དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།
མཆོག་དངོས་གྲུབ་པ་འབའ་རོམ་བཀའ་བརྒྱུད་ཀྱི་མགུར་མཚོའི་ཁོག་དབུབ་ལེགས་བཤད་ཞི་བའི་སྒྲ་དབྱངས་ཀུན་ཁྱབ་ལྷ་ཡི་རྔ་བོ་ཆེ། ཀརྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན།
༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{བཀའ་བརྒྱུད་མགུར་མཚོ་ཨེ་ཝྃ་}བཞུགས་སོ། །
༄༅། །མཆོག་དངོས་གྲུབ་པ་འབའ་རོམ་བཀའ་བརྒྱུད་ཀྱི་མགུར་མཚོའི་ཁོག་དབུབ་ལེགས་བཤད་ཞི་བའི་སྒྲ་དབྱངས་ཀུན་ཁྱབ་ལྷ་ཡི་རྔ་བོ་ཆེ་ཞེས་བྱ་བ་བཞུགས་སོ། །
ཨེ་མ་ཧོ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །འཛམ་གླིང་གྲགས་པ་དར་མ་དབང་ཕྱུག་དང་། །ཏི་ཤྲི་རས་པ་མཚུངས་མེད་རས་དཀར་བ། །ལུས་མེད་རྡོ་རྗེ་བློ་གྲོས་རྡོ་རྗེ་དང་། །བརྩོན་འགྲུས་དཔལ་བ་གླང་རས་རྒྱལ་མཚན་གྲགས། །སྐྱེས་མཆོག་བསོད་ནམས་བཟང་པོ་རིན་ཆེན་བཟང་། །པུཎྱེ་ཤྭ་ར་དྷརྨ་རསྨི་དང་། །ཀུན་དགའ་སྙིང་པོ་བསྟན་འཛིན་བཟང་པོ་དང་། །ཀརྨ་ཡེ་ཤེས་དོན་དམ་སྙིང་པོའི་མཚན། །ཀརྨ་ཚེ་བརྟན་རས་པ་ཆེན་པོའི་ཞབས། །བསྟན་པའི་སྙིང་པོ་ལུང་རིགས་རྒྱ་མཚོའི་དཔལ། །ཚེ་དབང་བདུད་འདུལ་དགེ་ལེགས་དཔལ་གྲུབ་མཚན། །ངེས་དོན་ཆོས་འཛིན་བསྟན་
འཛིན་རྣམ་པར་རྒྱལ། །སྒྲུབ་བརྒྱུད་ཆོས་དབྱངས་ཆོས་འགྲུབ་སེང་གེའི་མཚན། །ཚོགས་གཉིས་འོད་ཟེར་བདུད་འཇོམས་རྡོ་རྗེའི་ཞབས། །ཆོས་ཀྱི་སེང་གེ་ཀརྨ་མངྒ་ལ། །རྣལ་འབྱོར་དབང་པོ་མ་ཏི་རཏྣ་སོགས། །བཀའ་བརྒྱུད་བླ་མ་དཔལ་ལྡན་འབའ་རོམ་པའི། །རྣམ་ཐར་ཞལ་གདམས་མགུར་མ་རྣམས་བསྡུས་ཏེ། །མདོར་བསྡུས་ཙམ་ལ་འཐུས་པའི་ཚུལ་བསྟན་པ། །བརྗོད་པར་བྱེད་པ་སྤྲོ་བ་བསྐྱེད་པའི་རྒྱུ། །ཆོས་ཉིད་ལྟ་བས་ངོམས་པ་མེད་པ་ཡི། །གཙུག་ཏོར་ཁྱོད་ཀྱི་དབུ་ལ་ཚར་དུ་དངར། །མེས་པོས་བལྟ་འདོད་སྟེང་དུ་ཕྱོགས་ཀྱང་ཆེས། །ལྷག་མཐའ་དང་བྲལ་ཚངས་པའི་གནས་སུ་འཁོད། །འཇིག་རྟེན་འདས་པའི་བདེ་བར་གཤེགས་རང་རྣམས། །དོ་ཟླར་གྱུར་པ་མ་རྙེད་ཙམ་དུ་ནི། །བླ་མེད་དབྱིངས་ནས་དངོས་གྲུབ་ཆེ་འགྲུབ་པའི། །
གད་རྒྱངས་བཞད་མཛད་འབའ་རོམ་བཀའ་བརྒྱུད་བསྟོད། །དེའང་སྒྲོན་མེའི་བསྐལ་པ་བཟང་པོའི་འཇིག་རྟེན་གྱི་ཁམས་འདིར་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་གང་ཇི་སྙེད་ཅིག་བཞུགས་པ་ཀུན་གྱི་སྙིང་པོར་གྱུར་ཅིང་། ཁྱད་པར་ཟབ་གསང་རྡོ་རྗེ་ཐེག་པའི་རྒྱུད་རྣམས་ཀུན་གྱི་རྒྱལ་པོ། རིམ་དགུའི་ཐེག་པ་ཡོངས་ཀྱི་རྩེ་མོ་བྱང་ཆུབ་བླ་ན་མེད་པར་འཇུག་པའི་ཉེ་ལམ་དུ་གྱུར་པའི་ཕྱི་བཤད་རྒྱུད་ཀྱི་ཐེག་པ། ནང་མན་ངག་གནད་ཀྱི་གདམས་པ་ཟབ་ལམ་ནཱ་རོའི་ཆོས་དྲུག་བཀའ་བཞི་དོན་གྱི་བརྒྱུད་པ་སོགས་འཕགས་ཡུལ་གྲུབ་པའི་ཐུགས་མཛོད་དུ་བཞུགས་པ། སྔོན་ཆད་གངས་ཅན་གྱི་ལྗོངས་འདིར་འབྱོན་དུ་མ་བཏུབ་ཅིང་། རྒྱ་གར་འཕགས་པའི་ཡུལ་དུའང་ཁྱབ་བརྡལ་དུ་མ་གྲགས་པའི་སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེ་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བ་འདི་ཉིད། དགྱེས་མཛད་དངོས་བྱོན་མངའ་བདག་ལོ་ཙཱ་བ་ཆེན་པོས་བསིལ་ལྡན་གྲུབ་པའི་ལྗོངས་འདིར་ཤིང་རྟའི་ལམ་སྲོལ་ཆེན་པོ་གསར་དུ་ཕྱེས་ནས་ཐོག་མར་བསྟན་པའི་དབུ་བརྙེས་པ་ལ་མངའ་བདག་མར་པའི་བཀའ་བརྒྱུད་དུ་གྲགས། དེ་ཡི་ཐུགས་སྲས་ཡོངས་ཀྱི་གཙོ་བོ་ཐེག་མཆོག་གྲུབ་པའི་དབང་ཕྱུག་རྗེ་བཙུན་བཞད་པ་རྡོ་རྗེ་ཞེས་ས་གསུམ་འགྲོ་བའི་བླ་མ་
ཆེན་པོ་རུ་བྱོན་ཅིང་། དེ་ཡི་བསྟན་པའི་དཔལ་འཛིན་པ་ལ་འགྲན་པའི་ཟླ་མ་མཆིས་ཤིང་། རྒྱལ་བས་མདོ་སྡེ་དུ་མ་ནས་ལུང་གིས་བསྔགས་པའི་རྒྱལ་བ་གཉིས་པ་དྭགས་སྒོམ་ཟླ་འོད་གཞོན་ནུ་ཞེས་བསྐལ་བཟང་རྣམ་འདྲེན་བཞི་པ་ཉིད་སླར་ཡང་འཇིག་རྟེན་དུ་བྱོན་པ་ལྟ་བུའི་རྣམ་ཐར་དང་། ཕྲིན་ལས་ཀྱི་མཛད་པས་སྒྲུབ་བརྒྱུད་རྒྱལ་བསྟན་རིན་པོ་ཆེ་སྲིད་དང་ཞི་བའི་ཁྱོན་ཀུན་ཁྱབ་བརྡལ་དུ་མཛད་པ་ལ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཅེས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཡོངས་སུ་གླེང་ཞིང་། དེ་ཡི་འཁོར་དུ་གྲུབ་ཐོབ་ཁམས་པ་མི་གསུམ་སོགས་ཁམས་དབུས་གཙང་གསུམ་ནས་སྐལ་ལྡན་གྱི་སློབ་ཚོགས་རྒྱ་མཚོ་ལྟ་བུས་ཉེ་བར་བསྟེན་པའི་དབུས་ན་ཉམས་རྟོགས་ཀྱི་ཡོན་ཏན་ཀུན་ལས་མངོན་པར་མཐོ་ཞིང་། གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་ཅེས་བྱ་བ་བྱོན་ཅིང་། འདི་ཡི་བརྒྱུད་འཛིན་གྱི་གཙོ་བོ་འགྲོ་མགོན་ཏི་ཤྲི་རས་ཆེན་ནས་བཟུང་འདྲེན་མཆོག་དམ་པ་རྩ་བའི་བླ་མའི་བར་དུ་བརྒྱུད་པ་གསེར་གྱི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་ལ་འབའ་རོམ་བཀའ་བརྒྱུད་དུ་གྲགས་པའི་དབྱངས་ཀྱི་རྔ་བོ་ཆེས་ཞིང་རྣམས་ཀུན་ཏུ་རྒྱུ་ཞིང་། དེ་ལྟ་བུའི་སྔོན་བྱོན་གྲུབ་པའི་
དབང་པོ་རྣམས་ཀྱིས་གནས་སྣང་འཁོར་བའི་རྫུན་པོ་ཆེའི་ཕུག་བརྡིབས་ཏེ། ཕྱི་རྙེད་བཀུར་གྱི་འདུ་འཛི། ནང་གཉེན་འདུན་གྱི་འཛིན་པ། ཆོས་བརྒྱད་ཚེ་འདིར་ཞེན་པ་རང་ལོག་ཏུ་བོར་ནས། བརྒལ་དཀའ་སྲིད་པའི་ཁྲི་མུན་ལས་རིང་དུ་བྲོས་ཏེ། གནས་གཡའ་ཁྲོད་དང་། གངས་ལྗོངས། མཚོ་གླིང་དང་། བྲག་སྐྱིབས་སོགས་ངེས་མེད་བས་མཐའི་ནགས་སུ། ལུས་འགྲོ་འཆག་ལས་དབེན་པ་སྤང་གི་བེ་ཕུར་ལྟ་བུ། ངག་སྨྲ་བརྗོད་ལས་དབེན་པ་པི་ཝང་གི་སྦྲེང་ཐག་ཆད་པ་ལྟ་བུ། སེམས་རྣམ་རྟོག་གི་བྱུང་ཚོར་ལས་དབེན་པ་ལས་ཟིན་གྱི་སྐྱེས་བུ་བཞིན་དུ་དབེན་པ་གསུམ་གྱི་མཚམས་པོ་ཆེ་ལེགས་པར་བཅད་ནས། དུས་གསུམ་རྒྱལ་བ་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེའི་རྗེས་སུ་སྙེགས་ཏེ། བྱིན་རླབས་དོན་གྱི་བརྒྱུད་པ་གདམས་པ་སངས་རྒྱས་ལག་བཅང་དུ་ངོ་སྤྲད་པ་སྙིང་ལ་བརྣགས་ཏེ་རྩེ་གཅིག་སྒྲུབ་པའི་དམ་བཅའ་སྙིང་པོར་བཞེས་ནས། སྐུ་ཚེ་དེ་ཉིད་དུ་ཐེག་པ་མཆོག་གི་གསང་བ་བླ་ན་མེད་པར་གྲུབ་པ་ལ་རྩོད་པ་མེད་ཅིང་ཡུལ་སྣང་འཁྲུལ་པའི་འཁོར་ལོ་ཞེན་མེད་ཆོས་དབྱིངས་སུ་དག་ནས་སེམས་བྱུང་རྟོག་ཚོགས་ཀྱི་འཇུག་པ་དག་པ་ཡེ་ཤེས་ཆེན་པོར་གྲོལ་བས། རྩོལ་མེད་ཀྱི་བྱིན་རླབས་སྣོད་བཅུད་ཀུན་ལ་འཇུག་པར་
ནུས་པའི་མཐུ་ཐོབ་སྟེ། རང་སྣང་དབང་དུ་འདུས་པས་གཞན་སྣང་ཟིལ་གྱིས་གནོན་པའི་སྤྱོད་པ། སྐུ་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ་དང་། ངག་མགྲིན་པའི་རྩ་མདུད་རང་སར་གྲོལ་བས་རྡོ་རྗེའི་གླུ་མཛོད་རྡོལ། སྣང་བ་ཐམས་ཅད་བརྡ་དང་དཔེ་རུ་མཐོང་བས་གང་ཤར་དབྱངས་སུ་ལེན། རྗོད་བྱེད་ཚིག་གི་མཐའ་ཀུན་རྟོགས་པས་དེ་བཞིན་གཤེགས་པའི་གསུང་རབ་མ་ལུས་པ་འཆད་པ་དང་རྩོམ་པས་གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རང་དབང་ཐོབ་ཅིང་། ཐུགས་ཟག་བཅས་མཚན་མའི་སྤྲོས་པ་ལས་ཡོངས་སུ་གྲོལ་ནས་མ་བསླབ་པར་དགོངས་པའི་ཤེས་རབ་ཀློང་ནས་བརྡོལ། མངོན་པར་ཤེས་པ་ལ་ཐོགས་པ་མེད་པས་ཁམས་དབང་བསམ་པའི་བྱེ་བྲག་ཇི་ལྟ་བ་བཞིན་རིས་དང་ཕྱོགས་ལྷུང་མེད་པར་སྙིང་རྗེའི་གཞན་དབང་དུ་སོང་བས་བསམ་བཞིན་སྲིད་པའི་གནས་སུ་གདུལ་བྱ་བློ་གྲོས་དག་པའི་ཡིད་མཚོར་སྐལ་པ་དང་འཚམས་པའི་སྤྲུལ་པ་ཚད་མེད་པར་སྣང་ཞིང་། སྲིད་པ་དང་ཞི་བའི་མྱ་ངམ་གྱི་ཐང་དུ་འཁྱམས་པ་མཐའ་དག་དབུགས་འབྱིན་པ་གཡར་གྱིས་བཞེས་པ་བདག་གིར་མཛད་པའི་སྐྱེས་བུ་བགྲང་ལས་འདས་པ་སྔར་ཡང་བྱོན། ཕྱིས་ཀྱང་ཇི་སྲིད་རྒྱལ་བའི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་
བ་ལས། ད་ལན་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་དུ་གྱུར་པའི་རྒྱལ་བ་འབའ་རོམ་པའི་དོན་བརྒྱུད་རྟོགས་པའི་འདྲ་འབག་དོ་ཧ་རྡོ་རྗེའི་མགུར་ལེན་པ་ལ། ཐོག་མར་མགུར་གྱི་མཚན་ཉིད་དང་བྱུང་ཚུལ། བར་དུ་མགུར་ལེན་པའི་དུས་དང་དགོས་པ། ཐ་མ་མགུར་ཇི་ལྟར་བླངས་པའི་ཚུལ་དང་ལྔ་ལས། དང་པོ་མགུར་གྱི་མཚན་ཉིད་ནི། ལེན་པ་པོའི་ངག་གི་རིག་བྱེད་ཀྱི་བརྡ་ལས་བྱུང་བ། ཉན་པ་པོའི་སྣང་བ་དབང་དུ་བསྒྱུར་ཞིང་རྒྱུད་དགེ་བ་ལ་བསྐུལ་བའི་མཚན་ཉིད་དུ་བཤད་དོ། །གཉིས་པ་མགུར་ལེན་པའི་ཁུངས་ནི། ཧེ་རུ་ཀ་འདུས་པ་ལས། གླུ་དང་གར་གྱི་སྤྱོད་པ་ཀུན། །རྒྱལ་བའི་མཛད་པར་རབ་ཏུ་ངེས། །ཞེས་གསུངས་པ་བཞིན་རྒྱལ་བ་མ་ལུས་པའི་ཁྱབ་བདག་གསང་བ་བླ་ན་མེད་པའི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ཤེས་རབ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་ཟུང་འཇུག་བདེ་བ་ཆེན་པོའི་སྐུར་བཞེངས་ནས། ཧེ་རུ་ཀ་བརྟུལ་ཞུགས་གྲུབ་པའི་ཚོགས་ལ་དོན་དམ་མི་ཤིགས་རྡོ་རྗེའི་སྒྲ་དབྱངས་དུས་བཞི་མཉམ་པ་ཉིད་དུ་གསུངས་ཤིང་། རིགས་གསུམ་གདུལ་བྱའི་ཞིང་དུ་འདུལ་བྱེད་སྟོན་པ་བཅོམ་ལྡན་འདས་ཀྱིས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དག་ཀྱང་གསུང་ཚངས་པའི་དབྱངས་ཀྱིས་བསྙད་པ་དང་། དམ་པའི་ཆོས་འདུལ་བ་ལས་
ཀྱང་། དེ་བཞིན་གཤེགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་དབྱངས་ཀྱིས་བརྗོད་པར་བྱའོ། །ཞེས་དང་། མདོ་སྡེའི་སྡེ་སྣོད་རྣམས་ལས་ཀྱང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་བརྗོད་པ་དང་། དམ་པའི་ཆོས་སྟོན་པ་ན་ཚིག་ལྔའམ་དྲུག་གི་རྗེས་སུ་སྐྱེས་པའི་དབྱངས་ཀྱིས་འདོན་པར་བྱའོ། །ཞེས་གསུངས་ཤིང་། ཁྱད་པར་ཟབ་མོ་རྡོ་རྗེ་ཐེག་པའི་རྒྱུད་རྣམས་ཀུན་གྱི་ཡང་རྩེ་རྣལ་འབྱོར་མ་བདེ་བ་མཆོག་གི་རྒྱུད་ལས། རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཡང་དག་ཉིད་དུ་བརྗོད་པར་བྱ། །ཞེས་དང་། རྡོ་རྗེ་རྣལ་འབྱོར་མའི་རྒྱུད་ལས། དེ་ཚེ་ཉམས་ཀྱི་གླུ་ཡང་བླང་། །ཞེས་གསུངས་པ་སོགས་མཐའ་ཡས་ལ། གཞན་ཡང་དཔའ་བོ་དང་མཁའ་འགྲོ་མ་དགྱེས་པ་བསྐྱེད་པ་ཧེ་རུ་ཀ་རང་བྱུང་གི་གླུ། རྟོགས་པའི་ཡེ་ཤེས་མངོན་སུམ་སྟོན་པ་གྲུབ་ཐོབ་རྣམས་ཀྱི་དོ་ཧ། མོས་གུས་དང་སྙིང་རྗེ་རྩོལ་མེད་དུ་སྐྱེས་ཚེ་བླ་མའི་ཐུགས་རྒྱུད་བསྐུལ་བ་བླ་མ་རྒྱང་འབོད་ཀྱི་གླུ། ཉམས་མྱོང་རྒྱུད་ཐོག་ཏུ་ཁེལ་ནས་གང་ཤར་ལྷུག་པར་སྨྲ་བ་རྣལ་འབྱོར་པའི་ཉམས་གླུ། ཉམས་རྟོགས་ཀྱི་རྩལ་འབྱོངས་པའི་ཚེ་རྟོགས་པའི་སྐྱིད་གླུ། གང་ལ་ཡང་འཇིགས་པ་མེད་པའི་ཉམས་ཤར་བའི་ཚེ་སྣང་བ་ཟིལ་གནོན་གྱི་གླུ། འགྱོད་མེད་དུ་དགེ་སྦྱོར་
གྲུབ་ནས་བློ་བདེ་གུ་ཡངས་ཀྱི་གླུ། ཐམས་ཅད་མཉམ་ཉིད་དུ་རྟོགས་པ་འཁོར་འདས་རོ་མཉམ་གྱི་གླུ་སོགས་མཐའ་ཡས་པའོ། །གསུམ་པ་མགུར་ལེན་པའི་དུས་ནི། དུས་གསུམ་རྒྱལ་བ་མཆོད་པ་བས། །བླ་མ་མཆོད་པ་ཡོན་ཏན་ཆེ། །ཞེས་པ་ལྟར། དེ་ལྟ་བུ་མཆོད་པའི་ཐབས་ལའང་། འདི་ཉིད་གཙོ་བོར་བསྔགས་པས་ན་བརྒྱུད་པའི་བླ་མ་རྣམས་ཀྱི་དུས་ཆེན་དང་། གཞན་ཡང་རྒྱལ་བའི་དུས་ཆེན་བཞི་དང་། སྣོད་བཅུད་བྱིན་གྱིས་བརླབས་པ། དམ་ཚིག་གི་འདུ་བ་ལ་སྤྱོད་པ། ཉམས་ཀྱི་བོགས་ཆེན་འབྱིན་པ། རྟོགས་པའི་སྐྱེད་བསྲིང་བ། དཀྱིལ་འཁོར་ཆེན་པོ་བསྒྲུབ་ཅིང་བདག་ཉིད་འཇུག་པའི་ལས་མཐའ་རྒྱས་སུ་བྱེད་པའི་དུས་སུ་ལེན་པའོ། །བཞི་པ་མགུར་ལེན་པའི་དགོས་པ་ནི། དེ་ཡང་། བླ་མ་དྲན་པས་འཆི་བ་ཟློག །གསོལ་བ་བཏབ་པས་རྐྱེན་ལས་ཐར། །ཞེས་སོགས་གསུངས་པ་ལྟར། གནས་སྐབས་སུ་ནད་གདོན་འགལ་རྐྱེན་སོགས་ཞི་ཞིང་ཚེ་རིང་བ་དང་། འབད་པ་མེད་པར་འདོད་དགུ་ལྷུན་གྱིས་གྲུབ་ཅིང་། ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་འཐོབ་པ་དང་། ཁྱད་པར་དུའང་སྐལ་པ་མཆོག་དང་ལྡན་པའི་གང་ཟག་རྣམས་ལམ་སྒྲུབ་པ་ལ་མི་ལྟོས་པར་སྟན་ཐོག་དེ་ཉིད་ལ་གྲོལ་བ་ཐོབ་ཅིང་། འབྲིང་རྣམས་ཀྱང་ལམ་གྱི་
བདུད་ལས་རྒྱལ་ཞིང་། ཉམས་ཀྱི་ཤུབས་ནས་དོན། ལྟ་བའི་གཟེབ་ལས་གྲོལ་ཏེ། ལམ་གོང་མ་གོང་མའི་ཡོན་ཏན་འབད་མེད་དུ་རྫོགས་ནས་ཆོས་ཉིད་གནས་ལུགས་ཀྱི་དོན་རྟོགས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་དེ་ཉིད་ལ་མངོན་དུ་བྱེད་ཅིང་། ཤིན་ཏུ་སྐལ་པ་དམན་པ་ཐ་ཤལ་བ་དག་ཀྱང་རེ་ཞིག་ཐ་མལ་གྱི་རྟོགས་པ་རྒྱུན་གཅོད། སྒྲུབ་བརྒྱུད་རིན་པོ་ཆེའི་རྣམ་ཐར་ལ་མི་ཕྱེད་པའི་དད་པས་རྗེས་སུ་འཇུག་པ་དང་། གཞན་ཡང་སེམས་ཅན་གང་གི་རྣ་བར་ལན་གཅིག་བསྒྲགས་པས་འཁོར་བའི་རྒྱུན་གཅོད། དད་པའི་རྐྱེན་བྱེད། ཐར་པའི་ས་བོན་བསྐྲུན་པ་སོགས་དགོས་པ་མཐའ་ཡས་སོ། །ལྔ་པ་མགུར་ཇི་ལྟར་བླང་བའི་ཚུལ་ནི། མདོ་ལས། གང་གིས་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་དབང་བཞུགས། །ཞེས་གསུངས་པ་བཞིན། རྩ་བ་དང་བརྒྱུད་པའི་བླ་མ་མངོན་སུམ་དུ་བཞུགས་པར་མོས་པའི་སྤྱན་སྔར་དད་གསུམ་མོས་གུས་དྲག་པོས་རྒྱུད་བསྐུལ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་ཀུན་ནས་བསླངས་ཏེ། སྣང་སྲིད་ཐམས་ཅད་བླ་མའི་གསང་གསུམ་དུ་ངེས་པས། བླ་མ་རང་སེམས་དབྱེར་མེད་དུ་ཐག་བཅད་དེ། གནས་ལུགས་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་
ལས་མ་གཡོས་པར་ལུས་ངག་ཡིད་གསུམ་གནད་རྣམ་པ་གསུམ་དུ་དྲིལ་ནས། རང་རྒྱུད་དུ་སྤྲོ་བ་བསྐྱེད་པ། གཞན་རྒྱུད་ལ་དང་བ་འདྲེན་པ། འབྲེལ་ཚད་བློ་ཁ་ཆོས་སུ་བསྒྱུར་ནུས་པར་ངག་གི་ལམ་ནས་ལྷག་ཆད་མེད་པར་སྒྲུབ་བརྒྱུད་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་དབྱངས་སྙན་པོས་གདོན་པར་བྱ་བ་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་སོགས། ཞེས་པ་དང་། ༈ དེ་ཙམ་མི་ལྕོགས་ན། དེ་ཡང་ཐེག་མཆོག་གྲུབ་པའི་རྒྱལ་པོ་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ་སྒོ་གསུམ་སྨིན་པར་བྱས་ནས། ཨེ་ཝཾ་ཟུང་དུ་འཇུག་པའི་འཕོ་མེད་ཡེ་ཤེས་ཆེན་པོའི་སྡོམ་པ་མངོན་དུ་མཛད་དེ། ཐབས་མཆོག་རྟོགས་པའི་རྡོ་རྗེ་སྟོང་ཆེན་དོན་གྱི་དགའ་མར་རྟག་ཏུ་རོལ་ཞིང་། དུག་ལྔ་ཡེ་ཤེས་ཆེན་པོའི་ལམ་དུ་བྱས་ནས། སྤང་བླང་བྲལ་ཐོབ་ཀྱི་མཚན་མ་རང་སར་ཞི་ཞིང་། འཁྲུལ་སྣང་དང་འཁྲུལ་འཛིན་གཉིས་ཀ་དབྱིངས་ཡེ་གཉིས་མེད་དུ་གྲོལ་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་དྲུག་པའི་དབང་ཕྱུག་ཁྱབ་པ་དང་རྟག་པའི་བདག་ཉིད་ཅན་དེ་མངོན་དུ་བརྙེས་ནས། སེམས་ཅན་འཁོར་བ་ནས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་ནས་སྡུག་བསྔལ་དུ་བརྒྱུད་པ་རྣམས་ལ་ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བར། ཐུགས་གསུང་སྐུ་ཡི་སྤྱོད་
པ་འབྱམས་ཀླས་པར་སྟོན་པ་ནི་སུ་ཞིག་གིས་བཤད་པར་མི་སྤོབས་ཀྱང་། སྐབས་འདིར་རྣལ་འབྱོར་གྱི་དབང་ཕྱུག་དེ་རྣམས་ཀྱིས་གནས་ལུགས་རྟོགས་པའི་མགུར། སྣང་བ་བརྡར་ཤར་བའི་མགུར། མི་རྟག་གཞེན་བསྐུལ་གྱི་མགུར་སོགས་ཅི་རིགས་པར་བཞུགས་པ་ལས། གྲུབ་བརྙེས་གོང་མའི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ་ཉིད་ལྷག་ཆད་ནོར་འཁྲུལ་མེད་པར་འདོན་པ་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་མན་ངག་སོགས་གཞུང་ལྟར་རོ། །ཞེས་པ་འདིའང་ཁྱབ་བདག་དཔལ་ལྡན་བླ་མ་བཀའ་བརྒྱུད་བཀྲ་ཤིས་ཀྱི་བཀའ་ཡི་ཕེབས་ཚོགས་སྤྱི་བོར་བླངས་ནས། སྤྲུལ་མིང་ཀརྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས་སྤྱི་འབྱམས་ཐུབ་བསྟན་དར་རྒྱས་གླིང་གི་ཡང་དབེན་རིག་འཛིན་གྲུབ་པའི་སྨན་ལྗོངས་སྒྲུབ་ཁང་བསམ་གཏན་ཆོས་གླིང་དུ་བྲིས་པ་སརྦ་མངྒ་ལཾ།། །།
དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་གྲུབ་བརྙེས་གོང་མའི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།
༄༅། །དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་གྲུབ་བརྙེས་གོང་མའི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ་ཞེས་བྱ་བ་{ཨེ}བཞུགས་སོ། །
བཀའ་བརྒྱུད་རྡོ་རྗེ་འཆང་ནས་བཟུང་གྲུབ་བརྙེས་རིམ་པར་བྱོན་པ་ལས། ཁྱད་པར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་འབའ་རོམ་པ་ཆེན་པོ་དང་། ཐུགས་ཀྱི་སྲས་མཆོག་འགྲོ་མགོན་ཏི་ཤྲི་རས་པ་དཀར་པོ་ལས་བརྒྱུད་པ་བར་མ་ཆད་པར་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་སོགས་གྲུབ་བརྙེས་གོང་མ་རིམ་བྱོན་གྱི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ་ལས། ཐོག་མར་མ་ནམ་བཞི་སྐོར་གྱི་གསོལ་འདེབས་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་
མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣལ་འབྱོར་གྱི་དབང་ཕྱུག་ཆོས་རྗེ་བསོད་ནམས་བཟང་པོ་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་འབྲལ་བ་མེད་པར་མཆོག་གི་དངོས་གྲུབ་སྩོལ་ཅིག །བཀའ་བརྒྱུད་རྡོ་རྗེ་འཆང་ནས་བཟུང་
སྟེ་འཇམ་དབྱངས་མ་ཏི་རཏྣའི་བར་དུ་བྱོན་པའི་དཀོན་མཆོག་གསུམ་པོ་དེ་དག་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འཆང་གི་སྐུར་གསལ་བ་ལ་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་ཕྱག་རྒྱ་ཆེ། །བདག་གི་ཡེ་ཤེས་སྤེལ་སླད་ཕྱིར། །རྟེན་འདི་ཉིད་དང་དབྱེར་མེད་གསོལ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་བརྩམ་པར་བྱ། །གང་ཚེ་མཆོད་ཡུལ་མ་དམིགས་ཤིང་། །མཆོད་བྱེད་མཆོད་པ་མ་གྲུབ་པ། །དེ་ཚེ་མཆོད་པ་བླ་ན་མེད། ། ༈ རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་
མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་མཆོད་པ་ཀུན་བྱང་ཆུབ་ཀྱི་རྫས་དམ་པར་ཡོངས་སུ་སྤེལ་བའོ། །དེ་ནས་དོན་ཡིད་ལ་བསམ་བཞིན་པས། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་དང་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་
ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་
ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླད་ཆད་མི་བགྱིད་དོ། ༈ །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་
དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་ཀྱི། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་
བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་
ལ་མཆོད་མཛད་ལྟར། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །འདིར་མཎྜལ་འབུལ། ༈ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །ཅེས་བསྟོད།
བརྒྱུད་པའི་གསོལ་འདེབས་མན་ངག་བྱིན་རླབས་ཀྱི་མཚོ་མ་དྲོས་པ་ལས་ཆུ་བོ་གངྒཱའི་གསེར་གྱི་རྒྱུན། ཆོས་རྗེ་བསོད་ནམས་བཟང་པོ།
༈ བརྒྱུད་པའི་གསོལ་འདེབས་མན་ངག་བྱིན་རླབས་ཀྱི་མཚོ་མ་དྲོས་པ་ལས་ཆུ་བོ་གངྒཱའི་གསེར་གྱི་རྒྱུན་ཞེས་བྱ་བ་འདི་དད་གསུམ་མོས་གུས་དང་ལྡན་པས་གསུང་བར་ཞུ། ན་མོ་གུ་རུ། ཆོས་དབྱིངས་མཐའ་དབུས་མེད་པའི་ཞིང་ཁམས་ནས། །བཛྲ་དྷྲྀཀ་ལ་གསོལ་
བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །གནས་ལུགས་དོན་ལ་ཕེབས་པར་བྱིན་གྱིས་རློབས། །ལོངས་སྐུ་གསལ་འགྲིབ་མེད་པའི་ཞིང་ཁམས་ནས། །པྲཉྫཱ་ཕ་ལ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བདེ་གསལ་ཉམས་མྱོང་འཆར་བར་བྱིན་གྱིས་རློབས། །སྤྲུལ་སྐུ་ཕྱོགས་རིས་མེད་པའི་ཞིང་ཁམས་ནས། །ཛྙཱ་ན་སིདྡྷི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྤྱོད་ལམ་རྣམ་བཞི་འབྲེལ་བར་བྱིན་གྱིས་རློབས། །བོད་ཁམས་དཀར་པོར་བསྒྱུར་བའི་ཞིང་ཁམས་ནས། །དྷརྨ་མ་ཏི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྒོམ་མཁན་བློ་དང་བྲལ་བར་བྱིན་གྱིས་རློབས། །རྩ་རླུང་རྣམ་པར་དག་
པའི་ཞིང་ཁམས་ནས། །བཛྲ་ཀེ་རུ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྟོང་ཉིད་སྙིང་ནས་འཆར་བར་བྱིན་གྱིས་རློབས། །རྣམ་དག་བདེ་བ་ཆེན་པོའི་ཞིང་ཁམས་ནས། །པུཎྱེ་རཏྣ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཕྲ་རགས་སྤུན་ཆ་དག་པར་བྱིན་གྱིས་རློབས། མཐུ་སྟོབས་ཡོན་ཏན་རྫོགས་པའི་ཞིང་ཁམས་ནས། །དྷརྨེ་ཤྭ་ར་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཉམས་རྟོགས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བསྟན་པ་ཕྱོགས་མེད་རྒྱས་པའི་ཞིང་ཁམས་ནས། །པྲཛྙཱ་སེངྷ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཟུང་འཇུག་རྟོགས་པ་འཆར་བར་བྱིན་གྱིས་རློབས། །འགྲོ་བའི་ཐར་ལམ་
འབྱེད་པའི་ཞིང་ཁམས་ནས། །པྲཛྙཱ་བོ་དྷི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །མཉམ་རྗེས་མེད་པར་བརྟན་པར་བྱིན་གྱིས་རློབས། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས། །བོ་དྷི་ཤྲཱི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །གཉུག་མ་རང་ས་ཟིན་པར་བྱིན་གྱིས་རློབས། །ཅིར་སྣང་ཆོས་སྐུར་འཆར་བའི་ཞིང་ཁམས་ནས། །བོ་དྷི་ཀུ་མ་ར་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྣ་ཚོགས་ལམ་དུ་སློང་བར་བྱིན་གྱིས་རློབས། །སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་ཞིང་ཁམས་ནས། །མ་ཏི་བཛྲ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཏིང་འཛིན་བརྟན་པ་ཐོབ་པར་བྱིན་གྱིས་
རློབས། །འོད་གསལ་རྒྱུན་ཆད་མེད་པའི་ཞིང་ཁམས་ནས། །བཱིརྱ་ཤྲཱི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །འགྱུར་མེད་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །གདུལ་བྱ་ཕྱོགས་རིས་མེད་པའི་ཞིང་ཁམས་ནས། །ཀེ་རུ་ཀིརྟི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྣང་བ་རྒྱན་དུ་ཤར་བའི་ཞིང་ཁམས་ནས། །པུཎྱེ་བྷ་དྲ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྣང་བ་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །སྣང་སྟོང་འདུ་འབྲལ་མེད་པའི་ཞིང་ཁམས་ནས། །རཏྣ་བྷ་དྲ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །མཆོག་གི་དངོས་གྲུབ་ཐོབ་པར་
བྱིན་གྱིས་རློབས། །མདོ་སྔགས་ཆོས་ཀྱི་མཛོད་འཛིན་ཞིང་ཁམས་ནས། །པུཎྱེ་ཤྭ་ར་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཡེ་ཤེས་ཉམས་རྟོགས་འཆར་བར་བྱིན་གྱིས་རློབས། །ཚོགས་དྲུག་རང་གྲོལ་དབེན་གནས་ཞིང་ཁམས་ནས། །དྷརྨ་རསྨི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །སྐུ་བཞི་དབྱེར་མེད་ལྷུན་གྲུབ་ཞིང་ཁམས་ནས། །ཀུན་དགའ་སྙིང་པོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བདེ་སྟོང་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ལུང་རྟོགས་གཟི་བྱིན་རྒྱས་པའི་ཞིང་ཁམས་ནས། །ཀུན་དགའ་རྒྱ་མཚོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་
ཐུགས་རྗེས་གཟིགས། །ཉམས་རྟོགས་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས། །འབྲེལ་ཚད་ཐར་ལམ་འདྲེན་པའི་ཞིང་ཁམས་ནས། །སྐྱེས་མཆོག་བསྟན་འཛིན་བཟང་པོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ས་ལམ་བར་ཆད་ཞི་བར་བྱིན་གྱིས་རློབས། །དུང་དཀར་ཤྲཱི་བྷ་དྲས་གསབ། མཆན། དངོས་སྣང་ཞེན་འཛིན་བྲལ་བའི་ཞིང་ཁམས་ནས། །འཁྲུལ་ཞིག་ཀརྨ་དྷྭ་ཛ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །གཉིས་འཛིན་རང་སར་ཞི་བར་བྱིན་གྱིས་རློབས། །མཐུ་སྟོབས་གསང་སྔགས་བཅུད་ཀྱི་ཞིང་ཁམས་ནས། །ཀརྨ་ཛྙཱ་ན་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ལོག་རྟོག་ཉོན་མོངས་ཞི་བར་བྱིན་གྱིས་རློབས། །མཁྱེན་བརྩེའི་འོད་ཟེར་འཕྲོ་བའི་ཞིང་ཁམས་
ནས། །ཀརྨ་དོན་དམ་སྙིང་པོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །མཁྱེན་གཉིས་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས། །སྣང་སྲིད་དབང་ཆེན་རོལ་པའི་ཞིང་ཁམས་ནས། །ཀརྨ་ཨ་ཡུཿཏིཥྛ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །རང་སྣང་དབང་དུ་འདུས་པར་བྱིན་གྱིས་རློབས། །བདེ་སྟོང་དབྱེར་མེད་འཆར་བའི་ཞིང་ཁམས་ནས། །ཤངྑ་རས་པ་ཆེན་པོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །རླུང་སེམས་དབུ་མར་ཚུད་པར་བྱིན་གྱིས་རློབས། །ཕྲིན་ལས་རྒྱུན་ཆད་མེད་པའི་ཞིང་ཁམས་ནས། །རཏྣ་ལཀྵི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་
རློབས། །གང་ཤར་སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས། །དྷརྨ་དྷཱ་ར་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །རྩོལ་མེད་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །ཚོགས་དྲུག་རང་སར་གྲོལ་བའི་ཞིང་ཁམས་ནས། །ཨ་ཡུ་མ་ར་དྭ་མ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཅིར་སྣང་ཆོས་སྐུར་འཆར་བར་བྱིན་གྱི་རློབས། །ཕྲིན་ལས་ཕྱོགས་མཐར་ཁྱབ་པའི་ཞིང་ཁམས་ནས། །ཀརྨ་ག་ཎ་རསྨི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་ཞིང་ཁམས་ནས། །གསང་བདག་བདུད་འཇོམས་རྡོ་རྗེ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་
རྗེས་གཟིགས། །མི་ཤིགས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཞིང་ཁམས་ནས། །འཇིགས་མེད་ཆོས་ཀྱི་སེང་གེ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །དགོངས་བརྒྱུད་བྱིན་རླབས་འཕོ་བར་བྱིན་གྱིས་རློབས། །གཉུག་མའི་རང་ས་ཟིན་པའི་ཞིང་ཁམས་ནས། །ཀརྨ་བཀའ་བརྒྱུད་བཀྲ་ཤིས་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཡིད་བྱེད་བློ་དང་བྲལ་བར་བྱིན་གྱིས་རློབས། །རང་རིག་རང་གསལ་གྱི་ཞིང་ཁམས་ནས། །ཀརྨ་འཇིགས་བྲལ་དབང་པོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྤང་ཐོབ་གཉིས་འཛིན་ཞིག་པར་བྱིན་གྱིས་རློབས། །བདེ་ཆེན་འོད་གསལ་གྱི་ཞིང་ཁམས་ནས། །འཇམ་དབྱངས་མ་
ཏི་རཏྣ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བདེ་གསལ་ཉམས་རྩལ་འབར་བར་བྱིན་གྱིས་རློབས། །གསལ་བྱེད་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས། མཆན། སྤྱི་གཙུག་བདེ་བ་ཆེན་པོའི་ཞིང་ཁམས་ནས། །རྩ་བའི་བླ་མ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྣང་བ་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །ཆོས་དབྱིངས་རབ་འབྱམས་བདེ་ཆེན་ཞིང་ཁམས་ནས། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བར་དོ་ལོངས་སྐུར་འཆར་བར་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་བསྲུང་བའི་ཞིང་ཁམས་ནས། །ཆོས་སྐྱོང་མགོན་པོ་ལྷ་མོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བར་
ཆད་དགྲ་བགེགས་འདུལ་བར་བྱིན་གྱིས་རློབས། །མི་རྨོངས་པའི་ཚིག་ལ་སྙན་པའི་ངག །དད་པའི་སེམས་ཀྱིས་གསོལ་བ་འདེབས། །སངས་རྒྱས་བསྟན་པ་དར་བ་དང་། །དམ་ཆོས་རྒྱུན་དུ་གནས་པར་བྱིན་གྱིས་རློབས། །རི་ཁྲོད་དབེན་གནས་རྟག་ཏུ་བསྟེན་པ་དང་། །སྙིང་རུས་སྒྲུབ་པ་མཐའ་རུ་སྐྱོལ་བ་ཡིས། །རང་རྒྱུད་ཐུལ་ནས་གཞན་སྣང་ཚིམས་པ་དང་། །འགྲོ་བ་འདྲེན་པར་ནུས་པར་བྱིན་གྱིས་རློབས། །བདེ་གསལ་ཉམས་མྱོང་རྒྱུད་ལ་སྐྱེ་བ་དང་། །རང་རིག་དྲན་པའི་རང་ངོ་ཤེས་པ་ཡིས། །ཉིན་མཚན་སྤྱོད་ལམ་འདྲེས་པ་དང་། །ངར་དང་ངེས་ཤེས་ལྡན་པར་བྱིན་གྱིས་རློབས། །སྒོམ་མཁན་ཉམས་ལེན་རང་སར་བྲལ་བ་ཡིས། །སྟོང་རིག་རྗེན་པ་ནང་ནས་འཆར་བ་དང་། །ཕྲ་རགས་སྤུན་ཆ་རང་སར་དག་པ་ཡིས། །སྟོང་ཉིད་འགྱུར་བ་མེད་པར་བྱིན་གྱིས་རློབས། །སྣང་
སྟོང་ཟུང་འཇུག་ནང་ནས་འཆར་བ་ཡིས། །རིག་བྱེད་ཤེས་པ་རང་སར་གྲོལ་བ་དང་། །གཉུག་མའི་རང་ས་རྒྱུན་དུ་ཟིན་པ་ཡིས། །མཉམ་རྗེས་མེད་པར་བརྟན་པར་བྱིན་གྱིས་རློབས། །ཉིན་མཚན་རྨི་ལམ་གདོད་ནས་དག་པ་ཡིས། །བསྒོམ་བྱ་སྒོམ་བྱེད་ཞེན་པ་བྲལ་བ་དང་། །འཁོར་འདས་ཆོས་རྣམས་གཅིག་ཏུ་འཛོམས་པ་ཡི། །སྐུ་བཞི་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཕྲིན་ལས་ཆོས་རྣམས་ཀུན་གྱི་ཆེ་བ་ཡིས། །འཁོར་བ་མཐའ་རུ་རྒྱུན་གྱིས་སྐྱོལ་བ་དང་། །མ་བྱས་གཞན་སྣང་དབང་པོ་ཚིམས་པ་ཡིས། །རྒྱུན་ཆད་མེད་པར་འབྱུང་བར་བྱིན་གྱིས་རློབས། །བརྒྱུད་པ་ཁྱེད་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཅི་བྱས་ཆོས་སུ་འགྲོ་བ་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའང་དབེན་གནས་སྐྱོ་བྲག་རི་ཁྲོད་དུ་རཏྣ་བྷ་དྲས་བསྐུལ་ནས་ཆོས་རྗེ་བསོད་ནམས་བཟང་པོས་ཡི་གེར་བྲིས་པའོ། །
དཔལ་རྡོ་རྗེ་འཆང་གི་ཞལ་ནས་གསུངས་པའི་མགུར།
༈ དཔལ་རྡོ་རྗེ་འཆང་གི་ཞལ་ནས་གསུངས་པ་འདི་ལྟར་རོ། །ན་མོ་གུ་རུ། ཀྱེ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །མཁའ་སྤྱོད་གནས་སུ་འོང་འདོད་ན། །དང་པོར་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་ཆོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་གོམས་པར་སྦྱོངས། །ཐ་མ་སྒོམ་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་ཞི། །ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱི་མཆོད་པ་འབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་རྒྱུད་ལ་སྦྱང་། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་གྱིས། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ལམ་ལ་གོམས་པར་གྱིས། །མཐར་ཕྱིན་སྒྲིབ་པ་གཉིས་ཟད་ཀྱིས། །ཆོས་རྣམས་
ཟད་སར་སྐྱོལ་བར་གྱིས། །ད་ཡང་འདུས་པའི་སྙིང་པོ་ཉོན། །གདམས་ངག་ཡོད་ན་ཕུན་སུམ་ཚོགས། །ལུང་རིགས་ལྡན་ན་ཐམས་ཅད་མཁྱེན། །ཉམས་སུ་མྱོང་ན་གོལ་ས་ཆོད། །གཅིག་པུར་གནས་ན་ཆོས་བརྒྱད་བྲལ། །བླ་མ་བསྐུལ་ན་དངོས་གྲུབ་ཐོབ། །བཀའ་བརྒྱུད་བལྟས་ན་རང་ཡིད་ཆེས། །ཕྱི་ནང་ཡུལ་གྱི་སྣང་བ་ལ། །ཡིན་མིན་སྤོང་སྡུད་ཡིད་ལ་ནི། །གང་ཡང་མ་གྱུར་ཆོས་ཀྱི་དབྱིངས། །ཆོས་དབྱིངས་ཉམས་བསྟན་པའི་ལེའུའོ།། །།
རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པའི་མགུར།
༈ ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་ནུབ་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་ལ་ལྕགས་སྒྲོག་གསོལ་ནས་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་པས། ཐུན་མོང་གི་དངོས་གྲུབ་ཡི་དམ་ལྷ་ཡི་ཞལ་གཟིགས། འབྱུང་བའི་སྐྱེ་མཆེད་རགས་པ་ལ་དབང་ཐོབ་ནས་སྤྱོད་པ་ལ་གཤེགས་པར་དགོངས་པ་ལ། བླ་མ་དང་མཁན་པོས་མ་གནང་བས་གསུང་བཅག་ན་མི་རུང་བ་ལ། ཉ་ཡི་རྣམ་ཤེས་ནམ་མཁའ་ལ་སྤར་
བའི་རྫུ་འཕྲུལ་བསྟན་པས་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་ཤེས་ཏེ་ཁོ་རང་ཅི་བདེར་བཏང་བ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ནཱ་གཱརྫུ་ན་འཚོལ་དུ་བྱོན་པས། ལྷོ་ཕྱོགས་ཀྱི་རྒྱུད་ན་འཇིགས་བྱེད་བཞད་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་ཞིག་ན་ལྷ་དབང་ཕྱུག་ཆེན་པོའི་རྟེན་ཡོད་པས། ནང་པ་དང་ཕྱི་པའི་ཌཱ་ཀི་མ་མང་པོ་དུས་བཟང་ལ་རེས་མོས་ཀྱིས་ཚོགས་ནས། ཚོགས་ཀྱི་འཁོར་ལོ་བྱེད་པ་ཞིག་ཡོད་པ་ན་སློབ་དཔོན་བརྟུལ་ཞུགས་སྤྱོད་པ་མ་ཏཾ་གི་སྤྱིལ་པོར་བཞུགས་པ་དང་མཇལ་བ་ལ་གུ་རུ་ནཱ་གཱརྫུ་ནའི་རྒྱུས་ཡོད་དམ་དྲིས་པས། གུ་རུ་དྲི་ཟའི་རྒྱལ་པོ་ལ་ཆོས་གསུང་དུ་གཤེགས། སྐྱེས་བུ་ཁྱོད་རྗེས་སུ་འཛིན་པ་ལ་ང་མངག་པ་ཡིན་གསུངས་པས་ཐེ་ཚོམ་མེད་པར་མཎྜལ་ཕུལ་ཏེ། བླ་མར་བཟུང་བ་ལས་དེ་ཉིད་དུ་དཔལ་གསང་བ་འདུས་པའི་དབང་བསྐུར། གདམས་པ་བྱིན་ནས་སེམས་ཀྱི་དེ་ཁོ་ན་ཉིད་འདི་ལྟར་ཡིན་པས། དེ་ཁོ་ན་ཉིད་ཀྱི་དོན་ལ་དུས་རྟག་ཏུ་མ་ཡེངས་པར་སྒོམས་ཤིག་ཅེས་གདམས་ནས་རིགས་ཀྱི་ང་རྒྱལ་བཅག་པ་དང་ལམ་གྱི་རྟོགས་པ་མངོན་དུ་བྱ་བའི་སྤྱོད་པ་རྗེས་སུ་གནང་སྟེ། སྐྱེས་བུ་ཁྱོད་འདི་ནས་ཤར་ཕྱོགས་བྷ་ག་ལའི་རྒྱུད་ས་ཚིགས་རིང་པོར་ཕྱིན་པ་ན་ཧ་རི་ཀཱི་ལ་ཞེས་བྱ་བ་ཟ་ཧོར་
གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡོད་དེ། སྔོན་རཱ་ཛ་ཨུ་མ་ཀེ་མ་ར་ཞེས་བྱ་བ་སྤྲུལ་པའི་རྒྱལ་པོ་ཞིག་གིས་བྱིན་གྱིས་བརླབས་པའི་ས་ཕྱོགས་ཡིན་ཏེ། རང་བཞིན་གྱིས་སྒྲུབ་ཐག་ཉེ་ཞིང་ལམ་བགྲོད་པར་མྱུར་བ་ཡོད་པས། གྲོང་ཁྱེར་དེའི་དབུས་ན་པཉྩ་པ་ཎ་ཞེས་བྱ་བ་འདོད་ཡོན་ལྔ་འཛོམས་པའི་ཚོང་འདུས་ཤིག་ཡོད་དེ། དེ་ན་ཌཱ་རི་མ་སྨད་འཚོང་མའི་གཡོག་འཁོར་མང་པོ་དང་བཅས་ཡོད་པས། དེའི་གཡོག་གྱིས་ལ་ལམ་གྱི་རྟོགས་པ་སྦྱོངས་ཤིག །རིང་པོར་མི་ཐོགས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ། འགྲོ་བ་མང་པོ་ཡང་བསྒྲལ་བར་འགྱུར་རོ། །ཞེས་ལུང་བསྟན་པར་མཛད་དེ། རྣལ་འབྱོར་གྱི་དབང་ཕྱུག་དེས་ཀྱང་བླ་མའི་བཀའ་བཞིན་དུ་བསྒྲུབས་ནས། མཚན་མོ་བཞིན་སྨད་འཚོང་མ་དེའི་སྐྱེས་པ་འགུགས་པ་དང་སྐྱེལ་བའི་གྲོགས་བྱེད་ཅིང་། ཉིན་མོ་བཞིན་ཏིལ་རྡུང་བའི་ལས་བྱེད་པ་ལས། ཅི་ཞིག་ལྟར་ན་གནས་ལུགས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ལས། གྲོང་ཁྱེར་པ་རྣམས་ལ་མཐོང་ཚུལ་ཐ་དད་པ་བྱུང་སྟེ། ལ་ལས་མེ་དཔུང་འབར་བ་གཅིག་ལ་མར་མེ་བཅུ་བཞིས་བསྐོར་བ་མཐོང་། ལ་ལས་འོད་ཀྱི་ཕུང་པོ་ཞིག་གི་ནང་ན་དགེ་སློང་ཞིག་མཉམ་
བཞག་ལ་བཞུགས་པ་མཐོང་། འགའ་ཞིག་གིས་ནི་རྣལ་འབྱོར་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཞིག་ལ་བུ་མོ་མང་པོས་ཕྱག་དང་བསྐོར་བ་བྱེད་པར་མཐོང་ནས་ཌཱ་རི་མ་ལ་བསྙད་དེ། བལྟར་ཕྱིན་པས་མདུན་གྱི་ནམ་མཁའ་ལ་འོད་ཕུང་གི་དབུས་སུ་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་ནས་ཕྱག་གཡས་ཀྱིས་གཏུན་ཤིང་ལྷུང་ཐབས་སུ་སྐྱུར་ཞིང་ཏིལ་འདྲུ་བ་མཐོང་བས། ཌཱ་རི་མ་འགྱོད་པས་སེམས་གདུངས་ཏེ། ཕྱག་དང་བསྐོར་བ་མཎྜལ་སྔོན་དུ་འགྲོ་བས་ཞབས་སྤྱི་བོར་བླངས་ནས། རྗེ་བཙུན་ཁྱེད་གྲུབ་ཐོབ་ཏུ་འདུག་པ་ངོ་མ་ཤེས་ནས་སྔོན་སྡིག་བསགས་པ་བཟོད་པར་བཞེས་འཚལ། དེང་ཕྱིན་ཆད་རྗེས་སུ་བཟུང་དུ་གསོལ། ཞེས་གསོལ་བ་བཏབ་པས་རྣལ་འབྱོར་པའི་ཞལ་ནས། ཁྱོད་ཀྱིས་ང་ལ་གང་ཟག་དམ་པར་ཤེས་བཞིན་དུ་ལས་བཅོལ་བ་མ་ཡིན་པས་ཉེས་པ་མེད་དེ། ངས་སྤྱོད་ལམ་དེ་ལ་བརྟེན་ནས་ལམ་སྦྱངས་པ་ཡིན་པས། ད་ལྟ་ངའི་རྒྱུད་ལ་སྐྱེས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ཁྱོད་ཀྱི་སྙིང་ལ་འཇུག་པར་གྱུར་ཅིག །ཅེས་གསུངས་ཤིང་མེ་ཏོག་སྤྱི་བོར་བཞག་པ་ཙམ་གྱིས་དེ་ཉིད་དུ་གྲོལ་ཏེ་བྱིན་རླབས་ཀྱི་ལམ་ལ་སྣང་བ་ཐོབ་པའི་རྣལ་འབྱོར་མར་
གྱུར་ཏོ། །དེ་ཙམ་ན་སྤྲུལ་པའི་རྣལ་འབྱོར་པ་ཞིག་གིས་ཌཱ་རི་མ་གྲོལ་བར་བྱས་སོ་ཞེས་རྒྱལ་པོས་ཐོས་ཏེ་གླང་པོ་ཆེ་ལ་ཞོན་ནས་འཁོར་མང་པོ་དང་ཐབས་གཅིག་ཏུ་བལྟ་བ་ལ་ལྷགས་པས། རྣལ་འབྱོར་པ་དང་ཌཱ་རི་མ་གཉིས་ཚོང་འདུས་ཀྱི་སྲང་མདོར་ཤིང་ཏཱ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་ནས་བཞུགས་ཏེ། ཚངས་པ་ཆེན་པོའི་སྒྲ་དབྱངས་ཀྱི་ང་རོས་རྡོ་རྗེའི་མགུར་བཞེངས་པ། གང་ཞིག་སྙིང་པོར་གྱུར་པ་ཏིལ་གྱི་མར། །རྨོངས་པས་ཏིལ་ལ་ཡོད་པ་ཤེས་གྱུར་ཀྱང་། །རྟེན་ཅིང་འབྲེལ་འབྱུང་ཡན་ལག་མ་ཤེས་པས། །ཏིལ་མར་སྙིང་པོ་འབྱིན་པར་མི་ནུས་ལྟར། །ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་དེ། །འགྲོ་བ་ཀུན་གྱི་སྙིང་ལ་གནས་གྱུར་ཀྱང་། །བླ་མས་མ་མཚོན་རྟོགས་པར་མི་ནུས་ཏེ། །ཏིལ་མར་བཞིན་དུ་བཞུགས་པ་གསལ་བ་མིན། །ཏིལ་བརྡུངས་ཕུབ་མ་བསལ་བར་གྱུར་པ་ལས། །ཏིལ་མར་སྙིང་པོ་འབྱུང་བ་དེ་བཞིན་དུ། །བླ་མས་
བསྟན་པ་དེ་བཞིན་ཉིད་ཀྱི་དོན། །ཡུལ་རྣམས་དབྱེར་མེད་ངོ་བོ་གཅིག་ཏུ་འགྱུར། །ཀྱེ་ཧོ། རིང་དུ་འགྲོ་བ་གཏིང་དཔག་དཀའ་བའི་དོན། །ད་ལྟ་ཉིད་དུ་གསལ་བ་ངོ་མཚར་ཆེ། །ཞེས་དོན་དམ་པར་ལམ་སྦྱང་བྱ་དང་། སྤང་གཉེན་གྱི་ཁྱད་པར་དང་། འབྲས་བུའི་སྤངས་རྟོགས་ལ་སོགས་པ་མེད་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་འབྲས་ལ་རགས་ལས་པས། ཏིལ་དང་ཏིལ་མར་གྱི་དཔེས་བསྟན་ཏེ། གཏུན་དང་གཏུན་ཤིང་དང་། སྐྱེས་བུའི་ལག་པའི་འདུ་བྱེད་ཀྱིས་བརྡུང་བ་དང་འཚིར་བར་མ་བྱས་ན་མར་གྱི་དོན་བྱེད་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་གཅིག་གིས་མ་ཡིན། རྐྱེན་གཅིག་གིས་མ་ཡིན། ཐམས་ཅད་རྟེན་འབྲེལ་གྱི་ནུས་པ་ཚོགས་པ་ལས་འབྱུང་བས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐུ་ཡིས་ཁྱབ་ཀྱང་། བླ་མས་མ་མཚོན་ལམ་གྱི་རྟོགས་པས་མ་སྦྱངས་ན་འབྲས་བུ་མངོན་དུ་མི་བྱེད་པས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་འབྲས་རྟེན་འབྲེལ་ལ་རགས་ལས་པས་འདི་ལྟར་རོ། །ཞེས་ཏིལ་བརྡུངས་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རྟོགས་ཚད་བརྗོད་པས། དུས་དེར་དེ་བཞིན་ཉིད་ཀྱི་སྒྲ་ཐོས་པ་ཙམ་གྱིས་དེར་འདུས་པ་ཐམས་ཅད་ཉོན་མོངས་
པའི་འཆིང་བ་ལས་གྲོལ་ཏེ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མཐོང་ཞིང་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་ནས་ལན་གཅིག་ཟ་ཧོར་གྱི་ཡུལ་དེ་སྟོང་པར་གྱུར་ཏོ་ཞེས་གྲགས་སོ། །
རྗེ་ནཱ་རོ་པ་དང་མར་པའི་མགུར།
༈ རྗེ་མར་པའི་མགུར་ཆེན་རྣམས་བཞུགས་སོ། །ན་མོ་གུ་རུ། གཉུག་མ་སྤྲོས་བྲལ་ཆོས་ཀྱི་སྐུ། །འོད་གསལ་འགྲོ་འོང་མེད་པ་ལ། །གཞན་དོན་བརྩེ་བ་ཆེན་པོ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། །ས་བཅུའི་འཁོར་རྣམས་འདུལ་མཛད་པའི། །བདེ་གཤེགས་དྲུག་པ་རྡོ་རྗེ་འཆང་། །དེས་གསུངས་བཀའ་རྣམས་སྡུད་པ་པོ། །གསང་བདག་ཕྱག་ན་རྡོ་རྗེ་དང་། །རྗེ་བཙུན་མཁའ་འགྲོ་སུ་མ་ཏིས། །བྱིན་གྱིས་བརླབས་མཛད་སྤྲུལ་པའི་སྐུ། །ཏིལླི་ཞེས་བྱར་གྲགས་པ་ཡི། །རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་སྲས། །དཀའ་བ་སྤྱད་པའི་ནཱ་རོ་པ། །མཁྱེན་པའི་མངའ་བདག་འཛམ་གླིང་རྒྱན། །ཞབས་རྡུལ་ཟེའུ་འབྲུ་བསྟེན་མཛད་པའི། །སྒྲ་སྒྱུར་མར་པ་ལོ་ཙཱ་དང་། །རས་ཆེན་ཡབ་སྲས་ལ་སོགས་པའི། །བཀའ་བརྒྱུད་རྣམས་ལ་གུས་ཕྱག་འཚལ། །རྡོ་རྗེ་ཐེག་པའི་རྒྱལ་སྲིད་ཀྱིས། །འགྲོ་བ་སྐྱོང་མཛད་ཆོས་ཀྱི་རྗེ། །ལྷོ་བྲག་མར་པའི་ཞབས་ལ་འདུད། །དེ་ནས་རྗེ་མར་པས་དཔལ་ནཱ་རོ་པ་ལ་བདེ་མཆོག་གི་དབང་རྒྱུད་འགྲེལ་བཤད་རྣམས་དགོས་ཞེས་གསོལ་བ་བཏབ་པས།
དབང་རྒྱས་པར་གནང་། རྒྱུད་འགྲེལ་བཤད་ལུང་དུ་གནང་ནས་གལ་ཉམས་ལེན་ཆེ་བ་ཡིན་གསུངས། བཀའ་བབ་བཞིའི་གདམས་པར་གྲགས་པ་ནཱ་རོའི་ཆོས་དྲུག་དང་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་སུ་ངོ་སྤྲོད་པ་ཕྱག་རྒྱ་ཆེན་པོ་རྣམས་གནང་ནས་བསྒོམས་པས། སྤྱིར་གྱི་གསང་སྔགས་བླ་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་མང་པོ་ཐུགས་ལ་འཁྲུངས་ཤིང་། ཁྱད་པར་དུ་གཏུམ་མོ་བསྒོམས་པས་བདེ་གསལ་མི་རྟོག་པ་ཟུང་འཇུག་མངོན་དུ་གྱུར་པས་སྒོ་གསུམ་གཡོ་འགུལ་མི་ནུས་པའི་ངང་ལ་ཞག་བདུན་གྱི་བར་བརྟན་པ་ཐོབ་པ་དང་། རྟགས་བཅུ་རྣམས་བྱུང་བས་ཐུགས་སྤྲོ་བའི་ངང་ལས་ཉིན་མཚན་འདའ་བ་བྱུང་ངོ་། །དེ་ནས་མར་པའི་ཐུགས་དགོངས་ལ་ངས་བལ་པོ་དང་རྒྱ་གར་དུ་ལོ་བཅུ་གཉིས་ཙམ་སོང་འདུག །དབང་དང་གདམས་ངག་ཐོབ་པ་ཙམ་དུ་མ་བཞག་པར་ཚིག་དོན་གཉིས་ལ་སློབ་གཉེར་དང་ཉམས་ལེན་རང་མི་འགྱོད་པ་བྱས་པས་སྨྲ་རྒྱུ་དང་བསྒོམ་རྒྱུ་ཡང་གཞན་ལ་སྨོན་མི་དགོས་པ་བྱུང་། ད་གསེར་ཕལ་ཆེར་རྫོགས་འདུག་པས་རེ་ཞིག་བོད་ལ་ཕྱིན་ནས་གསེར་ཅི་མང་རང་ཞིག་བསྒྲུབས་ཏེ། སླར་ཡང་རྒྱ་གར་དུ་ཡོང་ནས་བླ་མ་རྣམས་འབུལ་བས་མཉེས་པ་དང་ཆོས་སྔར་ཐོབ་པ་རྣམས་ལ་
དོགས་གཅོད་ནན་ཏན་བྱེད་པ་དང་མ་ཐོབ་པ་རྣམས་ཅི་ཐོབ་བྱེད། བོད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་ཞིག་ཅིས་ཀྱང་བྱེད་པའི་དགོངས་པ་ཤར་ནས་གསེར་ལྷག་མ་གང་ཡོད་ཀྱིས་ལམ་ཆས་ཙམ་ཞིག་མ་གཏོགས་ཀུན་གྱིས་ཡོ་བྱད་བསྒྲུབས་ཏེ་བྲམ་ཟེ་སུ་ཀ་མ་ཏི་དང་། རྣལ་འབྱོར་མ་སུ་ཁ་དྷ་རི་ལ་སོགས་པ་རྣམས་བཀུག་ནས་པཎ་ཆེན་ནཱ་རོ་པ་ལ་གཏང་རག་དང་དགའ་སྟོན་དུ་ཚོགས་མཆོད་ཕུལ་བའི་གྲལ་དུ་མར་པའི་ཐུགས་དགོངས་ལ། ང་བོད་ནས་རྒྱ་གར་དུ་འོང་བའི་དོན་ལ་བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་པོ་དང་མཇལ། རྒྱུད་འགྲེལ་པ་དང་བཅས་པ་མང་པོ་ཐོབ་ཅིང་སློབ་གཉེར་བྱས། སྒྲ་སྐད་ལོ་ཙཱ་ནི་མཁས་པའི་ཚད་དུ་ཤེས། ཉམས་དང་རྟོགས་པ་ཕྱིན་ཅི་མ་ལོག་པ་ནི་རྒྱུད་ལ་སྐྱེས། ད་བར་ཆད་མེད་པར་བོད་དུ་ལོག་འགྲོ་བ་ཡིན་པས་དུས་དེ་རིང་ལས་དགའ་བ་མི་ཡོང་དགོངས་ནས་མགུར་ཆེན་བརྒྱད་ཀྱི་ཐོག་མ་དཔལ་ནཱ་རོ་པའི་དྲུང་དུ་དབྱངས་རིང་ཏམྦུ་རའི་ཁོང་རྒྱུད་ཀྱི་སྐད་ལ་རྟ་དྲངས་ཏེ། རྟོགས་པ་འདི་མགུར་དུ་ཕུལ་བ་ལགས་སོ། །རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །ཁྱེད་སྔོན་སྦྱངས་བསོད་ནམས་བསགས་པའི་ཕྱིར། །སྤྲུལ་སྐུ་ཏཻ་ལོ་དངོས་དང་
མཇལ། །སྤང་དཀའ་སྲིད་པའི་སྡུག་བསྔལ་ལ། །ཁྱད་དུ་བསད་པ་བཅུ་གཉིས་མཛད། །དཀའ་བ་སྤྱད་པའི་ཐུགས་དམ་དེས། །སྐད་ཅིག་ཉིད་ལ་བདེན་པ་གཟིགས། །ཤྲཱི་ཛྙཱ་ན་སིདྡྷིའི་ཞབས་ལ་འདུད། །སྒྲ་སྒྱུར་བོད་ཀྱི་བན་ཆུང་ང་། །སྦྱངས་པ་སྔ་མའི་ལས་འབྲེལ་གྱིས། །ནཱ་རོ་པཎ་ཆེན་ཁྱེད་དང་མཇལ། །རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་བསླབས། །སྙིང་པོ་མ་ཧཱ་མཱ་ཡཱ་གནང་། །ཡང་སྙིང་བདེ་མཆོག་འཁོར་ལོ་ཞུས། །ལར་རྒྱུད་སྡེ་བཞི་ཡི་ཁོང་སྙིང་ཕྱུང་། །མ་སྐལ་པ་བཟང་མོས་རྗེས་གནང་བའི། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི། །དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་འཛིན་སྐྱེས། །ཞག་བདུན་བར་དུ་བརྟན་པ་ཐོབ། །སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད། །རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །བདེ་གསལ་མི་
རྟོག་ཁོང་ནས་ཤར། །བག་ཆགས་གཉིད་ཀྱི་འཁྲུལ་པ་དེ། །འོད་གསལ་ལམ་གྱི་ངོ་བོར་རྟོགས། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས། །ནང་འཛིན་པ་ཡིད་ཀྱི་རྣམ་ཤེས་འདི། །སྔོན་ཆད་མཛའ་བོ་འཕྲད་པ་བཞིན། །སེམས་ཉིད་རང་ངོ་རང་གིས་ཤེས། །ལྐུགས་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །གཞོན་ནུས་བདེ་བ་མྱོང་བ་བཞིན། །སྨྲ་རུ་མེད་པའི་དོན་ཞིག་རྟོགས། །རྗེ་སྐུ་དྲིན་ཆེའོ་ནཱ་རོ་པ། །སྔར་ཡང་དབང་བསྐུར་བྱིན་གྱིས་བརླབས། །ད་རུང་སྐུ་དྲིན་བསྐྱང་དུ་གསོལ། །ཞེས་རྟོགས་པ་ཕུལ་བས་པཎ་ཆེན་ནཱ་རོ་པའི་ཕྱག་མར་པའི་དབུ་ཐོག་ཏུ་བཞག་ནས་མ་འོངས་ལུང་བསྟན་གྱི་མགུར་འདི་གསུངས་སོ། །སྔོན་ཚུལ་བཞིན་སྦྱངས་པའི་ལས་འཕྲོ་ཅན། །གཉུག་མའི་དོན་རྟོགས་
རྣལ་འབྱོར་པ། །བོད་ཡུལ་གྱི་མར་པ་ལོ་ཙཱ་ཁྱོད། །རིགས་ལྔ་བྱ་འཕུར་ཆོས་ཉིད་ཀློང་། །འཁོར་ལོའི་སྒྱུར་རྒྱལ་རིན་ཆེན་འཛིན། །རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་རྒྱུད་ཆུ་བོའི་གཞུང་དང་འདྲ། །ཞེན་པ་རྡོ་ལ་རི་མོ་བཀྲ། །འཁོར་བའི་ཆུ་རིས་རང་ཡལ་འགྱུར། །བུ་སེངྒེ་ཁྱུང་གི་ཕྲུ་གུ་བཞིན། །སློབ་མ་བས་ཀྱང་ཡང་སློབ་བཟང་། །ཐེག་པ་ཆེན་པོའི་དོན་རྟོགས་ནས། །ལས་ཅན་སྨིན་དང་གྲོལ་གྱུར་པའི། །སྐལ་ལྡན་གདུལ་བྱའི་རྒྱལ་པོ་ཁྱོད། །ད་ནི་བོད་ཡུལ་དབུས་སུ་བྱོན། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །སྤོས་ཀྱི་ཤིང་སྣ་རྒྱས་པའི་ས། །སྨན་སྣ་ཚོགས་སྐྱེ་བའི་རི་མགུལ་ན། །སྐལ་ལྡན་གདུལ་བྱ་སྣོད་ལྡན་ཡོད། །བུ་དེ་རུ་སོང་ལ་འགྲོ་དོན་མཛོད། །ཁྱོད་ཀྱིས་འགྲོ་དོན་འགྲུབ་པར་ངེས། །ཚེ་འདིར་བརྩེ་གདུང་ནང་མཐུན་པས། །འོད་གསལ་ངང་ལ་འདུ་འབྲལ་མེད། །
ཕྱི་མ་དག་པ་མཁའ་སྤྱོད་དུ། །ཁོ་བོས་བསུས་ནས་འབྲལ་མེད་དུ། །འགྲོགས་པར་འགྱུར་བ་གདོན་མི་ཟ། །བུ་ཁྱོད་ཀྱི་སེམས་ལ་དེ་ལྟར་ཞོག །ཅེས་ལུང་བསྟན་པའི་མགུར་རོ། ༈ །ནཱ་རོ་པའི་ཞལ་ནས། སྣང་བ་གཟུགས་ཀྱི་དངོས་པོ་འདི། །སྐྱེ་བ་མེད་པའི་རང་བཞིན་ལ། །སྤྱད་དུ་ཡོད་ན་སྤྱོད་རིགས་ཏེ། །མེད་པར་སྤྱད་ན་འདོད་རིགས་ཤིང་། །རང་བཞིན་བདེ་གསལ་ཤེས་པ་འདི། །ཅི་ཡང་མེད་པའི་སྟོང་པ་ལ། །གྲུབ་ན་ཞེ་འདོད་རིགས་པ་སྟེ། །གྲུབ་པ་མེད་པ་ཞེ་འདོད་ཅིང་། །སེམས་ཉིད་འོད་གསལ་སྟོང་པ་འདི། །སྒྲོ་སྐུར་གཉིས་དང་བྲལ་བ་ལ། །དེ་ཡང་ཉམས་སུ་རྟོགས་རིགས་ཏེ། །མེད་པར་ཉམས་སུ་མྱོང་རིགས་ཏེ། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །སྤྲོས་བྲལ་བརྗོད་མེད་སྒྲིབ་བྲལ་སེམས་ཀྱིས་ནི། །ཡེ་ཤེས་མཐོང་སྟེ་སུ་ལ་ཡིད་མི་བྱ། །དམིགས་མེད་ཡིད་ལ་མི་བྱ་ཞིང་། །དྲན་
པ་རྡུལ་ཙམ་ཡེངས་མེད་པ། །དེ་འདྲའི་ཆོས་ཤིག་བདག་གིས་རྙེད། །ད་ནི་སུ་ལའང་དྲི་བར་མི་བྱ་སྟེ། །དྲི་བ་ཤུགས་འབྱུང་རྣལ་འབྱོར་རང་གྲོལ་ཡིན། །ཞེས་གསུངས་སོ། ༈ །མར་པའི་ཞལ་ནས། བརྒྱུད་པ་ཀུན་ལ་ཡོད་མོད་དེ། །མཁའ་འགྲོ་ཡོད་ན་ཡོད་པ་ཡིན། །མེས་པོ་ཀུན་ལ་ཡོད་མོད་དེ། །ཏཻ་ལོ་ཡོད་ན་ཡོད་པ་ཡིན། །བླ་མ་ཀུན་ལ་ཡོད་མོད་དེ། །ནཱ་རོ་ཡོད་ན་ཡོད་པ་ཡིན། །གདམས་ངག་ཀུན་ལ་ཡོད་མོད་དེ། །སྙན་བརྒྱུད་ཡོད་ན་ཡོད་པ་ཡིན། །བསྒོམས་ཏེ་སངས་རྒྱས་ཀུན་ལ་འོང་། །མ་བསྒོམ་རྒྱས་ན་རྒྱས་པ་ཡིན། །སྙན་བརྒྱུད་ཀྱི་ངོ་སྤྲོད་མི་མངའ་བའི། །བཤད་རྒྱུད་ཚིག་གི་ཐ་སྙད་ལ། །ཚེ་གཅིག་སངས་རྒྱས་མ་རེ་མཛོད། །ཅེས་གསུངས་སོ། །
རྗེ་བཙུན་མི་ལའི་གསུང་མགུར་ཐོར་བུ།
༈ རྗེ་བཙུན་མི་ལའི་གསུང་མགུར་ཐོར་བུ་བཞུགས། ན་མོ་གུ་རུ། གངས་ཅན་ཁྲོད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པ། །ནཱ་རོའི་བརྒྱུད་
པས་བྱིན་བརླབས་ཕྱིར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས། །མཚན་མི་ལ་ཞེས་བྱར་ཡོངས་གྲགས་པའི། །རས་པ་དེ་ལ་གུས་ཕྱག་འཚལ། །འཁོར་བ་སྙིང་པོ་མེད་པར་ཐུགས་ལ་ཤར། །ཟས་གོས་འདུན་པ་བྲལ་བས་རི་ཁྲོད་འགྲིམ། །བདེ་དྲོད་ངོ་འཕྲོད་སྲོག་རྩོལ་གནད་དུ་ཚུད། །རྗེ་བཙུན་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། །རྒྱལ་བ་མ་ལུས་པའི་ཁྱབ་བདག་རྡོ་རྗེ་ཐེག་པའི་གསང་བ་ལེགས་པར་གྲུབ་པ་འཕགས་པའི་ཡུལ་ཉིད་ཀྱི་བདག་ཉིད་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་རྗེ་བཙུན་མི་ལ་རས་པ་ཆེན་པོ་དེ་ཉིད་ལ་བླ་མ་དང་ཇོ་མོས་ཐུགས་ལ་བཏགས་ཤིང་གདམས་ངག་ཐམས་ཅད་རྫོགས་པ་དང་ད་ང་ཡར་ལ་འགྲོ་ཞུས་ཏེ་མི་ལས་མགུར་ལ་སྔ་བ་གཙང་ལ་ཡར་འགྲོའི་མགུར་དུ་ཕུལ་བ་ནི། རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བར་ཞུ། །ང་ཡི་ཨ་མ་ལུས་ཀྱི་སྒྲོམ་བུ་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་བལྟ། །སྲིང་མོ་པེ་ཏ་མགོན་སྐྱིད་དེ། །དུས་ད་ལྟ་བདེའམ་མི་བདེ་བལྟ། །ཁྱིམ་མཚེས་ཨ་ཁུ་གཡུང་
དཔལ་དེ། །དུས་ད་ལྟ་ཤིའམ་མ་ཤི་བལྟ། །ཨ་ནེ་ཁྱུང་བཟའ་དཔལ་འདྲེན་དེ། །དུས་ད་ལྟ་སྐྱིད་དམ་མི་སྐྱིད་བལྟ། །ཁང་པ་ཀ་བཞི་གདུང་བརྒྱད་དེ། །དུས་ད་ལྟ་འགྱེལ་ལམ་མ་འགྱེལ་བལྟ། །གཙང་ཁང་ཟུར་བཞི་ལོགས་བརྒྱད་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་བལྟ། །གཤོང་ཞིང་འོར་མོ་གྲུ་གསུམ་ལ། །འཇག་སྐྱ་ཕྱུར་རམ་མ་ཕྱུར་བལྟ། །དམ་ཆོས་གླེགས་བམ་རྒྱས་པ་དེ། །དུས་ད་ལྟ་བཞུགས་སམ་མ་བཞུགས་བལྟ། །བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། །དུས་ད་ལྟ་སྐུ་ཁམས་ཨེ་བཟང་བལྟ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བ་ལ། །སྐྱེལ་མ་དང་བསུ་མའི་ཐུགས་དམ་མཛོད། །བར་ཆད་དང་རྐྱེན་ངན་གྱི་བཟློག་པ་མཛོད། །ལུས་ངག་དང་བསམ་པའི་སྲུང་མ་མཛོད། །སྨོན་ལམ་དང་ཐུགས་ཁུར་གྱི་རྟེན་འབྲེལ་མཛོད། །ཐུགས་རྗེ་དང་ནུས་
པའི་དབང་བསྐུར་མཛོད། །རྒྱུད་ལུང་དང་མན་ངག་གི་རྒྱབ་བརྟེན་མཛོད། །ཚེ་རིང་ནད་མེད་ཀྱི་བཀྲ་ཤིས་མཛོད། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་ཞུས་པས་བླ་མའི་ཞལ་ནས་འོ་མཐུ་ཆེན་ཡིད་གཉིས་དང་ཐེ་ཚོམ་མི་དགོས། ཁྱོད་ལ་ཡང་ང་བཤེས་ང་ལ་ཡང་ཁྱོད་བཤེས། ཆོས་ནུས་ན་ང་ཡང་གང་ནས་དགའ་འདི་ནས་དགའ་ངེས་པ་མེད་པར་དགའ། ཁྱོད་ཀྱང་གང་ནས་སྐྱིད་དང་འདི་ནས་སྐྱིད་ངེས་པ་མེད་པར་སྐྱིད་པས་རེམས་ཤིག་གསུངས་ཏེ་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལས་བྱས་པ་ཆོས་དང་མཐུན་པའི་བུ། །ལུས་སྤྲུལ་སྐུ་སངས་རྒྱས་སུ་འགྲུབ་པར་ཤོག །ངག་རྡོ་རྗེའི་བཟླས་པ་བདུད་རྩིའི་རོས། །རྟེན་འབྲེལ་ལོངས་སྐུར་འགྲུབ་པར་ཤོག །སེམས་རྩ་བ་བྱང་ཆུབ་ཀྱི་སྡོང་པོ་ལ། །ཆོས་སྐུའི་ལོ་འདབ་རྒྱས་པར་ཤོག །བླ་མའི་བཀའ་ཚིག་རྡོ་རྗེའི་གསུང་། །
སྙིང་ལ་བརྗེད་མེད་གནས་པར་ཤོག །ཡི་དམ་མཁའ་འགྲོའི་བྱིན་རླབས་དེ། །སྲོག་གི་རྩ་བར་གནས་པར་ཤོག །ཆོས་སྐྱོང་སྲུང་མའི་རྒྱབ་བརྟེན་དེས། །འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ། །མྱུར་བ་ཉིད་དུ་འགྲུབ་པར་ཤོག །ཆོས་མཛད་ཀུན་གྱི་ཐུགས་རྗེ་དེ། །དུས་གསུམ་ཀུན་ཏུ་འཛིན་པར་ཤོག །ཁྱོད་གཙང་བསིལ་མ་ལ་ཡི་ལ་ཐོག་ཏུ། །བརྟན་མ་བཅུ་གཉིས་ཀྱི་བསུ་མ་ཡོད། །སང་ཉིན་འགྲོ་བའི་ལམ་ཁ་ན། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་མཁར་ཞིང་ན། །མི་རྟག་སྒྱུ་མའི་དམ་ཆོས་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ན། །སྒྱུ་མ་བཤིག་པའི་གདམས་ངག་ཡོད། །མི་མེད་ལུང་པའི་བྲག་ཕུག་ན། །འཁོར་འདས་བརྗེ་བའི་ཚོང་འདུས་ཡོད། །སྙིང་རུས་ལུས་ཀྱི་དགོན་པ་ན། །ལྷ་བདེ་གཤེགས་འདུས་པའི་མཆོད་
ཁང་ཡོད། །ན་མེད་ཟྭ་ཡི་ཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕ་འབབ་ཡོད། །གྲིབ་དྭངས་པ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །ངོ་ལྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་མའི་ཕྲིན་ལས་ཡོད། །བཀའ་བཞིན་སྒྲུབ་པའི་སོ་ནམ་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། །འཁོར་འདས་གཉིས་ཀྱི་གྱེས་སོ་ཡོད། །མར་པ་ལོ་ཙཱའི་བུ་རྒྱུད་ལ། །གཏམ་སྙན་མང་པོའི་ཡོང་སྒོ་ཡོད། །མི་ལ་རས་
པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །ཅེས་གསུངས་ཏེ། ད་འགྲོ་ན་ངས་ཀྱང་ཡར་སྐྱེལ་གསུངས་ནས། ཇོ་མོས་ཕུད་བཟང་པོ་དང་ཚོགས་འཁོར་བཤམས། ལམ་ཆས་གང་འདོད་པའི་གྲོ་བརྒྱགས་སྤྲད་དེ། ཇོ་མོ་ཡང་ཉམས་འབར་བ་དང་སྤྱན་ཆབ་མང་པོ་ཤོར་ཏེ་ཡབ་ཡུམ་སྐུ་འཁོར་བཅུ་ཙམ་གྱིས་སྔ་གྲོ་གཅིག་གི་བར་སྐྱེལ་ཐུང་མཛད་དེ། ཡིད་འཕྲེང་བའི་སྐྱོ་ཤས། ངག་འཕྲེང་བའི་སྙིང་གཏམ། ལུས་འཕྲེང་བའི་ཕྱག་རྒྱ་མང་དུ་མཛད་ཅིང་། ཚོགས་འཁོར་ཞིག་ཤར་ནུབ་གསལ་བའི་ལ་ཁར་མཛད་ནས། མར་པས་མི་ལའི་ཕྱག་ནས་བཟུང་སྟེ། ངའི་རྒྱུད་པ་འདི་ཁྱོད་ཀྱིས་འཛིན་པའི་རྨི་ལམ་འདི་ལྟ་བུ་ཡོད་གསུངས་ནས་ཀ་ཆེན་བཞིའི་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སེངྒེ་འགྱིང་བ་རྨིས། །སེང་གཡུ་རལ་གྲ་རུ་རྒྱས་པ་རྨིས། །སེང་གངས་དཀར་སྟོངས་སུ་འཕྱོ་བ་རྨིས། །ཤར་རྨི་
ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སྟག་མོ་ངར་བ་རྨིས། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨིས། །ཁོང་འཛུམ་ལན་གསུམ་བྱས་པ་རྨིས། །སྟག་ནགས་མའི་གསེབ་ཏུ་འཕྱོ་བ་རྨིས། །ཐང་ཤིང་རྒྱུད་དུ་འབྲེལ་བ་རྨིས། །ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་རྨིས། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་སྤུ་གནམ་དུ་གཟེངས་པ་རྨིས། །བྱ་མིག་གྱེན་ལ་བལྟ་བ་རྨིས། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་རྒོད་གཅིག་བབས་པ་རྨིས། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་ཚང་བྲག་ལ་བཅས་པ་རྨིས། །བྱ་དེ་ལ་བུ་གཅིག་སྐྱེས་པ་རྨིས། །བྱ་བྲན་གྱིས་ནམ་མཁའ་གང་བ་རྨིས། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང་། །སྔོན་ཆད་དབྱངས་ལ་
བསྐྱར་མ་མྱོང་། །ད་རེས་ཚིག་ལ་གསལ་ཞིག་འདེབས། །ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་མཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེངྒེ་འགྱིང་བ་དེ། །ཁོང་མི་གཞི་སེང་དང་འདྲ་བ་ཡིན། །སེང་གཡུ་རལ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ཡིན། །སེང་གངས་དཀར་སྟོངས་སུ་འཕྱོ་བ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །ཤར་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོང་མི་གཞི་སྟག་དང་འདྲ་བ་ཡིན། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །ཁོང་འཛུམ་ལན་གསུམ་བྱས་པ་དེ། །བཤད་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །སྟག་ནགས་མའི་གསེབ་ཏུ་འཕྱོ་བ་དེ། །ཚེ་གཅིག་གིས་གྲུབ་པ་བརྙེས་པའི་
རྟགས། །ཐང་ཤིང་རྒྱུད་དུ་འབྲེལ་བ་དེ། །བུ་ཚ་བོས་བརྒྱུད་པ་འཛིན་པའི་རྟགས། །ལྷོ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་དེ། །གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་དེ། །ཁོང་མི་གཞི་ཁྱུང་དང་འདྲ་བ་ཡིན། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་སྤུ་གནམ་དུ་གཟིངས་པ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །བྱ་མིག་གྱེན་ལ་བལྟ་བ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བའི་རྟགས། །ནུབ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་དེ། །ཁྱོད་གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་བབས་པ་དེ། །ཁྱོད་མི་གཞི་རྒོད་དང་འདྲ་བ་ཡིན། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་
སྲ་བའི་རྟགས། །བྱ་དེ་ལ་བུ་གཅིག་སྐྱེས་པ་དེ། །འགྲན་གྱི་དོ་མེད་གཅིག་འབྱོན་པའི་རྟགས། །བྱ་བྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །བྱང་རྨི་ལམ་བཟང་བ་དེ་ལྟར་ལགས། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཏེ་མཆི། །ཞེས་གསུངས་པས་སེམས་དཔའ་ཏིང་གིས་སོང་སྟེ། ངས་སྙིང་རུས་ཤིག་ནུས་ན་དོགས་པ་མེད་པར་འདུག་བསམ་པའི་སྣང་བ་མཐོ་ཏིང་ངེ་བ་ཞིག་རྒྱུན་དུ་བྱུང་ངོ་། །ཞེས་གསུངས་སོ། །ཡང་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ལྟ་བ་འདི་ལ་གཟེར་གསུམ་གདའ། །སྒོམ་པ་འདི་ལ་གཟེར་གསུམ་གདའ། །སྤྱོད་པ་འདི་ལ་གཟེར་གསུམ་གདའ། །འབྲས་བུ་འདི་ལ་གཟེར་གསུམ་གདའ། །ལྟ་བའི་གཟེར་གསུམ་བཤད་ཙ་ན། །སྣང་སྲིད་སེམས་སུ་འདུས་ཏེ་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་
བཟུང་མེད་པར་གདའ། །ལྟ་བའི་གཟེར་གསུམ་དེ་ལ་མཛོད། །སྒོམ་པའི་གཟེར་གསུམ་བཤད་ཙ་ན། །རྣམ་རྟོག་ཆོས་སྐུར་གྲོལ་བར་གདའ། །རིག་གསལ་བདེ་བའི་ངང་དུ་གདའ། །མ་བཅོས་ལྷུག་པར་བཞག་པར་གདའ། །སྒོམ་པའི་གཟེར་གསུམ་དེ་ལ་མཛོད། །སྤྱོད་པའི་གཟེར་གསུམ་བཤད་ཙ་ན། །དགེ་བཅུ་སྤྱད་དུ་མེད་པར་གདའ། །སྡིག་བཅུ་སྤང་དུ་མེད་པར་གདའ། །གཉེན་པོས་བཅོས་སུ་མེད་པར་གདའ། །སྤྱོད་པའི་གཟེར་གསུམ་དེ་ལ་མཛོད། །འབྲས་བུའི་གཟེར་གསུམ་བཤད་ཙ་ན། །འཁོར་བ་སྤང་དུ་མེད་པར་གདའ། །མྱང་འདས་བསྒྲུབ་ཏུ་མེད་པར་གདའ། །རང་སེམས་སངས་རྒྱས་ཡིན་པར་གདའ། །འབྲས་བུའི་གཟེར་གསུམ་དེ་ལ་མཛོད། །གཟེར་བཅུ་གཉིས་ལོགས་ནས་གཟེར་གཅིག་འདེབས། །གཟེར་འདི་ཆོས་ཉིད་སྟོང་པའི་གཟེར། །འདེབས་མཁན་བླ་མས་
རིམ་གྱིས་མཛད། །ལྷན་གྱིས་རྟོགས་ན་ཐེབས་པ་ཡིན། །མ་རྟོགས་བར་དུ་ཡོང་མི་ཐེབས། །ཚིག་ཚོགས་བྱ་བ་རྫུན་དུ་གདའ། །སྒྲ་ཚད་འདིས་ཀྱང་དགོས་རྒྱུ་ཆུང་། །ཉམས་སུ་མ་བླངས་ཅི་ཆ་ཡོད། །ཅེས་གསུངས་སོ། །
རྗེ་སྒམ་པོ་པའི་གསུང་མགུར།
༈ རྗེ་སྒམ་པོ་པའི་གསུང་མགུར་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷཱ་ར་ཛམྦུ་དཱི་པཾ་ཀིརྟི་ཡེ། །རྒྱལ་བའི་ཐུགས་རྗེ་མ་ལུས་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་ཞི། །དྲན་མཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་པ་ལ། །གང་ནས་བསམས་ཀྱང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་ཟུངས་ཤིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྒྱལ། །མགོན་ཁྱོད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག ༈ །རྒྱལ་བས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་སོགས་ལས་ལུང་དུ་བསྟན་པའི་དགེ་སློང་འཚོ་བྱེད་ཅེས་བཀའ་
བརྒྱུད་གྲུབ་པའི་ཆུ་མགོ་གཅིག་པུར་གྱུར་པ་རྗེ་སྒམ་པོ་པ་དེ་ཉིད་ཀྱི་སྐུ་འཁྲུངས་པའི་ཡུལ་ནི་གཉལ་ལུང་པ། གདུང་སྙི་བ། མཚན་ཀུན་དགའ། ཆུང་ནས་གསོ་རིག་ལ་སྦྱངས་པ་ཕུལ་དུ་སོན་པར་མཛད་པས་འཚོ་བྱེད་གཞོན་ནུར་གྲགས། དེ་ནས་འཁོར་བའི་རང་མཚང་གཟིགས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཚན་བསོད་ནམས་རིན་ཆེན་དུ་གསོལ། བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་བསྙེན་ཏེ་མདོ་རྒྱུད་ཀྱི་ཆོས་ཚུལ་མཐའ་ཡས་པ་ལ་གསན་བསམ་མཛད། དུས་རེ་ཞིག་ན་རྗེ་བཙུན་གྱི་སྤྲུལ་པས་བསྐུལ་བའི་རྐྱེན་གྱིས་བཟོད་མེད་ཀྱི་མོས་གུས་འཁྲུངས་ནས་ལ་སྟོད་ཕྱོགས་སུ་ཕེབས། སྤྲོ་བདེ་བཀྲ་ཤིས་སྒང་དུ་བླ་མ་རྗེ་བཙུན་ཆེན་པོ་དང་མཇལ། དེ་ཉིད་དུ་རྗེས་སུ་བཟུང་སྟེ་དབང་དང་བྱིན་རླབས་ཀྱི་བཀའ་དང་གདམས་ངག་ཕོག །བསྒོམས་པ་ཙམ་གྱིས་ས་ལམ་གྱི་དྲོད་རྟགས་སྐད་ཅིག་ལ་རྫོགས། སངས་རྒྱས་སྟོང་རྩ་དང་སྨན་བླ་མཆེད་བདུན་སོགས་ལོངས་སྐུའི་ཞིང་ཁམས་རབ་འབྱམས་ཞལ་གཟིགས། དེའི་དུས་སུ་བླ་མ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ད་ནི་འདི་ནས་ཤར་ཕྱོགས་ན་སྒམ་པོ་གདར་གྱི་རི་བོ་བྱ་བ། རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། རྩེ་མོ་རིན་པོ་ཆེའི་པྲོག་ཞུ་ལྟར་ཡོད་པ་ངའི་
ཞྭ་འདི་ལྟ་བུ། ཤིང་སྤང་གསེར་གྱི་མཎྜལ་བཀོད་པ་ལྟ་བུ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ། རི་བདུན་བློན་པོས་ཕྱག་འཚལ་བ་ལྟ་བུ་ཡོད། དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་ཡོད་པས་དེར་སོང་ལ་འགྲོ་དོན་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་ཟུངས། །ཕ་ཡུལ་ཀུན་
སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙ་ན། །ནོར་དུ་འཕགས་པའི་ནོར་བདུན་ཟུངས། །ནོར་རྫས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙ་ན། །གྲོགས་སུ་རང་བྱུང་ཡེ་ཤེས་བསྟེན། །ཟླ་གྲོགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །བླ་མ་ཡང་རྨི་ལམ་སྒྱུ་མ་འདྲ། །ལར་ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་གདར་གྱི་རི་བོ་དེ། །རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་
སྤུངས་པ་འདྲ། །རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། །རི་བདུན་བློན་པོ་འདུད་པ་འདྲ། །ཤིང་སྤང་གསེར་གྱི་མཎྜལ་འདྲ། །རི་དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོངས་ལ་འགྲོ་དོན་མཛོད། །བུ་ཁྱོད་ཀྱིས་འགྲོ་དོན་འགྲུབ་ཏེ་མཆི། །གསུངས་ནས་ཁྱོད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ཞེས་བྱ་བ་ཡིན་ནོ་གསུངས། དེ་ནས་དབང་དང་བྱིན་རླབས་གཉིས་ཀྱི་བཀའ་བྱིན། ཆོས་ཐམས་ཅད་རྫོགས་པར་གནང་ནས་ཨ་རུ་ར་གསེར་མདོག་གཅིག་ལ་ལྗགས་ཀྱི་མཆིལ་མ་བཏབ་པ་ཞིག་དང་། མེ་ཆ་གཅིག་གནང་ནས། བླ་མའི་ཞལ་ནས། ད་ཡུལ་དུ་སོང་ལ་སྒོམས་གསུངས། སྤྱིར་ཡང་རི་དྭགས་རྨས་མའམ། བྱ་བཞིན་བག་ཟོན་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རེག་ཆུང་བར་བྱ། བཟོད་བསྲན་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོག་པ་ཤིན་ཏུ་ཆུང་བར་བྱ། རི་མཚམས་དང་སྨྲ་བཅད་དང་འདག་སྦྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤང་བར་བྱ། བསགས་སྦྱང་གཉིས་པོ་རང་སར་དག་ཀྱང་ཚོགས་ཆུང་ངུ་ནས་གསོག །ལས་འབྲས་མཁའ་ལྟར་རྟོགས་ཀྱང་སྡིག་པ་
ཆུང་ངུ་ལ་འཛེམ། མཉམ་བཞག་དང་རྗེས་ཐོབ་མེད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་ལོངས། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་པ་མི་གདབ། བུ་ཁྱོད་ཡོས་བུ་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ཚུན་ལ་བྲིན་སྙེ་ནམ་གྱི་མཚམས་སུ་སླེབས་པར་གྱིས་གསུངས་ནས་དྭགས་པོའི་སྐྱེལ་མགུར་འདི་གསུངས་སོ། །བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །བུ་རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་འགོད་ཅིག །དོན་མེད་འབད་རྩོལ་བྱེད་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རང་སེམས་སྟོང་ཉིད་རྟོགས་ཙ་ན། །གཅིག་དང་དུ་མར་མ་སྦྲེལ་ཞིག །ཆད་པའི་སྟོང་ཉིད་
དུ་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་གི་དགེ་སྦྱོར་མ་བརྩོན་ཞིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །བུ་མ་བཅོས་གཉུག་མའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རྟགས་དང་ལུང་བསྟན་བྱུང་དུས་སུ། །དགའ་རློམ་ཆེད་དུ་མ་འཛིན་ཅིག །བདུད་ཀྱི་ལུང་བསྟན་འབྱུང་ཉེན་ཡོད། །བུ་ཆེད་འཛིན་མེད་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རང་སེམས་གཏན་ལ་འབེབས་དུས་སུ། །མངོན་ཞེན་འདོད་པ་མ་སྐྱེ་ཞིག །དགའ་རློམ་བདུད་ཀྱིས་འཁྱེར་ཉེན་ཡོད། །བུ་རེ་བ་མེད་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །ཞེས་གསུངས་སོ། ༈ །ཡང་བླ་
མ་ལྷ་རྗེས་བར་དོའི་གདམས་ངག་ཞུས་པ་ལ་གསུངས་པ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །བུ་ཁྱོད་ཀྱིས་གསོལ་བ་བཏབ་པའི་ངོར། །ད་བར་དོ་འདི་ལ་དབྱངས་ཤིག་ལེན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་དང་། །མྱ་ངན་ལས་འདས་པའི་སངས་རྒྱས་གཉིས། །དངོས་པོའི་གཤིས་ལ་གནས་ལུགས་གཅིག །ལྟ་བའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སུ་ཤར་བའི་དཀར་དམར་དང་། །བརྗོད་དུ་མེད་པའི་སེམས་ཉིད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྒོམ་པའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སུ་སྣང་བའི་འཁྲུལ་སྣང་དང་། །རང་སེམས་སྐྱེ་བ་མེད་པ་གཉིས། །གཉིས་མེད་ལྷན་ཅིག་སྐྱེས་པར་གཅིག །སྤྱོད་པའི་བར་དོ་དེ་ལ་མཛོད། །མདངས་སུམ་ཉལ་བའི་རྨི་ལམ་དང་། །སད་ནས་རྫུན་དུ་ཤེས་པ་གཉིས། །སྒྱུ་མ་ལྟ་བུའི་ངང་
དུ་གཅིག །རྨི་ལམ་གྱི་བར་དོ་དེ་ལ་མཛོད། །མ་དག་ཕུང་པོ་རྣམ་ལྔ་དང་། །དག་པ་རྒྱལ་བ་རིགས་ལྔ་གཉིས། །མི་རྟོག་རྫོགས་རིམ་ངང་དུ་གཅིག །ལམ་བསྐྱེད་རྫོགས་ཀྱི་བར་དོ་དེ་ལ་མཛོད། །ཐབས་ལས་བྱུང་བའི་ཕ་རྒྱུད་དང་། །ཤེས་རབ་ལས་བྱུང་མ་རྒྱུད་གཉིས། །དབང་གསུམ་ལྷན་ཅིག་སྐྱེས་པར་གཅིག །གནད་ཀྱི་བར་དོ་དེ་ལ་མཛོད། །རང་དོན་ཆོས་སྐུ་འགྱུར་མེད་དང་། །གཞན་དོན་གཟུགས་སྐུ་འགགས་མེད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྐུ་གསུམ་གྱི་བར་དོ་དེ་ལ་མཛོད། །མ་དག་སྒྱུ་ལུས་ཀྱི་མངལ་སྒོ་དང་། །དག་པ་ལྷ་ཡི་རྣམ་པ་གཉིས། །བར་དོ་འོད་གསལ་གྱི་ངང་དུ་གཅིག །འབྲས་བུའི་བར་དོ་དེ་ལ་མཛོད། །ཅེས་གསུངས་སོ། །དེ་ནས་དྭགས་པོ་དབུས་སུ་བྱོན་ཏེ་དགེ་བཤེས་སྙུག་རུམ་པའི་སར་བྱོན་པས། ཁོང་གི་ཞལ་ནས་ཁྱོད་རྣལ་འབྱོར་པ་ལ་ཡོན་ཏན་ཅི་ཡོད་
གསུངས་པས། རླུང་ཕྱི་ནང་དུ་མི་རྒྱུ། རྟོགས་པ་ནམ་མཁའ་དང་མཉམ་གསུངས། དེ་ནས་གཉལ་དུ་བཞུགས་ཙ་ན་བླ་མའི་གསུང་དྲན་ནས། རྒྱ་པ་གསེར་རེ་ལས་གསེར་ཞོ་བཅུ་གཉིས་བསྐྱིས་ནས་རས་སྒོམ་རས་པ་བྱ་བ་གྲོགས་སུ་ཁྲིད་ནས་བྱོན་པས་ཡར་ཀླུང་མདོར་བསླེབས་ཙ་ན། གཙང་གི་བོང་འཚོང་བ་དང་འཕྲད་པས་རྗེ་བཙུན་རྟ་ཟླ་བའི་ཚེས་བཅུ་བཞི་ལ་གཤེགས་ཟེར་ནས་ཕྱག་འཁར་དང་ན་བཟའི་རས་ཤིག་མཆོད་པའི་རྟེན་དུ་བསྐུར་འདུག་པ་ཡང་སྤྲད། དེར་སྤྱན་ཆབ་མང་པོ་ཡང་ཤོར། དྲན་མེད་དུ་བརྒྱལ་ནས་སོང་བས། རྩ་ན་ཡོད་པ་ཀུན་གྱིས་ཕྱག་ཞབས་ལ་བསྐུ་མཉེ་ཕུལ། ཞལ་རས་ལ་ཆུ་མང་པོ་བཏབ་པས་དར་གཅིག་ནས་དྲན་པ་རྙེད་དེ། གསེར་སྲང་གང་བྲིན་གྱི་ཕྱོགས་སུ་གཏོར་ཏེ་བླ་མ་ལ་གསོལ་བ་འདེབས་པའི་མགུར་འདི་ཕུལ་ལོ། །རྗེ་གངས་དཀར་གྱི་རྩེ་ལ་གཤེགས་པའི་ཚེ། །སེངྒེ་དཀར་མོའི་སྤྱོད་དང་མཚུངས། །གཞན་སྣང་ཟིལ་གྱིས་གནོན་པའི་རྣལ་འབྱོར་པ། །རྗེ་ནགས་མའི་ཁྲོད་ལ་གཤེགས་པའི་ཚེ། །རྒྱ་སྟག་ཁྲ་བོའི་སྤྱོད་དང་མཚུངས། །རེ་དོགས་བྲལ་བའི་རྣལ་འབྱོར་པ། །རྗེ་བྲག་དཀར་གྱི་རྩེ་ལ་གཤེགས་པའི་ཚེ། །ཐང་དཀར་རྒོད་པོའི་
སྤྱོད་དང་མཚུངས། །ཕྱི་རྒྱ་རླབས་ཀྱིས་ཆོད་པའི་རྣལ་འབྱོར་པ། །རྗེ་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམ་པའི་ཚེ། །རི་དྭགས་ཡོངས་ཀྱི་སྤྱོད་དང་མཚུངས། །གདོས་ཐག་ཆོད་པའི་རྣལ་འབྱོར་པ། །རྗེ་འཁོར་གྱི་ནང་དུ་བཞུགས་པའི་ཚེ། །རྡོ་རྗེ་འཆང་གི་སྤྱོད་དང་མཚུངས། །ངེད་སྐལ་ལྡན་འདྲེན་པའི་རྣལ་འབྱོར་པ། །རྗེ་གླང་པོ་ལྟ་བུའི་སྤྱོད་དང་མཚུངས། །མཉམ་བཞག་རྗེས་ཐོབ་མེད་པར་ངེས། །རྗེ་བུ་ཆུང་ལྟ་བུའི་སྤྱོད་པ་དེ། །ནང་ན་གཟའ་གཏད་མེད་པར་ངེས། །རྗེ་བློ་དང་བྲལ་བའི་སྤྱོད་པ་དེ། །དེ་ཉིད་ཐུགས་སུ་ཆུད་པར་ངེས། །རྗེ་མངོན་ཤེས་དག་དང་ལྡན་པའི་ཚེ། །ནང་གི་སེམས་ཉིད་གསལ་བར་ངེས། །རྗེ་ཟས་སྐོམ་གྱི་འདུ་ཤེས་ཆུང་བ་དེ། །ཏིང་འཛིན་ཟས་སུ་གསོལ་བར་ངེས། །རྗེ་ནོར་བུ་དབང་གི་རྒྱལ་པོ་བཞིན། །དགོས་དགུ་རང་ལ་འབྱུང་བ་ཁྱེད། །རྗེ་སྐར་ཚོགས་
དབུས་ན་ཟླ་རྒྱས་བཞིན། །མང་པོའི་ནང་ནས་མཛེས་པ་ཁྱེད། །རྗེ་འདམ་གྱི་ནང་ན་པདྨོ་བཞིན། །འཁོར་བའི་སྐྱོན་གྱིས་མ་གོས་ཁྱེད། །འགྲོ་བ་ཡོངས་ལ་དྲིན་རེ་ཆེ། །བཀའ་བརྒྱུད་རྣམས་ཀྱི་རེ་བ་འགྲུབ། །ཁྱེད་ཀྱི་ཡོན་ཏན་དཔག་མེད་ལ། །བདག་གིས་ཅུང་ཟད་བསྟོད་པ་ལ། །ཐུགས་རྗེས་དགོངས་ཤིག་རྗེས་སུ་ཟུངས། །དངོས་པོའི་བསྙེན་བཀུར་མ་མཆིས་ཀྱང་། །སྒྲུབ་པ་ཉམས་སུ་ལེན་ལགས་ཀྱི། །ཆོས་སྐུ་གཅིག་ཏུ་མ་གྱུར་བར། །བྱིན་རླབས་ཀྱི་ཆུ་རྒྱུན་མ་གཅོད་ཅིག །ཐུགས་རྗེའི་ལྕགས་ཀྱུས་མ་བཏང་ཞིག །དེ་བསྟོད་པ་ཡི་བསོད་ནམས་ཀྱིས། །རྗེ་བཙུན་ཉིད་དང་མཇལ་བར་ཤོག །མཇལ་ནས་བྱིན་གྱིས་རློབས་པར་ཤོག །ཅེས་གསུངས་སོ། ༈ །ཡང་ནུབ་གཅིག་རྨི་ལམ་ན་བུ་ཞིག་འདུག་པ་དེའི་སྐེ་བཅད་ནས་སྐྱེ་རྒྱུད་བཅད་དོ་བྱས་རོ་རྦབ་ལ་བཏང་བ་ཞིག་རྨིས། དེ་ཕྱིན་ཆད་རྨི་ལམ་ཡེ་མི་ཡོང་བར་འདུག་སྟེ།
འོད་གསལ་དུ་འགྲོ་བར་འདུག་གསུངས་ནས་དེའི་དུས་སུ་མགུར་འདི་གསུངས་སོ། །བདེ་ཆེན་ཆོས་དབྱིངས་ཀྱི་ངང་ནས་དབྱངས་ཤིག་ལེན། །ཡེ་ཤེས་ཀྱི་ངང་དུ་ཚིག་གཅིག་འདེབས། །གཉིས་མེད་ཀྱི་དོན་འདི་གཏན་ལ་འབེབས། །གཞན་ཕན་སྙིང་རྗེ་ཞེན་མེད་འདི། །ཐབས་ཀྱི་མཆོག་ཏུ་གཙིར་གྱིས་བཟུང་། །ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །ཡེ་ཤེས་ཡིན་པར་གཙིར་གྱིས་བཟུང་། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་འཛིན་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་གཙིར་གྱིས་བཟུང་། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །བཏགས་པའི་བག་ཆགས་སྣང་གྲགས་འདི། །དོན་དམ་ཡིན་པ་གཙིར་གྱིས་བཟུང་། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་སྐྱེས་པའི་རྣམ་རྟོག་འདི། །བརྟན་པ་ཐོབ་ན་བདེན་པ་མཐོང་། །དེ་ཡི་དོན་ཞིག་རྟོགས་འདོད་ན། །ཆུ་བོའི་རྒྱུན་བཞིན་ཉམས་སུ་
ལོངས། །བཅས་བཅོས་མ་མང་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་སར་ཞོག །ཡིད་ལ་མ་བྱེད་རང་གར་ཞོག །ཉམས་དང་རྟོགས་པ་གཅིག་ཏུ་མཆིས། །རྒྱུན་ཆད་མེད་པར་རྟོགས་ན་ཡིན། །ངོས་བཟུང་མེད་པར་བདེ་ན་ཡིན། །དམིགས་གཏད་མེད་པར་གསལ་ན་ཡིན། །ནམ་མཁའ་ལྟ་བུར་མཉམ་ན་ཡིན། །རང་སེམས་སངས་རྒྱས་སུ་མཐོང་ན་ཡིན། །ཆོས་ཉིད་མངོན་སུམ་དུ་རྟོགས་སམ་སྙམ། །མཚན་མ་རང་སར་གྲོལ་ལམ་སྙམ། །མ་བསམ་ལྷུན་གྱིས་གྲུབ་བམ་སྙམ། །ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །ཐོས་པ་ཆེ་བས་གོ་བ་མིན། །ཤེས་རབ་ཆེ་བས་ཤེས་པ་མིན། །རྟོག་པས་བརྟག་པའི་སྤྱོད་ཡུལ་མིན། །བྱིན་རླབས་ཀྱི་ལམ་ལ་གནས་པ་ཡིན། །བླ་མའི་གསུང་ལ་བརྟེན་པ་ཡིན། །དད་པ་ཅན་གྱིས་རྟོགས་པ་ཡིན། །ལས་འཕྲོ་ཅན་གྱིས་གོ་བ་ཡིན། །དེ་ལྟར་རྟོགས་སམ་སྒོམ་ཆེན་ཀུན། །
ཀུན་ལ་སྨྲ་བ་རིགས་མ་ཡིན། །ཞེས་གསུངས་སོ། །(རྗེ་སྒམ་པོ་ཚུལ་ཁྲིམས་སྙིང་པོའི་ཞལ་ནས།) ལར་ང་ལ་ནི་སྒོམ་རྒྱུད་ལ་སྐྱེ་བར་དཀའ་ལས་ཆེན་པོ་དགོས་པ་བྱུང་། ད་ཁྱེད་རྣམས་ལ་ཚེགས་མེད་དུ་སྐྱེ་བར་འདུག་སྟེ། གདམས་ངག་ཐབས་ལམ་འདི་ཟབ་པའི་སྟེང་དུ་བཀའ་བརྒྱུད་འདི་ལ་བྱིན་རླབས་ཀྱི་བཀའ་བབ་གཞན་དང་མི་མཉམ་པ་ཞིག་ཡོད་གསུངས་ནས་མགུར་འདི་གསུངས་སོ། །ལྟ་བ་འགྱུར་མེད་རང་གྲོལ་ཡིན། །ཐེ་ཚོམ་བགྱིད་ཀྱང་མི་འཚལ་ལོ། །འབྲས་བུ་དུས་གསུམ་རྒྱུན་པ་ཡིན། །རེ་དོགས་བགྱིད་ཀྱང་མི་འཚལ་ལོ། །ཐེ་ཚོམ་མེད་པའི་ལྟ་བ་ལ། །གཞི་རྩ་གཅོད་པའི་རྟོགས་པ་འཚལ། །སྒོམ་ཐུན་དུ་གཅོད་པ་མེད་པ་ལ། །དུས་གསུམ་རྒྱུན་པར་ཤར་བ་འཚལ། །ཚུལ་འཆོས་མེད་པའི་སྤྱོད་པ་ལ། །རང་ཁྲེལ་མེད་པའི་གཞན་ཕན་འཚལ། །རེ་དོགས་མེད་པའི་འབྲས་བུ་ལ། །གོམས་པ་མངོན་དུ་བྱས་པ་འཚལ། །དབྱངས་དེ་དང་
གཅིག་གོ་འདི་དང་གཉིས། །སེམས་ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །གཙིར་གྱིས་ཟུང་དང་གཉུག་མ་ཡིན། །ལྷོད་ཀྱིས་ཀློད་དང་སྤྲོས་བྲལ་ཡིན། །ལྷན་གྱིས་རྟོགས་ན་ཆོས་སྐུ་ཡིན། །རྣམ་རྟོག་སྤངས་པས་མི་སྤོངས་ཏེ། །རྟོག་མེད་སྒྲུབ་ཏུ་མི་གཏུབ་སྙམ། །སྙེམས་བྲལ་སེམས་ཀྱི་ངོ་བོར་རྟོགས། །ཡིན་ན་བླ་མ་རྗེ་བཙུན་མཆོད། །མིན་ན་ཤེས་པ་ཀློད་ལ་ཉལ། །སྒོམ་ཆེན་རྣམས་ཀྱི་ཐུགས་ལ་ཞོག །ཕ་འཛམ་གླིང་གྲགས་པས་འདི་སྐད་གསུངས། །ཞེས་སོ། །དེ་ཐམས་ཅད་དྭགས་པོའི་ཞུས་ལན་དང་གདམས་མགུར་གྱི་སྐོར་རོ། །
དཔལ་རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་གི་རྣམ་ཐར་མདོར་བསྡུས།
༈ དཔལ་རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་གི་རྣམ་ཐར་མདོར་བསྡུས་ནི། དེ་ཡང་སྐུ་འཁྲུངས་ཡུལ་འཕན་ཡུལ་གཞུང་། རིགས་ནི་བྲན་སྐ་བ། ཡབ་གནས་བརྟན་སྟོན་པ། ཡུམ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་མེ་མོ་ལུག་ལོར་འཁྲུངས། དགུང་ལོ་བདུན་པའི་སྟེང་། ཉིན་ཞིག་བུད་མེད་མཁའ་འགྲོའི་གཟུགས་སུ་བྱས་པའི་གོས་
རེའུ་ཕྲུག་གཉིས་བརྩེགས་སུ་གྱོན་པ་འཁོར་བུད་མེད་བཅུས་བསྐོར་བ། ལག་ཏུ་ཆག་ཤིང་ཐོགས་པ་ཞིག་བྱུང་བ་ལ་ཁོང་གིས་སུ་ཡིན་བཟླས་པས། བདག་དྭགས་པོ་སྙི་སྒོམ་གྱི་སློབ་མ་ཡིན་ཟེར། དྭགས་པོ་སྙི་སྒོམ་ལ་བུད་མེད་ཀྱི་སློབ་མ་ཡོད་པ་མ་ཚོར་བྱས་པས། མོ་ན་རེ། འོ་ན་སྙི་སྒོམ་ལས་ང་བཟང་བ་ཅི་ཆ་ཟེར། ཁོང་ཚིག་དེ་ལ་མ་དགའ་བས་ཁྱོད་རིན་པོ་ཆེ་དེ་བས་བཟང་བ་ཨང་བྱས་ཤིང་བྱིས་པ་རྩེ་རོགས་མང་པོ་ཡང་སྦྲན་ཞིང་ས་རྡོ་མང་པོ་གཏོར་བ་ལ། ཁྱོད་དྭགས་པོ་སྙི་སྒོམ་གྱི་ཁ་འཛིན་བྱེད་ལུགས་ལ་དད་པ་ཡོད་རྟགས་སུ་འདུག །ཁྱོད་དང་ངེད་གཉིས་མི་འཐབ་ཟེར་ཞིང་སོང་སྐད། དེས་རྐྱེན་བྱས་པ་འདྲ་བ་བྱུང་ནས་དེ་ནུབ་མནལ་ཡེ་མ་བྱུང་། མཚན་ཐོག་ཐག་ཏུ་སྒམ་པོའི་མདུན་དུ་སླེབས་ན་སྙམ་ཡིད་སྨོན་གསོལ་བ་བཏབ་པས། ཐོ་རངས་མནལ་ཅུང་ཟད་འཐུམས་པས་ཤར་ནས་འོད་དཀར་ཉི་ཟེར་ལྟ་བུ་ཁོང་གི་ཐུགས་ཀར་ཕོག་པར་རྨིས། ཕྱིར་ནངས་ཅི་ཡིན་སྙམ་ཞིང་དབང་གཞོན་ལ་དྲིས་པས། བླ་མ་ལ་གསོལ་བ་བཏབ་པའི་བྱིན་རླབས་ཡིན་གསུངས། དགུང་ལོ་བརྒྱད་ལ་མཁན་པོ་སྐ་བ་པ་དང་། དབང་གཞོན་གཉིས་ལས་རབ་ཏུ་བྱུང་། མཚན་དར་མ་དབང་ཕྱུག་ཏུ་གསོལ། ཡབ་མེས་ཀྱིས་བཞེངས་པའི་སྐ་བ་
ཡུལ་སྣ་ཞེས་གཞིས་ཤིག་ཡོད་པ་བཟུང་ནས་བཞུགས། དེའི་དུས་སློབ་དཔོན་དབང་གཞོན་གྱིས་གཏོར་ཆེན་མཛད་ནས་གཏོར་དབང་བསྐུར། ཆོས་སྐྱོང་ཆེན་པོ་ཁྱེད་ཀྱིས་བདག་ལ་སྡོང་གྲོགས་མཛད་པ་དེ་བས་ཀྱང་ལྷག་པའི་སྡོང་གྲོགས་བཙུན་ཆུང་འདི་ལ་མཛོད་ཅིག །སྐུ་གསུང་ཐུགས་མ་གཡེལ་བར་ལུས་དང་གྲིབ་ལྟར་འགྲོགས་ཤིག་གསུངས་ནས་ཁོང་གི་དབུར་གཏོར་མ་བཞག །ཕྱིན་ཆད་ཁྱོད་ཀྱིས་བསྟན་པ་སེམས་ཅན་ལ་ཕན་ཐོགས་ཤིང་ཆོས་སྐྱོང་ཡང་ཁྱོད་ཀྱི་རྗེས་སུ་འབྲང་གསུངས། དགུང་ལོ་བཅུའི་ཐོག་ཏུ་བྱ་ཡུལ་བ་མཇལ། ལམ་རིམ་ཁྲིད། མི་གཡོ་བ། ཐུགས་རྗེ་ཆེན་པོ། སྒྲོལ་མ་རྣམས་ཀྱི་རྗེས་གནང་ཞུས། དེ་ནས་གྲུམ་ལུང་པའི་མདུན་ནས་བྱམས་ཆོས་སྡེ་ལྔ་དང་བསླབ་བཏུས། སྤྱོད་འཇུག་ལ་སོགས་པ་མཚན་ཉིད་ཀྱི་ཆོས་མང་དུ་གསན། དེ་ནས་ཁོང་གི་མཁན་པོ་སྐ་བ་པའི་མདུན་དུ་འདུལ་བ་མདོ་རྩ་སོགས་སློབ་གཉེར་བྱེད་ཅིང་ཡོད་ཙ་ན། མཚན་ཉིད་ཀྱི་ཆོས་ཐམས་ཅད་བུ་རམ་གྱི་གཟུགས་བརྙན་འདྲ་འདུག །གསང་སྔགས་ཐབས་ཀྱི་ལམ་ཉེ་ཞིང་། ཁ་ན་མ་ཐོ་གསུམ་རང་ལུས་ཀྱི་ཤའུ་ཐུག་ལྟར་འཛེམ་རུང་འཆི་ཁ་ཞེ་སྡང་ལོག་ལྟ་ཅུང་ཟད་སྐྱེས་ན་དམྱལ་བའི་རྒྱུ། མི་རྟག་པ་བསྒོམ་པ་ཆོས་ཀྱི་རྩ་བར་འདུག་རུང་རྒྱུན་
དུ་བསྒོམས་ཀྱང་འཁོར་བའི་ཞེན་པ་དྲུང་ནས་འབྱིན་ནུས་པའི་ངེས་པ་མེད། ཐོས་བསམ་སྒྲོ་འདོགས་གཅོད་པ་ལྟར་བྱེད་པ་འདིས་ཀྱང་སྟབས་མ་ལེགས་ན་ང་རྒྱལ་གྱི་སྣོན་པར་འགྲོ། བྱམས་སྙིང་རྗེ་གཞན་དོན་འབྱུང་བའི་རྒྱུ་ཡིན་ཡང་དམིགས་མེད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་མ་རེད་བར་གཞན་དོན་མི་འབྱུང་། བླ་མ་དམ་པ་དཀོན་མཆོག་གསུམ་གྱི་རྩ་བ་ཡིན་རུང་། བྱིན་མཐུ་མེད་པའི་བླ་མ་བསྟེན་ན། དཔེར་ན་ཆུ་བཤིག་ན་མར་མི་འབྱུང་བ་འདྲ་བས་སློབ་མའི་བརྩོན་འགྲུས་དཀའ་ཚེགས་སུ་འདུག །བླ་མ་མཚན་ལྡན་བཙལ་དགོངས་ནས་དེ་ནུབ་མནལ་མ་བྱུང་། ཕྱིར་ཉིན་ཅུང་གཟིམ་དགོངས་བྱོན་ཙ་ན། གད་ཕུག་ཅིག་ཏུ་རྣལ་འབྱོར་པ་གཞོན་མཛེས་དབུ་སྐྲ་ཕོད་ཁ་ཡོད་པ་ལུས་ཙོག་པུར་བཞུགས་པ་ལ་ཁྱེད་གང་ནས་ཡིན་གང་དུ་འབྱོན་ཞུས་པས། བདག་དྭགས་ཕྱོགས་སྒམ་པོའི་དྲུང་ནས་འོང་། ད་ནི་གར་འགྲོ་ངེས་པ་མེད་གསུངས། དེར་ཁོང་དགའ་བ་དང་མོས་གུས་སྐྱེས། བླ་མ་སྒམ་པོ་པ་སྐུ་ཁམས་བདེ་བར་བཞུགས་སམ། སྐུ་འཁོར་ཅི་ཙམ་གདའ། དམ་ཆོས་གཙོ་བོ་ཅི་མཛད་ལགས་ཞུས་པས། རྣལ་འབྱོར་པ་དེས་ཕྱག་ཐལ་མོ་སྦྱར་ནས་བླ་མ་རིན་པོ་ཆེ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུལ་བྱའི་དོན་ལ་བྱོན་པ་
ལགས། དེང་སང་སྐུ་ཁམས་བཟང་། སྐུ་འཁོར་མང་པོ་བཞུགས། ཆོས་ངེས་དོན་སྙིང་པོ་ཐེག་ཆེན་མན་ངག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་པ་ཁོ་ན་འཆད་ཟེར། སྐུ་ཆེ་བའི་ཡོན་ཏན་མང་དུ་བརྗོད་ནས་སྟོན་ཆུང་ཁྱོད་རིན་པོ་ཆེ་དེ་ལ་དད་མོས་འདུག་པས་ངས་དྲང་ཚད་སྨྲས་པ་ཡིན་པས། ཁྱོད་དེ་སྔ་བར་ཆད་ཅུང་བྱུང་འདུག་པ་དང་། ད་འགྲོ་འདོད་ན་མྱུར་དུ་སོངས་གསུངས་པས་དེ་མ་ཐག་ཏུ་འགྲོ་བའི་ཐུགས་ཐག་བཅད། ད་ཁྱེད་ཀྱིས་བདག་འགྲོ་བའི་གྲོགས་མཛད་རོགས། རྩམ་པ་ཞིག་འབུལ་ཞུས་པས། རྣལ་འབྱོར་པ་ལ་འགྲོ་འོང་གཏད་སོ་མེད། རྩམ་པ་མི་དགོས། ཁྱེད་རང་རིན་པོ་ཆེ་ལ་གསོལ་བ་ཐོབ་ནས་སོང་དང་བར་ཆད་མི་འོང་གསུངས་ནས་གཤེགས་པར་གདའ། དེ་ནས་རང་ཡུལ་དུ་བྱོན་ནས་འགྲོ་བའི་ཆས་བྱས། སྤོས་ཁ་སངས་རྒྱས་སྒོམ་པ་ལ་ཁྱེད་དྭགས་པོ་མཇལ་དུ་མི་འགྲོའམ་གསུངས་པས། ཁོང་ཡང་དད་ནས་འགྲོ་ཟེར། ཁོང་རྣམ་གཉིས་ཇ་གསེར་ཁྱེར་ནས་གཉེན་འདུན་གྱིས་མ་ཚོར་བར་སོང་ནས་དྭགས་ལྷ་སྒམ་པོར་སླེབས། དྭགས་པོ་མཇལ། ཇ་གསེར་ཕུལ། བྱིན་རླབས་ཆོས་ཞུས་པས་བླ་མས་དེ་ལྟར་བྱ་གསུངས། ངེས་པར་ཆོས་བྱེད་ན་འཁོར་བ་ལས་བྱུང་ནས་ཚུལ་ཁྲིམས་དེ་མིག་ལྟར་བསྲུང་།
བླ་མར་ཟོལ་མེད་དད་མོས་བསྐྱེད། རྒྱུ་འབྲས་བླང་དོར་དགོས་གསུངས། དེ་ནས་ཚོགས་འཁོར་མཛད་སྐབས་སུ་བླ་མར་མི་ཕྱེད་པའི་དད་པ་སྐྱེས་ཚེ་དྭགས་པོའི་ཞལ་ནས། ཁྱོད་མོས་གུས་ཆེ་བར་འདུག །ཁྲིད་ཆེན་པོ་རང་མེད་ཀྱིས་འགྲོ་མང་ལ་ཕན་ཐོགས་འབྱུང་བ་ཡིན་གསུངས། ཁྱེད་རང་ནང་དུ་སྡོད་གསུངས་ནས་ཐུགས་ལ་ཤིན་ཏུ་བཏགས་པར་མཛད། དེ་མཚམས་ཟླ་གཅིག་ཐོག་ནས་ཁོང་སྐུ་ཁམས་མ་བདེ་ནས་སྐུ་ལ་ཆུ་བུར་མང་པོ་བྱུང་ཚེ། བླ་མར་གསོལ་བ་བཏབ་པས། དེ་ནུབ་མཚོ་ནག་པོ་ཞིག་གི་ནང་ནས་ཉ་ཅོང་མང་པོ་འདུག །དེར་འཇིགས་བཞིན་ནང་དུ་འགྲོ་བ་ལ་བླ་མ་མཇལ་ནས་ཞུ་བསམ་མ་ཐག་བླ་མ་རིན་པོ་ཆེ་ཁྲོ་ཚུལ་གྱིས་ཕེབས་ནས་ཕྱག་གཡོན་གྱིས་སྲིན་ལག་ནས་བཟུང་ནས། བསམ་ངན་ཞེ་སྡང་གི་སྦྱོར་བ་ཡིས། །རིགས་ངན་དུད་འགྲོའི་གནས་དག་ཏུ། །རྐྱེན་ངན་རྣམ་རྟོག་ཡིད་འཇུག་ཀྱང་། །ལས་ངན་གྱི་གནས་སུ་འཆར་དོགས་ཡོད། །སྣང་སྲིད་འཁོར་འདས་རང་གི་སེམས། །མོས་གུས་བརྟན་པ་རྟེན་འབྲེལ་གྱི་གནད། །ཐུགས་རྗེའི་ལྕགས་ཀྱུས་རྒྱུན་དུ་འཛིན། །འགྱུར་མེད་བདེ་ཆེན་གྱི་གནས་སུ་འདེང་། །གསུངས་
ནས་ཕྱག་གིས་ཡར་འཐེན་ནས་དཔོན་སློབ་གཉིས་ནམ་མཁའ་ལ་གཤེགས་པར་རྨིས། མནལ་སད་པ་དང་སྐུ་ཁམས་དྭངས་པ་དང་བདེ་གསལ་མི་རྟོག་པའི་ཉམས་མྱོང་སྐྱེས། ཡང་ཉིན་གཅིག་བླ་མར་གསོལ་འདེབས་མཛད་ཅིང་བཞུགས་ཙ་ན། སྒོམ་པ་ཡེ་ཤེས་གཡུང་དྲུང་བྱ་བ་བྱུང་ནས་ཁྱོད་རིན་པོ་ཆེའི་མདུན་དུ་མྱུར་བར་ཤོག་གསུངས་ཟེར་བས། དེ་མ་ཐག་ཏུ་བྲག་ལུང་ཆེན་པོ་ཡོད་པའི་སྟོད་སྨད་བསྐོར་ལམ་དུ་འབྱོན་ལོང་མ་བྱུང་བར་ཐད་ཀར་མཆོང་ནས་འགྲོ་དགོངས་ཏེ་བྱོན་པས་ཞབས་འདྲེད་ནས་གཡང་ལ་ལྷུང་བས། བླ་མར་གསོལ་བ་བཏབ་མ་ཐག་ཏུ་ཞབས་མཐིལ་བྲག་ལ་ཚུགས་ནས། ཕ་ཀི་ན་ཕྱུགས་རྫི་གཅིག་འདུག་པས་མཐོང་ནས་ཡུལ་མི་ལ་སྦྲན་ཏེ་ཐག་པ་མང་པོ་མཐུད་ནས་བྱུང་བས་དེ་ལ་ཕྱག་འཇུས་ནས་བྱོན་པས་སྐུ་ལ་སྐྱོན་མ་བྱུང་། བླ་མའི་མདུན་དུ་བྱོན་ནས་དེ་སྐད་ཞུས་པས། ཁྱོད་ང་ལ་དད་མོས་ཆེ་བས་དེས་འཆི་ལྟས་རྣམས་བཟློག་པ་ཡིན་གསུངས། དེའི་དུས་བླ་མ་འབའ་རོམ་པ་དེ་མོས་གུས་ལ་འགྱུར་བ་མེད། གཅིག་ཆར་དུ་བྱིན་རླབས་ཞུགས། འཇིགས་དང་ཉམ་ང་མེད། རྐྱེན་ངན་གྲོགས་སུ་ཤར། སྣང་སེམས་གཉིས་སུ་མེད། དབྱེར་མེད་ཆོས་སྐུར་གསལ། རྣམ་རྟོག་ངོས་བཟུང་མེད། བསྒོམ་བྱ་སྒོམ་བྱེད་སྟོར།
ཉམས་ཀྱི་ཆགས་ཞེན་མེད། རྟོགས་པའི་གདེངས་དང་ལྡན། རིག་པ་དྲི་མ་མེད། ཡིད་བྱེད་རྣམ་པར་དག །སྐྱེ་འགག་གནས་པ་མེད། གཉུག་མ་ལྷན་གཅིག་སྐྱེས། ཐུགས་རྗེ་དམིགས་པ་མེད། གཞན་དོན་ལྷུན་གྱིས་གྲུབ། རྣམ་རྟོག་རང་སར་གྲོལ་ནས། ཐམས་ཅད་སེམས་སུ་ཤེས་པས། དང་པོའི་ཤེས་པ་མ་བཅོས་པ་དེ་མ་འགགས་པ། འཛིན་ཆགས་ཐམས་ཅད་དང་བྲལ་བ། བློས་མ་བྱས་པ་ངེས་ཤེས་དང་བཅས་པ། ཐེ་ཚོམ་མི་བྱ་བར་བརྗོད་པར་དཀའ་བ། བརྡས་མཚོན་དུ་མེད་པའི་རྟོགས་པ་འདི་ལྟ་བུ་ཤར་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་དག་ཡིན་གསུངས་ཤིང་ངོ་སྤྲོད་རྒྱས་པ་ཞིག་གནང་། དེ་ནས་ཚོགས་འཁོར་ཞིག་མཛད་པའི་དུས་ཆོས་རྗེ་རིན་པོ་ཆེའི་ཞལ་ནས། སྒོམ་ཆེན་པ་བྱ་བ་ལ་མྱོང་བ་ནང་ནས་ཤར་བའི་མགུར་དགོས་པས། ཁྱོད་ཀྱི་གྲེ་བ་འདི་རྫོགས་པའི་སངས་རྒྱས་མི་ལའི་དབྱངས་དང་འདྲ་བར་འདུག་པས། རྟོགས་པ་དོན་གྱི་མགུར་གྱིས་གསུངས་པ་བཞིན་མཛད་པས། ཆོས་རྗེ་རིན་པོ་ཆེས། རྫོགས་པའི་སངས་རྒྱས་མིའི་གཟུགས་ཅན་དེའི་མགུར་དང་འདྲ་བར་འདུག་གསུངས་ཤིང་། ཕྱག་ཐལ་མོ་སྦྱར་བཞིན་དབུ་དུད་པ་དང་སྤྱན་ཆབ་ཀྱང་བྱོན། ཡང་ཉིན་ཞིག་བྱིན་རླབས་དབང་བསྐུར་ཞུས་པས། མདང་
ཁྱོད་ལ་དབང་བསྐུར་བས་སྡིག་སྒྲིབ་ང་རང་བས་ཁྱོད་དག་པར་འདུག །འདིའི་ཚོགས་པ་བདུན་བརྒྱའི་ནང་ནས་ཉམས་རྟོགས་དར་མ་དབང་ཕྱུག་དང་མགར་སྒོམ་དཀར་པོ་གཉིས་ལས་མཐོ་བ་སུ་མེད་གསུངས། རྗེ་དྭགས་པོ་རིན་པོ་ཆེའི་སྐུ་སྲོག་གི་རྐྱེན་བཞི་བཟློག་ཚུལ་ནི། རིན་པོ་ཆེ་མཛོ་དཀར་ཡུ་ཞིག་ལ་ཆིབས་ནས་སྐེད་འཕྲང་ནས་ཕེབས་ཚེ་མཛོ་འདྲེད་ནས་སྐུ་ལྷུང་བས་བར་སྣང་ནས་བླངས། ཡང་ལྷ་ལུང་བྱ་བར་ཆིབས་རྟ་ལུག་གུ་བྱ་བར་ཆིབས་ནས་ཕེབས་ཚེ་རྟ་འདྲོགས་ནས་སྐུ་འཕང་བ་ནམ་མཁའ་ནས་ཟིན། ཡང་རབ་གནས་སྐབས་རྡུལ་ཚོན་རབ་གནས་ལྷ་བཤོས་རྣམས་ཧབ་ཐོབ་བྱེད་པར་ཁྲོམ་འུར་ཚེ་གྲྭ་པ་རྣམས་གར་སོང་མེད། ཁོང་གིས་རིན་པོ་ཆེ་རྩེར་གྱིས་ཁུར་ནས་རྒྱུག་པས་ཐར། ཡང་སྡོམ་ལུང་དུ་ཆིབས་པས་འཕང་ཚེ་སྐུ་ཟུར་ནས་ཟིན་པ་སོགས་སྒོ་གསུམ་གྱི་བགྱི་བ་གཞན་གྱིས་སྒྲུབ་དཀའ་བའི་ཞབས་ཏོག་མང་པོ་བསྒྲུབས། དྭགས་པོ་རིན་པོ་ཆེའི་ཞལ་ནས། ངས་གདམས་ངག་ལྷག་ལུས་མེད་པར་གནང་ཚར་བ་ཡིན། བྱང་འབའ་རོམ་ཟེར་བ་ཏི་སེའི་གངས་བརྒྱུད་མར་པའི་སྒྲུབ་གནས་རི་ཁྲོད་ལ་སྒྲུབ་པ་གྱིས་གསུངས། ཁྱོད་དང་ང་གཉིས་འགྲོགས་ཡུན་རིང་། ལུས་སྲོག་ལྟོས་མེད་ཀྱི་ཞབས་ཏོག་མང་པོ་བསྒྲུབས་
གསུངས་ནས་གསེར་སྲང་གང་དང་ཕྱག་དཔེ་རྣམས་གནང་། གསེར་འདི་དང་པོ་སྒྲུབ་བརྒྱགས་གྱིས། དེ་ནས་ལྷ་འདྲེས་འཚོ་བ་སྟེར། ཕྱིས་མིའི་འཚོ་བ་ཡོང་གསུངས། བླ་མ་ཁྱེད་ཀྱི་མདུན་འདི་ན་མ་ཤི་བར་འདུག་དགོས་ཞུས་ནས་སྤྱན་ཆབ་བསིལ། གསེར་ཡར་ཕུལ་བས་རྟེན་འབྲེལ་འགྲིགས་གསུངས། ད་ཁྱོད་ཀྱི་ངོ་མི་ལྡོག་ཟླ་གཅིག་བར་དུ་སྡོད་གསུངས། དར་མ་དབང་ཕྱུག་ཁོང་གི་ཐུགས་སུ་ཆུད་ནས་ཕྱག་འཚལ་མཎྜལ་ཕུལ་ནས། རིན་པོ་ཆེ་ཁྱེད་སྐྱེ་འཆི་ལ་རང་དབང་ཐོབ་པས་བསྐལ་པར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་ཞེས་ཞུས་པས། འགྲོ་དོན་ད་ལྟ་བས་གཞན་ལྷག་པས་ཅིས་ཀྱང་མི་སྡོད་གསུངས། དེ་ནས་བླ་མ་འབའ་རོམ་པ་དེ་ཐུགས་ཤིན་ཏུ་སྐྱོ་བས། བླ་མ་ལ་མོས་གུས་བྱས་པས་ཡོན་ཏན་ཐམས་ཅད་བླ་མའི་བྱིན་རླབས་ཀྱི་རྫོགས་པར་བྱས་ནས་བཞུགས་ཙ་ན། ཉིན་ཞིག་རིན་པོ་ཆེའི་ཞལ་ནས། ཆོས་ཤིག་གཤའ་མར་བྱེད་ན། གཞི་དད་པ་དང་མོས་གུས་ཁྱད་པར་ཅན་གྱིས་ཀུན་ནས་བསླང་། ལམ་བརྩོན་འགྲུས་ཡེངས་པ་མེད་པའི་སྒོ་ནས་ཉམས་སུ་བླངས་ན། འབྲས་བུ་སངས་རྒྱས་ཟེར་བ་དེ་མངོན་དུ་བྱེད་པ་ལ་དཀའ་ཚེགས་མེད་པ་ཡིན་པས། འཁོར་བ་བློ་ནས་སྤོངས། །གཉེན་བཤེས་
ཤུལ་དུ་ཞོག །ཆོས་བརྒྱད་རྒྱབ་ཏུ་སྐྱུར། །འདུ་འཛིའི་གཡེང་བ་སྤོངས། །ཚུལ་ཁྲིམས་རྒྱན་དུ་གྱིས། །དད་པ་གཏིང་ནས་སྐྱེས། །སེམས་ཀྱི་གཞི་རྩ་ཆོད། །འཁྲུལ་པ་ནང་ནས་ཞིག །སྣང་སེམས་གཉིས་སུ་མེད། །རྣམ་རྟོག་ཆོས་སྐུར་གསལ། །ཐ་མལ་ཤེས་པ་དེ་འོད་གསལ་ངང་དུ་འབྲལ་བ་མེད་པས་ཆོས་ཐམས་ཅད་ལམ་དུ་འགྲོ། རྐྱེན་ངན་གྲོགས་སུ་འཆར། དེའི་དུས་ན་མོས་གུས་ཁྱད་པར་ཅན་སྐྱེ་བས། དངོས་གྲུབ་འཇུག །བར་ཆད་ཞི། གཞན་ཕན་ཆེ། འགྲུབ་ཐག་ཉེ། མཁའ་འགྲོ་འདུ། བླ་མ་མཉེས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན། དེའི་དུས་སུ་རི་ཁྲོད་རྣམ་པར་དག་པ་ན། བག་ཚ་དང་ཉམ་ང་མེད་པར་རྡོ་རྗེའི་མགུར་ཤུགས་ལས་འབྱུང་བ་བླངས་ན་མཁའ་འགྲོ་མཉེས་པ་ཡིན་པས། རྟོགས་པ་དོན་གྱི་མགུར་ཡང་ལོངས་གསུངས། ཁོ་བོའི་འདས་མཆོད་ལ་ཁྱོད་རི་ཁྲོད་རྣམ་པར་དག་པ་ན་སྒྲུབ་པ་རྩེ་གཅིག་ཏུ་བྱེད་ངེས་པ་ཞིག་གྱིས། མེ་ཏོག་སྤར་གང་དང་ཆུ་ཕུལ་གང་ཕུལ་ནས། མོས་གུས་བྱེད་ཅིང་གསོལ་བ་བཏབ་ན་རབ་ཡིན་གསུངས། དེ་ནས་ཞབས་ཏོག་བྱེད་ཀྱིན་བཞུགས་ཙ་ན་ཞག་སོ་གསུམ་ནས་དགོངས་པ་དབྱིངས་སུ་ཐིམ། སྐུ་འབུམ་མ་ཚར་བར་སྒམ་པོར་བཞུགས། དེ་མཚམས་ལུང་བསྟན་པ་བཞིན་བྱང་འབའ་རོམ་དུ་
བྱོན་ནས་སྒྲུབ་པ་མཛད། མི་མ་ཡིན་མང་པོས་ཆོས་ཞུས་ཚེ། བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་ཆོས་གསུངས། འབུལ་བ་ཡོད་ཟེར་ནམ་མཁར་སྤྲིན་དེངས་པ་ལྟར་ཡལ། ཞག་འགའ་རེ་ནས་ལུང་ཕུ་ན་བྱང་འབྲི་གཅིག་ལྕེ་སྤྱང་རྣམས་ཀྱིས་བསད་བསྡད་པ་གཟིགས་ཚེ་འབུལ་བ་ཟེར་བ་ཡིན་དགོངས་ནས། ཏིང་ངེ་འཛིན་གྱིས་ཁོང་རྣམས་བཀུག་ནས་ཁྱེད་རྣམས་ལ་ང་ཡིས་ཆོས་བཤད་པའི་དམ་སྡོམ་ལ་འགལ་གསུངས་པས། ངེད་རྣམས་མིན། ཡ་ཀི་ཕུ་ན་བཙན་བདུད་མང་པོ་ཡོད་པའི་འཁོར་ལྕེ་སྤྱང་གིས་བསད་པར་འདུག་ཞུས། ངེད་རྣམས་སློབ་དཔོན་པདྨ་ལས་ཆོས་མང་པོ་ཞུས་པས་དམ་ལ་གནས་པ་ཡིན། ད་ཕྱིན་ཆད་ཁྱེད་ཀྱི་དམ་ལ་གནས་ཤིང་ཅི་གསུང་བསྒྲུབ། མ་འོངས་པར་ཁྱེད་ཀྱི་ཆོས་བརྒྱུད་རྣམས་ལ་སྡོང་གྲོགས་བྱེད་པར་ཁས་བླངས་ནས་བཞུད་དོ། །ཡང་རྫ་ཕུག་ཏུ་བཞུགས་པའི་ཚེ་ཡུལ་དེའི་ལྷ་འདྲེ་རྣམས་འཁྲུགས་པར་གཟིགས་ནས་བྱམས་དང་སྙིང་རྗེ་ཆེན་པོས་སྐད་ཅིག་ལ་འཁྲུགས་པ་བཟླུམས། དེ་དག་གི་དྲིན་ལན་ཚུལ་དུ་ལྷ་འདྲེ་རྣམས་ཀྱིས་འཚོ་བ་དང་སྡོང་གྲོགས་ཡུན་རིང་དུ་བསྒྲུབས། བྲག་དམར་རྫོང་ཆེན་ནས་གཟིགས་ཚེ་ནམ་མཁར་རྨ་བྱའི་གདུགས་ཀྱི་ལི་ལི་འཁོར་འོག་དྭགས་པོ་
རིན་པོ་ཆེ་བཞུགས་པ་མཐོང་། རབ་གནས་མཛད་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་སུམ་མཇལ། ཚོགས་འཁོར་སྐབས་སྟོན་པ་རིན་ཆེན་གྱིས་འབའ་རོམ་རིན་པོ་ཆེ་རྡོ་རྗེ་འཆང་དུ་མཐོང་། ཡང་གཟིམ་མལ་དུ་བཞུགས་ཚེ་ཤེས་རྒྱལ་གྱིས་འཁོར་ལོ་བདེ་མཆོག་ཏུ་མཐོང་། ཡང་བླ་མ་ཉིད་རྡོ་རྗེ་ཕག་མོར་སྣང་བ་ཀུན་གྱིས་མཇལ། གཞན་གྱིས་སེམས་རྒྱུད་འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་ཅིང་ལུང་བསྟན་རྣམས་བརྗོད་ཀྱིས་མི་ལོངས། གྲུབ་རྟགས་ནི་ཇག་པས་འབུལ་རྟ་དེད་སྐབས་འབའ་རོམ་རིན་པོ་ཆེས་ཕྱག་རྒྱ་བསྟན་ཙམ་གྱིས་ཇག་པ་རྣམས་རེངས་ཤིང་བརྒྱལ། ཡང་སྐྱོ་དུ་སྐམ་བྲག་ཏུ་ཆུ་མེད་པས་བདེན་པ་བརྗོད་ཅིང་ཕྱག་མཁར་བཙུགས་པས་ཆུ་བརྡོལ། གཞན་ཡང་ནམ་མཁའ་ལ་འཕུར་ཞིང་རི་བྲག་ལ་ཐོགས་མེད་འགྲོ་བ་ཆུ་ལ་མི་བྱིང་བ་སོགས་རྫུ་འཕྲུལ་མཐའ་ཡས་སོ། །བླ་མ་རིན་པོ་ཆེ་ལ་རབ་སྒྲུབ་པའི་ཞབས་ཏོག་ཏུ་དམིགས་ནས་ཕུ་ཡི་རྫ་རིན་ཆེན་སྤུངས་པར་ལོ་བཞི། མདོ་ཡི་བྲག་དམར་རྫོང་ལ་ལོ་གསུམ། ཕན་ཚུན་གཉིས་ཆར་ལ་ལོ་བདུན། འབའ་རོམ་ཤོད་དུ་སྒྲུབ་པ་དང་ཚོགས་པ་བསྐྱང་བ་ལ་ལོ་བཅུ་གཅིག་བཞུགས། བླ་མ་རིན་པོ་ཆེ་ཁོང་སྐྱེ་རྒ་ན་འཆིའི་ཚུལ་མི་མངའ་ཡང་། དགུང་ལོ་བདུན་ཅུ་རྩ་གསུམ་ལ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དང་སྒོ་མཐུན་པར་ཅུང་ཟད་བསྙུང་ཚུལ་བསྟན་མཛད། ད་ནི་ཁོ་བོ་གཞན་དོན་དུ་འགྲོ་བས་ཆོས་ཕྲུག་གསར་པ་རྣམས་ང་ཡི་སྒོམ་མལ་དུ་མ་འཇོག །རྙིང་པའི་གྲྭ་སློབ་དང་ཡོན་བདག་རྣམས་ཤོག །ད་དུང་སྨོན་ལམ་དང་རྒྱས་འདེབས་གྱིས་གསུངས་ནས་བསྔོ་བ་སྨོན་ལམ་ཞལ་ཏ་རྣམས་རིམ་བཞིན་གནང་ནས་ས་ཟླའི་ཚེས་གཉིས་ནུབ་མོ་ངོ་མཚར་བའི་ལྟས་མང་དུ་བསྟན་ནས་འདའ་བའི་ཚུལ་བསྟན། དེ་ནས་སྐུ་གདུང་ཡི་དམ་དུ་མའི་དཀྱིལ་འཁོར་དང་བཅས་ཏེ་ཞུགས་སུ་ཕུལ་བའི་ཚེ། ནམ་མཁའ་ལ་གདུང་དུད་རྣམས་འཇའ་འོད་ཁ་དོག་ལྔ་ལས་གྲུབ་པའི་དབྱིབས་ལྗོན་ཤིང་པདྨ་རྒྱལ་མཚན་བ་དན་ལྟ་བུས་ཡོངས་སུ་ཁེབས་པར་གྱུར་པ་སོགས་ངོ་མཚར་གྱི་ལྟས་མང་པོ་བྱུང་། དད་རྟེན་དུའང་རིང་བསྲེལ་ཁ་དོག་ལྔ་ལྡན་དང་། བཀྲ་ཤིས་པའི་རྟགས་བརྒྱད། རྗེ་བཙུན་མའི་སྐུ་རྣམས་གསལ་བར་བྱོན་པ་ཡིན་ནོ། །བླ་མ་འདི་ལ་སློབ་མའི་རྣམ་གྲངས་བྱུང་ཚུལ་ནི། ཆེ་བའི་བུ་བཞི། ཉེ་བའི་སྲས་བཞི། རྒྱུད་འཛིན་གྱི་སློབ་མ་ལྔ་དང་བཅུ་གསུམ་ལས། བུ་ཆེན་བཞི་ནི། རྩེ་རོམ་དབང་ཕྱུག་སེང་གེ། བྲན་ཀ་ཇོ་བཙུན་ནམ་མཁའ། བླ་མ་ཆེན་པོ་ལྷོ་བ། སྟོན་པ་རིན་ཆེན་བླ་མ་དང་བཞི།
ཉེ་སྲས་བཞི་ནི། བྲན་ཀ་ལྷ་སྟོན། སྟོན་པ་གཞོན་ནུ་གྲགས། ཁྱིམ་མྱེས་ཨཱར་ཡ་དེ་ཝ། ལྷ་རྗེ་བློ་མཆོག་དང་བཞི། བརྒྱུད་འཛིན་ལྔ་ནི། བླ་མ་འབྲི་གུང་པ། བླ་མ་ཉིན་དགོན་པ། བླ་མ་དཔལ་རྒྱལ་བ། བླ་མ་སེདྒེ་རྒྱལ་མཚན། དབོན་པོ་ཤེས་རབ་དབང་ཕྱུག་དང་ལྔ། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་འགྲན་ཟླ་དང་བྲལ་བ་ནི་ཏི་ཤྲི་ཤེས་རབ་སེང་གེའོ། །འབའ་རོམ་དར་མ་དབང་ཕྱུག་གི་གསུང་མགུར་རྡོ་རྗེའི་གླུ་མཛོད་དཔག་མེད་བཞུགས་པའི་ནང་ནས་བྱིན་རླབས་ལྡན་པའི་མགུར་ནི། དེའང་སྒམ་པོ་པའི་མདུན་ན་ཐུགས་དམ་ལ་བཞུགས་པའི་དུས་སུ་རྗེ་བཙུན་མི་ལ་མདུན་གྱི་ནམ་མཁའ་ལ་བྱོན་ནས། གསུང་གི་ང་རོ་སེང་གེའི་སྒྲ་དབྱངས་དབྱིངས་ནས་སྒྲོགས་པའི་ཤོན་གླུ་རིང་མོ་མཛད་པ་ཉམས་ལས་བྱུང་བ་ནི། འགྲོ་བའི་མགོན་པོ་འཛམ་གླིང་རྒྱན། །ཡོན་ཏན་འབྱུང་གནས་གཙུག་གི་ནོར། །གདུལ་བྱ་སྨིན་མཛད་བདུད་རྩིའི་བཅུད། །རྗེ་རས་པ་ཆེན་པོའི་ཞབས་ལ་འདུད། །ཡིད་རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །མདུན་མཁའ་ལ་རྗེ་བཙུན་བྱོན་ནས་ཀྱང་། །ཆོས་ཟུང་འཇུག་ཕྱག་ཆེན་སེང་གེའི་སྒྲ། །དོན་འཁོར་འདས་དབྱེར་མེད་འདི་སྐད་གསུངས། །གནས་ཚུར་
རོལ་དུ་འཁོར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འདས་པ་མ་མཆིས་པ། །སེམས་འཁོར་འདས་གཉིས་མེད་འདོད་ཞེན་བྲལ། །དེ་དབྱེར་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྣང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་སྟོང་པ་མ་མཆིས་པ། །སེམས་སྣང་སྟོང་གཉིས་མེད་ཆགས་སྡང་བྲལ། །དོན་དེ་ཉིད་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགག་པ་མ་མཆིས་པ། །སེམས་སྐྱེ་འགག་གཉིས་མེད་གནས་པ་བྲལ། །དེ་དུས་གསུམ་རྒྱུན་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འོང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགྲོ་བ་མ་མཆིས་པ། །སེམས་འགྲོ་འོང་གཉིས་མེད་ཡུལ་དང་བྲལ། །དེ་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འདུ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འབྲལ་བ་མ་མཆིས་པ། །སེམས་འདུ་འབྲལ་གཉིས་མེད་
དངོས་འཛིན་བྲལ། །དེ་གཉུག་མ་རང་གྲོལ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྡུག་བསྔལ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བདེ་བ་མ་མཆིས་པ། །སེམས་བདེ་སྡུག་གཉིས་མེད་སྤྲོས་དང་བྲལ། །དེ་ངར་འཛིན་མེད་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཆི་བ་མ་མཆིས་པ། །སེམས་སྐྱེ་འཆི་མེད་པ་བློས་བཏགས་བྲལ། །དེ་རྡོ་རྗེའི་སྐུ་ཉིད་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་ཆགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ཐོགས་པ་མ་མཆིས་པ། །སེམས་ཆགས་ཐོགས་མེད་པ་ཕུགས་གཏད་བྲལ། །དེ་དམིགས་མེད་ལྷུན་གྲུབ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་གཟུང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཛིན་པ་མ་མཆིས་པ། །སེམས་གཟུང་འཛིན་གཉིས་མེད་དྲི་མ་བྲལ། །དེ་དག་པ་གཉིས་ལྡན་ཕྱག་རྒྱ་ཆེ། །གནས་ཚུལ་རོལ་དུ་འགྲིབ་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་
གསལ་བ་མ་མཆིས་པ། །སེམས་གསལ་འགྲིབ་གཉིས་མེད་སྒྲིབ་གཡོགས་བྲལ། །དེ་དྲི་མེད་རྣམ་དག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དམིགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཏད་པ་མ་མཆིས་པ། །སེམས་དམིགས་གཏད་གཉིས་མེད་མཐའ་དང་བྲལ། །དེ་ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་བདག་འཛིན་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཞན་རྟོག་མ་མཆིས་པ། །སེམས་བདག་གཞན་གཉིས་མེད་བདེན་འཛིན་བྲལ། །དེ་དུ་མ་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་ལམ་ལྔ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ས་བཅུ་མ་མཆིས་པ། །སེམས་ས་ལམ་གཉིས་མེད་བགྲོད་བྱ་བྲལ། །དེ་གཅིག་ཆར་དུ་འཇུག་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འགྱུར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཕོ་བ་མ་མཆིས་པ། །སེམས་འཕོ་འགྱུར་གཉིས་མེད་མཐའ་དང་བྲལ། །
དེ་བློ་ལས་འདས་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དགག་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བསྒྲུབ་བྱ་མ་མཆིས་པ། །སེམས་དགག་སྒྲུབ་གཉིས་མེད་ཞེན་པ་བྲལ། །དེ་འགག་མེད་འོད་གསལ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྤང་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བླང་བྱ་མ་མཆིས་པ། །སེམས་སྤང་བླང་གཉིས་མེད་འཛིན་པ་བྲལ། །དེ་མཉམ་ཉིད་རོ་སྙོམས་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དོགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་རེ་བ་མ་མཆིས་པ། །སེམས་རེ་དོགས་གཉིས་མེད་ཞེ་འདོད་བྲལ། །དེ་མི་རྟོག་ཆོས་སྐུ་ཕྱག་རྒྱ་ཆེ། །ཆོས་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་། །སྤྱིར་སེམས་ཅན་རྣམ་རྟོག་བྱེ་བྲག་ལ། །ལས་ཉོན་མོངས་དེ་གྲངས་ཡོད་པར་གསུངས། །དེ་ཀུན་རྫོབ་རྨི་ལམ་རྒྱུ་འབྲས་འབྱུང་། །ང་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །དེས་ཆོས་རྣམས་དངོས་མེད་སེམས་སུ་ཤེས། །
དབྱིངས་དོན་དམ་ཡིད་བྱེད་མཐའ་དང་བྲལ། །དཔལ་གཞན་དོན་འབད་མེད་འབྱུང་བར་ངེས། །གསུངས་ནས་ནམ་མཁའ་ལ་གཤེགས་སྐད། དེ་ཕྱིན་ཆད་སྣང་བ་འཁྲུལ་པར་ཤེས་ནས་རྐྱེན་ཅི་ལ་སྦྱར་ཡང་མགུར་ལེན་སྙིང་འདོད་པ་བྱུང་གསུངས་སོ། །ཡང་མཐོང་སྣང་དང་རྨི་ལམ་དུ་རྗེ་རིན་པོ་ཆེ་ལ་སོགས་པས་བྱིན་གྱིས་བརླབས་ཤིང་གདམས་ངག་ངོ་སྤྲོད་དང་རྗེས་གནང་ལུང་བསྟན་གསལ་བར་གདམས་པ་སྣང་སེམས་ངོ་སྤྲོད་དགའ་བདེའི་མགུར་ནི། གྲུབ་ཐོབ་ཀྱི་བླ་མ་དམ་པ་རྣམས། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་ཐིམ། །ངེད་གསོལ་འདེབས་བུ་ཡི་སྣང་བ་ལ། །ཐུགས་རྗེ་ཡེ་ཤེས་ཀྱི་སྤྲུལ་སྐུར་ཤར། །སྣང་བ་ཆོས་སྐུར་སྟོན་པ་འདི་ཉམས་རེ་དགའ། །དགག་སྒྲུབ་མེད་པ་འདི་བདེ་ཡང་བདེ། །རང་བཞིན་ལྷུན་གྲུབ་ཀྱི་ཡི་དམ་རྣམས། །ཆོས་དབྱིངས་འོད་གསལ་གྱི་ཀློང་དུ་ཐིམ། །ངེད་རྣལ་འབྱོར་སྒྲུབ་པོའི་སྣང་བ་ལ། །མཚན་དཔེ་
ཀུན་རྫོགས་ཀྱི་ལོངས་སྐུར་ཤར། །སྒྱུ་མ་ཆུ་ཟླ་རུ་སྟོན་པ་འདི་ཉམས་རེ་དགའ། །གསལ་འགྲིབ་མེད་པ་འདི་བདེ་ཡང་བདེ། །རང་སྣང་རྣམ་དག་གི་མཁའ་འགྲོ་རྣམས། །བདེ་སྟོང་ཟག་མེད་ཀྱི་ཀློང་དུ་ཐིམ། །ས་ལམ་གྱི་དྲོད་རྟགས་མངོན་གྱུར་ལ། །དཀར་དམར་གྱི་སྣང་ཆ་ཆོས་སྐུར་ཤར། །རྟེན་འབྲེལ་ལམ་སློང་འདི་ཉམས་རེ་དགའ། །འཛིན་ཆགས་མེད་པ་འདི་བདེ་ཡང་བདེ། །བཀའ་རྩོད་མེད་གསང་སྔགས་མ་རྒྱུད་འདི། །བདེ་ཆེན་ལམ་སློང་གི་མན་ངག་ཤར། །དངོས་མེད་ཀྱི་ཤེས་རབ་ཉམས་རེ་དགའ། །སྒྲོ་སྐུར་བྲལ་བ་འདི་བདེ་ཡང་བདེ། །སེམས་ཉིད་གདོད་ནས་དག་པ་ལ། །བདེ་སྟོང་གཉིས་ཀྱི་སྣང་བ་ཤར། །གསལ་ལ་མ་འགགས་ཉམས་རེ་དགའ། །ངོས་བཟུང་བྲལ་བ་འདི་བདེ་ཡང་བདེ། །འཁོར་གསུམ་གཞི་བྲལ་གྱི་ངང་ཤེད་ནས། །བདེན་གཉིས་ཟུང་འཇུག་གི་སྣང་བ་ཤར། །
འཁོར་འདས་གཉིས་མེད་འདི་ཉམས་རེ་དགའ། །སྤང་བླང་བྲལ་བ་འདི་བདེ་ཡང་བདེ། །སྟོང་ཉིད་སྙིང་རྗེའི་ངང་ཤེད་ནས། །བསྐྱེད་རྫོགས་གཉིས་ཀྱི་སྣང་བ་ཤར། །བདེ་ཆེན་ལོངས་སྐུ་འདི་ཉམས་རེ་དགའ། །དག་པ་སྒྱུ་ལུས་འདི་བདེ་ཡང་བདེ། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །སྐུ་གསུམ་གྱི་འབྲས་བུ་རང་སར་ཤར། །ལྷུན་གྱིས་གྲུབ་པ་འདི་ཉམས་རེ་དགའ། །རྩོལ་མེད་ཀྱི་འབྲས་བུ་འདི་བདེ་ཡང་བདེ། །སྣང་བ་སྣ་ཚོགས་ཀྱི་རྐྱེན་སྣང་ལ། །གཞི་རྩ་བྲལ་བའི་ཉམས་ཤིག་ཤར། །བློ་ལས་འདས་པ་འདི་ཉམས་རེ་དགའ། །གཟའ་གཏད་བྲལ་བ་འདི་བདེ་ཡང་བདེ། །གནད་གསུམ་གདམས་ངག་གི་ངང་ཤེད་ནས། །རྨི་ལམ་སྒྱུ་ལུས་ཀྱིས་མཚམས་སྦྱར་ནས། །བར་དོ་ཆོས་ཉིད་ཀྱི་སྣང་བ་ཤར། །སེམས་མ་བུ་འཕྲད་པ་འདི་ཉམས་རེ་དགའ། །སྐྱེ་འགགས་མེད་པ་འདི་
བདེ་ཡང་བདེ། །ཞེས་སོ། ༈ །ཡང་རྨི་ལམ་དུ་མཁའ་འགྲོས་ལུང་བསྟན་པའི་དཔེ་དོན་འབྲེལ་བ་རྒྱན་གྱི་གླུ་ནི། རྗེ་རྩ་བ་གསུམ་ལ་གུས་པས་འདུད། །ནམ་མཁའ་ཇི་བཞིན་དེ་བཞིན་དུ། །བླ་མ་ཇི་བཞིན་དེ་བཞིན་ཤེས། །ཐུགས་རྗེ་ཇི་བཞིན་སྤྲིན་ཚོགས་བཞིན། །སྦྲང་ཆར་ཇི་བཞིན་བྱིན་རླབས་སོ། །མོས་གུས་ཅན་གྱི་རྒྱན་དུ་ཆེ། །ཉི་ཟླ་ཇི་བཞིན་དེ་བཞིན་དུ། །ཡི་དམ་ཇི་བཞིན་དེ་བཞིན་ཤེས། །ཡེ་ཤེས་ཇི་བཞིན་འོད་ཟེར་བཞིན། །ཆུ་ཟླ་ཇི་བཞིན་དངོས་གྲུབ་བོ། །གསལ་བརྟན་ཅན་གྱི་རྒྱན་དུ་ཆེ། །འཇའ་ཚོན་ཇི་བཞིན་དེ་བཞིན་དུ། །མཁའ་འགྲོ་ཇི་བཞིན་དེ་བཞིན་ཤེས། །རྟེན་འབྲེལ་ཇི་བཞིན་སྒྱུ་མ་བཞིན། །རྟོག་ཚོགས་ཇི་བཞིན་ཕྲིན་ལས་སོ། །ལམ་ཁྱེར་ཅན་གྱི་རྒྱན་དུ་ཆེ། །ཞེས་སོ། ༈ །ཡང་སྙིགས་མའི་དུས་སུ་གདུལ་བྱ་མ་དག་པ་ལ་ཐུགས་ཆད་ནས་གདམས་ངག་བསྟན་ཀྱང་གནད་དུ་མི་འགྲོའམ་སྙམ་པ་ཉུང་བ་སུམ་ཅུའི་
མགུར་ནི། སྐུ་གསུམ་དབྱེར་མེད་བླ་མ་ལ། །མོས་གུས་བྱེད་པའི་མི་རེ་ཉུང་། །དྲིན་ཆེན་བླ་མའི་ཞལ་ཏ་ལ། །ཉན་པར་བྱེད་པའི་མི་རེ་ཉུང་། །དམ་ཚིག་སྡོམ་པ་རྣམ་གསུམ་ལ། །སྲུང་བར་བྱེད་པའི་མི་རེ་ཉུང་། །གདམས་ངག་ཐུགས་ཀྱི་ཉིང་ཁུ་ལ། །ཉམས་ལེན་བྱེད་པའི་མི་རེ་ཉུང་། །གཏུམ་མོ་ལྷུན་གྱིས་གྲུབ་པ་ལ། །འབད་རྩོལ་བྱེད་པའི་མི་རེ་ཉུང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལ། །རང་དབང་བྱེད་པའི་མི་རེ་ཉུང་། །ལས་འབྲས་ཕྲ་ཞིང་བདེན་པ་ལ། །ནན་ཏན་བྱེད་པའི་མི་རེ་ཉུང་། །ཐམས་ཅད་བོར་ནས་འགྲོ་བ་ལ། །སྒྲུབ་པ་བྱེད་པའི་མི་རེ་ཉུང་། །འགྲོ་དྲུག་སེམས་ཅན་མ་རྒན་ལ། །བརྩེ་སེམས་བྱེད་པའི་མི་རེ་ཉུང་། །འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ། །ཤེས་པར་བྱེད་པའི་མི་རེ་ཉུང་། །ལྟ་བ་སྟོང་ཉིད་འགྱུར་མེད་ལ། །ཕྱོགས་རིས་མེད་པའི་མི་རེ་ཉུང་། །སྒོམ་
པ་འགགས་མེད་འོད་གསལ་ལ། །དམིགས་པ་མེད་པའི་མི་རེ་ཉུང་། །སྤྱོད་པ་རོ་སྙོམས་མཉམ་ཉིད་ལ། །ཚུལ་འཆོས་མེད་པའི་མི་རེ་ཉུང་། །ཉམས་མྱོང་རྐྱེན་ཤར་སྣ་ཚོགས་ལ། །ཞེན་པ་མེད་པའི་མི་རེ་ཉུང་། །འབྲས་བུ་ལྷུན་གྱིས་གྲུབ་པ་ལ། །རེ་དོགས་མེད་པའི་མི་རེ་ཉུང་། །དོན་དམ་བློ་ལས་འདས་པ་ལ། །ཡིད་བྱེད་མེད་པའི་མི་རེ་ཉུང་། །སྣང་སེམས་གཉིས་མེད་སྤྲོས་བྲལ་ལ། །གཉིས་འཛིན་མེད་པའི་མི་རེ་ཉུང་། །མ་བཅོས་ཐ་མལ་ཤེས་པ་ལ། །ཡེངས་པ་མེད་པའི་མི་རེ་ཉུང་། །ཟག་མེད་བདེ་སྟོང་རོ་གཅིག་ལ། །ཆགས་པ་མེད་པའི་མི་རེ་ཉུང་། །རིག་པ་དངོས་མེད་རྗེན་པ་ལ། །བསླད་པ་མེད་པའི་མི་རེ་ཉུང་། །ཐབས་དང་ཤེས་རབ་རྒྱུད་གཉིས་ལ། །ཟུང་དུ་འཇུག་པའི་མི་རེ་ཉུང་། །སྣ་ཚོགས་བྱ་བ་ཟིན་མེད་ལ། །སྐྱོ་བ་སྐྱེ་བའི་མི་རེ་ཉུང་། །ཀུན་རྫོབ་བག་ཆགས་གཟུགས་བརྙན་ལ། །
སྒྱུ་མར་ཤེས་པའི་མི་རེ་ཉུང་། །སེམས་ཉིད་སྐྱེ་བ་མེད་པ་ལ། །དེ་ཉིད་རྟོགས་པའི་མི་རེ་ཉུང་། །ངོ་བོ་འགག་པ་མེད་པ་ལ། །མཉམ་རྗེས་འབྲེལ་བའི་མི་རེ་ཉུང་། །གློ་བུར་རྣམ་རྟོག་སྣ་ཚོགས་འདི། །རང་སར་གྲོལ་བའི་མི་རེ་ཉུང་། །རང་བཞིན་མ་སྐྱེས་རྟོག་མེད་འདི། །ཆོས་སྐུར་ཤར་བའི་མི་རེ་ཉུང་། །སྒྱུ་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །ལོངས་སྐུར་གསལ་བའི་མི་རེ་ཉུང་། །སྟོང་ཉིད་སྙིང་རྗེ་ཆེན་པོ་འདི། །སྤྲུལ་སྐུར་རྟོགས་པའི་མི་རེ་ཉུང་། །ཡ་ང་བྲལ་བའི་རི་ཁྲོད་དུ། །གཅིག་པུར་སྒོམ་པའི་མི་རེ་ཉུང་། །ཞེས་སོ། ༈ །ཡང་འབྲས་བུ་ལམ་དུ་བྱེད་ཅིང་ལམ་དུས་ཉིད་ནས་ཀྱང་འབྲས་བུ་མངོན་དུ་བྱེད་པ་གསལ་སྟོང་ཟུང་འཇུག་འབྲས་བུའི་མགུར་ནི། སྣང་བའི་རང་བཞིན་སྟོང་སྟོང་པོ། །ཤེས་པའི་རང་བཞིན་ཕྱེད་ཕྱེད་པོ། །རྣམ་རྟོག་རང་བཞིན་བན་བུན་པོ། །བན་བུན་རང་སར་ཁྱེར་ཙ་ན། །སྣང་
ཙམ་ཉིད་ལ་སྟོང་ཡང་སྟོང་། །སྟོང་ཙམ་ཉིད་ལ་གསལ་ཡང་གསལ། །གསལ་སྟོང་ཟུང་འཇུག་སྣང་བ་ཤར། །རྣམ་རྟོག་སྤོང་ལེན་མི་བགྱིད་འཚལ། །སེམས་ཉིད་གཞི་རྩ་བྲལ་བ་ལ། །དྲན་རྟོག་སྣ་ཚོགས་འཕྲོ་བཞིན་དུ། །རིག་པ་རང་གསལ་གྱིས་བྱ་ར་བྱས། །འགག་པ་མེད་པར་གསལ་ལ་དྭངས། །སྣང་བ་སྣ་ཚོགས་རྐྱེན་གྱིས་དག །དག་པ་ཡེ་ཤེས་ཀྱི་སྣང་བ་གསལ། །བློ་ལས་འདས་པའི་ངང་ཤེད་དུ། །ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ལ། །བདེ་སྟོང་ཟུང་འཇུག་གི་སྣང་བ་ཤར། །སྐུ་གསུམ་དོན་ལྡན་གྱི་སྣང་བར་འདུག །བརྗོད་ལས་འདས་པས་དབྱིངས་སུ་ཕྱིན། །བློ་ལས་འདས་པས་ངོས་བཟུང་བྲལ། །གདོད་ནས་དག་པས་སྐྱེ་འགག་མེད། །བདེ་ཆེན་རང་གྲོལ་གྱི་སྣང་བར་འདུག །ཐུགས་རྗེ་སྟོང་ཉིད་ངང་ཤེད་ནས། །ཆོས་སྐུ་རྣམ་དག་གི་རང་བཞིན་གསལ། །སྟོང་ཉིད་སྙིང་རྗེའི་ངོ་བོར་འདུག །
འབྲས་བུ་གཞི་རྩ་བྲལ་བ་འདི། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་གཏོར། །སྐུ་གསུམ་བདེ་ཆེན་གྱི་འབྲས་བུ་རྙེད། །ཐབས་ཤེས་རབ་གཉིས་ཀྱི་ན་བཟའ་སྐོན། །རྟོག་མེད་ཡེ་ཤེས་ཀྱི་རྒྱན་གྱིས་སྤྲས། །སྣང་སྟོང་དབྱེར་མེད་ཀྱི་ངོ་བོར་གསལ། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་བསྐྱལ། །འབྲས་བུའི་དབྱིངས་སུ་ཕྱིན་ནམ་སེམས། །ཞེས་སོ། ༈ །ཡང་མཐའ་བྲལ་གྱི་ལྟ་སྒོམ་སྤྱོད་འབྲས་ལ་ཕྱོགས་ཞེན་མེད་པར་གདམས་པ་མ་ཐོས་པ་བརྒྱད་ཀྱི་མགུར་ནི། ལྟ་བ་སྟོང་ཉིད་མཐའ་བྲལ་ལ། །ཕྱོགས་རིས་ཡོད་སྐད་མ་ཐོས་སོ། །སྒོམ་པ་མ་བཅོས་ངེས་མེད་ལ། །དམིགས་གཏད་ཡོད་སྐད་མ་ཐོས་སོ། །སྤྱོད་པ་ཤུགས་འབྱུང་འགགས་མེད་ལ། །དགག་སྒྲུབ་ཡོད་སྐད་མ་ཐོས་སོ། །ཉམས་མྱོང་བདེ་གསལ་འཛིན་མེད་ལ། །ཞེན་པ་ཡོད་སྐད་མ་ཐོས་སོ། །འབྲས་བུ་དྲི་མེད་ཆོས་སྐུ་ལ། །རེ་དོགས་ཡོད་སྐད་
མ་ཐོས་སོ། །སྤྲོས་བྲལ་བདེ་བ་ཆེན་པོ་ལ། །ཆགས་པ་ཡོད་སྐད་མ་ཐོས་སོ། །སྨོན་ལམ་ཐུགས་རྗེ་ཆེན་པོ་ལ། །ཐོགས་པ་ཡོད་སྐད་མ་ཐོས་སོ། །སྣང་བ་འཁྲུལ་པའི་རྣམ་རྟོག་ལ། །བདེན་རྫུན་ཡོད་སྐད་མ་ཐོས་སོ། །ཞེས་སོ། ༈ །ཡང་བླ་མའི་བཀའ་མ་བཅག་ཅིང་ཅི་གསུང་བསྒྲུབས་པས་སེམས་མི་འགྱོད་པར་སྒྲོ་འདོགས་ཆོད་པ་ཞབས་ཏོག་གསུམ་ལ་གདམས་པ་ལུས་སྲོག་ལྟོས་མེད་དཀའ་བ་སྤྱད་པའི་མགུར་ནི། རྗེ་བླ་མ་རྣམས་ཀྱིས་མ་ཁྲེལ་བ། །མོས་གུས་ལ་མཐོ་དམན་མ་ཤོར་བས། །ཞབས་ཏོག་ལ་གཡོ་སྒྱུ་མེད་པར་བྱས། །ད་ཅི་གསུང་འགྲུབ་པས་བློ་རེ་བདེ། །ལྷ་ཡི་དམ་རྣམས་ཀྱིས་མ་ཁྲེལ་བ། །ཐུན་བཞིའི་རྣལ་འབྱོར་མ་ཆགས་པས། །ཁམས་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ། །ད་དངོས་འཛིན་མེད་པས་བློ་རེ་བདེ། །གྲོགས་རྡོ་རྗེ་སྤུན་གྱིས་མ་ཁྲེལ་བ། །དབྱེན་སྡིག་རྫུན་བསླུ་བྲིད་མ་བྱས་པས། །ཡབ་སྲས་དང་
བཅས་པས་ཐུགས་ལ་བཏགས། །ད་ཞེ་འགྱོད་མེད་པས་བློ་རེ་བདེ། །དཔང་རང་གི་སེམས་ཀྱིས་མ་ཁྲེལ་བ། །དམ་ཚིག་ལ་ངོས་ལྐོག་མ་བྱས་པས། །རྗེ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཞུགས། །ད་དོན་གཉིས་གྲུབ་པས་བློ་རེ་བདེ། །གནས་ལུགས་ཀྱི་ལྟ་བས་མ་ཁྲེལ་བ། །གོ་བློའི་ཡུལ་དུ་མ་བྱས་པས། །དོན་ཡིད་ལ་མི་ཕྱེད་འགྱུར་བ་མེད། །ད་མཐའ་དང་བྲལ་བས་བློ་རེ་བདེ། །དམིགས་མེད་ཀྱི་སྒོམ་པས་མ་ཁྲེལ་བ། །སྣ་ཚོགས་ཀྱི་ཉམས་ལ་མ་ཆགས་པས། །འོད་གསལ་གྱི་ངང་ལ་རྒྱུན་ཆད་མེད། །ད་ཞེན་པ་བྲལ་བས་བློ་རེ་བདེ། །རོ་སྙོམས་ཀྱི་སྤྱོད་པས་མ་ཁྲེལ་བ། །ཚུལ་འཆོས་དང་ཐོ་ཅོ་མ་བྱས་པས། །ཡུལ་འཛིན་མེད་ཟུང་འཇུག་མཉམ་པ་ཉིད། །ད་སྤང་བླང་མེད་པས་བློ་རེ་བདེ། །གཉིས་མེད་ཀྱི་འབྲས་བུས་མ་ཁྲེལ་བ། །ཞེ་འདོད་ཀྱི་གྲུབ་མཐའ་མ་མཆིས་པས། །དབྱིངས་བློ་
ལས་འདས་པ་ཆོས་ཀྱི་སྐུ། །ད་རེ་དོགས་མེད་པས་བློ་རེ་བདེ། །ཞེས་སོ། ༈ །ཡང་བྲག་དམར་རྫོང་ཆེན་ན་གསུངས་པ་རྨི་ལམ་ཉམས་ཀྱི་མགུར་ནི། དུས་ཕྱིས་བྲག་དམར་རྫོང་ཆེན་ན་བཞུགས་པའི་དུས། སེདྒེ་རྒྱལ་མཚན་རྫ་དེའུ་ན་གཅིག་པུར་བཞུགས། རྒྱགས་ཆད། ཁ་བས་ལམ་བཅད་པ་ལ། ནངས་མ་གཉིས་སུ་མཇལ་དུ་ཡོང་ཚད་པ་ལ། ཁ་བ་ཆེན་པོ་འཚུབས་པས་མ་ཐོན་ནས། ཞག་གསུམ་དུ་ཟྭ་ཡང་མ་ཐོན་ནས་ཆུ་བསྐོལ་ཚྭ་བཏབ་ནས་འཐུང་བ་ཡོད་པས། བྱམས་པ་ཡེ་ཤེས་ལ་ཨ་བོ་ཡོང་བ་དང་འདིར་ཐོངས་གསུངས་སོ། །དེ་རིང་མི་ཐར་ཞུས་པས་ཡོང་ངོ་གསུངས་སྐད། ཡོང་བ་དང་སྤྱན་སྔར་ཤོག་གསུངས་ནས་ཡོང་ཙ་ན། རྗེའི་ཞལ་ནས་ཁྱོད་རྒྱགས་ད་ལེན་ཆད་པ་ཡིན། ངས་རུག་པ་ལ་ཟན་ཐུལ་པའི་སྤག །རམ་བུའི་ཕྱེ་གྲོ་མ་དང་མོན་བུའི་ཟས་ཟོས། ལྕིམ་དང་སྟར་བུ་སྐྱུར་བུ་གསུམ་གྱིས་སྐོམ་དུ་འཐུང་ནས་ལོ་མང་པོར་བསྡད་པ་ཡིན། ཤ་འགག་རྐང་གོས་མཛད་ནས་གངས་སུལ་གཤགས་པ་ལ་སོགས་པ་དཀའ་བ་མང་དུ་མཛད་གསུངས། ཁར་ནུབ་ཐོ་རངས་རིན་པོ་ཆེ་སྐུ་གཟི་མདངས་དང་ལྡན། ཞལ་འཛུམ་བག་དང་བཅས་ནས་བཞུགས་པས། སྣང་བ་ཆོས་སྐུར་སྟོན་པ་དགའ་བདེ་རོལ་པ། ཆོས་བཞི་གནད་
ཀྱི་གདམས་པ་འདི་རྣམས་གསུངས་གསུངས་ནས་མགུར་འདི་གསུངས་སོ། །ཆོས་སྦྱོར་བ་སྟོང་ཉིད་སྙིང་རྗེའི་ཀློང་། །དོན་འགྲོ་བ་འདྲེན་པ་བདེ་ཆེན་ངང་། །ཆོས་དངོས་གཞི་ཕར་ཕྱིན་དྲུག་ལྡན་ཀློང་། །དོན་སྒྱུ་མ་ལྟར་སྣང་བདེ་ཆེན་ངང་། །ཆོས་རྗེས་ཤེས་འཁོར་གསུམ་མི་རྟོག་ཀློང་། །དོན་རྒྱུ་འབྲས་རྟེན་འབྲེལ་བདེ་ཆེན་ངང་། །ཆོས་སྦྱོར་དངོས་རྗེས་གསུམ་དམིགས་མེད་ཀློང་། །དོན་རྣམ་གཉིས་ལྷུན་གྲུབ་བདེ་ཆེན་ངང་། །སེམས་མཐའ་དང་བྲལ་བ་ལྟ་བའི་ཀློང་། །དོན་འགྱུར་བ་མེད་པ་བདེ་ཆེན་ངང་། །སེམས་ཐ་མལ་ཤེས་པ་སྒོམ་པའི་ཀློང་། །དོན་ཡེངས་མེད་ཞེན་བྲལ་བདེ་ཆེན་ངང་། །སེམས་སྣང་སྟོང་ཟུང་འཇུག་སྤྱོད་པའི་ཀློང་། །དོན་ཕྱོགས་མེད་མཉམ་ཉིད་བདེ་ཆེན་ངང་། །སེམས་རྟག་ཆད་མཐའ་བྲལ་འབྲས་བུའི་ཀློང་། །དོན་ལྷུན་གྱིས་གྲུབ་པ་བདེ་ཆེན་ངང་། །གནད་བཞི་
ལྡན་གཏུམ་མོ་བརྩོན་འགྲུས་ཀློང་། །དོན་དྲོད་རྟགས་ཉམས་རྟོགས་བདེ་ཆེན་ངང་། །གནད་རྨི་ལམ་སྦྱོང་སྒྱུར་དེ་ཉིད་ཀློང་། །དོན་གཉིད་ཀྱི་འོད་གསལ་བདེ་ཆེན་ངང་། །གནད་འགྱུར་མེད་འཕོ་བ་ཆོས་སྐུའི་ཀློང་། །དོན་གཟུགས་སྐུའི་ཕྲིན་ལས་བདེ་ཆེན་ངང་། །གནད་བར་དོ་གསུམ་འདྲེས་འོད་གསལ་ཀློང་། །དོན་སྐྱེ་འཆི་མེད་པ་བདེ་ཆེན་ངང་། །སྤྱིར་ཆོས་བཞི་སེམས་བཞི་གནད་བཞིའི་ཀློང་། །དོན་བཞི་གསུམ་གདམས་པ་བདེ་ཆེན་ངང་། །རྗེ་གོང་མ་རྣམས་ཀྱི་མཛད་པ་ཡིན། །དད་མོས་གུས་ཅན་གྱིས་འགྲུབ་པར་ངེས། །ལས་བྱ་བ་ཐོངས་ལ་ཉམས་སུ་ལོངས། །ཉམས་རྟོགས་པ་དབྱེར་མེད་ཤུགས་ལ་སྐྱེ། །དེས་འཁོར་འདས་གཉིས་ཀྱི་མགོ་ལྟག་ཕྱེད། །དུས་གཏན་གྱི་སོ་ནམ་འགྲུབ་པ་ཡིན། །ཞེས་སོ། །
འབའ་རོམ་དར་མ་དབང་ཕྱུག་གི་སློབ་མའི་གཙོ་བོར་གྱུར་པ་འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་རྣམ་ཐར།
༈ འབའ་རོམ་དར་མ་དབང་ཕྱུག་གི་སློབ་མའི་གཙོ་བོར་གྱུར་པ་འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་རྣམ་ཐར་ཟུར་ཙམ་ནི། དེའང་སྐུ་འཁྲུངས་ཡུལ་འདམ་ཤོད་སྣར་མོ། ཡབ་དར་ཁྲ་བོ། ཡུམ་སྐ་བཟའ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་ཤིང་ཕོ་སྤྲེལ་ལོ་ལ་འཁྲུངས། གདུང་ནི་གཞོང་དང་ལྟེང་གཉིས་ལས་ལྟེང་འཛོམ་ཡིག་ཚང་རྗེ། ལེའུ་བོན་པོས་རྩིས་བྱས་པས་བནྡེ་བཟང་པོ་ཡོང་བར་འདུག་ཟེར། མཚན་ཧོར་གྲགས། དགུང་ལོ་བདུན་ནས་ཀློག་པ་ཚེགས་མེད་དུ་མཁྱེན། བཅུ་གསུམ་བཞེས་ཙམ་ན་བླ་མ་རིན་པོ་ཆེ་འབའ་རོམ་པའི་སྐུ་ཆེ་བའི་སྙན་པ་ཐོས་ནས་མཇལ་ན་སྙམ་པས་ལུས་ཀྱི་བ་སྤུ་ལྡང་བའི་མོས་གུས་འཁྲུངས། དུས་རེ་ཞིག་གི་ཚེ་བླ་མ་འབའ་རོམ་པ་མདོ་ཁམས་ཕྱོགས་ཀྱི་རྩི་བར་ན་བཞུགས་པ་ཡར་བྱོན་ཐོས་པས་མཇལ་དུ་བྱོན། དད་པ་བསམ་གྱིས་མི་ཁྱབ་པ་བྱུང་། རུ་བར་གདན་དྲངས་ནས་ཡབ་ཀྱིས་ཆིབས་བཟང་བ་ལ་ཁོང་བསྐྱོན་ཏེ། དར་ཡུག་གིས་སྣ་དྲངས་ནོར་སྐལ་དང་བཅས་པ་ཕུལ། འོན་ཀྱང་བླ་མ་རིན་པོ་ཆེ་འབའ་རོམ་པ་མདོ་ཁམས་སྨད་དུ་སླར་ཕེབས་པའི་ཕྱག་ཕྱིར་འབྲང་བ་ནི་མ་བྱུང་། དགུང་ལོ་བཅོ་ལྔ་ལ་ཚལ་དུ་ཞང་རིན་པོ་ཆེ་མཇལ་དུ་བྱོན། འཁྲུགས་པ་མཛད་པའི་སྐབས་སུ་མཇལ་བས་ཁྱོད་ཀྱིས་ང་ཡི་འཁྲུགས་པ་བྱེད་དགོས་གསུངས། ཁོང་གིས་བསྒུལ་ཏོག་དང་སྒྱོགས་རྡོ་འགའ་རེ་
འཕངས། འཁྲུགས་པ་ལས་རྒྱལ་བ་དང་། ངས་ཇི་ལྟར་བྱས་ཀྱང་ཕྱག་རྒྱ་ཆེན་པོ་ལས་མ་འདས་གསུངས་པས། དེ་མ་ཐག་བྱིན་རླབས་ཞུགས། རང་སེམས་ངོ་འཕྲོད། ཡི་དམ་ལྷ་ཡི་བསྐྱེད་རིམ་དང་། ཆོས་སྐྱོང་ཕྱག་བཞི་པའི་དབང་སྒྲུབ་ཐབས་རྣམས་གནང་ནས་ཁྱོད་ལ་ཕན་ཐོག་པར་ཡོང་གསུངས། དབང་བསྐུར་ཞིག་མཛད་དུས་ཡེ་ཤེས་པ་ཕེབས་རྟགས་སུ་འཕགས་ནས་ནམ་མཁའ་ལ་འདུག་པ་བྱུང་། ཉིད་ཀྱིས་མཛད་པའི་ལམ་མཆོག་མཐར་ཐུག་གི་ཁྲིད་སོགས་གསན། ཡེལ་པར་སངས་རྒྱས་སྒོམ་པ་མཇལ། མཚན་པྲཛྙཱ་སེང་ཧར་བཏགས། གཏུམ་མོའི་ཁྲིད་ཞུས། དྲོད་རྟགས་སྐྱེས། སླར་ཡང་ཡུལ་དུ་བྱོན་ཞོར་སྟག་ལུང་ཐང་པ་རིན་པོ་ཆེ་མཇལ་ཞིང་ཚོགས་ཆོས་མང་དུ་ཞུས། དེ་ནས་འབའ་རོམ་བྲག་ཏུ་བྱོན་ནས་སློབ་དཔོན་དབང་སེང་གིས་མཚམས་གཡོག་བྱས་ནས་བདེ་མཆོག་དང་མགོན་པོ་བསྙེན། བྱ་རོག་གདོང་ཞལ་གཟིགས། དགུང་ལོ་བཅོ་བརྒྱད་ལ་འབྲི་གུང་རིན་པོ་ཆེ་བྱང་ནམ་རར་མཇལ། སྐྱབས་སེམས་སོགས་ཁྲིད་རིམ་གྱི་གདམས་པས་རྗེས་སུ་བཟུང་། སླར་ཡང་ཞང་ཚལ་དང་། སངས་རྒྱས་སྒོམ་པ། སྟོན་པ་སྨོན་ལམ་འོད་ཟེར་གསུམ་གྱི་ཞལ་དཀྱིལ་ལོ་དྲུག་ཏུ་རེས་མོས་སུ་བསྙེན། ཆོས་དྲུག་དང་ཕྱག་ཆེན་ལྷན་
ཅིག་སྐྱེས་སྦྱོར་ཡི་དམ་སྒྲུབ་ཐབས་མཐའ་ཡས་དང་། གུར་བརྟག་སམ་གསུམ་སོགས་བཤད་འགྲེལ་གྱི་སྐོར་དང་། བླ་མ་ལྔ་བཅུ་པ་དང་རྩ་ལྟུང་སོགས་དམ་ཚིག་གི་ཆོས་སྐོར་རྣམས་ཞུས། དེ་ནས་བླ་མ་འབའ་རོམ་པ་ཁམས་ནས་ཡར་བྱོན་ཟེར་བའི་གཏམ་ཐོས་མ་ཐག་ཏུ་འབའ་རོམ་བྲག་ལ་བྱོན། དར་མ་དབང་ཕྱུག་མདུན་ནས་ཕྱག་ཆེན་མེ་ལོང་ལྔ་སྐོར། ཞི་བྱེད་སོགས་ཆོས་མང་དུ་ཞུས་ཤིང་། ཡབ་མེས་རྣམས་ཀྱིས་འཚོ་བའི་ཆ་རྐྱེན་སྦྱར་ནས་འབའ་རོམ་ཕུག་ཏུ་བཞུགས་ནས་ཕག་མོ་ལྷ་ལྔའི་བྱིན་རླབས་ཞུས། ཚེས་བཅོ་ལྔ་ནས་ཡི་གེ་བརྒྱ་པའི་དབུ་འཛུགས་ཀྱི་ཁྲིད་མཛད་དེ། བཅོ་བརྒྱད་ལ་ཕྱག་ཆེན་གྱི་ཁྲིད་བཏབ། ཉི་ཤུ་གཅིག་ལ་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་། ཉི་ཤུ་བཞི་ལ་ཕྱག་ཆེན་བོགས་འདོན་མཛད། ཉི་ཤུ་བདུན་ལ་ཕྱག་ཆེན་རྟོགས་པ་སྔར་ལས་ཆེས་ལྷག་པར་འཁྲུངས་ཤིང་བླ་མ་སངས་རྒྱས་དངོས་སུ་མཐོང་། དགུང་ལོ་ཉེར་ལྔའི་དུས་སུ་མཁན་པོ་བྲག་རུམ་པ་དང་། སློབ་དཔོན་སངས་རྒྱས་སྒོམ་པའི་སྤྱན་སྔར་རབ་ཏུ་བྱུང་། དེ་ནས་འབྲི་གུང་དུ་བྱོན་པས་གདན་ས་དེ་ཉིད་བདེ་མཆོག་གི་དཀྱིལ་འཁོར་དུ་ཞལ་གཟིགས། འཇིག་རྟེན་མགོན་པོའི་དྲུང་དུ་ལོ་གཅིག་བཞུགས་ནས་ཆོས་ལྷག་མ་མ་ལུས་པར་
གསན། དགུང་ལོ་སོ་གཉིས་ཡོས་བུའི་ལོ་ལ་མཁན་པོ་ཐག་མ་བ་དང་། སློབ་དཔོན་གུ་ར་བ། གསང་སྟོན་དར་གཞོན་བཅས་དགེ་མདུན་མང་པོའི་དབུས་ནས་བསྙེན་པར་རྫོགས་པར་མཛད། དེ་ནས་བླ་མ་རིན་པོ་ཆེ་ཅུང་ཟད་བསྙུང་བ་ཐོས་ནས་འབའ་རོམ་དུ་བྱོན་སྐབས་སུ་རྒད་པོ་སེ་ཐུང་བ་རལ་གུ་དང་ཕྱིང་ཞྭ་གྱོན་པ་ཞིག་འདུག་པ་ལ། ཁྱོད་གང་ནས་ཡིན་གསུངས་པས། རྩི་བར་ཇ་པ་ལ་འགྲོགས་ནས་འོང་བ་ཡིན་ཟེར། ཇ་པ་ཅི་ཙམ་བདོག་གསུངས་པས། མདོ་སྨད་ཇ་པ་མང་པོ་ཡོད། མདོ་གྲུང་ཐང་ཆོས་རྒྱལ་སྐུ་སྐྱེ་ཞིག་ཡོད་པ་འདས་སོང་། ཁོང་ལ་སྲས་མེད་ཚ་བོ་ཞིག་ཡོད་པ་རྒྱལ་སར་བཏོན་ཡོད། ད་རྒྱ་ནག་དེ་ལ་དབང་རྒྱུ་ཡིན། མཆོད་གནས་སུ་དབུས་གཙང་གི་བླ་མ་འགའ་བཞུགས་ཟེར་རོ། །ཚིག་དེས་རྐྱེན་བྱས་ནས་མདོ་སྨད་དུ་འགྲོ་འདོད་པ་བྱུང་ནས། བླ་མར་ཞུས་པས་བཀའ་བྱུང་ནས་བྱིན་རླབས་ཕྱག་རྗེས་ཤིག་དང་། ཟང་ཟིང་རྫོང་བ་གནང་ནས། ཡོས་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་བདུན་ལ་བྱོན། རྩ་བའི་བླ་མ་ལྔ་ཡོད་རྟགས་སུ་ཞྭ་རྩེ་ལྔ་མནབས། སྤྱིར་འབའ་རོམ་དུ་ལོ་བདུན་བཞུགས། བྱང་རྩི་བར་ནས་ཕེབས། དགུང་ལོ་སོ་གསུམ་འབྲུག་ལོར་མི་ཉག་ཡུལ་དུ་ཕེབས། མི་ཉག་རྒྱལ་པོ་སྤྱན་སྔ་ཤོ་ཧོ་རྒྱལ་རྒོད་རྣམས་ཀྱིས་
བླ་མཆོད་མཛད་ནས་ལོ་སོ་གསུམ་བཞུགས། ཐམས་ཅད་ཆོས་ལ་བཀོད། ཆོས་སྡེ་ཆེན་པོ་བཞི་བཏབ། གྲྭ་ཚོགས་བསམ་གྱིས་མི་ཁྱབ་པ་བསྐྱངས། དགུང་ལོ་དྲུག་ཅུ་རྩ་དྲུག་ཐོག་ཡར་བོད་ལ་ཕེབས། བླ་མའི་གདན་ས་བ་རྣམས་ལ་འབུལ་བ་རྒྱ་ཆེན་དང་། དགེ་འདུན་རྣམས་ལ་མང་བསྐོར་མཛད། ཁམས་ཕྱོགས་ཀྱི་ས་ཆ་ཡུལ་རིས་ཕལ་ཆེར་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་དགའ་སྟོན་སྤེལ། རོ་ཅོའི་ཡུལ་གསལ་དགོན་པར་ཕེབས་པས་ཡུལ་བདག་རྣམས་ཀྱིས་མཆོད་པར་ཕུལ། ནེ་གེ་ཚ་ཁ་ནས་བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས། ཀཿཐོར་ཕུ་ནས་རྣམ་སྲས་ཞལ་གཟིགས། རོག་སྤར་གཞུང་ནས་མགོན་པོ་ཞལ་གཟིགས། རོ་གད་བཞུགས་ཚེ་སྤྱན་རས་གཟིགས་ཞལ་གཟིགས། ཟླ་ཉིན་ལྕང་སྒང་ལ་བཞུགས་ཚེ་ཨ་ཏི་ཤ་རྣལ་འབྱོར་ཆས་ཅན་བཙུན་མོ་གཉིས་ཀྱིས་བསྐོར་བ་གཟིགས། སྐུ་འབུམ་དགོན་ཞབས་ཀྱིས་བཅག་ཚུལ་ནི། མཁན་པོ་རབ་སྒྲེང་བ་དང་། རོང་ཁ་དགོན་པ་གཉིས་ལ་སྒར་པ་འདིའི་མཐའ་ལྕགས་རི་ཆེན་པོ་ཞིག་གིས་བསྐོར་ནས་འདུག་པ་འདི་ཨེ་མཐོང་གསུངས་པས། མ་མཐོང་ཞུས་པས་འདིར་མ་འོངས་སྒྲུབ་སྡེ་ཡོང་བར་ལུང་བསྟན་མཛད། རྫ་རྒྱལ་ངང་པ། ཆམ་ཕུ་དུང་རྣ། སྤོ་ར་ལོ་བཅས་རྫ་
རྒྱུད་གཞི་བདག་རྣམས་ལ་ཆོས་བཤད། དེ་ནས་བེ་རི་དང་། རྩི་པའི་ཡུལ་པ་རྣམས་འཁྲུགས་སྐབས་བླ་མ་རིན་པོ་ཆེ་འབྱོན་རོགས་ནན་ཆེར་ཞུས་པས་ངོ་མ་ལྡོག་ནས་ཕེབས་མཛད། འཁྲུགས་པ་བཟླུམས། ཚུར་ཕེབས་ལམ་ཅུང་ཟད་བསྙུང་ཚུལ་བསྟན་ནས་ཀོ་མཛོའི་དགོན་དུ་བྱོན། དགེ་འདུན་རྣམས་ནས་སྐུ་རིམ་ཕུལ་བས་བསྐྱེད་མེད་གསུངས་ནས་ཞལ་ཏ་སྨོན་ལམ་མཛད། ཡོས་ཕུར་ཕེབས་པ་དང་སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་གཅིག་ལ་འདས་ཚུལ་བསྟན། སྐུ་གདུང་འདོ་ལེའི་སྟེང་དུ་གདན་དྲངས་ཚེ་རྫ་ཆུ་ལ་གྲུ་གཟིངས་མི་ཐེབས་པ་བྱུང་བས། འཁོར་རྣམས་ཀྱིས་གསོལ་བ་བཏབ་ཅིང་ཆུ་ཁ་ནས་ཕ་ཁར་ཐོན་པ་ངོ་མཚར་དུ་གྱུར་ཏོ། །དེ་ནུབ་མེར་ཆུང་ཞོལ་དུ་ཕེབས། རྫ་རྒྱུད་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར། ཚེས་བཞི་ལ་ཞུགས་སུ་ཕུལ་ཚེ་འཇའ་འོད་དང་མེ་ཏོག་གི་ཆར་ཆེན་བབ་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། དགེ་སློང་དགེ་འདུན་ཚོགས་སྐྱེ་བོ་འབུམ་ཕྲག་ལྷག་ཙམ་དང་བུ་སློབ་དཔོན་རིགས་རྣམས་ལ་དངོས་རྫས་བཏང་། ཁྱད་པར་མ་གྷ་དྷའི་བྱང་ཆུབ་ཆེན་པོ། འཕགས་པ་ཤིང་ཀུན་རྣམས་སུ་འབུལ་བ་སྐྱེལ། གདུང་རིང་བསྲེལ་བྱོན་ཚུལ་ལ། ཐུགས་ལྗགས་སྤྱན་གསུམ་དང་། བདེ་མཆོག་ཡབ་ཡུམ། སྤྱན་གཟིགས་སོགས་
སྐུ་རྟེན། ཡ་ར་ལ་ཝ་ཧཱུྃ་བྃ་སོགས་གསུང་རྟེན། རིང་བསྲེལ་ཁ་དོག་ལྔ་ལྡན་སོགས་ཐུགས་རྟེན། དུང་གཡས་འཁྱིལ་སོགས་ངོ་མཚར་བའི་རྟེན་དུ་མ་བྱུང་། གཞན་ཡང་འདི་ཉིད་ལ་སློབ་མ་མང་དུ་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་སྤྱན་སྔ་རས་པ་དཀར་པོ། གུར་སྐྱོང་བཟང་སྒོམ་སོགས་སྟོད་སྨད་བར་གསུམ་ནས་ཆོས་སྒོར་བཀོད་པ་མང་དུ་བྱུང་བ་བསམ་གྱིས་མི་ཁྱབ་བོ། །དེ་ལྟ་བུའི་འགྲོ་བའི་མགོན་པོ་དེ་ཉིད་ཀྱི་གསུང་མགུར་དཔག་ཏུ་མེད་པ་བཞུགས་པའི་ནང་ནས། དཔལ་ལྡན་འབའ་རོམ་པས་ཏི་ཤྲི་རས་པའི་རྨི་ལམ་དུ་གསུངས་པ། རྗེ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ། །ཉི་ཟླ་ལྟར་གསལ་སྒམ་པོ་པ། །རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ངེད་གསོལ་འདེབས་རྣམས་ལ་བྱིན་གྱིས་རློབས། །དུས་དང་པོ་བླ་མ་རིན་ཆེན་བཙལ། །བར་དུ་དད་གུས་མོས་གསུམ་ཕུལ། །ཐ་མར་ཞབས་ཏོག་རྣམ་གསུམ་བྱས། །དུས་ད་ལྟ་འབྲལ་མེད་གཅིག་ཏུ་གདའ། །དུས་དང་པོར་ཉན་ཐོས་ཀྱི་སྡོམ་པ་བསྲུངས། །བར་དུ་བྱང་ཆུབ་མཆོག་སེམས་བསྐྱེད། །ཐ་མར་རིག་འཛིན་སྔགས་ལ་ཞུགས། །དུས་ད་ལྟ་སྡོམ་གསུམ་གཅིག་ཏུ་གདའ། །དུས་
དང་པོར་ཚིག་ལ་ཐོས་པ་བྱས། །བར་དུ་ལུང་རིགས་འགལ་འབྲེལ་བརྩིས། །ཐ་མར་ཚིག་ལ་མཁས་པར་བྱུང་། །དུས་ད་ལྟ་གཅིག་ཤེས་ཀུན་ལ་མཁས། །དུས་དང་པོར་ཡི་དམ་བསྒྲུབ་བྱར་མཐོང་། །བར་དུ་རྩ་བའི་དཀྱིལ་འཁོར་བསྒོམས། །ཐ་མར་རང་ལུས་ལྷ་སྐུར་ཤེས། །དུས་ད་ལྟ་སྣང་བ་ལྷ་སྐུར་གསལ། །དུས་དང་པོར་སྒྲོ་འདོགས་ཡུལ་ལ་བཅད། །བར་དུ་སེམས་འཛིན་སྒོམ་དུ་བྱས། །ཐ་མར་སྣང་བ་སེམས་སུ་གོ། །དུས་ད་ལྟ་སྣང་སེམས་གཉིས་སུ་མེད། །དུས་དང་པོ་ཡེ་ཤེས་ཀྱི་ཁྲོ་བཅུ་མཆོད། །བར་དུ་ཆོས་སྐྱོང་མགོན་པོ་བསྟེན། །ཐ་མར་སྣང་སྲིད་ལྷ་འདྲེ་འདུས། །དུས་ད་ལྟ་ཀླུ་རྒྱལ་འཇོག་པོར་གདའ། །དུས་དང་པོར་ཉོན་མོངས་སྤང་བྱར་མཐོང་། །བར་དུ་གཉེན་པོ་རྒྱུད་ལ་བརྟེན། །ཐ་མར་ས་ལམ་བགྲོད་བྱར་མཐོང་། །དུས་ད་ལྟ་བློ་ལས་འདས་པར་གདའ། །དུས་དང་པོར་ཟང་
ཟིང་ནོར་རྫས་བསགས། །བར་དུ་ཞེན་པ་ནང་ནས་ལོག །ཐ་མར་རང་སེམས་ཡིད་བཞིན་རྙེད། །དུས་ད་ལྟ་དགོས་འདོད་སེམས་ལས་འབྱུང་། །དུས་དང་པོར་འབྲས་བུ་བསྒྲུབ་བྱར་མཐོང་། །བར་དུ་སངས་རྒྱས་རང་སེམས་རྙེད། །ཐ་མར་སྐུ་གསུམ་མངོན་དུ་གྱུར། །དུས་ད་ལྟ་གཞན་དོན་ཤུགས་ལ་འཆར། །ཞེས་གསུངས་སོ། ༈ །དམ་ཆོས་ནོར་བུ་རིན་ཆེན་བཞུགས། བླ་མ་སངས་རྒྱས་རིན་ཆེན་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་། །དེ་ཡི་ཞལ་ནས་གསུངས་པའི་བཀའ། །སྤྲུལ་སྐུ་ཏཻ་ལོས་ཀུན་ལ་བསྟན། །ནཱ་རོའི་རྒྱུད་ལ་ཡོན་ཏན་སྐྱེས། །ནཱ་རོའི་གདམས་པ་རིན་པོ་ཆེ། །མར་པ་ལོ་ཙཱའི་བློ་གྲོས་ཀྱིས། །བོད་ལ་ཆོས་ཀྱི་ཉི་མ་ཤར། །རྗེ་བཙུན་མི་ལས་ཉམས་སུ་བླངས། །དངོས་གྲུབ་བརྙེས་ནས་གཞན་དོན་མཛད། །
དེ་དག་ཀུན་གྱི་སློབ་མ་ནི། །བདག་གི་བླ་མ་རིན་པོ་ཆེ། །དངོས་གྲུབ་བརྙེས་ནས་གཞན་དོན་མཛད། །ཟབ་ཆོས་གསུངས་པ་བདག་གིས་ཐོས། །བདག་གིས་བསྒོམས་པས་ཉམས་མྱོང་ཐོབ། །དེ་འགྲོ་བ་རྣམས་ལ་བསྟན་པར་བྱ། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཉམས་དང་རྟོགས་པ་སྐྱེ་བར་ངེས། །རང་གཞན་གཉིས་ཀྱི་བདེ་བ་བསྒྲུབས། །དེ་དག་བརྒྱུད་པའི་ཟབ་ཆོས་འདི། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཡི་གེ་ཨ་ཐུང་སེམས་ཀྱི་རྟེན། །རང་སེམས་རིག་པ་ཨ་ལ་གནས། །ཁྲོ་བོ་འབར་བའི་ཐོ་བ་ཡིས། །ཉོན་མོངས་རྣམ་པར་རྟོག་པ་དང་། །སེམས་ཀྱི་སྒྲིབ་པ་རྣམ་གཉིས་བརྡུང་། །ཤུན་དང་སྦུན་སྐོགས་ལྟ་བུ་ཡི། །སེམས་ཀྱི་སྒྲིབ་པ་ཀུན་དང་བྲལ། །ཞི་དྲག་རླུང་གི་སྦྱོར་ལ་ཕྱར། །འཁོར་འདས་གཉིས་ཀྱི་དྭངས་སྙིགས་འབྱེད། །སྒྲིབ་པ་ཆོས་སྐུའི་སྙིང་པོ་དེ། །སྒྲིབ་དང་བྲལ་
ནས་ལྷང་ལ་ཕྱུང་། །གཉིས་མེད་ཡེ་ཤེས་མངོན་དུ་གྱུར། །བདག་གིས་བསྒོམས་པས་ཉམས་རྟོགས་སྐྱེས། །འབྲས་བུ་མངོན་དུ་གྱུར་པ་ཡིན། །བཀའ་བརྒྱུད་གདམས་ངག་རིན་པོ་ཆེ། །ལྷན་ཅིག་སྐྱེས་པའི་བདུད་རྩི་དེ། །གཉིས་མེད་ཡེ་ཤེས་ཆེན་པོ་ལ། །བདག་གིས་བསྒོམས་པས་ཉམས་རྟོགས་སྐྱེས། །ཉམས་སུ་མྱོང་བས་རང་རྒྱུད་ཚིམས། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ཀུན། །གཉིས་མེད་བདེ་བ་ཆེན་པོར་མྱོང་། །རང་གཞན་བདེ་སྐྱིད་འབྱུང་བ་ཡི། །འདི་ལྟའི་དམ་ཆོས་རིན་པོ་ཆེ། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །བདེ་གཤེགས་སྙིང་པོས་ས་བོན་བཏབ། །བྱང་ཆུབ་སེམས་གཉིས་བརླན་གྱིས་བྲན། །ཐབས་ཤེས་གཉིས་ཀྱི་སོ་ནམས་ཀྱིས། །དམ་ཚིག་གཉིས་ཀྱི་བསྲུངས་བྲན་བྱས། །ཡེ་ཤེས་གཉིས་ཀྱི་མྱུ་གུ་འཁྲུངས། །འབྲས་བུ་སངས་རྒྱས་ཐོབ་པར་བསྔོ། །ཡེ་
ཤེས་གཅིག་ཆར་སྐྱེ་བ་ཡི། །ཐེག་པ་མཆོག་གི་ལམ་ལ་ཞུགས། །རྟོགས་པ་གཅིག་གིས་ས་ལམ་བགྲོད། །ཚེ་གཅིག་སངས་རྒྱས་ཐོབ་པ་ཡི། །དམ་ཆོས་ནོར་བུ་རིན་པོ་ཆེ། །བླ་མས་གསུངས་བཞིན་རས་པས་བཀོད། །དེ་བྱུང་དགེ་བ་དྲི་མེད་ཀྱིས། །བདག་གཞན་སངས་རྒྱས་ཐོབ་པར་ཤོག །ཏི་ཤྲི་རས་པས་བཀོད་པ་དགེའོ། ༈ །རི་ཁྲོད་པ་ལ་གདམས་པ། རྗེ་རི་ཁྲོད་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ས་ར་ཧ་ལ་སྐྱབས་སུ་མཆི། །རྣལ་འབྱོར་དབང་ཕྱུག་གཟི་བརྗིད་ཅན། །རི་ཁྲོད་པ་ལ་བྱིན་གྱིས་རློབས། །ཀྱེ་ཧོ་སྐལ་ལྡན་རི་ཁྲོད་པ། །རི་ཁྲོད་འགྲིམ་པའི་སྙིང་སྟོབས་ཅན། །འདོད་ཡོན་སྤངས་པའི་བརྟུལ་ཞུགས་ཅན། །ལུས་སྲོག་འདོར་བའི་སྙིང་རུས་ཅན། །ཐབས་ཤེས་རབ་གཉིས་མེད་རྣལ་འབྱོར་པ། །བུ་གཅིག་མ་ཡི་གདུང་བ་བཞིན། །ཀྱེ་ཧོ་གདུང་བས་བོས་པ་དེ། །ཁྱེད་ལ་བསྙེན་བཀུར་བྱ་རྒྱུ་མེད། །བླ་
མའི་གྲོང་ནས་འགྲོ་ཙ་ན། །ཁུར་གཅིག་པང་གང་ཁྱེར་བ་འདི། །རི་ཁྲོད་པ་ཡི་མཛད་སྤྱོད་མིན། །རྗེ་བཙུན་མི་ལ་རས་པ་ཡི། །གཏུམ་མོ་འབར་བའི་རས་གོས་དེ། །ཆོས་བརྒྱད་ཅན་གྱིས་འཕྱོར་གོས་བྱས། །རས་ཕྱམ་ལ་རི་ཁྲོད་མ་རེ་མཛོད། །གཏུམ་མོ་ཨ་ཤད་རས་གོས་གྱོན། །རྗེ་བཙུན་དྭགས་པོ་ཆེན་པོ་ཡི། །མལ་ན་བཞུགས་པའི་སྒོམ་ཞྭ་དེ། །ང་ཆེ་རྣམས་ཀྱིས་ཞྭ་ཆེ་བྱེད། །མགོ་ཁྱེར་ལ་རི་ཁྲོད་མ་རེ་བར། །བླ་མ་སྤྱི་གཙུག་རྒྱན་དུ་ཆེ། །ཁྱོད་རི་ལ་འགྲོ་བའི་རྣལ་འབྱོར་ལ། །སྙིང་གཏམ་ཚིག་གཅིག་གང་ཡིན་ན། །ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །བྲམ་ཟེ་ཆེན་པོ་ས་ར་ཧ། །མཉམ་རྗེས་མེད་པར་ལྷུན་གྱིས་གྲུབ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་གཡོ། །ཕྱག་རྒྱ་ཆེན་པོའི་གཡབ་མོས་གཡོབས། །སྐལ་ལྡན་རྣམས་ལ་འདིར་ཤོག་གསུངས། །ཁྱེད་རི་ཁྲོད་མཛད་ན་དེ་
ལྟར་མཛོད། །རི་བོ་གངས་ཅན་ཏི་སེ་ལ། །རྗེ་བཙུན་མི་ལ་རྣལ་འབྱོར་གྱིས། །ཚེ་གཅིག་རྫོགས་པའི་སངས་རྒྱས་འགྲུབ། །རྟེན་འབྲེལ་ཟབ་མོའི་ཟས་གཡོས་ནས། །ཐབས་ལམ་གནད་ཀྱི་གཡབ་མོས་གཡོབས། །བརྩོན་འགྲུས་ཅན་ལ་འདིར་ཤོག་གསུངས། །ཁྱེད་རི་ཁྲོད་མཛད་ན་དེ་ལྟར་མཛོད། །འབའ་རོམ་ཙམ་ཆེན་ལྷ་སྒོ་ན། །དཔལ་ལྡན་ཆེན་པོ་འབའ་རོམ་པས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །རང་གཞན་དོན་འགྲུབ་བདུད་རྩི་གཡོ། །སྟོང་ཉིད་སྙིང་རྗེའི་གཡབ་མོས་གཡོབས། །ལས་ཅན་རྣམས་ལ་འདིར་ཤོག་གསུངས། །ཁྱེད་རི་ཁྲོད་མཛད་ན་དེ་ལྟར་མཛོད། །གོང་མའི་རྗེས་བསྙགས་བསྒྲུབ་པ་དེ། །དེ་ལྟར་མཛད་ན་བསྙོགས་པ་ཡིན། །གཅིག་པུར་རི་ཁྲོད་འགྲིམས་པ་དེ། །འཇིགས་སྐྱོ་ཉམ་ང་མེད་པ་དང་། །ཏིང་འཛིན་གནད་དུ་མ་འཆུགས་ནས། །གཡེང་བ་མེད་ན་དབེན་པ་
ཡིན། །ཡང་ཞིག་སྐལ་ལྡན་རི་ཁྲོད་པ། །སྙིང་གཏམ་ཚིག་བཞི་བཟླ་རྒྱུ་ཡོད། །ལྟ་བསྒོམ་སྤྱོད་འབྲས་མན་ངག་ཡིན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །ཡོད་མེད་བརྟག་དཔྱད་མ་མང་བར། །མཐའ་དང་བྲལ་བར་བློ་ཐག་ཆོད། །ལྟ་བ་དབྱིངས་སུ་སྐྱོལ་ཙམ་ན། །རྟོགས་པའི་ཤེས་རབ་རལ་གྲི་དེ། །ལུང་དང་རྟོགས་པའི་ངར་བླུད་ནས། །མ་རིག་རྩད་ནས་ཆོད་པར་གྱིས། །ལྷན་སྐྱེས་བདེ་བ་ཆེན་པོ་ལ། །ཉིན་མཚན་ཐུན་གྲངས་མ་བརྩི་བར། །གཉུག་མ་རྒྱུན་ཆད་མེད་པར་གྱིས། །སྒོམ་པ་དམིགས་སུ་ཕྱིན་ཙམ་ན། །ནོར་བུ་རྒྱལ་མཚན་རྩེ་ལ་བཏགས། །བདེ་གསལ་མི་རྟོག་བྱི་དོར་གྱིས། །དགོས་འདོད་ཐམས་ཅད་འབྱུང་བར་གྱིས། །མཉམ་བཞག་ཆེན་པོའི་སྤྱོད་པ་ལ། །བླང་དོར་ཐེ་ཚོམ་མ་བྱེད་པར། །ཐམས་ཅད་གྲོགས་སུ་འགྲོ་བར་གྱིས། །སྤྱོད་པ་ཚད་དུ་སྐྱོལ་ཙམ་ན། །སྤྱོད་པ་
ཤིང་རྟའི་འཁོར་ལོ་དེ། །ཐབས་ཤེས་རབ་གཉིས་ཀྱི་འཁྲུལ་འཁོར་གྱིས། །ཚར་བཅད་རྗེས་བཟུང་གཞན་དོན་གྱིས། །རང་གི་ལུས་ངག་ཡིད་གསུམ་ལ། །རེ་དོགས་སྤང་བླང་མ་བྱེད་པར། །སྐུ་གསུམ་རང་ལ་ཚང་བར་གྱིས། །འབྲས་བུ་མངོན་དུ་གྱུར་ཙམ་ན། །དབུལ་པོའི་ཁྱིམ་གྱི་གཏེར་ཡོད་དེ། །ཉམས་དང་རྟོགས་པའི་རྟོགས་ཚད་དེས། །སངས་རྒྱས་རང་ལ་རྙེད་པར་གྱིས། །སྙིང་གཏམ་གནད་ཀྱི་མན་ངག་འདི། །རི་ཁྲོད་པ་ལ་བསྙེན་བཀུར་གྱིས། །ཁྱེད་སོགས་འགྲོ་དྲུག་སེམས་ཅན་རྣམས། །ཆོས་འདིས་སངས་རྒྱས་ཐོབ་པར་ཤོག །རྨ་ཆེན་སྤོམ་རིའི་གངས་རི་ལ། །སྙིང་སྟོབས་ཅན་གྱི་རི་ཁྲོད་པ། །བསྒྲུབ་པ་བྱེད་དུ་འགྲོ་ཞེས་པས། །ཟབ་མོའི་ཆོས་འདི་གསུངས་པ་ཡིན། །ཏི་ཤྲི་རས་པས་བཀོད་པ་དགེའོ། ༈ །ས་སྐྱ་པ་ལ་གདམས་པ། གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །བྱང་ཆུབ་
སེམས་གཉིས་དབྱེར་མེད་གཟུགས་ཀྱི་སྐུ། །འགྲོ་བ་ཐམས་ཅད་སྨིན་པར་མཛད་པ་ཡི། །བླ་མའི་ཞབས་ལ་དད་པས་ཕྱག་འཚལ་ལོ། །གནས་ལུགས་ངེས་དོན་འདི་ཡིན་ཞེས་བྱ་བ། །སངས་རྒྱས་ཀྱིས་ཀྱང་བརྗོད་པར་མི་ནུས་ལ། །སྦྱང་རྟོགས་ཤེས་རབ་མེད་པ་ཁོ་བོ་ཡིས། །བརྗོད་པས་དོན་དང་ལྡན་པར་མི་འགྱུར་ཏེ། །འོན་ཀྱང་དམ་པ་ཁྱེད་ཀྱི་གསུང་མི་གཅོག །རང་སེམས་གདོད་ནས་རྣམ་པར་དག་པ་འདི། །མ་རྟོགས་ཕྱིན་ལོག་རྣམ་རྟོག་རང་གིས་སྒྲིབ། །རྟོགས་པར་འགྱུར་ན་ཅིར་ཡང་བསལ་དུ་མེད། །འདི་ལྟར་སྣང་བ་སྣ་ཚོགས་དཀར་དམར་ཡང་། །རང་གི་སེམས་ལས་གཞན་ཞིག་ལོགས་ན་མེད། །ཆུ་ཉིད་འཁྱོམ་པའི་རྦ་རླབས་ཇི་བཞིན་དུ། །ཐབས་དང་ཤེས་རབ་དེ་ལས་གཞན་མི་བཙལ། །ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་ལ། །འདི་སྤང་འདི་བླང་གཉིས་སུ་
གྲུབ་པ་མེད། །དེ་ལྟར་མཉམ་པར་རྟོགས་པའི་རྣལ་འབྱོར་ལ། །དཔེར་ན་ཕར་ཀར་ཕྱིན་པའི་གཟིངས་ལྟ་བུར། །ཆོས་ཀྱང་འདོར་ལ་ཆོས་མིན་ལྟ་ཅི་སྨོས། །གཉིས་ཀས་མ་གོས་ཟུང་འཇུག་ཆེན་པོ་ཡིན། །འོད་གསལ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །ཟག་མེད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །མ་འགགས་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །སྐུ་གསུམ་གདོད་ནས་རང་ལ་ལྷུན་གྱིས་གྲུབ། །ཟློས་སྐྱོན་སྒྲ་དོན་གོང་འོག་འགལ་བ་དང་། །རང་གིས་མ་རྟོགས་འོལ་ཚོད་བརྗོད་པ་འདི། །ལུང་རིགས་མན་ངག་སྒྲ་དོན་ཀུན་དང་ནི། །འགལ་ན་མཁས་པ་ཁྱོད་ཀྱིས་བཟོད་པར་རིགས། །ཐུབ་པ་མངོན་སངས་རྒྱས་པ་རྡོ་རྗེའི་གདན། །འཁོར་ལོ་གསུམ་བསྐོར་བྱ་རྒོད་རི་སོགས་དང་། །རིག་འབྱུང་ནཱ་ལེནྡྲ་དང་འདྲ་བ་ཡི། །གནས་མཆོག་ས་སྐྱ་དེ་རུ་སྐུ་འཁྲུངས་པའི། །མཁས་རྟོགས་དོན་དང་ལྡན་པའི་
རིགས་རྒྱུད་ཅན། །ཀུན་དགའ་རྒྱལ་མཚན་དཔལ་ཞེས་གྲགས་པ་ལ། །གཞི་ལམ་སྤྱོད་པ་འབྲས་བུ་བཞི་ལྡན་ཆོས། །ཀུ་སུ་ལུ་པ་རས་པ་བདག་གིས་སྤྲིངས། །སྐྱེས་མཆོག་ཁྱེད་ཀྱིས་གཟིགས་ནས་མཉེས་པར་ཞུ། །ཏི་ཤྲི་རས་པས་བཀོད་པའོ། །
དཔལ་འབའ་རོམ་པའི་སློབ་མ་ཏི་ཤྲི་རས་པ་བྱང་ཆུབ་རིན་ཆེན་གྱིས་མཛད་པའི་རིན་པོ་ཆེ་གཅིག་ཆོད།
༈ དཔལ་འབའ་རོམ་པའི་སློབ་མ་ཏི་ཤྲི་རས་པ་བྱང་ཆུབ་རིན་ཆེན་གྱིས་མཛད་པའི་རིན་པོ་ཆེ་གཅིག་ཆོད་ནི། དུས་གསུམ་ཕྱོགས་བཅུའི་བླ་མ་ཐམས་ཅད་ལ། །དངོས་རྣམས་རབ་ཏུ་དང་བས་ཕྱག་འཚལ་ལོ། །བདེན་པ་དེས་ནི་འགྲོ་བ་ཐམས་ཅད་ཀྱིས། །གཅིག་ཆོད་ཡེ་ཤེས་རང་ལ་གསལ་གྱུར་ཅིག །གཅིག་ཤེས་ཀུན་ལ་མཁས་པའི་རིན་པོ་ཆེ། །ཆོས་རྣམས་སེམས་སུ་རྟོགས་ན་ཐམས་ཅད་གཅིག །རྒྱུ་རྐྱེན་འབྲས་བུ་ཤེས་པ་ཀུན་ལ་མཁས། །དགོས་འདོད་ཐམས་ཅད་འབྱུང་བ་རིན་པོ་ཆེ། །བརྗེད་ངས་བློ་ལ་མི་བརྗེད་གཟུངས་མེད་པས། །ཞལ་
གདམས་ཡི་གེར་བྲིས་པའི་ཉེས་པ་དང་། །མ་འབྲེལ་ཟློས་སྐྱོན་སྒྲ་དོན་འགལ་བ་རྣམས། །མཁས་པ་ཐུགས་རྗེ་མངའ་རྣམས་བཟོད་པར་གསོལ། །ཐུབ་པའི་གསུང་རབ་འོ་མའི་རྒྱ་མཚོ་ལས། །ལུང་རིགས་མན་ངག་མཁན་པོས་ལེགས་བསྲུབས་པའི། །མར་གྱི་སྙིང་པོ་དོན་མཆོག་འདི་མྱོང་བས། །འགྲོ་རྣམས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །གནས་མཆོག་སྐྱིད་ཀྱི་མཁར་ལུང་བླ་ཆེན་འདིར། །དད་ལྡན་ཤེས་རབ་ཆེ་བའི་འཁོར་མང་འདུས། །བླ་མས་གསུངས་པའི་ཞལ་གྱི་གདམས་ངག་རྣམས། །ཕག་ཏུ་མ་བཞག་བརྩེ་བས་རས་པས་བཀོད། །ཅེས་གསུངས་སོ། །
སྤྱན་སྔ་རས་པ་དཀར་པོ།
༈ སྤྱན་སྔ་རས་པ་དཀར་པོ་ནི། སྐུ་འཁྲུངས་པའི་ཡུལ་མི་ཉག་{གྷ}འགའ། གདུང་ཕྱར་ཆུ། ས་ཕོ་རྟ་ཡི་ལོ་ལ་སྐུ་བལྟམས་ཤིང་། མཚན་ལྟས་བཟང་པོ་བྱུང་། ཆུང་ངུའི་དུས་ནས་ཆོས་ལ་ཐུགས་འགྲོ་ཞིང་བྲེ་མོའི་གཏམ་ལ་སོགས་འཇིག་རྟེན་གྱི་བྱ་བ་མི་མཛད། དེ་ནས་སྐུ་ན་
ཅུང་སོན་པ་ན། སྐྱེ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཚོགས་བསགས་སྨོན་ལམ་གྱིས་འབྲེལ་བའི་མཐུས་འགྲོ་མགོན་རིན་པོ་ཆེའི་མཚན་ཐོས་པ་ཙམ་གྱིས་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་ཏེ་མཇལ་ནས་ཆོས་ཤིག་བྱ་སྙམ་པ་རྒྱུད་ལ་སྐྱེས། དུས་རེ་ཞིག་གི་ཚེ་འཇིག་རྟེན་གྱི་དངོས་པོ་རྒྱ་ཆེ་བ་བསྣམས་ཏེ། བླ་མ་རིན་པོ་ཆེ་ཏི་ཤྲིའི་དྲུང་དུ་བྱོན་ནས་འབུལ་བ་དཔག་ཏུ་མེད་པ་ཕུལ། བླ་མ་རིན་པོ་ཆེས་ཀྱང་སྣོད་ལྡན་གྱི་སློབ་མར་དགོངས་ཏེ་ཐུགས་དགྱེས་མཛད། འབྲལ་མི་ཕོད་པ་ལྟ་བུའི་མོས་གུས་བསམ་ལས་འདས་པ་བྱུང་། མཁན་པོ་དགེ་འདུན་དང་བཅས་པའི་དབུས་སུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཤེས་རབ་བྱང་ཆུབ་ཏུ་གསོལ། ཕྱི་ནང་གི་ཆོས་ཐམས་ཅད་ལ་གསན་སྦྱོང་དཔག་ཏུ་མེད་པ་མཛད། ཁྱད་པར་དུ་ནཱ་རོའི་ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་མཛད་པ་ཙམ་གྱིས་རྟོགས་པ་ཅིག་ཆར་དུ་སྐྱེས། རྩེ་གཅིག་ཏུ་བསྒོམས་པས་རྩ་རླུང་ལ་རང་དབང་ཐོབ་ཅིང་། གནད་དུ་བསྣུན་པས་བྱང་སེམས་སྐུ་ལུས་ལ་ཁྲེམས་པས་ཞལ་རས་བཅོ་ལྔའི་ཟླ་བ་ཉ་རྒྱས་པ་ལྟར་ངང་ལམ་མེ་ཡོད་པས། དེའི་དོན་གྱིས་མཚན་རས་པ་དཀར་པོ་ཞེས་གྲུབ་པ་ཐོབ་པའི་སྙན་པ་ཕྱོགས་ཀུན་ཏུ་གྲགས་ཤིང་། སྐྱོ་ལྡག་ལ་ཁ་ནས་
ཡར་ལ་བྱོན་པའི་དུས་སུ་ཚེས་བཅོ་ལྔའི་ཟླ་བ་ལ་ཁ་ནས་ཐོན་པ་བཞིན་དུ་ངང་རྒྱང་ངེ་གསལ་བའི་གཟི་མདངས་ཡོད། བྲག་ལ་ཞབས་རྗེས་བཞག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས། སྐུ་འབུམ་གྱི་ས་དེ་ཉིད་དུ་སྒར་པ་བཞུགས་ཤིང་བླ་མ་རིན་པོ་ཆེ་གཤེགས་རྫོང་དང་། གདུང་འབུམ་ཆེན་མོ་ཞག་ལྔ་བཅུ་ནས་གྲུབ། བཞུགས་ཁང་ཇོ་ཐོག་གཉྫི་ར་དང་བཅས་པ་བླ་ན་མེད་པར་མཛད། བཞེངས་པའི་རིང་ལའང་མི་མ་ཡིན་མང་པོས་མཆོད་རྫས་ཐོགས་ཏེ་མཆོད་པ་ཀུན་གྱིས་མངོན་སུམ་དུ་མཐོང་། རབ་གནས་ཀྱི་དུས་སུ་རིན་པོ་ཆེས་དབུ་ཞྭ་རྩེ་ལྔ་བཞེས་ནས་ནམ་མཁར་བཞུགས་པའི་མཐོང་སྣང་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་འགྲོ་རྣམས་ཚོགས་གཉིས་རྫོགས་པའི་རྟེན་དུ་གྱུར། མེ་ཕོ་སྤྲེལ་ལ་བཞུགས་ཡུལ་གྱི་གཟིམ་ཁང་དང་དགོན་པ་འདེབས་པར་མཛད་པ་ལ་སྐུ་འབུམ་རྩ་པ་ཟེར། ཧོར་སེ་ཆེན་རྒྱལ་པོ་རྒྱལ་བུ་གོ་བེ་ལར་གྲགས་པའི་དུས་ཟླ་རྒྱུད་དུ་དམག་དྲངས་ནས་མདོ་སྨད་དུ་བྱོན། རས་པ་དཀར་པོ་དཔོན་སློབ་དང་གུང་པ་ཨའུ་སོགས་མཇལ་དུ་ཕེབས་ཤིང་། སྐུ་འབུམ་ཆེན་མོའི་དོན་དུ་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས། རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་། གུང་
སྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས། གནས་དྲུག་ཁྲི་སྐོར་བཅུ་གཉིས་མངའ་འབངས་སུ་ཕུལ། གཙུག་ལག་ཁང་བཞེངས་པའི་ལུང་དང་། ཁྲོ་ཐམ་ཆེན་མོ། གོས་དར་གསེར་དངུལ་སོགས་འབུལ་བ་རྒྱ་ཆེན་མཛད། ཡར་ཕེབས་ཏེ་གནས་དྲུག་ཁྲི་སྐོར་མངའ་ཞབས་སུ་བསྡུས། མི་ཉག་ཡུལ་ནས་ཤིང་བཟོ་བ་དང་རྡོ་བཟོ་བ་བོས་ཏེ་ལྷ་ཁང་ནང་སོ་ཆེན་མོ་ཞེས་པ་ཀ་བ་བརྒྱ་དང་ཉི་ཤུའི་མལ། ཐོག་གསུམ་བྱ་འདབ་གསེར་གྱི་གཉྫི་ར་ཁྱམས་སྐོར་ལམ་དང་བཅས་པ་འགྲན་གྱི་ཟླ་དང་བྲལ་བ་རྒྱ་ཕིབས་སུ་བཞེངས། ཐོག་བར་མར་བཀའ་བརྒྱུད་དང་རྒྱུད་སྡེའི་ལྷ་རིས། འོག་མར་ཟངས་གསེར་གྱི་ཐུབ་ཆེན་སོགས་རྟེན་མཆོད་ཀྱི་རིམ་པ་བསམ་ལས་འདས། ལྷ་མཁར་ཐད་ཀྱི་བྲག་མགོར་རྡོ་མཁར་གྱི་ཕོ་བྲང་སོགས་མཛད། དགེ་འདུན་སྟོང་ཕྲག་ཕྱེད་གཉིས་ཙམ་འཚོགས། དེ་དག་ཐམས་ཅད་ཕྱི་དགེ་སློང་ཞི་དུལ་གྱིས་སེམས་ཅན་གྱི་དང་བ་འདྲེན་པ། ནང་སྔགས་ཀྱི་བསྐྱེད་རིམ་དང་ལྡན་པ། གསང་བ་བྱང་སེམས་ཀྱིས་འགྲོ་བ་ཐར་ལམ་ལ་བཀོད་པ། དེ་ཁོ་ན་ཉིད་ཕྱག་ཆེན་གྱི་དངོས་གྲུབ་ཐོབ་པ་ཤ་སྟག་གོ། མེར་ཆེན་རྩེར་སྒྲུབ་གྲྭའི་རི་དགོན་མཛད། གཟིམ་ཁང་དང་ཆོས་ཁྲི་དེང་སང་གི་བར་དུ་ཡོད། ཆུ་ཤིན་ཏུ་དཀོན་པས་རི་རྩེ་
དེ་ཉིད་ནས་ཆུ་འདོན་པར་མཛད། དེ་ལྟའི་ལུགས་གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་དང་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་ཆུ་ཁྱི་རྟ་ཟླ་བའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགས། སྐུ་གདུང་སྦྱངས་པས་རིང་བསྲེལ་གྱི་ཕུང་པོར་གྱུར། སློབ་མ་རྣམས་ནི། སྤྱན་སྔ་ལུས་མེད་རྡོ་རྗེ། སྤྱན་སྔ་བྱང་ཆུབ་མགོན་པོ། མཁས་པ་བྱང་ཆུབ་རྡོ་རྗེ། དཔལ་རྡོར་ཤེས་རབ་ཡེ་ཤེས། གུང་སྒོམ་ཨའུ། ཚུལ་པ་ཤེས་རབ་དཀོན་མཆོག །ལྷ་ཤཱཀྱ་རྒྱལ་བ། ཞང་སྒོམ་རས་པ། གཟི་དུ་རས་པ་སོགས་མང་དུ་བྱུང་ངོ་། །སློབ་ཚོགས་མང་པོ་ཡོད་པའི་ནང་ནས་ཁྱད་པར་དུ་འཕགས་པ་སྤྱན་སྔ་ལུས་མེད་རྡོ་རྗེ་ཡིན། དམ་པ་དེ་ཉིད་ཀྱི་རྡོ་རྗེའི་གླུ་མགུར་འདི་ལྟ་སྟེ། ན་མོ་གུ་རུ། མཚན་དཔེ་རབ་འབར་མི་འགྱུར་རྡོ་རྗེའི་སྐུ། །ཟླ་བ་ཡོངས་རྫོགས་ལྟ་བུའི་བླ་མ་བཞུགས། །སྙན་པ་ཕྱོགས་བཅུར་ཁྱབ་པའི་དྲི་མེད་གསུང་། །རྒྱུན་མི་འཆད་པར་སྟོང་ཉིད་ཆོས་སྒྲ་སྒྲོགས། །འོད་གསལ་གླིང་ལ་བཞུགས་པའི་རིན་པོ་ཆེ། །མི་ཟད་རྒྱན་གྱི་འཁོར་ལོས་རྣམ་པར་བརྒྱན། །གསོལ་བ་འདེབས་སོ་རས་པ་
རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་འགྲོ་མགོན་ཐུགས་རྗེ་ཅན། །ཕ་རས་པས་མི་འབྲལ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་གསུངས་སོ། །
གསང་བ་ལུས་མེད་རྡོ་རྗེའི་རྣམ་ཐར།
༈ གསང་བ་ལུས་མེད་རྡོ་རྗེའི་རྣམ་ཐར་ནི། དེའང་སྐུ་འཁྲུངས་ཡུལ་རྒྱམ་རྒྱལ་རྡོ་ཏིའི་གངས་རྒྱུད་མཚོ་སྐེ་མདོ། ཀྱེ་ལ་ཐང་། རུས་རྒ། ཡབ་ཀྱེ་ལ་དགེ་བཤེས་ཀྱི་སྲས་སུ་མེ་མོ་ཕག་ལོར་འཁྲུངས། སྔོན་གྱི་རིགས་སད་པའི་སྟོབས་ཀྱིས་ཆོས་ལ་ཐུགས་འགྲོ་ཞིང་། ཡི་གེ་ལ་སོགས་སློབ་གཉེར་མང་དུ་མཛད་པ་ཡང་ཐོགས་པ་མེད་པར་མཁྱེན་པ་བྱུང་ངོ་། །དེ་ནས་རེ་ཞིག་གི་ཚེ་གནས་དྲུག་ཁྲི་སྐོར་གྱིས་སྒོམ་སྡེའི་ལྷ་ཁང་ཆེན་མོ་བརྩེགས་པའི་ལས་ཀ་ལ་སྐུ་འབུམ་རྩར་ཕེབས་ཏེ། དད་པས་ཀུན་ནས་བསླངས་པའི་ལྷག་པའི་བསམ་པ་རྣམ་པར་དག་པའི་རྟགས་ཐུན་མོང་མ་ཡིན་པ་བྱུང་ངོ་། །དེ་ནས་རྩི་པའི་མི་སྡེ་ཐམས་ཅད་ཀྱིས་བྱང་ཕྱོགས་ཀྱི་ལོགས་དེ་ཁག་ཁུར་བྱས་པ་ཡིན་ཏེ། དེར་ཐམས་ཅད་ཀྱིས་བརྩོན་འགྲུས་དྲག་པོའི་སྒོ་ནས་བརྩེགས་པས། གཙུག་ལག་ཁང་ལེགས་པར་གྲུབ་པའི་དུས་སུ་རས་པ་དཀར་པོ་ཆིབས་གོང་དུ་བྱོན་ཅིང་། ཚུལ་ཁང་སྣར་བྱ་བར་གནས་དྲུག་པའི་ལས་ཀ་བ་ཐམས་ཅད་ལ་ཁྲོམ་ཆོས་ཆེན་པོ་གསུངས་ནས་ཞབས་དབང་གཤར་བའི་དུས་
སུ། རས་པ་དཀར་པོས་སྐྱེ་བ་དཔག་ཏུ་མེད་པའི་གོང་ནས་ཚོགས་བསགས་ཤིང་གདམས་ངག་གི་སྣོད་དུ་རུང་བའི་ལས་ཅན་གྱི་སྐྱེས་བུ་ཁྱད་པར་ཅན་ཡིན་ཏེ། འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་དགོངས་ནས་བུ་ཚ་གོ་འཇོ་བ་ཁྱོད་རང་འདི་ཀ་རང་དུ་སྡོད་ནས་རབ་ཏུ་བྱུང་སྟེ་དམ་པའི་ཆོས་བསྒྲུབ་པར་ནུས་སམ་གསུངས་པས། ལུས་ཐམས་ཅད་སྦྲིད་ཆིལ་གྱིས་སོང་ནས་གདོང་མཆི་མ་འཁྲུགས་ཤིང་དད་པ་ཐུན་མོང་མ་ཡིན་པ་སྐྱེས་ཏེ། བདག་ཅི་ནས་ཀྱང་བླ་མ་དམ་པའི་ཞབས་འབྲིང་དུ་སྡོད་པ་ཡིན་པས་ཐུགས་རྗེས་བཟུང་དུ་གསོལ་ཞེས་ཞུས་པ་ལ། རས་པ་དཀར་པོ་ཡང་ཤིན་ཏུ་ཐུགས་དགྱེས་པར་གྱུར། དེ་ནས་ཁོང་རང་གིས་ཉེ་གཞི་དང་ཁྱིམ་མཚེས་ལ་སོགས་ཕར་བཏང་ཞིང་། ང་འདིར་སྡོད་ནས་དགེ་སྦྱོར་ཞིག་ཨེ་འོང་བལྟ། ད་ལྟ་མི་ལུས་ཐོབ་པའི་དུས་འདིར་དགེ་སྦྱོར་ཞིག་མེད་ན། ཕྱི་མ་ཕྱིན་ཆད་ཅི་འདྲའི་ལུས་ལེན་ངེས་པ་མེད་པས། ད་ལན་བླ་མ་དམ་པའི་ཞལ་ནས་སྡོད་གསུངས་ཤིང་ཐུགས་ལ་བཏགས་པར་གདའ་བས། ང་ཅིས་ཀྱང་འདིར་སྡོད་པ་ཡིན་གསུངས་ནས་བཞུགས་སོ། །དེ་ནས་རས་པ་དཀར་པོ་ཉིད་ཀྱིས་དབུ་མཛད་པའི་མཁན་སློབ་མང་པོའི་མདུན་དུ་རབ་ཏུ་བྱུང་ཞིང་མཚན་བྱང་ཆུབ་དཔལ་བྱ་བར་བཏགས།
འདུལ་བ་ལ་སོགས་པའི་བཤད་ཉན་དང་སློབ་གཉེར་ཡང་མང་དུ་ཞུས་ཤིང་། གསང་མཚན་མི་བསྐྱོད་རྡོ་རྗེ་བྱ་བར་གསོལ། དེ་དག་གི་དམ་ཚིག་གི་ཆོས་སྐོར་དང་རྒྱུད་འགྲེལ་ལ་སོགས་པ་བཤད་པ་ལ་ཡང་མཁས་པར་མཛད། ཐབས་ལམ་ནཱ་རོའི་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཁྲིད་གསན་ཅིང་བསྒོམས་པས་ཉམས་མྱོང་གི་འཆར་སྒོ་དཔག་ཏུ་མེད་པ་བྱུང་། དེ་ཡི་དུས་སུ་རས་པ་དཀར་པོ་ཉིད་ཀྱིས་མཁན་པོ་མཛད་ཅིང་། དགེ་སློང་གི་དགེ་འདུན་མང་པོ་ཚོགས་པའི་དྲུང་དུ་དགེ་སློང་གི་སྡོམ་པ་ཐམས་ཅད་རྫོགས་པར་གསན་ཅིང་། ཁྱད་པར་དུ་ཡང་ཕྱག་རྒྱ་ཆེན་པོ་ལ་རྩེ་གཅིག་ཏུ་ཡེངས་པ་མེད་པའི་བརྩོན་འགྲུས་བསྐྱེད་ནས་བསྒོམས་པས། སྣང་སེམས་དབྱེར་མེད་དུ་འདྲེས། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་ལ་སོགས་པ་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐུགས་ལ་གཏམས་ཤིང་། དེ་ཡང་ཉིན་མོ་ཉི་མའི་འོད་ཟེར་དང་། མཚན་མོ་ཟླ་བ་དང་མར་མེའི་འོད་གང་ལ་བྱོན་ཡང་སྐུ་ལུས་ལ་གྲིབ་མ་མི་སྣང་ཞིང་། བྲག་ལ་ཞབས་རྗེས་བཞག་པ་སོགས་རྫུ་འཕྲུལ་མཐའ་ཡས། སྣང་བ་སྤྲུལ་སྒྱུར་ལ་མངའ་བརྙེས། རི་རབ་ཁང་ཁྱིམ་ལ་སོགས་འབྱུང་བའི་དངོས་པོ་གང་གིས་ཀྱང་མི་སྒྲིབ་ཅིང་ཤེལ་སྒོང་དང་འདྲ་ལ།
དེ་དག་གང་ལའང་ཆགས་ཐོགས་མེད་པར་འབྱོན་བཞུད་ཆོག་པའི་དོན་གྱིས་ལུས་མེད་ཟེར་ཏེ། སྲ་ཞིང་སྙིང་པོ་ཁོང་སྟོང་བསྟན། །གཞོམ་དུ་མེད་ཅིང་གཞིག་ཏུ་མེད། །སྲེག་མེད་བཅད་དུ་མེད་པས་ན། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་གསུངས་པ་ལྟར་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པས་རྡོ་རྗེ་སྟེ། དེའི་དོན་གྱིས་མཚན་ལུས་མེད་རྡོ་རྗེ་བྱ་བར་ཡོངས་སུ་གྲགས། ཕྱག་ཆུ་འཐོར་བས་བྲག་རིང་བསྲེལ་གྱི་ཕུང་པོར་གྱུར། བླ་མ་རིན་པོ་ཆེ་གཤེགས་པའི་འདས་མཆོད་དང་། གཟིམ་མལ་གྱི་འདྲ་འབག །ཏི་ཤྲིའི་གསེར་གདུང་ཆེན་མོའི་གཡས་ངོས་སུ་གདུང་འབུམ་ལྷ་ཁང་ཇོ་ཐོག་དང་བཅས་པ་བཞེངས། དབུས་སུ་ཕེབས་ཏེ་རྔོག་གཟི་བརྗིད་གྲགས་པ་ལས་དགྱེས་རྡོར་དང་ལྷ་མོ་དུད་སོལ་མའི་སྐོར། ཚུལ་ཁྲིམས་ཤཱཀྱ་ལས་གཅོད་སྐོར། ཚལ་དུ་ལྷ་ཕུག་ཉི་མ་འོད་ལས་གཟེར་ལྔ་སོགས་ཞང་རིན་པོ་ཆེའི་ཆོས་སྐོར་མ་ལུས་པ་གསན། བྱ་ཡུལ་བ་ཆེན་པོའི་གདན་ས་བ་ལས་ཚོགས་བདག་གི་སྐོར་གསན་ནས་ཁམས་སུ་ཕེབས། སྐུ་འབུམ་རྩ་པའི་དགེ་འདུན་པ་རྣམས་དང་གནས་དྲུག་ལྷ་སྡེའི་ཚོགས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ནང་སོ་ཆེན་མོའི་སེང་གེའི་ཁྲི་ལ་ཞབས་བཀོད་པར་མཛད། དེ་ཡང་སྡོམ་པ་གསུམ་དང་ལྡན་ཞིང་
བསླབ་པ་གསུམ་ལ་ནན་ཏན་མཛད་དེ། བརྩོན་འགྲུས་ཆེན་པོའི་ཤུགས་ཀྱིས་མདོ་སྔགས་ཀྱི་ཆོས་ལ་ལོངས་སྤྱད་ཅིང་ཐུགས་སྦྱངས་པས་བློ་གྲོས་ཀྱི་སྣང་བ་རྒྱས། དཔལ་ལྡན་བླ་མ་དམ་པ་རས་པ་དཀར་པོ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། ཅི་གསུང་གི་བཀའ་བསྒྲུབས་ཤིང་། ཁྱོད་ཀྱིས་ང་ཡི་ཆོས་འདི་ཡི་བརྒྱུད་པ་ཡང་ཟུངས་ཤིག་གསུངས་ནས་ཞལ་ཏ་གནང་བ་ལྟར། གདམས་པ་ཟབ་མོ་ཞལ་གདམས་དང་བཅས་པ་རྣམས་ཐུགས་སུ་ཆུད་པར་མཛད་ཅིང་། ཉམས་སུ་བླངས་པས་ཡོན་ཏན་གྱི་སྒོ་དུ་མ་དང་ལྡན་ཏེ། སོ་སོ་རང་གི་དབང་པོ་དང་མཚུངས་པར་ལྡན་པའི་ཆོས་བསྟན་ནས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད། ལྷ་ཁང་གསར་མ་བྱ་བ་ཀ་བ་བཅུ་གཉིས་ཀྱི་རྒྱ་ཁྱོན་ཅན་ལོགས་བྲིས་རྟེན་མཆོད་དང་བཅས་པ་སོགས་དགོན་པ་དར་རྒྱས་ཆེར་མཛད། ལྷ་མོ་བསྒྲུབས་པས་ཞལ་བསྟན་ཏེ་མི་རབས་བཅུ་གསུམ་ཚུན་བསྟན་པ་བསྲུང་བར་ཞལ་གྱིས་བཞེས། ཚོགས་བདག་བསྒྲུབས་པས་དངོས་གྲུབ་རྣམ་གཉིས་འབད་མེད་དུ་ཕུལ། གདན་ས་མཛད་ནས་ལོ་ཉི་ཤུ་རྩ་བརྒྱད་ལ་བླ་མ་དམ་པའི་ཐུགས་དགོངས་རྫོགས་པའི་ཆེད་དུ་དགོན་པ་བསྐྱངས་ཤིང་བསྟན་པ་དར་བར་མཛད་པ་ཡིན་ནོ། །དེ་ནས་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དང་སྒོ་བསྟུན་ཞིང་། དགུང་ལོ་དྲུག་ཅུ་རྩ་དྲུག་བཞེས་པའི་དུས་སུ་ཆུ་ཕོ་འབྲུག་གི་ལོ་རོག་ཉ་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་ཕྱེད་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །དེ་ནས་གདུང་འགྱེད་ཆེན་པོ་བྱས་ཤིང་གདུང་སྦྱངས་པས། ནམ་མཁའ་ཐམས་ཅད་ལ་འཇའ་ཚོན་འཁྲིགས་ཤིང་མེ་ཏོག་གི་ཆར་མང་དུ་བབས། དུང་དཀར་གཡས་སུ་འཁྱིལ་བ་བཅུ་གསུམ་ལ་སོགས་སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱོན། ཁྱད་པར་དུ་ཡང་ཞག་བདུན་ཕྲག་བདུན་པ་ལ་རིང་བསྲེལ་གྱི་ཆར་བབས། དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་དང་། གསེར་འབུམ་ཆེན་མོ་དང་། ལྷ་ཁང་འབུམ་ཆུང་བྱ་བ་བརྩེགས་གསུམ་པ་ཞིག་ལེགས་པར་བཞེངས་སོ། །ཡབ་སྲས་འདི་གཉིས་ཀྱི་མཆོད་པའི་དུས་ལ་བཅོ་བརྒྱད་གོང་འོག་ཟེར། སློབ་མའི་ཚོགས་བགྲང་གིས་མི་ལངས་ཤིང་། བརྗོད་ཀྱིས་མི་ལངས་པ་བྱོན་ཀྱང་གཙོ་བོ་བཀའ་བབ་ཀྱི་སློབ་མ་བཞི་ནི། རིགས་དབོན་བྱང་ཆུབ་གཞོན་ནུ་ལ་བརྒྱུད་འཛིན་གྱི་བཀའ་བབ། མཁས་པ་བྱང་ཆུབ་མགོན་པོ་ལ་རྟེན་འབྲེལ་གྱི་བཀའ་བབ། ལྷ་ཚངས་པ་ཚུལ་ཁྲིམས་སེང་གེ་ལ་དབང་དང་རབ་གནས་ཀྱི་བཀའ་བབ། དངུལ་རྫོང་བ་ཤཱཀྱ་རྡོ་རྗེ་ལ་ཕྱག་ཆེན་གྱི་བཀའ་བབ་པའོ། །
ལུས་མེད་རྡོ་རྗེའི་ཞལ་ནས་རྟོག་པ་བྲལ་བའི་རྡོ་རྗེའི་མགུར་འདི་ལྟ་སྟེ། ཐབས་མཁས་ཐུགས་རྗེའི་བདག་ཉིད་ཡོན་ཏན་ཀུན་གྱི་གཏེར། །མ་དག་རྟེན་འབྲེལ་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ། །དེ་ཉིད་ཡང་དག་རྟེན་འབྲེལ་མྱང་འདས་བདེ་ཆེན་དུ། །སྟོན་མཛད་བླ་མ་རྗེ་བཙུན་དེ་ལ་གུས་པས་འདུད། །ཁྱེད་འདོད་ཆོས་ནི་ཟབ་ཅིང་ཤིན་ཏུ་དཔག་པར་དཀའ། །སྲིད་དང་ཞི་བ་འབྲས་བུའི་ཆོས་རྣམས་ཀྱི། །བརྗོད་བྱ་རྗོད་བྱེད་སྟོན་པའི་ནུས་པ་བདག་ལ་མེད། །འོན་ཀྱང་བླ་མའི་དྲིན་གྱིས་ཕྱོགས་ཙམ་མཚོན་པར་བྱ། །འཁོར་བའི་གནས་ལུགས་བསྟན་པ་ནི། །དབང་པོ་འབྲས་བུ་ལས་གྲུབ་པའི། །འཁོར་བའི་ཚང་ཚིང་གཡང་ས་ཆེ། །རིགས་དྲུག་གྲོང་ཁྱེར་རྒྱལ་ཁམས་ན། །ཀུན་གཞིའི་རྒྱལ་པོ་བསྒྱུར་ཁ་ཡང་། །མ་རིག་གཉིས་ཀྱི་བཙུན་མོ་དང་། །ཡིད་ཤེས་ཕྱི་འཁོར་ངན་དབང་ཆེ། །རང་རིག་
བློན་པོ་བཟང་དབང་ཆུང་། །དབང་ཤེས་ཀྱི་རྒྱལ་བུ་ཤེད་མ་བྱེ། །འདུ་བྱེད་ལྔ་བཅུ་བྱ་བྱེད་རྒོད། །རང་བཞིན་བརྒྱད་ཅུ་ཕྱོགས་ཆ་དམ། །ངན་སོང་དམག་ཚོགས་གྲངས་རེ་མང་། །ལས་ངན་རྣམ་སྨིན་ཁྲིམས་ལ་གནས། །དུས་དང་གནས་སྐབས་དེ་ཙམ་ན། །རྒྱལ་པོ་བཏང་སྙོམས་ངང་ལ་ལུས། །རྒྱལ་བུ་ལྔ་པོ་ན་སོ་ཆུང་། །ངན་ལ་དབང་ཆེའི་འཁོར་རྣམས་ཀྱིས། །ཕྲག་དོག་བསམ་པ་མི་བཟོད་པས། །བློན་པོ་བཟང་དེ་བཙོན་དུ་བཟུང་། །ངར་འཛིན་ཨན་ཆེན་སྐེ་ལ་བསྐོན། །གཟུང་འཛིན་ལྕགས་སྒྲོག་དམ་དུ་བཅུག །ཐར་མེད་འཁོར་བའི་དོང་དུ་བསྐྱུར། །ཁྲིམས་མུན་འཇིགས་སུ་རུང་བ་དེར། །སངས་རྒྱས་རྒན་པོ་འོ་རེ་བརྒྱལ། །རྒྱུ་མཐུན་གྱི་སྡུག་བསྔལ་བཟོད་བླག་མེད། །ཆུ་བོ་བཞི་ཡི་རྦ་ལ་གཡེངས། །མཛེ་ཡི་ཐོག་ཏུ་ཕོལ་མིག་བྱུང་། །ལིང་ཏོག་སྟེང་དུ་ས་རྡུལ་བཏབ། །སྦྲང་རྩི་དུག་ཏུ་བབ་པ་
ཟོས། །དེ་ནང་གི་བཙོན་བུ་ཉམ་ཆུང་དེ། །རྣམ་མཁྱེན་ཡངས་པའི་ཞིང་ཁམས་སུ། །འབྲོས་པའི་བསམ་པ་ཡོད་ན་ཡང་། །དབང་འབྲས་ཀྱི་ལུང་པ་བགྲོད་པར་དཀའ། །འདོད་ཆགས་ཀྱི་ཆུ་བོ་འཐུང་ཞིང་སྐོམ། །ཞེ་སྡང་མེ་ཆེན་ཁ་རེ་ཚ། །ང་རྒྱལ་གྱི་རི་བོ་མཐོ་ལ་གཟར། །ཕྲག་དོག་གི་བྲག་རི་འཇིགས་ཤིང་ལྷུང་། །རང་སྣང་གི་གཤེད་མས་རྟག་ཏུ་བསྲུངས། །གཟུང་འཛིན་ལྕགས་སྒྲོག་ཕྱིར་ཕྱིར་དམ། །ཐབས་ལ་རྨོངས་པའི་གནད་ཀ་དེས། །འབྲོས་པའི་བསམ་པ་ཡོད་ན་ཡང་། །ཡིད་སྨོན་རྐྱང་པའི་ཐོག་ཏུ་ལུས། །དེ་ཡི་སྡུག་བསྔལ་སྣ་ཚོགས་པ། །ལོགས་ན་ཡོད་པ་མ་ཡིན་ཏེ། །མེད་ལ་ཡོད་འཛིན་འཁྲུལ་པ་ལས། །རང་སྣང་བག་ཆགས་དེ་ལྟར་སྣང་། །ཤནྟ་དཱེ་བའི་ཞལ་ནས་ཀྱང་། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ནས་བྱུང་། །དེ་འདྲ་དེ་དག་ཐམས་
ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་རྒྱས་པར་གསུངས་སོ། །
བརྒྱུད་འཛིན་གྱི་བཀའ་བབ་རིགས་དབོན་བྱང་ཆུབ་གཞོན་ནུ།
༈ བརྒྱུད་འཛིན་གྱི་བཀའ་བབ་རིགས་དབོན་བྱང་ཆུབ་གཞོན་ནུ་ནི། སྐུ་འཁྲུངས་ཡུལ་ཀྱེ་ལ་ཁ། ཡབ་ཀྱེ་ལ་སངས་མགོན་ལ་སྲས་གཉིས་ཡོད་པའི་ཆེ་བ་སངས་རྒྱས་དཔལ་དང་། ཆུང་བ་བྱང་ཆུབ་གཞོན་ནུ་སྟེ། རབ་བྱུང་བཞི་པའི་ཤིང་སྟག་ལ་སྐུ་འཁྲུངས། ལུས་མེད་རྡོ་རྗེའི་མདུན་དུ་རབ་ཏུ་བྱུང་། མཚན་བྱང་ཆུབ་གཞོན་ནུར་གསོལ། འབའ་རོམ་ནས་བརྒྱུད་པའི་ཆོས་ཡོད་དགུ་ཅོག་རྣམས་ལ་གསན་བཞེས་རྒྱ་ཆེར་མཛད། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། གྲོལ་ལམ་ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་ཡོན་ཏན་མཐའ་ཡས། གསེར་གདུང་ཆེན་མོའི་གཡོན་ངོས་སུ་གདུང་འབུམ་དང་། ལྷ་ཁང་འབུམ་ཆུང་བྱ་བ་སུམ་བརྩེགས་ཅན། ཐུབ་པའི་གསེར་སྐུ་ཆེན་མོ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོད་བསམ་ལས་འདས་པ་བཞེངས། དེ་ནས་མགོ་རུའི་ཡེབ་ཏི་ཕུག་ཏུ་སྙིང་པོའི་རྣལ་འབྱོར་ལ་ཐུགས་གཞོལ་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པ་ལས། དུས་རེ་ཞིག་གི་ཚེ་ལྷ་ཆེན་ཚུལ་ཁྲིམས་སེང་གེས་གཙོར་མཛད་རས་ཚང་སྒོམ་སྡེའི་མི་སྣ་ཆེ་བ་རྣམས་དང་། སྐུ་འཁོར་
ཚང་མ་དེར་ཕེབས་ནས་བླ་མ་རིན་པོ་ཆེ་ཉིད་ནང་སོ་ཆེན་མོའི་ཁྲིར་ཕེབས་ནས་བསྟན་དགོན་གྱི་འཛིན་སྐྱོང་སྤེལ་གསུམ་ཆོས་སྲིད་ཟུང་འབྲེལ་གྱི་ཕྱག་བཞེས་མ་ཉམས་པའི་མཛད་བཟང་རྒྱུན་འཁྱོངས་ཀྱི་ཞུ་བ་ནན་ཆེར་ཕུལ་བས། དེར་ལྷ་ཆེན་པོ་ཉིད་ཀྱིས་བཀའ་མི་གཅོག་པའི་ཕྱིར་དེ་ལྟར་བྱ་གསུངས་ནས་ཕྱིར་གདན་སར་ཕེབས། གནས་དྲུག་ལྷ་མིས་བསུ་བ་དཔེ་མེད་དང་བསྙེན་བཀུར་གྱིས་ནང་སོ་ཆེན་མོའི་གཙུག་རྒྱན་དུ་མངའ་གསོལ། དེ་ནས་གདན་ས་མཛད་ཅིང་གྲྭ་པ་བསྐྱངས་ནས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར། གནས་དྲུག་པའི་མངའ་འབངས་བྱམས་བརྩེས་སྐྱོང་བ་སོགས་རྒྱལ་བའི་སྲས་ཀྱི་མཛད་པ་ཇི་བཞིན་པ་ཁོ་ནར་བསླབ་རུང་། འགའ་ཞིག་དྲེགས་པས་སྙེམས་ཤིང་ཕྲག་དོག་པའི་རྣམ་འགྱུར་བྱུང་བར་བརྟེན། མ་ཀི་དིལ་འབུལ་གྱི་མགོ་རུ་ཚང་མང་གསར་པ་ཞིག་བྱ་དགོས་གསུངས་ནས་གཟིམ་ཁང་གསར་པ་མཛད་དེ་ལྷ་ཁང་དང་བྲང་ཁང་སོགས་བཀོད་པ་བསམ་ལས་འདས་པ་བསྐྲུན། གོང་དུ་ནང་སོ་ཆེན་མོ་ལྷ་ཁང་གི་ཚུལ་དུ་བཞུགས་སུ་གསོལ་ཞིང་། འགྲོ་དོན་བསམ་མི་ཁྱབ་པ་མཛད། མཐར་དགུང་ལོ་བདུན་ཅུ་ཆུ་ཕག་ས་ཟླའི་ཚེས་བཞི་ལ་གཤེགས། འཇའ་འོད་མེ་ཏོག་གི་ཆར་ཀུན་གྱི་མཐོང་
སྣང་དུ་གྱུར། དེ་ནས་ཕྱོགས་ཀྱི་བླ་མ་མི་དཔོན་ལྷ་སྡེ་མི་གསུམ་ཀུན་ཚོགས་པ་ལ་སྐུ་འགྱེད་ཆེན་པོ་བཏང་བས་ཀུན་ངོམས་པར་གྱུར་ཅིང་། གདུང་ཞུགས་ལ་ཕུལ་ཚེ་ལྷ་མི་ཀུན་གྱིས་མཆོད་པ་བླ་ན་མེད་པས་མདུན་བདར་ཏེ་ངོ་མཚར་བའི་གནས་སུ་གྱུར། གདུང་དང་རིང་བསྲེལ་གྲངས་ལས་འདས་པ་བྱུང་ཞིང་སློབ་ཚོགས་ཀྱང་མང་དུ་མཆིས་པ་ལས། གཙོ་ཆེ་བ་རིགས་དབོན་གྲགས་བྱང་བ་དང་གྲགས་ཚུལ་བ་གཉིས། ཁྱད་པར་དུ་འཕགས་པ་ནི་སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་སོགས་བྱོན་པའོ། །དགོངས་པའི་རྟོགས་ཚད་དོ་ཧ་རྡོ་རྗེའི་མགུར་འདི་ལྟ་སྟེ། སྤྱན་སྔ་བྱང་གཞོན་པའི་ཞལ་ནས། སྣང་སྲིད་འཁོར་འདས་ཆོས་འདི་རྣམས། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་མིན་པ་སྒོམ་མེད་པས། །ཐམས་ཅད་སྒོམ་དུ་ཤེས་པ་ཡིས། །བསྒྲིབ་བྱ་མེད་ཅིང་སྒྲིབ་མཁན་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །སེམས་ཉིད་ཆོས་སྐུ་རྣམ་དག་ལ། །སྒྲིབ་པའི་བག་ཆགས་གནས་པ་མེད། །གཉེན་པོ་སོ་མས་བཅོས་སུ་མེད། །ཡང་དག་དོན་གྱི་ངོ་བོ་ལ། །འཁོར་དང་མྱ་ངན་འདས་པ་མེད། །གཞན་ཡང་དམིགས་པ་ཐམས་ཅད་དང་། །སྦྱང་གཞི་སྦྱོང་བྱེད་ག་ལ་ཡོད། །ཅེས་གསུངས་སོ། །
སྤྱན་སྔ་བྱང་གཞོན་པའི་སློབ་ཆེན་བློ་གྲོས་རྡོ་རྗེ།
༈ སྤྱན་སྔ་བྱང་གཞོན་པའི་སློབ་ཆེན་བློ་གྲོས་རྡོ་རྗེ་ནི། སྐུ་འཁྲུངས་ཡུལ་ལྕི་རྒྱུད་སྟོང་རོང་མཆིག་ནག་གི་རྫོང་ནག་ཅེས་པར། ཡབ་ཚབ་ཤི་སེང་གེ་དཔལ་གྱི་སྲས་སུ་འཁྲུངས། ཁོང་སྐུ་ན་གཞོན་པར་ཡབ་ཀྱི་རྫོང་གཞི་ལ་མ་ཆགས་པར་བན་བྲོས་ལ་ཚང་གསར་ནང་དུ་བྱོན། སྤྱན་སྔ་བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང་། མཚན་བློ་གྲོས་རྡོ་རྗེར་བཏགས། ཡི་དམ་རྡོ་རྗེ་ཕག་མོའི་གཙོར་གྱུར་པའི་རྒྱུད་སྡེའི་དབང་བཀའ་རྣམས་དང་། ཕྱག་རྒྱ་ཆེན་པོ་དང་ཆོས་དྲུག་གི་ཐབས་གྲོལ་གྱི་གནད་རྣམས་ལེགས་པར་གསན་སྦྱངས་མཐར་ཕྱིན་པར་མཛད། དེ་ཉིད་དུ་སྒོམ་སྡེ་ཚང་གསར་པའི་བྲང་ཁང་ཆེན་མོའི་ཕྱོགས་ཤིག་ཏུ་འདག་སྦྱར་མཛད་ནས་ལོ་བདུན་དུ་བསྒོམས་པས་རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས། གཏུམ་མོའི་དྲོད་ཆེན་འབར། དགུན་སྒང་ཁ་བ་བབས་པར་སྐུ་ལུས་ཀྱི་སྟེང་དང་འདོམ་སྐོར་དུ་སྒྲུབ་ཁང་ཁ་བ་མེད་པ་སོགས་གྲུབ་པའི་ཚད་དུ་སོན། དེ་ནས་དབུས་སུ་བྱོན་ནས་རྒྱ་བྲག་ཆོས་རྗེ་ལས་ཞི་བྱེད་གསན་པ་སོགས་གྲུབ་བརྙེས་མང་དུ་བསྟེན། ཁྱད་པར་དུ་ཀརྨ་པ་རང་བྱུང་རྡོ་རྗེ་མཇལ། ཕྱག་རྫོགས་ཟུང་འཇུག་གི་གདམས་པ་ཞུས། བྱང་འབའ་རོམ་དུ་རྒྱལ་ཚབ་
ཆོས་ཀྱི་ཁྲིར་ལོ་ཤས་བཞུགས། མར་བྱོན་ནས་ཇོ་མོ་གཡུ་སྒྲོན་ཇབ་དང་ཀུ་སྐྱོ་རྣམས་སུ་རི་འགྲིམ་དང་། ཟླ་ཉིན་ལ་ཆིང་གི་དགོན་པ་བཏབ། འགྲོ་དོན་རྒྱ་ཆེན་པོ་མཛད། མཐར་དེར་སྐུ་མྱ་ངན་ལས་འདས། གདུང་ཞུགས་ལ་ཕུལ་བས་འཇའ་མི་འདྲ་བ་དུ་མ་དང་རིང་བསྲེལ་གྲངས་མེད་བྱོན། དེའི་སློབ་མ་མང་དུ་ཡོད་པའི་ནང་ནས་ཁྱད་པར་འཕགས་པ་ལྷ་རས་པ་དང་གླང་རས་པ་གྲགས་པ་རྒྱལ་མཚན་གཉིས་ཡིན་ནོ། །སྟོང་ནག་རས་པའི་རྡོ་རྗེའི་མགུར་འདི་ལྟ་སྟེ། མི་བསམ་མི་མནོ་བསམ་དུ་མེད། །སྙེམས་བྲལ་ལྷན་ཅིག་སྐྱེས་པ་ཡི། །ཆོས་ཉིད་དེ་ལ་གུས་པས་འདུད། །མི་བལྟ་མི་བསྒོམ་སྒོམ་དུ་མེད། །མི་སྤྱོད་མི་བསྲུང་གཏན་བྲལ་ལ། །མི་རེ་མི་དོགས་རྣམ་པར་དག །ཆོས་ཉིད་མཐའ་དང་བྲལ་བ་ལ། །བལྟ་བྱ་ལྟ་བྱེད་མ་གྲུབ་ཀྱང་། །བལྟ་རུ་མེད་པའི་ངང་དུ་ལྟ། །གཉུག་མ་རྒྱུན་ཆད་མེད་པ་ལ། །བསྒོམ་བྱ་སྒོམ་བྱེད་མ་གྲུབ་ཀྱང་། །བསྒོམ་དུ་མེད་པའི་ངང་ལ་སྒོམ། །
གནས་ལུགས་རྣམ་པར་དག་པ་ལ། །སྤྱད་བྱ་སྤྱོད་བྱེད་མ་གྲུབ་ཀྱང་། །སྤྱོད་དུ་མེད་པའི་ཚུལ་གྱིས་སྤྱོད། །སེམས་ཉིད་མཁའ་ལྟར་དག་པ་ལ། །བསྲུང་བྱ་སྲུང་བྱེད་མ་གྲུབ་ཀྱང་། །བསྲུང་དུ་མེད་པའི་ཚུལ་གྱིས་སྲུང་། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །བསྒྲུབ་བྱ་སྒྲུབ་བྱེད་མ་གྲུབ་ཀྱང་། །གཉིས་སུ་མེད་པའི་ངང་དུ་སྒྲུབ། །ཐ་མལ་ཤེས་པ་རང་ངོ་ཤེས། །འཁོར་བའི་རང་བཞིན་སྒོམ་པར་གདའ། །སྤང་བླང་བྱེད་ན་སྒོམ་པ་མིན། །དུས་གསུམ་གཉུག་མ་སྒོམ་པར་གདའ། །ཐུན་དུ་སྤྱད་ན་སྒོམ་པ་མིན། །སྣང་བ་སྣ་ཚོགས་སྒོམ་པར་གདའ། །བསྲུང་བྱ་མེད་པའི་གནས་ལུགས་ལ། །ཆེད་དུ་བསྲུང་ན་སྒོམ་པ་མིན། །ངོ་བོ་ཉིད་ཀྱང་སྒོམ་པར་གདའ། །རེ་དོགས་བྱེད་ན་སྒོམ་པ་མིན། །གནས་ལུགས་ངོ་བོ་ཉིད་ཀྱི་གླུ། །སེམས་ལ་ཤར་ནས་བླངས་པ་ལགས། །འགྲོ་ཀུན་གཉིས་མེད་དོན་རྟོགས་ནས། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཅེས་གསུངས་སོ། །
སྟོང་ནག་རས་པའི་སློབ་མ་ལྷ་རས་པ།
༈ སྟོང་ནག་རས་པའི་སློབ་མ་ལྷ་རས་པ་ནི། སྐུ་འཁྲུངས་ཡུལ་ལྕི་རྒྱུད། གདུང་མཆོག་པོའམ་ལྷ་ཡི་གདུང་། བློ་གྲོས་རྡོ་རྗེ་ལས་རབ་ཏུ་བྱུང་། མཚན་བརྩོན་འགྲུས་དཔལ། གྲུབ་བརྙེས་ཀྱི་བླ་མ་མང་དུ་མཇལ་ཞིང་ཟབ་རྒྱས་ཀྱི་གདམས་པ་ཐུགས་སུ་ཆུད་པར་མཛད་ཅིང་། ཁྱད་པར་སྟོང་ནག་རས་པ་ལས་ཕྱག་ཆེན་གྱི་དགོངས་བརྒྱུད་བརྙེས་པས་བརྒྱུད་འཛིན་གྱི་མཆོག་ཏུ་གྱུར། སྐྱོ་ཁོ་ཉིན་ཕུག་ཏུ་སྒྲུབ་པ་ལ་མི་ཚེ་བསྐྱལ། ཕྱག་རྒྱ་ཆེན་པོ་ཉིན་མཚན་དབྱེར་མེད་ཀྱི་རྟོགས་པ་འཁྲུངས། མཐར་དེ་ཉིད་དུ་སྐུ་གཤེགས་པའི་གདུང་རྟེན་རིང་བསྲེལ་བསམ་ལས་འདས་པ་བྱོན་ཅིང་། གདུང་འབུམ་ཡང་དེར་གྲུབ་པར་མཛད། སློབ་ཚོགས་མང་དུ་བྱོན་པའི་གཙོ་བོ་གླང་རས་རྒྱལ་མཚན་གྲགས་པའོ། །རྗེ་དེ་ཉིད་ཀྱི་གསུང་རྡོ་རྗེའི་མགུར་བཞེངས་པ་ནི། ཡང་གཅིག་མཐའ་བྲལ་གཉུག་མའི་སེམས། །རྟག་ཆད་མེད་པར་རང་སར་གྲོལ། །བྱིང་རྒོད་མེད་པར་རང་སར་གྲོལ། །སྤང་བླང་མེད་པར་རང་སར་གྲོལ། །དགག་སྒྲུབ་མེད་པར་རང་སར་གྲོལ། །རེ་དོགས་མེད་པར་རང་སར་གྲོལ། །གྲུབ་མཐའི་ཆོས་རྣམས་
རང་སར་གྲོལ། །སྣང་བ་གང་ཤར་ཐད་ཀར་གྲོལ། །སྒོ་ལྔའི་རྟོག་པ་ལམ་དུ་གྲོལ། །ཉོན་མོངས་གཉེན་པོ་གཅིག་ཏུ་གྲོལ། །སེམས་ལ་བཅིང་གྲོལ་ག་ལ་སྲིད། །སེམས་ལ་རྒྱུན་ཆད་ག་ལ་སྲིད། །སེམས་ལ་འཕེལ་འགྲིབ་ག་ལ་སྲིད། །སེམས་ལ་འགྱུར་བ་ག་ལ་སྲིད། །སེམས་ལ་དངོས་འཛིན་ག་ལ་སྲིད། །ཡོད་མཐའ་མེད་མཐའ་གཉིས་དང་བྲལ། །ཡང་དག་གི་དོན་ལ་གྲུབ་མཐའ་མེད། །ཐ་སྙད་ཚིག་ཏུ་བརྟག་པ་ལ། །རྟོགས་ལྡན་བསྙེལ་བ་མི་མཛད་ཞུ། །ཞེས་གདམས་པར་མཛད་དོ། །
སྐྱོ་བྲག་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར།
༈ །རྗེ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་མཆོག་འཇམ་དབྱངས་རྣམ་འཕྲུལ་སྐྱོ་བྲག་[རྒྱལ་མཚན་གྲགས་པའམ་]གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས་ནི། དང་པོ་རྡོ་རྗེའི་ལུང་གིས་ཟིན་པའི་ཚུལ་ནི། ཏི་ཤྲི་རས་པ་དཀར་པོའི་རྡོ་རྗེའི་ལུང་བྱང་ལས། །ཨོ་རྒྱན་སྦས་གནས་སེང་གེ་རྫོང་འདི་རུ། །འགྲོ་དོན་རྒྱུན་མི་འཆད་པ་གནས་ཀྱི་བདག །གྲགས་པ་གསུམ་དང་བཟང་པོ་ལྔ། །རྒྱ་མཚོ་བཞི་དང་སྙིང་པོ་བདུན། །འོད་ཟེར་གསུམ་དང་སེང་གེ་གཉིས། །ཡེ་ཤེས་གཉིས་དང་སངས་རྒྱས་གསུམ། །ཀརྨ་ཆོས་དང་ཕུན་ཚོགས་མིང་། །རིག་འཛིན་སུམ་ཅུས་
གདུལ་བྱ་སྐྱོང་། །ཞེས་ལུང་བསྟན་པའི་ཐོག་མ་དང་། ཉང་རལ་ཉི་མ་འོད་ཟེར་གྱི་གཏེར་ལུང་ལས། རྫོང་ཆེན་ཀུན་གྱི་ཡ་གྱལ་སེང་གེ་རྫོང་། །མཁའ་སྤྱོད་ས་ལ་ཆགས་པའི་སྐྱོ་བྲག་པ། །རྡོ་རྗེ་འཆང་དངོས་མི་ཡི་ཚུལ་བྱོན་པའི། །བསྟན་པ་འཛིན་པའི་རྒྱལ་མཚན་མཚན་ཅན་འབྱུང་། །ཞེས་དང་། སྟག་ཤམ་ལུང་བསྟན་ལས། །ས་ར་ཧ་སྤྲུལ་རྒྱལ་མཚན་མིང་ཅན་དང་། །ཡེ་ཤེས་སྙིང་པོའི་སྤྲུལ་པ་སྐྱོ་བྲག་པ། །འབྲེལ་ཚད་དོན་ལྡན་ཐར་པའི་ཞིང་དུ་འདྲེན། །ཞེས་སོགས་དམ་པའི་སྐྱེས་བུ་དུ་མས་རྡོ་རྗེའི་ལུང་གིས་ཟིན་པའི་རྗེ་འགྲོ་བའི་མགོན་པོ་གང་ཉིད། རང་དོན་དུ་སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན་ཅིང་རྡོ་རྗེ་འཆང་ཆེན་པོའི་རྒྱལ་སར་བཤེགས་པའོ། །གཉིས་པ་གཞན་དོན་གདུལ་བྱའི་སྣང་ངོར་མི་ཡི་སྐྱེ་བ་བཞེས་ཚུལ་ནི། སྐུ་འཁྲུངས་པའི་གནས་ཟླ་རྒྱུད་ཀྱི་ལྗོངས་བཅུད་གསུམ་འཛོམས་པའི་ཡུལ་ཤེལ་སའི་གྲོང་མོ་ཆེ་རུ། གླང་རིན་ཆེན་བླ་མའི་སྲས་སུ་ངོ་མཚར་བའི་ལྟས་མང་པོ་དང་བཅས་སྟག་གི་ལོར་སྐུ་བལྟམས། དགུང་ལོ་གསུམ་གྱི་ཐོག་མདའ་གང་ཙམ་གྱི་ནམ་མཁར་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དང་། འཇའ་འོད་ཀྱི་གུར་དང་མེ་ཏོག་སྔོན་པོའི་ཆར་བབ། མགོན་པོ་བྱ་རོག་མཚན་ཅན་གྱིས་སྐུ་གསུང་ཐུགས་ཀྱི་རྟེན་
མཆོག་ཁྱད་པར་ཅན་དང་མ་འོངས་ལུང་བསྟན་སོགས་ཕུལ་བས། སྐུ་གསུམ་མངོན་གྱུར་གྱི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མངའ། ལྷ་རས་པའི་ཞལ་ནས། བུ་འདི་ལ་མ་མགོན་སྤྲིན་ལྟར་འདུ། ཆོས་སྲུང་དམ་ཅན་རྒྱ་མཚོས་རྟག་ཏུ་སྲུང་ཞིང་སྐྱོབ་པ་དང་། སྒོམ་རོ་གཅིག་གི་རྟོགས་པ་མངོན་དུ་གྱུར་འདུག །མ་འོངས་པར་དཔལ་འབའ་རོམ་པའི་བསྟན་པའི་བརྒྱུད་འཛིན་སྙན་གྲགས་ཉི་ཟླ་ལྟར་གྲགས་པ་ཞིག་ཡོང་བར་འདུག་གསུངས་ནས་མཚན་འཇམ་དབྱངས་རྒྱལ་མཚན་གྲགས་པར་གསོལ། གསུམ་པ་མཚན་ལྡན་གྱི་བླ་མ་བསྟེན་པའི་ཚུལ་ནི། དཔལ་འབའ་རོམ་པའི་བསྟན་པའི་བརྒྱུད་འཛིན་ཆེན་པོ་ལྷ་རས་པ་བརྩོན་འགྲུས་དཔལ་བ་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་བསྟེན་ནས་རབ་ཏུ་བྱུང་། རྒྱལ་བ་འབའ་རོམ་པའི་བཀའ་སྲོལ་གྱི་གདམས་པ་དང་ཐབས་གྲོལ་ཟབ་མོ་རྣམས་རྫོགས་པར་ཞུས་ནས་སྒྲོ་འདོགས་ཆོད་པར་མཛད། གཞན་ཡང་སྟོང་ནག་རས་པ་དང་། ཀརྨ་པ་རོལ་པའི་རྡོ་རྗེའི་མདུན་ནས་བསྐྱེད་རྫོགས་ཀྱི་སྒྲུབ་སྐོར་དང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་སོགས་གདམས་ངག་ཟབ་རྒྱས་ཞུས་ནས། ལ་ཕུག་དང་། དབྱི་རོག་ཕུག །ཤེལ་ཁྲོམ། རྒྱམ་རྒྱལ་མགུལ་ཕུག །སྐྱོ་ཁོ་ཉིན་ཕུག་སོགས་སྒྲུབ་གནས་
ཁྱད་འཕགས་རྣམས་ལ་དཀའ་སྤྱད་དང་བརྩོན་འགྲུས་ཆེན་པོས་རྩེ་གཅིག་ཏུ་སྒྲུབ་པ་ལོ་ཉི་ཤུར་བཞུགས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་ནས་ཚེ་གཅིག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པའོ། །བཞི་པ་གདན་ས་ཐོག་མར་ཕྱག་བཏབ་ཚུལ་ནི། གླང་རས་པ་གྲགས་པ་རྒྱལ་མཚན་དེ་ཉིད་གནས་ཆེན་སྐྱོ་ཁོ་ཉིན་ཕུག་ཏུ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་པའི་དུས་ནམ་ཞིག་གི་ཚེ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པ་ནི། ཡ་ཀི་བྲག་སྟེང་ཕོ་བྲང་འདི། །དཔལ་ཆེན་འཁོར་ལོ་བདེ་མཆོག་གི། ཐུགས་ཀྱི་ཟེའུ་འབྲུ་གེ་སར་དབུས། །ཕ་བོང་སྟག་ཆེན་འགྱིང་འདྲ་ན། །ས་གནད་ཀྱི་མེ་བཙའ་དེ་རུ་ཐོབ། །སྟག་འཛུམ་དྲུག་རྒྱས་འདྲའི་ས་གནད་ཡོད། །འགྲོ་དོན་དང་བསྟན་པ་མཐའ་རྒྱས་འབྱུང་། །ཞེས་གསུངས་ནས་མཁའ་འགྲོ་མ་ཝ་ལ་སྤྲུལ་ནས་ཆའུ་གདན་དྲངས་པའི་རྗེས་ནངས་པར་བཙལ་བས་སྐྱོ་བྲག་དབུ་རྩེའི་ཕ་བོང་གི་སྟེང་དུ་མཁའ་འགྲོའི་རྫུ་འཕྲུལ་གྱིས་ཆའུ་རྡོ་ནག་ཏུ་བསྒྱུར་ནས་བཞག་པ་ལ། སྟེང་ན་འཇའ་འོད་འཁྱིལ། བར་ན་མེ་ཏོག་གི་ཆར་འབབ། ས་གཞིར་དྲི་བཟང་གིས་ཁྱབ་ནས་ཡོད་པའི་དུས་སུ་ཆའུ་ཝས་ཁུར་མ་ཞེས་མཚན་གསོལ། གདན་ས་མཁའ་འགྲོའི་ལུང་གིས་ཟིན། གནས་དེར་གཙུག་ལག་
ཁང་ཁྱད་པར་ཅན་བཞེངས་པའི་རྟེན་གྱི་གཙོ་བོ། ནཱ་རོ་གར་མཁན་གསུང་བྱོན་མ་དང་། བདེ་མཆོག་འཇའ་ཟུག་མ། པཀྴི་འབྱུང་བཞི་གཡུལ་རྒྱལ་མ་དང་རྗེ་ཉིད་ཀྱིས་བཞེངས་པའི་སྟོན་པའི་སྐུ་འཇའ་ཟེར་མ། དཔའ་བོ་མཁའ་འགྲོས་ཕུལ་བའི་རྡོ་རྗེ་འཆང་གསུང་བྱོན་མ། འཇང་རྒྱལ་པོས་ཕུལ་བའི་དགྱེས་རྡོར་སྐུ། གུར་མགོན་བྱིན་རླབས་མེ་འབར་མ། ཀརྨ་པ་རོལ་པའི་རྡོ་རྗེའི་རྫུ་འཕྲུལ་གྱིས་བྱིན་བརླབས་པའི་མཁར་རྔ་ཨ་ལྔ་མ་དང་། རྗེ་ཉིད་ཀྱི་སྐུ་ང་འདྲ་གསུང་བྱོན་མ་སོགས་རྟེན་མཆོག་ཁྱད་དུ་འཕགས་པ་དུ་མ་བཞེངས་ནས། དབུ་རྩེ་མཐོང་གྲོལ་ཆེན་མོ་བདེ་ཆེན་མཁའ་འགྲོ་དགའ་ཚལ་ཞེས་མཚན་གསོལ། གསུང་རྡོ་རྗེའི་གུར་དབྱངས་དང་ཕྱག་ཆེན་གྱི་ཁྲིད་སོགས་མང་དུ་མཛད། ལྔ་པ་བརྒྱུད་འཛིན་ཁྱད་པར་ཅན་དང་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་ནི། རྗེ་དེ་ཉིད་ཀྱི་ཐུགས་སྲས་བུ་སློབ་མང་དུ་བྱོན་པ་རྣམས་ཀྱི་དབུས་ན་ཉི་ཟླ་ལྟར་གྲགས་པ་ནི། དྲུང་རྨ་སེ་ཆོས་ཀྱི་བློ་གྲོས་ལ་དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་ཀྱི་བཀའ་བབས་ནས་ཆོས་རྗེ་ཟུར་མང་དུ་གྲགས་པ་འདི་བྱུང་བའོ། །སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ལ་ཕྱག་རྒྱ་ཆེན་པོའི་བཀའ་བབས་ནས་རླུང་སེམས་ལ་རང་དབང་ཐོབ། རི་
བྲག་ལ་ཟང་ཐལ་དང་ནམ་མཁའ་ལ་བྱ་ལྟར་འཕུར། རྫུ་འཕྲུལ་སྐུ་ཡི་བཀོད་པ་མཐའ་ཀླས། གཞན་ཡང་སློབ་མ་དང་ཡང་སློབ་སོགས་ཀྱིས་དཔལ་རྒྱལ་བ་འབའ་རོམ་པའི་བསྟན་པ་འདི་ཉིད་ད་ལྟའི་བར་རྒྱུན་མ་ཆད་པར་དར་ཞིང་རྒྱས་པ་འདི་ཉིད་དོ། །ཁྱད་པར་རྒྱ་བོད་ཧོར་འཇང་མི་ཉག་ཆེ་དགུ་རྣམས་ཀྱིས་གཙུག་ཏུ་བཀུར་ཞིང་བསྟན་པའི་སྦྱིན་བདག་ཆེན་པོར་གྱུར། གཞན་ཡང་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་ནས་མཐར་དགུང་གྲངས་བདུན་ཅུ་དོན་གསུམ་སྟག་གི་ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་བསྲེགས་སྦྱངས་ཀྱི་སྐབས་ངོ་མཚར་བའི་ལྟས་དུ་མ་དང་བཅས་དད་པའི་རྟེན་དུ་ཐུགས་ལྗགས་སྤྱན་གསུམ་དང་། རིང་བསྲེལ་མཐའ་ཡས་བྱོན་པའོ། །དམ་པ་དེ་ཉིད་ཀྱིས་རྡོ་རྗེའི་གསུང་མགུར་བཞེངས་པ་ནི། རྗེ་བླ་མ་རྣམས་ལ་གུས་པས་འདུད། །བཀའ་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་རློབས། །མ་དང་མཁའ་འགྲོས་དངོས་གྲུབ་སྩོལ། །བར་ཆད་བདུད་འདུལ་ཆོས་སྐྱོང་མཁྱེན། །རི་ཁྲོད་དབེན་པའི་གནས་མཆོག་འདི། །ཉམས་ཏིང་འཛིན་འཕེལ་བའི་ཕོ་བྲང་ཡིན། །སེམས་གསལ་སྟོང་འཛིན་བྲལ་ངོ་བོ་
འདི། །རང་གཅིག་པར་འདུག་པའི་སྐྱོ་རོགས་ཡིན། །ཉམས་ཏིང་འཛིན་རྒྱུན་ཆད་མེད་པ་འདི། །མི་ཚེ་སྐྱེལ་བའི་ཡིད་རྟེན་ཡིན། །ཆོས་ཉིད་རང་གཤིས་ཤར་བ་འདི། །གཅིག་པུར་འདུག་པའི་རྩེ་རོགས་ཡིན། །བྱ་བྱེད་ཡིད་ལ་བྲལ་བ་འདི། །ནམ་རྩ་བ་གཅོད་པའི་སྐྱེལ་ཐག་ཡིན། །སྟོང་ཉིད་མངོན་དུ་གྱུར་པ་འདི། །སྣང་བ་གཅོད་པའི་རལ་གྲི་ཡིན། །སྣང་སེམས་གཉིས་སུ་མེད་པ་འདི། །ཅིར་སྣང་གྲོགས་སུ་ཤར་བ་ཡིན། །ཉམས་མྱོང་ནང་ནས་ཤར་བ་འདི། །རྟོགས་པ་མངོན་དུ་གྱུར་པ་ཡིན། །ཅིར་སྣང་ཆོས་སྐུར་ཤར་བ་འདི། །འཁོར་འདས་ཤན་ཐང་ཕྱེད་པ་ཡིན། །གསལ་སྟོང་རྒྱུན་ཆད་མེད་པ་འདི། །འཁོར་འདས་གཅིག་ཏུ་དྲིལ་བ་ཡིན། །སྣང་སྟོང་དབྱེ་རུ་མེད་པ་འདི། །ཟུང་འཇུག་ནང་ནས་ཤར་བ་ཡིན། །ཕྲ་རགས་སྤུན་ཆ་དག་པ་འདི། །ཆོས་སྐུ་མངོན་དུ་གྱུར་པ་ཡིན། །
འགྲོ་འོང་འཕོ་འགྱུར་མེད་པ་འདི། །ཕྲིན་ལས་རྒྱུན་ཆད་མེད་པ་ཡིན། །ཅལ་ཅོལ་ཚིག་གི་ན་ཡམ་ལ། །འགལ་བ་མཆིས་ན་བཟོད་པར་གསོལ། །དགེ་བས་སེམས་ཅན་ཐམས་ཅད་ཀྱིས། །ཆོས་ཉིད་མངོན་དུ་རྟོགས་པར་ཤོག །ཅེས་སོ། །ཡང་གླང་རས་པ་རྒྱལ་མཚན་གྲགས་ཀྱི་རྟོགས་མགུར་ནི། རྗེ་བླ་མ་རྣམས་ལ་གུས་པས་འདུད། །མི་ང་དེང་བདེ་གསལ་ཉམས་ལེན་སྐྱོང་། །བདེ་གསལ་ལ་ཉམས་ལེན་སྐྱོང་ཙམ་ན། །ལུས་བདེ་བས་རྒྱས་ཚེ་བདེ་བའི་ཉམས། །སྦྲུལ་གདུག་ཁ་རུ་སོར་བཅུག་ཀྱང་། །འཕོ་འགྱུར་མེད་པའི་ཉམས་ཡོད་དེ། །དགའ་འོ་སྐྱིད་དོ་དེ་རིང་བདེ། །གསལ་བ་རང་གསལ་ཉམས་ཡོད་དེ། །ཤེལ་སྒོང་དྲི་མ་མེད་པ་བཞིན། །རང་གསལ་རང་དག་ཉམས་ལེན་སྐྱོང་། །གསལ་ལོ་བདེའོ་དེ་རིང་བདེ། །སྟོང་པ་ནམ་མཁའ་འདྲ་བའི་ཉམས། །ངོས་བཟུང་མེད་པར་ས་ལེ་བ། །
འཛིན་མེད་བར་སྣང་བཞིན་ཡོད་དེ། །བདེ་གསལ་མི་རྟོག་སྟོང་པའི་ཉམས། །ཆགས་སྙམ་ཏིང་འཛིན་སྐྱོང་བའི་ཚེ། །ངེས་ཤེས་དགའ་བ་ཐོབ་པའི་དུས། །རྩེ་གཅིག་ཉམས་ལེན་དེ་རུ་རྫོགས། །རང་སེམས་སྐྱེ་འགག་སྤྲོས་དང་བྲལ། །རྣམ་རྟོག་ཆོས་སྐུར་འཆར་བའི་ཚེ། །རིག་པ་དབྱིངས་སུ་གཅུན་པར་བྱ། །ངོ་བོ་དབྱིངས་རིག་ཤར་བའི་ཚེ། །མ་བསྒོམ་མི་བསྒོམ་རང་ཡལ་གསུམ། །སྤྲོས་བྲལ་ཉམས་ལེན་དེ་རུ་རྫོགས། །དབྱེར་མེད་སྟོང་པ་རང་གྲོལ་གསུམ། །སྙེམས་བྱེད་ཤེས་པ་རང་སར་དག །གདེང་ཐོབ་འགྱུ་བ་དག་པ་འདི། །སྟོན་དགུན་བར་གྱི་ནམ་མཁའ་བཞིན། །རོ་གཅིག་ཉམས་ལེན་དེ་རུ་རྫོགས། །ཤེས་དང་ཤེས་བྱའི་སྒྲིབ་པ་བྲལ། །འཛིན་མེད་བློ་ཡི་ཤེས་པ་བྲལ། །ང་བདག་གཉིས་ཀྱི་འཛིན་པ་བྲལ། །སྣང་མེད་ཤེས་རབ་ནམ་མཁར་ཤར། །སྒོམ་མེད་ཉམས་ལེན་དེ་རུ་
རྫོགས། །རྣལ་འབྱོར་བཞི་ཡི་རིམ་པ་འདི། །སེམས་ལ་ཤར་ནས་ངག་ཏུ་སྨྲས། །ཨྀཐི། ཞེས་གསུངས་སོ། ༈ །རྡོ་རྗེ་འཆང་སོགས་བཀའ་བརྒྱུད་གོང་མ་རིན་པོ་ཆེའི་ཟབ་གསང་ཐུགས་བཅུད་དྲི་མེད་བུམ་པ་གང་བྱོའི་ཚུལ་དུ་འཛིན་པར་མཛད་པ། དེའང་གྲྭ་སྟོད་ཨོ་རྒྱན་གླིང་པའི་གཏེར་ལུང་ལས། བོད་ཡུལ་ཁམས་ཀྱི་སེང་རྫོང་དུ༔ བྲམ་ཟེ་མདའ་བསྣུན་ས་ར་ཧ༔ དངོས་བྱོན་གྲུབ་པའི་མཆོག་བརྙེས་པ༔ བསོད་ནམས་མཚན་ཅན་འབྱུང་བར་འགྱུར༔ ཞེས་གསུངས་པ་ལྟར་འཕགས་ཡུལ་གྲུབ་བརྒྱའི་གཙོ་བོ་བྲམ་ཟེ་ཆེན་པོ་དཔལ་ས་ར་ཧའི་རྣམ་འཕྲུལ། ༧ སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ཞེས་ས་གསུམ་འགྲོ་བའི་བླ་མ་གང་དེའི་སྐུ་འཁྲུངས་པའི་ཡུལ་ནི་ཀོ་རོག་དར་ལུང་། གདུང་འདན་མ། ཡབ་དཀོན་མཆོག་སྐྱབས། ཡུམ་རག་ནམ་བཟའ་མགོན་མོ། ཆུ་ཕོ་བྱི་བའི་ལོ་ལ་སྐུ་བལྟམས། ཆུང་ངུ་ནས་དམ་པའི་མཚན་རྟགས་བསམ་གྱིས་མི་ཁྱབ་པ་མངའ། སྐུ་ནར་སོན་པ་ན་ཚེ་རབས་ལས་ཀྱི་བླ་མ་འཇམ་དབྱངས་དངོས་སྤྲུལ་གླང་རས་པ་སྐྱོ་བྲག་གྲགས་པ་རྒྱལ་མཚན་ལས་རབ་ཏུ་བྱུང་བས་མཚན་བསོད་ནམས་བཟང་པོར་གསོལ། རྒྱལ་བ་འབའ་རོམ་པའི་བཀའ་སྲོལ་མཆིས་སོ་ཅོག་གི་སྨིན་གྲོལ་
གདམས་པའི་ཆུ་བོ་ཆིག་རྫོགས་སུ་བསྩལ། འཇིག་རྟེན་དབང་ཕྱུག་ཀརྨ་པ་དེ་བཞིན་གཤེགས་པ་ལས་ཀྱང་ཆོས་མང་དུ་གསན། བྲམ་ཟེ་ཆེན་པོ་ས་ར་ཧ་ལན་གསུམ་དུ་མཇལ་བའི་དག་གཟིགས་ལ་བརྟེན་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་དོ་ཧའི་གདམས་པ་མང་དུ་གསན། གནས་ཆེན་སེང་ཧ་རྫོང་དང་། སྐྱོ་ཁོ་ཉིན་ཕུག །ཟླ་སྐྱིད་འབྱམས་ཉི་ཟླ་ཕུག །ཆབ་བསྟི་གསེར་ཕུག །མཁའ་འགྲོ་ཤུགས་ཁྲི་སོགས་དབེན་ཁྲོད་རྣམས་སུ་དཀའ་སྤྱད་དྲག་པོས་སྒྲུབ་པ་ལྷུར་བཞེས་མཛད་པས་རོ་གཅིག་ཆེན་པོ་མངོན་དུ་གྱུར། ས་བརྒྱད་པ་མི་གཡོ་བའི་རྟོགས་པ་བརྙེས་ཏེ་དེའི་ཕྱིན་ཆད་ཉམས་ལེན་གྱི་སྙེམ་ཐག་ཆོད་པ་ཡིན་གསུངས། སྟོན་པ་ཐུབ་པའི་དབང་པོ། སློབ་དཔོན་པདྨ་འབྱུང་གནས། རྒྱལ་བ་རྒྱ་མཚོ། འཁོར་ལོ་བདེ་མཆོག །རྡོ་རྗེ་འཇིགས་བྱེད། རིགས་ལྔ་སོགས་རྒྱུད་སྡེའི་ལྷ་ཚོགས་དང་། ཡེ་ཤེས་མགོན་པོ། གུར་མགོན། དཔལ་ལྡན་ལྷ་མོ་སོགས་ཆོས་སྐྱོང་སྲུང་མའི་ཞལ་གཟིགས་འབྱམས་སུ་ཀླས། རྩ་མདུད་ཐམས་ཅད་རང་སར་གྲོལ་ཞིང་རླུང་སེམས་དྷུ་ཏིར་ཐིམ་པས་དུས་གསུམ་སྒྲིབ་མེད་དུ་མཁྱེན། གཉུག་མའི་རྩ་ཐིག་ཕུང་ཁམས་ཀྱི་དཀྱིལ་འཁོར་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གཟིགས་ཤིང་། ཟད་པར་
དང་ཟིལ་གནོན་གྱི་སྐྱེ་མཆེད་ལ་མངའ་བརྙེས་པས་འབྱུང་བཞིར་རང་དབང་བསྒྱུར། རྡོ་རྗེའི་གླུ་མཛོད་བརྡོལ། ཉི་ཟླ་གཏོད་ལ་མནན། རི་བྲག་ལ་ཟང་ཐལ་དུ་གྱུར། སྐྱོ་བྲག་དབུ་རྩེ་ནས་ཆབ་བསྟི་གསེར་ཕུག་ཏུ་བྱ་ལྟར་འཕུར་བ་དང་། ཟླ་ཆུར་མི་བྱིངས་པར་ཉ་ལྟར་འཕྱོ་བའི་རྫུ་འཕྲུལ་སྐྱེ་བོ་ཕོ་མོ་ཀུན་གྱི་སྤྱོད་ཡུལ་དུ་ལན་མང་མཇལ། དེ་དག་གི་སྐབས་ཞབས་གང་དུ་བཞག་པའི་སྲ་མཁྲེགས་ཀྱི་ཕ་བོང་ཐམས་ཅད་འདམ་བུའི་ཚལ་ལྟར་དུ་བརྫིས། གཏུམ་མོའི་དྲོད་ཀྱིས་བཞུགས་གནས་བྲག་གི་བ་གམ་འབྲི་མར་མེ་དང་འཕྲད་པ་ལྟར་བཞུས། རང་སྣང་དབང་དུ་བསྡུས་ཤིང་གཞན་སྣང་ཟིལ་གྱིས་མནན་ཏེ་རྒྱ་བོད་ཧོར་གསུམ་དུ་སྙན་གྲགས་ཀྱི་དབྱར་རྔ་ལྡིར་བས་ཤར་མི་ཉག་འགའ་ཡི་རྒྱལ་པོ་དང་། སོག་དཱ་ལེན་ཉི་མ་རྒྱལ་མཚན་སོགས་མི་དབང་ཆེ་དགུ་དུ་མས་འདི་ཕྱིའི་སྐྱབས་མགོན་དང་དབུ་ཡི་མཆོད་གནས་སུ་བཀུར། འཇམ་དབྱངས་གསེར་གདུགས་ཅན་སོགས་ངོ་མཚར་ཞིང་བྱིན་ཆེ་བའི་རྟེན་མཆོག་དུ་མ་ལྷ་དང་། མི་དང་། མི་མ་ཡིན་གྱིས་ཕྱག་ཏུ་ཕུལ་བའང་བགྲང་ལས་འདས། མ་འོངས་པའི་དུས་ན་དཔལ་མཻ་ཏྲི་པའི་སྐྱེ་བས་ཟབ་མོའི་གཏེར་གྱིས་འགྲོ་དོན་མཛད་པའི་ཚེ་ང་གནས་འདིར་འོང་བའི་རྟེན་འབྲེལ་ཡིན་གསུངས་ནས་བྲག་
ལ་ཕྱག་འཛུབ་བཙུགས་པའི་རྗེས་རིང་བསྲེལ་གྱིས་མཚན་པ་གནང་སྟེ་གསང་བདག་བདུད་འཇོམས་རྡོ་རྗེ་དང་། འཇིགས་མེད་ཆོས་ཀྱི་སེང་གེ་དུས་མཉམ་དུ་འབྱུང་བར་ལུང་བསྟན། ཡེ་ཤེས་ཀྱི་ཌཱ་ཀི་མི་མོའི་ཟོལ་འཛིན་པ་ཨ་ཁྲོམ་ཆོས་འཛོམ་མ་དང་ལྷན་དུ་ཧེ་རུ་ཀའི་བརྟུལ་ཞུགས་ལ་རོལ་པར་མཛད་པ་སོགས་སོ་སྐྱེའི་བློ་ཡུལ་ལས་འདས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་མི་དང་མི་མིན་གྱི་གདུལ་བྱ་དཔག་ཏུ་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་འབྲས་བུ་ལ་བཀོད་པར་མཛད་པ་ལས། ཡོངས་སུ་གྲགས་པའི་ཐུགས་སྲས་ཀྱི་གཙོ་བོ་ནི། དམར་མོ་ཆོས་རྗེ་བསོད་ནམས་དོན་འགྲུབ། འབྲི་བྱེད་ཆོས་རྗེ་ཨ་མཆོད་སེར་པོ། ཁུ་བ་ཆོས་རྗེ་ཤཱཀྱ་རྡོ་རྗེ། སྐྱོ་ནག་ཆོས་རྗེ་བསོད་ནམས་དབང་ཕྱུག །ཤར་པ་ཆོས་རྗེ་རིག་འཛིན་རྡོ་རྗེ། རྒྱ་སྟོན་ཆོས་རྗེ་བཀྲ་ཤིས་དབང་ཕྱུག་སྟེ་རང་མཉམ་གྱི་ཆོས་རྗེ་དྲུག་དང་། གདན་ས་འཛིན་པའི་རྒྱལ་ཚབ་འབའ་རེ་རིན་ཆེན་བཟང་པོ། གཞན་ཡང་སྟོང་ནག་པ་ཀུན་དགའ་དང་། དེང་ཐོག་ཀུན་དགའ་སེང་གེ་སོགས་གྲུབ་བརྙེས་ཀྱི་ཚང་ཆེན་བརྡོལ། མདོ་སྔགས་ལམ་གྱི་ཟབ་གནད་མན་ངག་ཏུ་གདམས་པ་ཆོས་དྲུག་མུན་པའི་སྒྲོན་མེ།
ཕྱག་ཆེན་ནམ་མཁའི་ཁེབས་མ། གེགས་སེལ་རྡོ་རྗེའི་མགུར་སོགས་ཞལ་ཁྲིད་གསུང་གི་བདུད་རྩི་དུ་མ་གདུལ་བྱའི་བགོ་སྐལ་དུ་བསྩལ། མཐར་ཞིང་འདིར་སྐུ་དངོས་ཀྱི་གདུལ་བྱ་རེ་ཞིག་རྫོགས་པའི་ཚུལ་བསྟན་ཏེ་བགྲང་བྱ་བདུན་ཅུ་དོན་བརྒྱད་དུ་སོན་པ་ས་ཟླའི་ཚེས་བཞི་ལ་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་བཅས་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན། གདུང་ཤཱ་རི་རམ་དུ་གྱུར་པ་དང་། ཡི་དམ་གྱི་སྐུ་བྱོན་པ་སོགས་འདས་རྗེས་ཀྱི་མཚན་མ་བརྗོད་ཀྱིས་མི་ལང་བ་མངའ་བ་སྟེ། ད་ལྟའང་ཕྱག་བསྐོར་སུས་བྱས་གཅོང་ནད་ཕོ་སྲིན་སོགས་དྲུང་འབྱིན་ནུས་པའི་སྔར་གྱི་གདུང་རྟེན་རིན་པོ་ཆེ་གནས་ཆེན་སྐྱོ་བྲག་དབུ་རྩེར་བཞུགས་བཞིན་པ་འདིས་ཀྱང་མཚོན་ནུས་སོ། །དེ་ལྟ་བུའི་གྲུབ་པའི་དབང་ཕྱུག་ཆེན་པོ་གང་གིས་གདུལ་བྱ་ལ་ཆེད་དུ་བསྩལ་བའི་དོ་ཧ་རྡོ་རྗེའི་གླུ་མང་དུ་བཞུགས་པ་ལས་རྟོགས་ཚད་ཀྱི་མགུར་དབྱངས་བཞེངས་པ་འདི་ལྟ་སྟེ། བུདྡྷ་དྷརྨ་སངྒྷ་བྷྱཿ ཁྱེད་གྲོགས་གོང་མ་ཐམས་ཅད་ཚུར་གསོན་དང་། །བྱིན་རླབས་ཞུགས་རུང་མ་ཞུགས་རུང་། །ཀེ་རུ་ཀིརྟི་མ་གཏོགས་པ། །བླ་མ་གཞན་ནས་ངས་མི་འཚོལ། །དངོས་གྲུབ་སྟེར་རུང་མ་སྟེར་རུང་། །རྡོ་རྗེ་འཇིགས་བྱེད་མ་
གཏོགས་པ། །ཡི་དམ་གཞན་ནས་ངས་མི་འཚོལ། །བར་ཆད་སེལ་རུང་མ་སེལ་རུང་། །རྡོ་རྗེ་གུར་མགོན་མ་གཏོགས་པ། །ཆོས་སྐྱོང་གཞན་ནས་ངས་མི་འཚོལ། །ལྟ་བ་རྟོགས་རུང་མ་རྟོགས་རུང་། །བར་སྣང་འདུག་ལུགས་མ་གཏོགས་པ། །རྒྱུད་སྡེ་གཞན་ནས་ངས་མི་འཚོལ། །སྒོམ་པ་ཤར་རུང་མ་ཤར་རུང་། །འཁོར་འདས་ལམ་ཁྱེར་མ་གཏོགས་པ། །ཐབས་ལམ་གཞན་ནས་ངས་མི་འཚོལ། །སྤྱོད་པ་གྲོལ་རུང་མ་གྲོལ་རུང་། །ཡུལ་སྣང་ལམ་ཁྱེར་མ་གཏོགས་པ། །གཉེན་པོ་གཞན་ནས་ངས་མི་འཚོལ། །འབྲས་བུ་ཐོབ་རུང་མ་ཐོབ་རུང་། །རེ་དོགས་བྲལ་བ་མ་གཏོགས་པ། །སྤང་ཐོབ་སྒྲུབ་རྒྱུ་ངས་མི་འཚོལ། །གཞན་སྣང་ཚིམས་རུང་མ་ཚིམས་རུང་། །རང་དོན་སྤང་བ་མ་གཏོགས་པ། །བཅོས་མའི་ཕྲིན་ལས་ངས་མི་འཚོལ། །བར་སྣང་འདི་ལ་གོ་གཅིག་གཡར། །ལྷོ་སྤྲིན་འདི་
ལ་འཁྲུགས་པ་རྒྱག །སྐྱི་བསེར་འདི་ཡི་མཚོན་གྱིས་འདེབས། །ཁྲི་གདུགས་མདངས་འདི་གནང་དུ་ལེན། །མུན་པའི་ནང་ནས་སྒྲོན་མེ་བལྟམས། །ཨེ་མ་ཡ་མཚན་མི་ཆེའམ། །དེ་འདྲ་སྨྲ་བ་ཞེ་རེ་ཁྲེལ། །ཁྱེད་གྲོགས་པོ་རྣམ་པས་འདི་སྐད་གསུངས། །ཆགས་སྡང་དཔོན་པོ་ཁྱོད་གྱིས་ལ། །བདག་འཛིན་སེར་སྣའི་ནང་དུ་སྡོད། །དུག་གསུམ་དུག་ལྔ་ཁྱེད་ཀྱིས་སྤྱོད། །ལྷ་ངོ་བསྐྱུར་ལ་མི་ངོ་བསྲུང་། །འདུ་འཛི་བྱེད་རྒྱུ་ཨེ་འོང་ལྟོས། །ཕར་ཕར་སྲུང་ཙ་ཕྱིར་ཕྱིར་གྱོང་། །མི་རང་གཉིས་ཀ་གཡང་ལ་བསྐྱུར། །ལར་བསམ་བཞིན་སྤྲང་པོ་ཡི་རེ་མུག །དེ་ཕྱིར་ཡི་གེར་བྲིས་པ་ལགས། །འགལ་བ་མཆིས་ན་བཟོད་པར་གསོལ། །དགེ་བས་ངེད་རང་གྲོགས་མཆེད་ཀུན། །ཕ་ཡི་དྲུང་དུ་འཛོམ་པར་ཤོག །ཅེས་སོ། །
རིན་ཆེན་བཟང་པོ།
༈ ཆོས་རྗེའི་སློབ་མ་རིན་ཆེན་བཟང་པོ་ནི། གདུང་འབའ་རེ་ཡིན་ཏེ། ཉིད་ཀྱི་གསུང་ལས། འབའ་ལ་རེ་བའི་གདུང་
རྒྱུད་ཅེས་བྱ་འདི། །གནམ་མཚོའི་གླིང་དུ་རླངས་ཆེན་དཔལ་སེང་གིས། །ཕྱག་རྡོར་དྲེགས་འདུལ་བསྒྲུབས་ནས་གྲུབ་པ་ཐོབ། །ཉིད་ཀྱི་གདུང་རྒྱུད་དེ་ཕྱོགས་བྱུང་བ་ལ། །ཏིང་འཛིན་གྲུབ་པ་ཐོབ་པ་མང་དུ་བྱུང་། །དེ་ནས་དཔལ་ཆེན་རྒྭ་ལོ་གནས་དེར་ཕེབས། །དབང་ཆེན་གྲགས་པ་ཞེས་པའི་སྔགས་པ་དེ། །རྗེས་སུ་བཟུང་ནས་བདེ་མགོན་ཐུགས་དམ་མཛད། །འབའ་རོམ་བྲག་ཏུ་དར་མ་དབང་ཕྱུག་མཇལ། །ཕྱག་རྒྱ་ཆེ་དང་ཆོས་དྲུག་སྦྱོར་དྲུག་ཞུས། །དེ་སྲས་དཔལ་ཆེན་ལེགས་ལྡན་བཟང་པོ་དེས། །རིན་ཆེན་སྤུངས་པར་མགོན་པོ་ལོ་བདུན་བསྒྲུབས། །ཀུན་གྱིས་བཀུར་བས་གདུང་བཙུན་སྒོམ་ཆེན་ཞེས། །སྒོམ་པས་གཉུག་མ་འབའ་ཞིག་གནས་པ་ཡི། །གདུང་རྒྱུད་བཟང་བས་ཀུན་གྱི་རེ་ཆེ་བས། །དེ་ཕྱིར་ཏི་ཤྲི་རས་ཆེན་ལུང་བསྟན་ལས། །ཁྱོད་ནི་ཁམས་ཀྱི་སྐྱོ་དུ་བྲག་ཅེས་སུ། །ཇོ་ཞེས་རི་བོ་བིལ་བའི་དབྱིབས་ས་རུ། །ལྕགས་ཀྱི་བྱ་ཁྱུང་ནམ་མཁར་ལྡིང་འདྲའི་གནས། །གཡས་རི་ཧཱུྃ་ཡིག་གཡོན་རི་རྨ་བྱའི་གདོང་། །མདུན་དུ་ལྕགས་ཀྱི་སེང་གེ་ཉལ་བའི་བྲག །ཁྱུང་གི་སྒོ་ང་འདྲ་བའི་དོག་སར་སོང་། །རིག་འཛིན་སུམ་ཅུའི་གདུལ་བྱའི་ཞིང་སར་འགྱུར། །ཞེས་བསྟན་པ་ལྟར་གྱི་གདུང་རྒྱུད་དེའང་ལྕི་རྒྱུད་དབྱེ་ནེ་གསེར་ཁང་དུ་
ཡབ་འབའ་རེ་དཔོན་རྒོད་མའི་སྲས་གཡུང་དྲུང་སྐྱབས་ཏེ། དེ་ལ་སྲས་གསུམ་བྱོན་པའི་ཆེ་བ་མི་ལ་རས་པའི་སྤྲུལ་པ་འབའ་རེ་རིན་ཆེན་བཟང་པོ་སྟེ། སྐྱོ་བྲག་ཆོས་རྗེ་ལས་གདམས་པ་ཐམས་ཅད་གསན། རྫ་དགོན་བཏབ། རོ་གཅིག་གི་རྟོགས་པ་འཁྲུངས། སྐྱོ་བྲག་གི་གདན་ས་མཛད། འགྲོ་དོན་རྒྱ་ཆེ་བར་བྱུང་ཞིང་བདུན་ཅུ་ཐམ་པ་ལ་སྐུ་གཤེགས། རིང་བསྲེལ་ཁ་དོག་ལྔ་ལྡན་དད་པའི་རྟེན་དུ་བཞག །གསུང་ཚངས་པའི་མགུར་དབྱངས་འདི་ལྟར་རོ། །དལ་འབྱོར་རིན་ཆེན་རྒྱན་གྱིས་མཛེས། །བཟང་པོ་བླ་མའི་བཀའ་བཞིན་བསྒྲུབས། །ཐོས་བསམ་སྒོམ་གསུམ་གཏན་ལ་ཕབས། །གཞི་ལམ་འབྲས་གསུམ་གནད་དུ་བསྣུན། །འཁོར་འདས་ཆོས་རྣམས་ལམ་དུ་ཁྱེར། །གནས་ལུགས་གཞི་ཡི་སྟེང་དུ་བསྐྱལ། །གྲོགས་ཡིད་ལ་གཅགས་སོ་མཁྱེན་པ་ཅན། །བདག་དང་བའི་ཡིད་ཀྱིས་གུས་པས་འདུད། །ཁྱེད་ཀྱི་བདུག་སྤོས་ན་བཟའ་འཕྲོད། །ཇི་ལྟར་གསུངས་བཞིན་འགྲུབ་པར་བྱས། །ནམ་མཁའི་ཀློང་དེར་མདུང་བཞིན་བསྐོར། །ལྷོ་སྤྲིན་འདི་དག་རྩད་ནས་གཅོད། །སྐྱི་བསེར་འདི་ཡི་རྩལ་ཁ་སྦྱོངས། །ཁྲི་གདུགས་མདངས་
འདི་ཕྱི་བརྡར་གྱིས། །ཚ་ཟེར་འཁོར་བའི་མཐའ་དང་མཉམ། །མཁྱེན་པ་ཅན་གྱི་ཐུགས་ལ་མངའ། །ཕ་ཡིས་བསྟན་པའི་ཤེས་བསྐྱེད་ཕྱིར། །ཞུ་ལེན་བགྲོ་གླེང་ཤིན་ཏུ་སྤྲོ། །ཤེས་པ་ཆུང་བའི་གཏམ་ཡིན་ཏེ། །ཡུལ་རྐྱེན་ཉིད་དང་བསྟུན་ཞིང་བསྒྲུབས། །ཞེས་སོ། ༈ །རྗེ་རས་ཆུང་པའི་སྤྲུལ་པ་ཕུག་པ་བསོད་ནམས་དབང་ཕྱུག་དེ་ཉིད་ཀྱིས་སྐྱོ་བྲག་ཆོས་རྗེ་དང་། རིན་ཆེན་བཟང་པོའི་དྲུང་ནས་གདམས་པ་ཐམས་ཅད་རྫོགས་པར་གསན། ཀརྨ་པ་མཐོང་བ་དོན་ལྡན་ལས་དབང་ཆོས་མང་དུ་ཞུས། སྐྱོ་བྲག་གི་གདན་ས་བ་མཛད་དེ་ཆོས་ཁྲིམས་ཚུལ་བཞིན་བསྐྱངས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་མངའ་བརྙེས། དྲུག་ཅུ་རེ་གཅིག་ལ་སྐུ་གཤེགས། དད་པའི་རྟེན་ལ་ཐུགས་ལྗགས་སྤྱན་གསུམ་དང་། རྐང་གི་ཕུག་ཏུ་རྡོ་རྗེ་ཕག་མོའི་སྐུ་རང་བྱོན་བྱུང་། བརྒྱུད་འཛིན་དང་སྐྱེ་རྒྱུད་རྣམ་ཐར་ཟུར་དུ་གསལ། རྡོ་རྗེའི་མགུར་བཞེངས་པ་ནི་འདི་ལྟ་སྟེ། གཙུག་རྒྱན་བླ་མའི་ཞབས་ལ་འདུད། །གནས་བཀྲ་ཤིས་ཕུན་ཚོགས་སྐྱོ་བྲག་འདིར། །སྟེང་ན་ལྷོ་སྤྲིན་ཁྲལ་མ་ཁྲིལ། །འོག་ན་གཙང་ཆབ་གྱ་མ་གྱུ། །བར་དུ་ན་བུན་སྨུག་པ་འཁྲིགས། །སྟེང་
ནས་སྦྲང་ཆར་སིལ་མ་འབབ། །འོག་ནས་རྩི་ཐོག་འབྲས་དྲུག་སྨིན། །དེ་འདྲའི་གནས་མཆོག་དམ་པ་འདིར། །ང་རྣལ་འབྱོར་ཤེས་པ་བག་ཡངས་སྤྱོད། །ཀུན་གཞི་མ་བཅོས་ཆོས་ཉིད་ངང་། །འཁོར་འདས་ཐམས་ཅད་སེམས་སུ་ཤར། །ནང་ནས་ཆོས་ཉིད་མཐའ་དང་བྲལ། །ཕྱི་ནས་ཡུལ་སྣང་སྒྱུ་མར་ཤར། །བར་དུ་དྲན་འབྱུང་ཤེས་པ་འཕྱོ། །སྣང་བ་སྣ་ཚོགས་རྒྱན་དུ་ཤར། །སྒོམ་ཉམས་སུ་ལེན་པའི་ཐུན་མཚམས་མེད། །ལྟ་བ་སྟོང་ཉིད་ངོས་བཟུང་བྲལ། །སྒོམ་པ་འོད་གསལ་ཉིན་མཚན་མེད། །སྤྱོད་པ་ངེས་མེད་ཆལ་མ་ཆོལ། །འབྲས་བུ་རེ་དོགས་མཚན་མ་ཟད། །དེ་ལྟར་ལགས་སོ་རིན་བཟང་བ། །ལྟ་བ་ལ་ལྟ་རྒྱུ་མ་མཆིས་ཏེ། །ནམ་མཁའ་གོས་སུ་གྱོན་པ་ཡིན། །སྒོམ་པ་ལ་བསྒོམ་རྒྱུ་མ་མཆིས་ཏེ། །ཉི་ཟླ་གདན་ལ་བཏིང་བ་ཡིན། །སྤྱོད་པ་ལ་སྤྱོད་རྒྱུ་མ་མཆིས་ཏེ། །སྐྱི་བསེར་རང་གྲོལ་བྱེད
པ་ཡིན། །འབྲས་བུ་ལ་བསྒྲུབ་རྒྱུ་མ་མཆིས་ཏེ། །ཚ་ཟེར་མུན་པ་དག་པ་ཡིན། །ཞེས་སོ། །
སྐྱོ་བྲག་ཆོས་འོད་ཟེར།
༈ སྐྱོ་བྲག་ཆོས་འོད་ཟེར་ནི། བསོད་ནམས་བཀྲ་ཤིས་ཀྱི་སྲས་སུ་འཁྲུངས། གྲུབ་ཐོབ་རམ་ནེ་ཆོས་གཡུང་གི་སྤྲུལ་པ་ཡིན་ཞིང་འབྲུ་ཚ་བཀྲ་ཤིས་དབང་ཕྱུག་ལས་གདམས་ངག་ཐམས་ཅད་ཞུས། སྐྱོ་བྲག་དབུ་རྩེར་གཙུག་ལག་ཁང་དང་བྱམས་ཆེན་བཀའ་འགྱུར་སོགས་བཞེངས། རྡོ་ཕུ་ན་ལྷ་ཁང་སོགས་ལོགས་བྲིས་རྟེན་མཆོད་ཀྱི་རིམ་པ་འགྲན་ཟླ་བྲལ་བར་མཛད། མངོན་མཁྱེན་དང་གྲུབ་རྟགས་མཐའ་ཡས། དྲུག་ཅུ་རྩ་ལྔ་ལ་གཤེགས། དབུ་བུམ་རིལ་ལ་རྒྱུད་སྡེའི་ལྷ་ཚོགས་ཀྱིས་མཚན་པ་བྱོན། གང་ཤར་ཉམས་ཀྱི་མགུར་དབྱངས་བཞེངས་པ་ནི། ཆབ་བསྟི་བྲག་དཀར་བླ་མ་ཡིན། །སྐྱོ་བྲག་དཀར་པོ་སློབ་མ་ཡིན། །རྫ་ཆབ་སིལ་མ་གདམས་ངག་ཡིན། །ཚལ་དང་ནགས་མ་ཕྲ་སྤུན་ཡིན། །སྣས་དང་ཆབ་རོམ་གསོས་འདེབས་ཡིན། །དེ་ལྟར་འདྲའམ་རྟོགས་ལྡན་པ། །ད་སྐྱིད་དང་སྡུག་དང་སྤུན་པ་གསུམ། །གཏད་མེད་བྱུང་རྒྱལ་ཀྱི་ལི་ལི། །ངེས་མེད་ཡུལ་ལ་ག་ཐག་ཆད། །སེམས་ལ་སྐྱིད་སྡུག་སྣ་ཚོགས་འཚུབས། །ཉམས་ལ་ཕྲ་སྤུན་
ཆལ་མ་ཆིལ། །ཡུལ་ལ་དགའ་བདེ་ཡང་གསུམ་འཛོམས། །དེ་བས་དཔེ་ལ་དྲངས་པ་ཡིན། །ཚིག་དེའི་ཕྱིར་རྗེས་བཤད་པ་ན། །བྲག་དཀར་པོ་འགྱུར་མེད་ལྟ་བའི་དཔེ། །གནས་ལུགས་ཕུན་སུམ་ཚོགས་པ་སྒོམ་པའི་དཔེ། །ཆབ་རྒྱུན་ཆད་མེད་པ་སྤྱོད་པའི་དཔེ། །རྩི་ཤིང་འཕེལ་བ་འབྲས་བུའི་དཔེ། །སྣས་ཆབ་རོམ་མི་རྟག་ཉམས་མྱོང་དཔེ། །དཔེ་དེ་དོན་ལ་ཕབ་པ་ན། །ལུང་མ་བསྟན་དེ་ལྟ་བར་འདོད། །ངོས་བཟུང་བྲལ་བ་བསྒོམ་པར་འདོད། །བཅས་བཅོས་མེད་པ་སྤྱོད་པར་འདོད། །འབད་པ་མེད་པ་འབྲས་བུར་འདོད། །རྒྱུད་སྡེ་མཁན་རྣམས་མི་མཉེས་ཀྱང་། །བླུན་པོའི་ལྟ་སྒོམ་སྤྱོད་འབྲས་ཤིག །གཏད་མེད་བཟོ་མེད་གོ་ཚུལ་འདི། །སྐྱིད་སྡུག་གཅོད་པའི་རལ་གྲི་ཡིན། །སྣང་བ་བྲིད་པའི་ལྡེ་མིག་ཡིན། །བཅས་བཅོས་མེད་པའི་ལམ་ཁྱེར་ཡིན། །དོན་གཉིས་འགྲུབ་པའི་གནས་ཁང་ཡིན། །
སྣང་བ་ལང་ལོང་ཕྲ་སྤུན་ལ། །དཔེ་དོན་སྤན་སྤུན་ཚིག་ཕྲེང་འབུལ། །རྗེས་མེད་གཏད་མེད་དངོས་གྲུབ་ཞུ། །ཞེས་སོ། །
རིགས་དབོན་ཀུན་དགའ་སྙིང་པོ།
༈ དེའི་རིགས་དབོན་ཀུན་དགའ་སྙིང་པོ་ནི། ཁུ་བོ་བླ་མ་ལས་སྨིན་གྲོལ་མཐར་ཕྱིན་པ་ཞུས། ཀརྨ་པ་མི་སྐྱོད་རྡོ་རྗེ་ལས་གདམས་པའི་ཕུ་ཐག་བཅད། མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས། ཞེ་དགུ་ལ་གཤེགས། ཐུགས་ལྗགས་རིང་བསྲེལ་མང་དུ་བྱོན། རྡོ་རྗེའི་མགུར་ནི། ན་མོ་གུ་རུ། གདོད་ནས་རྣམ་དག་འགྱུར་བ་མེད། །སྤྲོས་པ་ཀུན་གྱི་མཐའ་དང་བྲལ། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །འགྱུར་མེད་ཆོས་ཀྱི་སྐུ་ལ་འདུད། །འོད་གསལ་ནམ་མཁའི་རྣལ་འབྱོར་པས། །རང་རིག་ངང་དུ་བདག་གཞན་གྲོལ། །གཉིས་ནི་ཟུང་འཇུག་ལམ་དུ་འཁྱེར། །སེམས་ཅན་དོན་ལ་དགོངས་པ་ཀུན་རྫོབ་སྟེ། །རང་ཉིད་བདེ་བ་མི་བསྒྲུབ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་
པའི་མི་རེ་སྐྱིད། །སྣང་ལ་གྲུབ་པ་མེད་པ་ཀུན་རྫོབ་སྟེ། །སྟོང་པའི་རང་བཞིན་གསལ་བ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་པའི་མི་རེ་སྐྱིད། །བདེ་ལ་ཞེན་པ་མེད་པ་ཀུན་རྫོབ་སྟེ། །གསལ་བ་ངོས་བཟུང་མེད་པ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་པའི་མི་རེ་སྐྱིད། །ཆགས་མེད་སྒྱུ་མར་མཐོང་བ་ཀུན་རྫོབ་སྟེ། །འཛིན་མེད་རང་སར་གྲོལ་བ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་པའི་མི་རེ་སྐྱིད། །འཁོར་བ་སྤངས་སུ་མེད་པ་ཀུན་རྫོབ་སྟེ། །ཐོབ་མེད་མྱ་ངན་འདས་པ་དོན་དམ་ཡིན། །འགྱུར་མེད་དེ་ལྟར་གནས་པ་ཆོས་སྐུ་ཡིན། །སྐུ་གསུམ་མངོན་དུ་གྱུར་པའི་མི་རེ་སྐྱིད། །འདི་བརྗོད་སེམས་ཅན་ཐམས་ཅད་ཀུན། །བདག་གཞན་བྲལ་བའི་དོན་མཐོང་ནས། །བདག་མེད་མངོན་གྱུར་སངས་རྒྱས་ཤོག །ཅེས་སོ། །
ཀུན་དགའ་རྒྱ་མཚོ།
༈ མགོན་པོའི་སྤྲུལ་པ་ཀུན་དགའ་རྒྱ་མཚོ་ནི། ཡབ་དབལ་སྲས་སྐྱབས། ཡུམ་ཀླུ་ཁྲི་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། ཀུན་དགའ་སྙིང་པོ་ལས་གདམས་པ་ཐམས་ཅད་མ་ལུས་པར་རྫོགས་པར་ཞུས། བདེ་མགོན་གཉིས་ལ་ཐུགས་དམ་ཡེངས་མེད་དུ་མཛད། ཕྱག་བཞི་པ་དངོས་སུ་གྲུབ། གྲུབ་རྟགས་ཀྱི་རིམ་པ་མང་དུ་བྱུང་ཞིང་རྟེན་འབྲེལ་གྱི་འཆར་སྒོ་ཚད་མ་མཆིས་པ་མངའ། ཐུགས་དམ་རྟེན་ལ་ཞྭ་དམར་ནག་གཉིས་ཀྱི་ལྡེར་སྐུ་དང་བཀའ་འགྱུར་བཞེངས། བླུགས་མའི་མཆོད་རྟེན་བརྒྱ་དང་བཞི་གྲུབ། ང་གཉིས་ལ་སྐུ་གཤེགས། རྟེན་ཐུགས་ལྗགས་སྤྱན་གསུམ་ཡི་གེ་འབྲུ་གསུམ་དང་། ཚེམས་ལ་རིང་བསྲེལ་འགའ་བྱོན་པའོ། །གསུང་མགུར་ནི་འདི་ལྟ་སྟེ། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དབྱིངས་མཐའ་མེད་ནམ་མཁའ་གདུགས་སུ་ཕུབ། །སེམས་རང་གསལ་ཉི་ཟླ་ཀླད་ལ་བསྐོར། །ཡུལ་སྣང་བ་ཟ་འོག་གདན་དུ་བཏིང་། །སེམས་རང་རིག་ཤེལ་སྒོང་དྭངས་པ་བཞག །གནད་ཡེངས་མེད་གཞུ་མོ་རྒྱུད་ཀྱིས་བཀུག །དྲན་ཤེས་བཞིན་གང་གཱ་རྒྱ་མཚོར་བབ། །དེ་ཐམས་ཅད་རྟེན་ཅིང་
འབྲེལ་འབྱུང་ཙམ། །ཚིག་ཀུན་རྫོབ་ཙམ་ལས་སོ་སོ་སྟེ། །དོན་ཆོས་ཉིད་ཀྱི་དབྱིངས་སུ་རྨི་ལམ་སད། །ཡུལ་གྲུབ་མེད་ཀྱི་སྣང་བ་དབྱིངས་སུ་ཤར། །དབྱིངས་རོ་གཅིག་ལ་འཕེལ་འགྲིབ་འཕོ་འགྱུར་མེད། །དེ་བདག་གཞན་ཀུན་གྱིས་རྟོགས་པར་ཤོག །ཅེས་སོ། །
སྐྱོ་བྲག་བསྟན་འཛིན་བཟང་པོ།
༈ སྐྱོ་བྲག་བསྟན་འཛིན་བཟང་པོ་ནི། རཏྣ་གླིང་པའི་གཏེར་ལུང་ལས། སྤྱན་རས་གཟིགས་མགོན་མི་ཡི་ཚུལ་བྱོན་པ༔ བསྟན་འཛིན་མིང་ཅན་ཁམས་ཀྱི་ཕྱོགས་ནས་འབྱོན༔ ཡི་གེ་དྲུག་པའི་ཆོས་སྒྲས་སྟོང་གསུམ་གང་༔ མཐོང་ཐོས་འབྲེལ་ཚད་བདེ་བ་ཅན་དུ་འདྲེན༔ ཞེས་པའི་ལུང་དོན་བཞིན་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་གྲུབ་པ་སྟེ། ཡབ་དབང་འཕགས་དང་ཡུམ་ཡོབ་བཟའ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཁུ་བོ་བླ་མ་དང་། ཀརྨ་པ། སི་ཏུ་ཆོས་ཀྱི་གོ་ཆ། ཟུར་མང་ལེགས་བཤད་སྒྲ་དབྱངས་སོགས་ལས་ཟབ་ཆོས་ཐམས་ཅད་ཀྱི་བཅུད་མ་ལུས་པ་གསན་ནས་གདམས་ངག་གི་ཕུ་ཐག་བཅད། ཕྱག་ཆེན་གྱི་སྒོ་ནས་འགྲོ་བ་ཐམས་ཅད་སྨིན་གྲོལ་དུ་བཀོད། མེ་བྱི་ལ་རྫ་མོ་དགོན་དུ་མ་ཎིའི་བུམ་སྒྲུབ་རྒྱུན་འཛུགས་དང་། བདེ་མགོན་གཉིས་ལ་ཕུར་ཚུགས་ཀྱིས་ཐུགས་དམ་མཛད། གུ་རུ་ཞི་བའི་སྒྲུབ་པ་
མཛད་སྐབས་རྟེན་འབྲེལ་གྱི་སྣང་བ་དཔག་ཏུ་མེད་པ་ཤར། རི་ཕུག་ཀེ་རུ་ན་ཚེ་སྒྲུབ་གསང་འདུས་སྒྲུབ་པའི་དུས་སུ་ཚེ་ལྷ་མཇལ། ཚེ་མདའ་རིང་། རྟེན་གསུམ་གྱི་རིགས་གྲངས་མེད་རང་གར་ཕྱག་ཏུ་བྱུང་། བཀའ་འགྱུར་བཅས་གསུང་ཆོས་འགའ་རེ་བཞེངས། རྫ་མོ་དགོན་དུ་སྒྲུབ་པོ་མང་དུ་དར་རྒྱས་མཛད། བརྒྱད་ཅུ་ཐམ་པ་ལ་སྐུ་གཤེགས། རྟེན་དབུ་བུམ་རིལ་དང་རིང་བསྲེལ་མང་དུ་བྱོན། ད་ལྟ་ཡང་བུམ་སྒྲུབ་ཞི་ཁྲོ་རྒྱུན་མ་ཆད་པར་ཡོད་དོ། །ཞལ་ནས་གསུངས་པའི་མགུར་ནི། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་པའི་ཡེ་ཤེས་ཀྱིས། །འགྲོ་བའི་མ་རིག་མུན་པ་སེལ། །བླ་མེད་བླ་མ་རིན་པོ་ཆེར། །སྒོ་གསུམ་གུས་པས་ཞབས་ལ་འདུད། །རང་སེམས་ངང་གནས་མི་རྟོག་པ། །མཉམ་བཞག་གཡོ་མེད་མཁའ་འདྲ་ཡང་། །འགྱུ་བྱེད་ཕྲ་བ་དབྱིངས་སུ་གབ། །བག་ཉལ་གབ་བསྐུང་མ་ཕུད་ན། །གནས་པ་མཁའ་ལ་སྤྲིན་ཚོགས་སྲབ་ན་ཡང་། །གསལ་བྱེད་འོད་ཀྱི་ཚ་རིག་བསྒྲིབ། །སྐྱེ་མེད་འོད་ཀྱི་ངང་ཉིད་ལ། །འགགས་མེད་རང་གསལ་རིག་པ་འཕྱོ། །དབྱེར་མེད་སོ་མ་ངར་ཅན་གྱིས། །
འགྱུ་བྱེད་ཕྲ་བའི་གབ་སྐུང་དེ། །རྩ་བྲལ་དབྱིངས་སུ་རྗེན་པར་ཕུད། །སེམས་ཉིད་ནམ་མཁའ་དྭངས་པ་ལ། །མཁྱེན་བརྩེའི་འོད་ཟེར་དབྱིངས་སུ་ཤར། །འཁྲུལ་པའི་མ་རིག་མུན་པ་སངས། །སྟོང་ཉིད་སྙིང་རྗེ་རྒྱུད་ལ་ཤར། །འབྲས་བུ་སྐུ་གཉིས་ལྷུན་གྱིས་གྲུབ། །དོན་གཉིས་མཐར་ཕྱིན་རྒྱུན་ཆད་མེད། །འདི་སྨྲས་དགེ་བས་འགྲོ་བ་རྣམས། །སྒྲིབ་གཉིས་མུན་པ་རང་སངས་ནས། །མཁྱེན་གཉིས་ཡེ་ཤེས་རྒྱས་པར་ཤོག །ཅེས་སོ། །
སྐྱོ་བྲག་ཀརྨ་རྒྱལ་མཚན།
༈ སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྐྱོ་བྲག་ཀརྨ་རྒྱལ་མཚན་ནི། ཁུ་བོ་བླ་མ་དང་། ཟུར་མང་ལེགས་བཤད་སྒྲ་དབྱངས་ལས། གདམས་པ་ཐམས་ཅད་རྫོགས་པར་ཞུས། དབུས་སུ་བྱོན་ནས་ཀརྨ་པ་དབང་ཕྱུག་རྡོ་རྗེ་མཇལ་ཞིང་འབུལ་བ་སྟོབས་ཆེན་ཕུལ། མ་ཎི་དུང་ཁས་ལེན་བྱས། ཇི་སྐད་དུ། ཀརྨའི་མིང་ཅན་ཁམས་ཀྱི་ཕྱོགས་སུ་འབྱོན། །ཡི་གེ་དྲུག་པའི་རང་སྒྲས་སྟོང་གསུམ་འགེངས། །ཞེས་པ་དེ་ཡིན་པར་འབོད་ཅིང་། རི་དྭགས་ལྟ་བུའི་སྤྱོད་པ་གཅིག་པུས་རི་ལ་མི་ཚེ་བསྐྱལ། རྒྱམ་རྒྱལ་མགུལ་དུ་ལོ་མང་དུ་བཞུགས་པས་མ་ཎི་བཛྲ་མཆོད་རྟེན་ལ་སོགས་བྲག་དང་ཕ་བོང་ལ་རང་བྱོན་བྱུང་། བརྟུལ་ཞུགས་སྤྱོད་པ་མཛད་
ཅིང་འབུས་བཟའ་ལོད་མོ་ཞེས་པ་ཕྱག་རྒྱ་མར་བརྟེན། ཚར་ཐུལ་ཕྱི་བསྒྱུར་མཛད་ནས་གསོལ་ཞིང་། རྟ་དང་མདའ་གཞུ་ཐོགས་པ་ལ་སོགས་འཁྲུལ་པ་ཞིག་པའི་སྤྱོད་པ་སྣ་ཚོགས་མཛད། སྐྱོ་ཁོག་བྲག་ལ་ཆིབས་ཀྱི་ཞབས་རྗེས་ངོ་མཚར་བ་བཞག །གཏེར་སྟོན་ཞིག་པོ་གླིང་པ་དང་མཇལ། བར་ཆད་བསལ་ཕྱིར་སྔགས་མདུད་གནང་ནས་དེ་མ་ཆད་པར་མི་འདའ་བའི་ལུང་བསྟན། ཕྱིས་དེ་ཆད་པ་དང་འདས་པ་དུས་གཅིག་བྱུང་། ཚར་ཐུལ་གྱི་སྤུ་གྲངས་ཀྱི་འདྲེན་སྟོན་གདའ་ཞེས་ཞིག་པོ་གླིང་པས་གསུངས་སོ། །བདུན་ཅུ་དོན་བརྒྱད་ལ་སྐུ་གཤེགས། སྐུ་གདུང་ལ་འཇའ་ཟུག་པ་དང་རིང་བསྲེལ་བཟང་བར་བྱོན། གདུང་རྒྱབ་བརྟེན་མལ་རྒྱམ་ཐང་ཕ་བོང་ལ་ཕྱིས་ཡི་གེ་མང་དུ་བྱོན་པ་སོགས་རྟགས་ངོ་མཚར་ཅན་བྱུང་ངོ་། །རྡོ་རྗེའི་མགུར་བཞེངས་པ་ནི། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དབྱིངས་སྐྱེ་མེད་ནམ་མཁའ་ཀུན་ལ་ཁྱབ། །སེམས་གསལ་སྟོང་རིག་པས་དབྱིངས་མཐའ་འགྲིམ། །བློ་འཁྲུལ་སྣང་ཁུག་སྣ་དབྱིངས་སུ་ཡལ། །ཡུལ་སྣང་སྟོང་མཚོ་ལ་ཟླ་བ་ཤར། །དྲན་ཤེས་བཞིན་བར་སྣང་སྐྱི་སེར་འཕྱོ། །སེམས་སྣང་སྟོང་རིག་པ་ལྷུན་
གྱིས་གྲུབ། །ཉམས་སྒྱུ་མའི་སྤྲུལ་བསྒྱུར་ལྟད་མོ་མཚར། །ཡིད་གཟུང་འཛིན་ནམ་མཁའི་པདྨོ་ཡལ། །སེམས་སྟོང་ཉིད་སྙིང་རྗེས་དོན་གཉིས་འགྲུབ། །ཚིག་འདི་སྨྲས་དགེ་བས་འགྲོ་བ་རྣམས། །སེམས་གནས་ལུགས་བརྗོད་མེད་དོན་རྟོགས་ནས། །དོན་སྐུ་གསུམ་མངོན་འགྱུར་སངས་རྒྱས་ཤོག །ཅེས་སོ། །
སྐྱོ་བྲག་ཀརྨ་ཡེ་ཤེས།
༈ སྐྱོ་བྲག་ཀརྨ་ཡེ་ཤེས་ནི། དབོན་ཝེར་ལུ་ཟེར་བ་གསང་སྔགས་ཀྱི་རྣལ་འབྱོར་པ་ཡེ་ཤེས་མགོན་པོ་དངོས་སུ་གྲུབ་པའི་རྟགས་མཚན་སྣ་ཚོགས་ཅན། ཕ་ཝང་རྡེའུ་ཟན་ལྟར་བཅངས་ནུས་པའི་གྲུབ་རྟགས་ཡོད་པ་དེ་དང་། ཡུམ་འབྲོང་བཟའ་སྐྱིད་མོ་གཉིས་ལ་སྲས་གཉིས་ཡོད་པའི་ཆེ་བ་ཉིད་ཡིན་ཏེ། རཏྣ་གླིང་པའི་ལུང་བསྟན་ལས། ཕྱག་རྡོར་སྤྲུལ་པས་འགྲོ་བ་ཐམས་ཅད་འདྲེན༔ ཡེ་ཤེས་མིང་ཅན་ཁམས་ཀྱི་ཕྱོགས་སུ་འབྱུང༔ ཞེས་གསུངས་པ་དེ་དང་། ཆུང་བ་དབོན་པོ་ཞི་ཁྲོ་རྒྱལ་གཉིས་ཀྱིས་ཀརྨ་དབང་ཕྱུག་རྡོ་རྗེ་དང་མཇལ། འབུལ་བ་དཔེ་མེད་ཕུལ། གསུང་ཆོས་གདམས་པ་ཡང་ཞུས། ཁུ་བོ་ཏིང་འཛིན་བཟང་པོ་དང་། འབྲུ་ཚ་སངས་རྒྱས་སོགས་ལས་གདམས་པ་ཐམས་ཅད་རྫོགས་པར་གསན། གསང་བ་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས།
བདེ་མགོན་གཉིས་ཀྱི་སྙིང་པོ་ལ་དུང་ཕྱུར་གྲུབ། ཨོ་རྒྱན་ལུང་བསྟན་ལས། དཔུང་སྨེ་ཅན་གྱིས་སོག་དམག་ལན་གསུམ་བཟློག༔ ཅེས་པ་ལྟར་ནམ་མཁའ་ལ་འཕུར། འབྱུང་བ་ལྔ་ལ་རང་དབང་ཐོབ། བྲག་ལ་གྲུབ་རྟགས་བཞག་པ་སོགས་རྣམ་ཐར་མང་ངོ་། །ཉམས་མགུར་སེངྒེའི་ང་རོ་འདི་ལྟ་སྟེ། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །དབང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །དེང་རང་བཞིན་ཉམས་ཀྱི་དགའ་བ་ལ། །ཆོས་དབྱིངས་བདེ་ཆེན་ལྷུན་གྱིས་གྲུབ། །སྐྱེ་མེད་གནས་མེད་འགག་པ་མེད། །སྤྲོས་པ་མེད་པའི་རང་བཞིན་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །ནམ་མཁར་འཇའ་རིས་ཁྱུགས་སེ་ཁྱུག །བར་སྣང་མེ་ཏོག་ཐ་
ར་ར། །ས་གཞིར་མེ་ཏོག་ལམས་སེ་ལམ། །འདོད་ཡོན་སྣ་ལྔ་ཤིགས་སེ་ཤིག །རོལ་མོའི་སྒྲ་སྙན་ཁྲོ་ལོ་ལོ། །སྤོས་དྲི་ངད་ལྡན་ཐུ་ལུ་ལུ། །ལྕགས་སྤྲེལ་མགོ་ཉའི་གནམ་གང་གི། །སྔ་དྲོའི་ཆ་ཡི་ཆོས་ལུང་དུ། །འོད་དཀར་དམར་མཐིང་གསུམ་ཟུག་པ་མཐོང་། །ཐན་ནམ་ཆོ་འཕྲུལ་ཅི་ཡིན་སྙམ། །བཟང་ངན་གྱི་རྟོག་པ་དུ་མ་ཤར། །དུས་དེ་རིང་སྣང་བ་མངོན་དུ་བྱུང་། །དབུས་ན་བཞུགས་པའི་སྐྱེས་བུ་ཁྱེད། །སྐུ་མདོག་དཀར་ལ་གཟི་མདངས་ཅན། །རལ་པ་ནག་པོ་སིལ་བུར་གྲོལ། །ཕྱག་ན་ཤེལ་གྱི་ནོར་བུ་བསྣམས། །སྐུ་ལ་དར་དཀར་བེར་ཆེན་གསོལ། །སྐྱོ་བྲག་བྲག་དཀར་ཡིན་པར་གོ། །གཡས་ན་བཞུགས་པའི་སྐྱེས་བུ་ཁྱེད། །སྐུ་མདོག་དམར་ལ་གཟི་མདངས་ཅན། །རལ་པ་ནག་པོ་སིལ་བུར་གྲོལ། །ཕྱག་ན་བྱི་རུའི་ནོར་བུ་བསྣམས། །སྐུ་ལ་དར་དམར་བེར་ཆེན་གསོལ། །རི་དམར་རྒྱལ་པོ་
ཡིན་པར་གོ། །གཡོན་ན་བཞུགས་པའི་སྐྱེས་བུ་ཁྱེད། །སྐུ་མདོག་སྔོ་ལ་གཟི་མདངས་ཅན། །རལ་པ་ནག་པོ་སིལ་བུར་གྲོལ། །ཕྱག་ན་བཻ་ཌཱུར་ནོར་བུ་བསྣམས། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྐུ་ལ་ཆུ་དར་སྔོན་པོ་གསོལ། །རྦ་ནག་དགེ་བསྙེན་ཡིན་པར་གོ། །ཁྱེད་གསུམ་གྱི་མདུན་དུ་བུད་མེད་གསུམ། །སྐུ་མདོག་དཀར་དམར་མཐིང་ག་ལ། །དར་ཟབ་སྣ་ཚོགས་ན་བཟའ་གསོལ། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། །ཁྱེད་གསུམ་གྱི་བུ་མོ་ཡིན་པར་གོ། །གཟུགས་བྱད་ཕུན་སུམ་ཚོགས་པ་འདི། །ཐོས་པ་མིན་པ་མཐོང་མ་མྱོང་། །ལྷ་ཡི་བུ་དང་བུ་མོར་འདུག །བུ་མོ་གསུམ་པོ་འབུལ་བྱས་པས། །ངོ་མཚར་ལས་ཀྱང་ངོ་མཚར་ཆེ། །བླ་མ་ལྔ་བཅུ་པ་ལས་ཀྱང་། །སྦྱིན་མིན་བུ་དང་ཆུང་མ་དག །རང་སྲོག་གིས་ཀྱང་བརྩེ་བྱས་ན། །ལོངས་སྤྱོད་གཡོག་ནི་སྨོས་ཅི་དགོས། །
ཞེས་གསུངས་དོན་དང་མཚུངས་མོད་ཀྱང་། །བུ་མོ་གསུམ་པོ་མི་ཆུན་ནོ། །ང་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ། །བུད་མེད་སྤངས་པ་མ་ཡིན་ཏེ། །བདག་ལ་མི་ཡི་བུད་མེད་ཡོད། །ལྷ་ཡི་བུ་མོ་གཙང་སྦྲ་ཆེ། །བཙན་གྱི་བུ་མོ་རྩེ་རག་ཆེ། །ཀླུ་ཡི་བུ་མོ་ཞེ་སྡང་ནག །སྤྱོད་ལམ་མི་དང་མི་མཐུན་ཕྱིར། །དེ་ཕྱིར་བདག་གིས་མི་ཆུན་ནོ། །ལྷ་ཡང་ལྷ་ཡི་ནང་དུ་མཛེས། །མི་ཡང་མི་ཡི་ནང་དུ་འགྲིགས། །ལོ་གསུམ་གོང་གི་གོང་རོལ་དུ། །ང་སེངྒེ་གནམ་མཆོང་ཕུག་ནང་དུ། །ཞག་བདུན་རྣལ་འབྱོར་སྒྲུབ་པའི་དུས། །རྦ་ནག་དགེ་བསྙེན་ཁྱོད་ཀྱིས་ཀྱང་། །བུ་མོ་བྱིན་པར་ཁས་ཀྱང་བླངས། །དེ་མ་བྱིན་བསམ་པའི་ལོག་ལྟ་མེད། །ཁྱེད་གསུམ་གྱིས་མི་དགའ་མ་ལྟ་བར། །བུ་མོ་གསུམ་ཁྲིད་ལ་བདེ་བར་བཞུད། །ཀོ་ལོང་དང་ཕྲག་དོག་མ་མཛད་པར། །གཟུང་འཛིན་མེད་པའི་ལྟ་བ་མཛོད། །ཡེངས་པ་
མེད་པའི་སྒོམ་པ་མཛོད། །བྱ་རྩོལ་མེད་པའི་སྤྱོད་པ་མཛོད། །རེ་དོགས་མེད་པའི་འབྲས་བུ་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་སོ། །
དུང་དཀར་ཤྲཱི་བྷ་དྲ།
༈ དཔལ་གསང་བདག་ཕྱག་རྡོར་དངོས་བྱོན་སྐྱོ་བྲག་ཀརྨ་ཡེ་ཤེས་ནས་སྐྱེ་ཕྲེང་རིམ་བྱོན་ལྔ་པ་ཆོས་རྗེ་བསོད་ནམས་བཟང་པོའི་མ་འོངས་ལུང་བསྟན་ལྟར་མངའ་བདག་མཻ་ཏྲི་པའི་རྣམ་འཕྲུལ་དུང་དཀར་ཤྲཱི་བྷ་དྲ་ནི། སྟག་ཤམ་ནུས་ལྡན་རྡོ་རྗེ་དང་། ཨོ་རྒྱན་བསམ་གཏན་གླིང་པའི་གཏེར་ལུང་ལས། ཟླ་ཞེས་བྱ་བའི་སྐྱིད་འབྱམས་སེང་གེ་རྫོང་༔ དེ་རུ་ཨོ་རྒྱན་ཐུགས་སྤྲུལ་ཁྱི་ལོ་པ༔ སྙིང་གི་དབུས་སུ་ཧཱུྃ་ཡིག་དག་གིས་མཚན༔ དཔུང་པ་གཡས་སུ་རྡོ་རྗེ་བྱ་ཁྱུང་དང་༔ དཔུང་པ་གཡོན་དུ་ཕུར་པ་ལྕགས་སྡིག་མཚན༔ དཔའ་བོའི་མཚན་མ་སྟག་ཤམ་རི་མོ་དང་༔ ཡེ་ཤེས་སྤྱན་གྱི་ཤ་མཚན་ཡོད་པ་འབྱུང་༔ ལྷ་མཆོག་རྡོ་རྗེ་གྲོ་ལོད་དངོས་དང་མཚུངས༔ བདུད་དང་དམ་སྲི་མཐའ་དམག་ཁ་གནོན་མཆོག༔ དྲག་རྩལ་དེ་རྣམས་གཞན་གྱིས་མཐོང་བར་དཀའ༔ ཡུམ་མཆོག་སེང་གདོང་དངོས་སྤྲུལ་ལྷོ་ནས་འབྱུང་༔ ཟབ་མོ་གཏེར་གྱི་སྒོ་ནི་འབྱེད་པར་བྱེད༔ བདུད་དང་
གཏད་ཁྲམ་ངན་སྔགས་གཏིང་ནས་བཟློག༔ བདུད་འཇོམས་རྡོ་རྗེ་ལས་རབ་རྩལ་ཞེས་འབྱུང་༔ ཨོ་རྒྱན་ང་ཉིད་དངོས་དང་ཁྱད་པར་མེད༔ ཅེས་གསུངས་པ་ལྟར་སྐྱོ་བྲག་འབྲི་བྱེད་ཧོར་ཚང་དུ། ཡབ་ཀར་རྒྱལ་དང་ཡུམ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་མེ་ཕོ་ཁྱི་ལོར་ངོ་མཚར་བའི་རྟགས་མཚན་བཟང་པོ་དང་བཅས་ཏེ་སྐུ་བལྟམས། ཆུང་ངུའི་དུས་ནས་དམ་པའི་རིགས་སད་ཅིང་རྡོ་རྗེའི་ཁྲི་ལ་མངའ་གསོལ། མཚན་དུང་དཀར་བཀྲ་ཤིས་དཔལ་བཟང་པོར་གསོལ། བསྟན་སྙིང་རིན་པོ་ཆེ་བསྟན་འཛིན་རྣམ་རྒྱལ་མཆོག་ནས་ཡོངས་འཛིན་མཛད་དེ་རིག་གནས་སྤྱི་དང་། ཁྱད་པར་སྒྲུབ་བརྒྱུད་འབའ་རོམ་པའི་རང་ལུགས་རྩ་གསུམ་གྱི་དབང་ཁྲིད་ལུང་དང་དཀྱིལ་ཆོག་ཕྱག་བཞེས་བཅས་རྫོགས་པར་ཕུལ། སྔོན་སྦྱངས་ཀྱི་འཕྲོ་སད་པས་རྩ་གསུམ་སྤྱི་དང་། ཁྱད་པར་ཡི་དམ་འཁོར་ལོ་བདེ་མཆོག །ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་སོགས་ཀྱི་ཞལ་གཟིགས་མང་དུ་བྱུང་། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་། རིག་འཛིན་ཆོས་རྒྱལ་རྡོ་རྗེ། ཨོ་རྒྱན་མཆོག་གྱུར་གླིང་པ་སོགས་ལས་གསར་རྙིང་གི་སྨིན་གྲོལ་དཔག་མེད་ཞུས་ཤིང་། གུ་རུ་དྲག་པོའི་སྒྲུབ་པ་ལ་གཞོལ་བ་སོགས་ཉམས་ལེན་ལ་སྙིང་ཕུར་མཛད་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ།
གྲུབ་པའི་རྟགས་མཚན་བརྙེས། ཨོ་རྒྱན་རིན་པོ་ཆེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་གཏེར་གྱི་ཁ་བྱང་དང་། ལུང་བསྟན་དཔག་མེད་བྱུང་བ་དང་ཟབ་གཏེར་མང་དུ་སྤྱན་དྲངས། དགེ་བསྙེན་གཡང་སྐྱོབ་སོགས་དགོངས་གཏེར་དང་། རང་ལུགས་ཀྱི་གསར་གསོལ་སྨོན་ལམ་སོགས་བསྟན་འགྲོར་སྨིན་པའི་མཛད་ཆོས་གྲངས་མང་། ཡི་དམ་བདེ་མཆོག་གི་བསྙེན་པ་དུང་ཕྱུར་གྲུབ། གསེར་ཟངས་ཀྱི་བདེ་མཆོག་སྐུ་བཞེངས་ཤིང་རབ་གནས་སྐབས་ངོ་མཚར་བའི་ལྟས་དཔག་མེད་བྱུང་། གཞན་ཡང་མགོན་པོ་ཕྱག་བཞི་པ་སོགས་རྩ་གསུམ་གྱི་རྟེན་མང་དུ་བསྐྲུན། རང་དགོན་རྩེ་མཐིལ་དང་རི་ཁྲོད་སྒྲུབ་སྡེ་རྣམས་ཉམས་གསོ་དང་རྟེན་བཞག་དཔག་མེད་མཛད། དུས་བབ་ཀྱི་གནས་སྒོ་འབྱེད་རྒྱུ་ལ་ཕྱི་གཉིས་པ་གནས་ཆེན་ཆབ་བསྟི་བྲག་དཀར་དང་། མྱེ་མྱག་ཤེལ་ཁྲོམ་རྫ་མེར་ཆེན་སོགས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་མཛད། ཉམས་ལེན་ལ་དྲོད་ཐོབ་པའི་བརྒྱུད་འཛིན་གྱི་ཞལ་སློབ་ཀྱང་མང་དུ་བྱུང་། བགྲང་བྱ་རེ་ལྔ་ས་སྟག་གི་ལོར་ཆོ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་བཅས་ཞི་དབྱིངས་སུ་ཟུམ་པའི་ཚུལ་བསྟན། གདུང་ཞུགས་སུ་ཕུལ་བས་དད་རྟེན་ཁྱད་པར་ཅན་བྱུང་། གདུང་རྟེན་གསེར་ཟངས་ཀྱི་བདུད་
འདུལ་མཆོད་རྟེན་ཚོགས་བསག་གི་རྟེན་དུ་གྲུབ་པའོ། །དམ་པ་དེ་ཉིད་ཀྱི་རྡོ་རྗེའི་གསུང་མགུར་ནི། ན་མོ་གུ་རུ་ཙཀྲ་སམྦ་ར་ཡེ། རང་རིག་གདོད་མའི་སངས་རྒྱས་ཆོས་ཉིད་སྐུ། །བདེ་ཆེན་ཁ་སྦྱོར་མི་འགྱུར་ཨེ་ཡིག་དང་། །དཔལ་མཆོག་དང་པོའི་ཡུམ་མཆོག་ཝྃ་ཡིག་ཟུང་། །གཉིས་མེད་ཟུང་འཇུག་ལྷན་སྐྱེས་ཙཀྲར་བསྟོད། །དབྱིངས་དང་ཟག་མེད་བདེ་ཆེན་ཕ་རོལ་ཕྱིན། །གདུལ་དཀའི་འགྲོ་བའི་དོན་དུ་སྙིང་རྗེ་བཞིའི། །ཚད་མེད་ཐུགས་རྗེ་ཉི་མའི་དཀྱིལ་འཁོར་རྒྱས། །དྲིན་ཆེན་རྡོ་རྗེ་འཆང་དང་བརྒྱུད་པར་བཅས། །ས་གསུམ་ཡོངས་ཀྱི་འགྲན་ཟླ་མེད་པ་ཡི། །དཔལ་ལྡན་འཁོར་ལོའི་མགོན་པོ་ཤིང་རྟ་མཆོག །བླ་མེད་དབྱིངས་ནས་འབའ་རོམ་བཀའ་བརྒྱུད་དྲན། །བཀའ་བརྒྱུད་ཡོངས་ལས་ཆེས་ཆེར་འཕགས་པའི་སྐུ། །རྒྱལ་བ་མཆོག་གི་གསུང་གི་དབྱངས་སྙན་སྒྲ། །བདག་ཡིད་ཐོས་པས་དད་མོས་དྲག་པོ་
སྐྱེས། །ཐུགས་རྗེའི་བྱིན་རླབས་སྤྲིན་ཆེན་འཐིབས་པ་ནས། །བདག་ཉིད་བླུན་རྨོངས་ཐལ་བར་ཆར་ཆེན་ཕོབ། །ཀུན་གཞི་ཨ་འཐས་རྒོག་པོ་བརླན་ནས་ཀྱང་། །བྱང་ཆུབ་སྨིན་བྱེད་མྱུ་གུ་འཁྲུངས་ནས་ནི། །འབྲས་བུ་སྐུ་བཞིའི་ལོ་ཏོག་འབྲས་སྨིན་ཏེ། །འགྲོ་བ་ཡོངས་ཀུན་ཆོས་ཀྱིས་ཚིམས་པ་དང་། །ཕྱི་མ་གར་འགྲོ་གཏད་མེད་བདག་སོགས་ཀུན། །བླ་མེད་སངས་རྒྱས་ས་ལ་སྐྱེལ་ནས་ཀྱང་། །འཁོར་བ་མ་སྟོང་བར་དུ་ཐུགས་རྗེས་ཟུངས། །དེ་སྔ་སྐྱེ་བ་ཐོག་མཐའ་མེད་པ་ནས། །བག་ཆགས་འཁྲུལ་སྣང་འཛིན་པར་བཟུང་ནས་ཀྱང་། །ཐར་མེད་འཁོར་བའི་བཙོན་ར་འདིར་ཚུད་པས། །ད་རུང་མི་ཤེས་སྐྱོ་བ་མེད་པ་འདི། །བརྟགས་ཤིང་ཡང་ཡང་བལྟས་པས་བདག་ཉིད་རྣམས། །རང་གིས་རང་ལ་ཤ་ཚ་སྙིང་རེ་རྗེ། །དེ་ལས་མ་ཟད་རིགས་དྲུག་མ་རྒན་ལ། །བཟོད་མེད་སྙིང་
རྗེ་ཆེན་པོས་ཀུན་ནས་བསླངས། །ཡི་མུག་དྲག་པོས་གསོལ་བ་བླ་མར་འདེབས། །དྲན་ནོ་རྗེ་བཙུན་དར་མ་དབང་ཕྱུག་དྲན། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །འགྲོ་ཀུན་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རྗེ་བཙུན་ཆེན་པོ་ཏི་ཤྲི་རས་པ་དང་། །རས་པ་དཀར་པོ་ལུས་མེད་རྡོ་རྗེ་སོགས། དྲིན་ཆེན་རྩ་བའི་བླ་མ་ད་ལྟའི་བར། །བྱོན་པའི་རྩ་བརྒྱུད་བླ་མ་ཡང་ཡང་དྲན། །ཡི་མུག་སྐྱོ་ཤས་དྲག་པོས་གསོལ་བ་འདེབས། །འོ་དོད་གདུང་བས་བླ་མར་བོས་པ་ཡིས། །འོག་མིན་དབྱིངས་ནས་ཐུགས་རྗེའི་སྤྱན་མ་བརྟུལ། །ཡེ་ཤེས་སྤྱན་ལ་གསལ་སྒྲིབ་མེད་པ་ཡིས། །རྗེས་འཇུག་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་ཡང་ཡང་མོས་གུས་དྲག་པོའི་མཐུས། །ཕྱི་སྣོད་འབྱུང་བ་སྒྱུ་མའི་འཁྲུལ་འཁོར་འདི། །རྟག་པ་མེད་པ་ན་
བུན་བཞིན་དུ་སྣང་། །ནང་བཅུད་རིགས་དྲུག་གཉེན་ཟླ་རྨི་ལམ་ལྟར། །མཐོང་བཞིན་ནམ་མཁའི་འཇའ་ལྟར་འཛིན་མེད་འདུག །གཅེས་པའི་ལུས་འདི་མེ་ལོང་ཤར་བའི་གཟུགས། །བཟང་ངན་བྱུང་ན་ཆུ་ཡི་ཆུ་རླབས་བཞིན། གཉེན་འདུན་ཟླ་གྲོགས་མཐོང་ན་སྙིང་རྗེའི་རྒྱུ། །བཟོད་མེད་སྙིང་རྗེ་ཆེན་པོ་ཡང་ཡང་འཁྲུགས། །བླ་མར་འོ་དོད་འབོད་དོ་ཐུགས་རྗེས་གཟིགས། །གཏད་མེད་བྲག་ཕུག་ནང་དུ་སྐྱོ་བ་སྐྱེས། །རྗེ་བཙུན་གོང་མའི་རྗེས་ལམ་སྙོགས་སྙམ་བྱུང་། །ཡི་མུག་སྡང་བའི་དགྲ་ལ་བཟོད་པ་ཤར། །སྙིང་རྗེ་འགྱུར་མེད་བློ་ཡི་ཡུལ་ལ་འཁྲུངས། །རྗེ་བཙུན་བླ་མའི་ཞལ་ལུང་ཉམས་བླངས་པས། །ཕྱི་ནང་ཆོས་ཀུན་སྣང་ཙམ་ཡུལ་ལས་འདས། །ནང་གི་རིག་པ་ཕྱི་ཡི་ཡུལ་ལ་འདྲེས། །འདྲེས་པའི་ངོ་བོ་དབྱིངས་ཀྱི་ནམ་མཁའ་ལྟར། །བརྗོད་མེད་བློ་བྲལ་ཆོས་སྐུའི་རང་
ཞལ་མཐོང་། །འདི་བྱ་འདི་བྱེད་བློ་ཡི་ཡུལ་ཐག་ཆོད། །འབྲས་བུ་རྒྱལ་བ་གོང་མའི་ཤུལ་ལམ་ལ། །བར་ཆད་མེད་པར་སྐད་ཅིག་བགྲོད་པར་ཤོག །སྤྱོད་པ་འགགས་མེད་དུར་ཁྲོད་བམ་རོ་བཞིན། །དགའ་སྡུག་འཛིན་བྲལ་རྟོགས་པའི་གདེང་ཐོབ་ཤོག །ཡང་དག་བཅུ་གསུམ་རྡོ་རྗེ་འཆང་གི་སར། །གཡོ་མེད་རྡོ་རྗེའི་ཏིང་འཛིན་མངའ་བརྙེས་ཤོག །འགྱུར་མེད་རྡོ་རྗེའི་འཇའ་འོད་སྐུ་འགྲུབ་ནས། །མཐར་ཐུག་རང་གཞན་དོན་ཆེན་ལྷུན་གྲུབ་ཤོག །ཅེས་གང་དྲན་སྨྲས་པའི་མགུར་ཆུང་ཞིག་དགོས་ཞེས་བྱང་འདྲེན་ཤྲཱི་ནནྟ་ནས་གསུང་བསྐུལ་ངོར། བདག་དུས་མཐའི་བླུན་རྨོངས་གཤིས་ལུགས་ཆོས་སྐུའི་ངོ་བོ་མ་མཐོང་ཞིང་། ཡེ་ཤེས་ཐབས་ཀྱི་རླུང་རིག་སོགས་ལ་དབང་མ་ཐོབ་པས་དེ་ལྟར་སྨྲ་འོས་གང་ལ་འང་མི་འདུག་ཀྱང་། གསུང་མ་ལྡོག་ཙམ་འདི་བདག་ཉིད་སྔོན་གྱི་གྲུབ་ཐོབ་ཀྱི་གདན་ས་མཇལ་སྐབས་གཡའ་ཁང་སྒྲུབ་ཁང་མཐོང་ཞིང་། ཁྱད་པར་ཏི་ཤྲི་རས་པའི་མཆོད་རྟེན་ལ་གསོལ་བ་བཏབ་པས། མོས་གུས་དྲག་པོ་འབར་ཞིང་ཉམས་འབར་བ་ལྟ་བུ་བྱུང་ནས། བླ་མ་རིན་པོ་ཆེ་རྣམས་ལ་གསོལ་འདེབས་གང་དྲན་མཁའ་སྤྱོད་ཀྱི་གནས་མེར་ཆེན་
གནས་སྒོ་ཕྱེས་སྐབས། རྗེ་འབའ་རོམ་པའི་རྗེས་འཇུག་གི་ཐ་ཤལ་པ་སྐྱོ་བྲག་ཤྲཱི་བྷ་དྲའི་མིང་གིས་བྲིས་པ་དགེ་བར་གྱུར་ཅིག ༈ །ཡང་ལྟ་མགུར་ནི། སྣང་སྟོང་མཐའ་དང་བྲལ་བ་ཆོས་ཀྱི་སྐུ། །དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་དྲིལ་ཏེ། །ཀ་དག་རང་བྱུང་ཡེ་ཤེས་འདི་ཡིན་ནོ། །འདི་ནི་ཕྱོགས་མེད་མཐའ་བྲལ་ཆེན་མོའོ། །ཐ་མལ་ཤེས་པ་མ་བཅོས་གཉུག་མ་འདི། །འདུས་མ་བྱས་པའི་འོད་གསལ་ཆོས་སྐུ་ཡིན། །ལྟ་བ་མཐའ་བྲལ་ཆེན་པོར་ལྟ་བྱེད་བྲལ། །སྒོམ་པ་མ་བཅོས་སྟོང་གསལ་གཉུག་མའི་ངང་། །སྤྱོད་པ་དགག་སྒྲུབ་བླང་དོར་རང་གྲོལ་ལམ། །གདོད་ནས་སྐྱེ་མེད་འགགས་མེད་ཤུགས་འབྱུང་ངོ་། །འབྲས་བུ་སྐུ་ལྔ་ལྷུན་གྲུབ་རང་རིག་ལ། །ལྟ་སྒོམ་སྤྱོད་འབྲས་དབྱེར་མེད་གཅིག་ཏུ་དྲིལ། །འཁོར་འདས་གཉིས་མེད་ཀ་དག་ཆོས་ཀྱི་སྐུ། །རེ་དོགས་མཐའ་བྲལ་ཡེ་ནས་སངས་རྒྱས་སོ། །ད་
ལན་མི་ལུས་རིན་ཆེན་ཐོབ་པའི་ཚེ། །སྡིག་སྡུག་གྲུ་གླས་ལྟོ་རྒྱབ་མི་ཕྱིད་ནས། །བྱ་སྙམ་འདུན་པའི་ངང་ལ་མི་ཚེ་ཟད། །བློ་ཐག་རྦད་ཀྱིས་ཆོད་ལ་ཆོས་ལ་འབུངས། །དྲན་པ་བློ་སྣ་མ་མང་སེམས་ཉིད་ཐུལ། །རང་ཚོ་ཐུབ་པར་བྱེད་པ་ཕྱི་མའི་ཆོས། །ནན་ཏན་ད་ལྟ་མ་གཡེལ་ཐུགས་ལ་ཆོངས། །ཆོས་ཀྱི་སྙིང་པོ་ཕྱག་རྫོགས་བདུད་རྩི་འདི། །རང་དབང་ཡོད་ཚེ་སྙིང་གི་པདྨོར་མཆོད། །སེམས་ཉིད་རེ་བ་སྐོང་བའི་གསོས་སུ་གསོལ། །འདི་དང་ཕྱི་མ་བར་དོ་གསུམ་ཁོ་ནར། །སྐྱབས་གནས་དཀོན་མཆོག་མ་གཏོགས་གཞན་ལ་མེད། །ཐེ་ཚོམ་རྩད་ནས་ཆོད་ཅིག་བློ་ཁེལ་མཛོད། །རླུང་སེམས་དབུ་མར་གཉིས་མེད་འདྲེས་པའི་ཚེ། །རྟོགས་པ་ཉམས་མྱོང་འཆར་སྒོ་སྣ་ཚོགས་པར། །བཟང་ངན་རེ་དོགས་མ་མཛད་ངོ་བོར་གཟིགས། །འཆར་ཚུལ་གཞན་སྨྲ་མ་གསུངས་ཐུབ་པར་མཛོད། །གསང་
ཞིང་ད་རུང་ཉམས་ལེན་མཛད་པར་ཞུ། །རིམ་གྱིས་ཉམས་རྟོགས་ཡར་ཟླ་བཞིན་དུ་འཕེལ། །ཆོས་བརྒྱད་ཞེན་པ་གཡེང་བའི་ལས་འདི་རྣམས། །བདུད་ཀྱི་བསླུ་བྲིད་མེ་ཏོག་ཚོགས་ཁང་འདི། །མི་རྟག་རྨི་ལམ་ཤེས་པར་མཛད་དུ་གསོལ། །ཞེན་པ་ཆུང་བས་འཁོར་བར་འཇིགས་སྐྲག་ཅིང་། །བློ་གཏད་ཆོས་ལ་གཏད་པ་འགྱུར་མེད་མཛོད། །ནམ་གུང་སྲོད་དང་དུས་དང་ཐུན་མཚམས་སུ། །འཆི་བ་དྲན་ཞིང་འགྲོ་ལ་བསྔོ་བ་དང་། །དོན་གཉིས་ལྷུན་གྲུབ་སྨོན་ལམ་རྒྱས་འདེབས་མཛོད། །ནམ་ཞིག་བདེ་ཆེན་ཨོ་རྒྱན་མཁའ་འགྲོའི་ཞིང་། །དག་པ་རིག་འཛིན་གྲལ་དུ་ཚུད་པར་མཛོད། །ད་ལྟའི་འབྲེལ་ཐོག་ཀུན་ཀྱང་ལྷ་ཡི་ལུས། །ཐོབ་ནས་བདག་གཞན་སངས་རྒྱས་ཐོབ་པར་ཤོག །རྗེ་གོང་མ་རིན་པོ་ཆེ་རྣམས་ཀྱི་གསུང་གི་སྙིང་པོ་བདུད་རྩིའི་བཅུད་ཀྱི་དྭངས་མ་བཞིན། ཡེ་ཤེས་ཌཱ་ཀིའི་དགྱེས་སྐོང་ཆོས་སྐབས་སུ་ཁོ་བོ་ཤྲཱི་བྷ་དྲས་བྲིས་ནས་ཕུལ་བའོ། །
སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ།
༈ འཕགས་ཡུལ་གྲུབ་བརྒྱའི་སྤྱི་མེས་༧དཔལ་ས་ར་ཧ་ཡི་རྣམ་འཕྲུལ། སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ཉིད་བསམ་བཞིན་སྲིད་ཁམས་བཟུང་བ། རྩོད་བྲལ་དུས་བབས་ཀྱི་རིག་འཛིན་ཆེན་པོ་ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་ནི། སྔོན་བདག་ཅག་གི་སྟོན་པའི་སྤྱན་སྔར་བྱང་སེམས་མ་རུ་རྩེ་དང་། སློབ་དཔོན་འཇམ་དཔལ་བཤེས་གཉེན། པཎ་ཆེན་ནཱ་རོ་ཏ་པ། བོད་འདིར་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ངོ་མཚར་སྐྱེས་རབས་ཀྱི་ཕྲེང་བ་བརྒྱུད་མར་བྱོན་པས། བསྟན་འགྲོའི་སྤྱི་དཔལ་དུ་གྲུབ་ཅིང་། དེང་སྙིགས་མའི་གདུལ་འགྲོའི་མགོན་དུ་བྱོན་ཚུལ་སྙིང་པོར་དྲིལ་ན། བསིལ་ལྗོངས་ཁམས་སྟོད་ས་ཡི་ཐིག་ལེ། གྲུབ་པའི་གནས་མཆོག་གླེ་ཡི་དར་ལུང་ཞེས་པར། ཡབ་ར་ཤུལ་སྨན་བླ་དར་རྒྱས་དང་། ཡུམ་འཇང་བཟའ་རིན་ཆེན་སྒྲོན་མ་ཟུང་གི་སྲས་སུ་ཕྱི་ནང་གསང་བའི་མཚན་རྟགས་དུ་མ་དང་བཅས་སྐུ་བལྟམས། བཙས་མ་ཐག་ནས་སྐུ་གསུང་ཐུགས་ཀྱི་བརྡ་དང་རྣམ་འགྱུར། གཞན་སེམས་དང་བྱེད་སྤྱོད་ཐོགས་མེད་དུ་མཁྱེན་པ་སོགས་སོ་སྐྱེའི་བློ་ཡུལ་ལས་འགོངས་པའི་མཆོག་གི་སྤྲུལ་སྐུའི་རང་རྟགས་ལྷུན་གྲུབ་ཀྱི་ཚུལ་དུ་མངའ་བས་མཆོག་དམན་
ཀུན་གྱིས་རྩོད་མེད་དུ་བཀུར། བགྲང་བྱ་དྲུག་ཏུ་སོན་པའི་ཚེ་དཔའ་བོ་གཙུག་ལག་ཆོས་རྒྱལ་དང་། སི་ཏུ་པདྨ་ཉིན་བྱེད་རྣམ་གཉིས་ནས་ཞལ་མཐུན་བརྟགས་ལུང་བསྩལ་བ་ལྟར། ཟུར་བཀྲ་ཤིས་ཆོས་གླིང་གི་རྡོ་རྗེའི་ཁྲིར་གསུང་རབ་ཕྲིན་ལས་རབ་རྒྱས་ཀྱི་ཡང་སྤྲུལ་དུ་མངའ་གསོལ། བསྟན་འཛིན་དགེ་ལེགས་ཉི་མ། མཁན་ཆེན་ཟླ་བ་བཟང་པོ། འཇམ་མགོན་མཁྱེན་ཀོང་མཆོག་གསུམ་གསང་བདག་བདུད་འཇོམས་རྡོ་རྗེ་སོགས་མཁས་གྲུབ་ཡོངས་གྲགས་དུ་མའི་ཞབས་ལ་སྔ་ཕྱིར་བསྙེན་ཏེ། རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་བ་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཐར་སོན་མཛད་པས་མཁས་ཚུལ་གསུམ་ལྡན་གྱི་གྲགས་སྙན་རྒྱས། གསར་རྙིང་རིས་མེད་ཀྱི་སྨིན་གྲོལ་རྒྱབ་བརྟེན་སྤྱི་དང་། ཁྱད་པར་རང་ལུགས་སྙན་བརྒྱུད་ཐབས་གྲོལ་གྱི་མན་ངག་ཚངས་སྤྲུགས་སུ་མནོས་ནས་ཉམས་བཞེས་ལྷུར་མཛད་པས་རྟགས་ཚད་མངོན་དུ་གྱུར་ཏེ་གྲུབ་པའི་ས་མཐོར་གཤེགས། དག་པའི་གཟིགས་ངོར་དཔལ་རི་པདྨ་འོད་དུ་ཕེབས་ཏེ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་སྔ་ནས་དབུགས་དབྱུང་རྡོ་རྗེའི་བཀའ་ལུང་ཐོབ་པ་ནས་བཟུང་། བཀའ་གཏེར་དག་སྣང་གི་ཟབ་ཆོས་ཉལ་འགྲོའི་རྒྱུན་བཞིན་བརྡོལ། སྐྱོ་བྲག་
ཆོས་རྗེའི་སྐྱེ་བ་བཞེས་ཚུལ་སོགས་སྔོན་གནས་རྗེས་སུ་དྲན་པ་ཤིན་ཏུ་མང་། ཟད་པར་དང་ཟིལ་གནོན་གྱི་སྐྱེ་མཆེད་ལ་དབང་བསྒྱུར་བས་བྲག་རྡོ་ལ་ཕྱག་ཞབས་ཀྱི་རྗེས་དུ་མ་བྱོན། རྩ་གསུམ་གྱི་ལྷ་ཞལ་ནམ་མཁའི་སྐར་ཚོགས་ཙམ་དུ་གཟིགས་ཤིང་གྲུབ་གཉིས་ལ་དབང་འབྱོར། གཟུགས་ཅན་གཟུགས་མེད་ཐམས་ཅད་དབང་སྡུད་ཟིལ་གྱིས་ནོན་པའི་ནུས་མཐུ་གྲུབ། དུས་གསུམ་གྱི་ལེགས་ཉེས་བསླུ་མེད་དུ་ལུང་གིས་བསྟན་པ་བསྒྲང་ལས་འདས་པ་སོགས་དོན་གཉིས་གྲུབ་པའི་ཕྲིན་ལས་ལ་མངའ་བརྙེས་པའོ། །དེ་ལྟ་བུའི་ཆོས་ཀྱི་རྗེ་གང་ཉིད། གདན་ས་ཆེན་པོ་དཔལ་མཚུར་གཉིས་དང་། འབྲས་སེ་དགའ་གསུམ། འབྲི་སྟག་འབྲུག་སོགས་དབུས་གཙང་ཁམས་ཀྱི་ཆོས་སྡེ་མང་པོར་བསྟན་འགྲོའི་དོན་དུ་ཆེད་ཕེབས་ཐོག་བཤད་སྒྲུབ་ཀྱི་མཛད་པ་ཡོངས་ཁྱབ་ཏུ་བརྡལ་བས། རྒྱལ་དབང་ཀརྨ་པ་དང་། འབྲི་གུང་སྐྱབས་མགོན། སྟག་ལུང་མ་སྤྲུལ། རྗེ་འཕགས་རྣམ་གཉིས། གསལ་བསྟན་དུང་གསུམ། ལྷོ་མགར་ཆགས་གསུམ། གར་བསྟན་རྣམ་གཉིས། སྒྲུབ་བརྒྱུད་ཨ་བུ་སྐུ་མཆེད། ཁྱུང་སྤྲུལ་ཀརྨ་རྒྱ་མཚོ། ཁྲ་བན་རྣམ་གཉིས་སོགས་མཆོག་གཟིགས་སྐྱེས་ཆེན་དུ་མར་སྨིན་གྲོལ་གདམས་པའི་བདུད་རྩི་ཕོག་པས་ཀུན་གྱི་བླ་མར་གྱུར། བར་
སྐབས་རྣམས་སུ་རྗེ་ཉིད་ཀྱི་རྩ་བའི་གདན་ས་ཟླ་རོང་བསྟན་པ་མཐའ་རྒྱས་གླིང་རྟེན་བརྟེན་པར་བཅས་པ་གསར་བསྐྲུན་མཛད་པས་མཚོན་བྱ་བ་ལས་ཀྱི་འཁོར་ལོས་བསྟན་གཞི་ཉམས་གསོ་དང་གསར་བཞེངས་སོགས་མ་གནང་བ་མེད་པའི་ཕྱག་རྗེས་རླབས་སུ་ཆེ། ཁྱད་པར་ཁྱབ་བདག་རྡོ་རྗེ་འཆང་ནས་བཟུང་། གསང་བདག་བདུད་འཇོམས་རྡོ་རྗེའི་བར་དུ་བྱོན་པའི་མཉམ་མེད་འབའ་རོམ་བཀའ་བརྒྱུད་ཀྱི་སྨིན་གྲོལ་རིང་བརྒྱུད་མཆིས་སོ་ཅོག་བུམ་པ་གང་བྱོའི་ཚུལ་དུ་བདག་གིར་བཞེས། ཡང་སྒོས་སུ་སྔོན་སྨོན་དང་ལུང་བསྟན་དུས་བབས་ཀྱི་རྟེན་འབྱུང་ལས། ཆོས་རྗེ་བླ་མ་ཉི་ཟླ་ཟུང་གི་ཐུགས་གསང་ཟབ་མོའི་མཛོད་འཆང་ཡེ་ཤེས་ཌཱ་ཀི་ནམ་མཁའི་རྣལ་འབྱོར་མས་བརྡ་ཐབས་རྟེན་འབྲེལ་དུ་མས་རྗེས་སུ་བཟུང་བའི་དག་སྣང་ཉེ་བརྒྱུད་ཀྱི་བབས་སོ་སྟེ། བརྒྱུད་སྲོལ་ཆུ་བོ་གཉིས་འདྲེས་ཀྱི་གདམས་པའི་མཛོད་ལ་མངའ་བརྙེས་པ་ན། ལས་ཅན་དག་པའི་སློབ་ཚོགས་རྣམས་ཀྱིས་ནན་བསྐུལ་དང་། སྐྱབས་རྗེ་གསལ་བསྟན་དུང་གསུམ་གྱིས་མཐུན་སྦྱོར་གང་ཟབ་གནང་བ་སོགས་ལེགས་དགུའི་དཔལ་ཡོན་བཀྲ་བའི་སྐབས། སྐྱོ་བྲག་སྤྱི་འབྱམས་ཕུན་ཚོགས་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་དུ་བཀྲ་ཤིས་པའི་ཉི་
མར་དབུ་བརྩམས་ཏེ། རྒྱལ་བ་འབའ་རོམ་པ་ཆེན་པོ་བརྒྱུད་པར་བཅས་པའི་སྙན་བརྒྱུད་ཐབས་གྲོལ་གྱི་ཡིག་ཆ་རྡོ་རྗེའི་གསུང་རྣམས་སོར་བཞག །རྗེ་རང་གི་དག་སྣང་དང་ཉམས་མྱོང་གིས་ཟུར་བརྒྱན་ཏེ་སྔོན་དངོས་ཆ་ལག་སོགས་རང་རྐང་ཕེར་ངེས་ཀྱི་ཆོས་སྐོར་བརྒྱད་པོ་དགོངས་ཀློང་ནས་རྡོལ་རིམ་བཞིན། སྙན་བརྒྱུད་འཛིན་པའི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ཀརྨ་བཀའ་བརྒྱུད་བཀྲ་ཤིས་སོགས་ནས་ཡི་གེའི་རིས་སུ་བཏབ་ནས་བསྟན་པའི་བཙས་སུ་བཞེངས་པར་མཛད་དོ། །སྤྱིར་རྗེ་འདིའི་བཀའ་གཏེར་དག་སྣང་གི་གསུང་འབུམ་པོ་ཏི་ཆེ་ཚད་ཅན་ས་བཅུ་གསུམ་གྱི་གྲངས་ལྡན་བཞུགས་པའི་དབང་ཁྲིད་ལུང་རྒྱུན་བསྙེན་སྒྲུབ་ཀྱི་ཕྱག་བཞེས་ཚང་ལ་མ་ནོར་བ་རང་ཅག་བསྟན་འགྲོའི་གསོས་སུ་བཞུགས་བཞིན་པ་འདིའོ། །དེ་ལྟར་སྐུ་ཚེ་དང་འགྲོ་དོན་མཐར་ཕྱིན་ནས་བགྲང་བྱ་གྱ་གསུམ་ལ་ཕེབས་པའི་ཚེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །འདས་རྗེས་ཀྱི་རྣམ་ཐར་དང་སློབ་བརྒྱུད་བྱུང་ཚུལ་རྒྱས་པ་ཟུར་དུ་གསལ། ལྟ་མགུར་ཞལ་གདམས་མང་དུ་བཞུགས་པ་ལས། སྙིང་པོའི་བསྟན་པ་ལ་སྲི་ཞུ་གྲུབ་པའི་ཆོས་སྟོན་སྐབས་བཞེངས་པའི་ཉམས་མགུར་སེང་གེའི་ང་རོ་འདི་ལྟ་སྟེ། ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། དུས་འདི་ནས་བྱང་
ཆུབ་མཆོག་གི་བར། །སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ། །དོན་གཅིག་བསྡུས་ཀུན་གཟིགས་རྡོ་རྗེ་འཆང་། །དཔལ་པདྨ་དབང་ཆེན་ཞབས་ལ་འདུད། །མགོན་དེ་དང་གཉིས་མེད་བཀའ་དྲིན་ཅན། །རྗེ་ཉི་མ་དང་ཟླ་བའི་མཚན་ཅན་གྱིས། །ཕ་བཀའ་བརྒྱུད་ཀྱི་གདམས་པས་རྗེས་སུ་བཟུང་། །དེ་འཇིག་རྟེན་གྱི་མཐུན་འཇུག་མ་ལགས་པར། །དོན་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མཛད། །དེ་ལན་གཅིག་མ་ཡིན་ཡང་ནས་ཡང་། །ཐོག་བབ་དང་གང་ཤར་གཅེར་མཐོང་དུ། །དོན་མན་ངག་མཛུབ་ཁྲིད་ཀྱི་གདམས་པ་ཕོག །ཕ་བཀའ་བཞིའི་ཆུ་བོ་ལས་འོངས་པ། །མགོན་མི་ཡི་སངས་རྒྱས་ཏེེ་ལོ་པ། །དཔལ་ནཱ་རོ་མེེ་ཏྲི་བྱིན་རླབས་ཅན། །མཆོག་དགྱེས་མཛད་ཀྱི་ལོ་ཙཱ་ཧེ་རུ་ཀ།།དོན་སྒྲུབ་བརྒྱུད་ཀྱི་ཆུ་མགོ་མི་ལ་རྗེ། །བཀའ་དབུ་ཕྱག་གཅིག་འདྲེས་གྲོལ་བའི་ཕུགས། །མགོན་འཛམ་
གླིང་རྒྱན་གཅིག་ལྷ་རྗེའི་མཚན། །ཕ་དེ་ཡི་ཞལ་སྐྱིན་ཐུགས་ཀྱི་སྲས། །དཔལ་འགྲན་ཟླ་བྲལ་བའི་འབའ་རོམ་པ། །རྗེ་དར་མ་དབང་ཕྱུག་མ་ལགས་སམ། །མཆོག་དེ་ཡི་ཆོས་སྲས་བརྒྱུད་པ་འཛིན། །མགོན་ཏི་ཤྲི་དང་གསང་བ་རས་པ་དཀར། །དོན་བརྒྱུད་འཛིན་ལུས་མེད་རྡོ་རྗེ་ནས། །བཀའ་ཟབ་གསང་གི་ཆུ་བོ་བདུད་རྩིའི་བཅུད། །དེ་འཛིན་པའི་གསེར་ཕྲེང་ཚར་དུ་དངར། །དཔལ་ཀིརྟི་དྷྭ་ཛའི་ནམ་མཁའ་ལ། །མགོན་མ་ཏི་དང་པུཎྱེའི་ཉི་ཟླ་ཤར། །བུ་སློབ་མ་དང་ཡང་སློབ་གཟའ་སྐར་བཀྲ། །གསལ་ཉི་མའི་འོད་ལ་ནུབ་པ་མེད། །ལས་སྔོན་བསགས་པདྨོ་གྲོགས་ལ་བཀུག །བཅུད་རོ་བརྒྱས་རྐང་དྲུག་གཤོག་རྩལ་རྒྱས། །མུན་སེལ་གྱི་ཟླ་བས་གླིང་བཞི་བསྐོར། །ད་དུས་བབ་ཀྱི་རྟེན་འབྲེལ་རི་མོ་དང་། །འགྱུར་མེད་ཀྱི་བཀའ་རྟགས་རྡོ་རྗེ་མངོན། །མཆོག་རྡོ་རྗེ་བཙུན་མོ་མི་མོའི་ཚུལ། །
གནས་འཇིག་རྟེན་འདི་རུ་བྱོན་པ་ཡི། །དབྱིངས་ཌཱ་ཀི་ནམ་མཁའི་རྣལ་འབྱོར་མས། །སྔོན་འོག་མིན་ས་སྤྱོད་ཀྱི་དགོན་པ་རུ། །མི་ཁོ་བོ་རྗེས་སུ་བཟུང་བའི་ཕྱིར། །ཚུལ་དམ་ཚིག་ཌཱ་ཀིའི་ཆ་ལུགས་ཀྱིས། །རྒྱུད་ཟབ་མོའི་དོན་དང་བརྡ་ཡི་དབང་། །དོན་སྙན་བརྒྱུད་ཀྱི་མན་ངག་ཆིག་རྫོགས་བསྩལ། །ཕ་བཀའ་བརྒྱུད་ཀྱི་རྗེས་ཤུལ་ཟིན་ནམ་སྙམ། །ཡིད་དད་སྤྲོའི་དགའ་བ་ཚད་མེད་ཐོབ། །གནས་གདོད་ནས་ཡོངས་གྲུབ་མཆོག་གི་ཞིང་། །དཔལ་ཧེ་རུ་ཀ་དང་མཁའ་འགྲོའི་ཚོགས། །སྤྲིན་བཞིན་དུ་འདུ་དང་གྲུབ་པའི་ཁྱུ། །མགོན་རིག་འཛིན་རྣམས་ཀྱིས་བྱིན་བརླབས་ཤིང་། །གཟུགས་ཅན་དང་གཟུགས་མེད་འདུ་བའི་གནས། །བྲག་སེང་ཆེན་གནམ་དུ་མཆོང་འདྲ་འདིས། །ཕྱོགས་འཇིག་རྟེན་གྱི་སྡེར་ཆགས་ཟིལ་གྱིས་གནོན། །རྫོང་འདིར་བཞུགས་ཀྱི་གྲུབ་ཐོབ་རི་དྭགས་རྒྱལ། །
ལུས་གདོང་ལྔའི་མཆེ་སྡེར་གྱིས་དྲེགས་ཚོགས་འདུལ། །རྩལ་དྲུག་གི་ཉམས་རྟོགས་ཁོང་ནས་རྒྱས། །རྒྱན་དུང་མདོག་གཡུ་རལ་ཕྱོགས་བཅུར་ངོམས། །མཐར་སེང་ཕྲུག་གི་ཡང་རྩལ་སྤྲུག་སྟེ་མཆི། །ཕ་བཀའ་བརྒྱུད་ཀྱི་བྱིན་རླབས་ཚན་རེ་ཆེ། །མཆོག་གདམས་ངག་གི་ཆུ་བོ་རྒྱུན་མ་ཆད། །དོན་བརྒྱུད་པའི་གྲལ་མཐར་སོན་པར་གདའ། །ནང་ཤེས་རབ་ཀྱི་རྩལ་ཁ་མི་ཆེ་ཡང་། །གཞི་ལྟ་བའི་ནམ་མཁའ་ལ་ཕྱོགས་ལྷུང་མེད། །ཐབས་སྒོམ་པའི་སྙིང་རུས་ཆུང་ལགས་ཀྱང་། །ལམ་འོད་གསལ་གྱི་ཉི་ཟླ་ཟུང་དུ་ཆུད། །ཚུལ་བརྟུལ་ཞུགས་ཀྱི་སྙིང་ཁམས་མི་ཆེ་ཡང་། །ཆོས་ཟུང་འཇུག་གི་ཐབས་ཀྱི་སྤྱོད་པ་བྱས། །མི་གཞན་ཕྱོགས་མགུ་བའི་ཡོན་ཏན་མེད། །དོན་རང་རྒྱུད་ལ་སངས་རྒྱས་འབྲས་བུ་རྙེད། །རྒྱུད་ཆོས་ཀྱིས་དུལ་བ་དཀའ་མོད་ཀྱང་། །ལུས་རྒས་པས་འདོད་ཞེན་གྱི་ཚ་ངད་ཡལ། །སེམས་
ཉམས་ཞན་ཞེ་སྡང་གི་སོ་ཁ་དིག །རྒྱུད་འགྲན་སེམས་ཅན་ལ་རྒྱལ་ཁ་བསྐུར། །མི་ཕྲག་དོག་ཅན་ལ་ཐབས་ཀྱིས་བྱོལ། ནོར་བརྐམ་ཆགས་ཀྱི་འདོད་བློ་ཧ་ཅང་མེད། །ཚུལ་མི་བཟང་ཡང་ཚུལ་མིན་ཅི་ནུས་སྤང་། །མི་རང་རྒྱུད་ཀྱི་རྣམ་ཐར་ཟངས་མ་ཡིན། །བདག་རང་རྒྱུས་རང་ལ་ཡོད་པས་ན། །མཚང་ཐེར་ལ་འདོན་བྱ་ཅང་མ་མཆིས་ཏེ། །ངས་སྒྲོ་བཏགས་ཀྱི་ཡོན་ཏན་ཅི་སྟེ་ངོམ། །ད་སླད་ནས་འབྱོན་པའི་བུ་སློབ་ཀུན། །དཔལ་ནཱ་རོ་དང་མཻ་ཏྲིའི་གདམས་ངག་རྒྱུན། །དོན་ཟབ་ཁྱད་གཞན་ལས་འཕགས་པ་ཡིན། །ཆོས་ཟབ་ལམ་མཁའ་འགྲོའི་ལུང་བསྟན་འདི། །དོན་བརྒྱུད་པའི་གྲལ་ཐག་ཉེ་བ་ཡིན། །དུས་ལྔ་བརྒྱ་ཕྲག་གསུམ་མར་གཤམས་འདིར། །ཕྱི་སྣོད་བཅུད་ཀྱི་འགྱུར་བ་དཔྱིད་ཀའི་ཐང་། །ནང་ལུས་ཅན་གྱི་ཉོན་མོངས་རྡུལ་ལྟར་འཚུབས། །བར་དུས་ངན་གྱི་སྤྱོད་པ་
རླུང་བཞིན་གཡོ། །ཚུལ་འདི་ལ་བསམས་ཤིང་མཆི་མ་དཀུ། །ཕ་བཀའ་བརྒྱུད་ཀྱི་རྣམ་ཐར་རྗེས་དྲན་འཚལ། །ཚེ་འདི་ཡི་འདུན་གྲོས་སྤང་རེ་རན། །དོན་སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་པ་དང་། །མཆོག་ཕྱག་རྒྱ་ཆེན་པོའི་ཉམས་ལེན་རེམས། །མི་བདག་ལ་ལྟོས་པའི་བུ་སློབ་ཀུན། །ཚེ་ཡལ་ཡོལ་དོན་མེད་དུ་མ་བཏང་བར། །སེམས་ཉམས་ལེན་ལ་གནད་དུ་བསྣུན་པར་ཞུ། །ཆོས་ཕྱི་བཤོལ་མ་བཞག་སྔ་ཚགས་ཚུད། །སླར་ཡང་ཡང་འཛོམས་པའི་རྟེན་འབྲེལ་ཞུ། །ད་དེ་སྐད་བུ་ཡི་དྲིས་ལན་དུ། །ཡུལ་འབྲི་མཚམས་སྐྱིད་འབྱམས་དགའ་བའི་ལྗོངས། །གནས་སེང་ཆེན་གནམ་དུ་མཆོང་འདྲའི་མགུལ། །བྲག་སེང་ཞལ་ལྟ་བུའི་དབྱིངས་ཕུག་ནས། །ཕ་དྭགས་བརྒྱུད་ཀྱི་གྲལ་མཐར་སོན་པའི་བུ། །དཔལ་འཇིགས་མེད་ཆོས་ཀྱི་སེང་གེ་ངས། །ཁྱེད་སློབ་རྒྱུད་ལ་ཕན་ཕྱིར་སྙིང་གཏམ་སྨྲས། །
དོན་སྙིང་པོའི་བསྟན་པ་དར་བར་ཤོག །ཅེས་པའང་ཆོས་རྗེ་འབའ་རོམ་པའི་ཆོས་དང་གང་ཟག་ལ་སྐྱེ་བ་མང་པོར་བག་ཆགས་ནན་གྱིས་གོམས་པ་རྒྱལ་ཁམས་ཕྱོགས་མེད་ཀྱི་རྣལ་འབྱོར་གྲུབ་རིགས་འཛིན་པ་དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས། བདེ་ཆེན་སེངྒེའི་ཀེའུ་ཚང་ནས་སྐལ་པ་མཆོག་ལྡན་གྱི་སློབ་ཚོགས་མང་པོར་སྙན་བརྒྱུད་ཟབ་མོའི་དགའ་སྟོན་ཅི་དགར་སྤེལ་བའི་སྐབས་སུ་གང་ཤར་བྱུང་རྒྱལ་དུ་སྨྲས་པ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །
སྐྱོ་བྲག་བཀའ་བརྒྱུད་བཀྲ་ཤིས།
༈ རྗེ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་མཆོག་སྐྱོ་བྲག་བཀའ་བརྒྱུད་བཀྲ་ཤིས་ཀྱི་རྣམ་ཐར་མདོར་བསྡུས་ནི། དེ་ཡང་སྒྲུབ་བརྒྱུད་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལས། ཆེ་བཞིའི་ནང་གསེས་རྒྱལ་བ་འབའ་རོམ་པའི་བརྒྱུད་འཛིན་གྱི་གཙོ་བོ་འགྲོ་མགོན་ཏི་ཤྲི་རས་ཆེན་ནས་བཟུང་། གྲུབ་བརྙེས་རིམ་པར་བྱོན་པ་ལས་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོའི་དངོས་སློབ་དམར་མོ་བསོད་ནམས་དོན་གྲུབ་ཀྱིས་བཞེངས་པའི་ཆོས་རྗེ་རིན་པོ་ཆེའི་འདྲ་སྐུ་གསུང་བྱོན་མའི་ཞལ་ནས་མ་འོངས་ལུང་བསྟན་ནི། འཇིག་རྟེན་སྤོས་ཆུས་བརྒྱན་པའི་ཞིང་ཁམས་སུ། །མི་མཇེད་ཐུགས་ཀྱི་གནས་མཆོག་དམ་པ་འདིར། །མི་རབས་བཅུ་གསུམ་འདས་
པའི་འོག་རོལ་ཏུ། །ང་ཉིད་དངོས་སུ་གདན་ས་འདི་རུ་ཡོང་། །ཁྱོད་ཀྱང་དེ་དུས་སློབ་མའི་གཙོ་བོར་འགྱུར། །ཟབ་མོ་ནཱ་རོའི་ཆོས་དྲུག་བསྟན་པ་སྤེལ། །ཞེས་གསུངས་པ་བཞིན་དུ་སྐྱོ་བྲག་ཆོས་རྗེ་དངོས་བྱོན་འཇིགས་མེད་ཆོས་ཀྱི་སེང་གེའི་བརྒྱུད་འཛིན་སློབ་མའི་གཙོ་བོ་བཀའ་བརྒྱུད་བཀྲ་ཤིས་སྐུ་འཁྲུངས་ཡུལ་ལ་ཕྱི་གཉིས་པ་གནས་ཆེན་ཆབ་བྲག་དཀར་པོའི་མདུན་ལུང་ཆབ་བསྟི་ཁ། ཐབས་ཤེས་ཀྱི་རང་བྱོན་བཀྲ་བའི་ཞོལ། ཡབ་མེས་ཀྱི་མཚེར་ས་གྲོ་ཡུ་འགྱིང་ཁུག་དེར། གདུང་རུས་ཆབ་བསྟི་ལྷ་བཟོ་ཡིན་ཞིང་། ཡབ་ལྷ་བཟོ་རྒྱལ་སྐྱིད་དང་། ཡུམ་ཕྱག་མཛོད་བཟའ་དགེ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ཡོས་ལོར་བཀྲ་ཤིས་ཤིང་ངོ་མཚར་བའི་ལྟས་བཟང་པོ་བཅས་སྐུ་བལྟམས། ཆུང་ནས་དམ་པའི་སྐྱེས་བུའི་ངང་ཚུལ་དང་ལྡན་ཞིང་། ཀློག་སློབ་པ། བྲིས་འབྲི་བ་སོགས་ཚེགས་མེད་ཀྱིས་མཁྱེན་པར་གྱུར། གདན་ས་འདིར་སྐྱོ་བྲག་གསལ་བསྟན་དུང་གསུམ་མདུན་གཙུག་ཕུད་ཕུལ་ཞིང་འཚོགས་སུ་ཞུགས། དེ་ནས་གོང་གི་ལུང་བསྟན་ལྟར་སྐྱེ་སྔོན་བླ་སློབ་བཟང་པོའི་འབྲེལ་བའི་ལས་སྨོན་ལ་བརྟེན། ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེའི་ཞལ་མཇལ་བའི་མོད་ལ་སྔོན་གྱི་ལས་འཕྲོ་སད། ཐུན་མོང་མ་ཡིན་པའི་དད་
གུས་ཀྱིས་ཞབས་པད་ཡུན་དུ་བསྟེན་ཅིང་། ཐོས་སྒོམ་སྟབས་གཅིག་གིས་ཉམས་བཞེས་མཛད། ཁྱད་པར་རྒྱལ་བ་འབའ་རོམ་པའི་ཆོས་བསྐོར་ལ་དད་མོས་ཆེ་བ་དང་། སྔོན་ལས་སད་སྟོབས་ཀྱིས་བླ་མ་ལ་ཞུ་བསྐུལ་ཕུལ་བ་དང་། བླ་མས་ཀྱང་རྟེན་འབྲེལ་དུས་བབས་མཁྱེན་ནས་འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་གསོའི་མཛད་བཟང་གནང་བ་ལ་བརྟེན་ནས་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་བསྐོར་བཞུགས་པ་རྣམས་འཚོལ་བསྡུད་དང་། ལྷག་པར་ཉེ་བརྒྱུད་ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མས་ཡེ་ཤེས་ཀྱི་སྐུ་ཡིས་རྗེས་སུ་བཟུང་བའི་ཐབས་གྲོལ་གྱི་གདམས་པ་ཁྱད་པར་ཅན་སོགས་བཀའ་དྲིན་བསྩལ་བའི་དབང་ཁྲིད་ལུང་རྣམས་ཉམས་བཞེས་ཚད་ལྡན་གནང་བས་མཆོག་གི་དངོས་གྲུབ་བརྙེས། དག་སྣང་གི་ཞལ་གཟིགས་མང་། གྲུབ་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པ་བཞུགས་ཀྱང་རྟག་པར་དམན་ས་བཟུང་བའི་སྟབས་ཀྱིས་རྣམ་ཐར་འབྲི་བ་སོགས་མེད་ཀྱང་། ཉམས་མགུར་གྱི་ཟིན་བྲིས་ལས་རྨི་ལམ་བཟུང་ནས་ཟླ་བ་ཞོན་ནས་གླིང་བཞི་བསྐོར་ཞིང་ལྟད་མོ་མཐོང་བ་དང་། རྒྱ་མཚོའི་ནང་དུ་སྐུ་ལུས་རྣམ་སྣང་གི་ཆོས་བདུན་མཛད་ནས་མཉམ་བཞག་དང་། རླུང་ཁུག་རེ་ལ་ཉིན་ཞག་
ཕྲུགས་གཅིག་ཏུ་བཞུགས་པ་ལན་མང་མཛད། གཡང་ལ་མཆོང་ཞིང་རི་བྲག་ཐམས་ཅད་ལ་ཤེས་པ་བསྲེས་ཏེ་རི་འགུལ་ཞིང་གཡོ་བ་དང་། ཤིང་ཐམས་ཅད་བསྒུལ་བསྐྱོད་སོགས་གང་འདོད་དུ་བསྒྱུར་བ་དང་། ཡང་ཉིང་འཁྲུལ་སྐབས་སྔོན་གྱི་ཐུགས་བག་ཕྱག་ན་རྡོ་རྗེ་ཡིན་སྙམ་ཁྲོ་ཆས་ཕྱག་མཚན་སོགས་གསལ་བར་གྱུར་ཅིང་འཁོར་རྣམས་ལ་ལྟ་བའི་མགུར་གསུངས་པདང་། ཌོམྦྷི་ཧེ་རུ་ཀ་ཡིན་སྙམ་སྟག་ལ་ཞོན་ནས་ནམ་མཁར་བགྲོད་ཅིང་སྤྱོད་ལམ་ཡང་དེ་ལྟར་མཛད་པའི་རྗེས་དྲན་དང་ཉམས་མགུར་གསུངས་པ། ཡང་ནམ་མཁར་འཕུར་ཏེ་རི་ཡི་རྩེ་མོར་བབ་པས་ཤར་ཕྱོགས་བླ་མ་བཞུགས་པའི་ས་ཕྱོགས་མཐོང་བས་ཡིད་སྐྱོ་ཞིང་མོས་གུས་ཆེར་སྐྱེས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་སྐུ་མཁར་གྱི་རི་རྩེ་ནས་སྤྲིན་དཀར་པོ་ལིང་ངེ་འདུག་པའི་སྣེ་དར་ཡུག་བརྐྱངས་པ་ལྟ་བུའི་ལམ་ནས་རྗེ་དེ་ཉིད་སེང་གེ་དཀར་མོ་སྲབ་མེད་པ་ཞིག་ལ་ཆིབས་ནས་སྟེང་གི་ནམ་མཁར་བྱོན་པ་དང་མཇལ་བས་སྐུ་ཡི་དཀྱིལ་འཁོར་ལས་དབང་བཞི་ཆིག་རྫོགས་སུ་བླངས་པའི་མཐར་སེམས་ཀྱི་ངོ་བོ་རིག་སྟོང་རྗེན་པར་བུད་པའི་ཉམས་ངོ་མཚར་བ་སོགས་མང་དུ་བཞུགས་པ་ལས་ཟུར་ཙམ་བཀོད་པའོ། །རྗེ་འདིས་སྤོང་ཀློག་འཁོར་ལོ་གསུམ་གྱིས་སྒྲུབ་
བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་ལས་སྤོང་བ་བསམ་གཏན་ནི་སྐུ་ཚེ་ཧྲིལ་པོར་སྒྲུབ་པ་ཉམས་བཞེས་དང་། འཁོར་སློབ་སྒྲུབ་སྡེ་རི་ཁྲོད་རྣམས་ལ་ཐབས་གྲོལ་གྱི་གདམས་པས་སྨིན་པར་མཛད་པའོ། །ཀློག་པ་ཐོས་བསམ་ནི་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་ཤིང་མཁྱེན་པར་གྱུར། ཁྱད་པར་གདན་ས་འདིར་བཤད་གྲྭ་དང་དབྱར་གནས་སོགས་ལ་རྒྱབ་སྐྱོར་་དང་། རྟེན་བཞེངས་ཀྱི་ཐུགས་ཁུར་ལྷོད་མེད་གནང་བས་ལས་མཐའ་རྒྱས་སུ་གྲུབ། བྱ་བ་ལས་ཀྱི་འཁོར་ལོ་ནི་བསྟན་གཞི་གཙུག་ལག་ཁང་དང་བསྟན་རྩ་དགེ་འདུན་སྡེ། ཁྱད་པར་སྒྲུབ་སྡེ་ཁག་རྣམས་དང་། ལ་ཕྱི་གཉིས་པ་གནས་ཆེན་ཆབ་བྲག་དཀར་པོའི་རི་མགུལ་ཆབ་བསྟི་གསེར་ཕུག་རི་ཁྲོད་དང་ཆབ་བསྟི་སྒོམ་གྲྭ། རྨེ་ཐི་མཁའ་སྤྱོད་བཙུན་དགོན་སོགས་རྟེན་གཞི་གསར་འཛུགས་དང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཁྱད་པར་ཅན་གྲངས་མང་། དཔེར་མཚོན་པད་སྡོང་སྒྲུབ་སྡེའི་འབའ་རོམ་གསེར་ཕྲེང་བཀའ་བརྒྱུད་བཀྲ་ཤིས་ཕྱག་བཟོ་རྣམས་ཀྱིས་ཀརྨ་པ་དང་སི་ཏུ་སྒྲུབ་སྡེར་ཕེབས་སྐབས་དབུ་ཞྭ་ཕུད་མཛད་པ་སྒྲུབ་སྡེ་ན་རིམ་གྱིས་ཤེས་གསལ་ལྟ་བུའོ། །བརྒྱུད་འཛིན་གྱི་སློབ་ཚོགས་རིམ་གཉིས་ཀྱི་རྣལ་འབྱོར་ཕོ་མོ་གྲངས་མང་བྱོན་པའི་ནང་ནས་
ཁྱད་པར་ཐུགས་ཀྱི་སྲས་མཆོག་ཕྲིན་ལས་སྤེལ་བའི་བྱེད་པོ་ཀརྨ་བློ་གྲོས་མཐར་ཕྱིན་ནམ་རྣལ་འབྱོར་གསང་མཚན་འཇིགས་བྲལ་དབང་པོའོ། །སྤྱིར་བཀའ་བརྒྱུད་ཀྱི་བསྟན་པ་དགོས་སྒྲུབ་བརྒྱུད་རྒྱལ་བ་འབའ་རོམ་པའི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་གནང་བའི་མཛད་རྗེས་རླབས་ཆེ་ལ། རྒྱུན་འཇགས་པ། དོན་འབྲས་བཟང་པོ་འབྱུང་བའི་རྒྱུ་མཚན་དེར་བརྟེན་བཀའ་དྲིན་རྗེས་སུ་དྲན་པ་དང་། ཐབས་གྲོལ་གྱི་ཉམས་ལེན་སློད་མེད་མཛད་པས་དྲོད་རྟགས་ཡོན་ཏན་མྱུར་དུ་སྐྱེ་བ་ཀུན་གྱི་མཐོང་ཆོས་སུ་གྱུར་པ་འདི་ཉིད་དོ། །དམ་པ་དེ་ཉིད་ཀྱི་རྡོ་རྗེའི་གླུ་མཛོད་དཔག་མེད་བཞུགས་པའི་ནང་ནས་ཕྱག་རྒྱ་ཆེན་པོའི་ལམ་གླུ་རྐང་དྲུག་གཞོན་ནུའི་སྙན་དབྱངས་བཞུགས་སོ། །ན་མོ་གུ་རུ། དཔལ་དྲུག་པའི་བདག་ཉིད་རྡོ་རྗེ་འཆང་། །ཕ་ཆོས་ཀྱི་སེང་གེའི་ཞབས་ལ་འདུད། །ཚུར་གསོན་དང་སྐལ་ལྡན་སྙིང་གི་བུ། །བདག་ཆོས་ལྟར་བཅོས་པའི་བསམ་གཏན་པ། །ཕྱི་ཐོས་བསམ་གྱི་མཐའ་རྒྱ་མི་ཆེ་ཞིང་། །ནང་དབུ་མའི་རྩ་མདུད་མ་གྲོལ་བས། །སྐྱེ་མེད་ཀྱི་རྒྱང་གླུ་ལེན་མི་ནུས། །སོ་སྐྱེ་ཡི་རྣམ་རྟོག་རྩིས་གདབ་ལ། །ས་ལམ་གྱི་རྣམ་པར་བཞག་པ་སོགས། །མི་ཤེས་
རྟོགས་ལྡན་གྱི་མིང་མེད་ཀྱང་། །ཚེ་སྔོན་སྨོན་ལམ་གྱི་འབྲེལ་བ་ཡིས། །རྗེ་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་མཇལ། །མི་ང་རང་ངན་ཏེ་བླ་མ་བཟང་། །རྒྱུད་བརྩོན་འགྲུས་ཞན་ཀྱང་གདམས་ངག་ཟབ། །ལས་འཕྲོ་རྣམ་དཀར་ཆོས་ལ་སད། །ཆུང་ནས་དབེན་པའི་རི་སུལ་འགྲིམས། །ལམ་ཐབས་གྲོལ་གཉིས་ལ་མོས་སྒོམ་བྱས། །མི་གཞན་ཕྱོགས་མགུ་བ་ཆེར་དཀའ་ཡང་། །ཕོ་རང་ཁྲེལ་འདེབས་དགོས་ཅུང་ཟད་དབེན། །དོན་རང་ངོ་ཤེས་ཙམ་གྱི་ཉམས་མྱོང་ཡོད། །རྟག་ཆད་དང་སྒྲོ་སྐུར་མཐའ་བྲལ་བའི། །གཞི་ཕྱག་ཆེན་ལྟ་བའི་གནས་ལུགས་གོ། །ཡིད་བྱེད་དང་འཛིན་རྟོག་མ་ཞུགས་པའི། །ལམ་ཕྱག་ཆེན་གྱི་མྱོང་བ་འཁྲུལ་མེད་སྐྱེས། །ཆོས་གཞི་རྫོགས་གཉུག་མ་རང་སར་གནས། །འབྲས་ཕྱག་ཆེན་ལྷུན་གྲུབ་རང་གྲོལ་སྙོམས། །ཕ་བཀའ་བརྒྱུད་ཀྱི་རྒྱལ་ས་འཛིན་འདོད་ན། །སྐུ་
བསོད་དང་སྙན་གྲགས་ལ་མ་བལྟོས་པར། །བརྒྱུད་ལྡན་གྱི་བླ་མ་ཉམས་མྱོང་ཅན། །འབྲལ་མེད་ཀྱིས་ཚངས་པའི་རྒྱན་དུ་བཀོད། །དེ་སངས་རྒྱས་དངོས་སུ་ཐག་བཅད་ནས། །མོས་གུས་ཀྱི་ཤུགས་བསྐྱེད་གསོལ་བཏབ་ན། །གནས་ལུགས་ཀྱི་རང་ཞལ་མཇལ་བར་ངེས། །སེམས་ཕྱག་རྒྱ་ཆེ་ཞེས་གཡེར་པོ་ཆེ། །དོན་རང་སྐྱེས་རྣམ་རྟོག་སོ་མ་འདི། །ཆོས་སྐུ་ཉིད་ཡིན་པར་ཙིར་གྱིས་ཟུངས། །དུས་གསུམ་གྱི་འཁྲུལ་པས་མ་བསླད་པར། །རང་བབས་ཀྱི་ངང་དུ་སྐྱོང་ཤེས་ན། །ཉོན་མོངས་པའི་རྟོག་ཚོགས་ཀུན་ཞི་ནས། །ཡིད་དགེ་བའི་ངོ་བོར་རྩེ་གཅིག་གནས། །འདི་རྩོལ་བཅས་ཀྱི་དྲན་པས་བསྐྱང་བྱས་ན། །བདེ་གསལ་མི་རྟོག་པའི་ཉམས་ཤར་ནས། །ཉིན་མཚན་འཁོར་ཡུག་ཏུ་འགྲོ་སྙམ་བྱེད། །དེ་རྣལ་འབྱོར་གྱི་རིམ་པ་དང་པོ་ཡིན། །བལྟ་བྱ་ཡི་ཡུལ་ལ་མི་ཞེན་པར། །ལྟ་བྱེད་ཀྱི་མཁན་
པོར་བལྟས་ཙ་ན། །གཉིས་འཛིན་གྱི་རྟོག་པ་རང་སར་གྲོལ། །བརྗོད་མེད་ཀྱི་ངོ་བོ་ལྷག་གིས་མཐོང་། འདི་རྩོལ་མེད་དྲན་པས་བསྐྱང་བྱས་ན། །བསྒོམ་བྱ་དང་སྒོམ་བྱེད་ཀྱི་སྤྲོས་པ་བྲལ། །ཐ་མལ་གྱི་ཤེས་པ་རྗེན་ནེར་མཐོང་། །དེ་རྣལ་འབྱོར་གྱི་རིམ་པ་གཉིས་པ་ཡིན། །ཕྱི་ཚོགས་དྲུག་གི་སྣང་བར་མ་ཞེན་ཅིང་། །ནང་འཛིན་པའི་སེམས་ཀྱིས་མ་བཅིངས་པ། །སྣང་སེམས་གཉིས་མེད་ཀྱི་ཉམས་མྱོང་འདི། །རྣལ་འབྱོར་གྱི་རིམ་པ་གསུམ་པ་ཡིན། །སྒོམ་མ་སྒོམ་གྱི་ཐ་སྙད་དང་བྲལ་ཞིང་། །མཉམ་བཞག་དང་རྗེས་ཐོབ་གཅིག་ཏུ་འདྲེས། །ཉིན་མཚན་གྱི་འཁྲུལ་པ་རང་སར་དག །དེ་རྣལ་འབྱོར་གྱི་རིམ་པ་བཞི་པ་ཡིན། །ལར་གང་ཟག་བློ་ཡི་ཁྱད་པར་གྱིས། །འདོད་ལུགས་དང་རྟོགས་ལུགས་སྣ་ཚོགས་ཡོད། །མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ནུས། །བོག་འདོན་དུ་བླ་མའི་མོས་གུས་
ཟབ། །གེགས་སེལ་དུ་འཆི་བ་མི་རྟག་བསྒོམ། །སྤྱོད་ལམ་དུ་མི་མེད་ལུང་སྟོང་འདུག །ཚེ་འདི་ལ་བྱས་པ་དོན་ལྡན་མཛོད། །འདི་རང་གི་རྟོགས་ཆོས་མ་ལགས་ཀྱང་། །ཁྱེད་ངོ་ཆེའི་དཔྲལ་བ་མི་ལྡོག་ཕྱིར། །ཁོང་གོང་མའི་གསུང་གི་བསྐྱར་ཟློས་བྱས། །དོན་རང་གཞན་ཀུན་གྱིས་རྟོགས་པར་ཤོག །ཅེས་གསང་བ་ལུས་མེད་རྡོ་རྗེའི་གདུང་འཛིན་འཁྲུལ་མེད་ཚང་གསར་གྱི་བླ་མ་རྡོ་རྗེ་འཛིན་པ་བསྟན་འཛིན་མཚན་ཅན་གྱི་ཐུགས་བཞེད་བཞིན་རྗེ་འབའ་རོམ་པའི་རྗེས་སུ་སློབ་པའི་སྙོམས་ལས་ཅན་ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་ལ་ཕྱི་གཉིས་པ་ཆབ་བསྟི་གསེར་ཕུག་ཏུ་གང་ཤར་སུག་བྲིས་སུ་བསྟར་བའི་དགེ་བས་མཐོང་ཐོས་དྲན་རེག་གི་མ་རྒན་སེམས་ཅན་ཀུན་གྱི་སྙིང་ལ་ཕྱག་རྒྱ་ཆེན་པོ་རྟོགས་པའི་རྒྱུར་གྱུར་ཅིག །བྷ་ཝནྟུ། ༈ ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། ཕ་དྭགས་པོ་བཀའ་བརྒྱུད་ཀྱི་དགོངས་པའི་བཅུད། །ཆོས་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ། །སངས་རྒྱས་དང་སེམས་ཅན་རིས་སུ་མེད། །བདེ་གཤེགས་ཀྱི་སྙིང་པོས་ཀུན་ལ་ཁྱབ། །གནས་ཚུལ་ལ་བསམ་ན་སྤྲོ་བ་སྐྱེས། །སེམས་ཅན་ཀུན་བདག་འཛིན་རྟོག་པས་
བསླུས། །འཁྲུལ་ཚུལ་འདི་བསམ་ན་ཡི་མུག་ལྡང་། །རྗེ་བླ་མས་རིག་པའི་རང་ངོ་སྤྲད། །གྲོལ་ལུགས་ལ་བསམ་ན་ངོ་མཚར་སྐྱེས། །སངས་རྒྱས་ཉག་གཅིག་ཏུ་སྐད་པ་དེ། །རྒྱང་རིང་དུ་མི་འདུག་དྲུང་ན་གདའ། །དུས་ད་ལྟའི་ཤེས་པ་རྗེན་པ་འདི། །རང་བྱུང་གི་སངས་རྒྱས་ཡིན་པ་ལ། །ཡང་སངས་ཤིག་རྒྱ་རྒྱུ་ཡོད་མ་སྙམ། །རྗེ་ཏི་ཤྲི་རས་པའི་བཀའ་བརྒྱུད་དང་། །ཕ་སྐྱོ་བྲག་ཆོས་རྗེའི་སློབ་བརྒྱུད་ལ། །ཉམས་ལེན་གྱི་མུ་གེ་ན་མ་མྱོང་། །ཡིན་སྙམ་དང་མིན་སྙམ་གྱི་དྲྭ་བ་ལ། །རིག་སྟོང་རྗེན་པ་འདི་འཐུམ་མ་མྱོང་། །བསྒོམ་བྱ་དང་སྒོམ་བྱེད་ཀྱི་འཛིན་སྟངས་ཀྱི། །སྲད་བུ་ཡིས་རང་རྒྱུད་བསྡམས་མ་མྱོང་། །ད་སླད་ནས་འབྱོན་པའི་བུ་སློབ་རྣམས། །ཉམས་མྱོང་ཞིག་སྙིང་ནས་སྐྱེས་པར་རེམས། །སྐྱེས་རྟགས་སུ་རང་རྒྱུད་གྲོལ་བ་གནད། །དོན་དེ་ཕྱིར་དྲན་སེམས་འབྲལ་མེད་བསྟེན། །
ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །གནད་གཅིག་ཏུ་དྲིལ་ནས་ཉམས་ལེན་གཅེས། །སེམས་གཉུག་མའི་རང་ས་ཟིན་པ་ན། །མཆོག་ཆོས་སྐུའི་གཏན་སྲིད་ཟིན་པ་ཡིན། །འབྲས་བུ་ལ་ཡིད་སྨོན་བྱ་མི་དགོས། །སེམས་སྤྲོ་བ་སྐྱེས་སམ་རྡོ་རྗེའི་མཆེད། །དེང་དུས་སྙིགས་མའི་མར་གཤམ་འདིར། །ཆོས་བརྗོད་བྲལ་ལྷན་ཅིག་སྐྱེས་པ་འདི། །ངས་རྟོགས་དང་ཁོས་རྟོགས་ཁས་ལེན་ཡང་། །ཡིད་བྱེད་ཀྱི་བློ་དང་བྲལ་བ་དཀོན། །བསྒོམ་འདོད་ཀྱི་རྩོལ་བ་ཡོད་ཀྱང་རུང་། །ཉམས་མྱོང་གི་སྤུ་རིས་མ་ཕྱེད་ན། །ཕྱོགས་ཙམ་ཞིག་གོ་བས་གྲོལ་མི་ཐུབ། །དོན་མ་མཐོང་བ་ལ་ཅི་ཆ་ཡོད། །ལྟ་བ་ཡི་ཕུ་ཐག་བཅད་པ་དང་། །ཉམས་ལེན་ལ་ཞུན་ཐར་ཡང་ཡང་མཛོད། །ཅེས་སྙིང་པོའི་དོན་ལ་མོས་པས་རྗེས་སུ་ཕྱོགས་པའི་ཚུལ་ཅུང་ཟད་འདི། བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་ལས་བྱུང་བའི་ངེས་ཤེས་ཀྱིས་ཐོལ་བྱུང་དུ་བརྗོད་པ་པོ་ཆོས་
ལྟར་བཅོས་པའི་འདུ་གསུམ་པ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་སྤེལ་བའོ། །
རྣལ་འབྱོར་དབང་པོའི་མཚན་ཅན།
༈ བརྟུལ་ཞུགས་གྲུབ་པའི་དཔའ་བོ་རྣལ་འབྱོར་དབང་པོའི་མཚན་ཅན་གང་ནི། སྐུ་འཁྲུངས་ཡུལ་སྡེ་དགེ་འཇོ་མདའ། ཡབ་མགར་བ་བུ་དགའ་དང་། ཡུམ་སྒྲོལ་མ་ལྷ་དཀར་གཉིས་ལ་སྲས་གསུམ་ཡོད་པའི་འབྲིང་བ་སྟེ་རབ་བྱུང་བཅོ་ལྔ་པའི་ས་བྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་བལྟམས་སོ། །དགུང་གྲངས་ལྔར་སོན་པ་ན་ཡབ་གཞིས་ཁམས་སྟོད་སྐྱོ་བྲག་ཏུ་སྐྱས་སྤོས། སྐྱབས་མཆོག་གསལ་བསྟན་དུང་གསུམ་མདུན་སྐྲ་ཕུད་ཕུལ་ནས་ཚོགས་གྲལ་དུ་ཞུགས། མཚན་ཀརྨ་བློ་གྲོས་མཐར་ཕྱིན་དུ་གསོལ། ཡི་གེ་འབྲི་ཀློག་དང་། ཆོ་ག་ཆོས་སྤྱོད། གར་ཐིག་དབྱངས་རོལ་སོགས་ཚེགས་ཆུང་ངུས་བྱང་བར་མཁྱེན། དགུང་གྲངས་བཅོ་ལྔ་ཐོག་དཔལ་སྤུངས་སུ་ཕེབས་ནས། ཉིད་ཀྱི་གཅེན་པོ་མཁས་བཙུན་བཟང་པོའི་དཔལ་མངའ་སྟོབས་བཅུ་རབ་རྒྱས་སོགས་བཤེས་གཉེན་དུ་མའི་སྤྱན་སྔར་མདོ་རྒྱུད་རིག་གནས་ཀུན་ལ་རྟག་འགྲུས་ཀྱིས་སྦྱངས་པས་སྐྱེས་སྦྱོར་གྱི་ཤེས་རབ་ཆེ་བར་གྲགས། དེ་ནས་རང་དགོན་གྱི་བླ་སྤྲུལ་སྒྲུབ་དཔོན་རྣམ་པའི་མདུན་ནས་ཀཾ་ཚང་གཙོར་གྱུར་པའི་སྨིན་གྲོལ་མནོས་ཏེ་པད་སྡོང་སྒྲུབ་སྡེར་མཐོང་བརྒྱུད་ལྟར་
བཅད་རྒྱ་མཐར་ཐོན་མཛད་པས་ཐབས་གྲོལ་ལམ་གྱི་དྲོད་རྟགས་མངོན་དུ་གྱུར། ཁྱད་པར་གྲུབ་མཆོག་ཀརྨ་མངྒ་ལའི་ཞབས་པད་གཙུག་ཏུ་བསྙེན་ཏེ་ཉེ་རིང་རྒྱུད་སྲོལ་ཀུན་འདུས་མཉམ་མེད་འབའ་རོམ་རང་ལུགས་ཀྱི་ཆོས་སྐོར་ཡོངས་རྫོགས་དང་། ཁྱད་པར་ཨ་མཁར་སྙན་བརྒྱུད། རྫོགས་ཆེན་དཀོན་སྤྱིའི་ཁྲིད་རྐང་ཆ་ཚང་གསན་ཞུས་ཐོག་སྒྲུབ་གནས་གདོང་ལ་ཀེའུ་ཚང་སོགས་སུ་ལོ་མང་ཡུན་རྩེ་གཅིག་ཉམས་བཞེས་མཛད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། རྩ་གསུམ་གྱི་བསྙེན་སྒྲུབ་གང་བྱས་དང་འབྲེལ་བའི་དག་སྣང་ཉམས་གཟིགས་འབྱམས་སུ་ཀླས། དབྱར་ཉི་ལྡོག་སྐབས་ཟླ་ཆུ་ཐོགས་མེད་དུ་བརྒལ་བ་ལན་མང་། བགྲོད་དཀའི་བྲག་གཡང་མཐོ་གཟར་གྱི་ངོགས་སུ་སྐྱིལ་ཀྲུང་བཅའ་བ་དང་། དེར་སྐྱེས་པའི་རྩྭ་ཤིང་ལ་བལ་ཚོན་འདེབས་པ། སྐུ་གཅེར་བུ་ཚེར་མའི་ཕུང་པོར་ཞུགས་ཀྱང་ཉམ་མི་ང་བ། རླུང་སྟོབས་ཀྱིས་གཙང་ཆབ་གྱེན་ལ་འདྲེན་པ་དང་། སྐྱེས་ཤིང་ཤུག་སྡོང་རྟོད་ཕུར་ལྟར་འདོན་པ། ཞག་ལམ་དྲོ་ཡུན་གྱིས་འཁོར་བ། སྡིགས་མཛུབ་གཏད་པས་རྦབ་རྡོ་གྱེན་ལ་ལྡོག་པ་དང་། བྱ་གོ་བོ་ནམ་མཁར་འཕུར་བ་སར་ལྷུང་བ། དུས་གསུམ་གྱི་ལེགས་ཉེས་བསླུ་མེད་དུ་སྟོན་པ། སྔོན་གྱི་སྐྱེས་རབས་རྗེས་སུ་དྲན་པ།
ཆོས་སྲུང་ལ་ཕྲིན་བཅོལ་གང་མཛད་ཐོགས་མེད་དུ་སྒྲུབ་པ་སོགས་གྲུབ་པའི་རྟགས་མཚན་བསམ་ལས་འདས། སྐྱོ་བྲག་བསྟན་བདག་རྣམ་གསུམ་གྱི་སྐུ་རིམ་གནད་སྨིན་དང་། སྲུང་འཁོར་བྱད་མ་འབུམ་ཐུབ་གནང་། ལྷག་པར་སྐྱབས་རྗེ་གསལ་བྱེད་རིན་པོ་ཆེ་སྐུ་ཚེ་དང་མཛད་ཕྲིན་མཐར་སོན་པའི་ལུང་བསྟན་པ་མངོན་དུ་གྱུར། བར་སྐབས་རྣམས་སུ་དབུས་གཙང་ཁམས་ཀྱི་གནས་དགོན་རྟེན་མཇལ་དང་སྒྲུབ་འབྲེལ་ཐུགས་སྨོན་ཟབ་རྒྱས་གྲུབ། དེ་ནས་རྩ་བའི་བླ་མ་བཀའ་བརྒྱུད་བཀྲ་ཤིས་ཀྱི་ཞལ་སྔ་ནས་འགྲོ་དོན་དུས་བབ་ཀྱི་ལུང་བསྟན་བསྩལ་དོན་ལྟར། སྐྱོ་བྲག་དབུ་རྩེ། སེང་རྫོང་སྒྲུབ་ཕུག །ཚང་གསར་དང་སྐྱོ་བྲག་གི་སྒྲུབ་སྡེ། གདོང་ལ་ཀེའུ་ཚང་གི་དབེན་ཁྲོད་སོགས་སུ་སྐལ་ལྡན་ཆོས་མཛད་རྣམས་ལ་སྨིན་གྲོལ་སྙན་བརྒྱུད་ཀྱི་གདམས་པ་སྩལ་བས་ཐབས་གྲོལ་གྱི་ལམ་ལ་རང་བྱན་ཆུད་པའི་སློབ་ཚོགས་མང་དུ་བྱོན་པའི་ནང་ནས། བརྒྱུད་འཛིན་ཐུགས་ཀྱི་སྲས་མཆོག་འཇམ་དབྱངས་བློ་གྲོས་རིན་ཆེན་དང་དུང་དཀར་སྐུ་ཕྲེང་བདུན་པ། བླ་མ་ཡེ་ཤེས་རབ་རྒྱས། བླ་མ་ཡེ་ཤེས་རྒྱལ་མཚན། བླ་མ་ཡེ་ཤེས་རྒྱ་མཚོ་སྟེ་ཡེ་ཤེས་རྣམ་གསུམ། མྱུ་རུ་ཚུལ་ཁྲིམས་རབ་བརྟན། ཀེ་ཚ་དགེ་ལེགས། ཀརྨ་ལྷ་བཟང་། ཀུན་
དགའ་ནོར་བཟང་སོགས་བསྟན་འཛིན་གྱི་སྐྱེས་བུ་རིག་འཛིན་ཕོ་མོ་དུ་མ་བྱུང་། ཁྱད་པར་ཡི་དམ་གྱིས་ལུང་བསྟན་པའི་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རིགས་སྲས་མཆོག་ལ་ཨ་མཁར་སྙན་བརྒྱུད་གནང་ཞིང་བསྟན་ལ་སྨིན་པར་འབྱུང་ཞེས་ལུང་བསྟན། མཐར་དགུང་གྲངས་བརྒྱད་ཅུར་སོན་པ་མེ་རྟ་ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། དེའི་ཚེ་ངོ་མཚར་བའི་ལྟས་སྣང་གདུལ་བྱ་སོ་སོར་ངེས་དང་མ་ངེས་སྣ་ཚོགས་སུ་བྱུང་བས་ཀུན་ཀྱང་ཆེས་དད་ཅིང་གུས་པས་ཐར་པའི་ས་བོན་རྒྱུད་ལ་བཞག་པར་མཛད་དོ། །དམ་པ་དེ་ཉིད་ཀྱི་ཉམས་མགུར་ནི། དཔལ་འཇིགས་མེད་ཆོས་ཀྱི་སེང་གེ་དང་། །རྗེ་བླ་མ་དམ་པའི་ཞབས་ལ་འདུད། །སེམས་ཕྱག་རྒྱ་ཆེན་པོ་སྐད་པ་དེ། །དོན་རང་རིག་རང་གསལ་གྱི་ཤེས་པ་ལས། །ངས་གཞན་ཞིག་འཚོལ་རྒྱུ་ཡེ་མ་རྙེད། །སྣང་ཆ་འགགས་མེད་ཀྱི་ཚོགས་དྲུག་འདི། །སྣང་སྟོང་ཟུང་འཇུག་གི་དོན་ཤེས་ན། །དེ་ཐམས་ཅད་ཆོས་སྐུའི་ཡོ་ལང་ལས། །སྤང་གཉེན་དང་དགག་སྒྲུབ་བྲལ་ལམ་སྙམ། །ལར་དེ་སྔོན་གོ་ཡུལ་རྗེ་ཡི་དྲན། །ད་དུང་རྒྱབ་སྐྱོར་གྱི་གདམས་པ་ཞུ། །ཞེས་ཕུལ་བའོ། ༈ །རིགས་
དཀྱིལ་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ལ་གདུང་དབྱངས་ཀྱིས་གསོལ་བ་འདེབས་པ་ནི། རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །དོན་དབྱེར་མེད་དཔལ་ལྡན་བླ་མ་ལ། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་ཐུགས་རྗེས་གཟིགས་ཤིག་བཀའ་དྲིན་ཅན། །དུས་བརྒལ་དཀའ་སྲིད་པའི་བཙོན་ར་འདིར། །ལྔ་བདོ་སྡུག་བསྔལ་གྱིས་བར་མེད་མནར། །འདི་ཤེས་ཤིང་སྐྱོ་ཤས་ངེས་འབྱུང་བསྐུལ། །བློ་དབང་མེད་ཆོས་སུ་འགྲོ་བར་མཛོད། །མཁའ་ཁྱབ་ཀྱི་ཚེ་རབས་ཕ་མ་རྣམས། །ངན་སོང་གི་སྡུག་བསྔལ་ཡ་རེ་ང་། །བྱམས་སྙིང་རྗེས་དྲིན་ལན་ཆོས་ཀྱིས་འཇལ། །ཆོས་བྱས་ཚད་བྱང་ཆུབ་འགྲོ་བར་མཛོད། །སེམས་ལྷན་སྐྱེས་རང་ངོ་སྐྱོང་བའི་ཚེ། །ཕྱི་སྣང་ཚད་སྒྱུ་མའི་ངོ་བོར་ཤེས། །ནང་འཛིན་ཞེན་སྦྲུལ་མདུད་ནམ་མཁར་གྲོལ། །དོན་རྩ་བྲལ་ཤེས་པར་བྱིན་གྱིས་
རློབས། །གཞི་ལམ་འབྲས་ཕྱག་ཆེན་གནད་དུ་ཁེལ། །ལམ་འཁོར་འདས་གཉུག་མའི་གཤིས་ལ་དག །ཡེ་གྲོལ་གྱི་ཡེ་ཤེས་རང་ས་ཟིན། །རྗེ་ཁྱེད་དང་དབྱེར་མེད་བྱིན་གྱིས་རློབས། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །འགྲོ་ཀུན་གྱི་ན་ཚ་སྡུག་བསྔལ་སོགས། །བཟོད་དཀའ་བ་བདག་གི་གྲོགས་སུ་བླང་། །མ་འགྲོ་འདྲེན་རྒྱལ་སྲས་དམ་པར་ཤོག །ཕ་བླ་མ་དམ་པའི་བཀའ་དྲིན་གྱིས། །བདག་ན་དགའ་ཤི་སྐྱིད་གྲོགས་སུ་ཤར། །གུ་ཡངས་ཀྱི་རྣལ་འབྱོར་བློ་རེ་བདེ། །སྣང་སྲིད་འདི་ཆོས་སྐུར་འཆར་བར་ཤོག །ཅེས་གསུངས་སོ། །
འཇམ་དབྱངས་བློ་གྲོས་རིན་ཆེན།
༈ འཇམ་དབྱངས་བློ་གྲོས་རིན་ཆེན་གྱི་རྣམ་ཐར་མདོར་བསྡུས་ནི། དེའང་སྐྱེས་རབས་ཉིད་ཀྱི་ཞལ་གསུང་ལས། གྲུབ་པའི་དབང་ཕྱུག་ཏིལ་རྡུང་གླིང་ཆེན་རས། །རྒྱལ་སྲས་ཚུལ་ཁྲིམས་སེང་གེ་དྲུང་རྨ་སེ། །ད་ལྟ་སྦས་ཚུལ་སྔགས་རིགས་གདོལ་སྤྱོད་འཆང་། །ལྷན་སྐྱེས་བདེ་བའི་རྡོ་རྗེར་གསོལ་བ་འདེབས། །ཞེས་གསུངས་
པ་ལྟར་དང་། རྗེ་དེ་ཉིད་སྐུ་འཁྲུངས་པའི་ཡུལ་ནི། ལྕི་ལུང་ས་ཡི་ཐིག་ལེ་འཛོམ་བུ་ཁ་ཞེས་པར། ཡབ་ཚང་གསར་དཔོན་བསྟན་འཛིན་རྣམ་རྒྱལ་དང་ཡུམ་ས་བཟའ་ནོར་གཡང་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་སྣྲོན་ཟླའི་གྲལ་ཚེས་དགེ་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཚན་དཔེའི་དཀྱིལ་འཁོར་བཞད། དགུང་གྲངས་གཉིས་ལ་སོན་སྐབས། དཔལ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ཁམས་ནང་ཆེན་ཕྱོགས་ལ་ཕེབས་སྐབས། འབའ་རོམ་དར་མ་དབང་ཕྱུག་གི་རྣམ་འཕྲུལ་ཡིན་པར་ཞལ་བཞེས་གནང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཚང་གསར་དགོན་གྱི་ཆོས་འཁོར་སྐུ་ཕྲེང་བཞི་པར་ངོས་འཛིན་མཛད། དགུང་གྲངས་བཞི་པའི་ཐོག་གདན་ས་དེ་ཉིད་དུ་བསྟན་འགྲོའི་སྤྱི་དཔལ་ཆེན་པོར་མངའ་གསོལ། སྐུ་ཆུང་ངུའི་དུས་ནས་སྙིང་རྗེ་ཆེ་ལ་ཐུགས་རྒྱུད་སྒམ་པ་སོགས་དམ་པའི་ངང་ཚུལ་དང་ལྡན་ཞིང་། སློབ་དཔོན་ཀརྨ་ཕྲིན་ལས་ནས་ཡི་གེ་འབྲི་ཀློག །ཆོས་སྤྱོད། བློ་ལེན། ཆོ་ག་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་སློབ་སྦྱོང་རྣམས་ཚེགས་མེད་དུ་མཁྱེན་པར་གྱུར། མཚན་ལྡན་གྱི་བླ་མ་འཇམ་མགོན་བློ་གྲོས་རབ་འཕེལ། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ། ཚང་གསར་འཆི་མེད་རྡོ་
རྗེ་སོགས་དམ་པའི་སྐྱེས་ཆེན་མང་པོའི་ཞབས་ལ་ཉེ་བར་གཏུགས་ནས། སུམ་རྟགས་དག་གསུམ། རྩིས། ས་རིས། གསོ་བ་རིག་པ་སོགས་རིག་གནས་སྤྱི་དང་། ཁྱད་པར་གཞུང་ལུགས་རྒྱ་མཚོ་ལྟ་བུ་གསན་བསམ་མཐར་ཕྱིན་པ་མཛད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་གསར་རྙིང་རེས་མེད་ཀྱི་བཀའ་ཆོས་མང་དུ་གསན། ཁྱད་པར་རང་ལུགས་བདེ་མགོན་གཉིས་གཙོས་རྒྱུན་མཁོའི་དབང་དང་རྗེས་གནང་སོགས་ཅི་རིགས་གསན། དིལ་ཡག་ཟླ་བཟང་ངེས་དོན་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་ལས་ཀརྨ་བཀའ་བརྒྱུད་ལུགས་ཀྱི་ཆོས་སྐོར་ཆ་ཚང་། སྡོམ་གསུམ་བདུད་རྩིའི་ཆུ་རྒྱུན་གྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད། དགུང་གྲངས་བཅོ་བརྒྱད་ཐོག་དབུས་ཕྱོགས་སུ་ཕེབས་ནས་གནས་ཆེན་རྣམས་དང་ཇོ་ཤཱཀ་རྣམ་གཉིས་སོགས་མཇལ་ཞིང་། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་རྣམས་ལས་མདོ་སྔགས་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་གསན་བཞེས་གནང་ཞིང་རང་དགོན་དུ་ཕེབས་སྐབས་བཀྲ་ཤིས་པའི་དགེ་མཚན་དུ་མ་མཐོང་སྣང་དུ་བྱུང་། དེ་ནས་སྐྱོ་བྲག་གནས་དགོན་དུ་ཐེངས་མང་བྱོན་ནས་གསལ་བསྟན་དུང་གསུམ་ལས་རང་ལུགས་ཀྱི་ཆོས་སྐོར་ཁ་ཤས་གསན་པ་དང་། ཁྱད་པར་གྲུབ་
དབང་ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཀྱི་ཞབས་པད་མཉེས་པ་གསུམ་གྱི་སྒོ་ནས་བསྙེན་ཏེ་སྨིན་གྲོལ་ཟབ་མོའི་གདམས་པ་རྣམས་འབད་པ་ཆེན་པོས་གསན་སྦྱང་མཛད། སྒྲུབ་སྡེ་གསར་འཛུགས་དང་སླད་ནས་བསྟན་པ་སྤེལ་དགོས་པའི་བཀའ་སློབ་གནང་བ་བཞིན་སྒྲུབ་གྲྭ་འཛུག་རྒྱུའི་དམ་བཅའ་ཕུལ། དོན་བརྒྱུད་འཕོ་བའི་དབང་བསྐུར་ཞུས་ནས་དགོངས་ཀློང་གཅིག་ཏུ་གྱུར། སླར་ཡང་གཉན་ས་རི་འགྲིམ་ལྟ་བུའི་མདོ་སྟོད་དང་། དབུས་ཕྱོགས་ཀྱི་གནས་སྐོར་དང་འབྲེལ་སྒྲུབ་པ་མཛད། བྱང་འབའ་རོམ་གྱི་གདན་སར་བྱོན་སྐབས་གནས་བདག་རྣམས་ཀྱིས་བསུ་བའི་ཉམས་སྣང་བྱུང་ཞིང་གསོལ་མཆོད་ཀྱང་མཛད། བྲག་དམར་རྫོང་ཆེན་དང་། རྫ་རིན་ཆེན་སྤུངས་པ་རྣམས་སུ་ཕེབས། ཆོས་རྗེ་དར་མ་དབང་ཕྱུག་དག་སྣང་གིས་དགྱེས་ཞལ་མཇལ་ཞིང་གསོལ་འདེབས་ཕུལ། བྱ་བ་ལས་ཀྱི་འཁོར་ལོའི་བསྟན་པ་འཛིན་པའི་རྟེན་གཞི་རྣམ་རྒྱལ་བཀྲ་ཤིས་ལྷ་རྩེ་གསར་འདེབས་མཛད་སྟེ། འདུ་ཁང་དང་། དུང་འཁོར། བླ་བྲང་། སྤར་ཁང་སོགས་ལེགས་པར་བཞེངས་པ་དང་བསྟན་རྩ་དགེ་འདུན་གྱི་སྡེ་གོང་འཕེལ་གནང་། དཔལ་ལྡན་འབའ་རོམ་པའི་སྙན་བརྒྱུད་འཛིན་པའི་སྒྲུབ་སྡེ་ཐེག་མཆོག་གླིང་གཙོར་བྱས་སྒྲུབ་སྡེ་ཁག་བཞི་
གསར་འཛུགས་གནང་། གསུང་རྟེན་ལ་འབའ་རོམ་ཆོས་སྐོར་ལྡེབ་གྲངས་སྟོང་ཕྲག་བདུན་ལྷག་ཙམ་ཤིང་པར་བཞེངས། ཁྱུང་སྤྲུལ་རིན་པོ་ཆེས་སྒྲུབ་བརྒྱུད་འབའ་རོམ་པའི་རིང་ལུགས་འཛིན་སྐྱོང་སྤེལ་བའི་བཀའ་ལུང་གིས་མངའ་གསོལ་གཟེངས་བསྟོད་དང་འབྲེལ་འཇམ་དབྱངས་བློ་གྲོས་རིན་ཆེན་ཞེས་མཚན་གསོལ་ཏེ་འཆད་རྩོད་རྩོམ་གསུམ་གྱི་བཀའ་བབ། ཁྱད་པར་དཔལ་ལྡན་འབའ་རོམ་པའི་ཐབས་གྲོལ་གསང་བའི་སྙན་བརྒྱུད་བསྟན་པའི་སྙིང་པོར་གཟིགས་ཤིང་སྔོན་སྨོན་ཐུགས་བསྐྱེད་བཟང་པོའི་མཐུ་ལ་བརྟེན་ནས་སྒྲུབ་དཔོན་གདན་འདྲེན་དུ་སྐྱོ་བྲག་དབུ་རྩེར་ཕེབས་ལམ་ནས་རྟེན་འབྲེལ་ཤིན་ཏུ་ལེགས་ཤིང་། ཐུགས་སྤྲོ་བའི་ངང་ནས་དབུ་རྩེ་སེང་ཧ་རྫོང་གི་སྒྲུབ་ཕུག་ཏུ་བྱོན་པས། བཀའ་བརྒྱུད་བཀྲ་ཤིས་ཀྱི་ཐུགས་ཀྱི་སྲས་མཆོག་སྦས་པའི་རྣལ་འབྱོར་སྡེ་གསར་དབང་དགའ་རིན་པོ་ཆེ་ཞལ་མཇལ་མ་ཐག་བཟོད་མེད་ཀྱི་མོས་གུས་འབར་ཞིང་། ཐུགས་དགྱེས་སྤྲོ་ཚད་མེད་པའི་ངང་མཇལ་དར་ཕུལ་ཞིང་ཁོང་གི་དགོངས་གཞི་དང་། དགོས་དབང་ཞིབ་བཀྲོལ་གྱི་ཞུ་བ་ཕུལ་ནས་གདན་དྲངས། བླ་སློབ་ལྷན་དུ་སྒྲུབ་སྡེའི་བསྙེན་སྒྲུབ་དང་། ཐབས་གྲོལ་གྱི་གདམས་པའི་དམར་ཁྲིད་ཕྱག་ལེན་དང་བཅས་པའི་ཞུན་མཐར་ཕྲ་
ཞིང་ཞིབ་པར་བཅད་དེ་གསང་བའི་མན་ངག་དང་། ཐུགས་རྒྱུད་ཀྱི་ཉམས་རྟོགས་སོགས་བུམ་པ་གང་བྱོ་ལྟར་དགོངས་ཀློང་གཅིག་འདྲེས་སུ་གྱུར་པའོ། །དག་སྣང་ཞལ་གཟིགས་སྐོར་རྟེན་འབྲེལ་ཙམ་ཞིག་སྨོས་ན། ཟབ་དོན་དགོངས་པའི་བཅུད་ཧཱུྃ་ནག་སྙིང་ཐིག་རྩ་བ་དང་ཡན་ལག་གི་སྐོར་དང་། གཞན་ཡང་བཀའ་གཏེར་གྱི་གདམས་པ་མང་དུ་སྩལ་བ་དང་། དངོས་ཉམས་རྨི་ལམ་དུ་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་དང་། གུ་རུ་མཚན་བརྒྱད། རྒྱལ་བ་འབའ་རོམ་པ། སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ལྷན་སྐྱེས་ཡབ་ཡུམ་གྱི་སྐུར་བཞེངས་པ། ཀརྨ་པ་བདུད་འདུལ་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་རབ་འཕེལ། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ་རྣམས་དང་། ཁྱད་པར་འབའ་རོམ་པའི་གསེར་ཆོས་ཐབས་གྲོལ་གྱི་གདམས་པ་རྣམས། ཉེ་བརྒྱུད་ཀྱི་བླ་མ། ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཡབ་སྲས་སོགས་དང་། ཤངས་ཀྱི་རྒོད་ཚང་ཡང་དབེན་རི་ཁྲོད་དུ་གཅིག་པུར་བཞུགས་སྐབས། ཕྱོགས་མཚམས་འོད་ཀྱི་ཀློང་ནས་སྟེང་གི་ཆ་ལ་དགའ་རབ་རྡོ་རྗེ་ཧཱུྃ་ཆེན་ཀ་ར། པདྨ་བཛྲ། རྗེ་འབངས་ཉེར་ལྔ། གཏེར་བཏོན་བརྒྱ་རྩ་སོགས་རིག་འཛིན་བླ་མའི་ལྷ་ཚོགས། བར་གྱི་ཆ་ལ་ཡི་དམ་སྒྲུབ་
པ་བཀའ་བརྒྱད། འོག་གི་ཆ་ལ་བདེ་སྟེར་རྡོ་རྗེ་ཕག་མོ། འབུམ་ཕྲག་ཡངས་པའི་རིགས་ལྔའི་མཁའ་འགྲོ་མ་རྒྱ་མཚོ། མགོན་པོ་དམ་ཅན་སྡེ་དགུ་ལྕམ་དྲལ། ཚེ་རིང་མཆེད་ལྔ། མ་གཟའ་དམ་གསུམ། ལྷ་བཙན་གཉན་པོ་ལ་སོགས་པ་གསལ་བར་གཟིགས། དེ་ལྟར་རིག་འཛིན་གོང་མ་རྣམས་དང་། ཡི་དམ་ལྷ་ཞལ་མཇལ་བ་དང་། ཆོས་གསན་པ་སོགས་དག་སྣང་གི་སྐོར་མང་དུ་བཞུགས་པ་རྣམ་ཐར་ལས་གསལ་བའོ། །དེ་ལྟ་བུའི་མཁས་གྲུབ་ཆེན་པོ་དེ་ཉིད་རང་དོན་དུ་ཆོས་སྐུའི་རྒྱལ་ས་ཟིན་ཅིང་། གཞན་དོན་གདུལ་བྱའི་ཕྲིན་ལས་ཀྱི་དོན་ཆེན་གྲུབ་ནས་དགོང་གྲངས་དོན་དྲུག་བཞེས་པ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ནག་པ་ས་ག་ཟླ་བ་པའི་ཚེས་ཉེར་བརྒྱད་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་བསྡུས། སྐུ་གདུང་བདུན་ཕྲག་གསུམ་ལ་ཚོགས་ཞིང་དུ་བཞུགས་སུ་གསོལ་བའི་ཚེ་འཇའ་འོད་ཀྱི་གུར་དང་། མེ་ཏོག་གི་ཆར། རོལ་མོའི་སྒྲ་སོགས་རྣམ་པ་མང་པོ་དང་། ཞུགས་སུ་འབུལ་སྐབས་ཁ་དོག་སྣ་ཚོགས་པའི་འཇའ་སྤྲིན་གྱི་དྲ་བས་སྦྲེལ་བ། སྣང་བརྙན་ངོ་མཚར་བའི་སྤྲིན་ཚོགས་འཁྲིགས། དད་པའི་རྟེན་ཐུགས་ལྗགས་གཉིས་དང་། རིང་བསྲེལ་ཁ་དོག་སྣ་ཚོགས་བྱོན་པའོ། །རྗེ་བླ་མ་རིན་པོ་ཆེ་
མཆོག་གི་ཞལ་སློབ་ཀྱང་མདོ་དབུས་ཁམས་གསུམ་ལ་གྲངས་མང་བར་བཞུགས་པ་རྣམས་ཀྱིས་ཀྱང་། བསྟན་འགྲོའི་དོན་དུ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁྱེན་བརྩེ་ནུས་གསུམ་གྱི་མཛད་བཟང་བཞེས་བཞིན་བཞུགས་པ་ལགས་སོ། །དམ་པ་དེ་ཉིད་ཀྱི་རྡོ་རྗེའི་གསུང་མགུར་ནི། རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཁོ་བོ་བདག་ནི་སྐྱེས་སྦྱངས་བློ་གྲོས་དམན། །ན་སོ་རྒས་ཀྱང་ཡོན་ཏན་གཞོན་གྱུར་པས། །ཉམས་ལེན་སྒོམ་སྟོབས་རི་བོང་རྭ་འདྲའི་དཔེ། །དེས་ན་ཚུལ་མཐུན་གདམས་པ་བཤད་དུའང་དབེན། །འོན་ཀྱང་མཆོག་གི་བཀའ་སྩལ་མི་གཅོག་སླད། །ཕལ་ཚིག་ཁ་ཤས་ཡི་གེའི་ལམ་ནས་སྤྲོ། །བསམ་མི་ཁྱབ་པའི་བྱང་ཆུབ་སེམས་ཀྱི་གསང་། །འཁྲུལ་གྲོལ་གཞི་གྲུབ་འཁོར་འདས་ཀུན་ཁྱབ་པ། །དེ་ཉིད་རྟོགས་ན་སངས་རྒྱས་མ་རྟོགས་འགྲོ། །དོན་ལ་སྨྲ་བསམ་བརྗོད་བྲལ་འདུས་མ་
བྱས། །བསལ་གཞག་སྤང་བླང་བྲལ་བའི་གཤིས་ཀྱི་བབ། །མ་བཅོས་མ་སླད་དེ་བཞིན་ཉིད་དུ་བཞག །དེ་ཚེ་འགྱུ་འཕྲོའི་རྟོག་ཚོགས་གང་ཤར་ཡང་། །མི་སྤངས་མི་བསྒྱུར་རིག་མཁན་རང་ངོ་སྐྱོང་། །ཤར་གྲོལ་དུས་མཉམ་ཆུ་ཡི་རི་མོ་འདྲ། །བདེ་གསལ་མི་རྟོག་རེས་ཡོད་རེས་མེད་ཉམས། །གང་ལྟར་བོགས་འདོན་མོས་གུས་རྩལ་ཤུགས་བསྐྱེད། །བསྒོམ་རྒྱུ་མེད་ཀྱང་མ་ཡེངས་དྲན་རྫི་བསྟེན། །གོམས་ཆ་ཆེར་སོང་དྲན་པ་རང་གྲོལ་ནས། །མཐར་ཕྱིན་རིག་པ་གཅེར་བུ་ལྷིང་པོར་འབུད། །མི་རྟོག་ཡེ་ཤེས་ཤ་གསེང་རུས་དོན་བཞིན། །ཕྱག་རྒྱ་ཆེན་པོ་ཞེས་སུ་མིང་འདོགས་ཤིང་། །དེ་དོན་མི་འབྲལ་སྒོམ་པའི་ངོ་བོ་ཞེས། །མཉམ་རྗེས་འདྲེས་པའི་རྟོགས་པའི་གདེང་ཐོབ་ནས། །སྟོང་པའི་རང་རྩལ་སྙིང་རྗེའི་རོལ་པར་ཤར། །རྒྱུ་འབྲས་འཕྲིག་ཚུད་འགྲོ་དོན་རྒྱུན་མི་འཆད། །མཐར་ཐུག་སྐུ་དང་ཡེ་
ཤེས་མཛད་པ་སོགས། །རང་ཆས་རང་གྲུབ་འབྲས་བུའི་ཡོན་ཏན་རྫོགས། །དེ་ལྟར་གང་དྲན་ཕུལ་བས་ཐུགས་དགྱེས་ཏེ། །གོང་མའི་ཤུལ་སྙེགས་མཛད་པ་དེའི་ནང་བཞིན། །དོན་གཉིས་ཕུན་ཚོགས་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་ཐོབ་ནས་ཆོས་ཀྱི་རྒྱལ་པོར་མཛོད། །སྐྱོ་བྲག་དུང་དཀར་རིན་པོ་ཆེས་བསྐུལ་ངོར་མ་ཏི་རཏྣས་སོ། ༈ །ཡང་གང་ཤར་ཉམས་ཀྱི་རྒྱང་གླུ་རྫ་ཆབ་སིལ་མའི་སྙན་དབྱངས་ཞེས་བྱ་བ་ནི། ཕ་དྲན་ནོ་དྭགས་པོ་བཀའ་བརྒྱུད་དྲན། །སྒོས་མཚུངས་མེད་འབའ་རོམ་བཀའ་བརྒྱུད་དྲན། །སྐྱབས་གཅིག་ཆོག་རྩ་བའི་བླ་མ་དྲན། །དྲིན་འཁོར་མེད་རྡོ་རྗེ་འཆང་དངོས་མཁྱེན། །བདག་ཆོས་མེད་འཁོར་བར་འཁྱམས་པ་བདག །སང་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །ད་བདག་ལ་ལྟོས་པ་ཡོད་སྲིད་ན། །མི་མར་འགྲན་གྱི་ཚུལ་ལ་མ་གཟིགས་པར། །སྔོན་བཀའ་བརྒྱུད་གོང་མའི་མཛད་
སྤྱོད་ལ། །དཔེ་མིག་ལྟོས་ཡར་བལྟའི་ཉམས་ལེན་མཛོད། །འཕྲལ་དུས་ངན་གྱི་གཡེང་བར་མགོ་མ་འཁོར། །ཕུགས་གཏན་བདེའི་འདུན་མ་སྙིང་ལ་ཆོངས། །བློ་ལང་ཤོར་དུ་མ་བཏང་རང་རྒྱུད་ཐུལ། །གནས་གོང་མའི་གདན་ས་དབེན་རི་བསྟེན། །རྒྱུད་སྡོམ་པ་གསུམ་དང་ལྡན་པར་མཛོད། །སྐྱབས་མི་བསླུ་ངེས་པའི་མཆོག་གསུམ་ལ། །དོན་བློ་གཏད་ཁེལ་བའི་སྐྱབས་འགྲོར་འབད། །མ་འགྲོ་དྲུག་སྡུག་བསྔལ་སྙིང་བརྩེ་བའི། །སྨོན་འཇུག་གི་སེམས་བསྐྱེད་འབྲལ་མི་རུང་། །རྒྱུ་ཚོགས་བསགས་སྒྲིབ་སྦྱང་ལ་འབད་ན། །ས་ལམ་གྱི་ཡོན་ཏན་རབ་རྫོགས་འགྱུར། །རྟེན་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོ། །ཡོངས་གྲུབ་གདན་གསུམ་གྱི་ལྷར་རྫོགས་པའི། །ལུས་ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ། །ངག་བཟླས་བརྗོད་སྔགས་ཀྱི་རང་བཞིན་དང་། །རྒྱུ་བ་ཡི་འབྱུང་འཇུག་གནས་གསུམ་པོ། །འབྲུ་
གསུམ་རྡོ་རྗེའི་བཟླས་པར་དམིགས། །གནད་བཞི་ལྡན་སྲོག་རྩོལ་ཁ་སྦྱོར་གྱིས། །ལས་རླུང་འཕོ་བཅས་ཀྱི་རྒྱུ་བ་དྷུ་ཏིར་འགོག །རྟོག་མེད་ཀྱི་ཉམས་མྱོང་བསམ་མི་ཁྱབ། །ཐབས་བདེ་ཆེན་གྱི་རོལ་གར་ཅིར་ཡང་རྩེན། །ཕ་དུས་གསུམ་སངས་རྒྱས་བླ་མ་རྗེར། །བཅོས་མིན་མོས་གུས་ཀྱིས་རབ་བསྐུལ་ན། །ཐུགས་རྒྱུད་ཀྱི་དགོངས་པའི་དྲོད་ཚད་ཕེབས། །འོད་གསལ་གྱི་ཉི་མ་ཁོང་ནས་ཤར། །བདེ་གསལ་གྱི་ཉམས་རྩལ་མེ་ལྟར་འབར། །ཉོན་མོངས་ཀྱི་སྒྲིབ་ཚོགས་སྦུན་ལྟར་བསྲེགས། །དོན་གུ་ཡངས་བློ་བདེའི་སྐྱིད་གླུ་བརྡོལ། །ལར་དམ་ཚིག་ལ་མངོན་ལྐོག་མེད་པ་གནད། །དྲོད་རྟགས་ལ་རློམས་སེམས་མི་བྱ་ཞིང་། །རྒྱུ་འབྲས་ལ་ཞིབ་མོར་བརྩི་བཞག་མཛོད། །ཉིན་རེ་བཞིན་སྦྱོར་བ་སེམས་བསྐྱེད་དང་། །དངོས་གཞི་དམིགས་མེད་ཀྱི་སྟོང་ཉིད་སྒོམས། །ཐུན་མཇུག་ཏུ་དགེ་
བ་གཞན་དོན་དུ། །བསྔོ་བ་དང་སྨོན་ལམ་རྒྱ་ཆེར་བྱ། །དེ་སྐད་གང་ཤར་ཚིག་གི་ཕྲེང་། །ཁྱེད་མཆེད་གྲོགས་དམ་པའི་སྙན་དུ་འབུལ། །དོན་འབྲེལ་མེད་ཟློས་སྐྱོན་མཆིས་པ་རྣམས། །ཐུགས་བརྩེ་བས་བཟོད་བཞེས་འཆོས་མཛད་གསོལ། །ཞེས་མ་ཏི་རཏྣས་བླངས་པའོ། ༈ །ན་མོ་གུ་རུ། བྲམ་ཟེ་ཆེན་པོ་ས་ར་ཧ་པ་ལ་མཁའ་འགྲོ་མས་ལུང་བསྟན། རྡོ་རྗེ་སྙིང་པོས་བྱིན་གྱིས་བརླབས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཕྱིན། རྟོགས་པའི་ཡེ་ཤེས་མགུར་དུ་བཞེངས་པ། ཨེ་མ་ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་དབྱིངས། །ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་གསང་། །སངས་རྒྱས་སེམས་ཅན་དབྱེར་མེད་པ། །མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ། །གཉིས་མེད་རང་བཞིན་ཕྱག་རྒྱ་ཆེ། །རང་རིག་ཡེ་ནས་དག་པ་དང་། །སྣང་བའི་རང་བཞིན་སྟོང་པ་ཉིད། །དབྱེར་མེད་ཟུང་དུ་འཇུག་པ་སྟེ། །བློ་ལས་འདས་པ་ལྟ་བ་ཡིན། །མ་ཡེངས་དྲན་པ་བྱར་མེད་
ཅིང་། །བསྒོམ་བྱ་སྒོམ་བྱེད་བྲལ་བ་སྟེ། །ཉམས་མྱོང་ཡོན་ཏན་ཞན་པ་མེད། །རྒྱུན་ཆད་མེད་པ་སྒོམ་པའི་མཆོག །ཉམས་རྟོགས་ཡེ་ནས་འབྲལ་མེད་ཅིང་། །ཚོགས་དྲུག་རང་སར་གྲོལ་བ་ལ། །སྤྱོད་པ་ངེས་པ་མེད་པ་ཡིན། །བླང་དོར་སྤངས་པ་སྤྱོད་པའི་མཆོག །ཡེ་ནས་ཐམས་ཅད་ཆོས་དབྱིངས་ལ། །གཞི་ལམ་འབྲས་བུ་གྲུབ་པ་མེད། །སྐུ་དང་ཡེ་ཤེས་ཡེ་ནས་དག །སེམས་ཅན་ཁམས་ནི་ཡེ་ནས་གྲོལ། །དེ་ཡང་མ་དམིགས་དམིགས་མི་འགྱུར། །འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ། །འཁོར་འདས་གདོད་ནས་བདེ་བ་ཆེ། །ཐེག་ཆེན་ཆོས་སྤྱོད་རྨད་དུ་བྱུང་། །གཉུག་མའི་ཡེ་ཤེས་བསྒོམ་དུ་མེད། །སྙིང་རྗེའི་ཡུལ་མེད་ཟུང་དུ་འཇུག །དཔའ་བོ་རྣམས་ཀྱི་མགྲིན་གཅིག་གླུ། །ས་ནི་འདག་ཡིན་ཁུར་དང་བྲལ། །ཆུ་ནི་དངོས་པོ་བཅང་དུ་མེད། །མེ་རླུང་ངོ་བོ་ཉིད་ཀྱིས་སྟོང་། །ནམ་མཁའི་
རང་བཞིན་དག་པ་ཉིད། །གང་ཡང་བྲི་མེད་གང་བ་མེད། །རང་བཞིན་སྐྱོངས་ཤིག་རྣལ་འབྱོར་པ། །གང་ལ་སྐྱོན་དང་ཡོན་ཏན་མེད། །ཟུག་རྔུ་བྱུང་ན་དེ་ལ་ལྟ། །རང་བཞིན་མེད་པར་ངོ་ཤེས་ནས། །གཉུག་མ་ཉིད་ལ་གོམས་པར་བྱོས། །ཨེ་མ་ཧོ། སྣ་ཚོགས་སྣང་བའི་དངོས་པོ་འདི། །ཡོད་དོ་བྱས་ཀྱང་ངོ་བོས་སྟོང་། །མེད་དོ་བྱས་ན་རང་བཞིན་གསལ། །སྣང་སྟོང་དབྱེར་མེད་ཨ་རེ་མཚར། །ཞེས་གསུངས་ནས་དུར་ཁྲོད་དུ་གཤེགས་སོ། །ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་གླུ་རྫོགས་སོ། །
ཆོས་རྗེ་བསོད་ནམས་བཟང་པོ།
༈ ཆོས་རྗེ་བསོད་ནམས་བཟང་པོས་བཀའ་བརྒྱུད་བླ་མའི་གསོལ་འདེབས་མགུར་དབྱངས་སུ་བཞེངས་པ་འདི་ལྟར་རོ། །དཔལ་ཆོས་དབྱིངས་ནམ་མཁའ་ཡངས་པ་ལ། །ཆོས་མཐའ་དབུས་མེད་པ་ཀུན་ལ་ཁྱབ། །ཡབ་རྡོ་རྗེ་འཆང་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་
ཟ་ཧོར་ཡུལ་དུ་ལྷོ་སྤྲིན་འཁྲིགས། །བྱིན་རླབས་ཀྱི་ན་བུན་བན་མ་བུན། །རྗེ་ཏཻ་ལོ་སངས་རྒྱས་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་པུ་ལ་ཧ་རིར་གློག་དམར་འཁྱུགས། །ཆོས་ཕྱིར་དཀའ་བ་བཅུ་གཉིས་སྤྱད། །རྗེ་ནཱ་རོ་པཎ་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ལྷོ་གྲོ་བོ་ལུང་དུ་འབྲུག་སྒྲ་སྒྲོགས། །ཆོས་སུམ་བརྒྱུད་གདམས་པ་བོད་ལ་བསྒྱུར། །རྗེ་མར་པ་ལོ་ཙཱ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །འབྲོག་ལ་ཕྱི་གངས་སུ་སྦྲང་ཆར་བབ། །སྙན་བརྒྱུད་ཀྱི་གདམས་ངག་མཚོ་ལྟར་འཁྱིལ། །རྗེ་མི་ལ་རས་པ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་
གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་དྭགས་ལྷ་སྒམ་པོར་དོག་ས་བརླན། །འོད་གསལ་གྱི་ཆར་ལ་རྒྱུན་ཆད་མེད། །རྗེ་སྨན་པའི་རྒྱལ་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །དཔལ་ཕག་མོ་གྲུ་རུ་མྱུ་གུ་འཁྲུངས། །ཆོས་གསང་སྔགས་ཟབ་མོའི་གཏེར་ཁ་ཕྱེས། །རྗེ་རང་བྱུང་སངས་རྒྱས་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་འབྲི་གུང་གི་མཐིལ་དུ་འབྲས་དྲུག་སྨིན། །འབྲས་དྲུག་གིས་འགྲོ་དྲུག་ཡོངས་ལ་ཁྱབ། །རྗེ་ཆོས་རྗེ་ཁུ་དབོན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་འབའ་རོམ་དུ་སྨན་གྲོལ་ཟབ་བཅུད་རྒྱས། །བཅུད་བདུད་
རྩིས་འགྲོ་ཀུན་མ་ལུས་ཚིམས། །རྗེ་དར་མ་དབང་ཕྱུག་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་འགའ་ཡི་ཡུལ་དུ་ཆོས་ཆར་ཕབ། །བླ་མའི་སྐུ་ཚད་གསེར་གྱིས་བཞེངས། །རྗེ་ཏི་ཤྲི་རས་པ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་སྐྱོ་ལྡག་མཐིལ་དུ་སྐུ་འབུམ་བཞེངས། །རས་པའི་བསྟན་པ་རྒྱས་པར་མཛད། །རྗེ་རས་པ་དཀར་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྙན་བརྒྱུད་གནད་ཀྱི་མན་ངག་གིས། །འབྱུང་བཞིའི་ལུས་ལ་འཇའ་འོད་གྲུབ། །རྗེ་ལུས་མེད་རྡོ་རྗེ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་
བྱིན་གྱིས་རློབས། །བརྒྱུད་པའི་བྱིན་རླབས་བཀའ་ཆེན་བབ། །ལྟ་བ་མཐའ་བྲལ་མངོན་དུ་གྱུར། །རྗེ་བྱང་ཆུབ་གཞོན་ནུ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྒོམ་པ་ཡེངས་མེད་རང་གྲོལ་བ། །འོད་གསལ་འཛིན་མེད་བློ་ལས་འདས། །རྗེ་བློ་གྲོས་རྡོ་རྗེ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྤྱོད་པ་འགགས་མེད་ཤུགས་འབྱུང་གིས། །ཐོ་ཅོ་དང་ཚུལ་འཆོས་ཟིལ་གྱིས་མནན། །རྗེ་བརྩོན་འགྲུས་དཔལ་བ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གཡོ་སྒྱུ་ཟོལ་ཟོག་རང་སར་གྲོལ། །དམ་ཚིག་སྲུང་སོགས་ཁས་ལེན་བྲལ། །རྗེ་གྲགས་པ་རྒྱལ་མཚན་ཡང་ཡང་དྲན། །སེམས་རྩེ་
གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ས་ལམ་དགོངས་པ་མཐར་ཕྱིན་ནས། །འབྲས་བུ་སྐུ་བཞི་མངོན་དུ་གྱུར། །རྗེ་པུཎྱེ་བྷ་དྲ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཕྲིན་ལས་ཆོས་ཀྱི་ཆེ་བ་དེས། །བྱེད་ལས་གཞན་སྣང་དབང་པོ་ཚིམས། །རྗེ་རཏྣའི་མཚན་ཅན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྙན་བརྒྱུད་ཟབ་མོའི་སྒྲོན་མེ་གཏམས། །འགྲོ་དྲུག་སྒྲིབ་གཡོགས་མུན་པ་བསལ། །རྗེ་པུཎྱེ་ཤྭ་ར་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །རྗེ་རྩ་
བའི་བླ་མ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་དག་པ་བདེ་ཆེན་གྱི་ཕོ་བྲང་ནས། །མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བསྟན་པའི་རུ་དྲ་སྒྲོལ་མཛད་པའི། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བདག་གསོལ་འདེབས་དང་འགྲོ་དྲུག་བྱིན་གྱིས་རློབས། །རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་། །མཆོག་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ། །
གྲུབ་ཐོབ་ཁམས་པ་མི་གསུམ།
༈ ན་མོ་གུ་རུ། གནས་དང་གང་ཟག་གཉིས་ཀ་རྒྱལ་བས་ལུང་བསྟན་པ། རི་བྲག་ཚང་ཚིང་ཅན་དྭགས་ལྷ་སྒམ་པོར། དགེ་སློང་འཚོ་བྱེད་ཅེས་བྱ་བ་མཉམ་མེད་དྭགས་པོ་ལྷ་རྗེ་དེ་ཉིད་ལ། འཁོར་དབུས་གཙང་སོགས་ནས་འདུས་པའི་ལས་ཅན་གྱི་སློབ་མ་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་། གཞན་ཡང་ཕྱི་འདུལ་ཁྲིམས་དང་། ནང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བ་ལྔ་ཁྲི་ཆིག་སྟོང་དྲུག་བརྒྱ་འདུས་པའི་ནང་ནས་ཆེས་མཆོག་ཏུ་གྱུར་པའི་གྲུབ་ཐོབ་ཁམས་པ་མི་གསུམ་ཕ་ཝང་རྟ་འདྲ་གཡག་འདྲར་བཞུགས་དུས། གསལ་སྟོང་ཤོ་སྒོམ་ན་རེ། འོ་སྐོལ་ནཱ་རོ་པའི་བརྒྱུད་པ་འདི་ཚེས་བཅུ་ལ་བརྩོན་དགོས་པ་ཡིན། རྡོ་རྗེ་ཕག་མོའི་ཚོགས་འཁོར་ཞིག་བྱས་པ་དྲག་གམ་གསུངས་པ་ལ། ཁམས་པ་རྡོར་རྒྱལ་ན་རེ། འདིར་ཆང་ཁྲིམས་དམ་པ་དང་བཅས་ཆོས་ཁྲིམས་པས་ཚོར་ན་ཆད་པ་འོང་གསུངས་ཀྱང་ཤོ་སྒོམ་མ་ཉན། དེར་དབྱར་ཟླ་ར་བའི་ཚེས་བཅུ་མཛད་པར་གྲོས་ཏེ། བླ་མ་རིན་པོ་ཆེ་ལ་ནས་ཀ་པཱ་ལ་གསུམ་གྱི་ཚོགས་ཆང་ཞིག་བྱ་ཆོག་པའི་དགོངས་པ་རེ་རེ་ནས་ཞུས་པས། ནས་ཀ་པཱ་ལ་དགུ་བྱུང་བ་དེར་ཆང་བཙོས། རྡོར་རྒྱལ་གྱིས་སྒམ་པོའི་རྒྱབ་ནས་ཤིང་སྣ་ཚོགས་འུར་འདེད་བྱས། དབུ་སེས་དྲྭ་བའི་ནང་དུ་ཆུ་བླངས། ཤོ་སྒོམ་གྱིས་རླུང་ལག་སོར་
ལ་དྲངས་ཏེ་མེ་བུས། ཚོགས་ཀྱི་ཡོ་བྱད་གཞན་ཡང་བཙལ་ཏེ་རྡོ་རྗེ་ཕག་མོའི་སྒྲུབ་མཆོད་བྱས་པའི་ནུབ་མོ་ཐུགས་ཉམས་འབར་ཏེ་གླུ་གར་གྱི་མཆོད་པ་མང་དུ་ཕུལ་ཞིང་། གཞན་ཡང་བཀའ་བརྒྱུད་བྲོ་མོ་ཆེ་ཞེས་ཡོངས་སུ་གྲགས་པའི་གསུང་མགུར་གསོལ་འདེབས་བཀའ་རྒྱ་མ་ནི་འདི་ལྟ་སྟེ། སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན། །གསོལ་བ་གཤའ་མ་ཞིག་ཐོབ་དང་བྱིན་རླབས་འཇུག །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །ཏཻ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བྱང་པུཥྤ་ཧ་རིའི་དགོན་པ་ན། །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །སྒྲ་སྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །འབྲོག་ལ་ཕྱི་
གངས་ཀྱི་བ་ན། །དབང་ཕྱུག་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །ཆོས་རྒྱལ་དྭགས་པོ་ལྷ་རྗེ་ལ་གསོལ་བ་འདེབས། །གནས་ནུབ་ཕྱོགས་ཨོ་རྒྱན་གྱི་གཞལ་ཡས་ན། །ཡུམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་། །མཆོག་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ། །དེ་སྐད་ཅེས་གསོལ་བ་བཏབས་ཤིང་ཞབས་བྲོ་མང་དུ་འཁྲབས་པ་ཆོས་ཁྲིམས་རྟགས་བརྒྱད་ཀྱིས་ཚོར་ནས་འོང་སྟེ། ཁྱེད་གསུམ་གྱིས་དགེ་འདུན་སྤྱིའི་བྱ་བ་དང་མི་མཐུན་པའི་ལས་གླུ་བླངས་ཤིང་བྲོ་འཁྲབས་པ་འདི་ཀུན་གྱི་མིག་སྲོལ་ལ་གནོད་ཅིང་ཆོས་ཀྱི་ཁྲིམས་དང་འགལ་བས་གནས་འདིར་མ་འདུག་པར་ད་ལྟ་རང་སོང་ཞིག་ཟེར་དབྱུག་པས་བརྡུངས། རྡོར་རྒྱལ་གྱིས། གཞི་མཉམ་པ་ཉིད་ཀྱི་ཞིང་ས་ལ། །ཞེས་སོགས་ཆང་འཐུང་ལུགས་ཀྱི་མགུར་གསུངས་ཀྱང་མ་ཉན། དོ་ནུབ་ཞོག་བྱས་པས། འོ་ན་ནངས་པར་ལམ་མཐོང་མ་ཁད་རྒྱུགས་ཤིག་ཟེར། ནངས་པར་ཁོང་གསུམ་བླ་མ་ལ་ཕྱག་འབུལ་
བ་དང་དགོངས་པ་ཞུ་བའི་ལོང་སྐབས་ཀྱང་མེད་པར་རང་རང་གི་ཀ་ཆ་ཕྲན་བུ་ཡོད་པ་བསྣམས་ནས་སྤང་ལུང་ན་རྒྱུག་པ་ཟིང་ངེ་འགྲོ་བའི་ཚེ། ཡང་དགོན་སེ་བ་ཕུག་ན་རྗེ་སྒམ་པོ་པ་བཞུགས་པའི་བཀའ་ལས། མདང་གླིང་གསེབ་འདི་ན་ལྟས་དང་ཆོ་འཕྲུལ་ཆེ། དཔའ་བོ་མཁའ་འགྲོ་རྣམས་ཀྱང་ད་ནངས་འགྲོ་བའི་ཆས་བྱེད་འདུག །སྒོམ་ཚུལ་ལ་ལྟ་རྟོག་གྱིས་གསུངས། རྗེ་སྒོམ་ཚུལ་གྱིས་གཟིགས་པས། བྱ་བྱིའུ་རྣམས་ཀྱང་སྔར་བས་ཅ་ཅོ་ཆེ་ཞིང་ཐུར་དུ་འཕུར་བ་དང་། ཤིང་གི་རྩེ་མོ་རྣམས་ཀྱང་ལྷོར་བསྟན་པ་འདྲ་བ་ཞིག་བྱས། ཁམས་པ་མི་གསུམ་ཕྱག་འཚལ་སྒང་ནས་ཕྱག་རེ་འཚལ། གསོལ་བ་རེ་འདེབས་ཀྱིན་ཐུར་དུ་འགྲོ་བ་མཐོང་ནས་བླ་མ་རིན་པོ་ཆེ་ལ་དེ་ལྟར་གདའ་ཞུས་པས། བླ་མའི་ཞལ་ནས་དེ་མ་བཟང་། ཁམས་པ་མི་གསུམ་པོ་དེ་ལ་ཆད་ལས་ཤིག་ཕོག་ཡོད་པར་འདུག །དེ་ཙུག་བྱེད་དགོས་པ་མིན། ཁོང་གསུམ་གྱིས་བསྐལ་པ་མང་པོར་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཡིན་པས། དགེ་སྦྱོར་གྱི་ཉམས་མཐོ་དམན་དང་། སྤྱོད་ལམ་གྱི་བྱ་བ་སྣ་ཚོགས་ལ་སུ་ཡིན་གྱིས་དཔག་པར་དཀའ། ཁོང་གསུམ་རེ་ཞིག་འདིར་སྡོད་དགོས་རྒྱུ་ལ་ཆོས་ཁྲིམས་པས་ཕུད་འདུག་ན་ཁོ་བོ་ཡང་མཉམ་དུ་འགྲོ་འདོད་དེ། འོན་ཀྱང་ཁོང་རྣམས་ཡར་
ལ་སློག་པའི་རྗེས་བསྙགས་པ་ལ་འགྲོ་གསུངས། ཡང་དགོན་སེ་བ་ཕུག་ནས་མར་ལ་བྱོན། དེའུ་ནུབ་ཀྱི་རྒྱབ་སྤང་ལུང་མདོའི་ཕྱི་ཟུར་ཤར་ལྷོའི་ངོས་སུ་བྱོན་པ་དང་། ཁོང་གསུམ་ཀྱང་དེ་འོག་གི་བྲག་རང་རོང་ཅན་ན་འདུག་པ་གཟིགས་སོ། །དེར་བླ་མས་ཀྱང་ཕེབས་ས་དེར་ཕ་ཝང་ཞིག་འདུག་པའི་སྟེང་དུ་བྱོན། ན་བཟའ་ཆོས་གོས་ཀྱི་གྲྭ་ནས་ཕྱག་གིས་བཟུང་སྟེ་ཡར་ལ་ལོག་ཤོག་པའི་བརྡ་མཛད་ཅིང་ཤོ་མོ་ཡར་ཤོག་ཏུ་གྲགས་པའི་མགུར་འདི་གསུངས་སོ། ༈ །ཀྭ་ཡེ་ཉོན་དང་སྙིང་གི་བུ་མཆོག་གསུམ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །སྔོན་སྐྱེ་བ་མང་པོའི་གོང་རོལ་ནས། །ལས་འབྲེལ་བ་ཟབ་མོ་འདི་ལྟར་ཡོད། །རྗེ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །མགོན་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་ཟླ་འོད་གཞོན་ནུར་གྱུར་པའི་ཚེ། །མདོ་ཏིང་འཛིན་རྒྱལ་པོ་ཞུས་ཤིང་གནང་། །ཁྱོད་རྡོ་རྗེའི་སྤུན་གྱིས་གཙོ་བྱས་པའི། །འཁོར་ཁྲི་ཕྲག་མང་པོ་འདུས་
རྣམས་ལ། །ཁོང་དེ་བཞིན་གཤེགས་པས་འདི་སྐད་གསུངས། །དུས་མ་འོངས་སྙིགས་མར་གྱུར་པའི་ཚེ། །ཆོས་ཟབ་མོ་ཏིང་འཛིན་རྒྱལ་པོ་འདི། །དོན་རྒྱས་པར་བྱེད་པ་སུ་ཞིག་ཡོད། །དེ་དུས་གསུམ་སངས་རྒྱས་ཀུན་གྱི་སྲས། །ནད་ཉོན་མོངས་ཀུན་སེལ་སྨན་པའི་མཆོག །ཡོངས་རྒྱལ་བས་བསྔགས་པ་བརྗོད་མི་ལང་། །ཞེས་ཀུན་ལ་ཡང་ཡང་བཀའ་སྩལ་ཚེ། །མི་ཁོ་བོས་སྤེལ་བར་ཁས་བླངས་པས། །དེར་འདུས་པའི་འཁོར་རྣམས་ཀུན་གྱིས་ཀྱང་། །གྲོགས་བགྱིད་པར་དམ་བཅས་སྨོན་ལམ་བཏབ། །སྔོན་སྨོན་ལམ་བཟང་པོས་དུས་འདིར་འཛོམས། །དེ་ལས་དང་བསོད་ནམས་སྐལ་པར་ལྡན། །ཆོས་ཟབ་མོའི་གནས་རྣམས་ལེགས་པར་བསྟན། །ད་ཕྱིར་མི་ལྡོག་པའི་ས་ལ་བཀོད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གནས་བཟང་པོ་ལྷ་རི་སྒམ་པོ་འདི། །ལྷ་ཡི་དམ་རྒྱ་མཚོའི་ཕོ་བྲང་ཡིན། །
གནས་འདི་རུ་སྒོམ་པའི་སྒོམ་ཆེན་ལ། །མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཕ་བླ་མ་སྙི་བ་སྒོམ་ཆེན་ང་། །དོན་བློ་གཏད་ཐུབ་པའི་བཤེས་གཉེན་ཡིན། །མི་བདག་ལ་བརྟེན་པའི་བུ་སློབ་རྣམས། །ཆོས་ཕྱག་རྒྱ་ཆེན་པོ་མྱུར་དུ་རྟོགས། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །བཀའ་ཚུལ་བཞིན་སྒྲུབ་པའི་སློབ་འབངས་ལ། །ཚེ་འདི་ཕྱིའི་དོན་ཆེན་འབྱུང་བར་ངེས། །བློ་ཐེ་ཚོམ་མི་དགོས་གདེང་དང་ལྡན། །སེམས་ཡིད་ཆེས་སྐྱེ་འོ་སྐལ་ལྡན་ཀུན། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གྲོགས་བཟང་པོ་གསང་སྤྱོད་བརྟུལ་ཞུགས་དང་། །དུས་ཐུན་བཞིར་ཉམས་ལེན་སྐྱོང་བཞིན་དུ། །ཡིད་མོས་གུས་ཀྱི་གདུང་ཤུགས་བྱེད་པ་འདི། །ལམ་མྱུར་དུ་བགྲོད་པའི་གྲོགས་མཆོག་ཡིན། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ལར་རྡོ་རྗེའི་སྤུན་གྱི་གྲོགས་འདི་རྣམས། །ཆོས་
ཚུལ་བཞིན་བྱེད་པའི་གང་ཟག་ཡིན། །དོན་ཐེག་ཆེན་ཉམས་སུ་ལེན་པ་ལ། །གྲོགས་འདི་ལས་བཟང་བ་གང་ནའང་མེད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཆོས་ཟབ་མོ་ཕྱག་ཆེན་ཆོས་དྲུག་འདི། །བཀའ་མདོ་རྒྱུད་ཡོངས་ཀྱི་སྙིང་པོ་ཡིན། །གནད་འདི་ལས་ལྷག་པའི་གདམས་པ་ཞིག །གཞན་ཐར་འདོད་ཡོངས་ལ་ཡོད་མི་སྲིད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །དོན་མ་ནོར་ཉམས་སུ་ལེན་ཤེས་ན། །འདིས་ས་ལམ་ཐམས་ཅད་གཅིག་ཅར་བགྲོད། །ཚེ་འདི་ལ་འབྲས་བུ་མངོན་སུམ་སྟོན། །དུས་ཕྱི་མར་མི་འགྱང་བློ་རེ་བདེ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཁྱེད་གནས་དང་བཤེས་གཉེན་གྲོགས་བཟང་པོ། །ལམ་མྱུར་དུ་བགྲོད་པའི་ཆོས་དང་བཞི། །ཡང་འདི་ལས་ཁྱད་པར་འཕགས་པ་ཞིག །ཕྱོགས་གང་དུ་ཕྱིན་ཀྱང་རྙེད་མི་འགྱུར། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ལམ་འདི་བཞི་བོར་
ནས་གང་དུ་འགྲོ། །ད་རྟེན་འབྲེལ་བཟང་ཞིང་འཛོམ་དུས་འདིར། །ཡིད་རེ་དོགས་བསམ་མནོ་མ་མང་བར། །གནས་འདི་རུ་སྒོམ་ཡུན་སྲིངས་དང་དགེ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་གྱི་བཀའ་ཡོད་ཡར་ཡར་ཤོག །ཅེས་གསུངས་ཤིང་ཕ་བོང་དེའི་སྟེང་དུ་ཞབས་ཟུང་དང་ཕྱག་འཁར་གྱི་རྗེས་བཞག །མ་འོངས་ལུང་བསྟན་ཀྱང་མཛད་དོ། ༈ །དེ་ནས་ཁམས་པ་མི་གསུམ་གྱིས་བླ་མ་བྱོན་ནས་ཕྱག་གིས་བརྡ་མཛད་པ་མཐོང་ཞིང་མགུར་གསུངས་པ་རྣམས་གསལ་བར་ཐོས་པས་ཤིན་ཏུ་དགའ་ཆེས་ནས་ཕྱག་མང་དུ་བཙལ། ཕ་ཝང་རང་རོང་རྣམས་ཀྱི་སྟེང་ནས་དགའ་སྐྱིད་ཀྱི་གླུ་གར་ཤོ་མོ་ཡར་འགྲོ་རུ་གྲགས་པ་འདི་མཆོད་པར་ཕུལ་ལོ། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ན། གནས་དེ་ན་བཞུགས་པ་རྡོ་རྗེ་འཆང་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོགས། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་
ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །གནས་དེ་ན་བཞུགས་པ་ཏཻ་ལོ་ཡི་ཤེས་བཟང་། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོགས། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །བྱང་པུཥྤ་ཧ་རིའི་དགོན་པ་ན། །གནས་དེ་ན་བཞུགས་པའི་ནཱ་རོ་པཎ་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོགས། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །གནས་དེ་ན་བཞུགས་པའི་མར་པ་ལོ་ཙཱ། །
སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོགས། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །འབྲོག་ལ་ཕྱི་གངས་ཀྱི་ར་བ་ན། །གནས་དེ་ན་བཞུགས་པའི་མི་ལ་རས་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོགས། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ཤར་དྭགས་ལྷ་དཔལ་གྱི་དགོན་པ་ན། །གནས་དེ་ན་བཞུགས་པའི་དྭགས་པོ་ལྷ་རྗེ། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོགས། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་
འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ཞེས་གསུངས་ཤིང་ཞབས་བྲོ་མང་དུ་འཁྲབས་པས་ཞབས་རྗེས་ཀྱང་དཔག་ཏུ་མེད་པ་བྱུང་ངོ་། །དེ་ནས་དཔོན་སློབ་ལྷན་དུ་ཡར་ཕེབས། རྗེ་སྒམ་པོ་པ་ཡང་དགོན་སེ་བ་ཕུག་ཏུ་བཞུགས། ཁམས་པ་རྡོར་རྒྱལ་ཁྱུང་ལྡིང་ཕུག་ཏུ་བཞུགས། དབུ་སེ་ཡང་རྩེ་དཀར་ཕུག་ཏུ་བཞུགས། གསལ་སྟོང་ཤོ་སྒོམ་ཆུ་མིག་ནག་པོར་བཞུགས། རྣལ་འབྱོར་ཆོས་གཡུང་སོགས་གྲུབ་ཐོབ་རྣམས་དང་གྲུབ་རྟགས་ཀྱི་རྩལ་འགྲན་པར་མཛད་པ་སོགས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། ༈ །བདག་སོགས་དགེ་བ་འདིས་མཚོན་འཁོར་འདས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་འདི་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྫོགས་པའི་སངས་རྒྱས་ཆོས་རྗེ་བསོད་ནམས་བཟང་པོ་ལ་སོགས་པ་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བཞེད་པ་ཇི་ལྟ་བ་དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་
ཕྱིར་དུ་བསྔོ་བས་མྱུར་དུ་ཐོབ་པར་གྱུར་ཅིག །མངྒ་ལཾ་དགེའོ།། །།
ཤིས་བརྗོད། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།
ཡང་གོང་གི་གསོལ་འདེབས་ཤིས་བརྗོད་དུ་ཁ་བསྒྱུར་བའི་གསུང་རྒྱུན་ནི། དཔལ་ཆོས་དབྱིངས་ནམ་མཁའ་ཡངས་པ་ལ། །ཆོས་མཐའ་དབུས་མེད་པ་ཀུན་ལ་ཁྱབ། །ཡབ་རྡོ་རྗེ་འཆང་ཆེན་གྱི་བཀྲ་ཤིས་ཤོག །ཤར་ཟ་ཧོར་ཡུལ་དུ་ལྷོ་སྤྲིན་འཁྲིགས། །བྱིན་རླབས་ཀྱི་ན་བུན་བན་མ་བུན། །རྗེ་ཏཻ་ལོ་སངས་རྒྱས་ཀྱི༴ བྱང་པུ་ལ་ཧ་རིར་གློག་དམར་འཁྱུགས། །ཆོས་ཕྱིར་དཀའ་བ་བཅུ་གཉིས་སྤྱད། །རྗེ་ནཱ་རོ་པཎ་ཆེན་གྱི༴ ལྷོ་གྲོ་བོ་ལུང་དུ་འབྲུག་སྒྲ་སྒྲོགས། །ཆོས་སུམ་བརྒྱུད་གདམས་པ་བོད་ལ་བསྒྱུར། །རྗེ་མར་པ་
ལོ་ཙཱའི༴ འབྲོག་ལ་ཕྱི་གངས་སུ་སྦྲང་ཆར་བབ། །སྙན་བརྒྱུད་ཀྱི་གདམས་ངག་མཚོ་ལྟར་འཁྱིལ། །རྗེ་མི་ལ་རས་པའི༴ ཤར་དྭགས་ལྷ་སྒམ་པོར་དོག་ས་བརླན། །འོད་གསལ་གྱི་ཆར་ལ་རྒྱུན་ཆད་མེད། །རྗེ་སྨན་པའི་རྒྱལ་པོའི༴ དཔལ་ཕག་མོ་གྲུ་རུ་མྱུ་གུ་འཁྲུངས། །ཆོས་གསང་སྔགས་ཟབ་མོའི་གཏེར་ཁ་ཕྱེས། །རྗེ་རང་བྱུང་སངས་རྒྱས་ཀྱི༴ བྱང་འབྲི་གུང་གི་མཐིལ་དུ་འབྲས་དྲུག་སྨིན། །འབྲས་དྲུག་གིས་འགྲོ་དྲུག་ཡོངས་ལ་ཁྱབ། །རྗེ་ཆོས་རྗེ་ཁུ་དབོན་གྱི༴ བྱང་འབའ་རོམ་དུ་སྨན་གྲོལ་ཟབ་བཅུད་རྒྱས། །བཅུད་བདུད་རྩིའི་འགྲོ་ཀུན་མ་ལུས་ཚིམས། །རྗེ་དར་མ་དབང་ཕྱུག་གི༴ ཤར་འགའ་ཡི་ཡུལ་དུ་ཆོས་ཆར་ཕབ། །བླ་མའི་སྐུ་ཚད་གསེར་གྱིས་བཞེངས། །རྗེ་ཏི་ཤྲི་རས་པའི༴ བྱང་སྐྱོ་ལྡག་མཐིལ་དུ་སྐུ་འབུམ་བཞེངས། །རས་པའི་བསྟན་པ་རྒྱས་པར་མཛད། །རྗེ་རས་པ་དཀར་པོའི༴ སྙན་
བརྒྱུད་གནད་ཀྱི་མན་ངག་གིས། །འབྱུང་བཞིའི་ལུས་ལ་འཇའ་འོད་གྲུབ། །རྗེ་ལུས་མེད་རྡོ་རྗེའི༴ བརྒྱུད་པའི་བྱིན་རླབས་བཀའ་ཆེན་བབ། །ལྟ་བ་མཐའ་བྲལ་མངོན་དུ་གྱུར། །རྗེ་བྱང་ཆུབ་གཞོན་ནུའི༴ སྒོམ་པ་ཡེངས་མེད་རང་གྲོལ་བ། །འོད་གསལ་འཛིན་མེད་བློ་ལས་འདས། །རྗེ་བློ་གྲོས་རྡོ་རྗེའི༴ སྤྱོད་པ་འགགས་མེད་ཤུགས་འབྱུང་གིས། །ཐོ་ཅོ་དང་ཚུལ་འཆོས་ཟིལ་གྱིས་མནན། །རྗེ་བརྩོན་འགྲུས་དཔལ་བའི༴ གཡོ་སྒྱུ་ཟོལ་ཟོག་རང་སར་གྲོལ། །དམ་ཚིག་སྲུང་སོགས་ཁས་ལེན་བྲལ། །རྗེ་གྲགས་པ་རྒྱལ་མཚན་གྱི༴ ས་ལམ་དགོངས་པ་མཐར་ཕྱིན་ནས། །འབྲས་བུ་སྐུ་བཞི་མངོན་དུ་གྱུར། །རྗེ་པུཎྱེ་བྷ་དྲའི༴ ཕྲིན་ལས་ཆོས་ཀྱི་ཆེ་བ་དེས། །བྱེད་ལས་གཞན་སྣང་དབང་པོ་ཚིམས། །རྗེ་རཏྣའི་མཚན་ཅན་གྱི༴ སྙན་བརྒྱུད་ཟབ་མོའི་སྒྲོན་མེ་གཏམས། །འགྲོ་དྲུག་སྒྲིབ་
གཡོགས་མུན་པ་བསལ། །རྗེ་པུཎྱེ་ཤྭ་རའི༴ སྤྱི་གཙུག་པད་ཟླའི་གདན་སྟེང་ན། །བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །རྗེ་རྩ་བའི་བླ་མའི༴ གནས་དག་པ་བདེ་ཆེན་གྱི་ཕོ་བྲང་ནས། །མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི༴ གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བསྟན་པའི་རུ་དྲ་སྒྲོལ་མཛད་པའི། །ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱི་བཀྲ་ཤིས་ཤོག །དགེའོ།། །།
དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་གྲུབ་བརྙེས་གོང་མའི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ་ཞེས་བྱ་བ་{ཝྃ}། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།
༄༅། །དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་གྲུབ་བརྙེས་གོང་མའི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ་ཞེས་བྱ་བ་{ཝྃ}བཞུགས་སོ། །
གངས་རིའི་ཁྲོད་ཀྱི་རྫོགས་པའི་སངས་རྒྱས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཉམ་མེད་ཟླ་འོད་གཞོན་ནུའི་ཐུགས་སྲས། བཀའ་བརྒྱུད་ཆེ་བཞིའི་ནང་གསེས། གྲུབ་པའི་དབང་ཕྱུག་རྒྱལ་བ་འབའ་རོམ་པ་ཆེན་པོའི་དོན་བརྒྱུད་འཛིན་པའི་སྐྱེས་བུ་གསེར་གྱི་ཕྲེང་བ་ལྟ་བུ་རིམ་པར་བྱོན་པ་རྣམས་ཀྱི་མཛད་རྣམ་མདོར་བསྡུས་དང་། རྡོ་རྗེའི་གསུང་མགུར་སྙིང་པོར་དྲིལ་བ་རྣམས་ལེགས་པར་གྲུབ་ཟིན་ཀྱང་། སྐབས་འདིར་བསྟུན་ཅུང་ཟད་རྒྱས་པར་སྤྲོ་བ་ལ། སྒྲུབ་བརྒྱུད་འབའ་རོམ་པའི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་རྟོགས་མགུར་ཐོར་བུ་བཞུགས་པ་རྣམས་རྟེན་འབྲེལ་གྱི་དགོས་དབང་ལ་དམིགས་ནས་ཆ་ཤས་ཕྱོགས་བསྒྲིགས་ཞུས་པ་འདི་རྣམས་ཀྱང་དད་གསུམ་མོས་གུས་དང་ལྡན་པས་ངག་འདོན་གྱི་རིམ་པ་ལ་འཇུག་པའི་ཐོག་མར།
འགྲོ་མགོན་ཏི་ཤྲི་རས་པ་དཀར་པོ།
འགྲོ་མགོན་ཏི་ཤྲི་རས་པ་དཀར་པོའི་གསུང་མགུར་བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཅེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ། །གང་གི་དྲིན་གྱིས་བདེ་བ་ཆེར་གྱུར་པའི། །དུས་གསུམ་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །བདེན་པ་དེ་ཡིས་འགྲོ་ལ་ཕན་མཛད་པ། །བཀའ་དང་བསྟན་བཅོས་མན་ངག་སྙིང་པོའི་བཅུད། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གནད་གཟེར། །
རང་སེམས་རྟོགས་པ་བསྒོམས་པས་སངས་རྒྱས་པའི། །བླ་མས་གསུངས་པའི་ཟབ་མོ་བྲི་བར་བྱ། །ཨེ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས། །ཁྱད་པར་མཆོག་གྱུར་གང་ཟག་ལས་འཕྲོ་ཅན། །ཚུར་གཤེགས་གདུལ་བྱར་བབ་པའི་སློབ་མ་རྣམས། །བླ་མས་གསུངས་པའི་ཆོས་འདི་བསྟེན་པར་གྱིས། །འཇིག་རྟེན་ཁམས་ཀྱི་ཞིང་ཁམས་ཐམས་ཅད་དུ། །སངས་རྒྱས་གྲངས་མེད་དཔག་མེད་བྱོན་ན་ཡང་། །བདེ་གཤེགས་རྒྱལ་བ་ཤཱཀྱ་ཐུབ་པ་ནི། །ཚོགས་གཉིས་རབ་རྫོགས་ས་ལམ་མཐར་ཕྱིན་ནས། །འོག་མིན་སྟུག་པོ་ཆོས་ཀྱི་ཕོ་བྲང་དུ། །རྫོགས་ལྡན་དུས་སུ་མངོན་པར་སངས་རྒྱས་ནས། །རི་རབ་སྟེང་དུ་རིགས་ལྔས་གསང་སྔགས་གསུངས། །རྩོད་ལྡན་དུས་སུ་སྤྲུལ་སྐུ་ཤཱཀ་ཐུབ་བྱོན། །དེ་ཡི་བསྟན་པ་དར་ཞིང་རྒྱས་དུས་སུ། །དལ་འབྱོར་རིན་ཆེན་མི་ལུས་ཐོབ་པ་དང་། །ཆོས་
ལ་གོམས་པའི་སྣང་བ་སད་པ་ཡིས། །རང་ཆོས་གཤའ་མར་བྱེད་པའི་བསམ་པ་སྐྱེས། །སྐྱེ་ཤི་མི་རྟག་འཁོར་བའི་སྡུག་བསྔལ་དག །འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་བསླུ་བྲིད་ལ། །སྐྱོ་བ་སྐྱེས་ཤིང་སྐད་ཅིག་མ་ཆགས་པས། །རང་གཞན་གཉིས་ཀྱི་དོན་ཆེན་འབྱུང་བ་ཡིན། །ལར་ཆོས་གཤའ་མར་བྱེད་པའི་གང་ཟག་དེ། །སེམས་ཅན་ཀུན་གྱི་ནང་ནས་མཆོག་ཡིན་པས། །དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པས། །དེ་ལ་བདག་ཀྱང་ངོ་མཚར་སྐྱེས་པ་ཡིན། །ཆོས་གཤའ་མ་གཅིག་གྱིས་ཤིག་སྐལ་ལྡན་རྣམས། །ཀྱེ་མ་ཆོས་ཀྱི་བྱེད་ལུགས་མ་ནོར་བར། །རང་དང་བླ་མ་གདམས་ངག་ཚད་ལྡན་པ། །དེ་གསུམ་འཛོམས་ལས་ཡོན་ཏན་ཐམས་ཅད་འབྱུང་། །དེ་ཡང་སློབ་མ་ཚད་དང་ལྡན་པ་དགོས། །དད་མེད་ཐབས་ཤེས་མི་ལྡན་སྐྱོན་ཅན་གྱིས། །ཚད་ལྡན་བླ་མའི་མཚན་ཉིད་མི་
ཤེས་པས། །ཚད་ལྡན་མི་རྙེད་ལོག་པའི་བཤེས་དང་འཕྲད། །གལ་ཏེ་ཚད་ལྡན་རྙེད་ཀྱང་དམ་ཚིག་ཉམས། །དེས་ན་རང་ཉིད་ཚད་དང་ལྡན་པར་བྱ། །དད་ཅན་ཚུལ་ཁྲིམས་ལྡན་ཞིང་མཁས་ལ་སྒྲིན། །བླ་མ་ལ་གུས་སྲི་ཞུའི་ཐབས་ལ་མཁས། །སྐྱོན་མེད་ཡོན་ཏན་ལྡན་ལ་སྙིང་རྗེ་ཆེ། །སྣོད་ལྡན་ཤེས་རབ་ཅན་གྱིས་བླ་མ་ནི། །རྩ་བའི་བླ་མ་བརྒྱུད་པ་དང་ལྡན་ཞིང་། །ལུང་རིགས་གདམས་ངག་ཆེ་ཞིང་ཉམས་རྟོགས་བཟང་། །ཐོས་བསམ་སྒོམ་གསུམ་ཡོན་ཏན་ཀུན་ལ་མཁས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར། །འགྲོ་བ་ཀུན་གྱི་སྐྱབས་གནས་ཐུགས་རྗེ་ཅན། །རང་ཉིད་རྫོགས་སངས་རྒྱས་ཀྱི་སྤྱོད་དང་མཚུངས། །བསྟེན་པ་རྣམས་ལ་དེ་ཡི་ཡོན་ཏན་འབྱུང་། །དེ་འདྲའི་མཚན་ལྡན་བླ་མ་བཙལ་ལ་བསྟེན། །ཐོས་མང་དོན་ལ་རྨོངས་ཤིང་ལོག་བཤེས་མཁན། །རྩ་མེད་མང་དུ་སྨྲ་བ་
མཁས་སུ་རེ། །རང་སེམས་སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་ཡེ་ཤེས་ཡོད་མེད་གཏན་ལ་འབེབས། །ཡོན་ཏན་ཅན་ལ་གཤེ་ཞིང་ཕྲག་དོག་བྱེད། །ང་མཁས་ང་བཟང་ཟེར་བའི་ང་རྒྱལ་ཅན། །རང་ཉིད་ཆོས་དང་མི་ལྡན་གཞན་ལ་ཆོས་བཤད་བྱེད། །བདེན་ན་ཁྱེད་རང་དེ་ལྟར་མི་བྱེད་པ། །ཟེར་ཞིང་གཞན་པོ་རྣམས་ཀྱིས་འཐབ་ཏུ་འོང་། །བཏུད་ན་འགྱེད་ཅིང་ཉེ་ན་འཐབ་མོ་བྱེད། །ཡོན་ཏན་མི་འབྱུང་མི་དགེའི་ཆོས་ལ་འཁོད། །ངན་འགྲོ་ལོག་པར་འཁྲིད་པའི་ལམ་མཁན་དེ། །སྒོག་སྐྱ་དུག་སྡོང་འདྲ་བས་སྤང་བར་བྱ། །དམ་ཆོས་ཚད་དང་ལྡན་པ་གང་ཡིན་པ། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །རང་བཞིན་ཀུན་ལ་གདོད་ནས་ཡོད་ན་ཡང་། །མ་རིག་ཉོན་མོངས་རྣམ་རྟོག་དབང་གིས་བསྒྲིབས། །མི་དགེ་སྡིག་པའི་ལས་རྣམས་སྤྱད་པ་ཡིས། །
འབྲས་བུ་འཁོར་བའི་སྡུག་བསྔལ་མྱོང་བ་ལ། །ཐུགས་རྗེ་ཚད་ལྡན་དུས་གསུམ་སངས་རྒྱས་ཀྱིས། །རང་གིས་རྟོགས་པའི་སངས་རྒྱས་ཡེ་ཤེས་འདི། །སེམས་ཅན་མ་ལུས་ཀུན་དང་རང་གི་སེམས། །སངས་རྒྱས་ཐུགས་དང་ཁྱད་པར་མེད་པར་གསུངས། །གང་ཟག་ལས་ཅན་སྐལ་ལྡན་གཅིག་ཆར་བས། །རང་སེམས་སངས་རྒྱས་ཡིན་པར་རང་གིས་རྟོགས། །རྟོགས་པ་བསྒོམས་པས་འབྲས་བུ་སངས་རྒྱས་ཐོབ། །དེ་སོགས་འགྲོ་བ་སེམས་ཅན་ཐམས་ཅད་དང་། །གང་ཟག་རིགས་ནི་བྱེ་བྲག་སོ་སོ་ལ། །རྒྱལ་བས་ཐེག་པ་དཔག་མེད་གསུངས་ན་ཡང་། །ཁྱད་པར་སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་དང་ཐེག་པ་གསུམ་དུ་གསུངས། །དེ་ལ་གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡིས། །རིང་བརྒྱུད་ཉེ་བརྒྱུད་ཕྱི་ནང་གཉིས་སུ་བཟུང་། །མུ་སྟེགས་བྱེད་ནི་ལྟ་ལོག་རྟག་ཆད་ལམ། །
ཉམས་སུ་བླངས་པས་འབྲས་བུ་སོ་སོར་ཐོབ། །ཉེ་བརྒྱུད་ནང་པ་སངས་རྒྱས་ཐེག་པ་ལ། །ཐེག་གསུམ་སོ་སོར་ཉམས་སུ་བླངས་པ་ལས། །ལ་ལ་ཉན་ཐོས་དགྲ་བཅོམ་རང་སངས་རྒྱས། །གྲུབ་མཐའ་དམན་པས་གང་ཟག་བདག་མེད་རྟོགས། །བདག་མེད་གཉིས་མ་རྟོགས་པས་ཐེག་ཆུང་ལམ། །སོ་སོར་ཐར་གྱི་སྡོམ་པ་བསྲུང་བ་དང་། །འགོག་པར་མ་གྱུར་ཚོགས་བསགས་བརྒྱུད་པའི་རྒྱུས། །འབྲས་བུ་མངོན་སངས་རྒྱས་པ་འཐོབ་པར་འགྱུར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བྱང་ཆུབ་སེམས་གཉིས་དབྱེར་མེད་གཞི་དག་ལ། །ཕ་རོལ་ཕྱིན་དྲུག་ཚོགས་གཉིས་རབ་ཏུ་བསགས། །བདག་མེད་གཉིས་རྟོགས་ཐེག་པ་ཆེན་པོ་ཡིན། །ས་ལམ་མཐར་ཕྱིན་སྒྲིབ་སྤངས་ཡོན་ཏན་རྫོགས། །དེ་ལྟའི་དཔའ་ཆེན་བྱང་ཆུབ་སེམས་དཔའ་ལ། །ཕྱོགས་བཅུའི་དུས་གསུམ་
བདེ་གཤེགས་ཐམས་ཅད་ཀྱིས། །བཅུད་བསྡུས་འོད་ཟེར་འབྲས་བུའི་དབང་བསྐུར་ནས། །དེ་ནས་འགྲོ་བའི་དོན་དུ་མངོན་སངས་རྒྱས། །མཚན་ཉིད་ཕ་རོལ་ཕྱིན་པའི་ཐེག་པ་ཡིན། །འབྲས་བུ་རྡོ་རྗེ་ཐེག་པའི་ལམ་ཉིད་ནི། །སྨིན་བྱེད་དབང་བཞི་ཚུལ་བཞིན་ཐོབ་བྱས་ནས། །གྲོལ་བྱེད་བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །རང་གི་ལུས་ངག་རླུང་དང་ཡི་གེ་ཡི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཚང་བ་དེར། །ཕྱི་ནང་གནད་ཀྱི་རྟེན་འབྲེལ་འགྲིགས་པ་དང་། །ཟུང་འཇུག་གཉིས་སུ་མེད་པར་རྟོགས་པ་ཡིས། །བསྒོམས་པས་ས་ལམ་མ་ལུས་རབ་བགྲོད་པས། །སྒྲིབ་པ་བྱང་ཞིང་ཡོན་ཏན་ཐམས་ཅད་རྫོགས། །ས་དེར་གནས་པའི་བྱང་ཆུབ་སེམས་དཔའ་དེ། །འོག་མིན་སྟུག་པོ་ཉམས་དགའི་ཕོ་བྲང་དུ། །ལྷུན་རྫོགས་གོས་དང་བཅས་པར་བརྫུས་སྐྱེས་ལ། །སློབ་དཔོན་དུས་གསུམ་བདེ་གཤེགས་
བཅུད་འདུས་ཀྱིས། །རིག་མ་ལ་བསྟེན་འབྲས་བུའི་དབང་བསྐུར་བས། །སྐུ་གསུམ་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །དྲུག་པ་རྡོ་རྗེ་འཆང་དུ་མངོན་སངས་རྒྱས། །རིགས་མཐུན་ལ་སོགས་སེམས་ཅན་ཐམས་ཅད་ལ། །རྒྱུད་སྡེ་བཞི་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་སངས་རྒྱས་བཀའ་ནི་རྒྱས་བསྡུས་ལ། །དགྲ་བཅོམ་ལ་སོགས་མཁས་པ་ཐམས་ཅད་ཀྱིས། །བདེ་གཤེགས་བཀའ་ཡི་དགོངས་པ་བསྡུ་བར་མཛད། །སངས་རྒྱས་གཉིས་པ་ལྟ་བུའི་ཐུགས་རྗེ་ཅན། །རྟོགས་ལྡན་རྣམས་དང་མཁས་པ་པཎྜི་ཏས། །བཀའ་ལ་ཡིན་མིན་རྩོད་པ་སྤོང་བ་དང་། །བཀའ་དང་བསྟན་བཅོས་ཁྱད་པར་བསྟན་པ་དང་། །མུ་སྟེགས་བྱེད་དང་ལྟ་ལོག་དགག་པ་དང་། །བརྗོད་བྱ་རྗོད་བྱེད་ཚིག་དོན་བརྒལ་བ་དང་། །གང་ཟག་བློ་ཡི་བྱེ་བྲག་གྲུབ་མཐའ་ལ། །གོལ་ས་གཅོད་ཅིང་དོན་
ལ་མཁས་པ་ཡིས། །གཞན་གཞུང་དགག་བྱ་རྣམ་པར་གཅོད་པ་དང་། །རང་གཞུང་བསྒྲུབ་བྱ་ཡོངས་སུ་སྒྲུབ་པ་ཡི། །གཞལ་བྱེད་མངོན་སུམ་རྗེས་དཔག་ཚད་མ་ཡིས། །བདེ་གཤེགས་བཀའ་ཡི་དོན་དང་ཚིག་རྣམས་ནི། །མ་ནོར་གཏན་ལ་འབེབས་པར་མཛད་པ་ཡི། །དོན་མཆོག་ལམ་རྣམས་ཉམས་སུ་བླངས་པས་ནི། །ས་ལམ་ནོན་ཅིང་སྒྲིབ་དག་ཚོགས་རྫོགས་པས། །རང་གཞན་དོན་གྲུབ་སངས་རྒྱས་ཐོབ་པ་ཡིས། །སྤྱི་དང་རང་གི་མཚན་ཉིད་སྟོན་མཛད་པའི། །འགྲེལ་པ་དང་ནི་བསྟན་བཅོས་ཊཱི་ཀ་མཛད། །མཁས་པ་ཁྱེད་རྣམས་ལ་ནི་བདག་ཕྱག་འཚལ། །རྟོགས་ལྡན་རྣལ་འབྱོར་ཆེན་པོ་ཀུ་སུ་ལུས། །འགྲོ་བ་མ་ལུས་སེམས་ཅན་ཐམས་ཅད་ལ། །ཚད་མེད་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིས། །བཀའ་དང་བསྟན་བཅོས་རྒྱས་པར་གསུངས་པ་ལས། །དོན་གྱི་གནད་རྣམས་ཉམས་ལེན་མ་ཤེས་
དང་། །ཉུང་ངུ་བསྡུས་པ་བརྡ་ཡི་ཆོས་རྣམས་ལ། །རྒྱུད་དཀྲུག་ལུང་དཀྱུས་མན་ངག་གབ་པ་ཡིས། །མཐའ་དྲུག་དགོངས་པ་གོ་བར་མ་ནུས་དང་། །དོན་རྣམས་མ་གོ་ཚིག་ལ་མཁས་པ་ཡི། །ཐོས་མང་དོན་ལ་རྨོངས་པ་རྣམས་དང་ནི། །ཐོས་ཆུང་སྒོམ་པས་ཁེངས་པའི་སྟོང་སྦོས་པ། །ཚིག་དོན་གཉིས་ལ་རྨོངས་པའི་གང་ཟག་ལ། །བཀའ་དང་བསྟན་བཅོས་གཉིས་ཀྱི་མན་ངག་ནི། །སེམས་ཅན་ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །སངས་རྒྱས་སྐུ་གསུང་ཐུགས་སུ་སྟོན་མཛད་པས། །གནད་བཞིའི་རྟེན་འབྲེལ་འགྲིགས་པའི་མན་ངག་གིས། །གཉིས་མེད་རང་རིག་ཡེ་ཤེས་མངོན་སུམ་དུ། །སྐད་ཅིག་གཅིག་གིས་དོན་རྣམས་རྟོགས་པ་ལ། །ལུང་དང་རྗེས་དཔག་མང་པོ་སྤྲོས་མི་དགོས། །འོན་ཀྱང་ལུང་དང་རྗེས་དཔག་རང་སེམས་ཡིན། །གཅིག་ཤེས་ཀུན་ལ་མཁས་པའི་མན་
ངག་གིས། །སེམས་རྟོགས་པས་ནི་ཚེ་འདིར་མངོན་སངས་རྒྱས། །བླ་མའི་གདམས་ངག་མཁས་པ་བསྟན་ལས་བྱུང་། །མོས་གུས་བསྐྱེད་ཅིག་ལས་ཅན་སྐལ་ལྡན་རྣམས། །རྟོགས་ལྡན་རྣམས་ལ་བདག་ནི་སྐྱབས་སུ་མཆི། །དེ་ལྟར་བཀའ་དང་བསྟན་བཅོས་མན་ངག་གི། །ཆོས་ཀྱི་བྱེ་བྲག་ཟུར་ཙམ་སྨོས་པ་དེ། །ཁྱེད་བཞེད་ཆོས་འདི་བསྟན་ན་ཆོག་ལགས་ཏེ། །མཁས་པ་རྣམས་ནི་ངེས་ཤེས་སྐྱེ་བ་དང་། །རྨོངས་པ་རྣམས་ནི་ཤེས་རབ་སྐྱེ་བའི་ཕྱིར། །དམ་པ་ཆོས་ཀྱི་བྱུང་ཚུལ་བསྟན་པ་ཡིན། །ཁྱེད་ཀྱིས་ཞུས་པའི་ཆོས་རྣམས་བསྟན་པ་ནི། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་ཙམ་ན། །སྣང་སྲིད་འཁོར་འདས་སེམས་ལས་ལོགས་ན་མེད། །རང་སེམས་སངས་རྒྱས་ཡིན་པར་རྟོགས་པ་ལ། །དེ་ལ་བསྒོམ་ནི་དགོས་སམ་མི་དགོས་དང་། །བསྒོམས་པའི་ཡོན་ཏན་ཅི་འབྱུང་ཞུས་པ་དང་། །ཡང་ནི་
ཆོས་ཤིག་ཞུ་བར་གདའ་བ་ནི། །གཞུང་གཞན་ས་ལམ་ཡོན་ཏན་གསུངས་ན་ཡང་། །འདིར་ནི་སྒོམ་ཆེན་པ་ཡི་ཉམས་ལེན་ལ། །རྣལ་འབྱོར་བཞི་ཡི་རིམ་པ་གསུངས་པ་སྟེ། །དེས་ན་སྒྲིབ་པ་སྤངས་དང་ཡོན་ཏན་སྐྱེ་ཚུལ་དང་། །འབྲས་བུ་སངས་རྒྱས་ཇི་ལྟར་ཐོབ་ཚུལ་གསུངས། །དེ་ཡི་ལན་རྣམས་སོ་སོར་བསྟན་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་། །བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །རང་སེམས་སངས་རྒྱས་ཡིན་པར་ཐུབ་པས་གསུངས། །གཞན་ཡང་རྒྱུད་རྒྱལ་བརྟག་པ་གཉིས་པ་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང་། མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལས་ཀྱང་། །རིག་ཁམས་རྣམ་དག་ཀུན་ལ་ཡོད་པར་
གསུངས། །ཡོད་ཀྱང་རྟོགས་ཤིང་ཉམས་སུ་མ་མྱོང་བས། །སེམས་ཅན་སངས་རྒྱས་མ་ཐོབ་འཁོར་བར་འཁྱམས། །མ་སྒོམ་པ་ལ་སངས་རྒྱས་མི་འབྱུང་སྟེ། །སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ལས་ཀྱང་། །ཇི་ལྟར་འོན་པ་སིལ་སྙན་མཁན། །ཚོང་འདུས་དབུས་སུ་དཀྲོལ་བྱེད་ཀྱང་། །རང་གིས་གཅིག་ཀྱང་ཐོས་པ་མེད། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་བྲི་བྱེད་ཀྱང་། །རང་གིས་གཅིག་ཀྱང་མཐོང་བ་མེད། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །ཞེས་གསུངས། ནོར་བུ་རིན་ཆེན་མཆིང་བུས་བཏུམ་པ་ལ། །འོད་དང་དགོས་འདོད་ཐམས་ཅད་འབྱུང་མི་འགྱུར། །བྱི་དོར་ཚད་བྱས་རྒྱལ་མཚན་རྩེར་བཏགས་ན། །འོད་དང་དགོས་འདོད་ཐམས་ཅད་འབྱུང་བ་ཡིན། །རང་སེམས་རྟོགས་པ་བསྒོམས་པས་སངས་རྒྱས་སོ། །མཁའ་འགྲོ་མ་ཡི་རྒྱུད་
ལས་ཀྱང་། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམ་པ་ཡིས་སངས་རྒྱས་ཀྱི། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། །བསྒོམས་ན་གནས་སྐབས་མཐར་ཐུག་ཡོན་ཏན་འབྱུང་། །དེ་ཡང་ཉམས་སུ་བླང་ཚུལ་བསྟན་པ་ནི། །གང་ཟག་དད་ཅན་ལས་ནི་དང་པོ་པས། །ཡང་དག་པ་ཡི་བླ་མ་བཙལ་ཞིང་བསྟེན། །སྡོམ་གསུམ་རྩ་བ་ཆོས་ཀྱི་གཞི་བྱས་ནས། །ཐབས་ལམ་ནཱ་རོའི་ཆོས་དྲུག་ཆོས་བཅུ་དང་། །ལྟ་བ་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཡི། །ཁྲིད་ཀྱི་རིམ་པ་སོ་སོར་སྟོན་པ་ནི། །བླ་མ་མཆོད་ནས་མཎྜལ་དབུལ་བར་བྱ། །དད་པ་གུས་པ་བསྐྱེད་ཅིང་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་བདུད་རྩི་དང་། །ཡི་གེ་བརྒྱ་པས་སྡིག་སྒྲིབ་སྦྱངས་བྱས་ནས། །ཆོས་རྗེ་མཉམ་མེད་དྭགས་པོ་རིན་ཆེན་གྱིས། །
དང་པོར་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་མཛད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རང་སེམས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་མཛད། །ཉམས་དང་རྟོགས་པའི་ཁྱད་པར་ངོས་འཛིན་ལ། །སྐྱོན་དང་གོལ་ས་བར་ཆད་གེགས་བསལ་ནས། །བརྟན་དང་བོགས་འདོན་ཁྲིད་ཀྱི་རིམ་པ་མཛད། །མཐར་ཐུག་རྟོགས་པ་སྐྱེས་པར་གྱུར་པ་ལ། །ཁྲིད་རིམ་རྫོགས་ནས་ཐུན་ཆོས་བསྔོ་བ་མཛད། །རྗེ་ཡི་ཞལ་སློབ་སངས་རྒྱས་སྒོམ་པ་དང་། །བླ་མ་རིན་ཆེན་འབའ་རོམ་པ་དང་གཉིས། །སྐྱེ་མེད་ཞང་དང་ཆོས་རྗེ་འབྲི་གུང་པ། །གོང་མའི་རྗེས་འབྲང་ཁྲིད་ཀྱི་རིམ་པ་ཡིས། །རང་ལ་ཉམས་རྟོགས་སྐྱེས་པའི་གནད་ཤེས་པས། །གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡི། །ཁམས་དང་ཉོན་མོངས་བག་ལ་ཉལ་སོགས་ཀྱིས། །དེ་དང་དེ་ཡི་གཉེན་པོས་འཆོས་ཤེས་པས། །ཁྲིད་བྱས་པས་ནི་ཉམས་རྟོགས་སྐྱེ་བར་འགྱུར། །དེ་
དོན་ཉམས་སུ་བླངས་ལུགས་བསྟན་པ་ནི། །རིམ་སྐྱེས་པ་ལ་བོགས་འདོན་གདམས་ངག་བསྟན། །ཐོད་རྒལ་བ་ལ་མཚམས་སྦྱོར་གདམས་ངག་བསྟན། །གཅིག་ཆར་བ་ལ་ངོ་སྤྲོད་གདམས་ངག་བསྟན། །ལས་དང་པོ་པ་ལ་མཉམ་བཞག་རྗེས་ཐོབ་བསྟན། །སྤྱོད་པ་མཉམ་བཞག་རྗེས་ཐོབ་རོ་སྙོམ་བྱ། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ། །མཉམ་བཞག་རྗེས་ཐོབ་སྤང་བླང་རིམ་པ་མེད། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །རང་སེམས་མིན་པ་གཞན་ཞིག་གྲུབ་པ་མེད། །སེམས་ཉིད་རྟོགས་ནས་སྒོམ་ཞིག་ལོགས་ན་མེད། །མ་གོམས་དྲན་པས་ཟིན་དང་མ་ཟིན་ཡོད། །གོམས་པར་གྱུར་ན་ཐམས་ཅད་སྒོམ་དུ་འཆར། །ཉམས་སུ་བླངས་ལུགས་གནད་དུ་བསྟན་པ་ནི། །མ་བཅོས་པ་ལ་མ་བསླད་པ་ཡི་དོན། །གཉུག་མའི་ཡེ་ཤེས་རྒྱུན་ཆད་མེད་པ་ལ། །བཏང་
བཞག་མེད་པར་ངམ་ངམ་ཤུགས་ཀྱིས་གནས། །སྐྱེ་མེད་འོད་གསལ་རྒྱ་མཚོ་དྭངས་པ་ལ། །རྣམ་རྟོག་སྣང་བ་སྣ་ཚོགས་བྱུང་བ་རྣམས། །རྦ་རླབས་དང་ནི་ཆུ་བུར་ཇི་བཞིན་དུ། །གཉིས་མེད་ཐུགས་ཕྲད་རང་གྲོལ་སོ་མར་ཞོག །ཉམས་མྱོང་དང་ནི་རྟོགས་པ་དབྱེར་མེད་འབྱུང་། །སྤང་བླང་མེད་ཀྱང་སྒྲིབ་པ་ཤུགས་ཀྱིས་འབྱངས། །ཆོས་སྐུ་སྤྲོས་བྲལ་གཉིས་མེད་ཟུང་འཇུག་ལ། །གནས་སྐབས་མཐར་ཐུག་ཡོན་ཏན་འཆར་བ་ཡིན། །སྟོང་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་འདི། །སྐྱེ་མེད་འོད་གསལ་སྟོང་པ་དངོས་པོའི་ཆོས། །སྣང་བ་དཀར་དམར་སྣ་ཚོགས་སྟོང་ཉིད་གཟུགས། །གཉིས་མེད་ཡེ་ཤེས་ཟུང་འཇུག་ཕྱག་རྒྱ་ཆེ། །དེ་བསྒོམས་པ་ལས་ཡོན་ཏན་ཐམས་ཅད་འབྱུང་། །ཉི་མ་ཡོད་པས་འོད་ཟེར་ཡོད་བཞིན་དུ། །སྟོང་ཉིད་བསྒོམ་པའི་དགོས་པ་གང་ཡིན་པ། །བློ་ནི་གཞན་དོན་དགའ་བ་སྐྱེ་བར་
འགྱུར། །སྒོམ་སྐྱེས་བླ་མའི་བཀའ་དྲིན་ཡིན་པར་གོ། །བླ་མ་སངས་རྒྱས་ཡིན་པའི་དད་གུས་སྐྱེས། །དང་བའི་དད་པ་རུས་པའི་གཏིང་ནས་སྐྱེས། །ཕྱི་ནང་གྲུབ་མཐའ་གཞན་གྱི་ཡོན་ཏན་ལས། །རང་གི་བླ་མ་རིན་ཆེན་ཡོན་ཏན་ལ། །ཡིད་གཉིས་ཐེ་ཚོམ་རེ་དོགས་མི་སྐྱེ་བའི། །འགྱུར་མེད་བརྟན་པ་ཡིད་ཆེས་དད་པ་སྐྱེ། །འཁོར་བའི་རྒྱུ་འབྲས་མྱང་འདས་རྒྱུ་འབྲས་ལ། །གཉིས་མེད་གཉུག་མའི་ཏིང་འཛིན་བསྒོམས་པ་ཡི། །འདོད་པའི་དད་པས་འགོག་པ་མངོན་དུ་བྱེད། །དད་གསུམ་འཁོར་ལོ་རྒྱུན་ཆད་མེད་པ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་མ་རྒན་རྣམས། །འཁོར་བའི་སྡུག་བསྔལ་དཔག་མེད་མྱོང་བ་ལ། །སྙིང་རྗེ་ཆེན་པོ་ངམ་ངམ་ཤུགས་ཀྱིས་སྐྱེ། །འགྲོ་བའི་སྡུག་བསྔལ་སེལ་བར་མཛད་པ་ཡི། །སྟོང་ཉིད་སྙིང་རྗེ་རྟག་ཏུ་
བསྒོམ་པར་བྱ། །སེམས་ཅན་ལ་དམིགས་སྙིང་རྗེས་གཞན་དོན་བྱེད། །རང་སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིས། །སེམས་ཅན་རྣམས་ཀྱི་སེམས་དང་རང་གི་སེམས། །སངས་རྒྱས་ཐུགས་དང་འདི་གསུམ་འདྲ་བ་ལ། །རང་སེམས་མ་རྟོགས་སེམས་ཅན་ཐམས་ཅད་ལ། །ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེས། །གཞན་སེམས་རྟོགས་པར་བྱེད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པར་འཕགས་པ་སྡུད་པ་ལས། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །འཁོར་འདས་གཉིས་མེད་མཐར་ཐུག་ཟུང་འཇུག་རྟོགས། །སེམས་ཅན་རྣམས་དང་སྙིང་རྗེ་སྒོམ་མཁན་གསུམ། །ཡུལ་དང་ཡུལ་ཅན་ཐ་དད་མི་དམིགས་པས། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་ཡིན་ཡང་། །སྡུག་བསྔལ་ཅན་ལ་སྙིང་རྗེ་ངང་གིས་སྐྱེས། །
སེམས་ཅན་ཆོས་དང་དམིགས་མེད་སྙིང་རྗེ་གསུམ། །སྐྱེ་མེད་འོད་གསལ་རང་གཟུགས་སྙིང་རྗེ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པ་འཕགས་པ་སྡུད་པ་ལས། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །ཅེས་གསུངས་སོ། །སྐྱེ་མེད་བསྒོམ་པའི་དགོས་པ་གང་ཡིན་པ། །རང་གཞན་དོན་ཀུན་ཤེས་རབ་སྐྱེ་བ་ཡིན། །དུས་གསུམ་སངས་རྒྱས་མཁྱེན་པའི་ཡེ་ཤེས་དེ། །ཤེས་རབ་ཕུན་སུམ་ཚོགས་ལས་འབྱུང་བར་གསུངས། །དོན་དམ་ཀུན་རྫོབ་སྦྱངས་པའི་ཤེས་རབ་གསུམ། །རང་སེམས་གདོད་ནས་རྣམ་དག་སྤྲོས་དང་བྲལ། །རང་སེམས་རྟོགས་པ་དོན་དམ་ཤེས་རབ་ཡིན། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་སོ་སོ་ལ། །མ་འདྲེས་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས། །རྒྱུ་མེད་པ་དང་རྒྱུ་འབྲས་འཆོལ་བ་དང་། །རྟག་ཆད་འཕོ་
དང་མ་ངེས་མུ་མཐའ་རྣམས། །གཏི་མུག་མུན་པས་བསྒྲིབས་པའི་ལོག་ཤེས་སྤངས། །ཡང་དག་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་བའི། །ལས་འབྲས་དཀར་ནག་ཕྱེད་པ་ཀུན་རྫོབ་ཤེས་རབ་ཀྱིས། །གཞན་རྣམས་དགེ་ལ་བཀོད་པ་གཞན་དོན་ཡིན། །བཀའ་དང་བསྟན་བཅོས་མན་ངག་ཆོས་རྣམས་ལ། །མང་དང་མང་པོ་མང་དུ་ཐོས་པ་ཡིས། །ཡུལ་དང་ཡུལ་ཅན་ཕྱི་ཡི་སྒྲོ་འདོགས་ཆོད། །ཐོས་ལ་བསམ་པས་རྟག་ཏུ་བསྐྱང་པ་ནི། །དགེ་དང་མི་དགེའི་ཆོས་རྣམས་ཡུལ་ལས་བྱུང་། །ཡུལ་རྣམས་བཀག་པས་སེམས་ཉིད་འགགས་པར་འདོད། ཆུ་མིག་མགོ་འབུར་ས་ཡིས་ནོན་པ་མེད། །རྣམ་ཤེས་རྣམ་རྟོག་སྣ་ཚོགས་འཕྲོ་བ་དེ། །ཡུལ་སྣང་བཀག་པས་གཅིག་ཀྱང་ཁོག་པ་མེད། །འོན་ཀྱང་དེ་དག་བསམ་བྱུང་ཤེས་རབ་ཀྱིས། །དེ་ཉིད་དོན་ལ་རློམ་ཡང་སྨིག་རྒྱུའི་ཆུ་དང་འདྲ། །དོན་དམ་གཉུག་མ་
བསམ་བརྗོད་ཡུལ་ལས་འདས། །རང་སེམས་དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་བྱེད་པ་གཞན་དོན་ཡིན། །དགོན་པའམ་ནི་ནགས་ཁྲོད་དབེན་པ་རུ། །འཇིག་རྟེན་བྱ་བ་བཏང་ནས་བསྒྲུབ་པ་ནི། །དང་པོར་སེམས་བསྐྱེད་ཡི་དམ་ལྷ་བསྒོམ་ཞིང་། །བླ་མ་བསྒོམ་ཞིང་མོས་གུས་གསོལ་བ་འདེབས། །རང་སེམས་ཕྱག་རྒྱ་ཆེན་པོ་མ་བཅོས་པ། །སོ་མ་རང་དྭངས་མཉམ་ཉིད་ལྷུག་པར་ཞོག །དེ་ལྟར་བསྒོམས་ན་ཉམས་དང་རྟོགས་པ་འཆར། །ཚད་མ་བཞི་ཡིས་ཉམས་སུ་བླང་ཐབས་ནི། །རང་རིག་ཡེ་ཤེས་མངོན་སུམ་ཚད་མ་ཡིས། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་དེ། །རྣལ་འབྱོར་མངོན་སུམ་རང་གི་སེམས་སུ་རྟོགས། །སྣང་མེད་འོད་གསལ་ཆེན་པོའི་ཤེས་རབ་སྟེ། །ཟག་མེད་ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ། །རྟོགས་ཤིང་ཉམས་སུ་མྱོང་བས་རང་
རྒྱུད་ཚིམས། །འཁོར་བ་སྡུག་བསྔལ་ཟུག་རྔུ་གཏིང་ནས་བཏོན། །རང་སེམས་ཡོན་ཏན་རིན་ཆེན་གཏེར་དང་འཕྲད། །མྱ་ངན་འདས་པས་དབུལ་ཞིང་ཕོངས་པ་བསལ། །ཡོན་ཏན་ཐམས་ཅད་རྫོགས་པའི་གླིང་དུ་བརྟོལ། །གནད་བཞིའི་རྟེན་འབྲེལ་བསྒོམས་བྱུང་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟར་བསྒོམ་ཞེ་ན། །རང་སེམས་གདོད་ནས་དག་པ་ཕྱག་རྒྱ་ཆེ། །མ་བཅོས་སོ་མར་འཇོག་པ་གདམས་ངག་ཡིན། །གཞན་ཡང་ཆོས་རྣམས་གཉིས་མེད་ཟུང་འཇུག་ནི། །ལུས་ངག་ཡིད་གསུམ་འཁོར་འདས་ཆོས་རྣམས་ཀུན། །ལྷ་དང་སྔགས་དང་ཏིང་འཛིན་ཡོན་ཏན་དུ། །ཐམས་ཅད་སྒོམ་དུ་འཆར་བའི་མདོ་གནད་འདིས། །ཐམས་ཅད་ཕྱག་རྒྱ་ཆེན་པོར་འཆར་ན་ཡང་། །རིག་པ་རྐྱང་འདེད་བྱེད་པ་མན་ངག་ཡིན། །ཐུག་ཕྲད་གཅེར་མཐོང་གིས་ནི་
བྱིང་རྒོད་འཇོམས། །སྐྱོན་ལ་ངོས་འཛིན་བྱེད་པ་གེགས་སེལ་ཡིན། །སྡུག་བསྔལ་བདེ་བར་ཤེས་ན་སྤང་བླང་མེད། །སྐུ་གསུམ་རང་ལས་རྙེད་པས་རེ་དོགས་བྲལ། །རྒྱུ་དང་ལམ་དང་འབྲས་བུའི་ཡོན་ཏན་ཆོས། །རང་སེམས་རིག་པའི་སྟེང་དུ་བསྒོམ་ཤེས་ན། །སྒྲིབ་པ་རྣམ་གཉིས་ཆགས་པའི་གནས་མེད་པས། །ཚོགས་གཉིས་རང་གི་སེམས་ལ་ཡོངས་སུ་རྫོགས། །དབང་པོ་ཡང་རབ་ཚེ་འདིར་མངོན་སངས་རྒྱས། །འབྲིང་གིས་བར་མ་དོ་རུ་སངས་རྒྱས་ཐོབ། །དབང་པོ་དམན་པའི་གང་ཟག་ཡིན་ན་ཡང་། །བླ་མ་ལ་གུས་དམ་ཚིག་མ་ཉམས་དང་། །ཆོས་འདི་དང་ནི་མཇལ་བའི་ཆེ་བ་ཡིས། །སྐྱེ་བ་བདུན་དུ་མི་ལུས་བརྒྱུད་ཐོབ་ནས། །ཚེ་དེ་ཉིད་ཀྱིས་སྐུ་གསུམ་མངོན་དུ་བྱེད། །དེ་ནི་གསང་སྔགས་ཟབ་མོའི་ཆེ་བ་ཡིན། །བུ་ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །རྗེ་དྭགས་
པོ་རིན་པོ་ཆེའི་བཞེད་པ་ཡིན། །ལས་དང་པོ་པ་ཡི་གང་ཟག་དད་ཅན་ལ། །བླ་མའི་རྣལ་འབྱོར་མཎྜལ་ཡིག་བརྒྱ་བསྟན། །དེ་ནས་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་བྱེད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །ཁྲིད་ཀྱི་རིམ་པ་རྫོགས་པར་མཛད་པ་དང་། །ངོ་བོ་མཐོང་བས་རྟོགས་པ་ཡིན་པར་བཞེད། །ཉམས་རྟོགས་རིམ་པ་རྣལ་འབྱོར་བཞི་ལ་བརྩི། །ཐབས་ལམ་བསྒོམ་པར་འདོད་པ་རྣམས་ལ་ནི། །རྗེ་ནཱ་རོ་པའི་ཆོས་དྲུག་ཁྲིད་དུ་མཛད། །དེས་ཀྱང་ངོ་བོ་མཐོང་བར་བཞེད་པ་ཡིན། །ད་ལྟ་ཆོས་ལ་འདྲ་མིན་བྱུང་བ་དེ། །གདམས་ངག་སོ་སོའི་རྟོགས་ཚད་བཞེད་གཞུང་ཡིན། །དེ་ལ་ལྷན་ཅིག་སྐྱེས་སྦྱོར་རྐྱེན་བཞི་འདི། །ཕ་རོལ་ཕྱིན་པའི་གཞུང་དང་མཐུན་པ་ཡིན། །ཕ་རོལ་ཕྱིན་དྲུག་བྱང་ཆུབ་ཕྱོགས་ལ་ཕྱོགས། །ས་ལམ་རྫོགས་ནས་སངས་རྒྱས་ཐོབ་པར་བཞེད། །ཐེག་ཆེན་གསང་སྔགས་
གཞུང་དང་མཐུན་པ་ནི། །ཁྱད་པར་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ལ། །རྣལ་འབྱོར་བཞི་རིམ་རྫོགས་ནས་མངོན་སངས་རྒྱས། །དེ་ལ་དང་པོའི་ལས་ཅན་གང་ཟག་རྣམས། །ཉོན་མོངས་རྣམ་རྟོག་སྣང་བ་བག་ཆགས་དང་། །མ་རིག་དབང་གིས་འཁྲུལ་པའི་འདམ་དུ་བྱིང་། །བསྒོམས་ཀྱང་སྒོམ་འཕྲོ་འཆོར་ཞིང་གཞན་དུ་གཡེངས། །དེ་ལ་བླ་མ་དམ་པའི་བྱིན་རླབས་དགོས། །བར་ཆད་བྱུང་ན་རྟ་མགྲིན་བསྒོམ་པར་བྱ། །ཏིང་ངེ་འཛིན་ལ་གནད་དུ་འགྲོ་ཙམ་ན། །དེ་ལ་རྣལ་འབྱོར་བཞི་རིམ་འཆར་བ་ཡིན། །རྩེ་གཅིག་རྣལ་འབྱོར་སྤྲོས་བྲལ་རྣལ་འབྱོར་དང་། །རོ་གཅིག་རྣལ་འབྱོར་བསྒོམ་མེད་རྣལ་འབྱོར་རོ། །རྩེ་གཅིག་དུས་སུ་སེམས་ཀྱི་རང་བཞིན་མཐོང་། །སྤྲོས་བྲལ་དུས་སུ་སེམས་ཀྱི་ངོ་བོ་མཐོང་། །རོ་གཅིག་དུས་སུ་སེམས་ཀྱི་མཚན་ཉིད་མཐོང་། །སྒོམ་མེད་དུས་སུ་སེམས་ཀྱི་
གཤིས་ཀ་རྟོགས། །རང་སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །སྟོང་པར་བསྒོམས་ན་གོལ་དང་ཤོར་ས་མང་། །བདེ་ལ་ཞེན་ན་འདོད་པའི་ཁམས་སུ་གོལ། །གསལ་ལ་ཞེན་ན་གཟུགས་ཀྱི་ཁམས་སུ་གོལ། །རྟོག་མེད་ཞེན་ན་གཟུགས་མེད་ཁམས་སུ་གོལ། །རྒྱས་འདེབས་གཉེན་པོ་ལམ་དང་གཤིས་སུ་ཤོར། །གཟུང་འཛིན་ལ་སོགས་བློ་ཡི་ཡུལ་དུ་གྱུར་པ་རྣམས། །བློས་བྱས་སྟོང་པ་བསྒོམ་པ་རྒྱས་འདེབས་ཡིན། །ཉོན་མོངས་སྐྱེས་པ་དེ་ཉིད་སྟོང་པར་མི་ཤེས་པར། །སྟོང་པ་སྒྱུ་མ་གཉེན་པོར་ཤོར་བ་ཡིན། །ཆོས་རྣམས་སྟོང་ཉིད་གཞི་རྩ་བྲལ་ཟེར་ཞིང་། །སྟོང་པར་བསྒོམས་པས་ལམ་དུ་ཤོར་བ་ཡིན། །ཆོས་རྣམས་ནམ་མཁའ་ལྟ་བུར་ཅིར་ཡང་གྲུབ་པ་མེད། །བསྒོམ་དུ་མེད་ཟེར་ཤེས་བྱའི་གཤིས་ལ་ཤོར། །དེ་ལ་སེམས་ཀྱི་བཞག་ཐབས་མ་འཆོལ་ན། །ཉམས་རྟོགས་རིམ་པ་བྱེ་བྲག་སྐྱེ་ཚུལ་ནི། །
གཅིག་ཆར་བ་ལ་དང་པོ་རྟོགས་པ་སྐྱེ། །ཐོད་རྒལ་བ་ལ་རེས་ཡོད་རེས་མེད་བྱེད། །རིམ་སྐྱེས་པ་ལ་དང་པོ་རྩེ་གཅིག་སྐྱེས། །བདེ་གསལ་མི་རྟོག་སེང་ངེ་ཡེ་རེ་བ། །ཉམས་ལ་མཐོ་དམན་ཡོད་མེད་བྱུང་དུས་སུ། །བླ་མ་བསྒོམ་ཞིང་མཎྜལ་འབུལ་བར་བྱ། །ཡུལ་དང་ཡུལ་ཅན་ཐམས་ཅད་སྟོང་པར་འཆར། །འོན་ཀྱང་ངེས་ཤེས་མེད་པ་སྟོང་ཉམས་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་དང་། །རང་སེམས་སྟོང་ཉིད་ནམ་མཁའ་མཐའ་དབུས་མེད། །དེ་ནི་སྣང་བ་བཀག་ནས་སྟོང་པ་བསྒོམ་པ་མིན། །ཡུལ་དུ་སྣང་བ་སྟོང་པ་ཉིད་དུ་བསྒོམ། །གསལ་དང་ཕྲ་ལ་སོགས་པའི་ཤེས་རབ་སྐྱེ། །ཆོས་མཆོག་ཆེན་པོའི་ཏིང་འཛིན་འདྲ་བ་ཡིས། །རང་བཞིན་སྟོང་པ་དྲོད་ཀྱི་ཉམས་མྱོང་ཀུན། །རྟོགས་པ་མེད་པས་མ་ངེས་བསམ་གཏན་ཡིན། །མོས་གུས་བྱས་ཤིང་གསོལ་བཏབ་ཚོགས་
བསགས་ནས། །དེ་ནས་སྤྲོས་བྲལ་རྟོགས་པ་སྐྱེ་བ་ནི། །ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་རྟོགས། །རང་སེམས་གདོད་ནས་དག་ཅིང་སྟོང་པ་ཉིད་དུ་འཆར། །དེ་ཉིད་ལ་ནི་གོམས་ཤིང་སྦྱངས་པ་ལས། །འཁོར་འདས་གཉིས་ཀྱི་སྤྲོས་པ་སྣ་ཚོགས་ཀུན། །སྤྲོས་པ་བཀག་པའི་སྤྲོས་མེད་མ་བསྒོམ་པར། །སྤྲོས་པ་སྤྲོས་པས་སྟོང་པའི་སྤྲོས་མེད་སྒོམ། །ཉམས་སུ་བླངས་ཤིང་བླ་མའི་བྱིན་རླབས་ཀྱིས། །འོད་གསལ་བདེ་ཆེན་སེམས་ཀྱི་ངོ་བོ་རྟོགས། །ཉམས་ཀྱི་བདེ་གསལ་མི་རྟོག་སྲིད་གསུམ་ངོ་བོ་ཡིན། །རྟོགས་པའི་བདེ་གསལ་མི་རྟོག་སྐུ་གསུམ་ངོ་བོ་ཡིན། །སྤྲོས་བྲལ་བདེ་ཆེན་ཟུང་འཇུག་ལམ་ཡིན་ནོ། །དེ་ནས་རོ་གཅིག་རྟོགས་པ་སྐྱེ་བ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀྱི། །མཚན་ཉིད་མ་འདྲེས་སོ་སོར་གསལ་བ་རྣམས། །ཐ་དད་གཉིས་མེད་ཆོས་སྐུར་རོ་གཅིག་པས། །
རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ཡོངས་སུ་རྫོགས། །དེ་ནི་ཇི་ལྟར་ཡོངས་སུ་རྫོགས་ཤེ་ན། །སྒོ་ལྔའི་རྣམ་ཤེས་བྱེད་ལས་ཐ་དད་ཀྱང་། །རྟོག་བྲལ་མ་འཁྲུལ་རིག་པའི་ངོ་བོར་གཅིག །འཁོར་བའི་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ལ། །རྒྱུ་རྐྱེན་འབྲས་བུ་ཇི་ལྟར་འབྱུང་བ་རྣམས། །ཚུར་རོལ་ཕ་རོལ་མཐོང་བའི་རྟོག་པ་ཡིས། །འཁོར་བ་སྤངས་ཤིང་མྱང་འདས་བསྒྲུབས་པ་ཡིས། །རྒྱུ་འབྲས་མངོན་དུ་འགྲིགས་པར་ནུས་པ་ཡིན། །སྣ་ཚོགས་གཉིས་མེད་དུ་མ་རོ་གཅིག་དེ། །དྲན་པས་མ་ཟིན་ཡུལ་དང་ཡུལ་ཅན་ཀུན། །གཉིས་སྣང་བག་ཆགས་ཡིན་པར་འཆར་ན་ཡང་། །ལམ་དེ་ཡོངས་སུ་གོམས་པར་བྱས་པ་ལ། །དགག་སྒྲུབ་རེ་དོགས་གཉིས་འཛིན་བག་ཆགས་རྣམས། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་གཅིག །སངས་རྒྱས་ཆོས་ཀྱི་ཡོན་ཏན་བྱེ་བྲག་རྣམས། །རྟོགས་
ལྡན་སེམས་ལ་ཡོན་ཏན་འཆར་བ་ནི། །མཆོད་པ་རྣམ་བདུན་བྱེད་ལས་སོ་སོ་རྣམས། །འབུལ་མཁན་སེམས་ལ་མ་འདྲེས་ཡོངས་སུ་རྫོགས། །ཡོན་ཆབ་ཕུལ་བས་འདོད་ཆགས་ལ་སོགས་འདག །ཆོས་སྐུ་འཐོབ་དང་འོག་མ་དེ་ཡིས་འགྲེས། །གཞན་ཡང་དགེ་བའི་འབྲས་བུ་སོ་སོ་རྣམས། །ཆོས་རྣམས་རང་སེམས་ཟུང་འཇུག་ངང་དུ་རྫོགས། །དཔེར་ན་སྤོས་ཀྱི་རྒྱ་དང་རྒྱ་ལེན་བཞིན། །རྒྱ་ལ་རི་མོ་སྣ་ཚོགས་ཡོད་པ་ལ། །སྤོས་ཕྱེ་བདལ་དང་རྒྱ་ལེན་བཏབ་པ་ལས། །རྒྱ་ལ་རི་མོ་ཇི་ལྟར་ཡོད་པ་རྣམས། །སྤོས་ལ་རི་མོ་དེ་ལྟར་བྱུང་ན་ཡང་། །རི་མོ་མ་འདྲེས་སོ་སོར་བཀྲ་བ་རྣམས། །སྤོས་ཕྱེ་མིན་པ་གཞན་ཞིག་བྱུང་བ་མིན། །རིགས་དྲུག་སེམས་ཅན་ཡུལ་ཕྱོགས་ཅི་གནས་པར། །སེམས་ཀྱིས་བྱེད་ལས་ཅི་བྱས་འབྲས་བུ་འབྱུང་། །བྱུང་ཡང་རང་སེམས་མིན་པ་བྱུང་བ་མེད། །རྒྱུ་དང་ལམ་དང་བྱང་
ཆུབ་སེམས་དཔའ་དང་། །སངས་རྒྱས་ཡོན་ཏན་ཇི་ལྟར་གནས་པ་ལ། །དགེ་བའི་སེམས་ཀྱིས་བྱེད་ལས་གང་བྱས་པས། །ཡུལ་ལ་ཇི་ལྟར་ཡོད་པའི་ཡོན་ཏན་འབྱུང་། །བྱུང་ཡང་རང་སེམས་མིན་པ་གཞན་ཞིག་བྱུང་བ་མིན། །འཁོར་འདས་གཉིས་ཀྱི་རྟེན་ཅིང་འབྲེལ་འབྱུང་རྣམས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་དུ་རྫོགས། །སེམས་ཀྱི་གཤིས་ཀ་བསྒོམ་དུ་མེད་པ་ནི། །སངས་རྒྱས་ཐུགས་དང་ཡེ་ནས་ཁྱད་མེད་པས། །བསྒོམས་པས་ལོགས་ནས་བོགས་ཤིག་དབྱུང་དུ་མེད། །འཁོར་འདས་གཉིས་ཀྱི་ཆོས་རྣམས་དུ་མ་ཀུན། །སེམས་ཅན་རྣམས་ཀྱི་སེམས་སྣང་མ་ཡིན་པ། །ཡུལ་དང་ཡུལ་ཅན་ལོགས་སུ་གྲུབ་པ་མེད། །མཐོང་ཐོས་དྲན་རེག་ཤེས་བརྗོད་ཆོས་རྣམས་ཀུན། །ཇི་ལྟར་མཐོང་ཡང་རང་སེམས་མཐོང་བ་ཡིན། །ཐམས་ཅད་རང་སེམས་སྒོམ་དུ་ཤེས་པ་ཡིས། །
བསྒོམ་པ་མིན་པ་མེད་པས་སྒོམ་མེད་ཡིན། །སྒོམ་མེད་དུས་སུ་མཐར་ཐུག་རྟེན་འབྲེལ་འགྲིགས། །དབང་ཕྱུག་ལ་སོགས་ཡོངས་སུ་བསྒྱུར་བ་ཡི། །འདོད་རྒུ་ཇི་ལྟར་བསམ་པ་བཞིན་དུ་འགྲུབ། །རྣམ་སྨིན་ལུས་རྒྱ་སྐབས་འདིར་འདག་པ་ཡིན། །གང་ཟག་དེ་ནི་ཚེ་འདིར་མངོན་སངས་རྒྱས། །ཡང་ནི་སྐྱེ་བ་གཅིག་གིས་ཐོགས་པ་མེད། །རྣམ་ཆད་ལས་དབང་འཆི་བ་མ་ཡིན་པར། །ཡོངས་བསྒྱུར་བསམ་གྱིས་མི་ཁྱབ་འཆི་བ་ཡིས། །ལུས་རྒྱ་ཞིག་ནས་བར་དོར་མངོན་སངས་རྒྱས། །རང་སེམས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ཚིག་ཚོགས་བྱ་སོགས་བྱེད་པ་གཉིས་སུ་མེད་ན་ཡང་། །སྒོམ་མེད་རྟོགས་པ་སྐྱེས་པར་གྱུར་པ་ལ། །རང་སེམས་དྲན་པས་འཛིན་པ་ལ་སོགས་པའི། །ཐབས་ཀྱི་ཆ་ནི་གང་ཡང་བསྒོམ་མི་དགོས། །སངས་རྒྱས་སེམས་ཅན་ལོགས་ན་མི་སྲིད་པས། །ལོགས་སུ་བསྒོམ་རྒྱུ་གཅིག་
ཀྱང་མེད་ན་ཡང་། །འོན་ཀྱང་རྟོགས་པའི་ཆོས་དེ་ཉིད་ལ་ཡང་། །གོམས་ཤིང་འདྲེས་པས་རང་སེམས་རྩལ་སྦྱངས་པས། །མངོན་པར་ཤེས་པ་དྲུག་དང་སྤྱན་ལྔ་དང་། །ཡེ་ཤེས་དང་ནི་ལུས་ཀྱི་བཀོད་པ་དང་། །རྫུ་འཕྲུལ་དང་ནི་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་ཀྱི་ནི་ཡོན་ཏན་ཡར་ལྡན་དུ། །སོང་བ་ཡིན་པས་རྟོགས་པའི་འབྲས་བུ་སྟེ། །དེ་ཡི་དགོངས་པ་དེ་ཡང་ཆོས་ཉིད་རྩལ་སྦྱངས་པས། །ཤེས་པ་ལ་ནི་དབང་ཐོབ་འོང་བ་ཡིན། །ཤེས་བྱའི་ཆ་ནི་ཐམས་ཅད་ཕྲ་ལ་དྭངས། །དེ་ལྟ་བུ་གཅིག་མཁྱེན་པའི་ཡོན་ཏན་འཆར། །བྱམས་དང་སྙིང་རྗེ་གཞན་དོན་འབྱུང་བའི་ཐབས། །རྟོགས་པའི་རྩལ་ཁ་སྦྱོངས་པར་མི་བྱེད་པར། །གཞི་དེ་རང་གི་ཐོག་ཏུ་བཞག་པས་ཆོག་ཟེར་ཞིང་། །དགེ་བ་བྱ་རྒྱུ་མེད་ཅེས་ཟེར་བ་རྣམས། །ཕན་གནོད་འབྲས་བུ་འབྱིན་པར་མི་ནུས་པས། །དེ་ལ་ཐམས་ཅད་
མཁྱེན་པ་མི་འབྱུང་བས། །བསྒོམ་བྱ་སྒོམ་བྱེད་མེད་ཀྱང་རྟོགས་པའི་རྩལ་ཁ་སྦྱངས། །འགྲོ་བའི་དོན་དུ་ཚོགས་གཉིས་བསགས་པ་ཡིས། །མཐར་ཐུག་མི་སློབ་ཟུང་འཇུག་ལ་གནས་ནས། །འབྲས་བུ་སྐུ་གསུམ་མངོན་དུ་བྱས་པ་ཡིན། །གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །ལོངས་སྐུ་སྤྲུལ་སྐུ་གཟུགས་སྐུ་སྣ་ཚོགས་རྣམས། །སངས་རྒྱས་ཀྱི་ནི་ལྷན་ཅིག་སྐྱེས་པའི་རྐྱེན། །དང་པོ་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས། །བར་དུ་རྣལ་འབྱོར་བཞི་དང་ཚོགས་བསགས་ཤིང་། །རྗེས་ལ་འགྲོ་བའི་དོན་ལ་རྒྱལ་བ་ཡིས། །དགེ་བ་བསྔོ་ཞིང་སྨོན་ལམ་བཏབ་པ་འདི། །གདུལ་བྱ་རྣམས་ཀྱིས་ཉེ་བར་ལེན་པའི་རྒྱུ། །སངས་རྒྱས་སྐུ་གསུམ་སོ་སོར་འཆར་བ་ཡང་། །དག་པ་རྣམས་ལ་སྐུ་གསུམ་དབྱེར་མེད་འཆར། །དམན་པ་རྣམས་ལ་སྐུ་གསུམ་སོ་སོར་འཆར། །རིགས་དྲུག་རྣམས་ལ་སྟོན་པ་དྲུག་ཏུ་
འཆར། །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་འབྲས་བུ་ཡིན། །སྒྲིབ་པ་སྤང་ཞིང་ཡོན་ཏན་སྐྱེ་ཚུལ་ནི། །གོང་དུ་ཞོར་ལ་ཞིབ་པར་བསྟན་ན་ཡང་། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །རང་སེམས་སངས་རྒྱས་མ་མཐོང་སྒྲིབ་པ་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །དགེ་དང་མི་དགེ་ལུང་མ་བསྟན་དུ་གནས། །མ་རིག་དབང་གིས་ཉོན་མོངས་དུག་ལྔ་ཡིས། །མི་དགེ་སྤྱོད་པ་རྣམ་སྨིན་སྒྲིབ་པ་ཡིན། །དེ་ཡི་གཉེན་པོར་དགེ་སྤྱོད་མཚན་མར་བཟུང་། །ཡོན་ཏན་ལ་ཞེན་ཤེས་བྱའི་སྒྲིབ་པ་ཡིན། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་མ་ལུས་རྣམས། །མ་རིག་ཉོན་མོངས་མི་དགེའི་ལས་དབང་གིས། །འཁོར་བའི་རྒྱ་མཚོར་ཐོག་མ་མེད་ནས་འཁྱམས། །མི་དགེའི་དབང་གིས་ཉོན་མོངས་སྒྲིབ་པས་གོས། །ལམ་རྣམས་
ཉམས་སུ་བླངས་པས་སྒྲིབ་པ་འདག །དང་པོ་ཆོས་ལ་ཞུགས་པའི་གང་ཟག་རྣམས། །རིགས་དྲུག་འཁོར་བའི་སྡུག་བསྔལ་མུན་ནག་ཏུ། །མུན་པའི་དཀྱིལ་དུ་ཉི་མ་ཤར་བ་ལྟར། །སངས་རྒྱས་བསྟན་པའི་འོད་ཟེར་ཤར་བ་ཡིས། །སྒྲིབ་པའི་ཚོགས་རྣམས་མ་ལུས་སེལ་བར་བྱེད། །བླ་མས་བསྟན་པའི་ཆོས་ལ་ཞུགས་པ་རྣམས། །དང་པོ་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རྩེ་གཅིག་དང་པོའི་ཏིང་འཛིན་སྐྱེས་པ་དེས། །མར་མེས་མུན་པ་སེལ་ཚོད་ཇི་ལྟ་བར། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེས་པ་ཡིས། །ཉོན་མོངས་རྣམ་རྟོག་ཚང་ཚིང་སེལ་བར་བྱེད། །རྩེ་གཅིག་གཉིས་པའི་ཏིང་འཛིན་སྐྱེས་པ་ཡིས། །ཉོན་མོངས་ཕྲ་བའི་ཕྲ་བ་མགོ་ནོན་ནས། །སྐྱ་རེངས་ཤར་ནས་མུན་པ་སེལ་བ་ལྟར། །ཡུལ་དང་ཡུལ་ཅན་རྟོག་མེད་བསྒོམས་པ་ཡིས། །ཡུལ་ལ་བདེན་པར་འཛིན་པའི་ཞེན་པ་དག །རྩེ་
གཅིག་གསུམ་པའི་ཏིང་འཛིན་སྐྱེས་པ་ནི། །འཁོར་འདས་རང་སེམས་སྟོང་པར་བསྒོམས་པ་ཡིས། །ནམ་ལངས་པས་ནི་མུན་པ་དྭངས་པ་ལྟར། །ཡུལ་ཅན་རྟག་པར་འཛིན་པའི་ཞེན་པ་དག །ཉི་མ་ཤར་བས་མུན་པ་ཐམས་ཅད་བསལ་བ་ལྟར། །སྤྲོས་བྲལ་དང་པོའི་རྟོགས་པ་སྐྱེས་པ་ཡིས། །སྒྲིབ་གཉིས་ལ་སོགས་མུན་པ་སེལ་བར་བྱེད། །སངས་རྒྱས་ཉི་མའི་དཀྱིལ་འཁོར་ཤར་བ་ཡིས། །རིགས་དྲུག་འཁོར་བའི་སྡུག་བསྔལ་སེལ་བར་བྱེད། །སྤྲོས་བྲལ་གཉིས་པ་སྐྱེས་པའི་ཏིང་འཛིན་གྱིས། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །ལམ་རིམ་ངང་དུ་འདག་ཅིང་ཡོན་ཏན་སྐྱེས། །གསུམ་པ་ནས་བཟུང་སྒོམ་མེད་བར་དུ་ནི། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་རྣམས། །ཆུང་ངུ་སྔོན་དང་ཆེན་པོ་ཕྱིས་ནས་འདག །ཤེས་རབ་དང་ནི་ཤེས་བྱའི་སྒྲིབ་པ་ནི། །ཆེན་པོ་སྔོན་
དང་ཆུང་ངུ་ཕྱི་ནས་འདག །ཀུན་གཞིའི་ཡེ་ཤེས་ཉོན་མོངས་རང་གིས་སྒྲིབ། །ཉོན་མོངས་དུག་ལྔ་དུག་གསུམ་སྦྱང་བྱ་རྣམས། །ཡེ་ཤེས་ལྔ་དང་སྐུ་གསུམ་ཡོན་ཏན་ཆོས། །ཉོན་མོངས་སངས་ནས་ཡེ་ཤེས་སྐུ་གསུམ་པོ། །དེ་དག་མ་གཏོགས་ལོག་ནས་གྲུབ་པ་མེད། །ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་དང་། །གཏི་མུག་ལ་སོགས་ཉོན་མོངས་སྒྲིབ་པ་ཀུན། །ཆོས་རྣམས་དེ་དག་སོ་སོར་རང་གིས་སྟོང་། །ཉོན་མོངས་སྒྲིབ་པ་དེ་དག་ཉིད་ཀྱིས་འདག །ཉོན་མོངས་སྒྲིབ་པ་ཐོག་མེད་བསགས་པ་ནི། །ལས་དང་བག་ཆགས་ཀུན་ལྡང་རྣམ་པར་སྨིན། །མ་རིག་ལྟ་ལོག་ཐེ་ཚོམ་ཡིད་གཉིས་ཀུན། །ལམ་རྣམས་ཉམས་སུ་བླངས་པས་ཐད་སོར་འདག །ཉོན་མོངས་བདུད་དང་ཉོན་མོངས་རྟོག་རྒྱ་ཆོད། །ཆོས་རྣམས་རང་སེམས་གཅིག་ཏུ་རྟོགས་པ་ཡིས། །བསྒོམ་བྱ་སྒོམ་བྱེད་སྒོམ་མཁན་སྒོམ་རྒྱུ་རྣམས། །
འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས། །ཤེས་བྱའི་སྒྲིབ་པ་ཆེན་པོ་འདག་པར་བྱེད། །སྒོམ་རོ་གཅིག་སྐྱེས་པའི་གང་ཟག་ལ། །ཡོན་ཏན་སྐྱེ་དང་སྒྲིབ་པ་སྤོང་ཚུལ་རྣམས། །ལམ་གྱི་སྐབས་སུ་ཞིབ་ཏུ་བསྟན་ན་ཡང་། །ཉོན་མོངས་ཤེས་བྱ་གཉིས་ཀའི་འབྲིང་པོ་འདག །དེ་ཡི་ཡོན་ཏན་རིམ་པ་སྐྱེ་ཚུལ་ནི། །གོང་དུ་ལམ་གྱི་སྐབས་སུ་ཞིབ་པར་བསྟན། །ཀུན་ཏུ་བཏགས་པའི་མ་རིག་མན་ཆད་ཀྱི། །ཉོན་མོངས་སྒྲིབ་པ་ཕྲ་རགས་ཐམས་ཅད་དང་། །གཉིས་སྣང་བག་ཆགས་ཡན་ཆད་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཆུང་ངུའི་རགས་པ་འདག །སྒོམ་མེད་སྐྱེས་པའི་རྟེན་གྱི་གང་ཟག་ལ། །ཡོན་ཏན་སྐྱེ་ཚུལ་ལམ་གྱི་སྐབས་སུ་བསྟན། །ཉོན་མོངས་ཆེན་པོ་ཤེས་བྱ་ཆུང་ངུ་ནི། །རང་སེམས་གཉིས་མེད་ཡེ་ཤེས་རྟོགས་པ་ཡིས། །བསྒོམ་པ་མིན་པ་ལོགས་སུ་གྲུབ་པ་མེད། །
ཐམས་ཅད་སྒོམ་དུ་ཤར་བའི་ཤེས་རབ་ཀྱིས། །ལྷན་ཅིག་སྐྱེས་པའི་མ་རིག་ཀུན་གཞི་དང་། །ཉོན་མོངས་རྩ་བའི་སྒྲིབ་པ་ཆེན་པོ་འདག །དེ་ཡི་ཉོན་མོངས་སྒྲིབ་པ་འདག་ཚུལ་ནི། །རང་སེམས་ཆོས་སྐུར་རིག་པས་མ་རིག་འདག །ཀུན་གཞི་རང་བཞིན་རྣམ་པར་དག་པ་ཡིས། །ཉོན་མོངས་སྒྲིབ་པ་ཆགས་པའི་གཞི་རྩ་བྲལ། །དེ་ཡི་ཉོན་མོངས་གཞི་རྩའི་སྒྲིབ་པ་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ནི། །གཉིས་འཛིན་གཉིས་སྣང་བག་ཆགས་མ་ཡིན་ཡང་། །དེ་ཡིས་བཞག་པའི་སྒྲིབ་པ་ཆུང་ངུ་ནི། །སྐུ་དང་ཡེ་ཤེས་ཐ་དད་སྣང་བ་ཡིན། །རིགས་ལྔ་རོ་གཅིག་དྲུག་པ་རྡོ་རྗེ་འཆང་། །ཡེ་ཤེས་ལྔ་དང་ཆོས་སྐུ་རོ་གཅིག་པས། །སྐུ་ལྔ་དབྱེར་མེད་གཅིག་ཏུ་གྱུར་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་དུས་སུ། །ཤེས་བྱའི་སྒྲིབ་པ་རིག་མ་ལ་བརྟེན་ནས། །སློབ་དཔོན་དུས་གསུམ་བདེ་
གཤེགས་བཅུད་བསྡུས་ཀྱིས། །མཐར་ཐུག་འབྲས་བུའི་དུས་སུ་དབང་བསྐུར་བས། །ཤེས་བྱའི་སྒྲིབ་པ་འདག་ཅིང་མངོན་སངས་རྒྱས། །དེ་དག་སྒྲིབ་པ་འདག་ཚུལ་སོ་སོ་རྣམས། །ལམ་གྱི་ཐད་སོར་སྦྱར་ནས་ཤེས་པར་བྱ། །ཆོས་ཞུ་པོ་དང་འགྲོ་བའི་དོན་དུ་ནི། །སྙན་བརྒྱུད་ཟབ་མོ་ཡི་གེར་བྲིས་པ་ལ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྣམས། །མི་མཉེས་གྱུར་པ་ཐམས་ཅད་བཟོད་པར་གསོལ། །ཆོས་འདི་བརྩམས་པའི་དགེ་བ་དྲི་མེད་དེས། །ཞུ་བ་པོ་དང་འགྲོ་བ་སེམས་ཅན་རྣམས། །མཆོག་དང་ཐུན་མོང་དངོས་གྲུབ་རབ་བརྙེས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཐོབ་པར་ཤོག །ཕྱག་རྒྱ་ཆེན་པོ་བསྒོམས་པའི་ཡོན་ཏན་དང་། །རྣལ་འབྱོར་བཞི་ཡི་ལམ་གྱི་རིམ་པ་གཉིས། །དད་ལྡན་དབོན་པོ་ཤེས་རབ་དབང་ཕྱུག་གིས། །འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་ཞུས། །ཡུལ་ལ་
མཚན་གསོལ་རྩི་ཀླུང་ཀོ་མཛོ་རུ། །ཟབ་ཆོས་ཡོན་ཏན་རིན་ཆེན་ཀུན་ཏུ་འོད། །ཏི་ཤྲི་རས་པས་འགྲོ་བའི་དོན་དུ་བཀོད། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་ཤོག །ཅེས་གསུངས་སོ། །
རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེངྒེ།
༈ རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེངྒེ་ནི། རུས་ཆེན་སྨུག་པོ་གདུང་། ཡབ་རྡོ་རྗེ་རྒྱལ་པོའི་སྲས་སུ་འཁྲུངས། ཆུང་ནས་ལྷ་ཆོས་ལ་ཤེས་བརྩོན་ལྡན་ཞིང་རི་མོའི་གནས་ལ་ཕུལ་དུ་སོན། ལུས་མེད་རྡོ་རྗེ་ལས་རབ་ཏུ་བྱུང་ཞིང་བསྙེན་རྫོགས་མཛད། མཚན་ཚུལ་ཁྲིམས་སེངྒེ། གསང་སྔགས་དབང་བསྐུར་ཐབས་གྲོལ་གདམས་པ་མ་ལུས་གསན། གསང་མཚན་བདེ་བའི་རྡོ་རྗེར་གསོལ། གདན་ས་སྐུ་འབུམ་དུ་ཕྱི་རྟེན་ཇོ་སྐུ། ལྷ་ལུང་འབུམ་ཆུང་སོགས་བཞེངས་པའི་ལྷ་རིས་སོགས་བདག་རྐྱེན་དང་ཞབས་ཏོག་ཕུལ། ཀིལ་སྣ་རྡོ་གོང་། སྡོམ་བྲག་ཉིན་དགོན། རྟ་རྫོང་ཡེ་གངས། སྟག་རྫོང་། ཀོ་མཛོ་ལྷ་བཟང་སོགས་སུ་རི་ཁྲོད་མཛད། ལམ་རྟགས་མངོན་མཁྱེན་རྫུ་འཕྲུལ་བརྗོད་ལས་འདས། སྤྲིང་ཡིག་ཅལ་ཅོལ་རིང་མོ་དང་ཕྱག་ཆེན་དོན་གླུ་སོགས་མཛད། མཐར་དོན་བདུན་ལ་ཉིན་དགོན་དུ་སྐུ་གཤེགས། གདུང་སྦྱངས་པས་འཇའ་འོད་མེ་ཏོག་རིང་བསྲེལ་ངོ་མཚར་བ་བྱུང་། སློབ་ཚོགས་མང་དུ་མཆིས་པའི་གཙོ་བོ་
སློབ་དཔོན་ཕུག་པ་ཚུལ་ཁྲིམས་ཡེ་ཤེས་སོ། །གསུང་རྡོ་རྗེའི་གླུ་བཞེངས་པ་ནི་འདི་ལྟ་སྟེ། ཨེ་མ། དཔལ་ལྡན་ཁྲག་འཐུང་གསང་སྔགས་གསང་བ་ནི། །ཨེ་ཝྃ་ལ་གནས་ཕྱག་རྒྱ་ཆེན་པོའི་དོན། །སྣང་དང་མི་སྣང་གཉིས་དང་གཉིས་སུ་མེད། །ངོ་བོ་ལས་གྲོལ་དབུ་མར་མི་དམིགས་སོ། །དབང་གིས་མ་སྨིན་གང་ཟག་ཕལ་པ་ཡིས། །མཐའ་དྲུག་དགོངས་པར་སྦས་དང་གབ་པའི་དོན། །མེ་ཏོག་ལ་གནས་དྲི་ནུས་མི་ཤེས་བཞིན། །རྨོངས་པ་རྣམས་ལ་མངོན་དུ་གསང་བའོ། །ཡིད་བཞིན་ནོར་བུ་འདམ་དུ་ཚུད་པ་བཞིན། །སྐུ་གསུམ་ཡེ་ཤེས་ཉོན་མོངས་སྦུབས་སུ་ཚུད། །འགྲོ་བར་མ་དག་རྫུན་པ་དུ་མས་བཅིངས། །དེ་ཡི་དབང་གིས་ལོག་རྟོག་རྒྱུན་མར་འཕེལ། །བཅིངས་པའི་སྟེང་དུ་བསྡམས་པའི་གང་ཟག་འགའ། །སྒྲིལ་ཤིང་བཞིན་དུ་རང་གཞན་གཉིས་ཀ་བཅིངས། །གྲོལ་བར་འགྱུར་ཞེས་སུས་ཀྱང་མ་
གསུངས་སོ། །འཁོར་གསུམ་རྟོག་པའི་ཆོས་ཀུན་དེ་བཞིན་ནོ། །ཡེ་ནས་རྣམ་དག་ཀུན་འབྱུང་མཉམ་པ་ཉིད། །ཟབ་ཅིང་ཡངས་ལ་རྒྱ་ཆེ་ཀུན་གྱི་གཞི། །མ་བྱུང་མ་སྐྱེས་རང་བཞིན་ལྷུན་གྱིས་གྲུབ། །ཡོད་མེད་རྟག་ཆད་སྒྲོ་སྐུར་མཐའ་དང་བྲལ། །དེ་ཉིད་མ་རྟོགས་ཇི་ལྟར་སྤྱད་ཀྱང་འཆིང་། །དཔེར་ན་སྤྲིན་ཚོགས་དཀར་ནག་ལ་སོགས་པ། །ཇི་ལྟར་སྣང་ཡང་ཉི་མའི་དཀྱིལ་འཁོར་སྒྲིབ། །རང་བཞིན་མ་ཤེས་རྣམ་རྟོག་བཟང་ངན་མེད། །དགེ་སྡིག་གཉིས་ཀས་རང་རིག་ཡེ་ཤེས་བསྒྲིབས། །ཡེ་འབྱམས་དབང་མཆོག་བསྐུར་མེད་དུ་རྫོགས་ཀྱང་། །བླུན་པོ་འགའ་ཞིག་རྫས་ཀྱི་དབང་ལ་རེ། །དབང་བསྐུར་ཕལ་ཆེར་སྤེལ་བའི་ཤོག་ཚགས་སམ། །དཔེར་ན་ནེ་ཚོའི་འདོན་པ་ཇི་བཞིན་དུ། །རང་ཚིག་རང་གིས་མ་གོ་ཡུས་པོ་ཆེ། །ཡེ་ཤེས་མ་མཐོང་བཞི་གསུམ་ཇི་ལྟར་སྟོན། །རང་གིས་མ་མཐོང་གཞན་
ལ་སྟོན་བྱེད་པ། །དམུས་ལོང་ཁ་དོག་བཤད་པ་ཇི་བཞིན་དུ། །རྣམ་རྟོག་རབ་རིབ་ནད་ལ་མི་ཕན་པའི། །ཚིག་གིས་སྨན་དཔྱད་དབང་གིས་ཅི་ཞིག་བྱེད། །དེ་ཉིད་མ་མཐོང་བསྐྱེད་རིམ་ཕལ་ཆེར་ཡང་། །བློ་རྟོག་བཟང་ངན་གཉིས་ཀྱི་འཕེལ་འགྲིབ་སྟེ། །ལྕགས་དང་གསེར་གྱི་སྒྲོག་གི་ཁྱད་པར་ལྟོས། །བསྡམས་པའི་བཙོན་བཞིན་གཉིས་ཀས་བཅིང་བར་གསུངས། །ཕྲ་ཐིག་ལ་སོགས་མཚན་བཅས་རྫོགས་རིམ་རྣམས། །སེམས་འཛིན་སྒོམ་པ་རྣམ་རྟོག་མང་ཉུང་ཡིན། །ཡིད་བྱེད་མ་བྲལ་དེ་ཉིད་དོན་མི་མཐོང་། །ཆུ་ཡི་རླབས་བཞིན་རྟོག་ཚོགས་སངས་པ་མིན། །བསྐྱེད་རྫོགས་གཉིས་མེད་ཟུང་འཇུག་མིང་དུ་བཏགས། །ཐམས་ཅད་བསྡུས་ན་ཐིག་ལེ་ནཱ་དར་དམིགས། །ཅི་ཡང་མེད་པའི་བློ་ཡིས་སྟོང་པར་བསྒོམ། །ཐབས་ལ་སྐུ་འདེབས་ཆད་ལྟ་མངོན་སུམ་པ། །འཛིན་མེད་འཛིན་
པའི་བློ་ལ་བློ་བྲལ་བཏགས། །བསམ་ནས་བསམ་མེད་བསམ་མི་ཁྱབ་མིང་འདོགས། །ལོག་སྤྱོད་ཐེ་ཚོམ་སྒྲོ་སྐུར་གཉིས་ཀྱི་མཐའ། །གཟུང་འཛིན་རྒྱ་ལས་དེ་དག་གྲོལ་མི་འགྱུར། །ཨེ་མ་ཧོ། མཐའ་བྲལ་ཕྱག་རྒྱ་ཆེན་པོའི་ལྟ་བ་ལ། །མི་བལྟ་བལྟར་མེད་ཡིད་སྤྱོད་བློ་དང་བྲལ། །འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ། །མི་བསྒོམ་མི་བསྒྲུབ་སྒོམ་མེད་ཡེངས་སུ་མེད། །རང་གྲོལ་ཕྱག་རྒྱ་ཆེན་པོའི་སྤྱོད་པ་ལ། །མི་བཅོས་མི་སྤྱོད་བྱ་བྱེད་ཡུལ་ལས་འདས། །གཞིར་གནས་ཕྱག་རྒྱ་ཆེན་པོའི་འབྲས་བུ་ལ། །མི་རེ་མི་དོགས་ཡེ་ནས་ལྷུན་གྱིས་གྲུབ། །དེ་སྐད་གོང་མའི་གདམས་པས་ཟིན་པའི་གླུ། །ཉམས་ལ་ཤར་བཞིན་བླངས་འདིས་བདག་གཞན་ཀུན། །དོན་གྱི་ཕྱག་རྒྱ་ཆེན་པོ་མྱུར་རྟོགས་ཤོག །ཅེས་སོ། །ཡང་ཉམས་སུ་བླང་བྱའི་གདམས་ངག་ནི། ན་མོ་གུ་རུ། བླ་མ་སངས་རྒྱས་སུ་གོ་བ་ཞིག་གཏིང་ནས་འབྱུང་སྟེ། །
མོས་གུས་ལ་རྒྱུན་ཆད་མེད་པ་ཞིག་དཀའ་བར་བྱུང་བས། །བླ་མའི་ཡོན་ཏན་དང་ཕྲིན་ལས་ཀྱི་ཆེ་བའི་རྗེས་སུ་འབྲང་ལ། །བཅོས་མ་ཡན་ཆད་ཀྱི་གསོལ་བ་རྒྱུན་དུ་ཐོབ་དང་། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་གོ་བ་ཞིག་གཏིང་ནས་འབྱུང་སྟེ། །ཞེན་ལོག་གི་སྤྱོད་པས་འཇིག་རྟེན་སྤང་བ་ཞིག་དཀའ་བར་འབྱུང་བས། །རིགས་དྲུག་སོ་སོའི་སྡུག་བསྔལ་ཡིད་ལ་བཀྲམ་པར་གྱིས་ལ། །བློ་ཡི་གཏིང་ནས་འཁོར་བ་འདི་རྒྱབ་ཏུ་སྐྱུར་དང་། །དགྲ་གཉེན་མེད་པ་ལ་མཉམ་སེམས་ཤིག་གཏིང་ནས་འབྱུང་སྟེ། །ཉེ་རིང་སྤང་བའི་ལས་ཤིག་དཀའ་བར་འབྱུང་བས། །བཙན་ཆོད་དུ་ཉེ་རིང་དང་དགྲ་སྡང་གཉིས་སྙོམ་དུ་ཐོངས་ལ། །ཆགས་པ་དང་སྡང་བ་གཉིས་མཁའ་བཞིན་དག་པར་གྱིས་དང་། །བདག་དང་གཞན་དང་གཉིས་མེད་ཀྱི་གོ་བ་ཞིག་གཏིང་ནས་བྱུང་སྟེ། །ཕྲག་དོག་རང་རྒྱུད་ལ་
ཆོམ་པའི་ལག་ལེན་ཞིག་དཀའ་བར་གདའ་བས། །ངར་འཛིན་གྱི་འཁྲི་བ་འདི་དག་པར་གྱིས་ལ། །གཉིས་མེད་མཉམ་པའི་ངང་དུ་ཀློད་ལ་ཞོག་དང་། །སེམས་ཉིད་བློ་འདས་སུ་གོ་བ་ཞིག་གཏིང་ནས་འབྱུང་སྟེ། །འོད་གསལ་ལ་རྒྱུན་ཆད་མེད་པ་ཞིག་དཀའ་བར་གདའ་བས། །ཡོད་མེད་ཆོས་བརྒྱད་ཀྱི་མི་རོ་དོང་དུ་ཆུགས་ལ། །ལྷུག་པ་ཡེ་ཤེས་ཀྱི་གླང་པོ་ཡན་དུ་ཆུགས་དང་། །བདེ་སྟོང་ལྷན་སྐྱེས་སུ་གོ་བ་ཞིག་གཏིང་ནས་འབྱུང་སྟེ། །འཕོ་འགྱུར་འགྲོ་འོང་དང་བྲལ་བ་ཞིག་དཀའ་བར་འབྱུང་བས། །སྣང་སྲིད་བདེ་སྟོང་གི་རང་བཞིན་ཤེས་པར་གྱིས་ལ། །གཉུག་མ་ལྷུན་གྲུབ་ཀྱི་རྣལ་འབྱོར་འདི་ཉམས་སུ་ལོངས་དང་། །བྱར་མེད་ལྷུག་པའི་གོ་བ་ཞིག་གཏིང་ནས་འབྱུང་སྟེ། །རྩོལ་མེད་གང་ཤར་དུ་འཇོག་པ་དཀའ་བར་བྱུང་བས། །བླང་དོར་དགག་སྒྲུབ་དང་བྲལ་བའི་ཉམས་ལེན་གྱིས་ལ། །ནམ་
མཁའ་ལྟ་བུའི་སྤྱོད་པ་ཞིག་ཕུལ་དུ་ཐོན་དང་། །འཁོར་འདས་གཉིས་མེད་ཀྱི་གོ་བ་ཞིག་གཏིང་ནས་འབྱུང་སྟེ། །སྐུ་གསུམ་གྱིས་འགྲོ་བ་འདྲེན་པ་ཞིག་དཀའ་བར་འབྱུང་བས། །ཅི་བྱེད་གཞན་དོན་གྱི་བྱ་བ་ཆེན་པོ་གྱིས་ལ། །འགྲོ་བའི་དོན་དུ་སྨོན་ལམ་ཆེན་པོ་འདི་ཐོབ་དང་། །ཞེས་གསུངས་སོ། །
རྨ་སེ་བློ་གྲོས་རིན་ཆེན།
༈ ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྨ་སེ་བློ་གྲོས་རིན་ཆེན་ནི། སྤྲུལ་སྐུའི་སྟོན་པ་ཏཻ་ལོ་པ་དང་། དགྱེས་མཛད་མར་པ་ཆོས་ཀྱི་བློ་གྲོས། གྲུབ་ཆེན་གླིང་རྗེ་རས་པ། རྒྱལ་སྲས་ཚུལ་ཁྲིམས་སེངྒེ་སོགས་ཀྱི་རྣམ་འཕྲུལ་འདི་ཉིད་མཐར་མདོ་སྨད་ས་ཡི་ཐིག་ལེར་མཚན་དཔེའི་པདྨོ་བཞད་ནས། དང་པོར་རླངས་རས་པ་འཇམ་དབྱངས་གྲགས་པ་རྒྱལ་མཚན་གཙོས་མཚན་ལྡན་གྱི་བླ་མ་མང་ཙམ་བསྟེན་ནས་གསར་རྙིང་གདམས་པའི་གཅུད་གསོལ། བར་དུ་གཡའ་གངས་ནགས་ཀྱི་དབེན་པར་ཟབ་དོན་སྙིང་པོར་དྲིལ་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས། ཐ་མར་དོན་གཉིས་ཀྱི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ་བརྡལ་བས་བསྟན་པའི་ཆུ་ཀླུང་བསྐྱིལ་ཏེ་འཁོར་བ་དོངས་ནས་སྤྲུགས་པའོ། །ཁྱད་པར་དུའང་རྒྱལ་དབང་ཀརྨ་པ་དེ་བཞིན་གཤེགས་པས་སྙན་བརྒྱུད་ནོར་བུ་རྣམ་
གསུམ་གྱི་རྒྱལ་ཐབས་སྤྱི་བླུགས་ཆེན་པོར་དབང་བསྐུར་རྗེ་བཙུན་ཏིལ་རྡུང་ཞབས་ཀྱི་སྤྲུལ་པར་མངའ་གསོལ་ཏེ་གྲུབ་པའི་རྒྱལ་སར་ཕེབས་པ་དེ་ཉིད་ཀྱི་དོ་ཧ་རྡོ་རྗེའི་གསུང་མང་དུ་བཞུགས་པ་ལས་འདིར་སྒྲུབ་བརྒྱུད་ཀྱི་ཆེ་བའི་གསུང་མགུར་ནི། ན་མོ་གུ་རུ། ཕ་མཁྱེན་རྩེའི་མངའ་བདག་ཐུགས་རྗེ་ཅན། །སྐུ་དྲིན་ཅན་ལ་ཕྱག་འཚལ་ལོ། །མོས་པའི་བུ་ལ་བྱིན་གྱིས་རློབས། །ཨེ་མ་ཨ་ལ་ངོ་མཚར་ཆེ། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །རྡོ་རྗེ་འཆང་ཆེན་མ་ལགས་སམ། །སྤྲུལ་སྐུ་གཅིག་ལ་ངོ་མཚར་ཆེ། །ཏཻ་ལོ་སངས་རྒྱས་མ་ལགས་སམ། །སྒྲུབ་བརྒྱུད་གཅིག་ལ་ངོ་མཚར་ཆེ། །དྭགས་པོ་བཀའ་བརྒྱུད་མ་ལགས་སམ། །བླ་མ་གཅིག་ལ་ངོ་མཚར་ཆེ། །ཆོས་རྗེ་སྤྲུལ་སྐུ་མ་ལགས་སམ། །གདམས་པ་གཅིག་ལ་ངོ་མཚར་ཆེ། །ཕྱག་རྒྱ་ཆེན་པོ་མ་ལགས་སམ། །ལྟ་བ་གཅིག་ལ་ངོ་མཚར་ཆེ། །མཐའ་བྲལ་ཆོས་དབྱིངས་མ་ལགས་སམ། །སྒོམ་
པ་གཅིག་ལ་ངོ་མཚར་ཆེ། །བྱར་མེད་ལྷུག་པ་མ་ལགས་སམ། །སྤྱོད་པ་གཅིག་ལ་ངོ་མཚར་ཆེ། །མ་འགགས་རོལ་པ་མ་ལགས་སམ། །འབྲས་བུ་གཅིག་ལ་ངོ་མཚར་ཆེ། །ཡེ་ནས་ལྷུན་གྲུབ་མ་ལགས་སམ། །ཨེ་མ་ངོ་མཚར་མི་ཆེའམ། །གནད་འདི་དོན་དག་དང་མི་ལྡན་པའི། །དུས་དེང་སང་སྙིགས་མའི་སྒོམ་ཆེན་ཕལ། །ལྟ་བ་གོ་སྙམ་བྱེད་པ་དང་། །སྒོམ་པ་སེམས་འཛིན་རྟོག་པས་འཆིང་། །སྤྱོད་པ་ཚུལ་འཆོས་ཞེ་འདོད་ཅན། །འབྲས་བུ་ནམ་ཞིག་སངས་རྒྱས་ཀྱིས། །རང་མགོ་རང་གིས་མ་བསྐོར་རམ། ངན་འགྲོའི་གཡང་ལ་མི་འཆིང་ངམ། །བདེ་འགྲོར་སྙེགས་ན་མི་དགའ་འམ། །བུ་སྤྲང་པོ་སྐལ་པ་མ་ཆད་པ། །ཕ་བླ་མ་རྗེ་ཡི་སྐུ་དྲིན་ལགས། །གླུ་དེ་སྐད་གོའམ་སྐལ་ལྡན་ཀུན། །ཧེ་ཧེ་སྭ་སྟི། ཐང་ལྷའི་ཞོལ་དུ་བཀོད་པའོ། །
རྟོགས་ལྡན་གཞོན་ནུ་འབྱུང་གནས།
༈ ཀིལ་སྣའི་རྟོགས་ལྡན་གཞོན་ནུ་འབྱུང་གནས་ནི། ཡུལ་ཀོ་མཛོ། ཡབ་མགྲོན་རྡོག་རྒྱལ་བ་ཡེ་ཤེས། ཡུམ་ལྕོགས་བཟའ་བོ་ཅོག་ཟུང་གི་སྲས་སུ་འཁྲུངས། རྟགས་མཚན་བཟང་དུ་བྱུང་། སློབ་དཔོན་ཕུག་པ་བ་ཚུལ་ཁྲིམས་ཡེ་ཤེས་ལས་རབ་ཏུ་བྱུང་ཞིང་ཆོས་མང་དུ་ཞུས། ཀིལ་སྣའི་རི་ཁྲོད་དུ་སྒྲུབ་པ་རྩེ་གཅིག་མཛད། མ་ཎི་དུང་ཕྱུར་ཕྲག་དྲུག་འགྲུབ། ལམ་རྟགས་ཡོན་ཏན་གོང་འཕེལ་མཐའ་ཡས་སྐྱེས། རྫུ་འཕྲུལ་བཀོད་པ་འཕུར་བ་སོགས་བགྲང་ལས་འདས། ཡི་དམ་ལྷ་རྣམས་ཞལ་གཟིགས། མཆོག་གི་དངོས་གྲུབ་ཐོབ། མི་དང་མི་མ་ཡིན་ལ་ཆོས་ཆར་ཕབ། སྨིན་གྲོལ་ལམ་ལ་བཀོད། དགུང་ལོ་བདུན་ཅུའི་སྟེང་ནས་སྐུ་གཤེགས། ཞུགས་ལ་ཕུལ་ཚེ་སྟེང་ནས་ལྷ་ཡི་བུ་དང་བུ་མོ། འོག་ནས་ཀླུ་ཡི་མཆོད་སྤྲིན། བར་ནས་མིའི་མཆོད་པ་བསམ་བརྗོད་ལས་འདས། འཇའ་འོད་མེ་ཏོག་ཆར་མངོན་སུམ་བབས། རྟེན་རིང་བསྲེལ་དུང་གཡས་འཁྱིལ་སོགས་མང་དུ་བྱོན། རྡོ་རྗེའི་གསུང་མགུར་འདི་ལྟ་སྟེ། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སེམས་སྟོང་ཉིད་ཀྱི་གདངས་ལ་སྣང་བ་ཤར། །དོན་འགགས་མེད་ཀྱི་དབྱིངས་ལ་དངོས་འཛིན་བྲལ། །དེ་དབྱེར་མེད་ངང་ལ་ལྷུན་གྱིས་གྲུབ། །ཕྱི་སྣང་སེམས་རང་ཤར་ཕྱག་རྒྱ་ཆེ། །སེམས་སྐྱེ་མེད་ཀྱི་
གདངས་ལ་རང་རིག་ཤར། །དོན་འགགས་མེད་ཀྱི་འགྱུ་བ་ངོ་བོས་སྟོང་། །དེ་གནས་མེད་ཀྱི་ངང་ལ་ལྷུན་གྱིས་གྲུབ། །ནང་རང་རིག་རང་གྲོལ་ཕྱག་རྒྱ་ཆེ། །དབྱིངས་ཆོས་ཉིད་ཀྱི་གདངས་ལ་ཆོས་ཅན་ཤར། །དེ་མཉམ་ཉིད་ཀྱི་ངང་ལ་མཐའ་དང་བྲལ། །དོན་དབྱེར་མེད་ཀྱི་སྐུ་གསུམ་ལྷུན་གྱིས་གྲུབ། །སེམས་རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེ། །ཆོས་ཕྱག་རྒྱ་ཆེན་པོའི་གསང་སྔགས་འདི། །བུ་བློ་ལྡན་ཁྱོད་ཀྱིས་རྟོགས་པར་མཛོད། །ཅེས་སོ། ༈ །ཡང་གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ་ནི། ན་མོ་གུ་རུ། ཆོས་སྐུ་རང་ཤར་ངོས་བཟུང་བྲལ། །ཆོས་ཉིད་མི་འགྱུར་སྤྲོས་དང་བྲལ། །ཆོས་དབྱིངས་རབ་འབྱམས་རྡོ་རྗེ་འཆང་། །དེ་དང་དབྱེར་མེད་དྲིན་ཆེན་རྗེ། །སྐུ་གསུང་ཐུགས་ལ་གུས་པས་འདུད། །གཞི་ནི་རྣམ་དག་སྐྱེ་བ་མེད། །ལམ་ནི་འོད་གསལ་ཟུང་དུ་འཇུག །འབྲས་བུ་
མཁའ་ལྟར་རྣམ་པར་དག །གཞི་ལམ་འབྲས་བུ་གཅིག་ལ་ཚང་། །ད་ལྟ་གནས་པའི་སེམས་ཉིད་འདི། །ངང་ལས་མ་གཡོས་ལྟ་བའི་ཀློང་། །ཡེངས་པ་མེད་པ་སྒོམ་པའི་ཀློང་། །བླང་དོར་བྲལ་བ་སྤྱོད་པའི་ཀློང་། །འགྱུར་བ་མེད་པ་འབྲས་བུའི་ཀློང་། །ལྟ་སྒོམ་སྤྱོད་འབྲས་གཅིག་ལ་ཚང་། །དེ་བས་འདི་ལྟར་མཁྱེན་པར་མཛོད། །འགགས་མེད་དབྱིངས་དང་འཛིན་མེད་ཀློང་། །ཡུལ་མེད་གནས་དང་མཐའ་བྲལ་ཀློང་། །འབད་མེད་རང་བྱུང་ལྷུག་པའི་ཀློང་། །རང་བཞིན་མི་འགྱུར་ལྷུན་གྲུབ་ཀློང་། །ཡེངས་མེད་རྣལ་འབྱོར་བསམ་གཏན་ཀློང་། །ཁྱེད་ཀྱི་ཉམས་ལེན་དགོངས་པ་ཡིན། །དོན་དང་འགལ་བ་བཟོད་པར་གསོལ། །འདི་བརྗོད་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །
སོ་རག་སེང་གེ་འབུམ་པ།
༈ སོ་རག་སེང་གེ་འབུམ་པ་ནི། སྐུ་འཁྲུངས་ཡུལ་རྫ་རྒྱུད་མོ་ཐོང་ཐང་། རུས་འབྲོང་པ། ཡབ་ཁྲ་མོ། ཡུམ་ཉ་
སྒྲོན། ལྕགས་མོ་ཡོས་ཀྱི་ལོ་ལ་སྐུ་བལྟམས། རྟོགས་ལྡན་གཞོན་ནུ་འབྱུང་གནས་ལས་གདམས་པའི་ཕུ་ཐག་བཅད། གྲུབ་པའི་སར་གཤེགས། མི་མ་ཡིན་མང་པོས་ཆོས་ཞུས། ལྕགས་འབྲུག་ལོར་སོ་རག་གི་དགོན་བཏབ། སློབ་ཚོགས་མང་དུ་རྒྱས། ལྔ་བཅུ་རྩ་དྲུག་མེ་ཁྱི་ལོར་གཤེགས། རྟེན་རིང་བསྲེལ་སྐུ་བརྙན་སོགས་མང་དུ་བྱོན། རྡོ་རྗེའི་གསུང་མགུར་ནི་འདི་ལྟ་སྟེ། ཨེ་མ་དུས་གསུམ་སངས་རྒྱས་ཀྱི། །དགོངས་པ་ཁྱད་འཕགས་ཟབ་མོའི་དོན། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །གདོད་མའི་ཤེས་པ་མ་བཅོས་པ། །ཡང་དག་དོན་གྱི་ངོ་བོ་ཉིད། །ཐ་མལ་ཤེས་པ་རང་ག་མ། །འཁོར་འདས་མིང་ནས་མི་སྲིད་ཅིང་། །རྩ་བྲལ་གདོད་ནས་མཁའ་ལྟར་དག །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དབྱིངས། །སྒྲོ་སྐུར་མཚན་མའི་ཡུལ་ལས་འདས། །བརྗོད་པ་དུ་མའི་ཚིག་གིས་དབེན། །གནས་ལུགས་ལྷུན་གྲུབ་ཆོས་ཀྱི་དབྱིངས། །དེ་ཉིད་མ་འགགས་
རོལ་པ་ལས། །འཁོར་འདས་སྣང་སྲིད་ཤེས་བྱའི་ཆོས། །དག་དང་མ་དག་བྱེ་བྲག་ལས། །སྣ་ཚོགས་ཇི་ལྟར་སྣང་ན་ཡང་། །རང་སེམས་ཉིད་ལས་གཞན་ན་མེད། །དུ་མར་སྣང་ཡང་གཅིག་གི་ངང་། །སྤང་བླང་དགག་སྒྲུབ་བྲལ་བ་ཡི། །སྣང་སྲིད་ཕྱག་རྒྱ་ཆེན་པོར་ཤར། །དབྱེར་མེད་ཟུང་འཇུག་ཆེན་པོའི་དོན། །སྤྲོས་བྲལ་མཁའ་ལྟར་དག་པའི་དབྱིངས། །ཅིར་མིན་ཅིར་ཡང་སྣང་བའི་དཔལ། །ཕྱི་ནང་གཞན་གསུམ་དམ་པའི་ཆོས། །ཐེག་པའི་བྱེ་བྲག་མང་ན་ཡང་། །ཡང་དག་དོན་གྱི་ངོ་བོ་ལ། །འདི་ལས་གཞན་དུ་མེད་དོ་ཞེས། །བྲམ་ཟེ་ཆེན་པོ་ས་ར་ཧ། །ནཱ་རོ་མཻ་ཏྲི་མར་པ་དང་། །མི་ལ་དྭགས་པོ་བཀའ་བརྒྱུད་ཀྱི། །གྲུབ་ཐོབ་བརྒྱུད་པའི་མན་ངག་ཡིན། །ཁྱེད་འདིར་བཞུགས་ཞལ་ཏ་དེ་ལ་མཛོད། །ང་སྐྱེ་མེད་ནམ་མཁའི་རྣལ་འབྱོར་པ། །འོད་གསལ་ཕྱག་རྒྱ་ཆེན་པོའི་དབྱིངས། །གཟུང་
འཛིན་མཁའ་ལྟར་དག་པའི་དོན། །གཉུག་མ་ངོས་བཟུང་བྲལ་བའི་ངང་། །ལྷུན་གྲུབ་རྒྱལ་བའི་དགོངས་པ་མཆོག །དོན་དམ་ཟབ་མོའི་ཀློང་ན་བཞུད། །ཅེས་གསུངས་སོ། །
གྲུབ་ཐོབ་དམར་མོ་བསོད་ནམས་དོན་གྲུབ།
༈ སྐྱོ་བྲག་ཆོས་རྗེའི་སློབ་མ་གྲུབ་ཐོབ་དམར་མོ་བསོད་ནམས་དོན་གྲུབ་ཀྱི་གསུང་མགུར་འདི་ལྟ་སྟེ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་རྣམ་དག་ཆོས་ཀྱི་སྐུ། །འཇའ་འོད་མདངས་ཀྱི་གཟུགས་སྟོན་ལོངས་སྤྱོད་སྐུ། །སྣ་ཚོགས་གང་ལ་གང་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །སྐུ་བཞིའི་བདག་ཉིད་སྐྱོ་བྲག་ཆོས་ཀྱི་རྗེ། །བསོད་ནམས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེས་འགྲོ་ལ་གཟིགས་ཙ་ན། །གཏི་མུག་ཅན་ལ་འཇམ་དཔལ་གཞོན་ནུའི་སྐུ། །འདོད་ཆགས་ཅན་ལ་སྤྱན་རས་གཟིགས་དབང་གསུང་། ཞེ་སྡང་ཅན་ལ་ཕྱག་ན་རྡོ་རྗེའི་ཐུགས། །ཡོན་ཏན་སྣ་ཚོགས་དུ་མས་
རབ་བརྒྱན་པའི། །ཕྲིན་ལས་རྒྱུན་མི་འཆད་ལ་གསོལ་བ་འདེབས། །དགོངས་པ་ཞིང་ཁམས་གཞན་དུ་གཤེགས་ཁ་རུ། །གསོལ་བ་ཐོབ་དང་འབྲེལ་ཚད་ཐར་པའི་ལམ། །གསུངས་བཞིན་བདག་བློ་གུས་པས་གསོལ་བ་འདེབས། །དད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འདི་བཞེས་ལ། །དམ་ཆོས་བདུད་རྩིའི་ཆར་རྒྱུན་དབབ་ཏུ་གསོལ། །བདག་འཛིན་རྟོག་པའི་ཐ་བ་བརླན་དུ་གསོལ། །མི་རྟོག་ཡེ་ཤེས་མྱུ་གུ་བསྐྱེད་དུ་གསོལ། །དེ་ལྟར་བསྟོད་དང་གསོལ་བ་བཏབ་པའི་མཐུས། །བདག་སོགས་འགྲོ་དྲུག་འཁོར་བའི་སེམས་ཅན་རྣམས། །ཁྱེད་ཀྱི་ཐུགས་རྗེའི་ཡོན་ཏན་ཕྲིན་ལས་དང་། །སྙན་བརྒྱུད་ཟབ་མོའི་གཏེར་ལ་སྤྱོད་པར་ཤོག །ཅེས་སོ། །
སྒོམ་པ་བསོད་ནམས་འོད་ཟེར།
༈ རྗེ་དེའི་སློབ་མ་དམར་མོ་སྒོམ་པ་བསོད་ནམས་འོད་ཟེར་གྱི་གསུང་མགུར་ནི། ཨེ་མ་ཧོ། བཀའ་བརྒྱུད་
རྒྱ་མཚོ་བྱིན་རླབས་ཆེ། །ཡི་དམ་རྒྱ་མཚོ་དངོས་གྲུབ་ཆེ། །ཆོས་སྐྱོང་རྒྱ་མཚོ་མཐུ་རྩལ་ཆེ། །རྩ་བའི་བླ་མ་བཀའ་དྲིན་ཆེ། །མཆེད་དང་ལྕམ་དྲལ་བརྩེ་གདུང་ཆེ། །རྣམ་དག་ལྟ་བ་ཕྱོགས་རིས་བྲལ། །ཡེངས་མེད་སྒོམ་པ་དམིགས་གཏད་བྲལ། །རྟོག་མེད་སྤྱོད་པ་བླང་དོར་བྲལ། །གཉུག་མའི་ཡེ་ཤེས་བསལ་བཞག་བྲལ། །སྐུ་གསུམ་འབྲས་བུ་རེ་དོགས་བྲལ། །ཆེ་བ་ལྔ་དང་བྲལ་བ་ལྔ། །ལྔ་གཉིས་བཅུ་རུ་བསྡེབས་པ་འདི། །སེམས་ལ་ཤར་ནས་ཚིག་ཏུ་བརྗོད། །གཞི་མཐའ་དང་བྲལ་བར་གཏན་ལ་ཕབ། །བདེན་ཞེན་ཕྱོགས་ཆའི་བརྗོད་པ་དེ། །ཐེག་དམན་རྟོག་གེའི་ཚིག་སྐད་ཡིན། །གདོད་ནས་རང་བཞིན་འོད་གསལ་ལ། །ཕྱོགས་རིས་ཡོད་སྐད་མ་གསུངས་སོ། །གཅིག་ཆར་ལམ་མཆོག་ཆེན་པོ་དེར། །འབྲས་བུ་གཞི་རྫོགས་ལྷུན་གྱིས་གྲུབ། །ས་ལམ་གྲངས་རྣམས་བརྩི་བསྒྲང་བ། །
དམིགས་གཏད་ཡིན་མིན་བརྗོད་པ་དེ། །ཐ་སྙད་མཁན་གྱི་བསྒྲུབ་བྱ་ཡིན། །གཞི་ཤེས་རྣལ་འབྱོར་ཆེན་པོ་ལ། །རྒྱུ་རྐྱེན་གྱིས་བསྐྱེད་མ་གསུངས་སོ། །སེམས་ཐོག་གཅིག་ཏུ་བརྩི་བ་དེ། །དམིགས་མེད་ཡེངས་མེད་གཏད་མེད་དུ། །བྱུང་རྒྱལ་འོད་གསལ་དབྱིངས་སུ་འཁྱེར། །ཡེངས་མེད་ཆུ་རྒྱུན་ལྟ་བུ་ལ། །བསྒྲུབ་དང་ཐོབ་རྒྱུའི་ས་ལམ་བྲལ། །བྲལ་ཐོབ་མེད་པའི་ལམ་མཆོག་དེས། །ཐོབ་མེད་འབྲས་བུ་གཞི་ལ་སྨིན། །དེ་རྣལ་འབྱོར་གཞི་ཤེས་ལམ་ཡིན་ཏེ། །བླ་མ་མཚན་ཉིད་ལྡན་པ་དང་། །སློབ་མ་སྔོན་སྨོན་ལས་འཕྲོ་ཅན། །རྟེན་འབྲེལ་འཛོམས་པའི་བརྗོད་ཚིག་ཡིན། །བློ་དམན་རྣམས་དང་རྟོག་གེ་བ། །དམིགས་ཞེན་ཅན་རྣམས་འདི་ཐོས་ན། །སྐྲག་སྔངས་སྐྱེ་ཞིང་སྙིང་ཚལ་འགས། །དེ་བས་བརྗོད་པར་བྱ་བ་མིན། །ཕྱག་རྒྱ་ཆེན་པོའི་ལམ་ཆེན་དེ། །གཞི་ཤེས་ཆེན་པོར་གསུངས་མོད་ཀྱང་། །
ད་ལྟ་རྟོག་གེའི་ཚིག་ཕྱིར་འཆོར། །ཉམས་ལེན་གཏད་མེད་དམིགས་མེད་ཀྱི། །ལམ་ཁྱེར་ཕྱོགས་མེད་རྩལ་སྦྱོང་དེ། །ད་ལྟ་འཛིན་བཅས་འཕོ་བར་འཆོལ། །ཐོབ་མེད་སྐུ་གསུམ་རང་ཆས་ཀྱི། །འབྲས་བུ་རེ་མེད་དོགས་མེད་དེ། །ད་ལྟ་རེ་དང་དོགས་པ་ཡིས། །སྤང་འདོད་འགྲུབ་འདོད་འབྲས་བུར་འཆོར། །དེ་བས་ཐ་སྙད་བདེན་ཞེན་གཅོད། །གཅིག་ཤེས་ཀུན་གྲོལ་རྩལ་སྦྱོང་ཞིང་། །བདེ་སྡུག་ལེགས་ཉེས་ཡིན་མིན་རྣམས། །ཐམས་ཅད་གཏད་མེད་བྱུང་རྒྱལ་དུ། །བཏང་ན་བློ་ཟད་ཆོས་ཟད་དུས། །ཉོན་མོངས་སངས་ཏེ་ཡེ་ཤེས་རྒྱས། །ཡེ་རྒྱས་ཆེན་པོའི་ཡོན་ཏན་ལས། །ཕྲིན་ལས་འཁོར་བའི་མཐའ་དང་མཉམ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཚིག་ཉུང་དོན་འདུས་ནོར་བུའི་ཆོས། །ཉམས་རྟོགས་ལྡན་ལ་རྒྱན་དུ་འབུལ། །ཞེས་སོ། །
འཇིགས་མེད་ཆོས་ཀྱི་སེངྒེ།
༈ འཇིགས་མེད་ཆོས་ཀྱི་སེངྒེའི་གསུང་མགུར་རྒྱང་གླུ་རིང་མོ་ཞེས་བྱ་བ་བཞུགས་སོ། །ཀྭ་ཡེ་གསོན་དང་སྔོན་ནས་འབྲེལ་བའི་བུ། །ཁྱེད་རིང་ནས་བསྐུལ་མ་ནན་ཆེ་བས། །བཀའ་མདོ་རྒྱུད་ཀྱི་དོན་དང་བླ་མའི་གསུང་། །དོན་གདམས་པའི་གནད་དང་མན་ངག་རྒྱུན། །མི་རང་གིས་ཅུང་ཟད་ཉམས་མྱོང་བཅས། །ས་བོན་གྱི་དྲན་གསོས་མགོ་སྨོས་ཙམ། །ཕ་གོང་མའི་སྲོལ་ལྟར་མགུར་གྱི་ཚུལ། །རྒྱལ་ཁམས་ཀྱི་སྤྲང་པོའི་རྒྱང་གླུ་འདི། །མི་རང་གི་རྒྱུད་ལ་བརྟགས་ཏེ་སྨྲ། །ཚིག་གཞན་ངོར་འབྲས་བུ་ཅུང་ཟད་མེད། །ཡུལ་གོང་མའི་སྤྱན་ཟུར་འདིར་གཡོས་དང་། །རྒྱུད་གཞུང་དོན་གོང་མའི་བཞེད་སྲོལ་ཡིན། །ཐུགས་དགོངས་སྤྱོད་ཀྱི་བོགས་འདོན་འོང་ཡང་སྲིད། །མི་རང་མཉམ་གྱི་འགྲན་སེམས་མི་དགོངས་པར། །ཚིག་འདི་ལ་གོ་བ་ལོངས་མཛོད་དང་། །མི་ང་ལས་ལྷག་ཙམ་ཆོས་མཐུན་འོང་། །ལས་དང་པོ་ཀུན་གྱིས་སྨྲས་འདི་ལ། །ཚིག་ཕྲེང་བར་མ་
བསམ་དོན་ལ་སྒོམས། །དོན་ཉམས་ལེན་སྙིང་ཕུར་བྱས་པ་ན། །ཆོས་ལམ་སྣ་རིམ་གྱིས་ཟིན་པར་ངེས། །དུས་དེ་ནས་ཉམས་རྟོགས་བཟང་བ་དང་། །རྒྱུད་བྱིན་རླབས་ཅན་གྱི་བླ་མ་བསྟེན། །དེ་ཙ་ན་ཉམས་མྱོང་རྒྱུད་ལ་སྐྱེ། །ཕྱི་ཉན་རང་ལྟ་སྤྱོད་མདོར་བསྡུས་ཙམ། །དེ་ཉམས་ཆུང་བྱི་ལའི་སྟག་སྐད་ངར། །ཁོང་མཆེ་ཅན་གྱི་ཐུགས་དང་མི་འཕྲོད་ཀྱང་། །ཁོ་ཤ་གཟན་སྡེར་ཅན་ལུས་རྩལ་མྱུར། །ཆུང་སྲོག་ཆགས་ཕྲ་མོ་ཟིལ་གྱིས་ནོན། །ཟས་རང་དོན་གཞན་ལ་ཡིད་རེ་ཙམ། །ནང་ཐེག་ཆེན་གྱི་བསླབ་པའི་སྤྱོད་ཡུལ་རྣམས། །དམན་ནོར་སྲུང་གིས་གཡུ་རལ་ངོམ་པ་འདི། །སེང་དཀར་མོའི་སྙན་ལ་མི་མཛེས་ཀྱང་། །བློ་ཤེས་ལྡན་གྱི་མི་ཀུན་མ་འགྲས་ཟོན། །ནོར་གཞན་སྲུང་གི་མེལ་ཚེ་ཚགས་སུ་ཚུད། །སྔགས་གསང་ཆེན་གྱི་ལམ་འབྲས་རགས་རིམ་ཙམ། །བྱིའུ་འཛིན་མ་དཔག་བསམ་
ཤིང་རྩེར་སྙིགས། །བྱ་ཁྱུང་ཆེན་གྱིས་མི་བསྐྱོན་ཐུགས་ཀྱིས་གཅེས། །སྒྲིབ་གཉིས་ཀྱི་རྒྱ་མཚོ་གཏིང་ནས་སྐེམ། །ཀླུ་རྒྱལ་གཙུག་གི་ནོར་བུ་ལོན། །ལུས་ཆུང་ཡང་གཤོག་རྩལ་གཞན་བས་ཆེ། །ཚིག་མགུར་མ་ཀུན་གྱི་རྣ་བར་སྙན། །དོན་བརྗོད་བྱར་བརྒྱུད་པའི་བྱིན་རླབས་ཡོད། །བཀའ་སོ་ཐར་གྱི་བྱུང་ཁུངས་སྒྲ་གཅན་ཟིན། །ཐབས་བྱང་སེམས་ཀྱི་གྲོལ་ཕུགས་ཀླུ་ཐོག་གཉིས། །མཆོག་གསང་སྔགས་ཀྱི་ཆུ་མགོ་རྡོ་རྗེ་འཆང་། །ཕ་ནཱ་རོ་མཻ་ཏྲིའི་བྱིན་བརླབས་ལས། །ཆོས་ཐབས་ལམ་རང་གྲོལ་ཕྱག་རྒྱ་ཆེ། །རིགས་མ་འཆོལ་དཔལ་ལྡན་དྭགས་བརྒྱུད་པ། །བརྒྱུད་དེ་ལས་འོངས་པའི་གདམས་པ་ལགས། །ཁོང་ཤེས་རབ་ལྡན་ལ་མི་དགོས་ཀྱང་། །མི་རང་འདྲ་རྣམས་ཀྱིས་འདི་ལ་གཟིགས། །མཆོག་མཁས་རྣམས་ཆོས་ལ་བཟོད་ཐོབ་ཀྱང་། །བློ་རྟོག་གེ་པ་ཚོས་བཞད་བགད་མཛོད། །ཆུང་བྱིས་སྦ་
རྣམས་ཀྱིས་གླུ་དབྱངས་དང་། །ཁྱོད་དར་མས་ཁ་མཚར་གླེང་རྒྱུར་མཛོད། །ཁོང་ཉི་ཁོད་ཀྱི་རྒན་པོའི་ཁ་བླས་དང་། །སྤྱིར་རྒྱལ་ཁམས་ཕོ་མོའི་ངག་རྒྱུན་མཛོད། །ལར་ཀུན་གྱི་ཐུགས་ལ་ཅི་དགྱེས་གྱིས། །ཐུགས་མ་འཐད་གྱུར་ན་རང་སོར་ཞོག །དེ་གོང་དུ་སྤྱིར་བཏང་རྒྱང་སྐད་སྨྲས། །ཨེ་མ་སྲིད་ཞི་ཀུན་གྱི་གཙུག་གི་རྒྱན། །སྐྱེ་འདི་དང་ཚེ་རབས་ཐམས་ཅད་དུ། །ཕ་བཀའ་དྲིན་འཁོར་མཐའ་བྲལ་བ་ཡི། །རིགས་ཀུན་གྱི་བདག་པོའི་ཞབས་ལ་འདུད། །ཁྱེད་འཁོར་བའི་ཉེས་པས་སྡུག་བསྔལ་དང་། །ཉོན་མོངས་མཐོང་བས་སྐྱོ་བ་དང་། །རྣམ་བྱང་དགེ་བའི་བསོད་ནམས་ཀྱིས། །ཐར་པ་བདེ་བའི་ཕན་ཡོན་རྣམས། །གཟིགས་པས་ངེས་འབྱུང་སྐྱེ་བ་དེ། །རྗེ་བླ་མའི་བྱིན་རླབས་དང་པོར་ངེས། །ལུས་ཐོབ་དཀའ་དོན་ཡོད་བྱ་བའི་ཕྱིར། །ཆོས་ཕུང་གི་བཅུད་བསྡུས་སྙིང་པོའི་དོན། །སྔོན་
གྲུབ་པའི་གཤེགས་ཤུལ་མན་ངག་རྣམས། །གནད་གཅིག་ཏུ་དྲིལ་བ་གླུར་ལོངས་སྐད། །ཉམ་ཆུང་གི་སྤྲང་པོ་འཁོས་མེད་བདག །རང་ཡུལ་དུ་གྲོང་གསེབ་ཁྱི་བཞིན་ལོད། །མི་ཡུལ་ན་ཚོང་དུས་གསེར་བཞིན་བྲིན། །སྐྱབས་དཀོན་མཆོག་གིས་ངན་སོང་འདམ་ནས་དྲངས། །དྲིན་ཕ་མས་དལ་འབྱོར་ལུས་འདི་བྱིན། །སྣོད་འབྱུང་བཞིའི་རྩི་བཅུད་སྐན་མར་ལྡག །རྗེ་བླ་མ་མ་དང་འདྲ་བ་དེའི། །ཐུགས་བརྩེ་བའི་གདམས་ངག་མི་ཟད་གཏེར། །ཐེག་གསུམ་གྱི་ནུ་ཞོ་རིམ་པར་འཐུང་། །ཀློག་རིག་གནས་ཀྱི་ཐང་ལ་གོག་རྩེད་བྱས། །ཕྱི་ཉན་རང་གི་བྱིས་སྦའི་རྩེད་རར་ཚུད། །ནང་ཐེག་ཆེན་གྱི་རྒན་པོའི་རྣ་གཏམ་ཐོས། །བདེན་ཐག་ཆོད་གྲུང་པོའི་བསམ་པ་རྙེད། །རང་དོན་དུ་དགྲ་གཅིག་འདུལ་སེམས་སྐྱེས། །ཕྱི་སྣང་ཡུལ་སྐྱེན་ལ་ཕར་བལྟས་ནས། །ཤེས་རབ་ཀྱི་རྣོ་མཚོན་ངར་ལ་བརྡར། །རང་
རྨས་དོགས་བཟོད་པའི་གོ་ཆ་གྱོན། །གཞན་བསླུ་བྲིད་སྦྱིན་པའི་ཤ་གཟན་ཁྱེར། །མགོ་སྐོར་འདོད་ཀྱི་ངུར་སྨྲིག་ཟླུམ་ཁྱེར་བྱས། །སྐྱིད་འདོད་ཀྱི་རེ་བ་གྲོགས་སུ་བཀུག །སྡུག་མདོག་གི་ལོ་མ་སྔོན་ལ་ཆས། །ཚོགས་བརྒྱད་ཀྱི་ཕུང་ཁྲོལ་ཕྱི་ལ་བཞག །ཆོས་དྲང་དོན་གྱི་ལ་ལུང་དཀྱུས་སུ་བརྒལ། །འཕགས་སོ་སྐྱེ་དབྱེ་བའི་ལ་ཁ་ནས། །ཆོས་རྣམ་པར་བདེན་བཞིའི་གསས་མཁར་ལ། །སྔོན་སྨོན་ལམ་མཐུས་གྲུབ་དར་དཀར་ཡུག །རྗེ་བདེ་གཤེགས་ཡོངས་ཀྱི་ཞལ་ཆེམས་དང་། །མཆོག་བུ་རམ་ཤིང་གིས་ཕྱི་བཞག་གསུངས། །ལམ་བྱང་ཆུབ་ཕྱོགས་ཀྱི་དེབ་ཐེར་དེ། །རྗེ་ཤིང་རྟ་གཉིས་ཀྱིས་བྲིས་པ་མཇལ། །ཆོས་བདག་མེད་གཉིས་པོ་བསྐྱར་ནས་གསུངས། །མི་རང་མགོ་འཁོར་བ་ད་གཟོད་ཤེས། །དགྲ་ཕྱི་རུ་འདུལ་བ་མི་ལོང་གིས། །ནང་བདག་འཛིན་གྱི་དགྲ་འདི་བསད་དང་ཚུན། །ཚོགས་
བརྒྱད་ཀྱི་སྤྲིན་ཚོགས་རང་སར་དེངས། །ཉོན་ཡིད་ཀྱི་མུན་པ་དབུས་ནས་སངས། །ཕྱི་བྱམས་དང་སྙིང་རྗེས་ཟླ་བ་ཚེས། །ནང་བྱང་ཆུབ་སེམས་ཀྱི་ཉི་འོད་བརྡལ། བློ་མ་རིག་གི་རྐུན་དོང་སྦུག་རིང་ནས། །ངར་འཛིན་གྱི་རྐུན་བུ་ཕུང་ཁྲོལ་རྙེད། །ཕྱི་ནང་གི་ང་ཡིར་འཛིན་པ་ཡི། །ཆུད་ཟོས་ཀྱིས་བརྐུས་པའི་ནོར་ཀུན་བུད། །ཆོས་བརྒྱད་ཀྱི་སོ་མཁར་རྨང་ནས་འགྱེལ། །དགྲ་ཡོངས་ཀྱི་རྩ་བ་དེ་རུ་ཐུལ། །ཡང་གཞན་དོན་དུ་གཉེན་གཅིག་སྐྱོང་སྙམ་སྐྱེས། །ནོར་ཡོད་དགུ་ཕོག་པའི་ཕ་ཁུ་བོ། །དྲིན་ལུས་ཀྱིས་བསྐྱངས་པའི་མ་སྲུ་མོ། །ཡིད་སྙིང་ནས་འཕྲེང་བའི་ཆུང་མ་མཛའ། །ཐབས་ཞེ་ཕུགས་འཆའ་བའི་ཚ་ཞང་སྡེ། །རྟེན་རེ་ལྟོས་ཕ་ཚན་སྣག་གི་སྲིང་། །སྐྱིད་སྡུག་གི་མཆེད་ཟླ་སྤུན་དང་གྲོགས། །བློ་ལེགས་ཉེས་ཀྱི་གཏད་ར་ཤག་གནས་པོ། །འདི་བྱམས་པས་སྡུག་དག་བསྐྱང་སྟེ་བསྐྱང་། །སྐྱིད་འདོད་ཀྱི་ངོ་སྲུང་
བྲིད་དང་བྲིད། །ནོར་འདོད་ཚད་བྱིན་ཀྱང་ཞེ་མ་འཁམ། །ངག་འཇམ་པོས་སྨྲས་ཀྱང་དབུགས་མ་སླེབས། །མིག་བརྩེ་བས་བལྟས་ཀྱང་བཞིན་མི་འཛུམ། །ཟས་ཁ་རུ་སྙོད་ཀྱང་ལྟོ་མ་རྒྱག །ལག་འཇམ་པོས་བསིལ་ཀྱང་གཡའ་སླངས་མདོག །སེམས་སྙིང་ནས་བརྩེ་ཡང་ངན་བློ་རྒོད། །སྐྱོང་དྲིན་གྱིས་སེམས་བཟང་ཕ་ཚད་ཞོག །ཕན་མེད་ཀྱི་ཁོང་བསྲན་སླར་ཡང་ལྡང་། །འདི་སྙིགས་མའི་རང་མདངས་འཁོར་བའི་མཚང་། །ཡར་རེ་བའི་དཔོན་པོ་ངོ་སྲུང་དཀའ། །ཕན་རེ་བའི་གཙོ་བོའི་དཔྱ་ཕྲལ་ལྗི། །མར་ངན་སོང་གི་འཁོར་གཡོག་སྐྱོང་ཐབས་དཀའ། །བར་བུ་སྲིང་གི་འདུན་མས་རང་སེམས་ངལ། །མ་རྒན་རྒོན་གྱི་རེ་བའི་ཞེ་ཐག་ཆད། །སྙིང་གཏད་པའི་གྲོགས་ཀྱིས་མིག་ལོག་བསྒྱུར། །གྲོང་ཁྱིམ་མཚེས་ཀུན་གྱིས་ངན་སེམས་འཆང་། །ནོར་ཡོད་ན་བོར་ཟགས་མེད་ན་བཀྲེན། །
འཁོར་ཡོད་ཚེ་འཁོན་ཅིང་མེད་ན་བཤོལ། །ཕར་ཕན་འདོགས་ཚུར་ལ་གནོད་པ་སྐྱེལ། །གཉེན་སྐྱོང་བློ་ཡི་སྐྱོང་བྲན་མ་འཆོལ་ནས། དགྲ་གཉེན་གྱི་བར་དེར་གཞིག་འབྲེལ་བྱས། །བྱས་པས་དོན་མེད་ཀྱི་རང་མཚང་མཐོང་། །དགྲ་གཏན་གྱི་ཕ་མར་ངེས་ཤེས་རྙེད། །གཉེན་ཚེ་འདིའི་དགྲ་བོར་ཞེ་ཐག་ཆོད། །དོན་རྨི་ལམ་གྱི་དགྲ་གཉེན་བག་ཆགས་ཙམ། །དེ་སད་པའི་ཚེ་ན་གད་མོ་འཆོར། །ཀུན་སྒྱུ་མའི་ཡོ་ལང་མིག་འཕྲུལ་ལ། །དེར་འཛིན་གྱི་ཆགས་སྡང་སྨིག་རྒྱུའི་ཆུ། །མིག་སེར་གྱི་རི་དྭགས་ཅི་སྟེ་འཐུང་། །དེ་ཉེ་རིང་གི་ཕྱོགས་ཆ་རང་ཉིད་འཁྲུལ། །དེ་ཙམ་ཞིག་ལྟ་སྒོམ་སྤྱོད་པར་བྱས། །བཀའ་ཐེག་ཆེན་ཕར་ཕྱིན་གྱི་གྲལ་ཚུད་ཙམ། །ཡང་རྡོ་རྗེ་འཆང་ཞབས་བླ་མ་དེས། །ཁྱོད་ཟབ་གསང་གི་རིགས་སུ་སྐྱེར་ངེས་པས། །མཆོག་རིག་པ་འཛིན་པར་དབང་བསྐུར་གསུངས། །རྒྱུ་མི་འཇིགས་བཞི་ལྡན་
ཐེག་གསུམ་ཁྲིད། །ཕྱི་ཀྲི་ཡ་ནས་བཟུང་གསང་མཐའི་བར། །རྒྱུ་སྣོད་རུང་གི་སྤྱི་བླུགས་རིམ་པར་མཛད། །མིང་རྒྱལ་པོར་མངའ་གསོལ་ཅོད་པན་བཏགས། །ཐབས་ཤེས་རབ་ཀྱི་ཕྱག་རྒྱ་ལག་ཏུ་བཞག །གསང་དབང་གི་བདུད་རྩིའི་ཞལ་སྐྱེམས་གནང་། །ལམ་གསུམ་པའི་མཚན་ལྡན་བཙུན་མོར་བསྩལ། །ཚིག་བརྗོད་པ་བྲལ་བའི་རྒྱལ་སྲིད་ཕོག །དོན་སངས་རྒྱས་ལག་བཅང་ནོར་བུ་བྱིན། །ལམ་བསྐྱེད་རྫོགས་ཕྱི་ནང་ནོར་བུར་བསྐོས། །དམ་ཚིག་གི་སྲུང་མ་དམག་དཔུང་བཙན། །རྒྱུ་བསོད་ནམས་ཡེ་ཤེས་གླང་པོ་བཀལ། །བརྟུལ་ཞུགས་ཀྱི་མངའ་རིས་དབང་དུ་བསྒྱུར། །ལམ་སྦྱོར་སྒྲོལ་གྱིས་རྒྱལ་ཁམས་བདེ་བར་བཀོད། །ཟག་མེད་དགེ་ཚོགས་འདུ་ཁྲལ་བསོག །སྔོན་གྲུབ་པའི་གཤེགས་ཤུལ་ཞེར་བཅགས་ནས། །རྗེ་རྒྱལ་བའི་ཡོན་ཏན་ལ་སྐམ་ཆེས་པས། །གྲོལ་ལམ་གྱི་གསེར་
འཁོར་མཁའ་ལ་འཕངས། །ཐབས་ལམ་གྱི་རྟ་མཆོག་ཞོན་པ་སྐྱ། །བྱིན་རླབས་ཀྱི་གདུགས་ཆེན་དབུ་ལ་བསྐོར། །གདམས་ངག་གི་གསེར་ག་མགུལ་དུ་བཏགས། །གསང་ཚིག་གི་འཇའ་རིས་སྣམ་ཕྲག་བཀལ། །ཡིད་དད་མོས་ཀྱི་མིག་འབྲས་གྱེན་དུ་བསྒྲད། །ཟུང་འཇུག་གི་ཉི་ཟླ་ལག་ཏུ་ཁྱེར། །འཁྲུལ་འཁོར་བའི་གཡང་ལ་མི་ལྟུང་བར། །ཐབས་རོ་སྙོམས་ཀྱི་འཁོར་ལོ་གསོར་ལྟར་བསྐོར། །ཉན་རང་རྒྱལ་གྱི་འཕྲང་ལ་མི་ཐོགས་པར། །གཞི་ཆོས་ཉིད་མཁའ་ལ་ཁྱུང་ལྟར་ལྡིང་། །དོན་འཁྲུལ་མེད་ཀྱི་སངས་རྒྱས་ལྷ་རྒྱལ་དང་། །སྟན་གཅིག་ཏུ་གྱུར་པའི་གོ་སར་ཕྱིན། །མ་སྟོང་གསུམ་སྤྱི་ཕུད་ཀྱི་འགྲོ་བ་ཀུན། །ཕྱམ་གཅིག་ཏུ་བདེ་བའི་ས་ལ་བཀོད། །ཕ་དྲིན་ཅན་བླ་མའི་བཀའ་དྲིན་ལས། །དོན་དེ་ཙམ་གོ་ཡུལ་ལམ་དུ་བྱས། །ཡིད་མངོན་པའི་ང་རྒྱལ་མེད་ལགས་ཀྱང་། །སེམས་དེ་འདྲ་
ལ་མོས་པའི་སྙིང་ཕུར་བྱས། །ཚིག་ཧམ་ཁྱེར་འདྲ་ཡང་གཞུང་དོན་ཡིན། །གནད་འཁྲུལ་མེད་བླ་མའི་ཞལ་གདམས་ལགས། །བུ་ཁྱེད་རྣམས་དེ་ལྟར་མཛད་པར་ཞུ། །སླར་རིང་ནས་ཆོས་ཀྱིས་བསྐྱངས་པའི་བུ། །ཁྱོད་དམ་པ་མང་པོས་བྱིན་བརླབས་པས། །ཅུང་ཟད་སྒྲིབ་པ་སྲབ་པའི་མཐུས། །ང་མི་རྒན་ལ་བླ་མའི་ཡོན་ཏན་མཐོང་། །ནོར་དངོས་རྫས་རིན་ཆེན་ཁོར་ཡུག་དང་། །ཡིད་གུས་པའི་ཐལ་སྦྱར་མེ་ཏོག་བཅས། །ཆོས་རྒྱུད་ལ་སྦྱོར་བའི་ཞལ་གདམས་དང་། །ཕ་དྲིན་ཅན་བརྒྱུད་པའི་གསང་ཚིག་གནད། །དོན་ཀུན་འདུས་ཀྱི་གལ་འགགས་གླུ་བླངས་ཤིག །སྨྲ་དགོས་ཞེས་ཡང་ཡང་གསོལ་བཏབ་དང་། །ལུས་ངག་གི་ཞབས་ཏོག་ཕུལ་བའི་ལན། །དྲིན་ཆོས་ཀྱིས་གསབ་ཕྱིར་ཡང་དག་བཤད། །ལུས་དལ་འབྱོར་རིན་ཆེན་ཆོས་ཀྱི་རྟེན། །རྒྱུ་དཔེ་དང་གྲངས་ཀྱིས་རྙེད་དཀའ་
སྒོམས། །ཀུན་འགྱུར་བའི་ཆོས་ཅན་ངེས་མེད་སྲོག །ཚེ་སྒང་ཁའི་མར་མེ་འདྲ་བར་སོམས། །རྒྱུ་དཀར་ནག་ལས་ཀྱི་བདེ་སྡུག་འབྲས། །འདི་རྟེན་འབྲེལ་བསླུ་མེད་ལ་ཡིད་ཆེས་མཛོད། །དགྲ་གཉེན་གྱི་འདུལ་སྐྱོང་ནོར་རྫས་བསགས། །ཟིན་མེད་ཀྱི་མེ་འོབ་བཙོན་དོང་དང་། །སྦྲུལ་གཟེབ་དང་སྤུ་གྲིའི་སོ་འདྲ་བའི། །ཉེས་ཐར་མེད་འཁོར་བའི་སྡུག་བསྔལ་སོམས། །ཕྱི་གསོལ་བཞིའི་ལས་ཀྱི་སོ་ཐར་ཁྲིམས། །འདི་མཛེས་ཁྲིག་གི་མིག་བསྒྱུར་མ་ལགས་པས། །གཞུང་ཇི་སྐད་དུ་བཤད་པའི་ཕྲ་རགས་རྣམས། །མངོན་ལྐོག་གི་ཆུད་ཟོས་མ་སོང་བར། །ལམ་ཉན་རང་གི་རྣམ་ཐར་བསྟན་པའི་གཞི། །འདི་མཐའ་རུ་འཁྱོལ་བར་སྙིང་ནས་སྨོན། །ནང་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །གཞན་མགོ་སྐོར་གྱི་བསླུ་ཐབས་མ་ཡིན་པས། །རང་དོན་གྱི་འདོད་འཁྲིས་མ་བཅིངས་པར། །མ་སེམས་ཅན་ཀུན་
བསམ་པར་རྗེས་འགྲོ་བའི། །སྒོ་གསུམ་གྱི་ཕན་བདེ་བསྒྲུབ་པ་དང་། །མཐར་རྫོགས་བྱང་ལ་གཞོལ་བའི་སྙིང་ཁམས་བསྐྱེད། །ལམ་ཀུན་གྱི་རྩ་བ་ཐེག་པ་ཆེ། །མི་རང་རྒྱུད་གྱོང་པོ་འདུལ་བ་ལ། །བཀའ་བློ་སྦྱོང་ཟབ་མོར་འབད་ཀྱང་འཚལ། །ཕྱི་སྣང་ཡུལ་དུ་གཞན་སྐྱོན་འཚུབ་མར་ལྡང་། །དེ་རང་སྐྱོན་ལགས་པས་རྩིས་གདབ་འཚལ། །ནང་རང་སེམས་ལ་དུག་ལྔའི་སྤྲིན་ཕུང་གཡོ། །འདི་ཞིབ་མོར་མ་དཔྱད་མཐོང་བར་དཀའ། །བློ་ཚབ་ཚུབ་ཀྱི་དུག་ཆར་བུ་ཡུག་འཚུབས། །རྒྱུ་བསོད་ནམས་ཀྱི་མེ་ཏོག་སད་ལ་བསྐུར། །དོན་དེ་ཕྱིར་རང་རྒྱུད་ལ་བརྟག་ཀྱང་འཚལ། །རང་སྐྱོན་མེད་རྒྱལ་བའི་གཟིགས་ངོ་ལ། །ངན་སོང་ཀུན་བཻ་ཌཱུཪྻ་ཡི་ཞིང་། །སེམས་ཅན་ཀུན་སངས་རྒྱས་སྙིང་པོར་ཤར། །བློ་མ་དག་མུ་སྟེགས་བྱེད་ཀྱི་ངོར། །ཐུབ་ཆེན་ཀྱང་སྐྱོན་གྱི་ཕུང་པོར་མཐོང་། །དོན་དེ་ཕྱིར་
མཆོག་དང་ཕལ་པ་ཀུན། །གཞན་སྐྱོན་ལ་མ་བལྟ་རང་སྐྱོན་སོམས། །འཁྲུལ་ཁམས་གསུམ་འཁོར་བ་ཟོ་ཆུན་འཕྱན། །ཟིན་མེད་ཀྱི་འགྱུར་བ་སྐྱེ་འཆི་འཕོ། །རིགས་དྲུག་གི་སྡུག་བསྔལ་བཟོད་དཀའ་ལས། །སྐྱོབ་ནུས་ཀྱི་དཀོན་མཆོག་བླ་མ་ལ། །བློ་ལིང་བཀལ་གྱི་ཁྱེད་ཤེས་སྐྱབས་སུ་འགྲོ། །རྒྱུ་འབྲས་བུ་འགྲོ་དང་འགྲོ་བ་ཡི། །ལམ་ཐེག་ཆེན་བྱང་ཆུབ་སེམས་གཉིས་བསྐྱེད། །ཆོས་ཚད་མེད་བཞི་བློ་དང་འདྲེས་པར་སྒོམས། །དུས་ཐོག་མེད་ནས་བསགས་པའི་སྒྲིབ་གསུམ་ལས། །ཡིད་གནོང་འགྱོད་ཀྱི་སྟོབས་བཞིས་བཤགས་སྡོམ་མཛོད། །ལུས་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་པའི། །ཚོགས་རྫོགས་ཕྱིར་ཀུན་བཟང་མཆོད་སྤྲིན་སྤེལ། །སྡིག་ཟས་ནོར་བུན་སྐྱེད་རང་ཕུང་ལས། །མཆོག་སོ་ནམས་ཡན་ལག་བདུན་འདི་ཁེ། །དོན་འཁོར་འདས་ཀྱི་བདེ་ལེགས་མ་ལུས་པའི། །དཔལ་
གཅིག་ཏུ་འདུས་པ་སངས་རྒྱས་དངོས། །མགོན་དྲིན་ཅན་རྩ་བའི་བླ་མ་ལ། །བྱིན་ཕེབས་ངེས་ཀྱི་མོས་གུས་རྒྱུན་དུ་མཛོད། །ཐུགས་དགྱེས་པ་སྒྲུབ་པའི་ཞབས་ཏོག་ཕུལ། །གནད་དགོངས་ཉམས་ལོན་པའི་བསྙེན་བཀུར་ཞུས། །དོན་ཅི་མཛད་ལེགས་པར་མཐོང་བ་དང་། །ཅི་གསུང་ཀུན་ཆོས་སུ་གོ་བ་གཅེས། །ཕྱི་ཐུན་མོང་གི་སྔོན་འགྲོ་ཆོས་ཀྱི་རྨང། །འདི་བརྗེད་ངས་དང་གལ་ཆུང་མ་བྱེད་ཅིག །ནང་ཐུན་མིན་གྱི་སྔོན་འགྲོ་ཆོས་ཀྱི་སྲོག །ལམ་འདི་ལ་མ་བསྟེན་ཆོས་གཞན་མེད། །དུས་ཀུན་ཏུ་ནར་མར་ཉམས་ལེན་རེམས། །གནད་གཅིག་འདུས་བླ་མའི་མོས་གུས་ལ། །སེམས་ལོག་ལྟ་དང་ལྟེམ་རྐྱང་མ་ཤོར་བར། །དངོས་སངས་རྒྱས་སུ་མཐོང་ན་རང་ཉིད་རྒྱལ། །བྱིན་སྙིང་དབུས་ཞུགས་ན་གཉིས་ཀ་འཚེངས། །ལམ་དངོས་གཞི་བསྐྱེད་དང་རྫོགས་པའི་རིམ། །ལུས་འཆི་བ་དང་
བར་དོ་སྐྱེ་བའི་སྲིད། །རྟེན་རྣམ་སྨིན་གྱི་ཕུང་ཁམས་སྦྱང་བའི་ཕྱིར། །དབང་བུམ་པའི་ཉམས་ལེན་ལྷ་ཡི་སྐུ། །དངོས་ཨ་འཐས་ཟློག་པའི་གསལ་སྣང་གོམས། །རྩ་ཡི་གེའི་འབྲས་དང་སྲོག་རྩོལ་ཁམས། །ལས་མ་དག་གི་མདུད་པ་གཟུང་འཛིན་རླུང་། །དབྱིངས་དྷཱུ་ཏིར་འདུལ་བྱེད་འཁྲུལ་འཁོར་དང་། །དབང་གསང་བའི་ཉམས་ལེན་གནད་དུ་བསྣུན། །ཀུན་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་ཚུལ། །གནད་ཉིན་མཚན་གྱི་སྒྱུ་ལུས་ཁ་སྦྱོར་བས། །ཞེན་ཐེར་ཟུག་གི་སྣང་བ་ཁྲོལ་བུར་བཏང་། །ལམ་རྩལ་སྦྱང་འདི་བོགས་འདོན་རྒྱལ་པོ་ཡིན། །དཔྱིད་ཐིག་ལེ་ལུགས་འབྱུང་ལུགས་ལྡོག་འགྲོས། །ཐབས་རྣམ་གྲོལ་དང་བདེ་ཆེན་སྟེང་འོག་སྒོ། །ཉམས་དགའ་བའི་ལམ་ལ་དཔྱིས་ཕྱིན་ནས། །ཐ་མལ་གྱི་སྲིད་བདེ་ཡོངས་དག་པས། །མཆོག་ཟུང་འཇུག་འཕོ་མེད་ཀྱི་བཙན་ས་བཟུང་། །དབང་གསུམ་པའི་
ཉམས་མྱོང་ལྷན་སྐྱེས་རྩལ། །གཞི་དེ་ལས་མ་གཡོས་ཡིད་བྱེད་བྲལ། །དོན་རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཆེན་གྱི་བཙུན་མོའི་བྷ་ག་ན། །བདེ་ཆེན་གྱི་མགོན་པོ་རྟག་བཞུགས་པའི། །དོན་འབྲས་བུའི་རོ་ལ་བདེ་བ་ཆེ། །ཡེ་ཉིད་ནས་འདུ་འབྲལ་མེད་པ་དང་། །རྟག་ཆད་དང་འགྲོ་འོང་བྲི་གང་བྲལ། །སྤང་བླང་དང་རེ་དོགས་མཚན་མ་ཟད། །སྐྱེ་འཆི་འཕོ་བྲལ་བའི་གདེང་ཚད་ལོངས། །ཐབས་གཏུམ་མོ་ལམ་གྱི་གཞུང་ཤིང་ལགས། །གནས་མགྲིན་པར་རྨི་ལམ་གནད་བསྣུན་པས། །སྒྱུ་ལུས་དང་སྤྲུལ་བསྒྱུར་ཚད་དུ་ཕྱིན། །ལམ་ཀུན་གྱི་ཚོད་འཛིན་འདི་ལ་མཛོད། །གནས་སྙིང་ཁའི་རིལ་འཛིན་རྗེས་གཞིག་ལས། །ལམ་འོད་གསལ་ཆེན་པོ་རིམ་ཆོད་པས། །གཞི་ལམ་གྱི་འོད་གསལ་མ་བུ་མཇལ། །དོན་འབྲས་བུའི་ས་ལམ་གཅིག་ཏུ་ཆོད། །སྐྱེ་འཆི་དང་བསམ་གཏན་རྨི་ལམ་
སོགས། །ཀུན་འཁྲུལ་མེད་ཀྱི་ལམ་དུ་ཁྱེར་ཙ་ན། །གནད་བར་དོའི་སྐྱེལ་མ་ཚགས་སུ་ཚུད། །རྩ་དབུ་མའི་ཡར་སྣ་ཐར་པའི་སྒོར། །སྐུ་གསུམ་གྱི་འཕོ་དང་གྲོང་འཇུག་དང་། །བཙན་ཐབས་སོགས་རྣམ་པ་གྲངས་མང་ཡང་། །ལམ་བསུ་མ་ལོངས་སྐུར་འཕོ་བ་དང་། །དོན་ཕྱག་ཆེན་ཆོས་སྐུར་བརྡལ་བ་ཟབ། །མཚམས་ལས་ལ་སྦྱར་ཚུལ་ཞལ་ལས་ཐོས། །གནད་ཧྲིལ་གྱིས་དྲིལ་ན་རང་སེམས་འདི། །ཕྲ་རགས་ཀྱི་རྟོག་ཚོགས་གྲངས་མང་ཡང། །ཡུལ་ཡུལ་ཅན་རིས་སུ་མི་བཅད་པར། །གཞི་ཤེས་རིག་གཅིག་ཏུ་ཁོ་ཐག་ཆོད། །སེམས་བལྟས་ཀྱང་མི་མཐོང་བསམ་ཡང་མིན། །དེ་སྒྲིམ་ཡང་མི་རན་ཀློད་ན་གསལ། །དེ་གཤིས་མེད་ཀྱི་འདུག་ཚུལ་བཤའ་མ་ལགས། །ད་དྲན་ཙམ་ཉིད་དེ་རིག་པ་དངོས། །དེ་ཕན་དུ་བལྟས་ཀྱང་མཐོང་བ་མེད། །དེ་ཚུན་དུ་ཉུལ་ཀྱང་རྙེད་པ་མེད། །དོན་རིག་ཙམ་སོ་མར་
ཁྲེག་གིས་ཞོག །སླར་འཕྲོ་ཡང་ཆོས་ཉིད་དེ་ངང་གྲོལ། །གཞི་སེམས་ཉིད་རྒྱ་མཚོ་འཁྱིལ་བ་ལ། །འགྱུ་རྟོག་གི་རླབས་གཉེར་ཕྲེང་གཡོས་ཀྱང་། །བློ་ཡིད་བྱེད་ཀྱི་རླུང་གིས་མ་བདས་ན། །དོན་མཉམ་བཞག་ངང་ལས་འདའ་བ་མེད། །ཕྱི་སྤྱོད་ལམ་གྱི་རྟོག་ཚོགས་བཟང་ངན་དང་། །ནང་ཚོགས་དྲུག་བསམ་བློ་ཕྲ་རགས་ལ། །རྒྱུད་ཐ་མལ་དུ་ཤོར་དོགས་སོ་པ་སྟེ། །བག་ཙམ་གྱི་དྲན་པ་རྒྱུན་དུ་བསྟེན། །གཞི་མཉམ་བཞག་གི་ཆུ་བོ་དལ་གྱིས་འབབ། །ལམ་རྗེས་ཐོབ་ཀྱི་ཆུ་བྲན་ཀུན་དེ་རུ་གྲོལ། །དེ་ཙ་ན་མཉམ་རྗེས་འདུ་འབྲལ་མེད། །ཕྱི་ཡུལ་ལ་གཡེང་བས་མ་རིག་པ། །ནང་རང་རིག་རང་གསལ་རིག་པར་བརྗོད། །འཁོར་འདས་ཀྱི་གྱེས་སོ་དེ་ཀ་རང་། །བློ་འཁྲུལ་རྟོག་གི་ཐང་ལ་མི་འཁྱམས་པར། །དོན་རང་རིག་གི་བཙན་ས་བཟུང་བར་ཞུ། །གཞུང་ཐོས་བསམ་གྱི་གོ་རྒྱ་མི་ཆེ་ན། །
ཐབས་བདེ་སྟོང་གི་ལྷན་སྐྱེས་ཕྱག་རྒྱ་ཆེ། །དབང་བཞི་པའི་ཡེ་ཤེས་མོས་གུས་ལམ། །བྱར་མེད་དང་སྤྲོས་མེད་མཛད་པ་ལེགས། །དེ་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་ལགས། །བཀའ་མདོ་རྒྱུད་ཀྱི་མཁྱེན་རྩལ་རྒྱས་པ་ལ། །དབུ་ཚད་ཀྱི་ལྟ་བས་ཟུར་བརྒྱན་ནས། །ཕར་ཕྱིན་གྱི་ས་ལམ་གྲངས་སུ་བསྒྲང་། །གཞུང་ཕྱག་རྒྱ་ཆེན་པོ་སྲོག་ཏུ་བཟུང་། །འདི་མཉམ་མེད་ཟླ་འོད་གཞོན་ནུའི་སྲོལ། །བཀའ་ཕྱག་གི་ཆུ་བོ་གཅིག་འདྲེས་ཟེར། །ཕ་བཀའ་བརྒྱུད་ཀྱི་ཡོན་ཏན་ཕྱིར་ཤར་བའི། །རྒྱུད་འཁོར་བར་མ་ཞེན་ཆོས་དང་མཐུན། །རང་གཞན་གྱི་དོན་གཉིས་སྒྲུབ་པ་ལེགས། །ཁ་རྐྱང་གི་ཆོས་སྐད་མཐོ་ཆེ་ཡང་། །སེམས་འཁོར་བའི་འདུན་མ་གཞན་བས་བྲེལ། །ང་འདྲ་བའི་གཡོ་ཅན་མ་མཛད་ཞུ། །ཕྱི་ཞི་དུལ་གྱི་སྤྱོད་པ་ཀུན་མཐུན་ཡང་། །ནང་བསམ་ངན་གྱི་ཞེ་ནག་ཁོང་དུ་སྦས། །ཐབས་སྒྲོ་སྐུར་གྱི་འབག་
འབུག་མེ་ལྟར་འབར། །མི་ང་འདྲའི་སྤྱོད་ངན་མ་མཛད་ལགས། །ཀུན་ལྟ་སྤྱོད་ཕྱི་ནང་མཐུན་པར་མཛོད། །ཡར་སྨོན་པའི་ས་དེར་ཕྱིན་དུས་མེད། །མར་སྤང་དགོས་ཀྱི་གཡང་ལས་ཐར་དུས་མེད། །དོན་ཐོབ་བྱེད་ཀྱི་སྒོང་རྒྱ་བྲལ་བའི་བྱ། །ཟུང་འཇུག་གི་གཤོག་རྩལ་རྒྱས་པ་ན། །འཐོབ་བྱ་དང་བྲལ་བའི་མཁའ་ལ་རྒྱུ། །བློ་རེ་དོགས་ཀྱི་རྒྱ་ལ་མི་འཐུམ་པས། །དབྱིངས་ཞི་བདེའི་དགོང་ལ་མི་སྙེག་ཅིང་། །འཁྲུལ་པའི་ཤིང་ཁར་མི་འབབ་པའི། །ཐབས་སྙིང་རྗེའི་མིག་གིས་བརྩེ་བས་བལྟ། །མ་རྒྱུད་ལྔའི་བྱིའུ་ཚོགས་བྱ་རས་སྐྱོང་། །འབད་མེད་ལྷུན་གྲུབ་ཀྱི་ལུས་རྩལ་བསྒྱུར། །འཁོར་འདས་ཀྱི་ལྟད་མོར་རང་དབང་འབྱོར། །དོན་འབྲས་བུར་མིང་འདོགས་དེ་ག་ཙམ། །ང་མི་རྒན་གྱིས་བྱུང་རྒྱལ་སྨྲས་པ་འདི། །ཁྱོད་སེམས་ལ་བབས་ན་སྙིང་ནོར་མཛོད། །བསྐུལ་མང་བས་ཤོག་བུར་
ལོང་ཚད་བྲིས། །དེ་འབྲེལ་མེད་ཀྱི་སྐད་ཆ་མ་ལགས་པས། །དུས་ཀུན་ཏུ་གཟིགས་ལ་ཡི་དམ་མཛོད། །ཚིག་དེ་སྐད་ཆོས་ཀྱིས་བསྐྱངས་པའི་བུ། །མོས་ལྡན་གྱི་བཙུན་པ་གྲུབ་དབང་ངོར། །བདག་བདེ་ཆེན་འབར་བའི་རྡོ་རྗེས་སྨྲས། །བུ་སློབ་འབངས་ཀུན་གྱི་གསོས་སུ་སྨོན། །དགེ་འདི་དག་རྣམ་མཁྱེན་ཕྱིར་དུ་བསྔོ། །ཕ་བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་ཤོག །
དེ་ཝ་རཀྵ་ཛ་ཡ།
༈ ན་མོ་གུ་རུ། མཆོག་གི་རིག་འཛིན་རྣམས་དང་དབྱེར་མེད་པ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་འཇིགས་བྲལ་ཧེ་རུ་ཀ་ཆེན་པོ་དེ་ཝ་རཀྵ་ཛ་ཡ་ནི། ནང་པ་ཚང་གསར་པའི་གདུང་རིགས་ལས་སོན་ཞིང་ཡབ་ཆོས་བདེ་མགོན་གཉིས་ཀྱི་སྒོ་ནས་གྲུབ་པ་བརྙེས་ནས་རྣམ་སྨིན་གྱི་ལུས་འོད་དུ་དེངས་ནས་དྭངས་མའི་སྐུ་ལས་ཀྱི་མགོན་པོར་བཞེངས་པར་མཛད་པ་སྟེ། དེ་ཉིད་ཀྱི་ཞལ་གདམས་རྡོ་རྗེའི་མགུར་ནི། དཔལ་རྡོ་རྗེ་འཆང་དང་འབའ་རོམ་པ། །རྗེ་རྩ་བའི་བླ་མའི་ཞབས་ལ་འདུད། །ཀྱེ་
གསོན་དང་ཆོས་མཛད་དད་ལྡན་རྣམས། །ཁྱེད་ལྷ་ཆོས་ཐོབ་ཆོག་མི་མཛད་པར། །ཞེ་གདེང་ནས་ཆོས་ཤིག་བྱ་བསམ་ན། །མི་ཁོ་བོས་ཁ་མཚར་མ་ཡིན་ཏེ། །ཁྱོད་རང་རྩིས་ཞེ་འདོད་མ་ཆེ་བར། །དགྲ་བདག་འཛིན་རྒྱལ་འགོང་དབང་རེ་ཆེ། །བདུད་འདོད་ཡོན་གྱི་བཙུན་མོ་བསླུ་བྲིད་མཁས། །དགེ་ཆོས་བརྒྱད་ཀྱི་སློབ་དཔོན་ཟློས་སློབ་མཁན། །ཁྱོད་མི་ཆོས་ཀྱི་འདུན་མ་རྒྱབ་ཏུ་བོར། །བློ་ཆོས་བརྒྱད་ཀྱི་ཞེན་པ་ནང་ནས་ལྡོག །སྤྱིར་འཁོར་བའི་ཆོས་ལ་ཞེན་པ་སྤོངས། །སྒོས་མི་རྟག་ཆོས་ལ་ངེས་ཤེས་མཛོད། །ང་ཤི་རུང་གསོན་རུང་ཅི་ཡོང་དང་། །ལར་སྐྱིད་རུང་སྡུག་རུང་ཅི་བྱུང་ཡང་། །སྒྲུབ་ཡུན་ཤི་དང་མི་མཉམ་རེ། །སྐྱིད་འདོད་ཀྱི་བྱ་བ་མི་བཏང་རེ། །གྲགས་འདོད་ཀྱི་རློམ་སེམས་བྱེད་རེ་ཀན། །དེ་སེམས་ཞིང་རང་ཐག་རང་གིས་གཅོད། །ཕ་བླ་མའི་བཀའ་དེ་མ་གྲོལ་བར། །
གཞན་ཀྱལ་སྒྲོག་འཆལ་གཏམ་བསླུ་བྲིད་ཀྱི། །དེ་རྗེས་སུ་འབྲང་ན་ཆོས་སྐྱོང་གིས། །སྲོག་རྩ་ཆོད་ཅིག་དཔང་དུ་བཙུགས། །ང་སྒྲུབ་ཁང་འདི་རུ་ཤི་ནུས་པའི། །སེམས་ལ་དམ་བཅའ་དྲག་པོ་བྱས། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །རླུང་སྲོག་རྩོལ་རྟེན་འབྲེལ་ལུས་ལ་བསྣུན། །སེམས་རྣམ་གཡེང་དབང་དུ་མི་གཏོང་ཨང་། །ཁྱོད་རང་སེམས་ཁུག་ལ་རང་མགོ་ཐོན། །ཆོས་ཕྱི་བཤོལ་མེད་པར་བསྒྲུབ་རེ་རན། །བློ་འགྱུར་མེད་མཛོད་ཅིག་སྐལ་ལྡན་རྣམས། །ཞེས་གདམས་པར་མཛད་དོ། །
ཡེ་ཤེས་རོལ་པ་རྩལ།
༈ གྲུབ་པའི་དབང་ཕྱུག་ངག་དབང་ཕྲིན་ལས་ཀྱི་སྐུ་ཕྲེང་གསུམ་པ་ཡེ་ཤེས་རོལ་པ་རྩལ་དེ་ཉིད་ལྕི་ཡི་རཱ་ཛ་ཆོས་རྫོང་དུ་སྒྲུབ་པ་མཛད་པའི་སྐབས། ཉམས་དང་རྨི་ལམ་ཚད་མེད་པ་ཐུགས་སུ་འཁྲུངས་པ་རྣམས་རྡོ་རྗེའི་མགུར་རྟ་ལ་དྲངས་ཏེ་བཞེངས་པ་ནི། ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ། །པདྨ་ལས་འཁྲུངས་བརྫུས་སྐྱེས་སྤྲུལ་པའི་སྐུ། །སྐྱེ་འཆི་གཉིས་
སྤངས་རྡོ་རྗེ་ཐོད་ཕྲེང་རྩལ། །འདྲེ་སྲིན་དམ་བཏགས་བོད་ཁམས་བདེ་ལ་བཀོད། །དྲིན་ཅན་པདྨ་འབྱུང་གནས་ཞབས་ལ་འདུད། །སློབ་དཔོན་རྒྱལ་ཚབ་སྙིགས་དུས་འགྲོ་བའི་མགོན། །གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ཡིས། །རཱ་ཛ་རྫོང་དུ་སྒྲུབ་པ་གྱིས་གསུངས་པའི། །བཀའ་སྩལ་ས་རྟའི་ལོ་མཚམས་སྤྱི་བོར་ཕེབས། །ཅུང་ཟད་ལུས་པས་ནད་ཀྱིས་ཁོ་བོ་མནར། །དེ་ནས་དྭངས་མཚམས་བཀའ་བསྩལ་རྗེས་དྲན་ཏེ། །གནས་ཆེན་ཉིད་དུ་སྒྲུབ་པ་བྱེད་པར་སོང་། །ལུག་ལོ་ཟླ་བ་གཉིས་པའི་ཉེར་ཐམ་ལ། །གཟའ་སྐར་བཟང་པོར་རྟེན་འབྲེལ་འགྲིགས་ཏེ་སླེབས། །དེ་ནས་ཁོ་བོ་ངག་ཕྲིན་སྤྲུལ་མིང་པ། །ཀརྨ་ཚེ་དབང་ལྷ་རྒྱལ་ཞེས་བྱའམ། །མིང་གཞན་གསང་མཚན་ཡེ་ཤེས་རོལ་པ་རྩལ། །བླ་མ་བསོད་མཆོག་དཀོན་མཆོག་དར་རྒྱས་དང་། །ཆོས་ཀྱི་དབང་ཕྱུག་དཀོན་
མཆོག་དཔལ་བཟང་སོགས། །དཔོན་སློབ་ལྔ་པོ་ལེགས་པར་མཚམས་བསྡམས་ནས། །རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །སྒྲུབ་པ་ཞག་པོ་བཅུ་བཞིར་མཛད་པ་ལ། །ཟླ་བ་གསུམ་པའི་ཚེས་བཅུར་མཚམས་གྲོལ་ནས། །དངོས་གྲུབ་ལེན་ཆོག་བཀྲ་ཤིས་བསྔོ་སྨོན་བྱས། །སྒྲུབ་པའི་ཚེ་རུ་སྒྲུབ་ཁང་ཐད་ཀ་ཡི། །ནམ་མཁར་འཇའ་ཚོན་འཁྱིལ་སོགས་རྟགས་མཚན་བྱུང་། །དེ་ནས་ཞག་འགར་གླིང་ལ་བསྐོར་བ་སོགས། །རང་བཞིན་བག་ཡངས་གནས་པའི་ཚེས་བཅུ་དྲུག །རྨི་ལམ་རྟོགས་ལྡན་སྤྲུལ་པའི་རྣལ་འབྱོར་པས། །གཏེར་ཐོན་གསུངས་ནས་ཁ་བྱང་ཤོག་སེར་གནང་། །བར་ཆད་ཟློག་བྱེད་རྡོ་རྗེ་གཞོན་ནུ་ཡི། །སྒྲུབ་སྐོར་སྐུ་དང་བཅས་པ་ཐོན་པ་དང་། །བླ་མ་དགོངས་འདུས་གཤིན་རྗེ་ཁྲོ་ཆུ་སོགས། །སྒྲུབ་སྐོར་དཔག་མེད་གཏེར་ཐོན་དགའ་སྤྲོ་ཡིས། །རྟོགས་ལྡན་དེ་ལ་བཀྲ་ཤིས་
སྨྲས་པ་རྨིས། །དེ་ནས་ནམ་མཁའ་གསལ་དྭངས་དུས་མཚུངས་སོ། །ཚེས་པ་བཅུ་བདུན་ནུབ་མོར་རྨི་ལམ་དུ། །རཱ་ཛ་རྫོང་གི་རི་ཡི་རྩེ་མོ་རུ། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་ཉིད་དུ་ཕྱིན། །རི་ཡི་རྩེ་མོ་ཤེལ་ལས་གྲུབ་པ་ལ། །འཇའ་དང་འོད་ཟེར་སྣ་ཚོགས་འཕྲོ་བ་དང་། །ཤེལ་གྱི་ཁང་བཟང་དག་གི་སྒོ་དྲུང་ཕྱིན། །བདེ་མཆོག་དང་ནི་ཕག་མོའི་མཚན་བརྗོད་ནས། །ཕྱག་འགའ་འཚལ་བས་ཞབས་རྗེས་རྡོ་ལ་དོད། །ཀུན་གྱིས་བལྟ་ཞིང་བདག་ལ་དད་གུས་བྱེད། །དེ་ནས་རི་རྩེར་འཕུར་ནས་གཡས་བསྐོར་བྱས། །གཤོག་པ་མེད་དེ་རིག་པའི་རྩལ་གྱིས་ཞིང་། །ད་ནི་བདེ་བ་ཅན་དུ་ཕྱིན་ནོ་ཞེས། །སྒྲ་ཞིག་བར་སྣང་ཁམས་ནས་གྲགས་པ་ཐོས། །དེ་ནས་བླ་མ་དཀོན་དར་ན་བཟའི་ནང་། །ངོ་མཚར་ཤེལ་དམར་རྙེད་ནས་ཚག་བྱས་མཚམས། །མནལ་སད་ནམ་མཁའ་གསལ་དང་དུས་
མཚུངས་སུ། །སྔ་ཕྱིར་རྨི་ལམ་རྟགས་མཚན་གསལ་བའི་ཕྱིར། །དག་པ་ཤེལ་རི་དངོས་དང་འདྲའོ་སྙམ། །ཚེས་པ་བཅོ་བརྒྱད་ནུབ་མོར་རྨི་ལམ་དུ། །རོ་ལངས་ཞིག་གིས་དད་པས་ནམ་མཁར་འཕུར། །བར་ཆད་གཡུལ་ལས་རྒྱལ་འདྲའི་རྟགས་ཡིན་སྙམ། །བཅུ་དགུའི་ནུབ་མོར་མཆོད་རྟེན་བཟང་པོ་ལ། །སྐོར་བ་བསགས་པས་ལྔ་བཅུ་འགྲུབ་སྣང་དང་། །སྟོན་པའི་སྐུ་ཞིག་ན་བཟའ་དམར་སེར་གཉིས། །གསོལ་ནས་ཁྲི་ཁ་ཞིག་ལ་བཞག་པ་ལ། །ཕྱག་ན་ལྷུང་བཟེད་ཚེ་བུམ་ཡོད་པ་མཇལ། །ཉེར་ཐམ་ནུབ་མོར་རྨི་ལམ་སྒྲུབ་ཁང་རྩེར། །བ་དན་གཉིས་བཙུགས་ལྷ་ཁང་སྟོང་ཕྲག་བྱས། །རྟ་བཟང་སྔོན་པོ་སྒ་སྲབ་བྱས་པ་དང་། །མི་དྲག་མང་པོས་བསྐོར་བ་བྱས་པ་རྨིས། །སྔ་ཕྱིར་རྨི་ལམ་བཟང་པོ་རྨིས་པ་ཡི། །རྟགས་མཚན་ཡི་གེར་བྲིས་པ་མངྒ་ལཾ། །ཞེས་གསུངས་སོ། །
ཀརྨ་ཡེ་ཤེས་སྙིང་པོ།
༈ མཆོག་དངོས་བརྙེས་པ་བསོད་ནམས་ཡེ་ཤེས་ཀྱི་སྐྱེས་རབས་གསུམ་པ་ཀརྨ་ཡེ་ཤེས་སྙིང་པོའི་གསུང་མགུར་ནི། ཨ་ཧོ་ཡེ། ཆོས་རྣམས་ཆོས་སྐུའི་ཡོ་ལང་ལྷུན་གྲུབ་ཀྱི་རང་སྣང་། །དྭངས་གསལ་མ་འགག་རིག་པའི་རང་རྩལ་དུ་ཤར་བས། །དབྱིངས་ཡེ་ཟུང་འཇུག་སྐུ་གསུམ་ཁྱབ་གདལ་གྱི་ཞིང་ཁམས། །སུས་ཀྱང་མ་བྱས་རང་བྱུང་ཡེ་རྫོགས་འདི་ངོ་མཚར། །ལྟ་སྒོམ་བློ་ལས་འདས་པའི་རིག་པ་ཁ་ཡན་དུ་ཀློད་པས། །གཤིས་ལུགས་གཉུག་མའི་མཁའ་ལས་འདས་པ་རང་མི་འདུག །དེ་ལྟ་ནའང་རྩེ་གཅིག་དྲན་པ་ནི་གཡོ་མེད། །རིག་པའི་ཀློང་ནས་རིག་པ་སད་པ་ལྟར་ལྷང་ངེ་། །གཟུང་འཛིན་སེམས་ནི་སྲིད་པའི་འཁོར་ལོ་རུ་འདུག་པས། །འཛིན་མེད་རིག་སྟོང་རྗེན་པ་རྟོགས་བྱ་ཡི་མཐར་ཐུག །ཐད་ཀར་རྩིས་གདབ་མེད་པར་ལྷུག་པ་རུ་སྐྱོང་བས། །ད་ལྟའི་ཤེས་པ་བཟོ་མེད་ཧ་རེ་བ་ཕྱག་ཆེན། །སྤང་བླང་གཉེན་པོས་
ཕན་གནོད་མེད་པ་ནི་གཉུག་མ། །འདི་ཞེས་བསམ་བརྗོད་བྲལ་བ་སྤྲོས་བྲལ་གྱི་གནས་ལུགས། །རྟོག་ཚོགས་རང་གྲོལ་ཡེ་ཤེས་ཆེན་པོ་ཡི་དགོངས་པ། །ཨ་ལ་ལ་སྟེ་གུ་ཡངས་རྟོགས་ལྡན་ཚོ་སྐྱིད་དོ། །ཞེས་གསུངས་སོ། །
རྗེ་དབོན་ཆོས་ཀྱི་དབང་པོ།
༈ བརྟུལ་ཞུགས་གྲུབ་པ་རྗེ་དབོན་ཆོས་ཀྱི་དབང་པོའི་གང་ཤར་ཉམས་ཀྱི་མགུར་དབྱངས་ནི། རྗེ་བཀའ་དྲིན་ཅན་གྱི་བླ་མར། །ཡིད་གདུང་བས་གསོལ་བ་འདེབས་སོ། །མི་བདག་གི་འདི་ཕྱི་བར་གསུམ། །ཕ་བླ་མ་ཁྱེད་རང་མཁྱེན་ནོ། །སྐྱབས་ཐུགས་རྗེས་འབྲལ་མེདསྐྱོངས་དང་། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ། །དུས་ད་ལྟ་ཉིད་དུ་སྩོལ་ཅིག །སྐྱབས་ཀུན་འདུས་དཔལ་ལྡན་བླ་མ། །སྐུའི་མཛད་སྤྱོད་རྗེས་སུ་དྲན་ན། །ལུས་ཤ་རུས་ཞིག་སྙམ་འདུག་གོ། །བདག་ལུས་ཀྱི་སྒྲིབ་པ་སྦྱངས་ནས། །སྐུ་རྡོ་རྗེར་བྱིན་གྱིས་རློབས་ཤིག །གསུང་གསང་བའི་ཆོས་སྒྲ་ཐོས་ན། །མིག་མཆི་མ་དབང་
མེད་འཁྲུག་གོ། །མི་བདག་གི་ངག་སྒྲིབ་སྦྱངས་ནས། །གསུང་རྡོ་རྗེའི་གསང་མཛོད་སྩོལ་ཅིག །ཐུགས་མཁྱེན་བརྩེའི་ཡེ་ཤེས་གཏད་ན། །སེམས་བདེ་སྟོང་ཡེ་ཤེས་འཆར་རོ། །ཡིད་འཁྲུལ་རྟོག་སྒྲིབ་པ་བྱང་ནས། །ཐུགས་རྡོ་རྗེའི་ཡེ་ཤེས་བསྐྱེད་ཅིག །ཅེས་གསུངས་པ་དང་། རང་གང་མོས་བླ་མ་དྲན་ཙ་ན། །ཡིད་བཟོད་མེད་མོས་གུས་དྲག་པོ་སྐྱེས། །ཐུགས་ཡིད་གཉིས་མེད་ཀྱི་ངོ་བོ་སྐྱོང་། གསོལ་བ་འོ་དོད་ཆེན་པོས་འདེབས། །ཚུལ་འཆོས་འདི་ཤྭ་བའི་རྭ་དང་འདྲ། །ནམ་ཞིག་ལ་ལྷུང་རྒྱུ་ཡིན་ནོ་ཨང་། །བཙན་ཚོད་མེད་མུན་ནང་མདའ་བརྒྱག་འདྲ། །སྲ་བྲག་ལ་འཕོག་གོ་ཡིད་ལ་ཞོག །རང་མཐོང་དེ་གནམ་ལ་བྱ་འཕུར་འདྲ། །དམའ་ས་ལ་འབབ་བོ་ཡིད་ལ་ཞོག །སྡེ་མངའ་རིས་འདི་བོན་པོའི་ཡས་སྟགས་འདྲ། །འབུང་འབུངས་ལ་ནོར་ཉེན་མེད་དོ་ཨང་། །འཕྱོར་ལེགས་འདོད་བར་
སྣང་གི་འཇའ་རིས་འདྲ། །དེ་ཡར་ལ་འགྲོ་བས་ཡིད་ལ་ཞོག །ཁྲིམས་སྡོམ་པ་ལྐོག་ཏུ་གཏོང་བ་དེ། །སྟབས་ལེགས་ཀྱང་རྨ་ནང་གི་བཙན་དུག་ཡིན། །བདག་དེ་ཕྱིར་དགོས་མེད་དྲན་པ་བསྟེན། །ཞེས་སོ། །
འབྲུ་ཚ་ཨ་རྦོའམ་ཀརྨ་རྒྱལ་མཚན།
༈ འབྲུ་ཚ་ཨ་རྦོའམ་ཀརྨ་རྒྱལ་མཚན་ནི། སྐུ་འཁྲུངས་ཡུལ་སྐྱོ་བྲག་དགོན་གྱི་ཉེ་ཆར་རྟ་རའི་ཁུག་གམ་གཙོ་ཕུ་ཁུག་ཏུ་ཡབ་འབྲུ་ཚ་ཐེག་མཆོག་དང་། ཡུམ་རག་བཟའ་བསོད་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་ས་སྦྲུལ་ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་བསླབས་ཤིང་། སྐྱོ་བྲག་བསྟན་སྙིང་རིན་པོ་ཆེར་སྐྲ་ཕུད་ཕུལ། མཚན་ཀརྨ་རྒྱལ་མཚན་དུ་གསོལ། དགོན་པའི་འཚོགས་གྲྭལ་དུ་ཞུགས། དེ་རྗེས་པད་སྡོང་སྒྲུབ་སྡེའི་སྒྲུབ་ཐེངས་དང་པོར་བཞུགས་ཚེ་འཇམ་མགོན་དངོས་སློབ་གནས་གསར་བཀྲ་ཤིས་ཆོས་འཕེལ་རྩ་བའི་བླ་མར་བསྟེན་ནས་ཀཾ་ཚང་གི་ཐབས་གྲོལ་གཉིས་གཙོས་ཟབ་ཆོས་ཀུན་ཉམས་བཞེས་མཛད། མཐར་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་ལས་གྲོལ་སྐབས། དགོན་ནང་དུ་མ་བྱོན་པར་ནུབ་མོ་མི་ཡིས་མི་མཐོང་བར་སྐྱིད་འབྱམས་ཉི་ཟླ་ཕུག་ཏུ་བྱོན་ནས་མི་ལོ་ཉེར་གཅིག་ཡུན་བཅད་རྒྱར་མཛད། དེའི་ཚེ་རླུང་ཐུན་དང་འཁྲུལ་འཁོར་ཡང་ཆད་མེད་
གནང་བས་རླུང་སེམས་སུ་རུང་བར་གྱུར། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཐུགས་སྲས་ཆུ་འཕུར་རྟོགས་ལྡན་ནམ་ཀ་རི་རྟོགས་ལྡན་མཇལ་ནས་གདམས་པ་མནོས། དེ་རྗེས་གཏེར་ཆེན་འབར་བའི་རྡོ་རྗེས་སྐྱོ་བྲག་སེང་གེ་གནམ་མཆོང་ལ་བཞུགས་ནས་འབའ་རོམ་ཆོས་དྲུག་ཐོག་མར་གནང་ཞིང་། དེར་ཡོད་བུ་སློབ་རྣམས་ལ་རྨི་ལམ་བརྟག་དགོས་གསུངས་སྐབས། དེ་ནུབ་ཁོང་གིས་སེང་གེ་མནམ་མཆོང་བྲག་ངོས་ནས་ཆུ་མིག་ཕྲན་བུ་ཞིག་བརྡོལ་བ་རིམ་གྱིས་བབས་ནས་ཟླ་ཆུ་ལ་འདྲེས་པ་ཞིག་རྨིས་ཞུས་པས། བླ་མའི་ཞལ་ནས། རྨི་ལམ་ཤིན་ཏུ་བཟང་འབའ་རོམ་ཆོས་བརྒྱུད་མི་ཉམས་པའི་རྟགས་སུ་གོ། ཆོས་དྲུག་བརྒྱུད་འཛིན་གཙོ་བོ་ཁྱོད་རང་ཡིན་གསུངས་ནས་མངའ་གསོལ། ལར་དམ་པ་འདི་ཉིད་ཀྱིས་དབང་དང་ཁྲིད་སོགས་མཛད་སྐབས་གསོལ་འདེབས་གདུང་དབྱངས་ཀྱི་མགུར་དང་། དབང་བཞི་ངོ་སྤྲོད། རྟོགས་ཚད་ལྟ་བའི་མགུར། རྩ་རླུང་ལས་སུ་རུང་ནས་ཆགས་སྲེད་ཀྱིས་མ་འཆིངས་པར་རྩ་དག་རླུང་ཐིམ་ཐིག་ལེ་འཕོ་མེད་དུ་བརྟན་པའི་ཡོན་ཏན་ཡར་ལྡན་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཡིན་ཚུལ་སོགས་ཀྱི་རྩོལ་མེད་ཤུགས་འབྱུང་གི་ཉམས་མགུར་མང་དུ་གསུངས་མཛད་ཀྱང་དུས་ཐོག་ནས་ཡིག་
ཐོག་ཏུ་འབྲི་རྒྱུ་མ་བྱུང་བས་ད་སྐབས་ཆེར་མ་བཞུགས། དུས་རྒྱུན་འབར་བའི་རྡོ་རྗེའི་མཚན་གླེང་བ་ཙམ་གྱིས་བཤུམ་པ་འབའ་ཞིག་མཛད། འབར་བའི་རྡོ་རྗེའི་མདུན་ནས་རྫོགས་ཆེན་སྐོར་གྱི་ཟབ་ཆོས་རྣམས་ཞུས་ཤིང་ཉམས་བཞེས་གནང་། གདོང་ལ་མགུལ་གྱི་སྒྲུབ་ཕུག་ཏུ་བྱོན་ནས་སྐུ་མ་གཤེགས་ཀྱི་བར་དུ་བཅད་རྒྱ་མཛད། པད་སྡོང་སྒྲུབ་སྡེའི་སྒྲུབ་སྡེར་ཕེབས་ནས། མི་རེ་རེ་བཞིན་ཉམས་ལེན་རྒྱུགས་སྤྲོད་གནང་། ཁོང་གི་ཞལ་ནས། འབའ་རོམ་པའི་ཕྱག་ཆེན་ཁྲིད་ཚུལ་ནི་རྫོགས་ཆེན་དང་ཁྱད་མེད། དེའི་དོན་ནི་རྗེ་ཏི་ཤྲི་རས་པས། རིག་པ་རྐྱང་འདེད་བྱེད་པ་མན་ངག་ལུགས། །ཐུགས་ཕྲད་རང་གྲོལ་འདིས་ནི་བྱིང་རྒོད་འཇོམས། །ཞེས་གསུངས་པ་ལྟར་རོ། །སྤྱིར་ཁོང་ལ་ཆོས་སྒོ་དམ་པོ་ཡོད་ལ། ངེས་པར་སྙིང་ནས་ཆོས་སྒྲུབ་མཁན་ཡིན་ན་མ་གཏོགས་ཕལ་ལ་ཅི་ཡང་མི་ཤེས་གསུངས་ནས་བཞུགས་མཛད། སྙིང་ནས་ཆོས་སྒྲུབ་མཁན་ཡིན་ན་ཕྱག་རྫོགས་ཀྱི་ཁྲིད་གང་ཞུས་གནང་བ་དང་། ཁྱད་པར་དུང་མཚོ་རས་པའི་རྫོགས་ཆེན་ཡང་ཏི་ནག་པོ་གནང་ནས་མུན་མཚམས་གཙོར་འདོན་གནང་བས་སློབ་མ་རྣམས་ཀྱིས་ཀྱང་དེ་བཞིན་ཉམས་ལེན་མཛད། མཐར་དགུང་གྲངས་བརྒྱད་ཅུ་གྱ་བཞི་རབ་བྱུང་བཅུ་དྲུག་ཆུ་འབྲུག་ལོར། དུང་
དཀར་བློ་གྲོས་ཆོས་མཆོག་དགུང་ལོ་བཞི་ཡི་སྐབས་སུ་ཁོང་མདུན་དུ་ཁྲིད་ཤོག་གསུངས། ཁོང་གིས་གསོལ་འདེབས་མགུར་དབྱངས་བཅས་མཛད་ནས་དོན་བརྒྱུད་དགོངས་པའི་ཡེ་ཤེས་བཙན་ཐབས་སུ་འཕོས་མཛད། དེ་རྗེས་ཅུང་ཟད་སྙུང་བའི་ཚུལ་བསྟན་ནས་ཡུན་རིང་མ་འགྱང་བར་བོད་ཟླ་བརྒྱད་པའི་ཚེས་ནང་གཟུགས་སྐུ་ཞི་བའི་དབྱིངས་སུ་བསྡུས། ཕྱིས་མི་འགྱུར་རིན་པོ་ཆེས་སྤྱི་འབྱམས་གནས་ཀྱི་གཟིགས་སྣང་གསུངས་སྐབས། མཁའ་འགྲོའི་བྲོ་ར་དགའ་བ་འཁྱིལ་བ་ན། སློབ་ཚོགས་མང་དུ་འདུས་ནས་རྒྱུད་གསང་སྙིང་གི་འཆད་ཁྲིད་མཛད་འདུག་པ་དགོངས་ཉམས་སུ་ཤར་བར། སྐྱོ་བྲག་ལ་རྒྱུད་གསང་སྙིང་འཆད་ཁྲིད་མཁན་སུ་ཡིན་ནམ་སྙམ་པ་ན་འབྲུ་ཚ་ཀརྨ་རྒྱལ་མཚན་ཡིན་འདུག་དེ་མ་ཐག་བཅོམ་ལྡན་རྡོ་རྗེ་སེམས་དཔར་གྱུར་འདུག་གསུངས། རྗེ་དེ་ཡི་སློབ་མ་སྲ་མགོ་གསལ་བྱེད་རིན་པོ་ཆེ་དང་། སྒྲུབ་དཔོན་སྙིང་རྗེ་ཀུན་ཁྱབ། དབོན་པོ་ཨ་སྤམ། ཁྲ་འགུ་སྒྲུབ་དཔོན་ཀརྨ་ཚུལ་ཁྲིམས། མཁར་པ་བླ་མ་ཡེ་ཤེས་རབ་རྒྱས། མྱུ་རུ་བྱང་ཆུབ་རྡོ་རྗེ་སོགས་སློབ་མ་མང་དུ་བྱུང་ངོ་། །དམ་པ་དེ་ཉིད་ཀྱི་ཐུགས་ལ་གང་ཤར་ཤུགས་འབྱུང་གླུ་རུ་ཕུལ་བ་ནི། རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །
ཕ་མཁྱེན་བརྩེར་ལྡན་པ་བདག་ལ་དགོངས། །བུ་སྒོ་གསུམ་བྱིན་གྱིས་རློབས་པ་དང་། །ཡིད་མོས་པའི་དད་པ་གཏིང་ནས་སྐྱེས། །རྗེ་མཁྱེན་པའི་མངའ་བདག་རིན་པོ་ཆེ། །མི་བདག་གི་གོ་དོན་མཆོད་པ་འབུལ། །དོན་སྐུ་གསུམ་སེམས་སུ་རང་ཆས་གོ། །ད་གོ་ཐོག་མྱོང་བའི་མཎྜལ་འབུལ། །སེམས་བལྟ་བྱ་དང་ལྟ་བྱེད་གཉིས་སུ་མེད། །དེའི་ངང་ལ་གནས་པ་རྩེ་གཅིག་ཏུ་གདའ། །སེམས་བདེ་དང་གསལ་དང་མི་རྟོག་གསུམ། །དེ་རྩེ་གཅིག་གི་ཉམས་སྣང་ཡིན་པར་གོ། །སེམས་བལྟ་བྱ་དང་ལྟ་བྱེད་གཅིག་ཏུ་འདྲེས། །གཞི་གཉུག་མའི་སྟེང་དུ་ཁྲིག་གེར་སླེབས། །དེ་ལྷག་མཐོང་གི་ཡོན་ཏན་མགོ་མཐོང་ཙམ། །སེམས་གཉིས་འཛིན་བྲལ་བ་གཞི་ཐོག་སྟེ། །ད་ཉམས་སྣང་གི་ན་བུན་དབྱིངས་སུ་ཡལ། །དེ་སྤྲོས་བྲལ་བདེན་པ་མཐོང་ངམ་སྙམ། །སེམས་སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ། །དེའི་ངང་དུ་
གནས་པ་ལོངས་སྤྱོད་རྫོགས། །དོན་བལྟ་བྱ་དང་བྲལ་བ་ཆོས་སྐུའི་ངང་། །གཞི་འཁོར་འདས་གཉིས་མེད་གཅིག་ཏུ་འདྲེས། །རོ་གཅིག་གི་རྟོགས་པ་མངོན་གྱུར་བསམ། །དེ་གོ་དོན་ཉམས་མྱོང་གི་མཆོད་པ་འབུལ། །བུ་ཞུ་ཕོད་ཆེ་ཡང་བཟོད་པར་གསོལ། །ཐུགས་བརྩེ་བ་ཆེན་པོས་རྗེས་དགོངས་ལ། །བདག་ཐུགས་ཡིད་གཅིག་ཏུ་འདྲེས་པ་དང་། །དོན་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །དེ་སྐད་ཕུལ་བའོ། །
ཨོ་རྒྱན་གཞན་ཕན་མཐའ་ཡས།
༈ རྗེ་བཙུན་རྣམ་འཕྲུལ་ཨོ་རྒྱན་གཞན་ཕན་མཐའ་ཡས་ཀྱི་སྐུ་འཁྲུངས་ཡུལ་ཁམས་རི་བོ་ཆེ་ཡི་གནས། ཡབ་བཀྲ་ཤིས་འོད་ཟེར་ཀྱི་སྲས་སུ་མེ་མོ་གླང་གི་ལོ་ལ་སྐུ་བལྟམས། དམ་པའི་སྐྱེས་བུའི་རྟགས་མཚན་ཤིན་ཏུ་མང་བ་རྣམ་ཐར་ལས་གསལ། སྔོན་གྱི་ལས་སྨོན་གྱིས་ཐོག་མར་བླ་མ་ཚོགས་གཉིས་རིན་པོ་ཆེ་མཇལ། གཙུག་ཕུད་བཞེས་ཤིང་མཚན་གསོལ། སྔོན་འགྲོ་དངོས་གཞིའི་ཁྲིད་རིམ་རྣམས་ཞུས་ཤིང་རྒྱུན་རིང་བརྟེན། གཞན་ཡང་
འཇིགས་མེད་ཆོས་ཀྱི་སེང་གེ། ངོམ་ཆགས་མེད། རྫ་དཔལ་སྤྲུལ། མཁྱེན་ཀོང་གཉིས། སྟག་ལུང་མ་སྤྲུལ། རྒྱལ་དབང་ཀརྨ་པ་སོགས་མཇལ་ཞིང་དབང་ཁྲིད་གདམས་པ་མང་དུ་གསན། ཁྱད་པར་རྗེ་བཙུན་ཆེན་པོའི་ཡེ་ཤེས་ཀྱི་སྐུ་ཡིས་རྗེས་སུ་བཟུང་ཞིང་སྙན་བརྒྱུད་ཀྱི་ཞལ་གདམས་གནང་། འབའ་རོམ་རིན་ཆེན་སྤུངས་པའི་ཉེ་ཆར་འབུམ་པ་དུང་དཀར་དགོན་ཞེས་པའི་རི་ཁྲོད་ཕྱག་བཏབ་ཅིང་། དེར་སྔགས་བཙུན་ཕོ་མོ་མང་པོ་ལ་གསང་ཆེན་རྡོ་རྗེ་སྙིང་པོའི་ཆོས་འཁོར་བསྐོར་ཏེ་སྒྲུབ་གནས་རི་ཁྲོད་ཐམས་ཅད་སྒྲུབ་པའི་སྡེ་ཡིས་གང་ཞིང་ཕྱག་རྫོགས་ཀྱི་གདམས་པས་ཡོངས་སུ་གྲོལ་བར་མཛད་དོ། །དམ་པ་དེ་ཉིད་ཀྱི་རྡོ་རྗེའི་གསུང་མགུར་མང་དུ་བཞུགས་པ་ལས། འདིར་བརྒྱུད་པའི་བླ་མ་ལ་བློ་བཀལ་ནས་འཁོར་བ་བདེན་མེད་དུ་རྟོགས་ཤིང་ལྟ་སྒོམ་སྤྱོད་འབྲས་ཀྱི་གསུང་མགུར་ནི། གནས་རང་སྣང་མངོན་པར་དགའ་བའི་ཞིང་། །བདག་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །མཚན་ཡོངས་སུ་གྲགས་པའི་མི་ལ་རྗེ། །འཇའ་འོད་ཟེར་ཐིག་ལེའི་གུར་ཁང་ན། །སྐུ་རྡོ་རྗེ་འཆང་དང་དབྱེར་མེད་པ། །ཕ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོས་
བསྐོར། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །བདག་རེ་ས་གཞན་མེད་གུ་རུ་རྗེ། །ད་སྤྲང་པོའི་སྐྱིད་སྡུག་ཁྱེད་རང་མཁྱེན། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཁོར་བ་རྫུན་གྱིས་བསླུས་བསླུས་ནས། །ཡི་དྭགས་ཀྱིས་སྨིག་རྒྱུ་དེད་པ་འདྲ། །བདག་བསམ་ཞིང་བསམ་ཞིང་སྐྱོ་བ་སྐྱེས། །ཆགས་སྡང་གཉིས་ཀྱིས་བསླུས་བསླུས་ནས། །ཁྱི་རྒན་གྱིས་རུས་པ་མུར་བ་འདྲ། །དོན་ཕན་གནོད་མེད་པ་འོ་རེ་བརྒྱལ། །ལར་འཁོར་བའི་བྱ་བ་དེ་དང་འདྲ། །བདག་གཅིག་པུར་འཆི་དུས་དོན་མེད་འགྲོ། །དོན་དེ་ལ་བསམས་ནས་ལྷ་ཆོས་བསྒྲུབ། །ད་ལྟ་རྟོག་རང་གི་སེམས་ལ་གྱིས། །ལར་མཐོང་རྒྱུ་ཅིར་ཡང་མེད་པ་ན། །མེད་པའི་ནང་ནས་སྣ་ཚོགས་ཤར། །སྣ་ཚོགས་ཤར་ཞིང་སྣ་ཚོགས་སྟོང་། །དེ་ལ་འགྱུ་བ་མིང་དུ་འདུག །
དེ་ཡི་རྗེས་ལ་རྒྱང་སོ་འཛུག །དོན་དེ་ལ་རིག་པ་དངོས་མེད་ཟེར། །ཆུ་དང་ཆུ་རླབས་འདྲ་བ་ཡིན། །གཞི་གཅིག་གིས་བྱེད་ལས་གཉིས་སུ་གྲུབ། །ཕྱི་སྣང་བའི་ཡུལ་ལ་མ་འབྲང་ནས། །དོན་རང་རིག་སྐྱེ་མེད་ངང་ལ་ཞོག །སྐྱེ་མེད་ངང་ནས་འགགས་མེད་འཆར། །གནས་མེད་ངང་ནས་འཛིན་མེད་སྐྱོངས། །བལྟ་བྱ་ལྟ་བྱེད་ཡུལ་ལས་འདས། །སེམས་ཀྱིས་སེམས་ལ་ཧྲིག་གེར་ལྟོས། །ཅི་ཡང་མེད་པ་ས་ལེར་གསལ། །མཐོང་མེད་ངང་ལ་ཡེངས་མེད་སྐྱོངས། །དོན་ལྟ་བའི་ངོ་བོ་དེ་ལ་ཟེར། །གཉིས་འཛིན་བློ་ཡིས་མ་བསླད་ན། །ཉི་ཟླ་སྤྲིན་ལས་ཐོན་པ་བཞིན། །བྱིང་རྨུགས་འཁུ་འཕྲིག་མ་ཤོར་ན། །གསལ་འགྲིབ་ཀྱི་ངོ་བོ་ཡུལ་ལས་འདས། །སྒོམ་པའི་ངོ་བོ་དེ་ལ་ཟེར། །བློ་གཉིས་འཛིན་གྱི་འཁྲུལ་པ་རང་གྲོལ་ནས། །བདག་ཞེན་གྱི་སྤྱོད་པའི་རྫུན་རིས་ཞིག །བཟང་ངན་གྱི་རྟོག་པ་འཇའ་ལྟར་ཡལ། །
རྣམ་རྟོག་རང་ཞིག་དེ་ལ་སྤྱོད་པ་ཟེར། །བཟང་ངན་གྱི་སྣང་བ་འཇའ་ལྟར་ཡལ། །སྣང་བ་ཟད་ན་འདོད་པ་ཟད། །འདོད་པ་ཟད་ན་སྒོམ་པ་ཟད། །སྒོམ་གྱི་ངང་ལས་འབྲས་བུ་རྙེད། །ཅེས་གསུངས་སོ། །
ཀརྨ་བདེ་ཆེན་དགའ་བའི་ཡེ་ཤེས།
༈ བདེ་ཆེན་འབར་བའི་རྡོ་རྗེ་སྐུ་ཕྲེང་གཉིས་པ་ནི། ཡབ་གཡེས་བཀྲ་ཤིས་དབང་ཕྱུག་དང་། ཡུམ་སོག་བཟའ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་ལྕགས་སྤྲེལ་ལོར་སྐྱོ་བྲག་ཆུ་དམར་ནང་དུ་འཁྲུངས། སི་ཏུ་པདྨ་དབང་མཆོག་གིས་ངོས་འཛིན་དང་མཚན་ཀརྨ་བདེ་ཆེན་དགའ་བའི་ཡེ་ཤེས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོར་གསོལ། དགུང་ལོ་ལྔའི་ཐོག་སྐུ་གོང་མའི་གདན་སར་ཁྲིར་བཀོད། དགུང་ལོ་བདུན་གྱི་སྟེང་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་མདུན་རབ་ཏུ་བྱུང་། སུམ་རྟགས་དང་སྡོམ་གསུམ་སོགས་གསན། སྐྱོ་བྲག་བླ་མ་བཀའ་བརྒྱུད་བཀྲ་ཤིས་མདུན་སྐུ་གོང་མའི་ཆོས་སྐོར་ཡོངས་རྫོགས་དང་། འབའ་རོམ་བཀའ་བརྒྱུད་ཀྱི་སྙན་བརྒྱུད་ཐབས་གྲོལ་རྣམས་ཆད་ལུས་མེད་པར་གསན་ཏེ་ཉམས་སུ་བཞེས། གསལ་བསྟན་དུང་གསུམ་མདུན་ཡོངས་དགེའི་ཆོས་གསུམ་དང་། རྒྱལ་བ་རྒྱ་མཚོ། རཏྣའི་ཕུར་པ་སོགས་གསན། འཇམ་མགོན་རིན་པོ་ཆེའི་མདུན་མཛོད་ཆེན་ལྔའི་དབང་
ལུང་རྒྱལ་དབང་རིག་པའི་རྡོ་རྗེ་ལ་ཕུལ་སྐབས་མཉམ་དུ་གསན། དགུང་ལོ་བཅོ་བརྒྱད་སྟེང་བྱམས་མགོན་རིན་པོ་ཆེའི་མདུན་རྒྱལ་དབང་རིན་པོ་ཆེ་དང་ལྷན་དུ་བསྙེན་པར་རྫོགས། རྒྱལ་དབང་རིན་པོ་ཆེས་ཐུགས་རྩིས་ཤིན་ཏུ་ཆེ་བ་དཔོན་སློབ་འབྲལ་མི་ཕོད་པ་ཙམ་ཡོད་པ་དང་། སྔ་ཕྱིར་མགྲོན་གཉེར་གྱི་འགན་བཞེས་ཏེ་ལོ་མང་ཡུན་ཞབས་ཏོག་དགུ་ཕྲུགས་སུ་བསྒྲུབས། རྒྱལ་དབང་མཆོག་ལ་དད་གུས་དྲག་པོས་རང་ཡུལ་ནས་ལྷ་ལྡན་དང་མཚུར་ཕུར་བསྐྱངས་ཕྱག་ཕུལ། འདི་སྐབས་དང་ནམ་རྒྱུན་བསྙེན་སྒྲུབ་ཐུགས་དམ་གྱི་སྐབས་ཞལ་གཟིགས་དང་གྲུབ་རྟགས་སོགས་ངོ་མཚར་བའི་རྣམ་ཐར་བརྗོད་ཀྱིས་མི་ལང་། རང་དགོན་དུ་རྟེན་བཞེངས་རྒྱ་བསྐྱེད། འདུ་ཚོགས་གར་འཆམ་དབྱངས་རོལ་སོགས་ཉམས་གསོ་དང་། རྒྱུན་འཛུགས་དར་སྤེལ་བཅས་དགོན་པའི་ཕྱི་ནང་གི་བགྱི་བ་དག་མཐའ་རྒྱས་སུ་བསྒྲུབས། དབང་ཆོས་ཀྱི་བཀའ་དྲིན་ནི་སྒོམ་སྡེ་སྤྱི་ལ་བསྐྱངས་ཤིང་སྣོད་ལྡན་གྱི་སློབ་ཚོགས་གྲངས་མང་། མཐར་དགུང་གྲངས་སོ་བརྒྱད་པ་མེ་བྱ་ལོར་ཞི་བར་གཤེགས། གདུང་རུས་རྣམས་སིནྡྷུ་རར་གྱུར། འཕེལ་གདུང་ཡང་མང་དུ་བྱུང་། གསུང་རྡོ་རྗེའི་ཉམས་མགུར་དཔག་མེད་བཞུགས་པ་ལས་ཀརྨ་ཡེ་ཤེས་རྒྱ་མཚོ་ལ་གསུངས་པ་
ནི། ཨེ་མ་གསོན་དང་སྐལ་པར་ལྡན་པ་རྣམས། །བྱང་ཆུབ་ལམ་བགྲོད་མྱུར་ལམ་ཐབས་ཟབ་པ། །རང་སེམས་གཡོ་མེད་འདི་ནི་གཞི་ཡི་ལམ། །མ་བཅོས་རང་གར་བཞག་པ་ལམ་གྱི་མཆོག །དེ་དང་ཆེད་འཛིན་བྲལ་བ་འབྲས་བུ་སྟེ། །མཐར་ཐུག་བྲལ་འབྲས་མེད་པ་མངོན་སངས་རྒྱས། །དེ་ཉིད་མ་རྟོགས་སངས་རྒྱས་བཙལ་བ་ཡང་། །བྱིས་པས་འཇའ་དེད་བུང་བས་མེ་ཏོག་ལ། །ཆགས་ཞེན་འཛིན་བཅིང་འཁོར་བར་འཁྱམས་པའི་རྒྱུ། །རེ་དོགས་ཀུན་བྲལ་རྫོགས་སངས་རྒྱས་པ་ཡི། །ལམ་དོན་མ་ནོར་བརྩོན་འགྲུས་མཐར་ཕྱིན་ན། །རང་གཞན་དོན་འགྲུབ་ཡིད་བཞིན་ནོར་བུ་རྙེད། །སྤོབས་པ་མ་ཆུང་རང་ཞལ་ངོ་བོར་ཞོག །དེ་སྐད་སྨྲ་བ་གོང་མའི་སྐྱེ་སྲིད་པ། །ཀརྨ་འཇིགས་མེད་བསྟན་པའི་ཉི་མ་ཡིས། །བྲག་དཀར་སེང་གེ་གནམ་མཆོང་མདུན་རོལ་དང་། །ཟླ་ཆབ་ངང་མའི་གཡས་
ཟུར་དང་འབྲེལ་བའི། །སྤྱི་འབྱམས་ཐུབ་བསྟན་དར་རྒྱས་དགོན་གླིང་ན། །ཁ་ཕོ་ཆེན་པོས་འཁྱལ་གཏམ་དེ་ལྟར་ཕུལ། །ཞེས་རང་སློབ་ཀརྨ་ཡེ་ཤེས་རྒྱ་མཚོའི་འདོད་ངོར་གང་ཤར་སྨྲས་པའོ། །
སྐྱོ་བྲག་མི་འགྱུར་ཉི་མ།
༈ སྐྱོ་བྲག་མི་འགྱུར་ཉི་མའི་མཛད་རྣམ་མདོར་བསྡུས་ནི། དེ་ཡང་གངས་རིའི་ལྗོངས་འདིར་མཛད་ཕྲིན་ཉི་ཟླ་ལྟར་གསལ་བའི་མཁས་གྲུབ་སྐྱོ་བྲག་མི་འགྱུར་ཉི་མའི་སྐུ་འཁྲུངས་ཡུལ་ནི། དམ་པ་དུ་མས་ལུང་གིས་བསྔགས་པའི་གནས་མཆོག་ཆབ་བྲག་དཀར་པོའི་མདུན་ཞོལ་ཉིན་ཆེན་རྒྱུད་ཀྱི་གཡས་མཐིལ་དུ། ཡབ་གཉུ་བ་ཚེ་བརྟན་ཡར་འཕེལ་དང་། ཡུམ་ལྷ་བཟའ་དགའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྟག་གི་ལོར་སྐུ་འཁྲུངས། སྐྱོ་བྲག་དགོན་དུ་ཚོགས་ཞུགས་མཛད། མཁན་ཆེན་རིན་པོ་ཆེ་མཁྱེན་རབ་མཐར་ཕྱིན་མདུན་ནས། སོར་བྱང་སྔགས་གསུམ་གྱི་བསླབ་སྡོམ་མནོས་ཤིང་། ཐུན་མོང་གི་རིག་གནས་ནས་གསང་བསྔགས་རྡོ་རྗེ་ཐེག་པའི་བར་སྨིན་གྲོལ་རྒྱབ་བརྟེན་བཅས་གསན་བསམ་མཐར་ཕྱིན་མཛད་པས་སློབ་ཚོགས་ཀུན་ལས་ལྷག་པ་བྱུང་། ཐམས་ཅད་ཀྱིས་བསྔགས་པའི་མེ་ཏོག་འཐོར། མཁས་ཚུལ་གསུམ་གྱི་བྱ་བ་ལ་ཆགས་ཐོགས་མེད་པའི་གཟུངས་སྤོབས་ཀྱི་བློ་གྲོས་རྒྱས་ནས་
སྐྱོ་བྲག་གི་ཆོས་སྡེར་ཕེབས། བཤད་གྲྭའི་མཁན་པོ་མཛད་དེ་ལོ་འཁོར་ཁ་ཤས་བཞུགས། སླར་ཡང་མདོ་སྨད་དུ་ས་དགེ་བཀའ་རྙིང་གི་ཆོས་གྲྭ་དེ་སྐབས་མཚན་སྙན་ཆེ་བ་མང་པོར་ཕེབས་ཏེ་མཁས་གྲུབ་རྣམས་ལས་དབང་ཁྲིད་དང་ཆོས་འབྲེལ་ཞུ་བ། དོགས་སེལ་བགྲོ་གླེང་སོགས་ཅི་རིགས་མཛད། བྲག་ཡབ་མ་ཧ་པཎྜི་ཏ་བློ་གྲོས་རིན་པོ་ཆེའི་མདུན་དགུན་དཔྱིད་བཞུགས་ནས་ཐོས་བསམ་མཛད། དེ་འཕྲོས་འཛི་སྒར་དགོན་དུ་ལོ་ངོ་གསུམ་ལ་ཉེ་བར་བཞུགས་ཏེ་ཐུགས་སྲས་རིན་པོ་ཆེ་དང་། མཁན་པོ་དགེ་རྒྱལ་གཙོས་སྐལ་ལྡན་གདུལ་བྱའི་སློབ་ཚོགས་ལ། སྔ་དྲོ་ཉིན་རྟག་པར་ཆོས་ཁྲིད་གསུངས་ཤིང་། ཕྱི་དྲོ་ལྕང་གླིང་དུ་བྱོན་ནས་ཙོག་པུར་མཉམ་བཞག་མཛད་སྐབས། ད་ནི་མཚན་ཉིད་དོན་བརྒྱུད་ཀྱི་བྱིན་རླབས་ལྡན་ཞིང་གཞན་རྒྱུད་མཁྱེན་པའི་མཚན་ལྡན་གྱི་བཤེས་གཉེན་ཞིག་བཙལ་དགོངས་ཏེ་བཞུགས་ཙ་ན། ཉིན་ཞིག་མི་ཚོས་དྲུང་རམ་རྒྱལ་སྤྲུལ་ཟེར་བའི་གཏམ་གླེང་བྱུང་བ་གསན་མ་ཐག་ཅི་ཡིན་འདི་ཡིན་མེད་པར་དར་གཅིག་ལྷག་སོང་། དེ་མཆན་རྒྱལ་སྤྲུལ་གྱི་རྣམ་ཐར་རྒྱས་པར་གསན་པས་མི་ཕྱེད་པའི་དད་པ་འཁྲུངས་ནས་དྲུང་རམ་དགོན་ལ་ཕེབས། རྒྱལ་སྤྲུལ་རིན་པོ་ཆེའི་གསེར་ཞལ་མཇལ། གདམས་
ཁྲིད་ཞུས་ནས་སྙིང་པོ་དོན་གྱི་སྒྲུབ་པ་ལ་ཉིན་མཚན་ཐང་ལྷོད་མེད་པར་གཞོལ་བས་ཉམས་རྟོགས་ཡོན་ཏན་ཆེས་ཆེར་རྒྱས་པ་ན། བླ་མའི་ཞལ་ནས་ད་ཁྱེད་ང་ཡི་དྲུང་ན་སྡོད་མི་དགོས། རང་རེ་དབྱེར་མེད་ཡིན། དམ་ཆོས་རྫོགས་པ་ཆེན་པོ་སྣོད་ལྡན་གྱི་སློབ་མ་ལ་སྟོན། ལྷག་པར་སྡིག་ཅན་ཐ་ཤལ་གདོལ་པ་སོགས་ལ་འཛེམ་མེད་ཤོད་སོགས་འགྲོ་བའི་དོན་བསྒྲུབ་ན་ཕན་ཐོག་ཡོང་བ་དང་། འགྲོ་དོན་དུས་བབས་ཀྱི་ཞལ་ཏ་ཞིབ་རྒྱས་བསྩལ། དེ་ནས་བཟུང་བྱ་བཏང་གི་སྤྱོད་པ་ལྷུར་བླངས་ནས། གནས་བྲག་ཕུག་དང་དབེན་གནས་རྣམས་སུ་གྲོགས་རི་དྭགས་དང་འགྲོགས་ཏེ་རི་ཁྲོད་ཡུན་རིང་བསྟེན། གདུལ་བྱ་སོ་སོའི་སྐལ་པ་དང་འཚམས་པར་ཆོས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་ཞིང་། དག་པ་དང་མ་དག་པའི་འགྲོ་བ་གཟུགས་ཅན་མི་དང་། གཟུགས་མེད་ཀྱི་ལྷ་འདྲེ་རྣམས་ཚད་མེད་བྱམས་པའི་ཐུགས་བརྩེས་རྗེས་སུ་བཟུང་སྟེ་གནས་མཐར་ཀུན་ཏུ་བདེ་བའི་ལམ་ལ་བཀོད། སྐབས་ཤིག་དུས་ཟིང་གི་ཕོ་ཉའི་ཚོགས་པས་ཉིན་མཚན་མ་ལྟོས་པར་ཁྲིད་ནས་ཟི་ལིང་ཁྲིམས་ཁང་དུ་ལོ་ཤས་བཅུགས། སླར་རང་ཡུལ་དུ་ཕེབས། རྒྱུན་པར་ཡི་དམ་མང་པོའི་ཞལ་གཟིགས་དང་ལུང་བསྟན་ཕྲིན་ལས་སྡོང་གྲོགས་མཛད་པ་དང་། སྒྲུབ་གནས་རྣམས་སུ་ལྷ་ཡི་
རོལ་དབྱངས་དང་གང་སྒྲུབ་ཀྱི་ལྷ་སྔགས་འཛབ་བསྙེན་རང་སྒྲ་སྒྲོགས་པ་སྐྱེ་བོ་ཀུན་གྱིས་དངོས་སུ་ཐོས་རྒྱུ་ཡོད་པ་ལན་དུ་མར་བྱུང་ངོ་། །དེ་ནས་འཐུང་སྤྱོད་ཙཱ་འདྲ་གཟུ་རྡོ་རྗེ་ཆོས་རྫོང་གི་ལྷོ་ངོས་སུ་འགྲོ་དོན་སྐྱོང་གིན་བཞུགས་སྐབས། ས་ཕོ་སྤྲེལ་གྱི་ལོ་ནས་བཟུང་ལྕགས་ཁྱིའི་སྨིན་ཟླའི་དཀར་ཕྱོགས་བར་སྙུང་བའི་རྣམ་པ་བསྟན། ལྕགས་ཁྱིའི་སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་བཞིའི་ཐོ་རངས་ཞི་བར་གཤེགས། དེ་སྐབས་ནམ་མཁའ་ལ་འཇའ་སྤྲིན་འཁྲིགས་པ་དང་། མེ་ཏོག་གི་ཆར་འབབ་པ། ཡུལ་ཁམས་ཐམས་ཅད་ལ་དགེ་བའི་རྟགས་མཚན་གྱི་སྣང་བས་ཁྱབ་པ་སོགས་ངོ་མཚར་བའི་ལྟས་བཟང་པོས་ད་ལྟའི་བར་དུ་ཁྱབ་པའོ། །རྣམ་ཐར་རྒྱས་པ་ཟུར་དུ་གསལ། དམ་པ་གང་གི་ཞལ་སློབ་བྱོན་ཚུལ་ནི། དཔལ་ལྡན་དབྱར་རྔ་པའི་བཀའ་བརྒྱུད་ཀྱི་བསྟན་པའི་ཉི་མ་ཐུགས་སྲས་རིན་པོ་ཆེ་དང་། འབའ་རོམ་བཀའ་བརྒྱུད་ཀྱི་སྙིང་པོའི་བསྟན་འཛིན་ཚང་གསར་བློ་གྲོས་རིན་ཆེན། ཆོས་རྗེ་སྐྱོ་བྲག་པའི་བསྟན་བདག་གསལ་བསྟན་དུང་གསུམ། འཛི་ཐུབ་བསྟན་བཀྲ་ཤིས་ཆོས་གླིང་གི་མཁས་དབང་དོན་བརྒྱུད་ཉི་མ། སྒྲུབ་དཔོན་སངས་རྒྱས་ཕྲིན་ལས། སྐྱོ་བྲག་བླ་མ་ཡེ་ཤེས་རབ་རྒྱས། སྒྲུབ་དཔོན་སྙིང་རྗེ་ཀུན་ཁྱབ། ཚང་
གསར་མཁྱེན་རབ་རྒྱ་མཚོ། ལྷ་བཟོ་མཁྱེན་རབ་ཡེ་ཤེས། བླ་མ་ཀར་འཛིན། ཀརྨ་ཚུལ་ཁྲིམས། གཞན་ཡང་འཛམ་གླིང་ཤར་ནུབ། རྒྱ་གར། བལ་ཡུལ། འབྲུག་འབྲས་ལྗོངས་དབུས་གཙང་དང་ཁམས་རྣམས་སུ་བཞུགས་པའི་བསྟན་པའི་རྒྱུད་འཛིན་དངོས་སློབ་ཀྱི་ཡང་སློབ་བགྲང་གིས་མི་ལང་བ་བྱོན་ནས་བསྟན་པའི་ཉི་མ་ཁོར་ཡུག་ཏུ་འཆར་བར་མཛད་པ་ལགས་སོ། །དམ་པ་དེ་ཉིད་ཀྱི་གསུང་ཆོས་དཔག་མེད་བཞུགས་པ་ལས་ཉམས་མགུར་ཚངས་པའི་དབྱངས་སྙན་འདི་ལྟར་རོ། །བླ་མ་ལྷ་ལ་གསོལ་བ་འདེབས། །བླ་མ་ལྷ་ཡིས་བྱིན་གྱིས་རློབས། །བདག་དང་བདག་ལ་རེ་བཅས་ཀུན། །བློ་ཆོས་དང་མཐུན་པར་བྱིན་གྱིས་རློབས། །གཞི་དལ་འབྱོར་མི་ལུས་རིན་ཆེན་འདིར། །སྙིང་པོ་ལོན་པར་བྱིན་གྱིས་རློབས། །གློ་བུར་གྱི་འཆི་བདག་བྱུང་ན་ཡང་། །འཇིགས་མེད་ཀྱི་བཙན་ས་ཟིན་པར་མཛོད། །རྐྱེན་དགེ་བའི་བཤེས་གཉེན་མཚན་ལྡན་ལ། །སངས་རྒྱས་དངོས་
སུ་མཐོང་བར་བྱིན་གྱིས་རློབས། །ཐབས་ཟབ་ལམ་གྱི་གདམས་ངག་ཁྱད་འཕགས་ལ། །ངེས་ཤེས་སྙིང་ནས་སྐྱེ་བར་བྱིན་གྱིས་རློབས། །འབྲས་བུ་ཕྱག་རྒྱ་ཆེན་པོ་ལ། །དགག་སྒྲུབ་བཅོས་བསླད་བྲལ་བར་བྱིན་གྱིས་རློབས། །ཡང་འབྲས་བུ་རྫོགས་པ་ཆེན་པོ་ལ། །འཁོར་འདས་དང་བདེ་སྡུག་སྤང་བླང་དང་། །ཡ་ང་དང་བག་ཚ་འཆིང་ཞེན་དང་། །རེ་དང་དོགས་པའི་ཆོས་རྣམས་ཀུན། །རང་སངས་དག་པའི་བདེ་བ་ཆེ། །ཟངས་མ་ཐལ་བྱུང་བརྗོད་དུ་མེད། །གཞི་མེད་རྩ་བྲལ་བློ་ལས་འདས། །རྒྱ་ཡན་གྱི་ངང་དུ་འབྱམས་པའི་ཚེ། །ཕ་བླ་མས་བྱིན་གྱིས་རློབས་པར་མཛོད། །འཇམ་མཁས་བཞེད་ངོར་མི་འགྱུར་པས་སོ། །རྡོ་རྗེ་འཆང་ཆེན་མི་ཡི་གཟུགས། །རྒྱལ་སྐྱིད་ཆོས་ཀྱི་ཉི་མའི་ཞབས་ལ་འདུད། །རྗེ་ཁྱེད་དང་འབྲེལ་བ་ཐོབ་ཚད་ཀུན། །དོན་ཕྱིར་མི་ལྡོག་ཏུ་ལམ་སྣ་དྲོངས། །ང་ཕྱི་ཚུལ་གྱི་སྤྱོད་
པ་མི་མཛེས་ཀྱང་། །རྗེ་དྲིན་ཆེན་བླ་མའི་བཀའ་དྲིན་གྱིས། །དོན་གཉུག་མའི་ཀུན་བཟང་སྙིང་དབུས་སད། །ངེས་པ་དོན་གྱི་ཆོས་སྐུ་དེ། །རྒྱུན་ཆད་མེད་པར་མཇལ་བ་ངོ་མཚར་ཆེ། །ལྟ་བ་ཡེ་གནས་རང་བྱུང་ངོ་མཚར་ཆེ། །སྒོམ་པ་རང་གར་བསྡད་པ་ངོ་མཚར་ཆེ། །སྤྱོད་པ་གཏད་མེད་གུ་ཡངས་ངོ་མཚར་ཆེ། །འབྲས་བུ་རེ་དོགས་ཕལ་ཆེར་བྲལ་བ་ངོ་མཚར་ཆེ། །ཞེས་ཤུགས་འབྱུང་དུ་མི་འགྱུར་གྱིས་བླངས་སོ། ༈ །སྣང་བ་ནི་གཏད་མེད་རིག་པ་ནི་གུ་ཡངས། །འགགས་མེད་ཀྱི་གླུ་ཆུང་བྱུང་རྒྱལ་གྱི་སྤྱོད་པ། །ལྟ་བ་ལ་ལྟ་རྒྱུ་མ་མཆིས་པའི་ཡེ་བབས། །སྒོམ་པ་ལ་སྒོམ་རྒྱུ་མ་མཆིས་པའི་རང་བབས། །སྤྱོད་པ་ལ་སྤྱོད་རྒྱུ་མ་མཆིས་པའི་གཏད་མེད། །ཤུགས་འབྱུང་གི་སྤྱོད་པ་འགགས་མེད་ཀྱི་གླུ་ཆུང་། །ཆིག་དྲིལ་དུ་གདམས་པ་རྗེ་བཙུན་གྱི་མན་ངག །ཀུན་རྫོབ་ཏུ་ལས་འབྲས་བསླུ་མེད་དུ་འདུག་ཀྱང་། །
ཆོས་ཉིད་ཀྱི་གཤིས་ལ་བྱ་ལམ་ནི་རྗེས་མེད། །འཕོ་འགྱུར་ནི་མི་འདུག་ཀུན་བཟང་གི་དགོངས་པ། །གང་ཤར་གྱི་འགྱུ་བ་ཐད་ཀ་རུ་སངས་སོང་། །ཟང་ཐལ་གྱི་ཉོན་མོངས་འཆིང་ཐག་ནི་ཆད་སོང་། །འདིར་སྣང་ནི་བདེན་བདེན་གྲུབ་གྲུབ་ཏུ་འདུག་ཀྱང་། །སྒྱུ་མ་ཡི་ཐིས་ར་གར་སོང་ནི་མི་འདུག །ཆོས་ཉིད་ཀྱི་གཤིས་ལ་བདེ་སྡུག་དང་བྲལ་ཀྱང་། །བསླུ་བ་ནི་མེད་པས་ལས་འབྲས་ལ་སོམས་མཛོད། །རང་སེམས་འདི་སྐྱབས་གནས་གཅིག་ཆོག་ཏུ་འདུག་ཀྱང་། །བླ་མ་ཡི་གསོལ་འདེབས་མོས་གུས་ལ་རེམས་མཛོད། །མཁའ་ཀློང་ཡངས་པས་སོ། ༈ །ཕྱག་རྒྱ་ཆེན་པོ་དོན་མཆོག་བདུན་མ་ཡི། །ཟབ་ལམ་སྙིང་པོ་ཡེ་ཤེས་སྒྲོན་མེ་བཞུགས། །ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །དངོས་བརྒྱུད་མཆོག་གི་གྲུབ་བརྙེས་གསེར་རིའི་ཕྲེང་། །གངས་ཅན་ལྗོངས་འདིར་ཆེས་ཆེར་འབར་
གྱུར་པ། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྩོད་པའི་དུས་འདིར་ཐུབ་དབང་གཉིས་པ་ཆེ། །སྙི་སྒོམ་ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་མཐུས། །བཀའ་ཕྱག་གཅིག་གྱུར་གདམས་པའི་གྲུ་ཆར་གྱིས། །འཛིན་མའི་ཁྱོན་འདིར་སྨིན་ཅིང་གྲོལ་བར་མཛད། །བདག་འདྲ་ངན་ཀྱང་བརྒྱུད་པའི་གྲོལ་ཕུགས་བཟང་། །བསྟན་ཞབས་སྐྱེས་ཀྱང་བླ་མས་རྗེས་སུ་འཛིན། །བློ་གྲོས་དམན་ཀྱང་གདམས་པ་ཟབ་མོ་ཐེབས། །སྙིགས་མའི་དུས་འདིར་སྐལ་པ་མི་ཆུང་སྙམ། །དེ་ཕྱིར་བརྒྱུད་པའི་ཟབ་ལམ་གདམས་པའི་གཞུང་། །བརྗེད་དུ་ཕངས་ནས་ཡི་གེར་འགོད་པ་ལ། །རྩ་བ་གསུམ་གྱིས་གནང་བའི་སྐབས་དབྱེ་ཞིང་། །ཆོས་འདིའི་འགྲོ་དོན་མཁའ་དང་མཉམ་པར་མཛོད། །གདམས་ཁྲིད་དངོས་ལ་སྦྱོར་བ་སེམས་བསྐྱེད་དང་། །སྔོན་འགྲོ་ཐུན་མོང་ཐུན་མིན་བཞི་ཆ་གཉིས། །དངོས་ལ་རྟེན་
གཞི་ཡི་དམ་ལྷ་བསྐྱེད་བཟླས། །བརྟེན་པ་བླ་མའི་རྣལ་འབྱོར་ཕྱག་རྒྱ་ཆེ། །ཉམས་ལེན་ལྷན་ཅིག་སྐྱེས་སྦྱོར་ཞི་ལྷག་ཟུང་། །མཇུག་དོན་བསྔོ་བ་སྨོན་ལམ་རྗེས་རིམ་སྟེ། །ཞར་བྱུང་བོགས་འདོན་མཐར་ཐུག་སྐྱེལ་སོ་བཅས། །ཏི་ཤྲིའི་བཞེད་དགོངས་དོན་མཆོག་བདུན་དུ་དྲིལ། །༡འདི་ལྟར་སྦྱོར་བ་སེམས་བསྐྱེད་དམ་པ། ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །རང་གི་ཕ་མར་མ་གྱུར་གང་ཡང་མེད། །བདེ་བ་འདོད་ཀྱང་ཐར་ལམ་བསྒྲུབ་མི་ཤེས། །སྡུག་བསྔལ་མི་འདོདད་ལག་ལེན་སྡིག་ལ་སྤྱོད། །ལམ་ལོག་མགོ་རྨོངས་འདི་དག་སྙིང་རེ་རྗེ། །འདི་རྣམས་འཁོར་བ་ངན་སོང་སྡུག་བསྔལ་ལས། །བསྒྲལ་ཕྱིར་བདག་གིས་སྒོ་གསུམ་དགེ་བ་ལ། །ཉི་མ་དེ་རིང་ཉིད་ནས་སྦྱོར་བར་བྱ། །འདི་ནི་ཆོས་ལ་འཇུག་པའི་དང་ཐོག་དང་། །དགེ་སྦྱོར་གང་བྱེད་སྔོན་དུ་འགྲོ་དགོས་པས། །ཀུན་སློང་དག་
གམ་མ་དག་ཚད་གཞི་འདི། །རྣམ་ཀུན་སྔོན་འགྲོའི་ཁྱད་ཆོས་གཅིག་པུ་ཡིན། །༢དལ་བ་ཐུན་མོང་ཕྱི་ཡི་སྔོན་འགྲོ། བརྒྱད་དང་འབྱོར་བ་བཅུ་ཚང་བའི། །མི་ལུས་རིན་པོ་ཆེ་ལས་རྙེད་དཀའ་བའི། །ཚུལ་ལ་བསམ་ནས་ཐར་པའི་ལམ་མཆོག་ལ། །དེ་རིང་ཉིད་ནས་ཕྱི་གཤོལ་མེད་པར་བརྩོན། །ཐོབ་དཀའི་ལུས་འདི་ཆུ་ཡི་ཆུ་བོར་བཞིན། །སྣོན་པ་གུད་མེད་གནོད་མང་གིས་གཙེས་པས། །སྐད་ཅིག་མི་རྟག་འཇིག་ལ་དཔྱད་བྱས་ནས། །ནམ་ཡང་དགེ་སྦྱོར་རྐྱེན་གྱིས་མི་ཤིགས་བྱ། །དགེ་སྡིག་རྒྱུ་ལས་འབྲས་བུ་ངན་སོང་དང་། །མངོན་མཐོ་ངེས་ལེགས་གནས་སུ་སྦྱོར་བྱེད་ཚུལ། །བསླུ་མེད་རྒྱལ་གསུངས་དོན་ལ་ཡིད་ཆེས་པས། །སྤང་བླང་འཛོལ་མེད་བག་ཡོད་སྒྲིམ་པོར་སྤྱད། །འཁོར་བ་མེ་འོབས་དུག་སྦྲུལ་གཟེབ་ཇི་བཞིན། །འཕྲལ་སྣང་བདེ་བ་རོ་མངར་དུག་ཟོས་ལྟར། །ཐར་མེད་ངན་འགྲོའི་
གཏིང་རྡོར་འཕེན་བྱེད་པས། །མི་ལྡོག་ངེས་འབྱུང་མཐའ་རུ་འཁྱོལ་བར་བྱ། །༣ཐེག་ཆེན་ཐུན་མིན་ནང་གི་སྔོན་འགྲོ། ལམ་གྱི་རྨང་གཞི་སྐྱབས་འགྲོ་སྟེ། །རང་གཞན་འཁོར་བ་ངན་སོང་སྡུག་བསྔལ་ལས། །ཐར་འདོད་དེང་ནས་བྱང་ཆུབ་བར་ཉིད་དུ། །བླ་མ་མཆོག་གསུམ་ཉག་གཅིག་སྐྱབས་སུ་བསྟེན། །ལམ་གྱི་སྙིང་པོ་བྱང་ཆུབ་སེམས་བསྐྱེད་དེ། །མཁའ་ཁྱབ་སེམས་ཅན་ཕ་མ་ཤ་སྟག་ཡིན། །འདི་རྣམས་འཁོར་བ་ངན་སོང་སྡུག་བསྔལ་ལས། །བསྒྲལ་ཏེ་གཏན་བདེར་འགོད་བྱ་སྨོན་སེམས་དང་། །བསམ་པ་ཚད་མེད་བཞི་ལ་སྦྱངས་བྱས་ནས། །སྦྱོར་བ་ཕར་ཕྱིན་ལ་བརྩོན་འཇུག་སེམས་ཏེ། །སྙིང་རྗེས་གཞན་དོན་བསྒྲུབ་ལ་སེམས་པ་དང་། །ཤེས་རབ་རྫོགས་བྱང་ལ་དམིགས་ཟུར་གཉིས་སོ། །མདོར་ན་གཞན་ཕན་བསམ་པ་བཟང་པོ་ཉིད། །དངོས་དང་བརྒྱུད་ནས་གོང་དུ་སྤེལ་བྱས་
ལ། །གནོད་པའི་བྱ་དངོས་ལྟ་ཅི་སེམས་ཐོག་ཏུ། །བག་ཆགས་སྐད་ཅིག་མ་སྐྱེས་པ་ཞིག་བྱ། །རང་རྒྱུད་སྡིག་ལྟུང་རྣམ་པར་མ་དག་ན། །ཡོན་ཏན་ཡེ་ཤེས་སྐྱེ་བའི་གནས་མེད་པས། །བླ་མ་རྡོ་རྗེ་སེམས་པའི་སྒོམ་བཟླས་ནི། །སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྦྱང་འབད། །བསོད་ནམས་ཚོགས་ཀྱིས་ཡེ་ཤེས་ཚོགས་སྡུད་ཕྱིར། །བདག་ལུས་གདོས་བཅས་གླིང་བཞི་རི་རབ་ཀུན། །མཎྜལ་གཅིག་བསྡུས་ཚོགས་ཞིང་ལྷ་རྣམས་ལ། །ལྟོས་མེད་ཕུལ་བས་ཉམས་རྟོགས་ཁྱད་འཕགས་སྐྱེ། །དེ་དག་ལམ་གྱི་གེགས་ལས་གྲོལ་ཕྱིར་དང་། །ལམ་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ཕྱིར། །སྔོན་འགྲོ་བཞི་སྦྱོར་ཞེས་སུ་གྲགས་ན་ཡང་། །སྔོན་དངོས་རྗེས་གསུམ་གང་ལའང་མེད་ཐབས་མེད། །༤ལམ་གྱི་དངོས་ནི་དངོས་གཞི་བསྐྱེད་བཟླས་རྫོགས་གསུམ། ཐ་མལ་སྒྱུ་ལུས་འདི། །དག་པའི་ལྷ་སྐུར་སྦྱང་
བའི་ཐབས་ཟབ་མོ། །ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ་པ་སྟེ། །ཐ་མལ་ལུས་ཀྱི་འཆིང་ཞེན་རྒྱ་ལས་གྲོལ། །དེ་ཕྱིར་རྟེན་གཞི་ལྷ་ཡི་རྣལ་འབྱོར་བསྒོམ། །རྣམ་པ་གསལ་བས་སྣང་ཡུལ་ཞེན་པ་སྦྱོང་། །རྣམ་དག་དྲན་པས་གདོས་བཅས་མཚན་འཛིན་བྲལ། །ང་རྒྱལ་བརྟན་པས་ཐ་མལ་ངར་འཛིན་གཞོམ། །གསལ་བརྟན་གོམས་པས་ཡུལ་གསུམ་གྱད་དུ་འགྱུར། །མཁའ་འགྲོའི་གྲོགས་བྱེད་སྣང་བ་ལྷ་རུ་འཆར། །འདྲེ་གདོན་ཡུལ་བུད་བྱིན་རླབས་མྱུར་དུ་འཇུག །ཐ་མལ་སྨྲ་བརྗོད་རྒྱུ་བའི་རླུང་རྣམས་ཀུན། །གྲགས་སྟོང་སྔགས་ཀྱི་རོལ་པར་འཆར་བའི་གནད། །ཐུགས་ཀ་ལ་སོགས་ས་བོན་སྔགས་ཕྲེང་བསྒོམ། །སྤྲོ་བསྡུ་འཁོར་བའི་བཟླས་པ་ཀུན་རྫོབ་སྟེ། །དབྱིབས་སྔགས་ཆོས་ལ་འགོག་པ་དོན་དམ་པ། །རྩོལ་མེད་རྡོ་རྗེའི་བཟླས་པ་གསང་བའོ། །བུམ་ཅན་རླུང་སེམས་གཅིག་
དྲིལ་ཡང་གསང་ཞེས། །སྦྱོར་བ་བཞི་ལྡན་རླུང་སེམས་ཆུན་གཅིག་དྲིལ། །མི་གཡོའི་ངང་བཞག་གནད་ཀྱིས་ཐེབས་གྱུར་ན། །སྐད་ཅིག་གཉུག་མའི་བདེན་པ་མཐོང་བར་འགྱུར། །༥ལམ་གྱི་རྩ་བ་བླ་མའི་རྣལ་ཟུང་འཇུག་བདེ་བ་ཆེན་པོ། འབྱོར་ཏེ། །དྭགས་པོ་བཀའ་བརྒྱུད་གདམས་ཟབ་སྙིང་པོ་ནི། །འདི་ཉིད་ཁོ་ན་ལས་གཞན་ཟབ་ཁྱད་ཅེས། །བཤད་བཤད་འུར་སྒྲོགས་མང་པོའི་ཁ་ན་མེད། །དེ་ཕྱིར་བརྟེན་པ་བླ་མའི་རྣལ་འབྱོར་བསྒོམ། །སྤྱན་འདྲེན་སྙན་གསན་དབབ་སོགས་སྤྲོ་ན་བྱ། །དེ་ནས་བསགས་སྦྱང་སྤེལ་གསུམ་གྱི་སྙིང་པོ། ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་བ། །བདུན་ནམ་ཉེར་གཅིག་ལ་སོགས་གང་འགྲུབ་བསགས། །དེ་ནས་སྐུ་བསྟོད་རྣམ་ཐར་གསོལ་འདེབས་སོགས། །རྒྱས་བསྡུས་སྐབས་སྦྱར་བཀའ་བརྒྱུད་སྤྱིའི་གསོལ་འདེབས། །རྡོ་རྗེ་འཆང་ཐུང་མ་སོགས་གྱེར་དབྱངས་བྱ། །
ཁྱད་པར་མ་ནམ་བཞི་སྐོར་གདུང་ཤུགས་བསྐྱེད། །མོས་གུས་བླ་མའི་རྣལ་འབྱོར་རྩ་བ་ནི། །རྩེ་གཅིག་གསོལ་བ་འདེབས་པ་ཁོ་ན་ཡིན། །འབའ་རོམ་རིག་པའི་གནད་ཆོས་བཅུ་དང་གསུམ། །ཀཾ་ཚང་མོས་གུས་ཆེན་མོ་འབྲུག་ཟབ་ལམ། །འབྲི་གུང་ལྔ་ལྡན་ཞེས་སུ་ཆེར་གྲགས་པ། །དོན་དུ་བླ་མའི་རྣལ་འབྱོར་བསྒོམ་པ་དང་། །མོས་གུས་གསོལ་འདེབས་གཅིག་ཏུ་འདུ་བ་ལགས། །བླ་མ་སངས་རྒྱས་དངོས་སུ་མ་མཐོང་ན། །ཁ་ཙམ་ཚིག་ཙམ་གསོལ་བ་བཏབ་པ་ལ། །ཡེ་ཤེས་རྒྱུད་ལ་སྐྱེ་བར་ག་ལ་འགྱུར། །དཔེར་ན་ཐ་རེངས་ཞིང་སར་འབྲུ་བཏབ་འདྲ། །དང་བའི་དད་པས་མོས་ཤིང་གུས་བློ་སྐྱེ། །འདོད་པའི་དད་པས་བཅོས་མའི་མོས་གུས་འཕེལ། །མི་ལྡོག་དད་པས་ཐུགས་རྒྱུད་བྱིན་རླབས་འཕོ། །དད་གསུམ་ཕུལ་ཕྱིན་ཐུགས་ཡིད་གཅིག་འདྲེས་འགྱུར། །རང་གི་ངོ་སྐལ་བླ་
མ་རྡོ་རྗེ་འཆང་། །ཞལ་གསུང་དམ་ཆོས་མཛད་སྤྱོད་གདུལ་བྱ་ཀུན། །ཐར་ལམ་འདྲེན་ཕྱིར་ཡིན་པའི་ཁོ་ཐག་བཅད། །དེ་ལྟའི་དག་སྣང་སྦྱང་བ་མན་ངག་ཡིན། །ཉིན་མཚན་ཐུན་དྲུག་ཐུན་བཞི་གང་རུང་བར། །མོས་གུས་བླ་མའི་རྣལ་འབྱོར་རྩལ་དུ་བཏོན། །སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་། །བླ་མ་མཁྱེན་ཞེས་གསོལ་འདེབས་ཁོ་ནར་འབད། །བླ་མར་མ་བསྟེན་སངས་རྒྱས་ཡོང་ཡེ་མེད། །རང་ལ་སངས་རྒྱས་ལས་ཀྱང་བླ་མ་ཉིད། །བཀའ་དྲིན་ཆེ་བ་མངོན་སུམ་ཚད་མས་གྲུབ། །དེ་ཕྱིར་དྲིན་ཆེན་རྩ་བའི་བླ་མར་གྲགས། །སྙིང་ཁུང་རུས་པའི་གཏིང་ནས་གདུང་ཤུགས་འབར། །ལུས་ཀྱི་སྤུ་བྱིང་མིག་ནས་མཆི་མ་འཁྲུགས། །ངག་གིས་གསོལ་འདེབས་ཡུས་ཀྱིས་བྱང་ཁོག་བརྒྱངས། །འདི་བྱ་འདི་བྱེད་མེད་པར་ཐ་མལ་ལུས། །དེ་དག་མོས་གུས་ཤས་ཙམ་སྐྱེས་རྟགས་ཏེ། །སྔར་དང་མི་
འདྲའི་ཚིག་དོན་གོ་རྟོགས་སྐྱེ། །འཁོར་བར་ཞེན་ལྡོག་རྒྱུ་འབྲས་མིག་དབྱེ་ཞིང་། །སྡུག་བསྔལ་ཅན་མཐོང་མི་བཟོད་སྙིང་རྗེ་འབྱུང། །༦ཁྱད་པར་དངོས་གཞི་དམིགས་མེད་དམ་པ་ཉམས་ལེན་ཞི་ལྷག་ཟུང་འབྲེལ། མཁས་རྒྱའི་ཞལ་འགྲིམས་མ་ཤེས་ཤིང་། །བླུན་སྒོམ་ཨུ་ཚུགས་ཅན་གྱིས་མ་མཐོང་བའི། །བསམ་གྱིས་མི་ཁྱབ་རང་རིག་སེམས་ཀྱི་གསང་། །སྐད་ཅིག་གཅིག་གིས་ཐ་མལ་སྙིང་དབུས་སད། །དུས་དེར་བླ་མའི་ཐུགས་དང་རང་སེམས་འདྲེས། །འདྲེས་པའི་ངོ་བོ་སྤྲིན་བྲལ་ནམ་མཁའ་བཞིན། །སྤང་བླང་ཕྱོགས་ཆ་གང་དུའང་མ་དམིགས་ཤིང་། །འདི་ཞེས་མཚོན་བརྗོད་འདས་པའི་དོན་མཐོང་འགྱུར། །དེ་ལ་མོས་གུས་ཟབ་མོའི་གསོས་བཏབ་སྟེ། །མཉམ་བཞག་ནམ་མཁའ་ལྟ་བུའི་ངང་བསྐྱང་ཞིང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ལམ་ཁྱེར་བཅས། །ཟུང་འབྲེལ་ཆུ་བོ་རྒྱུན་གྱི་ཉམས་
ལེན་བྱ། །དེ་ནས་གཡོ་ཐོབ་གོམས་གསུམ་ཞི་གནས་ཉམས། །བརྟན་དང་མཐར་ཕྱིན་ལྷག་མཐོང་མི་རྟོག་བཙལ། །རིམ་སྐྱེས་དང་ནི་ཐོད་རྒལ་གཅིག་ཆར་སོགས། །སྐྱེ་ཚུལ་མ་ངེས་རང་རང་བློ་སྟོབས་ཤེས། །བདེ་གསལ་མི་རྟོག་ཉམས་ཀྱི་འཆར་ཚུལ་དང་། །རྣལ་འབྱོར་བཞི་རིམ་རྟོགས་པ་སྐྱེ་ཚུལ་དང་། །ས་ལམ་སྒྲིབ་དག་ཡོན་ཏན་འཕེལ་བའི་ཚུལ། །ཞིབ་མོར་བདག་འདྲས་འཆད་པར་ག་ལ་ནུས། །འོན་ཀྱང་བླ་མའི་མོས་གུས་རྩལ་བསྐྱེད་ནས། །ཡེངས་མེད་རིག་ཐོག་རྡོ་རུས་འཕྲོད་པ་ཡི། །ཉམས་ལེན་རྣམ་པར་དག་པའི་རྒྱུན་བསྐྱང་ན། །གོ་བ་ཉམས་མྱོང་ཤུན་པ་རིམ་པར་འབུད། །རྟོགས་པའི་ཡེ་ཤེས་ཚེས་གསུམ་ཟླ་བ་ནས། །བཅོ་ལྔའི་ཟླ་བཞིན་ཇེ་གསལ་ཇེ་བརྟན་འགྱུར། །དེ་དག་དངོས་གཞི་ཕྱག་རྒྱ་ཆེན་པོ་ཞེས། །གྲུབ་བརྒྱའི་རྩེར་སོན་ས་ར་ཧ་པ་ནས། །དཔལ་ལྡན་རྩ་བའི་བླ་མའི་
བར་བརྒྱུད་པའི། །མཉམ་མེད་དྭགས་པོ་བཀའ་བརྒྱུད་ཉམས་བཞེས་ལགས། །༧རྗེས་ཀྱི་མཇུག་བསྔོ་བ་དམ་པ། རིམ་པ་ཅི་བྱས་བྱང་ཆུབ་ཀྱི། །ལམ་དུ་འགྲོ་ཕྱིར་བསྔོ་སྨོན་ཚུལ་བསྟན་པ། །བཟང་པོ་སྤྱོད་པ་ལྟུང་བཤགས་ལ་སོགས་ཀྱི། །བསྔོ་བ་བརྗོད་ཅིང་སྨོན་ལམ་རྒྱ་ཆེར་གདབ། །དེ་ལྟར་བསྔོ་བ་སྨོན་ལམ་མཚམས་སྦྱོར་བ། །ལེགས་བྱས་དགེ་ཚོགས་ཆུད་མི་ཟ་བ་རུ། །རྒྱ་ཆེར་འཕེལ་ཞིང་རྒྱ་ཆེར་སྨིན་པ་དང་། །རྒྱ་ཆེན་རྒྱལ་བའི་སྲས་སུ་སློབ་པ་ཡིན། །༨ཞར་བྱུང་གྲོགས་དམ་ཚིག་སྤྱོད་པ། བོགས་འདོན་མཐར་ཐུག་སྐྱེལ་སོ་ནི། །དུས་ཀུན་བླ་མའི་དམ་ཚིག་ལས་མི་འདའ། །ཅི་མཛད་ལེགས་བལྟ་ཅི་གསུང་ཚད་མར་འཛིན། །ལོག་ལྟ་ཀུན་སྤང་རྣམ་ཐར་ཉིད་ལ་སློབ། །སོ་ཐར་བྱང་སེམས་ཐེག་ཆེན་སྔགས་ཀྱི་སྡོམ། །རྟོགས་པའི་ཚད་བཞིན་དུས་སྐབས་འབྲེལ་བར་བསྲུངས། །ཡར་ལ་
ཚོགས་བསགས་མར་ལ་སྦྱིན་གཏོང་དང་། །དམན་ལ་སྙིང་རྗེ་ཀུན་ལ་དག་སྣང་སྦྱངས། །གོང་བསྟན་རྙེད་དཀའ་འཇིག་སླ་རྒྱུ་འབྲས་དང་། །འཁོར་བའི་ཉེས་དམིགས་གཉེན་གྲོགས་སྒྱུ་མའི་སྐྱེས། །ཟས་ནོར་སྦྲང་རྩི་དགྲ་འདྲེའི་གཡབ་མོ་སོགས། །བློ་སྦྱོང་ཁྲིད་རིམ་འབྲལ་མེད་རྒྱུད་ལ་སྦྱོར། །དེ་དག་བོགས་འདོན་ཆོས་མཐར་ཕྱིན་པའི་ཐབས། །ཇོ་བོ་བཀའ་གདམས་གཏད་ས་བཞི་ཞེས་པ། །བློ་ཕུགས་ཆོས་དང་ཆོས་ཕུགས་སྤྲང་པོ་དང་། །སྤྲང་ཕུགས་ཤི་དང་ཤི་ཕུགས་གྲོག་སྟོང་གཏད། །གཏད་ས་བཞི་འདི་མཐའ་རུ་འཁྱོལ་བྱས་ན། །གཉེན་གྲོགས་མེད་ཀྱང་བླ་མའི་ཐུགས་རྗེས་སྐྱོབ། །ཟས་ནོར་མེད་ཀྱང་ལྷ་འདྲེའི་འཚོ་བ་སྦྱོར། །གར་གནས་ཞིང་ཁམས་གར་སོང་བྱང་ཆུབ་ལམ། །འབའ་རོམ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང་། །འབྲི་གུང་ཕྱག་ཆེན་ལྔ་ལྡན་གདམས་པའི་བཅུད། །
ཟུང་འབྲེལ་ཐེག་ཆེན་ཇོ་བོ་རྗེས་ལམ་གཙོ་གསུམ་གཙོར་བཏོན། །འགྲོ་བའི་མགོན་པོས་ཏི་ཤྲི་རས་ཆེན་གཅིག་ཏུ་འདོམས་པར་མཛད། །སྟོང་གསུམ་གསེར་གྱིས་བཀང་བས་མི་ཁུག་པའི། །ཟབ་ལམ་ཕྱག་ཆེན་དོན་མཆོག་བདུན་མ་ཡི། །ཁྲིད་ཚུལ་སྙིང་པོ་ཡེ་ཤེས་སྒྲོན་མེ་ཞེས། །ནུབ་པར་ཕངས་ནས་ས་བོན་ཙམ་དུ་བཀོད། །རྡོ་རྗེ་ཐེག་པ་མི་ནུབ་ཡུན་གནས་ཤིང་། །ཁྱད་པར་ལམ་འདིས་སྐལ་བཟང་རྣམ་མང་པོ། །རྡོ་རྗེའི་གོ་འཕང་རྟེན་འདིར་རབ་སྙེགས་ནས། །ཇི་སྲིད་འཇིག་རྟེན་ཀུན་ཏུ་འབར་གྱུར་ཅིག །ཅེས་པའང་ཕྱོགས་བྲལ་རྒྱུ་བའི་ཐེག་པ་མཆོག་གི་རྣལ་འབྱོར་པ་གཏད་མེད་ཡེ་བབ་ལྷུན་འབྱམས་ཀྱིས་འབྲོག་དགོན་པ་འབྲུག་སྔོན་པོར་སྦྱར་བའོ། །
མཆོག་སྤྲུལ་ཚེ་དབང་བདེ་ཆེན།
༈ འབའ་རོམ་བཀའ་བརྒྱུད་ཚང་གསར་བླ་ཁྱབ་དགོན་གྱི་བསྟན་བདག་སྐྱེ་ཕྲེང་རིམ་བྱོན་ངག་ཕྲིན་སྐུ་སྐྱེ་བཞི་པ་མཆོག་སྤྲུལ་ཚེ་དབང་བདེ་ཆེན་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་ནི། ཐོག་
མར་སྐུ་འཁྲུངས་ཡུལ་དཔལ་གྱི་གཡང་འཁྱིལ་སྒར། དགེ་རྒྱལ་བར་མ་དཔོན་ཚང་། ཡབ་བར་མའི་མཐུ་སྟོབས་འགྱུར་མེད་དང་ཡུམ་རྫ་བཟའ་ལྷ་གཡང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོར་རྟགས་མཚན་བཟང་པོ་བཅས་མཚན་དཔེའི་དཀྱིལ་འཁོར་བཞད། དགུང་གྲངས་བཅུར་སོན་སྐབས་དཔལ་རྒྱལ་དབང་ཀརྨ་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས་ནང་ཆེན་བླ་ཁྱབ་དགོན་གྱི་བསྟན་བདག་ངང་ཕྲིན་སྐུ་སྐྱེ་བཞི་པའི་ཡང་སྲིད་དུ་ངོས་འཛིན་གནང་། མཚན་ཀརྨ་ངེས་དོན་བཤད་སྒྲུབ་ཕྲིན་ལས་དཔལ་བཟང་པོར་གསོལ། སྐུ་ཆུང་ངུའི་དུས་ནས་དམ་པའི་ངང་ཚུལ་དང་ལྡན་ཞིང་དགུང་གྲངས་བཅུ་གཅིག་ཐོག་བླ་ཁྱབ་དགོན་བྱང་ཆུབ་ནོར་འཛིན་ཆོས་གླིང་གི་སེང་གེའི་ཁྲི་ལ་མངའ་གསོལ། ཡོངས་འཛིན་ཚང་གསར་བསྟན་འཇམ་གྱིས་སྐུ་ཡོན་ཕུལ་བས། འབྲི་ཀློག་དང་བློ་འཛིན་སྐོར་ཐུགས་སུ་ཆུད་པར་གྱུར། དགུང་གྲངས་བཅུ་གསུམ་སྐབས་ཡབ་ཡུམ་སྐུ་མཆེད་མཆོག་སྤྲུལ་རྣམས་དང་ཟླ་ཕྱག་གཉིས་བཅས་ལྷ་གདན་ཇོ་ཤག་རྣམ་གཉིས་གཙོས་དབུས་གནས་མཇལ་བསྐོར་མཛད། ཁྱད་པར་མཚུར་ཕུའི་གདན་སར་དཔལ་རྒྱལ་དབང་ཀརྨ་པ་མཇལ་ཞིང་དབང་ཁྲིད་བྱིན་རླབས་ཞུས། དེ་རྗེས་བླ་མ་ཇོ་དགའ་རིན་པོ་ཆེ་པདྨ་ཕྲིན་
ལས་སྙིང་པོའི་མདུན་ནས་མདོ་སྔགས་ཆོས་སྐོར་དབང་ལུང་ཁྲིད་སོགས་མང་དུ་གསན། དགུང་གྲངས་བཅུ་དྲུག་བཞེས་སྐབས་ཟླ་བཟང་རིན་པོ་ཆེའི་མདུན་ནས་སོ་ཐར་རབ་བྱུང་གི་སྡོམ་པ་བཞེས། འཇམ་མགོན་བློ་གྲོས་རབ་འཕེལ་མདུན་དབང་ལུང་ཁྲིད་གསན་ཞུས་གནང་། དུས་ཟིང་སྐབས་ཁྲིམས་ཁང་དུ་བཞུགས་ཚེ་ཡང་མཁན་པོ་མུན་སེལ་མདུན་ནས་རྫོགས་ཆེན་ཁྲིད་རིམ་ཉམས་བཞེས་གནང་། བསྟན་པ་ཡང་དར་སྐབས་ཟླ་བཟང་རིན་པོ་ཆེ་བོད་ཡུལ་དུ་གཞིས་སྐོར་དུ་ཐོག་མར་ཕེབས་སྐབས་དགུང་གྲངས་ཞེ་གཅིག་ཐོག་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་གྲངས་ཞེ་བཞི་སྐབས་འཕགས་ཡུལ་དུ་གནས་གཟིགས་ལ་ཕེབས། གོང་ས་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་དང་སྤྱོད་འཇུག་སོགས་ཞུས། ཚང་གསར་ཀརྨ་ཨོ་རྒྱན་མདུན་ནས་ཀཾ་ཚང་རྒྱལ་བ་ཡབ་སྲས་ལྷན་དུ་གཏེར་གསར་གྱི་ཆོས་སྐོར་ཆ་ཚང་གི་དབང་ལུང་གསན། ཀར་ལུ་རིན་པོ་ཆེ་དང་ཀླུ་ལྡིང་མཁན་ཆེན་རྣམས་ནས་མདོ་སྔགས་ཀྱི་གདམས་ཁྲིད་སྐོར་གསན་བཞེས་གནང་། བསྟན་པ་ཡང་དར་གྱི་སྐབས་དགེ་རྒྱལ་རྫོགས་ཆེན་དགོན་ཉམས་གསོ་མཛད་ནས་བསྟན་གཞི་གཙུག་ལག་ཁང་ཀ་བ་བཅུ་དྲུག་ཅན་ཕྱི་ནང་སྐུ་གསུང་ཐུགས་ཀྱི་
རྟེན་དང་སྒྲུབ་ཆས་སོགས་ཆ་ཚང་དང་བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས་ནས་ལོ་གསུམ་ལ་བསྟན་པའི་ཕྱག་ལས་དང་མཛད་རྗེས་ཆེ་བར་བྱུང་། ཡབ་ཡུལ་བར་མའི་མངའ་ཁོངས་ནས་དཔལ་ངེ་དགོན་དང་རྗེ་དྲུང་དགོན་གྱི་བསྟན་པ་སླར་གསོའི་དབུ་འཛུགས་གནང་། དེ་རྗེས་ནང་ཆེན་བླ་ཁྱབ་དགོན་སླར་གསོ་བྱེད་རྒྱུའི་དུས་སྐབས་དེར་བསྟན་གཞི་རྒྱས་སྤྲོས་དང་། བསྟན་རྩ་བཤད་སྒྲུབ་ཀྱི་སྡེ་བཙུགས་ཤིང་འདུ་འཚོགས་རྣམས་སྔར་བཞིན་ཉམས་པ་སོར་ཆུད་མཛད། སྒྲུབ་པའི་ཡོ་བྱད་མཆོད་ཆས་རོལ་ཆ་ཁ་འབུད་སོགས་དང་སྐུ་གསུང་ཐུགས་ཀྱི་རྟེན་བསམ་བརྗོད་ལས་འདས་པ་བཞེངས། ཁྱད་པར་འབའ་རོམ་བཀའ་བརྒྱུད་ཀྱི་སྒྲུབ་པའི་བསྟི་གནས་ལྕི་ཡི་ར་ཛཱ་རྫོང་ཉམས་གསོ་གནང་ཞིང་སྒྲུབ་པའི་སྡེ་བཙུགས། རྒྱ་དཀར་ནག་དང་བལ་བོད་ཐེ་ཝན་མཚོ་གླིང་སོགས་སུ་དམ་པ་ཆོས་ཀྱི་འབྲེལ་བ་དང་ཚོགས་བསགས་དགེ་བསྐུལ་གྲངས་མང་བར་བྱུང་། དེ་རྗེས་མེ་ཁྱི་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་ཞི་བར་གཤེགས། སྐུ་གདུང་ར་ཛཱ་རྫོང་དུ་གདན་དྲངས་ཤིང་གསོལ་ཚིག་སྐབས། བླ་ཁྱབ་དགོན་སྡེ་དང་བར་མ་སྟག་རྩེ་བཙུན་དགོན་གྱི་བསྟན་བདག་སྐུ་མཆེད་ཀརྨ་སྒྲུབ་བརྒྱུདགཙོར་མཛད་དགེ་རྒྱལ་བར་མ་དགོན་སྡེ་ཡོངས་ནས་
མཆོད་འབུལ་དང་ཚོགས་བསགས་དགེ་སྒྲུབ་སྡིག་སྤང་གི་དམ་བཅའ་སོགས་རྒྱ་ཆེར་སྒྲུབ། སྐུ་གདུང་བསྲེགས་སྦྱངས་སྐབས་འཇའ་སྤྲིན་གྱི་དབྱིབས་ཁྱད་པར་ཅན་དང་འཇའ་གུར་ཤར་ཞིང་དད་པའི་རྟེན་རི་བསྲེལ་གྲངས་མང་བྱོན། དམ་པ་དེ་ཉིད་ཀྱི་ཞལ་གསུང་བཀའ་བརྒྱུད་བླ་མའི་གསོལ་འདེབས་ནི། བླ་མ་མཁྱེན་ནོ་རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐུ་བཞི་ཡི་གངས་རི། །སྨིན་གྲོལ་ཟག་མེད་ཆུ་རྒྱུན་ཕྱོགས་མེད་དུ་འབབ་པས། །བདུད་རྩི་འཐུང་ཚད་གྲོལ་བ་བཞི་ལྡན་ལ་བཀོད་མཛད། །སྒྲ་བསྒྱུར་མར་པ་ལོ་ཙཱ་སྙིང་དབུས་ནས་དྲན་བྱུང་། །བྱང་ཕྱོགས་རྒྱུད་དུ་འཁྲུངས་པའི་སྐྱེས་ཆེན་གྱི་རྒྱལ་པོ། །འཇིག་རྟེན་སྐྱོན་གྱིས་མ་གོས་ཆུ་སྐྱེས་ཀྱི་པདྨ། །དཀའ་བ་དུ་མར་སྤྱད་པའི་ངོ་མཚར་གྱི་སྐྱེས་བུ། །མི་ལ་བཞད་པ་རྡོ་རྗེ་སྙིང་དབུས་ནས་དྲན་བྱུང་། །ཕྱི་ལྟར་ངུར་སྨྲིག་འཛིན་པ་སྒྲུབ་བརྒྱུད་ཀྱི་
སྲོག་ཤིང་། །ནང་ལྟར་སེམས་དཔའ་ཆེན་པོ་འགྲོ་དྲུག་གི་འདྲེན་མཆོག །གསང་བ་གྲུབ་གཉིས་ཀློང་རྡོལ་རྡོ་རྗེ་ཡི་འཆང་ཆེན། །མཉམ་མེད་དྭགས་པོ་ལྷ་རྗེ་སྙིང་དབུས་ནས་དྲན་བྱུང་། །མཁྱེན་རྩེའི་ཉིན་བྱེད་འོད་འབུམ་མཁའ་ཁྱབ་ཏུ་གདལ་བས། །མ་རིག་སྒྲིབ་པའི་རྨོངས་མུན་འཐུག་པོ་རང་གསལ་ནས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་མཆོག་ལ་འགོད་མཛད། །འབའ་རོམ་དར་མ་དབང་ཕྱུག་སྙིང་དབུས་ནས་དྲན་བྱུང་། །ཐོས་བསམ་སྒོམ་པའི་ཉམས་རྟོགས་རྩལ་ཆེན་དེ་རྫོགས་ནས། །འཆད་རྩོད་རྩོམ་པས་སྒྲུབ་བརྒྱུད་བསྟན་པ་ནི་གསལ་མཛད། །མཁྱེན་རྩེ་ནུས་པས་འབྲེལ་ཚད་ཐར་ལམ་གྱི་དེད་དཔོན། །ཏི་ཤྲི་ཤེས་རབ་སེང་གེ་སྙིང་དབུས་ནས་དྲན་བྱུང་། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་གངས་ཅན་གྱི་གཙུག་རྒྱན། །མཛད་པའི་འོད་སྟོང་མུན་པའི་གླིང་ཆེན་དུ་ཕོག་ནས། །
རྒྱལ་བའི་བསྟན་པ་ས་ཆེན་ཀུན་ཏུ་ཡང་ཁྱབ་མཛད། །བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སྙིང་དབུས་ནས་དྲན་བྱུང་། །འབོད་དོ་དྲིན་ཅན་རྩ་བའི་བླ་མ་དེ་འབོད་དོ། །དྲན་ནོ་ཁ་ཙམ་མ་ཡིན་སྙིང་དབུས་ནས་དྲན་ནོ། །གཟིགས་ཤིག་བདག་སོགས་གདུལ་བྱར་གྱུར་པ་ལ་གཟིགས་ཤིག །སྩོལ་ཅིག་དོན་བརྒྱུད་དགོངས་པའི་ཡེ་ཤེས་དེ་སྩོལ་ཅིག །ཀྱེ་མ་གསོལ་བ་འདེབས་སོ་དྲིན་ཅན་གྱི་བླ་མ། །འདུས་བྱས་སྒྱུ་མ་རྨི་ལམ་ཆུ་ཟླ་ཡི་རང་བཞིན། །ཚེ་སྲོག་མི་རྟག་གློག་གི་གར་མཁན་དང་འདྲའོ། །འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་རང་མི་འདུག །སྙིང་པོ་ཡོད་པ་དམ་པའི་ལྷ་ཆོས་དེ་བྱེད་དགོས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རང་རློབས་ཤིག །རྙེད་པར་དཀའ་བའི་དལ་འབྱོར་རྟེན་བཟང་གི་མི་ལུས། །མཇལ་བར་དཀའ་བའི་བླ་མ་མཚན་ལྡན་རྣམས་མཇལ་སོང་། །ཐོབ་
པར་དཀའ་བའི་གདམས་ངག་ཟབ་མོ་རྣམས་ཐོབ་པས། །བདག་ནི་ད་ལན་མི་ལུས་རིན་ཆེན་འདི་ཐོབ་དུས། །དོན་མེད་ཆུད་ཟོས་མི་གཏོང་སྒྲུབ་པ་ལ་བརྩོན་ཡོང་། །ཚེ་གཅིག་སངས་རྒྱས་འགྲུབ་པའི་བྱིན་རླབས་དེ་སྩོལ་ཅིག །སྔོན་བྱོན་བཀའ་བརྒྱུད་གོང་མའི་རྣམ་ཐར་ལ་བསམ་ན། །མོས་གུས་གདུང་བས་བཟོད་མེད་མིག་ཆུ་ནི་བབ་བྱུང་། །བདག་སོགས་རྩེ་གཅིག་གསོལ་འདེབས་འོ་འདོད་ཀྱིས་འབོད་པས། །མི་མངོན་དབྱིངས་ནས་བརྩེ་བའི་ཐུགས་རྗེས་རང་གཟིགས་ཤིག །བདག་སོགས་འཁོར་བར་འཁྱམས་པའི་ཕ་མ་ཡི་སེམས་ཅན། །བརྩེ་ཆེན་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུ་རུ་འཕྲོས་ནས། །སྡུག་བསྔལ་འཁོར་བའི་རྒྱ་མཚོའི་གཡང་ས་ནས་བསྐྱབ་མཛོད། །སྐྱབས་བྲལ་མགོན་མེད་སེམས་ཅན་ཐུགས་རྗེས་རང་གཟིགས་ཤིག །ཅེས་སོ། །
ཡེ་ཤེས་རབ་རྒྱས།
༈ རྗེ་བཙུན་བླ་མ་ཡེ་ཤེས་རབ་རྒྱས་མཆོག་ནི། ཕྱི་ལྟར་མང་ཐོས་དགེ་བའི་བཤེས། །ནང་ལྟར་རྒྱལ་སྲས་བྱང་ཆུབ་སེམས། །གསང་བ་གྲུབ་པའི་སློབ་དཔོན་ཆེ། །རྗེ་བཙུན་ཡེ་ཤེས་རབ་རྒྱས་འདུད། །ཕྱི་ལྟར་ན་མང་ཐོས་དགེ་བའི་བཤེས་གཉེན་ཆེན་པོ་སྟེ། །དམ་པ་འདིའི་སྐུ་འཁྲུངས་ཡུལ་ནི། །རིག་འཛིན་འབའ་རེའི་གདུང་ཤུལ་ར་གད་ཁར། །ཡབ་མཁར་པ་དོན་ལྡན་དང་ཡུམ་དམར་བཟའ་མཆིལ་པ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་མེ་འབྲུག་སྤྱི་ལོ་ ༡༩༡༦- ལོར་ངོ་མཚར་གྱི་ལྟས་དང་བཅས་པས་སྐུ་འཁྲུངས། ཟུར་མང་གར་དབང་ནས་མཚན་ཡེ་ཤེས་རབ་རྒྱས་སུ་གསོལ། རང་དགོན་གྱི་མཁན་བྱང་ཆུབ་བཟང་པོ་དང་ཟུར་མང་མཁྱེན་རབ་སོགས་ཀྱི་མདུན་ནས་འདུལ་བ། ཀཱ་རི་ཀ །སོར་མདོ། མཛོད། དབུ་མ་རྩ་འཇུག་བཞི་སྤྱོད། བྱམས་ཆོས་སྡེ་ལྔ་སོགས་མཚན་ཉིད་མདོ་ཡི་སྐོར་རྣམས་གསན། དྲུང་རམ་རྒྱལ་སྤྲུལ། སྐྱོ་བྲག་མི་འགྱུར། ཀརྨ་ཚེ་བརྟན། ཀར་སྲས་ཀོང་སྤྲུལ། ཉག་བླ་བྱང་ཆུབ་རྡོ་རྗེ་སོགས་ལས་སྔགས་གསར་རྙིང་གི་རྒྱུད་ལུང་བཀའ་གཏེར་སྨིན་གྲོལ་ཟབ་དགུ་ཞུས་ཏེ་ཕྱག་རྫོགས་གཉིས་ལ་ཉམས་བཞེས་ཡུན་རིང་གནང་། ཁྱད་པར་ཆོས་རྗེ་འབའ་རོམ་པའི་ཉེ་བརྒྱུད་རིག་འཛིན་འཇིགས་མེད་ཆོས་ཀྱི་སེངྒེ་ལ་བབས་པའི་ཐུགས་སྲས་གྲུབ་
བརྙེས་བླ་མ་བཀའ་བརྒྱུད་བཀྲ་ཤིས། འབྲུ་ཚ་ཨ་རྦོ། བདེ་སར་དབང་དགའ། གཉུ་བ་མི་འགྱུར། ཚང་གསར་བློ་གྲོས་རིན་ཆེན་རྣམས་ལས་སྔ་ཕྱིར་འབའ་རོམ་རང་ལུགས་ཀྱི་སྔོན་འགྲོ་དངོས་གཞི་ཕྱག་ཆེན་ཆོས་དྲུག་བདེ་མགོན་གཅོད་ཚོགས་སོགས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་མན་ངག་སྙན་བརྒྱུད་དབང་ལུང་མཐའ་དག་མནོས་ཤིང་གདན་སའི་ངེས་དོན་བརྒྱུད་པའི་གསེར་ཕྲེང་ཉག་གཅིག་བཟུང་སྟེ་ཉམས་ལེན་གྱི་བརྩོན་པ་ལ་ཆུ་བོའི་རྒྱུན་བཞིན་གནང་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པ་དང་མ་འདྲེས་པའི་སྨིན་གྲོལ་མྱོང་ཁྲིད་ཀྱི་རྒྱུན་རང་དགོན་སོགས་ཀྱི་སྐལ་ལྡན་སློབ་བུ་དག་ལ་སོ་སོར་བསྩལ་བའོ། །ནང་ལྟར་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྟེ། དམ་པ་ཁོང་ནི་བྱིས་པ་ཆུང་ངུའི་དུས་ནས་དུད་འགྲོ་གསོད་པ་སོགས་མཐོང་ན་བཟོད་མེད་ཀྱི་སྙིང་རྗེས་བཤུམས། མཁན་མཁྱེན་རབ་མདུན་བྱང་སྡོམ་ཞུས་ཏེ་མཚན་བྱང་སེམས་མཆོག་རྒྱལ་ཉི་མ་ཞེས་གསོལ། དེ་ནས་བཟུང་མགོན་མེད་ཀྱི་དྭ་ཕྲུག་རྒན་འཁོགས་ཁྱི་སྤྲང་དུད་འགྲོ་དག་དང་། ལྷ་མིན་གཞི་བདག་རྣམས་ལའང་དུས་ངན་སྐབས་སུ་ཞིང་ཁའི་སད་སེར་བསྲུངས་རྗེས་རྨ་གསོ་སྨན་སྦྱོར་ཡིན་ཞེས་བསང་གསོལ་སོགས་སྦྱིན་པ་རྣམ་བཞི་ཆད་མེད་མཛད། ཁྱད་
པར་བསྐལ་ངན་ང་བརྒྱད་དུས་ཀྱི་སྙིགས་མར་བསྟན་འགྲོ་ཕུང་ལ་སྦྱོར་སྐབས་བཙོན་སྲུང་རྒྱ་བོད་གཤེད་མ་རྣམས་ལའང་རྐྱེན་ངན་དགེ་བའི་བཤེས་ཀྱི་འདུ་ཤེས་དང་འཐབ་རྩོད་ངལ་རྩོལ་མནར་གཅོད་ན་ཚ་དཀའ་ལས་ཅི་སྤྲད་ཀྱང་ཁོང་ལ་ནི་སྡིག་སྒྲིབ་ཀྱི་ཕྱགས་མ་དང་བྱང་ཆུབ་སྤྱོད་པའི་གྲོགས་སུ་གྱུར་ཏེ་ཧུར་བརྩོན་གནང་། མདོར་ན་དམ་པ་འདིའི་རྣམ་ཐར་གྱི་སྙིང་པོ་ནི་ཙན་དན་དང་དྲི་བཞིན་ལྷག་པའི་སྙིང་རྗེ་ཆེན་པོ་ལྷན་སྐྱེས་སུ་མངའ་ཞིང་མཐོ་དམན་དྲག་ཞན་ཀུན་ལ་བདག་བས་གཞན་གཅེས་ཀྱི་དཀའ་ལས་བསྐྱོན་པའོ། །གསང་བ་ལྟར་ན་རྗེ་བཙུན་འདི་ཉིད་གྲུབ་པའི་དབང་ཕྱུག་ཆེན་པོ་སྟེ། རྗེ་ཏི་ཤྲི་རས་པས་ཡེ་ཤེས་མིང་ཅན་འབྱུང་བའི་ལུང་དང་། གཞན་ཡང་འབའ་རོམ་གསེར་ཕྲེང་ལས་ལྷ་རས་པ་བརྩོན་འགྲུས་དཔལ་གྱི་རྣམ་འཕྲུལ་དུ་ལྷ་དང་བླ་མས་ལུང་བསྟན་པ་ལྟར་རྗེ་ཉིད་གནས་སྐབས་བཞི་པོར་ཐབས་གྲོལ་རིམ་གཉིས་ཟུང་འཇུག་ལམ་གྱི་རྣལ་འབྱོར་ལ་རྟོགས་གོམས་རབ་ཀྱི་མཐར་སོན་ཏེ། གསང་བར་ཞལ་གཟིགས་ལུང་བསྟན་དང་བཀའ་བགོ་བགེགས་བསྐྲད་ནད་གདོན་རྐྱེན་སེལ་སོགས་གྲུབ་པ་ཆེན་པོའི་འབྲས་རྟགས་མངོན་དུ་གྱུར། གང་ཚེ་ཡང་དར་བསྟན་པའི་ཉི་མ་ཤར་བ་དང་ཆབས་ཅིག་
ཤི་དགེ་གསོན་རིམ་གྱི་དད་རྫས་གཤིན་བཀོར་ཆར་ལྟར་བབས་པ་ཆུད་ཟོས་དང་འཕྲོ་བརླག་སྤུ་ཙམ་མེད་པར་སྐྱོ་བྲག་རྩེ་དགོན་མཐིལ་གསུམ་དུ་རྟེན་གཞི་རྟེན་གསུམ་བཤད་སྒྲུབ་བསྐྱར་བཞེངས་སོགས་ཡོངས་སུ་བཟུང་བའི་གཞི་གསུམ་བསྟན་འགྲོའི་གསོས་སུ་གནང་ཞིང་སྐུ་ཚེ་དང་མཛད་འཕྲིན་དོན་གཉིས་མཐར་སོན་ཏེ་མཐར་དགུང་གྲངས་དོན་དགུ་རབ་རྒྱན་ཤིང་ཁྱི་སྤྱི་ལོ་ ༡༩༩༤ ལོའི་བྱི་ཟླའི་དཀར་ཚེས་ལ་སྐྱོ་བྲག་དགོན་དུ་སྐུ་གཤེགས་ཐུགས་དམ་ཉིན་གསུམ་བཞུགས་ཤིང་ཐུགས་དང་གདུང་ཆེན་ཤཱ་རི་རམ་དང་རིང་བསྲེལ་རྣམ་ལྔ་མ་འོངས་དད་པའི་རྟེན་དུ་བཞག་པའོ། ༈ །ཆོས་དྲུག་སྟོན་པའི་བླ་མ་ལ། །གསོལ་འདེབས་གདུང་དབྱངས་འདི་ལྟ་སྟེ། །ན་མོ་གུ་རུ། རྗེ་ནཱ་རོའི་ཐབས་ལམ་ཟབ་མོའི་ཆོས། །ཆོས་ཀུན་འདུས་ཐབས་གྲོལ་ཟུང་འཇུག་གི། །དོན་མ་ནོར་བའི་བརྒྱུད་པ་འཛིན་མཛད་པ། །དཔལ་འཇིགས་མེད་ཆོས་ཀྱི་སེང་གེ་དང་། །མི་བདག་ལ་བཀའ་དྲིན་ཆེ་བའི་མགོན། །ཕ་
འགྲན་གྱི་དོ་མེད་ཨ་ཡི་མཚན། །སྙིང་པདྨའི་ཟེའུ་འབྲུར་རྟག་བཞུགས་ལ། །ཡིད་མོས་གདུང་འབྲལ་མེད་གསོལ་བ་འདེབས། །མི་བདག་དང་སློབ་མ་བརྒྱུད་པར་བཅས། །རིམ་གཉིས་ལ་ཉམས་བཞེས་བྱས་པའི་མཐུས། །ཕྱི་སྒྱུ་ལུས་ལྷ་སྐུར་གྲོལ་བ་དང་། །ནང་སྲོག་རྩོལ་གྱི་རྒྱུ་བ་དྷུ་ཏིར་དག །རྩ་ཐིག་གི་གྲོལ་བརྟན་མཐའ་རུ་ཕྱིན། །ཨ་ཧཾ་གི་འབར་འཛགས་ལ་བརྟེན་ནས། །བདེ་སྟོང་གི་ཡེ་ཤེས་རྒྱུན་ཆད་མེད། །རྨི་ལམ་གྱི་འཁྲུལ་པ་རང་སར་དག །འོད་གསལ་གྱི་ཉི་མ་ཁོང་ནས་ཤར། །བློ་མ་རིག་པའི་མུན་པ་དབྱིངས་སུ་སངས། །གནད་འཕོ་བའི་གདམས་པ་གདེང་དང་ལྡན། །བར་མ་དོ་ཆོས་ཀྱི་སྐུ་རུ་གྲོལ། །དབྱིངས་ཟག་མེད་བདེ་ཆེན་ཕོ་བྲང་དུ། །ལམ་ཟང་ཐལ་གྱི་བགྲོད་པ་མཐར་ཕྱིན་ཞིང་། །འབྲས་སྐུ་བཞིའི་གོ་འཕང་མངོན་གྱུར་ཏེ། །དོན་བརྒྱུད་པའི་དགོངས་
བྱིན་འབེབས་མཛད་པ། །རྗེ་འབའ་རོམ་གྱི་ཡབ་སྲས་ཀྱི་རྗེས་ཟིན་ནས། །མ་འགྲོ་བ་འདྲེན་པའི་དེད་དཔོན་དུ། །ཕ་བླ་མ་རྗེ་ཡི་ཡིས་བྱིན་གྱིས་རློབས། །བརྒྱུད་ལྡན་གྱི་བླ་མར་གསོལ་བཏབ་མཐུས། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས། །སྐྱེ་དགུ་ཀུན་དགེ་བཅུའི་དཔལ་ལ་སྤྱོད། །དུས་གནས་མཐར་ཀུན་ཏུ་བཀྲ་ཤིས་ཤོག །ཅེས་པའང་འདྲེན་མཆོག་གསལ་བྱེད་རིན་པོ་ཆེའི་གསུང་བསྐུལ་སྤྱི་བོར་བཀོད་དེ་རྒན་པོ་ཡེ་ཤེས་རབ་རྒྱས་ཀྱིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ །ཡང་ལྟ་སྒོམ་སྤྱོད་པའི་མགུར་ནི། ན་མོ་གུ་རུ། བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །འབྲལ་མེད་སྙིང་ནས་གུས་པས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐར་ཕྱིན་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །དལ་འབྱོར་བཅོ་བརྒྱད་ཐོབ་པའི་དོན་ཆེན་ལ། །ཐུན་མོང་སྔོན་འགྲོ་བཞི་ཡིས་རྒྱུད་
སྦྱངས་ནས། །ཐུན་མིན་སྔོན་འགྲོ་རྣམ་བཞིས་གཞི་བཟུང་སྟེ། །ཐོས་བསམ་སྒོམ་པས་སྒྲོ་འདོགས་གཅོད་པ་དང་། །ལྟ་སྒོམ་སྤྱོད་འབྲས་གདེང་དང་ལྡན་པ་གནད། །ལྟ་བ་སྤྲོས་བྲལ་དབུ་མ་ཆེན་པོར་ལྟ། །དོན་དམ་ཨ་ཏིའི་དགོངས་པ་རྟོགས་པ་ལ། །མཐའ་བྲལ་དབུ་མའི་ལྟ་བ་ཡང་དག་དགོས། །ལྟ་བ་བལྟ་བྱ་ལྟ་བྱེད་མཚན་འཛིན་བྲལ། །སྒོམ་པ་ཡེངས་མེད་སྒོམ་མེད་ཕྱག་རྒྱ་ཆེ། །མ་བཅོས་གཉུག་མ་རང་བབ་ངོ་བོ་སྐྱོང་། །རྟོག་ཚོགས་རང་ཤར་རང་གྲོལ་ཆོས་སྐུར་ཐིམ། །སྒོམ་ལ་བསྒོམ་བྱ་སྒོམ་བྱེད་ཞེན་པ་བྲལ། །སྤྱོད་པ་ཤུགས་འབྱུང་རྒྱལ་སྲས་བྱང་ཆུབ་སེམས། །སྤང་བླང་དགག་སྒྲུབ་རེ་དོགས་བྲལ་བར་སྤྱོད། །ཆགས་སྡང་རང་གྲོལ་སྤྱོད་པའི་རྒྱལ་པོ་ལགས། །འབྲས་བུ་ཐོབ་ཤོར་ཀུན་བྲལ་རྫོགས་པ་ཆེ། །ཀ་དག་ཁྲེགས་ཆོད་ཐོད་རྒལ་རྩལ་སྦྱངས་ནས། །སྣང་གཞི་
མཐར་ཕྱིན་བློ་འདས་དགོངས་པ་རྟོགས། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་གདེང་ལྡན་ན། །ཚེ་གཅིག་རྫོགས་སངས་རྒྱས་པར་ཐེ་ཚོམ་མེད། །ངོ་བོ་སྐྱེ་མེད་ཆོས་སྐུ་མཁའ་ལྟར་དག །རང་བཞིན་འགགས་མེད་ལོངས་སྐུ་ཉི་ལྟར་གསལ། །ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུའི་ཟེར་མ་སྤྲོ། །སྐུ་གསུམ་འདུ་འབྲལ་མེད་འདི་ཨེ་མ་ཧོ། །མི་རྒན་རྨོངས་པའི་འཆོལ་གཏམ་འདི། །དཔྱོད་ལྡན་རྣམས་ཀྱིས་གཟིགས་ཕྱིར་མིན། །འགལ་བ་མཆིས་ན་བླ་མར་བཤགས། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཞེས་གསུངས་སོ།། །།
རྗེ་བཙུན་དྲན་པའི་གདུང་དབྱངས། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།
རྗེ་བཙུན་དྲན་པའི་གདུང་དབྱངས་བཞུགས་སོ། །ཨ་ཧོ། གང་ཤར་བཟོ་མེད་སྐྱོང་བའི་ཚོགས་དྲུག་གི་ཡུལ་ལ། །རྩོལ་མེད་ལྷུན་གྱིས་གྲུབ་པ་འཇའ་ཟེར་གྱི་ཀློང་ནས། །རྗེ་བཙུན་བླ་མའི་ཞལ་རས་འོད་སྐུ་རུ་འཆར་དུས། །བཟོད་མེད་གདུང་བའི་དབྱངས་ཆུང་ལྷང་ལྷང་དུ་ཤོར་ཐལ། །ཀུན་རྫོབ་སྣང་སངོར་ཡེ་ཤེས་སྒྱུ་མ་ཡི་སྐུ་ཡིས། །དཀོར་རྒན་དྲེད་པོ་ཆོས་མེད་བདག་འདྲ་ལ་དགོངས་ནས། །ཡེ་ཤེས་སྤྱན་གྱིས་གཟིགས་པ་ཨ་ལ་ལ་སྐྱིད་དོ། །དུས་མཐར་སྐྱེས་ཀྱང་གོང་མའི་རྗེས་འཇུག་ཅིག་ཡིན་སྙམ། །
དོན་དམ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལ་བསམ་ན། །འཛིན་རྟོག་སྤྲོས་པ་བྲལ་བ་བརྗོད་མེད་ཀྱི་ཡེ་ཤེས། །འགགས་མེད་ཅིར་ཡང་སྣང་བ་ཆོས་སྐུ་ཡི་རོལ་རྩལ། གསལ་རིག་རྗེན་པ་འདི་ལ་འཕོ་འགྱུར་ནི་མི་འདུག །ཕ་གཅིག་གདུང་བས་འབོད་དོ་རྗེ་བཙུན་ནི་རས་ཆེན། །ཁྱེད་ནི་མཁྱེན་བརྩེ་ནུས་པ་ཀུན་ལྡན་གྱི་བླ་མ། །བདག་སོགས་དུག་ལྔས་མནར་བའི་རྗེས་འཇུག་གི་འབངས་ལ། །རྟོག་མེད་ཐུགས་ཀྱི་ཡེ་ཤེས་ད་ལྟ་རང་སྩོལ་མཛོད། །རྟོག་མེད་བྱ་རྩོལ་བྲལ་བ་སྟོང་ཆེན་གྱི་མཁའ་དབྱིངས། །རྟོག་པའི་སྣང་བ་སྣ་ཚོགས་མོས་གུས་ཀྱི་སྤྲིན་ཆེན། །བརྒྱུད་ལྡན་བླ་མའི་བྱིན་རླབས་འོད་གསལ་གྱི་ཆར་རྒྱུན། །སྲིད་པའི་ཚ་གདུང་ཞི་བའི་དངོས་གྲུབ་ཅིག་ཞུའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མི་བསླུ་བའི་ཆོས་ཅན། །ལས་དང་སྨོན་ལམ་བཟང་པོའི་མཚམས་སྦྱོར་ལ་བརྟེན་ནས། །
དོན་གཉིས་ལྷུན་གྱིས་གྲུབ་པའི་རྩེད་འཇོ་ལ་རོལ་ནས། །ཕྱམ་གཅིག་སངས་རྒྱས་འགྲུབ་པའི་བཀྲ་ཤིས་དེ་ཤོག་ཅིག །ཅེས་པ་འདི་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་རྒྱལ་བའི་མྱུ་གུ་ཕྲིན་ལས་དབང་གི་རྡོ་རྗེ་ཁྲིར་ཕེབས་ཀྱི་མཛད་སྒོ་གྲུབ་ནས་རང་ཡུལ་དུ་ཡོང་སྐབས་རྨ་རྒྱལ་སྤོམ་རིའི་རི་རྒྱུད། སྟོང་མཛོ་རྒན་སྣ་དང་ཉེ་བའི་སྐབས། མདུན་མཁར་འོད་ཀོར་འཇའ་ཟེར་འཕྲོ་བའི་དབུས་སུ་རྗེ་བཙུན་བཞད་པ་རྡོ་རྗེ་སྐུ་མདོག་དཀར་ལ་གཞོན་པའི་ཚུལ་ཅན་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་གདན་ལ་བརྟེན་པ། ཞལ་འཛུམ་བག་དང་ལྡན་པའི་ཐུགས་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས་པ་མངོན་སུམ་ལྟར་མཇལ་བའི་མོད་ལ་དར་ཅིག་བརྗོད་མེད་ཀྱི་ངང་དུ་འབྱམས་པའི་མཐར་བཟོད་མེད་ཀྱི་གདུང་དབྱངས་ལན་མང་བྱས་འཕྲལ་ཤོག་བུའི་ངོས་སུ་ཅུང་ཟད་བྲིས་ཤིང་། དེ་རྗེས་བལ་ཡུལ་དུ་འགྲོ་ཞོར་ལ་ཕྱི་གངས་ཀྱི་ར་བ་མཐོང་བས་ཡིད་སྐྱོ་དུང་ངེ་བའི་ངང་གཉའ་ནང་གྲོད་ཕུག་ཏུ་ཚོགས་འཁོར་བགྱིས་སྐབས་གསོལ་འདེབས་ཤོ་ལོ་ཀ་གཉིས་ཁ་གསབ་བྱས་ནས་སྐྱོ་བྲག་གསལ་བྱེད་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བྲིས་པ་འདིས་ཀྱང་རྗེ་བཙུན་རས་པ་ཆེན་པོའི་
བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །༈ ལྟ་སྒོམ་སྤྱོད་འབྲས་ཀྱི་ཉམས་མགུར་སྐུ་གསུམ་ཀློང་ཡངས་རང་གྲོལ་བཞུགས་སོ། །དཔལ་རྡོ་རྗེ་འཆང་གི་བརྒྱུད་པ་འཛིན། །ཡུམ་ཡེ་ཤེས་ཌཱ་ཀིའི་གསང་མཛོད་བརྙེས། །ཏཻ་ལོ་དང་ནཱ་རོ་མཻ་ཏྲིའི་ཞབས། །མར་མི་དང་དྭགས་པོ་འབའ་རོམ་པ། །ཡབ་སྲས་དང་བཅས་པའི་བཀའ་བརྒྱུད་ལ། །བློ་ཁྱེད་ཤེས་གདུང་བས་སྐྱབས་སུ་བསྙེན། །མཆོག་དགོངས་པའི་བྱིན་ཆེན་མྱུར་དུ་ཕོབ། །རྗེ་བཛྲ་དྷཱ་ར་མི་ཚུལ་ཅན། །བྱམས་སྙིང་རྗེའི་མངའ་བདག་ཛྙཱ་ན་བ། །མགོན་གྲུབ་དབང་རས་པ་ཆེན་པོའི་ཞབས། །དཔལ་འབའ་རོམ་བརྒྱུད་འཛིན་མ་ཏིའི་མཚན། །ཕ་བཀའ་དྲིན་མཚུངས་མེད་རྣམ་གསུམ་ལ། །བུས་བཟོད་མེད་གུས་པས་གསོལ་བ་འདེབས། །བྱམས་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །དོན་རྣམ་ཐར་འཁྱོང་བར་བྱིན་གྱིས་རློབས། །ཐུགས་རྟོགས་པ་འཕོ་བར་བྱིན་
གྱིས་རློབས། །སྒྲུབ་བརྒྱུད་ཀྱི་བྱིན་རླབས་བར་མ་ཆད། །རྩོལ་མེད་ཀྱི་ཡེ་ཤེས་མཁའ་ལྟར་སྙོམ། །རང་རིག་ལ་སྐུ་གསུམ་ལྷུན་གྱིས་གྲུབ། །ཆོས་ཉིད་ཀྱི་རང་ཞལ་མཇལ་ཕྱག་འཚལ། །སྔོན་བསགས་ཀྱི་བསོད་ནམས་མི་དམན་པས། །ལས་བཟང་འཕྲོའི་བག་ཆགས་དུས་སུ་སད། །རྗེ་མཚན་ལྡན་དམ་པའི་ཞབས་ལ་གཏུགས། །ཐུགས་བརྩེ་ཆེན་དགོངས་པས་རྗེས་སུ་བཟུང༌། །རྒྱུད་སོ་བྱང་སྔགས་ཀྱི་སྡོམ་པས་བསྡམས། །སྨིན་གྲོལ་གྱི་ཟབ་ཆོས་སྐལ་དུ་ཕོག །གནད་ཐབས་གྲོལ་མན་ངག་སྨར་ཁྲིད་མཛད། །གཞི་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་གནང༌། །བྱིན་རྒྱུད་ལ་ཕེབས་པའི་གསལ་སྣང་ཐོབ། །ཕ་བཀའ་དྲིན་ཆེའོ་ཆོས་ཀྱི་རྗེ། །ཡང་བཀའ་སློབ་ཞལ་ཏ་བསྩལ་བའི་དོན། །དེང་ཡང་དར་དུས་ཀྱི་དཀྱོགས་མཚམས་འདིར། །བསྟན་དགོན་པ་ཉམས་གསོ་འོས་ཆེ་ཡང༌། །གཙོར་སྒྲུབ་པའི་
སྲོག་མཁར་ཚུགས་པ་གཅེས། །སེམས་གཉུག་མའི་དོན་ལ་གོམས་ཙ་ན། །ཤེས་བྱ་ལ་སློབ་གཉེར་མེད་ཀྱང་རུང༌། །ཞེ་འདོད་ཀྱི་སྤྲོས་པ་ཆོད་ན་ཡིན། །གཞི་སེམས་ཉིད་སྐུ་གསུམ་ལྷུན་གྲུབ་ལ། །སྤང་ཐོབ་ཀྱི་མཚན་མ་དབེན་མོད་ཀྱང༌། །སྣང་རྟོག་གི་ཞེན་འཛིན་དབྱིངས་སུ་སྐྱོལ། །ཡིད་བྱེད་དང་བྲལ་ན་ཕྱག་རྒྱ་ཆེ། །དགོངས་བརྒྱུད་ཀྱི་བྱིན་རླབས་ཞུགས་པའི་ཚེ། །གཅིག་ཤེས་ཀུན་གྲོལ་དུ་འགྱུར་བར་གསུངས། །ཕ་བླ་མའི་ཞལ་གདམས་ཡིད་ལ་བཅགས། །ཆོས་ཐབས་གྲོལ་ཟབ་མོའི་ལྟ་སྒོམ་གནད། །གོ་ཡུལ་དུ་མ་བཞག་རྒྱུད་ལ་སྦྱར། །མྱོང་རྟོགས་ཀྱི་ངེས་ཤེས་ཅུང་ཟད་སྐྱེས། །སེམས་རང་བབ་ཀྱི་ངོ་བོར་ཀློད་པ་ལས། །དམིགས་གཏད་ཀྱི་དྲན་པའི་སོ་ར་ཞིག །སྟོང་གསལ་འཛིན་མེད་ཀྱི་ཏིང་འཛིན་ལ། །མཉམ་རྗེས་ཀྱི་འཛིན་མཚམས་སྟོར་གྱིན་གདའ། །ཐ་མལ་གྱི་ཤེས་པ་བློ་
འདས་ལ། །ལྟ་སྒོམ་སྤྱོད་འབྲས་ཀྱི་གདགས་གཞི་བྲལ། །རྩོལ་མེད་ཀྱི་རིག་སྟོང་རྗེན་པའི་ངང༌། །བསྒོམ་བྱ་བྱེད་ཀྱི་སྤུ་རིས་ཡལ་ནས་འདུག །སྣང་སྒྱུ་མའི་འགྲོ་ལ་སྙིང་ནས་བརྩེ། །རྐྱེན་བཟང་ངན་ཅི་བྱུང་ལམ་དུ་ལྷོང༌། །རྟོག་ཚོགས་ཀུན་ཤར་གྲོལ་དུས་མཉམ་ན། །ཤུགས་འབྱུང་གི་སྤྱོད་པ་ཡིན་ནམ་སྙམ། །ད་འཁྲུལ་སྣང་གི་གཞི་རྩ་སེམས་སུ་ཆོད། །བྱར་མེད་ཀྱི་དོན་ལ་ངེས་ཤེས་རྙེད། །རེ་དོགས་ཀྱི་མཚན་མ་རང་སར་ཞིག །སྒོམ་རྣལ་དུ་འབྱོར་བ་དང་རེ་སྤྲོ། །ཉམས་གུ་ཡངས་དགའ་བའི་སྐྱིད་གླུ་འདི། །རྟེན་དལ་འབྱོར་ཐོབ་པའི་དགོས་དོན་ཡིན། །རྗེ་རྒྱལ་བ་མཉེས་པའི་མཆོད་སྤྲིན་ཡིན། །མ་སེམས་ཅན་ཡོངས་ཀྱི་ཆོས་སྐལ་ཡིན། །དད་སློབ་འབངས་རྣམས་ཀྱི་ཐུགས་གསོས་ཡིན། །བཀའ་བརྒྱུད་ཀྱི་རྣམ་ཐར་ངོ་མཚར་ཆེ། །དོན་བརྒྱུད་པའི་བྱིན་རླབས་ཚན་ཁ་ཆེ། །ཆོས་
ཐབས་གྲོལ་མན་ངག་རྣོ་སོ་ཆེ། །བུ་སློབ་མ་དད་མོས་སྒོམ་བསྲན་ཆེ། །དོན་ཆེ་བཞི་འཛོམས་པའི་རྟེན་འབྱུང་གིས། །རྗེ་བླ་མའི་ཐུགས་དགོངས་རྫོགས་སམ་སྙམ། །རྒྱལ་བསྟན་ལ་སྲི་ཞུ་འགྲུབ་བམ་སྙམ། །སྒྲུབ་བརྒྱུད་ཀྱི་གྲལ་མཐར་ཕྱིན་ནམ་སྙམ། །སླད་ཚེ་མཐའ་སྒྲུབ་པས་སྐྱེལ་བ་འདི། །བཀའ་བརྒྱུད་ཀྱི་རྣམ་ཐར་ཟང་མ་ཡིན། །གནད་སེམས་བསྐྱེད་བསྔོ་སྨོན་མ་འཆུག་ན། །རང་གཞན་གྱི་དོན་གཉིས་མཐར་ཕྱིན་འགྱུར། །ཁྱེད་ལས་སྐལ་ལྡན་པའི་མཆེད་ལྕམ་རྣམས། །ཚེ་ཡུན་ཐུང་ནམ་འཆི་ཆ་མེད་སོམས། །ཆོས་ལོང་ཡོད་དུ་མ་བཤོལ་རྒྱུད་ལ་སྦྱོར། །མ་མཁའ་མཉམ་འགྲོ་ལ་ཕན་དོན་དུ། །བསླབ་སྡོམ་དང་བསྐྱེད་རྫོགས་མྱུར་ལམ་ལ། །ལྷོད་མེད་ཀྱིས་ཉམས་བཞེས་མཐར་འདོན་མཛོད། །གནས་མཐར་གྱི་དོན་ཆེན་འགྲུབ་པར་ངེས། །སྙིང་ལྟར་དུ་གཅེས་པའི་བུ་སློབ་ཀྱི། །དགོངས་
བཞེད་ལྟར་སྒོམ་ཉམས་ཚིག་གསུམ་འདི། །དོན་སྦས་གསང་མེད་པར་སྨྲས་པ་ལ། །མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །དགེ་འདི་མཐུས་འབྲེལ་ཚད་སྨིན་ཅིང་གྲོལ། །མཆོག་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །ཅེས་པའང་ཐུན་མིན་རྡོ་རྗེའི་སློབ་ཚོགས་རྣམས་ལ་སྒྲུབ་བརྒྱུད་སྙིང་པོའི་བཀའ་སྲོལ་ལས་བྱོན་པའི་ཐབས་གྲོལ་གྱི་ཟབ་ཁྲིད་ཅི་ཡང་བགྱིས་པའི་སྐབས་སུ། རིན་ཆེན་གསེར་དངུལ་གྱི་མཎྜལ་དང་སྐུ་གསུང་ཐུགས་རྟེན་བཅས་ནན་བསྐུལ་མཛད་ངོ་མ་ལྡོག་ཙམ་དུ་སྐྱོ་བྲག་གསལ་བྱེད་དགུ་པའི་མཚན་འཛིན་འདུ་གསུམ་པས་ཉམས་ལ་གང་ཤར་ཐོལ་བྱུང་དུ་སྦྱར་བ་ཤིན་ཏུ་དོན་དང་ལྡན་པར་གྱུར་ཅིག། །།
དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་མཆོད་འབུལ་བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན། སྐྱོ་བྲག་དུང་སྤྲུལ་ཤྲཱི་བྷ་དྲ།
༄༅། །དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་མཆོད་འབུལ་བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན་ཞེས་བྱ་བ་བཞུགས་སོ། །
ན་མཿཧེ་རུ་ཀ་ལ་གུས་ཕྱག་འཚལ། འདིར་འབའ་རོམ་པའི་བླ་མ་བརྒྱུད་པ་དང་ཡི་དམ་ཆོས་སྐྱོང་སོགས་ལ་ཚོགས་མཆོད་འབུལ་བར་འདོད་ན། གཞི་གྲུ་བཞིའི་སྟེང་དུ་མཉྫིའི་ཁར་མཎྜལ། གཏོར་མ་དྲིལ་གཟུགས་ལ་ལྷ་ཡི་བཤོས་བུ་བཞི་དང་དམར་གཏོར་བཞི་ཡིས་བསྐོར་ནས། སྨན་རཀ །མཆོད་པ་སྣ་བདུན་དང་། ཌཱ་དྲིལ། ཚོགས་རྫས་རྣམས་འདུ་བྱས་པའི་ངང་ནས། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས། །ཨ་ལས་བྱུང་བའི་བྷནྡྷ་རྒྱ་ཆེའི་ནང་། །ཤ་ལྔ་བདུད་རྩི་ལྔ་དང་ཡི་གེས་མཚན། །རླུང་གཡོས་མེས་བསྐོལ་
ཟག་མེད་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་ནང་མཆོད་རྫས་རྣམས་བྱིན་བརླབ། ལྕོག་རྡོག་དང་ཆངས་བུ་ཐེབ་ཀྱུ་བྲན་ཏེ། བགེགས་ལ་སྦྱིན་ནས་བསྐྲད་པ་ནི། ཡིད་མཐུན་སྣོད་དུ་འབྲུ་གསུམ་ཞུ་བ་ལས། །རང་རང་ཡིད་མཁར་གང་བབས་བདུད་རྩིར་གྱུར། །སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཧཱུྃ། བདག་ཉིད་དཔལ་ཆེན་བགེགས་དང་ལོག་འདྲེན་གཤེད། །སྐུར་གསལ་ཐུགས་འོད་འཕྲོས་པས་འབྱུང་པོའི་ཚོགས། །དབང་དུ་འདུས་ཤིང་འདོད་
ཡོན་མཆོད་སྦྱིན་ལོངས། །བདག་གིས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ཕན་པའི་སྡོང་གྲོགས་གནོད་པའི་སེམས་སྤོངས་ལ། །ཀུན་ལ་ཕན་བདེ་རང་རང་གནས་སུ་དེངས། །གལ་ཏེ་མི་འགྲོ་ལོག་འདྲེན་བགེགས་ཚོགས་རྣམས། །ཆོས་དབྱིངས་ཞི་ལས་ཁྲོ་བོའི་སྐུར་བཞེངས་ནས། །ལུས་ངག་ཡིད་གསུམ་བརླག་པར་གདོན་མི་ཟ། །དེ་བས་གནས་འདིར་མི་འོས་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སོགས་གཏོར་མ་ཕྱིར་ཕུལ། བདག་གི་ཐུགས་ལས་འཕྲོས་པའི་ཧཱུྃ་བཞིའི་སྔགས། །འོད་དང་འོད་ཟེར་བྱུང་བའི་འཁོར་ལོ་དང་། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མེ། །སྲུང་བའི་གུར་ཁང་མི་འཇིགས་བཙན་རྫོང་གྱུར། །བཛྲ་རཀྵ་རཀྵ། ཞེས་སྲུང་འཁོར་བསྒོམ། དེ་ནས་བདག་དང་མདུན་རྟེན་བསྐྱེད་པ་དང་། འགྲོ་ཀུན་དུཿཁ་ལས་སྒྲོལ་ཕྱིར་སྐྱབས་སེམས་ནི། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་
རྣམས་སྤྱན་དྲངས་སྐྱབས་ཡུལ་དུ་གསལ་བར་གྱུར། ན་མོ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྩ་བ་གསུམ། །བདག་དང་འགྲོ་ཀུན་སྐྱབས་ཀྱིས་རྗེས་བཟུང་ནས། །ཐེག་ཆེན་བླ་ན་མེད་པའི་ས་ལ་ཁྲིད། །ཀུན་བཟང་བྱང་ཆུབ་སྒྲུབ་པའི་མཐུ་བསྐྲུན་འདིས། །འགྲོ་རྣམས་སྡུག་བྲལ་བདེ་ལྡན་བྱང་ཆུབ་བར། །མྱུར་དུ་ཞུགས་ནས་སངས་རྒྱས་སར་འགོད་ཤོག །ལན་གསུམ་མམ་གཅིག་གང་འོས་བྱ། སྐྱབས་ཡུལ་རྣམས་རང་ལ་ཐིམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་སྣང་སྲིད་མཚན་འཛིན་བྲལ། །འབྱུང་བཞི་རི་རབ་མཐའ་དབུས་མེད་པའི་སྟེང་། །བྷྲཱུྃ་ལས་དཀྱིལ་འཁོར་གྲུ་བཞི་མཚན་ཉིད་བཀྲ། །པདྨ་ཉི་ཟླ་འཇིགས་དུས་འཁོད་པའི་སྟེང་། །བདག་ཉིད་ཧེ་རུ་ཀ་དཔལ་བཻ་ཌཱུའི་མདོག །ཞལ་གཅིག་སྤྱན་གསུམ་ཐོད་སྐམ་ནོར་བུའི་ཏོག །ཟླ་བ་རྡོ་རྗེ་ཕྱེད་པ་
ཚངས་སྐུད་མཛེས། །ཕྱག་གཉིས་རྡོར་དྲིལ་བསྣོལ་འཛིན་ཤེས་རབ་འཁྱུད། །གཡས་བརྐྱང་གཡོན་བསྐུམ་ཐོད་ཕྲེང་ཞིང་ཀོ་སྟག །ཕྱག་གདུབ་ཞབས་གདུབ་ཀོ་ཏྲ་དར་དཔྱངས་བརྒྱན། །བདེ་སྟོང་དབྱེར་མེད་རྡོ་རྗེ་ཕག་མོ་དམར། །གྲི་གུག་ཐོད་ཁྲག་ཐོད་སྐམ་མེ་ཏོག་ཕྲེང་། །མི་རྟག་བརྡ་ཆོས་སྟོན་པའི་ཆས་རྫོགས་ཤིང་། །ཟུང་འཇུག་བདེ་ཆེན་ཡབ་ལ་དབུ་མ་སྦྱོར། །ཆོས་དབྱིངས་ཡེ་ཤེས་སྐུ་རུ་ལམ་མེར་གསལ། །རང་མདུན་སེང་གེའི་ཁྲི་དང་དར་ཟབ་བཀབ། །པདྨ་ཉི་ཟླ་དཔག་བསམ་ལྗོན་ཤིང་ཚལ། །ལྷུན་གྲུབ་ཞིང་ཁམས་ལྔ་ལྡན་པད་ཉིའི་དབུས། །བདག་གི་ཐུགས་སྲོག་ཧཱུྃ་མཐིང་འཁོད་པ་ལས། །འོད་འཕྲོས་འགྲོ་བའི་སྒྲིབ་སྦྱངས་སངས་རྒྱས་མཆོད། །ཚུར་འདུས་ཡོངས་གྱུར་བཅོམ་ལྡན་བདེ་བ་མཆོག །འཁོར་ལོ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ། །ཡེ་ནས་དག་པ་ཆོས་དབྱིངས་ནམ་
མཁའི་མདོག །ཞི་ཆགས་འཛུམ་བག་ཞལ་གཅིག་སྤྱན་གསུམ་མངའ། །ཐོར་ཚུགས་དར་བཅིངས་ནོར་བུའི་གཙུག་རྒྱན་མངོན། །བསིལ་ཟེར་རྡོར་ཕྱེད་རྒྱ་གྲམ་དབུ་ལ་བཀྲ། །རིགས་ལྔའི་དབང་རྟགས་ཐོད་སྐམ་དྲྭ་བས་བརྒྱན། །སྙན་ལུང་ཕྱག་ཞབས་གདུབ་བུ་ལོངས་སྤྱོད་རྫོགས། །ཐབས་ཤེས་རྡོར་དྲིལ་བདེ་སྟོང་ཟུང་འཇུག་བསྣོལ། །འདུ་བྱེད་དག་པ་ཐོད་རློན་ཞིང་ཀོ་སྟག །དུག་གསུམ་རྣམ་པར་དག་པའི་རྒྱན་གྱིས་བཀླུབས། །དར་དཔྱངས་པཉྩ་ལི་ཀའི་རྒྱན་མཛེས་པ། །ཤེས་རབ་ཕག་མོ་བིལ་བའི་མདོག་ལྡན་ཞིང་། །གྲི་ཐོད་འཛིན་ཅིང་རུས་པའི་འཁོར་ལོ་ཡིས། །རབ་གཟིར་ཐོད་སྐམ་ནོར་བུའི་དབུ་རྒྱན་བཅིངས། །དབུ་སྐྲ་བཅིངས་ལྷག་སྐུ་རྒྱབ་ཐུར་དུ་གྲོལ། །ཐོད་རློན་མེ་ཏོག་ཕྲེང་བ་གདུབ་བུ་བཀྲ། །བདེ་བ་རྒྱས་ཤིང་བཅུ་དྲུག་ན་ཚོད་ཚུལ། །དཀར་འཛིན་རབ་རྒྱས་ཡབ་
ལ་དགྱེས་པར་འཁྲིལ། །ཡབ་ཡུམ་གཉིས་མེད་འཇིགས་དུས་སྟེང་དུ་འགྱིང་། །ཡེ་ཤེས་ལྔ་ཡི་མེ་ཆེན་རབ་ཏུ་འབར། །རྣལ་འབྱོར་མ་བཞི་ཤར་དུ་མཁའ་འགྲོ་སྔོ། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བསྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁ་ཊྭཱཾ་གྲུར་བཅུག་ནས། །པད་ཉི་བམ་རོ་མེ་དཔུང་དབུས་སུ་གསལ། །ལྷོ་རུ་གཟུགས་ཅན་ལྷ་མོ་སྐུ་མདོག་སེར། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བསྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁ་ཊྭཱཾ་གྲུར་བཅུག་ནས། །པད་ཉི་བམ་རོ་མེ་དཔུང་དབུས་སུ་གསལ། །ནུབ་ཏུ་དུམ་སྐྱེས་ལྷ་མོ་སྐུ་མདོག་དམར། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བསྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁ་ཊྭཱཾ་གྲུར་བཅུག་ནས། །པད་ཉི་བམ་
རོ་མེ་དཔུང་དབུས་སུ་གསལ། །བྱང་དུ་ལ་མ་མཁའ་འགྲོ་སྐུ་མདོག་ལྗང་། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བསྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁ་ཊྭཱཾ་གྲུར་བཅུག་ནས། །པད་ཉི་བམ་རོ་མེ་དཔུང་དབུས་སུ་གསལ། །མཚམས་བཞིར་བདུད་རྩིས་གང་བའི་ཐོད་བུམ་བཞི། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཀྱིས་བསྐོར་གསལ། །ཧེ་རུ་ཀ་ཡི་མདུན་ཕྱོགས་སྟེང་གི་ཆར། །འཁོར་འདས་སྤྱི་དཔལ་རྡོ་རྗེ་འཆང་ཆེན་ནི། །སྐུ་མདོག་སྔོ་སང་ལོངས་སྤྱོད་རྫོགས་སྐུའི་ཆས། །རྡོར་དྲིལ་བསྣོལ་འཛིན་འོད་ཀློང་སྐྱིལ་ཀྲུང་བཞུགས། །སྤྱན་གསུམ་འགྲོ་ཀུན་བདག་ལ་རྗེས་བརྩེས་གཟིགས། །ས་བཅུ་ལམ་ལྔ་སྐུ་གསུམ་མངོན་གྱུར་པའི། །ཏཻ་ལོ་ནཱ་རོ་མར་པ་མི་ལ་རྗེ། །གྲུབ་ཐོབ་རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན། །ཤིན་ཏུ་ངོ་མཚར་བརྟུལ་ཞུགས་སྐུ་
རྣམས་གསལ། །བསྟན་པའི་གཞི་མ་མཉམ་མེད་དྭགས་པོ་ནི། །དགེ་སློང་ཆ་ལུགས་ཆོས་གོས་གསུམ་གྱིས་བཀླུབས། །དབུ་ཞྭ་དྭགས་ཞུ་ཕྱག་གཉིས་ཆོས་འཁོར་སྟབས། །སྐྱིལ་ཀྲུང་སྟབས་ཀྱིས་ཆོས་ཀྱི་དབྱིངས་སུ་གཟིགས། །འཛམ་གླིང་རྒྱན་གཅིག་དར་མ་དབང་ཕྱུག་ནི། །སྐུ་མདོག་དཀར་ལ་དམར་བ་རབ་བྱུང་ཆས། །བེར་ཟླུམ་ཞྭ་ཁྲ་གསོལ་ཞིང་ཐུགས་ཀར་ནི། །ཆོས་འཁོར་ཕྱག་རྒྱ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཏི་ཤྲི་རས་པ་དཀར་གསལ་རབ་བྱུང་ཆས། །པཎ་ཞུ་ཆོས་འཁོར་ཕྱག་རྒྱ་ཕྱེད་སྐྱིལ་བཞུགས། །རས་དཀར་རབ་བྱུང་ཆས་རྫོགས་པཎ་ཞུ་ལེབ། །ཕྱག་གཉིས་མཉམ་བཞག་སྐྱིལ་ཀྲུང་སྟབས་ཀྱིས་བཞུགས། །ལུས་མེད་རྡོ་རྗེ་དཀར་གསལ་རབ་བྱུང་ཆས། །ཞྭ་ཁྲ་གླེགས་བམ་འབྱེད་ཚུལ་སྐྱིལ་ཀྲུང་བཞུགས། །བྱང་ཆུབ་གཞོན་ནུ་སྔོ་སང་རབ་བྱུང་ཆས། །སྐྱབས་སྦྱིན་
ཐུགས་ཀར་ཞྭ་ཁྲ་སྐྱིལ་མོ་ཀྲུང་། །བློ་གྲོས་རྡོ་རྗེ་དམར་གསལ་རབ་བྱུང་ཆས། །ས་གནོན་ཞྭ་ཁྲ་སྐྱིལ་ཀྲུང་སྟབས་ཀྱིས་བཞུགས། །བརྩོན་འགྲུས་དཔལ་བ་རབ་བྱུང་ཆས་རྣམས་རྫོགས། །ས་གནོན་པཎ་ཞུ་སྐྱིལ་མོ་ཀྲུང་གིས་བཞུགས། །གྲགས་པ་རྒྱལ་མཚན་དཀར་ལ་ཆོས་གོས་གསུམ། །སྐྱབས་སྦྱིན་མཆོད་ཚུལ་ཞྭ་ཁྲ་སྐྱིལ་ཀྲུང་བཞུགས། །ས་ར་ཧ་སྤྲུལ་ཆོས་རྗེ་སྐུ་མདོག་སྨུག །རབ་བྱུང་ཆས་རྫོགས་མཉམ་བཞག་ཚེ་བུམ་འཛིན། །ཞྭ་ཁྲ་གསོལ་ཞིང་སྐྱིལ་མོ་ཀྲུང་གིས་བཞུགས། །རིན་ཆེན་བཟང་པོ་དཀར་གསལ་རབ་བྱུང་ཆས། །མཉམ་བཞག་ཞྭ་ཁྲ་སྐྱིལ་མོ་ཀྲུང་གིས་བཞུགས། །བསོད་ནམས་དབང་ཕྱུག་དམར་སྨུག་རབ་བྱུང་ཆས། །ཞྭ་ཁྲ་ཆོས་འཁོར་ཕྱག་རྒྱ་སྐྱིལ་མོ་ཀྲུང་། །མངྒ་ཤྭ་ར་དཀར་གསལ་རབ་བྱུང་ཆས། །ས་གནོན་མཉམ་བཞག་པོ་ཏི་ཞྭ་ཁྲ་སྐྱིལ། །དྷརྨ་རསྨི་
རབ་བྱུང་སྐྱབས་སྦྱིན་དཀར། །གཡོན་པས་མཉམ་བཞག་ཞྭ་ཁྲ་སྐྱིལ་ཀྲུང་བཞུགས། །ཀུན་དགའ་སྙིང་པོ་དཀར་ལ་ཆོས་འཁོར་ཕྱག །རབ་བྱུང་བཞིན་རས་ཞྭ་ཁྲ་སྐྱིལ་མོ་ཀྲུང་། །ཀུན་དགའ་རྒྱ་མཚོ་དཀར་འཛུམ་སྐྱབས་སྦྱིན་མཆོད། །ཆོས་གོས་གསུམ་དང་ཞྭ་ཁྲ་རྡོར་སྐྱིལ་བཞུགས། །ཤཱ་ས་བྷ་དྲ་དཀར་སེར་མཆོད་ཚུལ་ཉམས། །ཞྭ་ཁྲ་ཆོས་གོས་རྣམ་གསུམ་སྐྱིལ་མོ་ཀྲུང་། །ཀརྨ་ཛྙཱ་ན་དམར་སྨུག་ཆོས་གོས་བེར། །ཞྭ་ཁྲ་རོལ་སྟབས་ཟིལ་གནོན་རྡོ་རྗེ་ཕུར། །དོན་དམ་སྙིང་པོ་མཉམ་བཞག་རབ་བྱུང་ཆས། །དབུ་ལ་ཞྭ་ཁྲ་སྐྱིལ་མོ་ཀྲུང་གིས་བཞུགས། །རས་པ་ཆེན་པོ་དམར་ལ་བཞིན་རས་སྣུམ། །མཉམ་བཞག་རབ་བྱུང་སྐྱིལ་མོ་ཀྲུང་གིས་བཞུགས། །དགེ་བའི་བཤེས་གཉེན་རབ་བྱུང་ཆོས་འཁོར་ཕྱག །དཀར་གསལ་ཞྭ་ཁྲ་སྐྱིལ་ཀྲུང་ཕྱེད་པའི་སྟབས། །ཤཱ་སའི་གདུང་འཛིན་ཧ་ཡའི་སྤྲུལ་པ་
དང་། །ནམ་མཁའི་སྙིང་སྤྲུལ་གོས་སྔོན་བརྒྱུད་པར་བཅས། །རབ་བྱུང་ཆས་དང་ཞྭ་ཁྲ་སྐྱིལ་མོ་ཀྲུང་། །འོད་དང་འོད་ཟེར་ཚུལ་ཁྲིམས་དྲི་ཡིས་ཁྱབ། །བརྒྱུད་པ་གསུམ་ལྡན་རྩ་བརྒྱུད་བླ་མ་ནི། །ལྷ་ཚོགས་སྤྲིན་འཁྲིགས་ལྟ་བུས་བསྐོར་ཞིང་བཞུགས། །མདུན་དུ་ཧཱུྃ་ལས་དཔལ་མགོན་ཕྱག་བཞི་མཐིང་། །སྤྱན་བསྒྲད་ཞལ་གདང་རལ་གྲི་གྲི་ཐོད་རྩེ། །དབུ་སྐྲ་གྱེན་འབར་རུས་ཕྲེང་སྦྲུལ་གྱིས་བརྒྱན། །ཡེ་ཤེས་གྷ་རུ་དབུ་ཡི་རྒྱན་དུ་མཛེས། །ཞིང་ཀོ་སྟག་ཤམ་ཐོད་སྐམ་སྙན་ལུང་བརྒྱན། །མགོ་ཕྲེང་དར་དཔྱངས་པད་ཉི་རོ་ཕྱེད་སྐྱིལ། །ཡེ་ཤེས་མེ་འབར་འཁོར་དང་བཅས་པ་གསལ། །ཧཱུྃ་བྷྱོ་ཏྲི་ལས་ཞིང་སྐྱོང་སྡེ་འཁོར་གསལ། །མ་ཧཱ་ཀཱ་ལ་གུར་གྱི་མགོན་པོ་དང་། །དུད་སོལ་ལྷ་མོ་མགོན་པོའི་ཚོགས་བཅས་གསལ། །གནོད་སྦྱིན་རྣམ་སྲས་རྟ་ལྷ་སྐྱ་བརྒྱད་དང་། །གཟའ་བརྒྱད་དམ་ཅན་བཙན་
རྒོད་དགེ་བསྙེན་ཚོགས། །ཐང་ལྷ་བརྒྱ་བྱིན་དམག་རྒྱལ་ཚེ་རིང་དང་། །ངས་ནུས་ལྷ་མོ་ཆོས་སྐྱོང་རྒྱ་མཚོའི་ཚོགས། །ཀུན་ཀྱང་རང་རང་སྡེ་འཁོར་མ་ལུས་པ། །དགྱེས་པའི་འཛུམ་དང་རྔམ་པའི་གཟི་བརྗིད་ལྡན། །ཡེ་ཤེས་མེ་དཔུང་དབུས་སུ་ཁྲ་ལྟེམས་གསལ། །དེ་དག་རྣམས་ཀྱི་གནས་གསུམ་འབྲུ་གསུམ་དང་། །བདག་གི་ཐུགས་འོད་ཀྱིས་བསྐུལ་རང་བཞིན་ནས། །ཐམས་ཅད་སྤྲིན་འཁྲིགས་ལྟ་བུར་གནས་འདིར་བྱོན། །ན་མོ་གུ་རུ་ཤྲཱི་ཙཀྲ་སཾ་བྷ་ར་མ་ཧཱ་ཀཱ་ལ་སརྦ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་སྤོས་དུད་དང་ཐོད་རྔ་རོལ་ཆས་ལྡིར། ན་མོ་གུ་རུ། རྗེ་ཐམས་མཁྱེན་གཟིགས་དྲིན་ཅན་རྡོ་རྗེ་འཆང་། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མའི་ཚོགས། །བདག་སོགས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །རང་བཞིན་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ཤིག །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་ཆེན་གཡེར་ཁ་
དྲིལ་བུ་སི་ལི་ལི། །འགགས་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་དང་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །གྲུབ་ཐོབ་རྣལ་འབྱོར་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་ལྷ་རྗེ་སོགས། །བཀའ་བརྒྱུད་རིག་འཛིན་བླ་མ་ཐམས་ཅད་རྣམས། །བྱིན་རླབས་ཐུགས་རྗེའི་སྤྲིན་ཆེན་ཐིབས་སེ་ཐིབ། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུ་སྐྱོད་ཅིག །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་ཆེན་གཡེར་ཁ་དྲིལ་བུ་སི་ལི་ལི། །འགགས་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་གྱི་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །དབེན་པའི་གནས་དང་གདན་ས་སོ་སོ་ནས། །འགྲོ་མགོན་དར་མ་དབང་ཕྱུག་ནས་བཟུང་སྟེ། །ད་ལྟ་ཡན་གྱི་གྲུབ་བརྙེས་ཐམས་ཅད་ཀྱི། །བཀའ་
བརྒྱུད་བླ་མ་གྲུབ་ཐོབ་ཐམས་ཅད་ཀྱང་། །བྱིན་རླབས་ཐུགས་རྗེའི་ཚན་ཁ་མ་གུད་པའི། དྲིན་ཅན་མཆོག་རྣམས་ཐུགས་རྗེ་མ་ཆུང་ཞིག །དགྱེས་ཤིང་བརྩེ་བས་བདག་སོགས་དོན་སླད་དུ། །ཐམས་ཅད་ཀུན་གྱི་རྒྱན་ཆ་མཛེས་སེ་མཛེས། །བྱིན་རླབས་ཐུགས་རྗེའི་ཆུ་འཛིན་ཐིབས་སེ་ཐིབ། །རུས་ཆེན་གཡེར་ཁ་དྲིལ་བུ་སི་ལི་ལི། །འགགས་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་དང་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བཅོམ་ལྡན་རིགས་ཀུན་བདག་པོ་ཧེ་རུ་ཀ །ལྷན་སྐྱེས་དྲྭ་བ་སྡོམ་པ་བདེ་བའི་མཆོག །ས་འོག་ས་སྟེང་མཁའ་སྤྱོད་འཁོར་ལོ་གསུམ། །ཡུལ་ཆེན་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས། །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་ཆེན་གཡེར་ཁ་དྲིལ་བུ་སི་ལི་
ལི། །འགགས་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་དང་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །དུར་ཁྲོད་བརྒྱད་དང་མེ་རི་འབར་བ་ནས། །དཔལ་ལྡན་ཕྱག་བཞི་ལྕམ་དྲལ་འཁོར་དང་བཅས། །ཕོ་རྒྱུད་མོ་རྒྱུད་ཆོས་སྐྱོང་དམ་ཅན་སྡེ། །ཡེ་ཤེས་ལས་དང་འཇིག་རྟེན་མགྲོན་རྣམས་ཀུན། །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་ཆེན་གཡེར་ཁ་དྲིལ་བུ་སི་ལི་ལི། །འགགས་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་དང་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཉམས་རྟོགས་ཡེ་ཤེས་མ་ནོར་ལྷུན་གྲུབ་གཤིས། །ཚེ་གཅིག་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །འཇའ་ལུས་འོད་སྐུར་འཆར་བར་བྱིན་གྱིས་རློབས། །ཆོས་སྐུ་མངོན་གྱུར་ལྷ་མཆོག་ཁྱེད་རྣམས་ལ། །བྱིན་རླབས་
ནུས་མཐུ་མཉམ་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །འགྲོ་དྲུག་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །འདིར་བཤམས་ཡིད་སྤྲུལ་རབ་འབྱམས་པད་ཟླའི་གདན། །བཞུགས་ཤིང་བདག་སོགས་འགྲོ་བའི་དོན་དུ་ནི། །མྱ་ངན་མི་འདའ་ཆོས་འཁོར་རབ་འགྱེད་ནས། །ཇི་སྲིད་སངས་རྒྱས་ས་ལ་མ་འཁོད་བར། །ཁྱེད་ཀྱི་ཐུགས་རྗེས་མ་གཏང་འཛིན་དུ་གསོལ། །བསྐལ་བརྒྱར་རྡོ་རྗེའི་ཁྲི་ལ་བཞུགས་སུ་གསོལ། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །འགྲོ་ཀུན་བདག་གིས་མ་ཤེས་བག་མེད་ཀྱིས། །ལུས་ངག་ཡིད་གསུམ་ཐ་མལ་ཤོར་བ་དང་། །སྡིག་པའི་ལས་བསྒྲུབས་དགེ་བཅུ་རིང་དུ་བོར། །ལེ་ལོ་བག་མེད་འཁྲུལ་པའི་ཉེས་ཚོགས་རྣམས། །རབ་ཏུ་འགྱོད་ཅིང་སྤྱན་སྔར་བཤགས་པར་བགྱི། །འདི་དང་ཕྱི་མར་མི་སྒྲིབ་རབ་དག་ནས། །འབྲས་བུ་སངས་
རྒྱས་ཐོབ་པར་མཛད་དུ་གསོལ། །པདྨ་ཀཱ་མ་ལ་ཡ་སྟྭཾ། གདན་འབུལ་ཕྱག་འཚལ་བཤགས་པ་བྱས་མཐར་མཎྜལ་གང་རིགས་བྱས། ཨོཾ་བཛྲ་ཨརྒྷཾ་སོགས། ཤབྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ཞིང་། །དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །སྐུ་གང་སྒྲིབ་དག་ཡར་ལུད་མི་བསྐྱོད་བརྒྱན། །རྡོ་རྗེའི་ལྷ་མོས་གླུ་དང་མེ་ཏོག་འཐོར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། མཎྜལ། མཆོད་པ་འབུལ་བ་ནི། ༀ། འབྲུ་བཅུད་དྭངས་མའི་མཆོད་ཡོན་རྒྱ་མཚོར་འཁྱིལ། །ཞབས་བསིལ་གང་གཱའི་ལྷ་མོའི་ཁྲུས་ཆབ་དང་། །མཛེས་པའི་སྙིང་པོ་བསྡུས་པའི་པད་ཚལ་རྒྱས། །དྲི་ཞིམ་མ་ལ་ཡ་ཡི་རླུང་རྒྱུན་དང་། །ཚ་ཟེར་སྙིང་པོ་བསྡུས་པའི་ཞུན་མར་མེ། །དྲི་བཟང་སྦྱར་བའི་དྲི་ཆབ་དམ་
པ་དང་། །རོ་བརྒྱ་ལྡན་པའི་ལྷ་ཡི་ཟས་མཆོག་བཤོས། །སྙན་པའི་རོལ་མོ་དཔག་མེད་དང་ལྡན་འདི། །ཁྱབ་བདག་རྡོ་རྗེ་འཆང་ཆེན་བརྒྱུད་པར་བཅས། །བཀའ་བརྒྱུད་གྲུབ་ཐོབ་རིག་འཛིན་བླ་མ་དང་། །དཔལ་ཆེན་འཁོར་ལོ་སྡོམ་པའི་ལྷ་ཚོགས་དང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལྷ་ཚོགས་ལ། །ཀུན་བཟང་མཆོད་སྤྲིན་དཔག་ཡས་རྣམ་པ་འདི། །རབ་འབྱམས་ཞིང་ཀུན་རབ་འགེངས་འབུལ་ནས་ནི། །དགྱེས་བཞེས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་ཤབྟའི་བར་བརྗོད། རོལ་མོ་དཀྲོལ། ཧཱུྃ་ཧྲཱིཿ རབ་ཏུ་མཛེས་པ་མཆོད་པའི་ལྷ་མོའི་ཚོགས། །དཀར་སྔོ་དམར་སེར་ལྗང་གུའི་ཚོགས་རྣམས་ཀྱིས། །སྣང་བ་སྣ་ཚོགས་རབ་ཏུ་གང་གྱུར་ནས། །གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་དང་། །རིགས་ལྔས་བྱིན་རླབས་ཤ་ལྔ་བདུད་རྩི་ལྔ། །དུག་ལྔ་རང་གྲོལ་མཁའ་གསང་
རཀྟ་དང་། །མཆོད་རྫས་སྣ་ཚོགས་ཐོགས་ནས་མཆོད་པར་བགྱི། །ༀ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཉྩ་ཨ་མྲྀ་ཏ་རཀྟ་པཱུ་ཛི་ཏི་ཨཱཿཧཱུྃ། ཞེས་བདུད་རྩི་སྨན་མཆོད་ཕུལ་ལ། ༀ་ཨཱཿཧཱུྃ། ཡང་དག་རྡོར་འཆང་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་དར་མ་དབང་། །ཏི་ཤྲི་རས་པ་པྲཉྫཱ་བོ་དྷི་དང་། །བོ་དྷི་ཤྲཱི་བོ་དྷི་ཀུ་མ་ར། །མ་ཏི་བཛྲ་བིརྱ་ཤྲཱི་དང་། །ཀེ་རུ་ཀིརྟི་པུཎྱེ་རཏྣ་བཟང་། །པུཎྱེ་ཤྭ་ར་དྷརྨ་རསྨི་དང་། །ཨ་ནན་གརྦྷ་ཨ་ནན་ས་མུ་དྲ། །ཤཱ་ས་བྷ་དྲ་ཛྙཱ་ན་གུ་རུའི་ཚོགས། །ཤྲཱི་ཧེ་རུ་བཛྲ་བཻ་རོ་ཙ། །ཌཱ་ཀི་ལ་མ་ཁཎྜ་རུ་པི་ཎི། །ཙཀྲ་གསུམ་གྱི་དཔའ་བོ་དཔའ་མོ་དང་། །མ་ཧཱ་ཀཱ་ལ་ཤྲཱི་དེ་ཝཱི་ལི། །ཧཱུྃ་བྷྱོ་ཏྲི་ཧཱུྃ་བཻ་རོ་ཏྲི་ཧྲཱིཿཕུཿ ཧཱུྃ་མ་ༀ་ཧ་རི་ནི་ས་བྷྱོ་ཨ། །ལྷ་ཚོགས་རྣམས་ལ་སྨན་མཆོད་ཨ་མྲྀ་ཏ། །འབུལ་ལོ་བཞེས་ཤིག་མཆོག་ཐུན་དངོས་གྲུབ་རྣམས། །ཚེ་གཅིག་ལུས་འདིར་སྨིན་པར་མཛད་དུ་གསོལ། །ༀ་
ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ༀ་ཨཱཿཧཱུྃ། རིག་མ་གསང་མཆོད་འབུལ་བ་ནི། ཧཱུྃ། ཆོས་དབྱིངས་ལྷ་མོ་དཀར་མོ་ཡིད་འོང་མ། །དམར་མོ་དབྱིབས་ལེགས་སེར་མོ་འཛུམ་བག་ཅན། །ལྗང་མོ་གཉེན་ལྕུགས་བདེ་བའི་རོལ་གར་རྩེ། །ཟུང་འཇུག་བདེ་སྟོང་ཤེས་རབ་གསང་མཆོད་འབུལ། །ཨེ་ཝྃ་དབྱེར་མེད་དགའ་བཞིའི་ཡེ་ཤེས་མྱོང་། །ཆོས་ཉིད་རྣམ་དག་ཀློང་དུ་ཨེ་མ་ཧོ། །ཞེས་མཆོད། བསྟོད་པ་ནི། ཧྲཱིཿ བྱིན་རླབས་དངོས་གྲུབ་འབྱུང་བའི་ཆོས་དབྱིངས་ན། །བཞུགས་མཛད་དྲིན་ཅན་རྡོ་རྗེ་འཆང་ཆེན་ལ། །བཀའ་བརྒྱུད་རིག་འཛིན་གྲུབ་ཐོབ་སྤྲིན་ལྟར་གཏིབས། །བརྒྱུད་པ་བྱིན་རླབས་མཛད་པ་ཁྱེད་རྣམས་བསྟོད། །མཁའ་སྤྱོད་གསང་བ་གསུམ་གྱི་དཀྱིལ་འཁོར་ནས། །འཁོར་ལོ་བདེ་མཆོག་ཡེ་ཤེས་ལྷ་ཡི་ལྷ། །ཉི་ཤུ་རྩ་བཞི་དུར་ཁྲོད་བརྒྱད་དུ་གནས། །དཔའ་བོ་དཔའ་མོ་མཁའ་འགྲོ་གིང་ལ་བསྟོད། །རང་བཞིན་
རྣམ་དག་ཁྲག་མཚོ་འབར་བ་ལ། །གནས་མཛད་མ་ཧཱ་ཀཱ་ལ་ལྕམ་དྲལ་ཏེ། །བསྟན་སྲུང་ཆོས་སྐྱོང་རྣམས་ལ་གུས་པས་བསྟོད། །སངས་རྒྱས་བཀའ་ཡི་སྲུང་མ་མངོན་ཤེས་ལྡན། །བསྟན་འཛིན་བུ་བཞིན་སྐྱོང་བའི་དྲག་རྩལ་ཅན། །ཞིང་སྐྱོང་གནོད་སྦྱིན་གཟའ་ཐེལ་བཙན་ཀླུ་ལྷ། །མ་མོ་སྨན་མོ་དཀོར་སྲུང་རྒྱ་མཚོར་བསྟོད། །ཁྱེད་རྣམས་རབ་བསྟོད་ལས་བཞིའི་ཕྲིན་ལས་མཛོད། །ཅེས་དང་། བསྙེན་དམིགས་ནི། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་པད་ཟླའི་དབུས་སུ་ཧཱུྃ་མཐིང་ནག །བདེ་མཆོག་གི་ཐུགས་སྲོག་ཧཱུྃ་ལ་ཡི་གེ་འབྲུ་བདུན་གྱིས་བསྐོར་བར་དམིགས་ལ། ཨོཾ་ཨཱཿཧཱུྃ། ཞེས་སྤྱི་དྲིལ་གྱི་སྔགས་ཅི་འགྲུབ། རང་གི་ཐུགས་ཀ་ནས་འོད་འཕྲོས་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཐུགས་ཀར་ཕོག །ཐུགས་འོད་བསྐུལ་ནས་འགྲོ་བའི་སྡིག་སྒྲིབ་སྦྱངས། ཡེ་ཤེས་ལྷ་ཡི་སྐུ་རུ་བསྒྱུར། འོད་ཟེར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་འཕྲོས། མཆོད་སྤྲིན་རྒྱ་མཚོས་མཆོད། སྐུ་གསུང་
ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ལྔའི་རྣམ་པར་བྱོན་ནས་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་སྐུ་ལ་ཐིམ་པས་གཟི་བརྗིད་རབ་ཏུ་འབར། བདག་གི་འོད་ཟེར་གྱིས་བསྐུལ་མ་ཐག་ཏུ་ཐུགས་བརྩེ་བ་ཆེན་པོས་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་བདག་གི་གནས་གསུམ་དུ་ཐིམ་པར་དམིགས་ལ་འབྲུ་གསུམ་བཟླ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྔགས་བཟླས་པས་མདུན་བསྐྱེད་ཀྱི་ཐུགས་སྲོག་ཡིག་བདུན་ལས་འོད་ཟེར་གཡོན་དུ་འཁོར་བར་བསམ་ལ་ཅི་འགྲུབ་བཟླ། ཡི་གེ་འབྲུ་བདུན་འཁོར། ཡི་གེ་སྦྲུལ་ལང་བ་ལྟ་བུས་ཡབ་ཞལ་ནས་ཡུམ་ཞལ་བརྒྱུད་ཐུགས་ཀར་ཐིམ། ཡང་ཡབ་ཀྱི་གསང་བ་ནས་ཐོན། ཡུམ་གྱི་པདྨར་བརྒྱུད། ཐུགས་ཀར་ཐིམ། ཡབ་ཀྱི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། སའི་འོག་ཏུ་སོང་ས་འོག་གི་སྡིག་སྒྲིབ་སྦྱངས། སྐུ་ཡི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དགྱེས་པ་བསྐྱེད། ཚུར་འདུས་ཨོཾ་ལ་ཐིམ། སྐུ་ཡི་འཁོར་ལོ་གྲུབ། གསུང་ཨཱཿས་སྤྱོད། ཐུགས་ཧཱུྃ་མཁའ་སྤྱོད་ཐུགས་སོགས་རིགས་འགྲེ། མཆན། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ས་སྟེང་དུ་སོང་ས་སྤྱོད་ཀྱི་སྡིག་སྒྲིབ་སྦྱངས། གསུང་གི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དགྱེས་པ་བསྐྱེད། ཚུར་འདུས་ཨཱཿལ་ཐིམ། གསུང་གི་འཁོར་ལོ་གྲུབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ས་བླར་སོང་མཁའ་སྤྱོད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དགྱེས་པ་བསྐྱེད། ཚུར་འདུས་ཧཱུྃ་ལ་ཐིམ། ཐུགས་ཀྱི་འཁོར་ལོ་གྲུབ། དེ་
མཐར་བདག་གི་འོད་ཀྱིས་མདུན་བསྐྱེད་བསྐུལ། སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒྲིབ་པ་དག །ཕྱག་རྒྱ་ཆེན་པོའི་ངང་དུ་གནས་བཞིན་ཅི་ནུས་བཟླས། ཨོཾ་བཛྲ་ཀ་ཝུ་ཝ་སོགས་ནས། ཤྲཱི་ཡ་དཱེ་ཝི་སོགས། མགོན་པོ་དང་ལྷ་མོའི་ཐུགས་སྲོག་ཧཱུྃ་བྷྱོ་ལ་སྔགས་ཕྲེང་གཡོན་དུ་འཁོར། བདག་མདུན་གཉིས་ཀྱི་ཐུགས་འོད་ཀྱིས་འཇིག་རྟེན་གྱི་ཁམས་གང་། བསྟན་དགྲ་བསྒྲལ། སངས་རྒྱས་མཆོད། ལས་བཞིའི་ཕྲིན་ལས་སྒྲུབ། སྟོང་གསུམ་གྱི་སངས་རྒྱས་ཀྱི་ཐུགས་འོད། ལྷ་ཀླུ་མི་དང་མི་མིན་སྡེ་བརྒྱད་ཀྱི་དཔལ་བཀྲག་གཟི་བརྗིད་ཐམས་ཅད་འདུས་ནས་བདག་མདུན་གཉིས་ལ་ཐིམ་པར་དམིགས་ལ་བཟླས། དེ་ནས་མཆོད་པའི་རྫས་ཚོགས་ཚད་བསགས་ལ། ན་མོ་བཛྲ་གུ་རུ་ཡེ། རྗེ་སུམ་ལྡན་གྱི་བླ་མ་རིན་པོ་ཆེ། །ཁྱེད་ཡེ་ཤེས་སྤྱན་གྱིས་ཁྱབ་གཟིགས་པ། །རྗེས་འཇུག་གི་བུ་སློབ་སྐལ་ལྡན་གྱིས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །མོས་པའི་བུ་ལ་བྱིན་གྱིས་རློབས། །བྱིན་རླབས་ཀྱི་སྦྲང་ཆར་སི་ལི་ལི། །དངོས་གྲུབ་ཀྱི་ན་བུན་
ཐིབས་སེ་ཐིབ། །སེམས་ཉིད་ཀྱི་སྤྲོས་བྲལ་ཕྱ་ལ་ལ། །སྒོམ་མེད་ཀྱི་ངོ་བོ་སིབས་སེ་སིབ། །མོས་གུས་ཀྱི་རྒྱ་མཚོ་ཀྱི་ལི་ལི། །འོད་གསལ་གྱི་ཁོར་ཡུག་ཏ་ལ་ལ། །ཚེ་དཔལ་གྱི་ནད་མེད་ཡ་ལ་ལ། །རང་བཞིན་གྱི་སྡིག་སྒྲིབ་སྦྱངས་སེ་སྦྱང་། །ཐིག་ཆེན་གྱི་ཆོས་སྒྲ་ཁྲ་ལ་ལ། །ཞལ་མཇལ་གྱི་ཉི་འོད་འཚེར་རེ་རེ། །ཚངས་དབྱངས་ཀྱི་འབྲུག་སྒྲ་ལྡི་རི་རི། །ཚུལ་ཁྲིམས་ཀྱི་དྲི་ངད་ཆི་ལི་ལི། །སུམ་ལྡན་གྱི་ཡོན་ཏན་ཅི་མཆིས་ཀུན། །བདག་གཞན་གྱི་འགྲོ་དྲུག་སེམས་ཅན་ལ། །སྩོལ་བར་མཛད་ལ་གསོལ་བ་འདེབས། །སྙིང་རྗེ་ཡིས་འགྲོ་བ་ཀུན་ལ་གཟིགས། །ཐུགས་རྗེ་ཡིས་བདག་གཞན་འགྲོ་རྣམས་དྲོངས། །དབང་མེད་ཀྱིས་ཕ་རོལ་འགྲོ་བའི་དུས། །སྐྱབས་མེད་ཀྱི་གཅིག་པུར་འཁྱམས་པའི་དུས། །གོས་མེད་ཀྱི་གཅེར་བུར་བུད་པའི་ཚེ། །ཟས་མེད་ཀྱི་དྲི་གསུར་ཉུག་པའི་ཚེ། །གང་འགྲོ་བར་མི་ཤེས་བར་དོར་
འཁྱམས། །དུས་ད་ལྟ་སྨོན་ལམ་བཏབ་པ་འདི། །རྗེ་རྩ་བ་གསུམ་དང་དཀོན་མཆོག་གསུམ། །ཆོས་ངེས་པའི་ཚིག་འདི་བདེན་པའི་མཐུས། །དུས་དེ་སྐབས་བསླུ་མེད་བདེ་ཆེན་གྱི། །ཞིང་དག་པའི་བཀོད་པ་བསམ་མི་ལང་། །སེམས་གར་འགྲོ་ཆ་མེད་ལམ་སྣ་དྲོངས། །བདག་གཞན་རྣམས་ཚོམ་བུ་གཅིག་འགྲོགས་ནས། །བྱ་རྒོད་པོས་ནམ་འཕང་བསྐྱོད་པ་ལྟར། །སེམས་འཁྲི་བ་ཆོད་ནས་སངས་རྒྱས་ཐོབ། །ཞིང་མེ་ཏོག་པདྨ་བྱེ་ནས་ཀྱང་། །བདག་སངས་རྒྱས་ཐོབ་ནས་སེམས་ཅན་འདྲེན། །ཆོས་འདི་ཉིད་བདེན་པས་འགྲུབ་གྱུར་ཅིག །ཅེས་དབྱངས་གསལ་ཡིག་བརྒྱ་བརྗོད། ཚོགས་ཆང་གིས་བྲན་ལ་བྱིན་གྱིས་བརླབ། ཨོཾ། ཀེཾ་གསུམ་ཐོད་སྒྱེད་སྟེང་དུ་ཡི་གེ་ཨ། །བྱུང་བའི་བྷནྡྷ་སྟོང་གསུམ་རྒྱ་ཆེའི་ནང་། །ཚོགས་རྫས་རྣམ་ཀུན་ཨོཾ་ཨཱཿཧཱུྃ་གིས་མཚན། །ཐུགས་འོད་ཀྱིས་བསྐུལ་རླུང་གཡོས་མེ་སྦར་ནས། །
འབྲུ་གསུམ་འོད་ཞུ་ཤ་ལྔ་བདུད་རྩི་ལྔ། །ཁོལ་ཞིང་འདོད་ཡོན་བདུད་རྩིའི་རང་བཞིན་གྱུར། །ཨོཾ་ཨཱཿཧཱུྃ། ཧྲཱིཿ སྟེང་ཕྱོགས་དག་པ་སྟུག་པོ་བཀོད་ཞིང་ནས། །རྣམ་དག་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། །བཀའ་བརྒྱུད་གྲུབ་ཐོབ་རིག་འཛིན་རྒྱ་མཚོའི་ཚོགས། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ལྷོ་ནུབ་པདྨ་བཀོད་པའི་ཞིང་ཁམས་ནས། །གུ་རུ་ཨོ་རྒྱན་ཡིད་བཞིན་པད་འབྱུང་ལ། །རྒྱལ་བ་རབ་འབྱམས་རྣམས་ཀྱི་འཁོར་གྱིས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཆོས་དབྱིངས་མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །བཅོམ་ལྡན་དཔལ་ཆེན་འཁོར་ལོ་བདེ་མཆོག་ལ། །ཉེར་བཞི་སོ་གཉིས་དཔའ་བོ་དཔའ་མོས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དང་བསིལ་བའི་ཚལ་བཞུགས་
པའི། །དཔལ་ལྡན་མགོན་པོ་ནག་པོ་ཕྱག་བཞི་ལ། །མགོན་ཚོགས་ཆོས་སྐྱོང་ཕོ་རྒྱུད་ཚོགས་ཀྱིས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཡོངས་འདུ་མུ་ལེའི་ཤིང་ལ་གནས་བཅས་པའི། །སྲུང་མ་དཔལ་ལྡན་ལྷ་མོ་དུད་སོལ་མ། །ལྷ་མོའི་རིགས་གྱུར་མོ་རྒྱུད་སྲུང་མས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །མཁའ་སྤྱོད་ཙཱ་རི་ཏྲ་ཡི་སྲུང་མ་ཆེ། །ཞིང་སྐྱོང་ཆེན་པོ་གྷ་ཡ་དྷཱ་ར་ལ། །ཆོས་སྐྱོང་དམ་ཅན་གཏེར་སྲུང་རྒྱ་མཚོས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཡིད་འོང་ཚོགས་ཁང་འབར་བའི་གནས་མཆོག་འདིར། །ཉམས་རེ་དགའ་ཞིང་བག་རེ་དྲོ་བ་དང་། །འདིར་ཚོགས་ཕོ་མོ་དཔའ་བོ་དཔའ་མོ་རུ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །གྲུབ་ཐོབ་ལྷ་ཚོགས་སྤྲིན་
ལྟར་ཐིབས་སེ་ཐིབ། །རྒྱུད་སྡེའི་ལྷ་ཚོགས་ཆར་ལྟར་ཉི་ལི་ལི། །ཆོས་སྐྱོང་ལྷ་ཚོགས་གློག་ལྟར་ཤ་ར་ར། །གསུང་གི་སྔགས་སྒྲ་འབྲུག་ལྟར་འུ་རུ་རུ། །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །འདིར་གཤེགས་ཚོགས་ལ་གཤེགས་ཤིང་མཆོག་ཐུན་སྩོལ། །ཅེས་ཚོགས་ཕུད་རིམ་གསུམ་གྱིས་འབུལ་ཞིང་། བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕྱོགས་བཅུ་རབ་འབྱམས་བཞུགས་པའི་སངས་རྒྱས་དང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་མ་ལུས་ཀུན། །མདུན་གྱི་མཁའ་ལ་སྤྲིན་བཞིན་བཞུགས་པར་གྱུར། །ན་མོ་རཏྣ་གུ་རུ་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ཆེན་པོ་འབའ་རོམ་པ། འགྲོ་བའི་མགོན་པོ་ཏི་ཤྲི་རས་
པ། གསང་བ་རས་པ་དཀར་པོ། གསང་བ་ལུས་མེད་རྡོ་རྗེ། བླ་མ་བྱང་ཆུབ་གཞོན་ནུ། རས་པ་བློ་གྲོས་རྡོ་རྗེ། ལྷ་རས་པ་བརྩོན་འགྲུས་དཔལ་བ། འཇམ་དབྱངས་ཀེ་རུ་ཀིརྟི། མཚན་ལྡན་པུཎྱེ་བྷ་དྲ། རཏྣ་བྷ་དྲ། པུཎྱེ་ཤྭ་ར། དྷརྨ་རསྨི། ཨ་ནན་ཏ་གརྦྷ། ཨ་ནན་ཏ་ས་མུ་དྲ། ཤཱ་ས་དྷཱ་ར་བྷ་དྲ། བདེ་མཆོག་བརྒྱུད་རིམ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། སྐྱོ་བྲག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེན་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱངས། གསལ་བྱེད་ཆོས་འགྲུབ་སེང་གེ། ཀརྨ་ཚོགས་གཉིས་འོད་ཟེར། གསང་བདག་བདུད་འཇོམས་རྡོ་རྗེ། སྐྱོ་བྲག་ངེས་དོན་བརྒྱུད་རིམ་ལྟར་ན། གྲུབ་དབང་བསྟན་འཛིན་
ཆོས་འཕེལ། ཀརྨ་བཀའ་བརྒྱུད་བཀྲ་ཤིས། དུང་དཀར་ཐེག་མཆོག་འོད་ཟེར། མཁས་གྲུབ་མི་འགྱུར་ཉི་མ། རྗེ་བཙུན་ཡེ་ཤེས་རབ་རྒྱས། ཉེ་རིང་བརྒྱུད་སྲོལ་གཅིག་འདྲེས་ལྟར་ན། བདུད་འཇོམས་རྡོ་རྗེ་ནས་འཇིགས་མེད་ཆོས་ཀྱི་སེང་གེ། ཀརྨ་བཀའ་བརྒྱུད་བཀྲ་ཤིས། རྣལ་འབྱོར་འཇིགས་བྲལ་དབང་པོ། འཇམ་དབྱངས་བློ་གྲོས་རིན་ཆེན། ཡང་ཉེ་བརྒྱུད་ལྟར་ན། ཀརྨ་བཀའ་བརྒྱུད་བཀྲ་ཤིས་ནས་རྟོགས་ལྡན་ཀརྨ་དྷྭ་ཛ། རྗེ་བཙུན་ཡེ་ཤེས་རབ་རྒྱས། བདུད་འཇོམས་རྡོ་རྗེ་མན་གྱི་གསབ་ཁ་རྣམས་གསལ་བྱེད་སྤྲུལ་མིང་པས་སོ། །དེ་དག་གང་ལྟར་ཡང་མཐར། མཆན། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་ཞེས་མི་འགྱུར་པས་སོ། །རྩ་བ་དང་བརྒྱུད་པར་བཅས་པའི་བཀའ་བརྒྱུད་བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕྱག་རྒྱ་ཆེན་པོ་མཆོག་གི་
དངོས་གྲུབ་ཚེ་གཅིག་ལ་རྫོགས་པར་མཛད་དུ་གསོལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སརྦ་པཉྩ་ཨ་མྲྀ་ཏ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧུྃ་ཧཱུྃ་ཕཊ། སརྦ་པཉྩ་ཨ་མྲྀ་ཏ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཌཱ་ཀི་ནི་ཡེ་ཧུྃ་ཧཱུྃ་ཕཊ། སརྦ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ལཱ་མ་ཡེ་ཧུྃ་ཧཱུྃ་ཕཊ། སརྦ་པཉྩ་ཨ་མྲྀ་ཏ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རུ་པི་ཎི་ཡེ་ཧུྃ་ཧཱུྃ་ཕཊ། སརྦ་པཉྩ་ཨ་མྲྀ་ཏ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་གཅིག་ལུས་གཅིག་ལ་རྫོགས་ནས་འཇའ་ལུས་མཁའ་སྤྱོད་དུ་བགྲོད་ནུས་པར་མཛད་དུ་གསོལ། དཔལ་ཡེ་ཤེས་ཀྱི་མགོན་པོ། དུད་སོལ་ལྷ་མོ་སོགས་ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ལས་བཞིའི་ཕྲིན་ལས་མངོན་དུ་རྫོགས་ནས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་
གསོལ། དུར་ཁྲོད་ཕྱོགས་སྐྱོང་སོགས་ལ་བསྔོ་བ་ནི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙ་ཨུཏྨ་དཱ་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དམ་བ་ལིང་གྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། ཛཱི་གྷྲ་ཐ། པི་པ་ཐ། མ་ཏི་པྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སཏྶུ་ཁཾ་བི་ཤུདྡྷ་སི་ཧ་ཡི་ཀཾ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ། དུར་ཁྲོད་ཕྱོགས་སྐྱོང་ཞིང་སྐྱོང་ལ། །མཆོད་གཏོར་བདུད་རྩི་འདི་ཕུལ་བས། །རྣལ་འབྱོར་འཁོར་བཅས་བསམ་དོན་སྒྲུབས། །ལས་རྣམས་ཐོགས་མེད་མྱུར་འགྲུབ་མཛོད། །གཏོར་བསྔོ་གསོལ་ཀ་སྤྲོ་ན་བྱ། སྐོང་བ་ནི། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །དག་པ་འཕྲུལ་གྱི་གཞལ་ཡས་ནས། །མ་དང་མཁའ་འགྲོ་གཤེགས་སུ་
གསོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །བླ་མ་ཡི་དམ་མཁའ་འགྲོ་ཡིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་སྣ་ཚོགས་དང་། །ནང་གི་མཆོད་པ་རྒྱ་ཆེན་དང་། །གསང་བའི་མཆོད་པ་དམ་པ་དང་། །ཡང་དག་དོན་གྱི་མཆོད་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་ཐུགས་དམ་བསྐང་། །དངོས་པོ་ཆོས་ཉིད་ཀློང་དུ་བསྐང་། །སྣང་བ་ཆོས་ཀྱི་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་མཁའ་ལ་བསྐང་། །འགག་པ་མེད་པའི་དབྱིངས་སུ་བསྐང་། །སྐྱེ་འགག་གཉིས་མེད་ཀློང་དུ་བསྐང་། །ཉམས་ཆགས་ཐམས་ཅད་
བསྐང་གྱུར་ཅིག །སྐོང་གྱུར་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང་། །ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ཀྱི་ཐུགས་དམ་བསྐང་། །ཡུལ་ལྷ་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ་ཕྱག་རྒྱ་ཆེན་པོའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། གསང་བའི་དུར་ཁྲོད་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་
ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོ་ནས། །འཁོར་ལོ་བདེ་མཆོག་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ཨོ་རྒྱན་རང་བྱུང་དུར་ཁྲོད་ནས། །གསང་བ་ཡེ་ཤེས་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལཱ་མ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་
བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། །ཁཎྜ་རོ་ཧེ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །གཟུགས་ཅན་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། འཇིག་རྟེན་སྣ་ཚོགས་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །
ཧཱུྃ། བདུད་འདུལ་ཆེན་པོའི་ཕོ་བྲང་ནས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། དཔལ་ཆེན་འཁོར་བཅས་སྤྱན་སྔ་རུ། །ནོངས་པ་མཆིས་ཚད་བཤགས་པར་བགྱི། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ལས་ཉོན་དབང་གྱུར་མ་ཤེས་དང་། །མ་གུས་པ་དང་བག་མེད་པས། །ཁ་ན་མ་ཐོ་བགྱིས་པ་དང་། །དམ་ཚིག་མི་ལྡན་མ་དག་དང་། །ཚོགས་འདྲེས་སྤྱོད་ཡུལ་གཅིག་ཏུ་གྱུར། །བསྙེན་དང་སྒྲུབ་ལ་མ་བརྩོན་དང་། །སྲུང་མ་ཁྱད་པར་ཅན་རྣམས་ལ། །དུས་སུ་མ་མཆོད་མ་གསོལ་ཞིང་། །ལོ་དམ་ལོ་ལས་འདས་པ་དང་། །ཟླ་དམ་ལས་འདས་ཞག་དམ་ཆགས། །སྒྲུབ་པའི་གཞུང་ཉམས་བཟླས་བརྗོད་ཉུང་། །མི་དགེ་བཅུ་ཡི་དབང་གིས་ནི། །ངན་སོང་སྐྱེ་བའི་ལས་
བསགས་པ། །ལྷ་མ་གསལ་ཞིང་སྔགས་མ་དག །བསྐྱེད་རིམ་འཕྲོ་འདུ་མ་གསལ་ཞིང་། །ཁས་བླངས་ཐོག་ཏུ་མ་ཁེལ་བ། །ཐུགས་དང་འགལ་བ་ཐམས་ཅད་ནི། །སྤྲོས་མེད་རྣམ་པར་མི་རྟོག་པའི། །ངང་ལས་ཐུགས་རྗེའི་མཐུ་སྟོབས་ཀྱི། །དབང་ཕྱུག་ཁྱེད་རྣམས་སྤྱན་སྔ་རུ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །ཨོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་བརྗོད། ལས་རྡོར་གྱིས་ཚོགས་རྫས་འགྱེད། ཧོ། རང་ལུས་ལྷ་སྐུ་འཁོར་ལོ་རྩ་ཀུན་མཉམ། །དཔའ་བོ་དཔའ་མོ་ཡབ་ཡུམ་གཉིས་མེད་གསལ། །ཚོགས་མཆོད་བདུད་རྩི་ཐབས་ཤེས་ལག་པས་མཆོད། །དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་མཉེས་གྱུར་ཅིག །ཨ་ལ་ལ་ཧོ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤང་། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ།
ཚོགས་ལ་རོལ། ལྷག་མ་བཤམས་ལ། ཨོཾ་ཨ་ཀཱ་རོ་སོགས༴ ཕུད་དང་ལྷག་མའི་གཏོར་མ་རྒྱ་ཆེ་ལ་ཟད་མི་ཤེས་པར་གྱུར། བྷྱོ། དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས། །རྒྱུ་མཛད་མཁའ་འགྲོ་རིགས་བཞི་གིང་། །མཁའ་འགྲོ་ཤུགས་འགྲོ་མ་སྲིང་སོགས། །ལྷག་མའི་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་གྲོགས་མཛོད་སྡང་དགྲ་སྒྲོལ། །ཉམས་རྟོགས་སྤེལ་ལ་དངོས་གྲུབ་སྩོལ། །ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས། །ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། ལྷག་མ་ཕྱིར་ཕུལ། མཆོད་བསྟོད། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་སོགས་ནས་ཤབྟ་བར་གྱིས་མཆོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཇིགས་མཛད་དཔའ་བོ་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་པའི་
མདོག །ལྷན་ཅིག་སྐྱེས་དགའི་རང་བཞིན་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་ཞལ་བཞེས་པའི། །ཁྲག་འཐུང་དུད་སོལ་མ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལབསྟོད། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་མཛད་རིགས། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད།
བསྡུ་རིམ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་ཞུ། །ཡུམ་ཐིམ་ཡབ་ལ་ཐིམ་ནས་ཧཱུྃ་ལ་བསྡུ། །དམིགས་མེད་ཀུན་བཟང་ཀློང་དུ་མཉམ་པར་བཞག །སླར་ཡང་ཟུང་འཇུག་སྐུ་རུ་ཀྲོང་གིས་བཞེངས། །ཞེས་ཟུང་འཇུག་གི་ལྷར་ལྡང་ལ། བསྔོ་བ། དགེ་བ་འདི་ཡིས་མྱུར་དུ་བདག །འཁོར་ལོ་བདེ་མཆོག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སྲིད་གསུམ་འབར་བའི་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་དུལ་བར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །བཀྲ་
ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་འབྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེ་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །བརྟན་བཞུགས། མཆོད་ཡུལ་དུ་སྤྱན་དྲངས་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་གནས་ཁང་འདི་ཉིད་དུ་བརྟན་པར་བཞུགས་སུ་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སུ་པྲ་ཏིཥྛ་
བཛྲ་ཡེ་སྭཱ་ཧཱ། གཤེགས་གསོལ། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪཿ ཞེས་འབའ་རོམ་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་ཚོགས་མཆོད་འབུལ་བ་འདི་ཡང་། བྱང་འདྲེན་ཤྲཱི་ནན་ཏས་ལྷ་རྫས་བརྒྱུད་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། བདག་གི་བློ་སེམས་ལ་ལྷུག་པར་ཅི་ཤར་ངང་ནས། ལོ་ཉེར་བརྒྱད་སྐབས་ཆུ་གླང་ལོའི་ཧོར་ཟླ་གསུམ་པའི་ནག་པ་ལུག་གི་ཁྱིམ་གྱི་དམར་ཕྱོགས་བདེ་མཆོག་ཉ་ལ་སྐྱོ་བྲག་དུང་སྤྲུལ་ཤྲཱི་བྷ་དྲས་ལྷ་གནས་སྐྱིད་འབྱམས་དར་རྒྱས་གླིང་གི་དབེན་ཁང་ནས་བྲིས་པའི་ནོངས་པ་མཆིས་ཚོགས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་བཤགས་ཤིང་དགེ་བས་བདག་སོགས་འགྲོ་ཀུན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །དགེའོ།། །།
འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།
༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །