་དང་འཚམས་པའི་རྫུ་འཕྲུལ་གྱིས་དད་པ་ལ་སྦྱོར་བས་འཕགས་ཡུལ་དུའང་གྲུབ་ཐོབ་ཀྱི་སྙན་པས་ཁྱབ་པ་སོགས་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཡང༌། བོད་ཡུལ་གདུལ་བྱ་སྤྱི་མཐུན་གྱི་སྣང་ངོར་སྦས་ཚུལ་གཙོ་བོར་བསྟན་ཏེ་འདོད་པའི་ཡོན་ཏན་ལྔ་ལ་ཅི་དགར་སྤྱོད་པའི་རྣམ་པས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། ཐུགས་སྲས་ཀྱི་གཙོ་བོ་ཀ་

p. 108

ཆེན་བཞི། ལས་ཅན་གྱི་སློབ་མ་བཞིའི་གཙོར་བྱས་སྐལ་ལྡན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། སྒྲུབ་བརྒྱུད་རྟོགས་པའི་བསྟན་པ་མཁའ་ཁྱབ་ཏུ་སྤེལ། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཆུ་མགོ་བཙུགས། སྐུ་ཚེ་དང་མཛད་པ་མཐར་ཕྱིན་པའི་སྐབས་སུ་ཚོགས་ཀྱི་འཁོར་ལོ་མཛད་པའི་ཚེ་ཡབ་ཡུམ་རྣམས་དགྱེས་རྡོར་སྤྲུལ་པའི་ལྷ་དགུའི་དཀྱིལ་འཁོར་དུ་དངོས་སུ་བཞེངས་ནས། ཇོ་མོ་བརྒྱད་པོ་བདག་མེད་མ་ལ་བསྡུས། བདག་མེད་མ་འོད་ཀྱི་ཐིག་ལེར་བྱས་ནས་ཉིད་ཀྱི་ཐུགས་ཀར་བསྡུས་ཏེ་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་མཁའ་སྤྱོད་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་པ་སྟེ། དེ་ལྟར་བཀའ་བརྒྱུད་ཡོངས་ཀྱི་སྤྱི་མེས་ཆེན་པོ་སྲས་དང་བཅས་པ་གསང་བ་རྒྱལ་བ་རིགས་ལྔའི་ཚུལ་དུ་སྒྲུབ་པའི་ལམ་ཟབ་བླ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་བགྱི་བ་ལ། སློབ་དཔོན་གྱི་

p. 109

བྱ་བའི་རིམ་པ་རྣམས་གྲུབ་ཟིན། སློབ་མའི་བྱ་བ་དཀྱིལ་འཁོར་དུ་འཇུག་པ་དང༌། ཞུགས་ནས་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། སྔོན་ཆད་ལྷན་ཅིག་སྐྱེས་པའི་མ་རིག་གིས་རིག་པ་ཡེ་ཤེས་ཀྱི་མིག་བསྒྲིབས་པས་དོན་དམ་རྡོ་རྗེའི་དཀྱིལ་འཁོར་མ་མཐོང་བར་མཚོན་པའི་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ། ཞེས་མིག་དར་འཆིང༌། རིགས་ཀྱི་སྐལ་པ་

p. 110

བརྟག་པའི་སླད་དུ་མེ་ཏོག་གི་ཆུན་པོ་ཐོགས་པར་མོས་ཤིག །འབྲུ་གསུམ་བརྗོད་ལ་མེ་ཏོག་སྦྱིན། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་རྡོ་རྗེ་འཆང་ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་པ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་

p. 111

མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་ལན་གསུམ་གྱིས་རྒྱུད་སྦྱང༌། ཁྱེད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་རྒྱས་བཏབ་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡ་མི། ལན་གསུམ། ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པའི་མོས་པ་མཛོད། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ། ཡེ་ཤེས་པ་དབབ་པ་ལ་ལུས་གནད་དྲང་པོར་བསྲང༌། རླུང་ཁ་སྦྱོར་དུ་འཆིང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་

p. 112

གང་དུ་གནས་པའི་གོ་སར་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་ཉི་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་ཀྱི་སེམས་རྒྱུ་དུས་ཀྱི་བླ་མ་རྡོ་རྗེ་སེམས་དཔའ་ཐོག་མ་ཐ་མ་མེད་པའི་ཀུན་ཏུ་བཟང་པོ་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པ་དེ་ཉིད་ཐུགས་རྗེ་ཆེན་པོའི་དབང་གིས་ཁམས་གསུམ་གྱི་སྲིད་པ་ན་འགྲོ་བའི་དོན་མཛད་པའི་ཕྱིར། ཧཱུྃ་ཡིག་གིས་སྤྲུལ་པའི་འབྲས་བུའི་བླ་མ་རྡོ་རྗེ་འཆང་རིགས་ཐམས་ཅད་ཀྱི་བདག་པོ་བལྟ་བས་ཆོག་མི་ཤེས་པར་མཛེས་པ་མཚན་དཔེས་སྤྲས་པའི་སྐུ་ཨིནྡྲ་ནཱི་ལ་བཅག་པའི་འཕྲོ་ལྟར་སྔོ་བ། ཤིན་ཏུ་ཞི་ཞིང་འཛུམ་པ་རལ་པའི་ཟུར་ཕུད་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་འཛིན་པ། རིན་པོ་ཆེའི་ཅོད་པན་ལ་སོགས་པའི་རྒྱན་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ་དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རྡོ་རྗེ་སྙེམས་མ་

p. 113

དམར་མོ་མཛེས་སྡུག་གི་ཕུལ་དུ་བྱོན་པ་བཅུ་དྲུག་པའི་ལང་ཚོ་ཅན་ཕྱོགས་ཀྱིས་གོས་མ་ཕྱག་རྒྱ་ལྔས་བརྒྱན་ཞིང་གྲི་ཐོད་འཛིན་པ་ལ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས་འཁྱུད་དེ་སྐྱིལ་མོ་ཀྲུང་གིས་འོད་ཀྱི་ཕྲེང་བ་འཁྲིགས་པའི་དབུས་ན་བཞུགས་པར་གྱུར་པ་ལ། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་འོད་ཟེར་སྣ་ཚོགས་པ་སློབ་མའི་ལུས་ལ་ཞུགས་པས་ཟུང་འཇུག་འབྲས་བུའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དང་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །གུ་གུལ་ཟླ་མཚན་འདྲེས་པ་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་པས། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུད་ལ་བརྟན་པར་མོས་མཛོད། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ་བརྗོད། སྔར་བྱིན་པའི་མེ་

p. 114

ཏོག་དེ་ཉིད་སློབ་དཔོན་གྱི་ལུས་ལ་ཕུལ་བཞིན་པར་སྔགས་འདིའི་རྗེས་ཟློས། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དོར་དུ་གཞུག་པས་གནས་ལྔ་གང་དུ་ཕོག་པའི་རིགས་ངེས་པར་བྱ། རིགས་ཀྱི་ལྷས་མེ་ཏོག་གི་ཕྲེང་བ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་འཆིང་བར་མོས་ཤིག །མེ་ཏོག་སྤྱི་བོར་བཞག་ལ། པྲ་ཏི་གྲྀ་ཧྞ་སྟྭཾ་ས་ཏྭ་མ་ཧཱ་བ་ལ། མིག་དར་གྱིས་མཚོན་ནས་མ་རིག་པའི་སྒྲིབ་པ་བསལ་བས་གདོད་གནས་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མིག་དར་དབྱེ། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་བུམ་གསང་ཤེས་རབ་ཚིག་དབང་རིན་པོ་ཆེ་བཞི་ལས། ཐོག་མར་བུམ་པ་དང་རྗེས་སུ་འབྲེལ་བའི་རིག་པའི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས།

p. 115

བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། ལས་རྡོར་གྱིས་རྣམ་བུམ་བཏེགས་པ་དང་སློབ་མ་གཉིས་ཀ་ལས་བུམ་གྱི་ཆུ་དང༌། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། པད་ཉིའི་གདན་ལ་སློབ་མ་དང་དབང་རྫས་བུམ་པའི་ཆུ་གཉིས་ཀ་ཧཱུྃ་ལས་མི་བསྐྱོད་རྡོ་རྗེ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དབང་རྫས་མི་བསྐྱོད་པ་འོད་དུ་ཞུ་བ་བུམ་པའི་བདུད་རྩིར་གྱུར། དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར། དབང་ཡུལ་གྱི་སེམས་དཔའ་སེམས་མས་བཀྲ་ཤིས་

p. 116

བརྗོད་ཅིང་མཆོད། ལས་དབང་གི་ཁྲོ་བོ་ཁྲོ་མོས་བགེགས་སྐྲོད་པར་མོས་ཤིག །རྡོ་རྗེ་ཆེན་པོས་དབང་བསྐུར་བས། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བུམ་པས་དབང་བསྐུར་ཞིང་བུམ་ཆུ་འཐུང་དུ་གཞུག་གོ། །དབུ་རྒྱན་དང་སློབ་མ་སྔར་ལྟར་བསང་སྦྱང༌། སྟོང་པའི་ངང་ལས། པད་ཉིའི་གདན་ལ་སློབ་མ་དང་དབང་རྫས་ཅོད་པན་གཉིས་ཀ་ཏྲཱྃ་ལས་རིན་འབྱུང་རྡོ་རྗེ་འཆང་སྐུ་མདོག་སེར་པོ་རྡོ་རྗེ་དང་ནས་དབང་རྫས་ཀྱི་རིན་འབྱུང་འོད་དུ་ཞུ་བ་ཅོད་པན་དུ་གྱུར། རྒྱས་པར་སྤྲོ་ན། དཀྱིལ་འཁོར་གྱི་སོགས་ནས་བགེགས་སྐྲོད་པར་མོས་ཤིག །བར་བུམ་དབང་སྐབས་ལྟར་སྦྱར་བ་འདི་ཕྱིན་གཞན་རྣམས་ལའང་འགྲེ། བསྡུ་ན་མི་དགོས། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང༌། །དར་

p. 117

དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་དབུ་རྒྱན་མགོ་ལ་བསྐོན། རྡོ་རྗེ་དང་སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་གདན་ལ་སློབ་མ་དང་དབང་རྫས་རྡོ་རྗེ་གཉིས་ཀ་ཧྲཱིཿལས་སྣང་བ་མཐའ་ཡས་རྡོ་རྗེ་འཆང་སྐུ་མདོག་དམར་པོ་རྡོ་རྗེ་དང་སོགས་ནས་དབང་རྫས་ཀྱི་སྣང་བ་མཐའ་ཡས་འོད་དུ་ཞུ་བའི་རྡོ་རྗེར་གྱུར། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་པདྨ་ཨ་བྷི་ཥིཉྩ་མི། ཞེས་ལག་གཡས་པར་རྡོ་རྗེ་གཏད། དྲིལ་བུ་དང་སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་གདན་ལ་སློབ་མ་དང་དབང་རྫས་དྲིལ་བུ་གཉིས་ཀ་ཨཱཿལས་དོན་གྲུབ་རྡོ་རྗེ་འཆང་སྐུ་མདོག་ལྗང་གུ་ནས་དོན་གྲུབ་འོད་དུ་ཞུ་བའི་དྲིལ་བུར་གྱུར། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༌། །དེ་རིང་ཁྱོད་ལ་བསྐུར་

p. 118

བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་མི། ཞེས་ལག་གཡོན་པར་དྲིལ་བུ་གཏད། སློབ་མ་བསང་སྦྱང་། སྟོང་པའི་ངང་ལས། པད་ཉིའི་གདན་ལ་སློབ་མ་རྣམ་སྣང་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རྡོ་རྗེ་དང་སོགས་ནས་ཛཿཧཱུྃ་བཾ་ཧོཿ དཀྱིལ་འཁོར་གྱི་སོགས་ནས་བགེགས་སྐྲོད་པར་མོས་ཤིག །རྡོར་དྲིལ་ལྷན་ཅིག་སྤྱི་བོར་དཀྲོལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ། གསང་བའི་མིང་སོ་སོའི་མཐར། རྡོ་རྗེ་ཞེས་བྱ་བའོ། །དེ་རྣམས་ཀྱིས་ཕུང་པོ་དང་ཁམས་ལྔའི་དྲི་མ་སྦྱངས་ཤིང༌། མ་རིག་པ་ལྔ་ལས་བཟློག་ནས་རིག་པའི་ཡེ་ཤེས་ལྔ་བསྐྱེད་པས་རིག་པའི་དབང་ཞེས་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་

p. 119

བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་གྱུར། ལན་གསུམ། སློབ་མ་བསང་སྦྱང་། ཁྱེད་རང་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་སེངྒེས་བཏེགས་པའི་ཁྲི་ལ་རྡོ་རྗེ་འཆང་རིགས་ཐམས་ཅད་ཀྱི་བདག་པོ་སོགས་གོང་གི་བྱིན་འབེབས་སྐབས་བཞིན་ལ། དབུས་ན་བཞུགས་པར་གྱུར་པ་ལ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་དམ་ཚིག་སྩལ་བར་མོས་ཤིག །རྡོར་དྲིལ་གཏད་ཅིང་འཁྱུད་ཚུལ་བྱེད་དུ་གཞུག་ལ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུངས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུའི་དམ་ཚིག་སྟེ་བརྟུལ་ཞུགས་དམ་ཚིག་གསུམ་དང་མི་འབྲལ་བའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་རྗེས་སུ་གནང་བ་སྦྱིན། དེ་རྣམས་ཀྱིས་ལུས་ཀྱི་དྲི་མ་དག །བུམ་པའི་

p. 120

དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱབ་བདག་བདག་ལ་སྨན་པ་དང༌། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང༌། ཨོཾ་ཨཱཿཧཱུྃ། བླ་མ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་ཞུ་བའི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པའི་ཐིག་ལེ་པདྨར་བབས་པ་ལྕེས་བླངས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་

p. 121

བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁཾ། བྱང་སེམས་བདུད་རྩིའི་རྒྱུན་གྱིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་ཁྱབ་པས་རྩ་རླུང་ཐིག་ལེ་ཡེ་ཤེས་སུ་བྱིན་གྱིས་བརླབས། གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ལ་གདོང་གཡོགས་སོལ། འབྲུ་གསུམ་བརྗོད། དེས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱབ་བདག་བདག་ལ་སོགས། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང༌། ཨོཾ་ཨཱཿཧཱུྃ། ཁྱེད་རྣམས་རྡོ་རྗེ་

p. 122

འཆང་ཆེན་པོར་གསལ་བ་ལ། སངས་རྒྱས་རྣམས་ཀྱི་དཔང་པོར་བཅས་པའི་བླ་མས་མཚན་ཉིད་དང་ལྡན་ཅིང་ཡོངས་སུ་དག་པའི་རིག་མ་རྡོ་རྗེ་སྙེམས་མའི་ངོ་བོར་བྱིན་གྱིས་བརླབས་པ་ཕྱག་ཏུ་བསྩལ་བར་མོས་ཤིག །རིག་ཙཀ་སྦྱིན་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཕྱག་རྒྱ་དེ་དང་སྙོམས་པར་ཞུགས་པས་དགའ་བ་དང་མཆོག་དགའི་མཐར། ལྷན་ཅིག་སྐྱེས་པའི་སྐད་ཅིག་མར་སོ་སོ་རང་གིས་རིག་པར་བྱ་བ་བདེ་ཆེན་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་གདོང་གཡོགས་སོལ། འབྲུ་གསུམ་བརྗོད། དེས་ཡིད་ཀྱི་དྲི་མ་དག ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་

p. 123

དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱབ་བདག་བདག་ལ་སོགས། དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང༌། ཨོཾ་ཨཱཿཧཱུྃ། སྔར་རྩོལ་བཅས་ཐབས་ཀྱི་ལམ་ལ་བརྟེན་ནས་ལྷན་སྐྱེས་དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་དེས་མཚོན་བྱེད་དུ་བྱས་ནས་རྩོལ་མེད་དོན་དམ་རང་བྱུང་གི་ཡེ་ཤེས་ཚིག་གི་སྒོ་ནས་ངོ་སྤྲོད་པ་འདི་ལ་གསན་ཅིང་ཕྱག་རྒྱ་ཆེན་པོ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱེད་རང་ཡང་ནི་དེ་ཡི་ཕ། །སྣང་སྲིད་ཕྱག་རྒྱ་ཆེན་པོ་ཅིར་སྣང་ཆོས་སྐུའི་རང་བཞིན་མངོན་དུ་གྱུར་པར་མོས་ལ་གདོང་གཡོགས་སོལ། འབྲུ་གསུམ་བརྗོད། དེས་ལུས་ངག་ཡིད་གསུམ་ཐ་དད་དུ་

p. 124

འཛིན་པའི་དྲི་མ་དག །དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་ཐུན་མོང་མ་ཡིན་པའི་དམ་ཚིག་བསྒྲག་པ་འདི་ལ་གསན་པར་འཚལ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོངས། །གཞན་གྱི་བུད་མེད་བསྟེན་པར་གྱིས། །དེ་ལྟར་ཡང་ལས་དང་པོ་པས་དམ་ཚིག་བཞི་པོ་སྦས་དོན་སྒྲ་ཇི་བཞིན་མིན་པ་ལ་གཙོ་བོར་ཉམས་སུ་ལེན་ཅིང༌། དྲོད་ཐོབ་ཀྱི་རྣལ་འབྱོར་པས་ཚིག་དོན་སྒྲ་ཇི་བཞིན་པའི་བརྟུལ་ཞུགས་ལ་སྤྱོད་པར་རྗེས་སུ་གདམས་པ་ལགས་སོ། །སྤྲོ་ན་ཤིས་བརྗོད་བྱ། དེ་དག་རྣམས་ཀྱིས་མངའ་བདག་མར་པའི་གདམས་ཟབ་ཐུན་མོང་མ་ཡིན་པ་ལམ་ཟབ་བླ་མ་སྒྲུབ་པའི་སྨིན་བྱེད་ཕྱག་བཞེས་ལྟར་ཕུལ་གྲུབ་པ་ཡིན་པས་རྩ་བ་

p. 125

དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ་ཕུལ། ལུས་ལོངས་སྤྱོད་འབུལ་བ་དང༌། དགེ་བསྔོ་བྱས་ནས་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །གསུམ་པ་ནི། གཞུང་གི་གཤམ་ནས་འབྱུང་བ་ལྟར་གཏོར་འབུལ། ཚོགས་མཆོད། གཏང་རག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་ཡེ་ཤེས་པ་བརྟན་བཞུགས་སམ། གཤེགས་གསོལ་བྱས་ནས་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང༌། བསྔོ་སྨོན་བཀྲ་ཤིས་རྒྱས་པར་སྤེལ་བར་བྱའོ། །དགྱེས་མཛད་ལོ་ཙཱའི་བྱིན་རླབས་ཉི་འོད་ཀྱིས། །བདག་གཞན་འཁྲུལ་པའི་མུན་ཁང་བརྟོལ་ནས་ཀྱང༌། །ཡེ་ཤེས་སྙིང་གི་པདྨ་ཁ་ཕྱེ་ནས། །གྲུབ་གཉིས་སྦྲང་རྩིའི་སྐལ་ལྡན་ཚིམ་བྱེད་ཤོག །ཅེས་པའང་བསླབ་གསུམ་མངའ་བདག་མཁན་བླ་མ་བཀྲ་ཤིས་འོད་ཟེར་རབ་ཏུ་རྒྱས་པའི་སྡེས་གསུང་བསྐུལ་མཛད་ངོར། མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་གྲལ་མཐར་སྙེགས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།

རྗེ་བཙུན་བཞད་པ་རྡོ་རྗེའི་དབང་བསྐུར་བྱིན་རླབས་དང་འབྲེལ་བ་ཡེ་ཤེས་བཅུད་སྦྱིན། འཇམ་མགོན་བློ་གྲོས་མཐའ་ཡས།

p. 126
p. 127

༄༅། །རྗེ་བཙུན་བཞད་པ་རྡོ་རྗེའི་དབང་བསྐུར་བྱིན་རླབས་དང་འབྲེལ་བ་ཡེ་ཤེས་བཅུད་སྦྱིན་ཞེས་བྱ་བ་བཞུགས་སོ། །

p. 128

རྗེ་བཙུན་རས་པ་ཆེན་པོ་ལ། །སྙིང་ནས་གུས་པས་གསོལ་འདེབས་ན། །གསང་གསུམ་བྱིན་རླབས་བདག་སོགས་ལ། །མྱུར་ཞུགས་རྟོགས་གྲོལ་དུས་མཉམ་མཛོད། །འདིའི་བླ་མའི་རྣལ་འབྱོར་ལ་བརྟེན་ཏེ་བྱིན་རླབས་ཀྱི་རིམ་པས་སྐལ་ལྡན་རྗེས་སུ་འཛིན་པར་འདོད་པའི་རྣལ་འབྱོར་པ་བྱིན་རླབས་ཀྱི་རིམ་པ་ཟམ་མ་ཆད་པར་ཐོབ་པ་དག་གིས། སྟེགས་བུའི་ཁར་གཙང་ཞིང་དག་པའི་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་འགོད། དེའི་སྟེང་འཕྲུལ་སྟེགས་ལ་རྗེ་བཙུན་ཆེན་པོའི་སྐུ་བརྙན་བྲིས་འབུར་གང་རུང་བཞུགས་པའི་གཡས་ཕྱོགས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡོན་ཕྱོགས་སུ་ཐོད་ཆང་བདུད་རྩི་རིལ་བུ་སྦྱར་བ་དང་རིག་མའི་ཙཀླི། མཐའ་བསྐོར་དུ་མཆོད་པའི་ཡོ་བྱད་དང་ཚོགས་རྫས་སོགས་བཀོད། སློབ་དཔོན་གྱི་

p. 129

མདུན་དུ་ནང་མཆོད། འཐོར་ནས། ལས་བུམ། སྔོན་གཏོར་སོགས་མཁོ་བའི་ཆས་རྣམས་འདུ་བྱས་ལ་བླ་མའི་རྣལ་འབྱོར་ཡེ་ཤེས་དཔལ་འབར་ལྟར་ནང་མཆོད་བྱིན་རླབས་དང་འབྱུང་གཏོར་བཏང་བ། སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་བདག་བསྐྱེད་རྡོ་རྗེ་ཕག་མོའི་བསྒོམ་བཟླས་ཅི་འགྲུབ། དེ་ནས་མཆོད་པ་བྱིན་རླབས་མདུན་རྟེན་བསྐྱེད་པ་ནས་གསོལ་འདེབས་མཇུག་གི་སརྦ་སིདྡྷི་ཧཱུྃ། ཡན་གྲུབ་ནས། རྣམ་བུམ་དང་ཐོད་པའི་རྫས་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལན་ཅི་འགྲུབ་དང༌། ལས་བུམ་འཁྱིལ་བའི་སྔགས་ཀྱིས་བྱིན་བརླབ། འོག་ནས་ཇི་ལྟར་འབྱུང་བའི་དབང་རྣམས་བདག་འཇུག་གི་ཚུལ་དུ་རང་གིས་རྫོགས་པར་བླང༌། དེ་ནས་དད་གུས་དང་ལྡན་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། སྔོན་གཏོར་བཏང་བ་དང་མཚམས་བཅད་སྲུང་འཁོར་གཞུང་ལྟར་བྱ། ནང་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌། ནམ་མཁའ་

p. 130

དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་དབང་དང་བྱིན་རླབས་ཀྱི་རིམ་པ་ཞུ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་དང༌། རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་ཚེ་འདིར་ཐོབ་པར་འགྱུར། །ཞེས་མདོ་ལུགས་སུ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྟེན་ཅིང་རྫོགས་པར་གསུངས་པ་དང༌། སྔགས་སུ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་

p. 131

བདག་ཡིན་པའི་ཕྱིར་བླ་མ་སྒྲུབ་ཅིང་མཆོད་པ་ནི་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཡིན་པས་འཕགས་བོད་རྣལ་འབྱོར་གྱི་དབང་ཕྱུག་མ་ལུས་པ་ཐམས་ཅད་ལམ་ཟབ་མོ་འདི་ཁོ་ན་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་བདེ་བླག་ཏུ་གཤེགས་པ་ཤ་སྟག་ཡིན་ལ། བླ་མ་ཚད་མར་གྱུར་པ་འཕགས་བོད་ཀྱི་ལྗོངས་སུ་ཇི་སྙེད་ཅིག་བྱོན་པའི་ནང་ནས་རྗེ་བཙུན་ཆེན་པོ་མི་ལ་རས་པ་ནི། ཐོག་མར་བླ་མ་བསྟེན་པའི་མོས་གུས་དང་དཀའ་སྤྱད། བར་དུ་སྒྲུབ་པ་ཉམས་ལེན་གྱི་བརྩོན་འགྲུས་དང་དཀའ་ཐུབ། མཐར་གྲུབ་པ་ཆེན་པོ་མངོན་དུ་གྱུར་ཏེ་རྡོ་རྗེ་ཐེག་པའི་ལམ་ནས་སྐུ་ཚེ་གཅིག་གིས་མཆོག་གི་དངོས་གྲུབ་སྒྲ་ཇི་བཞིན་དུ་བརྙེས་པའི་ཚུལ་ལ་གངས་ཅན་གྱི་ལྗོངས་ན་སུས་ཀྱང་འགྲན་ཟླ་དང་བྲལ་བས། འཕགས་ཡུལ་གྱི་པཎ་ཆེན་ནཱ་རོ་པ་ལྟ་བུས་ཀྱང་ཉི་མ་དང་ཟླ་བ་ལྟར་

p. 132

བསྔགས་ཤིང་ཕྱག་གིས་བཏུད་པ་དང༌། གྲུབ་ཆེན་དམ་པ་སངས་རྒྱས་སོགས་ཀྱིས་ཀྱང་རྩོད་མེད་ཀྱི་གྲུབ་ཐོབ་ཏུ་བསྔགས་པས་མཚོན་ཛམྦུའི་གླིང་ན་ཡོངས་སུ་གྲགས་ཤིང་བཀའ་བརྒྱུད་གྲུབ་ཐོབ་ས་ཆེན་པོའི་རྡུལ་ལྟ་བུ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་དང༌། ཉིད་ཀྱི་ཞལ་ནས། ཁོ་བོའི་མིང་ཐོས་པ་དང༌། ཁོ་བོའི་ཕྱོགས་ལ་རེག་པ་ཐམས་ཅད་སྐྱེ་བ་བདུན་བརྒྱུད་དུ་ངན་སོང་དུ་མི་འགྲོ་ཞེས་དང༌། ཁྱེད་རང་རྣམས་ཀྱིས་གང་མོས་སུ་གསོལ་བ་ཐོབ་དང༌། གསོལ་བ་འདེབས་པ་དེའི་མདུན་ན་ང་ཡོད་ཅིང༌། གང་འདོད་པའི་དོན་སྩོལ་བ་ཡིན་པས་གསོལ་བ་ཞེ་ཐག་པ་ནས་ཐོབ་ཅིག་སོགས་མི་འཇིགས་པ་སྦྱིན་པའི་རྡོ་རྗེའི་བཀའ་ཡང་ནས་ཡང་དུ་བསྩལ་བ་མ་ཟད། ད་ལྟ་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་ནམ་མཁའི་རང་བཞིན་བརྟན་གཡོ་ཀུན་ཁྱབ་ཏུ་བཞུགས་

p. 133

པས་གསོལ་བ་འདེབས་པ་པོའི་རྒྱུད་ལ་རྡོ་རྗེའི་ཡེ་ཤེས་རྩོལ་མེད་དུ་སྐྱེད་པར་ངེས་པ་ཡིན་པས། དེ་ལྟ་བུའི་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་བྱ་བ་ལ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །དེ་ནས་ཡིད་རྩེ་གཅིག་པས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་མཎྜལ་འདི་ཉིད་མངོན་པར་དགའ་བའི་ཞིང་གི་བཀོད་པ་ལྟ་བུ་དག་པ་ཡེ་ཤེས་ཀྱི་རང་བཞིན་རྒྱ་ཁྱོན་ཚད་མེད་པ་ངོ་མཚར་གྱི་བཀོད་པ་འབྱམས་སུ་ཀླས་ཤིང་རང་སྣང་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས་བརྒྱན་པའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རང་གཟུགས་རྩ་བའི་བླ་མ་དང་དབྱེར་མེད་པ་རྗེ་བཙུན་

p. 134

བཞད་པ་རྡོ་རྗེ་ཉིད། རྣམ་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར་མཐིང་སྔོན་འོད་ཟེར་འབར་བ། ཤིན་ཏུ་ཞི་ལ་སྒེག་ཅིང་འཛུམ་པའི་ཉམས་ཅན་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་ཅིང་རང་སྣང་ཤེས་རབ་མཆོག་གི་བདེ་བར་སྤྱོད་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དྲན་པ་ཙམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་ནུས་པའི་བདག་ཉིད་རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་སུ་བཞུགས་པའི་སྤྱན་སྔར་རང་རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་སྣོད་བཅུད་རྟེན་དང་བརྟེན་པར་ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས་བཀང་བའི་ཚུལ་དུ་འབུལ་བའི་མོས་པས་ཞིང་ཁམས་འབུལ་བར་ཞུ།

p. 135

ཨོཾ་ཨཱཿཧཱུྃ། གླིང་བཞིའི་འཇིག་རྟེན་རབ་འབྱམས་རྒྱུད་མཚམས་སྦྱོར། །རབ་འབྱམས་རྒྱ་མཚོའི་ཞིང་གི་འབྱོར་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ་ལགས་ན། །དེ་སྙེད་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བདག་ལུས་ལོངས་སྤྱོད་བདོག་པ་ཅི་མཆིས་དང༌། །ཕུང་ཁམས་སྐྱེ་མཆེད་འཕྲལ་ཡུན་འདུན་མར་བཅས། །བདག་ཏུ་བཟུང་བའི་དངོས་པོར་གྱུར་ཚད་ཀུན། །འབུལ་གྱིས་བདག་འཛིན་ཞི་བར་བྱིན་གྱིས་རློབས། །དངོས་དང་དངོས་མིན་མཐའ་ལས་ཡོངས་གྲོལ་ཞིང༌། །སྐྱེ་འགག་གནས་གསུམ་འགྲོ་འོང་རྟག་ཆད་ཀྱི། །མིང་མཚན་ལས་འདས་གནས་ལུགས་མཎྜལ་མཆོག །ཕུལ་བས་རྗེ་བཙུན་ཁྱེད་དང་དབྱེར་མེད་ཤོག །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞེས་གཞུང་ལྟར་ཕྱི་ནང་གསང་བའི་མཎྜལ་འབུལ། དེ་ནས་ཁྱེད་རང་རྣམས་

p. 136

ཀྱི་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་བླ་མའི་ཞབས་ཀྱི་པདྨོར་སྤྱི་བོས་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ལན་གསུམ། དེ་ལྟར་ཕྱག་བྱས་ཏེ་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་རྡོ་རྗེ་འཆང་ཆེན་པོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་བུམ་པ་སྤྱི་བོར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་

p. 137

ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། དྲི་མ་བག་ཆགས་དང་བཅས་པ་དག་ནས་ཁྱེད་རང་ཡང་རྡོ་རྗེ་འཆང་ཆེན་པོའི་སྐུ་སྣང་སྟོང་སྒྱུ་མའི་ཚུལ་ཅན་དུ་ལམ་སྟེ་གྱུར་པར་མོས་མཛོད། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །བླ་མ་རྡོ་རྗེ་འཆང་རང་སྣང་གི་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ཏེ་ཞལ་དུ་ཞུགས། རྗེས་སུ་ཆགས་པས་ཞུ་ནས་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་

p. 138

ཏུ་འདྲེས་པ་དེ་ལྗགས་ཐོག་ཏུ་སྦྱིན་པར་མོས་མཛོད། ཐོད་པའི་བདུད་རྩི་ཁྱོར་བ་གཡོན་པར་སྦྱིན་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། ཞེས་བརྗོད། སློབ་མས། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་མྱང༌། བྱང་ཆུབ་ཀྱི་སེམས་མགྲིན་པའི་ལམ་བརྒྱུད། རྩ་གནས་ཐམས་ཅད་དུ་ཁྱབ་ཅིང་སོན་པས་བདེ་བ་ཆེན་པོ་བརྗོད་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་བྱུང་ནས་ཁྱེད་རང་རྣམས་ལ་ཕྱག་རྒྱའི་དངོས་

p. 139

གྲུབ་ཀྱི་དོན་དུ་གཏད་པར་མོས་ཤིག །རིག་མའི་ཙཀླི་གཏད་ལ། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཁྱེད་རང་རྡོ་རྗེ་འཆང་ཆེན་པོར་གསལ་བ་ལ་ད་ལྟར་གཏད་པའི་རིག་མ་དེ་ཉིད་ཡུམ་རྡོ་རྗེ་སྙེམས་མའི་ངོ་བོར་གནས་པའི་གནས་གསུམ་འབྲུ་གསུམ་དང་མཁའ་གསང་རྡོ་རྗེ་དང་པདྨར་གསལ་བས། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའི་འདུ་ཤེས་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས། བྱང་སེམས་གནས་བཞིར་ཡས་ནས་བབ་པ་དང༌། སླར་ལྡོག་པའི་རིམ་པས་མས་བརྟན་པའི་དགའ་བཞི་ཉམས་སུ་མྱང་བར་མོས་ལ་བདེ་སྟོང་དབྱེར་མེད་པའི་རང་ངོ་ལ་མཉམ་པར་ཞོག་མཛོད། དེས་ཤེས་རབ་

p. 140

ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཕོ་ཉ་བསྟེན་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་མོས་མཛོད། དེ་ནས་ཁྱེད་རང་རྣམས་ལུས་གནད་ལྟ་སྟངས་གཡོ་བ་མེད་པའི་ངང༌། དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་དེས་མཚོན་ནས་དོན་གྱི་གནས་ལུགས་རིག་པའི་ངོ་བོ་རང་བཞིན་གྱིས་འདུས་མ་བྱས་པ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ་དེ་རང་ངོ་ཚུལ་བཞིན་དུ་ཤེས་པའི་སྐད་ཅིག་ལ་གློ་བུར་བག་ཆགས་ཀྱི་དྲི་མ་སངས་ནས་བྲལ་འབྲས་ཆོས་སྐུ་མངོན་དུ་བྱེད་པ་ཡིན་པས། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་རང་རིག་གཅེར་མཐོང་དུ་ངོ་སྤྲད་པ་རྡོ་རྗེའི་ཚིག་འདིའི་དོན་ལ་མཉམ་པར་འཇོག་པར་ཞུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་

p. 141

ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་དར་ཅིག་མཉམ་པར་བཞག །དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་མོས་མཛོད། དེས་འཇུག་སྒོའི་དབང་བསྐུར་ཐུན་མོང་བ་གྲུབ་པ་ལགས། དེ་ནས་ཐུན་མོང་མ་ཡིན་པའི་བྱིན་རླབས་ཟབ་མོ་སྒྲུབ་པར་བྱེད་པ་ལ་མོས་པ་འདི་བཞིན་དུ་མཛད་འཚལ། མདུན་དུ་བཞུགས་པའི་བླ་མ་རྡོ་རྗེ་འཆང་དེ་ཉིད་སྐད་ཅིག་ལ་གནས་འགྱུར་ཏེ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེ་སྐུ་མདོག་སྔོ་སང་ཡེ་ཤེས་ཀྱི་གཟི་བྱིན་ཚད་མེད་པར་འབར་བ། འཛུམ་པའི་མདངས་ཅན་དགྱེས་པའི་སྤྱན་གྱིས་སྒྲུབ་པ་པོ་ལ་གཟིགས་པ། དབུ་སྐྲ་ཕོད་ཀ་ལིང་ངེ་བ། རྒྱབ་

p. 142

ཕྱིང་བུ་ལོག་གེ་བ། སྐུ་ལ་རས་དཀར་གྱི་བླ་གོས་གསོལ་ཞིང་སྒོམ་ཐག་གིས་སེ་རལ་ཁར་འཁྱུད་པ། ཕྱག་གཡས་སྙན་ལ་བརྟེན་ཅིང་རྡོ་རྗེའི་མགུར་དབྱངས་ལྷང་ལྷང་སྒྲོག་པ། གཡོན་མཉམ་བཞག་ཐོད་པ་བདུད་རྩིས་བཀང་བ་བསྣམས་ཤིང་ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པ། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོས་སྤྲིན་འཁྲིགས་པ་ལྟར་བསྐོར་བ། ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་རྒྱས་པའི་ཡེ་ཤེས་ཀྱི་སྐུ་བཀྲག་མདངས་གཟི་བརྗིད་བཟོད་པར་དཀའ་བ་ཉི་མའི་སྙིང་པོ་ལྟ་བུ། གསུང་ཐེག་ཆེན་གསང་སྔགས་རྡོ་རྗེ་ནཱ་དའི་རང་སྒྲ་རུ་འཇོ་བ། ཐུགས་ཟབ་གསལ་གཉིས་མེད་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་ཆེན་པོར་རྟག་ཏུ་མཉམ་པར་བཞག་བཞིན་པ། ཡོན་ཏན་སངས་རྒྱས་ཐམས་ཅད་དང་རྣམ་དབྱེར་མེད་ཅིང༌། མཛད་པ་ཕྲིན་ལས་མ་ངེས་ཅིར་ཡང་སྟོན་

p. 143

པ་དཔག་པར་དཀའ་བའི་སྒྱུ་འཕྲུལ་ཅན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ལྷ་དང་ལྷ་མོ་དཔག་ཏུ་མེད་པས་མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པས་མཆོད་པར་གསལ་བའི་སྤྱན་སྔར། ཁྱེད་རང་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ཀྱི་དབུའི་ཡ་ཐོད་ཧག་གིས་བཀོག་པའི་ནང་དུ་སྐུ་ལུས་ལྷག་མ་རིལ་པོར་བཅུག་པ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་དང་ལྡན་པ་དཀར་ལ་དམར་བའི་མདངས་ཅན་དུ་མེར་གྱིས་ཞུ་བ། བླ་མ་རྗེ་བཙུན་ཆེན་པོའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བའི་མོས་པ་དང་བཅས་འདིའི་རྗེས་ཟློས་མཛོད། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་བཞད་པ་རྡོ་རྗེ་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་

p. 144

ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་ཧཱ་ས་བཛྲ་ག་ཎ་ཙཀྲ་ས་པཱ་རི་ཝ་རེ་བྷྱཿ ཨི་དཾ་བ་ལིཾ་གྲྀཧྞནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། ཞེས་ནང་གི་ཚོགས་འབུལ། དེ་ནས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མཁའ་ཁྱབ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་དད་གུས་དྲག་པོས་འདིའི་རྗེས་ཟློས་མཛོད། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་གུས་ཕྱག་འཚལ། །ལན་གསུམ། དེ་ལྟར་དད་མོས་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་གསོལ་བ་བཏབ་པའི་རྐྱེན་གྱིས། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་རས་པ་ཆེན་པོའི་དཔྲལ་བ་ནས་སྐུའི་བྱིན་རླབས་ཀྱི་རང་བཞིན་གཡོན་རྐྱང་མ་དང་རྗེས་སུ་འབྲེལ་བའི་ཀུནྡ་བྱང་སེམས་དཀར་པོའི་རྒྱུན་བྱུང༌། ཁྱེད་རང་

p. 145

རྣམས་ཀྱི་དཔྲལ་བར་ཐིམ། ལུས་རྩའི་དྲི་མ་དག །བུམ་པའི་དབང་ཐོབ། མགྲིན་པ་ནས་གསུང་གི་བྱིན་རླབས་ཀྱི་རང་བཞིན་གཡས་རོ་མ་དང་རྗེས་སུ་འབྲེལ་བའི་རཀྟ་བྱང་སེམས་དམར་པོའི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་རླུང་གི་དྲི་མ་དག །གསང་བའི་དབང་ཐོབ། སྨིན་མཚམས་ནས་ཐུགས་ཀྱི་བྱིན་རླབས་ཀྱི་རང་བཞིན་དབུས་དབུ་མ་དང་རྗེས་སུ་འབྲེལ་བའི་ཁུ་ཁྲག་འདྲེས་པའི་བྱང་སེམས་ཀྱི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། ཡིད་ཐིག་ལེའི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་མཛོད། དེ་དག་ནི་འདྲ་བས་འདྲ་བ་ལམ་དུ་བྱེད་པ་གོང་མའི་བརྡ་དབང་རྣམ་པ་གསུམ་ཡིན་ནོ། །ད་བཞི་པ་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ལ། ཐོག་མར་མོས་གུས་དྲག་པོས་ཕུར་ཚུགས་སུ་གསོལ་བ་འདེབས་པ་འདི་ཉིད་

p. 146

ལྷན་ཅིག་དབྱངས་སུ་ལེན་པར་ཞུ། རྗེ་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཞེས་ལན་བདུན་དབྱངས་དང་བཅས་དཔོན་སློབ་ལྷན་ཅིག་བརྗོད། དེ་ནས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལྟ་སྟངས་གཡོ་བ་མེད་པའི་ངང༌། སེམས་དུས་གསུམ་གྱི་རྣམ་རྟོག་གི་སྤྲོ་བསྡུས་མ་བསླད་པར་རང་རིག་གཉུག་མ་བཟོ་བཅོས་བྲལ་བ་བདེ་སྟོང་བརྗོད་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་པར་ཞུ། དེ་ལ་གནས་ལུགས་ཀྱི་དོན་ངོ་སྤྲོད་པའི་ཚུལ་དུ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་རས་པ་ཆེན་པོའི་ཞལ་ནས་དོ་ཧ་རྡོ་རྗེའི་གླུས་གདམས་པ་སྩལ་ཞིང་དགོངས་པའི་དྲོད་གཏད་པས་དོན་གྱི་རྟོགས་པ་རྒྱུད་ལ་འཕོས་པའི་མོས་པ་མཛོད། སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་ལྟ་བའི་མདོར་བསྡུས་ཡིན། །གསལ་དང་མི་རྟོག་ཡེངས་མེད་གསུམ། །འདི་

p. 147

གསུམ་སྒོམ་པའི་མདོར་བསྡུས་ཡིན། །མ་ཆགས་མ་ཞེན་ལྷུག་པ་གསུམ། །འདི་གསུམ་སྤྱོད་པའི་མདོར་བསྡུས་ཡིན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །འདི་གསུམ་འབྲས་བུའི་མདོར་བསྡུས་ཡིན། །གཉིས་སུ་མེད་པ་ལྟ་བའི་དོན། །ཡེངས་པ་མེད་པ་སྒོམ་པའི་དོན། །ཟུང་དུ་འཇུག་པ་སྤྱོད་པའི་དོན། །འདི་གསུམ་དབྱེར་མེད་འབྲས་བུའི་དོན། །ལྟ་བ་འདི་ལ་གཟེར་གསུམ་གདའ། །སྒོམ་པ་འདི་ལ་གཟེར་གསུམ་གདའ། །སྤྱོད་པ་འདི་ལ་གཟེར་གསུམ་གདའ། །འབྲས་བུ་འདི་ལ་གཟེར་གསུམ་གདའ། །ལྟ་བའི་གཟེར་གསུམ་བཤད་ཙ་ན། །སྣང་སྲིད་སེམས་སུ་འདུས་པར་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །ལྟ་བའི་གཟེར་གསུམ་དེ་ལ་མཛོད། །སྒོམ་པའི་གཟེར་གསུམ་བཤད་ཙ་ན། །རྣམ་རྟོག་ཆོས་ཀྱི་སྐུ་རུ་གདའ། །རིག་པ་

p. 148

གསལ་བའི་ངང་དུ་གདའ། །མ་བཅོས་ལྷུག་པར་བཞག་པར་གདའ། །སྒོམ་པའི་གཟེར་གསུམ་དེ་ལ་མཛོད། །སྤྱོད་པའི་གཟེར་གསུམ་བཤད་ཙ་ན། །དགེ་བཅུ་སྤྱད་དུ་མེད་པར་གདའ། །སྡིག་བཅུ་སྤང་དུ་མེད་པར་གདའ། །གཉེན་པོས་སྤང་དུ་མེད་པར་གདའ། །སྤྱོད་པའི་གཟེར་གསུམ་དེ་ལ་མཛོད། །འབྲས་བུའི་གཟེར་གསུམ་བཤད་ཙ་ན། །འཁོར་བ་སྤང་དུ་མེད་པར་གདའ། །མྱང་འདས་བསྒྲུབ་ཏུ་མེད་པར་གདའ། །རང་སེམས་སངས་རྒྱས་ཡིན་པར་གདའ། །འབྲས་བུའི་གཟེར་གསུམ་དེ་ལ་མཛོད། །གཟེར་བཅུ་གཉིས་ལོགས་ནས་གཟེར་གཅིག་འདེབས། །གཟེར་ནི་ཆོས་ཉིད་སྟོང་པའི་གཟེར། །འདེབས་མཁན་བླ་མ་རིན་ཆེན་མཛད། །མ་རྟོགས་བར་དུ་ཡང་མི་ཐེབས། །ལྷན་གྱིས་རྟོགས་ན་ཐེབས་པ་ཡིན། །དེ་ལྟར་རྗེས་སུ་གདམས་པ་སྩལ་བར་མོས་མཛོད། སླར་མོས་གུས་དྲག་

p. 149

པོས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྙམ་པ་བྱས་པའི་རྐྱེན་གྱིས་བླ་མ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་རས་པ་ཆེན་པོ་ཉིད་སྐུ་འོད་ཕུང་གི་རྣམ་པར་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བྱིན་རླབས་མ་ལུས་པ་ཐུགས་རྒྱུད་ལ་སྤར་བཏབ་པ་བཞིན་འཕོས་པར་མོས་མཛོད། སྐུ་བརྙན་ནམ་མེད་ན་ཚོམ་བུ་མགོ་བོར་འཇོག་ཅིང་དྲིལ་བུ་གསིལ། དྲི་ཞིམ་པོའི་སྤོས་བཏུལ་ཞིང་ངག་ཏུ། རྒྱལ་བ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་བཀའ་བཞི་བརྒྱུད་པའི་བླ་མ། གྲུབ་ཆེན་ཏཻ་ལོ་ནཱ་རོ་མར་པ་ལོ་ཙཱ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །ཁྱད་པར་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པ་རྡོ་རྗེས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ལུས་ལ་རྡོ་རྗེའི་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །ངག་ལ་རྡོ་རྗེའི་

p. 150

གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡིད་ལ་རྡོ་རྗེའི་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་བྱིན་གྱིས་རློབས་ཤིག །ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །སྟན་ཐོག་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཛཿཧཱུྃ་བཾ་ཧོཿ དེས་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ལ་བཞད་པ་རྡོ་རྗེ་ལ་བརྟེན་པའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྤྱི་དང༌། ཁྱད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འབྲལ་མེད་གཡར་དམ་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་

p. 151

བསྔོ་སྤྱི་ལྟར་བྱའོ། །དེ་ནས་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་རིམ་པའང་གཞུང་ལྟར་བྱས་པས་གྲུབ་བོ། །འདིར་བློ་དམན་ཐོས་ཆུང་ཁ་ཅིག་འདི་སྙམ་དུ་སེམས་ཏེ། དབང་བསྐུར་འདི་བཀའ་བརྒྱུད་སྤྱི་ལ་མ་གྲགས་པས་ཁུངས་དང་དགོས་པ་མེད་དམ་སྙམ་པ་དང༌། བརྒྱུད་པ་མེད་དམ་སྙམ་པ་དང༌། རང་བཟོ་ཡིན་ནོ་སྙམ་པའི་ལོག་རྟོག་གསུམ་འབྱུང་བར་འགྱུར་རོ། །དེ་ལ་དང་པོའི་སྐྱོན་སེལ་ནི། སློབ་དཔོན་དཔའ་བོ་འོད་གསལ་གྱི་ལུགས་ཀྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་གྲོལ་མཆོག་ཞབས་ཀྱི་ཕྱག་བཞེས་ལས་འབྱུང་བའི་རྩ་བའི་བླ་མ་རྡོ་རྗེ་འཆང་གི་སྤྱི་དབང་ཉིད་འདིའི་དབང་ལ་སྦྱར་བ་ཡིན་པས། རྡོ་རྗེ་འཆང་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པས་འདི་ཙམ་དུ་མ་ཟད་ལྷ་དང་བླ་མ་ཇི་སྲིད་ལ་ཁ་སྤོ་ཆོག་པ་ལུང་རིགས་ཀྱིས་གྲུབ་པ་དང༌། བྱིན་རླབས་ཀྱང་གྲུབ་བརྒྱའི་བྱིན་རླབས་སྦྱར་བ་སྟེ་དེའང་ལམ་དུས་སྤྲོས་མེད་འོད་ཟེར་ལ་བརྟེན་པའི་ཟབ་དབང་ཙམ་ཡིན་པས་འདིར་སྦྱར་བ་ལ་འགལ་བ་མེད་པའི་སྟེང་འདི་ཙམ་གྱིས་ཀྱང་དད་ལྡན་སྐལ་པ་ཅན་རྣམས་ལ་རྗེ་བཙུན་ཆེན་པོའི་བྱིན་རླབས་འཇུག་པའི་ཉེར་ལེན་ཁྱད་པར་ཅན་དུ་འགྱུར་བ་མ་ཟད། འདི་ལྟ་བུ་ལ་བརྟེན་ཏེ་དད་པ་སྐད་ཅིག་ཙམ་སྐྱེས་ཀྱང་ཐུགས་རྗེས་འཛིན་པར་འགྱུར་བས་ཁུངས་དང་དགོས་པ་ནི་དེ་ཡིན་ནོ། །གཉིས་པ་ནི། དེ་ལྟ་ནའང་མི་ལ་རས་པའི་དབང་བསྐུར་ཟེར་བ་བཀའ་བརྒྱུད་ནས་བརྒྱུད་པ་མེད་དོ་སྙམ་ན་དེའང་ཡོད་པ་ཙམ་མ་ཟད་རྩལ་དུ་

p. 152

བཏོན་མ་བཏོན་མ་གཏོགས་ཁྱད་པར་འཕགས་པ་ཡོད་དེ། སྤྱིར་ཏཻ་ལོ་ནཱ་རོ་ནས་བཟུང་བདག་ཅག་གི་འདྲེན་མཆོག་དམར་མཐིང་ཅོད་པན་འཆང་བ་ཟུང་གི་བར་དུ་སྤང་རྟོགས་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་བྱོན་པ་ཟམ་མ་ཆད་ཅིང༌། དཔལ་ལྡན་བླ་མ་དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཡང་ནས་ཡང་དུ་ཐོབ་པ་དང༌། ཁྱད་པར་ཇོ་མོ་བཀྲ་ཤིས་ཚེ་རིང་མའི་འཇིག་རྟེན་ལས་འདས་པའི་རྗེས་གནང་གི་སྐབས་སུ་རྗེ་རས་པ་ཆེན་པོ་ལ་བརྟེན་པའི་དབང་བཞི་འདིར་བཀོད་པ་དང་ཚིག་མི་གཅིག་ཀྱང་དོན་གཅིག་པར་བཞུགས་པ་དམ་པ་དེ་དག་ལས་ཡང་ཡང་ནོས་པ་ཡིན་པས་ཐེ་ཚོམ་མི་དགོས་སོ། །གསུམ་པའི་སྐྱོན་ནི་དེ་དག་གིས་སེལ་མོད། བོད་ཀྱི་མི་གསར་འགྲོགས་ཆེ་བའི་དབང་གིས་བརྡོལ་ཆོས་ལ་ཡིད་རྟོན་པ་ཆེས་མང་བས། དེ་ལྟར་རྟོན་ཕྱིན་ཆད་དག་སྣང་དགོངས་གཏེར་སྙན་བརྒྱུད་སོགས་སུ་གྲགས་པ་ཕལ་མོ་ཆེ་ཞིག་ལས་ནི་འདི་ལྟ་བུ་ཆོས་སྤྱན་ལྡན་པ་རྣམས་ཀྱི་སྤྱན་སྔར་འཐད་པ་ཆེ་ཞིང་ཐེ་ཚོམ་ཆུང་བ་ཡིན་ཏེ། ལྐོག་གྱུར་གྱི་གནས་དེ་དག་གང་ཡིན་མངོན་ཤེས་མེད་པས་མི་རྟོགས་ལ། འདི་ལྟ་བུ་ལ་ལུང་དང་མན་ངག་མངོན་སུམ་ཚད་མས་གྲུབ་པའི་ཕྱིར་རོ། །འདིས་ཀྱང་རྗེ་བཙུན་བཞད་པ་རྡོ་རྗེ་ཡི། །བྱིན་རླབས་མཁའ་མཉམ་འགྲོ་ལ་འབད་མེད་དུ། །ཞུགས་ནས་རྟོགས་གྲོལ་དུས་མཉམ་མི་སློབ་པའི། །ཟུང་འཇུག་རྒྱལ་སར་མངོན་བྱང་ཆུབ་པར་ཤོག །ཅེས་པ་འདིའང་འབྲེལ་ཚད་དོན་ལྡན་གྱི་སྐྱེས་

p. 153

བུ་ཆེན་པོ་ཁྲི་འདུ་སྣང་རྩེ་རི་ཁྲོད་པ་ཀུན་དགའ་ཆོས་ཀྱི་དབང་པོས་རིང་ནས་བསྐུལ་མ་གནང་བ་དང༌། ཉེ་ཆར་སྒྲུབ་བརྩོན་དམ་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཚམས་སྦྱར་བ་ལྟར་བཀའ་བརྒྱུད་རིན་པོ་ཆེའི་རྗེས་འཇུག་སྤོང་བ་པའི་རྟགས་ཙམ་འཛིན་པ་ཡོན་ཏན་རྒྱ་མཚོའི་མིང་ཅན་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊིའི་དབེན་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྗེ་བཙུན་མི་ལའི་བླ་སྒྲུབ་ལས་སྙན་བརྒྱུད་གསང་དབང་ཡིད་བཞིན་ནོར་བུ། ཨོ་རྒྱན་གཞན་ཕན་མཐའ་ཡས།

p. 154
p. 155

༄༅། །རྗེ་བཙུན་མི་ལའི་བླ་སྒྲུབ་ལས་སྙན་བརྒྱུད་གསང་དབང་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །

p. 156

ན་མོ་གུ་རུ་བྷྱ། རྗེ་བཙུན་མི་ལའི་གསང་དབང་བསྐུར་བའི་རིམ་པ་ལ། དེ་ནས་དབང་རྫས་བུམ་པ་དྲི་མེད་རྒྱན་ལྡན་ཁ་རྒྱན་མགུལ་ཆིངས་ཅན་སྐུ་ཡི་དབང་རྟེན་དུ་བཞག །ཀ་པཱ་ལ་དུམ་བུ་གཅིག་པར་བདུད་རྩི་དང་ཆང་གིས་བཀང་བ་གསུང་གི་དབང་རྟེན་དང་། བླ་གཏོར་པད་འདབ་ཅན་མཛེས་ཤིང་བརྗིད་ལྡན་ཐུགས་ཀྱི་དབང་རྟེན་དང་། ཤེལ་རྡོ་མེ་ལོང་དྲི་མེད་ངོ་བོ་ཉིད་སྐུའི་དབང་ནི། དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བ་ཡིན། སློབ་མ་རྣམས་རྒྱན་སྤྲས་མདུན་དུ་འཁོད་ལ། དང་པོ་ཁྲུས་བྱ་བ་ནི། ཨཱཿ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ནང་ཉོན་མོངས་དྲི་མ་དག་བྱའི་ཕྱིར། །སྐྱེ་བ་མེད་པའི་ཁྲུས་ཆུ་ཡིས། །འགགས་པ་མེད་

p. 157

པའི་སྐུ་ཁྲུས་གསོལ། །སྒྲིབ་གཉིས་བག་ཆགས་བྱང་གྱུར་ཅིག །སྣ་ཚོགས་རང་གྲོལ་གདན་ལ་བཞུགས། །ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཡི་གེ་བརྒྱ་པས་ཁྲུས་བྱའོ། །དེ་ནས་བགེགས་གཏོར་བསྔོ་བ་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཨཱཿ བགེགས་

p. 158

གཏོར་མི་དམིགས་སྟོང་པར་གྱུར། །སྣང་བ་སྒྱུ་མའི་དམར་གཏོར་འདི། །མ་རིག་འཁྲུལ་པའི་འབྱུང་པོ་ལ། །རང་རིག་གསལ་བའི་གཏོར་ངོ་སྤྲད། །བློ་འདས་གཉུག་མར་ཨཱཿཧཱུྃ་ཕཊཿ སྲུང་འཁོར་ནི། ཨཱཿ དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ལ། །བགེགས་དང་བར་ཆད་མིང་ཡང་མེད། །གཉིས་སྣང་རྣམ་རྟོག་འཁྲུལ་གྱུར་ན། །ཆོས་དབྱིངས་ཡེ་ཤེས་མཚམས་བཅད་དོ། །མཎྜལ་འབུལ་བ་ནི། ཨཱཿ ལྷ་ཀླུ་མི་ཡི་ལོངས་སྤྱོད་དང་། །བདག་གི་ལུས་ངག་ཡིད་གསུམ་པོས། །ཅི་གསུང་བཀའ་སྒྲུབ་ཉམས་ལེན་གྱི། །རིག་པ་གཞི་ཐོག་ཕེབས་པའི་མཎྜལ་འབུལ། །དེ་ནས་ལོ་རྒྱུས་ཟུར་ཙམ་བཤད་པ་ནི། འོ་ན་ད་ལམ་ཁྱེད་རང་རྣམས་ལ་རྗེ་བཙུན་མི་ལའི་དབང་བསྐུར་བ་ལ། ཐོག་མར། ལོ་རྒྱུས་ཟུར་ཙམ་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཐོབ་དཀའ་འཇིག་

p. 159

སླའི་ལུས་རྟེན་རྙེད། །གསང་སྔགས་ཟབ་མོའི་གདམས་ངག་ནི། །ཉིན་སྐར་བས་ཀྱང་ཤིན་ཏུ་དཀོན། །ད་ལན་གསང་སྔགས་ཆོས་དང་འཕྲད། །ཡིད་བཞིན་ནོར་བུ་རྙེད་པ་འདྲ། །ལེ་ལོ་ཕྱི་བཤོལ་དབང་སོང་ན། །ཕུང་ལ་དེ་ལས་ཆེ་བ་མེད། །ལྷོ་འཛམ་བུ་གླིང་ལ་མི་ལུས་དཀོན། །གལ་སྲིད་མི་ལུས་ཐོབ་པ་ནི། །གསང་སྔགས་ཟབ་མོའི་སྣོད་ཡིན་ནོ། །རིན་ཆེན་གསེར་གྱི་བུམ་པ་འདྲ། །བཀའ་བརྒྱུད་བླ་མའི་མན་ངག་འདི། །སེང་གེ་དཀར་མོའི་འོ་མ་འདྲ། །སྣོད་བཅུད་དུས་གཅིག་འཛོམས་པ་ཡིན། །བསྐལ་བརྒྱར་དུས་ཀྱི་ཟ་མ་ལན་གཅིག་ཡིན། །སྐལ་ལྡན་སློབ་མ་ཡོད་སྲིད་ན། །དབང་གི་མན་ངག་གོ་བ་སླ། །སྐལ་མེད་ལས་ངན་ཕལ་པ་རྣམས། །དབང་བཤད་དྲི་ཟའི་གླུ་དང་འདྲ། །དབང་གཏོར་མགོ་བཞག་ཐོ་ལུམ་འདྲ། །སྐལ་མེད་རྣམས་ལ་ཅི་ཆ་ཡོད། །དེ་གོའམ་སྐལ་

p. 160

ལྡན་སྙིང་གི་བུ། །དེ་ལ་འདིར་རྗེ་བཙུན་དབང་ཕྱུག་མི་ལ་རས་པའི་སྒོ་ནས་དབང་བསྐུར་བ་ནི། བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཡོངས་ཀྱིས་གསུངས་ཤིང་། ད་ལམ་སྐབས་སུ་བབས་པའི་དབང་འདི་ནི་ང་ཉིད་ཀོང་པོའི་ཡུལ་ཨོ་རྒྱན་སྒྲུབ་ཕུག་ཏུ་ཡོད་སྐབས་སུ་རྗེ་བཙུན་མི་ལ་རས་པ་དང་སེ་བན་རས་པ་རས་ཆུང་གསུམ་པོ་ཁོ་བོའི་སྣང་བ་ལ་མདུན་དུ་མངོན་སུམ་བྱོན་ནས། སྙན་བརྒྱུད་ཤོག་དྲིལ་གདམས་ངག་ལྷག་མེད་གནང་ཞིང་། དེ་ནས་བརྩམས་མི་ལོ་བཅུ་ལ་སྒྲུབ་པ་བྱས་པའི་མཐར། ཤེས་རབ་སྟེང་དཀར་འདུག་སྐབས་སུ་སླར་ཡང་རྗེ་བཙུན་མངོན་སུམ་དུ་བྱོན་ཏེ་མཁའ་འགྲོའི་སྙན་བརྒྱུད་ཤོག་དྲིལ་གསང་དབང་ཐོབ། ཁོ་བོས་མི་ལོ་ཉི་ཤུ་ཙམ་དུ་བསྒྲུབས། སྔར་རྗེ་བཙུན་མི་ལ་རིན་པོ་ཆེའི་སྙན་བརྒྱུད་ཀྱི་སྒྲུབ་ཐབས་དུས་ལ་བབས་པའི་ཚེ་བཀའ་རྒྱ་བཀྲོལ་ཏེ་འགྲོ་དོན་བྱས། གསང་དབང་

p. 161

འདི་ནི་སྔར་བཀའ་རྒྱ་བྱས་ནས་བསྡད། ད་ལན་བུ་ཆེན་རྩ་ལྔའི་ནང་། །མཆོག་ཏུ་གྱུར་པའི་མཁས་བཙུན་ཆེ། །འཚོ་བྱེད་པདྨ་ཕྲིན་ལས་བསྐུལ་བའི་ཕྱིར། །བསྐུལ་ངོ་མ་ལྡོག་སྙན་བརྒྱུད་སྤེལ། །ཚེ་འདིར་སངས་རྒྱས་ཐོབ་འདོད་སྐལ་ལྡན་ཡོད་སྲིད་ན། །ཚེ་འདིར་ངེས་པར་གྲོལ་བའི་གདམས་ངག་ཡིན། །ཁོ་བོས་ད་ལན་བཀའ་རྒྱ་དགྲོལ། །སྐལ་མེད་རྣམས་ལ་བསྐུར་མི་རུང་། །མ་དང་མཁའ་འགྲོས་བཀའ་ཆད་འོང་། །གསང་དབང་འདི་ནི་མཁའ་འགྲོའི་སྙིང་ཁྲག་ཡིན། །སྙིང་ཁྲག་ནང་ནས་སྙིང་ཁུ་ཡིན། །རླུང་ཕྱོགས་ཙམ་དུ་བརྗོད་མི་རུང་། །ཕ་རྗེ་བཙུན་མི་ལའི་ཁྱད་ཆོས་ཡིན། །དུས་ངན་སྙིགས་མའི་ཁུག་སོ་ལ། །མི་ལའི་བུ་རྒྱུད་ཁེར་ཆད་ངའི། །གསང་དབང་ཐོབ་པའི་ལོ་རྒྱུས་ཡིན། །ཡིད་ཆེས་པའི་གནས་སུ་ཟུངས་ཤིག་ཨང་། །དེ་ཡིས་ཁུངས་བཙུན་པའི་ལོ་རྒྱུས་རྣམས་

p. 162

ཟུར་ཙམ་གྲུབ་པ་ཡིན་ནོ། །དེ་ལ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་ཐོག་མར་མཎྜལ་འབུལ་བར་ཞུ། མཎྜལ་འབུལ་ལ། འོ་ན་དབང་གི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཨཱཿ བླ་མ་རྗེ་བཙུན་མི་ལ་དང་། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །བཀའ་བརྒྱུད་བླ་མའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ་བྱ། སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་སྙིང་གི་བུ། །མི་ལའི་གསང་དབང་བསྐུར་དགོས་ན། །བླ་མས་ཅི་གསུངས་བསྒྲུབ་ནུས་སམ། །མི་མེད་རི་ཁྲོད་འགྲིམ་ནུས་སམ། །དད་བརྩོན་ཤེས་རབ་ལྡན་པ་ཡིས། །སྲོག་གི་སྙིང་པོ་འབུལ་ནུས་སམ། །དེ་ལྟར་ནུས་ན་དབང་བསྐུར་བྱ། །སྐལ་མེད་ལོག་ལྟ་ཅན་རྣམས་ཀྱིས། །དབང་བསྐུར་འདི་ཉིད་ཞུ་བ་མིན། །སྲོག་གི་བདུད་དུ་འགྱུར་ཉེན་ཡོད། །དུག་སྦྲུལ་མགོ་ཡི་ནོར་བུ་ཡིན། །འཕུང་འཚེངས་

p. 163

གཉིས་ཀྱི་རྒྱུ་གཅིག་ཡིན། །ང་ཡིས་དྲིས་པར་དམ་བཅའ་དགོས། །ཞེས་དང་། དྲིས་པའི་ལན་དུ་དམ་བཅའ་བཟུང་བ་འདི་ཉིད་བརྗོད་ལ། ཨཱཿ བླ་མ་རྗེ་བཙུན་རྡོ་རྗེ་འཆང་། །གསུངས་པའི་བཀའ་བཞིན་དམ་བཅའ་འོ། །གདམས་ངག་སྙིང་ཁུ་འདི་ཐོབ་དུས། །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །ལན་གསུམ་བྱ། དེ་ནས་དམ་ཚིག་མནའ་ཆུ་བླུད་པ་ནི། ཨཱཿ ཡེ་ཤེས་བདུད་རྩིའི་དམ་ཚིག་ཆུ། །དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ། །མ་བསྲུངས་རྡོ་རྗེའི་དམྱལ་བར་འགྲོ། །དེ་བས་དམ་ཚིག་གཉན་པོ་སྲུངས། །ས་མ་ཡ་ཨི་དན་ན་ར་ཀན། ཞེས་བླུད། དེ་ནས་མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་གསལ་བའི་མདུན་དུ་སྐྱབས་འགྲོ་དང་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་

p. 164

རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བྱ། དེ་ནས་དངོས་གཞི་དབང་བསྐུར་བ་ལ་དང་པོ་སློབ་མ་རྣམས་ལྷར་བསྐྱེད་པ་ནི། ད་ཁྱེད་རང་རྣམས་དངོས་གཞིའི་དབང་བསྐུར་བ་ལ་རང་ལུས་ལྷར་གསལ་བའི་དམིགས་པ་འདི་བཞིན་དུ་མཛོད། ཨཱཿ རང་སྣང་མངོན་དགའི་ཞིང་ཁམས་ལ། །གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །གསལ་སྟོང་མེ་ལོང་གཟུགས་བརྙན་བཞིན། །མེ་ཏོག་རུས་རྒྱན་དར་དཔྱང་གསོལ། །བྷ་

p. 165

ག་རྒྱས་ཤིང་ནུ་མ་འབུར། །ལང་ཚོ་རྒྱས་ཤིང་ཡིད་འཕྲོག་མ། །དཀར་དམར་མདངས་ལྡན་མཛེས་འཛུམ་མ། །བདེ་སྟོང་ཌཱ་ཀིའི་ཡུམ་མཆོག་མ། །ཐབས་ཤེས་དབྱེར་མེད་སྤྱི་གཙུག་ལ། །ཁམས་ལྔ་དག་པ་སེང་གེའི་ཁྲི། །རྩ་ལྔ་དག་པ་པདྨའི་གདན། །རླུང་ལྔ་དག་པ་ཉི་ཟླའི་སྟེང་། །སེམས་ཉིད་སྟོང་པ་བླ་མའི་སྐུ། །གསལ་སྟོང་ཟུང་འཇུག་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་ཏཻ་ལོ་པ། །སྒྱུ་འཕྲུལ་དྲ་བ་ནཱ་རོ་པ། །པཎ་གྲུབ་ཆེན་པོ་ལོ་ཙཱ་བ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །གཉིས་མེད་ཡེ་ཤེས་མི་ལ་རྗེ། །སྐུ་མདོག་སྔོན་པོ་ལང་ཚོ་རྒྱས། །ཕྱག་གཡས་སྙན་ལྕོག་གཡས་ལ་བརྟེན། །ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང་། །ཞབས་གཉིས་རྡོ་རྗེའི་ཕྱེད་སྐྱིལ་བཞུགས། །སྐུ་ལ་རས་གཟན་དཀར་པོ་གསོལ། །སྒོམ་ཐག་ཨང་རག་པུས་འཁྱུད་མཛེས། །དབུ་སྐྲ་ཕྱིང་བུ་སྐུ་རྒྱབ་

p. 166

འཁྱིལ། །གྲུབ་ཐོབ་རྒྱ་མཚོའི་དབུས་ན་བཞུགས། །མཁའ་འགྲོ་དམ་ཅན་སྤྲིན་ཕུང་ལྟར། །འཇའ་འོད་ཐིག་ལེའི་ཀློང་དུ་གསལ། །སྣང་ལ་རང་བཞིན་མ་གྲུབ་པ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །སྤྱན་འདྲེན་པ་ནི། ཨཱཿ མངོན་དགའ་ལ་སོགས་ཞིང་ཁམས་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །འོག་མིན་མཁའ་སྤྱོད་ཞིང་ཁམས་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །རི་བོ་ཏ་ལའི་ཕོ་བྲང་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །རིགས་ལྔ་རྒྱལ་བའི་ཞིང་ཁམས་ནས། །ཡེ་ཤེས་རིགས་ལྔ་ཡབ་ཡུམ་གཤེགས། །མི་མངོན་དབྱིངས་ཀྱི་ཆོས་ཉིད་ལ། །གཉིས་སུ་མེད་པར་ཛཿཧཱུྃ་བཾ་ཧོཿ ཞེས་སྤོས་སྦྱོར་གྱི་དུད་པས་བསངས། བྱིན་འབེབས་ནི། ཨཱཿ ཤེས་བྱའི་དོན་ལ་མ་རྨོངས་པའི། །བླ་མ་རྣམས་ཀྱིས་བྱིན་ཕོབ་ཅིག །

p. 167

སྨྲ་བསམ་བརྗོད་མེད་ངོ་བོ་ལ། །སྤྲོས་དང་བྲལ་བའི་བྱིན་ཕོབ་ཅིག །ༀ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ དེ་ལྟར་བྱིན་ཕབ་པས་ཡེ་ཤེས་པ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །ཏིཥྛ་བཛྲ། ཞེས་བསྟིམ་ཞིང་འབྲུ་གཏོར་རྡོ་རྗེ་མགོར་བཞག་ལ། འོ། ད་དངོས་གཞིའི་དབང་བསྐུར་བ་ལ། སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བཞི་ཡོད་པ་ལས། དང་པོ་སྐུ་ཡི་དབང་བསྐུར་བར་བྱེད་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ༀ། རིན་ཆེན་གསེར་གྱི་བུམ་པ་འདི། །ཕྱི་ནི་རིན་ཆེན་གཞལ་ཡས་ཁང་། །ནང་ན་མི་ལའི་ལྷ་ཚོགས་བཞུགས། །སྙན་བརྒྱུད་ཟབ་མོ་བདུད་རྩིའི་ཚུལ། །སྐལ་ལྡན་བུ་ལ་བསྐུར་བ་ཡིས། །ལུས་ནི་དངུལ་དཀར་བུམ་པར་སྒོམས། །དེ་ནས་བུམ་པ་ཐོགས་ལ། ༀ། བུམ་པའི་ཆུ་ལས་ༀ་ཡིག་ལས། །ཐིག་ལེའི་ངོ་བོ་དཀར་པོ་

p. 168

ནི། །ཆུ་ཤེལ་ལྟ་བུར་འོད་ཟེར་འཕྲོས། །འོད་ཟེར་སློབ་མའི་སྤྱི་བོར་ཞུགས། །བུམ་སྐུའི་དབང་ཐོབ་ལུས་སྒྲིབ་དག །བུམ་པ་གཅིག་ནས་གཅིག་བླུག་ལྟར། །ལུས་ཕྱི་ནང་ལྷ་ཡི་རང་བཞིན་གསལ། །ལུས་སྣང་སྟོང་བསྐྱེད་རིམ་བསྒོམ་པར་དབང་། །ནང་རྩ་རླུང་ཐིག་ལེ་ལས་སུ་རུང་། །བདེ་སྟོང་རང་གྲོལ་སྤྲུལ་སྐུའི་དབང་། །ཕུང་པོ་ལྷག་མེད་འཇའ་ལུས་སངས། །མཁའ་འགྲོའི་ཚོགས་ཁང་ཉམས་དགའ་བར། །རྡོ་རྗེ་འཆང་ཆེན་དབང་མཆོག་བསྐུར། །རྗེ་བཙུན་མི་ལས་བྱིན་གྱིས་རློབས། །ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་གཅིག་བསྡུས་པ། །སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ། །ལུས་དང་ལོངས་སྤྱོད་བློ་སྙིང་བྲང་། །ལྟོས་པ་མེད་པར་ཁྱོད་ལ་འབུལ། །འདི་ནས་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན། རྗེ་བཙུན་མི་ལས་བྱིན་གྱིས་

p. 169

རློབས། །བདག་ལ་རེ་ས་ཁྱོད་ལས་མེད། །དུས་ངན་སྙིགས་མའི་སེམས་ཅན་རྣམས། །འཁོར་བ་སྡུག་བསྔལ་འདམ་ནས་དྲོངས། །རྗེ་བཙུན་མི་ལས་བྱིན་གྱིས་རློབས། །དབང་བཞི་བསྐུར་བར་མཛད་དུ་གསོལ། །རྟོགས་པ་སྤོར་ཞིག་རྗེ་བཙུན་མཁྱེན། །སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །རང་སྣང་མངོན་དགའི་ཞིང་ཁམས་སུ། །ཟུང་འཇུག་སྤྲུལ་པའི་འཇའ་ལུས་སུ། །རྗེ་བཙུན་ཁྱེད་དང་དབྱེར་མེད་ཤོག །ༀ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་སིདྡྷི་ༀ། ཞེས་བུམ་པའི་དབང་བསྐུར་རོ། །འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི། །ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན། །སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག །གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ། །འདོད་ཆགས་རང་སར་གྲོལ་བར་བྱིན་གྱིས་རློབས། །ཞེས་དང་། འོ། དེ་ལྟར་

p. 170

བུམ་པ་སྤྱི་བོར་བཞག་པ་སྐུ་ཡི་དབང་། །རང་ལུས་ལྷ་སྐུར་སྒོམ་པའི་རྟེན་འབྲེལ་ཡིན། །གཞི་ལུས་རྡོ་རྗེ་རྣལ་འབྱོར་གསལ། །ཕྱི་གསལ་ནང་གསལ་མེ་ལོང་བཞིན། །ཕྱི་དཀར་ནང་དམར་དར་དམར་གུར། །ཕྲུ་མ་ཕུས་བཏབ་རང་བཞིན་གསལ། །སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །སྐུ་ལ་མེ་ཏོག་རུས་རྒྱན་གསོལ། །གཟུགས་སྣང་ཐམས་ཅད་ལྷ་སྐུར་གསལ། །སྣང་ལ་རང་བཞིན་མེད་པར་སྒོམས། །ཕྱི་ལྟར་གཟུགས་སྣང་རང་སར་དག །འབྲས་བུ་སྤྲུལ་སྐུའི་སྐལ་པར་བཞག །གཉིས་པ་གསུང་གི་དབང་ནི། ཀ་པཱ་ལ་བདུད་རྩིས་བཀང་བ་ཐོགས་ལ། ཨཱཿ དུམ་བུ་གཅིག་པའི་ཀ་པཱ་ལ། །ཕྱི་དཀར་ནང་དམར་བྷནྡྷའི་ནང་། །བྱང་སེམས་དཀར་དམར་བདུད་རྩི་ལྔ། །མཁའ་འགྲོས་བྱིན་བརླབས་བདུད་རྩི་འདི། །སྐལ་ལྡན་ཁྱེད་ཀྱིས་རོལ་ནུས་སམ། །ནུས་ན་ཁྱོད་

p. 171

ལ་སྦྱིན་པར་བྱ། །ཨཱཿཡིག་འོད་ཞུ་བྷནྡྷ་གང་། །ཐིག་ལེ་ཁ་དོག་དམར་པོ་ལ། །འོད་ཟེར་འཕྲོས་པ་མེ་སྟག་ཙམ། །སློབ་མའི་མགྲིན་པའི་ཨཱཿལ་ཐིམ། །ངག་གི་དིག་ལྐུགས་སྒྲིབ་པ་དག །མགྲིན་པའི་རྩ་མདུད་རང་སར་གྲོལ། །ལོངས་སྐུའི་དབང་ཐོབ་བཟླས་བརྗོད་དབང་། །རྩ་རླུང་ཐིག་ལེ་རང་དབང་ཐོབ། །སྔགས་ནི་གྲགས་སྟོང་སྐྱེ་འགག་མེད། །རྗེ་བཙུན་མི་ལས་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཝཱ་ཀ་སིདྡྷི་ཨཱཿ ཞེས་བདུད་རྩི་མྱོང་ལ། འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི། །སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན། །གྲག་སྟོང་བསམ་བརྗོད་བྲལ་བའི་ངང་ལ་ཞོག །གྲག་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང་། །གྲག་སྟོང་རྒྱལ་བའི་གསུང་དུ་བྱིན་གྱིས་རློབས། །འོ། བདུད་རྩི་གསུང་གི་དབང་ཐོབ་པས། །ནང་སྐྱེ་མེད་བདུད་རྩིས་དབང་བསྐུར་

p. 172

ཡིན། །སྒྲ་གྲག་སྟོང་སྔགས་ཀྱི་རང་སྒྲ་སྒྲོགས། །རླུང་འགྲོ་འོང་མེད་པའི་བུམ་ཆེན་བཟུང་། །རྩ་དབུ་རྐྱང་རོ་གསུམ་རང་མལ་ཞོག །རྩ་འཁོར་ལོ་ལྔ་པོ་གསལ་ལ་ཐོབ། །དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ལ། །བདུད་རྩི་རོ་ཡི་མཆོད་པ་འབུལ། །དེ་མྱོང་མཁན་ངོ་བོ་ཧྲིག་གེ་ལྟོས། །དཔེ་སྟོང་གསལ་ནམ་མཁའ་གཡའ་དག་འདྲ། །གསལ་ལེ་སེང་ངེ་ངོས་བཟུང་མེད། །དེ་མཐོང་མེད་ངོ་བོ་ས་ལེ་གསལ། །སྒྲ་གྲག་སྟོང་བྲག་ཆ་ལྟ་བུ་འོ། །གཏམ་བཟང་ངན་འཛིན་པའི་ཡུལ་ལས་འདས། །ནང་སྐྱེ་མེད་གསང་བའི་དབང་མཆོག་ཐོབ། །དེ་བདུད་རྩིའི་གསུང་གི་བཟླས་བརྗོད་དབང་། །འབྲས་བུ་ལོངས་སྐུའི་སྐལ་པར་བཞག །གསུམ་པ་ཐུགས་ཀྱི་དབང་ནི། གཏོར་མ་ཐོགས་ལ། ཧཱུྃ། གཏོར་མ་ལྷར་གསལ་ཐུགས་ཀ་ནས། །ཧཱུྃ་ཡིག་སྔོན་པོ་འོད་འབར་བ། །འོད་ཟེར་འཕྲོས་པས་ལུ་གུ་རྒྱུད། །རྒྱུ་རྐྱེན་གང་ལས་མ་

p. 173

གྲུབ་པའི། །སྨྲ་བསམ་བརྗོད་མེད་རང་བཞིན་སྟོང་། །ཧཱུྃ་ཡིག་འོད་ཟེར་འཕྲོ་བ་གཅིག །སློབ་མའི་སྙིང་གའི་ཧཱུྃ་ལ་ཐིམ། །ཆོས་སྐུའི་ཐུགས་ཀྱི་རང་དབང་ཐོབ། །འབྲས་བུ་བདེ་སྟོང་ཙནྜ་ལི། །ཀ་དག་ཁྲེགས་ཆོད་ཕྱག་རྒྱ་ཆེ། །རང་སེམས་སངས་རྒྱས་རང་ངོ་ཤེས། །རྣམ་རྟོག་ཆོས་སྐུར་རང་ཐག་ཆོད། །མ་བཅོས་གཉུག་མའི་འོད་གསལ་ངང་། །གནས་ལུགས་ཡེ་ནས་སངས་རྒྱས་ལ། །སྣང་བ་སེམས་རྫོགས་རྫོགས་ཆེན་དོན། །མ་བཅོས་ཁྱབ་གདལ་ཕྱག་ཆེན་ངང་། །རང་བྱུང་ལྷུན་གྲུབ་དབུ་མའི་གཞུང་། །སྟོང་ཉིད་དོན་རྟོགས་ས་ལམ་རྫོགས། །སྒོམ་མེད་ངང་ལ་ཡེངས་མེད་གསལ། །སྐུ་གསུམ་ཆོས་དབང་དུས་གཅིག་རྫོགས། །རྗེ་བཙུན་མི་ལས་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཙིཏྟ་སིདྡྷི་ཧཱུྃ། ཞེས་གཏོར་མས་དབང་བསྐུར་བ་ནི། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་

p. 174

བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་གཅོད་བློ་ཡིས་བཅོས་མི་གཞུག །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །རིག་པ་རང་གྲོལ་ངང་དུ་བྱིན་གྱིས་རློབས། །འོ་དེ་ལྟར་ཐུགས་ཆོས་སྐུའི་དབང་བསྐུར་བ་ཡིན། སེམས་སྐྱེ་མེད་གསལ་སྟོང་སྤྲོས་པ་བྲལ། །རྣམ་རྟོག་གི་དགག་སྒྲུབ་ཡུལ་ལས་འདས། །སངས་རྒྱས་གཞན་ནས་མི་འཚོལ་རང་ཐག་ཆོད། །སྐྱོན་ཡོན་མ་གོས་ཞིག་རལ་བྲལ། །རྡོ་རྗེ་འཆང་ཆེན་སྐུ་ལ་འདས་གྲོངས་མེད། །དོན་གཉིས་རྟོགས་པའི་རྡོ་རྗེ་འཆང་། །རྡོ་རྗེ་འཆང་ལ་རང་ཐག་ཆོད། །བསམ་པའི་དོན་གྲུབ་བློ་བདེ་འགྲུབ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཐུགས་བདེ་བ་ཆེན་པོའི་སྒོམ་དབང་ཐོབ། །འབྲས་བུ་ཆོས་སྐུའི་སྐལ་པར་བཞག །ཅེས་དང་། འོ་དེ་ཡན་ཆད་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་ནོ། །སྐབས་

p. 175

འདིར་གཏུམ་མོའི་གསང་དབང་དགོས་ན་འཆད་པར་བྱེད་དོ། །བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། འོ། དེ་ནས་བཞི་པ་ཡེ་ཤེས་རྡོ་རྗེའི་དབང་མ་ཐོབ་པ་ཁྱེད་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས་ལྟ་སྟངས་གཡོ་བ་མེད་པའི་ངང་ནས་སེམས་དུས་གསུམ་རྣམ་རྟོག་གི་སྤྲོ་བསྡུས་མ་བསླད་པར་རང་རིག་གཉུག་མ་བཅས་བཅོས་དང་བྲལ་བའི་བདེ་སྟོང་བརྗོད་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་གཞག་པར་ཞུ། ཤེལ་རྡོ་ཐོགས་ལ། ཨཱཿ རང་སེམས་དྲི་མེད་ཤེལ་དཀར་དབང་། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད། །དུ་མ་རོ་གཅིག་རང་སྣང་སྟོང་། །སྐུ་བཞི་ལྷུན་གྲུབ་ཀློང་དུ་ཨ། །ཕྱག་རྒྱ་ཆེན་པོའི་བརྡ་ཁྲིད་ནི། །གང་ཤར་མ་ཞེན་གང་ཤར་མ་ཞེན་ཞིག ། མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེན། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་ལ། །སྟོང་སྟོང་མི་སྟོང་མི་སྟོང་རྣམ་པར་སྟོང་། །མ་འགགས་

p. 176

མ་འགགས་འགགས་འགགས་འགག་པ་མེད། །ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་། །སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི། །ཕྱག་རྒྱ་ཆེན་པོའི་གནད་གཅིག་དོན་གཅིག་ཡིན། །དབང་བཞི་ཡོངས་རྫོགས་སྙིང་པོ་ཐོབ་པ་ཡིན། །རྗེ་བཙུན་མི་ལ་ལྟ་བུར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཤེལ་རྡོ་ལ་བལྟ་རུ་བཅུག་ལ། འོ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དོན་དབང་ཐོབ། འབྲས་བུ་སྐུ་བཞིའི་སྐལ་པ་ལྡན། །སེམས་ཉིད་ཡེ་ནས་ཕྱག་རྒྱ་ཆེ། །ལྟ་སྒོམ་སྤྱོད་འབྲས་མདོར་བསྡུས་ཡིན། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་ལྟ་བའི་མདོར་བསྡུས་ཡིན། །གསལ་དང་མི་རྟོག་ཡེངས་མེད་གསུམ། །འདི་གསུམ་སྒོམ་པའི་མདོར་བསྡུས་ཡིན། །མི་ཆགས་མི་ཞེན་ལྷུག་པ་གསུམ། །འདི་གསུམ་

p. 177

སྤྱོད་པའི་མདོར་བསྡུས་ཡིན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །འདི་གསུམ་འབྲས་བུའི་མདོར་བསྡུས་ཡིན། །གཉིས་སུ་མེད་པ་ལྟ་བའི་དོན། །ཡེངས་པ་མེད་པ་སྒོམ་པའི་དོན། །ཟུང་དུ་འཇུག་པ་སྤྱོད་པའི་དོན། །འདི་གསུམ་དབྱེར་མེད་འབྲས་བུའི་དོན། །ལྟ་བ་འདི་ལ་གཟེར་གསུམ་གདའ། །སྒོམ་པ་འདི་ལ་གཟེར་གསུམ་གདའ། །སྤྱོད་པ་འདི་ལ་གཟེར་གསུམ་གདའ། །འབྲས་བུ་འདི་ལ་གཟེར་གསུམ་གདའ། །ལྟ་བའི་གཟེར་གསུམ་བཤད་ཙ་ན། །སྣང་སྲིད་སེམས་སུ་འདུས་པར་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །ལྟ་བའི་གཟེར་གསུམ་དེ་ལ་མཛོད། །སྒོམ་པའི་གཟེར་གསུམ་བཤད་ཙ་ན། །རྣམ་རྟོག་ཆོས་ཀྱི་སྐུ་རུ་གདའ། །རིག་པ་གསལ་བའི་ངང་དུ་གདའ། །མ་བཅོས་གཉུག་མར་བཞག་པར་གདའ། །སྒོམ་པའི་

p. 178

གཟེར་གསུམ་དེ་ལ་མཛོད། །སྤྱོད་པའི་གཟེར་གསུམ་བཤད་ཙ་ན། །དགེ་བཅུ་བསྒྲུབ་ཏུ་མེད་པར་གདའ། །སྡིག་བཅུ་སྤང་དུ་མེད་པར་གདའ། །ཐམས་ཅད་རོ་མཉམ་ངང་དུ་གདའ། །སྤྱོད་པའི་གཟེར་གསུམ་དེ་ལ་མཛོད། །འབྲས་བུའི་གཟེར་གསུམ་བཤད་ཙ་ན། །རེ་མེད་དོགས་མེད་ངང་དུ་གདའ། །མྱང་འདས་བསྒྲུབ་ཏུ་མེད་པར་གདའ། །རང་སེམས་སངས་རྒྱས་ཡིན་པར་གདའ། །འབྲས་བུའི་གཟེར་གསུམ་དེ་ལ་མཛོད། །གཟེར་བཅུ་གཉིས་ལོགས་ནས་གཟེར་གཅིག་འདེབས། །གཟེར་ནི་ཆོས་ཉིད་སྟོང་པའི་གཟེར། །འདེབས་མཁན་བླ་མ་རིན་ཆེན་མཛད། །མ་རྟོགས་བར་དུ་ཡང་མི་ཐེབས། །ལྷན་གྱིས་རྟོགས་ན་ཐེབས་པ་ཡིན། །ཕ་རྗེ་བཙུན་མི་ལའི་ཁྱད་ཆོས་ཡིན། །ལམ་འདི་ལ་བརྟེན་ན་རྫོགས་སངས་རྒྱས། །མི་ང་ཡང་འདི་འདྲ་ཉམས་སུ་བླངས། །ཁྱེད་སྐལ་པ་ལྡན་

p. 179

པའི་ཁྱད་ཆོས་ཡིན། །ཐོབ་ལོ་ཙམ་དུ་མ་བཞག་པར། །ཕ་རྗེས་བུ་ཡིས་ཟིན་པར་མཛོད། །ཅེས་གསུངས་སོ། །དེ་ལྟར་རྗེས་སུ་གདམས་པ་བསྩལ་བ་ཡིན་ནོ། །སླར་ཡང་མོས་གུས་དྲག་པོས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་མོས་ལ། དྲིལ་བུ་འཁྲོལ་ཞིང་། སྤོས་ཀྱིས་བདུག་ལ། ན་མོ། རྒྱལ་བ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། མཁས་པ་ནཱ་རོ་པཎ་ཆེན། སྒྲ་སྒྱུར་མར་པ་ལོ་ཙཱ། དབང་ཕྱུག་བཞད་པ་རྡོ་རྗེ། ཨོ་རྒྱན་གཞན་ཕན་མཐའ་ཡས་ལ་སོགས་པའི་བཀའ་བབས་བརྒྱུད་པའི་གྲུབ་ཐོབ་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ལུས་ལ་རྡོ་རྗེའི་སྐུ་ཡི་སྒོ་ནས་བྱིན་གྱིས་རློབས་ཤིག །ངག་ལ་རྡོ་རྗེའི་གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡིད་ལ་རྡོ་རྗེའི་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡོན་ཏན་

p. 180

མི་ཟད་རྒྱན་གྱི་འཁོར་ལོའི་སྒོ་ནས་བྱིན་གྱིས་རློབས་ཤིག །ཕྲིན་ལས་རྣམ་བཞིའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །སྟན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག །ཛཿཧཱུྃ་བཾ་ཧོཿ ཞེས་དང་། དེས་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་གསང་དབང་བྱིན་རླབས་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྤྱི་དང་། ཁྱད་པར་ཟབ་ལམ་བླ་མའི་སྒྲུབ་པ་དང་མི་འབྲལ་བའི་གཡར་དམ་གཟུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །

p. 181

ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །གསང་དབང་ཟབ་མོ་ཐོབ་པའི་སྐུ་དྲིན་གཏང་རག་ཏུ་མཎྜལ་ཕུལ། ཞེས་མཎྜལ་འབུལ། དེ་ནས་བསྡུ་རིམ་ནི། ཨཱཿ ཚོགས་ཞིང་འོད་ཞུ་འོད་དུ་ཡལ། །ལྟ་མེད་ཡེངས་མེད་འཛིན་མེད་ལ། །ཆོས་ཉིད་འོད་གསལ་མ་བུ་འདྲེས། །ཀ་དག་ཁྲེགས་ཆོད་གདོད་མའི་ངང་། །བཀྲ་ཤིས་བརྗོད་པ་ནི། ཨཱཿ བོད་ཡུལ་དབུས་སུ་སྐུ་འཁྲུངས་པའི། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །རས་གཤོག་ཅན་གྱི་བཀྲ་ཤིས་ཤོག གདོད་མའི་ལྷུན་གྲུབ་བཀྲ་ཤིས་ཤོག །ཕུང་པོ་ལྷག་མེད་བཀྲ་ཤིས་ཤོག །འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག །སྐྱེ་མེད་ཨཱཿ འགགས་མེད་ཨཱཿ གསལ་སྟོང་ཨཱཿ བདེ་སྟོང་ཨཱཿ སྣང་སྟོང་ཨཱཿ དེ་ནས་སྨོན་ལམ་གྱི་ཚུལ་དུ་སྐྱིད་གླུ་འདི་གསུངས་སོ། །ཨཱཿ དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་སྐྱིད། །སེམས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་སྐྱིད། །

p. 182

མི་ཤིགས་རྡོ་རྗེའི་བདག་ཉིད་རང་བྱུང་སྐྱིད། །གསལ་སྟོང་སྣ་ཚོགས་རང་གྲོལ་སྐྱབས་སུ་སྐྱིད། །མགོ་ལ་དཔོན་མེད་ཞབས་ལ་གཡོག་མེད་སྐྱིད། །མི་མེད་རི་ཁྲོད་དབེན་གནས་དེ་གར་སྐྱིད། །ལུས་ལ་གཏུམ་མོའི་བདེ་དྲོད་རང་འབར་སྐྱིད། །ཟས་ལ་ཅི་བྱུང་གང་བྱུང་ལུས་འཚོ་སྐྱིད། །རང་གྲོགས་རང་གཡོག་རང་ཐུབ་གཅིག་པུར་སྐྱིད། །རི་དྭགས་རྨས་མ་བཞིན་དུ་རང་ཉིད་སྐྱིད། །ཚེ་འདི་སྐྱིད་ལ་ཕྱི་མ་བདེ་ཞིང་སྐྱིད། །རྣལ་འབྱོར་རྒྱལ་ཁམས་ཕྱོགས་མེད་རི་ཁྲོད་སྐྱིད། །མོས་གུས་སྒོམ་གྱི་མགོ་བོ་ཚུགས་པས་སྐྱིད། །ཞེན་ལོག་སྒོམ་གྱི་སྲོག་ཤིང་བརྟན་པ་སྐྱིད། །བརྩོན་འགྲུས་སྒོམ་གྱི་རྐང་པ་མཁྲེགས་པ་སྐྱིད། །སྙིང་རྗེས་སེམས་ཅན་འཚོ་སྐྱོང་བྱེད་པ་སྐྱིད། །ཚེ་འདི་ལོང་མེད་རྒྱུད་ལ་སྐྱེས་པ་སྐྱིད། །འཆི་ཁར་ཐེ་ཚོམ་མི་དགོས་ང་རེ་སྐྱིད། །ཚེ་འདིར་ཆགས་ཞེན་མེད་པའི་རྣལ་འབྱོར་སྐྱིད། །

p. 183

སྐྱིད་པ་གཞན་ལ་སྨོན་པ་མེད་པ་སྐྱིད། །འདི་འདྲ་རྣལ་འབྱོར་དུས་རྣམ་ཀུན་ཏུ་སྐྱིད། །དགའ་དགའ་སྐྱིད་སྐྱིད་མི་ཚེ་ཆོས་ལ་སྐྱིད། །དག་པ་འཛིན་མེད་ངོ་བོ་སྟོང་པ་སྐྱིད། །ཨཱཿ རང་བྱུང་རིག་པའི་ཀློང་ཡངས་ནས། །བསྔོ་བྱ་སྔོ་བྱེད་ཡུལ་ལས་འདས། །སྔོ་མཁན་བསྔོ་ཡུལ་མཐའ་དང་བྲལ། །འཁོར་འདས་གཉིས་མེད་ཀློང་དུ་ཨཱཿ ཞེས་གསུངས་སོ། །དེ་ལྟར་རྗེ་བཙུན་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་དབང་བསྐུར་ཟབ་མོ་མཁའ་འགྲོའི་དབང་གི་ཤོག་དྲིལ་འདི་ནི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གུས་སློབ་ཀྱི་མིང་ཙམ་འཛིན་པ། པདྨ་ཕྲིན་ལས་ཀྱིས་གསང་དབང་འདི་ལྟར་དགོས་ཞེས་བསྐུལ་ངོར། ཨོ་རྒྱན་གཞན་ཕན་མཐའ་ཡས་ཟེར་བ་དེས་སྙན་བརྒྱུད་ཡི་གེར་བཀོད་པའོ། །སརྦ་མངྒ་ལཾ།། །།

རྗེ་སྒམ་པོ་པའི་ཞལ་གདམས་བླ་སྒྲུབ་ཀྱི་དབང་ཆོག་སྨིན་བྱེད་ཉི་མའི་འོད་ཕྲེང་། ཁྱབ་བདག་བཟང་པོ་རྡོ་རྗེ།

p. 184
p. 185

༄༅། །རྗེ་སྒམ་པོ་པའི་ཞལ་གདམས་བླ་སྒྲུབ་ཀྱི་དབང་ཆོག་སྨིན་བྱེད་ཉི་མའི་འོད་ཕྲེང་བཞུགས་སོ། །

p. 186

རབ་འབྱམས་རྒྱལ་བ་ཀུན་གྱི་དངོས། །དཔལ་ལྡན་བླ་མའི་ཞབས་པད་ལ། །བཏུད་ནས་གང་གི་སྨིན་བྱེད་དབང་། །སྐལ་བཟང་དགའ་སྟོན་ཉིད་དུ་སྤྲོ། །དེ་ལ་འདིར་རྗེ་སྒམ་པོ་པའི་གསང་ལམ་བླ་མ་སྒྲུབ་པའི་དབང་བསྐུར་གྱི་རིམ་པ་བྱ་བར་འདོད་ན་དམ་ཚིག་ལ་གནས་ཤིང་བསྙེན་སྒྲུབ་ཚུལ་བཞིན་བགྱིས་པའི་སློབ་མས་གསོལ་བ་བཏབ་པའི་ངོར། དབང་གདམས་ངག་ལེགས་པར་ཐོབ་ཅིང་ཉམས་ལེན་སྔོན་དུ་སོང་བའི་བླ་མས་དབེན་པའི་གནས་སུ་སྟེགས་བུའི་ཁར་སིནྡྷུ་ར་ཡིས་མཎྜལ་ཆོས་འབྱུང་བསྣོལ་མའམ། རྒྱས་པར་པད་འདབ་བཞིའི་དབུས་སུ་བྃ། ཆོས་འབྱུང་གི་མཐར་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ། རིན་པོ་ཆེའི་བུམ་པར་ཆུ་གཙང་ལ་བུམ་རྫས་སོ་ལྔ་བཏབ་པ་མགུལ་ཆིངས་དམར་པོ་ཁ་རྒྱན་དུང་ཆོས་གཟུངས་རྡོར་དང་བཅས་པ། ཀ་པཱ་ལར་མྱོས་བྱེད་གཙང་མ་ལ་བདུད་རྩི་རིལ་བུ་བཏབ་པ། བླ་མ་

p. 187

ཡི་དམ་མཁའ་འགྲོ་གཏེར་བདག་གི་གཏོར་མ་ཚོགས་དང་མཆོད་པའི་ཡོ་བྱད་ཚུལ་བཞིན་དུ་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་དང་། བསང་ཆུ། མེ་ཏོག་གི་སྣོད་སོགས་འདུ་བགྱིས་ཏེ། གང་ཡང་རུང་བའི་སྒོ་ནས་སྔོན་འགྲོ་གཏོར་མ་བསྔོ། ཚོགས་བསགས་ནས་བཟུང་ལྷ་དང་བླ་མ་དབྱེར་མེད་དུ་བསྒོམས་ནས་ཡིད་བཟླས་བྱ་བའི་བར་སྒྲུབ་ཐབས་ནས་འབྱུང་བ་བཞིན་བདག་བསྐྱེད་བསྒྲུབས་ལ། བུམ་པ་དང་མདུན་བསྐྱེད་ཀྱི་སིནྡྷུ་རའི་དལ་སོ་སོར་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་ཆོག་དང་བཟླས་པ་ནན་ཏན་བྱ། བསང་ཆུའི་སྣོད་དུ་བདུད་རྩི་འཁྱིལ་པའི་སྒོམ་བཟླས་རྒྱས་པ་གཞན་ནས་འབྱུང་བའམ་བསྡུ་ན། ཨོཾ་ཨཱཿཧཱུྃ། སྟོང་པའི་ངང་ལས་པད་ཉིའི་སྟེང་། །ཧཱུྃ་

p. 188

ལས་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་བེ་ཅོན་ཞགས་པ་འཛིན། །ཁྲོ་བོའི་ཆས་ལྡན་ཐུགས་སྲོག་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས། རྒྱལ་བ་ཀུན་གྱི་ཐུགས་རྗེ་ནི། །འཇིགས་བྱེད་འཇིགས་པའི་སྐུར་སྟོན་པ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །བགེགས་ཞི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། འོད་ཞུ་བསང་ཆུར་རོ་གཅིག་གྱུར། །ཅེས་མོས། སློབ་དཔོན་རང་ཉིད་ཏིང་ངེ་འཛིན་གྱི་དབང་བླངས་ཏེ། སློབ་མ་རྣམས་ཕྱག་དང་མཎྜལ་གྲུབ་ནས་བགེགས་ལ་གཏོར་མ་སྔོན་དུ་འགྲོ་བས་བསྐྲད་དེ་སྲུང་འཁོར་བསྒོམ། ཐུན་མོང་གི་ཆོས་བཤད་སྤྲོ་ན་ཅི་རིགས་བྱས་རྗེས། དེ་ཡང་འོ་སྐོལ་གྱི་སྟོན་པ་བླ་ན་མེད་པའི་བསྟན་པ་འདི་ལ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ལས་དོན་གྱི་སྙིང་པོ་ནི་ཕྱི་མ་ཉིད་ཡིན་ཞིང་། དེའང་གདུལ་བྱའི་དབང་གིས་བྱ་སྤྱོད་སོགས་རྒྱུད་སྡེ་དམན་པ་གཉིས་

p. 189

དང་། རྣལ་འབྱོར་བླ་མེད་དེ་གོང་མ་གཉིས་ལས་འདིར་རྣལ་འབྱོར་བླ་ན་མེད་པ་ཤེས་རབ་མའི་རྒྱུད་ཀྱི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་དང་སྐྱབས་ཡུལ་ཀུན་འདུས་ཡིད་བཞིན་ནོར་བུ་བླ་མ་དབྱེར་མེད་ཀྱི་བྱིན་རླབས་དབང་བསྐུར་ཟབ་མོ་སྟོན་པ་ཡིན་ཞིང་། དེ་ལའང་དང་པོ་ཡིད་ཆེས་ཀྱི་ངེས་པ་བསྐྱེད་ཕྱིར་བརྒྱུད་པའི་ལོ་རྒྱུས་ཅུང་ཟད་ཅིག་སྤྲོ་བའི་དབང་དུ་བགྱི་ན། ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་གིས་འོག་མིན་རྡོ་རྗེ་བཙུན་མོའི་གསང་བར་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཟབ་མོའི་ཆོས་མཐའ་ཡས་པ་སྟོན་པར་མཛད་ལ། མི་ལས་འདས་པའི་གྲུབ་ཆེན་ཏཻ་ལོ་པ་དེ་ཉིད་བཅོམ་ལྡན་འདས་ཉིད་ཀྱི་སྤྲུལ་པ་གསང་སྔགས་སྔ་འགྱུར་བའི་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་པ་དེའི་སྒྱུ་མའི་སྐུ་དངོས་

p. 190

ཀྱིས་འོག་མིན་དུ་བྱོན་ནས་སྟོན་པ་ཉིད་ལས་ཆོས་ནོད། དེ་དག་ཡན་ལག་དྲུག་དང་རིམ་པ་ལྔ་ཕྱག་རྒྱ་བཞིར་བསྡུས་ཏེ། ཏཻ་ལོ་ང་ལ་མི་ཡི་བླ་མ་མེད། །ཅེས་གསུངས་ལ། ཐེ་ཚོམ་གྱི་གནས་སེལ་ཕྱིར་བཀའ་བབས་བཞིའི་བླ་མ་བསྟེན་ཚུལ་བསྟན། དེ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ནཱ་རོ་པས་བྱ་དཀའ་བ་བཅུ་གཉིས་ལ་སོགས་པའི་རིམ་གྲོས་མཉེས་པར་མཛད་པས་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། དེ་ལ་མངའ་བདག་མར་པ་ལོ་ཙཱ་དེ་ཉིད་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན་ཏེ་རྗེ་ནཱ་རོ་པ་ཉིད་ཡུན་རིང་དུ་བསྟེན། གདམས་ངག་ཟབ་དགུ་ཐམས་ཅད་ཐུགས་ཉམས་སུ་བཞེས་ནས་སྒྲོ་འདོགས་བཅད། ཁྱད་པར་གུང་ཐང་གི་མི་ལ་བཞད་པ་རྡོ་རྗེ་དེས་མངའ་བདག་ཆེན་པོ་དེ་ཉིད་ལུས་ཐོག་ནས་དཀའ་བ་དང་དུ་བླངས་པའི་ཚུལ་མཐའ་ཡས་པས་མཉེས་

p. 191

པར་མཛད་པ་ལས། སྙིང་པོ་དོན་གྱི་མན་ངག་ཕྱག་རྒྱ་ཆེན་པོ་དང་ཟབ་མོ་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་གནང་། ངོ་མཚར་རྨད་དུ་བྱུང་ཞིང་ཐོས་ཀྱང་ཡིད་གནོང་བར་འགྱུར་བའི་དཀའ་བ་མང་པོ་སྤྱད་ནས་སྒྲུབ་པའི་རྒྱལ་མཚན་བཙུགས། རྗེ་དེའི་ཐུགས་ཀྱི་སྲས་དམ་པར་གྱུར་ཅིང་རྒྱལ་བའི་རྒྱལ་ཚབ་ཏུ་གྱུར་པ་རྗེ་སྒམ་པོ་པ་དེ་ཉིད་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་འཁོར་དུ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཞེས་བྱ་བར་གྱུར་པ་ན། སྟོན་པས་མདོ་སྡེ་ཏིང་འཛིན་རྒྱལ་པོ་གསུངས་པའི་དུས་ཤིག་གི་ཚེ། བྱང་ཆུབ་སེམས་དཔའི་འཁོར་ཚོགས་མང་པོ་ལ་མི་བཟད་པའི་ཕྱི་དུས་དམ་པའི་ཆོས་འཇིག་པའི་ཚེ། མདོ་སྡེ་འདིའི་དོན་བཤད་པ་དང་རྒྱས་པར་བྱེད་པ་སུ་ཞིག་ཡོད་ཅེས་བཀའ་སྩལ་པ་ན། ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་ཁས་

p. 192

བླངས་ཤིང་དམ་བཅས་པ་ན། སྟོན་པས་དེའི་སྤྱི་བོར་ཕྱག་བཞག་ཅིང་མ་ཕམ་པ་ལ་སོགས་པ་བྱང་སེམས་ཀྱི་འཁོར་རྣམས་དང་། ལྷ་དང་བཅས་པའི་འཇིག་རྟེན་དག་ཀྱང་དཔང་དུ་བཀོད་དེ། མ་འོངས་ཕྱི་དུས་འཇིགས་པ་ཆེན་པོ་ལ་ཟླ་འོད་གཞོན་ནུར་གྱུར་པས་རྟག་ཏུ་ཚངས་པར་སྤྱོད་པ་ལ་གནས་པ་དང་། ཏིང་ངེ་འཛིན་དམ་པ་རྒྱས་པར་བྱེད་པ་དང་། བདེ་བར་གཤེགས་པའི་ཆོས་ཀྱི་གཏེར་འབྱེད་པ་དང་། འཁོར་ལྔ་བརྒྱ་ལས་མི་ཉུང་བ་འབྱུང་བ་དང་། དེ་ནས་རྒྱལ་བ་འོད་དྲི་མེད་དུ་འཚང་རྒྱ་བ་ལ་སོགས་པར་ལུང་བསྟན་ཅིང་དེ་དག་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབས་པ་དང་། དེ་བཞིན་དུ་ཆོས་སྨྲ་བ་བརྒྱད་བརྒྱ་དག་ཀྱང་ལངས་ཏེ་སྔར་བཞིན་དུ་ཏིང་ངེ་འཛིན་རྒྱལ་པོའི་དོན་འཛིན་པར་དམ་བཅས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་སོགས་བྱེ་བ་བརྒྱད་ཅུ་ལ་སོགས་

p. 193

པས་ཀྱང་སྐྱེས་བུ་དམ་པ་དེ་རྣམས་བསྲུང་བར་དམ་བཅས་པའི་ཚུལ་རྣམས་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོར་གསུངས་ལ། ཡང་སྟོན་པ་མྱ་ངན་ལས་འདས་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བར་འབྱོན་པ་དང་། དེ་ལ་བསྔགས་པ་མང་པོ་བརྗོད་པ་དང་། དེས་སྟོན་པའི་བསྟན་པ་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་ཞེས་ཀུན་དགའ་བོ་དབུགས་དབྱུང་བར་མཛད་པ་དང་། དེ་འཆི་བའི་དུས་བྱས་མ་ཐག་འོད་དཔག་མེད་ཀྱི་ཞིང་བདེ་བ་ཅན་དུ་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པར་འཚང་རྒྱ་བར་འགྱུར་བ་སོགས་མདོ་སྙིང་རྗེ་པད་དཀར་དུ་བཤད་པ་དང་། གཞན་ཡང་། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ཆུ་བོ་མ་ཧཱ་ལོ་ཧི་ཏའི་ཀླུང་འགྲམ་རི་བྲག་ཚང་ཚིང་ཅན་དུ་ཆོས་སྨྲ་བ་

p. 194

དགེ་སློང་འཚོ་བྱེད་ཅེས་བྱ་བ་འཁོར་ལྔ་བརྒྱ་ལས་མི་ཉུང་བ་དང་ལྷན་ཅིག་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལོངས་སྤྱོད་པར་འགྱུར་བ་སོགས་དང་། ཐང་ཡིག་རྣམས་ལས། ཨོ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ། །དྭགས་སྒམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང་། །ཞེས་སོགས་ཚད་ཐུབ་ཀྱི་གཏེར་ལུང་དུ་མ་ནས་བསྟན་པ་དང་མཐུན་པར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་དཔལ་དྭགས་ལྷ་སྒམ་པོའི་གནས་རི་ཚང་ཚིང་ཅན་དུ་རྗེ་སྒམ་པོ་པ་དགེ་སློང་འཚོ་བྱེད་དུ་གྲགས་པ་འཁོར་ལྔ་བརྒྱ་ལས་མི་ཉུང་བ་དང་བཅས་པ་བྱོན་ཏེ་མདོ་ཏིང་འཛིན་རྒྱལ་པོའི་དགོངས་དོན་སྙིང་པོའི་གདམས་པ་ཕྱག་རྒྱ་ཆེན་པོ་ཉིད་ཐུགས་ཉམས་སུ་བཞེས་ཤིང་། སྔོན་གྱི་བྱང་ཆུབ་སེམས་དཔའ་བརྒྱད་བརྒྱས་དམ་བཅས་པའི་ལུང་དང་མཐུན་པར་སློབ་མ་ཡང་སློབ་བརྒྱུད་པར་བཅས་པས་སྙིང་པོའི་བསྟན་པ་ཆེས་

p. 195

ཆེར་སྤེལ་བར་མཛད་ཅིང་། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དཔལ་དྭགས་པོའི་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པར་གྱུར་ལ། སྙིགས་མའི་དུས་འདིར་ཡང་ཚེ་འདིའི་ཞེན་ཆགས་བསྐྱུངས་ནས་འཇིགས་པའི་དུར་ཁྲོད་དང་། རི་བོའི་བྱ་སྐྱིབས་དང་། མི་མེད་ཀྱི་ལུང་སྟོང་དང་། དབེན་པའི་བས་མཐའ་ལ་སོགས་པར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ཡང་བརྒྱུད་པ་གཞན་ལས་ཆེས་མང་བ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བབས་པར་གྱུར་པ་འདི་བཞིན་ཡིན་ལ། དེ་ལྟ་བུའི་སྐུ་ཆེ་བའི་ཡོན་ཏན་མཚུངས་པ་མེད་པ་དང་ལྡན་པའི་མཉམ་མེད་སྒམ་པོ་པ་ཆེན་པོ་དེ་ཉིད་ཀྱིས། སྙིགས་མ་ལྔ་བདོའི་དུས་ངན་གྱི་འགྲོ་བ་རྣམས་ལ་ལྷག་པར་བརྩེ་བས། སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དཔལ་ལྡན་བླ་མ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་ཡེ་ཤེས་ཌཱ་ཀི་དབྱེར་མེད་

p. 196

དུ་སྒྲུབ་པའི་ཐབས། ལས་ཅན་གསེང་ལམ་བཙན་ཐབས་སུ་འཚང་རྒྱ་ཞིང་ཐོས་པ་དང་དྲན་པ་ཙམ་གྱིས་གྲོལ་བར་བྱེད་པའི་ཟབ་ཆོས་དམ་པ་འདི་ཉིད་དང་། མཐོང་གྲོལ་རང་བྱུང་ཌཱ་ཀིའི་སྐུ་བརྙན། མྱང་གྲོལ་ཁྱད་འཕགས་དམ་རྫས་ཕབ་རྒྱུན། མཐོང་གྲོལ་ཡིག་ཆུང་ལ་སོགས་པ་ཐེམ་རྒྱ་སྨོན་ལམ་དང་བཅས་ཏེ་བྲག་སྒོམ་ཞྭའི་མགུལ་དུ་གཏེར་དུ་གདམས་ནས་བཞུགས་སུ་གསོལ་བ་ལུང་བསྟན་དུས་བབ་བཞིན་སྐྱེ་སྒོམ་ཡེ་ཤེས་རྡོ་རྗེའི་རྣམ་པར་སྤྲུལ་པ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་གདན་དྲངས་ཏེ་སྨིན་གྲོལ་བདུད་རྩིའི་གྲུ་ཆར་ཕབ་པས་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་རྫིང་བུ་ཡོངས་སུ་གང་བར་གྱུར་ལ། རིག་འཛིན་དེ་ཉིད་ནས་བརྒྱུད་པ་བདུན་གྱི་བར་དུ་དབང་ལུང་མན་ངག་ཐོབ་པ་ཙམ་གྱིས་གྲོལ་ནས་ཕྱིར་མི་ལྡོག་པའི་གོ་འཕང་ལ་རེག་འགྱུར་དུ་གསུངས་ཤིང་། དེ་

p. 197

ལྟ་བུའི་དབང་བསྐུར་ཟབ་མོ་ཞུ་བར་བྱེད་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལེགས་པར་བསགས་དགོས་ཕྱིར། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་ཡིད་བཞིན་ནོར་བུ་བླ་མ་ལ་སྐྱབས་ཡུལ་མཐའ་དག་སྤྲིན་བཞིན་གཏིབས་ཏེ་བཞུགས་པའི་མོས་པ་དང་ལྡན་པས་སྐྱབས་སུ་འགྲོ་བ་དང་བདུན་རྣམ་དག་མཛད་པར་ཞུ། སངས་རྒྱས་ཆོས་ཚོགས་དང་། ཇི་སྙེད་སུ་དག་ཚར་གཅིག་བརྗོད་དུ་བཅུག །འོ། དེ་ཡང་རིགས་ཀྱི་བུ་ཁྱོད་རྣམས་སྔོན་ནས་བསོད་ནམས་ཀྱི་ཚོགས་དང་སྨོན་ལམ་རྣམ་དག་གི་མཐུས་དེང་གསང་སྔགས་ཐེག་ཆེན་གྱི་ཆོས་དང་མཇལ་ཞིང་བྱིན་རླབས་འཇུག་པའི་ཡུལ་དང་སྣོད་དུ་གྱུར་པའི་དུས་འདིར་གཏན་གྱི་འདུན་མ་སྒྲུབ་པའི་ཐབས་ལ་འབད་དགོས་ཤིང་། དེ་སྒྲུབ་པར་བྱེད་པ་ཡང་བླ་མ་ཚད་ལྡན་གྱི་དྲིན་ལ་ལྟོས་དགོས་ཏེ། དཔེར་ན་ཉི་མ་ལས་

p. 198

མེ་འབྱུང་བར་འདོད་ན་མེ་ཤེལ་གྱི་རྟེན་འབྲེལ་ཚོགས་དགོས་པའི་ཕྱིར། སློབ་དཔོན་ལ་ཐ་མལ་མིའི་འདུ་ཤེས་སྤངས་ཏེ་སངས་རྒྱས་ཐམས་ཅད་གཅིག་བསྡུས་ཀྱི་ངོ་བོར་ཐག་ཆོད་པའི་དད་མོས་ཀྱིས་ཀུན་ནས་བསླངས་ཏེ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་། དཔའ་བོ་མཁའ་འགྲོ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མིང་འདི་ཞེས་བྱ་བའི་རྒྱུད་ལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུས་གང་བར་མཛད་དུ་གསོལ། ནོར་བུ་ལྟ་བུས་གང་བར་མཛད་དུ་གསོལ།

p. 199

ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་དངོས་གཞི་དབང་བསྐུར་བའི་རིམ་པ་ལའང་སྣང་སྲིད་ཐམས་ཅད་གདོད་ནས་རྒྱལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉག་གཅིག་ཡིན་ཀྱང་དེ་ཉིད་མ་རྟོགས་པ་རྣམས་ཀྱི་ཤེས་སྒྲིབ་སྦྱང་ཕྱིར་སྣོད་བཅུད་ལྷར་གསལ་གདབ་དགོས་པས་དམིགས་པ་འདི་བཞིན་མཛོད། སློབ་མ་ལ་བསང་ཆུ་འཐོར་ཞིང་། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རྃ་ཡྃ་ཁྃ་བརྗོད་པས་དངོས་འཛིན་ཨ་འཐས་ཀྱི་ཉེས་སྐྱོན་ཐམས་ཅད་དག །ཁྱེད་རང་རྣམས་ཀྱི་སེམས་ཉིད་སྐྱེ་མེད་བསམ་བརྗོད་དང་བྲལ་བ་ལས་རང་མདངས་འགགས་མེད་ཅིར་ཡང་འཆར་བ་སྣང་སེམས་དབྱེར་མེད་ཀྱི་ངོ་བོ་དུས་གསུམ་རྒྱལ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་གསལ་མེའི་མདོག་ཅན། རྩ་ཞལ་ཁྲོ་འཛུམ་འོད་དང་འོད་ཟེར་ཕྱོགས་

p. 200

བཅུར་འཕྲོ་བ། དབུ་སྐྲ་ཁམ་ནག་གྱེན་དུ་ལངས་པའི་དབུས་སུ་ཕག་ཞལ་རྔམ་ལ་བརྗིད་པ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔ་དང་དར་དཔྱངས་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ལང་ཚོ་རྒྱས་པའི་གཅེར་མོ་བྷ་ག་དང་ནུ་མ་འབུར་ཞིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་བས་བམ་རོའི་སྙིང་གར་མནན་ཏེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བཞུགས་པ། སློབ་དཔོན་དང་མདུན་བསྐྱེད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་ཡང་དེ་ལྟར་དུ་གསལ་བའི་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བྃ། དེ་ལས་འོད་ཟེར་འཕྲོས་པས། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་

p. 201

ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས། ཌཱ་དྲིལ་དྲག་ཏུ་འཁྲོལ་ཞིང་ཡེ་ཤེས་འབེབས་སྦྱོར་གྱི་སྤོས་དུད་བདུག །ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨཱ་ཀཌྜྷ་ཡ་ཨཱ་ཀཌྜྷ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ་ཧྲྀ་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེད་དུ་བསྟིམས་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་དུ་སྤྱི་གཙུག་ཏུ་གསེར་གྱི་རྡོ་རྗེས་རྒྱས་གདབ་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་སྤྱི་བོར་བཀོད་པ་དང་ལྷན་ཅིག་ཏིཥྛ་བཛྲ་ཞེས་བརྗོད། དེ་ལྟར་ཡེ་ཤེས་ཕབ་ཅིང་རྒྱས་བཏབ་པ་དེ་ཉིད་དབང་དོན་གྱི་གཙོ་བོ་ཡིན་ཞིང་། སླར་ཡང་དེ་ལས་མི་འདའ་བ་དང་མི་འགྱུར་བའི་ཕྱིར་བུམ་གསང་ཤེས་རབ་

p. 202

བཞི་པའི་དབང་གིས་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་འཁོར་ལོར་སྒྲུབ་ཅིང་འབྲས་བུ་སྐུ་བཞི་འགྲུབ་པའི་སླད་དུ་དབང་བཞི་རིམ་ཅན་གྱིས་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་མཛད་པར་ཞུ། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིས་བུམ་པ་གང་བས་དབང་བསྐུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་བརྗོད་བཞིན་པས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། དེ་ལྟར་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་སྐྱོན་བྲལ་བ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་

p. 203

བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། བླ་མ་རྡོ་རྗེ་རྣལ་འབྱོར་མ་དང་འཁོར་ལོ་སྡོམ་པ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། བདེ་བའི་ངོ་བོར་ཞུ་བའི་བྱང་ཆུབ་ཀྱི་སེམས་སྦྱོར་མཚམས་ནས་བྱུང་བ་ལྕེ་ཐོག་ཏུ་བཞག་པར་མོས་མཛོད། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་སོགས་རྩ་སྔགས་དང་བདུད་རྩི་སྦྱིན་ལ་མཉམ་དུ་སློབ་མས། ཨ་ཧོཿམ་ཧཱ་སུ་ཁཾ། ཞེས་བརྗོད་དུ་བཅུག །དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་

p. 204

བྱས། སིནྡྷུ་རའི་མེ་ལོང་ལྟེ་བར་བཞག་ཅིང་ཨོཾ་གསུམ་མའི་སྔགས་བརྗོད་དེ། མེ་ལོང་གི་དཀྱིལ་འཁོར་ལས་དལ་གཉིས་པ་འཕྲོས་ལྟེ་བར་ཐིམ་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་བས་སྤྱི་བོའི་ཧཾ་བྱང་ཆུབ་ཀྱི་སེམས་ཞུ་ནས་རྩ་གནས་ཐམས་ཅད་དུ་སོང་བས་ལུས་ཐམས་ཅད་བདེ་བས་ཁྱབ་པར་བསམས་ལ་རླུང་བུམ་པ་ཅན་ཅི་རིགས་ཤིག་སྒོམས་མཛོད། ཤེས་རབ་སྦྱོར་བས་དཔལ་ལྡན་ཉིད། །དེ་ཉིད་ཡང་དག་རིག་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པར་བལྟ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་དགའ་བ་བཞིའི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། དེ་ནས་ལག་མཐིལ་སྟོང་པ་བསྟན་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ། རྡོ་རྗེ་དང་བཅས་པས་ཆོས་ཐམས་ཅད་གློ་བུར་བ། སེ་གོལ་གསུམ་

p. 205

གཏོགས་པས་དུས་གསུམ་གྱི་རྟོག་པ་དང་བྲལ་བར་ངོ་སྤྲད། ཕྱག་རྒྱ་ཆེན་པོའི་གནས་མཆོག་ན། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས། །དེ་ནི་མིང་ཙམ་བརྡ་ཙམ་བཏགས་པ་ཙམ། །དེ་ལྟར་ཆོས་ཐམས་ཅད་དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ། རང་གི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རིག་པ་གཞི་མེད་རྩ་བྲལ་ངོ་བོ་ངོས་བཟུང་མེད་པ་སྣང་སེམས་དབྱེར་མེད་ཆོས་ཀྱི་སྐུར་ངོ་ཤེས་པར་གྱིས་ཤིག །དེས་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་དྲི་མ་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་བ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། དེ་ནས་མེ་ལོང་སིནྡྷུ་རའི་དལ་གྱི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཀོད་པ་དང་ལྷན་ཅིག་བདག་གིས་གསོལ་བ་བཏབ་

p. 206

པའི་མཐར་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་ཁྱེད་རང་རྣམས་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། སིནྡྷུ་རའི་མཎྜལ་སློབ་མའི་སྤྱི་བོར་བཞག་ལ། རྡོ་རྗེའི་སློབ་མ་འདི་དག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ་སོགས་ནས་ཐུན་འདི་ཉིད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་དེ་གཡོན་པའི་སྲིན་ལག་གིས་སིནྡྷུ་ར་བླངས་ཏེ་སློབ་མའི་གནས་གསུམ་དུ་ཐིག་ལེ་བཀོད། དེ་ནས་ཁྱེད་རང་རྣམས་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རབ་བྱུང་གི་ཆ་ལུགས་ཞེས་པ་ནས་ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། དེ་ལ་གསོལ་བ་དྲག་པོ་སྙིང་ཁུང་རུས་པའི་གཏིང་ནས་དད་པའི་ཤུགས་བསྐྱེད་དེ་གདབ་པ་འདིའི་རྗེས་ཟློས་མཛོད། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སོགས་ནས་ཐུན་འདི་ཉིད་ལ་

p. 207

སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་གྱི་བར་རྗེས་ཟློས་བྱེད་དུ་གཞུག །དེ་ནས་ཡང་ལྷ་དང་བླ་མའི་སྣང་ཆ་གསལ་བ་དེའི་ངང་ནས་ཨོཾ་ཨཱཿཧཱུྃ་ལྕེ་མི་བསྐྱོད་པར་ཡིད་ཀྱིས་བཟླས་པ་བརྒྱ་རྩ་ལ་སོགས་པར་ཇི་ལྟར་འོས་པ་མཛད་པར་ཞུ། སློབ་མས་ཡིད་བཟླས་གྲུབ་པ་དང་། སླར་ཡང་སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། དགེ་བ་འདི་ཡིས་མྱུར་དུ་བདག །འཛམ་གླིང་གྲགས་པ་འགྲུབ་གྱུར་ནས། །སོགས་བྱ། དེ་དག་གིས་ཟབ་མོ་དབང་གི་སྔོན་འགྲོ་དང་དངོས་གཞིའི་རིམ་པ་རྣམས་ལེགས་པར་གྲུབ་ནས་རྗེས་ཀྱི་བྱ་བ་ལ། སྤྱིར་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་གི་ཚུལ་རྣམས་ཉམས་པ་མེད་པར་བསྲུང་བར་བགྱིད་དགོས་ལ། ལྷག་པར་ལམ་ཟབ་མོའི་ཚུལ་སྟོན་པར་བྱེད་པའི་བླ་མ་བདེ་བར་གཤེགས་པ་ཀུན་འདུས་ཀྱི་ངོ་བོར་མོས་པའི་གསོལ་འདེབས་དང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་

p. 208

ཟབ་མོའི་དགོངས་པ་སྐོང་བ་ལ་ནམ་ཡང་སྐྱོ་དུབ་མེད་པ་དང་། ལྷ་དང་བླ་མ་དབྱེར་མེད་ཀྱི་བསྐྱེད་རྫོགས་ཟུང་འཇུག་རིག་སྟོང་ཡེ་ཤེས་ཀྱི་འཁོར་ལོར་ནམ་ཡང་འདུ་འབྲལ་མེད་པ་ནས། རང་ཉིད་གཅིག་པུ་ཞི་བདེའི་བློ་སྤངས་ཏེ་མཁའ་མཉམ་གྱི་འགྲོ་བ་མཐའ་དག་གཏན་བདེར་འགོད་པའི་བསམ་པ་བཟང་པོ་དང་དེ་དོན་སྒྲུབ་པ་གལ་ཆེ་ཞིང་། ཇི་ལྟར་བསྒོས་པ་དེ་དག་ནམ་དུ་ཡང་ཡལ་བར་མི་དོར་བར་སྒྲུབ་བོ་སྙམ་པ་དང་ལུས་ལོངས་སྤྱོད་མཐའ་དག་མཎྜལ་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་བྱ། དེས་ལས་ཅན་གསེང་ལམ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་ངག་བླ་མ་སྒྲུབ་པའི་དབང་གི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་ལྷ་དང་བླ་མ་དབྱེར་མེད་ཀྱི་དཀྱིལ་འཁོར་ལས་མི་འདའ་བའི་ངང་ནས་རང་གཞན་མཁའ་ཁྱབ་ཀྱི་

p. 209

འགྲོ་བ་མཐའ་དག་གི་དོན་རྒྱ་ཆེན་པོར་འབད་པར་ཞུ། ཞེས་གདམས་ཤིང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། སློབ་མས་ཡོན་དང་མཎྜལ་ཕུལ་རྗེས་མཆོད་བསྟོད་དང་ཚོགས་འཁོར་བྱ། གཏེར་སྲུང་ལ་གཏོར་མ་ཕུལ། བཟོད་གསོལ་གཤེགས་བསྡུ་བསྔོ་སྨོན་བཀྲ་ཤིས་ལ་སོགས་པས་ཞབས་བརྒྱན་པར་བྱའོ། །དེ་ལྟར་བླ་སྒྲུབ་ཀྱི་དབང་གི་རིམ་པ་འདི་ནི་སྒམ་པོ་པ་དཔལ་ནོར་བུ་བརྒྱན་པས་མཛད་པའི་དབང་ཆོག་ཧ་ཅང་བསྡུས་དྲགས་པ་བློ་ལྡན་རྣམས་ལ་དེ་ཙམ་གྱིས་གོ་བར་འགྱུར་ནའང་། བློ་དམན་རྣམས་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་འཁྲུལ་པ་མི་ལྡང་བའི་ཆེད་དང་། ཉེ་ལམ་དགེ་བའི་བཤེས་གཉེན་གུང་ཐང་པ་ཆོས་བཟང་དབང་པོས་གཅིག་ཏུ་བརྩོན་པའི་བསྐུལ་མ་མཛད་པར་བརྟེན། ཁྱབ་བདག་བཟང་པོ་རྡོ་རྗེའི་ཕྱག་བཞེས་དང་དབང་གི་སྤྱི་འགྲོས་རང་གི་རིག་པ་སོགས་ཀྱིས་བརྒྱན་ཏེ་འཛམ་གླིང་རྡོ་རྗེའི་ལྷོ་ཕྱོགས་ཀྱི་རི་བོའི་རྒྱུད་དཔལ་ལྡན་རས་ཆུང་ཕུག་གི་དགོན་པར་སྦྱར་བའོ།། །།

དཔལ་ལྡན་འབའ་རོམ་པའི་བླ་སྒྲུབ་ཀྱི་དབང་བསྐུར་བྱིན་རླབས་དང་འབྲེལ་བ་སྨིན་གྲོལ་བཅུད་སྩོལ། མ་ཏི་རཏྣ།

p. 210
p. 211

༄༅། །དཔལ་ལྡན་འབའ་རོམ་པའི་བླ་སྒྲུབ་ཀྱི་དབང་བསྐུར་བྱིན་རླབས་དང་འབྲེལ་བ་སྨིན་གྲོལ་བཅུད་སྩོལ་ཅེས་བྱ་བ་བཞུགས་སོ། །

p. 212

ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དཔལ་ལྡན་འབའ་རོམ་པ་ཆེན་པོར། །བཏུད་ནས་བྱིན་རླབས་རིམ་པ་སྤྲོ། །འདིའི་བླ་མའི་རྣལ་འབྱོར་ལ་བརྟེན་ཏེ་བྱིན་རླབས་ཀྱི་རིམ་པས་སྐལ་ལྡན་རྗེས་སུ་འཛིན་པར་འདོད་པའི་རྣལ་འབྱོར་པ་བྱིན་རླབས་ཀྱི་རིམ་པ་ཟམ་མ་ཆད་པར་ཐོབ་པ་དག་གིས། སྟེགས་བུའི་ཁར་གཙང་ཞིང་དག་པའི་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད། དེའི་སྟེང་འཕྲུལ་སྟེགས་ལ་དཔལ་ལྡན་འབའ་རོམ་པའི་སྐུ་བརྙན་བྲིས་འབུར་གང་རུང་བཞུགས་པའི་གཡས་ཕྱོགས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡོན་ཕྱོགས་སུ་ཐོད་ཆང་བདུད་རྩིའི་རིལ་བུ་སྦྱར་བ་དང་རིག་མའི་ཙཀ་ལི། མཐའ་བསྐོར་དུ་མཆོད་པའི་ཡོ་བྱད་དང་ཚོགས་རྫས་སོགས་བཀོད། སློབ་དཔོན་གྱི་མདུན་དུ་ནང་

p. 213

མཆོད། འཐོར་ནས། ལས་བུམ། སྔོན་གཏོར་སོགས་མཁོ་བའི་ཆས་རྣམས་འདུ་བྱས་ལ། བླ་མའི་རྣལ་འབྱོར་བྱིན་རླབས་རྨད་བྱུང་ལྟར་ནང་མཆོད་བྱིན་རླབས་དང་འབྱུང་གཏོར་བཏང་བ། སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་བདག་བསྐྱེད་རྡོ་རྗེ་ཕག་མོའི་བསྒོམ་བཟླས་ཅི་འགྲུབ། དེ་ནས་མཆོད་པ་བྱིན་རླབས་མདུན་རྟེན་བསྐྱེད་པ་ནས་གསོལ་འདེབས་མཇུག་གི་མཆོག་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །ཡན་གྲུབ་ནས། རྣམ་བུམ་དང་ཐོད་པའི་རྫས་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལན་ཅི་འགྲུབ་དང༌། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། འོག་ནས་ཇི་ལྟར་འབྱུང་བའི་དབང་རྣམས་བདག་འཇུག་གི་ཚུལ་དུ་རང་གིས་རྫོགས་པར་བླང༌། དེ་ནས་དད་གུས་དང་ལྡན་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། སྔོན་གཏོར་བཏང་བ་དང་མཚམས་བཅད་སྲུང་འཁོར་གཞུང་ལྟར་བྱ། ནང་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌།

p. 214

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་དཔལ་ལྡན་འབའ་རོམ་པ་ཆེན་པོའི་དབང་དང་བྱིན་རླབས་ཀྱི་རིམ་པ་ཞུ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་དང༌། རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་ཚེ་འདིར་འཐོབ་པར་འགྱུར། །ཞེས་མདོ་ལུགས་སུ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྟེན་ཅིང་རྫོགས་པར་གསུངས་པ་དང༌། སྔགས་སུ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་

p. 215

ཡིན་པའི་ཕྱིར་བླ་མ་སྒྲུབ་ཅིང་མཆོད་པ་ནི་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཡིན་པས་འཕགས་བོད་རྣལ་འབྱོར་གྱི་དབང་ཕྱུག་མ་ལུས་པ་ཐམས་ཅད་ལམ་ཟབ་མོ་འདི་ཁོ་ན་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་བདེ་བླག་ཏུ་གཤེགས་པ་ཤ་སྟག་ཡིན་ལ། བླ་མ་ཚད་མར་གྱུར་པ་འཕགས་བོད་ཀྱི་ལྗོངས་སུ་ཇི་སྙེད་ཅིག་བྱོན་པའི་ནང་ནས། རྗེ་དཔལ་ལྡན་འབའ་རོམ་པ་ཆེན་པོ་དེ་ཉིད་ནི། འཇམ་དཔལ་མཚན་བརྗོད་ལས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་དང༌། གུ་རུ་ཆོས་དབང་གི་གཏེར་ལུང་ལས། གནོད་སྦྱིན་གང་བ་བཟང་པོའི་ཞོལ། །ང་ཉིད་རྒྱལ་བའི་མིང་དུ་སྤྲུལ། །སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་སྤེལ། །ཞེས་རྡོ་རྗེའི་ལུང་རྣམས་ལས་ཆེད་དུ་བསྔགས་པ་བཞིན། མཉམ་མེད་སྒམ་པོ་པ་ཆེན་པོའི་ཐུགས་སྲས་བཀའ་

p. 216

བརྒྱུད་ཆེ་བཞིའི་ཡ་གྱལ་དུ་གྱུར་ཅིང་རྡོ་རྗེ་ཐེག་པའི་ལམ་ནས་མཆོག་དངོས་མངོན་དུ་མཛད་པ་སྟེ། སྙི་སྒོམ་ཆེན་པོའི་ཞལ་ནས་ཀྱང༌། འདིའི་ཚོགས་པ་བདུན་བརྒྱའི་ནང་ནས་ཉམས་རྟོགས་དར་མ་དབང་ཕྱུག་དང༌། མགར་སྒོམ་དཀར་པོ་གཉིས་ལས་མཐོ་བ་སུ་མེད་ཅེས་བསྔགས་པའི་མེ་ཏོག་འཐོར། རྗེ་ཡི་ཉེ་གནས་སུ་གྱུར་པས་སྐུ་སྲོག་ལ་ཉེན་པའི་རྐྱེན་བཞི་བསལ། མཐར་བྱང་འབའ་རོམ་དུ་ལུང་བསྟན་པ་བཞིན་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སྐུ་ཚེ་དེ་ཉིད་དུ་གྲུབ་པའི་རྒྱལ་སར་གཤེགས། བརྒྱུད་འཛིན་གྱི་གཙོ་བོ་འགྲོ་མགོན་ཏི་ཤྲི་རས་པ་གཙོ་བོར་གྱུར་པའི་ཆེ་བའི་བུ་བཞི། ཉེ་བའི་སྲས་བཞི། བརྒྱུད་འཛིན་གྱི་སློབ་མ་བཞི། མཆོག་ཏུ་གྱུར་པ་གཉིས་བཅས། མདོར་ན་དབུས་གཙང་མདོ་ཁམས། རྒྱ་ནག་སོགས་སུ་སྒྲུབ་བརྒྱུད་འབའ་རོམ་པའི་བསྟན་པ་དཀར་འཇམ་ཡུག་

p. 217

གཅིག་ཏུ་གདལ་བའི་བྱེད་པོར་གྱུར་ཅིང༌། ད་ལྟ་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་ནམ་མཁའི་རང་བཞིན་བརྟན་གཡོ་ཀུན་ཁྱབ་ཏུ་བཞུགས་པས་གསོལ་བ་འདེབས་པ་པོའི་རྒྱུད་ལ་རྡོ་རྗེའི་ཡེ་ཤེས་སྩོལ་མེད་དུ་སྐྱེད་པར་ངེས་པ་ཡིན་པས། དེ་ལྟ་བུའི་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་བྱ་བ་ལ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །དེ་ནས་ཡིད་རྩེ་གཅིག་པས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་མཎྜལ་འདི་ཉིད་འོག་མིན་ཆོས་ཀྱི་དབྱིངས་ཆེན་པོའི་ཞིང་གི་བཀོད་པ་ལྟ་བུ་དག་པ་ཡེ་ཤེས་ཀྱི་རང་བཞིན་རྒྱ་ཁྱོན་ཚད་མེད་པ། ངོ་མཚར་གྱི་བཀོད་པ་འབྱམས་སུ་ཀླས་ཤིང་རང་སྣང་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས་བརྒྱན་

p. 218

པའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རང་གཟུགས་རྩ་བའི་བླ་མ་དང་དབྱེར་མེད་པ་དཔལ་ལྡན་འབའ་རོམ་པ་ཉིད། རྣམ་པ་རྡོ་རྗེ་འཆང་ཆེན་པོ་ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར་མཐིང་སྔོན་འོད་ཟེར་འབར་བ། ཤིན་ཏུ་ཞི་ལ་སྒེག་ཅིང་འཛུམ་པའི་ཉམས་ཅན་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་ཅིང་རང་སྣང་ཤེས་རབ་མཆོག་གི་བདེ་བར་སྤྱོད་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དྲན་པ་ཙམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་ནུས་པའི་བདག་ཉིད་རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་སུ་བཞུགས་པའི་སྤྱན་སྔར་རང་རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་སྣོད་བཅུད་རྟེན་དང་བརྟེན་

p. 219

པར་བཅས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས་བཀང་བའི་ཚུལ་དུ་འབུལ་བའི་མོས་པས་ཞིང་ཁམས་འབུལ་བར་ཞུ། ཨོཾ་རཏྣ་མཎྜལ་ཨཱཿཧཱུྃ། གསེར་གྱི་ས་གཞིར་རིན་ཆེན་རི་དབང་བརྗིད། །གསེར་རི་རོལ་མཚོ་ཉི་ཟླ་གླིང་གླིང་ཕྲན། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཇི་སྙེད་པ། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི། །རིན་ཆེན་མཎྜལ་མཆོག་གསུམ་བླ་མར་འབུལ། །འགྲོ་ཀུན་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །ཅེས་གཞུང་ལྟར་མཎྜལ་འབུལ། དེ་ནས་ཁྱེད་རང་རྣམས་ཀྱི་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་བླ་མའི་ཞབས་ཀྱི་པདྨོར་སྤྱི་བོས་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ལན་གསུམ། དེ་ལྟར་

p. 220

ཕྱག་བྱས་ཏེ་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་རྡོ་རྗེ་འཆང་ཆེན་པོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་བུམ་པ་སྤྱི་བོར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། དྲི་མ་བག་ཆགས་དང་བཅས་པ་དག་ནས་ཁྱེད་རང་ཡང་རྡོ་རྗེ་འཆང་ཆེན་པོའི་སྐུ་སྣང་སྟོང་སྒྱུ་མའི་ཚུལ་ཅན་དུ་ལམ་སྟེ་གྱུར་པར་མོས་མཛོད། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །

p. 221

ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །བླ་མ་རྡོ་རྗེ་འཆང་རང་སྣང་གི་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ཏེ་ཞལ་དུ་ཞུགས། རྗེས་སུ་ཆགས་པས་ཞུ་ནས་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ལྗགས་ཐོག་ཏུ་སྦྱིན་པར་མོས་མཛོད། ཐོད་པའི་བདུད་རྩི་ཁྱོར་བ་གཡོན་པར་སྦྱིན་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱེད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། ཞེས་བརྗོད། སློབ་མས། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་མྱང༌། བྱང་ཆུབ་ཀྱི་སེམས་

p. 222

མགྲིན་པའི་ལམ་བརྒྱུད། རྩ་གནས་ཐམས་ཅད་དུ་ཁྱབ་ཅིང་སོན་པས་བདེ་བ་ཆེན་པོ་བརྗོད་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་བྱུང་ནས་ཁྱེད་རང་རྣམས་ལ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གཏད་པར་མོས་མཛོད། རིག་མའི་ཙཀ་ལི་གཏད་ལ། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཁྱེད་རང་རྡོ་རྗེ་འཆང་ཆེན་པོར་གསལ་བ་ལ་ད་ལྟར་གཏད་པའི་རིག་མ་དེ་ཉིད་ཡུམ་རྡོ་རྗེ་སྙེམས་མའི་ངོ་བོར་གནས་པའི་

p. 223

གནས་གསུམ་འབྲུ་གསུམ་དང་མཁའ་གསང་རྡོ་རྗེ་དང་པདྨར་གསལ་བས། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའི་འདུ་ཤེས་དང་། རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས་བྱང་སེམས་གནས་བཞིར་ཡས་ནས་བབ་པ་དང༌། སླར་ལྡོག་པའི་རིམ་པས་མས་བརྟན་པའི་དགའ་བཞི་ཉམས་སུ་མྱོང་བར་མོས་ལ་བདེ་སྟོང་དབྱེར་མེད་པའི་རང་ངོ་ལ་མཉམ་པར་ཞོག་མཛོད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཕོ་ཉ་བསྟེན་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་མོས་མཛོད། དེ་ནས་ཁྱེད་རང་རྣམས་ལུས་གནད་ལྟ་སྟངས་གཡོ་བ་མེད་པའི་ངང༌། དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་དེས་མཚོན་ནས་

p. 224

དོན་གྱི་གནས་ལུགས་རིག་པའི་ངོ་བོ་རང་བཞིན་གྱིས་འདུས་མ་བྱས་པ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ་དེ་ངོ་བོ་ཚུལ་བཞིན་དུ་ཤེས་པའི་སྐད་ཅིག་ལ་གློ་བུར་བག་ཆགས་ཀྱི་དྲི་མ་སངས་ནས་བྲལ་འབྲས་ཆོས་སྐུ་མངོན་དུ་བྱེད་པ་ཡིན་པས། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་རང་རིག་གཅེར་མཐོང་དུ་ངོ་སྤྲད་པ་རྡོ་རྗེའི་ཚིག་འདིའི་དོན་ལ་མཉམ་པར་འཇོག་པར་ཞུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་དར་ཅིག་མཉམ་པར་བཞག །དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་མོས་མཛོད། དེས་འཇུག་སྒོའི་དབང་བསྐུར་

p. 225

ཐུན་མོང་བ་གྲུབ་པ་ལགས། དེ་ནས་ཐུན་མོང་མ་ཡིན་པའི་བྱིན་རླབས་ཟབ་མོ་སྒྲུབ་པར་བྱེད་པ་ལ་མོས་པ་འདི་བཞིན་དུ་མཛད་འཚལ། མདུན་དུ་བཞུགས་པའི་བླ་མ་རྡོ་རྗེ་འཆང་དེ་ཉིད་སྐད་ཅིག་ལ་གནས་འགྱུར་ཏེ་དཔལ་ལྡན་འབའ་རོམ་པ་གནས་བརྟན་ཆེན་པོ་རབ་བྱུང་གིས་ཞི་དུལ་ལྷོད་ཆགས་པ། ཅུང་ཟད་བགྲེས་ཉམས་ཅན་དགྱེས་པའི་ཚུལ་གྱིས་སྤྱན་གཉིས་ཟིམ་བུར་གཟིགས་པ། དབུ་ལ་རང་རྟགས་ཀྱི་སྒོམ་ཞྭ་བརྗིད་ཆགས་གསོལ་ཞིང་ཕྱག་གཉིས་མདོ་སྔགས་ཆོས་སྟོན་གྱི་ཕྱག་རྒྱ་ཐུགས་ཀར་འཆིང་བ། སྐུ་ལ་རབ་བྱུང་གི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ་ཞིང་ཚོགས་ཆེན་རྣམ་གཉིས་རྫོགས་པའི་བེར་ཟླུམ་བཀླུབས་པ། ཞབས་གཉིས་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོས་སྤྲིན་འཁྲིགས་པ་ལྟར་བསྐོར་བ། ལྷན་

p. 226

ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་རྒྱས་པའི་ཡེ་ཤེས་ཀྱི་སྐུ་བཀྲག་མདངས་གཟི་བརྗིད་བཟོད་པར་དཀའ་བ་ཉི་མའི་སྙིང་པོ་ལྟ་བུ། གསུང་ཐེག་ཆེན་གསང་སྔགས་རྡོ་རྗེ་ནཱ་དའི་རང་སྒྲ་རུ་འཇོ་བ། ཐུགས་ཟབ་གསལ་གཉིས་མེད་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་ཆེན་པོར་རྟག་ཏུ་མཉམ་པར་བཞག་བཞིན་པ། ཡོན་ཏན་སངས་རྒྱས་ཐམས་ཅད་དང་རྣམ་དབྱེར་མེད་ཅིང་མཛད་པ་ཕྲིན་ལས་མ་ངེས་ཅིར་ཡང་སྟོན་པ་དཔག་པར་དཀའ་བའི་སྒྱུ་འཕྲུལ་ཅན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ལྷ་དང་ལྷ་མོ་དཔག་ཏུ་མེད་པས་མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པས་མཆོད་པར་གསལ་བའི་སྤྱན་སྔར། ཁྱེད་རང་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ཀྱི་དབུའི་ཡ་ཐོད་ཧག་གིས་བཀོག་པའི་ནང་དུ་སྐུ་ལུས་ལྷག་མ་རིལ་པོར་བཅུག་པ་ལ།

p. 227

ཨོཾ་ཨཱཿཧཱུྃ། ལན་གསུམ། ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་དང་ལྡན་པ་དཀར་ལ་དམར་བའི་མདངས་ཅན་དུ་མེར་གྱིས་ཞུ་བ། བླ་མ་རྗེ་བཙུན་ཆེན་པོའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བའི་མོས་པ་དང་བཅས་འདིའི་རྗེས་ཟློས་མཛོད། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་དར་མ་དབང་ཕྱུག་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དྷརྨེ་ཤྭ་ར་ག་ཎ་ཙཀྲ་ས་པཱ་རི་ཝ་རེ་བྷྱ་ཨི་དཾ་བ་ལིཾ་གྲྀ་ཧྞནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། ཞེས་ནང་གི་ཚོགས་འབུལ། དེ་ནས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མཁའ་ཁྱབ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ་དད་གུས་དྲག་པོས་འདིའི་རྗེས་ཟློས་མཛོད། རྒྱལ་

p. 228

བས་རབ་བསྔགས་བླ་མ་སངས་རྒྱས་ལ། །ལུས་སྲོག་ལྟོས་མེད་དངོས་པོ་ཀུན་གྱིས་མཆོད། །ཉིན་མཚན་དབྱེར་མེད་སེམས་དོན་སྒྱུ་ལུས་འབྱོངས། །དྷརྨེ་ཤྭ་རིའི་ཞབས་ལ་གུས་ཕྱག་འཚལ། །ལན་གསུམ། དེ་ལྟར་དད་མོས་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་གསོལ་བ་བཏབ་པའི་རྐྱེན་གྱིས། རྗེ་བཙུན་དཔལ་ལྡན་འབའ་རོམ་པ་ཆེན་པོའི་དཔྲལ་བ་ནས་སྐུའི་བྱིན་རླབས་ཀྱི་རང་བཞིན་གཡོན་རྐྱང་མ་དང་རྗེས་སུ་འབྲེལ་བའི་ཀུནྡ་བྱང་སེམས་དཀར་པོའི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་རྩ་ཡི་དྲི་མ་དག །བུམ་པའི་དབང་ཐོབ། མགྲིན་པ་ནས་གསུང་གི་བྱིན་རླབས་ཀྱི་རང་བཞིན་གཡས་རོ་མ་དང་རྗེས་སུ་འབྲེལ་བའི་རཀྟ་བྱང་སེམས་དམར་པོའི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་རླུང་གི་དྲི་མ་དག །གསང་བའི་དབང་ཐོབ། སྨིན་མཚམས་ནས་ཐུགས་

p. 229

ཀྱི་བྱིན་རླབས་ཀྱི་རང་བཞིན་དབུས་དབུ་མ་དང་རྗེས་སུ་འབྲེལ་བའི་ཁུ་ཁྲག་འདྲེས་པའི་བྱང་སེམས་ཀྱི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། ཡིད་ཐིག་ལེའི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་མཛོད། དེ་དག་ནི་འདྲ་བས་འདྲ་བ་ལམ་དུ་བྱེད་པ་གོང་མའི་བརྡ་དབང་རྣམ་པ་གསུམ་ཡིན་ནོ། །ད་བཞི་པ་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ལ། ཐོག་མར་མོས་གུས་དྲག་པོས་ཕུར་ཚུགས་སུ་གསོལ་བ་འདེབས་པ་འདི་ཉིད་ལྷན་ཅིག་དབྱངས་སུ་ལེན་པར་ཞུ། སྐྱབས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །རྗེ་འགྲན་བྲལ་དར་མ་དབང་ཕྱུག་ལ་གསོལ་བ་འདེབས་སོ། །ཕ་འདྲེན་མཆོག་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བདག་མོས་པའི་བུ་ལ་ཐུགས་རྗེ་ཡིས་ད་ལྟ་གཟིགས་ཤིག །ཅེས་ལན་བདུན་དབྱངས་དང་བཅས་

p. 230

དཔོན་སློབ་ལྷན་ཅིག་བརྗོད། དེ་ནས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལྟ་སྟངས་གཡོ་བ་མེད་པའི་ངང༌། སེམས་དུས་གསུམ་གྱི་རྣམ་རྟོག་གི་སྤྲོ་བསྡུས་མ་བསླད་པར་རང་རིག་གཉུག་མ་བཟོ་བཅོས་བྲལ་བ་བདེ་སྟོང་བརྗོད་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་པར་ཞུ། དེ་ལ་གནས་ལུགས་ཀྱི་དོན་ངོ་སྤྲོད་པའི་ཚུལ་དུ་དཔལ་ལྡན་འབའ་རོམ་པ་ཆེན་པོའི་ཞལ་ནས་དོ་ཧ་རྡོ་རྗེའི་གླུས་གདམས་པ་བསྩལ་ཞིང་དགོངས་པའི་དྲོད་གཏད་པས་དོན་གྱི་རྟོགས་པ་རྒྱུད་ལ་འཕོས་པའི་མོས་པ་མཛོད། སྣང་བའི་རང་བཞིན་སྟོང་སྟོང་པོ། །ཤེས་པའི་རང་བཞིན་ཕྱོད་ཕྱོད་པོ། །རྣམ་རྟོག་རང་བཞིན་བན་བུན་པོ། །བན་བུན་རང་སར་ཁྱེར་ཙ་ན། །སྣང་ཙམ་ཉིད་ལ་སྟོང་ཡང་སྟོང༌། །སྟོང་ཙམ་ཉིད་ལ་གསལ་ཡང་གསལ། །གསལ་སྟོང་ཟུང་འཇུག་སྣང་བ་ཤར། །རྣམ་རྟོག་

p. 231

སྤོང་ལེན་མི་བགྱི་འཚལ། །སེམས་ཉིད་གཞི་རྩ་བྲལ་བ་ལ། །དྲན་རྟོག་སྣ་ཚོགས་འཕྲོ་བཞིན་དུ། །རིག་པ་རང་གསལ་གྱིས་བྱ་ར་བྱས། །འགག་པ་མེད་པར་གསལ་ལ་དྭངས། །སྣང་བ་སྣ་ཚོགས་རྐྱེན་གྱིས་དག །དག་པ་ཡེ་ཤེས་ཀྱི་སྣང་བ་གསལ། །བློ་ལས་འདས་པའི་ངང་ཤེད་དུ། །ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ལ། །བདེ་སྟོང་ཟུང་འཇུག་གི་སྣང་བ་ཤར། །སྐུ་གསུམ་དོན་ལྡན་གྱི་སྣང་བར་འདུག །བརྗོད་ལས་འདས་པས་དབྱིངས་སུ་ཕྱིན། །བློ་ལས་འདས་པས་ངོས་བཟུང་བྲལ། །གདོད་ནས་དག་པས་སྐྱེ་འགགས་མེད། །བདེ་ཆེན་རང་གྲོལ་གྱི་སྣང་བར་འདུག །ཐུགས་རྗེ་སྟོང་ཉིད་ངང་ཤེད་ནས། །ཆོས་སྐུ་རྣམ་དག་གི་རང་བཞིན་གསལ། །སྟོང་ཉིད་སྙིང་རྗེའི་ངོ་བོར་འདུག །འབྲས་བུ་གཞི་རྩ་བྲལ་བ་འདི། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་གཏོར། །སྐུ་གསུམ་བདེ་ཆེན་གྱི་འབྲས་

p. 232

བུ་རྙེད། །ཐབས་ཤེས་རབ་གཉིས་ཀྱི་ན་བཟའ་བསྐོན། །རྟོག་མེད་ཡེ་ཤེས་ཀྱི་རྒྱན་གྱིས་སྤྲས། །སྣང་སྟོང་དབྱེར་མེད་ཀྱི་ངོ་བོར་གསལ། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་བསྐྱལ། །འབྲས་བུའི་དབྱིངས་སུ་ཕྱིན་ནམ་སེམས། །དེ་ལྟར་རྗེས་སུ་གདམས་པ་བསྩལ་བར་མོས་མཛོད། སླར་མོས་གུས་དྲག་པོས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྙམ་པ་བྱས་པའི་རྐྱེན་གྱིས་བླ་མ་འབའ་རོམ་པ་ཆེན་པོ་ཉིད་སྐུ་འོད་ཕུང་གི་རྣམ་པར་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བྱིན་རླབས་མ་ལུས་པ་ཐུགས་རྒྱུད་ལ་སྤར་བཏབ་པ་བཞིན་འཕོས་པར་མོས་མཛོད། སྐུ་བརྙན་ནམ་མེད་ན་ཚོམ་བུ་མགོ་བོར་འཇོག་ཅིང་དྲིལ་བུ་གསིལ། དྲི་ཞིམ་པོའི་སྤོས་བཏུལ་ཞིང་ངག་ཏུ། རྒྱལ་བ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་བཀའ་བཞི་བརྒྱུད་པའི་བླ་མ། གྲུབ་

p. 233

ཆེན་ཏཻ་ལོ་ནཱ་རོ་མར་མི་དྭགས་པོ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཁྱད་པར་དཔལ་ལྡན་འབའ་རོམ་པ་ཆེན་པོས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ལུས་ལ་རྡོ་རྗེའི་སྐུ་ཡི་སྒོ་ནས་བྱིན་གྱིས་རློབས་ཤིག །ངག་ལ་རྡོ་རྗེའི་གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡིད་ལ་རྡོ་རྗེའི་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་བྱིན་གྱིས་རློབས་ཤིག །ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བྱིན་གྱིས་རློབས་ཤིག ། གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །སྟན་ཐོག་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཛཿཧཱུྃ་བཾ་ཧོཿ དེས་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་འབའ་རོམ་པ་ལ་བརྟེན་པའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ལེགས་

p. 234

པར་གྲུབ་པ་ཡིན་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྤྱི་དང༌། ཁྱད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འབྲལ་མེད་གཡར་དམ་དུ་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ་ཕུལ། ལུས་ལོངས་སྤྱོད་འབུལ་བ་དང་དགེ་བསྔོ་སྤྱི་ལྟར་བྱའོ། །དེ་ནས་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་རིམ་པའང་གཞུང་ལྟར་བྱས་པས་གྲུབ་བོ། །གྲུབ་པ་ཆེན་པོའི་ཡེ་ཤེས་བྱིན། །གདུལ་བྱ་དག་པའི་སྒོ་གསུམ་ལ། །སྩོལ་མེད་འཇོ་བའི་ཐབས་ཟབ་པ། །འདིས་ཀྱང་ལུས་ཅན་སྨིན་གྱུར་ཅིག །ཅེས་པ་འདིའང༌སློབ་དཔོན་དཔའ་བོ་འོད་གསལ་ལུགས་ཀྱི་གྲུབ་བརྒྱའི་བྱིན་རླབས་དང་འབྲེལ་བར་རྗེ་བཙུན་དམ་པ་དྷརྨ་ཤྲཱི་ནས་མཛད་པའི་དབང་ཆོག་ཕུལ་བྱུང་ཉིད་དུས་དབང་དུ་གྱུར་གཤིས། སླར་ཡང་དེ་ཉིད་གསལ་བར་བྱ་བའི་ཚུལ་དུ་རྨོངས་བརྟུལ་མ་ཏི་རཏྣས་སྒྲུབ་བརྒྱུད་རིན་པོ་ཆེའི་ཞབས་འདེགས་སུ་སྨོས་པ་དགེ་བར་གྱུར་ཅིག། །།

འབའ་རོམ་བླ་མ་བརྒྱུད་པའི་མཆོད་ཆོག་བྱིན་རླབས་སྤྲིན་ཆེན་གྱི་དབང་བསྐུར་བྱིན་རླབས་ཆར་རྒྱུན། མ་ཏི་རཏྣ།

p. 235

༄༅། །འབའ་རོམ་བླ་མ་བརྒྱུད་པའི་མཆོད་ཆོག་བྱིན་རླབས་སྤྲིན་ཆེན་གྱི་དབང་བསྐུར་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །

p. 236

སྐུ་ཚེ་གཅིག་གིས་གྲུབ་པ་ཡི། །གོ་འཕང་མངོན་མཛད་བླ་མེད་མཆོག །བཀའ་བརྒྱུད་བླ་མར་གུས་བཏུད་ནས། །སྨིན་བྱེད་ཡེ་ཤེས་ཆར་འབེབས་སྤྲོ། །འདིར་བླ་སྒྲུབ་བྱིན་རླབས་སྤྲིན་ཆེན་གྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་གསུམ། སྦྱོར་བ་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གཞི་སྟེགས་གཙང་མར་མཎྜལ་དྲིས་བྱུགས་པར་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་ཁར་སྐུ་རྟེན་རྡོ་རྗེ་འཆང་ངམ་འབའ་རོམ་པའི་སྣང་བརྙན་བྲིས་འབུར་གང་རུང༌། གཡས་སུ་རྣམ་བུམ་བཅུད་ལྡན་ཁ་རྒྱན་དུང་ཆུས་གཟུངས་རྡོར་བཅས་པ་དང༌། རྒྱབ་ཏུ་གསང་ཐོད་བུར་ཆང་སྦྱར་བ། མདུན་དུ་རིག་ཙཀ །གཡོན་དུ་ལས་བུམ་ཆས་ལྡན། བར་མཚམས་གཞུང་གསལ་ལྟར་མཆོད་གཏོར་རྒྱན་ལྡན། གཞན་ཡང་མིག་དར་མེ་ཏོག་དྲི་བཟང་གི་ཆུ་དང༌། ནང་མཆོད་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་རྣམས་རྒྱས་པར་འདུ་བྱའོ། །གཉིས་པ་ནི།

p. 237

དེའང་བླ་མཆོད་བརྒྱུད་འདེབས་ནས་བརྩམས་བདུད་རྩི་བྱིན་རླབས། སྔོན་གཏོར་བགེགས་བསྐྲད་སོགས་ནས། བདག་མདུན་ཟུང་འབྲེལ་མཆོད་བསྟོད་བཟླས་པ་དང༌། ཐུན་མཐར་གསོལ་འདེབས་བཅས་གྲུབ་རྗེས། བུམ་བཟླས་ནི། ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རྣམ་རྒྱལ་བུམ་པ་ནི། །ཡངས་ཤིང་རྒྱ་ཆེ་མཚན་ཉིད་ཡོངས་སུ་རྫོགས། །དེ་དབུས་པདྨ་ཉི་མ་འཇིགས་དུས་སྟེང༌། །རྒྱལ་ཀུན་ཐུགས་སྲོག་ཧཱུྃ་མཐིང་འོད་འབར་ལས། །འོད་འཕྲོས་རྒྱལ་མཆོད་འགྲོ་བའི་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་གྱུར་བཅོམ་ལྡན་བདེ་བ་མཆོག །

p. 238

སོགས་ནས་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཀྱིས་བསྐོར་གསལ། །ལས་ཀྱི་བུམ་པར་པད་ཉིར་དུམ་སྐྱེས་མ། །དམར་མོ་ཕྱག་རྒྱ་ལྔ་འཆང་གྲི་ཐོད་འཛིན། །ཁ་ཊྭཱཾ་མཆན་བཅུག་ཡེ་ཤེས་མེ་དབུས་རོལ། །ལྷ་ཚོགས་གནས་གསུམ་འབྲུ་གསུམ་ཐུགས་འོད་ཀྱིས། །བསྐུལ་བས་བདེ་མཆོག་ལྷ་ཚོགས་མ་ལུས་པ། །སྤྱན་དྲངས་དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་གཙུག་འཁྱིལ་རིགས་བདག་དབུར་བརྒྱན་གྱུར། །ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང༌། །སོགས་ནས་བདེ་ཆེན་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད། །ཅེས་དང༌། བུམ་ལྷའི་སྐུ་དང་ཐུགས་སྲོག་སྔགས་འཁོར་ལས། །བདུད་རྩིའི་རྒྱུན་བབ་བུམ་པ་ཡོངས་གང་གྱུར། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་

p. 239

ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས། ལས་བུམ་ལ་དམིགས་ལ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཉེར་གཅིག་བཟླ། མཐར་མཆོད་ཡོན་ཕུལ་ལ། ཨོཾ་ཨཱཿཧཱུྃ་གིས་ལྷ་རྣམས་བདེ་བ་ཆེན་པོར་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་བརྗོད། དེ་ནས་ཚོགས་མཆོད་བསྐང་བཤགས་བཅས་བྱའོ། །གསུམ་པ་ནི། འོག་ནས་འབྱུང་བའི་བདག་འཇུག་མདོར་བསྡུས་བླངས་ལ། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། འབྱུང་གཏོར་བགེགས་བསྐྲད་མཚམས་སྲུང་བྱ། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་མཐར། དེ་ལ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཟབ་པ་རྒྱ་ཆེ་བའི་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ཀུན་གྱི་སྙིང་པོར་གྱུར་པ་ནི་ཟབ་ལམ་བླ་མ་སྒྲུབ་པའི་རིམ་པ་ཉིད་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང༌། །སྲོག་ཆགས་བྱེ་བའི་སྲོག་བསྐྱབས་ཀྱང༌། །ཚེ་འདིར་སངས་རྒྱས་མི་འཐོབ་སྟེ། །ཡོན་ཏན་རྒྱ་མཚོ་བླ་མ་ལ། །དང་བའི་

p. 240

ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང༌། དཔལ་གསང་བ་འདུས་པ་ལས། བླ་མ་ལ་གུས་ཡོད་གྱུར་ན། །འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་བརྩམ་པར་བྱ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་ཚེ་འདིར་ཐོབ་པར་འགྱུར། །ཞེས་སོགས་གསུངས་པ་བཞིན། རྒྱུད་ལུང་མན་ངག་ཀུན་ལས་ཆེ་ཐང་དུ་བསྔགས་པར་མཛད་པ་བླ་མ་མཆོད་པའི་དབང་བསྐུར་བྱིན་རླབས་ཁྱད་པར་དུ་འཕགས་པ་བགྱི་བ་ཡིན། དེའང་འཕགས་ཡུལ་བལ་བོད་རྣམས་སུ་ཚད་མར་གྱུར་པའི་བླ་མ་དགེ་བའི་བཤེས་གཉེན་གྲངས་ལས་འདས་པ་བྱོན་པ་ལས། ཟབ་ལམ་ཉེ་བརྒྱུད་རྨད་དུ་བྱུང་བ་རྡོ་རྗེ་འཆང་ནས་རིམ་ཁང་བདུན་པ་གནས་བརྟན་དར་མ་དབང་ཕྱུག་ཅེས།

p. 241

རྗེ་མཉམ་མེད་སྒམ་པོ་པའི་བརྒྱུད་འཛིན་སྲས་བཞིའི་ཡ་གྱལ་དུ་གྱུར་པ་ལས། བརྒྱུད་པ་གསེར་རིའི་ཕྲེང་བ་བྱོན་པ་ལ་འབའ་རོམ་བཀའ་བརྒྱུད་ཅེས་གྲགས་པའི་རྔ་སྒྲ་རི་བོའི་ཁོངས་ན་རླུང་ལྟར་གྲགས་པ་བྱུང་ཞིང༌། དེ་ལ་ནང་གསེས་ཀྱིས་དབྱེ་བས་སྒོམ་སྡེ་ནང་ཡ་གཉིས། རི་དགོན་བཅོ་བརྒྱད་དུ་གྲགས་པ་མདོ་ཁམས་ཀྱི་ལྗོངས་འདིར་ཆོས་སྲིད་འགྲན་ཟླ་མ་མཆིས་པའི་ནང་ཚན། འཇམ་དབྱངས་རྣམ་འཕྲུལ་རླངས་(གླང་)རས་གྲགས་པ་རྒྱལ་མཚན་གྱི་ཐུགས་སྲས་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ཉིད་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། སློབ་བརྒྱུད་འབའ་རེ་རིན་ཆེན་བཟང་པོ་ནས་དབོན་བརྒྱུད་གྲུབ་བརྙེས་ཤ་སྟག་བྱུང་བ་ལ་དོན་བརྒྱུད་སྐྱོ་བྲག་པ་ཞེས་རྒྱ་ཧོར་རྒྱལ་པོས་འཇའ་ས་གོང་བཀུར་བླ་ལྷག་ཏུ་མཛད་པ་ནས་བཟུང༌། སྐབས་སུ་བབ་པ་འདི་ནི་དུང་

p. 242

དཀར་རས་ཆེན་གྱི་སྐྱེས་ཕྲེང་ཤྲཱི་བྷ་དྲའམ། ཀརྨ་མི་ཕམ་ཆོས་ཀྱི་དབང་པོ་རབ་ཏུ་དགའ་བའི་དཔལ་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་བཀའ་བརྒྱུད་ཁྲོམ་ཚོགས་རྩ་གསུམ་དང་བཅས་པའི་བླ་མཆོད་བྱིན་རླབས་སྤྲིན་ཆེན་གྱི་སྒོ་ནས་དབང་བསྐུར་བ་གྲུབ་པ་གོང་མའི་ཕྱག་བཞེས་བཞིན་བྱ་བ་ལ། སློབ་དཔོན་གྱིས་བགྱི་འོས་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། ཅེས་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཡིད་བཞིན་ནོར་བུ་ལྟར་གྱུར་པ། །འགྲོ་བའི་འདོད་པ་དོན་གྲུབ་ཕྱིར། །དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་རྒྱས་སྲས་པོར་ཕྱག་འཚལ་འདུད། །དེ་ཕྱིར་བླ་མེད་བདག་འཚལ་བས། །ཡོན་ཏན་མཚོ་ཁྱོད་བཀའ་དྲིན་ལས། །ཀུན་མཁྱེན་ཡེ་ཤེས་དབང་གི་མཆོག །ད་ལྟ་

p. 243

ཉིད་དུ་བཀའ་དྲིན་སྩོལ། །ལན་གསུམ། སྔོན་ཆད་སྙིང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ན་ཡ་ཧཱུྃ། ཞེས་མིག་དར་འཆིང་། ཕྱག་རྟེན་དུ་མེ་ཏོག་གི་ཆུན་པོ་རེ་ཐོགས་མཛོད། ཨོཾ་ཨ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་སྦྱིན། ཁྱེད་རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པའི་འོད་ཟེར་གྱིས་སྒོ་གསུམ་གྱི་དྲི་མ་སྦྱངས་ནས་ལུས་འོད་གསལ་བར་གྱུར། སློབ་མའི་གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ཡི་ཕྱིར་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་སློབ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་བྱ། དེས་སྐྱབས་སེམས་ཁྱད་པར་བ་དང་སྔགས་སྡོམ་

p. 244

བསྡུས་པ་རྒྱུད་ལ་སྐྱེས་པས་དབང་གི་སྣོད་དུ་རུང་བ་ཡིན། ཞེས་བརྗོད། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་དམིགས་འདུན་འདི་ལྟར་མཛད་འཚལ། ཁྱེད་རང་རྣམས་བླ་མ་འཁོར་ལོ་སྡོམ་པར་གསལ་བའི་སྐུ་ཡི་ནང་རྩ་གསུམ་འཁོར་ལོ་ཡི་གེ་དང་བཅས་པ་གསལ་བ་ལས། སློབ་དཔོན་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ལྟེ་བའི་ཨཾ་ལས་མེ་འབར། སྙིང་ཁའི་ཧཱུྃ་དང་མགྲིན་པའི་ཨོཾ་བསྲེགས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་ཆར་བབས། རྩ་འཁོར་གྱི་ཡི་གེ་སླར་གསོས། ལུས་ཐམས་ཅད་ཁྱབ་སྟེ་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། སྤོས་རོལ་སྣ་ཚོགས་བཅས། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བྱིན་དྲག་ཏུ་དབབ་བོ། །དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་བྱང་ཆུབ་བར་དུ་བརྟན་པར་མོས་ཤིག །ཏིཥྛ་བཛྲ། རྡོ་རྗེ་མེ་ཏོག་གིས་རྒྱས་གདབ། རིགས་བརྟགས་པའི་ཕྱིར་སྔར་བྱིན་པའི་

p. 245

མེ་ཏོག་དེ་ཉིད་བླ་མའི་སྐུ་ཡི་དཀྱིལ་འཁོར་ལ་འདོར་བ་དང་ལྷན་ཅིག་འདིའི་རྗེས་ཟློས་མཛོད། པུཥྤེ་པྲ་ཏཱིཙྪ་ཧོ། མེ་ཏོག་དོར། དེ་ཡང་སྐུ་ཡི་གནས་ལྔ་རིགས་ལྔ། ཕྱག་ཞབས་བཞི་ཕྲིན་ལས་བཞི་འགྲུབ་པའོ། །ཞེས་དང༌། མེ་ཏོག་རིགས་ཀྱི་ལྷར་གྱུར་པ་སྤྱི་བོར་བཅིངས་པར་མོས་མཛོད། པུཥྤེ་པྲ་ཏི་གྲྀ་ཧྞ་ཧཱུྃ། མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་སྤྱན་དར་དང་ལྷན་ཅིག་བསལ་བར་མོས་མཛོད། ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། མིག་དར་དབྱེ། བླ་མའི་སྐུ་ཡི་དཀྱིལ་འཁོར་ཡེ་ཤེས་རིགས་ལྔའི་རང་བཞིན་དུ་ཞལ་མཇལ་བར་མོས་ཤིག །ཅེས་ངོ་སྤྲོད། དེས་འཇུག་ཆོས་རྣམས་གྲུབ་ཟིན། ཞུགས་ནས་དབང་བསྐུར་དངོས་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་གསང་བ་ནི། །ཇི་ལྟར་དཔལ་ཐུགས་རྡོ་རྗེ་ཡིས། །རྡོ་རྗེ་ཆོས་ཅན་ལས་གསུངས་པ། །དེ་བཞིན་མགོན་པོས་

p. 246

བདག་སྒྲུབས་མཛོད། །བཅོམ་ལྡན་ཞབས་པད་སྤངས་ནས་ནི། །གཞན་དུ་བདག་ལ་མགོན་མ་མཆིས། །འཁོར་བའི་འགྲོ་ལ་ངེས་རྒྱལ་བ། །དེ་ཕྱིར་མགོན་པོས་ཐུགས་རྗེ་མཛོད། །ལན་གསུམ། དེ་ནས་ཐོག་མར་བུམ་དབང་གི་དོན་དུ་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་འོད་ཀྱིས་དབང་ལྷ་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་སད་པར་བྱས་ཏེ་རིགས་ལྔས་དགོངས་པ་མཛད། ཡུམ་ལྔས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་ཆུས་གཏོར་བླུགས་ཀྱི་བྱ་བ་མཛད་པར་གྱུར། བུམ་པ་ཐོགས་ལ། ཧཱུྃ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་ཞིང་བདུད་རྩི་གཏོར་བླུགས་བྱ། དེ་ལྟར་བུམ་པའི་དབང་

p. 247

བསྐུར་བས་རྩ་ཡི་སྒྲིབ་པ་དག །སྐུ་རྡོ་རྗེ་བསྐྱེད་རིམ་བསྒོམ་པར་དབང༌། སྣོད་བཅུད་ཡོངས་རྫོགས་བུམ་པའི་དབང་ཐོབ། སྤྲུལ་སྐུའི་ས་བོན་རྒྱུད་ལ་བཞག་པའོ། །གཉིས་པ་གསང་དབང་གི་དོན་དུ་བླ་མ་ཧེ་རུ་ཀ་རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་པ་རྡོ་རྗེའི་ལྕེར་བརྒྱུད་རྩ་གནས་ཐམས་ཅད་ཁྱབ། བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །གསང་ཐོད་ཐོགས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །ངག་གི་སྒྲིབ་པ་དག་བྱེད་པ། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བདུད་རྩི་སྦྱིན། དེ་ལྟར་གསང་བའི་དབང་བསྐུར་བས་ངག་རླུང་གི་དྲི་མ་དག །གསུང་རྡོ་རྗེ་རྫོགས་རིམ་བསྒོམ་པ་ལ་དབང༌། བྱང་སེམས་གསང་བའི་དབང་ཐོབ། ལོངས་སྐུའི་ས་བོན་

p. 248

རྒྱུད་ལ་བཞག་པའོ། །ཞེས་བརྗོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་སློབ་མ་ཧེ་རུ་ཀར་གནས་པ་ལ་གཟུངས་མ་རྡོ་རྗེ་ཕག་མོའི་ངོ་བོ་བྱིན་པར་མོས་མཛོད། རིག་ཙཀ་ཐོགས་ལ། གཟུངས་མ་ཡིད་འོང་འདི་ཉིད་ནི། །བསྟེན་པར་སངས་རྒྱས་རྣམས་ཀྱིས་གསུངས། །འཁོར་ལོ་བཞི་ཡི་རིམ་པ་ཡི། །བདེ་བ་མཆོག་ནི་མྱོང་བར་མཛོད། །བཛྲ་མོཀྵ་ཧོཿ ཞེས་ལག་ཏུ་གཏད། ཅེས་དབྱིབས་སྔགས་ཆོས་ཀྱི་འདུ་ཤེས་ཀྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །ཅེས་ངོ་སྤྲད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་ཐིག་ལེའི་དྲི་མ་དག །ཐུགས་རྡོ་རྗེ་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། བདེ་ཆེན་ཁ་སྦྱོར་གྱི་དབང་ཐོབ། ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པའོ། །ཞེས་བརྗོད། བཞི་པ་ཚིག་དབང་རིན་པོ་ཆེའི་དོན་དུ་ཁྱེད་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་

p. 249

ལྡན་པས་སེམས་དུས་གསུམ་གྱི་རྟོག་པ་རྒྱུན་ཆོད་ལ་རང་བབས་སུ་མཉམ་པར་ཞོག་ཅིག །ཅེས་མཚམས་སྦྱར། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་དཔོན་སློབ་གཉིས་ཀས་ཕྱག་ཆེན་དགོངས་ཉམས་བསྐྱང༌། དེ་ལྟར་རྡོ་རྗེའི་ཚིག་གི་བརྡ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ངོ་སྤྲད་པས་ན་ཚིག་དབང་ཞེས་བྱའོ། །ཞེས་ངོ་སྤྲད། དེ་ལྟར་ཚིག་དབང་རིན་པོ་ཆེ་བསྐུར་བས་ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དག །ཡེ་ཤེས་རྡོ་རྗེ་ཟུང་འཇུག་གི་ལམ་བསྒོམ་པ་ལ་དབང༌། ཕྱག་རྒྱ་ཆེན་པོ་དབང་བཞི་པ་ཐོབ། ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པའོ། །ཞེས་དག་པ་སྦྱིན། དབང་བཞིའི་མཐའ་རྟེན་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་སློབ་མ་ཁྱེད་རང་རྣམས་དབང་སྟེགས་སེངྒེས་བཏེགས་པའི་ཁྲི་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་

p. 250

སེམས་དཔའི་སྐུར་གསལ་བར་མོས་མཛོད། དམ་ཚིག་གསུམ་སྦྱིན་པ་ནི། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཏུ་ཟུངས་ཤིག །ཨོཾ་མ་ཧཱ་བཛྲ་ཧཱུྃ། རྡོ་རྗེ་གསོར་ཞིང་ཐུགས་ཀར་གཏོད། ཨཱཿལས་བྱུང་བའི་དྲིལ་བུ་གསུང་གི་དམ་ཚིག་ཏུ་ཟུངས་ཤིག །ཨོཾ་བཛྲ་གྷཎྜེ་ཨཱཿ དྲིལ་བུ་དཀྲོལ་ཞིང་དཀུར་བསྟེན། འཁྱུད་པའི་ཕྱག་རྒྱ་སྐུ་ཡི་དམ་ཚིག་ཏུ་ཟུངས་ཤིག །ཨོཾ་ཨ་ནུ་རཱ་ག་ཡ་ཧོཿ པད་ཀོར་འཁྱུད་རྒྱ་བྱ། དེས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བས་དམན་པའི་བྱ་བ་སྤོངས་ལ་འགྲོ་བའི་དོན་རྒྱ་ཆེན་པོ་མཛོད་ཅིག །ཅེས་བརྗོད། རྡོ་རྗེ་འཆང་གི་སྐུ་སྤྱི་བོར་བཞག་ལ། མགོ་བོར་བླ་མའི་ཐོར་ཚུགས་བཅིངས། །ལག་ཏུ་རྡོ་རྗེ་དྲིལ་བུ་ཐོགས། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ནི་ཏིང་འཛིན་གཡོ་མེད་ཤོག །ཁྱེད་རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་འབྲལ་མེད་དུ་བསྒོམ་ལ་ཐུན་བཞིའི་རྣལ་འབྱོར་མ་ཆག་པར་མཛོད་ཅིག །དེ་ནས་དམར་མོ་སྒོམ་པས་

p. 251

གསུངས་པའི་བཀྲ་ཤིས་ཨེ་མ་ཧོ། རྡོ་རྗེ་འཆང་ཆེན་མན་ཆད་ནས། །རྩ་བའི་བླ་མ་ཡན་ཆད་ཀྱི། །བརྒྱུད་པ་ཆུ་བོའི་གཞུང་འདྲ་ལ། །རྒྱུན་ཆད་མེད་པའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །མན་ངག་མཁའ་འགྲོའི་སྙན་བརྒྱུད་ལ། །ཚེ་གཅིག་སངས་རྒྱས་མྱུར་ཐོབ་པའི། །ཟབ་མོ་གནད་ཀྱི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །བླ་མ་དམ་པའི་བྱིན་རླབས་ལ། །དཀའ་ཐུབ་སྒྲུབ་པ་མི་དགོས་པའི། །བྱིན་རླབས་བཀའ་བབས་ཀྱི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །འབད་མེད་འབྱུང་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ། །མཐུ་དང་ནུས་པ་རྫུ་

p. 252

འཕྲུལ་གྱིས། །བར་ཆད་སེལ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །ཕྱོགས་སྐྱོང་གཞི་བདག་ཐམས་ཅད་ཀྱིས། །སྒྲུབ་པ་བྱེད་པའི་གང་ཟག་ལ། །མཐུན་རྐྱེན་སྒྲུབ་པའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །དམ་ཆོས་གསལ་བྱེད་ལུང་གིས་བརྒྱན། །ནམ་མཁའི་ཀློང་གི་ཉི་ཟླ་བཞིན། །གསལ་སྒྲིབ་མེད་པའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །བཀྲ་ཤིས་དཔལ་འབར་ནམ་མཁའི་མཐའ། །ཕྱོགས་རིས་མེད་པར་འབྲུག་སྒྲ་སྒྲོགས། །ཕྱོགས་རྣམས་ཁྱབ་པའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་བཟང་པོ་དེས་ཀྱང་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ལྟར་སྒྲུབ་བརྒྱུད་འབའ་རོམ་པའི་བླ་མ་མཆོད་ཆོག་བྱིན་རླབས་སྤྲིན་ཆེན་གྱི་དབང་བསྐུར་གྲུབ་པ་གོང་མའི་ཕྱག་བཞེས་བཞིན་ལེགས་པར་ཕུལ་བ་ལགས་པས་

p. 253

གསང་བ་སྔགས་ཀྱི་དམ་ཚིག་སྤྱི་དང༌། བྱེ་བྲག་བླ་མ་ལྔ་བཅུ་པ་སོགས་ནས་བཤད་པ་ལྟར་བསླབ་པའི་གནས་རྣམས་ལ་སློབ་ཅིང༌། མདོར་ན་ཞབས་ཏོག་རྣམ་གསུམ་གྱིས་བསྙེན་ཅིང་ཐུན་བཞིའི་རྣལ་འབྱོར་མ་ཆག་པ། དུས་བཟང་གི་ཚོགས་མཆོད་རྒྱས་སྤྲོས་སུ་འབུལ་བ་བཅས་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་ལུས་འབུལ་དགེ་བསྔོ་བཅས་ཀྱིས་གྲོལ་ལོ། །བཞི་པ་ནི། སློབ་དཔོན་བླ་མཆོད་རྗེས་རིམ་ལྟར་ཚོགས་ལ་རོལ་ནས། མཆོད་བསྟོད། དབང་ལེན། བསྡུ་ལྡང་སོགས་གཞུང་བཞིན་བགྱིས་པས་འགྲུབ་བོ། །གྲུབ་པ་མཆོག་གིས་ལེགས་ནོད་པའི། །སྨིན་དབང་ཟབ་དོན་བཅུད་སྟེར་གང༌། །ནུབ་མེད་སྣང་བར་བྱས་འདིའི་དགེས། །བདག་གཞན་རྡོ་རྗེ་འཆང་འགྲུབ་ཤོག ། ཅེས་པ་འདིའང་དོན་བརྒྱུད་སྐྱོ་བྲག་པའི་བསྟན་པའི་སྒྲོན་མེ་དམ་པ་མཆོག་སྤྲུལ་ཉི་ཟླ་ཟུང་དང༌། སྒྲུབ་སྡེའི་བླ་མ་ཡེ་ཤེས་རབ་རྒྱས་སོགས་ནས་འདི་ལྟར་གསལ་བར་བྱོས་ཞེས་བཀའ་བསྩལ་གནང་བ་བཞིན། རྒན་པོ་འདུ་གསུམ་

p. 254

པ་མ་ཏི་རཏྣས་བསམ་འགྲུབ་མཐོང་སྨོན་གླིང་དུ་གྲུབ་པའི་གསུང་དང་མཐུན་པར་སྦྱར་བ་དགེ་ལེགས་འཕེལ།། །།

བཀའ་བརྒྱུད་རིན་པོ་ཆེའི་རྟོགས་པ་དོན་བརྒྱུད་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་ཟབ་མོ། འཇིགས་མེད་ཆོས་ཀྱི་སེང་གེ།

p. 255

༄༅། །བཀའ་བརྒྱུད་རིན་པོ་ཆེའི་རྟོགས་པ་དོན་བརྒྱུད་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་ཟབ་མོ་བཞུགས་སོ། །

p. 256

ན་མོ་གུ་རུ་ཡེ། གདོད་ནས་མ་བཅོས་དེ་བཞིན་ཉིད། །དངོས་པོ་གཤིས་ཀྱི་དོན་སྟོན་པ། །རྡོ་རྗེ་འཆང་དངོས་ཧེ་རུ་ཀར། །བཏུད་ནས་གསུང་གི་གསང་བ་དངོས། །སྐུ་བཞིའི་བྱིན་རླབས་འཕོ་བའི་དབང༌། །སྐལ་ལྡན་རྗེས་བཟུང་ལག་ལེན་འགོད། །དེ་ཡང་བྱིན་རླབས་དོན་གྱི་བརྒྱུད་པའི་དགོངས་པ་ཐུན་མིན་གྱི་སྐལ་ལྡན་ལ་འཕོ་བའི་ཚུལ་ཡང༌། སྤྱིར་དགོངས་པ་གཏད་ཙམ་གྱིས་ཡེ་ཤེས་མངོན་དུ་བྱེད་པ་ནི་གཞིར་བཅས་ཡིན་ནའང༌། འདིར་རྟེན་འབྲེལ་གྱི་ཕྱག་ལེན་ལྟར་བཀོད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཐོག་མར་སྣོད་དང་ལྡན་ངེས་པའི་སློབ་མ་དེ་ཉིད་ཀྱིས་སྔོན་འགྲོས་རྒྱུད་སྦྱངས་པ་སོགས་བསག་སྦྱང་སྤེལ་གསུམ་ལ་འབད་ཅིང༌། མི་དགེ་བག་ཆགས་སྲབ་པའི་ལྟས་མཐོང་བར་བྱས་ལ་མཉེས་པ་གསུམ་གྱིས་ཐུགས་ཟིན་པར་བྱ། སློབ་དཔོན་གྱི་མདུན་དུ་ཁྲུས་ཀྱི་བུམ་པ། དྲིལ་ཟན། རིན་པོ་ཆེ་ཡི་སྣོད་འབྲུ་ཡིས་བཀང་བ་དང༌། སྦ་ལྕག་

p. 257

རྣམས་ཚོགས་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་ལས་མཚན་རྫོགས་རྣམ་རྒྱལ་བུམ་པའི་ནང༌། །བླ་མ་ཧེ་རུ་ཀ་དཔལ་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆས། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །སྙེམས་མ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད། །པད་ཉི་ཟླ་བའི་གདན་ལ་ཕྱེད་སྐྱིལ་བཞུགས། །གནས་གསུམ་འབྲུ་གསུམ་ཐུགས་དབུས་པད་ཟླའི་སྟེང༌། །ཧཱུྃ་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་རྒྱལ་

p. 258

ཀུན་བྱིན་ནུས་བཅུད། །བདུད་རྩིའི་རྣམ་པར་སྤྱན་དྲངས་བུམ་པར་ཐིམ། །སྒྲིབ་གཉིས་ཉམས་ཆག་བཀྲུ་བའི་རྒྱུན་ཆེན་པོ། །སྔགས་འཁོར་ཟླ་བ་རྣམས་ལས་ཆར་བཞིན་བབས། །སྦྱོར་མཚམས་ནས་ཐོན་བུམ་པ་གང་བར་གྱུར། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཅི་ནུས་བཟླས་ལ་མཐར། ཡབ་ཡུམ་ཆགས་པ་ཆེན་པོས་མཉམ་པར་སྦྱོར་བའི་བདེ་བས་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། གཉིས་པ་དབང་དངོས་བསྐུར་བ་ལ། སློབ་མའི་སྤྱི་བོར་ཁྲུས་ཀྱིས་གཟག་ཅིང་སྤྱི་ཁྲུས་བརྗོད། དྲིལ་ཟན་བཀྱེས་ནས་ཆངས་བུ་སྣོད་གཅིག་ཏུ་བསགས་པ་ཆབ་ཀྱིས་བྲན་ལ། ཧེ་རུ་ཀའི་ང་རྒྱལ་དང་བཅས་ཏེ། ཨོཾ་ཨཱཿཧཱུྃ། གིས་བྱིན་བརླབ། ཁ་འབར་མའི་སྔགས་ཀྱིས་ཡང་ཡང་བསྔོས་ལ། གང་ཞིག་སྐལ་པ་མཆོག་དང་ལྡན་པའི་རྡོ་རྗེའི་སློབ་མ་འདི་དག་ལ་ལྷན་ཅིག་ཏུ་སྐྱེས་པའི་བདུད་རིས། སྒོ་གསུམ་དགེ་བ་སྒྲུབ་པ་ལ་བར་དུ་གཅོད་པའི་ཚོགས་མ་ལུས་པ་ཁྱེད་རྣམས་ཀྱིས་ཟག་པ་མེད་པའི་འདོད་

p. 259

ཡོན་ལྔ་ལྡན་གྱི་གླུད་གཏོར་འདི་བཞེས་ལ་ཕྱོགས་མེད་ཕྱོགས་དང་བྲལ་བའི་གནས་སུ་ཕྱིར་དེངས་ཤིག །གལ་ཏེ་བཀའ་ལས་འདས་ན་སྟོང་ཉིད་ཡེ་ཤེས་ཀྱི་རྡོ་རྗེ་ཁྲོས་པས་མགོ་བོ་རབ་ཏུ་འགེམས་པར་གདོན་མི་ཟའོ། །ཧཱུྃ་ཧཱུྃ་གི་གདངས་གླུ་བླངས་ཤིང་བགེགས་དང་ཕྲལ་ཏེ། ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་མེ་དཔུང་རྡོ་རྗེའི་འཐོར་རླུང་གིས་སློབ་མའི་ཕྱི་ནང་གསང་བའི་བགེགས་དང་སྡིག་སྒྲིབ་བག་ཆགས་དང་བཅས་པ་བུ་ཡུག་རླུང་གིས་གཏོར་བ་ལྟར་རྒྱང་རིང་དུ་བསྐྲད་ཅིང་སླར་འདུས་པ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བས་གོ་མཚམས་མེད་པར་གཏམས་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ། དེ་ནས་མཎྜལ་བཀྱེ་བསྡུ་བྱས་ཤིང༌། འོ་ན། ནམ་མཁའི་མཐས་གཏུག་པའི་འགྲོ་བ་མ་རྒན་སེམས་ཅན་འདི་རྣམས་བདུད་བཞིའི་ཆུ་བོ་ལས་སྒྲོལ་ཏེ། སྐུ་བཞི་དབྱེར་མེད་བདེ་ཆེན་རྟག་པ་དམ་པའི་གོ་འཕང་ལ་

p. 260

འགོད་པའི་ཕྱིར་དུ་སྒོ་གསུམ་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་འཇུག་པར་བྱའོ་སྙམ་སྟེ་སྙན་ལྷན་ནེར་གསན་འཚལ། དེ་ལ་འདིར་འོག་མིན་ཞིང་གི་སྟོན་པ་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་ཆེན་པོས་དངོས་དང་བརྒྱུད་ནས་གདུལ་བྱའི་ཁམས་དབང་དང་བསྟུན་ཏེ་འདུལ་བྱེད་ཐེག་པའི་རིམ་པ་བགྲང་ཡས་སུ་བསྟན་པ་ལས། བསྟན་པའི་སྙིང་པོ་དངོས་པོ་གཤིས་ཀྱི་གནས་ལུགས་སངས་རྒྱས་ལག་གཏད་ཀྱི་དགོངས་པ་ཉིད་ནས་རིམ་པར་འཕོས་པས་འཕགས་བོད་གཉིས་ཀྱི་ལྗོངས་ན་གྲུབ་པའི་སློབ་དཔོན་ས་ཆེན་པོའི་རྡུལ་ཙམ་བྱོན་དང་འབྱོན་བཞིན་པ་འདི་ཀ་ལས། དེ་ཡང་སྒྲ་བསྒྱུར་མར་པའི་ཞལ་ནས། ང་བརྒྱུད་པ་མི་ངན་བརྒྱུད་པ་བཟང༌། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །ཞེས་གསུངས་པ་ལྟར། དམ་པ་དེ་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་བསིལ་ལྡན་ཀེ་ལ་ཤ་རིའི་ཁོངས་

p. 261

འདིར་སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེས་ཡོངས་སུ་སྣང་བར་གྱུར་པ་ལས། འགྲན་ཟླ་དང་བྲལ་བ་རྒྱལ་བས་ལུང་བསྟན་པའི་མགོན་པོ་ཟླ་འོད་གཞོན་ནུའི་ཐུགས་སྲས་ཆེ་བཞིའི་ཡ་གྱལ་དཔལ་ལྡན་འབའ་རོམ་པ་ཆེན་པོའི་རིང་ལུགས་ལས་བྱུང་བའི་གདམས་པ་ཟབ་མོ་སྟེ། ཚུལ་དེ་ཡང༌ཆོས་རྗེ་གླིང་རས་ཀྱི་ཞལ་ནས། ཆོ་ག་མཁན་གྱིས་དབང་བསྐུར་དེ། །སྣོད་དུ་རུང་ཙམ་མ་གཏོགས་པ། །ཡེ་ཤེས་སྐྱེ་ལ་ཕན་རྒྱུ་ཆུང༌། །བླ་མའི་བྱིན་རླབས་གཙིགས་སུ་ཆེ། །ཞེས་གསུངས་པ་ལྟར། རྒྱལ་བ་རྡོ་རྗེ་འཆང་ནས་བཟུང་སྟེ་རླངས་{གླང་}རས་གྲགས་པ་རྒྱལ་མཚན་གྱི་བར་དུ་བྱིན་རླབས་མོས་གུས་ཀྱི་ལམ་ལ་བརྟེན་ཏེ་དོན་གྱི་བརྒྱུད་པ་ཟམ་མ་ཆད་པ་བྱོན་ཅིང༌། རྗེ་དེའི་ཐུགས་སྲས་ཉི་ཟླ་ལྟ་བུ་ཆོས་རྗེ་བསོད་ནམས་བཟང་པོ་དང༌། རྨ་སེ་བློ་གྲོས་རིན་ཆེན་རྣམ་པ་གཉིས་ལ་ཡེ་ཤེས་ཀྱི་

p. 262

དགོངས་པ་འཕོས་ཤིང་ཆོས་སྐུའི་རྒྱལ་ས་ལ་བཀོད་པ་ཡིན་ཞིང༌། དེ་གཉིས་ཀའི་གསང་བ་ཆེན་པོའི་མཛོད་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མས་འཛིན་པ་སྟེ་རྟེན་འབྲེལ་གྱི་ཁྱད་པར་གྱིས་བར་སྐབས་བརྒྱུད་པ་ཕྲ་ཤོས་སུ་གྱུར་ནའང༌། ཆོས་རྗེ་བླ་མ་ཐམས་ཅད་མཁྱེན་པས་མཻ་ཏྲི་པའི་སྤྲུལ་པས་གཏེར་ལ་ལོངས་སྤྱོད་པའི་དུས་སུ་ང་ཉིད་ཀྱང་གནས་འདིར་དངོས་སུ་ཡོང་ལ་སྒྲུབ་བརྒྱུད་ཀྱི་བསྟན་པ་སླར་དར་བར་བྱེད་དོ། །ཞེས་ལུང་གིས་དངོས་སུ་བསྟན་པ་དང་། གཞན་ཡང་དམར་མོ་བསོད་ནམས་དོན་གྲུབ་ཀྱིས་བཞེངས་པའི་ཆོས་རྗེ་རིན་པོ་ཆེའི་འདྲ་ཞལ་མཐོང་གྲོལ་ཆེན་པོ་གཙུག་ལག་ཁང་ཐོག་ཏུ་ཐོག་མར་བཞུགས་པའི་སྐབས་སུ་མི་ཉག་འགའ་ཡི་རྒྱལ་པོ་ལ་མ་འོངས་ལུང་བསྟན་གྱི་གསུང་དུ་མ་བྱོན་པ་ལས། འཇིག་རྟེན་སྤོས་ཆུས་བརྒྱན་པའི་ཞིང་ཁམས་སུ། །མི་

p. 263

མཇེད་ཐུགས་ཀྱི་གནས་མཆོག་དམ་པ་འདིར། །མི་རབས་བཅུ་གསུམ་འདས་པའི་འོག་རོལ་ཏུ། །ང་ཉིད་དངོས་སུ་གདན་ས་འདི་རུ་ཡོང་། །ཁྱོད་ཀྱང་དེ་དུས་སློབ་མའི་གཙོ་བོར་འབྱུང༌། །ཟབ་མོ་ནཱ་རོ་ཆོས་དྲུག་བསྟན་པ་དར། །ཞེས་འབྱུང་བ་ལྟར། ཆོས་རྗེ་གྲུབ་པའི་དབང་ཕྱུག་དེ་ཉིད་བསམ་བཞིན་སྐྱེ་བ་བཞེས་ཤིང༌། སྔོན་སྨོན་ཐུགས་བསྐྱེད་ཟབ་མོའི་རིགས་ཡོངས་སུ་སད་པ་རྣལ་འབྱོར་ཆེན་པོའི་བརྟུལ་ཞུགས་གྲུབ་པའི་དཔའ་བོ་དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་དེ་ཉིད་འོག་མིན་ས་སྤྱོད་གསུང་གི་འཁོར་ལོ་ནས་ཡེ་ཤེས་ཀྱི་ཌཱ་ཀིས་རྗེས་སུ་བཟུང་ཞིང༌། ཆོས་རྗེ་བླ་མ་རྣམ་གཉིས་ཀྱི་དགོངས་པ་དངོས་དང་། རྡོ་རྗེ་རྣལ་འབྱོར་མས་བསྟན་པའི་མ་རྒྱུད་ནང་གི་ཉམས་ལེན་གྱི་སྐོར་སོགས་རྨད་བྱུང་གི་གདམས་པ་ཟབ་མོ་བསྩལ་ཅིང་ཡེ་ཤེས་ཀྱི་བྱིན་རླབས་འཕོས་པའི་དག་སྣང་

p. 264

བཀའ་ཡི་བབས་སོ་བྱུང་བས་དོན་གྱི་བརྒྱུད་པ་ཤིན་ཏུ་ཉེ་བ་དང༌། གྲུབ་ཐོབ་རིན་པོ་ཆེ་ནས་བརྒྱུད་པའི་རིང་བརྒྱུད་རྣམས་ཀྱང་བཞུགས་པས་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པ་ཡིན་ལ། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེས། བུམ་པ་མགོ་ཐོག་ཏུ་འཇོག་པ་ཕྱི་ཡི་དབང༌། །རང་ལུས་ལྷ་སྐུ་རུ་སྒོམ་པ་ནང་གི་དབང༌། །སེམས་ཉིད་ཆོས་སྐུ་རུ་ངོ་སྤྲད་དོན་གྱི་དབང༌། །ཞེས་གསུངས་པ་ལྟར། བརྒྱུད་པ་དེ་ལས་བྱུང་བའི་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ། སེམས་ཉིད་རིག་ཐོག་ཏུ་ངོ་སྤྲད་པ་བྱིན་རླབས་འཕོ་བའི་དབང་བསྐུར་བགྱི་བ་ཡིན་པས། ཐོག་མར་སྐུ་ཉིད་སློབ་མའི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་ཕུལ། ཅེས་ལོ་རྒྱུས་ཟུར་ཙམ་འདི་སློབ་གྲལ་པ་མངྒ་ལས་སོ། །དེ་ནས་རྒྱུད་སྣོད་དུ་རུང་བར་བྱ་བའི་ཕྱིར་ཐོག་མར་སྐྱབས་ཡུལ་དཀོན་མཆོག་ལྔ་ཚོམ་འདི་བཞིན་ཏུ་གསལ་ཐོབ་མཛོད།

p. 265

མདུན་མཁར་ཡིད་སྤྲུལ་ཞིང་གི་བཀོད་པ་ནི། །ཕུན་ཚོགས་དབུས་སུ་སེང་ཁྲི་ལྔ་ཚོམ་གྱི། །དབུས་མར་བླ་མ་རྡོ་རྗེ་འཆང་ཆེན་ལ། །གྲུབ་ཐོབ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ལ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར། །རྒྱབ་ཏུ་གསུང་རབ་དམ་པའི་ཆོས་མཆོག་རྣམས། །རང་སྒྲར་བཅས་ཏེ་འོད་ཟེར་སྤུངས་སེ་བཞུགས། །གཡོན་དུ་ཉེ་སྲས་དཔའ་བོ་རྣལ་འབྱོར་མ། །གྲུབ་ཐོབ་ཉན་རང་དགེ་འདུན་ཚོགས་དང་བཅས། །འོག་ཏུ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །མེ་དཔུང་ཀློང་ན་བར་ཆད་བསལ་ཕྱིར་བཞུགས། །དེ་དག་རྣམས་ལ་དད་གསུམ་མོས་གུས་ཀྱིས། །ཁ་ཙམ་མ་ཡིན་སྙིང་ནས་སྐྱབས་སུ་མཆི། །ཞེས་

p. 266

སྔོན་འགྲོའི་སྐབས་ལྟར་བརྗོད། དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཕྱམ་གཅིག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་ངེས་པ་བརྟན་པོས་འདིའི་རྗེས་ཟློས་མཛོད། ན་མོ། བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀུན། །སྒོ་གསུམ་མི་དགེའི་ལས་འདིའི་སྡིག་ལྕི་བས། །ངན་སོང་འཁོར་བ་འདི་ལས་དཀོན་མཆོག་གསུམ། །ཀུན་འདུས་བླ་མ་མཆོག་ལ་སྐྱབས་སུ་མཆི། །ལན་གསུམ། སྐྱབས་ཡུལ་དེ་དག་དཔང་པོར་བྱས་ཏེ་འགྲོ་ཀུན་བྱང་ཆུབ་སྙིང་པོར་འགོད་པའི་ཐུགས་དམ་གཡར་གྱིས་བཞེས་པ་ཟབ་མོ་ལྟ་བའི་ལུགས་ལས་འབྱུང་བ་འདིའི་དོན་ལས་མ་གཡེལ་བཞིན་དུ་རྗེས་ཟློས་རྣམས་རིམ་གྱིས་མཛད་པར་ཞུ། བྱང་ཆུབ་སྙིང་པོར་སོགས་ནས་རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་བརྗོད། དེས་བསླབ་པའི་གཞི་རྟེན་ཚུགས་ཤིང་ཕྱིར་མི་ལྡོག་པ་ཐེག་ཆེན་གྱི་

p. 267

གྲལ་དུ་ཚུད་པ་ཡིན་པས། དེང་ཕྱིན་ཆད་ཇོ་བོའི་ལུགས་ཀྱི་སྐྱབས་འགྲོའི་སྡོམ་པ་དང་སྨོན་འཇུག་གི་སྤང་བླང་ལ་ཚུལ་བཞིན་དུ་གཞོལ་བར་གྱིས་ཤིག །དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ལུས་གནད་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རླུང་རོ་དགུ་ཕྲུག་ཏུ་བསལ་མཛོད། འབུད་པ་དགུ་ཕྲུག་བྱེད་དུ་བཅུག །སླར་ལུས་གནད་དེ་ལས་མ་གཡོས་བཞིན་དུ་ངག་གི་གནད་སྟེང་འོག་གི་རླུང་ཁ་སྦྱོར་དུ་འཛིན་ཞིང༌། ཡིད་ཀྱི་གནད་བླ་མ་འབྲས་བུའི་དུས་ཀྱི་ཁྱབ་བདག་དྲི་བྲལ་རྡོ་རྗེ་འཆང་དུ་ཤེས་པའི་གོ་སར་ཁྱོད་རང་གཞི་དུས་ཀུན་གཞི་དྲི་བཅས་དེ་བཞིན་ཉིད་ཀྱི་རིག་གདངས་བཅོམ་ལྡན་འདས་ཧེ་རུ་ཀ་དཔལ་བདེ་བ་ཆེན་པོའི་སྐུ་དབང་པོའི་གཞུ་བཞིན་གསལ་བའི་དབུ་མར་མངའ་བདག་ཆེན་པོའི་ཐུགས་བཞེད་ཡང་གསང་ཨ་ཝ་དྷཱུ་ཏིའི་བླ་མའི་རྣལ་འབྱོར་འདི་བཞིན་གསལ་ཐོབ། ཨོཾ་ཤཱུ་

p. 268

ནྱ་ཏཱ་སོགས། ཕྱི་ནང་སྣོད་བཅུད་རང་བཞིན་སྟོང་པ་ལས། །འབྱུང་བཞི་རི་རབ་པད་ཉི་འཇིགས་དུས་སྟེང་། །སྐད་ཅིག་སློབ་མ་ལྷན་སྐྱེས་དཔའ་བོ་ནི། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལང་ཚོ་འབར། །རྡོ་རྗེ་རྣལ་འབྱོར་དམར་མོ་གྲི་ཐོད་འཛིན། །ཟུང་འཇུག་ཕྱག་དང་བརྐྱང་བསྐུམ་སྟབས་ཀྱིས་སྦྱོར། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་ཡི་ནང་དབུས་རྩ་གསུམ་མཐིང་དཀར་དམར། །འཁོར་ལོ་ལྔ་དང་བཅས་པ་དྭངས་ཤེལ་ལ། །ཁ་དོག་ཚོན་གྱི་རི་མོ་གསལ་བ་བཞིན། །སྒྲིབ་མེད་ནམ་མཁའི་འཇའ་ཚོན་ལྟ་བུར་བསྒོམ། །དབུ་མའི་རྩེ་མོ་ནོར་བུའི་ལྟེ་བ་རུ། །གདོད་ནས་མཁའ་ཁྱབ་ཆོས་སྐུ་རྡོ་རྗེ་འཆང༌། །མཐིང་གསལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལོངས་སྤྱོད་རབ་རྫོགས་སེང་ཁྲི་པདྨ་དང༌། །ཟླ་སྟེང་འོད་ཟེར་ཕུང་པོའི་དབུས་སུ་གསལ། །སྙིང་དབུས་རྩ་བའི་བླ་མ་རྡོ་རྗེ་

p. 269

འཆང༌། །སངས་རྒྱས་ཀུན་འདུས་མི་ཕྱེད་རྡོ་རྗེ་འཛིན། །མཐོན་མཐིང་ཡུམ་མཆོག་གསང་བ་ཡེ་ཤེས་དམར། །དར་དང་རུས་པ་རིན་ཆེན་སྣ་ཚོགས་བརྒྱན། །རྡོར་དྲིལ་གྲི་ཐོད་འཛིན་ཅིང་ཟུང་འཇུག་སྦྱོར། །པདྨ་ཉི་ཟླའི་སྟེང་དུ་གསལ་བར་བསྒོམ། །དེ་ནས་དབུ་མའི་ནང་དུ་ཡས་རིམ་བཞིན། །ཁ་གསབ་སྒྲུབ་བསྟན་སྣང་བྱེད་མ་ཏི་རཏྣ་ནི། །སྐུ་མདོག་དམར་སྨུག་བགྲེས་ཚུལ་ལྟ་སྟངས་ཧུར། །ལྕང་ལོའི་ཟ་འཕྱངས་རས་དཀར་བླ་གོས་གསོལ། །ས་གནོན་ཕྱག་རྒྱ་སྐྱིལ་ཀྲུང་ཕྱེད་པའི་སྟབས། །སྦས་པའི་རྣལ་འབྱོར་དབང་པོའི་མཚན་ཅན་ནི། །བགྲེས་ཉམས་གོས་དཀར་ཟླུམ་གསོལ་ལྕང་ལོ་གྲོལ། །རོལ་སྟབས་སེམས་ཉིད་ངལ་གསོའི་བཞུགས་སྟངས་མཛད། །གསང་བདག་རས་ཆུང་དངོས་སྣང་མངྒ་ལ། །སྒོམ་ཐག་ཨང་རག་རས་དཀར་བླ་གོས་འཁྱུད། །རྡོར་སྐྱིལ་མཉམ་བཞག་རས་

p. 270

ཞྭ་རྭ་གཟུགས་གསོལ། །དོན་བརྒྱུད་བཀའ་བབས་གདམས་པའི་མཛོད་འཆང་བ། །འཇིགས་མེད་ཆོས་ཀྱི་སེང་གེ་སྐུ་མདོག་དཀར། །པད་ཞྭ་ཟ་བེར་རས་དཀར་ཤམ་ཐབས་དང་། །ཆོས་གོས་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཕུར། །འཁོར་ལོས་མཚན་པ་སྡིགས་པའི་སྟབས་ཀྱིས་འཛིན། །ཕྱག་གཡོན་ཆོས་འཆད་ཕྱག་རྒྱའི་པད་སྡོང་རྩེར། །ཟབ་གསང་ཤེས་རབ་རལ་གྲི་པུ་སྟིས་མཚན། །ཞབས་ཟུང་རོལ་སྟབས་གཟི་བྱིན་འབར་བར་བཞུགས། །སྦས་པའི་རྣལ་འབྱོར་ནས་འདིའི་བར་མ་ཏི་རཏྣས་སོ། །མཆན། ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མ། །དཀར་མོ་རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས། །བྱ་རྒོད་ཐུལ་པ་དར་གྱི་ལྡིང་བེར་མནབས། །བཅུ་དྲུག་ཉམས་ལྡན་ཉི་ཟླའི་སྟེང་དུ་གསལ། །དོན་བརྒྱུད་ཆོས་ཀྱི་རྗེ་བཙུན་བསོད་ནམས་བཟང༌། །དམར་སྨུག་ཆོས་འཆད་མཉམ་བཞག་ཚེ་བུམ་བསྣམས། །

p. 271

གྲགས་པ་རྒྱལ་མཚན་དཀར་དམར་སྐྱབས་སྦྱིན་དང༌། །མཉམ་བཞག་ཕྱག་རྒྱས་སྡེ་སྣོད་གླེགས་བམ་འཛིན། །བཱིརྱ་ཤྲཱི་ས་གནོན་མཉམ་བཞག་རྒྱ། །སྔོ་བསངས་ཞི་བའི་ལྟ་སྟངས་ཚུལ་དུ་བཞུགས། །བློ་གྲོས་རྡོ་རྗེ་ཕྱག་གཉིས་ས་གནོན་རྒྱ། །དམར་གསལ་སྐུ་ཤ་རྒྱས་ཤིང་བརྗིད་པའི་ཉམས། །དེ་དག་རབ་བྱུང་ཆོས་གོས་རྣམ་གསུམ་དང༌། །སྒོམ་ཞྭ་སྨུག་དང་དམར་གསལ་སྣ་ཚོགས་གསོལ། །བྱང་ཆུབ་གཞོན་ནུ་སྔོ་བསངས་བསྒྲེས་པའི་ཚུལ། །སྐྱབས་སྦྱིན་དར་ལྗང་རླུང་རས་སྒོམ་ཞྭ་སྨུག །ལུས་མེད་རྡོ་རྗེ་གཞོན་ནུ་དཀར་དམར་མདངས། །རྡོ་རྗེ་ཐོད་ཆང་རས་གཟན་མཆིན་ཁ་བགོས། །འགྲོ་མགོན་རས་དཀར་སྐུ་མདོག་ཟླ་ལྟར་དཀར། །མཐང་གོས་དམར་པོ་རས་དཀར་བླ་གོས་འཆང༌། །མན་ངག་གླེགས་བམ་པད་སྣོད་བདུད་རྩིས་བལྟམས། །ཏི་ཤྲི་རས་པ་དཀར་སྔོན་ཆོས་འཁོར་

p. 272

རྒྱ། །མཐང་གོས་དམར་པོ་རླུང་རས་དཀར་པོ་གསོལ། །གསུམ་ཀས་ལྟ་བ་རབ་མཐོའི་པཎ་ཞྭ་མནབས། །ཐམས་ཅད་པད་ཟླར་སྐྱིལ་ཀྲུང་རོལ་པའི་སྟབས། །དེ་སྟེང་དར་མ་དབང་ཕྱུག་སྐུ་མདོག་དཀར། །ཆེ་བརྗིད་ཆོས་གོས་རྣམ་གསུམ་ཆོས་འཁོར་རྒྱ། །སྒོམ་ཞྭ་གསོལ་ཞིང་མི་གཡོ་སྐྱིལ་ཀྲུང་བཞུགས། །འཛམ་གླིང་གྲགས་པ་དྭགས་ཞུ་དགེ་སློང་ཆས། །མཉམ་བཞག་སྐྱིལ་ཀྲུང་ཞི་བའི་ལྟ་སྟངས་གཟིགས། །དེ་སྟེང་རིམ་བཞིན་མི་ལ་བླ་གོས་དཀར། །སྒོམ་ཐག་གསོལ་ཞིང་ངལ་གསོ་ཐོད་པ་བསྣམས། །མར་སྟོན་ཧུར་བག་དམར་སྨུག་ཁྲོ་བོའི་ཚུལ། །གོས་དཀར་བེར་དམར་ཟླུམ་གསོལ་ཕྱག་གནོན་ཕྱག །མཻ་ཏྲི་དཀར་དམར་པཎྜི་ཏ་ཡི་ཆས། །ཕྱག་གཉིས་ཆོས་འཁོར་ཐོད་པ་བདུད་རྩིས་གཏམས། །དེ་སྟེང་ཤ་བ་རི་པ་མདའ་གཞུ་འཛིན། །ཐོར་ཚུགས་རུས་རྒྱན་དར་གྱི་ཨཾ་རག་གསོལ། །ཀླུ་

p. 273

སྒྲུབ་སྙིང་པོ་དགེ་སློང་གཙུག་ཏོར་ལྡན། །ཀླུ་བརྒྱད་རྒྱབ་ཡོལ་དཀར་དམར་ཆོས་འཆད་མཛད། །དེ་སྟེང་གྲུབ་པའི་སྤྱི་མེས་ས་ར་ཧ། །ཨག་ཚོམ་དབུ་སྐྲ་དཀར་ཞིང་ཐོར་ཚུགས་ལྡན། །རུས་རྒྱན་ཨཾ་རག་སྨྱུག་མའི་མདའ་སྲོང་ཚུལ། །དེ་སྟེང་རྒྱལ་བའི་སྲས་པོ་སྒྲ་གཅན་འཛིན། །གསེར་མདོག་གཙུག་ཏོར་ལྡན་ཞིང་དགེ་སློང་ཆས། །ཆོས་གོས་གསུམ་གསོལ་རིན་ཆེན་པྲོག་ཞུ་མནབས། །བྱང་སེམས་བློ་གྲོས་རིན་ཆེན་སྐུ་མདོག་དཀར། །མཆོད་སྦྱིན་སྐྱབས་སྦྱིན་ལོངས་སྤྱོད་རྫོགས་པའི་ཆས། །པདྨ་ཉི་ཟླ་རི་དྭགས་ལྤགས་པ་སོགས། །རང་མཚམས་གདན་དང་འོད་ཀྱི་ཀློང་ན་བཞུགས། །སྟེང་གི་རྡོ་རྗེ་འཆང་ཆེན་མཐའ་བསྐོར་དང༌། །རྩ་གསུམ་བར་མཚམས་རྣམས་སུ་ཆོས་ཀྱི་རྗེ། །དེ་བཞིན་གཤེགས་པ་མ་ཏི་རཏྣ་དང༌། །སེངྒེ་འབུམ་པ་མགོན་པོ་ཡེ་ཤེས་ཞབས། །བསོད་ནམས་

p. 274

ཡེ་ཤེས་ཀུན་དགའ་སེངྒེ་དང༌། །རིན་ཆེན་བཟང་པོ་བསོད་ནམས་དབང་ཕྱུག་དང༌། །བཀྲ་ཤིས་དབང་ཕྱུག་ཆོས་ཀྱི་འོད་ཟེར་མཆོག །ཀུན་དགའ་སྙིང་པོ་ཀུན་དགའ་རྒྱ་མཚོ་དང༌། །བསྟན་འཛིན་བཟང་པོ་ཀརྨ་ཡེ་ཤེས་ཞབས། །དོན་དམ་སྙིང་པོ་ཨ་ཡུཿཏིཥྛ་དང༌། །ཚོགས་གཉིས་འོད་ཟེར་ལ་སོགས་ངེས་དོན་གྱི། །སྲས་དང་(སྤྲུལ་)གྲུབ་པའི་བརྒྱུད་པ་གསེར་གྱི་ཕྲེང༌། །ཚར་དུ་དངར་བ་ཐམས་ཅད་མཚན་དཔེར་ལྡན། །མཛེས་འཛུམ་ཞྭ་ཁྲ་ཆོས་གོས་རྣམ་གསུམ་གསོལ། །རྡོར་དྲིལ་པུ་སྟི་ཐོད་འཆང་ཆོས་འཆད་མཛད། །དར་གྱི་ཕོ་ལོང་གདིང་བ་པད་ཟླ་སོགས། །རང་འཚམས་གདན་ལ་འོད་ཕུང་འབར་བར་བཞུགས། །འོག་མིན་གནས་ནས་རང་འདྲ་སྤྱན་དྲངས་བསྟིམ། །དེ་ལྟར་བསྐྱེད་ཅིང་སློབ་དཔོན་ལ་མོས་གུས་བྱས་པས། ཐུགས་ཀའི་འོད་ཀྱིས་འོག་མིན་གྱི་གནས་དང༌། གྲུབ་པའི་གདན་

p. 275

ས་སོ་སོ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་ཁྱེད་ཅག་ལ་ཐིམ་པར་མོས་མཛོད། ཡེ་ཤེས་འབེབས་རྫས་བཏུལ་ལ་ཌཱ་དྲིལ་དབྱངས་དང་བཅས། ཨོཾ། ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་ཉིད། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང༌། །ཆུ་ཟླ་ལྟ་བུར་གར་དམིགས་དེར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །དེ་ལྟར་རབ་འབྱམས་བླ་མའི་དཀྱིལ་འཁོར་གྲངས་མེད་བྱོན་ཏེ་སྒོ་གསུམ་ལ་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་བརྟན་པའི་མོས་པ་མཛོད། ཛྙཱ་ན་ཏིཥྛ་བཛྲ། མེ་ཏོག་སྤྱི་བོར་བཀོད། དེ་དག་ལ་རྒྱུ་བསོད་ནམས་ཀྱིས་བསྐྱེད་པའི་

p. 276

མཆོད་སྤྲིན་ཡེ་ཤེས་ཀྱི་རོལ་མོ་མཐའ་ཡས་པས་མཆོད་པ་སོགས་ཚོགས་བསགས་ཡན་ལག་བདུན་པའི་དོན་འདི་ཉིད་གསལ་བཞིན་པས་རྗེས་ཟློས་མཛོད། དེ་དག་རྣམས་ལ་གདུང་ཤུགས་མོས་ཕྱག་འཚལ། །ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་པས་མཆོད། །རྟོག་ཚོགས་ཆོས་ཉིད་ཕུང་ཁམས་སྐྱེ་མཆེད་བཅས། །ཡེ་ཤེས་རོལ་པའི་འབྱོར་ཚོགས་ཇི་སྙེད་འབུལ། །དུས་གསུམ་མི་དགེའི་ལས་རྣམས་འགྱོད་པས་བཤགས། །འབྲལ་མེད་སྙིང་གི་དབུས་སུ་རྟག་བཞུགས་ནས། །འོད་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསམ་སྦྱོར་རྣམ་དག་དགེ་ལ་རྗེས་ཡི་རང༌། །དེ་དག་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །དེ་ནས་དབང་དངོས་བསྐུར་བ་ལ། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཞལ་ནས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་

p. 277

རྒྱུན་མི་འབེབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར། སྤྱིར་ན་སྲས་བཅས་རྒྱལ་བའི་བྱིན་རླབས་མ་ལུས་པ་འཇུག་པའི་སྒོ་གཅིག་པུ་ནི་དད་འདུན་ཁོ་ན་ཡིན་ཅིང༌། ཁྱད་པར་བཀའ་བརྒྱུད་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ་ཞེས་པ་ཡིན་པས། དེས་ན་སྐུ་བཞིའི་དབང་ཕྱུག་རྣམས་ཀྱི་རོལ་པ་ཆུ་ཟླ་ལྟ་བུར་མངོན་སུམ་སྣང་བར་ངེས་པས། ཐོག་མར་གོ་ཡུལ་ཙམ་དུ་མ་ལུས་པར་སྙིང་ནས་གསོལ་བ་འདི་ལྟར་ཕུར་ཚུགས་སུ་ཐོབ་ཅིག །སྙན་པའི་དབྱངས་ཀྱིས། ན་མོ་གུ་རུ། བདག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་བའི། །འཁོར་མེད་ཀྱི་དྲིན་མཐའ་གསོབ་དཀའ་ཡང༌། །ཡོན་ཏན་གྱི་ཆེ་བ་རྗེས་དྲན་ནས། །གདུང་ཤུགས་ཀྱི་མོས་གུས་འདི་བཟོད་མེད་འབར། །ཕ་ཐུགས་རྗེས་ཟུངས་ཤིག་རྡོ་རྗེ་འཆང༌། །

p. 278

རྗེ་བྱང་སེམས་བློ་གྲོས་རིན་ཆེན་དང༌། །མགོན་སྒྲ་གཅན་ཟིན་གཉིས་ཀླུ་སྒྲུབ་ཞབས། །དཔལ་ཤ་བ་རི་དང་མཻ་ཏྲི་པ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མར་མི་དང་དྭགས་པོ་བྱིན་རླབས་ཅན། །རྗེ་དར་མ་དབང་ཕྱུག་ཏི་ཤྲི་རས། །རས་དཀར་དང་ལུས་མེད་རྡོ་རྗེའི་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མཆོག་བྱང་ཆུབ་གཞོན་ནུ་བློ་གྲོས་མཚན། །རྗེ་བརྩོན་འགྲུས་དཔལ་དང་རླངས་{གླང་}རས་པ། །ཁྱེད་གྲུབ་པའི་ཁྱུ་མཆོག་གྲགས་པའི་མཚན། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །རྗེ་མ་ཏི་རཏྣ་བསོད་ནམས་བཟང༌། །མཆོག་གྲུབ་པ་བརྙེས་པའི་ཁྱུ་རྣམས་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གནས་ཨོ་རྒྱན་གྱི་གཙོ་མོ་རྣལ་འབྱོར་མ། །དོན་གཉིས་མེད་ནམ་མཁའི་རྣལ་

p. 279

འབྱོར་མཚན། །བྱིན་རླབས་ཀྱི་བརྒྱུད་པར་ཐུགས་བརྩེ་བས། །རྨི་ལམ་དུ་བརྡ་ཐབས་དང་རྟེན་འབྲེལ་གྱིས། །དོན་མ་ནོར་བའི་བརྒྱུད་པ་གཏད་མཛད་པའི། །དཔལ་ཌཱ་ཀི་བདེ་སྐྱོང་བཟང་མོ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དོན་མ་རྒྱུད་མཁའ་འགྲོའི་སྙིང་ཁྲག་གི །མཆོག་བྱིན་རླབས་བདུད་རྩིའི་མཛོད་འཆང་ཞིང༌། །བཀའ་བབས་ཀྱི་བརྒྱུད་པའི་སྲོལ་འཛིན་པ། །དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཁ་གསབ་དཔལ་གསང་བདག་དངོས་སྣང་མངྒ་ལ། །མཆོག་བརྟུལ་ཞུགས་གྲུབ་པ་དབང་པོའི་སྡེ། །མགོན་འཇམ་དབྱངས་བློ་གྲོས་རིན་ཆེན་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །འདི་མན་ཆོས་རྗེ་རིན་པོ་ཆེའི་གསུང་རྡོ་རྗེའི་ཚིག་སྟེ། མི་རྨོངས་པའི་ཚིག་ལ་སྙན་པའི་ངག །ཡིད་དད་པའི་

p. 280

སེམས་ཀྱིས་གསོལ་བཏབ་མཐུས། །དཔལ་སངས་རྒྱས་བསྟན་པ་དར་བ་དང༌། །ཆོས་རྒྱུན་དུ་གནས་པར་བྱིན་གྱིས་རློབས། །ཡུལ་དབེན་གནས་རྟག་ཏུ་བསྟེན་པ་དང༌། །གནད་སྒྲུབ་པ་མཐའ་རུ་སྐྱེལ་བ་ཡིས། །རྒྱུད་ཐུལ་ནས་གཞན་སྣང་ཀུན་ཚིམ་སྟེ། །དོན་འགྲོ་བ་འདྲེན་ནུས་བྱིན་གྱིས་རློབས། །བདེ་གསལ་ཉམས་རྒྱུད་ལ་སྐྱེ་བ་དང༌། །རང་རིག་པའི་ངོ་བོ་ཤེས་པ་ཡིས། །དུས་ཉིན་མཚན་སྤྱོད་ལམ་འབྲེལ་བ་དང༌། །ངར་ངེས་ཤེས་ལྡན་པར་བྱིན་གྱིས་རློབས། །སྒོམ་ཉམས་ལེན་མཁན་པོ་རང་སར་གྲོལ། །སྟོང་རིག་རྗེན་ནང་ནས་འཆར་བ་དང༌། །ཕྲ་རགས་ཀྱི་སྤུན་ཆ་རང་སར་དག །དོན་སྟོང་ཉིད་འགྱུར་མེད་བྱིན་གྱིས་རློབས། །ཉམས་སྣང་སྟོང་ཟུང་འཇུག་ནང་ནས་ཤར། །སེམས་རིག་བྱེད་ཤེས་པ་རང་སར་གྲོལ། །ཆོས་གཉུག་མའི་རང་ས་རྒྱུན་དུ་ཟིན། །མཆོག་མཉམ་རྗེས་གཅིག་

p. 281

འདྲེས་བྱིན་གྱིས་རློབས། །ཉིན་མཚན་མོའི་རྨི་ལམ་གདོད་ནས་དག །བསྒོམ་བྱ་དང་སྒོམ་བྱེད་ཞེན་པ་བྲལ། །ལམ་འཁོར་འདས་ཆོས་རྣམས་གཅིག་ཏུ་འཛོམས། །འབྲས་སྐུ་བཞི་ལྷུན་གྲུབ་བྱིན་གྱིས་རློབས། །ཆོས་ཕྲིན་ལས་ཀུན་གྱི་ཆེ་བ་ཡིས། །གནས་འཁོར་བ་མཐའ་རུ་སྐྱེལ་བ་དང༌། །ལས་ཆེད་དུ་མ་བྱས་ཀྱང་གཞན་སྣང་ཚིམས། །དེ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དོན་བརྒྱུད་པ་ལ་གསོལ་བཏབ་བྱིན་རླབས་ཀྱིས། །བདག་ཅི་བྱས་ཆོས་སུ་འགྲོ་བ་དང༌། །ཅི་བསམ་པ་ཆོས་བཞིན་ལྷུན་གྲུབ་ནས། །དཔལ་སྐུ་ལྔ་དབྱེར་མེད་མྱུར་འགྲུབ་ཤོག །ཅེས་དང༌། ན་མོ། དུས་གསུམ་རྒྱལ་དང་རྒྱལ་སྲས་འདུས་པའི་སྐུ། །རྩ་གསུམ་ཆོས་དང་དགེ་འདུན་མ་ལུས་པ། །ཀུན་འདུས་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པ་ཡི། །སྐྱབས་ཀྱི་སྙིང་པོ་རྩ་

p. 282

བའི་བླ་མ་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་དུས་འདིར་སྩོལ། །ལོང་མེད་དྲན་ཞིང་དགེ་སྡིག་བླང་དོར་བརྩོན། །དམ་ཚིག་ལ་གནས་ས་ལམ་རིམ་པར་རྫོགས། །འབྲས་བུ་བླ་མའི་ཐུགས་དང་དབྱེར་མེད་ཤོག །ཅེས་དང༌། ཁྱད་པར། དྲིན་ཆེན་རྩ་བའི་བླ་མ་ལ། །བཟོད་མེད་སྙིང་ནས་གསོལ་བ་འདེབས། །བདག་རྒྱུད་དམ་པའི་ཆོས་དང་མཐུན། །འཁྲུལ་མེད་ངོ་བོ་རྟོགས་པར་མཛོད། །ཁྱད་པར་རང་སེམས་གསལ་སྟོང་འདི། །སྣ་ཚོགས་སྤྲུལ་སྐུའི་རོལ་པ་སྟེ། །མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ། །སྐྱེ་མེད་ཆོས་སྐུར་རྟོགས་པ་དང༌། །བྱིན་རླབས་རྒྱུད་ལ་མྱུར་འཕོས་ནས། །འོད་གསལ་ཕྱག་རྒྱ་ཆེན་པོའི་དོན། །ད་ལྟ་འཆར་བར་མཛད་དུ་གསོལ། །མྱུར་དུ་འཆར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བླ་སློབ་གཉིས་ཀས་གདབ། དེ་ནས་འབྲུ་

p. 283

སྣོད་སྦ་ལྕག་གིས་བསྐུལ་བཞིན་པ་སློབ་མའི་སྤྱི་བོར་འཛིན་ལ། འོ་ན། ད་ཁྱོད་ལ་ཡེ་ནས་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་རྐྱེན་དུ་འཇུག་པས། ཅིར་སྣང་ཆོས་སྐུར་ཤར་བའི་རྣལ་འབྱོར་པ་ང་ཡིས་བྱིན་རླབས་མངོན་སུམ་འཕོ་བའི་རྟེན་འབྲེལ་ཞིག་བྱ་ཡི། བུ་མོས་གུས་ལ་སྒྲིམས་ཤིག །དེ་ཡང་ཆོས་ཀྱི་དབྱིངས་ཡེ་ཤེས་སྟོང་པ་ཆེན་པོའི་མཚོན་བྱ་རིན་པོ་ཆེའི་སྣོད་ཁོར་ཡུག་གཅིག་ཏུ་འཁྱིལ་བའི་ནང་དུ། ཆོས་ཅན་རིག་པ་རང་བྱུང་གི་བླ་མ་སྐུ་བཞིའི་ས་བོན་དམ་པར་གྱུར་པས་ཕྱུར་བུར་བཀང་ནས། སྐུལ་བྱེད་དམ་ཚིག་རྡོ་རྗེའི་རྟེན་འབྲེལ་གྱིས་རེག་པས། ཀུན་གཞི་མཉམ་ཉིད་ཆེན་པོའི་ཞིང་སར་རྡོ་རྗེ་བཞིའི་ས་བོན་ཕེབས་ཏེ་གཉིས་སྣང་གི་ཆོས་ཐམས་ཅད་སྐུ་བཞིའི་འབྲས་བུར་སྨིན་པར་བྱེད་པ་ཡིན་པས་དོན་གོ་བར་གྱིས་ལ་རྩ་བའི་བླ་མའི་ཚོམ་བུའི་དཀྱིལ་འཁོར་ཐམས་ཅད་རིམ་

p. 284

གྱིས་འོད་དུ་ཞུ་ནས་སྙིང་གའི་རྡོ་རྗེ་འཆང་ལ་འདུས་པར་མོས་ཤིག །ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་ཏེ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་དང༌། ལོངས་སྐུ་བདེ་གཤེགས་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས་ཤིག །ཁྱད་པར་ཡེ་ཤེས་ཀྱི་དགོངས་པ་གཏད་པ་ཙམ་གྱིས་བྱིན་རླབས་མངོན་སུམ་དུ་འཕོ་བར་ནུས་ཤིང༌། མོས་གུས་ཕུལ་བའི་སྐད་ཅིག་མ་དེར་བྱིན་གྱིས་བརླབས་པའི་གཡར་དམ་ཅན་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་དགོངས་པ་དུས་ལས་མི་གཡོ་བར་ད་ལྟ་ཉིད་དུ་སྐལ་ལྡན་སློབ་མའི་རྒྱུད་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཕྱིན་ཅི་མ་ལོག་པ་འཕོ་བར་མཛད་དུ་གསོལ། སྒྲིབ་གཉིས་བག་ཆགས་ཕྲ་མོའི་ནོངས་པ་འདི་ཉིད་མྱུར་བ་ཉིད་དུ་བྱང་

p. 285

ཞིང་སྒྲིབ་བྲལ་མཁྱེན་པའི་ཡེ་ཤེས་ཐོགས་མེད་དུ་འཆར་བར་མཛད་དུ་གསོལ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲིབ་གཡོགས་དང་བྲལ་བར་ལྷང་ངེར་མཐོང་ཞིང་སྐྱེ་འཆི་འགྲོ་འོང་མེད་པའི་དགོངས་པ་མངོན་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། མྱུར་བ་ཉིད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། སྟན་ཐོག་འདི་ཉིད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ཅིང་མཉམ་པར་བཞག །འོ་དེས་བྱིན་རླབས་ཅན་གཞན་གྱི་ཐུགས་རྒྱུད་བསྐུལ་ཞིང་དགོངས་པ་གཏད་པའོ། །ད་ནི་ང་ཉིད་དྲི་བྲལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ངོ་བོ་ངོས་བཟུང་དང་བྲལ་བའི་བདེ་བ་ཆེན་པོ་རྣམ་པ་རྡོ་རྗེ་འཆང་དུ་ཤར་བ་ཡིན་པས། ཁྱོད་ལ་ཀུན་རྫོབ་ཀྱི་དབང་རྫས་ལ་མ་ལྟོས་

p. 286

པར་དོན་དམ་སྐུ་གསུང་ཐུགས་ཀྱི་གནས་ལ་བརྟེན་ནས་དབང་བཞི་བསྐུར་བ་ཡིན་ཏེ། དེ་ཡང་བདག་གི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བའི་ཞུན་མ་ལྟ་བུ་འཕྲོས་ནས་ཁྱོད་རང་གི་དཔྲལ་བར་ཐིམ་པས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་ཅིང་ལམ་བསྐྱེད་པ་ལྷའི་གསལ་སྣང་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས་པར་མོས་ཤིག །ཡང་བདག་གི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་མར་མེའི་རྩེ་མོ་ལྟ་བུ་འཕྲོས་ནས་ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག་ཅིང་སྒྱུ་ལུས་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་པར་མོས་ཤིག །ཡང་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་སྤོས་རེངས་ཀྱི་དུད་པ་ལྟ་བུ་འཕྲོས་ཏེ་ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་

p. 287

ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་ཅིང་ལམ་བདེ་གསལ་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱས་པར་མོས་ཤིག །ཡང་བདག་གི་གསང་བ་གསུམ་ལས་དཀར་དམར་མཐིང་གསུམ་གྱི་འོད་ཟེར་འཇའ་ཚོན་ལྟ་བུ་འཕྲོས་ཏེ་ཁྱོད་རང་གི་སྒོ་གསུམ་ལ་ཐིམ་པས་ཚིག་དབང་རིན་པོ་ཆེ་ཐོབ། ཆ་སྙོམས་ཀྱི་སྒྲིབ་པ་དག་ཅིང༌། ལམ་ཕྱག་རྒྱ་ཆེན་པོ་འཁོར་འདས་དབྱེར་མི་ཕྱེད་པ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པར་མོས་ལ་རང་བབས་སུ་ཞོག་ཅིག །སླར་ཡང་ནཱ་རོ་པ་ཆེན་པོའི་སྙན་བརྒྱུད་ལས་འབྱུང་བའི་ཟབ་མོ་བརྡའི་དབང་བཞི་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ། དེ་ཡང་སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱའི་ཞལ་ནས། ངས་ཟབ་མོ་བརྡ་ཡི་དབང་བཞི་ཞུས། །ཞེས་གསུངས་པ་ལྟར། རྗེ་བཙུན་ནཱ་

p. 288

རོ་པཎ་ཆེན་གྱི་ཁྱད་ཆོས། ཡང་དག་དོན་གྱི་གནད་གསང་ཐམས་ཅད་བརྡ་ཙམ་དང་མཚོན་པ་ཙམ་གྱིས་ངོ་སྤྲོད་པ་ཞིག་ཡིན་པས། བུ་ཡིས་ཚུལ་རྣམས་ལེགས་པར་གོ་བར་གྱིས་ལ་ང་ལ་སྨྲོས་ཤིག །གྲུབ་ཆེན་རིན་པོ་ཆེས་མཛད་པའི་དཔེ་ལྟར་ངོ་སྤྲད། ཟུར་གསལ་ཕྱག་ཆེན་བརྡ་བཞིའི་དབང་བསྐུར། མཆན། འོ། དེ་ཐམས་ཅད་རྨད་དུ་བྱུང་བའི་ཐབས་མཆོག་ཁྱད་པར་ཅན་ཡིན་པས། བུ་ཡིས་དོན་གོ་བ་བཞིན་དུ་ཉམས་སུ་ལོངས་ཤིག །ད་ཁྱོད་ལ་དཔེ་ཡིས་མཚོན་དུ་མེད་ཅིང༌། དོན་བརྗོད་པའི་ཡུལ་དང་བྲལ་བའི་དབང་དོན་ཁྱད་པར་ཅན་ཞིག་ངོ་སྤྲད་ཀྱི་མ་ཡེངས་པར་ཉོན་ཅིག །ཚུལ་དེ་ཡང་ཆོས་རྗེ་བསོད་ནམས་བཟང་པོའི་ཞལ་ནས། འདུས་བྱས་དབང་ལ་གྲངས་མང་ཡང༌། །མ་བཅོས་པ་ཡི་སེམས་ཉིད་འདྲ། །ཞེས་གསུངས་པ་ལྟར་ཏེ། སྔོན་ཁྱོད་ལ་དབང་བསྐུར་བྱ་དང་སྐུར་བྱེད་གཉིས་སུ་བཤད་ཀྱང༌། དོན་དུ་ཁྱོད་རང་གི་

p. 289

གཉིས་སྣང་རྟོག་པའི་དྲི་མ་སྦྱོང་ཚུལ་ཙམ་ལས་མ་འདས་ཤིང༌། གསེར་དང་གསེར་གྱི་ཁ་དོག་ལྟ་བུར་གྱུར་པས། ང་ཉིད་དྲན་པས་ཁྱོད་ཀྱི་འདུ་ཤེས་མེད་ཅིང༌། ཁྱོད་རང་དྲན་ཙ་ན་ང་དྲན་པ་པོ་དེ་མེད་པའི་ཕྱིར། ཁྱོད་ཀྱི་ཀུན་གཞིའི་ཡེ་ཤེས་འབྲས་བུའི་བླ་མ་ཧེ་རུ་ཀ་དཔལ་ཡིན་པར་ངེས་པས་ཚངས་པའི་ལམ་ནས་མར་བྱོན་ཏེ། སྙིང་གའམ་རྒྱུའི་ཁྱབ་བདག་རྡོ་རྗེ་འཆང་དེར་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པར་སོམས་ལ་དེ་ཀ་མར་དུས་གསུམ་གྱི་སྤྲོས་པས་མ་བསླད་པར་རང་བབས་ལྷུག་པར་ཞོག་ཅིག །ཡུན་རིང་མཉམ་པར་བཞག་ལ། འོ། དེ་ལྟའི་ཤེས་རིག་རྗེན་པ་སྨྲར་མི་བཏུབ་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་ཤེས་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བ་ངའི་དགོངས་པ་ཆོས་སྐུ་སྐྱེ་བ་མེད་པ་འོད་གསལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་སྒྲ་བོ་ཆེ་དེ་ཡིན་པས་དུས་རྟག་ཏུ་དྲན་ཤེས་

p. 290

ཀྱིས་རྒྱུན་བསྲིངས་ལ་སྣང་སྟོང་གཉིས་སུ་མེད་པའི་ཆོས་སྐུ་མངོན་དུ་བྱོས་ཤིག །དེ་ལྟར་ཐབས་དང་རྟེན་འབྲེལ་ཟབ་མོས་མངོན་དུ་བྱས་པའི་ཡེ་ཤེས་དེ་ཉིད་ནམ་དུ་ཡང་ཉམས་པར་མི་འགྱུར་ཞིང་རྒྱུད་ལ་བརྟན་པའི་ཆེད་དུ་གཟུངས་སྔགས་ཀྱིས་ནུས་པ་བསྐྱེད་པའི་མེ་ཏོག་འཐོར་ཞིང་མར་པ་ཆོས་ཀྱི་བློ་གྲོས་ཀྱི་གསུང་བྱིན་རླབས་ཅན་གྱི་ཤིས་པ་བརྗོད་པས། དབྱིངས་ནས་རྩ་གསུམ་རྒྱ་མཚོས་བདེན་པའི་སྟོབས་བསྐྱེད་ཅིང་མེ་ཏོག་གི་ཆར་བསྙིལ་བར་མོས་ཤིག །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ང་ཡི་བརྒྱུད་པ་རིན་ཆེན་འདི་ཉིད་ལ། །ཉེས་ལྟུང་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །གདམས་ངག་ཟབ་མོའི་ཉེ་ལམ་ལ། །ནོར་འཁྲུལ་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ང་རང་མར་པ་ལོ་ཙཱ་ལ། །ཟབ་མོ་གནད་ཀྱི་བཀྲ་ཤིས་

p. 291

ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བླ་མ་ཡི་དམ་མཁའ་འགྲོ་ལ། །བྱིན་རླབས་དངོས་གྲུབ་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་ཆེན་སློབ་མའི་འཁོར་ཚོགས་ལ། །དད་པ་དམ་ཚིག་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཡོན་བདག་ཡུལ་མི་ཉེ་རིང་ལ། །མཐུན་རྐྱེན་ཚོགས་གསོག་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ལས་དང་བྱ་བ་ཐམས་ཅད་ལ། །འགྲོ་དོན་བྱང་ཆུབ་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ཆད་མདོ་བཙན་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །འདིར་ཚོགས་ཁྲོམ་གྱི་ལྷ་མི་ལ། །བདེ་སྐྱིད་སྨོན་ལམ་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་ཐུན་མོང་

p. 292

གདུལ་བྱའི་སྤྱོད་ཡུལ་དུ་མི་གནས་ཤིང༌། ཐུན་མིན་དབང་རབ་ཀྱི་སྐལ་ལྡན་སྔོན་སྨོན་ཅན་ལ་གཏད་པར་བྱ་བའི་ཆོས། བཀའ་བརྒྱུད་གྲུབ་བརྙེས་གོང་མའི་ཐུགས་ཀྱི་ནོར་བུ་མཐར་ཐུག་པ་འདི་ཉིད་ཁྱོད་ལ་གཏད་པ་ཡིན་པས། དེང་ཕྱིན་ཆད་འཁོར་བའི་འདམ་རྫབ་དང༌། རྣམ་གཡེང་གི་དྲི་མས་མ་བསླད་པར་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་འདེགས་ཤིང༌། ཤིན་ཏུ་དབེན་པའི་ལྷུན་པོར་བསྒྲེངས་ནས་ལྷར་བཅས་དགའ་བ་སྐྱེད་པའི་བྱ་བས་རང་གཞན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །ཅེས་པས་རྗེས་སུ་གདམས་ཤིང་སློབ་མས་ཀྱང་རི་མཚམས་འདག་སྦྱར་སོགས་སྒྲུབ་པའི་མཎྜལ་གྱི་དམ་བཅའ་ཕུལ། འོ། སྒྲུབ་པའི་དམ་བཅའ་མཛད་པ་ལ་བདག་ཉིད་ཀྱང་དགའ་བ་ཆེན་པོས་རྗེས་སུ་ཡི་རང་ཞིང༌། བསམ་པ་ཆུད་མི་ཟ་བའི་ཆེད་དུ་རྡོ་རྗེ་ཐེག་པའི་སྨོན་ལམ་དང༌། འབྲས་བུ་ཟད་མེད་ཀྱི་གཏེར་དུ་སྦས་པའི་

p. 293

བསྔོ་བ་འདི་ཉིད་ལྷན་གཅིག་ཏུ་གསུང་འཚལ། སྐྱེ་བ་ཀུན་ཏུ་རིགས་བདག་མི་འཆོལ་ཞིང༌། །བཅོམ་ལྡན་དྲག་པོའི་དཀྱིལ་འཁོར་འཛིན་བཞིན་དུ། །ཤེས་རབ་པདྨོའི་བདུད་རྩི་འཐུང་བྱེད་ཅིང༌། །བྱང་ཆུབ་སྙིང་པོར་སྲིད་པ་དག་བགྱིད་ཤོག །འཇམ་དཔལ་དཔའ་བོས་སོགས་བརྗོད་ཅིང༌། ཚོགས་ཀྱི་དགའ་སྟོན་དང་ཆོས་ཀྱི་གླུ་བྲོ་མན་ངག་གི་རྒྱབ་སྐྱོར་ཞིབ་རྒྱས་སུ་བྱ། ཆོས་འདི་བརྒྱུད་པ་ཟིན་ངེས་པའི་སློབ་མ་ལ་ཆིག་བརྒྱུད་དམ། སུམ་ཆོས་ཙམ་ལས་མང་བར་སྤེལ་བ་ཤིན་ཏུ་འཕང་ངོ༌། །སྨྲས་པ། སྦྱངས་སྟོབས་དམན་ཡང་སྔོན་སྨོན་དག་པའི་མཐུས། །ཟབ་མོའི་གནད་ཁྲོལ་དག་སྣང་ཅུང་ཟད་ཐོབ། །གྲུབ་བརྙེས་དུ་མའི་ཐུགས་ཀྱིས་རྗེས་བཟུང་ཕྱིར། །བབ་བཅོལ་མ་ཡིན་བྱིན་རླབས་ཚན་ཀ་ཡོད། །རྗེས་འཇུག་སྐལ་ལྡན་བསྟན་པའི་བཙས་སུ་བཞག །མོས་གུས་ཕུལ་བྱུང་རྣམས་ཀྱི་སྙིང་ནོར་མཛོད། །ཐ་སྙད་མཁན་གྱིས་བཞད་གད་མཛད་ན་ཡང༌། །དགེ་འདིས་སྙིང་པོའི་བསྟན་པ་འཕེལ་རྒྱས་ཤོག །ཅེས་པ་འདི་ནི་རང་གི་དག་སྣང་དང་བསྟུན་ཏེ་དཔལ་ལྡན་འབའ་རོམ་པའི་གསེར་ཆོས་ཟབ་མོ་སྐལ་ལྡན་རྣམས་ལ་སྤེལ་བའི་སྐབས་སུ། བུ་གཡུ་སྙིང་འོད་ཟེར་ནས་མཚན་ལྡན་དངོས་གྲུབ་ཀྱི་སྣོད་རྟེན་འབྲེལ་རྫས་ཀྱིས་བཀང་ནས་བསྐུལ་བ་དང༌། གཞན་ཡང་བཀའ་བརྒྱུད་བཀྲ་ཤིས་སོགས་ཀྱིས་ནན་དུ་བསྐུར་བའི་ངོར་༧མཁའ་

p. 294

འགྲོའི་དབང་ཕྱུག་དཔལ་འཇིགས་མེད་ཆོས་ཀྱི་སེང་གེས་གྲུབ་པའི་བསྟི་གནས་སྤྱི་འབྱམས་སེང་ཧ་རྫོང་ནས་སྤེལ་བའི་ཡི་གེ་པ་ནི་མངྒ་ལ་སྟེ་བཀའ་རྒྱ་དམ་པོར་བྱ་བ་གནད་དུ་ཆེའོ།། །།

ལྷན་ཅིག་སྐྱེས་མ་རྣལ་འབྱོར་མ་ཡི་ཕྱག་རྒྱ་ཆེན་པོ་བརྡ་བཞིའི་དབང་། བློ་གྲོས་རིན་ཆེན།

p. 295

༄༅། །ལྷན་ཅིག་སྐྱེས་མ་རྣལ་འབྱོར་མ་ཡི་ཕྱག་རྒྱ་ཆེན་པོ་བརྡ་བཞིའི་དབང་བཞུགས་སོ། །

p. 296

ན་མོ་ཤྲཱི་མ་ཧཱ་གུ་རུ་ས་ཏྭ་ཛྙཱ་ན་ཡོ་གི་ནཱི་ཡེ། གང་ཞིག་དངོས་པོ་མེད་ཅིང་གཞན་དང་གཞན་ཅེས་རྣམ་དཔྱད་མིན་ཞིང་གང༌། །ཤེས་དང་གཞན་གྱུར་དོན་གང་ཚུལ་གྱིས་བྱེད་པོ་གང་དག་དེ་རྙེད་ཅེས་དངོས་མཐོང་དང་ཤེས། །རལ་གྲི་རྡོ་རྗེ་མ་ཡིན་གང་ཕྱིར་རང་བྱུང་རྣམ་དག་རྣམ་སྨིན་སྨྲས་ཀྱི་[རིག་]རལ་གྲི། །ཕྱིར་ཏེ་བརྡ་བྱང་མིན་ཆོས་གང་ལ་གུས་པར་ཕྱག་འཚལ་ཀྱང་ནི་རྫུན་ཏེ་ཕྱིར། །དེ་ལྟ་མོད་དེ་ར་རིའི་གྲོང་ཆེར་གཡོས། །མངོན་སུམ་གཟིགས་ཏེ་ཇི་བཞིན་རྣམ་འབྱེད་མཛད། །ཀུན་ལས་རྨད་བྱུང་དོན་བཞིན་སྟོན་བྱེད་པ། །ཏཻ་ལོའི་བྱིན་རླབས་བཀའ་བརྒྱུད་ལས་བྱུང་བཤད། །དེ་ལའང་གསང་བ་བླ་ན་མེད་པ་མཐའ་དག་གི་སྙིང་པོའི་ཡང་སྙིང་

p. 297

བླ་ན་མེད་པ། གསང་བ་ལས་ཀྱང་ཡང་གསང་དམ་པར་གྱུར་པ། མཆོག་གི་དབང་པོ་རྨད་དུ་བྱུང་བའི་སྐྱེས་བུ་དམ་པ་དག་ལ། དོན་དམ་དངོས་རང་ཐོག་ཏུ་སྨིན་པར་བྱེད་པ་ལྷན་ཅིག་སྐྱེས་སྦྱོར་མའི་བརྡ་བཞིའི་དབང་ཀུན་དང་ཐུན་མིན་ཏེ། བདག་ཉིད་ཆེན་པོ་ཆོས་རྗེ་བཀའ་བརྒྱུད་རྒྱལ་བའི་དབང་པོ་རྣམས་ཀྱི་ཞལ་ནས་ཞལ་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་འདི་ཡིན་ནོ། །དེ་ལྟ་བུའི་དབང་བསྐུར་བ་ནི་བླ་མ་དམ་པ་མཆོག་གིས་སློབ་མ་སྦྱངས་པ་དཔག་ཏུ་མེད་པའི་མཐུ་སྟོབས་

p. 298

རྒྱས་ཤིང་རིགས་སད་པར་ཐོགས་པ་མེད་པ་དག་གམ། ཚེ་རབས་ཀུན་ནས་སྨོན་ལམ་གྱིས་འབྲེལ་བའི་རྟེན་འབྲེལ་འཛོམས་པ་དེ་ཉིད་ལ་བསྐུར་བར་བྱའོ། །རིགས་དང་ལྡན་པའི་སློབ་མ་དེ་ལ། དཔལ་རྡོ་རྗེ་འཛིན་པ་ཆེན་པོ་དེས་ཕྱོགས་ཀུན་ཏུ་གཟིགས་ཤིང་རང་ཉིད་ལ་གཟིགས་ཏེ་གོའམ་བྱའོ། །སློབ་མས་ཆོས་ཐམས་ཅད་བླ་མའི་སྐུ་ཡིན་པར་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་དེ་དེ་ལྟར་ཡིན་ནོ་རིགས་ཀྱི་བུ། །དེ་ནི་བུམ་པའི་དབང་དུ་འདོད། །ཅེས་གསུངས་པར། སློབ་མས་དེ་ལྟར་དུ་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་བླ་མས་རང་ལ་གཟིགས་ཤིང་སློབ་མའི་སྙིང་གར་གཅེར་གྱིས་བལྟས་ཏེ་གོའམ་བྱ། སློབ་མས་རང་གི་སེམས་ཉིད་ཡིན་ཅེས་པར་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་དེ་དེ་ཡིན་ནོ་རིགས་ཀྱི་བུ། །དེ་ནི་གསང་བའི་དབང་དུ་འདོད། །ཅེས་གསུངས་པར། སློབ་མས་དེ་ལྟར་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་བླ་

p. 299

མས་ནམ་མཁའ་ལ་ཁྲོལ་གྱིས་བལྟས་ཏེ་གོའམ་བྱ། སློབ་མས་སེམས་ཉིད་རང་བཞིན་གྱིས་སྟོང་པ་ནམ་མཁའ་ལྟ་བུ་ཡིན་ཅེས་པར་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་དེ་དེ་ཡིན་ནོ་རིགས་ཀྱི་བུ། །དེ་ནི་ཤེས་རབ་དབང་དུ་འདོད། །ཅེས་གསུངས་པར། སློབ་མས་དེ་ལྟར་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་བླ་མས་རང་བབ་མ་བཅོས་རྩོལ་མེད་དུ་ཁྲོལ་གྱིས་བཞག་སྟེ་གོའམ་བྱ། སློབ་མས་སྟོང་ཉིད་ཕྱག་རྒྱ་ཆེན་པོ་རང་བཞིན་གྱིས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པ་ཡིན་ཞེས་པར་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་དེ་དེ་བཞིན་ནོ་རིགས་ཀྱི་བུ། །དེ་ནི་བཞི་པའི་དབང་དུ་འདོད། །ཅེས་གསུངས་པར། སློབ་མས་དེ་ལྟར་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་བླ་མས་བརྡ་བཞི་བསྟན་པ་ནི། དང་པོ་ཡིད་བཞིན་ནོར་བུ་རང་གི་སྤྱི་བོར་བཞག་སྟེ་གོའམ་བྱ། སློབ་མས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་རིན་པོ་ཆེ་སྤྱི་

p. 300

བོར་རྟག་ཏུ་མི་འབྲལ་བར་སྒོམས་ཤིག་ཅེས་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་ཞལ་འཛུམ་པས་གཟིགས། སློབ་མས་དེ་ལྟར་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་བླ་མས་མདའ་གཞུ་གཅིག་བསྟན་ལ་གོའམ་བྱ། སློབ་མས་ཐབས་ཤེས་ཟུང་དུ་སྤྱོད་ཅེས་པར་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་ཞལ་འཛུམ་པས་གཟིགས། སློབ་མས་དེ་ལྟར་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་བླ་མས་ཕག་པའི་དབུ་གཅིག་བསྟན་ལ་གོའམ་བྱ། སློབ་མས་གདོད་མ་ནས་སྟོང་ཉིད་སྙིང་རྗེ་ལྷུན་གྱིས་གྲུབ་པའོ་ཞེས་པར་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་ཞལ་འཛུམ་པས་གཟིགས། སློབ་མས་དེ་ལྟར་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་བླ་མས་སྣ་ཚོགས་རྡོ་རྗེ་གཅིག་བསྟན་ལ་གོའམ་བྱ། སློབ་མས་ཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་བའི་དོན་གྱིས་ཤིག་ཅེས་པར་གོ་ལགས་ན་དམ་པ་ཞེས་གསོལ་བར། བླ་མས་ཞལ་འཛུམ་པས་གཟིགས། སློབ་མས་

p. 301

དེ་ལྟར་ངོ་ཤེས་ཐག་ཆོད་པའི་ངེས་ཤེས་བརྟན་པར་བྱའོ། །དེ་ལྟར་སྐལ་པ་དང་ལྡན་པ་དག་ལ་ཕྱག་རྒྱ་ཆེན་པོ་བརྡ་བཞིའི་དབང་རྫོགས་པར་བསྐུར་བ་ཡིན་ནོ། །ཀྱེ་ཧོ། བསོད་ནམས་ཟླ་མེད་མཚུངས་མེད་མཉམ་མེད་མཇལ། །ལས་འཕྲོ་ཟླ་མེད་སྙན་བརྒྱུད་ཆོས་དང་འཕྲད། །སྨོན་ལམ་ཟླ་མེད་སྒྲུབ་པ་བསམ་བཞིན་འགྲུབ། །ཕྲིན་ལས་ཟླ་མེད་སྲིད་ཞིའི་མཐའ་མཉམ་འགྱུར། །ཨེ་མ་ངོ་མཚར་ཟབ་ལམ་བདུད་རྩིའི་ཐིགས། །ཀུན་ལ་ཡོད་ན་མཁས་པའི་མཚན་ཉིད་བྲལ། །དམ་པར་སྦྱིན་ལ་ཚུལ་བཞིན་ཉམས་སུ་ལོངས། །དོན་གཉིས་དཔལ་འབྱོར་ཐོགས་པ་མེད་པར་ངེས། །ཟབ་ལམ་དྲི་མེད་ཡི་གེར་མི་འོས་ཀྱང༌། །གཞན་ཕན་སེམས་ཀྱིས་བྲིས་པར་ནོངས་སྲིད་ན། །བླ་མ་མཁའ་འགྲོས་བཟོད་འཚལ་དགེ་བའི་མཐུས། །སྐལ་ལྡན་དོན་གཉིས་ལྷུན་གྲུབ་འབར་གྱུར་ཅིག །ཅེས་ཕྱག་རྒྱ་ཆེན་པོ་བརྡ་བཞིའི་དབང༌། གོང་མ་རྣམས་ཀྱི་གསུང་བཞིན་དུ་ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐུ་དྲིན་ལས། མི་ཉག་རྣལ་འབྱོར་བློ་གྲོས་རིན་ཆེན་གྱིས་སྦྱར་བའོ། །ཨྠྀི།། །།

བདེ་མཆོག་ལྷན་སྐྱེས་ཀྱི་དབང་ཆིངས་མདོར་བསྡུས་བྱིན་རླབས་ཆུན་པོ། མ་ཏི་རཏྣ།

p. 302
p. 303

༄༅། །བདེ་མཆོག་ལྷན་སྐྱེས་ཀྱི་དབང་ཆིངས་མདོར་བསྡུས་བྱིན་རླབས་ཆུན་པོ་བཞུགས་སོ། །

p. 304

ཨོཾ་སྭ་སྟི། བདེ་མཆོག་ལྷན་སྐྱེས་ཀྱི་དབང་བསྐུར་བྱ་བར་སྤྲོ་ན། སྦྱོར་བ་ནི་ཆོ་ག་གཞུང་གི་བཤམས་བཀོད་ཀྱིས་འཐུས་པར་བྱེད་ལ། འདོན་བྱ་སྔོན་དངོས་བཅས་གྲུབ་རྗེས་བདག་འཇུག་བླངས། ཚོགས་དང་བསྐང་བ་བཅས་འགྲུབ་པར་བྱའོ། །གཉིས་པ་ལ་སྦྱོར་དངོས་གཉིས་ལས། སློབ་མ་རྣམས་སྒོ་དྲུང་དུ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། སྔོན་གཏོར་བཏང་ལ་བགེགས་བསྐྲད་མཚམས་སྲུང་བྱ། མཎྜལ་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་པ་ཅི་རིགས་མཐར། དེ་ལ་རྒྱུད་སྡེ་བཞིའི་མཐར་ཐུག་པ་བླ་མེད་མ་རྒྱུད་ཧེ་རུ་ཀའི་རིགས་རྣལ་འབྱོར་གསང་མཐའ་འཁོར་ལོ་བདེ་མཆོག་གི་སྐོར་ལ།

p. 305

འཕགས་ཡུལ་དུ་གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་དྲིལ་ནག་གསུམ་གྱིས་རིམ་པར་བཀྲལ་བས་མཚོན་ཏེ་ལུགས་སྲོལ་མི་འདྲ་བ་ཇི་སྙེད་ཅིག་བྱུང་ཞིང༌། གངས་ཅན་གྱི་ལྗོངས་སུའང་ཅི་རིགས་པར་འགྱུར་བ་ལ་བརྟེན་ནས་ཡེ་ཤེས་མཆོག་བརྙེས་པ་དུ་མ་ཞིག་བྱོན་པའི་ཕྱིར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་སྟེ། དེ་ལའང་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང༌། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གཉིས་ལས་འདིར་ཕྱི་མ། སློབ་དཔོན་དྲིལ་བུ་པ་དང་། ཨ་བྷྱ་ཀ་ར་ནས་

p. 306

དཔལ་རྒྭ་ལོ། སློབ་དཔོན་དབང་ཕྱུག་གཞོན་ནུ། དཔལ་ལྡན་ཆེན་པོ་འབའ་རོམ་པ་ནས་བརྒྱུད་པའི་བདེ་མཆོག་ལྷན་སྐྱེས་ཀྱི་དཀྱིལ་འཁོར་རིན་འབྱུང་བརྒྱ་རྩ་ལྟར་ལམ་དབང་ཆུ་རྒྱུན་གཅིག་མ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་བྱ་བ་ལ་མཎྜལ་ཕུལ། ཅེས་དང༌། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་བདུན་རྣམ་དག་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པའི་སྤྱན་སྔར་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་རྣམས་ཚུལ་བཞིན་དུ་བཟུང་བའི་བློས་འདིའི་རྗེས་ཟློས་མཛོད། ཨོཾ། ཀུན་ཏུ་བཟང་པོ་སོགས་ལན་གསུམ། དེས་དཀྱིལ་འཁོར་དུ་འཇུག་

p. 307

པའི་སྦྱོར་བའི་ཆོས་རྣམས་གྲུབ་པ་ལགས། དབང་གི་དངོས་གཞི་ཞུ་བའི་དོན་དུ་མཎྜལ་ཕུལ། ཅེས་དང༌། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་སོགས་གསུམ། དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་སོགས་ནས་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་གཏོར་བླུགས་བྱ། ཞེས་གསུངས་ཤིང་དབང་བསྐུར་སོགས་ནས་ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་གསང་ཐོད་མགྲིན་པར་བཞག་ལ་བདུད་རྩི་མྱོང༌། ཞེས་མགྲིན་པའི་ཐིག་ལེ་འཕེལ་སོགས་ནས་བྷཉྫ་མོཀྵ་ཧོ། ཞེས་རིག་ཙཀ་སྦྱིན། ཞེས་མཆོག་ཏུ་མི་འགྱུར་སོགས་ནས་ངོ་བོ་ཉིད་སྐུ་འགྲུབ་པའོ། །ཞེས་བརྗོད། དེས་དཔལ་ལྡན་འབའ་རོམ་པའི་ཐུགས་དམ་ལྷ་གཅིག་བདེ་མཆོག་ལྷན་སྐྱེས་ཀྱི་དབང་བཞི་ཆིག་རྫོགས་སུ་ཐོབ་པའི་སྒོ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌།

p. 308

གཏང་རག་ལུས་འབུལ་དགེ་བསྔོ་བཅས་གྲོལ། གསུམ་པ་རྗེས་རིམ་ནི། ཚོགས་རོལ་ལྷག་མ་ཕྱིན་ཆོ་ག་ལས་འབྱུང་བ་ལྟར་གྱིས་གྲུབ་བོ། །ཞེས་པ་འདི་ནི་ཟབ་དབང་གི་རྒྱུན་མི་འཆད་པའི་ཕྱིར། ལྷན་སྐྱེས་ཀྱི་དཀྱིལ་ཆོག་བསྡུས་པའི་ཞབས་འདེགས་སུ་མ་ཏི་རཏྣས་སྤེལ་བ་དགེ་ལེགས་འཕེལ།། །།

བདེ་མཆོག་སྙན་བརྒྱུད་ལས་ཐོད་དབང་མེ་ཡི་འཁོར་ལོ། ཆོས་ཀྱི་གྲགས་པ།

p. 309

༄༅། །བདེ་མཆོག་སྙན་བརྒྱུད་ལས་ཐོད་དབང་མེ་ཡི་འཁོར་ལོ་བཞུགས་སོ། །

p. 310

བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །འདིར་ཡེ་ཤེས་མེ་ཡི་དབང་བསྐུར་བ་ནི། རྡོ་རྗེའི་ཚིག་རྐང་ལས། ཁྱད་པར་དྲོད་ཀྱི་དབང་བསྐུར་བ་ནི། ཞེས་སོགས་གསུངས་པ་ནི། དབང་གི་རྫས་བསགས་པ་དང༌། དབང་བསྐུར་བ་གཉིས་ལས། དང་པོ་ནི། སྟེགས་བུ་ཁྲུ་གང་གི་སྟེང་དུ། དར་རས་ལ་སོགས་པའི་གཡོགས་བྱས་ལ་ནས་ཀྱི་གདན་བཀོད། དེའི་སྟེང་དུ་ཕོ་ཐོད་མཚན་ལྡན་དུམ་བུ་གཅིག་པ་ཆང་གིས་བཀང༌། དེ་ལ་སྒ་དྲོད་སྨན། ཤིང་ཚྭ། ཨ་རུ་ར། ཚྭ་ཚོན་གཅིག །སྦྲང་བུར་རྣམས་བཏབ། དེའི་ནང་དུ་མེ་ལོང་ལ་ཅུ་གང་དང་སིནྡྷུ་ར་བསྲེས་པ་ཆང་གིས་སྦྱར་ནས་བྱུགས་ལ། བདེ་མཆོག་ཡབ་ཡུམ་གྱི་ཉེ་སྙིང་བྲིས་ལ་བཞག །དེའི་ཁ་དར་དམར་གྱིས་བཀབ། བླ་མ་ཧེ་རུ་ཀའི་ཆས་དང་ལྡན་པའི་དཔྲལ་བར་མཚལ་གྱི་ཡི་གེ་བྲིས་ལ། མཆོད་རྫས། མཆོད་གཏོར་ལ་སོགས་པ་བཤམས། ཐོད་པའི་གཡས་སུ་བུམ་པ་དྲི་བཟང་གིས་བཀང་བ་

p. 311

བཞག་གོ། །གཉིས་པ་ལ་བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། དབང་བསྐུར་བ་དངོས་བཅས་བཞི་ལས། དང་པོ་ནི། སྐྱབས་འགྲོ་ནས་བཟླས་པའི་བར་བདག་ཉིད་མཆོད་པ་བཞིན་བྱས་ལ། གཉིས་པ་ནི། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཐོད་པ་མཆོད་རྟེན་བདེ་བ་ཆེན་པོར་བསྐྱེད་པའི་ནང་དུ། ཡྃ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུའི་སྟེང་དུ་བྷྲཱུྃ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང༌། ཞེས་པ་ནས།

p. 312

དབང་ལྡན་ནག །ལྟེ་བ་མཐིང་ཁའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞེས་པ་ནས་སྙིང་ཁར་ཧཾ་ལས་དབང་ཕྱུག་རྡོ་རྗེ་སྔོན་པོ་ཞེས་པའི་བར་མངོན་རྟོགས་བཞིན་ནོ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་དབང་གི་ལྷ་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་ཕེཾ། ཧཱུྃ། བཅོམ་ལྡན་འཁོར་ལོ་སྡོམ་པ་ལ། །དཔའ་བོ་མཁའ་འགྲོས་བསྐོར་ནས་ནི། །བདག་ཉིད་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དཔའ་བོ་དང་རྣལ་འབྱོར་མ་

p. 313

རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་པ་ནས་མཚམས་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཅེས་པའི་བར་དང༌། ཇི་ལྟར་བལྟམས་པ་སོགས་མཆོད་ཡོན་འབུལ་ལ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། རྣམ་ལྔ་རོལ་མོ་དང་བཅས་ཕུལ་ལ། རྐང་བརྒྱད་ཀྱིས་བསྟོད་དོ། །གསུམ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། ཁ་གཡེར་བ། མཆུ་འཕྱང་བ། བཙའ་བ་དང་ནག་པོ་མེད་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། མགྲིན་པ་རས་ཟུང་གིས་དཀྲིས་པ་ལ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་དབུས་སུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་

p. 314

སྦྱངས་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་པའི་བར་དང༌། ཡི་གེ་བརྒྱ་པ་མང་དུ་བརྗོད་ལ། མགོན་པོ་བདག་

p. 315

ནི་མི་ཤེས་རྨོངས་པ་ཡིས། །ཞེས་པ་ནས་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་པའི་བར་བརྗོད་ལ། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར་པར་བསྒོམ་ནས་ཚོགས་བསང་སྦྱང་། སྟོང་པའི་ངང་ལས་བདུད་རྩི་བྱིན་རླབས་བཞིན་བྱས་ལ། འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བླ་མ་དང་བཅས་པའི་ལྷ་ཚོགས་རྣམས་ལ་མཆོད་པར་བསམ་ཞིང་རོལ་མོ་དང་བཅས་པས། བཀྲ་ཤིས་གང་ཞིག་བརྗོད་ལ། ཕུད་སྤྲོས་ལ་གཏོར་མ་རྣམས་བཀང་ཞིང་མཆོད་དོ། །ཕུད་ཐམས་ཅད་ཀྱི་མངའ་བདག་ཞེས་ཚོགས་འཁོར་རྒྱས་པའམ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །བཀའ་བརྒྱུད་བླ་མ་རྣམས་ལ་འབུལ། །ཐིམ་པའི་ཚུལ་གྱིས་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཐོག་མའི་རྐང་པ་གཉིས་དང་ཐ་མའི་རྐང་པ་གཉིས་འདྲ་བ་ལས། རྡོ་རྗེ་རྣལ་འབྱོར་

p. 316

མ་ལ་འབུལ། །ཡི་དམ་ལྷ་ཚོགས་རྣམས་ལ་འབུལ། །དཔའ་བོ་མཁའ་འགྲོ་རྣམས་ལ་འབུལ། །ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། །ཕྱོགས་སྐྱོང་ཞིང་སྐྱོང་རྣམས་ལ་འབུལ། །གཞི་བདག་གནས་བདག་རྣམས་ལ་འབུལ། །རྡོ་རྗེའི་སྤུན་གྲོགས་རྣམས་ལ་འབུལ། །ཞེས་པ་ནས་ཚོགས་ཕུལ། བཞི་པ་ནི། སློབ་མ་རྣམས་བུམ་ཆུས་ཁྲུས་བྱས་ལ་གྲལ་དུ་འཁོད་དེ་མཎྜལ་འབུལ། བླ་མ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བགེགས་གཏོར་བཏང་ནས། ཡི་དམ་གྱི་གཟུངས་སྔགས་དང་སུམྦྷ་ནི་བརྗོད་ཅིང༌། གུ་གུལ་གྱི་བདུག་པས་བདུག །ཐུན་གྱིས་བྲབས་ཏེ་བགེགས་བསྐྲད་ལ། བླ་མས། བདག་གི་སློབ་མ་འདི་རྣམས་ལ་ཡེ་ཤེས་ཀྱི་དྲོད་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། གསོལ་བ་གདབ་ཅིང་སྡོམ་པ་འཛིན་པའི་དང་པོ་ནི་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཕག་མོ་ལྷན་སྐྱེས་ཡང་དག་སྦྱོར། །བྱང་ཆུབ་ཆེན་པོའི་

p. 317

ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོའི་བདག་ནི་གཞུག་ཏུ་གསོལ། །ཞེས་དང་། བླ་མས་ཐོག་མར་སྡོམ་པ་རྣམས་བསྒྲགས་པའི་ཕྱིར། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པས། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་

p. 318

ལ་རྟག་ཏུ་ནི། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བ་ཡིན། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་དམ་ཚིག་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་གསུང་བར་མོས་ལ། བདག་ཉིད་ཁྱེད་རང་རྣམས་ཀྱིས་སྡོམ་པ་དེ་དག་སྲུང་བར་ཁས་བླང་བའི་ཕྱིར་འདིའི་རྗེས་ཟློས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་

p. 319

བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་ནི་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་བར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་བརྗོད། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་བསྒོམ་དུ་བཅུག་ལ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སློབ་མའི་མགོ་ལ་རྡོ་རྗེ་བཞག་ཅིང་ཡི་གེ་བདུན་པ་བརྗོད། དེང་ཁྱེད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ང་ཡིས་ཇི་ལྟར་བསྒོ་བ་དེ་ཁྱེད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་

p. 320

པར་ཡང་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་ཚེ་ཡི་དུས་བྱས་ནས་དམྱལ་བར་སྐྱེ་བར་འགྱུར་རོ། །ཞེས་དམ་ཚིག་བསྒྲག །གསོལ་བ་གདབ་པ་ནི་འདིའི་རྗེས་ཟློས་མཛོད། སློབ་མས། བླ་མ་འཁོར་ལོ་སྡོམ་པ་ཡིས། །བདག་གི་ལུས་ལ་ཡེ་ཤེས་ཀྱི། །མེ་ཡི་བྱིན་རླབས་བསྩལ་དུ་གསོལ། །ཞེས་ལན་བདུན་ནམ་གསུམ་བརྗོད། བླ་མས། ཐོད་པའི་ནང་གི་ཡི་དམ་གྱི་དཔྲལ་བ་ནས་འོད་ཟེར་མེ་ཡི་རང་བཞིན་ཨོཾ་གྱི་རྣམ་པ་ཅན་དཔག་ཏུ་མེད་པ་སློབ་མའི་དཔྲལ་བར་ཐིམ་པར་བསྒོམ་དུ་བཅུག་ལ། ཨོཾ་བརྗོད་ཅིང་རོལ་མོ་སྒྲོགས། གུ་གུལ་གྱིས་བདུག །ཐོད་པ་དཔྲལ་བར་བཞག །དཔལ་འབར་ཧཾ་རཾ་གྱིས་མཚན་པ་སློབ་མའི་ལུས་ལ་བསྐོར། ལུས་མེ་ཡི་རང་བཞིན་དུ་སོང་བར་བསམས་ལ་ངག་ཏུ། ཛྙཱ་ན་ཛྭ་ལ་རྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། ཡང་སློབ་མས་གསོལ་བ་གདབ་པ་ནི་གོང་བཞིན། བླ་མ་འཁོར་ལོ་སྡོམ་པ་ཡིས། །བདག་གི་ངག་ལ་ཡེ་ཤེས་ཀྱི། །མེ་ཡི་བྱིན་རླབས་བསྩལ་དུ་

p. 321

གསོལ། །ཞེས་བརྗོད། བླ་མས། ཡི་དམ་གྱི་མགྲིན་པ་ནས་འོད་ཟེར་དམར་པོ་མེའི་རང་བཞིན་ཅན་ཨཱཿཡི་རྣམ་པ་དཔག་ཏུ་མེད་པ་ཁྱེད་རང་སློབ་མའི་མགྲིན་པར་ཐིམ་པར་བསམ་ཞིང་བསྒོམ་དུ་བཅུག་ལ། ཨཱཿ ཞེས་བརྗོད་ཅིང་རོལ་མོ་དང་དུད་པ་བྱ་ཞིང༌། ཐོད་པ་མགྲིན་པར་བཞག་ཏེ་སློབ་དཔོན་གྱི་ཕྲེང་བ་ནས་བཟུང་དུ་བཅུག་ལ། ཡི་དམ་ཡབ་ཡུམ་གྱི་ཉེ་སྙིང་བགྲང་དུ་བཅུག །བདུད་རྩི་ཐུར་མགོ་རེ་བྱིན་པས་ངག་རླུང་ཡེ་ཤེས་ཀྱི་མེ་ཡི་རང་དུ་སོང་བར་བསྒོམས་ལ། ཛྙཱ་ན་བཛྲ་ཛྭ་ལ་རྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། ཡང་གསོལ་བ་གདབ་པ། བླ་མ་འཁོར་ལོ་སྡོམ་པ་ཡིས། བདག་གི་ཡིད་ལ་ཡེ་ཤེས་ཀྱི། །མེ་ཡི་བྱིན་རླབས་བསྩལ་དུ་གསོལ། །ཞེས་བརྗོད། ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་མེའི་རང་བཞིན་ཧཱུྃ་གི་རྣམ་པ་ཅན་དཔག་ཏུ་མེད་པ་ཁྱོད་རང་སློབ་མའི་སྙིང་གར་ཐིམ་པར་སྒོམས་ཤིག་ནས། ཧཱུྃ་ཞེས་བརྗོད་པ་དང༌། རོལ་མོ་བྱ་སྟེ། ཐོད་པ་ཁྱེད་རང་སློབ་མའི་སྙིང་ཁར་ཐིམ་པར་

p. 322

སྒོམས་ཤིག་ནས། ཧཱུྃ་ཞེས་བརྗོད་པས། རོལ་མོ་སོགས་བྱ་སྟེ། ཐོད་པ་ཁྱེད་རང་སློབ་མའི་སྙིང་གར་བཞག་པས་ཡིད་ཡེ་ཤེས་ཀྱི་མེ་ཡི་རང་བཞིན་དུ་སོང་བར་བསྒོམ། ལུས་གནད་དང་ལྡན་པས་ཕྱག་རྒྱ་ཆེན་པོ་བསྒོམ་དུ་བཅུག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད། ཡང་གསོལ་བ་གདབ་པ་ལ། སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པའི། །རྟགས་ཀྱི་ཕྱག་རྒྱ་དྲྭ་ཕྱེད་འདི། །སྐལ་ལྡན་བུ་ལ་བྱིན་པའི་མཐུས། །ཀུན་ལ་མི་ཆགས་གཏོང་བར་ཤོག །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་པའི། །རྟགས་ཀྱི་ཕྱག་རྒྱ་ཨཾ་རག་འདི། །སྐལ་ལྡན་བུ་ལ་བྱིན་པའི་མཐུས། །ཁྲིམས་ཀྱི་རྒྱན་དང་མི་འབྲལ་ཤོག །བཟོད་པའི་ཕ་རོལ་ཕྱིན་རྫོགས་པའི། །རྟགས་ཀྱི་ཕྱག་རྒྱ་རླུང་རས་འདི། །སྐལ་ལྡན་བུ་ལ་བྱིན་པའི་མཐུས། །ཉོན་མོངས་དགྲ་ལས་རྣམ་རྒྱལ་ཤོག །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་པའི། །རྟགས་ཀྱི་ཕྱག་རྒྱ་ཚུག་ཤིང་འདི། །སྐལ་ལྡན་བུ་ལ་བྱིན་པའི་མཐུས། །

p. 323

ལེ་ལོའི་གོ་སྐབས་བྲལ་བར་ཤོག །བསམ་གཏན་ཕ་རོལ་ཕྱིན་རྫོགས་པའི། །རྟགས་ཀྱི་ཕྱག་རྒྱ་འབོལ་སྟན་འདི། །སྐལ་ལྡན་བུ་ལ་བྱིན་པའི་མཐུས། །ཏིང་འཛིན་གཡོ་མེད་བརྟན་པར་ཤོག །ཤེས་རབ་ཕ་རོལ་ཕྱིན་རྫོགས་པའི། །རྟགས་ཀྱི་ཕྱག་རྒྱ་སྒོམ་ཐག་འདི། །སྐལ་ལྡན་བུ་ལ་བྱིན་པའི་མཐུས། །མཐའ་བྲལ་ཕྱག་རྒྱ་ཆེ་རྟོགས་ཤོག །དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་མེ་ཡི་བདུད་རྩིའི་རྣམ་པར་གྱུར་པ་སློབ་མ་རྣམས་ལ་སྦྱིན། ཡི་གེ་གསུམ་བརྗོད་རོལ་མོ་དུད་པ་སོགས་བྱས་ལ། ཁྱེད་རང་གི་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་མེའི་རང་བཞིན་དུ་སོང་བར་བསྒོམ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སོགས་བརྗོད་མཐར་དྲོད་འབེབས་ཀྱི་ལུས་གནད་བཅས་ལ་རླུང་ཕྱིར་འབུད་གཡས་གཡོན་དབུས་གསུམ་ཉི་ཤུ་ཕྱེད་པ་རེ་དང༌། གསོལ་འདེབས་ལན་བཅུ་སྤེལ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུས་མཉམ་དུ་བྱེད། དེ་ནས་ལེགས་པར་རྔུབ་ལ་ཐུབ་ཚད་གྱི་བར་མནན་

p. 324

ཅིང་འཛིན་པའོ། །དེ་ལྟར་བརྒྱ་རྩ་སོགས་དྲོད་མ་ཕེབས་ཀྱི་བར་དུ་བྱེད་དོ། །དེ་ལྟར་དབང་བསྐུར་ནས་ཚོགས་འཁོར་ལ་རོལ། གཏོར་མ་བསྔོ། ལྷག་མ་བཏང༌། སྨོན་ལམ་བཀྲ་ཤིས་དང་བཅས་པས་རྒྱས་འདེབས་སོ། །མཁའ་འགྲོའི་ཐུགས་མཚོ་ལས་འོངས་པའི། །ངོ་མཚར་ཐོད་དབང་བདུད་རྩིའི་གཏེར། །ཆོས་ཀྱི་གྲགས་པས་སྐལ་ལྡན་ལ། །ཕན་ཕྱིར་བཀྲ་ཤིས་མཐོང་སྨོན་གྱི། །ཆོས་གྲྭ་ཆེན་པོར་ལེགས་པར་བཀོད། །དེ་བས་འགྲོ་ཀུན་རྣམ་མཁྱེན་ཤོག །ཅེས་པའི་ཡི་གེའི་རིགས་བྱེད་པ། །བསོད་ནམས་བྷ་ཡི་མིང་ཅན་གྱིས། །བགྱིས་པས་རྒྱལ་བའི་བསྟན་པ་ཉིད། །དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལམ།། །།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་བདེ་ཆེན་ལམ་བཟང་གི་དབང་ཆིངས་སྨིན་བྱེད་སྒོ་འབྱེད། བློ་གྲོས་རྒན་པོ།

p. 325

༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་བདེ་ཆེན་ལམ་བཟང་གི་དབང་ཆིངས་སྨིན་བྱེད་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

p. 326

བདེ་ཆེན་བདེ་བའི་བདག་ཉིད་ཅན། །རྡོ་རྗེ་ཕག་མོ་ལ་བཏུད་ནས། །སྨིན་ལམ་ཡོངས་སུ་གསལ་བྱེད་གང༌། །གང་ཟག་དད་ཅན་དོན་དུ་སྤྲོ། །དེ་ལ་འདིར་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་མདོར་བསྡུས་བྱ་བའི་ཚུལ་ལ་གསུམ། སྦྱོར་དངོས་རྗེས་ཀྱི་རིམ་པའོ། །དང་པོ་ནི་གནས་དབེན་པར་དུས་ཚེས་བཟང་པོ་དང་བསྟུན་ལ། གཞི་སྟེགས་གཙང་མར་ཚོན་དཀྱིལ་གཞུང་མཐུན་བཀྲམ་པའི་ཁར་བུམ་ཐོད་བཅུད་ལྡན་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་དར་དམར་པོསབཀབ་པ་བཤམས། གཞན་ཡང་ལས་ཐམས་ཅད་པའི་བུམ་པ་སོགས་རིག་དབང་ལྔ་དང་ཕྱག་མཚན་ལྔ་ཕྲེང་བ་རྣམས་བཀོད། འོག་ནས་འབྱུང་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱ། སྒྲུབ་དཀྱིལ་བདེ་ཆེན་ལམ་བཟང་ལྟར་གསལ་སྣང་བརྟེན་པ་ནས་བརྩམས་སྔོན་འགྲོ་སྦྱོར་ཆོས་དང་བདག་བུམ་མདུན་བསྐྱེད་ལག་མཆོད་བདག་འཇུག་གྲུབ་པ་དང༌།

p. 327

ཚོགས་བསྐང་བཅས་ཚང་བར་བྱའོ། །གཉིས་པ་ལ་ལྔ་ལས་དང་པོ་སྔོན་འགྲོ་ནི། སློབ་མ་རྣམས་ཕྱི་རོལ་དུ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། སློབ་དཔོན་གྱིས་ཆོ་ག་ལྟར་འབྱུང་གཏོར་བཏང་ལ་བགེགས་བསྐྲད་མཚམས་སྲུང་བཅས་གྲུབ་ནས། སློབ་མ་རྣམས་གྲལ་དུ་འཁོད་ལ་མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་ཅི་རིགས་མཐར། དེ་ལ་འདིར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་དབང་སྐལ་དང་མཐུན་པར་ཐེག་པའི་རིམ་པ་སྣ་ཚོགས་སུ་སྟོན་པར་མཛད་ཅིང༌། མདོར་བསྡུ་ན་ཇི་སྐད་དུ། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་

p. 328

ཉིད་རྒྱུ་ཡི་ཐེག་པ་དང༌། །འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་གསུངས་པ་ཉིད་ཅུང་ཟད་སྨོས་ན། སྐབས་སུ་བབ་པ་འགྲོ་མགོན་ཏི་རས་ཀྱི་གསུང་སྤྲོ་བ་བསྐྱེད་པའི་ཆོས་བཤད་ལས་འབྱུང་བ་ལྟར་གསན་འཚལ། ༈ སྤྲོ་བ་བསྐྱེད་པའི་ཆོས་བཤད་བཞུགས་སོ། །ན་མོ་གུ་རུ། དེའང་སྤྱིར་རྒྱུ་གཅིག་ལ་རྐྱེན་ཐ་དད་ཀྱིས་འབྲས་བུ་སོ་སོར་སྨིན་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཡིན་ཏེ། དེ་ཡང་རྒྱུ་གཅིག་པོ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་ཀྱང་བྱ། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ། ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་འགྲོ་བ་ཀུན་ལ་ཡོད་པ་ཡིན། དེ་ལྟར་ཡིན་པ་ཡང་། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་

p. 329

སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས། གཉིས་པ་རྐྱེན་ལ་གཉིས་ཏེ་མ་དག་པའི་རྐྱེན་དང༌། དག་པའི་རྐྱེན་ནོ། །མ་དག་པའི་རྐྱེན་ནི། དེ་ལ་རྟོགས་པའི་རྟེན་འབྲེལ་ཉོན་མོངས་པ་དུག་ལྔ། དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་སྡིག་པ་མི་དགེ་བའི་ལས་བྱས་པས། འབྲས་བུ་ཁམས་གསུམ་རྒྱུད་དྲུག་ཏུ་འཁྱམས་པས། འགྲོ་བ་རིགས་དྲུག་ཏུ་འཁོར་ཞིང་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་རུ་སྣང་བ་ཡིན། དེ་དག་གི་དུས་ནི་སྡུག་བསྔལ་གྱི་རྟེན་གཞི་ཞེས་བྱ་བ་སྡུག་བསྔལ་འབའ་ཞིག་པ་སྣང་བའོ། །དེ་ལ་འབའ་ཞིག་ཅེས་བྱ་བ་ནི། ཟག་པ་མེད་པའི་བདེ་བ་རྣམ་པར་བཅད་པ་ཡིན་ཏེ། ངན་སོང་རྣམ་པ་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་མིག་བྱུང་བ་ལྟ་བུའི་སྡུག་བསྔལ་ཡོད། མི་ལ་འདུ་བྱེད་ཀྱི་སྡུག་བསྔལ་མིག་ཏུ་རྡུལ་སོང་བ་ལྟ་བུ་ཡོད། ལྷ་ལ་རོ་

p. 330

མངར་པོའི་དུག་ཟོས་པ་ལྟ་བུའི་སྡུག་བསྔལ་ཡོད། ཐམས་ཅད་དེ་ལས་མ་འདས་པའོ། །དེ་ལྟར་འཁོར་བ་སྡུག་བསྔལ་གྱི་ཕུང་པོར་ཤེས་ནས་དེ་ལས་ཐར་བར་འདོད་པ་ལ་དག་པའི་རྐྱེན་ལ་བརྟེན་དགོས། དག་པའི་རྐྱེན་ལ་བདག་གཞན་གྱི་རྐྱེན་དལ་འབྱོར་ལ་སོགས་པ་གསུངས་ན་ཡང༌། འདི་ཡང་ལམ་ཚོལ་བ་ལ་ཞུགས་པ་དང༌། ལམ་དངོས་ལ་ཞུགས་པའོ། །ལམ་ཚོལ་བ་ནི་ཕྱི་རོལ་མུ་སྟེགས་བྱེད་པ་ཡིན་ལ། ལམ་དངོས་ལ་ཞུགས་པ་ནི་ནང་པ་སངས་རྒྱས་པའོ། །ཕྱི་རོལ་མུ་སྟེགས་བྱེད་པ་ནི་ལམ་མཆོག་སྒྲུབ་པ་ལྟ་བུ་མ་ཡིན། ཐར་པའི་ལམ་བཙལ་བར་འདོད་པ་ལ་སྨོན་ལམ་མ་དག་པའི་དབང་གིས་མ་ནོར་བའི་ལམ་མ་རྙེད་པའོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། རྣམ་པར་སྣང་མཛད་ཉེ་བའི་རྒྱུ་དང་། རྣམ་པར་སྣང་མཛད་རིང་བའི་རྒྱུ་གཉིས་

p. 331

སུ་བཞེད་དེ། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་པ་ལ་སྨད་མི་བྱ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ཉེ་བའི་རྒྱུ་ནི་ནང་པ་སངས་རྒྱས་པའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ཞིང༌སྐྱབས་གནས་ཇོ་བོ་དཀོན་མཆོག་གསུམ་ལ་རྒྱབ་བསྟེན་མི་བྱེད་ན་ཕྱི་རོལ་མུ་སྟེགས་བྱེད་པ་ཡིན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་འཛིན་པ་ནི་ནང་པ་སངས་རྒྱས་པ་ཡིན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །ལམ་དངོས་ལ་ཞུགས་པ་ནང་པ་སངས་རྒྱས་པ་ལ་དབྱེ་ན་ཡང་མང་ཞིག་གསུངས་ན་ཡང༌། ཐེག་པ་

p. 332

ཆེ་ཆུང་གཉིས་སུ་འདུས་ཏེ། ཐེག་པ་ཆུང་ངུ་བ་ལ་ཡང༌། ཐེག་པའི་སྒོ་ནས་ཕྱེ་ན་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པའོ། །གྲུབ་མཐའི་སྒོ་ནས་ཕྱེ་ན་བཞིར་གསུངས་ཀྱང༌། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་སུ་འདུས། ཐེག་པ་ཆེ་ཆུང་གཉིས་ཀྱི་ཁྱད་པར་ནི། ལྟ་བའི་དབང་དུ་བྱས་ན། གང་ཟག་གི་བདག་མེད་ཙམ་རྟོགས་ལ་ཆོས་ཀྱི་བདག་མེད་མ་རྟོགས་པ་དང༌། སོ་སོ་ཐར་པ་བསྲུང་བ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་རང་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཆེད་དུ་བསྔོ་བ་ནི་ཐེག་པ་ཆུང་ངུའོ། །ཐེག་པ་ཆེན་པོ་ནི་སྐྱབས་འགྲོ་ཁྱད་པར་ཅན་གྱིས་ཐོག་དྲངས་ནས་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ལྟ་བ་ཆོས་ཀྱི་བདག་མེད་རྟོགས། དགེ་བ་གཞན་དོན་དུ་བྱེད་ཅིང་བསྔོ། ཐེག་པ་ཆེན་པོ་ལ་གཉིས། གྲུབ་མཐའ་བཞིའི་སྒོ་

p. 333

ནས་དབྱེ་ན་སེམས་ཙམ་དང༌དབུ་མ་གཉིས་སུ་མ་འདུས་པ་མེད། དེ་ལ་སེམས་ཙམ་ལ་རྣམ་བཅས་དང༌རྣམ་མེད་གཉིས། དབུ་མ་རབ་ཏུ་མི་གནས་པ་ལ་གཉིས། དགག་བྱ་རབ་ཏུ་མི་གནས་པ་དང༌། བསྒྲུབ་བྱ་རབ་ཏུ་མི་གནས་པའོ། །དགག་བྱ་རབ་ཏུ་མི་གནས་པ་ལ་ཡང་གཉིས་ཏེ། སྒྱུ་མ་རབ་ཏུ་མི་གནས་པ་དང་། བཏང་སྙོམས་རབ་ཏུ་མི་གནས་པའོ། །བསྒྲུབ་བྱ་རབ་ཏུ་མི་གནས་པ་ལ་གསུམ། ཆོས་ཉིད་རབ་ཏུ་མི་གནས་པ་དང༌། རྒྱུན་ཆད་རབ་ཏུ་མི་གནས་པ་དང་། ཟུང་འཇུག་རབ་ཏུ་མི་གནས་པའོ། །ཐེག་པའི་སྒོ་ནས་དབྱེ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། ཀྲི་ཡ་རིགས་སྔགས་གཅོད་པའི་རྒྱུད་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །

p. 334

དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་དོན་གཅིག་ན་ཡང་ཞེས་པ་ནི་སྔགས་དང་ཕ་རོལ་ཕྱིན་པའི་ཐེག་པ་གཉིས་ཀས་འབྲས་བུ་སངས་རྒྱས་སྒྲུབ་པར་ཡང་མཐུན། ཐོབ་པར་ཡང་མཐུན། འོ་ན་ཁྱད་པར་ཅི་ཡོད་སྙམ་ན། མ་རྨོངས་པ་སྟེ། དེ་རང་གང་ཞེ་ན། ཐབས་མང་ཞེས་པའོ། །ཐབས་མང་པོ་བྱས་པ་ལ་དཀའ་བ་མེད་གསུངས་སོ། །དཀའ་བ་ཇི་ལྟར་མེད་ན་བདེ་བར་སྐྱོབས་པ་དང༌། མྱུར་དུ་སྐྱོབས་པ་ལ་བྱ་སྟེ། དེ་ལ་བདེ་བར་སྐྱོབས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་དཀའ་སྤྱད་ཀྱིས་སྒྲུབ་པ་ལྟ་བུ་མ་ཡིན་ཏེ། འདོད་ཡོན་རྣམ་པ་ལྔའི་རང་བཞིན་ཤེས་པ་དང༌། རྒྱུ་བདེ་བ། ལམ་བདེ་བ། འབྲས་བུ་བདེ་བ། བདེ་བས་བདེ་བ་སྒྲུབ་པ་གསང་སྔགས་ནས་གསུངས། དེ་ལྟར་ཡིན་པ་ཡང༌། པན་ཙ་ཀྲ་མ་ལས། འདོད་པ་ལྔ་ནི་

p. 335

ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མ་གདུངས་པ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་བ་བྱང་ཆུབ་སྒྲུབ་པར་བྱེད། །ཅེས་གསུངས། མྱུར་དུ་སྐྱོབས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན་དུས་བསྐལ་པ་གྲངས་མེད་པ་གསུམ་མམ། སུམ་ཅུ་རྩ་གསུམ་ལ་སོགས་པར་ཚོགས་བསགས་ནས་སངས་རྒྱས་པར་འདོད་པ་ལྟ་བུ་མ་ཡིན་ཏེ། གསང་སྔགས་ནས་འདོད་ཡོན་གྲོགས་སམ་ལམ་དུ་ཁྱེར་ན་ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པའོ། །དེ་ལྟར་ཡིན་པ་ཡང་རྒྱུད་དེ་ཉིད་ལས། ཚེ་འདི་ཉིད་ཀྱིས་སངས་རྒྱས་ནི། །ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་ལྟ་བུའི་ཚེ་འདི་ཉིད་ལ་བྱང་ཆུབ་བསྒྲུབ་པའི་ཐབས་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཅིའི་ཕྱིར་མ་བསྟན་ཞེ་ན། དབང་པོ་རྣོན་པོས་དབང་བྱས་

p. 336

སོ། །ཞེས་གསུངས་སོ། །དབང་པོ་རྣོན་པོས་ནི་སྐྱེ་བ་སྔ་མ་ཕན་ཆད་ལ་སྦྱངས་པ་ཡོད་པས། མོས་པར་བཅས་པ་དང༌། བསགས་པ་དང༌། ཤེས་རབ་མཆོག་ཏུ་གྱུར་པའི་གང་ཟག་གམ། ཡང་ན་ཚེ་འདི་ཉིད་ལ་རིག་པ་སྦྱངས་པའི་གང་ཟག་གི་ལམ་དུ་འགྲོ་ཞིང་སྨན་དུ་གྱུར་པས་ན། དེ་ལྟ་བུ་ལ་དགོངས་ནས་སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ཡང་རྒྱུད་ལ་བསྟན་བཅོས་ཞེས་པའི་སྒྲ་འཇུག་པར་མི་གདའ་སྙམ་ན་གང་ཟག་གིས་མཛད་པ་ལ་མི་བྱ་སྟེ། བཀའ་རང་ལ་ཡང་དང་པོའི་བསྟན་བཅོས་བྱ་བར་གྲགས་པ་ཡོད་པས་དེ་ལ་ལྟོས་པའི་ཐ་ཚིག་གོ། །དེས་ན་སྔགས་ཀྱི་བསྟན་བཅོས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ཡིན་ཡང་དབང་པོ་ལ་སོགས་སྲིད་ཅན་གྱི་གང་ཟག་གིས་འདོད་ཡོན་གྲོགས་སུ་འཁྱེར་བའི་དོན་ལ་སྒྲ་ཇི་བཞིན་ཙམ་དུ་བཟུང་སྟེ།

p. 337

རང་གར་སྤྱོད་པ་ལ་གསང་སྔགས་ཐེག་པའི་དུག་ཏུ་འགྱུར་ཏེ། དེ་སྐད་དུ་ཡང་དཔལ་བདུད་རྩི་འབྱུང་བའི་རྒྱུད་ལས། ཇི་ལྟར་མར་དང་ཀ་ར་དང༌། །སྦྲང་རྩི་འོ་མ་ལ་སོགས་པ། །འཐུང་སྟེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་ན་ནི་དུག་ཏུ་འགྱུར། །དེ་བཞིན་གསང་སྔགས་ཐེག་ཆེན་འདི། །མཁས་པ་རྣམས་ཀྱི་སྨན་ཡིན་ཏེ། །བརྡ་དང་དོན་ལ་རྨོངས་པ་ཡི། །བྱིས་པ་འདོད་པ་སྒྲ་ཕྱིར་འབྲངས། །ཚུལ་བཞིན་མ་ཡིན་ལོག་སྤྱོད་པས། །དུག་གིས་འཆི་དང་ལྟུང་བར་འགྱུར། །ཁ་ཅིག་དུག་གི་དབང་གིས་འཚོ། །ཁ་ཅིག་དུག་གི་རྐྱེན་གྱིས་འཆི། །ང་ཡི་བསྟན་པའི་སྙིགས་མ་ལ། །ཚོང་འདུས་ཀྱི་ནི་འོ་མ་བཞིན། །བསླད་ནས་ཐུར་དུ་ལྟུང་བར་བྱེད། །ཅེས་གསུངས་སོ། །དེ་ལྟ་བུའི་གསང་སྔགས་རྡོ་རྗེའི་ཐེག་པ་དང་མཇལ། འཛམ་བུ་གླིང་ན་གསང་སྔགས་ཀྱི་བསྟན་པ་ཐམས་ཅད་ལ་མ་བྱུང་ངོ་ཞེ་ན། དེ་མ་ཡིན་

p. 338

ཏེ་དཔལ་ངན་སོང་སྦྱོང་བའི་རྒྱུད་ཆེན་པོ་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །བརྒྱ་ལམ་ན་ནི་རེས་འགའ་ཞིག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །ཞེས་གསུངས་པ་ཏེ། འདས་པའི་སངས་རྒྱས་འཁོར་བ་འཇིགས་ཡན་ཆད་ཀྱི་བསྟན་པ་ལ་ཡང་མ་བྱུང༌། མ་བྱོན་པའི་སངས་རྒྱས་མགོན་པོ་བྱམས་པ་ཕྱིན་ཆད་ཀྱི་བསྟན་པ་ལ་གསང་སྔགས་མི་འབྱུང་བར་བཤད་དོ། །དེ་ལྟ་བུའི་རྡོ་རྗེ་ཐེག་པ་ལ་ཡང་རྒྱུད་སྡེ་ལྔའམ་དྲུག་ཏུ་བཞེད་པ་ཡོད་དེ། མ་བླ་ན་མེད་པའི་རྒྱུད་ཀྱིས་བཞིར་བཞེད་དོ། །དེ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །དེ་བས་ལྷག་ལ་སྤྱོད་རྣལ་འབྱོར། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་

p. 339

གསུངས་པ་དང༌། ཡང་ཧེ་བཛྲ་བརྟག་པ་གཉིས་པ་ལས། བལྟ་དང་རྒོད་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་པའི་ཚུལ་གྱིས་སུ། །རྒྱུད་སྡེ་རྣམ་པ་བཞི་རུ་གྲགས། །ཞེས་གསུངས་སོ། །དེ་བཞིན་ཡང་འདོད་ཁམས་ཀྱི་ལྷ་རིགས་ཆགས་པ་ཆེ་ཆུང་ལ་དགོངས་ནས་དེ་དང་སྦྱར་ནས་གསུངས་པ་ཡིན། དེ་ལྟར་རྒྱུད་སྡེ་བཞི་པོ་ལ་ཡང༌། གསང་སྔགས་ཀྱི་གདམས་ངག་གིས་ཕྱི་ནང་གཉིས་སུ་སྡུད་དེ། དེ་ལ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་དང་གསུམ་ནི་ཕྱི་པར་བཞེད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་ནང་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། བཞེད་ལུགས་མི་མཐུན་མོད་ཀྱིས་ཀྱང༌། སྨིན་ལམ་བུམ་དབང་ཙམ་ལས་མེད་ལ་གྲོལ་ལམ་བསྐྱེད་རིམ་ལྷའི་སྐུར་བསྒོམ་ཞིང༌། བཟའ་བའི་དམ་ཚིག་ཉ་ཤ་སྒོག་བཙོང་ལ་སོགས་སྤངས་ནས། དཀར་གསུམ་ལ་

p. 340

སོགས་པ་གཙོ་བོར་སྟོན་པ་ནི་ཕྱི་པར་བཞེད་ལ། སྨིན་ལམ་དབང་བཞི་བསྐུར་ཞིང༌། གྲོལ་ལམ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྐྱེད་པར་བཞེད་ལ། བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་ནི་ནང་པའོ། །ནང་པ་ལ་གཉིས་ཏེ། ཕ་བླ་ན་མེད་པའི་རྒྱུད་དང༌། མ་བླ་ན་མེད་པའི་རྒྱུད་དོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། རླུང་གཙོ་བོར་སྟོན་པ་ཕ་རྒྱུད། རྩ་གཙོ་བོར་སྟོན་པ་མ་རྒྱུད་དུ་བཞེད་པ་ལ་སོགས་པ་གཞུང་མང་ན་ཡང༌། ནཱ་རོ་པའི་བཞེད་པས་རྣམ་པར་དབྱེ་བའི་སྒོ་ནས་རྒྱུད་དུ་བཞག །བརྗོད་བྱ་ཐབས་གཙོ་བོར་སྟོན་པ་དང༌། གདུལ་བྱ་སྐྱེས་པ་འདུལ་བའི་ཕྱིར་ཕ་རྒྱུད་དོ། །ཕ་རྒྱུད་ལ་ཡང་དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་རྒྱ་མཚོ་ཙམ་གསུངས་སོ། །མ་རྒྱུད་དུ་བཞག་པ་ནི་བརྗོད་བྱ་དོན་གྱི་དབང་དུ་བྱས་ན། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐྱེ་མེད་

p. 341

གཙོ་བོར་སྟོན་པ་དང༌། གདུལ་བྱ་བུད་མེད་འདུལ་བའི་དོན་དུ་གསུངས་པ་ནི་མ་རྒྱུད་དུ་བཞེད་དོ། །དེ་སྐད་དུ་ཡང༌། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་དུ་བཤད། །བུད་མེད་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་དུ་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མ་བླ་ན་མེད་པའི་རྒྱུད་ལ་ཡང་རྒྱུད་སྡེ་རྒྱ་མཚོ་ཙམ་གསུངས་ན་ཡང༌། འདིར་སྙིང་པོ་ཧེ་བཛྲ་ལ་སོགས་པ་རྒྱུད་སྡེ་བཅུ་བཞི་མ་རྒྱུད་དུ་བཞེད། དེ་རྣམས་ལ་ཡང་སྐོགས་གསུམ་དུ་འདུས་ཏེ། དཔལ་འཁོར་ལོ་བདེ་མཆོག་དང་། དཔལ་དགྱེས་པ་རྡོ་རྗེ་དང༌། དཔལ་མ་ཧཱ་མཱ་ཡ་ལ་སོགས་པའོ། །དེ་ལྟ་བུའི་རྒྱུད་སྡེ་ཐམས་ཅད་ཀྱི་ནང་ནས་སྙིང་པོ་ལྟ་བུར་གྱུར་པ་མཆོག་ཏུ་ཟབ་པ། ལྷན་ཅིག་སྐྱེས་པའི་དོན་གཙོ་བོར་སྟོན་ཅིང་བྱིན་རླབས་ཕུན་སུམ་ཚོགས་པ་གྲུབ་ཐག་ཉེ་བ་ནི་དཔལ་

p. 342

འཁོར་ལོ་བདེ་མཆོག་ཡིན། རྒྱུད་དེ་ནས་གསུངས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོའམ་ཉིང་ཁུ་ལྟ་བུ། ཆུ་ཟངས་གང་གི་ནང་ན་ཞག་ཉ་མིག་ཙམ་པ་གཅིག་ཡོད་པ་འདྲ་བ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་འདི་ཡིན། ཚེ་འདིར་ཉམས་སུ་བླངས་ན་སྐལ་པ་དང་ལྡན་པའི་བསོད་ནམས་བསགས་པ་ལས་བྱུང་བ་ཡིན་པས། ཁྱེད་སྤྲོ་ཟེར་བ་ནི་སྤྲོ་ཐང་བ་ཡིན། དེ་ལ་ཡང་དང་པོ་མོས་གུས་བསྒོམ། བར་དུ་བྱིན་རླབས་བསྒོམ། ཐ་མར་ཉམས་མྱོང་བསྒོམ་པ་དང་གསུམ་མོ། །དེ་ལ་ཡང་མོས་གུས་ཅན་ལ་བྱིན་རླབས་འཇུག་བྱ་བ་ཡིན་ཏེ། དང་པོར་མོས་གུས་བྱ་བའི་ཡུལ་ནི། སིན་དྷུ་ར་དང༌དཀྱིལ་འཁོར་གྱི་ནུབ་ཕྱོགས་ན་དཔལ་རྡོ་རྗེ་རྣལ་འབྱོར་མ་སྤྲུལ་པའི་སྐུ་དངོས་སུ་བཞུགས་པ་སྟེ། གདུལ་བྱའི་དོན་ལ་འདིར་བྱོན་པར་བསམས་ལ། བླ་མ་དང་ཐ་དད་མེད་པར་བསྒོམ་ལ་མོས་གུས་བྱ། གཉིས་པ་བྱིན་

p. 343

རླབས་ནི། ཆོས་དངོས་ནས་འབྱུང་བ་ལྟར་སྔགས་དང་ཏིང་འཛིན་དང༌། རོལ་མོའི་སྒྲ་དང་བཅས་པས་དབང་བསྐུར་ལ་བྱིན་རླབས་ཞུགས་པ་ནི། ལུས་འདར་བ་དང་འཕར་བ་དང་གར་བྱེད་པ་འབྱུང༌། ངག་ལས་སཾ་སྐྲྀ་ཏའི་སྐད་ལ་སོགས་པ་སྔགས་དང་ཚིགས་སུ་བཅད་པའི་ཆོས་གསུང༌། ཡིད་ལ་བདེ་བ་དང་གསལ་བ་དང་མི་རྟོག་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་རོ། །གསུམ་པ་ཉམས་མྱོང་སྐྱེ་བ་ནི། བྱིན་རླབས་ཞུགས་པའི་དོན་དེ་ལམ་དུས་སུ་སྐྱོང་བའོ། །དེ་ལྟ་བུའི་གསང་སྔགས་སྙན་བརྒྱུད་མ་ཆད་པ་བླ་མ་དམ་པ་རྣམས་ཀྱི་ཞལ་གྱི་གདམས་པ། ཐབས་བདེ་བའི་སྒོ་ནས་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པར་བྱེད་པ། གསང་སྔགས་ཀྱི་དབང་དང་བྱིན་རླབས་ཀྱི་ཆེ་བ་ཡིན་ནོ། །དེ་ལ་སྤྲོ་བ་བསྐྱེད་པ་ཡི། །ངག་འདོན་ཅུང་ཞིག་ཡི་གེར་བཀོད། །དེ་ལས་བྱུང་བའི་དགེ་བ་

p. 344

རྣམས། །སེམས་ཅན་རྣམས་ཀྱི་དོན་ཏུ་བསྔོ། །ཞེས་འགྲོ་མགོན་ཏི་ཤྲི་རས་པས་མཛད་པའོ། །དེ་ལྟ་བུའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་ཟབ་མོ་བགྱི་བ་ལ་གང་ལས་བྱུང་བ་བླ་མ་བརྒྱུད་པའི་རིམ་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གསང་བའི་བདག་པོ། ས་ར་ཧ་པ། ཤ་བ་རི། མངའ་བདག་མཻ་ཏྲི་པ་དང༌། ཡང་ན་ས་ར་ཧ་པ། ཀླུ་སྒྲུབ། བསྐལ་པ་བཟང་མོ། མ་ཏཾ་གི །ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་རིན་པོ་ཆེ། འབའ་རོམ་པ། ཏི་ཤྲི་རས་པ། རས་པ་དཀར་པོ། ལུས་མེད་རྡོ་རྗེ། བྱང་ཆུབ་གཞོན་ནུ། བློ་གྲོས་རྡོ་རྗེ། ལྷ་རས་པ། གྲགས་པ་རྒྱལ་མཚན། ཆོས་རྗེ་བསོད་ནམས་བཟང་པོ། མ་ཏི་རཏྣ། རིག་མ་ཡེ་ཤེས་རྒྱན། མཁའ་འགྲོ་ནམ་མཁའི་རྣལ་འབྱོར། འཇིགས་མེད་ཆོས་ཀྱི་སེང་གེ། ཀརྨ་མངྒ་ལ། གྲུབ་མཆོག་དབང་པོའི་སྡེ། འཇམ་དབྱངས་བློ་གྲོས་རིན་ཆེན་

p. 345

ནས་རིམ་པར་བརྒྱུད་པའི་ཞལ་གཟིགས་བཀའ་བབ་གསེང་ལམ་ཉེ་བརྒྱུད་ཕག་མོ་བདེན་གཉིས་ཞལ་ཅན་གྱི་སྒྲུབ་དཀྱིལ་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱི་བྱ་བ་བདག་མདུན་བུམ་པ་སྒྲུབ་ཅིང་བདག་ཉིད་འཇུག་པ་སོགས་གྲུབ་ཟིན། ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གཉིས་པ་ཡོལ་བ་ཕྱི་འཇུག་ལ། ཐོག་མར་གསོལ་བ་གདབ་པ་ནི། སློབ་དཔོན་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དངོས་སུ་བཞུགས་པ་ལ། ཁྱད་པར་ཅན་གྱི་དོན་ཞུ་བའི་ཕྱིར་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྣལ་འབྱོར་མ་ཡིས་མགྲིན་འཁྱུད་པའི། །སོགས་ལན་གསུམ། ཚོགས་བསགས་ནི། ཁྱེད་རང་རྣམས་ཀྱི་མདུན་མཁར་བླ་མ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་ལ་མཆོག་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་

p. 346

སྤྲིན་གཏིབས་པ་ལྟ་བུར་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་ཚུལ་བཞིན་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། ཆས་གཞུག་ནི། དེ་སྔོན་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པའམ་ཞུགས་ཀྱང་སྙིང་པོའི་དཀྱིལ་འཁོར་མ་མཐོང་བས་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་ཁ་ཚར་མ་ཉམས་པ་རེས་གདོང་གཡོགས་མཛོད། ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ན་ཡ་ཧཱུྃ། ཞེས་གདོང་གཡོགས་སྦྱིན། དཀྱིལ་འཁོར་གྱི་ལྷ་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་ཨུ་དུམ་ཝ་རའི་ཕྲེང་བ་རེ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། མེ་ཏོག་ཐོགས། སྒོ་གསུམ་བྱིན་རླབས་ནི། གནས་གསུམ་དུ་དྲིས་བྱུག་ཅིང་རྡོ་རྗེས་རེག་ལ་འབྲུ་གསུམ་བརྗོད། སློབ་མ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སོགས་ནས་རང་བཞིན་དུ་གྱུར། ཅེས་བརྗོད། ཁྱེད་རང་སྒོ་གསུམ་རིགས་གསུམ་གྱི་ལྷར་

p. 347

བྱས་པ་ལ་ཉེར་སྤྱོད་ལྔས་མཆོད་པར་མོས་མཛོད། རྣམ་ལྔ་བཏེགས་ལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། གོ་བགོ་བ་ནི། རྡོ་རྗེ་རྩེ་གཅིག་གི་རྒྱས་རེག་ལ། སློབ་མའི་ལྟེ་བར་ཨོཾ་བྃ་དམར་པོ་སོགས་ནས་མཚན་པར་གྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་གི་སྙིང་གར་ཀུན་རྫོབ་དོན་དམ་བྱང་སེམས་ཀྱི་ངོ་བོ་ཟླ་བ་རྡོ་རྗེས་མཚན་པ་གསལ་ཐོབ་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡ་མི། ལན་གསུམ། རྡོ་རྗེ་སྙིང་ཁར་བཞག་ལ། ཨོཾ་སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་བརྟན་པར་བྱས་སོ། །སྡོམ་བཟུང་ནི། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་ཁས་བླངས་ནས་ཡོངས་སུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། སྲས་བཅས་སངས་རྒྱས་

p. 348

སོགས་ལན་གསུམ། དེ་ནས་དམ་ཚིག་བཞི་བསྒྲགས་པ་ལ། ཐོག་མར་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག །ཁྱོད་ནི་རྣལ་འབྱོར་མ་རིགས་སོགས་བརྗོད། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། རྡོ་རྗེ་མཁའ་འགྲོ་མ་སོགས་སོགས་བརྗོད། གསུམ་པ་ཕན་ཡོན་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། དམ་ཆུ་སྦྱིན། འདི་ནི་ཁྱོད་ཀྱི་སོགས་བརྗོད། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། ཐལ་མོ་མགོར་བཞག་ལ། དུས་འདི་ནས་སོགས་བརྗོད། དེས་ཕྱི་འཇུག་གི་སྐོར་རྣམས་གྲུབ་པ་ལགས། གསུམ་པ་ནང་འཇུག་ནི། དེ་ནས་ཐོག་མར་ཡེ་ཤེས་པ་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་སོགས་ལན་གསུམ། ད་ཁྱེད་རྣམས་ལུས་རྡོ་རྗེའི་ཆོས་བདུན། ངག་རླུང་ཁ་སྦྱོར། སེམས་བྱུང་ཚོར་

p. 349

གྱི་སྤྲོས་པ་བཅད་ལ་དམིགས་པ་རྩེ་གཅིག་ཏུ་སྒྲིམས་ཤིག །ཅེས་བསྐུལ། སློབ་མ་རྣམས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བའི་རྩ་གསུམ་འདུས་མདོར་ཆོས་འབྱུང་དམར་པོའི་སོགས་ནས་གཞུང་ལྟར་འབེབས་རྫས་བསྲེག་ཌཱ་དྲིལ་དྲག་ཏུ་འཁྲོལ་བ་བཅས་གཞུང་གི་བྱིན་འབེབས་ཚིགས་བཅད་དང་ཡེ་ཤེས་འབེབས་པའི་སྔགས་མང་དུ་བརྗོད་པས་བྱིན་དབབ། དེའང་ལུས་འཕར་བ་དང་འདར་བ། ངག་བརྡ་སྐད་སྨྲ་བ། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེའོ། །ཞེས་དང༌། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་གི་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་མཛོད། རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་སོགས་བརྗོད། དེ་ནས་རིགས་བརྟག་པའི་ཕྱིར་བདེན་པ་བརྗོད་པ་ནི། རྡོ་རྗེ་མཁའ་འགྲོའི་སོགས་བརྗོད། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷར་ཕོག་པར་ཤོག་ཅིག་སྙམ་དུ་སྔགས་འདིའི་

p. 350

རྗེས་ཟློས་བཅས་དཀྱིལ་འཁོར་དུ་འདོར་བར་ཞུ། བཛྲ་ཌཱ་ཀི་ནི་སོགས་བརྗོད་ལ་མེ་ཏོག་འདོར་བཅུག །མེ་ཏོག་དེ་ཉིད་སླར་ཁྱེད་རང་རྣམས་ཀྱི་རིགས་ཀྱི་ཅོད་པན་དུ་སྤྱི་བོར་བཅིང་བར་མོས་མཛོད། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདས་མ་སོགས་བརྗོད། དེ་ནས་གསེར་གྱི་ཐུར་མས་མིག་ཕྱེས་པས་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་མཛོད། ཨོཾ་བཛྲ་ནེ་ཏྲ་སོགས་བརྗོད་པས་གདོང་གཡོགས་བསལ། ཞེས་མ་རིག་པའི་སོགས་བརྗོད། བཞི་པ་དབང་དངོས་ལ་བཞི་ལས་ཐོག་མར་བུམ་དབང་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་ཐོག་མར་མཎྜལ་ཕུལ། ཞེས་དང༌། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ལྷ་མོ་དཔལ་གྱི་སོགས་གསུམ། བླ་མ་དཀྱིལ་འཁོར་གཙོ་བོའི་སོགས་ནས་འབྲས་བུ་སྤྲུལ་སྐུ་འགྲུབ་པའོ། །ཞེས་པའི་བར་གྱིས་རིག་པའི་དབང་ལྔ་དང་ཕྱག་མཚན་ལྔས་རྒྱས་གདབ་པ་སོགས་གྲུབ་པར་བྱ། གཉིས་པ་གསང་དབང་ནི། གསང་ཐོད་བཏེགས་ལ། བླ་མ་རྣལ་འབྱོར་མ་སོགས་

p. 351

ནས་ལོངས་སྐུ་འགྲུབ་པའོ། །ཞེས་བརྗོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སིནྡྷུ་རའི་མེ་ལོང་ཐོགས་ལ། སིནྡྷུ་ར་ཡི་དཀྱིལ་འཁོར་ལས་སོགས་ནས་ཆོས་ཀྱི་སྐུ་འགྲུབ་པའོ། །བཞི་པ་ཚིག་དབང་ནི། སློབ་བུ་རྣམས་ཀྱིས་སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་རང་ངོར་མཉམ་པར་ཞོག་མཛོད། ཅེས་བསྐུལ་ལ། ལྟོས་ཤིག་རང་གི་སོགས་ནས་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའོ། །ཞེས་བརྗོད། ལྔ་པ་རྗེས་གནང་གི་རིམ་པ་མཐའ་རྟེན་དང་བཅས་པ་ནི། སིནྡྷུ་ར་ཡི་སྤྱི་བོར་བྱུགས་ལ། བླ་མ་རྡོ་རྗེ་འཆང་སྤྱི་གཙུག་ཏུ་སོགས་ནས་ཕྲིན་ལས་རབ་འབྱམས་འགྲུབ་པར་བྱོས། །ཞེས་པའི་བར་དང༌། དེ་དག་གི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ལས་བཞིའི་བཀའ་གཏད་པ་བརྟུལ་ཞུགས་ཀྱི་སྤྱོད་པས་རྩལ་སྦྱང་བ་སོགས་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད། དེ་ལྟར་དཔལ་ལྡན་འབའ་རོམ་པའི་ཐུགས་དམ་ལྷ་གཅིག་ཏུ་གྲགས་པའི་རྗེ་བཙུན་རྡོ་རྗེ་

p. 352

རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་གྱི་སྒྲུབ་དཀྱིལ་བདེ་ཆེན་ལམ་བཟང་དང་རྗེས་སུ་འབྲེལ་བའི་དབང་བསྐུར་ལེགས་པར་གྲུབ་པས་རིག་འཛིན་སྔགས་ཀྱི་སྡོམ་པ་དམ་ཚིག་གི་གནས་རྣམས་བསྲུང་སྡོམ་ཚུལ་བཞིན་དུ་བགྱིད་དོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་ལན་གསུམ། གཏང་རག་ལུས་འབུལ་དགེ་བསྔོ་རྣམས་ཀྱང་སྤྱི་ལྟར་དུ་བགྱིས་ལ་ཚོགས་ཀྱི་དགའ་སྟོན་ལ་རོལ་བཞིན་སློབ་མ་རྣམས་གྲོལ་ལོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ལྷག་ཆོག་དང་ཐུགས་དམ་བསྐུལ་བ་མཆོད་བསྟོད་ནོངས་བཤགས་སོགས་གཞུང་གསལ་ཚང་བར་བྱའོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་ཡི། །སྨིན་བྱེད་ལམ་གྱི་སྒོ་འགྱེད་འདིས། །འགྲོ་མང་སྐུ་བཞི་ལ་སྦྱོར་ཏེ། །རྡོ་རྗེ་བཙུན་མོའི་དཔལ་ཐོབ་ཤོག །ཅེས་པ་འདིའང་སྙིང་པོའི་རྣལ་འབྱོར་ལ་ཐུགས་གཞོལ་བ་འགའ་ཞིག་ནས་བསྐུལ་ངོར་བློ་གྲོས་རྒན་པོས་ཕུན་ཚོགས་བཀྲ་ཤིས་ཡང་རྩེར་སྦྱར་བ་དགེ་ལེགས་འཕེལ།། །།

ཟབ་དོན་བདེ་ཆེན་མཁའ་འགྲོ་ལས་རྩ་བའི་དབང་བསྐུར་ཆེན་མོའི་སྔོན་འགྲོ་སྟ་གོན་གྱི་རིམ་པ་འགྲིག་ཆགས་སུ་བཀོད་པ། ཀརྨ་སྒྲུབ་མཆོག

p. 353

༄༅། །ཟབ་དོན་བདེ་ཆེན་མཁའ་འགྲོ་ལས་རྩ་བའི་དབང་བསྐུར་ཆེན་མོའི་སྔོན་འགྲོ་སྟ་གོན་གྱི་རིམ་པ་འགྲིག་ཆགས་སུ་བཀོད་པ་བཞུགས་སོ། །

p. 354

མཆོག་གི་ཡན་ལག་བཟང་པོ་རབ་ལྡན་པའི། །དལ་བབས་ལྷ་ཡི་བདུད་རྩིའི་རྒྱུན་ཆེན་གྱིས། །ས་གསུམ་ཉམས་པའི་དྲི་སྦྱངས་ཡོན་ཏན་སྡུད། །གདུང་སེལ་མཁའ་ཀློང་ཆུ་གཏེར་ཆ་དེར་ཕྱོགས། །དེ་ཡང་འདིར་བདེ་ཆེན་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་དཀར་མོའི་དཀྱིལ་འཁོར་དུ་སློབ་མ་སྨིན་པར་བྱེད་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་ཐོག་མར་སྦྱོར་བ་སྟ་གོན་ལ་གསུམ་སྟེ། རྒྱུད་ལས་དཀྱིལ་འཁོར་བུམ་པ་སློབ་བུ་རྣམས༔ ལྷག་པར་གནས་ལ་རབ་གནས་པས༔ ཞེས་འབྱུང་ཕྱིར། དང་པོ་དཀྱིལ་འཁོར་ལའང་ས་སྟ་གོན་དང་དཀྱིལ་འཁོར་སྟ་གོན་གཉིས་ཏེ། དང་པོ་ལ་ས་བརྟག་པ། སློང་བ། སྦྱོང་བ། བཟུང་བ་དང་བཞི་ཡོད་པའི་དང་པོ་ས་བཙལ་བ་དང་བརྟག་པ་ནི་འདིར་མི་དགོས་ཤིང་། གཉིས་པ་ལ་བདག་པོ་མི་ལས་སློང་བ་དང་། སའི་ལྷ་ལས་སློང་བ་སྟེ་དང་པོ་ནི་མི་དགོས། གཉིས་པ་

p. 355

ནི། བདག་ཉིད་ལྷའི་རྣལ་འབྱོར་ཚུལ་བཞིན་དུ་བསྒོམས་ནས་གང་དུ་བྱ་བའི་སར། ཚོམ་བུ་ས་ལྷའི་གཏོར་མ་ཉེར་སྤྱོད་བཅས་བཤམས་ལ། ཨོཾ་ཀརྨ་ཏ་ཀྲིཏ་ཏ་བཛྲ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊཿ ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་ལྷའི་ཞལ་ཟས་རོ་བཅུད་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཚོམ་བུ་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་མདུན་དུ་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་སྦྱངས་ཀྱི་མདངས་ལྟར་གཟི་བརྗིད་འོད་དུ་འབར་བ་ཞལ་འཛུམ་མདངས་དང་

p. 356

ལྡན་ཞིང་། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་རིན་པོ་ཆེའི་བུམ་བཟང་གཏེར་གྱིས་གང་བ་འཛིན་ཞིང་། དར་དང་རིན་པོ་ཆེས་བརྒྱན་པ། སྐུ་སྟོད་ས་གཞི་ལས་ཐོན་པའི་ཚུལ་ཅན་འཁོར་ས་བདག་གི་ཚོགས་དང་བཅས་པར་གསལ་ཞིང་། རང་གི་ཐུགས་ཀའི་འོད་གྱིས་སྟོང་གསུམ་གྱི་གནས་འོག་གཞི་སའི་དཀྱིལ་འཁོར་ནས་སེམས་མ་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས། པྲི་ཐི་དེ་ཝི་སརྦ་བྷཱུ་མི་པ་ཏི་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། སྔགས་ས་པཱ་རི་ཝ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་ནམ་གསུམ་གྱིས་གཏོར་མ་སྟོབ། འདོད་དོན་གསོལ་བ་ནི། ཧཱུྃ། ས་ལྷ་བརྟན་མ་ཡུལ་བདག་དང་༔ གནས་གཞིའི་བདག་པོར་བཅས་རྣམས་དགོངས༔ བདག་གིས་དངོས་སྒྲུབ་བསྒྲུབ་པའི་ཕྱིར༔ བླ་མེད་དཀྱིལ་འཁོར་བཞེངས་འཚལ་གྱི༔ ས་འདི་བདག་ལ་བསྩལ་ནས་ཀྱང་༔ སྒྲུབ་པའི་མཐུན་

p. 357

རྐྱེན་མཛད་དུ་གསོལ༔ ཨོཾ་པྲི་ཐི་དེ་ཝི་སརྦ་སིདྡྷི་སྭཱ་ཧཱ༔ ལན་གསུམ་མམ་གཅིག་གི་མཐར་བསྙེན་པ་གང་རུང་དང་། ལྷ་མོ་ཡེ་ཤེས་པ་འཁོར་ས་བདག་དང་བཅས་པ་དགྱེས་ཤིང་གནང་བ་བསྩལ་ནས་གཤེགས་པར་བསམ། དམ་ཚིག་པ་ས་གཞི་དེར་ཐིམ་པས་དེ་ཉིད་གསེར་གྱི་རང་བཞིན་གྱུར་པར་བསམས་ལ། ལྷ་མོ་སར་ཐིམ་གཞི་དེ་ཉིད༔ རིན་ཆེན་ས་གཞིར་གྱུར་པར་བསམ། སརྦ་བྷཱུ་མི་པ་ཏི་གཙྪ༔ སེ་གོལ་གཏོགས་ཤིང་མཆོད་གཏོར་གཙང་སར་གཤེགས། གསུམ་པ་སྦྱོང་བ་ནི། ཆོས་ཐམས་ཅད་དངོས་པོ་དང་མཚན་མ་མེད་པ་སྟོང་པ་ཉིད་དུ་བལྟ་སྟེ་རྡོ་རྗེ་དང་བཅས་པའི་ཐལ་མོ་ས་ལ་ལན་གསུམ་བརྡེབ། གཉིས་པ་བཟུང་བ་ནི། སེང་ལྡིང་ངམ་ཤིང་གི་ཕུར་བུ་དར་ལྗང་གི་ཅོད་པན་བཏགས་ལ་ལས་སྔགས་བཏབ་པ་ཐོགས་ལ་ལྷར་སྒོམ་པའི་སྡང་མིག་གིས་ཕྱོགས་བཅུར་བལྟས་པས་དབང་དུ་བྱས་མཐར་སྟངས་སྟབས་དང་བཅས་པས་དེའི་དབུས་སུ་གདབ་བོ། །གཉིས་པ་དཀྱིལ་འཁོར་ལ། དུར་གྱི་ས་ལ་སྟེགས་བུ་བྱས་པའི་སྟེང་དུ་རོ་སོལ་གྱི་རྩི་དང་བདུད་རྩི་དང་དྲི་བཟང་གིས་བརྐྱང་ནུལ། ཁྱེའུ་ཕོ་མོས་བཀལ་བའི་ཐིག་སྐུད་བྱིན་གྱིས་བརླབ་བོ། །དེ་ནས་སློབ་དཔོན་རྣམ་སྣང་ནུབ་དང་། སློབ་བུ་དབྱིངས་ཕྱུག་མ་ཤར་དུ་གནས་པས་ཐིག་སྣེ་ཡབ་ཀྱིས་ཡུམ་ལ་གཏད་པའི་ཡེ་ཐིག་གདབ་ཚུལ་བྱ། དེ་ནས་ཤར་ནུབ་ཀྱི་ཚངས་ཐིག་སློབ་དཔོན་བྱང་། སློབ་མ་ལྷོར་གནས་པའི་

p. 358

ལྷོ་བྱང་ཚངས་ཐིག་དང་། དབང་ལྡན་དང་སྲིན་པོ་ནས་མཚམས་ཐིག་གཡས་ནས་བསྐོར། དེ་ནས་རླུང་དང་མེ་ཡི་ཐིག་གདབ་ཅིང་། ཟུར་ཐིག་དང་བྱ་རྗེས་ཀྱི་མཚན་མ་རྣམས་བཙལ་བའི་དབུས་སུ་འདབ་བཞིའི་ལྟེ་བར་ཆོས་འབྱུང་རྒྱབ་ཟུར་ནུབ་བསྟན། དེའི་ཕྱིར་ཤར་ནུབ་ལྷོ་བྱང་བཅས་པདྨ་འདབ་དྲུག་ཆོས་འབྱུང་ཟུར་མདུན་བསྟན། གྲུ་ཆད་ལྕོགས་ལྡན་གཞལ་ཡས་ལ་རྩིག་པ། འདོད་སྣམ། ཕ་གུ། མུན་པ། གསེར་གདུང་། ཤར་བུ། མདའ་ཡབ། སྒོ་ཁྱུད། ཀ་བ། ཀ་རྒྱན། སྒོའི་སྣམ་བུ་བཞི་བརྒྱད་གང་རུང་། མདའ་ཡབ། བྲེ། ཆོས་འཁོར། གདུགས་ཏོག །འོག་གཞིའི་ར་བརྒྱད། དུར་ཁྲོད། རྡོ་ར་མེ་རི་བཅས་ཀྱིས་བསྐོར་བ་ནི་ཐིག་གི་བྱ་བ། ཚོན་རྣམས་ཁ་དོག་ལྔ་ཕྱོགས་མ་འཁྱོལ་བར་བཀོད་ལ་དཔའ་བོ་འབྲུ་ལྔར་བསྒོམས་ཏེ་འོད་ཟེར་སྤྲོ་བསྡུས་རིགས་ལྔར་གྱུར་པར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བཟླས་མཐར་འོད་དུ་ཞུ་བ་རྡུལ་ཚོན་དུ་གྱུར་པར་བསམ་མོ། །ཚོན་བཀྲ་བརྟག་པར་བྱང་ཤར་གྱི་རྩིགས་པར་ཚོན་ཅུང་ཟད་འགྱེད་ནས་བཟང་ངན་གྱི་སྨོན་པ་ཡིད་ཀྱིས་བྱས་ལ་ཞག་གཅིག་ཐོད་པས་བཀབ། སང་བལྟ་བའི་ཚེ་བཀྲག་ཤོར་བ། ནོག་པ་རླུང་གིས་ཁྱེར་བ་སོགས་བྱུང་ན་དམ་ཚིག་ཉམས་པ་དང་སྡུག་བསྔལ་བར་འགྱུར་བའི་མཚན་མ་སྟེ་སྒྲིབ་སྦྱོང་ཚོགས་བསོག་སྣ་སེལ་གང་ནུས་བྱ། ཚོན་མདོག་ལེགས་ཤིང་བཀྲག་ལ་འོད་འཚེར་བ་ནི་རིམ་པར་བཟང་བར་བཤད་དོ། །ཚོན་འགྱེད་པ་ལ་ལྷ་གནས་མཐིང་ག །ས་བོན་དཀར་པོ། པདྨ་སྣ་

p. 359

ཚོགས། པདྨའི་གདན་ཆོས་འབྱུང་དཀར་པོ། གྲུ་ཆད་ཕྱོགས་མདོག །རྩིག་པ་སྣ་ལྔ། འདོད་སྣམ་དམར། ཕ་གུ་སེར། མུན་པ་ནག་པོ། བྲེ་ཕུལ་དྲྭ་ཕྱེད་གདུང་མ་རྣམས་སེར་པོ། ཤར་བུ་སྔོ། མདའ་ཡབ་དཀར། ཀ་བ་ཕྱོགས་མདོག །ཀ་རྒྱན་དཔྱད་མདོག །སྣམ་བུ་ལྗང་དམར་སེར་མཐིང་ག །ཆོས་འཁོར་ར་བརྒྱད་ཕྱོགས་མདོག །སྒོ་འགྲམ་ལྗོན་ཤིང་བརྒྱད། འཕན་གདུགས་རྒྱལ་མཚན་ཞིང་དང་རྒྱུ་མ་སོགས་མཛེས་ཚོན། པདྨ་སྣ་ཚོགས། དུར་ཁྲོད། རྡོ་ར། མེ་རི་བཅས་མཛེས་ཚོན་ནོ། །ས་བོན་རྣམས་ལྷ་རང་མདོག་སྟེ། ལར་ཐིག་གི་སྐབས་ཡེ་ཐིག་ཨ་ཧྃ་གིས། ཚངས་ཐིག་ཨེ་ཝྃ་གྱིས། མཚམས་ཐིག་མཱ་ཡཱ་ཟུར་ཐིག་གཞན་རྣམས་འབྲུ་གསུམ་བརྗོད་བཞིན་པས་གདབ། ཚོན་གྱིས་འབྲི་ཚེ་འབྲུ་ལྔ་བཟླ་བཞིན་འགྱེད་པར་གསུངས་སོ། །དེ་དག་དཀྱིལ་འཁོར་ཐིག་དང་རྡུལ་ཚོན་གྱི་བྱ་བའོ། །གསུམ་པ་བུམ་པ་སྟ་གོན་ནི། བུམ་པ་རྣམས་གུ་གུལ་གྱིས་བདུག །ཡུངས་ཐུན་བྲབ་ཅིང་དྲག་སྔགས་ཀྱིས་བགེགས་བསྐྲད། དེ་ནས་དྲི་བཟང་གི་ཆུས་སུམ་གཉིས་བཀང་སྟེ་བུམ་རྫས་སྦྱར་ཞིང་མགུལ་ཆིངས་དང་ཁ་རྒྱན་འཛུགས་ཏེ། བསང་སྦྱང་། སྟོང་པའི་ངང་ལས་ཡི་གེ་བྷྲཱུྃ༔ ཡོངས་གྱུར་བུམ་པ་

p. 360

གཞལ་ཡས་ཁང་༔ ར་བས་ཤིན་ཏུ་མཛེས་པའི་ནང་༔ བདུད་རྩིའི་དབུས་སུ་པད་དཀར་སྟེང་༔ བཅོམ་ལྡན་འདས་མ་གཙོ་དང་འཁོར༔ མ་བསྐྱེད་རང་བྱུང་རྫོགས་པར་གསལ༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་༔ ལྷ་རྣམས་དགྱེས་པར་རབ་ཏུ་མཆོད༔ སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ལྷ་སྔགས་བཟླས་པའི་མཐར་མཆོད་ཡོན་ཕུལ་ནས་འོད་ཞུ་བྱ། ཨོཾ་ཨཱཿཧཱུྃ༔ ལྷ་རྣམས་བདེ་བའི་ངོ་བོར་ཞུ༔ བུམ་པ་བདུད་རྩིར་རོ་གཅིག་གྱུར༔ ༈ ལས་བུམ་བདུད་རྩིའི་རྒྱ་མཚོའི་དབུས༔ སྣ་ཚོགས་པདྨ་ཉི་མའི་སྟེང་༔ ཁྲོ་མོ་ལས་ཀྱི་དབང་ཕྱུག་མ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ༔ རྒྱ་གྲམ་མཚན་པའི་གྲི་ཐོད་འཛིན༔ ཁྲོ་མོའི་ཆས་རྫོགས་གར་སྟབས་རོལ༔ སྐུ་ལས་བདུད་རྩིའི་རྒྱུན་སྤྲོས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་ཧཱུྃ་ཧཱུྃ་ཕཊ༔ རིག་པ་དེ་

p. 361

དག་སྟོང་རྩས་བསྒྲུབ༔ མཐར་ནི་ཁྲོ་མོ་འོད་ཞུ་བས༔ ལས་ཀུན་བྱེད་པའི་ནུས་ལྡན་གྱུར༔ ཞེས་ལས་བུམ་བསྒྲུབས་ཏེ་འོད་ཞུ་བྱ་བ་ནི་བུམ་པ་སྟ་གོན་ནོ། །བཞི་པ་སློབ་མ་སྟ་གོན་གྱི་ཆས། ལས་ཆུ། འདོད་ཡོན་ལྔའི་མཆོད་པ། མཎྜལ་ཚོམ་བུ། སོ་ཤིང་། ཁྱོར་ཆུ། སྲུང་སྐུད། ཀུ་ཤ་དང་། རྨི་ལམ་བརྟག་པའི་རྫས་རྣམས་སྔོན་དུ་སྔགས་ཀྱིས་སྒྲུབ་པ་ལེགས། དེ་ནས་སློབ་མ་མདུན་དུ་ཚོགས་ནས། ཁྲུས་དང་། བགེགས་ཕྲལ། སྲུང་འཁོར་བསྒོམས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་བྱང་ཆུབ་ལ་འགོད་པའི་ཆེད་དུ་དང་པོ་བདག་ཉིད་ཕྱི་ནང་གི་ཐེག་པའི་རིམ་པ་རྣམས་ལ་འཇུག་པའི་ཚུལ་གྱིས་བསླབ་པ་རྣམས་ཀྱང་རྗེས་སུ་སློབ་སྟེ། ཡང་དག་པའི་གསང་སྔགས་བླ་ན་མེད་པའི་སྨིན་གྲོལ་ཟབ་མོའི་སྒོར་ཞུགས་ནས་ཚེ་གཅིག་གིས་སངས་རྒྱས་བསྒྲུབ་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པའི་ངང་ནས་ལྷག་པར་གནས་པ་སྔོན་དུ་འགྲོ་བ་སྟ་གོན་གྱི་

p. 362

ཆོས་རྣམས་ཞུ་བའི་ཕྱིར་མཎྜལ་གནང་འཚལ། དེ་ནས་རྡོ་རྗེ་སློབ་དཔོན་ལ་མོས་གུས་དད་འདུན་དྲག་པོས་རྗེས་སུ་བཟུང་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་འགྲོ་མགོན་རྒྱལ་བའི་སྲས༔ བདག་ཅག་སྔོན་ནས་འབྲེལ་བའི་གདུང་༔ དམ་ཚིག་མཆོག་ནི་བཟུང་འཚལ་གྱིས༔ མགོན་པོ་ཆེན་པོས་བཀའ་དྲིན་སྩོལ༔ ལན་གསུམ། དེ་ནས་དེ་དག་གི་ཚུལ་ལ་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི༔ སྙིང་རྗེས་ཡོངས་སུ་བཟུང་འཚལ་གྱིས༔ ཁྱོད་ཀྱི་རྒྱུད་རྣམས་རབ་སྦྱང་ཕྱིར༔ ལྷག་པར་གནས་པ་སྦྱིན་གྱིས་ལོངས༔ དེ་ནས་ཁྱེད་རང་རྣམས་ཀྱི་རྒྱུད་སྣོད་རུང་དུ་བསྒྲུབ་པར་བྱ་བའི་སླད་དུ་བླ་མ་དང་དཀོན་མཆོག་རྩ་གསུམ་དབྱེར་མ་མཆིས་པ་ལས་སྔོན་དུ་སྐྱབས་འགྲོའི་སྡོམ་པ་མ་ཐོབ་པ་ཡིན་ན་འཐོབ་པར་བྱ་བ་དང་། ཐོབ་ཟིན་ནས་ཡོན་ཏན་ཡར་ལྡན་དུ་སླར་བསྐྱར་བའི་ཚུལ་དང་།

p. 363

ཉམས་པ་རྣམས་གསོ་བའི་སླད་དུ་སྐྱབས་འགྲོའི་སྡོམ་པ་ལེན་པ་འདི་ཉིད་ཀྱི་ཚིག་དོན་ཡིན་ལ་དྲན་བཞིན་དུ་འདིའི་རྗེས་ཟློས་ལན་གསུམ་དུ་མཛོད། ན་མོཿ སྐུ་གསུམ་འདུས་པ་སངས་རྒྱས་དང་༔ རྩ་གསུམ་སྒྲུབ་པ་དམ་པའི་ཆོས༔ རིགས་གསུམ་ལ་སོགས་དགེ་འདུན་སྡེ༔ གསུམ་ལ་རྟག་ཏུ་སྐྱབས་སུ་མཆི༔ ལན་གསུམ། དེང་ནས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་སྡོམ་པ་བཟུང་སྟེ་འགྲོ་བའི་དོན་རླབས་པོ་ཆེ་ཇི་སྲིད་བར་བསྒྲུབ་པའི་བློས་འདིའི་རྗེས་ཟློས་མཛོད། ཧོཿ དེང་ནས་འགྲོ་བ་ཀུན་དོན་དུ༔ སངས་རྒྱས་མྱུར་དུ་འཐོབ་པར་བྱ༔ དེ་ཕྱིར་བླ་མ་ཧེ་རུ་ཀ༔ དབྱེར་མེད་མཁའ་འགྲོར་གཟུང་བར་བྱ༔ ཚོགས་བསགས་པའི་སླད་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དཀོན་མཆོག་རྩ་གསུམ་རྒྱ་མཚོར་འདུན་བློ་རྩེ་གཅིག་པས་ལུས་དང་ལོངས་སྤྱོད་ཡིད་སྤྲུལ་བློས་བླངས་ཀྱི་

p. 364

མཆོད་པའི་སྤྲིན་ཚོགས་རབ་འབྱམས་ཞིང་གི་རྡུལ་ལྟར་སྤྲོས་ཏེ་མཆོད་ཅིང་འབུལ་བའི་བློས་བསོད་ནམས་ཡན་ལག་བདུན་གྱི་ཚིག་དོན་ཡིད་ལ་སྒོམ་བཞིན་པས་འདིའི་རྗེས་ཟློས་མཛད་འཚལ། ཧྲཱི༔ རྩ་གསུམ་མཁའ་འགྲོའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་ནོངས་པ་བཤགས༔ དགེ་ལ་ཡི་རང་མི་འདའ་གསོལ༔ ཆོས་གསུང་བསྐུལ་ཞིང་བཞུགས་གསོལ་འདེབས༔ དགེ་ཚོགས་མ་ལུས་གཅིག་བསྡོམས་ནས༔ ཀུན་ཀྱང་སངས་རྒྱས་འཐོབ་ཕྱིར་བསྔོ༔ དེ་དག་ནི་སྟ་གོན་འཇུག་པའི་ཕྱིར༔ སྟ་གོན་གྱི་དངོས་གཞི་སློབ་བུ་ལྷར་བསྐྱེད་པ་ནི་འདི་བཞིན་བསྒོམ་པར་ཞུ། ལས་ཆུས་བྲན་ཞིང་། ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་ཧུྃ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝས་སྦྱང་། སློབ་བུ་སྟོང་ལས་པད་ཉིའི་སྟེང་༔ ཧ་ཡིག་སྔོན་མོ་ཡོངས་གྱུར་ལས༔ རྟོག་མེད་རྡོ་རྗེ་མཁའ་འགྲོ་མཐིང་༔ ཞལ་གཅིག་ཞི་འཛུམ་ཕྱག་གཉིས་ཀྱིས༔ རྡོ་

p. 365

རྗེའི་གྲི་ཐོད་གར་སྟབས་སྒྱུར༔ སྣ་ཚོགས་རིན་ཆེན་རུས་པས་བརྒྱན༔ འོད་ཕུང་ཀློང་དུ་བརྐྱང་བསྐུམ་རོལ༔ གནས་གསུམ་ཡིག་གསུམ་ཐུགས་ཀའི་དབུས༔ དགའ་བ་འཁྱིལ་བའི་འོད་ཟེར་གྱིས༔ ཨོ་རྒྱན་ཡུལ་དང་མཁའ་སྤྱོད་ཞིང་༔ གནས་གསུམ་མཁའ་འགྲོའི་གྲོང་ཁྱེར་ནས༔ བདེ་ཆེན་མཁའ་འགྲོའི་སྐུ་གསུང་ཐུགས༔ ཡེ་ཤེས་རྣམ་པ་ཆར་བཞིན་བབས༔ སློབ་བུའི་ལུས་ངག་ཡིད་གསུམ་ལ༔ དབྱེར་མེད་མཆོག་ཏུ་བྱིན་བརླབས་གྱུར༔ རོལ་མོ་བསྒྲགས་ཤིང་སྤོས་བརྟུལ། གནས་གསུམ་དུ་དྲི་ཡིས་ཐིག་ལེ་གདབ་ཅིང་འབྲུ་གསུམ་བརྗོད། དེ་ལྟར་སྒོ་གསུམ་བྱིན་བརླབས་པས༔ སློབ་མ་དངོས་སུ་ལྷར་གྱུར་པར༔ འདོད་ཡོན་ལྔ་ཡིས་མཆོད་པར་གྱུར༔ ཞེས་བསྒོམས་ལ། ཨོཾ་བཛྲ་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤབྟ༔ གནྡྷེ༔ རཱ་ས༔ སྤརྴེ༔ བར་གྱིས་མཆོད། སྐལ་པ་བཟང་ངན་རྫས་དང་རྨི་ལམ་གཉིས་ཀྱི་སྒོ་ནས་བརྟག་པ་ལས། དང་

p. 366

པོ་སོ་ཤིང་ལ་བརྟག་པ་ནི། འོ་མ་ཅན་གྱི་ཤིང་ལ་རྩེ་མོ་མེ་ཏོག་གི་རྣམ་པ་དང་། རྩ་བ་སོ་ཤིང་བྱས་པ་འདི་ཉིད་དངོས་གྲུབ་ཀྱི་སྐལ་པ་ཡིད་ལ་བྱས་ཏེ་སོ་འབྲུད་པའི་ཚུལ་དུ་མཎྜལ་གྱི་དབུས་སུ་བཛྲ་ཧཱ་ས་ཧཿཞེས་འཇུག་པར་ཞུ། སོ་ཤིང་དེར་འཛུག །དེ་ལྟར་སོ་ཤིང་དོར་བས་མེ་ཏོག་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་འདྲེས་མའི་ལས་ཕྲན། དབུས་སུ་མཆོག་གི་དངོས་གྲུབ་ཐོབ་པར་བཤད་དོ། །གལ་ཏེ་འཁོར་ཡུག་གི་སྟེང་དུ་ལན་གསུམ་གྱིས་མ་ཆགས་ན་ངན་པས་སྒྲིབ་སྦྱོང་སྐོང་བཤགས་ལ་འབད་པར་བྱའོ། །གཉིས་པ་རྨི་ལམ་གྱི་སྒོ་ནས་བར་ཆད་དང་དངོས་གྲུབ་ཀྱི་མཚན་མ་བརྟག་པ་ནི། དང་པོ་རྨི་ལམ་རྨི་བའི་ཕྱིར་ལས་ཆུ་བྷྲཱུྃ་གྱིས་བཏབ་པ་སྦྱིན་པའང་། བྷྲཱུྃ་ཞེས་བསྒྲང་། ལས་ཆུ་སྦྱིན་པ་འདིས་བསང་གཏོར་བྱས་མཐར་འབྲུ་གསུམ་དུ་མོས་ལ་ཧུབ་གསུམ་གྱིས་གསོལ་ཞིང་ལྷག་མ་རྒྱབ་ཏུ་འདོར་བར་ཞུ། དེས་ནི་

p. 367

རྨི་ལམ་གསལ་ཞིང་རྨི་བར་འགྱུར་རོ། །རྨི་ལམ་གྱི་བར་ཆད་བསྲུང་ཕྱིར་ལས་སྔགས་ཀྱིས་བཏབ་པའི་སྲུང་སྐུད་འདོག་པ་ནི། ལས་སྔགས་བཟླ་བཞིན་ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་གདགས་ལ་ལས་ཆུས་བྲན་ཞིང་རྡོ་རྗེས་རེག་པས་བར་ཆད་སྲུང་བར་འགྱུར། གསུམ་པ་རྨི་ལམ་རྨིས་པ་དེ་གདོན་གྱིས་མི་འཁྲུག་པར་བྱ་བ་ནི། དྷཱིཿཁྃ་ལས་སྐྱེས་པའི་རྩྭ་མཆོག་ཀུ་ཤའི་ཆུན་པོ་ལག་པ་གཡས་གཡོན་དུ་གཏད་ཅིང་སྦྱིན་པར་བྱ་སྟེ། དྷཱིཿཁྃ། བརྗོད་པས་གཏད། དེ་ལྟར་ཀུ་ཤ་དེ་ཉིད་རིང་བ་སྔས་དང་ཐུང་བ་གདན་དུ་བྱས་ལ་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བོ་བསྟན་ལ། སེང་གེ་ཉལ་སྟབས་ཀྱིས་ལེགས་ཉེས་གང་འབྱུང་རྨི་བར་ཤོག་ཅིག་སྙམ་དུ་འདུན་པ་དང་སྨོན་ལམ་བྱས་ནས་ཉལ་བས་མ་འཁྲུལ་བར་ཇི་ལྟ་བ་རྨི་ཞིང་། དེའང་སྲོད་ལ་ཉིན་མོའི་བག་ཆགས། ནམ་གུང་ཉིང་འཁྲུལ་གྱི་སྣང་བ་ཡིན་པས་གཏད་སོ་མེད་ཅིང་ནམ་སྨད་ཐོ་

p. 368

རངས་ཀྱི་རྨི་ལམ་ཉིད་ལ་བརྟག་པ་ཡོད་པས་དེ་ལྟར་སློབ་དཔོན་ལ་ཞུ་བའི་ཚེ་བཟང་ངན་ཇི་ལྟ་བ་ལུང་བསྟན་པར་འགྱུར་རོ། །མཇུག་ཏུ་སྐྱོ་བ་སྐྱེ་བ་དང་ངེས་འབྱུང་བསྐྱེད་པའི་ཕྱིར་ཆོས་བཤད་པ་ནི། དེའང་བདག་གཞན་སེམས་ཅན་ཐམས་ཅད་ནི་ནམ་ཙམ་འཁྲུལ་པའི་ཚད་མེད་པ་ནི་འཁོར་བར་ཐོག་མ་མེད་པའི་རྟགས་དང་། དེ་ནས་ཨ་འཐས་ཐེར་ཟུག་ཇེ་ཆེར་ཉོན་མོངས་རགས་པ་དང་རྣམ་རྟོག་རྒྱ་ཡན་གྱི་དབང་དུ་འགྲོ་བར་འདུག་པས་དེའི་རྐྱེན་གྱིས་འཁོར་བ་འདི་ལས་ནམ་ཡང་ཐར་བར་དཀའ་བས་ན་འཁོར་བ་མཐའ་མེད་ཀྱི་རང་བཞིན་དུ་འདུག་པར་མ་ཟད་ངན་སོང་གི་སྡུག་བསྔལ་མྱང་བ་དང་། མྱོང་འགྱུར་གྱི་གནས་དང་། དེ་ཡང་བསྐལ་པར་བསགས་པའི་དགེ་བའི་རྩ་བ་ཅུང་ཟད་ཡོད་པ་རྣམས་ཀྱི་འབྲས་བུ་ད་རེས་མི་ལུས་རིན་པོ་ཆེ་འདི་ལྟར་ཐོབ་པའི་སྐབས་འདིར་ཆུད་

p. 369

ཟོས་སུ་མ་སོང་བར་སྙིང་པོ་ལེན་པ་ཞིག་ཅི་ནས་ཀྱང་གལ་ཆེ་བས་ཐེག་པ་གཞན་རྣམས་ལས་ལམ་ཐག་ཉེ་ཞིང་བྱིན་རླབས་མྱུར་བ་འབྲས་བུ་ལམ་བྱེད་བླ་ན་མེད་པ་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་འདིར་འཇུག་པ་ནི་སྐལ་པ་ཤིན་ཏུ་བཟང་བ་ཡིན་པའང་ལུང་ལས་གསུངས་པའི་བཀའ་འདིའི་དོན་གསན་ན་ཁྱབ་པར་འགྱུར་རོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་

p. 370

པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །ཡང་མི་བསྐྱོད་ཞབས་ཀྱིས། བློ་གྲོས་བརྟན་ཅིང་མི་གཡོ་བ། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་གཅོད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ད་ལྟ་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །ཞེས་པ་དེ་ལྟ་བུའི་ལམ་དུ་འགྲོ་བའི་མིང་ཡིན། རང་

p. 371

བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དེ་ལྟ་བུའི་དོན་ཐུགས་ལ་དགོངས་བཞིན་འདི་ནས་བཟུང་སྟེ་དངོས་གཞིའི་བར་དུ་ཚོགས་གསོག་དང་སྒྲིབ་སྦྱོང་ལ་རྩེ་གཅིག་ཏུ་འབད་ན་བར་ཆད་ཞི་བ་དང་། བྱིན་རླབས་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་དང་ལྡན་པ་ཡིན་ཞིང་། འདི་ལྟ་བུའི་དགེ་ཚོགས་ཀྱང་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་གདབ་པར་མཛད་འཚལ། དེ་ནས་བསྔོ་སྨོན་གྱིས་རྒྱས་གདབ་བོ། །གོང་དུ་ལྷ་སྟ་གོན་ནི་གཞུང་བཞིན་ལས་འདིར་མ་བཤད་པས་སྨོས་མ་དགོས་སོ། །དེ་ནས་སྤྲོས་པ་ཆེན་པོའི་སྒྲུབ་པ་དང་སྒྲུབ་དབང་སྦྲེལ་བའི་སྐབས་སུ་དབང་རྫས་ཡོ་བྱད་རྣམས་བགེགས་བསྐྲད། ཡུངས་གུལ་གྱིས་བྲབ་བདུག་བྱས་ནས་ཕྲིན་ལས་གཞུང་གི་བྱིན་འབེབས་སྤོས་དང་རོལ་མོ་བཅས་ཀྱིས་བྱིན་དབབ། དེ་ནས་སྲི་ཞུ་བཅས་དཀྱིལ་འཁོར་གྱི་སྟེང་དུ་མ་འཁྱོལ་བར་བཀོད། དཀྱིལ་འཁོར་ལ་རས་གཞི་ཡོད་པའི་དབང་དུ་བྱས་ན་ཐིག་གདབ་ཚུལ་

p. 372

དང་། ཚོན་བྱིན་རླབས་བྱས་ནས་ལྷ་ཚོམ་ཐིག་ལེར་ཚོན་སྤུངས་བླུག་པ་ཙམ་མོ། །དེ་ལྟར་སྟ་གོན་གཞིའི་ལག་ལེན་ཨ་བུ་དཀོན་མཆོག་མི་འགྱུར་དང་ཀརྨ་མ་ཏི་སོགས་ཀྱིས་བསྐུལ་ངོར་འབར་བའི་རྡོ་རྗེས་སྨྲས་རིམ་བཞིན་ཀརྨ་མ་ཏིས་ཡི་གེར་བཏབ་པའོ། །སླར་རིག་འཛིན་མཆོག་གི་རིགས་སྲས་དམ་པ་ཨོ་རྒྱན་ཆོས་དབང་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་བཀས་གནང་བ་རྗེས་སུ་བསྩལ་ཏེ། འདིའི་ཡིག་ཆ་བྲིས་པ་རྣམས་ཀྱི་ཕྱག་རྒྱུན་འཁྱུག་རྐྱེན་གྱིས་འབྲུ་ནོར་དང་ཆད་ལྷག་གི་ཟློས་སྐྱོན་ཅུང་ཟད་འདུག་པ་ལེགས་པར་འཆོས་ལ་དཔེ་བཤུས་ཤིག་ཅེས་ཕེབས་པར་བརྟེན། རང་འདོད་དང་ང་རྒྱལ་གྱིས་མ་བསླད་པར། རྗོད་བྱེད་ཀྱི་ཚིག་འཁྲུལ་ན་བརྗོད་བྱའི་དོན་ལ་སུན་འབྱིན་པར་དོགས་ནས་ལྗོངས་འདིའི་བརྡའ་སྤྲོད་ཀྱི་བསྟན་བཅོས་རྣམས་ཀྱི་ལུང་དང་མཐུན་པར་རང་བློས་གང་དཔོག་གིས་ཆད་ལྷག་རྣམས་བཅོས་ཤིང་ཚིག་གི་དོགས་གནས་རྣམས་མཆན་རྣམས་གྱིས་གསལ་བར་བྱས་པའི་ཞབས་འདེགས་བྱེད་པོ་རྗེ་གང་གི་སློབ་བུ་ཐ་ཤལ་བ་ཀརྨ་སྒྲུབ་མཆོག་གིས་བགྱིས་པར་བདག་བློ་རྨོངས་པའི་དབང་འདིས་ནོངས་པའི་ཚོགས་མཆིས་ན་མཁའ་འགྲོའི་ཚོགས་ལ་བཤགས་ཤིང་། ཅུང་ཟད་དགེ་བའི་ཚོགས་སུ་གྱུར་ན་ཟབ་ཆོས་མཆོག་འདིས་འཛམ་གླིང་འཛིན་མའི་ཁྱོན་ཀུན་ཡོངས་སུ་བརྡལ་བར་གྱུར་ཅིག །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ།། །།

ཟབ་དོན་བདེ་ཆེན་མཁའ་སྤྱོད་དཀར་མོའི་རྩ་བའི་དབང་བསྐུར་གྱི་ཕྱི་ཐུན་མོང་བུམ་དབང་ཆེན་མོ་དང་ནང་ཐུན་མིན་མཆོག་དབང་བཅས་ཀྱི་མཚམས་སྦྱོར། བདེ་ཆེན་འབར་བའི་རྡོ་རྗེ།

p. 373

༄༅། །ཟབ་དོན་བདེ་ཆེན་མཁའ་སྤྱོད་དཀར་མོའི་རྩ་བའི་དབང་བསྐུར་གྱི་ཕྱི་ཐུན་མོང་བུམ་དབང་ཆེན་མོ་དང་ནང་ཐུན་མིན་མཆོག་དབང་བཅས་ཀྱི་མཚམས་སྦྱོར་བཞུགས་སོ། །

p. 374

ན་མོ་གུ་རུ་དཱེ་ཝ་ཌཱ་ཀི་ནཱི། འདིར་ཟབ་དོན་མཁའ་འགྲོའི་རྩ་བའི་དབང་རྒྱས་པའི་སྟ་གོན་གྱི་རིམ་པ་སྔོན་དུ་སོང་ཟིན་ནས། དངོས་བཞིའི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་གང་རུང་ལ་བརྟེན་པའི་དབང་རྫས་མཐོང་བརྒྱུད་ལྟར་བཤམས་ལ་ཕྲིན་ལས་སྤྱི་བཞིན་དང་། བུམ་པ་སྒྲུབ་པ། བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་རྣམས་བྱ། ཚོགས་ལྷག་མའི་མགོ་བར་བཏང་ནས་ལས་རྡོར་དང་སློབ་བུའི་སྒོ་ཕྱི་ནང་ནས་ཞུ་ལན་བྱས་མཐར་ནང་དུ་འཇུག་ཅིང་ཁྲུས་བྱ། བགེགས་ཚོགས་བསྐྲད་ཕྱིར་གཏོར་མ་བསྔོ་བ་ནི། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། སརྦ་བིགྷྣན་ཨ་ཀརྵ་ཡ་ཛཿ སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་བརྗོད། ཧཱུྃ་

p. 375

ཧྲཱི༔ བདག་ཉིད་ལས་ཀྱི་མཁའ་འགྲོ་མཐིང་ནག་ཁྲོས༔ རབ་འཇིགས་འབར་བ་རྒྱ་གྲམ་མེ་ཞགས་བསྣམས༔ དུར་ཁྲོད་ཆས་རྫོགས་པད་ཉིའི་གདན་ལ་རོལ༔ དུས་མཐའི་མེ་འདྲ་སྟོབས་ཀྱིས་བསྲེགས་པར་གྱུར༔ དེ་བས་བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ འབྲས་ཆེན་ཆང་བུ་མར་མེ་བཤོས་བཟང་དང་༔ བསྔོས་པའི་མཆོད་སྦྱིན་ལོངས་ལ་གཞན་དུ་དེངས༔ ཟབ་མོའི་དཀྱིལ་འཁོར་བལྟ་བར་མི་དབང་ཕྱིར༔ དཔག་ཚད་བརྒྱ་སྟོང་མང་པོའི་ཕ་རོལ་སོང་༔ མ་ཉེ་མ་འཁོར་

p. 376

འདུག་པའི་ཡིད་ཆགས་ཁྲོལ༔ འཇིགས་བྱེད་ཁྲོས་མའི་བཀའ་ནན་དམ་ཚིག་འདིས༔ ཉམས་ན་བསྲེག་ཅིང་མགོ་ལུས་ཚལ་པ་འགས༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་སརྦ་ཤ་ཏྲུན་བིགྷྣན་ཨུ་ཙ་ཊ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་གཟིར༔ གུ་གུལ་བདུག་ཅིང་མཚམས་བཅད་བྱ༔ ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་གཞོམ་གཞིག་དང་བྲལ་བའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བས་ཀུན་ནས་གཏམས་པར་གྱུར༔ ཨོཾ་བཛྲ་རཀྵ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ། དེ་ནས་བླ་སློབ་གཉིས་དྲི་བ་དང་ལན་བརྗོད་ནས་གདོང་གཡོགས་བཅིང་བ་ནི། དེ་ནས་དྲི་བ་བརྗོད་པ་ནི༔ བུ་ཁྱོད་གང་ལ་ཅི་ཕྱིར་འདི་ན་མཆིས༔ རིགས་ནི་སུ་ཡིན་དངོས་པོ་ཅི་འདོད་སྨྲོས༔ དེ་ལ་སློབ་བུའི་ལན་བརྗོད་པ། ཀྱེ། ངེས་འབྱུང་སྐྱེས་པ་བདག་ནི་ཐེག་ཆེན་རིགས༔ གདུང་བས་

p. 377

འདིར་མཆིས་མགོན་པོས་ཡོངས་བཟུང་འཚལ༔ སྔོན་ཆད་དཀྱིལ་འཁོར་གཉེན་པོ་མ་མཐོང་བའི་བརྡར་མིག་དར་བཅིང་བར་ཞུ། ཙཀྵུ་བྷནྡྷ་བ་ར་མ་ན་ཡ་ཧཱུྃ། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་རྟེན་མེད་པར་སྟོང་པར་མཇལ་དུ་མི་རུང་བས་མེ་ཏོག་ཨུ་དུཾ་ཝ་རའི་ཆུན་པོ་རེ་བཟུང་བར་ཞུ། ཨ་ཁཾ་བཱི་ར་ཧཱུྃ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་ནས་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་དུས་གསུམ་སངས་རྒྱས་རྣམས་དང་ཁྱད་པར་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་གདུལ་བྱའི་ཁམས་དང་དབང་པོར་འཚམས་པ་ཉོན་མོངས་

p. 378

པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་མདོར་བསྡུས་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ། རྒྱུ་ཡི་ཐེག་པ་འདུལ་བ་མངོན་པ་མདོ་སྡེ་སྟེ་གསང་སྔགས་འདི་ནི་མདོ་སྡེའི་ཁོངས་སུ་གཏོགས། འབྲས་བུའི་ཐེག་པ་ལ་གསང་སྔགས་ཕྱི་པ་ཀྲི་ཡོག་སྡེ་གསུམ། ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ། ཡུལ་དུས་ཀྱི་དབང་གིས་གསང་སྔགས་གསར་རྙིང་གཉིས་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ། དེ་ལའང་བསྐྱེད་པ་མ་ཧཱ་ཡོ་ག་ལུང་ཨ་ནུ་ཡོ་ག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་དེ་དག་ལས་སྤྱིར་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས། རྒྱུད་དང་སྒྲུབ་སྡེའི་བསྐྱེད་རྫོགས་གཉིས་ལས་བསྐྱེད་རིམ་སྒྲུབ་སྡེ་དང་རྫོགས་རིམ་རྒྱུད་སྡེ་དང་མཐུན་པ་ཡིན་ཞིང། དེ་ལའང་བཀའ་

p. 379

གཏེར་དག་སྣང་གི་བབས་སོ་གསུམ་ལས་འདི་གཏེར་མ། གཏེར་མ་ལའང་གནམ་གཏེར་ས་གཏེར་ཐུགས་གཏེར་སོགས་ལས་ས་གཏེར། དེའང་ཡོངས་རྫོགས་མཁའ་འགྲོའི་ཆོས་སྐོར་འདི་ཡི་ལོ་རྒྱུས་བྱུང་ཚུལ་བརྒྱུད་པའི་ཆེ་བ་གཏེར་དུ་སྦས་ཚུལ་ལ་བརྟེན་པའི་གཏེར་གནས་ཀྱི་ལོ་རྒྱུས་འདོན་པའི་དུས་རྟགས་འདོན་པའི་སྐྱེས་བུ་དང་ཆོས་བདག་ལུང་བསྟན་པ་སོགས་ཇོ་མོ་མཚོ་རྒྱལ་གྱིས་དཀར་ཆག་ཏུ་མཛད་པའི་གཏེར་གཞུང་དངོས་ཀྱི་གཏེར་འབྱུང་རྟོགས་པ་བརྗོད་པ་འདི་དག་གི་ཚིག་དོན་ལ་གསན་པས་ཁྱབ་སྟེ། བཅོམ་ལྡན་ཡུམ་ཆེན་མཁའ་འགྲོ་མའི༔ ཟབ་དོན་སྙིང་པོར་དྲིལ་བ་ཡི༔ ལམ་མཆོག་ཁྱད་ཆོས་མང་ལྡན་པ༔ མཁའ་དབྱིངས་གསང་ཆེན་རྨད་བྱུང་བའི༔ མན་ངག་ཡང་ཆོས་ཕྱི་མོ་འདི༔ བྱུང་ཚུལ་གླེང་གཞི་མདོར་བསྡུས་ཙམ༔ ཆེད་དུ་བརྗོད་པའི་ཚུལ་ཉིད་དུ་༔

p. 380

འགྲོ་བའི་དོན་ཕྱིར་ཁོ་མོས་བཤད༔ བཅོམ་ལྡན་ཡུམ་གྱིས་གསུངས་པའི་རྒྱུད༔ མ་རྒྱུད་བྱེ་བའི་སྙིང་བཅུད་རྣམས༔ ཡུམ་ལྔ་གནས་གསུམ་གཙོ་མོ་ལས༔ གསང་བདག་ལས་ཀྱི་དབང་མོ་དང་༔ སེང་གདོང་དྷ་ན་སིངྐུ་སོགས༔ རྡོ་རྗེ་ཁྲག་འཐུང་མནྡྷ་ར༔ སྒྲོལ་མ་རིག་པ་བརྟུལ་ཞུགས་སོགས༔ ཐུགས་བརྒྱུད་རིགས་ཀུན་རོ་གཅིག་ཏུ༔ མཁས་པ་པདྨ་སཾ་བྷར་འདུས༔ སངས་རྒྱས་གཉིས་པ་ཨོ་རྒྱན་རྗེ༔ འཕགས་ཡུལ་གདུལ་བྱའི་དོན་མཛད་ནས༔ གདོང་དམར་མངའ་བདག་ཁྲི་སྲོང་ལྡེའུས༔ བོད་ཡུལ་སྤྱན་དྲངས་ལྷ་སྲིན་བཏུལ༔ ས་གཞི་བྱིན་རླབས་གཙུག་ལག་བཞེངས༔ རབ་གནས་རྒྱ་བོད་དགེ་འདུན་སྡེ༔ བཙུགས་ཏེ་ཡུལ་དུ་དགེ་བཅུའི་ཁྲིམས༔ བཅས་ཏེ་རྗེ་འབངས་ཐམས་ཅད་ལ༔ རང་འཚམས་གདམས་ངག་རེ་རེ་གནང་༔ གུ་རུའི་སྒྲུབ་གནས་ཐམས་ཅད་དུ༔ ཉུལ་ཏེ་ཞབས་བཅགས་

p. 381

གཙང་གི་ཡུལ༔ ཟབ་བུ་ལུང་དུ་གསང་མཚམས་བཅད༔ མངའ་བདག་ལྷ་ཡིས་ཐུགས་གཅེས་ཀྱང་༔ བཙུན་མོའི་མིག་སེར་ལ་བྲོས་པ༔ གནས་འཁྱར་བུ་མོ་མཁར་ཆེན་བཟའ༔ དེ་དུས་ཐུགས་རྗེའི་ལྕགས་ཀྱུས་ཟིན༔ ལོ་གསུམ་ཟབ་མོའི་གདམས་པ་ཐེབས༔ རྗེས་མར་མཁའ་འགྲོ་མནྡྷ་ར༔ དངོས་སུ་བྱོན་ཏེ་ཡབ་ཡུམ་གཉིས༔ སོ་སོའི་བཀའ་བབས་ཟབ་མོའི་དོན༔ བདེ་ཆེན་མཁའ་འགྲོའི་མན་ངག་འདིས༔ རྒྱུད་ལུང་མན་ངག་ཆ་ཚང་བསྩལ༔ གསང་བའི་བཀའ་རྒྱ་ཟབ་མོར་གདམས༔ སྙིང་གི་ཕུལ་དུ་ཆོངས་ཤིག་གསུངས༔ གནུབས་དང་རྨ་ཡི་ལོ་ཙཱ་གཉིས༔ ཆུང་ནས་བརྩེ་ཞིང་བདག་ལ་དད༔ མ་བཟོད་རྒྱུད་དང་སྒྲུབ་ཐབས་བྱིན༔ དེ་རྗེས་པདྨའི་བཀའ་ཡང་ཁྲོལ༔ མཁའ་འགྲོ་རིག་པ་བརྟུལ་ཞུགས་ཀྱིས༔ བཱ་སུ་དྷ་རར་བསྡུད་པ་ནི༔ གནུབས་ལ་གནང་བ་ཁ་འཐོར་དང་༔

p. 382

མཁའ་འགྲོས་ལོ་ཙཱ་ཡེ་ཤེས་དབྱངས༔ རྗེས་བཟུང་སྒྲུབ་ཐབས་བསྡུས་པ་ནི༔ གནུབས་ལ་བརྒྱུད་སོགས་རིགས་གསུམ་ཡོད༔ སླར་ཡང་ཏི་སྒྲོའི་ཚོགས་ཁང་དུ༔ བླ་མ་ཨོ་རྒྱན་བཞུགས་པའི་དུས༔ མ་རྒྱུད་བྲན་དུ་ཁོལ་ན་ཡང་༔ མཁའ་འགྲོ་སྒྲུབ་པའི་ཚུལ་མཛད་ནས༔ ཁོ་མོ་བདག་དང་རྨ་ལོ་ཙཱ༔ སངས་རྒྱས་ཡེ་ཤེས་གསུམ་ཁོ་ནར༔ བདེ་ཆེན་གསང་བའི་དཀྱིལ་འཁོར་དུ༔ སྨིན་གྲོལ་ཟབ་རྒྱས་རྫོགས་པར་གནང་༔ རྒྱ་ཆེ་བ་དང་ཁ་འཐོར་རྣམས༔ མན་ངག་ཀུན་ཚང་ཆིག་དྲིལ་དུ༔ བསྡུས་ཚུལ་ཞལ་ནས་བསྒོ་བར་བཅས༔ ལོ་ཙཱ་ཟུང་ལ་བཀའ་ཡིས་གནང་༔ བཀའ་དྲིན་ཅན་གྱི་ཨོ་རྒྱན་རྗེ༔ རྗེ་འབངས་སློབ་མ་ཕོ་མོ་ལ༔ ཆོས་འདིའི་སྒྲུབ་སྐོར་མན་ངག་ནི༔ ཁ་ཐོར་སྣ་རེ་ཀུན་ལ་གནང་༔ ཕལ་ཆེར་གྲུབ་པ་འདི་ལས་བརྙེས༔ ཡང་སློབ་མཁའ་སྤྱོད་གྲུབ་པ་ཀུན༔ ཆོས་འདིའི་བྱིན་རླབས་

p. 383

དངོས་སུ་གནང་༔ བདག་ཅག་ལམ་ཟབ་གདམས་པ་འདིར༔ དད་ཐོབ་ངེས་ཤེས་རྙེད་ལགས་ཀྱང་༔ བླ་མ་ཨོ་རྒྱན་ཆེན་པོ་ཡི༔ དུས་ཀུན་ཟབ་མོའི་ཆོས་བཀའ་འདི༔ བསྔགས་བརྗོད་ཀུན་གྱིས་རྟོགས་པར་མཛོད༔ ཡལ་བར་མ་དོར་ཕྱིས་འབྱོན་རྣམས༔ སླད་ནས་མདོ་དབུས་ས་སྟེང་ཀུན༔ ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས༔ ས་གནད་གསོས་ཏེ་འདྲེ་སྲིན་བཏུལ༔ ཕུག་རེར་སྒྲུབ་པ་སྣ་རེ་མཛད༔ མཚོ་དང་བྲག་ལ་གཏེར་རེ་སྦས༔ སྨོན་ལམ་ལུང་བསྟན་རྒྱ་ཡིས་བཏབ༔ ཆུ་མིག་རེ་ལ་སྨན་རེ་བཙལ༔ སྒྲུབ་གནས་ཀུན་ལ་ས་འདུལ་མཛད༔ གནས་ཆེན་རྣམས་ལ་ཞབས་རྗེས་བཞག༔ སྐབས་སུ་ཁྲི་སྲོང་རྒྱལ་བློན་བཅས༔ བློན་འབངས་ཡུལ་དང་མི་སྲིད་བསྐོས༔ རྗེ་ཡིས་དགེ་བཅུའི་ཆོས་ཁྲིམས་སྡོམ༔ རྐུན་ཇག་རི་རྒྱ་ཀླུང་རྒྱ་བཅས༔ རྒྱུན་དུ་སྟོན་འཁོར་བཅུ་

p. 384

ཕྲག་རེ༔ གདུལ་དཀའི་གནས་སུ་གུ་རུ་ཉིད༔ ཁོ་ན་བྱོན་ཏེ་རྫུ་འཕྲུལ་མཛད༔ ཁྲི་སྒོ་ཡན་ཆད་འདུལ་བྱིན་རློབས༔ ཡར་བྱོན་ཨེ་ཡི་གནམ་ཕུག་ཏུ༔ བསྙེལ་བསྟན་ཚུལ་དུ་ཞག་བདུན་བཞུགས༔ ག་རུ་ཊ་ནིའི་ཏིང་འཛིན་གྱིས༔ ཀླུ་སྲིན་ཐེའུ་རང་དམ་ལ་བཏགས༔ ཟང་ཐལ་སྐུ་དང་ཞབས་རྗེས་བཞག༔ གཡས་ཀྱི་ཆུ་འདི་བཟང་བ་དང་༔ གཡོན་གྱི་ཆུ་འདི་བསིལ་ལོ་གསུངས༔ ཕྱག་མཛུབ་རེ་ཡིས་སྒྲུབ་ཆུ་གཏོར༔ རང་བྱུང་བྱང་སེམས་སྐུ་ཚབ་དང་༔ བྱང་སེམས་རིང་བསྲེལ་དེ་རུ་སྦས༔ ཐུགས་དང་སྐུ་ཡི་རྟགས་སུ་བཞག༔ གསུང་ཚབ་མཁའ་འགྲོའི་ཆོས་སྡེ་ཉིད༔ ཡི་གེར་ཐོབ་ཅེས་བཀའ་ཡིས་གནང་༔ གནམ་མཛོད་གསང་བའི་ཕུག་པ་རུ༔ བདག་དང་གནུབས་བན་ལོ་ཙཱ་གཉིས༔ བསམ་སྦྱོར་དག་པས་ཤོག་སེར་ལ༔ དཀའ་བ་མེད་པར་བརྡའ་རིས་བཏབ༔ སྨོན་ལམ་དང་བཅས་བྲིས་

p. 385

ཏེ་ཕུལ༔ གུ་རུའི་ཞལ་ནས་འདི་སྐད་གསུངས༔ ཨེ་མ༔ ཉོན་དང་གསོན་དང་ཤིན་ཏུ་ལེགས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས༔ རང་བྱུང་མཁས་པ་པདྨ་ང་༔ རྒྱ་གར་ཡུལ་དུ་གྲུབ་པ་ཐོབ༔ བོད་ཡུལ་འདི་ན་དྲིན་ཅན་བྱས༔ ཟབ་མོ་མཁའ་འགྲོའི་ཆོས་བཀའ་འདི༔ གཏེར་དུ་སྦས་རན་དུས་བབ་པས༔ སྐལ་པར་ལྡན་པའི་ཇོ་མོ་དང་༔ ལས་དང་ལྡན་པའི་བུདྡྷ་གཉིས༔ འདི་ནས་ལྷོ་ངོས་དཔག་ཚད་དང་༔ རྒྱང་གྲགས་གཅིག་གིས་ཉེ་བ་ན༔ དབང་ཕྱུག་ཨུ་མ་ཡོད་པའི་རྒྱབ༔ སིནྡྷུའི་རྒྱ་མཚོར་གནས་པའི་ཀླུ༔ བྲམ་ཟེ་ཆེན་པོས་བཟུང་བའི་གནས༔ ཆུ་མིག་རྡོ་བ་གུར་འདྲ་ལ༔ ཤོག་སེར་མི་ཉམས་མཁའ་འགྲོ་མ༔ རིག་པ་བརྟུལ་ཞུགས་བྱང་སེམས་ཀྱིས༔ ལྕིབས་ཏེ་སྲ་མཁྲེགས་སྒྲོམ་དང་བཅས༔ གཏེར་དུ་སྦོས་ཏེ་སྨོན་ལམ་མཛོད༔ མ་འོངས་སྙིགས་མ་ཁ་རལ་ནི༔ དབུས་ནས་

p. 386

དབྱེན་གྱི་འཁོར་ལོ་བསྐོར༔ མཐའ་ནས་ཀླ་ཀློའི་སོ་ཕ་རྒོད༔ བར་ན་དུག་ཁྲག་ཡུལ་ཆུ་འགྲིམ༔ བཙན་ལ་ཐ་རྒྱག་ཆུ་རྒོད་འཁྲུག༔ ནང་དུ་ཧ་ལ་ཀ་མེར་གཏེར༔ སྦས་ཡུལ་ཉམས་པས་ཇག་ཀུན་འགྲིམ༔ ནག་གཉིས་གཡོ་བས་རི་ཡང་འཇིག༔ གངས་དཀར་མདངས་ལ་ཉི་ཟླ་སྐྲག༔ གཟའ་སྐར་ཀུན་ཀྱང་རྒོད་པར་བྱེད༔ དུས་དེར་ད་ལྟའི་གནུབས་བན་ཁྱོད༔ སྐྱེ་བ་བཅུ་གསུམ་རྫོགས་པའི་རྗེས༔ འདི་རུ་བདག་གི་སྨོན་པས་སྐྱེ༔ ཇོ་མོས་བརྩེ་བས་ཐུགས་རྒྱུད་འབྲེལ༔ བཀྲ་ཤིས་ཁྱད་འདྲེན་ཟུར་བཟའ་གཉིས༔ སྣ་ནམ་སྒྲོན་སྐྱིད་མཆོད་གནས་མ༔ མ་སྲིང་མཛའ་བའི་གྲོགས་རྣམས་བྱེད༔ མངའ་བདག་ཡབ་སྲས་བཻ་རོ་དང་༔ གཉག་དང་ལང་གྲོ་མཆོག་དབྱངས་ཀྱི༔ སྤྲུལ་པས་རྗེས་བཟུང་བྱིན་གྱིས་བརླབས༔ དེ་དུས་ཤར་གཏེར་སྙིང་བཅུད་ནི༔ སྐལ་ལྡན་དཔྱིད་དུ་སྣང་བར་བྱེད༔ ངོམ་པ་མ་ཆེ་

p. 387

ཡུན་དུ་གསང་༔ སྦས་ཤིང་སྤྱོད་པས་བར་ཆད་ཞི༔ ག་ག་གཉིས་དང་སུརྱ་ལྔ༔ པ་ཏ་ཀ་དང་ཨནྟྲིའི་མིང་༔ བི་མ་ལ་དང་སརྦ་བིད༔ སུ་ཁ་རསྨི་ཨ་ཡུད་དང་༔ རཏྣ་བུདྡྷ་བོ་དྷི་ཤྲཱིར༔ རྩ་བ་དགུ་དང་ཡན་ལག་དགུ༔ རིམ་པ་བཞིན་དུ་འཕྲོད་པར་གྱིས༔ གཞན་ཡང་ལས་ཅན་གྲངས་མེད་པ༔ ཟབ་མོའི་ཆོས་འདིར་དད་ཐོབ་ནས༔ འགྲོ་དོན་ས་སྟེང་ཁྱབ་པར་འགྱུར༔ དུས་གསུམ་ཀུན་ཤེས་པདྨ་ངས༔ དགོས་པའི་དུས་ན་ལུང་སྟོན་ཞིང་༔ ཁྱོད་དང་བརྒྱུད་པར་བཅས་པ་ཀུན༔ རྒྱུན་དུ་ང་ཡིས་བྱིན་གྱིས་རློབས༔ ཡིད་གཉིས་སྐྱོ་བར་མ་བྱེད་ཅིག༔ བདག་ནི་འདི་ནས་ལྔ་གསུམ་མཐར༔ སྲིན་ཡུལ་ཁ་ནོན་བྱ་ཕྱིར་འགྲོ༔ གདུལ་བྱ་བོད་ཡུལ་སེམས་ཅན་ཀུན༔ སྨོན་ལམ་སྐུ་གསུང་ཐུགས་ཀྱི་ཚབ༔ གཏེར་ཁ་བྱེ་བ་འབུམ་གྱིས་སྐྱོབས༔ སྤྲུལ་པས་བོད་ཁམས་རྟག་པར་ཉུལ༔ ཚེས་བཅུར་ང་

p. 388

ཉིད་དངོས་སུ་འོང་༔ ཐུགས་རྗེས་བོད་འབངས་སྡུག་བསྔལ་སེལ༔ སྒྲུབ་པའི་བུ་ལ་དངོས་གྲུབ་སྟེར༔ རེ་བའི་འགྲོ་ལ་བུ་ལྟར་སྐྱོབས༔ དེ་བས་སླད་ནས་བཀའ་བཞིན་གྱིས༔ ཇི་ལྟར་བསམ་བཞིན་འགྲུབ་པར་འགྱུར༔ ཞེས་གསུངས་པ་ལྟར་མདོ་ཁམས་ཤར་གཏེར་འབྲས་བུའི་སྙིང་བཅུད་ཀྱི་ཚུལ་དུ་སྦས་པར་མཛད་པ་འདི་ཉིད་སྨོན་ལམ་དུས་སུ་སད་པའི་འགྲོ་འདུལ་གྱི་གཏེར་སྟོན་སྟོབས་ལྡན་བདུད་འདུལ་གླིང་པའམ་དཔལ་ཁྲག་འཐུང་དགའ་བའི་ཡེ་ཤེས་བདེ་ཆེན་འབར་བའི་རྡོ་རྗེས་ཤིང་ཁམས་གླང་གི་ལོར་དཀའ་ཚེགས་མེད་པར་གཏེར་དུ་སྤྱན་དྲངས་ཞལ་གདམས་ལུང་བསྟན་བཞིན་མི་ལོ་ཉི་ཤུ་ལ་གསང་རྒྱ་ནུས་པར་མཛད་ནས་སླར་རྟེན་འབྲེལ་དུས་ལ་བབས་པས་གཏེར་ཤོག་མཁའ་འགྲོའི་བརྡའ་རིས་ལས་ཡི་གེར་སྤེལ་བ་འདི་ཉིད་སྔོན་སྨོན་ཐུགས་བསྐྱེད་བཞིན་ཆོས་བདག་སྐྱེས་

p. 389

བུ་རྣམས་ལ་རིམ་པར་སྤེལ་ཞིང་འགྲོ་རྣམས་སྨིན་གྲོལ་ལ་བཀོད་པའི་ཟབ་ཆོས་འདི་ཉིད་རྡོ་རྗེའི་ལུང་ལས་གྲུབ་པ་ཟབ་མོའི་རྒྱུད་དང་འབྲེལ་བའི་ཚད་མ་གསུམ་གྱིས་སྒྲུབ་པར་ནུས་པ་བྱིན་རླབས་དང་དངོས་གྲུབ་ཀྱི་ཚན་ཀ་མ་ཉམས། བརྒྱུད་པའི་གྲལ་ཐག་ཉེ་བ། ལུང་རྡོ་རྗེའི་ཚིག་རྐང་ཟབ་མོ་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་བཀའ་ཆད་དང་ལུང་དུམ་གྱི་དྲིས་མ་སྦག་པར་བྱིན་རླབས་དང་དངོས་གྲུབ་ཀྱི་དྲོད་དང་ལྡན་པ་འདི་ཉིད་ཀྱི་ཆོས་སྡེའི་སྨིན་གྲོལ་གཉིས་ལས། ད་ལམ་སྨིན་བྱེད་དབང་བསྐུར་བའི་སྐབས། དེ་ལའང་ཕྱི་ཐུན་མོང་བུམ་དབང་གི་ཆུ་བོ་ཆེན་པོ་དང་། ནང་ཐུན་མོང་མ་ཡིན་པའི་མཆོག་དབང་བདུད་རྩིའི་ཆུ་གཏེར་གཉིས་ལས༔ ད་ལམ་བུམ་དབང་ཆེན་པོ་བསྐུར་བའི་སྐབས་སུ་བབ་པ་ཡིན་པས། དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་བདག་མདུན་

p. 390

ལྷའི་དཀྱིལ་འཁོར་ཚུལ་བཞིན་དུ་བསྒྲུབས་པ་དང་རིག་པའི་མེ་ཏོག་དོར་ཞིང་ཏིང་འཛིན་གྱིས་དབང་བླངས་པ་བཅས་བདག་གི་བགྱི་བ་གྲུབ་ཟིན་ནས། སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་ཕྱག་རྟེན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་བ་གྲུབ་ཟིན་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པའི་རྡོ་རྗེ་སློབ་དཔོན་ལ་དད་འདུན་མོས་གུས་དྲག་པོའི་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་གནང་བར་ཞུ། ཀྱེ་ཧོཿ འགྲོ་བའི་མགོན་པོ་བླ་མ་ལྷ༔ ཀུན་མཁྱེན་རྒྱལ་པོ་རིགས་ཀྱི་གཙོ༔ བདེ་གཤེགས་ཡོངས་ཀྱི་གསང་བ་འཛིན༔ དམ་ཚིག་མཆོག་དེ་བདག་ལ་སྩོལ༔ དེ་ལ་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧོཿ ཚུར་གཤེགས་བུ་རྣམས་ལེགས་པར་ཉོན༔ ཁྱོད་ནི་ཐེག་ཆེན་སྣོད་ཡིན་གྱི༔ གསང་བ་མཆོག་གི་དམ་ཚིག་རྣམས༔ ཁྱོད་ལ་རབ་ཏུ་བཤད་འཚལ་གྱིས༔ མི་

p. 391

བསྒོམ་ཚེ་འདིའི་དོན་གཉེར་ཅན༔ རྙེད་བཀུར་བློ་དང་ཁ་ཆོས་སྦྱངས༔ དེ་ལ་བཤད་པར་མི་གནང་བ༔ བླ་མེད་མགོན་པོ་དཔལ་གྱི་བཀའ༔ དེ་ཕྱིར་ཁྱེད་རྣམས་ཡང་དག་ལམ༔ བརྩོན་ཆེན་ངེས་པར་འབྱུང་བའི་བུ༔ གསང་བའི་ཆོ་ག་རབ་འབོག་ནས༔ དམ་ཚིག་དཀྱིལ་འཁོར་བསྟན་འཚལ་གྱིས༔ སྤྲོ་བ་ཡང་དག་དགའ་མགུ་བསྐྱེད༔ བསླབ་པའི་སྡོམ་པ་ཚུལ་བཞིན་ལོངས༔ དེ་ནས་རྒྱུད་སྣོད་རུང་དུ་བསྒྲུབ་པར་བྱ་བའི་ཕྱིར་ཐེག་པ་རིམ་འཇུག་གི་ཚུལ་དུ་སྡོམ་པ་རྣམས་བླང་བའི་སླད་དུ་ཐོག་མར་སྐྱབས་འགྲོའི་སྡོམ་པ་བླང་བ་འདི་ཡི་རྗེས་ཟློས་མཛོད༔ ན་མོཿ བླ་མ་སངས་རྒྱས་བདེ་གཤེགས་རིགས་ལྔ་དང་༔ དེས་གསུངས་འབྲས་བུ་དོན་དམ་གསང་སྔགས་ཆོས༔ ཐེག་མཆོག་བྱང་ཆུབ་སེམས་དང་མཁའ་འགྲོའི་ཚོགས༔ བསླུ་མེད་དམ་པ་རྣམས་ལ་སྐྱབས་སུ་མཆི༔ དེ་ལྟར་

p. 392

ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ལམ་ལོག་པ་མུ་སྟེགས་པ་ལས་ལྡོག་སྟེ་སྐྱབས་གནས་དཀོན་མཆོག་གསུམ་གྱི་རྗེས་སུ་འཇུག་པ་ཡིན་ནོ། །རྒྱུ་དང་འབྲས་བུ་གཉིས་ལས་འབྲས་བུ་ལ་སྨོན་པ་དང་བླ་མེད་པའི་རྒྱུ་ལ་འཇུག་པའི་ཚུལ་གྱིས་ཐེག་པ་ཆེན་ཆེན་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ ཧོཿ བསྐལ་པ་དཔག་མེད་སྔོན་ནས་འབྲེལ་བའི་མ༔ མཐའ་མེད་འཁོར་བའི་མཚོ་དང་འཁྲུལ་པའི་རྒྱུ༔ འདི་ལས་བསྒྲལ་འདོད་རྣམ་མཁྱེན་མཆོག་ལ་སྨོན༔ དེ་ཕྱིར་དང་པོར་བདག་ཉིད་བྱང་ཆུབ་བསྒྲུབ༔ དེ་ལྟར་ལམ་དམན་པ་ཉན་རང་ལས་ཁྱད་པར་དུ་གྱུར་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་བདག་གཞན་ཅིས་ཀྱང་ཚད་མེད་རྣམ་པ་བཞི་ལ་བློ་སྦྱོང་བའི་སླད་དུ་འདི་ཡི་རྗེས་ཟློས་མཛོད། ཚོགས་འདིར་བརྩེ་བས་ཕན་འདོད་བྱམས་པ་དང་༔ སྡུག་

p. 393

བསྔལ་མཐོང་བས་བཟོད་མེད་སྙིང་རྗེ་འཁྲུགས༔ བདེ་བར་གྱུར་ན་དགའ་བའི་ཚད་མི་སྤོབ༔ དགྲ་གཉེན་བཏང་སྙོམས་གཏན་བདེ་བཟང་པོར་སྨོན༔ ཚོགས་བསགས་པའི་ཡན་ལག་གི་སླད་དུ་ཚོགས་ཞིང་གི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བདུན་པ་ཚིག་དོན་ཡིད་ལ་དྲན་བཞིན་པས་འདིའི་རྗེས་ཟློས་མཛོད༔ རྡུལ་སྙེད་ཞིང་གི་དཀོན་མཆོག་བླ་མ་དང་༔ ཡི་དམ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ལ༔ གྲངས་མེད་ལུས་ཀྱིས་ཕྱག་འཚལ་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་འབུལ༔ སྒོ་གསུམ་ཉམས་ཆག་མི་དགེའི་ལས་ངན་འདི༔ སྙིང་ནས་འགྱོད་མཆིས་མི་འཆབ་སོ་སོར་བཤགས༔ མཆོག་དམན་དགེ་ཚོགས་རྒྱ་མཚོར་བདག་ཡི་རང་༔ འགྲོ་ཁམས་རང་བློར་འཚམས་པའི་ཆོས་འཁོར་བསྐུལ༔ འདྲེན་པ་མཆོག་རྣམས་བསྐལ་བརྒྱ་བཞུགས་གསོལ་

p. 394

འདེབས༔ དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་ནས་ཐུན་མོང་གི་བསླབ་སྡོམ་རྣམས་བླ་ན་མེད་པ་རིག་འཛིན་ནང་གི་སྡོམ་པར་གནས་འགྱུར་བའི་ཚུལ་གྱིས་བཟུང་བ་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་བདག་ཉིད་སློབ་དཔོན་དགོངས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ ཕྱི་དང་ནང་དང་གསང་བ་ཡི༔ རིག་འཛིན་ནང་གི་སྡོམ་པ་རྣམས༔ མ་ལུས་ཡོངས་སུ་བཟུང་འཚལ་གྱི༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ ཕ་རོལ་ཕྱིན་དྲུག་ཡོངས་སུ་བླང་༔ མཆོག་གསུམ་སློབ་དཔོན་དག་ཀྱང་བཟུང་༔ སྔགས་དང་ལྷ་ཡི་རྣལ་འབྱོར་དང་༔ དུས་དྲུག་མཆོད་པའི་བྱ་བ་བསྒྲུབ༔ རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང་༔ དམ་པའི་ཆོས་རྣམས་བཟུང་བར་བགྱི༔ དམ་ལ་བཞག་པ་ནི། ཧཱུྃ༔ གསང་བའི་ཆོ་ག་ཇི་ལྟ་བར༔ དམ་ཚིག་འདི་ལ་གནས་པར་གྱིས༔ མ་སྨིན་དཀྱིལ་

p. 395

འཁོར་མ་མཐོང་བ༔ རྣམས་ལ་སྨྲ་བར་མི་རུང་ཞིང་༔ ཉམས་ན་དམྱལ་ཏེ་མགོ་བོ་འགས༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ རྡོ་རྗེ་མགོར་བཞག་དམ་ཆུ་སྦྱིན༔ ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནི་ས་མ་ཡ་ཧཱུྃ༔ ས་མ་ཡ་ཨ་མྲྀ་ཏ་ད་ཀ་ཋ་ཋ་ཋ༔ ཁྱད་པར་གྱི་དམ་ཚིག་སེམས་བསྐྱེད་འབོག་པ་ནི༔ ཁྱེད་རང་རྣམས་ཀྱི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་བསམས་ལ་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་ཞོག་མཛོད། ཧོཿ དམ་པ་བདག་གིས་བསྐྱེད་པའི་ཕྱིར༔ གཞན་ཕན་ཚད་མེད་བྱང་ཆུབ་སེམས༔ སྙིང་ཁར་དྲི་མེད་ཟླ་དཀྱིལ་དཀར༔ མི་རྟོག་རང་རིག་བྱང་ཆུབ་སེམས༔ དངུལ་ཆུའི་མདོག་འདྲ་རྡོ་རྗེ་ནི༔ རྩེ་ལྔ་འོད་འབར་གྱིས་མཚན་གྱུར༔ ཨོཾ་བོ་དྷི་ཛྙཱ་ན་ས་མ་ཡ་སྟྭཾ༔ ཞེས་པས་སྙིང་ཁར་རྡོ་རྗེ་བཞག༔ དེ་

p. 396

དག་དངོས་གཞིའི་འཇུག་པའོ༔ དེ་ལྟར་གཞི་འཇུག་རུང་གི་རིམ་པ་རྣམས་སྔོན་དུ་སོང་ནས། དབང་གི་གཞི་འགོད་པར་བྱིན་ཆེན་དབབ་པའི་ཕྱིར་གསལ་སྣང་ལྷ་ཡི་བསྐྱེད་རིམ་འདི་བཞིན་དུ་བསྒོམ་པར་ཞུ། དེ་ཡང་གཏེར་གཞུང་ལས། སློབ་བུ་ལང་སྟེ་ལུས་པོ་བསྒྲིམ༔ འབར་བའི་ཕྱག་རྒྱ་སྤྱི་བོར་བཀོད༔ རྐང་ཐེབ་གཡས་ཀྱིས་གཡོན་བོལ་མནན༔ མིག་ནི་གྱེན་བསྒྲད་ཕེཾ་སྒྲ་སྒྲོགས༔ རྟོག་མེད་རིག་པ་རྩེ་གཅིག་བསྒྲིམ༔ ཞེས་གསུངས་པས་དེ་བཞིན་མཛད་འཚལ། ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་ཧུྃ་ཧཱུྃ་ཕཊཿ ཨོཾ་སྭ་བྷཱ་ཝ་སོགས། ཆོས་རྣམས་སྟོང་ཉིད་མཐའ་བྲལ་ལས༔ བདེ་ཆེན་ཆོས་འབྱུང་འབར་བའི་ཀློང་༔ པདྨ་ཉི་ཟླ་བཾ་རོའི་སྟེང་༔ ཧྲཱིཿཡིག་འོད་ཀྱིས་འཁོར་འདས་ཁྱབ༔ བདེ་གཤེགས་མཆོད་ཅིང་འགྲོ་དོན་བྱས༔ ཚུར་འདུས་སློབ་མ་སྐད་ཅིག་གིས༔ རྣམ་སྣང་རྡོ་རྗེ་རྣལ་འབྱོར་མ༔ དཀར་མོ་ཞལ་གཅིག་ཕྱག་

p. 397

གཉིས་པ༔ སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས༔ གཡས་ཀྱི་སྙན་ཟུར་ཕག་ཞལ་ངུར༔ གྲི་གུག་བསྒྲེང་ཞིང་ཐོད་ཁྲག་གསོལ༔ ཁ་ཊྭཱཾ་མཆན་བཅུག་གཡས་བསྐྱང་རོལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྙིང་ཁར་ཆོས་འབྱུང་ཉི་མའི་སྟེང་༔ དགའ་འཁྱིལ་དམར་པོ་གཡོན་དུ་འཁོར༔ དེ་སྟེང་རྡོ་རྗེ་ཕག་མོ་དམར༔ རྒྱན་མེད་གར་སྟབས་ལིང་ལིང་རྩེ༔ ཕེཾ་སྒྲ་སྒྲོགས་ཤིང་མེ་དཔུང་འབར༔ གཙོ་མོའི་ཤངས་དང་སྙན་གྱི་སྒོ༔ མཁའ་གསང་རྣམས་སུ་དགའ་འཁྱིལ་རེ༔ ཁྱད་པར་སྨིན་མཚམས་གཡུང་དྲུང་དམར༔ གཡོན་ཕྱོགས་འཁོར་བའི་འོད་ཟེར་གྱིས༔ འོག་མིན་གནས་དང་མཁའ་སྤྱོད་ཞིང་༔ ཨོ་རྒྱན་ཡུལ་དང་དུར་ཁྲོད་བརྒྱད༔ གནས་གསུམ་མཁའ་འགྲོའི་ཞིང་རྣམས་ནས༔ གསང་བ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ལྷ་སྔགས་ཐིག་ལེ་ཕྱག་མཚན་དང་༔ འོད་དང་འོད་

p. 398

ཟེར་དགའ་འཁྱིལ་གྱི༔ རྣམ་པར་ཁ་བ་བུ་ཡུག་ལྟར༔ དཔག་མེད་སྤྱན་དྲངས་སློབ་མར་ཐིམ༔ བྱིན་རླབས་གཟི་བྱིན་འབར་བར་བསམ༔ རོལ་མོ་འཁྲོལ་ཞིང་ཤ་ཆེན་དང་༔ སྤོས་དཀར་ན་གཱི་ཨ་ག་རུ༔ ཙན་དན་སྣ་ཚོགས་སྦྱར་སྤོས་བདུག༔ རོལ་མོ་དང་བཅས་དབྱངས་ཀྱིས་བསྐུལ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་དབུས་མཐའ་མེད་པ་འོག་མིན་ཞིང་༔ ལྷུན་གྲུབ་དུར་ཁྲོད་མེ་རི་འབར་བ་ནས༔ ཀུན་བཟང་ཡུམ་ཆེན་དབྱིངས་ཕྱུག་ཐུགས་དམ་བསྐུལ༔ བདེ་ཆེན་ཡེ་ཤེས་མཁའ་འགྲོས་བྱིན་ཕོབ་ཅིག༔ འཁོར་ལོ་གསུམ་དང་མཁའ་སྤྱོད་ཨོ་རྒྱན་ནས༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ དབྱིངས་ཕྱུག་རིགས་ཀྱི་ཡུམ་རྣམས་ཐུགས་དམ་བསྐུལ༔ མ་སྲིང་མཁའ་འགྲོ་ཡོངས་ཀྱིས་བྱིན་ཕོབ་ཅིག༔ དུར་ཁྲོད་བརྒྱད་དང་གསང་བའི་གནས་རྣམས་ནས༔ བདུད་འདུལ་ཁྲོས་མ་ཁྲོ་མོའི་ཐུགས་དམ་བསྐུལ༔ སེང་གདོང་དྲག་མོ་ཕྲ་མན་མཁའ་འགྲོའི་

p. 399

ཚོགས༔ ཡེ་ཤེས་མ་མོ་རྣམས་ཀྱིས་བྱིན་ཕོབ་ཅིག༔ གནས་ཡུལ་ཀུན་དང་རི་བོའི་ཁོང་གསེང་ནས༔ འཇིག་རྟེན་ལས་ཀྱི་མཁའ་འགྲོའི་ཐུགས༴ ཐོག་མེད་མཁའ་ལ་ཤུགས་ཀྱིས་རབ་བསྒྲོད་པའི༔ གནས་གསུམ་མ་མོ་མཁའ་འགྲོས་བྱིན༴ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ སྲིད་པའི་མ་རྒྱུད་རྣམས་ཀྱིས་བྱིན་ཆེན་ཕོབ༔ གནས་ནི་མཁའ་སྤྱོད་ཨོ་རྒྱན་ཞིང་དུ་བསྒྱུར༔ ཡོ་བྱད་མཆོད་རྫས་ཡེ་ཤེས་རོལ་པའི་རྒྱན༔ རྣལ་འབྱོར་དཔའ་བོ་མཁའ་འགྲོས་བྱིན་གྱིས་རློབས༔ སྣོད་བཅུད་འདུ་འཕྲོ་སྐུ་དང་ཡེ་ཤེས་དབྱིངས༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་འབྱམས་སུ་ཀླས༔ འཁོར་འདས་མཉམ་ཉིད་ཆེན་པོར་བྱིན་རློབས་ཤིག༔ ལྷ་སྔགས་རྣམས་ཀྱི་ཤམ་བུ་རུ༔ ཛྙཱ་ན་ཌཱ་ཀི་ནི་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཨ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བྃ་ཧོཿ མ་ཕེབས་བར་དུ་ཡང་ཡང་བསྐྱར༔ འོ། རིགས་ཀྱི་བུ་ཁྱེད་

p. 400

རྣམས་ལུས་འཕར་བ་དང་འཁྲབ་པ་ནི་སྐུ་ཡི་བྱིན་ཕེབས་པའི་རྟགས་སོ༔ ངག་དགོད་པ་དང་། སཾ་ཀྲི་ཏ་ཡི་སྐད་སྨྲ་བ་དང་། ཕཊ་སྒྲ་སྒྲོགས་པ་སོགས་གསུང་གི་བྱིན་ཕེབས་པའི་རྟགས་སོ༔ སེམས་བཟོད་མེད་ཀྱི་མོས་གུས་དྲག་པོ་དང་། རྟོག་མེད་དག་སྣང་གདུང་ཤུགས་རབ་ཏུ་འབར་བ་ནི་ཐུགས་ཀྱི་བྱིན་ཕེབས་པའི་རྟགས་ཡིན་ནོ༔ བརྟན་ཕྱིར་རྡོ་རྗེ་སྤྱི་བོར་བཀོད༔ དེ་ལྟར་བྱིན་རླབས་སྐུ་གསུང་ཐུགས༔ ལུས་ངག་ཡིད་ལ་ཐིམ་པར་གྱུར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ རིག་པའི་མེ་ཏོག་དོར་བ་ནི༔ ཧྲཱིཿ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་འདིར༔ བུ་ཁྱོད་སྔོན་ནས་གང་འབྲེལ་ལྷར༔ ཕྱག་རྟེན་རིག་པའི་མེ་ཏོག་ཕུལ༔ མཐུན་པའི་ལྷ་དེར་འབབ་པར་འགྱུར༔ དངོས་གྲུབ་དེ་ལས་འགྲུབ་པའི་ཕྱིར༔ ལྟོས་མེད་དད་པས་མེ་ཏོག་ཕུལ༔ སློབ་བུ་མེ་ཏོག་དཀྱིལ་འཁོར་ལ༔ པུཥྤེ་པྲ་ཏཱིཙྪ་ཧོས་དོར༔ ཧོཿ བབས་པའི་མེ་ཏོག་དཀྱིལ་

p. 401

འཁོར་ལྷ༔ རིགས་དེ་ཁྱོད་ཀྱི་སྤྱི་བོར་བཅིང་༔ དངོས་གྲུབ་མཆོག་དེ་འདི་ཡིས་རྟེན༔ ཁྱོད་ཀྱི་མིང་ཡང་དེར་ཐོབ་བོ༔ པུཥྤེ་གྷྲྀ་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ་སིདྡྷི་ཧོ༔ མིག་དབྱེ་ཕྱིར་ན་གསོལ་བ་གདབ༔ མིག་དབྱེ་བར་གསོལ་བ་བཏབ་པ་འདི་ཡི་རྗེས་ཟློས་གནང་བར་མཛོད༔ ཧོཿ བརྩེ་བའི་བདག་ཉིད་སློབ་དཔོན་དགོངས༔ ཐོག་མེད་དུས་ཀྱི་ལིང་ཏོག་འདིས༔ ཡེ་ཤེས་སྣང་བ་སྒྲིབ་ལགས་པས༔ ཐུགས་རྗེའི་ཐབས་ཀྱིས་བསལ་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱིས་གསེར་གྱི་ཐུར་མ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བ་ནི༔ ཧོཿ ཁྱོད་ཀྱི་མ་རིག་འཐིབ་པོའི་ནད༔ རང་རིག་ཡེ་ཤེས་སྨན་སྦྱར་ཏེ༔ ཤེས་རབ་གསེར་གྱི་ཐུར་མ་འདིས༔ གཏི་མུག་ལིང་ཏོག་བསལ་བར་བྱ༔ བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔

p. 402

གསེར་གྱི་ཐུར་མས་མིག་དར་དབྱེ༔ དཀྱིལ་འཁོར་ལྷ་ཞལ་བསྟན་པ་ནི༔ ཕྱག་ཤིང་རྡོ་རྗེ་མདུང་ཚུགས་གཏད༔ ལྷ་ཞལ་བསྟན་པ་ནི། ཀྱེ། ལྟོས་ཤིག་མཁའ་འགྲོའི་དཀྱིལ་འཁོར་འདིར༔ དད་ཅིང་གུས་པས་མཇལ་བར་བྱ༔ འདི་ནི་འོག་མིན་དུར་ཁྲོད་དང་༔ ཨོ་རྒྱན་མཁའ་འགྲོའི་ཞིང་དང་མཚུངས༔ བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ནི༔ ཕོ་བྲང་གཞལ་ཡས་འདི་ལ་རྫོགས༔ དབུས་ནས་བཅོམ་ལྡན་རྣལ་འབྱོར་མ༔ མཆོག་ཏུ་མི་འགྱུར་བདེ་ཆེན་སྐུ༔ ཡེ་ཤེས་བཞི་དང་དགའ་བ་བཞི༔ མཁའ་འགྲོ་རིགས་བཞི་ཚད་མེད་བཞི༔ ཉེར་བཞག་ལ་སོགས་སྒོ་མཚམས་ཚུལ༔ རང་རིག་སྣང་སྟོང་ཟུང་འཇུག་གི༔ ཆ་ལས་རང་བྱུང་དཀྱིལ་འཁོར་ཤར༔ འདི་ནི་རྣམ་ཀུན་མཆོག་ལྡན་ཕྱིར༔ མཐོང་བ་ཙམ་གྱིས་གྲོལ་བར་འགྱུར༔ དེ་ཕྱིར་ཁྱེད་རྣམས་སྤྲོ་བ་བསྐྱེད༔ ཛ་ཧཱུྃ་བྃ་ཧོཿ པྲ་ཝེ་ཤ་ཡ་ཧོཿ ཞེས་བརྗོད་པས་སྒོ་མ་རྣམས་ཀྱིས་དཀྱིལ་འཁོར་སྒོ་རྣམས་ཤག་

p. 403

གིས་ཕྱེས་པའི་དཀྱིལ་འཁོར་ཤར་སྒོའི་གཡས་འགྲམ་དུ་སེང་གེའི་ཁྲིར་རྡོ་རྗེ་སློབ་དཔོན་འཁོད༔ སློབ་བུ་རྣམས་ཤར་སྒོ་ནས་ནང་དུ་ཞུགས་སྟེ་སློབ་དཔོན་ལ་ཕྱག་འཚལ་བའི་མོས་པས༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་སློབ་དཔོན་གྱིས་སློབ་མ་ཁྲིད་དེ་རིམ་བཞིན༔ ཤར་ནས། ཨོཾ་བཻ་རོ་ཙ་ན་ཌཱ་ཀི་ནི་ན་མོ་ན་མ༔ བཛྲ་ཌཱ་ཀི་ནི་ན་མོ་ན་མ༔ ལྷོ་ནས། རཏྣ་ཌཱ་ཀི་ནི་ན་མོ་ན་མ༔ ནུབ་ནས། པདྨ་ཌཱ་ཀི་ནི་ན་མོ་ན་མ༔ བྱང་ནས། ཀརྨ་ཌཱ་ཀི་ནི་ན་མོ་ན་མ༔ ཡང་ཤར་ནས། ན་མོ་སརྦ་ཝི་ར་ཡོ་གི་ནི་ན་མ༔ དེ་ནས་སློབ་དཔོན་ཁྲི་ལ་འཁོད༔ སྒོ་འགྲམ་གཡོན་གྱི་དབང་སྟེགས་ལ༔ སློབ་བུ་ཐམས་ཅད་འཁོད་གྱུར་ནས༔ མགྲིན་གཅིག་གསོལ་བ་འདི་སྐད་གདབ༔ ཞེས་གསུངས་པས་ལྷ་དང་སློབ་དཔོན་ལ་དད་འདུན་མོས་གུས་དྲག་པོའི་སྒོ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ བྱང་ཆུབ་སེམས་ལ་བདེ་གཤེགས་ཀྱིས༔ ཇི་ལྟར་རྡོ་རྗེའི་དབང་བསྐུར་ལྟར༔ བདག་ཅག་སྐལ་ལྡན་སློབ་མ་ལ༔ རིགས་ཀྱི་

p. 404

དབང་མཆོག་བསྩལ་དུ་གསོལ༔ དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་གནང་བ་ཞུ་ཞིང་གསོལ་བ་གདབ་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧྲཱིཿ དབྱིངས་ཕྱུག་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོ་ནས༔ མ་ཁྱོད་གསང་བ་ཡེ་ཤེས་རྣལ་འབྱོར་མ༔ རྡོ་རྗེའི་ཐུགས་དམ་དགོངས་ཏེ་སྐལ་ལྡན་འདི༔ སྨིན་གྲོལ་མཛད་ཕྱིར་དབང་མཆོག་བསྩལ་དུ་གསོལ༔ ཞེས་པས་གསོལ་བ་གདབ། ཞེས་སྙན་གསན་དབབ་པས་རིམ་པ་ཇི་བཞིན་དུ་གནང་བ་སྩལ་བར་གྱུར༔ དེ་ནས་དངོས་གཞི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་རྒྱལ་ཐབས་སྤྱི་བླུགས་ཆེན་པོའི་དབང་རྫས་རྣམས། རིགས་ཀྱི་ཚོམ་བུ་གཙོ་བོ་དང་འཁོར་རྣམས་ཀྱིས་དབང་གི་བྱ་བ་སྒྲུབ་ཅིང་གདན་གསུམ་ཚང་བའི་ལྷ་རྣམས་ཀྱིས་བཀྲ་ཤིས་པར་མཛད་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ མི་བསྐྱོད་རྒྱལ་པོས་དབང་གི་དགོངས་

p. 405

པ་མཛད༔ རྡོ་རྗེ་སྒེག་མོས་སྙན་པའི་གླུ་དབྱངས་ལེན༔ སེམས་དཔའ་སེམས་མས་མེ་ཏོག་ཆར་དུ་བསྙིལ༔ ཁྲོ་བོ་ཁྲོ་མོས་བར་ཆད་བགེགས་བསྐྲད་མཛད༔ ཧཱུྃ༔ བུམ་པ་རང་བྱུང་མཁའ་འགྲོའི་དཀྱིལ་འཁོར་ཆེ༔ ཡུམ་ཆེན་མ་མ་ཀཱི་ཡི་ཕྱག་ན་བསྣམས༔ ནང་དུ་རྡོ་རྗེ་མཁའ་འགྲོའི་བྱང་སེམས་བཅུད༔ ཤར་ནས་མེ་ལོང་ཡེ་ཤེས་ཆུ་ཡི་དབང་༔ གཏོར་ཞིང་བྱུགས་པས་གཟུགས་ཕུང་ལུས་སྒྲིབ་སྦྱངས༔ ཞེ་སྡང་གནས་གྱུར་མེ་ལོང་ཡེ་ཤེས་དབྱིངས༔ སྣང་སྟོང་སྤྲུལ་པའི་སྐུ་ཡི་ས་བོན་བཞག༔ འབྲས་བུ་སྐུ་ཡི་རྡོ་རྗེ་སྨིན་པར་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཌཱ་ཀི་ནི་བཛྲ་ཀཱ་ལ་ཤ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་པས་དབང་བསྐུར་ཤིས་པ་བརྗོད༔ ཧཱུྃཿ ལྷ་ཡི་བྲམ་ཟེ་གཙང་མ་གཟུངས་ལ་མཁས༔ ཡན་ལག་བརྒྱད་ལྡན་ཆུ་ཡི་དག་བྱེད་རྫས༔ གཏོར་བླུགས་ཁྲུས་ཀྱིས་མི་གཙང་དྲི་མ་སྦྱངས༔

p. 406

རྣམ་དག་སྲས་ནི་རབ་ཏུ་དགེ་བའི་ཕྱིར༔ དང་པོ་འཇིག་རྟེན་ཕུན་ཚོགས་བུམ་པ་བཟང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དབུ་རྒྱན་ཅོད་པན་འཆིང་ནས་ནི༔ ཧཱུྃ་ཧྲཱི༔ རིན་འབྱུང་རྒྱལ་པོས་དབང་གི་དགོངས་པ་མཛད༔ རིན་ཆེན་ཕྲེང་འཛིན་གླུ་གར་ཅིར་ཡང་བསྒྱུར༔ སེམས་དཔའ་སེམས་མས་མེ་ཏོག་ཆར་དུ་བསྙིལ༔ ཁྲོ་མོ་ཁྲོ་མོས་བགེགས་དཔུང་ཚར་བཅད་མཛད༔ ཧཱུྃཿ དབུ་རྒྱན་འདི་ནི་དབྱིངས་ཕྱུག་ཀུན་གྱི་མཁའ༔ ཡུམ་མཆོག་སངས་རྒྱས་སྤྱན་མའི་ཕྱག་ན་བསྣམས༔ རིན་ཆེན་མཁའ་འགྲོའི་ཅོད་པན་སྣ་ཚོགས་བཀླུབས༔ ལྷོ་ནས་མཉམ་ཉིད་ཡེ་ཤེས་དབུ་རྒྱན་དབང་༔ བསྐུར་བས་ཚོར་ཕུང་སེར་སྣའི་སྒྲིབ་པ་སྦྱངས༔ ང་རྒྱལ་གནས་འགྱུར་མཉམ་ཉིད་ཡེ་ཤེས་དབྱིངས༔ ཚོར་སྟོང་ཡེ་ཤེས་སྐུ་ཡི་ས་བོན་བཞག༔ བྱང་ཆུབ་རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ ན་མཿསརྦ་ཏ་ཐཱ་ག་

p. 407

ཏ་ཛྙཱ་ན་ཌཱ་ཀི་ནི་རཏྣ་མུ་ཀུ་ཊྃ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཅོད་པན་འཆིང་ཞིང་ཤིས་པ་བརྗོད༔ ཧཱུྃ༔ རྒྱལ་རིགས་མཆོག་གི་མངའ་ཐང་དབུ་ལ་སྦྱིན༔ དབང་བསྒྱུར་ཅོད་པན་སྤྱི་བོར་རྒྱན་དུ་བཅིང་༔ རིན་ཆེན་སྣ་ཚོགས་ཕྲེང་བ་དར་གྱི་ཆས༔ གསེར་གྱི་ཁྲི་འཕང་མཆོག་ཏུ་དགེ་བའི་ཕྱིར༔ གཉིས་པར་འཇིག་རྟེན་ཕུན་ཚོགས་དབུ་ཡི་རྒྱན༔ བཀྲ་ཤིས་དེས་ཀྱང་༴ ཐབས་ཀྱི་རྡོ་རྗེ་ལག་གཡས་བྱིན༔ ཧཱུྃ་ཧྲཱི༔ མཐའ་ཡས་རྒྱལ་བས་དབང་གི་དགོངས་པ་མཛད༔ གླུ་མས་པདྨའི་གླུ་དབྱངས་སྙན་པར་ལེན༔ སེམས་དཔའ་སེམས་མས་མེ་ཏོག་ཆར་དུ་བསྙིལ༔ ཁྲོ་བོ་ཁྲོ་མོས་བགེགས་དཔུང་ཐལ་བར་རློག༔ ཧཱུྃ༔ རྡོ་རྗེ་འདི་ནི་ཐབས་མཆོག་བདེ་བ་ཆེ༔ ན་བཟའ་དཀར་མོས་གསོར་ཞིང་ཐུགས་ཀར་གཏོད༔ པདྨ་མཁའ་འགྲོ་མི་ཕྱེད་སྙིང་རྗེའི་རྟགས༔ ནུབ་ནས་སོར་རྟོགས་ཡེ་ཤེས་རྡོ་རྗེའི་དབང་༔ བསྐུར་བས་

p. 408

འདུ་ཤེས་ངག་གི་སྒྲིབ་པ་སྦྱངས༔ འདོད་ཆགས་གནས་འགྱུར་སོར་རྟོགས་ཡེ་ཤེས་དབྱིངས༔ གྲགས་སྟོང་ལོངས་སྤྱོད་རྫོགས་སྐུའི་ས་བོན་བཞག༔ འབྲས་བུ་གསུང་གི་རྡོ་རྗེ་སྨིན་པར་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏ་པདྨ་མ་ཧཱ་བཛྲ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རྡོ་རྗེ་གཏད་ཅིང་ཤིས་པ་བརྗོད། ཧཱུྃ༔ བདེན་པར་གྲུབ་པའི་དྲང་སྲོང་རིགས་སྔགས་མཁན༔ རྟེན་འབྲེལ་རྫས་ཀྱིས་སྣང་བ་ཟིལ་གྱིས་ནོན༔ འགྲོ་རྣམས་དགའ་འགུ་ཤིན་ཏུ་གུས་པར་ལྡན༔ དབང་གི་ཕྱག་རྟགས་ཀུན་ཏུ་དགེ་བའི་ཕྱིར༔ གསུམ་པར་འཇིག་རྟེན་ཕུན་ཚོགས་རྡོ་རྗེའི་རྫས༔ བཀྲ་ཤིས་དེས་ཀྱང༴ ཤེས་རབ་དྲིལ་བུ་ལག་གཡོན་གཏད༔ ཧཱུྃ་ཧྲཱི༔ དོན་གྲུབ་རྒྱལ་པོས་དབང་གི་དགོངས་པ་མཛད༔ ལས་ཀྱི་གར་མས་གླུ་དབྱངས་སྙན་པར་སྒྲོགས༔ སེམས་དཔའ་སེམས་མས་མེ་ཏོག་ཆར་དུ་བསྙིལ༔ ཁྲོ་བོ་ཁྲོ་མོས་དགྲ་བགེགས་མཐར་བར་མཛད༔

p. 409

ཧཱུྃ༔ དྲིལ་བུ་འདི་ནི་མཁའ་དབྱིངས་སྟོང་པ་ཉིད༔ དམ་ཚིག་སྒྲོལ་མས་བསིལ་ཞིང་དཀུ་ལ་བརྟེན་༔ ལས་ཀྱི་མཁའ་འགྲོ་ཤེས་རབ་ཐོགས་མེད་རྟགས༔ བྱང་ནས་བྱ་གྲུབ་ཡེ་ཤེས་དྲིལ་བུའི་དབང་༔ བསྐུར་བས་འདུ་བྱེད་སྙོམས་འཇུག་སྒྲིབ་ཀུན་སྦྱངས༔ ཕྲག་དོག་ནས་གྱུར་བྱ་གྲུབ་ཡེ་ཤེས་དབྱིངས༔ རིག་སྟོང་ངོ་བོ་ཉིད་ཀྱི་ས་བོན་བཞག༔ འབྲས་བུ་ཡེ་ཤེས་རྡོ་རྗེར་སྨིན་པར་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཀརྨ་གྷནྜེ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དྲིལ་བུ་གཏད་ཅིང་ཤིས་པ་བརྗོད། ཧཱུྃ༔ དམངས་རིགས་མངའ་འབངས་བྲན་དུ་བསྐོར་བ་དང་༔ འཇིག་རྟེན་ལྷ་མི་ཐུན་མོང་འགྲོ་བ་རྣམས༔ ཅི་བསྒོས་གསུང་གི་བཀའ་ལས་མི་འདའ་བར༔ རྒྱལ་སྲིད་དམ་པ་ཤིན་ཏུ་དགེ་བའི་ཕྱིར༔ བཞི་པར་སེང་གེའི་སྒྲ་དབྱངས་དྲིལ་བུ་ཆེ༔ བཀྲ་ཤིས་དེས་ཀྱང༴ ཧཱུྃ་ཧྲཱི༔ རྣམ་སྣང་རྒྱལ་པོས་དབང་གི་དགོངས་པ་

p. 410

མཛད༔ ལྷ་མོ་བཅུ་དྲུག་སྙན་པའི་གླུ་དབྱངས་ལེན༔ སེམས་དཔའ་བཅུ་དྲུག་སེམས་མས་མེ་ཏོག་འཐོར༔ ཁྲོ་ཆེན་ཡབ་ཡུམ་བཅུ་དྲུག་བགེགས་བསྐྲད་མཛད༔ ཧཱུྃ༔ རྡོ་རྗེའི་མིང་དབང་བདེ་གཤེགས་རྒྱལ་བའི་མཚན༔ དབྱིངས་ཕྱུག་ཡུམ་གྱི་མཁའ་ཀློང་ཕྱོགས་བཅུར་བསྒྲགས༔ སངས་རྒྱས་མཁའ་འགྲོ་མི་འགྱུར་འཁོར་ལོའི་རྟགས༔ དབུས་ནས་ཆོས་དབྱིངས་ཡེ་ཤེས་མིང་གི་དབང་༔ རྣམ་ཤེས་ཕུང་པོ་ཤེས་བྱའི་སྒྲིབ་ཀུན་སྦྱངས༔ གཏི་མུག་གནས་གྱུར་ཆོས་དབྱིངས་ཡེ་ཤེས་སྐུ༔ གསལ་སྟོང་བདེ་བ་ཆེན་པོའི་ས་བོན་བཞག༔ འབྲས་བུ་ཐུགས་ཀྱི་རྡོ་རྗེར་སྨིན་པར་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཙཀྲ་ཨ་དྷིཥྛ་ན་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཀྱེ། དཔལ་མཁའ་སྤྱོད་བདེ་བ་ཆེན་མོ་ཞེས་བྱ་བའི་རིགས་ལས་མཆོག་གི་རྣལ་འབྱོར་མའོ༔ ལས་མཐུན་མིང་རྣམས་སོ་སོར་གདགས༔ ཧཱུྃ༔ མཐུ་ཆེན་ལྷ་ཡི་དབང་

p. 411

པོ་བརྒྱ་བྱིན་གྱིས༔ སྲིད་པ་གསུམ་ན་གྲགས་པའི་དཔལ་མངའ་བ༔ རིན་ཆེན་སྣ་བདུན་དགོས་པའི་ཡོ་བྱད་བྱིན༔ དཔུང་དང་སྟོབས་ཀྱི་དབང་ཕྱུག་དགེ་བའི་ཕུལ༔ ལྔ་ལྡན་ཕུན་ཚོགས་འཁོར་ལོས་སྒྱུར་བའི་མཚན༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མ་ཧཱ་བཛྲ་སྭ་སྟི་དྷརྨ་ཙཀྲ་སུ་ར་ཛ་མངྒ་ལཾ་པཱུ་ཛ་སྭཱ་ཧཱ༔ ཧོ༔ ཕུན་ཚོགས་ལྔ་ལྡན་རྐང་པ་དྲུག་གི་གླུ༔ དཔའ་བོ་མཁའ་འགྲོས་བླངས་ཏེ་གར་སྟབས་བསྒྱུར༔ དེ་བཞིན་གཤེགས་པ་ཡབ་ཡུམ་དགོངས་པ་མཛད༔ སྒོ་སྲུང་མཐར་བྱེད་རྣམས་ཀྱིས་བགེགས་རྣམས་བསྐྲད༔ སེམས་དཔའ་སེམས་མས་མེ་ཏོག་ཆར་དུ་འབེབས༔ དེང་འདིར་བཀྲ་ཤིས་དམ་པས་དགེ་བར་ཤོག༔ དེ་ལྟར་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས་ཕུང་ཁམས་ཉོན་མོངས་ཀྱི་དྲི་མ་བྱང་༔ ཡེ་ཤེས་ལྔ་ཡི་ས་

p. 412

བོན་བཞག༔ ཕུང་ཁམས་ལྷར་བསྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས་པའོ༔ རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་༔ ལས་ཀྱི་ཁ་ཚར་རྗེས་གནང་ནི༔ དེ་ནས་མཐུན་རྐྱེན་སྐུ་གསུང་ཐུགས་ཀྱི་དབང་དང་ལས་ཀྱི་ཁ་ཚར་རྗེས་སུ་གནང་བ་སྦྱིན་པ་ནི༔ མདུན་བསྐྱེད་ལྷ་སོ་སོའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ལུས་ལ་ཐིམ་པས་ལྷ་རང་རང་གི་སྐུར་གྱུར་ཏེ༔ མཆོག་དང་ཞི་རྒྱས་དབང་དྲག་གི་ལས་རྣམས་ཐོགས་མེད་དུ་གྱུར་སྙམ་པའི་མོས་པ་མཛོད༔ ཧཱུྃ༔ བདེ་ཆེན་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ སྐུ་ཡི་དབང་མཆོག་སྐལ་ལྡན་བུ་ལ་སྦྱིན༔ གཏི་མུག་གནས་དག་ཆོས་དབྱིངས་ངོ་བོར་གྱུར༔ མཆོག་གི་ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེས་འབྲེལ་བརྟུལ་ཞུགས་རྫས་ཀྱི་དབང་༔ ཧྲཱིཿ སིནྡྷུའི་རྫས་མཆོག་ཐོགས་མེད་ཞིང་ཁམས་བགྲོད༔ རྟེན་འབྲེལ་སྨིན་པའི་

p. 413

ཤེས་རབ་མེ་ལྟར་འབར༔ བདུད་རྩི་ཆེན་པོས་བདེ་ཆེན་སྟོབས་སུ་གྱུར༔ མཆོག་ཐུན་དངོས་གྲུབ་དམ་པས་དབང་བསྐུར་རོ༔ མ་ཧཱ་ཀྵེ་ཏྲ་ཁེ་ཙ་ར་སརྦ་པྲཛྙཱ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟོག་མེད་མི་འགྱུར་རྡོ་རྗེ་མཁའ་འགྲོ་མའི༔ སྐུ་ཡི་དབང་མཆོག་སྐལ་ལྡན་བུ་ལ་སྦྱིན༔ ཞེ་སྡང་རྣམ་དག་མེ་ལོང་ངོ་བོར་གྱུར༔ ཞི་བའི་ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ སྔགས་ཀྱི་མཐའ་མར་ཀཱ་ཡ་བརྗོད༔ ཧྲཱིཿ ཁྲུས་ཀྱི་བུམ་པས་ལས་སྒྲིབ་ཉམས་ཆགས་བཀྲུ༔ རྟེན་འབྲེལ་མངོན་ཤེས་པྲ་ཡི་མེ་ལོང་བལྟ༔ དམ་ཚིག་སྟོང་མཆོད་གཏོར་མའི་ལས་ཆེན་སོགས༔ སྣ་ཚོགས་རྟེན་འབྲེལ་ཐབས་ཀྱི་དབང་བསྐུར་རོ༔ སརྦ་བི་ཤུདྡྷེ་ཨ་དརྴ་ས་མ་ཡ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་འབྱུང་རྩོལ་མེད་རིན་ཆེན་མཁའ་འགྲོ་མའི༔ སྐུ་ཡི་དབང་མཆོག་སྐལ་ལྡན་བུ་ལ་སྦྱིན༔ ང་རྒྱལ་རྣམ་དག་མཉམ་ཉིད་ངོ་བོར་

p. 414

གྱུར༔ རྒྱས་པའི་ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ སྔགས་ཀྱི་མཐའ་མར་ཀཱ་ཡ་བརྗོད༔ ཧྲཱིཿ ཚེ་ཡི་མདའ་དར་ཚེ་རིལ་ཚེ་ཆང་དང་༔ རིན་ཆེན་དབྱིག་གི་རྒྱལ་པོ་འོད་འབར་བ༔ སྣ་ཚོགས་ནོར་བུ་ཚོགས་འཁོར་བཅུད་ལེན་རྫས༔ ཚེ་དང་ལོངས་སྤྱོད་གཏེར་གྱི་དབང་བསྐུར་རོ༔ བཛྲ་ཨ་ཡུ་པུཎྱེ་མ་ཎི་རཏྣ་སརྦ་བཱ་སུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབང་མཛད་འཕྲུལ་མོ་པདྨ་མཁའ་འགྲོ་མའི༔ སྐུ་ཡི་དབང་མཆོག་སྐལ་ལྡན་བུ་ལ་སྦྱིན༔ འདོད་ཆགས་རྣམ་དག་སོར་རྟོགས་ངོ་བོར་གྱུར༔ དབང་གི་ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ སྔགས་ཀྱི་མཐའ་མར་ཀཱ་ཡ་བརྗོད༔ ཧྲཱིཿ འགུགས་པའི་ལྕགས་ཀྱུ་ཐིག་ལེ་རིལ་བུ་དང་༔ མདའ་གཞུ་སྦྱིན་སྲེག་དབང་གི་རྫས་སྣའི་ཚོགས༔ ཀླུ་གཟུགས་གྷི་ཝཾ་རླུང་འཁོར་རྟེན་འབྲེལ་རྟེན༔ མོས་བཞི་སྣང་བ་དབང་སྒྱུར་དབང་བསྐུར་རོ༔ སརྦ་ཛྙཱ་ན་ལོ་ཀ་ཝ་ཤཾ་ཀུ་རུ་ཨ་བྷི་

p. 415

ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོས་མ་ནག་མོ་ལས་ཀྱི་མཁའ་འགྲོ་མའི༔ སྐུ་ཡི་དབང་མཆོག་སྐལ་ལྡན་བུ་ལ་སྦྱིན༔ ཕྲག་དོག་རྣམ་དག་བྱ་གྲུབ་ངོ་བོར་གྱུར༔ དྲག་པོའི་ཕྲིན་ལས་རབ་འབྱམས་དབང་བསྐུར་རོ༔ ཨ་ཀརྨ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཨོཾ༔ འདིར་ཁྲོས་ནག་གི་བསྒྲལ་ཆས་རྣམས་རིམ་པར་ལག་འགྲིམ་བྱ། ཧྲཱི༔ གདུག་པའི་ཕྱག་མཚན་གྲི་གུག་རལ་གྲི་དང་༔ ཐུན་རྫས་ཚོགས་ཀྱིས་དགྲ་བགེགས་འགུགས་བསྒྲལ་སྟོབ༔ འབར་བའི་ཀློང་བསྲེག་མནན་གཟིར་ཟོར་དུ་འཕང་༔ ཚར་གཅོད་གཏུམ་དྲག་ལས་ཀྱི་དབང་བསྐུར་རོ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཚིནྡྷ་བྷིནྡྷ་ད་ཧ་པ་ཙ་སྟྭཾ་བྷ་ཡ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཞན་ཡང་མཁའ་འགྲོ་ཤུགས་འགྲོ་དང་༔ སྒོ་མཚམས་དཔའ་བོ་རྣལ་འབྱོར་མའི༔ སྐུ་ཡི་དབང་མཆོག་འདི་བསྐུར་བས༔ འགལ་རྐྱེན་བར་ཆད་ཞི་བ་དང་༔ མི་འབྲལ་མཁའ་འགྲོས་རྗེས་བཟུང་ཤོག༔ ཛྙཱ་ན་ཀརྨ་

p. 416

སརྦ་ཌཱ་ཀི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་སྐུ་ཕྱག་རྒྱའི་དབང་བསྐུར་བས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི༔ ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་༔ འབྲས་བུ་སྐུ་རྡོ་རྗེ་མངོན་དུ་བྱས་པའོ༔ རྗེས་གནང་བརྟུལ་ཞུགས་ཀྱི་རིམ་པ་བསྒྲུབས་པས་ཐུན་མོང་ཞི་རྒྱས་དབང་དྲག་གི་ལས་དང་། ཁྱད་པར་མཐར་ཐུག་མཆོག་གི་དངོས་གྲུབ་སོགས་ལས་རབ་འབྱམས་བསྒྲུབ་པ་ལ་དབང་འབྱོར་བ་ཡིན་ནོ༔ སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་རེ་བྱུང་ཞལ་ནས་ཐོན་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་གཡོན་ཕྱོགས་སུ་འཁོར་བའི་རང་འོད་དཀར་མཐིང་སེར་དམར་ལྗང་གུའི་ཚོགས་ཀྱིས་མཆོག་དང་ཞི་རྒྱས་དབང་དྲག་གི་ལས་རྣམས་ཐོགས་མེད་དུ་མཛད་པར་མོས་མཛོད༔ ཧཱུྃ༔ བཅོམ་ལྡན་མཁའ་འགྲོ་རོལ་པའི་ལྷ་ཚོགས་རྣམས༔

p. 417

སྒྲ་གྲགས་གཟུངས་དང་རིགས་སྔགས་བྱིན་རླབས་མཐུས༔ སྔགས་ཕྲེང་དཀར་པོས་མཆོག་གི་བློ་གྲོས་སྤེལ༔ གསང་སྔགས་མཐིང་ཀས་ཞི་བའི་ལས་ཀུན་སྒྲུབ༔ གཟུངས་སྔགས་སེར་པོས་ཚེ་བསོད་སྤེལ་ཞིང་རྒྱས༔ རིགས་སྔགས་དམར་པོས་ཁམས་གསུམ་གནས་ནས་འགུགས༔ དྲག་སྔགས་དུད་ཁས་དགྲ་བགེགས་རྡུལ་དུ་བརླག༔ སྣ་ཚོགས་སྙིང་པོས་དམ་སྐོང་དངོས་གྲུབ་བརྙེས༔ སྨྲ་བརྗོད་ཨཱ་ལི་ཀཱ་ལི་འགྲུབ་པར་ཤོག༔ སྔགས་ལུང་རྒྱས་བསྡུས་གང་རུང་འབོག༔ ཧྲཱི༔ སྔགས་བྱང་ཕྲེང་བ་གསུང་གི་དམ་ཚིག་རྟེན༔ གྲག་སྟོང་བརྗོད་མེད་བརྗོད་པ་ཀུན་གྱི་གཞི༔ མཁའ་འགྲོ་རྒྱ་མཚོའི་གསུང་གི་དབང་བསྐུར་བས༔ ཡན་ལག་རྒྱ་མཚོའི་སྒྲ་དབྱངས་ཀུན་འགྲུབ་ཤོག༔ སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་གསུང་ཡིག་འབྲུའི་དབང་བསྐུར་བས་ངག་གི་འགགས་འཛེར་དིག་ལྐུག་ཐམས་

p. 418

ཅད་ཞི༔ ལམ་སྙིང་པོའི་སྔགས་རྣམས་བཟླ་ཞིང་རིགས་སྔགས་བསྒྲུབ་པ་ལ་དབང་༔ འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱེད་པའོ༔ སྔགས་ཀྱི་རྗེས་སུ་གནང་བ་བསྒྲུབས་པས་ནུས་པ་ཁྱད་པར་ཅན་ཐོབ་སྟེ་མཆོག་ཐུན་གྱི་ལས་ཐམས་ཅད་མ་འབད་པར་ཡང་རྩོལ་མེད་ངང་ངམ་ཤུགས་ཀྱིས་འགྲུབ་པ་ཡིན་ནོ༔ སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་ངོ་བོ་འོད་དང་ཐིག་ལེ་ཕྱག་མཚན་གྱི་རྣམ་པར་བྱོན་པ་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པས་ཟུང་འཇུག་མི་ཕྱེད་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་མཛོད༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་ཡུམ་མཆོག་རྣལ་འབྱོར་མ༔ ཤེས་རབ་ཕར་ཕྱིན་མཁའ་འགྲོ་ཀུན་གྱི་ཐུགས༔ སྟོང་ཆེན་མེ་ལོང་བདག་མེད་གཡུང་དྲུང་དམར༔ བདེ་ཆེན་དགའ་འཁྱིལ་སྙིང་རྗེའི་འོད་ཟེར་འབར༔ གཟུང་འཛིན་རྩད་གཅོད་

p. 419

ཕྱག་མཚན་མཚོན་ཆ་རྣོ༔ འོད་གསལ་ཡེ་ཤེས་ཐུགས་ཀྱི་དབང་བསྐུར་བས༔ རྒྱལ་ཀུན་སྤངས་རྟོགས་ཏིང་ངེ་འཛིན་གྱི་སྒོ༔ མ་ལུས་སློབ་མ་ཁྱོད་ལ་ཡོངས་རྫོགས་ཤོག༔ སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ལས་དང་ཉོན་མོངས་རྣམ་རྟོག་ནད་དང་གདོན༔ སྟོང་ཆེན་སྤྲོས་བྲལ་མཉམ་བཞག་སྟོབས་ཀྱིས་སྦྱངས༔ ཚེ་དང་བློ་གྲོས་བསོད་ནམས་འབྱོར་བའི་ཚོགས༔ འདོད་འབྱུང་ལྷུན་གྲུབ་ཏིང་ངེ་འཛིན་གྱིས་སྤེལ༔ འཁོར་འདས་ལྷ་དང་ཡེ་ཤེས་མོས་བཞིའི་འགྲོ༔ དུ་མ་རོ་གཅིག་རྗེས་ཐོབ་མཐུ་ཡིས་འགུགས༔ ང་དང་བདག་ལྟ་ཕྱི་ནང་དགྲ་བགེགས་རྣམས༔ བདག་མེད་དཔའ་བར་འགྲོ་བས་ཟིལ་གྱིས་མནན༔ ཕྱི་ནང་གཞན་གསུམ་ཆོས་དབྱིངས་གཅིག་གི་མཁར༔ གཏི་མུག་མནལ་སློང་མ་རིག་མུན་པ་སངས༔ ཟུང་འཇུག་རིག་པའི་ཉི་འོད་གུང་ལ་བབས༔ འཁོར་འདས་ཡེ་

p. 420

གྲོལ་ཐུགས་ཀྱི་དབང་བསྐུར་རོ༔ ཧྲཱིཿ་མ་ཧ་རི་ནི་ས་ཛྙཱ་ན་ས་མ་དྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐུགས་ཕྱག་མཚན་གྱི་དབང་བསྐུར་བས་སེམས་ཀྱི་ཉོན་མོངས་རྣམ་རྟོག་ཐམས་ཅད་ཞི༔ ལམ་མཉམ་བཞག་ཏིང་འཛིན་བསྒོམ་པ་ལ་དབང་༔ འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའོ༔ ཏིང་ངེ་འཛིན་གྱི་རྗེས་སུ་གནང་བ་བསྒྲུབས་པས་ལམ་ལྔ་ཡི་ཏིང་ངེ་འཛིན་གྱི་རིམ་པ་རྣམས་ངེས་པར་རྒྱུད་ལ་འཆར་བར་འགྱུར་བ་ཡིན་ནོ༔ སྐལ་ལྡན་སློབ་མ་ཁྱེད་རྣམས་ལ་ཕྱི་བུམ་པའི་དབང་ཆེན་ལྷ་དབང་དང་བཅས་པ༔ རྗེས་གནང་བརྟུལ་ཞུགས་ཀྱི་རིམ་པ་རྣམས་སྤྲོས་བཅས་ཀྱི་ཚུལ་དུ་ལེགས་པར་གྲུབ་པ་ལགས་སོ༔ དེས་བུམ་དབང་རྗེས་གནང་དང་བཅས་པའི་བྱ་བ་ལེགས་པར་གྲུབ་པར་གྱུར་ཏོ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་དུ་སླར་ཡང་བློ་ཆེན་གང་ཟག་མཆོག་གི་སློབ་བུ་རྣམས་ལ་གསང་བ་

p. 421

མཆོག་གི་དབང་བསྐུར་གསུམ་གྱི་སྒོར་འཇུག་པ་ལ་ཐོག་མར་གསང་དབང་བདུད་རྩིའི་དཀྱིལ་འཁོར་དུ་རྗེས་སུ་འཛིན་པར་གསོལ་བའི་སླད་དུ་དཀྱིལ་འཁོར་གྱི་བདག་པོ་ཆེན་པོ་བླ་མ་ཧེ་རུ་ཀ་ལ་གསང་རྟེན་མེ་ཏོག་དང་བཅས་པའི་མཎྜལ་ཕུལ་མཛོད༔ སྔོན་ཆད་གསང་བའི་བདུད་རྩིའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་ཞུ། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཇལ་བའི་ཚེ་ཕྱག་རྟེན་མེ་ཏོག་འཛིན་འཚལ། དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད༔ ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ བླ་མེད་འདྲེན་པ་ཐབས་ཆེན་པོ༔ གསང་མཆོག་བདུད་རྩི་བྱང་ཆུབ་སེམས༔ མཆོད་ཆེན་དབང་བསྐུར་བདག་ལ་སྩོལ༔ དེ་ནས་སློབ་དཔོན་

p. 422

དཔལ་རྟ་མགྲིན་ཧེ་རུ་ཀ་དང་ཡུམ་རྡོ་རྗེ་ཕག་མོའི་མཁའ་གསང་གཅིག་ཏུ་སྦྱོར་ཞིང་རོལ་པའི་བདེ་བ་ཆེན་པོའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཆགས་པ་ཆེན་པོའི་བྱང་སེམས་ཀྱི་རྒྱུན་བླ་མ་ཡབ་ཡུམ་གྱི་སྤྱི་བོ་ནས་བྱོན་སྐུ་ཡི་བྱིན་རླབས་བརྒྱུད་དཀར་དམར་ལྷན་ཅིག་ཏུ་མཁའ་དབྱིངས་སུ་འཁྱིལ་བ་ཕྱིར་བྱུང་བདུད་རྩི་མངར་གསུམ་དུ་སྦྱར་བ༔ ཤིང་གི་ལོ་མའམ་ཐོད་པར་བཞག་ལ་སློབ་བུས་གསོལ་ཏེ༔ ཧཱུྃ་ཧྲཱི༔ ང་ནི་བརྟན་གཡོ་ཀུན་གྱི་ཁྱབ་བདག་སྟེ༔ བདུད་རྩིའི་རྒྱ་མཚོ་རྟ་མཆོག་ཧེ་རུ་ཀ༔ ཆགས་མེད་ཆགས་པའི་ཡུམ་མཆོག་རྣལ་འབྱོར་མ༔ གཅིག་ཏུ་སྦྱོར་བའི་བྱང་སེམས་བདུད་རྩི་འདི༔ དུས་གསུམ་རྒྱལ་བ་ཀུན་གྱིས་སྒྲུབ་པའི་རྫས༔ ཡེ་ནས་མ་བཅོས་རྒྱུ་ཡི་བདུད་རྩི་དང་༔ མཁའ་གསང་སྦྱོར་བའི་བྱང་སེམས་བདུད་རྩིའི་རྒྱུན༔ དཀར་དམར་སྨན་སྣ་རྟེན་འབྲེལ་བདུད་རྩིའི་མཚོ༔ རྟོག་

p. 423

མེད་རང་བྱུང་སྣོད་བཅུད་བདུད་རྩི་ཆེ༔ འཁོར་འདས་བདུད་རྩི་དག་མཉམ་ཆེན་པོ་འདི༔ བུ་ཁྱོད་ལྕེ་ལ་བཞག་པའི་བྱིན་རླབས་ཀྱིས༔ རྩ་རླུང་ཁམས་ཀྱི་སྒྲིབ་པ་ཐམས་ཅད་བྱང་༔ བྱང་སེམས་ངག་ཏུ་བླུད་པས་རྩ་མདུད་གྲོལ༔ རླུང་རྣམས་དབང་འདུས་སྲོག་རྩོལ་དབུ་མར་ཞུགས༔ གཏུམ་མོ་ཐབས་ལམ་ལས་སུ་རུང་བར་འགྱུར༔ འཇིག་རྟེན་མིག་ལ་ཤེས་རབ་མཐོང་ཕྱེ་བས༔ ལྟོས་ཤིག་བདུད་རྩིའི་དཀྱིལ་འཁོར་ཞལ་མཐོང་འགྱུར༔ སྣང་སྲིད་རོ་མཉམ་དཀར་དམར་སྣ་ཚོགས་སྣང་༔ རིན་ཆེན་མེ་ཏོག་བདུད་རྩི་ལྷ་ལ་ཕུལ༔ དབུས་ཀྱི་དྭངས་བཅུད་ཏི་ལ་ཀ་ལ་ཕོག༔ ཟུང་འཇུག་སྨན་གྱི་ཅོད་པན་སྤྱི་བོར་བཅིངས༔ གཙོ་མོའི་སྲས་གྱུར་ཧེ་རུ་ཀ་དཔལ་བརྗོད༔ བླ་མེད་གསང་བའི་དངོས་གྲུབ་འདི་ལ་དབང་༔ གཙང་སྨེ་མི་སྙེམས་རྟོག་མེད་ཆེན་པོར་རོལ༔ མཐེབ་སྲིན་སྦྱར་བས་བདུད་

p. 424

རྩི་བཟུང་༔ སློབ་བུས་ལྕེ་སྟེང་ཧྲཱིཿཧཱུྃ་ཕཊཿ བྲིས་ལ་ངག་ཏུ་བྱང་སེམས་སྦྱིན༔ བདུད་རྩི་དེ་ཉིད་ངག་ཏུ་མྱོང་བས་རྩ་ཁམས་ཐམས་ཅད་བྱང་སེམས་བདུད་རྩིས་ཁེངས་ནས་ཟག་མེད་བདེ་སྟོང་གི་ཉམས་བཟང་པོ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད་ལ་ངག་ཏུ་ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ བརྗོད་ཅིང་མོས་གུས་དང་དམིགས་པ་དྲག་ཏུ་མཛོད༔ རོལ་མོ་བསྒྲག་ཅིང་སྤོས་ཚོགས་བྱ༔ བྱིན་ཆེན་དབབ་ཅིང་བརྟན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ཨོཾ་ཨཱཿཧཱུྃ༔ འདི་ནི་ནང་ལྟར་ན་བླ་མ་ཡབ་ཡུམ་གསང་བའི་དཀྱིལ་འཁོར་དུ་ཐུན་མོང་མ་ཡིན་པ་བདུད་རྩི་བྱང་སེམས་ཀྱི་དབང་བསྐུར་བས་ངག་རྩ་རླུང་ཁམས་ཀྱི་དྲི་མ་སྦྱངས༔ གཟུགས་སྐུའི་ས་བོན་བཞག༔ རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་པའོ༔ རིགས་མཆོག་ཤིན་ཏུ་ཐིག་ཆེན་སྣོད༔ སྨིན་ཕྱིར་ཤེས་རབ་ཡེ་ཤེས་ཀྱི༔ དཀྱིལ་འཁོར་མཆོག་ཏུ་དབང་

p. 425

བསྐུར་ན༔ ལུས་དང་ལོངས་སྤྱོད་མཎྜལ་ཕུལ༔ སྔོན་ཆད་གསང་བ་མཁའ་དབྱིངས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་ཞུ༔ བདེ་བ་ཆེན་པོའི་དཀྱིལ་འཁོར་དང་མཇལ་བའི་ཚེ་ཕྱག་རྟེན་མཛེས་བྱེད་རྒྱན་གྱི་མེ་ཏོག་བཟུང་བར་ཞུ༔ དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད༔ ཧོཿ ཐབས་མཁས་དཔའ་བོ་དགོངས་སུ་གསོལ༔ དུག་ཆེན་སྨན་དུ་བསྒྱུར་བ་དང་༔ ཉོན་མོངས་ཡེ་ཤེས་རྩིས་འདེབས་པའི༔ ཟབ་མོའི་དབང་མཆོག་བདག་ལ་སྩོལ༔ དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལས་སྐུ་གཉིས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དབང་རྟེན་གཟུང་མ་ལ་ཐིམ་པས་དེ་ཡི་ཕྱག་གཡོན་པ་ནས་བཟུང་སྟེ་སློབ་དཔོན་གྱིས་བྱིན་

p. 426

པའི་མོས་པ་མཛོད་ཅིག༔ ཧཱུྃ་ཧྲཱི༔ པདྨའི་རིགས་མཆོག་ལས་འོང་ཤིན་ཏུ་མཛེས༔ མཚན་ལྡན་མཉེན་ལྕུག་འཁྲིལ་ལྡེམ་དཔའ་མོ་འདི༔ འཁོར་ལོས་སྒྱུར་བའི་བུད་མེད་མཆོག་དང་མཚུངས༔ མཁའ་དབྱིངས་གཙོ་མོའི་བྱིན་རླབས་ཕྱག་རྒྱས་བཏབ༔ རེག་ན་བདེ་བའི་སྐད་འབྱིན་ལང་ཚོ་ཅན༔ བདེ་ཆེན་སྐྱེད་པའི་གྲོགས་འདི་བུ་ལ་སྦྱིན༔ ཟག་མེད་དགའ་བ་བསྐྱེད་འདི་དང་བས་ལོངས༔ ལུས་སེམས་བདེ་སྟོང་སྤེལ་ཕྱིར་དབང་མཆོག་བསྐུར༔ མ་ཧཱ་མུ་དྲ་སུ་ཁ་སིདྡྷི་ཨ་ལ་ལ་ཧོཿ བླངས་ཏེ་རྒྱན་ཕྲལ་དགའ་བཞི་སྤེལ༔ བུད་མེད་རྣམས་ཀྱི་ཆ་ལ་ནི༔ སློབ་དཔོན་ཉིད་དམ་ཡང་ན་ནི༔ སྐྱེས་བུ་མཚན་ལྡན་རྒྱུད་སྨིན་པ༔ སྦྱིན་པར་ངེས་པ་ཉིད་དུ་གསུངས༔ ཧཱུྃ༔ རབ་ཏུ་སྨིན་པའི་རྡོ་རྗེ་ཉི་མ་ནི༔ བདེ་ཆེན་ལང་ཚོས་མྱོས་པའི་གར་སྟབས་ཅན༔ གཡས་ནས་བཟུང་སྟེ་སློབ་མ་ཁྱོད་ལ་སྦྱིན༔ བདེ་ཆེན་དགའ་མཆོག་སྤེལ་ཕྱིར་ང་ལས་ལོངས༔ འདུ་ཤེས་

p. 427

གསུམ་གྱིས་བདེ་སྟོང་ཚོགས་གཉིས་སྤེལ༔ ཟག་མེད་ཐབས་ཀྱི་དབང་མཆོག་སྦྱིན་པར་བྱ༔ མ་ཧཱ་ཡོ་ག་སུརྱ་སུ་ཁ་པཱུ་ཛ་སིདྡྷི་ཧོཿ སྤྱི་ལ་དཀྱིལ་འཁོར་བསྟན་པའི་ཕྱིར༔ དེ་ནས་ཐབས་ཀྱི་ཆ་ནས་སློབ་བུ་རྟ་མཆོག་ཧེ་རུ་ཀ་དང་༔ ཡུམ་རྡོ་རྗེ་རྣམ་འབྱོར་མ་ལྷར་སྣང་རྩ་འཁོར་དང་བཅས་པ་ལྷ་ཡི་འདུ་ཤེས༔ ཤེས་རབ་ཀྱི་ཆ་ལས་སློབ་མ་རྡོ་རྗེ་མཁའ་འགྲོ་དང་༔ ཡབ་རྡོ་རྗེ་ཉི་མ་གསེར་མདོག་སོགས་དེ་ལ་དེར་ཤེས་ཤིང་༔ སྨྲ་བརྗོད་རླུང་དང་སྲོག་རྩོལ་ཡི་གེ་སྔགས་ཀྱི་འདུ་ཤེས༔ ཐབས་བླ་ན་མེད་པ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་དོ་སྙམ་ནས་བདེ་སྟོང་ཟུང་འཇུག་གི་ཡང་རྩལ་སྦྱང་བ་ཆོས་ཀྱི་འདུ་ཤེས༔ གསང་བ་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ༔ མཁའ་དབྱིངས་པདྨ་དམར་པོ་ཟེའུ་འབྲུ་ཨོཾ་གྱིས་མཚན་པ་སོ་སོར་

p. 428

དཀྱིལ་འཁོར་གྱི་འཁོར་ལོ་ཚང་བར་བཞུགས་པའི་མོས་པ་མཛོད༔ ཧཱུྃ༔ གསང་མཆོག་ལམ་འདི་ཤིན་ཏུ་རྙེད་པར་དཀའ༔ བླ་མའི་མཐུ་ལས་ཨུ་དུམ་ཝ་ར་འདིས༔ གཞན་དྲིང་མི་འཇོག་སྐད་ཅིག་སངས་རྒྱས་མཇལ༔ སྙོམ་འཇུག་སྒྲིབ་གཡོགས་སྤྲོས་བྲལ་ཐུར་མས་དབྱེ༔ བརྟུལ་ཞུགས་མ་ཆུང་ཐར་པ་གང་ན་འདུག༔ ལྟོས་ཤིག་མཁའ་ཀློང་བྷ་གའི་དཀྱིལ་འཁོར་བཀྲ༔ བདེ་སྟོང་དཀྱིལ་འཁོར་འདི་ལ་མེ་ཏོག་ཕུལ༔ དཀྱིལ་འཁོར་འཁོར་ལོའི་ཟེའུ་འབྲུ་དབུས་སུ་ཕོག༔ ཀུན་འདར་མེ་ཏོག་སྤྱི་བོར་ཧྃ་ཡིག་བརྒྱན༔ མཁའ་འགྲོའི་དབང་ཕྱུག་སྒྱུ་འཕྲུལ་རྩལ་དུ་གྲགས༔ དགའ་བཞི་ཟག་མེད་རོལ་པས་དབང་བསྐུར་རོ༔ མེ་ལོང་དཀྱིལ་འཁོར་སྙིང་ཁར་བཞག༔ བྱེན་ཆེན་འབེབས་ཤིང་སྙོམ་པར་འཇུག༔ འོ་རིགས་ཀྱི་སྐལ་ལྡན་ཁྱོད་དགའ་བ་ཅུང་ཟད་སྐྱེས་པ་ནི་དང་པོ་སྤྱི་བོ་ནས་བྱང་སེམས་མགྲིན་པར་གཡོས་པ་

p. 429

སྟེ་དགའ་བ་དང་པོའོ༔ དེ་ནས་བདེ་བ་ཆེར་སྐྱེས་པ་ནི་བྱང་སེམས་མགྲིན་པ་ནས་སྙིང་ཁར་སོན་པ་སྟེ་གཉིས་པ་མཆོག་ཏུ་དགའ་བའོ༔ དེ་ལས་ཤིན་ཏུ་དགའ་བདེ་ཆེར་སྐྱེས་པ་ནི་བྱང་སེམས་སྙིང་ཁ་ནས་ལྟེ་བར་བབས་པ་སྟེ་གསུམ་པ་ཁྱད་པར་གྱི་དགའ་བའོ༔ དེ་ལས་བདེ་བ་ཆེན་པོ་བཟོད་མེད་དུ་འབར་བ་སྟེ་རྟོག་ཚོགས་སྣང་ཤས་རགས་པ་འགགས་པ་ནི་བྱང་སེམས་ལྟེ་བ་ནས་གསང་བར་འཁྱིལ་བ་སྟེ་ལྷན་སྐྱེས་ཀྱི་དགའ་བའོ༔ གཉིས་ཤོར་གཉིས་མཉམ་གྱི་དགའ་དང་མི་དགའི་རྟོག་ཚོགས་རབ་ཏུ་འགག་པའི་ཚེ་ཡེ་ཤེས་ཀྱི་གཟུགས་ཕྲ་མོ་ཟབ་ཅིང་སྣང་བར་འགྱུར་བས་རིག་པའི་རྩི་དང་མ་བྲལ་མ་ཡེངས་པར་ཤིན་ཏུ་གཟབ་པར་མཛད་འཚལ༔ དེ་ནི་དགའ་བྲལ་གྱི་ཡེ་ཤེས་སྟོང་ཆེན་མཐའ་བྲལ་ཟབ་མོའོ༔ དཔེ་ཡི་ཡེ་ཤེས་བརྟན་ཕྱིར་དུ༔ མས་བརྟན་གྱེན་དུ་དྲངས་པར་བྱ༔ བདེ་ཆེན་

p. 430

བརྟན་ཕྱིར་རྡོ་རྗེས་རེག༔ ཛྙཱ་ན་མ་ཧཱ་སུ་ཁ་ཏིཥྛ་བཛྲ་རཀྵ་མྃ༔ དེ་ལྟར་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀུན་ཏུ་ཐུན་མོང་མ་ཡིན་པ་བདེ་བ་ཆེན་པོའི་དཀྱིལ་འཁོར་འཁོར་ལོས་དབང་བསྐུར་བས་སྙོམ་འཇུག་དང་ཐིག་ལེ་ཡིད་ཀྱི་བག་ཆགས་དང་དྲི་མ་སྦྱངས༔ བདེ་བ་ཆེན་པོའི་ས་བོན་བཞག༔ ལམ་ཐབས་ལམ་ཕོ་ཉ་བསྒོམ་པ་ལ་དབང་༔ འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱས་པ་ཡིན་༔ དེ་ནས་ཤིན་ཏུ་སྐལ་ལྡན་དད་བརྩོན་ཅན༔ ཟབ་དོན་སྙིང་པོ་དོན་གཉེར་བར༔ མཐར་ཐུག་ཚིག་གི་དབང་མཆོག་བསྐུར༔ གདོང་གཡོགས་གསེར་གྱི་མེ་ཏོག་བཟུང་༔ ལུས་ནི་རྣམ་སྣང་ཆོས་བདུན་བཅའ༔ ངག་ནི་རྒྱུ་བ་རང་སོར་བཞག༔ ཡིད་ཀྱིས་མོས་གུས་ཡང་ཡང་བསྐྱེད༔ སེམས་ཉིད་ཀུན་བཟང་མཎྜལ་ཕུལ༔ ཞེས་གསུངས་པས་ཞིང་ཁམས་འབུལ་འཚལ༔ ཤིན་ཏུ་ཡང་གསང་འོད་གསལ་བྱང་ཆུབ་

p. 431

སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་ཞུ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་ཚེ་ཕྱག་རྟེན་རིན་པོ་ཆེ་མཚོན་པའི་མེ་ཏོག་བཟུང་འཚལ། དེ་ནས་བླ་མ་མཆོག་ལ་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ འཇིག་རྟེན་འདྲེན་པ་ཀུན་གྱི་གཙོ༔ ཆོས་ཀྱི་རྒྱལ་པོ་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་གྱི༔ ཐུགས་ཀྱི་ཡེ་ཤེས་བསྐྱེད་པ་དང་༔ རྒྱ་ཆེན་པོ་ཡི་ཟབ་མོའི་དོན༔ སྟོན་ཕྱིར་ཚིག་གི་དབང་མཆོག་སྩོལ༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་ཟིལ་ཆེན་པོ་རབ་ཏུ་གཡོས་ཏེ༔ དབྱིངས་རིག་ཟུང་འཇུག་གི་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་ནས་ཁྱེད་རང་སློབ་མའི་གནས་བཞིར་ཐིམ༔ ཆ་སྙོམས་ཀྱི་སྒྲིབ་པ་

p. 432

འཇིག་རྟེན་གྱི་སྣང་ཤས་ཆོས་བརྒྱད་ཀྱི་འཁྲུལ་རྟོག་དོན་མེད་ཀྱི་འདོད་འཁྲིས་ཐམས་ཅད་ཧྲོལ་གྱིས་ཞིག་སྟེ༔ ནམ་མཁའི་སྤྲིན་ཚོགས་དེངས་པ་ལྟར་སྟོང་ཆམ་མེ༔ སྒྲོན་མེ་སྦར་བ་ལྟར་གསལ་སིང་ངེ་༔ སྦྲུལ་ལྤགས་བརྗེས་པ་ལྟར་རྗེན་ཧྲིག་གེ༔ འདི་བྱ་འདི་བྱེད་བསམ་གཞི་བློ་ཡུལ་ལས་འདས་པ་ཉིན་མོའི་བར་སྣང་གི་དྭངས་ཤེལ་ལྟར་ཐག་ཆོད་གདེངས་ཐོབ་པ་འདི་ནི་གཞི་འབྲས་དབྱེར་མི་ཕྱེད་པའི་ཡེ་ཤེས་ཆེན་པོའོ༔ ཨཱཿཡིས་ཉམས་བསྐྱང་ཕཊ་ཀྱིས་བསལ༔ ཡུན་དུ་བྱིན་འབེབས་ཉམས་མྱོང་བསྐྱང་༔ ཧཱུྃ༔ རང་རིག་བླ་མ་བཅོམ་ལྡན་མཁའ་འགྲོ་མའི༔ དོན་གྱི་དཀྱིལ་འཁོར་ཆོས་དབྱིངས་མུ་མཐའ་བྲལ༔ བལྟ་འདོད་བློ་མིག་ཤེས་སྒྲིབ་མིག་ཡོར་འདི༔ ལྷན་སྐྱེས་རྩོལ་མེད་རྒྱུན་མཐའི་ཐུར་མ་ནི༔ ཤིན་ཏུ་རྣོ་བ་ཉི་ཟེར་འདྲ་བས་བསལ༔ འཇིག་རྟེན་མིག་གིས་འཁྲུལ་པའི་སྣང་བ་མཐོང་༔ ཤེས་རབ་མིག་འདིས་

p. 433

དོན་དམ་དཀྱིལ་འཁོར་མཇལ༔ ཆོས་ཅན་རྡུལ་བྲལ་ཇི་ལྟ་ཇི་སྙེད་གཟིགས༔ ལྷ་ཡི་མིག་གིས་འཁོར་འདས་མངོན་པར་ཤེས༔ ཡེ་ཤེས་སྤྱན་གྱིས་སྐྱེ་མེད་སྙིང་པོ་མཐོང་༔ མཆོག་གི་མེ་ཏོག་རང་རིག་ལྷ་ལ་ཕུལ༔ ཆོས་དབྱིངས་ཐུགས་ཀྱི་དཀྱིལ་འཁོར་དབུས་སུ་ཕོག༔ ཀུན་གཟིགས་ཡེ་ཤེས་མེ་ཏོག་སྤྱི་བོར་བཅིང་༔ སྐྱེ་མེད་མིང་བྲལ་མིང་ནི་ཀུན་ཏུ་གྲགས༔ ཧཱུྃ༔ མར་མེ་འདིས་ནི་དོན་གྱི་འོད་གསལ་མཚོན༔ སྟོང་ཉིད་ཀོང་བུར་སྣང་བའི་ཞུན་མར་གཏིབ༔ ཉོན་མོངས་ཤིང་ལ་སྙིང་རྗེའི་ཆུ་རས་དཀྲིས༔ ཟུང་འཇུག་རིག་པའི་མེ་འོད་ཤིན་ཏུ་གསལ༔ ཡུམ་མཆོག་མཁའ་འགྲོའི་ཐུགས་ཀྱི་ཡེ་ཤེས་རྟེན༔ བྱིན་རླབས་མཆོག་ཆེན་འདི་ཡི་དབང་བསྐུར་རོ༔ ཨཱཿ དང་པོ་ཆོས་ཀུན་ཡེ་ནས་སྐྱེ་བ་མེད༔ བར་དུ་རང་བཞིན་གྲུབ་པ་མ་མཆིས་ཀྱང་༔ རྨི་ལམ་སྒྱུ་མ་ཆུ་ཟླ་འཇའ་ཚོན་དང་༔

p. 434

འགགས་མེད་མེ་ལོང་གཟུགས་ལྟར་ཀུན་ཏུ་སྣང་༔ ཐ་མར་འགྲོ་འོང་བྲལ་ཡང་གནས་པ་མེད༔ རྟེན་མེད་ནམ་མཁའི་མཐོངས་སུ་ཅེར་གྱིས་ལྟོས༔ མཐོང་མེད་ཟང་ཐལ་རིག་མདངས་ས་ལེར་གསལ༔ ཉམས་ཀྱིས་མ་སྒྲིབ་གསལ་སྟོང་རྗེན་ནེ་བ༔ བཏང་སྙོམས་མ་ཡིན་གཅིག་པུར་ཧྲིག་གེ་བ༔ རང་གིས་རང་རིག་དྭངས་གསལ་ཏ་ལེ་བ༔ གཡོ་མེད་ཁྲིག་གེ་ཀུན་ཏུ་ཝ་ལེར་ཁྱབ༔ བློ་ཡིས་མ་བསླད་ཡིད་ཀྱིས་མི་ཉུལ་བ༔ བསམ་བརྗོད་ཡུལ་ལས་འདས་པར་མཉམ་བཞག་ཚེ༔ སྣང་བཅས་སྣང་མེད་འོད་གསལ་ཏིང་འཛིན་འཕེལ༔ དེ་ཡང་ང་བདག་ནང་གི་འཛིན་པ་དང་༔ ཕྱི་ཡི་ཚོགས་ཡུལ་སྣང་གྲག་གཟུང་བའི་ཡུལ༔ རབ་ཏུ་གཞིགས་པས་བདག་མེད་དོན་རྟོགས་ཚེ༔ སྟོང་ཉིད་རིག་པ་ཟུང་འཇུག་ལྟ་བའི་རྒྱལ༔ མ་བཅོས་མ་བསླད་ཅིར་སྣང་གསལ་བཞག་བྲལ༔ མི་བསྒོམ་རིག་པ་རང་གསལ་

p. 435

མ་ཡེངས་ཙམ༔ རེ་དོགས་བློ་ལས་འདས་པ་སྒོམ་པའི་མཆོག༔ རྣམ་ཀུན་ཕྱོགས་ལྷུང་གཏད་སོ་ཅི་ཡང་མེད༔ རང་བྱུང་ཤུགས་འབྱུང་སྤྱོད་པའི་དཔའ་བོ་ནི༔ བདག་མེད་རྒྱལ་ཡུམ་མཆོག་གི་རིགས་སུ་སྐྱེས༔ ས་དང་ལམ་གྱི་རིམ་པ་ཀུན་རྫོགས་ཏེ༔ ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མྱུར་ཐོབ་འགྱུར༔ ཨེ་མ༔ དེ་ལྟའི་བཀའ་དྲིན་གཟུགས་སུ་མངོན་གྱུར་ན༔ མཐའ་ཀླས་ནམ་མཁའི་ཁམས་སུ་ཆུད་མི་ནུས༔ བླ་མ་ལྷ་ཡི་བཀའ་དྲིན་ཁོ་ནར་སོམས༔ བུ་ཁྱོད་ཡང་དག་ཚུལ་གྱིས་སྤྲོ་བར་མཛོད༔ ཨོཾ་ཛྙཱ་ན་ས་མ་ཏི་དི་པཾ་བཛྲ་དྷརྨ་དྷཱ་ཏུ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་ཏིཥྛ་བཛྲ་ཧཱུྃ༔ མར་མེས་དབང་བསྐུར་བསྟན་པར་བྱ༔ དེ་ལྟར་ཡང་གསང་འོད་གསལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་གནས་ལུགས་དོན་དམ་ཚིག་གི་དབང་བསྐུར་བས་སེམས་ཉིད་ཀུན་གཞི་ཉོན་ཡིད་ཀྱི་དྲི་མ་སྦྱངས༔ སྐུ་དང་ཡེ་ཤེས་མཆོག་གི་ས་བོན་

p. 436

བཞག༔ ལམ་འོད་གསལ་ཏིང་ངེ་འཛིན་བརྒྱ་ཕྲག་བསྒོམ་པ་ལ་དབང་༔ འབྲས་བུ་ཁ་སྦྱོར་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་མངོན་དུ་གྲུབ་པའི་སྐལ་པ་དང་ལྡན་པར་བྱས་པའོ༔ དེ་ནས་མཐའ་རྟེན་བརྟུལ་ཞུགས་དབང་༔ སློབ་དཔོན་སློབ་མའི་དམ་ཚིག་རྣམས༔ བསྒྲག་ཅིང་བསྒོ་བ་ཚུལ་བཞིན་བྱ༔ དེ་ནས་མཐའ་བརྟེན་བརྟུལ་ཞུགས་ཀྱི་དབང་དང་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོར་མངའ་གསོལ་བ་དང་རྡོ་རྗེ་སློབ་མའི་དམ་ཚིག་ཚུལ་བཞིན་དུ་བསྒོ་བ་རྣམས་ཚིག་དོན་འདི་དག་རྣམས་ལ་རིམ་པར་གསན་པས་ཁྱབ་སྟེ། ཧཱུྃ༔ སློབ་མ་རྡོ་རྗེ་སྣང་མཛད་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་འགྱིང་སྟབས་རོལ༔ དབྱིངས་ཕྱུག་གཞོན་ནུའི་ལང་ཚོ་ཡུམ་དང་བཅས༔ དཀར་དང་མཐིང་བའི་མདངས་ལྡན་མཉམ་པར་འཁྲིལ༔ མ་ཆགས་པདྨ་གསལ་སྟོང་ཉི་ཟླའི་སྟེང་༔ ཟག་མེད་རྒྱས་པའི་སྐུ་རུ་ལམ་གྱིས་གསལ༔ ཧྲཱི༔ ཞིང་

p. 437

གླང་སྟག་གི་པགས་པ་བགོ་བའི་གོས༔ ཁྲག་དང་ཞག་ཆེན་ཐལ་བ་བྱུག་པའི་རྩི༔ རིན་ཆེན་རུས་པ་སྦྲུལ་རིགས་ཐོད་པའི་རྒྱན༔ དུར་ཁྲོད་རོལ་པའི་ཆས་ཀྱིས་དབང་བསྐུར་རོ༔ བཛྲ་མ་ཧཱ་ཨ་ལངྐ་ར་ཨ་བྷི་ཥིཉྩ་མྃ༔ ཧྲཱི༔ འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་རལ་གྲི་གྲི་གུག་སོ་སོར་མཚན༔ བྷནྡྷ་བདུད་རྩི་ཐོད་རློན་རཀྟ་དང་༔ ཁ་ཊྭཱཾ་ཏྲི་ཤུ་ཧེ་རུ་ཀ་ཡི་ཆས༔ རྡོ་རྗེ་སློབ་དཔོན་ཕྱོགས་མེད་འགྲོ་དོན་ཕྱིར༔ ཆོས་ཀྱི་འཁོར་ལོས་བསྒྱུར་བར་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཀརྨ་ཙཀྲ་ཨ་བྷི་ཥིཉྩ་ཨོཾ༔ ཆས་རྣམས་ཀུན་གྱིས་དབང་ཡང་བསྐུར༔ ཧཱུྃ༔ བུམ་དབང་དམ་ཚིག་ལྷར་བསྒོམ་རྡོར་དྲིལ་འཆང་༔ གསང་དབང་དམ་ཚིག་རིགས་བདག་བླ་མ་མཆོད༔ ཤེས་རབ་བུད་མེད་སྦྱོར་ཞིང་ཐིག་ལེ་སྤེལ༔ ཚིག་དབང་རང་རིག་འོད་གསལ་བླ་མར་བསྟེན༔ མཁའ་འགྲོའི་དམ་ཚིག་ཤ་ལྔ་བདུད་རྩི་

p. 438

བཟའ༔ འདུན་འགྲོས་གཟུང་འཛིན་སྤངས་ལ་དུར་ཁྲོད་རྒྱུ༔ ཐོལ་བྱུང་གང་ཤར་བརྟུལ་བཞུགས་སྤྱོད་པར་བྱ༔ ཐུགས་ཕྲད་ལམ་ཁྱེར་ཡ་ང་འཇིག་སྙེམས་སྤང་༔ ཚོགས་ཀྱི་འཁོར་ལོས་མཁའ་འགྲོ་རྟག་ཏུ་མཆོད༔ ཀུན་ཀྱང་མཁའ་འགྲོའི་རོལ་པར་དག་སྣང་སྦྱང་༔ མི་མོ་ལྷ་མོ་ཀླུ་མོ་རྟག་ཏུ་མཆོད༔ བཟླས་བརྗོད་སྦྱིན་སྲེག་ཕྲིན་ལས་རབ་འབྱམས་ཚོགས༔ རྟག་ཏུ་སྒྲུབ་པའི་དམ་བཅའ་བརྟན་པོར་ཟུངས༔ སྤྱི་བོར་རྡོ་རྗེ་བཞག་ནས་ཀྱང་༔ རྡོར་དྲིལ་གཏད་ཅིང་བདུད་རྩི་སྦྱིན༔ མཁའ་འགྲོ་རིགས་ལྔའི་གཏོར་དབང་རྐྱང་པ་ཁོ་ན་བྱེད་ན་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་མཎྜལ་དང་བཅས་བུམ་དབང་གི་སྟོད་ཆ་བཞིན་གསོལ་གདབ་རྒྱུད་སྦྱང་སྐྱབས་སེམས་ལྷ་བསྐྱེད་བྱིན་འབེབས་ནས་བརྟན་པར་བྱ་བ་བཅས་དང་། གཞན་དབང་ཆེན་གྱི་མཇུག་ཏུ་མཐའ་རྟེན་ཡོངས་རྫོགས་གཏོར་དབང་ལ་ནི་དེ་ལྟར་མི་དགོས་ཤིང་གང་ལྟར་ཡང་། དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་ཆེན་ལ་བརྟེན་པའི་དབང་བཞི་གཅིག་རྫོགས་

p. 439

སུ་བསྐུར་བ་ནི། གཏོར་སྣོད་རིགས་ལྔ་མཁའ་འགྲོའི་ཞིང་ཁམས་གཏོར་མ་རིན་པོ་ཆེ་ཁ་དོག་ལྔ་ཡི་གཞལ་ཡས་ཁང་དེ་ཡི་ནང་དུ་ཡེ་ཤེས་མཁའ་འགྲོ་རིགས་ལྔ་སོ་སོར་གཙོ་འཁོར་ཡོངས་སུ་རྫོགས་པར་བཞུགས་པའི་སྟེང་ཕྱོགས་སུ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་སྤྲིན་ལྟར་གཏིབ་པ། བར་གྱི་ཆ་ལ་ཡི་དམ་ཞི་བ་དང་ཁྲོ་བོ་དཔའ་བོ་དང་མཁའ་འགྲོ་རྒྱ་མཚོ་གཟའ་དང་རྒྱུ་སྐར་བཞིན་འཚོགས་པ། འོག་གི་ཆ་ལ་ཡེ་ཤེས་ཀྱི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་བུ་ཡུག་དང་རྡུལ་ཕྲན་བཞིན་འཚོགས་པ་ཐམས་ཅད་བྱིན་རླབས་དང་དངོས་གྲུབ་ཐིབས་སེ་འོད་ཟེར་སྤུངས་སེ་ཐུགས་བརྩེ་བ་ཆེན་པོའི་སློབ་མའི་སྤྱི་བོར་བྱོན་ཏེ། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཆ་སྙོམས་དང་བཅས་པའི་འགལ་རྐྱེན་ཞི་ནས་མཆོག་དང་ཐུན་མོང་གི་དངོས་

p. 440

གྲུབ་བདེ་བླག་ཉིད་དུ་སྩོལ་བ་དང་། སྐུ་གཏོར་མའི་བུམ་དབང་། གསུང་བདུད་རྩིའི་གསང་དབང་། ཐུགས་བདེ་སྟོང་ཟག་མེད་ཀྱི་ཤེར་དབང་། ཆ་སྙོམས་རིག་རྩལ་ཡེ་ཤེས་ལྔ་ཡི་ཚིག་དབང་དངོས་སུ་ཐོབ་པས་སྐུ་ལྔའི་ས་བོན་རྒྱུད་ལ་བཞག་པའི་མོས་པ་མཛོད་ཅིག །ཧཱུྃ་ཧྲཱི༔ གཏོར་སྣོད་ཆོས་འབྱུང་མཁའ་སྤྱོད་འོག་མིན་ཞིང་༔ གཏོར་ཆེན་གསང་བ་ཡེ་ཤེས་རྣལ་འབྱོར་མ༔ བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཐུགས་རྗེའི་འོད་ཕུང་ཟེར་ཐག་ཕྱོགས་བཅུར་འཕྲོས༔ ལས་མཛད་དམ་ཅན་བུ་ཡུག་རླུང་ལྟར་འཚུབས༔ མི་མངོན་དབྱིངས་ནས་སྔོན་གྱི་དམ་ཚིག་བསྐུལ༔ དེང་འདིར་བུ་ལ་ཐུགས་རྗེས་བརྩེར་དགོངས་ལ༔ སྐལ་ལྡན་འདི་ལ་བྱིན་གྱིས་བརླབས་ནས་ཀྱང་༔ དམ་རྫས་གཏོར་ཆེན་འབར་བ་འདིར་བརྟེན་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ སྒོ་

p. 441

གསུམ་བར་ཆད་རྐྱེན་ངན་ཞི་བ་དང་༔ དབང་བཞིས་སྨིན་ཅིང་རྒྱུད་བཞི་གྲོལ་བར་མཛོད༔ འབྲས་བུ་སྐུ་བཞིའི་ཡེ་ཤེས་མངོན་གྱུར་ནས༔ ཟག་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཐུན་མོང་ལས་བཞི་མྱུར་དུ་འགྲུབ་པ་དང་༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་ཡོན་ཏན་འཕེལ༔ ལུང་རྟོགས་མཁྱེན་བརྩེ་ནུས་པའི་གཏེར་ཆེན་རྡོལ༔ ཡེ་ཤེས་མཁའ་འགྲོ་མཆོག་དང་མཉམ་པར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བ་ལིངྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཙོ་མོའི་གཏོར་ཆེན་དབང་ཡང་བསྐུར༔ ལས་བཞི་སོ་སོར་དབང་བསྐུར་ན༔ གོང་བཞིན་ཚིག་རིས་ཁ་བསྒྱུར་བྱ༔ ཧཱུྃ་ཧྲཱི༔ གཏོར་སྣོད་གཞལ་ཡས་ཟླུམ་པོར་གཏོར་ཆེན་ནི༔ མི་ཕྱེད་རྡོ་རྗེ་མཁའ་འགྲོའི་ལྷ་ཚོགས་བཞུགས༔ བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཐུགས་རྗེའི་འོད་ཕུང་ཟེར་ཐག་ཕྱོགས་བཅུར་འཕྲོས༔ ལས་མཛད་དམ་ཅན་བུ་ཡུག་རླུང་

p. 442

ལྟར་འཚུབས༔ མི་མངོན་དབྱིངས་ནས་སྔོན་གྱི་དམ་ཚིག་བསྐུལ༔ དེང་འདིར་བུ་ལ་ཐུགས་རྗེས་བརྩེར་དགོངས་ནས༔ སྐལ་ལྡན་འདི་ལ་བྱིན་གྱིས་བརླབས་ནས་ཀྱང་༔ དམ་རྫས་གཏོར་ཆེན་འབར་བ་འདིར་བརྟེན་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ སྒོ་གསུམ་ལུས་ཀྱི་ནད་གདོན་བར་ཆད་སེལ༔ ཉམས་ཆག་ལས་ཀྱི་སྡིག་སྒྲིབ་བག་ཆགས་སྦྱངས༔ ཉམས་རྟོགས་ཡོན་ཏན་སྤྱན་མངའ་མངོན་ཤེས་ལྔ༔ སྒྲིབ་མེད་མཁྱེན་པ་ས་བཅུའི་སྤངས་རྟོགས་འཕེལ༔ རྟག་ཏུ་ཞི་བའི་ཕྲིན་ལས་རབ་འབྱམས་འགྲུབ༔ རྟོག་མེད་རྡོ་རྗེ་མཁའ་འགྲོའི་དབང་ཐོབ་ཤོག༔ ཧ་བཛྲ་ཌཱ་ཀི་ནི་མ་ཧཱ་ཤིནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བ་ལིངྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ གཏོར་སྣོད་གྲུ་བཞི་ཕོ་བྲང་གཏོར་མའི་རྒྱུ༔ དངོས་གྲུབ་དཔལ་འབར་རིན་ཆེན་མཁའ་འགྲོ་བཞུགས༔ བླ་མ་ཡི་

p. 443

དམ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཐུགས་རྗེའི་འོད་ཕུང་ཟེར་ཐག་ཕྱོགས་བཅུར་འཕྲོ༔ ལས་མཛད་དམ་ཅན་བུ་ཡུག་རླུང་ལྟར་འཚུབས༔ མི་མངོན་དབྱིངས་ནས་སྔོན་གྱི་དམ་ཚིག་བསྐུལ༔ དེང་འདིར་བུ་ལ་ཐུགས་རྗེས་བརྩེར་དགོངས་ནས༔ སྐལ་ལྡན་འདི་ལ་བྱིན་གྱིས་བརླབས་ནས་ཀྱང་༔ དམ་རྫས་གཏོར་ཆེན་འབར་བ་འདིར་བརྟེན་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ སྒོ་གསུམ་ཆ་སྙོམ་ཉམས་རྒུད་ཞིག་རལ་སྦྱངས་༔ བྲེལ་འཕོང་འཆི་བའི་རྐྱེན་དང་འཇིགས་ལས་སྐྱོབས༔ ཚེ་རིང་དཔལ་གྲགས་ལོངས་སྤྱོད་འདོད་དགུས་ཕྱུག༔ ཚོགས་གཉིས་བསོད་ནམས་ཆུ་བོའི་རྒྱུན་བཞིན་འཕེལ༔ དགེ་མཚན་ཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས༔ འདོད་འབྱུང་རིན་ཆེན་མཁའ་འགྲོའི་དབང་ཐོབ་ཤོག༔ རི་རཏྣ་ཌཱ་ཀི་ནི་མ་ཧཱ་པུཥྚ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་

p. 444

བ་ལིངྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ པད་སྣོད་ཟླ་གམ་གཞལ་ཡས་འབར་བའི་ནང་༔ གཏོར་མ་བདེ་ཆེན་པདྨ་མཁའ་འགྲོའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཐུགས་རྗེའི་འོད་ཕུང་ཟེར་ཐག་ཕྱོགས་བཅུར་འཕྲོ༔ ལས་མཛད་དམ་ཅན་བུ་ཡུག་རླུང་ལྟར་འཚུབས༔ མི་མངོན་དབྱིངས་ནས་སྔོན་གྱི་དམ་ཚིག་བསྐུལ༔ དེང་འདིར་བུ་ལ་ཐུགས་རྗེས་བརྩེར་དགོངས་ལ༔ སྐལ་ལྡན་འདི་ལ་བྱིན་གྱིས་བརླབས་ནས་ཀྱང་༔ དམ་ཚིག་གཏོར་ཆེན་འབར་བ་འདིར་བརྟེན་ནས༔ སྐུ་གསུང་ཐུགས་ཀྱིདབང་མཆོག་བསྐུར་དུ་གསོལ༔ སྒོ་གསུམ་ངག་གི་མི་མཐུན་རླུང་ལོག་དང་༔ རྩ་ཁམས་ཉམས་གྲིབ་བར་ཆད་རྐྱེན་རྣམས་སྦྱངས༔ ཚེ་དང་ཡེ་ཤེས་སྣོད་བཅུད་འཁོར་འདས་ཁམས༔ མོས་བཞི་སྲིད་གསུམ་འགྲོ་བ་དབང་དུ་བསྡུས༔ གཟི་བརྗིད་འོད་དང་རྫུ་འཕྲུལ་རླུང་ཞགས་

p. 445

སྟོབས༔ སྣང་བ་དབང་བསྒྱུར་ཆེན་པོའི་དངོས་གྲུབ་སྩོལ༔ བདེ་མཆོག་པདྨ་མཁའ་འགྲོའི་དབང་ཐོབ་ཤོག༔ ནི་པདྨ་ཌཱ་ཀི་ནི་མ་ཧཱ་ཝ་ཤཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཱ་ལིངྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ བྷནྡྷ་གྲུ་གསུམ་ཨེ་ཡི་ཕོ་བྲང་ནས༔ མཐར་མཛད་ཁྲོས་མ་ནག་མོ་ཁྲོ་མོའི་གཙོ༔ དཔལ་འབར་སེང་གདོང་མཁའ་འགྲོ་ལས་ལ་མྱུར༔ བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཐུགས་རྗེའི་འོད་ཕུང་ཟེར་ཐག་ཕྱོགས་བཅུར་འཕྲོ༔ ལས་མཛད་དམ་ཅན་བུ་ཡུག་རླུང་ལྟར་འཚུབས༔ མི་མངོན་དབྱིངས་ནས་སྔོན་གྱི་དམ་ཚིག་བསྐུལ༔ དེང་འདིར་བུ་ལ་ཐུགས་རྗེས་བརྩེར་དགོངས་ནས༔ སྐལ་ལྡན་འདི་ལ་བྱིན་གྱིས་བརླབས་ནས་ཀྱང་༔ དམ་རྫས་གཏོར་ཆེན་འབར་བ་འདིར་བརྟེན་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ སྒོ་གསུམ་ཡིད་ཀྱི་དུག་ལྔ་རྣམ་

p. 446

རྟོག་དགྲ༔ བདག་འཛིན་རྐྱེན་གྱི་བྱད་ཕུར་རྦོད་གཏོང་སོགས༔ གདོན་བགེགས་བར་ཆད་རྐྱེན་རྣམས་རྡུལ་དུ་རློགས༔ སྒོ་གསུམ་རྡོ་རྗེར་བྱིན་རླབས་སྲུང་སྐྱོབ་མཛོད༔ མི་མཐུན་དགྲ་བགེགས་གཡུལ་ལས་རྣམ་རྒྱལ་ནས༔ ཁྲོ་རྒྱལ་བདུད་འདུལ་ཆེན་མོའི་དབང་ཐོབ་ཤོག༔ ས་ཀརྨ་ཀྲོ་དྷི་ཤ་ཏྲུན་བིགྷྣན་མ་ར་སེ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཐར་གཏོར་མའི་ལྷ་ཚོགས་རྣམས་དངོས་གྲུབ་ཀྱི་བདུད་རྩིའི་རྒྱ་མཚོར་ཞུ་བ་ཁྱེད་རང་རྣམས་ཀྱི་ངག་ཏུ་བྱིན་པས་རྩ་ཁམས་ཐམས་ཅད་ཁྱབ་ཅིང་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་ཏེ། དེ་ཡང་དེའི་ངོ་བོ་སྟོང་པ་སྟོང་པའི་རང་བཞིན་བདེ་བ་བདེ་སྟོང་དབྱེར་མེད་སོ་སོར་རྟོགས་པའི་ཡེ་ཤེས་ཐུགས་རྗེ་ཕྱོགས་ལྷུང་དང་བྲལ་བའོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་དབང་ཆེན་ལེགས་པར་ཐོབ་པ་དེ་དག་གི་

p. 447

བྱིན་རླབས་རྣམས་རྒྱུད་ལ་བརྟན་པར་བྱ་བའི་སླད་དུ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་བརྗོད་ཅིང་ཤིས་པའི་མེ་ཏོག་ཆར་དུ་སྙིལ་བའི་མོས་པ་མཛོད། ཨོཾ༔ སྐུ་ཡི་བཀྲ་ཤིས་མཚན་དང་དཔེ་བྱད་བརྒྱན༔ བདེ་ཆེན་ཉམས་ཀྱི་ལང་ཚོ་གར་དགུར་བསྒྱུར༔ སྤྲུལ་སྐུ་ཁྲོ་མོའི་ཚུལ་གྱིས་འགྲོ་དོན་མཛད༔ བདུད་དགྲ་འདུལ་བྱེད་ཁྲོ་མོའི་བཀྲ་ཤིས་ཤོག༔ ཨཱཿ གསུང་གི་བཀྲ་ཤིས་ཚངས་དབྱངས་དྲུག་ཅུར་ལྡན༔ ཡན་ལག་བཅུ་གཉིས་ཐེག་མཆོག་ཆོས་སྒྲ་སྒྲོགས༔ ལོངས་སྐུ་བདེ་ཆེན་ཉམས་བརྒྱས་སྣང་སྲིད་སྒེག༔ རྟོག་མེད་ཕག་ཞལ་ཡུམ་གྱི་བཀྲ་ཤིས་ཤོག༔ ཧཱུྃ༔ ཐུགས་ཀྱི་བཀྲ་ཤིས་མཐའ་བྲལ་བློ་ལས་འདས༔ དབུས་ལ་མི་དམིགས་ཟུང་འཇུག་ཆེན་པོའི་ཀློང་༔ ཆོས་སྐུ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་མ༔ མཁའ་

p. 448

དབྱིངས་ཡེ་ཤེས་ཌཱ་ཀིའི་བཀྲ་ཤིས་ཤོག༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སྒོ་གསུམ་དམ་ཚིག་ལྡན་པའི་རྣལ་འབྱོར་ལ༔ སྐད་ཅིག་འདུ་འབྲལ་མེད་པའི་བརྩེ་གདུང་གིས༔ མཆོག་ཐུན་དངོས་གྲུབ་གཏེར་བའི་བཀྲ་ཤིས་ཤོག༔ བཀྲ་ཤིས་གང་མང་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ༔ འོ། དེ་ལྟར་བཅོམ་ལྡན་རྡོརྗེ་རྣལ་འབྱོར་མ་རིགས་ལྔའི་རྩ་བའི་དབང་བསྐུར་གྱི་འཕྲོས་དོན་ལས། འདི་བཞིན་བསྐུར་བའི་སློབ་དཔོན་ནི༔ རྡོ་རྗེ་འཆང་དང་ངེས་པར་མཉམ༔ ཚུལ་བཞིན་ཐོབ་པའི་སྐལ་ལྡན་བུ༔ བྱང་ཆུབ་མཆོག་གི་སེམས་དཔར་མཚུངས༔ གཟུ་ལུམ་རས་ཆོད་མི་བྱ་བར༔ ཟབ་ཅིང་རྒྱས་པ་དེ་ལྟར་བསྐུར༔ འབྲིང་དང་བསྡུས་པ་ཤིན་ཏུ་བསྡུས༔ དམིགས་བསལ་ལ་སོགས་སྐབས་ཐོབ་སྦྱར༔ ཡེ་ཤེས་མཁའ་འགྲོའི་དབང་ཆུ་འདི༔ རྒྱུད་ལུང་བྱེ་བའི་ཡང་བཅུད་ཡིན༔ མཁའ་འགྲོ་འབུམ་གྱི་སྙིང་

p. 449

ཁྲག་ཡིན༔ རིག་འཛིན་རྣམས་ཀྱི་ཐུགས་ཏིག་ཡིན༔ ཟབ་དོན་དམ་པའི་རྒྱལ་པོ་ཡིན༔ མན་ངག་ཀུན་གྱི་མཐར་ཐུག་ཡིན༔ སྙིང་པོ་ཀུན་གྱི་ཟུངས་ཁྲག་ཡིན༔ ཡིན་པ་དྲུག་གི་ཐ་ཚིག་ལྡན༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་བཅུད༔ རིག་འཛིན་རྣམས་ཀྱིས་མཛད་པའི་གཞུང་༔ མན་ངག་ཀུན་འདུས་ཀུན་ལས་ཟབ༔ རྡོ་རྗེ་དྲག་པོ་རྩལ་ལ་གདམས༔ རིགས་ཀྱི་བུ་མཆོག་གསུམ་ལ་བཤད༔ མ་འོངས་དོན་ཕྱིར་གཏེར་དུ་སྦོས༔ བདག་གི་སྨོན་ལམ་མི་འདོར་ཕྱིར༔ རྒྱ་ཆེན་འགྲོ་ལ་སྨིན་པར་འགྱུར༔ ཞེས་གསུངས་པ་ལྟར་དབང་བསྐུར་ཐོབ་པའི་དམ་ཚིག་དང་བསླབ་སྡོམ་གྱི་རིམ་པ་རྣམས་ལས་མི་འདའ་བར་ཚུལ་བཞིན་དུ་བསྲུང་ངོ་སྙམ་པའི་ཞལ་བཞེས་ཁས་བླང་གི་རྗེས་ཟློས་འདི་ལྟར་གནང་བར་ཞུ། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །

p. 450

དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པའི་གཏང་རག་ཏུ་དམིགས་ཏེ་མཎྜལ་ཕུལ། དེར་མ་ཟད་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ་སྤྲུལ་ཏེ་བླ་མ་དང་དཀྱིལ་འཁོར་གྱི་བདག་པོར་འབུལ་བ་ལགས་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་ཐོབ་པའི་དགེ་བའི་རྩ་བ་རྣམས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་པའང་སྒ་སྒྲུབ་བརྒྱུད་མཆོག་གི་སྤྲུལ་

p. 451

སྐུ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་དབང་པོའི་ཐུགས་བཞེད་ལྟར་འབར་བའི་རྡོ་རྗེས་ངག་ནས་སྨྲས་རིམ་བཞིན་སྤྲུལ་སྐུ་ཉིད་ཀྱིས་ཡི་གེར་བཀོད་པའོ། །སརྦ་མངྒ་ལཾ་དགེའོ།། །།

ཨ་མ་ཇོ་མོའི་དགོངས་དོན་ཟབ་པའི་ཡང་སྙིང༌ཆོས་རྗེ་འབའ་རོམ་པའི་ལུགས་དང་ཟུར་མང་གི་ལུགས་འདྲ་མིན་གཉིས། གནས་མདོའི་ལུགས་དང༌རང་གི་དག་སྣང་བཅས་ཀྱི་དགོངས་བཅུད་གཅིག་ཏུ་དྲིལ་བའི་གཅོད་དབང་ཆུ་བོ་ལྔ་འདུས་ནམ་མཁའ་མཛོད་ཀྱི་སྒོ་འབྱེད། འཇིགས་མེད་ཆོས་ཀྱི་སེངྒེ།

p. 452
p. 453

༄༅། །ཨ་མ་ཇོ་མོའི་དགོངས་དོན་ཟབ་པའི་ཡང་སྙིང༌ཆོས་རྗེ་འབའ་རོམ་པའི་ལུགས་དང་ཟུར་མང་གི་ལུགས་འདྲ་མིན་གཉིས། གནས་མདོའི་ལུགས་དང༌རང་གི་དག་སྣང་བཅས་ཀྱི་དགོངས་བཅུད་གཅིག་ཏུ་དྲིལ་བའི་གཅོད་དབང་ཆུ་བོ་ལྔ་འདུས་ནམ་མཁའ་མཛོད་ཀྱི་སྒོ་འབྱེད་བཞུགས་སོ། །

p. 454

ན་མོ་གུ་རུ་ཡེ། རྒྱལ་དང་རྒྱལ་སྲས་འབྱུང་གནས་སྟོང་ཆེན་ཡུམ། །བདག་ཏུ་འཛིན་དང་མཐའ་བཞིའི་དྲི་མ་བྲལ། །མཚན་ཙམ་འཆང་བས་བདུད་བཞིའི་གཡུལ་ལས་རྒྱལ། །འཁོར་འདས་ཀུན་བྱེད་མ་གཅིག་མཆོག་ལ་འདུད། །འདི་ན་ཡུམ་ཆེན་དགོངས་པའི་བཅུད་ཟབ་ལས། །སློབ་མ་རྗེས་འཛིན་བཀོད་ལ་གནང་བ་སྩོལ། །དེ་ཡང་ཆོས་སྐུ་ཡུམ་ཆེན་དངོས་བྱོན་ཨ་མ་ལབ་ཀྱི་སྒྲོན་མའི་རྟོགས་ཆོས་བརྒྱུད་པ་ལྔ་འདུས་ཟབ་མོ་གཅོད་ཀྱི་དགོངས་དོན་དཔལ་ཆོས་རྗེ་འབའ་རོམ་བཀའ་བརྒྱུད་ཀྱི་གྲུབ་བརྙེས་སློབ་དཔོན་དུ་མ་ནས་བརྒྱུད་པའི་ཚོགས་ལས་གཞུང་ཚོགས་བསགས་རྒྱ་ཆེན་ལྔ་པ་དང་འབྲེལ་བའི་སྨིན་བྱེད་སྐལ་ལྡན་རྗེས་སུ་འཛིན་པའི་ལག་ལེན་ཉམས་སུ་བསྟར་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་བཤམས་དོན་གྱི་སྦྱོར་བ་ནི། དུར་ཁྲོད་དམ་དབེན་པའི་གནས་སུ་སྟེགས་གཙང་མར་མཎྜལ་གྱི་དལ་ལ་འབྲུའི་ཚོམ་བུ་ལྔ་ཚོམ་བཀོད་པའི་སྟེང་དུ་གཏོར་མ་

p. 455

དང༌། སྐུ་ཙཀ །དེའི་ཤར་དུ་གཟུངས་བུམ། ལྷོ་རུ་ཐོད་པའི་བདུད་རྩི། ནུབ་ཏུ་བགྲང་ཕྲེང༌། བྱང་དུ་རྡོར་དྲིལ། དབུས་ཀྱི་གཡས་གཡོན་དུ་ཌཱ་མ་རུ་དང་མི་རྐང༌། བྱང་ཤར་དུ་ལས་བུམ། མདུན་དུ་ཉེར་སྤྱོད། བདུད་རྩི། ཚོགས་དང་གཏོར་འབུལ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱས་ལ་གཅོད་གཞུང་ཚུལ་བཞིན་བཏང་བའི་ལྷག་མའི་གོང་དུ། དངོས་གྲུབ་ཞུ་བ་དང་བྱིན་རླབས་དབང་ལེན་གྱི་དོད་དུ་སྦྱར་བའི་ཕྱག་ལེན་ཡོད་པས་ཐོག་མར་བདག་ཉིད་ནུས་ལྡན་དུ་བྱ་བ་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་མཱུྃཿཡིག་དམར་སེར་འོད་དུ་ཞུ་བ་ལས།

p. 456

ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མའི་མདངས་ཅན། ཞལ་གཅིག་ཕྱག་བཞི། གཡས་དང་པོས་རྡོ་རྗེ་དང་འོག་མས་ས་གནོན། གཡོན་དང་པོས་གླེགས་བམ་དང་འོག་མས་མཉམ་བཞག་མཛད་པ་སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡུམ་ཆེན་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད་ནས། ཛཿཧཱུྃ་བཾ་ཧོཿས་རང་ལ་བསྟིམ། ཐུགས་ཀར་པད་ཟླའི་སྟེང་དུ་མཱུྃཿཡིག་སེར་པོའི་ཐ་མར་སྔགས་ཕྲེང་རང་སྒྲར་བཅས་ཏེ་གཡོན་དུ་འཁོར་བའི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་མཆོད་ཅིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚུར་བསྡུས། སླར་འཕྲོས་པས་

p. 457

འགྲོ་ཁམས་ཀྱི་དྲི་མ་སྦྱངས་ཤིང་ཡུམ་ཆེན་མོའི་གོ་འཕང་མངོན་དུ་བྱས་པར་མོས་ལ། ཏདྱ་ཐཱ། ཨོཾ་ག་ཏེ་སོགས་ཅི་ནུས་བཟླས་མཐར། དབང་རྫས་བྱིན་བརླབ་ཕྱིར་གཟུངས་བུམ་ལ་དམིགས་ནས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་བཟང་པོའི་དྲི་དང་སྨན་བཅུད་ཀྱི་དྭངས་མཚོའི་དབུས་ནས་འཁྲུངས་པའི་པདྨའི་སྡོང་པོ་འདབ་མ་དང་གེ་སར་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཡུམ་ཆེན་མོའི་ངོ་བོ་མཱུྃཿཡིག་དམར་སེར་གྱི་ཐ་མར་སྔགས་ཕྲེང་རང་སྒྲ་དང་བཅས་ཏེ་གཡོན་དུ་འཁོར་བའི་འོད་ཟེར་གྱིས་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཆོད་ཅིང་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན་བསྡུས་ནས་སྔགས་ཀྱི་འཁོར་ལོར་བསྟིམས་པས་བུམ་པ་ཡོངས་སུ་གང་བར་མོས་ལ། ཏདྱ་ཐཱ། ཨོཾ་ག་ཏེ་

p. 458

སོགས་བཟླ། ཁྲུས་ཀྱི་བུམ་པར་པད་ཟླའི་སྟེང་དུ་ནམ་མཁའི་ཡི་གེ་ཨེ་མཐིང་དཀར་དག་བྱེད་འབྱུང་ལྔའི་གཟུངས་ཀྱིས་གཡས་སུ་བསྐོར་བ་ལས་སྒྲིབ་གཉིས་དྲི་མ་འཁྲུ་བའི་ཆུ་རྒྱུན་བབ་པར་བསམས་ལ། ཨོཾ་ཨེ་ཧོ་སོགས་ཁྲུས་བདུན་རིག་པའི་ཤམ་བུ་ཅི་རིགས་བརྗོད། མཐར་སྔགས་ཀྱི་ཡིག་འབྲུ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར། གཉིས་པ་དངོས་གཞི་དབང་གི་བྱ་བ་ལ། སློབ་མ་མདུན་དུ་ཚོགས་པར། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་ཕྱུངས། མེ་ཏོག་བཀྱེ་བསྡུ་བྱས་ཤིང༌། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདུད་ཀྱི་ཆུ་བོ་ཆེན་པོ་བཞི་ལས་མྱུར་དུ་བསྒྲལ་ཞིང་ཡུམ་ཆེན་མོའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་དམ་ཆོས་བདུད་བཞིའི་གཡུལ་གཅོད་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཀུན་སློང་རྣམ་པར་དག་ཅིང་གུས་པའི་སྦྱོར་བ་དང་ལྡན་པས་གསན་འཚལ། དེ་ལ་སྤྱིར་བདག་ཅག་གི་སྟོན་པ་རྣམ་འདྲེན་མི་ཡི་

p. 459

སེངྒེས་གདུལ་བྱའི་དབང་པོ་དང་བསྟུན་ནས་འདུལ་བྱེད་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་དག་མདོར་བསྡུ་ན་ཐེག་དམན་ཉན་རང་གི་ལམ་དང༌། ཐེག་ཆེན་བྱང་ཆུབ་སེམས་དཔའི་ལམ་གཉིས་སུ་འདུ་ལ། ཐེག་པ་ཆེན་པོ་ལའང་མདོ་ལུགས་རྒྱུའི་ཐེག་པ་དང༌། སྔགས་ལུགས་འབྲས་བུའི་ཐེག་པ་གཉིས་ལས། སྐབས་སུ་བབས་པ་འདི་ནི་མདོ་སྔགས་འགལ་མེད་ཀྱི་དགོངས་པ་གཅིག་ཏུ་དྲིལ་བའི་དམ་ཆོས་ཏེ། ཟབ་དོན་ཐུགས་ཀྱི་སྙིང་པོ་ལས། བདུད་བཞི་ཟིལ་གྱིས་གནོན་པ་ཐེག་པ་ཆེན་པོའི་ཆོས། །འཁོར་འདས་དགག་སྒྲུབ་མེད་པ་ཕ་རོལ་ཕྱིན་པའི་དོན། །འགལ་རྐྱེན་ལམ་དུ་ཁྱེར་བ་ཨ་མ་ཇོ་མོས་བཞེད། །མི་མཐུན་གྲོགས་སུ་འདོད་ལ་གཅོད་ཀྱི་གདམས་པ་སྟོན། །ཞེས་གསུངས་པ་ལྟར་རྒྱུད་སྡེ་གོང་མ་རྣམས་ནས་བརྟུལ་ཞུགས་ལམ་ལྷོངས་དང༌།

p. 460

བདུད་བཞི་ཟིལ་གནོན་གྱི་གསང་གཅོད་དུ་མ་འབྱུང་ཞིང༌། བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོའི་དགོངས་དོན་སྦྱིན་པ་ནས་བརྩམས་ཏེ་ཕར་ཕྱིན་དྲུག་གི་ཉམས་ལེན་དུ་གསུངས་པའི་སྙིང་པོའི་གལ་གནད་འདིར་འདུས་པས་ན་མདོ་སྔགས་ཐུན་མོང་སྟེ། དེ་ཡང་དགོངས་འདུས་སོགས་གཏེར་ཁ་དུ་མ་ནས་འབྱུང་བ་གུ་རུའི་གཏེར་གཅོད། སློབ་དཔོན་ཨརྱ་དེ་ཝའི་ཚིགས་བཅད་ཆེན་མོ་སོགས་བཀའ་བརྒྱུད་དོན་གཅོད། དམ་པ་སངས་རྒྱས་ནས་བརྒྱུད་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་དམ། ཕོ་གཅོད་དང་མོ་གཅོད། གྲུབ་ཆེན་ནཱ་རོ་པ་ལས་བརྒྱུད་པ་ནཱ་རོའི་གསང་གཅོད་དེ། རྒྱ་ཆོས་བོད་ལ་དར་བའི་གཞུང་བཞིར་གྲགས་པའི་ནང་ནས་འོ་སྐོལ་གྱི་ཕྱག་ལེན་ཕྱི་མ་གསུམ་ལ་མཛད་པ་ཡིན་ཅིང༌། དེ་ཡང་སྟོན་མཆོག་ཤཱཀྱའི་དབང་པོས་འཇམ་དཔལ་སྨྲ་བའི་སེངྒེ་ལ་བརྡའི་སྒོ་ནས་

p. 461

བསྟན་ཅིང་། དེས་བྲམ་ཟེ་ཨརྱ་དེ་ཝ་སོགས་ལ་བརྒྱུད་པ་དང་། ཡང་བསྟན་པའི་བདག་པོས། སྟོན་པ་ཉིད་ཀྱི་རྒྱལ་ཚབ་བྱམས་པ་མགོན་པོ། དེས་ཐོགས་མེད་སོགས་ལ་བརྒྱུད་དེ། འདི་གཉིས་ལ་མདོ་ལུགས་སམ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་དང༌། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ནས་ཇོ་མོ་སྒྲོལ་མ་སོགས་ལས་བརྒྱུད་པ་ལ་སྔགས་ལུགས་སམ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། ཡུམ་ཆེན་མོ། ཤཱཀྱའི་དབང་པོ། འཇམ་པའི་དབྱངས། ཇོ་མོ་སྒྲོལ་མ། སུ་ཁ་སིདྡྷི། ཨརྱ་དེ་ཝ། དམ་པ་སངས་རྒྱས། ལབ་ཀྱི་སྒྲོན་མ་རྣམས་ནས་བརྒྱུད་པ་ལ་གཉིས་མེད་ཟུང་འཇུག་གི་བརྒྱུད་པར་གྲགས་ཤིང༌། གཞན་ཡང་ཕ་གཅིག་དམ་པ་སངས་རྒྱས་ཀྱིས་ཡར་ལུང་སྨ་ར་སེར་པོ་ལ་གནང་བའི་འཕྲུལ་ཚོ་དྲུག་ལ་ཕོ་གཅོད་དང༌། མ་གཅིག་ལབ་ཀྱི་སྒྲོན་མར་གནང་བ་ལ་མོ་གཅོད་དུ་འབོད་པ་ཡིན་

p. 462

ཞིང༌། གཙོ་བོ་མ་གཅིག་ཉིད་ཀྱིས་བཀའ་བར་པ་རྒྱས་འབྲིང་ལ་གཟིགས་པ་ཙམ་གྱིས་སྐྱེ་མེད་གཅིག་ཆར་རྟོགས་ཤིང་འཁྲུལ་པའི་སྙེམས་ཐག་གཅོད་པའི་གདམས་པ་ཐུགས་ལ་འཁྲུངས་པས་བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་སྟེ། བརྒྱུད་པའི་ཆུ་བོ་བཞི་འདུས་ཀྱི་གདམས་པའི་རོལ་མཚོར་ཅི་དགར་སྤྱོད་པ་ནི་རྒྱལ་བས་ལུང་བསྟན་པའི་མ་གཅིག་གྲུབ་པའི་དབང་མོ་ཁོ་ན་ཉིད་དེ། དེ་ཡང་མདོ་དྭངས་སྙིགས་འབྱེད་པ་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །རྒྱལ་བའི་ཡུམ་གྱུར་སྤྲུལ་པ་ནི། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་ན། །སྒྲོན་མ་ཞེས་བྱའི་མིང་ཅན་འབྱུང༌། །བསྐྱེད་རྫོགས་སྙིང་པོའི་དོན་ལ་མཁས། །གྲོང་དང་གྲོང་ཁྱེར་རི་སུལ་དང༌། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །ང་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་དང༌། འཇམ་དཔལ་རྩ་བའི་རྒྱུད་ལས། ང་ཡི་བསྟན་པའི་སྙིགས་མ་

p. 463

ལ། །ཡུམ་ཆེན་ཕ་རོལ་ཕྱིན་པ་ཡི། །སྤྲུལ་པ་ལབ་སྒྲོན་ཞེས་བྱ་འབྱུང༌། །ཕྲིན་ལས་ཆོས་ཀྱི་དབྱིངས་སུ་སྤྱོད། །དེ་དང་འབྲེལ་བ་གང་ཡོད་པ། །བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང༌། ཨོ་རྒྱན་ཆེན་པོའི་བསྟན་པ་སྤྱི་ལུང་ལས། མཚོ་རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད། །ལབ་ཀྱི་སྒྲོན་མ་ཟངས་རི་ཞེས་བྱར་འབྱུང༌། །ཞེས་མདོ་སྔགས་གཉིས་ལྡན་གྱི་ལུང་ཚད་མས་གྲུབ་པ་འདི་ཉིད། ཆོས་སྐུའི་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཕོ་བྲང་ན་ཡུམ་ཆེན་ཀུན་ཏུ་བཟང་མོ། ལོངས་སྐུའི་ཞིང་ཁམས་ངེས་པ་ལྔ་ལྡན་གྱི་ཕོ་བྲང་ན་ཤེས་རབ་ཕ་རོལ་ཕྱིན་མ། སྤྲུལ་སྐུའི་ཞིང་ཁམས་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་གི་རྩེ་མོ་ན་བདུད་འདུལ་ཁྲོས་མ་ནག་མོ་སྟེ། དེའི་ཐུགས་ཀྱི་སྤྲུལ་པ་མཁའ་འགྲོ་གསེར་གླིང་མ་ནས་བཟུང་མ་གཅིག་གི་བར་དུ་བསྐལ་པ་བཟང་པོའི་ཞིང་

p. 464

འདི་ཁོ་ནར་བརྒྱུད་མའི་སྐྱེ་བ་བརྒྱ་དང་བདུན་བཞེས་པ་ལས་སྐུ་འདི་ཉིད་ཀྱི་སྔ་མ་པཎྜི་ཏ་དོན་གྲུབ་བཟང་པོ་དེ་ཉིད་དགུང་ལོ་ཉི་ཤུའི་དུས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་བྲག་ཕུག་བྷ་དྲ་བྱ་བར་སྒྲུབ་པ་མཛད་པའི་སྐབས་སུ་མཁའ་འགྲོས་ལུང་བསྟན་པའི་གནས་བོད་ཡུལ་ཨེའི་གོང་བ་གྲོང་མཚོ་མེར་བྱ་བར། ཡབ་འབྲོག་མི་ཆོས་ཀྱི་ཟླ་བ་དང༌། ཡུམ་འབུམ་ལྕམ་གཉིས་ཀྱི་སྲས་སུ་ཆུ་མོ་ལུག་གི་ལོ་ལ་དགེ་ཞིང་ཤིས་པའི་ལྟས་བཟང་དང་བཅས་ཏེ་སྐུ་བལྟམས། ཆུང་ངུའི་དུས་ནས་བཟང་པོའི་བག་ཆགས་སད་ཅིང་རིག་པའི་གནས་རྣམས་ཐུགས་སུ་ཆུད། གྲྭ་པ་མངོན་ཤེས་ཅན་དང༌། སྐྱོ་སྟོན་བསོད་ནམས་བླ་མ་སོགས་ལས་མདོ་རྒྱུད་ཀྱི་གཞུང་དང་མན་ངག་མང་དུ་གསན་ཅིང་སྐྱེས་སྦྱངས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་དང༌། ཁྱད་པར་བསོད་ནམས་བླ་མས་གཅོད་ཀྱི་དབང་བསྐུར་མཛད་པའི་

p. 465

སྐབས་སུ་ཡེ་ཤེས་པ་དངོས་སུ་ཕེབས་པས་ཕྱི་རོལ་གྱི་དངོས་པོ་གང་ལ་ཡང་ཐོགས་པ་མེད་པར་ནམ་མཁའི་དབྱིངས་སུ་འཕག་ཅིང་ཞི་བའི་གར་སྟབས་ཉི་ཤུ་རྩ་གཅིག་གིས་ཤིང་སྡོང་པོ་གསེར་སླག་ཅན་གྱི་རྩ་བར་བབས། ཡུམ་ཆེན་མོ་ལ་རིགས་ལྔའི་མཁའ་འགྲོས་བསྐོར་བ་དངོས་དང་འཕྲད་ཅིང༌། ཡེ་ཤེས་ལྔའི་དབང་བསྐུར་ཆིག་རྫོགས་སུ་བསྩལ་བས་མཆོག་གི་དགོངས་པ་མངོན་དུ་སད། ཕ་གཅིག་དམ་པ་སངས་རྒྱས་ནས་བཀའ་དང་གདམས་ངག་ཐམས་ཅད་ཀྱི་བརྗོད་བྱའི་དོན། སྙེམ་བྱེད་གཞི་རྩ་གཅོད་པའི་ཐབས་དམིགས་པ་ནད་ཐོག་ཏུ་དབབ་པས་སྨན་པའི་ནུས་པ་ཁྱད་དུ་གསོད་ནུས་པའི་མན་ངག ། དམིགས་པ་དགྲ་ཐོག་ཏུ་དབབ་པས་འཇིག་རྟེན་གྱི་འདུན་འགྲོས་ཁྱད་དུ་གསོད་ནུས་པའི་མན་ངག །དམིགས་པ་གདོན་ཐོག་ཏུ་དབབ་པས་དྲག་སྔགས་ཁྱད་དུ་

p. 466

གསོད་ནུས་པའི་མན་ངག་རྣམས་གསན་ཅིང༌། བསིལ་ལྡན་གངས་རིའི་ལྗོངས་ཀྱི་གཉན་དམིགས་དུར་ཁྲོད་བས་མཐའ་ཕལ་མོ་ཆེ་ཉུལ་ཞིང་ཉལ་ཏེ་ཀུན་ཏུ་རྒྱུའི་རྣལ་འབྱོར་མཐར་ཕྱིན་པར་མཛད་པས། ང་བདག་གི་རྟོག་པ་རྩད་ནས་ཆོད་ཅིང་ཡེ་ཤེས་མངོན་དུ་གྱུར། གསུང་རྣམས་གདམས་པར་ཤར་ཞིང་ཆོས་ཀྱི་མཛོད་ཆེན་བརྡོལ་བས། ཨ་མ་ཇོ་མོའི་ཆོས་ལུགས་ཀྱིས་བོད་དང་བོད་ཆེན་པོའི་ལྗོངས་ཀུན་ཡོངས་སུ་ཁྱབ་པའི་སྙན་གྲགས་ཀྱི་རྔ་བོ་ཆེ་ཕྱོགས་ཀུན་ཏུ་ལྡིར་བས། འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོ་ནས་ཐེ་ཚོམ་གྱི་དོགས་པ་བསལ་ཕྱིར་རྐང་མགྱོགས་གྲུབ་པའི་པཎྜི་ཏ་གསུམ་བཏང་བར་ཆོས་ཀྱི་འདྲི་བཤད་དང༌། སྔོན་པཎྜི་ཏ་དོན་གྲུབ་བཟང་པོའི་སྐྱེ་བ་བཞེས་ཚུལ་སོགས་གསུངས་པས་རྩོད་མེད་ཉི་ཟླ་ལྟར་གྲགས་ཤིང་དད་པས་གཙུག་ཏུ་བཀུར་བ་ཡིན་

p. 467

ཏེ། དེ་ཡང་ཉིད་ཀྱི་ཞལ་ནས། རྒྱ་ཆོས་བོད་ལ་འགྱུར་བ་མང་ཡོད་ཀྱང༌། །བོད་ཆོས་རྒྱ་ལ་འགྱུར་བ་ཁོ་མོ་ཙམ། །ཞེས་གསུངས་པ་ལྟར། མདོ་ལུགས་ཀྱི་ཆོས་ཕལ་མོ་ཆེ་རྒྱ་གར་དུ་བསྒྱུར་བས་བོད་ཆོས་རྒྱ་ལ་གྲགས་པའི་རྣམ་ཐར་ཏེ། དེ་ལྟར་མ་གཅིག་གི་ཆོས་འདི་རྒྱ་བོད་གཉིས་ལ་ཁྱབ་པས་བརྒྱུད་འཛིན་གྱི་སློབ་མ་བགྲང་གིས་མི་ལང་བ་བྱོན་པའི་གཙོ་བོ་རྒྱལ་བ་དོན་གྲུབ་སོགས་སྐུའི་སྲས་བཞི། འབྲོག་ཚ་རྒྱན་སོགས་སྲས་མོ་རྒྱན་བཞི། སྐྱེ་མེད་དགའ་ཡན་སོགས་ཆོས་ཀྱི་སྲས་བརྒྱད་རྣམས་བྱུང་བ་ལས། དེ་ཡང་གཞུང་ཆེན་པོ་ལྟར་ན། བླ་མ་གནས་འགྱུར་གྱི་དབང་བརྒྱ། སངས་རྒྱས་གནས་འགྱུར་གྱི་དབང་བརྒྱ། མཁའ་འགྲོ་གནས་འགྱུར་གྱི་དབང་བརྒྱ་སྟེ་གཅོད་དབང་སུམ་བརྒྱ་དང༌། གཞན་ཡང་ཚོགས་བརྒྱ་དབང་བརྒྱར་གྲགས་པ་དང༌། གཅོད་དབང་བརྒྱད་ཅུ་

p. 468

པ་སོགས་བཞུགས་པ་ལས། སྐབས་སུ་བབས་པ་འདི་དེ་དག་ཀུན་གྱི་སྙིང་པོའི་ཡང་བཅུད་འཕོ་བ་ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ཨ་མ་གནས་འགྱུར་གྱི་དབང་ཟབ་མོ་བསྐུར་བ་ཡིན་ཏེ། དེ་ལྟ་བུའི་སྨིན་བྱེད་ཆོས་ཀྱི་ཁུངས་དངོས་བརྒྱུད་པ་བཞི་འདུས་ཀྱི་བདུད་རྩིའི་བུམ་པ་འཛིན་པ་ཁུ་སྒོམ་ཆོས་ཀྱི་སེངྒེ་ནས་བཟུང༌། དེང་ཐོག་ཀུན་དགའ་སེངྒེའི་བར་དུ་སྨིན་གྲོལ་གྱི་ཟམ་མ་ཆད་ཅིང༌། མཆོག་གི་དངོས་གྲུབ་ཁོང་དུ་ཆུད་པ་ཁོ་ན་བྱོན་པ་ལས་བར་སྐབས་བརྒྱུད་པ་ཕྲ་ཤོས་སུ་གྱུར་ཀྱང༌། སླར་ཁོ་བོ་འཇིགས་མེད་ཆོས་ཀྱི་སེངྒེ་ལ་སྔོན་གྱི་བག་ཆགས་དང་སྨོན་ལམ་གྱི་མཐུ་ཟབ་མོས། ཡེ་ཤེས་མཁའ་འགྲོའི་གསུང་གི་གསང་བ་ཐོབ་པའི་དག་སྣང་དང༌། གཞན་ཡང་ཟུར་མང་གི་ལུགས་འདྲ་མིན་གཉིས་དང༌གནས་མདོ་ལུགས་བཅས་ཀྱི་བརྒྱུད་པ་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་དབང་

p. 469

ཟབ་མོ་སྤེལ་བའི་སྐབས་ཏེ། དེ་ཡང་བདག་ཉིད་ཀྱིས་བགྱི་བར་བྱ་བ་དབང་རྫས་ནུས་ལྡན་དུ་སྒྲུབ་པ་སོགས་གྲུབ་ཟིན་པས། ད་ཁྱེད་ཅག་སློབ་མའི་སྐལ་པ་དང་འཚམས་པར་དབང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་ཕུལ། དེ་ནས་བླ་མ་དང་ཡུམ་ཆེན་མོ་གཉིས་སུ་མེད་པའི་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡུམ་ཆེན་འཁོར་བཅས་ཀྱིས། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །དུག་ལྔ་གདོན་ལྔ་འདུལ་མཛད་པའི། །ཡེ་ཤེས་ལྔ་ཡི་དབང་མཆོག་སྩོལ། །ལན་གསུམ། དེ་ཡང་ཁྱེད་རང་རྣམས་ཀྱི་བསམ་སྦྱོར་རྣམ་པར་དཀར་བས་ཟབ་མོའི་དོན་ལ་འཇུག་པར་འདོད་པའི་བློ་ལ་བདག་ཀྱང་སྤྲོ་བ་དང་བཅས་པས་རྗེས་སུ་གཟུང་བར་བྱ་ཡི། དེ་ལ་འཇུག་པར་སྣོད་དུ་རུང་བའི་ཐབས་དང༌། དབང་གི་བྱ་བ་གཉིས་སུ་ཡོད་པ་ལས། ཐོག་མར་གཞུང་

p. 470

ལས། ཀུན་མཁྱེན་འདོད་པས་སྐྱབས་སུ་འགྲོ་དང་གསོལ་བ་གདབ། །སེམས་བསྐྱེད་མཆོག་ལྡན་འགྲོ་ཀུན་ཐར་པ་ཐོབ་པའི་ལམ། །ཞེས་གསུངས་པ་ལྟར། མདུན་གྱི་ནམ་མཁར་ཆོས་སྐུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་དུས་རྒྱལ་བ་སྲས་བཅས་སྤྱི་དང་། ཁྱད་པར་གཅོད་ཡུལ་རྩ་གསུམ་རྒྱ་མཚོས་བསྐོར་བའི་དྲུང་དུ་བདག་གཞན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། གནས་གདོན་ལུས་གདོན་གཉིས་ཀྱིས་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཀའ་གཅོད་ཡུལ་བརྒྱུད་པའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སྐྱབས་ཡུལ་དེ་དག་དཔང་པོར་

p. 471

བཀོད་ནས་འགྲོ་ཀུན་ཕ་མར་ཤེས་ཤིང་། དྲིན་གྱི་ལན་དུ་ཞི་བ་མྱང་འདས་ཀྱི་གོ་འཕང་ལ་བདག་ཁོ་ནས་མྱུར་དུ་སྒྲོལ་བའི་སྙིང་སྟོབས་ཆེན་པོས་འདིའི་རྗེས་ཟློས་མཛོད། གནོད་བྱེད་ཨ་མ་དྲིན་ཆེན་མ་འདི་རྣམས་ཤ་རེ་ཚ། སྙིང་རེ་རྗེ། སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་བརྒལ་བ་རྣམས་བདག་གིས་བསྒྲལ་བར་བྱའོ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ་བར་བྱའོ། །སངས་རྒྱས་ཀྱི་ས་ལ་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་ཞིང༌། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་ས་ལ་བདག་ཁོ་ནས་འགོད་པར་བྱའོ། །ལན་གསུམ། དེས་འཇུག་ཆོས་རྣམ་པར་དག་པའི་བྱ་བ་གྲུབ་ཟིན། གཉིས་པ་དབང་གི་དངོས་གཞི་ལ། ལུས་སེམས་ཕྲལ་བའི་སྒོ་ནས་རིག་པ་ངོ་སྤྲོད་ཅིང་ཚོགས་གཉིས་ཟུང་འཇུག་ཏུ་སྟོན་པ། དངོས་པོའི་རྫས་ལ་བརྟེན་ནས་ཡེ་ཤེས་ལྔའི་དབང་

p. 472

བསྐུར་བ། སྤྱོད་པ་རྗེས་སུ་གནང་ཞིང་ཉམས་ལེན་གདམས་ངག་འབོགས་པ་དང་གསུམ་ལས། ཐོག་མར་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་བཅའ་བ་རྐང་གཉིས་གཤིབ་ཅིང་དྲང་པོར་ལངས་པའི་ལག་པ་སྤྱི་བོར་ཐལ་མོ་སྦྱོར། ངག་གི་བཅའ་བ་སྟེང་འོག་གི་རླུང་ཁ་སྦྱོར་དུ་འཛིན། ཡིད་ཀྱི་བཅའ་བ་རང་ལུས་གསལ་སྟོང་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་མདའ་སྙུག་ཙམ་པ་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བ། ཕྱི་དཀར་ལ་ནང་ཅུང་ཟད་དམར་བའི་མར་སྣེ་རྐང་མཐིལ་གཉིས་སུ་སོང་ཞིང༌། ཡར་སྣེ་ཚངས་སྒོར་ཟུག་པའི་བུ་ག་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་ཧད་པོར་ཡོད་པའི་སྟེང་ཁར་པདྨ་དང་ཟླ་བའི་གདན་ལ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ལྟ་བུ། དར་དང་རིན་པོ་ཆེའི་རྒྱན་དུ་མས་མཛེས་པར་བཀླུབས་པ། ཞལ་གཅིག་ཕྱག་གཉིས། གཡས་

p. 473

རྒྱུད་མང་གི་དྲྭ་བ་དང་ལྡན་པའི་ཌཱ་མ་རུ་ནམ་མཁར་འཁྲོལ་ཞིང༌། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་བར་སྣང་ལ་ཁྲོ་ལེར་གཟིགས་ཤིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དབུ་ཐོག་ཏུ་ཡུམ་ཆེན་མོ་སོགས་བརྒྱུད་པའི་བླ་མ་རྣམས་དང༌། མཐའ་བསྐོར་དུ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་བསྒོམ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་དུ་ཐོབ་མཛོད། ན་མོ་གུ་རུ། གནས་འོག་མིན་རྒྱལ་བའི་ཞིང་མཆོག་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་

p. 474

རློབས། །གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས། །གདངས་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ། །རྩལ་སྤྲུལ་སྐུ་མི་མཆོག་ཤཱཀྱ་ཐུབ། །མགོན་འཇམ་དཔལ་སྨྲ་བའི་སེངྒེ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །དབྱིངས་མེ་ཏོག་བཀོད་པའི་ཞིང་ཁམས་ནས། །མ་མྱུར་མ་དཔལ་མོ་སྒྲོལ་མ་ཡུམ། །དེ་གཉིས་མེད་བདེ་བའི་དངོས་གྲུབ་མཆོག །དཔལ་བྲམ་ཟེ་ཨརྱ་དེ་ཝ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་

p. 475

བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་སྐྱེ་མེད་ཆོས་དབྱིངས་གཞལ་ཡས་ནས། །ཕ་དམ་པ་སངས་རྒྱས་འགྲོ་བའི་མགོན། །མཆོག་གྲུབ་པ་སྐྱོ་སྟོན་པུཎྱེའི་མཚན། །མ་ཡུམ་ཆེན་སྤྲུལ་པ་ལབ་ཀྱི་སྒྲོན། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་གར་བཞུགས་ཆོས་ཉིད་ཕོ་བྲང་ནས། །དཔལ་ཁུ་སྒོམ་ཆོས་ཀྱི་སེངྒེ་དང༌། །རྗེ་དོལ་པ་སྐྱེ་མེད་ཟང་ཐལ་བ། །ཆོས་མཆོག་གཟིགས་རྒྱ་ནག་གཅེར་བུ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་

p. 476

འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །དོན་སྦས་པའི་རྣལ་འབྱོར་བུདྡྷའི་མཚན། །འགྲན་ཟླ་མེད་དད་པ་ཤེས་རབ་དང༌། །སྙིང་སྟོབས་ཆེན་རཏྣ་པྲ་ཝ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་མ་ངེས་གཉན་ས་རི་ཁྲོད་ནས། །རྗེ་མ་ཏི་པྲཛྙཱ་སྙིང་རྗེའི་བདག །དཔལ་ཤཱཀྱ་ཤཱི་ལ་འགྲོ་བའི་མགོན། །མཆོག་གསང་བ་ལུས་མེད་རྡོ་

p. 477

རྗེ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་བརྟུལ་ཞུགས་གྲུབ་པའི་གཉན་ཁྲོད་ནས། །མགོན་ཚུལ་ཁྲིམས་སེངྒེ་རིན་པོ་ཆེ། །དཔལ་ཚུལ་ཁྲིམས་ཡེ་ཤེས་མཁྱེན་པའི་བདག །ཕ་ཆོས་རྗེ་གཞོན་ནུ་འབྱུང་གནས་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །ལུས་གཟན་དུ་བོར་བའི་འདུན་ས་ན། །

p. 478

རྗེ་བིརྱ་ཀ་ར་བྱིན་རླབས་ཅན། །ཀུན་གཟིགས་ཀྱི་མགོན་པོ་རྒྱལ་མཚན་གྲགས། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་བདེ་མཆོག་ཆོས་ཀྱི་ཕོ་བྲང་ནས། །དཔལ་བསོད་ནམས་བཟང་པོ་བཙུག་གི་རྒྱན། །ཆོས་ཟབ་དོན་གྱི་ཤིང་རྟ་ཀུན་དགའ་སེང༌། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །ཞིང་འོག་

p. 479

མིན་གསང་བའི་དུར་ཁྲོད་ནས། །དབྱིངས་ཡེ་ཤེས་མཁའ་འགྲོ་ནམ་མཁའི་མཚན། །ལམ་སྙན་བརྒྱུད་ཀྱི་གདམས་པ་སྟོན་མཛད་པ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་ཡང་རྫོང་མེ་རི་འབར་བ་ནས། །ཕ་མི་ཕམ་ཆོས་ཀྱི་སེངྒེ་དང༌། །ཆོས་གཅོད་ཡུལ་བརྒྱུད་པའི་བླ་མ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་པར་

p. 480

བྱིན་གྱིས་རློབས། །གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས། །དཔལ་རྒྱུད་སྡེ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་གང་ཟག་སྐྱོང་བའི་སྲུང་མར་བཅས། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །དེ་ནས་ལུས་ཀྱི་གནས་བཞིར་སྤྱི་བོའི་ནམ་མཁར་བསྐྱེད་པའི་མ་གཅིག་དེ་དང་འདྲ་བའི་སྐུ་ཚོན་གང་བ་འོད་དང་འོད་ཟེར་འབར་བ་རེ་རེ་དང༌། ཁྱེད་རང་གི་སེམས་ཀྱི་རྟེན་གཞི་རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་དཀར་ཆ་དངུལ་ཆུའི་དོག་པ་ལྟ་བུ། གཡོན་དུ་མ་ལས་ཐོབ་པའི་དམར་ཆ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་འཕར་འདར་ལིང་ངེ་བ་རེ་གསལ་ཐོབ་

p. 481

མཛོད། དེ་ནས་ནམ་མཁར་བཞུགས་པའི་མ་གཅིག་གི་གསུང་ཚངས་པའི་དབྱངས་ཀྱིས། རིགས་ཀྱི་བུ་ཡར་ཤོག །སྔར་འཁོར་བར་ལྟུང་བ་ཨའུ་ཙི། ད་བདེ་བར་འོང༌། སྐྱིད་པར་འོང༌། ལེགས་པར་འོང་གསུངས་ཤིང་ཐུགས་ཀ་ནས་འོད་ཟེར་དཀར་པོ་རྩེ་མོ་ལྕགས་ཀྱུའི་རྣམ་པ་ཅན་ཤེད་ཀྱིས་འཕྲོས། རྩ་དབུ་མའི་ནང་ནས་བརྒྱུད་དེ་རྐང་མཐིལ་གྱི་རྣམ་པར་ཤེས་པའི་ས་བོན་ལ་ཐེབས་པས། སྔར་བསགས་པའི་ལས་ངན་ཐམས་ཅད་དེར་བྱང་ཞིང་དག་ནས། གསང་བའི་གནས་སུ་བདེ་ཕྲིལ་གྱིས་འདྲིལ་ཏེ་དཀར་དམར་གཅིག་ཏུ་འདྲེས་པའི་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ཙམ་དུ་གྱུར་པར་མོས་ལ་ཕཊ་བརྗོད། ཕཊ། དེ་གྱེན་དུ་སོང་ནས་ལྟེ་བའི་མ་གཅིག་ལ་ཐིམ་པས་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་དུ་གྱུར་པར་མོས་ལ་ཕཊ་བརྗོད། ཕཊ། དེ་སྙིང་གའི་མ་གཅིག་ལ་ཐིམ་པར་མོས་ཤིག །ཕཊ།

p. 482

དེ་མགྲིན་པའི་མ་གཅིག་ལ་ཐིམ་པར་མོས་ཤིག །ཕཊ། དེ་སྤྱི་བོའི་མ་གཅིག་ལ་ཐིམ་པར་མོས་ཤིག །ཕཊ། སྤྱི་བོའི་མ་གཅིག་དེ་ཉིད་ནམ་མཁའི་མ་གཅིག་ལ་ཐིམ་པར་མོས་ཤིག །ཕཊ། ནམ་མཁའི་མ་གཅིག་དེ་ཉིད་ཇེ་མཐོར་སོང་ཞིང་མཐར་ཕྱི་རོལ་གྱི་དབྱིངས་དང་འདྲེས་ནས་ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ་པ་ཡིན་པས་ལྟ་སྟངས་དབྱིངས་སུ་གཏོད་ལ་རིག་པ་དེ་ངོར་རང་བབས་སུ་ཞོག་མཛོད། ཕཊ། སླར་ལུས་གནད་རྡོ་རྗེའི་ཆོས་བདུན་གྱིས་གདན་ལ་འཁོད་ནས་འདི་གསན་པས་ཁྱབ་སྟེ། འོ། དེའི་དོན་ཡང༌། ཨརྱ་དེ་ཝའི་ཞལ་ནས། ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་དང་རིག་པ་བསྲེ་བ་ཡིན། །དབྱིངས་རིག་འདྲེས་པའི་དུས་དག་ཏུ། །དངོས་དང་མཚན་མ་དགག་པ་དང༌། །དམིགས་པར་འཛིན་པ་རབ་སྤང་སྟེ། །གཟུང་འཛིན་

p. 483

གཉིས་དང་བྲལ་བ་ཡིན། །ཆོས་ཉིད་དོན་ལ་གནས་པའོ། །ཞེས་དང༌། དེ་ལྟར་ལུས་སེམས་མ་བཅོས་པ། །ནམ་མཁའ་སྟོང་པས་གར་ཁྱབ་དེར། །རིག་པ་སྟོང་པས་ཁྱབ་པ་སྟེ། །རྒྱ་བསྐྱེད་ཁྱབ་བརྡལ་ཆེན་པོར་བཞག །ཅེས་གསུངས་པ་ལྟར། ད་ལྟ་སྐད་ཅིག་མར་མཐོང་བའི་ཡེ་ཤེས་འདི་ཀ་ཡེ་ནས་ལྷན་ཅིག་སྐྱེས་པའི་ངོ་བོ་འཕོ་འགྱུར་དང་བྲལ་བ་ཉིད་ཡིན་ཞིང༌། དེ་ཡང་ཨ་མ་ཇོ་མོའི་ཞལ་ནས། སེམས་ནི་ནམ་མཁའི་ཚུལ་དུ་བཞག །མར་མེ་རླུང་གིས་མི་བསྐྱོད་བཞིན། །གསལ་ལ་རྟོག་མེད་ཚུལ་དུ་བཞག །རྒྱ་མཚོ་གཟིངས་ཀྱིས་མི་བསྐྱོད་བཞིན། །མེར་ལ་དྭངས་པའི་ཚུལ་གྱིས་བཞག །ཅེས་གསུངས་པ་ལྟར། དེང་ཕྱིན་ཆད་ད་ལྟ་མཐོང་བའི་ངོ་བོ་འདི་ཉིད་བཞག་ཐབས་གསུམ་གྱི་དོན་བཞིན་ཡེངས་མེད་ཆུ་བོའི་རྒྱུན་ལྟར་བསྲིངས་པས་ཡུམ་ཆེན་གྱི་དགོངས་པ་མངོན་པར་

p. 484

རྟོགས་པ་ཡིན་ཏེ། མ་གཅིག་གི་ཞལ་ནས། གྲིམ་གྱིས་སྒྲིམ་ལ་ལྷོད་ཀྱིས་ཀློད། །རིག་པའི་བཞག་ས་ཞིག་དེ་ན་གདའ། །མཐར་ཐུག་གི་ལྟ་བ་ཞིག་དེ་ན་གདའ། །ཡང་དག་གི་སངས་རྒྱས་ཤིག་དེ་ན་གདའ། །ཞེས་དང༌། དམ་པ་རིན་པོ་ཆེའི་ཞལ་ནས། བྱས་པས་ཕུང༌། བསམ་པས་བརླག །རང་ལུགས་སུ་ཞོག །རང་གྲོལ་དུ་འགྲོ་བར་གདའ། ཞེས་གསུངས་ཤིང་དེ་ལྟར་མཉམ་པར་བཞག་པའི་སེམས་ཉིད་སྤྲོས་པ་བྲལ་བ་འདི་ནི་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་ཡིན་ཏེ། འཁོར་བའི་ཆོས་དང་ལྷན་ཅིག་གནས་ཀྱང་གོས་པ་མེད་པ། མྱང་འདས་ཆེད་དུ་མ་བསྒྲུབས་ཀྱང་རང་བཞིན་ལྷུན་གྱིས་གྲུབ་པ། ངོ་བོ་ངོས་བཟུང་མེད་ཀྱང་མྱོང་བ་ནང་ནས་སྐྱེས་པའི་རིག་པ་ས་ལེ། སེང་ངེ་། ཧྲིག་གེ་བ་འདིར་ཚོགས་དྲུག་གི་སྣང་ཆ་འགགས་མེད་དུ་ཤར་ཡང་ཆུ་ཟླའི་གཟུགས་བརྙན་བཞིན། སྣང་སྟོང་ཟུང་འཇུག་

p. 485

ཏུ་ཤེས་པར་བྱ་སྟེ། བརྟག་པ་གཉིས་པ་ལས། བདེན་མིན་རྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པའི་རྣལ་འབྱོར་ལས་ཤེས་ཀྱི། །ཞེས་གསུངས་པ་ལྟར་ངེས་མཛོད། དེ་ཡང་སངས་རྒྱས་ཀྱི་གོ་འཕང་ཚོགས་གཉིས་ཟུང་འཇུག་གིས་བགྲོད་དགོས་པས་ནམ་མཁར་འཕོས་པའི་རིག་གདངས་རྡོ་རྗེ་རྣལ་འབྱོར་མའི་གཟུགས་སུ་ཤར་བ་དེ་ཉིད་ཀྱིས། དངོས་པོར་འཛིན་པའི་ཕུང་པོ་མཎྜལ་དུ་བཀོད་ནས་བླ་མ་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཕཊ། པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་རིས་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་དང༌། །མིག་གཉིས་ཉི་མ་ཟླ་བར་གསལ། །སྡེབ་བཞི་གླིང་དང་གླིང་ཕྲན་ཏེ། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་

p. 486

གྱིས་བརླབ་ཕྱིར་བཞེས་སུ་གསོལ། །གཞན་ཡང་སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི་ཁམས་མུ་མེད་ན་མཆིས་པའི་དངོས་པོའི་ཆོས་ཇི་སྙེད་པ་མཆོད་པའི་རྣམ་པར་ཤར་བས་མཆོད་པར་མོས་ལ། ན་མོ། སྟོང་གསུམ་རབ་འབྱམས་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་དུ། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགགས་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་དུ། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་

p. 487

ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །གཉིས་པ་དངོས་པོའི་རྫས་ལ་བརྟེན་ནས་ཡེ་ཤེས་ལྔའི་དབང་བསྐུར་བ་ལ། ཐོག་མར་བླ་མ་དང་ཡུམ་ཆེན་མོ་དབྱེར་མེད་པ་ལ་མོས་གུས་ཀྱིས་གསོལ་བ་འདི་བཞིན་དུ་ཐོབ། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་རྣམས། །ཐུགས་རྗེས་བཟུང་བར་མཛད་དུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དབང་མཆོག་བསྐུར་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་ཡུམ་ཆེན་མོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཤིང་སློབ་མ་ལ་དབང་བསྐུར་བར་གསོལ་བས།

p. 488

གཟུངས་བུམ་དཀར་པོ་ཡེ་ཤེས་ཀྱི་ཆུ་རྒྱུན་ལྡན་པས་ཁྱེད་རང་གི་སྤྱི་བོ་ནས་གཏོར་བླུག་གི་བྱ་བ་མཛད་པ་ཙམ་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་བྱང་དག་ཏུ་གྱུར་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་བདུད་རྩིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་བུམ་པ་སྤྱི་བོར་བཀོད་ཅིང་བུམ་ཆུ་སྦྱིན། དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བས་གཙོ་འཁོར་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་རེ་འཕྲོས་ནས་ཁྱེད་རང་གི་དཔྲལ་བར་ཐིམ་པས་སྐུའི་དབང་མཆོག་ཐོབ་པར་མོས་མཛོད། སློབ་དཔོན་གྱིས་དམིགས་པ་མ་ཟིན་བར་དུ་ཌཱ་དྲིལ་བཅས་ཏེ་ཕཊ་བརྗོད། ཕཊ། མ་དགོངས་པ་དབུས་སུ་བསྐྱོད་ཙ་ན། །དོན་ཉོན་མོངས་སངས་ལ་ཡེ་ཤེས་

p. 489

རྒྱས། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱཿཧཱུྃ་བྃ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྐུ་ཙཀ་སྤྱི་བོར་བཞག །དེས་སྐུའི་བྱིན་རླབས་ཐོབ་ཅིང་ཉོན་མོངས་པ་གཏི་མུག་གི་སྒྲིབ་པ་དག་ནས་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བས་གསུང་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྔགས་ཨཱ་ལི་ཀཱ་ལི་དཀར་དམར་གྱི་རྣམ་པར་མགྲིན་པ་ནས་ཕྱུང་། ཁྱོད་རང་གི་མགྲིན་པར་ཐིམ་པས་གསུང་གི་དབང་མཆོག་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་ཕཊ་བཅས་དམིགས་པ་

p. 490

བཟུང༌། ཕཊ། མ་དགོངས་པ་ནུབ་ཏུ་བསྐྱོད་ཙམ་ན། །དོན་སྐྱེ་བ་མེད་པའི་ཉམས་དང་ལྡན། །ནུབ་པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྔགས་མཐར་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ སྔགས་ཕྲེང་མགྲིན་པར་གཏུག །དེས་གསུང་གི་བྱིན་རླབས་ཐོབ་ཅིང་ཉོན་མོངས་པ་འདོད་ཆགས་ཀྱི་སྒྲིབ་པ་དག་ནས་སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བས་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་རྡོ་རྗེ་དང་དྲིལ་བུའི་རྣམ་པར་ཐུགས་ཀ་ནས་ཕྱུང་། ཁྱོད་རང་གི་ཐུགས་ཀར་ཐིམ་པས་ཐུགས་ཀྱི་དབང་མཆོག་ཐོབ་པའི་མོས་པ་

p. 491

མཛོད། ཌཱ་དྲིལ་ཕཊ་བཅས་དམིགས་པ་བཟུང༌། ཕཊ། མ་དགོངས་པ་ཤར་དུ་བསྐྱོད་ཙམ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །ཤར་རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྡོར་དྲིལ་ཐུགས་ཀར་གཏུག །དེས་ཐུགས་ཀྱི་བྱིན་རླབས་ཐོབ་ཅིང་ཉོན་མོངས་པ་ཞེ་སྡང་གི་སྒྲིབ་པ་དག་ནས་མེ་ལོང་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བས་ཡོན་ཏན་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་ཁ་དོག་ལྔ་དང་ལྡན་པའི་རྣམ་པར་ལྟེ་བ་ནས་ཕྱུང་སྟེ་ཐོད་པར་འཁྱིལ་བ་

p. 492

ཁྱོད་རང་ལ་བྱིན་པས་ཡོན་ཏན་གྱི་དབང་མཆོག་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་ཕཊ་བཅས་དམིགས་པ་བཟུང༌། ཕཊ། མ་དགོངས་པ་ལྷོ་རུ་བསྐྱོད་ཙམ་ན། །དོན་ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །ལྷོ་རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྔགས་མཐར་གུ་ཎ་ཨ་བྷི་ཥིཉྩ་ཏྲཱྃ། ཐོད་པའི་བདུད་རྩི་ལྟེ་བར་གཏུག་ཅིང་སྦྱིན། དེས་ཡོན་ཏན་གྱི་བྱིན་རླབས་ཐོབ་ཅིང་ཉོན་མོངས་པ་ང་རྒྱལ་གྱི་སྒྲིབ་པ་དག་སྟེ་མཉམ་ཉིད་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་ནག་

p. 493

གི་རྣམ་པར་གསང་གནས་ནས་ཕྱུང་། ཁྱེད་རང་གི་གསང་བར་ཐིམ་པས་ཕྲིན་ལས་ཀྱི་དབང་མཆོག་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་ཕཊ་བཅས་དམིགས་པ་བཟུང༌། ཕཊ། མ་དགོངས་པ་བྱང་དུ་བསྐྱོད་ཙམ་ན། །དོན་འགགས་པ་མེད་པའི་ཉམས་དང་ལྡན། །བྱང་ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྔགས་མཐར་ཀརྨ་ཨ་བྷི་ཥིཉྩ་ཧོཿ གཏོར་མ་གསང་གནས་སུ་བཞག །དེས་ཕྲིན་ལས་ཀྱི་བྱིན་རླབས་ཐོབ་ཅིང་ཉོན་མོངས་པ་ཕྲག་དོག་གི་སྒྲིབ་པ་དག་སྟེ་བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །སླར་ཡང་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་འོག་མིན་ཆོས་ཀྱི་དབྱིངས་ཆེན་པོའི་ཕོ་

p. 494

བྲང་གི་ནང་དུ་གཏོར་མ་རང་བྱུང་རིག་པའི་ཡེ་ཤེས་ཨ་མ་ལབ་ཀྱི་སྒྲོན་མར་གསལ་བའི་དབུ་ཐོག་ཏུ་བདེ་གཤེགས་ཐུབ་པའི་དབང་པོ། དེའི་དབུ་ཐོག་ཏུ་ཆོས་སྐུ་ཡུམ་ཆེན་མོ། དེའི་དབུ་ཐོག་ཏུ་དྲུག་པ་རྡོ་རྗེ་འཆང་ཆེན། ཨ་མའི་གཡས་སུ་དམ་པ་ནག་པོ། གཡོན་དུ་ཕག་མོ་ལྷ་ལྔ། མདུན་དུ་ཇོ་མོ་སྒྲོལ་མ། རྒྱབ་ཏུ་རྣམ་སྣང་གངས་ཆེན་མཚོ་སོགས་བཞུགས་པ་ལ་རིགས་དང་མཐུན་པའི་འཁོར་བསམ་གྱིས་མི་ཁྱབ་པ་དང༌། གཞན་ཡང་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་ལྟ་བུར་གསལ་བའི་གསང་གསུམ་རྡོ་རྗེའི་ཆོ་འཕྲུལ་མི་ཟད་པ་རྒྱན་གྱི་རོལ་མོ་མཐའ་ཡས་པ་དང་བཅས་ཏེ་ཁྱེད་རང་གི་སྤྱི་བོར་བྱོན་ནས་ཡེ་ཤེས་ལྔའི་དབང་རྣམས་འོད་ཟེར་གྱི་རྣམ་པར་བྱས་ནས་ཆིག་རྫོགས་སུ་སྩལ་བའི་

p. 495

མོས་པ་མཛོད། ཌཱ་དྲིལ་ཕཊ་བཅས་དམིགས་པ་བཟུང༌། ཕཊ། མ་དགོངས་པ་སྟེང་དུ་བསྐྱོད་ཙམ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །རིག་པ་དབྱིངས་སུ་པུ་རུ་རུ། །རིས་མེད་ལྟ་བ་ཕྱ་ལ་ལ། །མཉམ་ཉིད་དགོངས་པ་ཕྲི་ལི་ལི། །དེ་བཞིན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གཏོར་མ་སྤྱི་བོར་བཀོད་ཅིང༌། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། གཉིས་མེད་དོན་གྱི་བརྒྱུད་པ། སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་སོགས་ཏེ་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ།

p. 496

སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། སྐུ་སྤྲུལ་བདེ་ཆེན་དཀར་མོ། གསུང་སྤྲུལ་དམར་མོ་སྒྲ་སྒྲོགས། ཐུགས་སྤྲུལ་ཁྲོས་མ་ནག་མོ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་དོན་གྲུབ། ཕྲིན་ལས་ཀྱི་སྤྲུལ་པ་ལྗང་མོ་སྣ་ཚོགས་མཐར་ཕྱིན་ལ་སོགས་ཡི་དམ་ལྷ་ཚོགས། དམ་ཆོས་གཅོད་ཡུལ་ཟབ་མོའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་ཉིད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་བསྩལ་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གྲོལ་བ་མཐར་ཕྱིན་པར་མཛད་དུ་གསོལ། ཏདྱ་ཐཱ། ཨོཾ་ག་ཏེ་སོགས་དང་གོང་གི་སྔགས་མཐར་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ལ་གནས་གསུམ་དུ་བཞག །གསུམ་པ་རང་གཞན་གྱི་དོན་རྗེས་སུ་གནང་ཞིང་ཉམས་ལེན་བསྟན་པ་ནི། དབྱིངས་ན་བཞུགས་པའི་དབང་ལྷ་

p. 497

རྣམས་དང༌། བླ་མ་ཡུམ་ཆེན་མོའི་ཐུགས་ཀྱི་དགོངས་པ་རྒྱུད་ལ་འཕོས་ཤིང་གནད་ཀྱི་གདམས་པ་སྙིང་ལ་སད་དེ་རང་དོན་ཆོས་སྐུ་མངོན་དུ་གྱུར་པའི་མོས་པ་མཛོད། ཕཊ། མ་གཉན་ས་རི་ཁྲོད་འགྲིམ་ཙ་ན། །སྙེམས་བྱེད་རྟོག་པ་མྱ་ལ་ལ། །བདེ་སྟོང་རྒྱུད་ལ་ཕྲི་ལི་ལི། །དེ་བཞིན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ག་ཏེ་དང་གོང་གི་སྔགས་མཐར་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཌཱ་རུ་དང་མི་རྐང་གཏད་ལ་སློབ་མས་འཁྲོལ་ཅིང་འབུད། འོ། ཁྱོད་ཀྱིས་ཆོས་འདི་ཉམས་སུ་ལེན་པའི་ཚུལ་ནི། མ་ཇོ་མོའི་ཞལ་ནས། གནས་གནད་རི་ཁྲོད་འགྲིམ་པ་གཅེས། །ལུས་གནད་རྩ་བཞི་ཀློད་པ་གཅེས། །ངག་གནད་ཉམས་དབྱངས་ལེན་པ་

p. 498

གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །ཞེས་གསུངས་པ་ལྟར། དེང་ཕྱིན་ཆད་གནས་ལ་ངེས་པ་མེད་པར་དུར་ཁྲོད་དང༌། ཤིང་གཅིག་དང༌། རི་སུལ་དང༌། མཚོ་གླིང་དང༌། ཕུང་ཤུལ་གྱི་ས་དང༌། ལྷ་འདྲེ་གདུག་པ་ཅན་རྒྱུ་བའི་སྲང་དང༌། གཉན་མིག་དྲག་པོ་རྣམས་སུ་གཅེས་འཛིན་གྱི་ལུས་འདི་བདག་མེད་རོའི་འདུ་ཤེས་ཀྱིས་གཟན་དུ་བོར། སྐབས་སུ་ངག་གིས་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་དང༌། ཉམས་སུ་མྱོང་བ་གང་ཤར་གཏད་མེད་ཀྱི་གླུ་བླངས། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་བཟོད་མེད་ལྷུག་པར་བཞག་དགོས་ཏེ། ཨ་མ་ལབ་ཀྱི་སྒྲོན་མའི་ཞལ་ནས། ཞེ་འདོད་མེད་པར་ཐལ་ལེ་བ། །ཉམ་ང་མེད་པར་འབོལ་ལེ་བ། །འདི་བྱ་མེད་པར་ཟང་ངེ་བ། །གཟུང་འཛིན་མེད་པར་ཧད་དེ་བཞག །ཅེས་གསུངས་པ་ལྟར་མྱང་འདས་ཀྱི་ས་སོགས་དགའ་

p. 499

བའི་གནས་ལ་མི་རེ་ཞིང༌། འཁོར་བའི་སྡུག་བསྔལ་དང་ཕྱི་ནང་གི་ལྷོང་ལ་བག་ཚ་དང་ཉམ་ང་མེད་པར་གང་ཤར་གྱི་རིག་པ་འབོལ་ལེ་བའི་ངོ་བོ་གཏད་སོ་དང་དགག་སྒྲུབ་མེད་པར་གུ་ཡངས་ཀྱིས་བསྐྱངས་ནས་རང་དོན་ཆོས་སྐུའི་རྣལ་འབྱོར་མངོན་དུ་བྱོས་ཤིག །དེ་ནས་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྐུ་དང་ལུས་འདྲེས། གསུང་དང་ངག་འདྲེས། ཐུགས་དང་ཡིད་འདྲེས་ཏེ་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་གྱུར་ཅིང༌། ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་གཟུགས་སྐུའི་འགྲོ་དོན་རྒྱུན་མི་འཆད་པའི་སྐལ་པ་བཟང་པོར་གྱུར་པའི་མོས་པ་མཛོད། ཕཊ། མ་འགྲོ་བའི་དོན་ལ་བསྐྱོད་ཙ་ན། །གནད་ཀྱི་གདམས་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །མཁའ་འགྲོའི་དམག་ཚོགས་ཐིབས་སེ་ཐིབ། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་

p. 500

རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྔགས་མཐར་ཛཿཧཱུྃ་བཾ་ཧོཿ བརྗོད་ཅིང་གཏོར་མ་མགོ་བོར་བཞག་ལ་བདུད་རྩི་སྦྱིན། དེ་ནས་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་དུ་ཕྱོགས་བཅུའི་རྒྱལ་དང་དེ་སྲས་རྣམས་ཀྱིས་བཀྲ་ཤིས་པའི་ཚིག་བརྗོད་ཅིང༌། མེ་ཏོག་གི་གྲུ་ཆར་འབེབས་པའི་འདུན་པ་མཛོད། ཨོཾ། ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ནས། །དྲིན་ཅན་རྩ་བརྒྱུད་བླ་མ་ཡན་ཆད་ཀྱི། །གཉིས་མེད་ཟུང་འཇུག་གཅོད་ཡུལ་བརྒྱུད་པ་ཡི། །བྱིན་རླབས་སྟོབས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །བཅོམ་ལྡན་ཤཱཀ་ཐུབ་སྨྲ་བའི་སེངྒེ་ནས། །གྲུབ་དབང་བསོད་ནམས་བཟང་པོ་ཡན་ཆད་ཀྱི། །ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་མ་ལུས་པའི། །ཐུགས་རྗེའི་མཐུ་ཡིས་དེང་འདིར་བཀྲ་ཤིས་ཤོག །ཡུམ་ཆེན་སྒྲོལ་མ་སུ་ཁ་

p. 501

སིདྡྷི་ནས། །ཨ་མ་ཇོ་མོ་སྲས་མོ་རྒྱན་བཞི་སོགས། །མ་རྒྱུད་ཤེས་རབ་རྟེན་འབྲེལ་བརྒྱུད་པ་ཡི། །བདེ་སྟོང་རྒྱུན་གྱིས་དེང་འདིར་བཀྲ་ཤིས་ཤོག ། རྒྱལ་བ་དོན་འགྲུབ་ཐོད་སྨྱོན་བསམ་འགྲུབ་དང༌། །ཁུ་སྒོམ་ཆོས་སེང་ཁམ་བུ་ཡང་ལེ་སོགས། །ཐུགས་སྲས་གཅོད་ཡུལ་དར་མཛད་ཉམས་ཀྱི་བརྒྱུད། །ཡེ་ཤེས་སྨོན་ལམ་མཐུ་ཡིས་བཀྲ་ཤིས་ཤོག །མ་སྲིང་མཁའ་འགྲོ་དཔའ་བོ་དཔའ་མོ་དང༌། །གནས་ཡུལ་རི་རབ་རྡུལ་མཉམ་ཌཱ་ཀིའི་ཚོགས། །དངོས་གྲུབ་རྒྱུན་གྱིས་རྟག་ཏུ་འཚོ་བ་ཡིས། །རྣམ་ཀུན་སྲུང་དང་སྐྱོབ་པའི་བཀྲ་ཤིས་ཤོག །མ་མགོན་ལྕམ་དྲལ་ཡེ་ཤེས་ཆོས་སྐྱོང་དང༌། །ཀླུ་རྒྱལ་བཙན་རྒོད་སྤྱང་ཞོན་མཆེད་སྡེ་གསུམ། །འོ་དེ་གུང་རྒྱལ་ཤམ་པོ་ཐང་ལྷ་སོགས། །ལས་བཞིའི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །འོ་དེས་ཟབ་དོན་བདུད་བཞིའི་གཡུལ་གཅོད་ཀྱི་དབང་

p. 502

ལེགས་པར་གྲུབ་པ་ཡིན་པས། ཡེ་ཤེས་མཁའ་འགྲོའི་གསུང་གི་གསང་བ་ཟབ་མོའི་མཛོད་ལ་དབང་བསྒྱུར་ནས། གནས་སྐབས་མཐར་ཐུག་ཀུན་ཏུ་རང་གཞན་གྱི་དོན་རྒྱ་ཆེ་ལ་རྒྱུན་མི་འཆད་པ་བསྒྲུབ་པར་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། བཀའ་དྲིན་གཞལ་བའི་ཡོན་དུ་དམིགས་ནས་མཎྜལ་ཕུལ། མ་ཟད་སྒོ་གསུམ་དགེ་བའི་དངོས་པོ་དང་བཅས་པ་ཀུན་བཟང་མཆོད་པའི་སྤྲིན་དུ་བཀོད་ནས་འབུལ་བའི་བློས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། འདིས་མཚོན་རྣམ་ཀུན་བསགས་པའི་དགེ་རྩ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་འདི་ཉིད་ལྷན་ཅིག་ཏུ་གསུང་འཚལ། བསོད་ནམས་འདི་ཡིས་སོགས། གསུམ་པ་རྗེས་ཀྱི་བྱ་བ་ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་སོགས་གཞུང་བཞིན་མཐར་ཆགས་སུ་བྱའོ། །སླར་སྨྲས་པ། ཆོས་སྐུ་ཡེ་ཤེས་མཁའ་འགྲོའི་ཀློང་

p. 503

ཡངས་ནས། །ལོངས་སྐུ་བདེ་ཆེན་ཉི་མ་ཕྱོགས་བརྒྱར་སྤྲོ། །སྤྲུལ་སྐུའི་འོད་ཀྱིས་འགྲོ་བའི་མུན་གཞིལ་བ། །སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ལམ་སྒྲོན་གང༌། །བཀའ་ལུང་མདོ་རྒྱུད་མན་ངག་དགོངས་པའི་བཅུད། །རྐྱེན་ངན་གྲོགས་ཁྱེར་རྟོག་ཚོགས་ལམ་དུ་ལྷོངས། །སྲིད་པར་འཁྱམས་པའི་སྡུག་བསྔལ་རབ་ཞི་ཞིང༌། །ཟབ་དོན་འཕགས་བཞི་བསྐྱེད་པའི་བདུད་རྩི་འདིས། །ཡིད་ཅན་སྲིད་པར་དུབ་པའི་རྒྱུད་བརླན་ཏེ། །ང་བདག་གཟུང་འཛིན་འཆིང་བའི་མདུད་པ་གྲོལ། །ཕྱམ་གཅིག་འཆི་མེད་ཞི་བའི་སྤོ་ལ་གཞོལ། །མཐའ་བྲལ་ཡུམ་ཆེན་གོ་འཕང་མངོན་གྱུར་ཤོག །ཅེས་པ་འདིའང་རང་སློབ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་བསྐུལ་ངོར། ཆོས་ཀྱི་རྗེ་དཔལ་ལྡན་འབའ་རོམ་པའི་གྲུབ་བརྙེས་སློབ་དཔོན་གོང་མའི་གསུང་གཞིར་བཞག་སྟེ། ཨ་མ་ལབ་ཀྱི་སྒྲོན་མའི་ལྟ་སྤྱོད་ལ་རྗེས་སུ་མོས་པའི་རྒན་པོ་འཇིགས་མེད་ཆོས་ཀྱི་སེངྒེ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས་ཕྱོགས་ཀྱི་ལྗོངས་རྒྱུའི་སྐབས་སུ་དྲི་མེད་དར་གྱི་ལྡིང་གུར་ནས་སྨྲས་རིམ་བཞིན་བསྐུལ་བ་པོ་ཉིད་ཀྱིས་ཡི་གེར་བཏབ་པ་སྟེ་ནོངས་པའི་དྲི་མ་མཆིས་ན་བཤགས་ཤིང་དགེ་བས་ཡུམ་ཆེན་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག ། སརྦ་ཛ་ག་ཏཾ།། །།

གཅོད་ཀྱི་གཏོར་དབང་བསྡུས་པ། འཇིགས་མེད་ཆོས་ཀྱི་སེངྒེ།

p. 504
p. 505

༄༅། །གཅོད་ཀྱི་གཏོར་དབང་བསྡུས་པ་བཞུགས་སོ། །

p. 506

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། གཅོད་ཀྱི་གཏོར་དབང་བསྡུས་པ་བྱ་བ་ལ། སློབ་མ་ཁྲུས་ནས་ཕྱུང་ཞིང་གྲལ་དུ་བཀོད་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡུམ་ཆེན་མོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྙིང་པོ་དོན་གྱི་དབང་མཆོག་ཞུ་བའི་ཀུན་སློང་རྣམ་པར་དག་པས་གསན་འཚལ། དེ་ལ་རྒྱལ་བ་མིའི་དབང་པོས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས། བཀའ་བར་པ་མཚན་ཉིད་མེད་པའི་ཡང་ཏིག །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མའི་དགོངས་བཅུད་ཀྱི་མན་ངག་སྙིང་པོར་

p. 507

དྲིལ་བ། བཀའ་བརྒྱུད་ཆུ་བོ་རྣམ་བཞིའི་མཛོད་འཛིན་པ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་ཨ་མ་ལབ་ཀྱི་སྒྲོན་མའི་རྟོགས་ཆོས། ཟབ་དོན་བདུད་བཞིའི་གཡུལ་གཅོད་ཀྱི་གཏོར་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ཡང་འདི་ལ་འཇུག་པའི་ཆོས་དང༌། དབང་དངོས་གཉིས་ལས། ཐོག་མར་མདུན་གྱི་ནམ་མཁར་ཡུམ་ཆེན་སྲས་དང་སློབ་མར་བཅས་པ་གསལ་བའི་དྲུང་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། བླ་མ་ལ་སྐྱབས་སུ་མཆིའོ། །སོགས། དེར་མ་ཟད་སྨོན་འཇུག་

p. 508

རྣམ་པར་དཀར་བའི་སེམས་བསྐྱེད་དང་ལྡན་པས་འདིའི་རྗེས་ཟློས་མཛོད། གནོད་བྱེད་ཨ་མ་དྲིན་ཆེན་མ་འདི་རྣམས་ཤ་རེ་ཚ། སྙིང་རེ་རྗེ་སོགས། འགོད་པར་བྱའོ། །དེས་འཇུག་པའི་ཆོས་རྣམས་གྲུབ་ཅིང་གཉིས་པ་དབང་གི་བྱ་བ་དངོས་ལ་འཕོ་བ་དང༌། གཏོར་མའི་དབང་བསྐུར། རང་གཞན་གྱི་དོན་རྗེས་སུ་གནང་བ་དང་གསུམ་ལས། ཐོག་མར་ཁྱེད་རང་གི་ལུས་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བའི་ནང་དུ་རྩ་དབུ་མའི་མར་སྣེ་རྐང་མཐིལ་གཉིས་སུ་སོང་བ། ཡར་སྣེ་ཚངས་སྒོར་ཟུག་པ་ཧ་རེ་ཡོད་པའི་སྟེང་ཁར། མ་གཅིག་ལབ་ཀྱི་སྒྲོན་མ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་ཡོད་པར་མོས་ལ་གསོལ་བ་འདི་ལྟར་དུ་ཐོབ་མཛོད། ན་མོ་གུ་རུ། གནས་འོག་མིན་སོགས་འགྲེས་མ་བཤངས་ཀྱང་ཆོག །དེ་ནས་ཁྱེད་རང་གི་རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་

p. 509

དང༌། གཡོན་དུ་མ་ལས་ཐོབ་པའི་རཀྟ་དམར་པོ་སྲན་མའི་གོང་བུ་ཙམ་པ་འཕར་འདར་ལིང་ལིང་བྱེད་པ་དང༌། ལུས་ཀྱི་གནད་བཞིར་མ་གཅིག་གི་སྐུ་ཚོན་གང་བ་རེ་རེ་བཅས་གསལ་ཐོབ། དེ་ཡང༌། ནམ་མཁར་བཞུགས་པའི་མ་གཅིག་གི་ཞལ་ནས་རིགས་ཀྱི་བུ་ཡར་ཤོག །སྔར་འཁོར་བར་ལྟུང་བ་ཨའུ་ཙི། ད་བདེ་བར་འོང༌། སྐྱིད་པར་འོང༌། ལེགས་པར་འོང་གསུངས་ཤིང་ཐུགས་ཀ་ནས་འོད་ཟེར་དཀར་པོ་རྩེ་མོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་ནས་དབུ་མའི་ནང་བརྒྱུད་རྐང་མཐིལ་གྱི་ཐིག་ལེ་གཉིས་ལ་ཐེབས་པས་བདེ་ཕྲིལ་གྱིས་གསང་བའི་འཁོར་ལོར་དྲངས། དཀར་དམར་གཅིག་ཏུ་འདྲེས་པའི་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ཙམ་པར་གྱུར་ནས་ལྟེ་བའི་མ་གཅིག་ལ་ཐིམ་པར་མོས་ལ་ཕཊ་བརྗོད། ཕཊ། དེ་སྙིང་གར། ཕཊ། དེ་མགྲིན་པར། ཕཊ། དེ་སྤྱི་བོར། ཕཊ། དེ་རྒྱངས་ཀྱིས་

p. 510

ཐོན་ནས་ནམ་མཁའི་མ་གཅིག་ལ། ཕཊ། དེ་ཇེ་མཐོར་གཤེགས་ནས་ཕྱི་རོལ་གྱི་དབྱིངས་དང་འདྲེས་པར་བསམ་ལ་མིག་ནམ་མཁར་འབྱེད་འཛུམ་མེད་པར་གཏད་དེ་སེམས་བཟོ་མེད་རང་བབས་སུ་ཞོག་མཛོད། ཕཊ། འོ། དེ་ལྟར་ངོ་སྤྲད་པའི་དབྱིངས་རིག་དབྱེར་མེད་དེ་ཀ་ཡུམ་ཆེན་མོའི་དགོངས་པ་དངོས་ཡིན་པས་དེང་ཕྱིན་ཆད་ཉམས་ལེན་གྱི་རྒྱུན་བསྲིང་བར་བྱའོ། །སླར་ནམ་མཁའི་དབྱིངས་ནས་རིག་པ་རྣལ་འབྱོར་མའི་གཟུགས་སུ་ཤར་བས་ལུས་མཎྜལ་དུ་བཀོད་ཅིང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཕཊ། པགས་པ་གསེར་གྱི་ས་གཞི་སོགས། དེ་ནས་གཉིས་པ་གཏོར་མ་ལ་བརྟེན་ནས་ཡེ་ཤེས་ལྔའི་དབང་བསྐུར་བགྱི་བ་ཡང༌། གཏོར་སྣོད་འོག་མིན་ཆོས་ཀྱི་དབྱིངས་ཆེན་པོའི་གཞལ་མེད་ཁང་དུ། གཏོར་མ་རང་བྱུང་རིག་པའི་ཡེ་ཤེས་

p. 511

མ་གཅིག་ལབ་ཀྱི་སྒྲོན་མར་གསལ་བའི་སྟེང་འོག་ཕྱོགས་མཚམས་རྣམས་སུ་གཅོད་ཡུལ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པའི་གནས་ལྔ་ལས་འོད་ཟེར་ཁ་དོག་སྣ་ལྔ་རིམ་བཞིན་འཕྲོས་ནས་ཁྱོད་རང་གི་གནས་ལྔར་ཐིམ་པས་སྤང་བྱ་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ཅིང༌། འཐོབ་བྱ་ཡེ་ཤེས་ལྔའི་ངོ་བོ་ཉིད་མངོན་དུ་བྱས་པར་མོས་མཛོད། ཕཊ། མ་དགོངས་པ་དབུས་སོགས། མ་དགོངས་པ་ནུབ་སོགས། མ་དགོངས་པ་ཤར་སོགས། མ་དགོངས་པ་ལྷོ་སོགས། མ་དགོངས་པ་བྱང་སོགས། ཕཊ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། གཉིས་མེད་དོན་གྱི་བརྒྱུད་པ། སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་སོགས་ཏེ་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་ཡེ་ཤེས་ཀྱི་

p. 512

མཁའ་འགྲོ། སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས། རྡོ་རྗེའི་སློབ་མ་འདི་ཉིད་ལ་ཡེ་ཤེས་ལྔའི་དབང་དང་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྩོལ་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གྲོལ་བ་མཐར་ཕྱིན་པར་མཛད་དུ་གསོལ། ཏདྱ་ཐཱ། ཨོཾ་ག་ཏེ་སོགས། ཨོཾ་ཨཱཿཧཱུྃ་བྃ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་གཏོར་མ་གནས་ལྔར་བཞག །གསུམ་པ་རང་གཞན་གྱི་དོན་རྗེས་སུ་གནང་བ་ལ། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་དང་སྒོ་གསུམ་དབྱེར་མི་ཕྱེད་པར་འདྲེས་ཤིང་རང་དོན་ཆོས་ཀྱི་སྐུ་མངོན་དུ་གྱུར་ནས་གཞན་དོན་གཟུགས་སྐུའི་མཛད་པ་མ་གཅིག་དངོས་དང་མཚུངས་པར་སྒྲུབ་ནུས་ཀྱི་སྐལ་བཟང་ཐོབ་པར་མོས་མཛོད། ཕཊ། མ་

p. 513

གཉན་ས་རི་ཁྲོད་སོགས་ནས་ཏུ་གསོལ། མ་འགྲོ་བའི་དོན་དུ་བསྐྱོད་ཙམ་སོགས་སྔགས་མཐར། ཛཿཧཱུྃ་བཾ་ཧོཿ ཞེས་གཏོར་མའི་བདུད་རྩི་སྦྱིན། དེ་ཡང་མ་གཅིག་གི་ཞལ་ནས། གནས་གནད་རི་ཁྲོད་འགྲིམ་པ་གཅེས། །ལུས་གནད་རྩ་བཞི་ཀློད་པ་གཅེས། །ངག་གནད་ཉམས་དབྱངས་ལེན་པ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །ཞེས་གསུངས་པ་ལྟར། ཆོས་འདིའི་ཆེ་བ་ཡིན་པས་དེང་ཕྱིན་ཆད་སྡོད་གནས་དུར་ཁྲོད་དང་བས་མཐའ་སོགས་གཉན་པའི་ས་ལ་གྱིས། ལུས་བེམ་པོ་བཞིན་དུ་བདག་འཛིན་མེད་པར་རྩ་བཞི་ཧྲལ་གྱིས་བོར། ངག་གསོལ་འདེབས་དང་ཉམས་ཀྱི་གླུ་དབྱངས་གང་ཤར་དུ་ལོངས། སེམས་འདུ་ཤེས་མེད་པར་ནམ་མཁའ་ལྟར་ཡངས་པར་ཞོག་ལ་རང་གཞན་གྱི་དོན་རྒྱ་ཆེ་རྒྱུན་མི་འཆད་པའི་བྱ་བ་མངོན་དུ་གྱིས་ཤིག །དེ་ནས་བྱིན་རླབས་ཀྱི་རྒྱུན་བརྟན་ཕྱིར་

p. 514

ཕྱོགས་བཅུའི་རྒྱལ་དང་དེ་སྲས་ནམ་མཁའ་གང་བས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བའི་མོས་པ་མཛོད། ཨོཾ། ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ནས། །དྲིན་ཅན་རྩ་བརྒྱུད་བླ་མ་ཡན་ཆད་ཀྱི། །གཉིས་མེད་ཟུང་འཇུག་གཅོད་ཡུལ་བརྒྱུད་པ་སོགས་ནས་ལས་བཞིའི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །དེས་གཅོད་ཀྱི་གཏོར་དབང་ལེགས་པར་གྲུབ་པ་ཡིན་པས། མ་གཅིག་ཇོ་མོས་བཞེད་པའི་གསུང་གི་གསང་བ་ལ་ཚུལ་བཞིན་འབད་པའི་ཁས་བླངས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས། གཏང་རག་ཏུ་དམིགས་ནས་མཎྜལ་ཕུལ། དེར་མ་ཟད་སྒོ་གསུམ་འབུལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། དེང་ནས་སོགས། འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་དགེ་བའི་ཆ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་འདི་ལྷན་གཅིག་ཏུ་གསུང་

p. 515

འཚལ། བསོད་ནམས་འདི་ཡིས་ནས་ཤོག །ཅེས་པའང་ཟབ་མོའི་གནས་ལ་འདུན་པ་རང་སློབ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་འདོད་ངོར། ཡེ་ཤེས་མཁའ་འགྲོའི་གསང་བ་གསུམ་གྱི་བྱིན་རླབས་ཅུང་ཟད་ཐོབ་པའི་རྣལ་འབྱོར་རྒན་པོ་ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས་སྨྲས་པ་དགེ་བར་གྱུར་ཅིག །སུ་ཛ་ཡནྟུ།། །།

གཅོད་དབང་མདོར་བསྡུས་བྱིན་རླབས་སྙིང་པོ། མ་ཏི་རཏྣ།

p. 516
p. 517

༄༅། །གཅོད་དབང་མདོར་བསྡུས་བྱིན་རླབས་སྙིང་པོ་བཞུགས་སོ། །

p. 518

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། འདིར་འབའ་རོམ་ལུགས་ཀྱི་ཚོགས་ལས་རིན་ཆེན་སྙིང་པོ་དང་འབྲེལ་བའི་གཅོད་དབང་ཤིན་ཏུ་བསྡུས་པ་བྱ་བར་འདོད་པས། གནས་གཙང་མར་མཎྜལ་འབྲུ་ཚོམ་ལྔ་པའི་སྟེང་མཁའ་འགྲོའི་གཏོར་མ་ལྔ་ཚོམ་མ་གཅིག་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ་རིན་པོ་ཆེའི་སྣོད་དུ་བཀོད། མཐར་ཉེར་སྤྱོད་མཆོད་པས་བསྐོར་ཞིང་རྒྱས་པའི་སྐབས་ཚོགས་འབུལ་གཏོར་རྣམས་འདུ་བྱ། རང་མདུན་དུ་ཌཱ་དྲིལ་མི་རྐང༌། ནང་མཆོད་བདུད་རྩི། ཁྲུས་བུམ་སོགས་བཞག་ལ། གཅོད་ཚོགས་ལྟར་བརྒྱུད་འདེབས་ནས་བརྩམས། མདུན་བསྐྱེད་མཎྜལ། གཏོར་མ་དབྱེར་མེད་ལྷར་བསྐྱེད་ལ་སྤྱན་འདྲེན་ཚོགས་བསགས་དང་བཟླས་པ་བརྒྱ་རྩ་སོགས་ཀྱི་རྗེས། མཆོད་པ་ཀུན་བཟང་སྤྲིན་ཕུང་མཐར། བསྡུ་སྐབས་ལུས་སྦྱིན་གང་རུང་དང༌། རྒྱས་ན་མཎྜལ་ནས་ཚོགས་བསྐང་བའི་བར་གཞུང་བཞིན་གྲུབ་ནས། དབང་ལེན་དམིགས་པ་ནི། མདུན་གྱི་མ་

p. 519

གཅིག་ལྷ་ཚོགས་གནས་གསུམ་ནས། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་གཅིག་ཆར། །འཕྲོས་པ་བདག་གི་གནས་གསུམ་ལ་ཐིམ་པས། །སྒོ་གསུམ་ཆ་སྙོམས་སྒྲིབ་དག་དབང་བཞི་ཐོབ། །སྐུ་བཞིའི་ས་བོན་རྒྱུད་བཞག་བྱིན་བརླབས་གྱུར། །ཅེས་བརྗོད། ལས་བུམ་བགེགས་མཐར་བྱེད་ཀྱི་སྔགས་ལན་ཉེར་གཅིག་གིས་བྱིན་བརླབས། དེ་ནས་སློབ་མ་རྣམས་མདུན་དུ་བོས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། མཎྜལ་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཆོས་སྐུ་ཡུམ་ཆེན་མོའི་གོ་

p. 520

འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཟབ་དོན་གཅོད་ཀྱི་དབང་བསྐུར་ཟབ་མོ་གསན་ནས་བདུད་བཞི་ཆིག་ཆོད་ཀྱི་གདམས་པ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་མཛད་འཚལ། དེ་ལ་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོན་མ་འདི་ཉིད་ཕྱི་ལྟར་ན་རྗེ་བཙུན་འཕགས་མ་སྒྲོལ་མ། ནང་ལྟར་ན་ཡུམ་ཆེན་མོ། གསང་བ་ལྟར་ན་རྡོ་རྗེ་ཕག་མོ། ཡང་གསང་ལྟར་ན་ཁྲོས་མ་ནག་མོ་དངོས་ཡིན་ལ། མདོ་དྭངས་སྙིགས་འབྱེད་པ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱལ་བའི་ཡུམ་གྱུར་སྤྲུལ་པ་ནི། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །སྒྲོན་མ་ཞེས་བྱའི་མིང་ཅན་འབྱུང༌། །བསྐྱེད་རྫོགས་སྙིང་པོའི་དོན་ལ་མཁས། །གྲོང་དང་གྲོང་ཁྱེར་རི་སུལ་དང༌། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་དང༌། ཨོ་རྒྱན་རིན་པོ་ཆེའི་བསྟན་པ་སྤྱི་ལུང་ལས། མཚོ་

p. 521

རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད། །ལབ་ཀྱི་སྒྲོན་མ་ཟངས་རི་ཞེས་བྱར་འབྱུང༌། །ཞེས་ལུང་བསྟན་པ་ལྟར། རྒྱ་གར་གྱི་ཕ་དམ་པ། སྐྱོ་སྟོན་བསོད་ནམས་བླ་མ་སོགས་སྐྱེས་བུ་དམ་པ་རྣམ་མང་བསྙེན། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཐུགས་སུ་ཆུད། ཁྱད་པར་བཀའ་བར་པ་མཚན་ཉིད་མེད་པ་ཤེར་ཕྱིན་བདུད་ཀྱི་ལེའུ་ནས་གྲོལ་བ་ཐོབ་ནས་སྟོང་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་ཏེ། ཡུམ་ཆེན་མོ་དང་དབྱེར་མེད་པ་གྲུབ་པའི་ས་མཐོར་གཤེགས། སློབ་ཚོགས་བཀའ་བབ་བུ་ཆེན་བཅུ་དྲུག །བརྒྱུད་འཛིན་བརྒྱ་རྩ་བརྒྱད་སོགས་ལྷ་འདྲེ་མི་གསུམ་སྨིན་གྲོལ་ལ་བཀོད། དེ་ཉིད་ཀྱི་གདམས་པའི་སྐོར་ལ་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེས་རྒྱ་བོད་གཉིས་སུ་གྲགས་ཤིང་ལུགས་སྲོལ་གསུམ་དུ་མཆིས་པ་ལས། འདི་ནི་ཁུ་སྒོམ་ཆོས་ཀྱི་སེངྒེ་ལ་གནང་བའི་མདོ་སྔགས་ཟུང་

p. 522

འཇུག་གི་བརྒྱུད་པ་རྨད་དུ་བྱུང་བ་དེ་ཡིན། ད་ལམ་གཏོར་མ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་དབང་བསྐུར་བ་འདིའང་མདོ་སྔགས་ཟུང་འཇུག་གི་བརྒྱུད་པ་ནས་རིམ་པར་བྱོན་པ་ལགས་ཤིང༌། རང་ལུགས་སྙན་བརྒྱུད་ཀྱི་བརྒྱུད་པ་རྗེ་ལུས་མེད་རྡོ་རྗེ་ནས་རིམ་བཞིན་ཆོས་རྗེ་བསོད་ནམས་བཟང་པོ་དེང་ཐོག་ཀུན་དགའ་སེངྒེའི་བར་དང༌། ཁྱད་འཕགས་ཉེ་བརྒྱུད་ནི་ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མས་དངོས་སུ་བྱིན་གྱིས་བརླབས་པས་སྔོན་གནས་རྗེས་དྲན་གྱིས་ཟབ་མོའི་སྒོ་འཕར་འབྱེད་པར་མཛད་པ་འཇིགས་མེད་ཆོས་ཀྱི་སེངྒེ་ནས་བརྒྱུད་འཛིན་བཀའ་བརྒྱུད་བཀྲ་ཤིས་ལ་བསྩལ་བ་སོགས་སྔ་ཕྱིའི་བརྒྱུད་པ་ཐམས་ཅད་གཅིག་ཏུ་འདྲེས་པའི་འབའ་རོམ་བཀའ་བརྒྱུད་ཀྱི་ཕྱག་བཞེས་ལྟར་བགྱི་བ་ལ་སོགས་མཎྜལ་འབུལ་དུ་གཞུག །དེ་ནས་དབང་བསྐུར་གྱི་སྔོན་དུ་འགྲོ་བ་ལ་དམིགས་

p. 523

འདུན་འདི་བཞིན་མཛད་འཚལ། རང་རེ་རྣམས་གནས་པའི་མདུན་གྱི་ནམ་མཁར་དྲིན་ཆེན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཆོས་སྐུ་ཡུམ་ཆེན་མོ་ལ་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང༌། མཆོད་པ་འབུལ་བ་སོགས་བདུན་རྣམ་དག་ཚིག་དོན་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སོགས་ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་སེམས་བསྐྱེད་ཁྱད་པར་ཅན་གྱི་སྒོ་ནས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སོགས་གསུམ། དེ་ནས་དབང་བསྐུར་དངོས་ལ་གཉིས་ལས། དང་པོ་ཆོས་དབང་སེམས་ལ་བསྐུར་བ་འཕོ་བ་ནམ་མཁའ་སྒོ་འབྱེད་ཀྱི་དོན་དུ་ཁྱེད་རྣམས་རྐང་པ་གཤིབས་ཏེ་བཞེངས། ལག་གཉིས་

p. 524

སྤྱི་བོར་ཐལ་མོ་སྦྱོར་ལ་མོས་གུས་རྩེ་གཅིག་པས་གསོལ་འདེབས་འདིའི་རྗེས་ཟློས། ན་མོ་གུ་རུ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། །གནས་བྱ་རྒོད་ཕུང་པོའི་རི་བོ་ན། །ཡང་དག་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས། །སོགས་རྒྱས་པར་རྗེས་ཟློས་དང༌། བསྡུ་ན་སློབ་དཔོན་གྱིས་བརྗོད། དེ་ནས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་དམིགས་སྐོར་འདི་རྣམས་མ་ཡེངས་པར་སྒོམས་ཤིག །ཕཊ། ཁྱོད་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་འདྲའི། །ལུས་དབུས་ཨ་ཝ་དྷཱུ་ཏི་དཀར་གསལ་མདངས། །སོགས་ནས། ཐིམ་མཐར་འོད་ལྔའི་ཐིག་ལེ་བྱ་སྒོང་ཙམ། །ཆོས་དབྱིངས་བརྗོད་བྲལ་ནམ་མཁར་རོ་གཅིག་གྱུར། །ཕཊ་ཕཊ་ཕཊ། ཅེས་དང༌། རྣམ་པར་ཤེས་པའི་ཐིག་ལེ་དེ་སྤྱི་བོ་ནས་རྒྱངས་སེ་ཐོན་ནས་ནམ་མཁའ་དང་དབྱེར་མེད་ཕྲུགས་སེ་འདྲེས།

p. 525

ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། ཆོས་སྐུ་ཁྱབ་གདལ་ཆེན་པོའི་ངང་ལ་མཉམ་པར་ཞོག་ཅིག །ཅེས་ཅུང་ཟད་མཉམ་བཞག་བྱ། དེའང་མ་གཅིག་གི་ཞལ་ནས། གྲིམ་གྱིས་བསྒྲིམས་ལ་རྒྱངས་ཀྱིས་འཕོངས། །རྒྱངས་ཀྱིས་འཕངས་ལ་ཕྱལ་གྱིས་ཞོག །རེ་དོགས་མེད་པའི་ངང་ལ་སྐྱུར། །མཐའ་བྲལ་ལྟ་བས་ཟིལ་གྱིས་གནོན། །མཐར་ཐུག་གི་ལྟ་བ་དེ་ན་ཡོད། །གཅོད་ཀྱི་ནམ་མཁའ་སྒོ་འབྱེད་དེ། །འཕོ་བ་བརྒྱ་ཡིས་དོ་ཟླ་མིན། །ཞེས་དང༌། གྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་ཀློད། །རིག་པའི་བཞག་ས་གཅིག་དེ་ན་གདའ། །མཐར་ཐུག་གི་ལྟ་བ་གཅིག་དེ་ན་གདའ། །མཐར་ཐུག་གི་སངས་རྒྱས་གཅིག་དེ་ན་གདའ། །ཞེས་གསུངས་པའི་དོན་ལ་རྒྱུན་དུ་གནས་པ་ལྟ་བའི་མཆོག་ཡིན་ཀྱང༌། ལས་དང་པོ་པའི་བློར་ཤོང་དཀའ་བས་ཁྱེད་རང་གི་རིག་པ་

p. 526

དེ་ཚུར་འདུས། དངོས་འཛིན་དག་པའི་ཆ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་དམར་མོ་གྲི་ཐོད་འཛིན་མར་གྱུར་པས་སྒྱུ་ལུས་ཀྱི་སྨིན་མཚམས་ནས་བཅད་པའི་ཀ་པཱ་ལ་རང་བྱུང་གི་ཐོད་སྒྱེད་སྟེང་དུ་བཙུགས། དེ་ནང་ཕུང་པོ་གྲི་གུག་གིས་གཏུབས་ཤིང་སྤུངས་པ་ཡེ་ཤེས་ཀྱི་མེ་རླུང་གི་སྦྱོར་བས་ཞུ་ཞིང་ཁོལ་བས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསྒོམ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། མཁའ་འགྲོ་མའི་ཐུགས་སྤྲུལ་རང་འདྲ་གྲངས་མེད་པས་འཁོར་འདས་ཀྱི་མགྲོན་རྣམས་ལ་སོ་སོར་གང་འདོད་བདུད་རྩིའི་ངོ་བོ་ཕུང་པོ་ཚོགས་ཀྱི་འཁོར་ལོས་མཆོད་པར་དམིགས་ལ་འདིའི་རྗེས་ཟློས། རང་ལུས་ཤ་ཁྲག་ཕུང་པོ་འདི། །སོགས་ནས་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ཅེས་ལན་གཅིག་བརྗོད། དེ་ནས་མཆོད་ཡུལ་མཆོད་བྱ་མཆོད་བྱེད་རྣམས་འཁོར་གསུམ་རྣམ་པར་མི་རྟོག་

p. 527

པའི་ངང་ལ་དར་གཅིག་ཞོག་མཛོད། ཅེས་སྤྲོས་བྲལ་གྱི་ངང་བསྐྱང་། དེས་ཆོས་དབང་སེམས་ལ་བསྐུར་བ་གྲུབ་པ་ལགས། ཞེས་བརྗོད། གཉིས་པ་ལྷ་དབང་ལུས་ལ་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། དེའང་གང་ལ་དབང་ཞུ་བའི་ཡུལ་གཏོར་མ་ལྷར་གསལ་གདབ་པ་དང༌། སློབ་མ་ཁྱེད་རང་དང་བཅས་པ་སྐད་ཅིག་གིས་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ལྕང་ལོའི་ཟར་བུ་ཐུར་དུ་གྲོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་གྱིས་པད་ཟླར་རོལ་པ། གཏོར་མའི་ལྷའི་མཐའ་བསྐོར་དུ་མ་གཅིག་རིགས་བཞིའི་མཁའ་འགྲོས་བསྐོར་ཞིང་བྲོ་

p. 528

ཁྲིག་ཁྲིག་གར་ཁྱུག་ཁྱུག་མཛད་པ། དེའི་སྟེང་གི་ཆ་ལ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་འཁྲིགས་པ་ལྟར་བཞུགས་པར་མོས་མཛོད། དེ་ནས་བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་ཆོས་ཀྱི་དབྱིངས་ནས་མ་ལབ་ཀྱི་སྒྲོན་མ་རིགས་ལྔའི་སྐུ་ཆེ་བ་ལ་རི་རབ་ཙམ། ཆུང་བ་ལ་ཡུངས་ཀར་གྱི་འབྲུ་ཙམ་པ་ཁ་ཆར་བུ་ཡུག་ལྟར་བྱོན། སློབ་མ་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། སྤོས་རོལ་ཌཱ་དྲིལ་མི་རྐང་གླིང་བུ་དབྱངས་བཅས། ཧཱུྃ། ཆོས་སྐུ་སྤྲོས་བྲལ་དག་པ་ལས། །ལོངས་སྐུ་སྒྱུ་མའི་སྐུར་བསྟན་པ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་

p. 529

ཏུ་གསོལ། །ཨོཾ་ཨཱཿཧཱུྃ་བྃ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བྱིན་དབབ། ཡེ་ཤེས་པའི་རྒྱུན་སྒོ་གསུམ་ལ་བརྟན་པར་མོས་མཛོད། ཏིཥྛ་བཛྲ། རྡོ་རྗེ་མེ་ཏོག་མགོར་བཞག །དེ་ནས་མདུན་གྱི་གཏོར་མའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿསེར་པོ། གསང་བར་ཕཊ་ལྗང་གུ་རྣམས་ཀྱིས་མཚན་པར་གསལ་ཐོབ། དེ་དག་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་དབང་བསྐུར་མ་ལུས་པ་ཐོབ་པར་མོས་ལ་གདུང་ཤུགས་དྲག་པོ་བསྐྱེད་ཅིག །ལས་རྡོར་གྱིས་གཏོར་མ་བཏེགས་ལ། སློབ་དཔོན་ཌཱ་དྲིལ་དབྱངས་བཅས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཤར་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་

p. 530

སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ལྷོ་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །སོགས་སྡོམ་མཐར། ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་གཏོར་མ་གནས་ལྔར་བཞག །དེས་སྒོ་གསུམ་ཆ་སྙོམས་ཀྱི་དྲི་མ་ཐམས་ཅད་དག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཐོབ། བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་མངོན་དུ་བྱས་པའོ། །ཞེས་བརྗོད། མཐའ་རྟེན་བྱིན་རླབས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མའི་ལྷ་ཚོགས་རྣམས་མ་གཅིག་རིགས་ལྔར་འདུས་ཤིང་དེ་ཉིད་སྤྱི་བོ་ནས་མར་བྱོན། རྡོ་རྗེ་མཁའ་འགྲོ་སྤྱི་བོ། པདྨ་མཁའ་འགྲོ་མགྲིན་པ། ཡེ་ཤེས་མཁའ་འགྲོ་སྙིང་

p. 531

ཁ། རིན་ཆེན་མཁའ་འགྲོ་ལྟེ་བ། ལས་ཀྱི་མཁའ་འགྲོ་གསང་བ་རྣམས་སུ་ཐིམ་ཞིང༌། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་སྤུན་དང་གྲོགས་སུ་དགོངས་ནས་སྲུང་ཞིང་སྐྱོབ་པར་མོས་མཛོད། གཏོར་མ་མགོར་བཞག་ལ། ཆོས་སྐུ་ཡུམ་ཆེན་མོ། རྒྱལ་བ་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེངྒེ། རྗེ་བཙུན་འཕགས་མ་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨརྱ་དེ་ཝ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོན་མ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ། སྐུ་སྤྲུལ་བདེ་ཆེན་དཀར་མོ། གསུང་སྤྲུལ་དམར་མོ་སྒྲ་སྒྲོགས། ཐུགས་སྤྲུལ་ཁྲོས་མ་ནག་མོ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་དོན་གྲུབ། ཕྲིན་ལས་ཀྱི་སྤྲུལ་པ་སྣ་ཚོགས་མཐར་ཕྱིན། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་

p. 532

རབ་ཀྱི་བརྒྱུད་པ། སྲས་རྒྱུད་ཉམས་ཀྱི་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཐུགས་རྗེ་དང་ནུས་པ་བསྐྱེད་ཅིག །རྒྱུ་ལས་ངན་དང་སྡིག་སྒྲིབ། རྐྱེན་གདོན་བགེགས་དང་འབྱུང་པོ། འབྲས་བུ་ན་ཚ་དང་སྡུག་བསྔལ་ཐམས་ཅད་ཐབས་ཟབ་མོ་འདི་ལ་བརྟེན་ནས་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །ནད་རླུང་དང་མཁྲིས་པ་བད་ཀན་གསུམ། །ནད་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །བདུད་ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས། །ཕུང་པོ་གཟན་དུ་

p. 533

བསྐྱུར་བར་བྱིན་གྱིས་རློབས། །གཟན་སྐྱུར་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །ལུས་ཤ་ཁྲག་གི་མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབས། །དངོས་མེད་ལྷ་འདྲེས་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །ནད་མེད་བདེ་བའི་ལང་ཚོ་ཐོབ་པར་བྱིན་གྱིས་རློབས། །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་ཙམ་མམ། སློབ་བུ་ཐུན་མིན་ལ་གཏོར་མ་ལག་ཏུ་གཏད་ལ། ཁྱད་པར་དུ་ཡང་ཆོས་སྐྱོང་ཕྱག་དྲུག་མགོན་པོ། བཀའ་སྲུང་སྤྱང་ཞོན་མཆེད་གསུམ། ལས་བདག་མཚན་མོ་སྒྲ་སྒྲོགས། བཙན་རྒོད་ཟངས་རི་སྤུན་བདུན། ཤམ་པོའི་གཟའ་བདུད་མགོ་དགུ། ཀླུ་རྒྱལ་དྲག་པོ་ཟླ་སྐྱོང༌། མཁའ་འགྲོ་མ་ཉི་ཟླ་རླུང་གི་གཤོག་པ་ཅན་ལ་སོགས་པའི་གཅོད་ཡུལ་

p. 534

བརྒྱུད་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་མ་གཅིག་ལབ་ཀྱི་སྒྲོན་མའི་བཀའ་དང་དམ་ལས་མ་འདའ་བར་རིགས་ཀྱི་བུ་འདི་ཡི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་བསམ་པ་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །ཅེས་བརྗོད། དེའང་ཟབ་མོ་གཅོད་ཀྱི་གདམས་ངག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་འདི་མི་མཐུན་གྲོགས་སུ་འཁྱེར། ལྟས་ངན་གཡང་དུ་ལེན། ཆོས་བརྒྱད་ཐོག་བརྫིས་བཏང༌། བདུད་བཞི་དབྱིངས་སུ་གཅོད་པའི་མན་ངག་ཡིན་པས་ཤུགས་འབྱུང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་རྩལ་སྦྱོང་བར་མཛོད་ཅིག །ཅེས་དང༌། ཕཊ། གཉན་ས་རི་ཁྲོད་འགྲིམས་པ་ཕྱི་ཡི་གཅོད། །སོགས་ནས་རིག་པ་བརྟུལ་ཞུགས་སྤྱོད་པར་གྱིས། །ཕཊ་ཕཊ་ཕཊ། ཅེས་ཌཱ་དྲིལ་རྐང་དུང་སོགས་གཅོད་ཆས་རྣམས་གཏད། དེ་ནས་གཞུང་ལྟར་བཀྲ་ཤིས་བརྗོད། དེའང་མ་གཅིག་གི་རྡོ་རྗེའི་གསུང་

p. 535

ལས། ཀུ་སུ་ལུ་ཡི་ཚོགས་བསོག་འདི། །ཚོགས་བསགས་བརྒྱ་ཡིས་དོ་ཟླ་མིན། །ཉམས་ལེན་དཀར་འགྱེད་དམར་འགྱེད་འདི། །སྟོན་མོ་བརྒྱ་ཡིས་དོ་ཟླ་མིན། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་འདི། །རིམ་གྲོ་བརྒྱ་ཡིས་དོ་ཟླ་མིན། །འདུག་གནས་གཉན་ས་རི་ཁྲོད་འདི། །དགོན་པ་བརྒྱ་ཡིས་དོ་ཟླ་མིན། །ཡོན་བདག་སྣང་སྲིད་ལྷ་འདྲེ་འདི། །ཡོན་བདག་བརྒྱ་ཡིས་དོ་ཟླ་མིན། །ལྟ་བ་ཀ་དག་མཐའ་བྲལ་འདི། །དམ་ཆོས་བརྒྱ་ཡིས་དོ་ཟླ་མིན། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མན་ངག་བརྒྱ་ཡིས་དོ་ཟླ་མིན། །ཞེས་གསུངས་པ་ལྟར། དེ་ལྟ་བུའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས། དེང་ནས་བླ་མ་མ་གཅིག་ལབ་སྒྲོན་ལྷག་པའི་ལྷར་བཟུང་ནས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འདི་ཉིད་ཉམས་ལེན་གྱི་ཕུལ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་

p. 536

སོགས་ནས་གཏང་རག་དང༌། ལུས་འབུལ་དགེ་བསྔོ་སྤྱི་ལྟར་གྱིས་གྲོལ། ཕྱག་ལེན་རྒྱས་པའི་སྐབས་ཚོགས་ལ་རོལ་ཕྱིན་གྱི་རྗེས་ཆོག་གཅོད་ཚོགས་རང་གཞུང་ལྟར་བྱ་ཞིང༌། བསྡུ་སྐབས་དམིགས་མེད་བསྔོ་སྨོན་ཙམ་གྱིས་འགྲུབ་བོ། །ཞེས་པ་འདི་ནི་འབའ་རོམ་སྙན་བརྒྱུད་གཅོད་དབང་ཉེར་བསྡུས་འཁྱེར་བདེ་འདི་ལྟར་དགོས་ཞེས་སྒྲུབ་བརྒྱུད་འདི་པའི་རིང་ལུགས་འཛིན་པ་དགེ་སློང་ཀར་འཛིན་གང་ནས་བཀའ་ཕེབས་བཞིན། ཟབ་དོན་བདུད་རྩི་སྙིང་གི་པདྨོར་སིམ་པ་མ་ཏི་རཏྣས་རྡོ་རྗེ་རྫོང་གི་ཉེ་ཞོལ་དུ་སྦྱར་བ་དགེ་ལེགས་ཆེར་འཕེལ། སུ་ཛ་ཡ།། །།

འཕགས་མ་གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང་གི་ཆོ་ག་མདོར་བསྡུས་ཕན་བདེའི་ཆར་རྒྱུན། མ་ཏི་རཏྣ།

p. 537

༄༅། །འཕགས་མ་གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང་གི་ཆོ་ག་མདོར་བསྡུས་ཕན་བདེའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །

p. 538

ཞི་བསིལ་ཟླ་གཞོན་ཟིལ་ཐིགས་ཀྱིས། །དུས་ཀྱི་མུན་བཅོམ་ཀུ་མུ་ཏའི། །རིང་འཚོའི་གེ་སར་རྣམ་དགོད་པའི། །བླ་མ་རྣམ་པར་རྒྱལ་མར་འདུད། །དེ་ལ་འདིར་འཕགས་མ་རྣམ་རྒྱལ་མའི་རྗེས་གནང་མདོར་བསྡུས་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་གཙང་མར་གཞི་སྟེགས་ལྡིང་ཁྲི་རིམ་གསུམ་པའི་འོག་མར་དབུས་སུ་མཎྜལ་དྲིས་བྱུགས་པར་མེ་ཏོག་གི་ཚོམ་བུ་དགུ་བཀོད། བར་མར་དབུས་སུ་རྣམ་བུམ་དུང་ཞལ་གཟུངས་རྡོར། གཡོན་དུ་ལས་བུམ་བཅུད་ལྡན། སྟེང་མར་རྣམ་རྒྱལ་མཆོད་རྟེན་དང༌། མདུན་རྒྱབ་ཏུ་སྐུ་བརྙན་དང་གཟུངས་མདོའི་གླེགས་བམ། དེ་དག་གི་ཤར་ནས་བརྩམས་ཉེར་སྤྱོད་གཡས་བསྐོར་དང༌། མདུན་དུ་འདས་གཏོར་དང༌། ཕྱི་མཆོད་ཕྲེང་ཚར་གཡས་ནས་གཡོན་དུ་བཤམས། བསང་ཆུ་གཏོར་འབུལ་སོགས་ཉེར་མཁོ་འདུ་བྱ། གཉིས་པ་ལ་གཉིས་

p. 539

ཏེ་སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བའོ། །དང་པོ་ནི། ཆོ་ག་ལྟར་བརྒྱུད་འདེབས་ནས་བརྩམས་བཟླས་པའི་མཐར་དང༌། དེ་ནས་མདུན་བསྐྱེད་མཆོད་རྟེན་ཚོམ་བུ་དབྱེར་མེད་དུ་དམིགས་ལ། བུམ་ཆོག་ལྟར། བཟླས་དམིགས་གཉིས་བཅས་གྲུབ་རྗེས་འདས་གཏོར་དང་རྒྱལ་ཆེན་གཏོར་འབུལ་བྱ། ལས་བུམ་གྱི་ཆུ་བདུད་རྩི་འཁྱིལ་བའི་སྔགས་ལན་ཉེར་གཅིག་གིས་བྱིན་བརླབ། གནང་ཞུ་གསོལ་གདབ་ནི། ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་ལྷ་ཚོགས་རྣམས་ཀྱིས་བདག་གི་སློབ་མ་འདི་ལ་དབང་རྣམས་རིམ་པར་བསྐུར་བར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་པ་དང་མེ་ཏོག་འཐོར། གཉིས་པ་ནི། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ལས་བུམ་གྱིས་ཁྲུས་བྱས་ལ་གྲལ་དུ་འཁོད། སྔོན་གཏོར་བཏང་ལ་བགེགས་བསྐྲད་མཚམས་སྲུང་བསྒོམ།

p. 540

མེ་ཏོག་བཀྱེ་བསྡུ་གྲུབ་ནས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་ཞུ་སྙམ་པ་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱིས་གདུལ་བྱ་སོ་སོའི་དབང་པོ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་ཇི་སྙེད་པ་ཞིག་བསྐོར་བ་ལས་མདོར་བསྡུས་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་བ་ལས། འདིར་ནི་ཁྱད་པར་དུ་འཕགས་པ་རིག་འཛིན་སྔགས་ཀྱི་སྡེ་སྣོད། དེ་ལའང་ཕྱི་ནང་གི་དབྱེ་བས་དྲུག་ཏུ་གྱུར་པ་ལས། སྐབས་སུ་

p. 541

བབས་པ་ནི་བྱ་བའི་རྒྱུད་དུ་གཏོགས་པ་ཡིན། བྱ་རྒྱུད་ལ་རྣམ་གྲངས་དུ་མ་ཞིག་མཆིས་པའི་ནང་ཚན་གཤེགས་རིགས་ཀྱི་ཡུམ། དེ་བཞིན་གཤེགས་པའི་གཙུག་ཏོར་ལས་འཁྲུངས་པའི་རིག་སྔགས་ཀྱི་རྒྱལ་མོའི་གཟུངས་མདོའི་རྟོགས་པ་ལ་བརྟེན་ཏེ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་འཕགས་མ་གཙུག་ཏོར་རྣམ་རྒྱལ་མཆོད་རྟེན་ལྷ་དགུའི་སྒྲུབ་དཀྱིལ་གྱི་སྒོ་ནས་རྗེས་གནང་བསྒྲུབ་པ་ཡིན་ལ། དེ་ལས་སློབ་དཔོན་གྱི་བྱ་བ་སྔོན་དུ་གྲུབ་ཟིན། སློབ་མའི་བྱ་བ་ལ་ཐོག་མར་མཎྜལ་ཕུལ། ཅེས་དང༌། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྣམ་པར་རྒྱལ་མ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་ཡི་དམ་དབྱེར་

p. 542

མེད་པའི་སྤྱན་སྔར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུས་བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུྃ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་གཙུག་ཏོར་རྣམ་པར་རྒྱལ་མ་སོགས་ནས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམ་མཛོད། མདུན་བསྐྱེད་ཀྱི་རྟེན་འདི་རྣམས་ཀྱང་བསྒྲུབས་ཟིན་པ་ལྟར། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་མཆོད་རྟེན་ལྷ་དགུའི་དཀྱིལ་འཁོར་མངོན་སུམ་དུ་གསལ་བ་དང༌། སློབ་

p. 543

དཔོན་ཀྱང་འཕགས་མ་རྣམ་པར་རྒྱལ་མ་དངོས་སུ་གསལ་བ་ལ་མོས་འདུན་དྲག་པོ་བྱས་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་དང་རྣམ་པར་རྒྱལ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་མ་བཅོས་པ་རང་བབས་སུ་ཞོག་མཛོད། སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་མང་དུ་བརྗོད་ཅིང་སྤོས་རོལ་བྱ། སྤྱི་བོར་རྡོ་རྗེ་བཞག་ལ་ཏིཥྛ་བཛྲ། ཞེས་བརྗོད་པས་ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། དེས་རྗེས་གནང་གི་གཞི་འགོད་པའི་རིམ་པ་སོང་ནས། དངོས་

p. 544

གཞི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སློབ་དཔོན་གྱིས། །བདག་ལ་རྣམ་པར་རྒྱལ་མ་ཡི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་མདུན་བསྐྱེད་ཁྱེད་རང་རྣམས་ལྷར་གསལ་བ་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་སྤྱི་བོར་བཞག་ཅིང༌། ཇི་ལྟར་བལྟམས་པ་སོགས་ནས་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུ་སྦྱིན། ཞེས་པས་དབང་བསྐུར་བས་སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་

p. 545

ཀྱིས་དབུ་བརྒྱན་པར་གྱུར། དེ་ཉིད་བརྟན་པར་བྱ་བའི་ཕྱིར་མདུན་བསྐྱེད་གཙོ་མོའི་སྐུ་ལས་གཉིས་པ་ཞིག་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་གཉིས་སུ་མེད་པར་གྱུར་པར་མོས་མཛོད། དཔལ་མོ་གང་ཞིག་ཡིད་ལ་དྲན་ཙམ་གྱིས། །ཕུན་ཚོགས་ཚེ་ཡི་དངོས་གྲུབ་ཉེར་སྩོལ་ཞིང༌། །འཆི་བདག་བདུད་ཀྱི་དགྲ་ལས་རྣམ་རྒྱལ་བའི། །གཙུག་ཏོར་ལྷ་མོའི་སྐུ་ཡི་དབང་བསྐུར་རོ། །སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྐུ་དཔྲལ་བར་བཞག །དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ལུས་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། སྐུ་ཡི་བྱིན་རླབས་ཞུགས། ལུས་རྣམ་པར་རྒྱལ་མའི་སྐུར་བསྒོམ་པ་ལ་དབང༌། འབྲས་བུ་མཚན་དཔེས་བརྒྱན་པའི་

p. 546

སྤྲུལ་པའི་སྐུ་འགྲུབ་པར་འགྱུར་བ་ནི་སྐུའི་རྗེས་གནང་ངོ༌། །གསུང་གི་རྗེས་གནང་ནི། མདུན་བསྐྱེད་དང་སློབ་དཔོན་གཉིས་ཀ་རྣམ་པར་རྒྱལ་མར་གསལ་བའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཡངས་པའི་ནང་དུ་བྷྲཱུྃ་ཡིག་དཀར་པོ་འོད་འབར་བའི་མཐའ་བསྐོར་དུ་གཟུངས་སྔགས་ཀྱི་ཕྲེང་བ་དྭངས་གསལ་ངང་ཧྲམ་མེར་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་ཆད། ཁྱེད་རང་རྣམ་རྒྱལ་མར་གསལ་བའི་ཞལ་དུ་ཞུགས། ཐུགས་དབུས་ས་བོན་གྱི་མཐར་འཁོད་པར་བསྒོམས་ལ་གཟུངས་སྔགས་འདིའི་རྗེས་ཟློས་མཛོད། སྙིང་པོ་དང༌། ཚེ་འཕེལ་བའི་གཟུངས་ལན་གསུམ་གསུམ་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་བསམས་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ། སླར་

p. 547

ཡང་སྔགས་ཕྲེང་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས་སྤྱི་བོར་བཅིངས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་རྣམ་པར་རྒྱལ་མའི་གསུང་རིག་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར། དེ་ཉིད་བརྟན་པར་བྱ་བའི་ཕྱིར་མདུན་བསྐྱེད་གཙོ་མོའི་མགྲིན་པ་ནས་གཟུངས་མདོའི་གླེགས་བམ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་གི་དབང་ཐོབ་པར་མོས་མཛོད། གང་གིས་བཅོམ་ལྡན་ཁྱོད་སྐུ་ལེགས་བསྒོམས་ཤིང༌། །མཐུ་ཆེན་གཟུངས་སྔགས་འབད་པས་བཟླས་པའི་

p. 548

མཐུས། །འདོད་དོན་ཡིད་བཞིན་སྩོལ་མཛད་ཐུགས་རྗེ་ཅན། །གཙུག་ཏོར་ལྷ་མོའི་གསུང་གི་དབང་བསྐུར་རོ། །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ གཟུངས་མདོ་མགྲིན་པར་བཞག །དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། གསུང་གི་བྱིན་རླབས་ཞུགས། ངག་རྣམ་པར་རྒྱལ་མའི་རིག་སྔགས་བཟླ་བ་ལ་དབང༌། འབྲས་བུ་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་འགྱུར་བ་ནི་གསུང་གི་རྗེས་གནང་ངོ༌། །ཐུགས་ཀྱི་རྗེས་གནང་ནི། སློབ་དཔོན་རྣམ་པར་རྒྱལ་མའི་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་ཐུགས་ཕྱག་མཚན་སྣ་ཚོགས་རྡོ་རྗེ་ཞགས་པ་མདའ་གཞུ་བདུད་རྩི་བུམ་པ་སོགས་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་

p. 549

ཐིམ་པས་རྣམ་པར་རྒྱལ་མའི་ཐུགས་ཀྱི་དངོས་གྲུབ་ཐོབ་སྙམ་པ་གྱིས་ལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་ཞོག་མཛོད། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །སྔགས་མཐར། བཛྲ་ས་མ་ཡ་སྟྭཾ། ཞེས་ཕྱག་མཚན་སྙིང་གར་བཞག །དེ་ཉིད་བརྟན་པར་བྱ་བའི་ཕྱིར་མདུན་བསྐྱེད་གཙོ་མོའི་ཐུགས་ཀ་ནས་རྣམ་རྒྱལ་མཆོད་རྟེན་གྱི་ཚོགས་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་ཐོབ་པའི་མོས་པ་མཛོད། སྣ་ཚོགས་ཁམས་ལས་གྲུབ་པའི་རིན་ཆེན་ཁྲི། །རྒྱ་ཆེན་ལྷུན་སྟུག་བཀོད་ལེགས་མཛེས་པའི་ཁྲིར། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་མཆོད་རྟེན་ཆེ། །ངོ་མཚར་ཐུགས་རྟེན་མཆོག་གི་དབང་བསྐུར་རོ། །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མཆོད་རྟེན་སྙིང་གར་བཞག །དེས་

p. 550

ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་རྣམ་པར་རྒྱལ་མའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང༌། འབྲས་བུ་མཁྱེན་བརྩེ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཆོས་ཀྱི་སྐུ་འགྲུབ་པར་འགྱུར་བ་ནི་ཐུགས་ཀྱི་རྗེས་གནང་ངོ་། །བཀྲ་ཤིས་ཅི་རིགས་བརྗོད། དེ་དག་གི་སྒོ་ནས་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བའི་རྗེས་གནང་ཟབ་མོ་ལེགས་པར་གྲུབ་པ་ལགས་པས། འདི་ཉིད་ཡི་དམ་དུ་འཛིན་ཅིང་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བཟུང་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་སླད་དུ་མཎྜལ་ཕུལ། མཉེས་བྱེད་མཎྜལ་བཟང་པོ་

p. 551

སོགས། དེར་མ་ཟད་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་དག་གི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་མཛོད། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བྱ་ཞིང་སློབ་མ་རྣམས་གྲོལ། གསུམ་པ་ནི། མཆོད་པ་ཞལ་གསོས་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས་གཏང་རག་གི་མཆོད་བསྟོད་བྱ། ཡིག་བརྒྱ་ལན་གསུམ་སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་བརྟན་བཞུགས་དང༌། བདག་བསྐྱེད་གཤེགས་གསོལ། བཀྲ་ཤིས་བསྔོ་སྨོན་སོགས་ཆོ་ག་ལྟར་བགྱིས་པས་གྲུབ་བོ། །ཀུན་ཏུ་དགའ་བའི་འོད་ཟེར་གྱིས། །འགྲོ་ཁམས་ཕན་བདེའི་དཔལ་བཟང་པོར། །སྦྱོར་མཛད་འཕགས་མ་རྣམ་རྒྱལ་མའི། །དགེ་ལེགས་ཤིས་པ་སྩོལ་གྱུར་ཅིག །ཅེས་པ་འདི་ནི་ཇོ་ནང་ཏཱ་ར་ནཱ་ཐའི་ཕྱག་བཞེས་བཞིན་ཆོ་ག་རིང་འཚོའི་དཔལ་སྟེར་དང་རྗེས་སུ་འབྲེལ་བར་དཔལ་གྱི་བཀྲ་ཤིས་ཡང་རྩེར་འབའ་རོམ་པའི་རིང་ལུགས་འཛིན་པ་མ་ཏི་རཏྣས་སྦྱར་བ་དགེ་བར་གྱུར་ཅིག། །།

རྗེས་གནང་གཅིག་ཤེས་ཀུན་གྲོལ་གྱི་སྤྱི་ཆིངས་བལྟས་ཆོག་ཏུ་བཀོད་པ། མཁས་གྲུབ་ཀརྨ་ཆགས་མེད།

p. 552
p. 553

༄༅། །རྗེས་གནང་གཅིག་ཤེས་ཀུན་གྲོལ་གྱི་སྤྱི་ཆིངས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །

p. 554

ན་མོ་ལོ་ཀི་ཤྭ་ར་ཡེ། འཕགས་མཆོག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །རྗེས་གནང་གཅིག་ཤེས་ཀུན་གྲོལ་བསྡུས་པ་བྲི། །གཞི་སྟེང་འབྲུ་ཡི་ཚོམ་བུ་འདབ་བརྒྱད་བཀོད། །བུམ་པ་དབང་གཏོར་བཤམས་མཐར་མཆོད་པ་བཤམ། །སྔོན་འགྲོ་ལྕོག་རྡོག་བཤམས་བྲན་འདི་སྐད་དོ། །བྷྲཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། རང་ཉིད་སྐད་ཅིག་ཡི་དམ་ལྷར་གསལ་བའི། །ཐུགས་ཀའི་འོད་ཀྱིས་བགེགས་དང་གཞི་བདག་རྣམས། །སྤྱན་དྲངས་གཏོར་མ་གསོལ་བས་ཚིམ་པར་གྱུར། །ཨོཾ་སརྦ་ལོ་ཀ་པཱ་

p. 555

ལ་སརྦ་བིགྷྣན་ཛཿཧཱུྃ་བཾ་ཧོཿ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པུཥྤེ་སོགས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ནས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་

p. 556

ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན་། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་ནོར་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡིས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་གསང་སྔགས་ཀྱི་ཆོ་ག་ཟབ་མོ་མཐོང་བ་དང་ཐོས་པར་མི་དབང་བ་རྣམས་ཀྱང་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམས་པར་བྱེད་དོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ། ༀ་གྲྀཧྞ་གྲྀཧྞ་ཧཱུྃ། ༀ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ༀ་ཨཱ་ན་ཡ་ཧོཿ བྷ་ག་ཝན་བིརྱཱ་རཱ་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ།

p. 557

རོལ་མོ་བྱའོ། །སྟེང་འོག་ཐམས་ཅད་རྡོ་རྗེའི་ར་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་སྭཱ་ཧཱ། ༈ མཆོད་པ་བྱིན་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས། བྷྲཱུྃ་ལས་རིན་ཆེན་སྣོད་དུ་ནི། །ཧཱུྃ་ལས་མཆོད་རྫས་དཔག་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་སྥ་ར་ན་ཁཾ། ༀ་བཛྲ་ཨརྒྷཾ་སོགས། དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྩེ་དང་བཅས་པས། །བརྩོན་པས་སེམས་ཅན་ཀུན་དོན་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །ལན་གསུམ། རང་གི་སྙིང་གར་པདྨ་དང་ཟླ་བའམ། ཉི་མའི་སྟེང་དུ་ས་བོན་ཧཱུྃ་ངམ་གང་ཡིན་ལས་

p. 558

འོད་ཟེར་ལྷ་སོ་སོའི་ཁ་དོག་འཕྲོས་པས། མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་དང་ཡུམ་ལ་འདས་མ་འདི་ཞེས་བྱ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བླ་མ་རིགས་བདག་གི་རྣམ་པ་དབུའི་ཆ་ལ་བཞུགས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ། པཱདྱཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། སེམས་ཅན་ཐམས་

p. 559

ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་ལྡན་གྱུར། །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལན་གསུམ། ཚོགས་ཞིང་རང་གི་སྙིང་གར་ཐིམ་པར་གྱུར། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཞི་བ་ལ་ཨ་ལས་ཟླ་བའམ། ཁྲོ་བོ་ལ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་གང་ཡིན་བསྐྱེད་ནས། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ས་བོན་དེ་ལས་འོད་ཟེར་

p. 560

འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་དབང་གི་ལྷ་སྤྱན་དྲངས། པཉྩ་ཀུ་ལ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འདི་ཞེས་བྱ་བས་དབུ་བརྒྱན་པར་གྱུར། ༀ་བཛྲ་ཨརྒྷཾ་སོགས་ནས་པྲ་ཏཱིཙྪ་སྭཱ་ཧཱ། ནང་མཆོད་དང་གསང་མཆོད་ཡོད་པའི་རིགས་

p. 561

ལའང་པཉྩ་ཨྲྀ་ཏའམ། མཱ་ཏངྒི་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཅིང་སོ་སོའི་བསྟོད་པའམ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་དུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །རང་གི་སྙིང་གར་ཟླ་བའམ་ཉི་མའི་གདན་ལ་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་གྱི་ཁམས་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། དེ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྔགས་ཕྲེང་དེ་ཉིད་ཀྱི་རྣམ་པར་སྤྱན་དྲངས་ཏེ་རང་གི་སྙིང་གར་ཐིམ་པར་གྱུར། ཅེས་བསྙེན་པ་བྱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་མཎྜལ་གྱི་དབུས་སུ་པཾ་ལས་པདྨ་དང་། ཞི་བ་ལ་ཨ་ལས་ཟླ་བ། ཁྲོ་བོ་ལ་རྃ་ལས་ཉི་མའི་སྟེང་དུ་ས་

p. 562

བོན་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ལྷ་གང་ཡིན་གྱི་བུམ་བསྐྱེད་མདུན་བསྐྱེད་གཉིས་དུས་གཅིག་ལ་བསྐྱེད། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ས་བོན་དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་དབང་གི་ལྷ་སྤྱན་དྲངས། པཉྩ་ཀུ་ལ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་བསྐྱེད་དང་མདུན་བསྐྱེད་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །

p. 563

ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འདི་ཞེས་བྱ་བས་དབུ་བརྒྱན་པར་གྱུར། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས། རྒྱས་པར་འདོད་ན། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སོགས། ཁ་དོག་དབྱིབས་ལེགས་ཡིད་འོང་སོགས། མོས་བློས་བུམ་མདུན་ལྷ་ལ་བདག་འབུལ་ན། །སོགས་ཤེས་ན་སོ་སོའི་བསྟོད་པ་དང་། མ་ཤེས་ན་བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་བསྐྱེད་ལྷའི་ཐུགས་ཀར་ཕོག །

p. 564

ཟག་མེད་ཀྱི་བདེ་བས་དགྱེས། སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་གྱུར། ཅེས་བསྙེན་པ་བརྒྱ་རྩ་བརྒྱད་བྱ། བུམ་ལྷ་ཞུ་བ་བུམ་པའི་ཆུར་གྱུར། ལས་བུམ་གྱི་ནང་དུ་སྐད་ཅིག་གིས་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་གསལ་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཅེས་བརྒྱའམ་ཉེར་གཅིག་བཟླ། ༀ་བཛྲ་ཨརྒྷཾ་སོགས། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་

p. 565

བདག་ལ་ཐིམ་པར་གྱུར། ཅེས་བསྙེན་པ་བྱ། བཅོམ་ལྡན་འདས་འདི་ཞེས་བྱ་བས་བདག་གི་སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། སྐབས་འདིར་རྒྱས་པར་སྤྲོ་ན་བདག་འཇུག་བླངས་ཏེ། སློབ་མ་ལ་དབང་བསྐུར་བ་ལྟར་རང་ལ་དབང་རྫོགས་པར་བསྐུར། བསྡུ་ན་ཏིང་ངེ་འཛིན་གྱིས་དབང་བླངས་ཏེ་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསྒོམ་ཡང་རུང་སྟེ། མདུན་བསྐྱེད་ཀྱི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་གསང་གནས་རྣམས་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་རྣམས་འཕྲོས། རང་གི་གནས་ལྔར་ཐིམ་པས་སྒྲིབ་པ་བཞི་དག་ནས་དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་གྱུར། ལྷ་གང་ཡིན་གྱི་སྙིང་པོའི་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་པ་རང་གི་སྤྱི་བོར་བཞག་ལ་བུམ་ཆུ་བཏུང་། དེ་ནས་སྐབས་འདིར་སློབ་མ་ལ་བྱབ་ཁྲུས་སམ་དབང་བསྐུར་བྱའོ། །དབང་གི་ཆིངས་རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི་གཅིག་ཤེས་ཀུན་གྲོལ་ལ་ཁོག་ཕུབ་སྒྲུབ་ཐབས་རྒྱ་

p. 566

མཚོའམ་བརྒྱ་རྩ་སོགས་ནས་འབྱུང་བ་ལྟར་གོ་བདེ་བར་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ། །དགེའོ།། །།

ཡི་དམ་ཞི་བའི་མངོན་རྟོགས་སྒྲུབ་ཐབས་སྒོམ་བཟླས་རིན་པོ་ཆེའི་ཕྲེང་བ་ལས་སྒྲོལ་དཀར་བསྐྱེད་ཆོག །མི་ཕམ་ཆོས་ཀྱི་དབང་ཕྱུག

p. 567

༄༅། །ཡི་དམ་ཞི་བའི་མངོན་རྟོགས་སྒྲུབ་ཐབས་སྒོམ་བཟླས་རིན་པོ་ཆེའི་ཕྲེང་བ་ལས་སྒྲོལ་དཀར་བསྐྱེད་ཆོག་བཞུགས་སོ། །

p. 568

ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་མཆོག་ཏུ་ཡངས་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་ཏཱྃ་ཡིག་རིང་པོ་ཟླ་ཚེས་ཐེག་ལེ་དང་བཅས་པ་ལས་འོད་དཀར་པོ་འཕྲོ་བ། མཆན། གདན་ལ་ཏཱྃ་དཀར་པོ་གནས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དུས་མ་ཡིན་པའི་འཆི་བ་ལ་སོགས་པའི་འཇིགས་པ་བསལ། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་

p. 569

ཉིད་ཚེ་དཔལ་བསོད་ནམས་མཐའ་དག་འཕེལ་བར་བྱེད་བའི་བཅོམ་ལྡན་འདས་མ་སྟོན་ཟླའི་འོད་དང་མཚུངས་པའི་སྐུ་མདོག་དཀར་མོ་སྤྱན་དཀྱུས་རིང་ཞིང་འཛུམ་པའི་བཞིན་རས་ཡིད་དུ་འོང་བ། དབུ་ལ་སྤྱན་གསུམ་དང་ཕྱག་ཞབས་བཞིའི་མཐིལ་དུའང་སྤྱན་རེ་རེ་སྟེ། ཡེ་ཤེས་ཀྱི་སྤྱན་བདུན་ལྡན་པ། དབུ་སྐྲ་མཐོན་མཐིང་ཐོར་ཚུགས་སུ་བཅིངས་པའི་ལྷག་མ་གཡས་གཡོན་དུ་འཕྱང་བ། ལོ་བཅུ་དྲུག་ལོན་པའི་ལང་ཚོ་ནུ་འབུར་ཟུང་གིས་མཛེས་ཤིང་གཞོན་ཤ་ཅན་སྒེག་པའི་ཉམས་དང་

p. 570

ལྡན་པ། དུས་ཕལ་ཆེར་སྐུ་མི་གཡོ་བར་དྲང་པོར་བཞུགས་པ། ཕྱག་གཡས་མཆོད་སྦྱིན་ཕྱག་རྒྱ་དང་། གཡོན་མཐེབ་སྲིན་སྦྱར་བས་ཨུཏྤལ་དཀར་པོ་ཡལ་འདབ་རྒྱས་པ་ཐུགས་ཀར་བསྣམས་པ། དེའང་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པ། དབུས་ཀྱི་མེ་ཏོག་ཁ་ཤག་གིས་བྱེ་བ། གཡས་ཀྱི་རྩེ་མོར་མེ་ཏོག་བུད་པའི་འབྲས་བུ་དང་། གཡོན་གྱི་རྩེ་མོར་མེ་ཏོག་ཁ་མ་བྱེ་བ་བུམ་པར་ཡོད་པ། ལྷ་རྫས་གྱི་དར་གྱི་ཤམ་ཐབས་དང་། དབང་པོའི་གཞུ་ལྟར་བཀྲ་བའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་གསོལ་བ། རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དོ་ཤལ། འོག་པགས་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་མངའ་ཞིང་འོད་ཟེར་དཀར་

p. 571

པོ་འཕྲོ་བའི་ངང་ཚུལ་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་དུ་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཏཱྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཏཱཾ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་མའི་ཐུགས་ཀའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་

p. 572

བརྒྱད་པ་ལྟེ་བ་མུ་ཁྱུད་དང་བཅས་པ་འོད་དཀར་པོ་འཕྲོ་བ་ལྟེ་བར་ཏཱཾ་དཀར་པོ་གཡས་གཡོན་དུ་ཨོཾ་ཧཱའི་བར་དུ་རང་དང་བསྒྲུབ་བྱའི་མིང་གི་ཡི་གེ་རྩིབས་རྣམས་ལ་མདུན་ནས་གཡས་བསྐོར་དུ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཡིག་འབྲུ་རྣམས་རབ་ཏུ་དཀར་ཞིང་འོད་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་ཞིང་གང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས། ལྷ་དང་མིའི་འགྲོ་བ་རྣམས་ཀྱི་ཚེ་དང་བསོད་ནམས། བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་རྩི་སྨན་རིན་པོ་ཆེ་ལ་སོགས་པའི་ནུས་པ་མཐའ་དག་འོད་ཟེར་གྱི་རྣམ་པར་བསྡུས་ནས་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས། འཆི་བ་མེད་པའི་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་ཐོབ་པར་གྱུར། བསྙེན་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བསྙེན་པ་དང་ཤམ་བུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུཿཔུཎྱེ་ཛྙཱ་

p. 573

ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླའོ། །གཏོར་འབུལ་སོགས་ཁོངས། མཆན། བསྟོད་པ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མཚམས་སྦྱོར་དང་རྒྱུད་རིམ་སྦྲགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། གནས་སྐབས་སུ་ཚེའི་དངོས་གྲུབ་ཀྱི་ཆེད་དུ་རྗེ་བཙུན་མའི་རྗེས་སུ་གནང་བ་ཞུ་སྙམ་པའི་མོས་པ་དང་ལྡན་པས་ཉོན་ཅིག །དེ་ཡང་བླ་མ་བརྒྱུད་པའི་རིམ་པ་ནི། སྒྲོལ་མ། གསེར་གླིང་པ། ཇོ་བོ་ཡབ་སྲས། སྤྱན་སྔ་བ། སྒྲེ་པ་སྟེ་བཀའ་བབས་གཅིག །སྒྲོལ་མ། ངག་དབང་གྲགས་པ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། སླེ་ནག་པ། སྒྲེ་པ་སྟེ་འདིའི་དབང་ལུང་གི་བཀའ་བབས་གཅིག །༧ ཇོ་བོ་རྗེ། རྣལ་འབྱོར་པ། སྙུག་རུམ་པ་སྟེ་བཀའ་བབས་གཅིག །༧

p. 574

དེ་གསུམ་གས་རྗེ་སྒམ་པོ་ལ། དེ་ནས་རྗེ་དུས་མཁྱེན། རས་ཆེན་པ། སྤོམ་བྲག་པ། ཀརྨ་པ། ཨོ་རྒྱན་པ། རང་བྱུང་བ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། རྗེ་མཁའ་སྤྱོད་པ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་འགྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དེ་ལ་རྒྱལ་བ་དཀོན་མཆོག་ཡན་ལག །དཔའ་བོ་གཙུག་ལག་ཕྲེང་བ། སི་ཏུ་ཆོས་ཀྱི་གོ་ཆ། ཡོངས་འཛིན་རྣམ་རྒྱལ་གྲགས་པ་རྣམས་ཀྱིས་གསན་ཅིང་། དེ་བཞི་ཀའི་ཞལ་སྔ་ནས་བདག་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ལའོ། །གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་དང་། ས་སྐྱ་པའི་བླ་མ་དམ་པ་ནས་བརྒྱུད་པ་དང་། ཀརྨ་པཀྴི་ནས་བརྒྱུད་པ་སོགས་བཀའ་བབས་དྲུག་ཏུ་འདུས་པར་གདའ། དེ་ལ་དགེ་བཤེས་སླེ་ནག་པའི་ཞལ་ནས་

p. 575

འདི་ཟློ་ཤེས་ན་མགོ་སུག་ཕྲལ་ཡང་གལ་མེད། ཤ་དུམ་བུར་སོང་ཡང་མི་སྟོ་གསུངས་ཤིང་། རྗེ་སྒམ་པོ་པ་ལ་སྐུ་ཚེ་ལོ་གསུམ་ལས་མེད་པ་མཁའ་འགྲོའི་ལུང་བསྟན་བྱུང་བ་ལ། དགེ་བའི་བཤེས་གཉེན་སྒྲེ་པས་རོ་ཁུང་བྲུས་ཀྱང་འདིས་མི་བཟློག་པ་མེད་གསུངས་ནས་སྒྲུབ་ཐབས་འདི་གནང་བས་སྐུ་ཚེ་མཐར་ཕྱིན། དེས་ན་བརྒྱུད་པ་དང་ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་མའི་རྗེས་སུ་གནང་བ་ཞུ་སྙམ་པའི་བསམ་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས་ཤིག །

སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྐྱེད་ཆོག །མི་ཕམ་ཆོས་ཀྱི་དབང་ཕྱུག

p. 576
p. 577

སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྐྱེད་ཆོག་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་དུས་མཁྱེན་གྱི་ཐུགས་དམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ཡིག་ལྗང་སེར་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱྃ་ཡིག་ལྗང་གུ་འོད་འབར་བའི་འོད་ཀྱིས་སེམས་ཅན་གྱི་ཁམས་སྦྱངས་ནས་སྒྲོལ་མའི་གོ་འཕང་ལ་བཀོད། སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པའི་མཆོད་པ་ཕུལ། འོད་ཟེར་ཚུར་འདུས་ཏཱྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་

p. 578

རྗེ་བཙུན་སྒྲོལ་མ་ལྗང་གུ་མར་གད་ཀྱི་ཕུང་པོ་ལྟ་བུ། ཞལ་གཅིག་ཕྱག་གཉིས་མ་གཡས་མཆོད་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་པའི་མཐེབ་སྲིན་སྦྱར་བས་ཨཏྤལ་སྔོན་པོ་མེ་ཏོག་རབ་ཏུ་རྒྱས་པ་ཡིད་དུ་འོང་བ་སྡོང་བུ་དང་བཅས་པ་ཐུགས་ཀར་འཛིན་པ། བཅུ་དྲུག་ལོན་པའི་ལང་ཚོ་དར་བ་ནུ་མའི་དཀྱིལ་འཁོར་རྒྱས་ཤིང་མཁྲེགས་པ། འཛུམ་པའི་ཞལ་དང་། པདྨའི་འདབ་མ་ལྟར་ཡངས་པའི་སྤྱན་དང་ལྡན་ཞིང་། རྣམ་པར་བཀྲ་བའི་ལྷའི་དར་གྱི་ཤམ་ཐབས་དང་སྟོད་གཡོགས་གསོལ་བ། དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས་ཤིང་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སྐ་རགས། དོ་ཤལ་རྣམས་དང་གསེར་གྱི་གདུབ་བུས་མཛེས་པ། ཡིད་དུ་འོང་ཞིང་འོད་ཟེར་འཕྲོ་བ། ཞབས་གཉིས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་མདུན་ཕྱོགས་སུ་འོད་ཟེར་ཅན་

p. 579

སེར་མོ་རྡོ་རྗེ་དང་ཨ་ཤྭ་ཀའི་ཡལ་ག་འཛིན་པ། གཡས་སུ་རལ་གཅིག་མ་ཁྲོས་མའི་ཉམས་ཅན་གྲི་གུག་དང་ཐོད་པ་འཛིན་པ། རྒྱབ་ཏུ་རྨ་བྱ་ཆེན་མོ་སེར་མོ་རྔ་ཡབ་དང་རྨ་བྱའི་མདངས་འཛིན་པ། གཡོན་དུ་དུག་སེལ་མ་ལྗང་གུ་མཆོག་སྦྱིན་དང་སྦྲུལ་འཛིན་པ་སྟེ། བཞི་ཀའང་དར་དང་རིན་པོ་ཆེ་སོགས་རྒྱན་དུ་མས་སྤྲས་པའོ། །བདག་ཉིད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་དུ་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཏཱྃ་ལྗང་གུ། དེ་ལས་འོད་ཟེར་འཕྲོས་པས་སེང་ལྡེང་ནགས་དང་རི་བོ་གྲུ་འཛིན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་

p. 580

འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། དོན་གྲུབ་ཀྱིས་དབུ་རྒྱན་པར་གསུངས་པའང་ཡོད། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་ཡིག་གི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའི་ཡིག་འབྲུ་རྣམས་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་དང་འགྲོ་བ་ལྷ་དང་མིའི་ཚེ་བསོད་ནམས་དཔལ་འབྱོར་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་གྱུར། བསྙེན་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅི་ནུས་བཟླའོ། །བསྟོད་པ་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །

p. 581

བུད་མེད་རིན་ཆེན་ཡིད་འོང་རྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། འདིའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། དགའ་བའི་རྡོ་རྗེ། རྡོ་རྗེ་གདན་པ། ཨ་བྷཱ་ཡ་ཀ་ར། བཻ་རོ། དུས་གསུམ་མཁྱེན་པ། རས་ཆེན་པ། སྤོམ་བྲག་པ། ཀརྨ་པ། གཉན་རས་པ། རང་བྱུང་བ། རི་ཁྲོད་པ། མཁའ་སྤྱོད་པ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། དྲུང་གོ་ཤྲི་པ། རྗེ་བདུན་པ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག །དེས་བདག་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ལའོ།། །།

སློབ་དཔོན་ཙནྡྲ་གོ་མིའི་ལུགས་འཇིག་རྟེན་གསུམ་གཡོ་བར་བྱེད་པའི་སྒྲོལ་མའི་བསྐྱེད་ཆོག །མི་ཕམ་ཆོས་ཀྱི་དབང་ཕྱུག

p. 582
p. 583

སློབ་དཔོན་ཙནྡྲ་གོ་མིའི་ལུགས་འཇིག་རྟེན་གསུམ་གཡོ་བར་བྱེད་པའི་སྒྲོལ་མའི་བསྐྱེད་ཆོག་ནི། ཨོཾ་སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་འདབ་མ་རབ་ཏུ་རྒྱས་པའི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱྃ་ཡིག་དམར་སེར་འོད་ཟེར་འཕྲོ་བའི་འོད་ཀྱིས་སངས་རྒྱས་རྣམས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས།

p. 584

བདག་ཉིད་བཅོམ་ལྡན་འདས་མ་འཇིག་རྟེན་གསུམ་གཡོ་བའི་སྒྲོལ་མ་ཞལ་བཞི་ཕྱག་བརྒྱད་དང་ལྡན་པའི་སྐུ་དང་། རྩ་ཞལ་དམར་སེར་གུར་གུམ་གྱི་མདོག་ཅན། གཡས་ཞལ་ལྗང་གུ། གཡོན་ཞལ་དམར་པོ། རྒྱབ་ཞལ་དཀར་པོ་རྣམས་འཛུམ་པའི་མདངས་དང་ལྡན་ཞིང་ཞི་བའི་སྤྱན་གཉིས་གཉིས་ཀྱིས་མཛེས་པ། ཕྱག་གཡས་ཀྱི་དང་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཞན་རྣམས་རིམ་པ་བཞིན་དུ། ཉི་མ་དང་། གདུགས་དང་། དུང་དཀར་པོ་འཛིན་པ། གཡོན་གྱི་དང་པོས་ཨུཏྤ་ལའི་མེ་ཏོག་འབྲས་བུ་རབ་ཏུ་རྒྱས་པའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། གཞན་རྣམས་རིམ་པ་བཞིན་དུ་ཞགས་པ་དང་། ཕྲེང་བ་དང་། གོ་ཁྲབ་འཛིན་པ། ལྷའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་བྱས་པ། དབུ་སྐྲ་རལ་པ་སྤྱི་བོར་བཅིངས་པ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་

p. 585

རྒྱན་དང་། སྙན་རྒྱན་དང་། མགུལ་རྒྱན་དང་། དོ་ཤལ་དང་། ཕྱག་ཞབས་ཀྱི་གདུབ་བུ་དང་། འོག་པགས་ཏེ་རྒྱན་དུ་མས་བརྒྱན་པ། ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ་མཚན་ཉིད་དང་ལྡན་ཞིང་གཟི་བརྗིད་འབར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཏཱཾ་ལས་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་གྱེན་དུ་

p. 586

འཁྱིལ་བ་ལས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་གི་མཐར། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ཡ། མོ་ཧཱ་ཡ། བྷནྡྷ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མ་མ་ཀྲྀ་ཏེ་སརྦ་དུཥྚཾ་པྲ་དུཥྚཾ། ན་ཡ། ཛཾ་བྷ་ཡ། སྟཾ་བྷ་ཡ། བནྡྷ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་པའི་ཡིག་འབྲུ་རྣམས་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་དང་། འགྲོ་བ་ལྷ་དང་མིའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་གྱུར། བསྙེན་པ་ནི་གོང་གི་སྔགས་ཅི་ནུས་བཟླ། བསྟོད་པ་ནི། འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་མ། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད་པའི་ལྷ། །

p. 587

འཇིག་རྟེན་གསུམ་གྱི་འདྲེན་པ་ཁྱོད་ཉིད་ལ། །བདག་ཅག་གུས་པས་ཕྱག་འཚལ་བསྟོད་པར་བགྱི། །ཞེས་བསྟོད། འདིའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་འཕགས་མ་སྒྲོལ་མ། ཙནྡྲ་གོ་མཱི། སཱུརྱ་གུཔྟ། ཙནྡྲ་གརྦྷ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། ངག་གི་དབང་ཕྱུག་གྲགས་པ། དད་བྱེད་གོ་ཆ། དེ་ཝཱི་སྲུང་བ། དཱ་ན་ཤྲཱི། མཉྫུ་ཤྲཱི། དེ་ཡན་པཎྜི་ཏ་རྣམས་ཡིན་ཞིང་། དེ་ནས་མལ་གྱོ་ལོ་ཙཱ་བ། ཆོས་རྗེ་དབང་ཕྱུག་རིན་ཆེན། ཆོས་རྗེ་དྷརྨ་སེང་ཧ། ཆོས་རྗེ་མ་ཏིསྠི་ར། ཆོས་རྗེ་ནམ་མཁའ་ཀཱིརྟི། ཆོས་རྗེ་འཕགས་པ་རིན་ཆེན། ཆོས་རྗེ་མཁན་ཆེན་པ། ཆོས་རྗེ་བྱང་པ། ཆོས་རྗེ་མཆོག་ལྡན་པ། ཆོས་རྗེ་དཔལ་ལྡན་སེང་གེ ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཐོག་སྟོན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་པ་འབྱུང་གནས། ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་རིན་ཆེན། ཆོས་རྗེ་དགེ་འདུན་རྒྱ་མཚོ། ཆོས་རྗེ་ཡོན་ཏན་རྒྱ་མཚོ། གྲུབ་ཐོབ་དེ་ཝི་རི་པ། ཆོས་རྗེ་སྨོན་ལམ་བཟང་པོ། སློབ་དཔོན་རིན་ཆེན་དཔལ་བཟང་། མཚུངས་མེད་མི་བསྐྱོད་རྡོ་རྗེ། སི་ཏུ་ཆོས་ཀྱི་གོ་ཆ། དེས་བདག་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ལའོ།། །།

འཇམ་དབྱངས་དམར་སེར་ཡབ་ཡུམ་གྱི་བསྐྱེད་ཆོག །མི་ཕམ་ཆོས་ཀྱི་དབང་ཕྱུག

p. 588
p. 589

འཇམ་དབྱངས་དམར་སེར་ཡབ་ཡུམ་གྱི་བསྐྱེད་ཆོག་ནི། རྗེ་བརྒྱད་པའི་བཞེད་པ་ལྟར། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སེང་གེ་སྔོན་པོའི་སྟེང་དུ། པཾ་ལས་པདྨ་ཨ་ལས་ཟླ་བ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པ་དྷཱིཿཡིག་དམར་སེར་ཉི་མའི་ཁ་དོག་ཅན་དུ་གྱུར་པ་ལས་ཚད་མེད་པའི་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་མ་རིག་པའི་མུན་པ་བསལ། ཚུར་འདུས་རལ་གྲི་ཡུ་བ་ལ་དྷཱིཿས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་འཇམ་དཔལ་སྨྲ་བའི་སེང་གེ་སྐུ་

p. 590

མདོག་དམར་པོ་ཉི་མ་བྱེ་བ་གྲངས་མེད་པའི་འོད་ཟེར་ཡང་ཟིལ་གྱིས་གནོན་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ལང་ཚོ་ཤིན་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་ཨུཏྤ་ལའི་སྡོང་བུ་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་པས་འཛིན་པའི་ལྟེ་བ་དང་འདབ་མ་རབ་ཏུ་རྒྱས་པ། ཕྲག་པ་གཡས་གཡོན་གྱི་སྟེང་དུ་རྣམ་པར་བྱེ་བའི་དབུས་སུ་ཤེས་རབ་ཀྱི་རལ་གྲིའི་ཡུ་བ་དྷཱིཿས་མཚན་པ་དང་ཤེར་ཕྱིན་གྱི་གླེགས་བམ་འཛིན་པ། ཞི་བ་འཛུམ་པ་སྒེག་པའི་ཉམས་དང་ལྡན་པ། དབུ་སྐྲ་མཐོན་མཐིང་ལྟར་གནག་པའི་ཕྱེད་ཐོར་ཚུགས་དར་དམར་པོས་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོས་མཚན་པ། ཕྱེད་ཟུར་ཕུད་ལྔ་དང་ལྡན་པ། སྐུ་རྒྱབ་དང་ཕྲག་པར་འཕྱང་བ། ལྷའི་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པའི་མདུན་ཤར་དང་

p. 591

གཡས་གཡོན་རྒྱབ་ཏུ་པདྨ་ཉི་ཟླའི་གདན་ལ་ཧྲཱིཿཡིག་སྔོ་དཀར་སེར་དམར་ལྗང་བའི་ཁ་དོག་ཅན་ལས་འོད་ཟེར་འཕྲོས་པས་འགྲོ་བ་ཐམས་ཅད་ཀྱི་མི་ཤེས་པ་བསལ་ནས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རལ་གྲིའི་ཡུ་བ་དྷཱིཿས་མཚན་པ་ལས་མདུན་དུ་ལྷ་མོ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ཤར་དུ་དཀར་མོ། ལྷོར་སེར་མོ། ནུབ་ཏུ་དམར་མོ། བྱང་དུ་ལྗང་མོ་རྣམས་རབ་ཏུ་མཛེས་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ནུ་འབུར་ཟུང་གིས་མཛེས་པ། དབུ་སྐྲ་མཐོན་མཐིང་ཕྱེད་ཐོར་ཚུགས་སུ་བྱས་པ། དར་སྣ་ཚོགས་ཀྱིས་བཅིངས་པའི་རྩེར་ནོར་བུ་དབང་གི་རྒྱལ་པོ་འཆང་བ། ཕྱེད་ཟུར་ཕུད་ལྔ་དང་ལྡན་པ་ལ་རིན་པོ་ཆེ་སྣ་ཚོགས་པ་འཕྱང་བ། གཡས་རལ་གྲི་དང་གཡོན་པོ་ཏི་འཛིན་པ། རབ་ཏུ་འཛུམ་པའི་ཞལ་གྱིས་འཇམ་དཔལ་ལ་འདུད་པ། སྒེག་ཅིང་ཆགས་པའི་

p. 592

ཉམས་དང་ལྡན་པ། ལྷའི་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བཀླུབས་པ། ཡབ་ཡུམ་དྲུག་ཀའང་རོལ་པའི་སྟབས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་ཡབ་ལ་མི་བསྐྱོད་པ། ཡུམ་ལྔ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་

p. 593

གྱུར། འཇམ་དཔལ་གྱི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཉི་གདན་ལ་རལ་གྲི་རྩེ་མོ་གྱེན་བསྟན་འོད་ཟེར་འཕྲོ་བའི་ཡུ་བ་དྷཱིཿདམར་པོ་དང་དབྱངས་ཅན་མ་ལྔའི་ཐུགས་ཀར་ཟླ་གདན་ལ་རལ་གྲི་སོ་གྱེན་བསྟན་གྱི་ཡུ་བ་ལ་ཧྲཱིཿསོ་སོའི་ཁ་དོག་ཅན་གྱི་མཐར། ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། ནམ་མཁའི་མཐར་གཏུགས་འགྲོ་བ་ཐམས་ཅད་ཀྱི་མ་རིག་པ་བཅོམ་ནས་འཇམ་དཔལ་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་གྱུར། བསྙེན་པ་ནི་གོང་གི་སྔགས་ཅི་ནུས་བཟླའོ། །བསྟོད་པ་ནི། དཔལ་ལྡན་གཞོན་ནུའི་ལང་ཚོ་ཅན། །འཇམ་པའི་གསུང་གི་དབྱངས་ལྡན་པས། །འགྲོ་འདི་དགེ་བར་སྐྱོང་མཛད་ལ། །གུས་པ་ཆེན་པོས་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་རྒྱ་མཚོའི་

p. 594

འགྱིང་རོལ་ན། །རྡོ་རྗེ་ཕག་མོ་བདེ་བ་ཅན། །དབྱངས་ཅན་བཅོམ་ལྡན་འདས་མ་ལ། །གུས་པ་ཆེན་པོས་བསྟོད་པར་བགྱི། །ཞེས་པས་བསྟོད། འདིའི་དབང་ལུང་གི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་ཉི་མའི་ཤིང་རྟ། རིག་བྱེད་གཞོན་ནུ། དམ་པ་རྒྱ་གར། མ་གཅིག་ལབ་ཀྱི་སྒྲོན་མ། སྲས་ཁམ་བུ་ཡང་ལེ། གྲུབ་ཆེན་ཡེ་ཤེས་འབར། གནམ་མཚོ་བ་རས་པ་ཆེན་པོ། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། དར་མ་རྒྱལ་མཚན། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རིན་ཆེན་བཟང་པོ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། སངས་རྒྱས་གཉན་པ། རྗེ་བཙུན་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །དེས་བདག་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ལའོ།། །།

འཇམ་དཔལ་ཨ་ར་པ་ཙའི་བསྐྱེད་ཆོག །ཀརྨ་པ་དབང་ཕྱུག་རྡོ་རྗེ།

p. 595

འཇམ་དཔལ་ཨ་ར་པ་ཙའི་བསྐྱེད་ཆོག་ནི། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། ཆོས་རྣམས་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས་སྣ་ཚོགས་པདྨ་འདབ་མ་རབ་ཏུ་རྒྱས་པའི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་དྷཱིཿཡིག་དམར་སེར་གུར་གུམ་གྱི་མདོག་ཅན་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་འོད་ཀྱིས་རྒྱལ་བ་རྣམས་མཉེས་པར་བྱས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་མི་ཤེས་པའི་མུན་པ་མ་ལུས་པ་བསལ་ནས། འོད་ཟེར་ཚུར་

p. 596

འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་གུར་གུམ་གྱི་གེ་སར་རམ་ཉི་མ་འཆར་ཀའི་མདངས་ལྟར་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཞི་འཛུམ་བརྗིད་པའི་ཉམས་ཅན། ཕྱག་གཡས་པས་མི་ཤེས་པའི་དྲ་བ་གཅོད་པའི་ཡེ་ཤེས་ཀྱི་རལ་གྲི་ནམ་མཁའ་ལྟར་སྔོ་བ་ཕྲག་གོང་དུ་འཕྱར་ཞིང་། གཡོན་པས་ཨུཏྤལ་མཐིང་གའི་རྩ་བ་ཐུགས་ཀར་བཟུང་ནས་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གླེགས་བམ་འཛིན་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་དར་ལ་བབ་ཅིང་ཟླ་བའི་རྒྱབ་ཡོལ་ཅན། རལ་པའི་ཅོད་པན་སྤྱི་གཙུག་ཏུ་བཅིངས་ཤིང་

p. 597

ཟུར་ཕུད་གཡོན་ངོས་སུ་འཕྱང་བ། འོད་ཟེར་གྱི་ཕུང་པོའི་དབུས་ན་སྣང་ལ་རང་བཞིན་མེད་པའི་སྐུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རིགས་ལྔ་འཁོར་བཅས་སྤྱན་དྲངས་། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་ཆུ་རྒྱུན་གྱིས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། རང་གི་སྙིང་གར་པདྨ་དང་ཟླ་

p. 598

བའི་སྟེང་དུ་དྷཱིཿཡིག་དམར་སེར་གྱི་མཐར། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པའི་ཡིག་འབྲུ་གཡས་བསྐོར་དུ་འཁོར་བས། མི་ཤེས་པའི་མུན་པ་བསལ་ནས་ཡེ་ཤེས་ཀྱི་སྣང་བས་ཁྱབ་པར་བྱས་ཏེ་མཁྱེན་རབ་ཕུན་སུམ་ཚོགས་པར་གྱུར། བསྙེན་པ་ནི། གོང་གི་སྔགས་ཅི་ནུས་བཟླའོ། །བསྟོད་པ་ནི། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། འདིའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། གསང་བདག་ཕྱག་ན་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། ཨ་བྷྱ་ཡཱ་ཀ་ར། འདྲེན་པའི་ཞབས། པཎྜི་ཏ་གོ་ཏ་མ་ཤྲཱི། པཎྜི་ཏ་ཀཱིརྟི། ལོ་ཙཱ་བ་ཀཱིརྟི་དྷཱ་ཛ། སློབ་དཔོན་རིན་ཆེན་འབྱུང་ལྡན། བླ་མ་རིན་ཆེན་གོང་པ། སློབ་དཔོན་བསོད་ནམས་འཕེལ། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ཀུན་དགའ་རིན་ཆེན། མཁན་ཆེན་བསོད་ནམས་མཆོག་གྲུབ། བླ་མ་དགེ་འདུན་རྒྱལ་མཚན། བླ་མ་བྱམས་པ། གྲུབ་ཆེན་ཀཱིརྟི་ཤྲཱི། སི་ཏུ་ཆོས་ཀྱི་གོ་ཆ། དེས་བདག་བཛྲེ་ཤྭ་ར་ལའོ།། །།

དབང་གི་སྤྱི་བཤད་མཚམས་སྦྱོར་ཞྭ་དམར་བཞི་པའི་དབང་ཆིངས་ལས་ཕྱུང་བ།

p. 599

དབང་གི་སྤྱི་བཤད་མཚམས་སྦྱོར་ཞྭ་དམར་བཞི་པའི་དབང་ཆིངས་ལས་ཕྱུང་བ་བཞུགས་སོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ། དེའི་ཆེད་དུ་དབང་བསྐུར་ཟབ་མོ་གསན་སྙམ་དུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེའང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་དེ་ཉིད་ཀྱིས་གདུལ་བྱའི་དོན་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་

p. 600

ཧྲིལ་གྱིས་དྲིལ་ན། གང་ཟག་དབང་པོ་དམན་པ་ཟབ་ལམ་གྱི་སྣོད་དུ་མ་གྱུར་པ་རྣམས་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་བསྟན་ཅིང་། གང་ཟག་དབང་པོ་ཡང་རབ་ཟབ་དོན་གྱི་སྣོད་དུ་གྱུར་པ་རྣམས་ལ་སྔགས་ཀྱི་ཉེ་ལམ་རྨད་དུ་བྱུང་བ་རྣམས་བསྟན་པར་མཛད་པ་ལས། འདིར་སྔགས་ཀྱི་ལམ་རིམ་ཉིད་སྟོན་པའི་སྐབས་ཡིན་ཞིང་། དེ་ལའང་སྨིན་གྲོལ་གྱི་ལམ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་ཀྱི་དབང་འཆད་པའི་སྐབས་ཡིན། དེ་ཡང་རང་ཉིད་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་ཞུགས། བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་བླངས་ཏེ་མྱུར་བ་ཉིད་དུ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པ་དག་གིས། ཐོག་མར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་མཉེས་པར་བྱས་ཏེ་སྨིན་བྱེད་ཀྱི་དབང་ལེགས་པར་ཐོབ་པར་བྱས། དེ་ཡི་སྒོ་ནས་རིམ་པ་གཉིས་ལ་ནན་ཏན་བྱས་ན་མཆོག་དང་ཐུན་

p. 601

མོང་གི་དངོས་གྲུབ་ཐོབ་ཀྱི། གཞན་ཞིག་ཏུ་ཇི་ཙམ་འབད་ཀྱང་དངོས་གྲུབ་མི་ཐོབ་སྟེ། ཕྱག་ཆེན་ཐིག་ལེ་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ན་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །རྡོ་རྗེ་སློབ་དཔོན་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་སོགས་རྒྱུད་རྣམས་ལས་མང་དུ་གསུངས་ཤིང་། དེར་མ་ཟད་དབང་ལེགས་པར་ཐོབ་ནས་དམ་ཚིག་མ་ཉམས་ན་ལམ་ཆེད་དུ་མ་བསྒོམས་ཀྱང་སྐྱེ་བ་བདུན་ནམ་བཅུ་དྲུག་ལ་ངེས་པར་དངོས་གྲུབ་ཐོབ་པར་གསུངས་ཏེ། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་སངས་

p. 602

རྒྱས་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་དབང་ལའང་དབང་དང་རྗེས་གནང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། ད་རེས་བཅོམ་ལྡན་འདས་ཆྒཻ་མོའི་རྗེས་སུ་གནང་བ་སྦྱིན་པ་ཡིན་པས། བླ་མ་བཅོམ་ལྡན་འདས་ཆྒཻ་མོ་ཐ་མི་དད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།

གཅིག་ཤེས་ཀུན་གྲོལ་འབྲིང་པོ་ལྟར་དབང་བསྐུར་བྱ་ཐབས། མཁས་གྲུབ་ཀརྨ་ཆགས་མེད།

p. 603

༄༅། །གཅིག་ཤེས་ཀུན་གྲོལ་འབྲིང་པོ་ལྟར་དབང་བསྐུར་བྱ་ཐབས་བཞུགས་སོ། །

p. 604

དེ་ནས་དབང་བསྐུར་བ་ནི། སྔོན་འགྲོ་གཏོར་མ་བཏང་། བགེགས་བསྐྲད། ལས་བུམ་གྱི་ཆུས་ཁྲུས་བྱས། ཆབ་བླངས། མཎྜལ་ཕུལ། དབང་བཤད་ཅི་རིགས་བརྗོད་ནས། ད་ལམ་བླ་མ་ཡི་དམ་ཆྒཻ་མོ་ཐ་མི་དད་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། བདག་ལ་ཆྒཻ་མོ་ཡི། །དབང་དང་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། ཁྱེད་རང་སློབ་མ་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་ཆྒཻ་མོ་དབྱེར་མེད་

p. 605

པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་

p. 606

ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ལས་བུམ་གྱི་ཀུ་ཤས་སློབ་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས། ལྷ་གང་ཡིན་བསྐྱེད་ལ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། ད་ཁྱེད་རང་དབང་ལེན་པ་པོ་རྣམས་ཡི་དམ་འདི་ཞེས་བྱ་བར་གསལ་བཏབ་ནས། གང་ལས་དབང་བླང་བའི་ཡུལ་གསལ་གདབ་པ་ནི། ཁྱེད་རང་གི་མདུན་དུ་བཤམས་པའི་མདུན་བསྐྱེད་ཀྱི་དམིགས་རྟེན་མཎྜལ་དབུས་ཀྱི་ཚོམ་བུ་སྐུ་བརྙན། འདིར་བཤམས་པའི་བུམ་པ་གཏོར་མ་དང་བཅས་པ་འདི་ཡང་སྐད་ཅིག་གིས་ཡི་དམ་འདི་ཞེས་བྱ་བའི་གནས་གསུམ་ཡི་གེ་གསུམ་དང་བཅས་པ་གསལ་ཐོབ་ལ། སློབ་དཔོན་ཡང་དེར་

p. 607

གསལ་བ་ལ་མོས་འདུན་རྩེ་གཅིག་ཏུ་བྱས་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། ཡི་དམ་ཆྒཻའི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་ཆྒཻའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་རང་བབས་སུ་ཞོག །རོལ་མོ་དང་བཅས་སྙིང་པོའི་མཐར་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། ལན་གསུམ་མམ་བདུན་བརྗོད། རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ལས། ༈ དང་པོ་སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་

p. 608

མའི་བཀའ་དྲིན་གྱིས། །བདག་ལ་ཆྒཻ་ཡི། །སྐུ་ཡི་དབང་མཆོག་བསྩལ་དུ་གསོལ། གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཁྱེད་རང་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་ལྷ་རྣམས་སྤྱན་དྲངས་ནས་དབང་བསྐུར་བར་གྱུར། བུམ་པ་ལག་ཏུ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུ་བླུད། ཀུ་ཤས་སྤྱི་བོར་གཏོར་ཞིང་། དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་ཆྒཻས་དབུ་བརྒྱན་པར་གྱུར། བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ལུས་ལ་གནོད་པའི་ནད་གདོན་ཐམས་ཅད་ཞི། ལུས་ལྷའི་སྐུར་བསྒོམ་

p. 609

པར་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་དེ་སྐུའི་རྗེས་གནང་ཡིན། ༈ གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཆྒཻ་ཡི། །གསུང་གི་དབང་བསྐུར་བསྩལ་དུ་གསོལ། གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་འཁོར་བར་བསྒོམས་ལ་འདིའི་རྗེས་ཟློས་མཛོད། སྔགས་ལན་གསུམ་དང་ཕྲེང་བ་ལག་འགྲིམ་བྱེད། ད་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་བསམས་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །

p. 610

རྩ་སྔགས་ལན་གསུམ། སློབ་དཔོན་གྱིས། སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། རོལ་མོ་དང་བཅས་ཕྲེང་བ་རྡོ་རྗེ་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་ཆྒཻའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། ངག་སྔགས་བཟླ་བར་དབང་། འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་

p. 611

དེ་གསུང་གི་རྗེས་གནང་ངོ་། །༈ གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཆྒཻ་ཡི། །ཐུགས་ཀྱི་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷའི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་ཕྱག་མཚན་དུ་མ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཆྒཻའི་ཐུགས་ཀྱི་དངོས་གྲུབ་ཐོབ་སྙམ་པ་གྱིས་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག །རྡོ་རྗེ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །རྡོ་རྗེ་སློབ་མའི་སྙིང་གར་བཞག་ཅིང་། ས་

p. 612

མ་ཡ་སྟྭཾ། ཞེས་དང་། བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་དེ་ཐུགས་ཀྱི་རྗེས་གནང་ཡིན་ནོ། །༈ བཞི་པ་ཡོན་ཏན་གྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཆྒཻ་ཡི། །ཡོན་ཏན་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས། ཁྱེད་རང་རྣམས་ལྷ་ཆྒཻའི་སྐུར་གསལ་བ་ལ། སློབ་དཔོན་ཡང་དེར་གསལ་བས་ཆྒཻའི་ཕྱག་མཚན་འདི་གཏད་པས་ལྷ་འདི་དང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དངོས་གྲུབ་ཐོབ་སྙམ་པ་གྱིས། འདི་ནི་ཆྒཻའི་

p. 613

ཕྱག་མཚན་ཏེ། །ཁྱོད་ཀྱིས་རྟག་ཏུ་བཅང་བས་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །རྩ་སྔགས་དང་གུ་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ཕྱག་མཚན་སློབ་མའི་ལག་གཡས་གཡོན་དུ་བཞག །བཀྲ་ཤིས་བརྗོད། དེས་བསགས་པ་སྙོམས་འཇུག་གི་སྒྲིབ་པ་དག །སྒོ་གསུམ་ཆ་མཉམ་ལ་གནོད་ཅིང་འཚེ་བ་ཐམས་ཅད་ཞི། གནས་སྐབས་ལམ་གྱི་ཡོན་ཏན་ཐམས་ཅད་བསྒྲུབ་པ་ལ་དབང་། མཐར་ཐུག་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བའི་སྐལ་བ་ཅན་དུ་བྱས་པ་དེ་ཡོན་ཏན་གྱི་རྗེས་གནང་ཡིན། ༈ ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །

p. 614

བདག་ལ་ཆྒཻ་ཡི། །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས་བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་མཐིང་ག །ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་ཀྱི་འོད་ཟེར་ལྗང་གུ་རྣམས་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་ནད་གདོན་བར་ཆད་ཐམས་ཅད་ཞི། ཚེ་དང་བསོད་ནམས་ཐམས་ཅད་རྒྱས། སྣང་སྲིད་དབང་དུ་འདུས། དགྲ་བགེགས་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པར་སྒོམས་ཤིག །སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱིས་རབ་བསྒྲུབ་ཕྱིར། །ཕྲིན་ལས་དབང་

p. 615

འདི་ཁྱོད་ཀྱིས་ལོངས། །ལས་བཞིའི་ཙཀླི་གཏད་པའམ། མེད་ན་གཏོར་མ་མགོར་བཞག །རྩ་སྔགས་ཀྱི་མཐར། ཀརྨ་ཨ་བྷི་ཥིཉྩ་ཨཱཿ བཀྲ་ཤིས་བརྗོད། དེས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །སྒོ་གསུམ་ལ་གནོད་པའི་འགལ་རྐྱེན་ཞི། ལས་རབ་འབྱམས་བསྒྲུབ་པར་དབང་། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་ལ་དབང་འབྱོར་བའི་སྐལ་བ་ཅན་དུ་བྱས་པ་དེ་ཕྲིན་ལས་ཀྱི་དབང་ཡིན། བྱ་སྤྱོད་རྒྱུད་ལ་གཏོར་དབང་མ་གསུངས་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡོད། ༈ ད་གཏོར་མ་འདི་ཉིད་རྒྱས་པར་མངོན་རྟོགས་བརྗོད་ལ། བསྡུ་ན་འདི་ཞེས་བྱ་བར་གསལ་ཐོབ་ལ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས། ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་

p. 616

ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཅེས་གཏོར་མ་ལག་ཏུ་ཐོགས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ སློབ་མ་ཉུང་ན་འདི་ཡན་མགོར་བཞག །ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི་ལ་སོགས་པ་དོན་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་ཆོས་འདི་ཉིད་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་ཐམས་ཅད་དང་། ལྷ་གང་ཡིན་བརྗོད་ལ། ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་

p. 617

ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་གཉན་དང་ཐེའུ་རང་གི་གནོད་པ་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་དབང་དུ་འདུ་བར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་བཟུང་སྟེ་ཚེ་

p. 618

རབས་ཐམས་ཅད་དུ་ཆྒཻས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷ་མཛོད། ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། སོ་སོའི་སྔགས་གསུམ་མམ་གྲངས་ཅི་རིགས་བརྗོད་ལ། སློབ་མ་ཉུང་ཙམ་ལ་རེ་རེའི་མགོར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས་དང་ཤོ་ལོ་ཀ་དང་སྔགས་བརྗོད། ཁྲོམ་མང་ལ་རེ་རེའི་མགོར་སྔགས་ཚར་རེའོ། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཆྒཻའི་བདེན་པ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། ཆྒཻའི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་བསྒོམ། བཀྲ་ཤིས་བརྗོད། འོ་དེས་

p. 619

ཆྒཻའི་དབང་ལེགས་པར་ཐོབ་པ་ཡིན་པས་དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷར་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་བཅུག །དེ་ལྟར་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས་བརྗོད། སློབ་མ་རྣམས་གྱེས་སོ། །རྗེ་དབང་ཕྱུག་རྡོ་རྗེས་བསྩལ་བའི་དབང་གཅིག་ཤེས་ཀུན་གྲོལ་འབྲིང་པོ་ལ། ཅུང་ཟད་ཅིག་ཕྱག་ལེན་གྱིས་རྒྱས་པར་བྱས་ཤིང་ཁྱེར་བདེ་བར། དགེ་སློང་ཀརྨ་ཨ་རཱ་གས་ཁོལ་དུ་ཕྱུང་བ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་འགྲོ་ཀུན་སྨིན་ཅིང་གྲོལ་ནས་ཁྱད་པར་འདི་ལ་འབྲེལ་བ་ཐོག་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །མངྒ་ལཾ། དགེའོ།། །།

འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།

p. 620

༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

p. 621

འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །

Pecha page