བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་བཀའ་འབུམ།
དཔེ་སྐྲུན་གྱི་སྔོན་དུ་འགྲོ་བའི་གཏམ།
དེང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཤིན་ཏུ་ཉག་ཕྲ་བའི་སྐབས་འདིར། ཐོས་བསམ་སྤོང་ཀློག་གི་ལས་ལ་བརྩོན་པ་དང་དེར་འབྲེལ་དགོས་གལ་ཆེ་བའི་དཔེ་གཞུང་ཡིག་ཚོགས་རྩོམ་སྒྱུར་པར་འདེབས་ཀྱི་བགྱི་བ་ཡང་དག་ལ་འབད་འབུངས་དང་དགའ་གུས་བྱེད་པ་ཆེས་ཆེར་ཉུང་བས། ཅི་ནས་ཀྱང་ང་ཚོས་ཆོས་དང་རིག་གཞུང་གི་གཞལ་དུ་མེད་པའི་རིན་ཐང་ལ་དམིགས་ནས་སྔར་ཡོད་བརྒྱུད་འཛིན་དང་ད་ཡོད་དར་སྤེལ། འོས་པ་གསར་གཏོད་ཀྱི་ལས་ལ་ཕྱོགས་དུ་མ་ནས་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི་འུ་བུ་ཅག་གི་རིགས་ལ་མེད་དུ་མི་རུང་བའི་ལུགས་གཉིས་ཀྱི་སྲི་ཞུ་བླ་ན་མེད་པ་ཞིག་ཡིན་པར་འཁུམས།
དེ་ཡང་མཁས་ཤིང་གྲུབ་པའི་དབང་ཕྱུག་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ནི་མཚན་དོན་མཚུངས་པའི་མཉམ་མེད་ཐུབ་པའི་དབང་པོའི་མདོ་སྔགས་ཀྱི་བསྟན་འཛིན་ཆེན་པོ་ཞིག་ཡིན་ལ། སྒོས་སུ་སྔ་འགྱུར་མཁས་པའི་གཙུག་རྒྱན་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དགོངས་པ་ཡོངས་སུ་འཛིན་པའི་ཤིང་རྟ་གལ་ཆེན་ཞིག་ཡིན། གང་གི་རིན་ཐང་བྲལ་བའི་གསུང་སྐོར་འདི་དག །གཡུ་ཁོགམཁན་པོ་ཤེས་བྱས་འཚོལ་བསྡུ་དང་སྒྲིག་ཞུས་ནས་དཔེ་སྐྲུན་གྱི་བར་དུ་གནང་བའི་ཐོག་མཐའ་བར་གསུམ་གྱི་ལེགས་མཛད་དང་དར་ཐང་སྤྲུལ་སྐུ་ཨཱརྱ་སིདྡྷི་ལུང་རྟོགས་སྨྲ་བའི་ཉི་མའི་རམ་འདེགས་དང་མཐུན་འགྱུར་བླ་ན་མེད་པའི་བདག་རྐྱེན་ལ་བརྟེན་ནས། དཔེ་སྐྲུན་འགྲེམ་སྤེལ་ཐུབ་པ་མ་ཟད་རྗེས་སུ་ཡང་མུ་མཐུད་ནས་དཔལ་ཡུལ་དར་ཐང་གཞན་ཕན་ལྔ་རིགས་དཔེ་ཚོགས་ཞེས་པའི་བརྗོད་བྱང་གི་ཐོག་ནས་གང་འཚམས་ཀྱི་ཕྱོགས་དང་རིས་སུ་མ་ཆད་པའི་དཔེ་རྙིང་རྩ་ཆེན་སྐོར་ཞིག་རྒྱུན་སྤེལ་མཛད་འདུན་ཡིན་པས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
ཞེས་ཐུབ་བསྟན་ཉི་མས་བྲིས།
བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་རྣམ་ཐར།
༄༅། །རྗེ་ཀུན་གཟིགས་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་རྣམ་ཐར་བསྡུས་པ་དད་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཡེ།
ལྗོངས་འདིའི་བསྟན་པའི་ཤིང་རྟ་མཁན་སློབ་ཆོས། །
གསང་ཆེན་བསྟན་པའི་མངའ་བདག་རོང་ཀློང་གཉིས། །
སྔ་འགྱུར་བསྟན་པའི་སྲོག་འཛིན་མི་ཕམ་རྗེ། །
མཚུངས་མེད་དམ་པ་རྣམས་ལ་ཕྱག་འཚལ་ལོ། །
མདོ༷་སྔ༷གས་ཐེག་དགུའི་ཆོས་ལ་མཁྱེན་པ་རྒྱས། །
བསྟ༷ན་པ༷འི་སྙིང་པོ་ལུང་རྟོགས་རྒྱལ་མཚན་བསྒྲེངས། །
མཚུངས་མེད་མཁས་དང་གྲུབ་བརྒྱའི་གཙུག་གི་རྒྱན། །
སྔ་འགྱུར་ཆོས་ཀྱི་ཉི༷་མ༷་ཁྱེད་ལ་འདུད། །
གང་གི་ལེགས་གསུང་ཆོས་ཚུལ་བདུད་རྩིའི་བཅུད། །
དེང་དུས་སློབ་མའི་ཚོགས་ལ་གདམས་མཁས་པའི། །
མཁན་ཆེན་བླ་མ་ཆོས་དབྱིངས་ཁྱབ་བརྡལ་སོགས། །
བུ་སློབ་བརྒྱུད་པར་བཅས་པས་དེང་འདིར་སྐྱོངས། །
འདི་ན་བརྒྱུད་ལྡན་བླ་མའི་མཛད་པའི་ཆ། །
ཐོས་འཛིན་བུ་གར་སོན་པ་ཅུང་ཟད་ཅིག །
རང་གཞན་དད་པ་གསོ་བའི་བདུད་རྩིའི་སྨན། །
སོར་མོའི་འདུ་བྱེད་རྩོལ་བའི་ལས་ལ་ཞུགས། །
དེ་ཡང་བསིལ་ལྡན་གངས་རིའི་ལྗོངས་འདིའི་བསྟན་པའི་ཕྱི་མོ་གསང་ཆེན་སྔ་འགྱུར་བའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྗེ་ཀུན་གཟིགས་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ་མཆོག་ནི། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྤྲུལ་སྐུར་ངོས་འཛིན་དང་། མཁན་ཆེན་བླ་མ་ཀུན་དཔལ་དང་སྐྱབས་རྗེ་གཡུ་ཁོག་བྱ་བྲལ་བ་སོགས་ཚད་མའི་སྐྱེས་བུ་དམ་པ་རྣམས་ཀྱིས་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྐུའི་རྣམ་རོལ་དེ་མ་ཐག་པ་ཡིན་པར་གསུངས་པས་ན། ངེས་པའི་དོན་དུ་རྒྱལ་བ་རྣམས་ཀྱི་བརྩེ་ཆེན་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བཟླུམ་པའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་དང་རྣམ་དབྱེར་མ་མཆིས་པས། གང་ཉིད་སྣ་ཚོགས་གདུལ་བྱའི་མོས་ངོར་གང་འདུལ་སྤྲུལ་བའི་རྣམ་རོལ་ཚད་བཟུང་དུ་མ་མཆིས་པའི་སྐྱེས་པའི་ཕྲེང་རབས་རྣམས་དང་། སྐུ་ཚེ་འདིར་ཡང་ཐུན་མིན་ནང་དང་གསང་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དག་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཉག་གཅིག་ལས་བདག་ལྟས་བརྗོད་པར་ག་ལ་ནུས། །དེར་མ་ཟད་སྐུ་ཚེ་འདིའི་ཐུན་མོང་གི་མཛད་རྣམ་དག་ཀྱང་དུས་ཀྱི་དབང་གིས་ཆ་ཚང་བར་སྨྲ་བའི་སྐལ་བ་མ་ལྡན་ཡང་། འདིར་དམ་པའི་ཞལ་ལས་ཐོས་པ་དང་རང་གི་རྩོལ་བས་བསྒྲུབས་པའི་གོ་ཐོས་ཉུང་ཙམ་ཡི་གེར་འགོད་པ་ལ་བརྒྱད་དེ། །
བོད་ཡུལ་དབུས་ཤར་ཕྱོགས་དྭགས་པོའི་ཡུལ་དུ་སྐུ་འཁྲུངས་ནས་ཐོག་མའི་བསླབ་སྦྱང་གནང་བའི་སྐོར་དང་། སྔོན་གྱི་བག་ཆགས་སད་པས་མདོ་ཁམས་རྫོགས་ཆེན་དུ་ཕེབས་ནས་གསན་བསམ་གནང་བ་དང་སྤྲུལ་སྐུར་ངོས་འཛིན་ཞུས་པའི་སྐོར། སླར་ཡང་ཡུལ་རྫ་སྟོད་དགེ་གོང་དུ་མཁན་ཆེན་ཀུན་དཔལ་རིན་པོ་ཆེ་བསྟེན་ནས་འཇམ་མགོན་བླ་མའི་རང་ལུགས་ཐུགས་ཀྱི་བུམ་པར་བསྐྱིལ་རྗེས་བླ་མས་གདན་ས་གཏད་པའི་སྐོར། ཡུལ་མདོ་སྨད་དུ་སྐྱབས་རྗེ་གཡུ་ཁོག་བྱ་བྲལ་མདུན་ཆེད་ཕེབས་ཀྱིས་གདམས་པའི་སྒྲོ་འདོགས་བཅད་པའི་སྐོར། དགེ་གོང་དགོན་གྱི་གཙོས་རྫ་སྟོད་སྨད་སོགས་སུ་མཁས་པའི་བྱ་བ་རྣམ་གསུམ་གྱིས་གདུལ་བྱ་ཕྱོགས་མེད་དུ་བསྐྱངས་པའི་སྐོར། དབུས་སུ་ཕེབས་ནས་འབྲི་གུང་ཉི་མ་ལྕང་རར་འགྲོ་དོན་བསྐྱངས་པའི་སྐོར། དུས་འགྱུར་སྐབས་བྱང་སྦེ་གུའི་ཕྱོགས་སུ་ཕེབས་ནས་མཐར་སྐུ་ཞི་བར་གཤེགས་པའི་སྐོར། རྗེ་གང་གི་གསུང་ཆོས་དང་ཞལ་སློབ་ཀྱི་སྐོར་ཏེ་བཀྲ་ཤིས་པའི་གྲངས་ལྡན་ལས།
དང་པོ། གང་དུ་སྐུ་འཁྲུངས་པའི་ཡུལ་ནི།
བོད་ཡུལ་དབུས་ཆོས་འཁོར་ལྷ་སའི་ཤར་ཕྱོགས་དབུས་གཙང་རུ་བཞི་ལས་གཡོ་རུའི་སའི་ཆར་གཏོགས་པ་དྭགས་པོ་རབ་བརྟན་གླིང་གི་ཉེ་འགྲམ(དེང་དུས་ལྗོངས་ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་ཁོང་།)སྒོ་གཞི་ཀ་ཞེས་པར་ཨོ་ཀོ་ཞེས་པའི་ཁྱིམ་རྒྱུད་དུ། ཡབ་སྔགས་འཆང་རྣལ་འབྱོར་པ་རིག་འཛིན་འཇིགས་མེད་མཁའ་སྤྱོད་རྡོ་རྗེ་ཞེས་པ་རྟོགས་པ་མཆོགས་ལྡན་གང་ཉིད་སྐུ་གཤེགས་སྐབས་ནམ་མཁར་འཇའ་འོད་ཀྱི་རྟགས་བྱུང་ཞིང་། སྐུ་གདུང་རཏྣ་གླིང་བའི་གཏེར་གནས་ལྡིང་ལ་ཕྲ་མོ་བྲག་ཏུ་ཞུགས་འབུལ་ཞུ་སྐབས་ཐུགས་ལྗགས་སྤྱན་གསུམ་མེ་ཡིས་མ་གོས་པར་བཞུགས་པ་སོགས་གྲུབ་པའི་རྟགས་མཚན་ཁྱད་པར་ཅན་མངའ་བ་དེ་དང་། ཡུམ་དངོས་གྲུབ་འཛོམས་པ་ཞེས་ཡ་རབས་མཛངས་མའི་སྤྱོད་པ་མངའ་བ་སྟེ། ཡབ་ཡུམ་དེ་གཉིས་ལ་སྲས་གསུམ་དང་སྲས་མོ་གཅིག་བཅས་འཁྲུངས་པའི་ཐུ་བོར་རྗེ་ཉིད་རབ་བྱུང་བཅོ་ལྔ་པའི་ས་ཁྱི། སྤྱི་ལོ༡༨༩༨ལོར་ཁྱིམ་གྱི་ཀ་བ་ནས་འོ་མ་བབ་པ་སོགས་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས།
དེ་རྗེས་སྲས་གཉིས་འཁྲུངས་པའི་འབྲིང་བར་དབང་ཆེན་རྡོ་རྗེ་དང་། ཆུང་བར་འཇིགས་མེད་ཆོས་འབྱོར། ལྕམ་སྲིང་ལ་གཡང་ཅན་ཞུ། དེ་ལས་རྗེ་འདི་ཉིད་ནི་སྔོན་སྦྱངས་སྐྱེས་སྟོབས་ཀྱི་ཐུགས་ཀྱི་བག་ཆགས་བཟང་བས་སྐུ་ན་ཆུང་ངུ་ནས་ཡ་རབས་དམ་པའི་མཛད་སྤྱོད་དང་། བྱམས་དང་སྙིང་རྗེའི་ཐུགས་རྒྱུད་སོགས་ལྷན་སྐྱེས་བཅོས་མིན་དུ་མངའ་བ་མ་ཟད། སྐུ་ན་ཤིན་ཏུ་ཕྲ་བའི་གཞོན་ནུའི་རོལ་རྩེད་སྐབས་ནས་ཀྱང་གྲུབ་པའི་རྟགས་མཚན་ཀྱང་མངོན་ཚུལ། ཁོང་སྐུ་མཆེད་རྣམས་རྩེད་མོའི་སྐབས་ཉིན་ཞིག་ཁོང་གིས་ཤིང་གཞུ་ལ་ཤིང་མདའ་སྦྱར་ནས་འཕངས་པས་བྲག་ངོས་ཞིག་ལ་ཟུག་པ་ཚུར་ཕྱུང་བའི་ཤུལ་ནས་གྲུབ་ཆུ་ངོ་མཚར་བ་དོན་པ་དང་། མ་ཟད་བྲག་ལ་ཕྱག་རྗེས་ཀྱང་འདམ་ལ་བརྫུས་པ་བཞིན་བྱུང་བ་དེང་སང་ཡང་མཇལ་དུ་ཡོད། ཡང་ཉིན་ཞིག་ཁོང་གིས་རྩེད་མོའི་ཚུལ་དུ་སྐུ་མཆེད་ཅིག་བྲག་སྟེང་ནས་གཡང་ལ་བསྐྱུར་ཀྱང་རྨས་སྐྱོན་སོགས་ཅུང་ཟད་ཙམ་ཡང་མ་བྱུང་བ་སོགས་ཀྱིས་ཡུལ་མི་ཀུན་གྱིས་ངོ་མཚར་ཆེ་བར་གླེང་བ་མ་ཟད། ཡུལ་དེར་རབ་བརྟན་གླིང་ཞེས་པའི་དགོན་པ་ཞིག་ཡོད་པས་ཀྱང་སྲས་དེ་དགོན་པར་གནང་དགོས་ཞེས་ཡབ་ལ་ཞུས་ཀྱང་། ཡབ་ཀྱིས་གནས་སྐབས་དེ་ལྟར་ཆོག་མོད། སྲས་འདི་ཁམས་ཕྱོགས་ཀྱི་སྐྱེས་ཆེན་ཞིག་གི་རྣམ་འཕྲུལ་ཡིན་སྟབས་མ་འོངས་པར་འགྲོ་དོན་ཁམས་ཕྱོགས་སུ་ཡོད་པས། དེ་དུས་འགྲོ་དོན་ལ་བར་ཆད་མ་བྱེད་ཅེས་སོགས་གསུངས། དེ་སྐོར་ཁོང་ཡབ་སྲས་རྣམས་དྭགས་པོ་བན་ཅོག་རི་ཁྲོད་ཅེས་པར་བཞུགས།
དེ་ནས་མི་རིང་བར་སྐུ་ནར་སོན་པ་དང་རིམ་གྱིས་ཡབ་ལས་ཀློག་གི་ཕྱི་མོ་ནས་བཟུང་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན་ཅིང་། དབང་ལུང་ཁྲིད་ཀྱི་རིམ་པ་ཡང་མང་དུ་གསན་པ་དང་། །ཡབ་ཀྱིས་མ་འོངས་པར་མདོ་སྨད་དུ་ཕེབས་ནས་སྦྱང་བརྩོན་དགོས་ཚུལ་དང་། དེར་འགྲོ་དོན་ཡང་ཡོད། བདག་གིས་ཁྱོད་ལ་ཟས་གོས་རྟ་ཁལ་སོགས་མ་འཛོམས་ཀྱང་། དེའི་ཚབ་འདི་ཡིན་གསུངས་ཏེ་ཀཱ་པ་ལི་ཞིག་གནང་ནས། འདི་བོར་མ་བཅུག་དང་ཟས་གོས་ཀྱིས་ཕོངས་པ་མི་འོང་། ཞེས་གསུངས་པ་དང་། །ཡང་སྐབས་ཤིག་འགྲོ་དོན་ཆེ་བའི་བརྡ་ཡིན་གསུངས་ཏེ་ལྷམ་ཞིག་ཀྱང་གནང་ཞིང་། དེ་མནབ་པའི་ཞབས་རྗེས་ཆུང་ངུ་དེང་སང་ཡང་མཇལ་དུ་ཡོད་ཅེས་ཐོས། གཞན་ཡང་ཡབ་སྲས་ལྷན་རྒྱས་ལྷ་ལྡན་དུ་ཕེབས་ནས་ཡབ་ཀྱིས་ཇོ་ཤཱཀ་རྣམ་གཉིས་སོགས་ཀྱི་མདུན་ཐུགས་སྨོན་ཡང་ཟབ་རྒྱས་གནང་བ་ཡིན་ནོ། །
རབ་འབྱམས་རྒྱལ་བའི་བརྩེ་ཆེན་ཡེ་ཤེས་ཁམས། །གཅིག་ཏུ་བཟླུམ་པའི་རང་གཟུགས་ལྷག་པའི་ལྷའི། །གང་འདུལ་སྤྲུལ་བའི་རྣམ་རོལ་ཚད་མེད་པས། །གངས་ལྡན་རི་བོའི་ལྗོངས་འདི་ཁྱབ་པ་ལས། །དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས། ། འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་བུ་བྱུང་། །གང་གིས་ལྗོངས་འདིའི་མཛད་པའི་འཕྲོ་བརྟུལ་ནས། རེ་ཞིག་ཞི་བར་གཟིམས་པའི་ཚུལ་བསྟན་མོད། །སླར་ཡང་ཡུལ་དབུས་ཤར་ཕྱོགས་དྭགས་པོའི་ཆར། །རྣམ་སྤྲུལ་ངོ་མཚར་མཚན་དཔེའི་མེ་ཏོག་གང་། །སྐྱེས་དང་གྲུབ་པའི་འདབ་བརྒྱ་ཡོངས་རྫོགས་པས། །རྣམ་མང་སྐྱེ་བོའི་དད་བརྒྱའི་དཔལ་དུ་བཞད། །ཅེས་ཀྱང་སྨྲས་སོ། །
གཉིས་པ། སྔོན་གྱི་བག་ཆགས་སད་པས་ཡུལ་མདོ་ཁམས་རྫོགས་ཆེན་དུ་ཕེབས་ནས་གསན་བསམ་གནང་བ་དང་སྤྲུལ་སྐུར་ངོས་འཛིན་ཞུས་པའི་སྐོར་ནི།
དེ་ནས་ཁོང་རིན་པོ་ཆེ་དགུང་གྲངས་བཅོ་ལྔ་ཙམ་ལ་ཕེབས་སྐབས་ཡབ་སྐུ་གཤེགས། དེར་ཡང་ཡབ་སྐུ་གཤེགས་ཁར་ཁམས་ཕྱོགས་སུ་ཕེབས་དགོས་པའི་ཞལ་ཆེམས་གནང་བ་དང་། སྐུ་ཉིད་ལའང་ཆུང་ངུའི་དུས་ནས་ཁམས་རྫོགས་ཆེན་ཞེས་ནམ་ཐོས་ཀྱང་ཐུགས་ཀྱི་བག་ཆགས་སད་སྟོབས་ལས་ཐུགས་སྣང་ཁྱད་པར་བ་ཞིག་ཡོད་པས། ཕེབས་འདོད་ཤིན་ཏུ་ཆེ་བར་བརྟེན། མ་ཡུམ་ལ་ཕེབས་ཆོག་པའི་གནང་བ་ཞུས་ཀྱང་མ་གནང་བ་མ་ཟད། མ་ཡུམ་ནས་མོ་རང་གི་གཟིམ་ལམ་དུ་རང་གི་ལག་ཏུ་ཤེལ་གྱི་མཆོད་རྟེན་ཤིན་ཏུ་ལེགས་པོ་ཞིག་ཡོད་པ་ལ་སྐྱ་མི་ཁ་ཤས་སླེབས་ནས་ཁྱེར་སོང་བ་རྨིས་པས། ཁྱོད་ལ་བར་ཆད་འདྲ་འབྱུང་བ་ཡིན་ནམ་གསུངས་ཤིང་། ཐུགས་ཁྲལ་མཛད་པས་རེ་ཞིག་རང་ཡུལ་དུ་མི་སྡོད་ག་མེད་བྱུང་གསུངས་པ་དང་། རྨི་ལམ་དུ་བྱུང་བའི་སྐྱ་མི་དེ་ཚོ་ནི་ཡུལ་ལྷ་རྫ་རྒྱལ་འཕན་ཕྱུག་གི་བསུ་མ་ཡིན་པར་གསུངས། སྐབས་དེ་ཤེད་དུ་འབྲུག་གསང་སྔགས་ཆོས་གླིང་དུ་ཡང་ཐོག་གཅིག་བཞུགས་ནས་ཕྱག་དཔེ་ཅུང་ཟད་གསན་པར་མངོན།
དེ་ནས་དགུང་གྲངས་བཅོ་བརྒྱད་ཡས་མས་སུ་མ་ཡུམ་ལ་དབུས་ལྷ་ལྡན་ཕྱོགས་སུ་ཆོས་མཇལ་དུ་འགྲོ་བའི་གནང་བ་ཞུས་ཏེ། གསང་བའི་ཚུལ་གྱིས་ཁམས་པའི་གནས་སྐོར་པ་འགའ་དང་འགྲོགས་ནས་ཁམས་ཕྱོགས་སུ་ཆོས་བྲོས་ལ་བྱོན། མར་ལམ་རིམ་གྱིས་བྱང་ལྷ་རི་མགོ་ཞེས་པའི་སར་མ་རྒན་ཞིག་ལ་དགོང་གཅིག་གནས་ཚང་གཡར་བར། མ་རྒན་དེས་ཤིན་ཏུ་བརྩེ་བའི་ཚུལ་གྱིས་ཉིན་ཤས་བཞུགས་པར་ཞུས་ཀྱང་མགྱོགས་པར་ཕེབས་དགོས་ཚུལ་གསུངས་པས། ཕྱིར་ཉིན་ཕེབས་ཁར་མ་རྒན་དེས་དངོས་པོ་རྡོག་རྡོག་ཅིག་ཕུལ་ནས་ཆོས་རྒྱག་མཛོད་ཟེར་བར། ཁ་ཆེ་ཤ་སྐམ་རེད་འདུག་པས་ཁམས་སུ་སླེབས་ནས་བླ་མ་རྣམས་ལ་མཇལ་རྟེན་དུ་ཕུལ་རྒྱུ་སོགས་ལ་ཐུགས་ཕན་ཆེ་བར་གསུངས་པ་མ་ཟད། ཕྱིས་འབྲི་གུང་ན་བཞུགས་སྐབས་ཀྱང་ད་སྐབས་མ་རྒན་དེ་ཡོད་ན་གཅིག་ཐུག་དགོས་ཀྱང་། དེ་ཕལ་ཆེར་སྤྲུལ་བ་ཞིག་ཡིན་པ་འདྲ། ཨེ་ཡོད་མི་ཤེས། ཞེས་གསུངས། གཞན་ཡང་ལམ་བར་ནས་དུད་ཚང་ཞིག་གི་ཕུག་ན་ཤིང་ཕུང་ཞིག་ཡོད་པར་བཙན་གནས་པའི་གནོད་པས་དུད་ཚང་དེ་ལ་ན་ཚ་སོགས་ཆག་སྒོ་མང་བུ་བྱུང་བར། ཁོང་གིས་ཤིང་ཕུང་དེ་ཐག་པས་དམ་དུ་བསྡམས་ནས་བཀའ་བསྒོ་དམ་བཞག་གནང་བ་དེ་ནས་བཟུང་དུད་ཚང་དེའི་ན་ཚ་སོགས་ཆད་པར་གྱུར། དེ་བཞིན་ཐག་རིང་ལམ་གྱི་དཀའ་ངལ་ཐམས་ཅད་ཁྱད་དུ་བསད་ནས་རིམ་གྱིས་ཕེབས་མཐར། མདོ་ཁམས་རུ་དམ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཕེབས་ནས། སྐབས་དེའི་ལས་ཐོག་མཁན་ཆེན་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་དང་། རྟོ་རུ་མཁན་པོ་དགེ་རྣམ་སོགས་གུས་པས་བསྟེན་ཅིང་སྤྱོད་འཇུག་ནས་བཟུང་གསན་བསམ་གནང་བའི་དབུ་བརྩམས། དེ་སྐབས་ཁོང་ལྟོ་སྐྱ་གོས་ཧྲུལ་ཡིན་སྟབས་གྲྭ་བ་ཁྲེལ་མེད་འགས་ཅུང་ཟད་མཐོང་ཆུང་བྱས་ཀྱང་། ཤེས་རབ་ལེའུའི་སྐབས་ནས་ཁོང་གི་རྣམ་དཔྱོད་ཁྱད་དུ་འཕགས་པར་བརྟན་བརྙས་བཅོས་བྱེད་པ་མ་བྱུང་གསུངས། རིམ་གྱིས་ཐ་ན་ཇ་བསྐོལ་བའི་དུས་ཙམ་ཡང་མ་གྲོན་པར་རྒྱུན་དུ་ཆུ་གྲང་མོར་རྩམ་པ་བཏབ་ནས་བཟའ་བཏུང་གཉིས་ཀའི་གོ་ཆོད་པར་མཛད་པ་དང་། དགོང་མོ་སྣང་གསལ་གྱི་ཆ་རྐྱེན་གྱིས་དབེན་སྟབས་ཟླ་འོད་ཡོད་སྐབས་དེར་བརྟེན་ཟླ་ཐིག་དེད་ནས་རི་མགོར་ཐེངས་མང་ཕེབས་པ་སོགས། རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་ལ་འགྲན་བཟོད་པའི་དཀའ་སྤྱད་དང་རྟག་འགྲུས་ཀྱི་བརྩོན་པ་ཆེན་པོས་གཞུང་ཆེན་བཅུ་གསུམ་དང་། ཐུན་མོང་རིག་གནས་སོགས་ཀུན་ལ་སྦྱང་བརྩོན་རྡོ་རུས་ཐུག་པ་མཛད་པས། མི་རིང་བར་མཁས་པའི་གོ་འཕང་བདག་གིར་བཞེས་པ་དང་། ཨ་བུ་ལྷ་སྒང་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་བཞེས། མཚན་ལ་ཐུབ་བསྟན་བཤད་སྒྲུབ་ཐོས་བསམ་རྒྱ་མཚོ་ཞེས་གསོལ།
དེ་སྐབས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཞལ་བཞུགས་སྐབས་ཡིན་པར། ལོ་ཞིག་གི་དབྱར་ཁ་རྫོགས་ཆེན་རིན་པོ་ཆེ་གྲྭ་འཁོར་བཅས་སྐྱལ་གྱི་བྲག་དཀར་དུ་དབྱར་བསང་ལ་ཕེབས་པར། ཤཱི་སེང་ཧའི་གྲྭ་ཡོངས་རྫོགས་ཀྱང་ཕེབས་སྟབས་ཁོང་ཡང་ཉལ་ཆས་སོགས་ཁུར་བོ་ཁུར་ནས་ཕེབས་ཤིང་ཁྲ་མདོར་སླེབ་སྐབས། རྒྱང་རིང་ནས་རྫོགས་ཆེན་ཡིད་བཞིན་ནོར་བུའི་ཆིབ་སྒར་ཕེབས་པ་གཟིགས་པས། དེར་འཕྲད་རྒྱུར་སྐྲག་ནས་ལམ་གོང་ན་ཤིང་ཕུང་ཁ་ཤས་ཡོད་པའི་གསེབ་ཏུ་གབ་ནས་བསྡད་པ་ཡིན་གསུངས། སྐབས་དེར་ཆིབ་སྒར་ཕྱོགས་དེར་སླེབས་པ་དང་། ཁྱད་པར་ཡིད་བཞིན་ནོར་བུའི་ཆིབ་པ་ཁོང་གབ་ཡོད་སའི་ཐད་ཀར་ཕེབས་འཕྲལ། ཆིབ་ཁ་བཀག་ནས་གྲྭ་བ་ཞིག་ལ་ཡ་གིའི་ཤིང་གསེབ་ན་ཨ་ལྕོ་ཞིག་ཡོད་པས་འདིར་བོས་ཤོག་གསུངས་པར། གྲྭ་བས་ཁོང་ལ་སྐད་བཏང་བས། ཁོང་རིན་པོ་ཆེའི་སྐུ་མདུན་བཅར་བར། ཐུགས་དགྱེས་བརྩེ་ཆེན་པོས་དེ་འཕྲོར་ཁོང་གི་བཞུགས་སྒར་ལ་ཤོག་གསུངས་ནས་ཕེབས། དེ་ཡང་མངོན་ཤེས་ཀྱིས་གཟིགས་པ་མ་གཏོགས་ཁོང་གབ་ཡོད་པ་གཟིགས་ཐབས་མེད་གསུངས། དེ་ནས་དགོང་དྲོ་ཙམ་ལ་བཞུགས་སྒར་གྱི་འགྲམ་དུ་སླེབས་ཀྱང་འཕྲལ་དུ་སྐུ་མདུན་འགྲོ་མ་ནུས་པས་གསོལ་ཐབ་ནས་ཇ་ཞིག་བསླངས་ཏེ་བཏུང་བཞིན་བཞུགས་པར། གྲྭ་བ་ཞིག་གིས་སྐུ་མདུན་ཤོག་གསུང་གིན་འདུག་ཅེས་བོས་པས། སྐུ་མདུན་བཅར་བར་ཐུགས་བརྩེའི་གསུང་གླེང་མང་དུ་གནང་ཞིང་། དེ་འཕྲལ་དགོང་གསོལ་འཚོགས་པར་རིན་པོ་ཆེ་ཚོགས་དབུར་ཕེབས་པ་དང་ཁོང་ལ་ཡང་ཤོག་གསུངས་པས་མཉམ་དུ་ཕེབས་པས། རིན་པོ་ཆེའི་བཞུགས་ཁྲིའི་རྒྱབ་གྲལ་གྱི་གྲལ་མགོར་འབོལ་གདན་འཕར་མའི་སྟེང་བཞུགས་སུ་བཅུག་པ་སོགས། རྫོགས་སྤྲུལ་ཡིད་བཞིན་ནོར་བུ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པས་ཐུགས་བརྩེས་བསྟོད་བཀུར་ཚད་མེད་གནང་བར་མ་ཟད། དམ་པའི་སྐྱེས་སྤྲུལ་ཞིག་ཡིན་པར་གསུངས་པར་བརྟེན། དེ་ནས་བཟུང་བོད་པ་སྤྲུལ་སྐུ་ཞེས་ཀུན་གྱིས་བསྟོད་བཀུར་གྱི་ཡུལ་དུ་གྱུར་པ་དང་། བྱོན་བཞུགས་སྐབས་རྒྱུན་དུ་ཞབས་ཕྱི་གྲྭ་བ་དང་ཆིབ་པ་སོགས་ཀྱང་རྫོགས་ཆེན་རིན་པོ་ཆེས་གནང་བར་མཛད། དེ་ནས་རྫོགས་སྤྲུལ་ཡིད་བཞིན་ནོར་བུའི་མདུན་སྙིང་ཐིག་ཡ་བཞིའི་གཙོས་དབང་ལུང་ཁྲིད་ཀྱི་རིམ་པ་ཡང་མང་དུ་གསན་པ་ཡིན་ནོ། །
གང་ཁྱོད་སྔོན་གྱི་བག་ཆགས་སད་པ་ལས། །ཚེ་འདིའི་གཉེན་དང་ལོངས་སྤྱོད་རང་ཡུལ་བཅས། །ཡོངས་སྤངས་ཀུ་སཱ་ལི་པའི་ཆ་ལུགས་ཀྱིས། །བཤུལ་རིང་ལམ་གྱི་ངལ་བ་དང་བླངས། མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་དུ། །མཁས་པ་དུ་མའི་ཞབས་པད་ལེགས་བསྟེན་ནས། །མཁས་བྱའི་གནས་ཀུན་ཐུགས་སུ་ཆུད་གྱུར་པས། །མཁས་པའི་གོ་འཕང་ཁྱོད་ཀྱིས་བདག་གིར་བཞེས། རྫོགས་པའི་སངས་རྒྱས་མི་ཡི་ཤ་གཟུགས་ཅན། །ཆོས་ཀྱི་རྡོ་རྗེའི་སྒྲིབ་མེད་ཡེ་ཤེས་ཀྱིས། །གང་ཁྱོད་དམ་པའི་སྐྱེས་བུར་མངའ་གསོལ་བས། །སྙན་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར། །ཅེས་ཀྱང་སྨྲས་སོ། །
གསུམ་པ། སླར་ཡང་ཡུལ་རྫ་སྟོད་དུ་མཁན་ཆེན་ཀུན་བཟང་དཔལ་ལྡན་བསྟེན་ནས་འཇམ་མགོན་བླ་མའི་རང་ལུགས་ཐུགས་ཀྱི་བུམ་པར་བསྐྱིལ་རྗེས་བླ་མས་གདན་ས་གཏད་པའི་སྐོར་ནི།
དེ་ནས་ཀྱང་། རྒྱ་མཚོ་ཆུ་ཡི་མི་ངོམས་ཞིང་། །དམ་པ་ལེགས་བཤད་ཀྱིས་མི་ངོམས། །ཞེས་པ་ལྟར་ཁོང་རིན་པོ་ཆེས་དེ་ཙམ་གྱི་སྦྱངས་པས་ཆོག་ཤེས་མ་གནང་བར་ད་དུང་གསན་བསམ་སྤྱི་དང་། ཁྱད་པར་འཇམ་མགོན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་རང་ལུགས་ཀྱི་ལེགས་བཤད་རྣམས་ལ་ཐུགས་ངེས་ཁྱད་པར་ཅན་འཁྲུངས་ནས། དེ་ཉིད་འདོམས་པའི་དམ་པ་གང་དུ་བཞུགས་རྩད་གཅོད་གནང་སྐབས་རྫོགས་སྤྲུལ་ཡིད་བཞིན་ནོར་བུ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བཀའ་ལས། རྫ་སྟོད་དུ་མཁན་ཆེན་ཀུན་དཔལ་བཞུགས་པས་དེར་ཕེབས་ན་ལེགས་ཚུལ་གསུངས་པ་ལྟར། སླར་ཡང་ཀུན་སྤངས་བྱ་བྲལ་པའི་ཚུལ་གྱིས་ཡུལ་རྫ་སྟོད་ཕྱོགས་སུ་ཕེབས། སྐབས་དེར་འཇམ་མགོན་མི་ཕམ་དང་དཔལ་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་དངོས་སློབ་མཁན་ཆེན་ཀུན་བཟང་དཔལ་ལྡན་མཆོག་རྫ་དཀར་ཆུང་རི་ཁྲོད་དུ་དམ་མཚམས་ཞིག་ལ་བཞུགས་ཡོད་སྐབས། བོད་སྤྲུལ་རིན་པོ་ཆེ་དེར་ཕེབས་ནས་མདུན་འདུག་ལ་སྐུ་མདུན་མཇལ་ཁ་ཞུ་དགོས་སྐོར་གསུངས་ཀྱང་ཉེ་གནས་ཀྱིས་མཇལ་ཁ་ཡོངས་དཀའ་བར་བཤད་ནའང་། ནན་གྱིས་ཞུས་པར་བརྟེན་ཉེ་གནས་ཀྱིས་མཁན་ཆེན་དམ་པར་ཞུས་པ་ན་དེ་ཉིན་ཚེས་བཅུའི་དུས་བཟང་ཞིག་ཡིན་པར་མ་ཟད། སྐབས་དེར་ཁོང་གིས་ཚོགས་ཤིག་གསུང་བཞིན་པའི་དྲངས་པའི་མགོར་སླེབས་པ་སོགས་རྟེན་འབྲེལ་འགྲིགས་པའི་དབང་གིས་མཁན་ཆེན་དམ་པས་ཁོང་མྱུར་དུ་སྐུ་མདུན་དུ་གདན་འདྲེན་ཞུ་དགོས་གསུངས་ཤིང་། འབོལ་གདན་སོགས་ཀྱི་བཀུར་སྟི་དང་ཚོགས་ཀྱི་དྲངས་པ་ཡང་ཕུལ་གནང་མཛད་ནས། ཆོས་རྗེ་དཔལ་སྤྲུལ་གྱི་རྣམ་སྤྲུལ་དུ་ངོས་འཛིན་གནང་། དེ་ཡང་སྔར་དཔལ་སྤྲུལ་རིན་པོ་ཆེ་སྐུ་ཞི་བར་གཤེགས་ཁར་མཁན་ཆེན་ཀུན་དཔལ་གྱིས་ཡང་སྲིད་མྱུར་བྱོན་དང་གང་རྩར་གཅོད་དགོས་ཚུལ་ཞུས་པར། དཔལ་སྤྲུལ་རིན་པོ་ཆེས་ཁོང་ལ་ཡང་སྲིད་མེད་གསུངས་པས། ནན་གྱིས་ཞུས་པར། འོ་ན་ངའི་སྤྲུལ་སྐུ་རྩད་གཅོད་བྱེད་མི་དགོས། ཉིན་ཞིག་ཨ་ལྕོ་ཁུར་བོ་ཅན་འདི་རེད་སྙམ་པ་ཞིག་འོང་ངེས་པས། དེ་ལ་བདག་པོ་གྱིས་གསུངས་ཤིང་། ཉིད་ཀྱི་གདན་ས་མཁན་ཀུན་དཔལ་ལ་གཏད་ནས་ཞི་བར་གཤེགས་པ་དང་། སྐབས་འདིར་བོད་སྤྲུལ་རིན་པོ་ཆེ་ཨ་ལྕོ་ཁུར་པོ་ཅན་ཡིན་པ་དང་། ཉིན་དེའི་རྟགས་རྟེན་འབྲེལ་སོགས་ལས་དེ་ལྟར་གནང་བ་ཡིན་པར་གྲགས།
དེ་ལྟར་མཁན་ཆེན་དམ་པས་ཐུགས་བརྩེ་བས་རྗེས་སུ་བཟུང་ཞིང་། རིམ་གྱིས་དགེ་གོང་དགོན་ལུང་རྟོགས་པདྨོ་རྒྱས་པའི་དགའ་ཚལ་སོགས་སུ་ཀུན་མཁྱེན་རོང་ཀློང་རྣམ་གཉིས། ཆོས་རྗེ་དཔལ་སྤྲུལ་སོགས་དང་། འཇམ་མགོན་བླ་མའི་རང་ལུགས་གཙོ་བོ་བྱས་པའི་དཔེ་ཁྲིད་སོགས་གང་གི་མཁྱེན་རྟོགས་ཀྱི་ཡོན་ཏན་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་བསྩལ། དེ་རྗེས་མཁན་ཆེན་དམ་པ་སྐུ་གཤེགས་ཁར་བོད་སྤྲུལ་རིན་པོ་ཆེ་ལ་གདན་ས་དགེ་གོང་དགོན་གྱི་ཁུར་བཞེས་དགོས་པའི་ཞལ་ཆེམས་ནན་ཆེར་བསྩལ་བར་བརྟེན། ཁོང་རིན་པོ་ཆེས་དུས་ཕྱིས་དབུས་སུ་མ་ཕེབས་བར་དུ་གདན་ས་དེ་ལེགས་པར་བསྐྱངས་པ་ཡིན་ནོ། །
སྨྲས་པ། གང་ཁྱེར་སྐྱེས་སྦྱང་རིག་པའི་སྟོབས་རྒྱས་ཤིང་། །མཚན་སྙན་ཕྱོགས་ཀྱི་བུ་མོའི་མཐར་ཁྱབ་མོད། །འཇམ་མགོན་བླ་མའི་གསུང་རབ་བདུད་རྩིའི་བཅུད། །འཚོལ་ཕྱིར་རྫ་སྟོད་འཛིན་མའི་ཕྱོགས་སུ་ལྷགས། །དེ་ཚེ་མཁན་ཆེན་སྡེ་སྣོད་འཛིན་པ་དེས། །ཆོས་ཀྱི་དབང་པོ་སླར་ཡང་ཕེབས་སོ་ཞེས། །རྟེན་འབྲེལ་ལེགས་པའི་ལམ་གྱི་སྒོ་ཕྱེས་ནས། །ཚད་མེད་དགྱེས་པའི་ཐུགས་ཀྱིས་རྗེས་སུ་བཟུངས། །བརྟན་མཁས་ཡོན་ཏན་ཕུང་པོ་བླ་མ་རྗེས། །འཇམ་དཔལ་དགྱེས་པའི་གསུང་རབ་ཕ་ཕོག་དང་། །གདན་ས་ལུང་རྟོགས་པདྨའི་དགའ་ཚལ་བཅས། །བརྒྱུད་འཛིན་ཐུགས་ཀྱི་སྲས་གཅིག་ཁྱེད་ལ་གཏད། །ཅེས་བར་སྐབས་ཀྱི་ཚིགས་བཅད་དོ། །
བཞི་པ། དེ་ལྟར་དགེ་གོང་དགོན་དུ་བཤད་སྒྲུབ་ལས་གསུམ་གྱི་བསྟན་པའི་ཐུགས་འགན་བཞེས་ནས་བཞུགས་པའི་སྐབས་ཤིག་ལ། སྔོན་པཎ་ཆེན་ནཱ་རོ་པ་བི་ཀྲ་མ་ཤི་ལའི་བྱང་སྒོ་སྲུང་བའི་པཎྜི་ཏར་བཞུགས་སྐབས་མཁའ་འགྲོས་ལུང་བསྟན་ནས་ཚེ་རབས་ལས་ཀྱི་བླ་མ་ཏཻ་ལོ་པ་དང་མཇལ་བའི་ཚུལ་དང་མཚུངས་པར། བོད་སྤྲུལ་རིན་པོ་ཆེ་ཡང་དགེ་གོང་དུ་གདན་འཇག་སྐབས། ཉིན་ཞིག་ཁང་སྟེང་དུ་བྱ་ཡ་མཚན་ཅན་ཞིག་བབ་ནས་སྐད་སྣ་ཚོགས་བསྒྲགས་པའི་མཁའ་འགྲོའི་བརྡ་ལུང་ལས་ཉིད་ཀྱི་ཚེ་རབས་ལས་ཀྱི་བླ་མ་ད་ལྟ་མདོ་སྨད་ན་བཞུགས་པས། མྱུར་དུ་ཕེབས་ལ་གདམས་པའི་སྒྲོ་འདོགས་ཆོད་ཅིག །ཅེས་གསན་པས་ཁོང་གིས་མདོ་སྨད་ན་བཞུགས་པའི་བླ་མ་སུ་ཡིན་དགོངས་པར། སྐབས་དེར་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བ་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་མཆོག་མདོ་སྨད་གསེར་ཡག་སྒང་དུ་ཆོས་སྒར་བཏབ་ནས་བཞུགས་ཡོད་པ་དེ་ཡིན་པར་མཁྱེན། དེ་ཡང་ཁོང་གི་སྐུ་ཐོག་གོང་མ་དཔལ་སྤྲུལ་རིན་པོ་ཆེས་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་སློབ་མ་རྡོ་རྗེའི་གདུང་བཞིའི་ཡ་གྱལ། ལུང་བྱང་ལས། ཤར་དུ་དུང་དཀར་ཚངས་དབྱངས་གྲགས་ལྡན་འབྱུང་། །ཞེས་པའི་རྡོ་བླ་འཇིགས་མེད་སྐལ་བཟང་བླ་མར་བསྟེན་ནས་ཟབ་མོའི་གདམས་པ་མང་དུ་གསན་ཅིང་། སྐབས་ཤིག་དཔལ་སྤྲུལ་རིན་པོ་ཆེ་ནས་བླ་མ་ལ་ཟབ་དོན་ཞིག་གི་དོགས་སེལ་ཞུས་པར། བླ་མས་འདིའི་དོན་སྐྱེ་བ་རྗེས་མར་རང་ཅག་མཉམ་དུ་འཛོམས་སྐབས་བཀྲོལ་ཞེས་རྟེན་འབྲེལ་འཕྲོ་ཅན་དུ་བཞག་པའི་དུས་སུ་བབ་པར་དགོངས་ནས། མྱུར་དུ་མདོ་སྨད་གསེར་རྟའི་ཕྱོགས་སུ་ཕེབས་གྲ་བསྒྲིགས་སྐབས། དགེ་རྩེ་གོང་མའི་བློན་པོ་འགོ་ཚའི་ག་དར་ཞེས་པ་ཞབས་འབྲིངས་སུ་མཉམ་དུ་ཆས་པ་དང་། གཞན་དགེ་གོང་རྒྱ་ཐོག་འཇའ་བ་སོགས་གྲྭ་འཁོར་བཅས་རིམ་གྱིས་ལམ་བར་གྱི་དཀའ་ཚེགས་ཐམས་ཅད་ཁྱད་དུ་བསད་ནས་ཕེབས་ཤིང་། ཉིན་ཞིག་ཡུལ་གསེར་སྨད་དུ་རི་བོ་དུང་དཀར་གཡས་སུ་འཁྱིལ་བའི་དབྱིབས་ཅན་ཡག་སྒང་ཆོས་སྒར་གྱི་རི་སྐེད་ཆོས་སྒར་མཐོང་ས་ཞིག་ཏུ་སླེབས་པ་དེར། ཆིབ་ལས་བཤོལ་ཏེ་དཔོན་གཡོག་ཐབས་ཅད་ངལ་གསོས་ནས་བཞུགས།
དེ་ཡང་བྱ་བྲལ་རིན་པོ་ཆེའི་ཆོས་སྒར་དུ་བླ་སྤྲུལ་ཕེབས་མཁན་མང་སྟབས་རྒྱུན་དུ་བསུ་བ་སེར་ཕྲེང་སོགས་བྱ་སྲོལ་མེད་ཀྱང་། ཉིན་དེར་བྱ་བྲལ་རིན་པོ་ཆེས། དེ་རིང་བྱང་ཆུབ་སེམས་དཔའ་སྐྱེས་ཆེན་དམ་པ་ཞིག་ཕེབས་ངེས་པས་སེར་ཕྲེང་གི་བསུ་བ་ལེགས་པོ་བྱེད་དགོས། གསུངས། གུང་ཡོལ་ཙམ་ལ་བོད་སྤྲུལ་རིན་པོ་ཆེ་འཁོར་བཅས་ཆོས་སྒར་དང་ཉེ་སར་བཞུགས་ཡོད་པའི་དྲུང་དུ་གྲྭ་བ་འགའ་ཐེངས་གཉིས་ཙམ་དུ་ཡོང་ནས། གང་ནས་ཡིན་དང་། སུ་ཡིན་སོགས་རྩད་གཅོད་ནན་ཆེར་གནང་ཞིང་། བོད་སྤྲུལ་རིན་པོ་ཆེ་ཡིན་པ་ཤེས་པའི་རྗེས་ཁོང་རྣམ་པའི་ཅ་ལག་ཁུར་རོགས་བཅས་ཆོས་སྒར་དུ་གདན་དྲངས། དེར་ཡང་དགེ་འདུན་རྣམས་ཀྱིས་སེར་ཕྲེང་གི་བསུ་བ་དང་། སྤྱིར་བྱ་བྲལ་རིན་པོ་ཆེ་གཟིམ་ཁང་གི་ཕྱིར་ཕེབས་པ་དཀོན་ཡང་། ཉིན་དེར་ཁོང་ཡང་གཟིམས་ཁང་གི་ཕྱི་རོལ་ཏུ་བསུ་བར་ཕེབས་ནས་ཐུགས་དགྱེས་ཉམས་ངང་རྣམ་པ་གཉིས་མཇལ་འཕྲད་ཀྱིས་གཟིམ་ཆུང་དུ་དུ་གདན་དྲངས་པ་སོགས་བཀུར་སྟི་ཚད་མེད་གནང་བ་མ་ཟད། བྱ་བྲལ་རིན་པོ་ཆེས་ཁོང་ལ་རྡོ་བླ་འཇིགས་སྐལ་གྱི་བག་ཆགས་མངའ་ཚུལ་དང་། སྐུ་ཉིད་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཡིན་ཚུལ་ཡང་གསུངས་ཤིང་། དེ་ནས་ཉིན་བདུན་ཕྲག་ཙམ་དུ་ཁོང་རྣམ་གཉིས་ཀྱིས་གསོལ་དཔོན་ཙམ་ལས། སུ་ལའང་མཇལ་ཁ་མ་གནང་བར་ཉིན་མཚན་བར་མེད་དུ་ཐེག་པ་སྤྱི་དང་། ཁྱད་པར་མན་ངག་འོད་གསལ་རྫོགས་པ་ཆེན་པོའི་སྐོར་བགྲོ་གླེང་དང་ཉམས་རྟོགས་བསྡུར་བ་མན་ངག་གི་སྒྲོ་འདོགས་གཅོད་པ་སོགས་ཀྱིས་དུས་འདའ་བར་མཛད།
སྐབས་དེར་བྱ་བྲལ་རིན་པོ་ཆེས་གསོལ་དཔོན་གཡུ་ཁོག་པ་འགྱུར་མེད་རྡོ་རྗེ་ལ། ཐེངས་འདིར་ཁྱོད་ཀྱིས་ཁོང་རྣམ་གཉིས་ལ་གསོལ་ཇ་འབུལ་རྒྱུ་དང་། མན་ངག་སྐོར་གྱི་གསུང་གླེང་རྣམས་ཐོས་པ་ནི་ཤིན་ཏུ་སྐལ་བ་བཟང་པོ་ཡིན་པར་གསུངས། གཞན་ཡང་བོད་སྤྲུལ་རིན་པོ་ཆེས་འཇམ་མགོན་བླ་མའི་རང་ལུགས་ཁོ་ན་རྩལ་དུ་བཏོན་ནས་འཆད་ཉན་གནང་བའི་ཁྱད་དུ་འཕགས་པའི་རྣམ་དཔྱོད་ལ་བྱ་བྲལ་རིན་པོ་ཆེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་གནང་བ་མ་ཟད། དེར་ཁོང་གི་ཆོས་སྒར་གྱི་དགེ་འདུན་རྣམས་ལ་ཟླ་ཤས་ཆོས་ཁྲིད་གནང་དགོས་པའི་བཀའ་གནང་བས། བོད་སྤྲུལ་རིན་པོ་ཆེ་ནས་ཀྱང་དེར་འདུས་ཡོངས་ལ་སྤྱི་དོན་འོད་གསལ་སྙིང་པོ་དང་། །སྟོང་ཐུན་སེང་གེའི་ང་རོ་སོགས་ཀྱི་ཆོས་འཁྲིད་གནང་བར་མ་ཟད། སྐབས་དེར་སྟོང་ཐུན་གྱི་ཟིན་ཐུན་ཡང་བརྩམས། བོད་སྤྲུལ་རིན་པོ་ཆེས་ཀྱང་། གཡུ་ཁོག་བྱ་བྲལ་རིན་པོ་ཆེ་ནི་རྫོགས་ཆེན་གྱི་རྣལ་འབྱོར་པ་ཁྱད་པར་ཅན་ཡིན་པ་དང་། ཁོང་གིས་ཀྱང་མཐར་ཐུག་གདམས་པའི་སྒྲོ་འདོགས་གཅོད་ས་ཡིན་ཚུལ་སོགས་སྔ་ཕྱིར་ཐེངས་མང་གསུངས།
དེ་ལྟར་ཟླ་ཤས་བཞུགས་ནས་ཕེབས་དོན་གྲུབ་རྗེས་སླར་རྫ་སྟོད་དུ་ཆིབས་དབང་བསྒྱུར། དེ་ཡང་ཕེབས་ཉིན་བོད་སྤྲུལ་རིན་པོ་ཆེ་རི་རྩེར་ཡར་ཕེབས་བཞིན་བླ་མའི་གཟིམ་ཆུང་མ་མཐོང་བར་ཕྱིར་གཟིགས་གྱིན་སྤྱན་ཆབ་ཀྱང་ཡུན་རིང་ཕྱུང་བཞིན་ཕེབས། སླར་དགེ་གོང་དགོན་དུ་ཕེབས་ནས་གདན་འཇག་པ་ཡིན་ནོ། །
སྨྲས་པ། སྔོན་དུས་འཇིགས་མེད་མཚན་འཆང་རྣམ་མཉིས་ཀྱིས། །མ་འོངས་མཉམ་འཛོམས་རྟེན་འབྲེལ་འཕྲོ་ཅན་གང་། །དེང་དུས་ཁྱོད་ལ་ཌཱ་ཀིའི་བརྡས་བསྐུལ་ཚེ། །རྗེ་ཁྱོད་མདོ་སྨད་གསེར་གྱི་ལྗོངས་སུ་ཕེབས། །དེ་ཚེ་དམར་སེར་འདུས་པའི་སེར་ཕྲེང་དང་། །གྲུབ་བརྙེས་བྱ་བྲལ་རྗེ་ཡི་བསུ་མ་བཅས། །སླར་ཡང་སྟོན་འཁོར་མཉམ་དུ་འཛོམས་པ་ལ། །ཨེ་མ་ལྷ་རྣམས་དགའ་བའི་མེ་ཏོག་འཐོར། །དེར་ཡང་དཔོན་སློབ་ཐུགས་དགོངས་གཅིག་འདྲེས་ཀྱིས། །ཟབ་དགུའི་གདམས་པའི་སྒྲོ་འདོགས་གཅོད་པ་ལ། ཉིན་དང་མཚན་ཞེས་དབྱེ་བའི་སྐབས་དབེན་པར། །རྣམ་མང་ཟླ་བའི་དུས་ཀྱང་ཐུང་ངུར་བྱས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ལྔ་པ། དགེ་གོང་དགོན་གྱི་གཙོས་རྫས་སྟོད་སྨད་སོགས་སུ་མཁས་པའི་བྱ་རྣམ་གསུམ་གྱིས་བདུལ་བྱ་ཕྱོགས་མེད་དུ་བསྐྱངས་པའི་སྐོར་ནི།
དེ་ནས་ཀྱང་དགེ་གོང་དགོན་དུ་བསྟན་དགོན་གྱི་ཐུགས་འགན་བཞེས་ནས་དགོན་ལྷ་འབངས་དང་བཅས་པའི་རེ་འདོད་སྐོང་བཞིན་པའི་ཞོར་དུ། གདུལ་བྱ་རྗེས་འཛིན་གྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ་དེར་འདུས་སློབ་ཚོགས་རྣམས་ཀྱི་སོ་སོའི་མོས་བློ་དང་བསྟུན་པའི་སྒོ་ནས་ཉིན་རེར་ཡང་ཆོས་ཁྲིད་ལྔ་དྲུག་རེ་བསྟར་་ཆགས་གནང་ཞིང་། ལྷག་པར་རྒྱང་རིང་གི་ཆོས་ཞུ་རྣམས་ལ་ཐུགས་བརྩེས་བསྐྱངས་ཏེ་རིགས་རུས་མཐོ་དམན་དང་དབུལ་ཕྱུག་སོགས་ལ་མ་ལྟོས་པར་གང་འདོད་ཀྱི་ཆོས་སྦྱིན་ཕངས་མེད་དུ་བསྩལ་བ་མ་ཟད། དཔེ་ཆ་མེད་པའི་རིགས་ལ་སྐུ་ཉིད་ཀྱི་ཕྱག་དཔེ་གཡར་གནང་བ་དང་། སྐབས་རེར་སྐུ་ཉིད་ཀྱི་མདུན་ཅོག་ཐོག་ཕྱག་དཔེ་ཕྱེས་ནས་བླ་སློབ་གཉིས་ཀས་གཟིགས་པ་བྱས་ཏེ་ལྗགས་ཁྲིད་གནང་བ་དང་། སློབ་མ་རེ་རེ་ཙམ་ལ་ཡང་མི་བརྙས་པར་གང་འདོད་ཀྱི་དཔེ་ཁྲིད་གནང་བ་སོགས། ཁྱད་དུ་འཕགས་པའི་ཐུན་མིན་གྱི་ཐུགས་རྗེས་སྐྱོང་བའི་བདག་རྐྱེན་ལས། དུས་ཕྱིའི་འཕགས་བོད་ཀྱི་ལྗོངས་ཀུན་ཏུ་སློབ་ཚོགས་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་འདི་དག་བྱུང་བ་ཡིན་ནོ། །
གཞན་ཡང་དཔལ་དུས་ཀྱི་འཁོར་ལོ་དང་། སྙིང་ཐིག་ཡ་བཞི་སོགས་ཀྱི་བཀའ་དབང་དང་དབང་ལུང་ཁྲིད་ཀྱི་རིམ་པ་ཡང་མང་དུ་བསྩལ། དེ་བཞིན་སྔ་འགྱུར་གདན་ས་རྫོགས་ཆེན་ཡང་དབེན་པདྨའི་ཐང་དུ་མཁན་ཆེན་པདྨ་ཚེ་དབང་གིས་གདན་ཞུས་བཞིན་ཐེངས་འགའ་ཕེབས་ནས་རྗེ་ཉིད་ཀྱི་གསུང་ཆོས་གཙོ་བོར་གྱུར་པའི་ཆོས་ཁྲིད་གནང་བ་དང་། ཀཿཐོག་རྡོ་རྗེ་གདན་དུ་ཡང་སྐོར་ཙམ་ཕེབས་ནས་དེ་དག་ཏུ་ལས་ཅན་རྣམས་ལ་ཆོས་ཀྱི་འབྲེལ་བ་བཞག། ལྕང་མ་རི་ཁྲོད་དུའང་ཕེབས་ནས་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་དང་མཇལ་འཕྲད་གནང་བས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པ་མ་ཟད། ཕྱིས་སུ་མཁན་ཆེན་དམ་པ་སྐུ་གཤེགས་པའི་དགོངས་རྫོགས་ཀྱི་ཚོགས་དབུས་སུ་ཕེབས་གནང་མཛད། ཁྱད་པར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་བཤད་གྲྭ་གསར་དུ་འཛུགས་པར་ཀོང་སྤྲུལ་རིན་པོ་ཆེས་གདན་ཞུས་བཞིན་ཕེབས་ཤིང་། ཡུན་རིང་ཙམ་བཞུགས་ནས་དེར་འདུས་གཞི་བྱེས་མཁན་སློབ་རྣམས་ལ་དཔེ་ཁྲིད་ཀྱི་བཀའ་དྲིན་བསྐྱངས་པ་སོགས། མདོར་ན་སྔ་འགྱུར་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། ཁྱད་པར་འཇམ་མགོན་བླ་མ་མི་ཕམ་པའི་རང་ལུགས་དྲི་མ་མེད་པའི་ལེགས་བཤད་འཆ༷ད་པའི་དབྱངས་ཟླ་དང་བྲལ་བས་སྐལ་བཟང་ལས་ཅན་གྱི་གདུལ་བྱ་མཐའ་དག་ཕྱོགས་མེད་དུ་བསྐྱངས་པ་ཡིན་ནོ། །
དེ་བཞིན་རྩོ༷ད་འདོད་རྒོལ་བའི་སྨྲ་ལྕེ་ལུང་རིགས་རྡོ་རྗེའི་རྒྱ་གྲམ་གྱིས་བཅད་ནས་མི་སྨྲའི་བརྟུལ་ཞུགས་ལ་བཀོད་ཚུལ་ཡང་། རྫ་སེར་ཤུལ་དགོན་སོགས་ཕྱོགས་དེའི་གྲུབ་མཐའ་གཞན་ཁའི་དགོན་སྡེ་དག་ཏུ་ཕེབས་ནས། ལི་ཐང་ལེགས་ལྡན་སོགས་མཁས་པར་གྲགས་པ་མང་པོ་དང་གཞུང་ལུགས་དང་གྲུབ་མཐའི་འཛིན་་་མཚམས་ཀྱི་བགྲོ་གླེང་བྱས་མཐར། དེ་དག་གིས་མི་སྨྲའི་བརྟུལ་ཞུགས་བཟུང་བས། རྗེ་གང་གི་མཁས་པའི་མཚན་སྙན་གྱིས་ཕྱོགས་ཀུན་ཁྱབ་ཅེས་ཐོས་སོ། །
ཁྱད་པར་ལེགས་བཤད་རྩོ༷མ་པའི་ཚིག་གིས་གསང་ཆེན་བསྟན་པའི་རང་རྐང་ཆེས་ཆེར་བསླངས་ནས་ཕྱི་རབས་གདུལ་བྱའི་ཚོགས་ལ་བློ་གྲོས་ཀྱི་མིག་ཟུང་ཕྱེ་བའི་ཚུལ་ཡང་། །སྤྱིར་གྲུབ་མཐའ་གཞན་དག་གིས་རྙིང་མ་པ་ལ་ཨ་མྱེའི་གོ་བ་ཙམ་ལས་རང་ལུགས་ཀྱི་ལྟ་གྲུབ་མེད་པར་སྨྲ་བ་དང་། རང་ཕྱོགས་འཛིན་པ་རྣམས་ཀྱིས་ཀྱང་སྔ་འགྱུར་གྲུབ་མཐའི་རང་རྐང་འཇམ་མགོན་བླ་མའི་བཞེད་པ་ཇི་བཞིན་འཆད་པ་དཀོན་ཞིང་། ཉ་དང་ཉུང་མ་བསྲེས་པའི་ཟེར་སྒྲོས་དང་འདོད་ཚུལ་སྣ་ཚོགས་པས་ཐུགས་སུན་ནས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གཞི་ལམ་འབྲས་བུའི་རྣམ་བཞག་གི་རང་བཞེད་མཐའ་དག་ཕྱོགས་བསྡུས་ཀྱི་ཚུལ་དུ་ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེ་ཞེས་པའི་གཞུང་ཞལ་གསལ་བ་ཞིག་བརྩམས་ནས་ཕྱོགས་ཀུན་ཏུ་བཀྲམས། དེར་རང་ཕྱོགས་འཛིན་པ་རྣམས་ཀྱིས་ཀྱང་འཇམ་མགོན་བླ་མའི་གསུང་རབ་དག་སྣང་ལ་མ་ངེས་པར་གྱུར་སྟབས། མི་ཕམ་རིན་པོ་ཆེའི་རང་བཞེད་ཡིན་མིན་སོམ་ཉིའི་དྲྭ་བར་ཚུད་དེ་སླར་འཇམ་མགོན་བླ་མའི་གསུང་རབ་ལ་ཉིན་མཚན་ལྟོས་མེད་དུ་གཟིགས་རྟོག་མཛད་ཀྱང་། འགལ་བ་མེད་པ་མ་ཟད་ལེགས་བཤད་ཕྱོགས་བསྡུས་རྨད་དུ་བྱུང་བར་གཟིགས་ནས་རང་གཞན་གཟུ་བོར་གནས་པ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དེ་ནས་དུས་ཕྱིས་ཙམ་ལ་ལྟ་གྲུབ་ཀྱི་རང་འགྲེལ་འཇམ་དབྱངས་དགོངས་རྒྱན་ཡང་བརྩམས།
ཡང་སྐབས་ཤིག་གཟིམ་ལམ་དུ་མ་འོངས་རྣམ་འདྲེན་ལྔ་པ་རྒྱལ་ཚབ་བྱམས་མགོན་གྱི་ཞལ་གཟིགས་ནས་ཕྱག་གཉིས་ན་མེ་ལོང་གཉིས་བསྣམས་ཤིང་དེའི་ནང་ནས་ཤེར་ཕྱིན་མངོན་རྟོགས་རྒྱན་རྩ་འགྲེལ་རྣམས་གསལ་བར་གཟིགས་པས། ཤེར་ཕྱིན་མངོན་རྟོགས་རྒྱན་རྩ་གྱི་དགོངས་དོན་རྒྱལ་ཚབ་ཀྱི་མན་ངག་ཇི་བཞིན་ཐུགས་སུ་ཆུད་དེ་དཔལ་སྤྲུལ་རིན་པོ་ཆེའི་བསྒྲུབ་གནས་རྫ་དཀར་ཆུང་རི་ཁྲོད་དུ་རྒྱན་འགྲེལ་མ་ཕམ་ཞལ་ལུང་ལེགས་པར་བརྩམས་ཤིང་། ཞོར་དུ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་སོགས་དེར་འདུས་སློབ་ཚོགས་རྣམས་ལ་བཤད་ཁྲིད་ཡང་གནང་བར་གསུངས། གཞན་ཡང་ཤེར་ཕྱིན་དོན་འགྲེལ་མ་ཕམ་དགོངས་རྒྱན་གྱི་གཞུང་དེ་ཉིད་དུས་ཕྱིས་རྫོགས་ཆེན་དུ་ཕེབས་སྐབས་ཤིག་ལ་རྩོམ་བཞིན་པ་ཨ་སྐྱོང་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་རིན་པོ་ཆེས་ཁོང་གིས་གཟིགས་གསུངས། དེ་མིན་སྔ་གཞུག་ཏུ་འཇུག་འགྲེལ་ཟླ་བའི་ཞལ་ལུང་དང་། དོན་འགྲེལ་ཟླ་བའི་དགོངས་རྒྱན། དབུ་མ་བཞི་བརྒྱ་བའི་འགྲེལ་བ་ཀླུ་དབང་དགོངས་རྒྱན། དྲང་ངེས་ལྡེ་མིག། དགེ་འདུན་ཉི་ཤུའི་རྣམ་བཞག། བརྡ་སྤྲོད་སུམ་རྟགས་ཀྱི་རྩ་བ་སྡོམ་བྱང་དང་རང་འགྲེལ་དབྱངས་ཅན་སྒྲ་དབྱངས། ཞིང་སྒྲུབ་དང་འབྲེལ་བའི་བདེ་སྨོན་འགྲེལ་བ་བདེ་ཆེན་མྱུར་ལམ་སོགས་གྲུབ་མཐའི་རང་རྐང་སློང་ནུས་པའི་གཞུང་འགྲེལ་རྒྱས་བསྡུས་དུ་མ་དང་། ཞར་བྱང་ཉེར་མཁོ་འདོན་ཆོག་སྐོར་ཡང་མང་དུ་བརྩམས་གནང་མཛད་དོ། །དེ་དག་ཀྱང་འདྲ་རྩོམ་དང་དཔེ་བཤུས་ཙམ་མ་ཡིན་པར་ཐུགས་ཐོག་ཁོ་ན་ནས་བརྩམས་པ་ཡིན་ཚུལ། དཔེར་ན་ལྟ་གྲུབ་ཤན་འབྱེད་ཀྱང་དབྱར་སྒར་ཞིག་ལ་ཕེབས་ཞོར་བརྩམས་པ་ཡིན་ཚུལ་སོགས་བླ་མ་དམ་པའི་ཞལ་ལས་ཐོས་སོ། །དེ་ལྟར་དགེ་གོང་དགོན་སོགས་མདོ་ཁམས་ཕྱོགས་སུ་མཁས་པའི་བྱ་བ་རྣམ་གསུམ་སོགས་ཀྱི་སྒོ་ནས་བསྟན་འགྲོའི་དོན་ཆེན་ཡུན་རིང་དུ་བསྐྱངས་པ་ཡིན་ནོ། །
རྗེ་ཁྱོད་ལེགས་འཆད་པའི་དབྱར་རྔའི་སྒྲ། །བསིལ་ལྡན་རི་བོའི་ལྗོངས་འདིར་བསྒྲགས་པ་ན། །ཆོལ་གསུམ་ལས་ཅན་སྐལ་བཟང་མདོངས་མཐའི་ཚོགས། །དགའ་བའི་གར་གྱིས་ཁྱོད་དྲུང་ཉེ་བར་ལྷགས། །ཐེག་དགུའི་ལུས་སྟོབས་རྒྱས་པའི་སེང་ཆེན་གྱིས། །རྒོལ་འདོད་ལོག་པར་སྨྲ་བའི་ཝ་སྐྱེས་ཚོགས། །འཇིགས་མེད་ང་རོ་སྒྲོག་པའི་གད་རྒྱང་དང་། །ལུང་རིགས་སྦར་ཁྱིམ་རྣོན་པོས་གཞོམ་པར་བྱས། །གང་གི་མཁྱེན་དཔྱོད་གདེངས་ཅན་བག་པོ་ཡིས། །འཇམ་མགོན་གཞུང་བརྒྱའི་ཆུ་འཛིན་རབ་བསྡུས་ནས། །ལེགས་རྩོམ་སྤྲིན་གྱི་མེ་ཏོག་འཐོར་བ་ན། །ཨེ་མ་སྐལ་བཟང་དགའ་བའི་ལོ་ཏོག་བཞད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དྲུག་པ། ཡུལ་དབུས་སུ་ཕེབས་ནས་འབྲི་གུང་ཉི་མ་ལྕང་ར་སོགས་སུ་འགྲོ་དོན་བསྐྱངས་པའི་སྐོར་ནི།
དེ་ལྟར་མདོ་ཁམས་ཕྱོགས་ནས་བསྟན་པ་ཡུན་རིང་བསྐྱངས་མཐར་དབུས་ཕེབས་རྐྱེན་དང་ཇི་ལྟར་ཕེབས་ཚུལ་ཡང་། རྫོགས་ཆེན་སྐུ་འཕྲེང་དྲུག་པ་འཇིག་བྲལ་བྱང་ཆུབ་རྡོ་རྗེ་རིན་པོ་ཆེ་དབུས་སུ་ཕེབས་ནས་ཕྱིར་རྫོགས་ཆེན་ཕེབས་སྐབས་བོད་སྤྲུལ་རིན་པོ་ཆེ་ལ། ཁྱེད་ཀྱི་མ་ཡུམ་ད་དུང་སྐུ་འཚོ་བཞིན་པ་དང་། ད་སྐབས་སྐུ་ན་སྨིན་པས་ཁྱེད་ལ་མཇལ་འདོད་ཤིན་ཏུ་ཆེ་འདུག་སྟབས། སྐུ་ཉིད་མགྱོགས་པོར་དབུས་སུ་ཕེབས་ན་ལེགས་ཚུལ་གསུངས་པས་རྐྱེན་བྱས། བོད་སྤྲུལ་རིན་པོ་ཆེ་ཁོང་དེ་སྐོར་སྤྱན་གསལ་པོ་མེད་སྟབས་སྤྱན་ལ་སྨན་བཅོས་སོགས་ཀྱི་ཆེད་སྔར་ནས་དབུས་སུ་ཕེབས་འདུན་ཡོད་ཀྱང་། ཐེངས་མང་པོར་མཁན་ཆེན་ཐུབ་བསྟན་སྙན་གྲགས་མཆོག་ལ་ཐུགས་བརྟག་ཞུས་པར་ཕེབས་དཀའ་བར་གསུངས་ཀྱང་། ཐེངས་འདིར་སྐུ་མདུན་ཕེབས་ནས་གོང་གི་རྒྱུ་མཚན་བཅས་སླར་ཐུགས་བརྟག་ཞུས་པས། མཁན་ཆེན་གྱིས་ད་ཐེངས་ཕེབས་ན་ལེགས་ཚུལ་གསུངས་པས། ཁོང་གིས་ཀྱང་ཕེབས་རྒྱུར་ཐུགས་ཐག་བཅད་ནས་ཕེབས་གྲ་བསྒྲིགས།
རིམ་གྱིས་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོ་ཙམ་ལ་ཞབས་ཕྱིར་མཁན་རིན་པོ་ཆེ་ཟླ་ཟེར་དང་ཐུབ་བསྟན། རྒྱལ་རོང་རིག་འཛིན་རྡོ་རྗེ། ཉག་རོང་ཐོགས་མེད་བློ་གྲོས། རྨེ་བ་བཀྲ་རྒྱམ་སོགས་གྲྭ་འཁོར་བཅས་དབུས་སུ་ཆིབས་བསྒྱུར་གནང་ནས་རིམ་གྱིས་འབྲི་གུང་དུ་ཕེབས་པ་དང་། སྐབས་དེར་འབྲི་གུང་ཉི་མ་ལྕང་རར་མཁན་ཆེན་གཞན་དགའི་སློབ་མ་ཨ་ཡང་ཐུབ་བསྟན་ཞེས་པས་བཤད་གྲྭའི་དབུ་འཛིན་གནང་བཞིན་པར་བོད་སྤྲུལ་རིན་པོ་ཆེ་ལ་དེར་བཞུགས་ནས་བཀའ་ཆོས་གསུང་གནང་ཡོང་བའི་རེ་ཞུ་དང་། འབྲི་གུང་བླ་བྲང་སོགས་ཀྱིས་ཀྱང་དེར་བཞུགས་དགོས་པའི་ཞུ་བ་ཕུལ་ཡང་། སྐབས་དེར་དྭགས་པོར་མ་ཡུམ་ལ་མཇལ་འཕྲད་དུ་ཕེབས་དགོས་རྐྱེན་གྱིས་ཞལ་བཞེས་མ་གནང་། འོན་ཀྱང་སྐབས་དེར་ཁ་བ་ཐེངས་མང་བབས་ནས་འབྲི་གུང་ནས་དྭགས་པོར་འགྲོ་བའི་ལམ་བགྲོད་དཀའ་བར་གྱུར་སྟབས། ཞིན་ཞིག་བོད་སྤྲུལ་རིན་པོ་ཆེའི་ཞལ་ནས། ད་ངས་འབྲི་གུང་པའི་མི་ལས་གནང་བ་ཐོབ་ཀྱང་ལྷ་ལས་གནང་བ་མ་ཐོབ། ཁ་བ་དེའང་འབྲི་གུང་ཨ་ཕྱི་ཆོས་སྒྲོན་གྱི་ཆོ་འཕྲུལ་རེད་འདུག་པས། ད་གནས་སྐབས་འདུག་དགོས་པ་འདྲ་གསུངས་ཤིང་། དེ་ནས་ལོ་གཅིག་ལྷག་ཙམ་འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭར་ཆོས་ཁྲིད་ཀྱི་བཀའ་དྲིན་བསྩལ། དེར་ཡང་དགའ་སྤྲོ་ཁང་སར་ཞེས་པར་བཞུགས་སྐབས་ཤིག་ལ། འབྲི་གུང་ཨ་ཕྱི་ཆོས་ཀྱི་སྒྲོན་མས་ཞལ་གཟིགས་པར་ཁོང་གིས། ཀྱེེ་གནས་ཡུལ་ཌཱཀྐི་ཡོངས་ཀྱི་གཙོ། །སོགས་ཚིགས་བཅད་འགའ་ཡོད་པའི་གསོལ་མཆོད་ཅིག་ཀྱང་མཛད།
དེ་ནས་ས་ཁྱི་ལོ༡༩༥༨ ཆིབས་བཏེགས་ཏེ་དྭགས་པོར་ཕེབས་ཀྱང་སྐབས་དེར་མ་ཡུམ་གཤེགས་ཟིན། དེར་རབ་བརྟན་གླིང་དུ་ཞི་ཁྲོའི་སྒྲུབ་མཆོད་ཅིག་འཛུགས་གནང་མཛད་པ་སོགས་སྐུ་འཁྲུངས་ཡུལ་ཕྱོགས་དེར་དབང་བཀའ་དང་ཆོས་སྦྱིན་ཡང་བསྩལ་ནས་ཟླ་ཤས་བཞུགས་རྗེས། སླར་འབྲི་གུང་ཉི་མ་ལྕང་རར་ཚུར་ཕེབས་ནས་སྔར་བཞིན་ཆོས་ཁྲིད་དང་དབང་ལུང་ཁྲིད་ཀྱི་རིམ་པ་ཡང་རྒྱ་ཆེར་གནང་ཞིང་། གཏེར་སྒྲོམ་ཕྱོགས་དང་ཆོས་ལུང་ཕྱོགས་སུའང་ཟླ་ཤས་བཞུགས་ཤིང་། ར་ཧོར་ཆོས་ཀྱི་གྲགས་པ་ཆོས་ལུང་ན་བཞུགས་པས་ཀྱང་གདན་དྲངས་ཏེ་མཇལ་འཕྲད་གནང་ཞིང་། དབུས་ལྷ་ལྡན་དུ་ཕེབས་ནས་ཇོ་ཤཀ་རྣམ་གཉིས་སོགས་རྟེན་མཇལ་དང་གདན་ས་སེར་འབྲས་སོགས་སུ་གནས་གཟིགས་ལའང་ཕེབས་ཤིང་། སྐབས་དེར་སེ་ར་དྭགས་པོ་ཁང་ཚན་ནས་གདན་ཞུས་ཀྱིས་བཀུར་སྟི་ཆེན་པོ་བྱས་ཞེས་སྐབས་དེར་ཁང་ཚན་དེའི་གྲྭ་བ་ཡིན་པའི་ཕུན་ཚོགས་ནོར་བུ་ནས་གསུངས།
མགོན་ཁྱོད་མདོ་ཁམས་ཕྱོགས་ཀྱི་བསྟན་འགྲོ་ཡི། །དོན་ཆེན་རེ་ཞིག་གྲུབ་པར་གྱུར་པ་ན། །བསོད་ནམས་བརྒྱ་ལས་གྲུབ་པའི་ཞབས་པདྨོ། །དབུས་གྱུར་གདུལ་བྱའི་ཆུ་སྐྱེས་ཚལ་དུ་བཀོད། །གང་ཁྱོད་མཁས་ཤིང་གྲུབ་པའི་མཚན་སྙན་སྒྲ། །སྔར་ནས་ཁ་བའི་ལྗོངས་སུ་ཁྱབ་པའི་མཐུས། །དེར་ཡང་ལྷ་མི་བཅས་པའི་འབྲི་གུང་པས། །གནས་དེའི་གདུལ་བྱ་ཆོས་ཀྱིས་སྐྱོང་བར་ཞུས། །དབུ༷ས་གཙང་དབུ༷་རུའི་འབྲི་ཞེས་གྲགས་པའི་ཆར། ཉི༷་ལྕང་ཆོས་གྲྭར་བསྟན་པའི་ཉི༷་མ་རྗེས། །འཁོ༷ར་ལོ་གསུམ་གྱིས་འཁོ༷ར་སློབ་ལེགས་བསྐྱངས་པའི། །སྙ༷ན་པའི་གྲགས་པ་དེང་ཡང་རྣ་བར་སྙ༷ན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་དོ། །
བདུན་པ། དུས་འགྱུར་སྐབས་བྱང་སྦེ་གུའི་ཕྱོགས་སུ་ཕེབས་ནས་མཐར་སྐུ་ཞི་བར་གཤེགས་པའི་སྐོར་ནི།
དེ་ལྟར་འབྲི་གུང་ཉི་མ་ལྕང་རའི་ཆོས་གྲྭ་ལོ་གསུམ་ཙམ་དུ་འབྲི་གུང་སྐྱབས་མགོན་སོགས་གཙོ་བོར་གྱུར་པའི་སློབ་ཚོགས་རྣམས་ལ་མདོ་སྔགས་ཐེག་པའི་རིམ་པ་མང་པོ་ལྗགས་ཁྲིད་གནང་། དེར་ས་ཕག༡༩༥༩ ལོ་ནས་བསྟན་འགྲོའི་བསོད་ནམས་རྒུད་པའི་དུས་འགྱུར་གྱི་མུན་པས་ཁེབས་ལ་ཉེ་བར་བརྟེན། མཁན་རིན་པོ་ཆེ་ཟླ་ཟེར་དང་ཐུབ་བསྟན་སོགས་འཕགས་ཡུལ་ཕྱོགས་སུ་མངགས། རྨེ་བ་ཐུབ་ཆོས་དང་བཀྲ་རྒྱམ་སོགས་རང་ཡུལ་དུ་མངགས་ནས་ཁོང་རིན་པོ་ཆེར། རྒྱལ་རོང་རིག་འཛིན་རྡོ་རྗེ། འཇང་པ་དར་རྒྱས། སྐུ་ཚ་ཐུབ་བསྟན་སྨོན་ལམ། ཐོགས་མེད་བློ་གྲོས་སོགས་ཀྱི་ཞབས་རིམ་བཅས་རིམ་གྱིས་བྱང་ནག་ཆུའི་ཕྱོགས་སུ་བྲོས་བྱོལ་གྱི་ཚུལ་དུ་ཕེབས་ནས། ཟླ་ཤས་ཀོང་པོ་རྒྱ་མདའི་ས་ཆ་ཕེན་ལྡོག་མ་སོགས་གནས་ངེས་མེད་དུ་བཞུགས་མཐར་བེ་གུ་དགོན་གྱི་ཉེ་འགྲམ་ནས་བཞུགས། སྐབས་དེར་དེ་ཕྱོགས་དམངས་གཙོ་བཅོས་བསྒྱུར་བྱས་ཟིན་པས་འགོ་ཁྲིད་རྣམས་ལ་ཁོང་གི་ལོ་རྒྱས་དྲང་པོར་གསུངས་པ་དང་། ཁྱད་པར་སྤྱན་མི་གསལ་བས་དེར་བཞུགས་ཆོག་པའི་གནང་བ་ཐོབ། དེར་སྔར་གཟིམ་གུར་ཡིན་པ་ལས་སྐབས་དེར་གཏམ་ཤུལ་ཞེས་པའི་དུད་ཚང་ཞིག་གིས་སྦྲ་ཆུང་ཞིག་ཕུལ་བ་ཤར་ཁ་སྟེང་ཞེས་པའི་སར་ཕུབ་ནས་དེར་བཞུགས། དེ་ཡང་ཟླ་ཤས་རྗེས་ཉིན་ཞིག་ལྷོ་ཕྱོགས་ན་སྒྲ་ཆེན་པོ་ཞིག་གྲགས་ཀྱིན་འདུག་གསུངས་པར། སྐུ་ཚ་ཐུབ་བསྟན་སྨོན་ལམ་གྱིས་ཅི་ཡང་མི་འདུག་ཞུས་པར། ཨ་ཁ་ང་ལོང་བས་ཡང་མཐོང་གི་འདུག་གསུངས། བྱ་རོག་གཉིས་ཀྱི་སྐད་གྲགས་པས་ཉིན་དུས་བྱ་ངན་གཉིས་འཁོར་མཁན་ཡོད་པ་བར་སྐབས་མི་འདུག་ཀྱང་ད་སླེབས་གྲགས། ད་ང་ཕ་ཡུལ་ལ་ལོག་འགྲོ་གི་ཡིན་གསུངས་པས། སྐུ་ཚ་ནས། ཨ་ཁུ་ཕ་ཡུལ་ལ་ལོག་ན་ང་ཁྲིད་རོགས་ཞུས་ཀྱང་ཅི་ཡང་མི་གསུངས་པར་འདུག །དེ་ཡང་ཁོང་ལ་རྒྱུན་དུ་ཆོས་སྐྱོང་གི་གཏོར་ཟན་ལ་རོལ་བའི་བྱ་ཕོ་རོག་བཞན་དང་མི་འདྲ་བའི་ཅུང་ཟད་ཆུང་བ་མདོག་གནག་སྣུམ་གསེར་མདངས་ལྡན་པ་གཉིས་རྒྱུན་དུ་ཡོད་ཀྱང་། དེ་སྐབས་བདུན་ཕྲག་གཅིག་ཙམ་ལ་གར་སོང་ཆ་མེད་དུ་གྱུར་མཐར་སླར་ཚུར་སླེབས་ཀྱང་གཏོར་ཟན་མི་ཟ་བར་འདུག་པ་སོགས་རྟགས་མཚན་མི་ལེགས་པ་འགའ་བྱུང་ཞིང་། དུས་ཚོད་ཀྱི་འགྱུར་བ་ཡང་ཅུང་ཟད་དམ་དུ་ཕྱིན་པས། བོད་སྤྲུལ་རིན་པོ་ཆེའི་ཞལ་ནས། ད་བན་རྒན་བསྡད་ཀྱང་བསྟན་འགྲོ་ལ་ཕན་མི་ཐོགས་པར་འདུག །ཅེས་གསུངས་ཤིང་། ཉིན་ཞིག་མཁའ་འགྲོའི་ཁུག་ཅེས་པའི་སར་སྔར་སྐུ་ཉིད་ཀྱི་ཆིབས་པ་དང་ཁལ་མཛོ་སོགས་ལ་དམ་རྫས་མྱོང་གྲོལ་བླུད་པ་དང་། འདི་དག་ཁམས་ནས་ང་དང་མཉམ་དུ་འོང་བ་ཡིན། སྙིང་རྗེ་གསུངས་ནས་ཐུགས་སྨོན་ཟབ་རྒྱས་ཀྱང་གནང་མཐར། གྲྭ་སློབ་རྣམས་ལ། ད་ང་ལས་ཀྱི་དབང་གིས་ས་འདིར་འཆི་དགོས་པ་འདྲ་བས། སྐུ་གདུང་ཡུན་རིང་དུ་འཇོག་དགོས་ཚུལ་དང་། མཐར་ཞུགས་ལ་སྦྱངས་ནས་རུས་པ་ཡང་ས་ཕྱོགས་འདིར་འཐོར་ངེས་གྱིས། ཞེས་སོགས་དང་། རིག་འཛིན་རྡོ་རྗེ་ལ་ལོ་བཅུ་ཕྲག་ཁ་ཤས་ལ་བསྟན་པ་ནུབ་འགྲོ་བས་ཕན་ཐོགས་དཀའ་བས། ཁོང་གི་ཕྱག་དཔེ་རྣམས་ཀྱང་སྐུ་གདུང་དང་མཉམ་དུ་མེ་ལ་སྲེག་ཤོག་གསུངས་པ་སོགས་ཕྱི་མཐའ་གཟིགས་པའི་ཞལ་ཆེམས་ཀྱང་མང་དུ་བསྩལ་མཐར་མི་རིང་བར། ཡུལ་སྐད་དུ་ཆུ་ཁུག་ཏ་ཞེས་པའི་སར་རབ་བྱུང་བཅུ་དྲུག་པའི་ས་ཕག །༡༩༥༩ ལོའི་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔའི་སྔ་དྲོ་བསྙུང་གཞི་གང་ཡང་མེད་པར་མཉམ་པར་བཞག་བཞིན་དུ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན།
དེ་སྐབས་ནམ་མཁའ་ལ་འོད་དཀར་པོ་འཇའི་རྣམ་པར་ཤར་བ་དང་། སྐུ་གཤེགས་མ་ཐག་སྐུ་གདུང་ཐད་ནས་འོད་ཆེན་པོ་ཞིག་ནམ་མཁར་ཟུག་པའི་ནང་ནས་བྱ་ཁྱུང་གི་རྣམ་པ་མདོག་ཤིན་ཏུ་དམར་བ་ཞིག་ནུབ་ཕྱོགས་སུ་འཕུར་བ་ཡང་ཡུལ་མི་འགས་མཐོང་བ་སོགས་རྟགས་ངོ་མཚར་བ་མང་དུ་བྱུང་། དེར་དུས་ཚོད་རྩུབ་སྟབས་སློབ་མ་རྣམས་ཀྱིས་སྐུ་གདུང་ཡུལ་དེའི་ཐག་ཉེར་སྲིན་མོ་ཁྲག་རྩ་ཞེས་པའི་ཕུག་པ་ཞིག་ཡོད་པ་དེར་སྤྱན་དྲངས་ནས་བླ་མཆོད་སོགས་གདུང་མཆོད་ཀྱི་རིམ་པ་ཡང་རྒྱུན་དུ་ཕུལ་བ་དང་། ཡུལ་དེའི་བླ་སྤྲུལ་དང་གྲྭ་རྒན་སོགས་ལ་ལྐོག་ཏུ་དགོངས་པ་རྫོགས་ཐབས་ཀྱི་བསྔོ་རྟེན་ཡང་ཕུལ། དེ་ལྟར་སྐུ་གདུང་རིན་པོ་ཆེ་ཕྱི་ལོའི་ས་ག་ཟླ་བའི་བར་ཟླ་བདུན་ཙམ་བཞག་རྗེས། ལྕགས་བྱི༡༩༦༠ ལོའི་ས་ག་ཟླ་བའི་ནང་རིག་འཛིན་རྡོ་རྗེ་སོགས་ཀྱིས་ལྐོག་ཏུ་འབྲི་གུང་ཏི་སྒྲོའི་འབྲོང་ངུ་སུམ་མདོར་གདན་དྲངས་ནས་ཞུགས་འབུལ་ཞུས་སྐབས། ཁ་དོག་དམར་པོ་གཙོ་བོ་ཡིན་པའི་རིང་བསྲེལ་ཡང་མང་དུ་བབས། དེ་ནས་གདུང་རུས་རྣམས་སྔར་གྱི་གནས་སུ་སྤྱན་དྲངས་ཏེ་སཙྪ་མང་དུ་བཏབ་ནས་སྔར་སྐུ་གདུང་འཇོག་སའི་ཕུག་པར་སྦས་པར་མ་ཟད། གདུང་རུས་ཕལ་ཆེར་ཆོས་སྒོ་ཕྱེ་རྗེས་ཁམས་པ་བཀྲ་ཚེ་ནས་བསམ་ཡས་ཧས་པོ་རིའི་རྒྱབ་ཀྱི་སྔར་མཁན་ཆེན་བྷོ་ངྷི་ས་ཏྭའི་གདུང་རྟེན་དུ་གྲགས་པའི་མཆོད་རྟེན་དེ་ཉམས་གསོ་བྱེད་སྐབས་རིག་འཛིན་རྡོ་རྗེ་སོགས་ཀྱིས་གདུང་རུས་ཀྱིས་ས་ཙྪ་མང་དུ་བཏབ་ནས་ནང་བཞུག་ཏུ་ཕུལ་སྟབས། ད་སྐབས་མཆོད་རྟེན་དེ་ནི་ཁོང་གི་གདུང་རྟེན་དུ་བརྩི་ཆོག་པར་མངོན། དེ་བཞིན་སྐུ་གདུང་ཞུགས་འབུལ་ཞུ་ས་དེར་སྔར་གྱི་ཞབས་ཕྱིའི་ཁོངས་བསོད་ནམས་སྒྲོལ་མ་ནས་ཚེ་དཔག་མེད་ཀྱི་སྐུ་ཞིག་བཞེངས། གཞན་སྔར་སྐུ་གཤེགས་ས་དེར་དེང་དུས་ཤིང་ཕུང་ལེགས་པོ་ཞིག་སྐྱེས་ཡོད་པ་བྱང་གི་སར་ཤིང་མི་སྐྱེ་བས་ཀུན་གྱིས་ངོ་མཚར་དུ་འཛིན་ཞེས་ཀྱང་ཐོས་སོ། །
བསྟན་འགྲོའི་བསོད་ནམས་རྒུད་པའི་མུན་ནག་གིས། །དབུས་གྱུར་ཆོས་ཀྱི་ཞིང་འདི་སྒྲིབ་ཉེ་ཚེ། །མགོན་ཁྱོད་གྲྭ་འཁོར་བཅས་པའི་ཞབས་སོར་གང་། །བྱང་ཕྱོགས་བེ་གུའི་ཕྱོགས་སུ་ཉེ་བར་བཀོད། །དེ་ཚེ་ཞིང་འདིའི་བསྟན་དང་འགྲོ་བའི་དོན། །རེ་ཞིག་རྫོགས་པའི་ཞལ་ཆེམས་བསྩལ་བ་ཡིས། །གསང་ཆེན་བསྟན་པའི་སྲོལ་འཛིན་དམ་པའི་མགོན། །ངོ་མཚར་རྟགས་བཅས་ཞི་བའི་དབྱིངས་སུ་མནལ། བསྟན་པའི་ཉི་མ་ནུབ་རིའི་ཕག་ཡིབ་ཅིང་། །དམ་ཆོས་སྣང་བ་ནག་ཕྱོགས་སྤྲིན་གྱིས་སྒྲིབ། །དུས་ཀྱི་འགྱུར་བས་མནར་བའི་འཁོར་སློབ་ཚོགས། །ཀྱེ་ཧུད་དུཿཁ་བརྩེགས་མས་ནོན་པར་གྱུར། །
བརྒྱད་པ། རྗེ་གང་གི་ཟབ་རྒྱས་ཆོས་ཀྱི་བདུད་རྩིར་ཅི་དགར་རོལ་བའི་ཞལ་སློབ་རྣམས་དང་གསུང་ཆོས་སོགས་ཀྱི་སྐོར་ནི།
དེ་ལྟ་བུའི་རྗེ་བོད་སྤྲུལ་ཐམས་ཅད་མཁྱེན་པ་མཆོག་ན་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་རྗེས་སུ་གསང་ཆེན་སྔ་འགྱུར་རང་ལུགས་ཀྱི་ལྟ་གྲུབ་ཇི་བཞིན་འཛིན་སྐྱོང་སྤེལ་བའི་བསྟན་པའི་སྲོག་ཤིང་གཅིག་པུར་ངེས་ཕྱིར། དམ་པ་གང་གི་ཞལ་གསུང་ཆོས་ཀྱི་དགའ་སྟོན་ལ་རོལ་བའི་ཞལ་སློབ་ཀྱང་ཆོལ་གསུམ་བོད་ཀྱི་ཡུལ་དུ་མ་ཁྱབ་པ་མེད་མོད། དེ་ལྟ་ནའང་ཡུལ་དུས་གནས་སྐབས་ཀྱིས་བསྐལ་བས་ཆ་ཚང་བར་འདིར་འགོད་པའི་རྔོ་མ་ཐོགས་ཀྱང་། དམ་པའི་ཞལ་ལས་ཐོས་པ་དང་གུས་པས་རྩད་གཅོད་བྱས་པ་རགས་ཙམ་འདིར་གོ་རིམ་ངེས་མེད་ཀྱི་ཚུལ་དུ་འགོད་ན། ཐོག་མར་དེང་གི་དུས་འདིར་རྗེ་བཙུན་བཞད་པའི་རྡོ་རྗེའི་རྣམ་ཐར་འཛིན་པའི་བྱ་བཏང་རྣལ་འབྱོར་བ་ཆེན་པོ་མཁན་ཆེན་བླ་མ་པདྨ་ཆོས་དབྱིངས་ཁྱབ་བརྡལ་མཆོག་གིས་དམ་པ་གང་ཉིད་བགྲང་བྱ་བཅུ་ཕྲག་ལྷག་ཙམ་དུ་གུས་པས་བསྟེན་ཅིང་། སྔ་འགྱུར་གསུང་རབ་སྤྱི་དང་། ཁྱད་པར་རྗེ་གང་གི་ཐུན་མིན་ཞལ་ཤེས་སོགས་འཆད་པ་ལ་འགྲན་ཟླ་བྲལ་བས་བརྒྱུད་འཛིན་ཐུགས་ཀྱི་སྲས་གཅིག་ཏུ་རྩོད་མེད་དུ་གྲགས། གསང་ཆེན་བསྟན་པའི་སྒྲོན་མེ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཆེས་ཀྱང་སྙིང་ཐིག་ཡ་བཞི་དང་དཔལ་དུས་ཀྱི་འཁོར་ལོ་སོགས་སྨིན་གྲོལ་གྱི་གདམས་པ་མང་དུ་གསན། ལྔ་རིག་པཎ་ཆེན་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གིས་གང་གི་གསུང་ཆོས་ཤེར་ཕྱིན་གཙོ་བོ་བྱས་པའི་ཟབ་ཆོས་མང་དུ་གསན་པ་མ་ཟད། ཤེར་ཕྱིན་གྱི་ཟིན་བྲིས་འདི་ཡང་སྐབས་དེར་ཁོང་ལ་སྐུ་དངོས་ནས་གནང་བ་ལགས། དུས་ཕྱིས་རྒྱ་གར་འཕགས་པའི་ཡུལ་ན་སྔ་འགྱུར་བའི་སྙིང་ཐིག་བསྟན་པའི་བདག་པོ་རྡོ་གྲུབ་བཞི་པ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་རིན་པོ་ཆེ་དང་། མཁ༷ས་པའི་ཁྱུ་མཆོག་མཁན་ཆེན་བླ་མ་ཟླ་བའི་འོད་ཟེར་རིན་པོ་ཆེ། བཙུ༷ན་པའི་ཟླ་མེད་མཁན་ཆེན་རྨེ་བ་ཐུབ་བསྟན་རིན་པོ་ཆེ། བསྟན་ལ་བཟ༷ང་པོའི་འཕྲིན་ལས་ཅན་དར་ཐང་མཆོག་སྤྲུལ་ཀུན་དགའ་རིན་པོ་ཆེ། ར་ཧོར་མཁན་ཐུབ་བསྟན་རིན་པོ་ཆེ། རྒྱ་གར་སངས་རྒྱས་བསྟན་འཛིན་སོགས་དང་། བོད་འདིར་སྔ་ཕྱིར་རྫོང་འགོ་མཁན་ཁོ་བློ་གྲོས། རྨེ་བ་འཇམ་དཔལ། ཆུང་ཡོའི་མཁན་པོ་ཟླ་འོད། དཔལ་ཡུལ་མཁན་པོ་དཀོན་མཆོག། སྨུག་སེང་མཁན་པོ་བཀྲ་ཚོགས། ཡ་དང་ཨ་ཆུང་། ལྷོ་བ་འཆི་མེད་མགོན་པོ། ཁྲོ་ཤུལ་ཟླ་བའི་འོད་ཟེར། བསོད་ནམས་ཆོས་འཕེལ། ལ་དྭགས་རྟོགས་ལྡན། དར་ཐང་བློ་བཟང་ཚུལ་ཁྲིམས། དཔལ་ཡུལ་མཁན་ཐུབ་བསྟན་ཀུན་བཟང་འོད་ཟེར། ཁྲ་གླིང་མཁན་བཀྲ་ཤིས་ཆོས་འཕེལ། གྲྭ་ལག་སྤྲུལ་སྐུ་ལོ་པུས། འཁོར་གདོང་དབོན་པོ་བསོད་ནམས་འོད་གསལ། བསྟན་རྒྱས་དབོན་པོ་འཇིགས་མེད། རྒྱལ་རོང་རིག་འཛིན་རྡོ་རྗེ། འཇང་པ་དར་རྒྱས། རྨེ་བ་ཐུབ་ཆོས། བཀྲ་རྒྱམ་སོགས་རྒྱུན་བཞུགས་སློབ་མའི་གྲས་དང་། རྨུག་སེང་ཁ་ལེ་སྤྲུལ་སྐུ། ར་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུ། འཛི་སྒར་མཁན་ཆེན་དོན་བརྒྱུད་ཉི་མ། མི་ཉག་བསོད་ནམས་བཟང་པོ། མཁན་པོ་ཀུན་སྨོན། གཡུ་ཁོག་བླ་མ་འཇམ་དབྱངས་སོགས་ཟབ་ཆོས་ཀྱི་འབྲེལ་བ་ཐོབ་པའི་ཞལ་སློབ་དང་།
གཞན་ཡང་རྫོགས་ཆེན་པདྨའི་ཐང་ནས་གསུང་ཆོས་གནང་སྐབས་དེར་བཞུགས་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་སོགས་གཞི་བྱེས་སློབ་ཚོགས་རྣམས་དང་། ཞེ་ཆེན་དུ་བཞུགས་སྐབས་སྨིན་གླིང་རྒྱལ་སྲས་འཇམ་དཔལ་ཆོས་གྲགས་རིན་པོ་ཆེ་ཡང་སྐུ་མདུན་དུ་བཅར་ནས་ཟབ་ཆོས་མང་དུ་གསན་པ་མ་ཟད་ལྟ་གྲུབ་འགྲེལ་བ་རྩོམ་པའི་ཞུ་བ་པོ་ཡང་གནང་། གཞན་ཡང་དེར་བཞུགས་མཁན་པོ་གང་ཤར་སོགས་མཁན་སློབ་ཐམས་ཅད་ཀྱང་ཆོས་ཀྱི་བདུད་རྩི་བཞེས་པའི་སློབ་ཚོགས་ཡིན། གཡུ་ཁོག་བྱ་བྲལ་རིན་པོ་ཆེའི་སྒར་ནས་དེར་བཞུགས་མཁན་ཆེན་ཡག་སྐོར་ཆོས་གསལ། གཡུ་ཁོག་དོན་ཚེ་སོགས་སློབ་ཚོགས་རྣམས་དང་། དབུས་སུ་ཕེབས་ནས་འབྲི་གུང་ཉི་ལྕང་བཤད་གྲྭ་ཐུབ་བསྟན་རབ་རྒྱས་གླིང་དུ་ཆོས་སྦྱིན་བསྩལ་སྐབས་ཀྱི་ཞལ་སློབ་གཙོ་བོ་ཡང་འབྲི་གུང་སྐྱབས་མགོན་ཆེ་ཚང་འཕྲིན་ལས་ལྷུན་གྲུབ། ལྷོ་ལུང་དཀར་དགོན་མཁན་བློ་བཟང་བདེ་ཆེན། ཡང་རི་སྒར་སྐྱོར་དཔོན་དཀོན་མཆོག་རྣམ་རྒྱལ། རི་རྒྱལ་སྤྲུལ་སྐུ། སྟག་ཚང་སྤྲུལ་སྐུ། ནུབ་པ་སྤྲུལ་སྐུ། བེ་གུ་དགོན་སྐྱོར་དཔོན་བསྟན་འཛིན་ཆོས་རྗེ། གདན་ས་མཐིལ་དབུ་མཛད་ཁ་སྨོན་ལགས། སྐྱོར་དཔོན་རྣམ་གཟིགས། གཡའ་མ་རིའི་དགེ་སློང་འཕེལ་དར། གཞན་ཡང་དྭགས་པོ་ཡེ་ཤེས་ལྷུན་གྲུབ་སོགས་ཕྲན་གྱིས་གོ་ཐོས་ཀྱི་སློབ་ཚོགས་ཡི་གེར་འཁོད་འོས་ནི་དེ་ཙམ་ལགས་ཤིང་། གཞན་གདན་ས་དགེ་གོང་དགོན་སོགས་སུ་ཡུན་རིང་བཞུགས་སྟབས་ཟབ་ཆོས་ཀྱི་འབྲེལ་བ་ཐོབ་པ་ནི་གཞན་ཡང་མང་དུ་ཡོད་ངེས་ལ། སྤྱིར་རྗེ་གང་གིས་ཁ་གྲངས་གཙོ་བོ་མ་ཡིན་པར་དོན་གྲངས་གཙོ་བོར་བཟུང་ནས་གོང་བཤད་ལྟར་ཐུན་མིན་ཐུགས་བརྩེས་བསྐྱངས་པའི་མཐུས། སློབ་ཚོགས་མཁས་བཙུན་གྲུབ་པའི་དབང་ཕྱུག་གསེར་རིའི་ཕྲེང་བ་ལྟ་བུ་དག་གིས་ཤིན་ཏུ་ཉག་ཕྲའི་རྒྱལ་བསྟན་གྱི་སྲོག་ཟུངས་སླར་ཡང་མཐུད་པ་འདི་ཡང་རྗེ་གང་གི་ཐུགས་བསྐྱེད་དང་ཕྲིན་ལས་ལགས་སོ། །
དེ་ནས་རྗེ་གང་གི་གསུང་ཆོས་ཀྱི་སྐོར་ནི། གོང་ཞུས་བཞིན་དམ་པ་གང་གིས་མ་འོངས་བསྟན་པའི་བཙས་སུ་བཞག་པའི་གསུང་ཆོས་ཀྱི་ལེགས་བཤད་དེ་དག་ལས་དེང་དུས་མཇལ་དུ་ཡོད་པ་ནི་སུམ་རྟགས་སྡོམ་བྱང་དང་དེའི་རང་འགྲེལ། ལྟ་གྲུབ་ཤན་འབྱེད་རྩ་འགྲེལ་གཉིས། ཤེར་ཕྱིན་གྱི་ཚིག་འགྲེལ་མ་ཕམ་ཞལ་ལུང་། ཤེར་ཕྱིན་ཟིན་བྲིས། བཞི་བརྒྱ་བའི་འགྲེལ་བ་ཀླུ་དབང་དགོངས་རྒྱན། བདེ་སྨོན་འགྲེལ་བ་བདེ་ཆེན་མྱུར་ལམ། སྟོང་ཐུན་གྱི་ཟིན་ཐུན་དང་གསུང་ཐོར་བུ་འགའ་ཙམ་བཅས་ལས། གཞན་ཤེར་ཕྱིན་དོན་འགྲེལ་དང་འཇུག་འགྲེལ་གཉིས་སོགས་རང་གཞན་མང་པོས་རྩད་གཅོད་བྱས་ཀྱང་དུས་འགྱུར་གྱི་དབང་གིས་རྙེད་པར་མ་གྱུར་ཅིང་། ལྟ་གྲུབ་ཤན་འབྱེད་ཀྱང་དེ་སྔོན་དཔར་དུ་འཁོད་ཁ་རྣམས་ལ་ཆད་ལྷག་དང་མ་དག་པ་བྱུང་བ་མང་བས། སྐྱབས་རྗེ་བླ་མ་རྣམ་གཉིས་ཀྱི་བཀའ་བཞིན་གུས་པས་རང་ནུས་གང་ཡོད་ཀྱིས་དག་བཅོས་བགྱིས་ཏེ་དཔར་དུ་འཁོད་བཞིན་པ་དང་། སྟོང་ཐུན་གྱི་ཟིན་ཐུན་ལ་ཡང་སྔར་གཡུ་ཁོག་བླ་མའི་སྒར་ནས་བརྩམས་ཐོ་དཔར་དུ་འཁོད་པ་ཞིག་དང་། ཕྱིས་འབྲི་གུང་ནས་རྗེ་ཉིད་ཀྱི་དབུ་ཞབས་ཀྱི་ཚིགས་བཅད་དང་། ཚིག་བརྗོད་བདེར་བཀོད་དེ་དཔར་དུ་འཁོད་པ་དེ་གཉིས་ལས་ཕྱི་མ་སླར་བྲིས་རྒྱུན་མ་དག་པ་ཞིག་ལས་ལག་སོན་མ་བྱུང་བས་དེ་ལ་དག་བཅོས་བཅས་དང་། ཤེར་ཕྱིན་ཟིན་བྲིས་ཀྱང་སྔར་ཀླུ་མདོ་ནས་རང་ཅག་འགས་འཁྱུག་བྲིས་ཞིག་དཔེར་བྱས་ནས་བྲིས་ཏེ་འཕྲུལ་དཔར་དུ་འཁོད་ཀྱང་། ཐེངས་འདིར་སླར་ཡང་རྗེ་ཉིད་ཀྱི་གསུང་སོར་བཞག་གོང་འོག་སྐབས་བསྒྲིགས་དང་དག་བཅོས་བཅས་བགྱིད་ཁུལ་བྱས་ནས་དཔར་དུ་འཁོད་བཞིན་པའང་ཞར་བྱུང་དུ་བརྗོད་པ་ལགས། འཕྲོས་དོན་རྗེ་གང་གི་ཕྱག་རྫས་སྐོར་ཡང་ཆུད་ཟོས་སུ་མ་གྱུར་པར་བསྟན་པའི་གསོས་སུ་གྱུར་ཚུལ་ཅུང་ཟད་སྨྲོས་ན། དེ་ཡང་བོད་སྤྲུལ་རིན་པོ་ཆེ་ཁམས་ནས་དབུས་སུ་ཕེབས་གྲ་སྒྲིགས་སྐབས། ཕྱག་རྫས་ཕལ་ཆེར་གྱིས་གསེར་དངུལ་བཀྲ་མའི་མཆོད་པའི་ཡོ་བྱད་ཆ་ཚང་བ་ཤིན་ཏུ་སྤུས་ལེགས་ཤིག་མགར་གནང་བའི་རྡུང་གླ་མིན་པའི་དཔའ་དར་རྐྱང་པར་མཛོ་བཅོ་བརྒྱད་ཙམ་སྤྲད་ཅེས་གསུངས་པའི་མཆོད་རྫས་དེ་རྣམས་རྒྱལ་རོང་རིག་འཛིན་རྡོ་རྗེས་དུས་འགྱུར་སྐབས་སྲོག་དང་བསྡོས་ནས་སྦས་སྐུང་བྱས་ཤིང་། ཆོས་སྒོ་ཕྱེ་ནས་མི་རིང་བར་སྔ་འགྱུར་ཆོས་སྡེ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་འབུལ་གནང་མཛད་ཅིང་། དེང་སྐབས་སྨིན་དགོན་གྱི་མཆོད་པའི་ཡོ་བྱད་གཙོ་བོར་གྱུར། དེའི་འབུལ་ཐོ་དེ་སྔར་བོད་སྤྲུལ་རིན་པོ་ཆེའི་ཞབས་ཕྱི་ཨ་ནེ་བསོད་ནམས་སྒྲོལ་མས་ཁམས་སྤྲུལ་བསོད་ནམས་དོན་གྲུབ་རིན་པོ་ཆེ་ལ་ཕུལ་འདུག་པ་ལས་དཔར་བཤུས་བགྱིས་པ་འདི་ལྟར། (བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་མཆོད་རྫས་སྨིན་གྲོལ་གླིང་ལ་ཕུལ་བའི་དངོས་གྲངས་ནི། གསེར་དངུལ་བཀྲ་མའི་བུམ་པ་ཆ་གཅིག །དེའི་ཁ་རྒྱན་ཆ་གཅིག །གསེར་སྐྱེམས་ཀྱི་ཕུད་ཕོར་འབུལ་གཞོང་རང་འགྲིག་གཅིག་དང་། དངུལ་བླུག་མའི་ཕུད་ཕོར་ཆ་གཅིག །གསེར་དངུལ་བཀྲ་མའི་རྒྱ་གླིང་ཆ་གཅིག་དང་དེ་ལ་དངུལ་ཐག་དང་གཟི་ཕྲ་རེ་རེའི་བརྒྱན་པ། གསེར་དངུལ་བཀྲ་མའི་རྐང་གླིང་ཆ་གཅིག །གསེར་དངུལ་བཀྲ་མའི་ནས་བཟེད་གཅིག །གསེར་དངུལ་བཀྲ་མའི་ཐུན་བཟེད་ཆ་ཚང་གཅིག །གསེར་དངུལ་དཀྲ་མའི་གཏོར་ཆས་གཅིག་དང་། དངུལ་གྱི་གཏོར་སྡེར་བདུན། གསེར་དངུལ་བཀྲ་མའི་སྤོས་ཕར་དངུལ་ཐག་རང་འགྲིག་གཅིག །གསེར་དངུལ་བཀྲ་མའི་སྨན་རཀ་ཆ་གཉིས། གསེར་དངུལ་བཀྲ་མའི་ལྷ་བརྒྱ་གཏོར་གཅིག་ཆ་ཚང་བ་གཅིག དངུལ་གྱི་མེ་ལོང་གཅིག །དུང་དཀར་གཅིག །གསེར་དངུལ་བཀྲ་མའི་མེ་ཏོག་ཕྲ་རྒྱན་ལྡན་པ་གཅིག་དང་། ཕྲ་རྒྱན་མེད་པ་གཅིག །གསེར་དངུལ་བཀྲ་མའི་དབང་ལྔའི་མེ་ཏོག་གཅིག །གསེར་དངུལ་བཀྲ་མའི་དྲག་བཤོས་གཅིག་དང་། ལྷ་བཤོས་མཆོད་ལྷས་བརྒྱན་པ་གཅིག །དངུལ་གྱི་བྲན་ཐུར་ཕྲ་རྒྱན་དང་བཅས་པ་ཆ་གཅིག་དང་། ཡང་ཆེ་བ་གཅིག གསེར་དངུལ་བཀྲ་མའི་མིག་ཐུར་གཅིག །གསེར་དངུལ་བཀྲ་མའི་མཎྜལ་ཆ་ཚང་གཅིག །སྟག་ལྤགས་གཅིག །གསེར་དངུལ་བཀྲ་མའི་དུང་ཆེན་ཆ་གཅིག །བ་སོའི་ལག་གདུབ་གཅིག །བྱུ་རུ་ཆེ་ཆུང་བཅོ་བརྒྱད། གཡུ་ཆེ་ཆུང་བཅོ་བརྒྱད། གཞན་ཤེལ་སོགས་ཕྲ་རྒྱན་བཅུ་དྲུག །གཟི་ཕྲ་གསུམ། མཁའ་འགྲོའི་དར་ཐག་ལས་གྲུབ་པའི་ཐུབ་པའི་སྐུའི་ཐང་ག་གཅིག །སྒམ་ཀོ་བས་གཡོག་པ་ཆ་གཅིག་བཅས་གོང་གི་དངོས་པོ་སྨིན་གྲོལ་གླིང་ལ་འབུལ་མཁན་རིག་འཛིན་རྡོ་རྗེ་ཞེས་འཁོད་འདུག)དེ་མིན་དངུལ་གྱི་མཆོད་རྫས་དེ་ལས་སྤུས་ཚད་ཅུང་ཞན་པ་ཞིག་ཡོད་པ་ནི་དུས་འགྱུར་སྐབས་འགོ་ཁྲིད་ཀྱི་གནོན་ཤུགས་འོག་གཅོད་དགོས་བྱུང་བ་དག་ཀྱང་། ཕྱིས་དངུལ་ཏིང་དང་མཎྜལ་སྤུས་ལེགས་བརྡུང་ནས་བསམ་ཡས་གཙུག་ལག་ཁང་ཉམས་གསོའི་སྐབས་ཁམས་པ་བཀྲ་ཚེ་བརྒྱུད་ཇོ་བོ་བྱང་ཆུབ་ཆེན་མོའི་སྐུ་མདུན་གཏན་འཇག་གི་མཆོད་རྫས་སུ་ཕུལ་བ་མ་ཟད། སྐབས་དེར་བསམ་ཡས་ཞིག་གསོའི་ཞལ་འདེབས་སུ་བོད་སྤྲུལ་གྱི་ཕྱག་རྫས་ཁོངས་འབྲི་བཅུ་གཉིས་དང་གཡག་བཅོ་བརྒྱད་ཡང་ཕུལ་ཞེས་ཨ་ནེ་བསོད་ནམས་སྒྲོལ་མས་གསུངས། དེ་མིན་དངུལ་སྒོར་འབོར་ཆེན་ཞིག་ཡོད་པ་བེ་གུ་དགོན་པའི་གྲྭ་དྲི་མེད་སོགས་ཀྱིས་ཉར་ནས། ཕྱིས་དགོན་སྡེ་དེ་རུ་གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་སྤུས་ལེགས་སོགས་བཞེངས་ཡོད་ཅེས་དྲི་མེད་ཀྱི་ཚ་བོ་དགོན་དེའི་གྲྭ་བ་ཕྲེང་གདན་ནས་གསུངས་པ་བཅས་འཕྲོས་དོན་དུ་བརྗོད་པ་ལགས།
དུས་ཀྱི་མཐའ་འདིར་གསང་ཆེན་སྔ་འགྱུར་བསྟན། །མཁའ་མཐར་སྤེལ་བའི་ཐུགས་སྟོབས་ཟླ་མེད་ཀྱིས། །ཐུན་མིན་སློབ་ཚོགས་སྐྱོང་བའི་ཐུགས་བསྐྱེད་མཐའ། །དེང་དུས་བསྟན་པའི་གསོས་སུ་ལྷག་པར་སྨིན། །འཆད་རྩོད་རྩོམ་ལ་དགྱེས་པའི་མཁས་དབང་དང་། །རིམ་གཉིས་མཐའ་རུ་ཕྱིན་པའི་གྲུབ་དབང་ཚོགས། །རྒྱལ་བསྟན་དཔུང་པས་འདེགས་པའི་བསྟན་འཛིན་བཅས། །ཁྱེད་སློབ་ཚོགས་ཀྱིས་ས་འདི་ཧྲིལ་པོར་ཁྱབ། །ཤིན་ཏུ་ཉག་ཕྲའི་རྒྱལ་བསྟན་སྲོག་གི་ཟུངས། །མཐུད་མཛད་དེང་དུས་བསྟན་འཛིན་ཕལ་མོ་ཆེའི། །རླབས་ཆེན་བསྟན་འགྲོར་སྨན་པའི་མཛད་བཟང་གང་། །འགྲན་མེད་མགོན་པོ་གང་གི་འཕྲིན་ལས་ལགས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་ལྟར་གསང་ཆེན་སྔ་འགྱུར་བའི་བསྟན་པའི་གསལ་བྱེད་དམ་པ་ཀུན་མཁྱེན་མཁས་པའི་དབང་པོ་རྗེ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་རིན་པོ་ཆེ་ནི། སྐྱེས་པས་ཐོབ་པའི་ཤེས་རབ་ཁྱད་དུ་འཕགས་པ་མ་ཟད། སྐུ་ཚེ་འདིར་ཡང་སྦྱངས་སྟོབས་མཁས་བཙུན་བཟང་པོའི་ཡོན་ཏན་མ་ཚང་བ་མེད་པ་སྟེ། མཁས་ཚུལ་གསུམ་གྱི་བྱ་བ་གོང་ཞུས་བཞིན་དང་། བཙུན་པའི་ཚུལ་ཡང་སྐུ་ཚེ་གང་བོར་ཉེས་ལྟུང་གི་དྲི་མ་ཕྲ་བས་ཀྱང་མ་གོས་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་སྟེ། དཔེར་ན། འདུལ་བའི་བསླབ་གཞི་ཕྱི་དྲོའི་ཁ་ཟས་སྤོང་བ་ཙམ་གྱི་བསླབ་བྱ་ཡང་སྐུ་ཚེ་རིལ་པོར་ཕྱག་ལེན་ལ་བཏབ་པ་སོགས་ཀྱིས་མཚོན་ནོ། །དེ་བཞིན་བཟང་པོའི་འཕྲིན་ལས་ཀྱང་གདན་ས་གཙོ་བོ་དགེ་གོང་དགོན་གྱི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་གོང་འཕེལ་དུ་བསྐྱངས་པ་མ་ཟད། མདོ་ཁམས་ཀྱི་སྔ་འགྱུར་ཆོས་སྡེ་རྣམས་དང་དབུས་འབྲི་གུང་ཉི་མ་ལྕང་ར་སོགས་སུ་བཤད་སྒྲུབ་ཉི་ཟླ་ཟུང་འབྲེལ་གྱིས་བསྐྱངས་ཚུལ་གོང་དུ་ཕྱོགས་ཙམ་ཞུས་པས་མཚོན། གཞན་ཡང་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་ཞལ་གཟིགས་ལུང་བསྟན་ཐོབ་ཚུལ་སོགས་ཕྱི་ནང་གསང་བའི་རྣམ་ཐར་འགོད་འོས་ངོ་མཚར་རྨད་དུ་བྱུང་བ་དུ་མ་ཞིག་ཡོད་པ་སྨྲོས་མེད་ཀྱང་། དེར་འདིར་དུས་ཀྱིས་བསྐལ་བ་སོགས་ཀྱིས་ཇི་བཞིན་འགོད་མ་ནུས་པ་དང་། ཁྱད་པར་ར་ཧོར་མཁན་རིན་པོ་ཆེ་ཐུབ་བསྟནམཆོག་ལ་རྗེ་འདི་དང་མཁན་ཆེན་བླ་མ་ཟླ་བའི་འོད་ཟེར་ཡབ་སྲས་ཀྱི་རྣམ་ཐར་སྐོར་བཅར་འདྲི་ཞུ་སྐབས་གསུང་འཕྲོས་ལས། དམ་པ་འདི་དག་ནི་ཡོན་ཏན་ཁུང་དུ་སྦེད་ཅིང་དམན་སར་དགྱེས་པའི་སྦས་པའི་རྣལ་འབྱོར་པ་བཀའ་གདམས་གོང་མའི་ངང་ཚུལ་འཆང་བ་ཡིན་སྟབས། རྣམ་ཐར་ཇི་བཞིན་དཔོག་དཀའ་བར་གསུངས་པའི་ནི་ཐུགས་ཤིན་ཏུ་མད་པའི་གསུང་ངོ་། །
རྗེ་འདིའི་གསུང་ཆོས་བསྡུ་སྒྲིག་དང་ཕྱིའི་རྣམ་ཐར་རགས་ཙམ་ཞིག་ཡི་གེར་འགོད་ཐུབ་ན་སྙམ་པའི་རེ་བ་སྔར་ནས་སྙིང་ལ་ཡུན་རིང་འཆང་བཞིན་པའི་ཁར། ཕྱིས་སྨིན་གླིང་དུ་སླེབས་ནས་རབ་གནས་ལྕགས་སྦྲུལ་ལོའི་ཧོར་ཟླ་བཅུ་གཉིས་ཚེས་བཅུའི་ཉིན་མཁན་ཆེན་པདྨ་ཚེ་དབང་གིས་གསུངས་པའི་རྣམ་བསྡུས་ལ་གཞི་བཅོལ་ནས། སྔར་རང་གི་གོ་ཐོས་རྣམས་ཁ་སྣོན་གྱི་ཚུལ་དུ་ཡི་གེར་འགོད་སྐབས་ཉིན་དེར་གནས་སྐོར་བ་འགའ་སླེབ་པ་གང་ནས་ཡིན་སོགས་གནས་ཚུལ་དྲིས་སྐབས་བྱང་བེ་གུ་ནས་ཡིན་ཚུལ་བཤད། འོ་ན་བོད་སྤྲུལ་ས་དེར་སྐུ་གཤེགས་སྟབས་ལོ་རྒྱུས་ཤེས་རྟོགས་ཡོད་མེད་དྲིས་པར། སྔོན་ཉི་ལྕང་ཆོས་གྲྭའི་གྲྭ་དྲི་མེད་ཅེས་པའི་ཚ་བོ་ཡིན་པ་མཚན་ལ་ཕྲེང་གདན་ཟེར་བའི་གྲྭ་རྒན་ཞིག་འདུག་པ་དེས་འདས་བྱུང་གཙོ་བོ་ཡིན་པའི་སྔ་ཕྱིའི་རྣམ་ཐར་མི་ཉུང་བ་ཞིག་བཤད་པ་མ་ཟད། བོད་སྤྲུལ་རིན་པོ་ཆེའི་གདུང་རུས་སོགས་ཀྱང་སྤྲད་པརང་ལ་རྟེན་འབྲེལ་ལེགས་པའི་དགའ་ཚོར་དང་རྗེ་འདིའི་རྣམ་ཐར་བྲི་བའི་སྤོབས་སེམས་ཆེ་རུ་ཕྱིན་ཏེ། ཁོང་གིས་གསུངས་པ་ཆ་ཚང་ཡི་གེའི་བཀོད་པ་མ་ཟད། ཕྱིས་སུ་ལྷ་ས་ནས་ཁམས་སྤྲུལ་བསོད་ནམས་དོན་གྲུབ་རིན་པོ་ཆེའི་གསུང་ལས་ཏི་སྒྲོའི་ཇོ་དགོན་དུ་ཨ་ནེ་བསོད་ནམས་སྒྲོལ་མ་ཞེས་པ་སྔར་གྱི་ཞབས་ཕྱིའི་གྲས་ཤིག་ཡོད་པ་ཤེས་རྗེས། དེར་ཡང་ཆེད་བསྐྱོད་ཀྱིས་བཅར་འདྲི་དང་། གཞན་ཡང་འབྲི་གུང་ཕྱོགས་ནས་སློབ་མའི་གྲས་དེང་བཞུགས་དགེ་སློང་དཀོན་མཆོག་རྣམ་རྒྱལ་དང་། དགེ་སློང་འཕེལ་དར་སོགས་ལ་ཡང་བཅར་ནས་དྲི་བ་ཞུས། ཁྱད་པར་མདོ་ཁམས་ནས་ར་ཧོར་མཁན་རིན་པོ་ཆེ་ཐུབ་བསྟན་མདུན་ཆེད་དུ་བཅར་ནས་བཀའ་འདྲི་མང་ཙམ་ཞུས་པ་དང་། གཞན་ཡང་དྭགས་པོར་འཁྲུངས་ཡུལ་སོགས་རྩད་གཅོད་ལ་རང་ཉིད་འགྲོ་སྐབས་མ་རྙེད་སྟབས། གོ་འཇོ་བླ་རྒན་པདྨ་འཕྲིན་ལས་ཞེས་པ་ཆེད་གཏོང་གིས་རྩད་གཅོད་བྱས་པ་སོགས་ལས་ད་ལན་རྣམ་བསྡུས་འདི་ཙམ་ཡི་གེར་འགོད་རྒྱུ་བྱུང་བ་དང་། འདིའི་ནང་སྐུའི་འཁྲུངས་ཡུལ་དང་ཡབ་ཡུམ་སྐུ་མཆེད་བཅས་ཀྱི་མཚན་སོགས་པདྨའཕྲིན་ལས་ནས་རྩར་བཅད་ནས་རྙེད་སོན་བྱུང་བ་བཞིན་བཀོད་པ་དང་། རྫོགས་ཆེན་དུ་ཕེབས་པ་དང་ཁྱད་པར་སྤྲུལ་སྐུར་ངོས་འཛིན་ཞུས་སྐོར་དང་། གཡུ་ཁོག་བྱ་བྲལ་དང་མཇལ་འཛོམས་སོགས་ཀྱི་སྐོར་མཁན་རིན་པོ་ཆེ་ཐུབ་བསྟན་གྱི་ཞལ་གསུངས་ལྟར་དང་། མཁན་ཀུན་དཔལ་མཇལ་བའི་སྐོར་སོགས་རྫ་སྟོད་དུ་ཡོངས་གྲགས་ལྟར་དང་། འབྲི་གུང་དུ་བཞུགས་པ་ནས་མྱ་ངན་འདས་བྱུང་སྐོར་དང་སྔར་འཁྲུངས་ཡུལ་དུ་གྲུབ་རྟགས་གནང་སྐོར་སོགས་བེ་གུའི་གྲྭ་ཕྲེང་གདན་གྱིས་བཤད་པ་ལྟར་བཀོད་ཅིང་། ཕྱག་རྫས་སྐོར་དང་གཞན་ཡང་འདས་བྱུང་སྐོར་འགའ་ཨ་ནེ་བསོད་ནམས་སྒྲོལ་མས་བཤད་པ་ལྟར་བཀོད་པ་ཡིན་ཞིང་། སྐབས་སོ་སོར་བླ་མ་དམ་པ་རྣམས་ཀྱི་ཞལ་འཕྲོས་སྐོར་གྱིས་ཁ་བསྐངས་ཏེ། མདོར་ན་ཐམས་ཅད་སྔ་ཕྱི་འགལ་མེད་ཡིད་ཆེས་སྐྱེད་ངེས་རྣམས་ཡི་གེར་བཀོད་པ་ལས་རང་བློས་འདྲ་བཟོ་བགྱིས་པ་ནི་གཞར་ཡང་མེད་ལ། དུས་ཀྱིས་བསྐལ་བས་རྗེ་གང་གི་རྣམ་ཐར་བག་ལ་ཞ་ཉེར་བློ་ཚབ་ཀྱིས་ཟློས་སྐྱོན་སོགས་ལ་མ་ལྟོས་པར་ཐོས་རྟོགས་བྱུང་བ་རྣམས་ཡི་གེར་བཀོད་པ་ཡིན་ཞིང་། གསུང་ཆོས་སྐོར་ཡང་དེང་སང་རྒྱུན་དུ་བཞུགས་སོ་ཅོག་འཚོལ་སྡུད་ཀྱིས་ཐེངས་འདིའི་པར་སྐྲུན་གྱི་མཐུན་རྐྱེན་ཞུས་པ་ལགས།
འདི་ལྟར་གསང་ཆེན་སྔ་འགྱུར་བསྟན་པའི་མགོན། །བསམ་བཞིན་ཞིང་འདིར་སྲིད་བཟུང་ཆོས་ཀྱི་རྗེ། །གང་གི་རྣམ་ཐར་མ་དྲོས་ཆུ་གཏེར་ལས། །སྐྲ་རྩེའི་ཐིགས་པས་མཚོན་པའི་ཆ་ཙམ་ཞིག །འདི་ན་སུ་དང་གང་གིས་བསྐུལ་མིན་ཡང་། །རྨད་བྱུང་དམ་པའི་མགོན་གྱིས་ལེགས་མཛད་ཀྱི། །རྣམ་ཐར་བྱ་ལམ་རྗེས་མེད་གྱུར་དོགས་པས། །ཡི་གེའི་ལམ་དུ་འགོད་པའི་ངལ་བ་བྱས། །དགེ་འདིས་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །ཡུན་གནས་དེ་འཛིན་སྐྱོང་རྣམས་སྐུ་ཚེ་བརྟན། །དགེ་འདུན་སྡེ་མཐུན་སྤོང་ཀློག་བྱ་བ་རྒྱས། །ཡངས་པའི་འཇིག་རྟེན་ཁྱོན་ཀུན་བདེར་གནས་ཤོག། བདག་ཀྱང་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཆོས་རྗེ་བླ་མ་ཡབ་སྲས་རྗེས་བཟུང་ཞིང་། །ཡང་དག་དམ་པའི་ལམ་བཟང་རྙེད་གྱུར་ནས། །བསྟན་དང་འགྲོ་ལ་བྱ་བ་བྱེད་ནུས་ཤོག། ཅེས་དེ་ལྟར་རྗེ་ཀུན་གཟིགས་བོད་སྤྲུལ་རིན་པོ་ཆེའི་རྣམ་བསྡུས་དད་པའི་གསོས་སྨན་ཞེས་པ་འདི་ཉིད། སྔར་ལྕགས་སྦྲུལ་རྒྱལ་ཟླའི་ནང་ཕྱོགས་ཙམ་བྲིས་པ་ལ། སླར་རབ་གནས་ཤིང་སྤྲེལ་ལོའི་དཔྱིད་ཟླ་ཐ་ཆུང་གི་ནང་ཕྲི་བསྣན་བཅས་ནག་ཟླའི་ཉ་སྟེ་དཔལ་དུས་ཀྱི་འཁོར་ལོ་གསུངས་པའི་དུས་ཚེས་དགེ་བའི་ཉིན་རྫོགས་པར་ཡུལ་དབུས་ལྷོ་རྒྱུད་ཀྱི་གྲྭ་ཕྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་བཤད་གྲྭ་སྔ་འགྱུར་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་ཉིན་བྱེད་གླིང་རྨད་བྱུང་ལུང་རིགས་འཆི་མེད་གྲུབ་པའི་དགའ་ཚལ་ནས། ༧དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་བླ་མ་པདྨ་ཆོས་དབྱིངས་ཁྱབ་བརྡལ་དང་། མཁན་ཆེན་ཟླ་བའི་འོད་ཟེར་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་པའི་གུས་འབངས་གཡུ་ཁོག་པ་ཤེས་བྱ་ཀུན་གཟིགས་སམ། བཙུན་མིང་ཐུབ་བསྟན་ཚུལ་ཁྲིམས་རྣམ་དག་ཏུ་འབོད་པས་སྦྱར་བའི་ངོ་མཚར་འཕྲུལ་གྱི་ཡི་གེར་འགོད་པ་པོ་ནི་སྨིན་གྲྭ་དགེ་སློང་འགྱུར་མེད་ཆོས་འཕེལ་གྱིས་བགྱིས་པའི་དགེ་བས་ཕྱོགས་དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག དགེའོ། །སརྦ་མངྒ་ལཾ། ། །
ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེའི་རྩ་གཞུང་།
༄༅། །ངེས་ཤེས་རིན་པོ་ཆེའི་དོན་འགྲེལ་ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེ་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཡེ། །
མདོ་སྔགས་ཟུང་འབྲེལ་གཞི་ལམ་འབྲས་བུའི་ཆོས། །
སྣང་སྟོང་དབྱེར་མེད་ལྟ་སྤྱོད་རྨད་བྱུང་ཆེ། །
ཐུན་མོང་ཐུན་མིན་བཀའ་དང་དགོངས་འགྲེལ་ཀུན། །
ཚད་མ་གསུམ་གྱིས་འདོམས་མཛད་འཕགས་ཚོགས་རྒྱལ། །
རྒྱལ་བསྟན་བཤད་སྒྲུབ་ཉི་ཟླའི་དཀྱིལ་འཁོར་ཆེ། །རྨད་བྱུང་ཐུགས་བསྐྱེད་དུས་སྨིན་ཤིང་རྟ་ཡིས། །བྱང་དུ་ཆེས་ཆེར་རབ་དྲངས་ཏེ། །བསིལ་ལྡན་སྐྱེ་འགྲོའི་དཔལ་དུ་ཆས་པ་ན། །གངས་ལྗོངས་མཁས་པའི་དབང་པོ་སྔ་ཕྱི་ཡིས། །བཞེད་སྲོལ་ཁྱད་པར་མ་འདྲེས་སོ་སོར་བཀྲལ། །ཚུལ་དེས་ས་དགེ་བཀའ་རྙིང་ལྟ་གྲུབ་བཞིར། །བསྟན་པའི་བཀའ་བབས་བཞི་ཞེས་ཡོངས་སུ་གྲགས། །གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཆུ་མགོ་ནི། །ཁྱད་ཆོས་ཆེ་བ་དྲུག་ལྡན་སྔ་འགྱུར་པ། །དེ་ཡི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ནི། །སྣ་ཚོགས་གྲུབ་མཐའ་གཞན་ལས་ཆེས་ཆེར་འཕགས། །དེ་ལ་ས་དགེ་བཀའ་རྙིང་སོ་སོ་ཡི། །གྲུབ་མཐའི་རྣམ་དབྱེ་མ་འདྲེས་ལེགས་མཁྱེན་ནས། །ཐུན་མིན་རིང་ལུགས་ཚུལ་བཞིན་འཛིན་མཁས་ན། །རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་བུར་ངེས། །དེ་སླད་སྔ་འགྱུར་རིང་ལུགས་འཛིན་འདོད་ན། །དེ་ཡི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཀུན། །སྣ་ཚོགས་གྲུབ་མཐའ་ཕལ་དང་ཚིག་ཟུར་ཙམ། །མ་འདྲེས་གནད་དོན་ཡོངས་རྫོགས་འཛིན་པར་འཚལ། །ཀྱེ་མ་དེང་དུས་སྣ་ཚོགས་འདུ་ཤེས་ཀྱིས། །ཕན་ཚུན་ཆགས་སྡང་འཁྲུགས་པའི་དུཿཁ་དང་། །སྣ་ཚོགས་རྗེས་བརྗོད་སྙན་པའི་ཚིག་སྒྲོས་ལས། །ཚུལ་བཞིན་ལྟ་གྲུབ་ཟབ་གནད་སྨྲ་བ་དཀོན། །ཆོས་དང་ཆོས་མིན་གནད་ཀྱི་ཤན་འབྱེད་དང་། །རང་དང་གཞན་གྱི་གྲུབ་མཐའི་རྣམ་དབྱེ་དང་། །ལེགས་བཤད་ཉེས་བཤད་མཁྱེན་པའི་རྣམ་དཔྱོད་ནི། །མཁས་ལ་ཡོད་ཀྱི་བླུན་པོའི་ཚོགས་ལ་མིན། །
ཚུལ་དེས་ཆགས་སྡང་འདུ་ཤེས་རབ་བསྐྱུངས་ཏེ། །གསར་རྙིང་ལྟ་གྲུབ་ཁྱད་པར་གནས་ཚུལ་ཙམ། །སོ་སོའི་ལུགས་བཞིན་མ་འདྲེས་སྣང་བའི་གཟུགས། །རབ་གསལ་ཤན་འབྱེད་སྒྲོན་མེ་མདོ་ཙམ་སྤྲོ། །
གང་ལྗོངས་མཁས་དབང་སྔ་ཕྱི་ཡི། །བཞེད་སྲོལ་ཁྱད་པར་བརྗོད་ལས་འདས། །དེ་ལ་ཕྱི་ནང་ཁྱད་པར་ཙམ། །དབྱེ་བའི་ཚུལ་ལ་མི་མཐུན་ཡོད། །མཉམ་མེད་ཇོ་བོའི་བཞེད་སྲོལ་བཞིན། །ཕྱི་འགྱུར་མཁས་དབང་ཕལ་མོ་ཆེས། །ཕྱི་ནང་ཁྱད་པར་སྐྱབས་འགྲོས་འབྱེད། །དེ་ཙམ་རྟེན་གྱི་དབྱེ་བར་ཟད། །མདོ་རྒྱུད་ལུང་གི་དགོངས་དོན་བཞིན། །སྔ་འགྱུར་པ་རྣམས་ཕྱི་ནང་གི ། ཁྱད་པར་རྟེན་དང་ལྟ་སྒོམ་དང་། །སྤྱོད་འབྲས་ཁྱད་པར་དཔག་ཡས་བཞེད། །
གཞན་དག་ཐེག་པ་ཆེ་ཆུང་གི ། ཁྱད་པར་སེམས་བསྐྱེད་ཙམ་གྱིས་འབྱེད། །དེ་ཙམ་བསམ་པའི་དབྱེ་བར་ཟད། །ལྟ་སྒོམ་སྤྱོད་འབྲས་ཁྱད་པར་ཆེ། །
ཁ་ཅིག་ཐེག་པ་གོང་འོག་གཉིས། །ལྟ་གྲུབ་འགལ་བར་སྨྲ་བ་དང་། །ཡང་ཅིག་ལྟ་བ་ཁྱད་མེད་ལ། །སྤྱོད་འབྲས་ཁྱད་པར་ཅིར་ཡང་སྨྲ། །སྔ་འགྱུར་མཁས་པའི་རང་བཞེད་ནི། །ལྟ་གྲུབ་ཐེག་པའི་རིམ་པ་དག ། རིམ་དང་ཅིག་ཆར་ཚུལ་གྱིས་སུ། །གོང་འོག་ཁྱད་པར་དཔག་ཡས་བཞེད། །དེ་ཕྱིར་གྲུབ་མཐའ་སྨྲ་བ་བཞི། །བཀའ་རྟགས་ཕྱག་རྒྱ་ཁས་ལེན་མཐུན། །འོན་ཀྱང་གསལ་རྒྱས་རྫོགས་ཚུལ་ལས། །ལྟ་གྲུབ་གོང་འོག་ཁྱད་པར་ཆེ། །
མདོ་སྔགས་ཐབས་ཀྱི་ཁྱད་པར་ལས། །ལྟ་བ་ཁྱད་མེད་གཞན་དག་སྨྲ། །ལྟ་བ་བདག་མེད་སྟོང་རྐྱང་ལས། །སྣང་ཆ་འོད་གསལ་མེད་པས་ལན། །རང་བཞེད་མདོ་སྔགས་ཐེག་པའི་ཚུལ། །སྟོང་ཆ་ཆོས་དབྱིངས་ཁྱད་མེད་ཀྱང་། །སྣང་ཆ་འོད་གསལ་ལྷུན་གྲུབ་ཀྱི། །ལྟ་བའི་ཁྱད་པར་གནམ་ས་ཙམ། །རྒྱུ་ཡི་ཐེག་པའི་འོད་གསལ་གྱི། །སེམས་ཉིད་བདེ་གཤེགས་སྙིང་བོ་དང་། །སྔགས་ཀྱི་འོད་གསལ་ལྷུན་གྲུབ་གཉིས། །གསལ་རྒྱས་རྫོགས་པའི་ཁྱད་པར་ཆེ། །མདོར་ན་རྒྱུ་ཡི་གྲུབ་མཐའ་བཞི། །བདག་མེད་རྫོགས་ཚུལ་ཟབ་ཁྱད་ཡོད། །གསང་སྔགས་རྒྱུད་སྡེ་རྣམ་པ་བཞི། །ལྟ་བ་ལྷུན་གྲུབ་ཟབ་ཁྱད་ཆེ། །དེ་ཡི་གནད་གསང་མཐར་ཐུག་དོན། །སྣང་སྟོང་འགལ་མེད་མཆོག ། ཟུང་འཇུག་མཐའ་བྲལ་ཆེན་པོའི་དོན། །རིམ་དང་ཅིག་ཆར་རྫོགས་ཚུལ་ལགས། །གང་དག་སྣང་སྟོང་འགལ་འདུ་ཅན། །སྟོང་ཉིད་བདེན་སྟོང་དངོས་མེད་ཙམ། །གང་འདོད་དེ་དག་མདོ་རྒྱུད་ཀྱི། །ལྟ་བའི་རྣམ་དབྱེ་འཆད་པར་དཀའ། །
རྗོད་བྱེད་འཁོར་ལོ་རྣམ་གསུམ་གྱི། །དྲང་ངེས་རྣམ་གཞག་གཞན་དག་རྣམས། །དང་པོ་དྲང་དོན་བར་པ་ངེས། །ཐ་མ་དྲང་དོན་ཁོ་ནར་སྨྲ། །དྲང་དོན་བརྗོད་བྱ་ཐ་སྙད་དུ། །མེད་པའི་ཆོས་སུ་ཁྱབ་མཐའ་འཆའ། །ཚུལ་དེས་མདོ་རྒྱུད་ཟབ་མོའི་དོན། །གཤེགས་སྙིང་ལ་སོགས་གཏན་མེད་སྨྲ། །ཁ་ཅིག་འཁོར་ལོ་དང་པོ་དང་། །བར་པ་ཡང་ནི་དྲང་དོན་ཉིད། །ཐ་མ་ཁོ་ན་ངེས་དོན་ཏེ། །དེ་ཡི་བརྗོད་བྱ་བདེན་གྲུབ་སྨྲ། །རང་བཞེད་ཚད་མ་རྣམ་གཉིས་ཀྱིས། །གཞལ་བྱ་འཁོར་ལོ་གསུམ་གྱི་མདོའི། །བརྗོད་བྱ་བདེན་གཉིས་དབྱེ་ཚུལ་ལས། །དྲང་ངེས་ཚུལ་གཉིས་འདི་ལྟར་བཞེད། །དོན་དཔྱོད་ཚད་མའི་རྙེད་དོན་མཆོག ། སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས། །སྟོང་ཉིད་དོན་དམ་དངོས་བསྟན་གྱི། །འཁོར་ལོ་བར་པ་ངེས་དོན་དང་། །རྣམ་དག་ཚད་མའི་རྙེད་དོན་མཆོག ། གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །འོད་གསལ་དོན་དམ་དངོས་བསྟན་གྱི། །འཁོར་ལོ་ཐ་མ་ངེས་དོན་བཞེད། །བརྗོད་བྱ་སྣང་སྟོང་ཁྱད་པར་ལས། །དྲང་ངེས་རྣམ་པར་དབྱེ་ཚུལ་གྱིས། །འཁོར་ལོ་བར་ཐའི་ངེས་དོན་དག། དབྱེ་ཚུལ་ཁྱད་པར་འགལ་མེད་བཞེད། །དེ་ལྟར་སྔ་འགྱུར་མཁས་པའི་ལུགས། །དྲང་ངེས་དབྱེ་ཚུལ་ཁྱད་པར་ཅན། །མདོ་དང་བསྟན་བཅོས་དགོངས་ཟབ་དོན། །ཁོ་བོའི་དྲང་ངེས་ལྡེའུ་མིག་ལྟོས། །
བསྟན་བཅོས་རྣམ་བཞག་གཞན་དག་རྣམས། །རྒྱད་བླའི་དངོས་བསྟན་དྲང་དོན་ལོ། །སྣང་ཆ་འོད་གསལ་སྤངས་པ་ཡི། །སྟོང་རྐྱང་རིགས་སུ་འདོད་དང་བསྟུན། །རང་བཞེད་རྒྱུད་བླ་ཐལ་འགྱུར་ཆེའི། །དགོངས་དོན་སྣང་ཆ་འོད་གསལ་མཆོག ། རྩལ་བཏོན་ཟབ་དོན་སྙིང་པོའི་མདོའི། །དགོངས་འགྲེལ་ངེས་དོན་བླ་མེད་བཞེད། །མངོན་རྟོགས་རྒྱན་གཞུང་མཐའ་གཅིག་ཏུ། །གཞན་དག་རང་རྒྱུད་གཞུང་དུ་འཆད། །རྒྱུ་མཚན་གཙོ་བོ་རྣམ་བརྒྱད་ཀྱི། །དམ་བཅའ་ཉམས་ཀྱིས་དོགས་པར་ཟད། །སྔ་འགྱུར་རང་བཞེད་མི་ཕམ་རྗེས། །ཐལ་རང་ཕྱི་མོའི་གཞུང་ཉིད་དུ། །དངོས་སྟོབས་རིགས་པའི་འཕྲུལ་དང་བཅས། །བརྒལ་ལན་སོགས་སུ་ཆེས་ཆེར་བསྒྲུབས། །དེང་དུས་རྙིང་མར་སྨྲ་རྣམས་ཀྱང་། །རྒྱུ་མཚན་མེད་པར་བཞན་རྗེས་ཟློ། །རང་བཞེད་སྔ་རབས་མཁས་པའི་ལུགས། །མ་ཕམ་དགོངས་པའི་རྒྱན་དུ་བྲིས། །གཞན་དག་དབུ་མ་རང་རྒྱུད་གཞུང་། །ཐལ་འགྱུར་ཆེན་པོའི་འགལ་ཟླར་སྨྲ། །རང་བཞེད་མི་ཕམ་ཆོས་རྗེ་ཡིས། །ཐལ་འགྱུར་ཆེན་པོའི་ལམ་སྟེགས་བཞེད། །
སྐྱབས་འགྲོར་མཆོག་གསུམ་མཚན་ཉིད་དང་། །མཚན་གཞི་རྒྱུ་འབྲས་སྐྱབས་འགྲོ་དང་། །གནས་སྐབས་མཐར་ཐུག་རབ་དབྱེ་སོགས། གཞན་དག་རྣམ་གཞག་གཞན་དུ་འཆད། །རང་བཞེད་སྔ་འགྱུར་ལོ་པཎ་རྣམས། །མཆོག་གསུམ་སྐྱབས་ཀྱི་ངོ་བོ་དང་། །དེ་ཡི་མཚན་གཞིའི་རབ་དབྱེ་སོགས། །བཀའ་དང་དགོངས་འགྲེལ་གཞུང་བཞིན་བཞེད། །
ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཀྱང་། །གཞན་དག་རྣམ་གཞག་ཅིར་ཡང་སྨྲ། །རང་བཞེད་ཤིང་རྟ་ཆེན་པོ་ཡི། །དགོངས་དོན་གཞུང་བཞིན་འཆད་པར་མཛད། །དེ་ཡི་མཚན་གཞི་ཁ་ཡར་བ། །ཤིང་རྟའི་དགོངས་པ་འགལ་བར་འཆད། །རང་བཞེད་ཀུན་མཁྱེན་ཆེན་པོ་ཡིས། །འགལ་མེད་གནད་དོན་གཅིག་ཏུ་བཞེད། །ལ་ལ་དབང་པོ་རྣོ་འབྲིང་གི ། སེམས་བསྐྱེད་ལྟར་སྣང་ཚིག་ཙམ་ལོ། །རང་བཞེད་དེ་གསུམ་ཐེག་ཆེན་གྱི། །སེམས་བསྐྱེད་མཚན་ཉིད་པ་རུ་བཞེད། །དེ་ལྟར་སེམས་རབ་དབྱེ་སོགས། །སྔ་འགྱུར་མཁས་པའི་རང་བཞེད་རྣམས། །ཇི་བཞིན་གསལ་བ་ཤེར་ཕྱིན་གྱི། །དོན་འགྲེལ་མ་ཕམ་དགོངས་རྒྱན་གཟིགས། །
འཇལ་བྱེད་ཚད་མ་རྣམ་གཉིས་ཀྱིས། །གཞལ་བྱ་བདེན་གཉིས་གཏན་ལ་འབེབས། །དེ་ཡི་དབང་གིས་གྲུབ་མཐའ་དང་། །ལྟ་སྒོམ་སྤྱོད་འབྲས་རྣམ་པར་དབྱེ། །འཇལ་བྱེད་ཚད་མའི་རྣམ་གཞག་ལ། །སྔ་ཕྱིའི་བཞེད་སྲོལ་ཐ་དད་ཡོད། །དེ་ཡི་དབང་གིས་ལྟ་གྲུབ་ཀྱི། །ཞལ་བཞེས་མི་མཐུན་སོ་སོར་གྱུར། །ཕྱི་རབས་མཁས་རྣམས་མགྲིན་གཅིག་ཏུ། །བདེན་གཉིས་དཔྱོད་བྱེད་ཚད་མ་ལ། །དོན་དམ་དང་ནི་ཐ་སྙད་ཀྱི། །ཚད་མ་གཉིས་ཞེས་ཆེས་ཆེར་སྨྲ། །འོན་ཀྱང་དོན་དམ་རྣམ་གྲངས་དང་། །ཐ་སྙད་ཚུར་མཐོང་ཁོ་ན་ལས། །རྣམ་གྲངས་མིན་དཔྱོད་ཚད་མ་དང་། །དག་པའི་གཟིགས་པ་འཆད་དུ་མེད། །དོན་དཔྱོད་ཚད་མའི་རིགས་པའི་འགྲོས། །ཚུར་མཐོང་ཚད་མར་བསྟུན་ཏེ་སྨྲ། །དེ་ཡི་དོན་དམ་དངོས་མེད་ལས། །ཟབ་ཞི་སྤྲོས་བྲལ་འགྲུབ་ནུས་མིན། །ཐ་སྙད་དཔྱོད་བྱེད་ཚད་མ་ཡང་། །ཚུར་མཐོང་ཙམ་ལས་མེད་དེའི་ཕྱིར། །མ་དག་ཀུན་རྫོབ་ཙམ་ཞིག་ལས། །དག་པའི་ཀུན་རྫོབ་འགྲུབ་ནུས་མིན། །སྔ་རབས་མཁས་པའི་དབང་པོ་རྣམས། །བདེན་གཉིས་རྣམ་པར་དཔྱོད་བྱེད་ཀྱི། །རིགས་པ་དོན་དམ་ཚད་མ་དང་། །ཐ་སྙད་ཚད་མ་གཉིས་སུ་བཞེད། །དོན་དམ་རྣམ་གྲངས་དཔྱོད་བྱེད་དང་། །རྣམ་དག་ཐ་སྙད་ཚད་མ། གཉིས། །དེ་ཡི་རབ་དབྱེ་མདོ་རྒྱུད་དང་། །བསྟན་བཅོས་དགོངས་དོན་སྔ་འགྱུར་པའི། །མན་ངག་ཇི་བཞིན་མི་ཕམ་རྗེའི། །ལེགས་བཤད་ཤེས་རབ་རལ་གྲིར་གསལ། །དོན་དཔྱོད་རྣམ་གྲངས་ཚད་མ་ཡིས། །གནས་སྐབས་རྣམ་གྲངས་དོན་དམ་དང་། །རྣམ་གྲངས་མིན་དཔྱོད་ཚད་མ་ཡིས། །མཐར་ཐུག་རྣམ་གྲངས་མིན་པ་སྒྲུབ། །ཐ་སྙད་ཚུར་མཐོང་ཚད་མ་ཡིས། །སྣང་ཚུལ་མ་དག་ཀུན་རྫོབ་དང་། །ཐ་སྙད་རྣམ་དག་ཚད་མ་ཡིས། །གནས་ཚུལ་དག་པའི་ཀུན་རྫོབ་སྒྲུབ། །དོན་དཔྱོད་ཚད་མས་ཆོས་རྣམས་ཀུན། །བདེན་མེད་སྟོང་པ་ཆེན་པོར་སྒྲུབ། །ཐ་སྙད་ཚད་མས་མ་དག་དང་། །དག་པའི་སྣང་བ་སོ་སོར་འབྱེད། །དེ་ལྟར་མདོ་རྒྱུད་བསྟན་བཅོས་ཀྱི། །དགོངས་དོན་ཟབ་རྒྱས་ཅིག་ཆར་དུ། །འཇལ་བྱེད་ཚད་མ་ཡོངས་རྫོགས་འདི། །སྔ་རབས་མཁས་པའི་ཁྱད་ཆོས་ལགས། །བར་སྐབས་ཀྱི་ཚིགས་སུ་བཅད་པ་འོ། །
གཞལ་བྱ་བདེན་གཉིས་རྫོགས་ཚུལ་ལས། །སངས་རྒྱས་པ་ཡི་ལྟ་གྲུབ་བཞིར། །གངས་ལྗོངས་མཁས་དབང་སྔ་ཕྱི་ཡི། །འཆད་སྲོལ་རྣམ་གཞག་རེ་ཞིག་བསྐྱུངས། །འདིར་ནི་ཐེག་མཆོག་དབུ་མ་ཆེའི། །གཞི་ལམ་འབྲས་བུའི་ལྟ་གྲུབ་གནད། །གངས་ལྗོངས་སྔ་ཕྱིའི་མཁས་དབང་གི ། བཞེད་སྲོལ་ཁྱད་པར་མདོ་ཙམ་འཆད། །
གཞན་དག་མཐའ་གཉིས་བྲལ་བ་ཡི། །བར་གྱི་ཆོས་ཏེ་དབུ་མར་འཆད། །གཞི་ལམ་འབྲས་བུ་རེ་རེ་ནས། །དབུ་མ་མིན་པའི་དམ་བཅའ་སྨྲ། །དེ་འདྲའི་དབུ་མ་བདེན་གཉིས་གང་། །འཕགས་ལམ་མཉམ་རྗེས་གང་དུ་སྒོམ། །མཐར་འབྲས་སྐུ་གཉིས་གང་ཡིན་སོགས། །དྲིས་ཤིང་བརྩད་པས་དམ་བཅའ་འཇིག ། རང་བཞེད་སྤྲོས་མཐའ་ཀུན་བྲལ་གྱི། །གནས་ལུགས་གཞི་ཡི་དབུ་མར་བཞེད། །ཚུལ་དེས་ལམ་དང་འབྲས་བུ་ཡང་། །དབུ་མའི་ཉིད་དུ་བཏགས་པར་མཛད། །
ཐེག་མཆོག་དབུ་མའི་གཞུང་ལུགས་ལ། །གཞི་ལམ་འབྲས་བུ་རྣམ་གསུམ་ལས། །གཞལ་བྱ་སྣང་སྟོང་བདེན་པ་གཉིས། །འཆད་པའི་ཚུལ་ལ་མི་མཐུན་ཡོད། །
སྤྱིར་ནི་བདེན་གཉིས་དབྱེ་ཚུལ་ལ། །སྣང་སྟོང་ཆོས་ཀྱི་བདེན་གཉིས་དང་། །གནས་སྣང་ཆོས་ཀྱི་བདེན་གཉིས་ཀྱི། །རབ་དབྱེ་གཉིས་སུ་མཁས་རྣམས་བཞེད། །
དེང་དུས་སྣང་སྟོང་བདེན་གཉིས་ལས། །གནས་སྣང་བདེན་གཉིས་མཁྱེན་པ་དཀོན། །ཚུལ་དེས་ངེས་དོན་མདོ་རྒྱུད་ཀྱི། །དགོངས་དོན་ཟབ་མོ་རིང་དུ་བྱས། །
གནས་ཚུལ་དོན་དཔྱོད་ཚད་མ་ཡིས། །གཞལ་དོན་ཡང་དག་ཡིན་མིན་གྱིས། །སྟོང་ཉིད་དོན་མང་བདེན་པ་དང་། །སྣང་བ་ཀུན་རྫོབ་བདེན་གཉིས་དབྱེ། །ཚུལ་འདི་འཁོར་ལོ་བར་པ་ཡི། །ངེས་དོན་མདོ་དང་རྒྱུད་སྡེ་དང་། །དོན་འགྲེལ་ཟླ་བའི་གཞུང་སོགས་ཀྱི། །བདེན་གཉིས་དབྱེ་ཚུལ་བླ་ན་མེད། །
སྣང་ཚུལ་དག་པའི་ཚད་མ་ཡིས། །གཞལ་དོན་ཡང་དག་ཡིན་མིན་གྱིས། །གནས་སྣང་མཐུན་པ་དོན་དམ་དང། །གནས་སྣང་མི་མཐུན་ཀུན་རྫོབ་དབྱེ། །ཚུལ་འདི་འཁོར་ལོ་ཐ་མ་ཡི། །ངེས་དོན་མདོ་དང་རྒྱུད་སྡེ་དང་། །ཐེག་ཆེན་རྒྱུད་བླའི་གཞུང་སོགས་ཀྱི། །བདེན་གཉིས་དབྱེ་ཚུལ་བླ་ན་མེད། །
དེ་ལ་དབུ་མ་རང་རྒྱུད་པས། །སྣང་སྟོང་ཆོས་ཀྱི་བདེན་གཉིས་བཞེད། །ཐལ་འགྱུར་གཞུང་དུ་བདེན་གཉིས་ཀྱི། །རབ་དབྱེ་གཉིས་ཀ་འགལ་མེད་བཞེད། །དེ་ཕྱིར་ཟླ་བའི་གཞུང་དང་ནི། །རྒྱལ་ཚབ་མཆོག་གི་རྒྱུད་བླའི་གཞུང་། །གཉིས་ཀ་ཐེག་ཆེན་ཐལ་འགྱུར་པའི། །གཞུང་དུ་འགལ་མེད་གནད་གཅིག་ལགས། །དེ་ལ་རིགས་ཁམས་སྙིང་པོ་སོགས། །གནས་སྣང་མཐུན་པའི་དོན་དམ་མཆོག ། འོན་ཀྱང་སྣང་སྟོང་དབྱེ་ཚུལ་གྱིས། །སྣང་སྟོང་བདེན་པ་གཉིས་ཆར་ཡོད། །
ལ་ལ་བདེན་གཉིས་རབ་དབྱེ་གཉིས། །དབུ་མ་ཐལ་རང་སོ་སོར་སྦྱོར། །འཁོར་ལོ་བར་མཐའ་གང་རུང་གི ། དགོངས་དོན་འགལ་མེད་རྟོགས་པར་དཀའ། །
དེས་ན་དབུ་མ་ཆེན་པོ་ཡི། །ངེས་དོན་མདོ་དང་བསྟན་བཅོས་ཀྱི། །བསྟན་དོན་བདེན་གཉིས་རབ་དབྱེ་དག ། གཉིས་ཀ་འགལ་མེད་མཁྱེན་པར་མཛོད། །
དེ་ལྟར་བདེན་གཉིས་དབྱེ་ཚུལ་གྱི། །རབ་དབྱེ་རྣམ་པ་གཉིས་དག་ལས། །འདིར་ནི་སྣང་སྟོང་བདེན་གཉིས་ཀྱི། །ཆོས་ཀྱི་མཚན་ཉིད་ལ་ལ་དག ། མཐོང་བ་རྫུན་པ་ཐ་སྙད་ཀྱི། །དཔྱོད་བྱེད་ཚད་མའི་རྙེད་དོན་དང་། །ཡང་དག་མཐོང་བ་མཐར་ཐུག་གི ། དཔྱོད་བྱེད་ཚད་མའི་རྙེད་དོན་ཟེར། །ད་དུང་ཟླ་བའི་ལུགས་སུ་སྨྲ། །མཚན་ཉིད་སྐྱོན་ཅན་ཡིན་ནོ་ལོ། །ཁྭ་ཏས་མི་གཙང་ཟོས་མའི་མཆུ། །གཙང་སར་འཕྱི་བའི་དཔེ་ཟླར་འོས། །གཞན་དག་མཐོང་བ་ཡང་དག་པའི། །འཛིན་སྟངས་ཀྱི་ནི་གཟུང་བྱ་དང་། །མཐོང་བ་རྫུན་པའི་འཛིན་སྟངས་ཀྱིས། །གཟུང་བྱ་བདེན་གཉིས་མཚན་ཉིད་སྨྲ། །ད་དུང་དཔལ་ལྡན་ཟླ་བ་ཡི། །གཞུང་ལུགས་དགོངས་དོན་ཡིན་ནོ་ལོ། །འདིར་ཡང་མ་ཁྱབ་ཁྱབ་ཆེས་དང་། མི་སྲིད་གསུམ་གྱི་སྤྱི་སྐྱོན་ཡོད། །
རང་བཞེད་བདེན་གཉིས་སོ་སོའི་མཚན་ཉིད་ནི། །ཇི་ལྟའི་མཉམ་གཞག་བློ་འདས་ཡེ་ཤེས་དང་། །ཇི་སྙེད་མཐོང་བ་ཐ་སྙད་བློ་ཡི་ཡུལ། །དོན་དམ་དང་ནི་ཀུན་རྫོབ་མཚན་ཉིད་ལགས། །ཚུལ་འདི་ངེས་དོན་མདོ་དང་ནི། །རྨད་བྱུང་སློབ་དཔོན་རྣམ་གཉིས་ཀྱི། །དགོངས་དོན་རྣམ་གཅོད་རྣམ་གཉིས་ཀྱི། །བསྟན་དོན་མཚན་ཉིད་སྐྱོན་བྲལ་ལགས། །
མཚན་གཞིའི་དབྱེ་བ་རྒན་པོའི་ངོར། །ཀུན་རྫོབ་ཡང་ལོག་ཡོད་ན་ཡང་། །རང་ངོར་ལོག་པའི་ཀུན་རྫོབ་ལས། །ཡང་དག་ཀུན་རྫོབ་མེད་དོ་ལོ། །བདེན་གཉིས་ལ་ཤན་མ་ཕྱེས་པའི། །རྟོག་བཟོ་སྣ་ཚོགས་ཅིར་ཡང་སྨྲ། །འཕགས་ཡུལ་དཔལ་ལྡན་ཟླ་བ་ལ། །འཁྲུལ་རྒྱ་ཕྱི་ནང་གང་ཞིག་འཇོག ། ད་དུང་འཁྲུལ་པའི་ཤེས་པ་དང་། །ཚད་མའི་གཞི་མཐུན་ཡོད་ཅེས་འཛེར། །རྣམ་མཁྱེན་འཁྲུལ་པར་གྱུར་པ་ཡི། །ཚད་མ་དེ་འདྲ་ངོ་མཚར་ཆེ། །
རང་བཞེད་དོན་དཔྱོད་ཚད་མའི་ངོར། །ཡང་ལོག་ཆོས་ཀྱི་རྣམ་དབྱེ་བྲལ། །ཐ་སྙད་ཀུན་རྫོབ་བདེན་པའི་ངོར། །ཡང་ལོག་དབྱེ་བ་སོ་སོར་བཞེད། །
དོན་དཔྱོད་ཚད་ངོར་ཆོས་ཅན་ཀུན། །འཁྲུལ་སྣང་སྒྱུ་མ་ལྟར་ངེས་ཀྱང་། །དེ་ཙམ་ཐ་སྙད་བདེན་པའི་ངོར། །ཀུན་རྫོབ་ལོག་པའི་འཁྲུལ་རྒྱུ་མིན། །འཕགས་ཡུལ་དཔལ་ལྡན་ཟླ་བ་ཡིས། །ཆོས་ཀུན་སྒྱུ་མ་ལྟར་གཟིགས་ཀྱང་། །དེ་ཡི་སྣང་ངོར་ཐ་སྙད་དུ། །དུང་དང་ཟླ་བའི་ཁ་དོག་ཉིད། །དཀར་པོར་སྣང་བ་ཡང་དག་གི ། ཀུན་རྫོབ་གཟིགས་པ་ལོག་ནས་ནི། །དུང་དང་ཟླ་བ་སེར་པོ་རུ། །སྣང་བའི་ལོག་ཤེས་སྲིད་མ་ལགས། །ཟླ་བས་རྗེས་ཐོབ་འཇིག་རྟེན་གྱི། །ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར། །རང་སྣང་འཁྲུལ་དང་མ་འཁྲུལ་ལས། །ཀུན་རྫོབ་ཡང་ལོག་གཉིས་སུ་དབྱེ། །
དོན་དཔྱོད་ཚད་མས་མ་བཀག་པར། །ཤུལ་དུ་ལུས་པའི་སྣང་བ་མིན། །དེ་སླད་ཐ་སྙད་རང་མཚན་གྱིས། །གྲུབ་པར་ཐལ་བའི་ཀླན་ཀ་མེད། །དེ་ལྟའི་རྟོགས་དཀའི་གནད་གསང་མ་མཁྱེན་པར། །ཐ་སྙད་འཇིག་རྟེན་རྒན་པོའི་རྗེས་བརྗོད་དང་། །རང་སྣང་ལོག་པའི་ཀུན་རྫོབ་འབའ་ཞིག་དང་། །འཁྲུལ་ཤེས་ཚད་མའི་གཞི་མཐུན་སྨྲ་སོགས་བྱུང་། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དོན་དམ་རྣམ་གྲངས་ཡིན་མིན་གཉིས། །མ་ཡིན་དགག་དང་མེད་དགག་གིས། །ཕྱེ་བས་ཡུལ་དང་ཡུལ་ཅན་གྱི། །དོན་དམ་རྣམ་པ་བཞི་ཞེས་སྨྲ། །ཚུལ་འདི་སྟོང་ཉིད་མེད་དགག་ལས། །ལྷག་པའི་སྤྲོས་བྲལ་མེད་པས་ལན། །དེ་འདྲའི་མེད་དགག་རྣམ་གྲངས་ལས། །རྣམ་གྲངས་མིན་པའི་ཕྱོགས་ཙམ་མིན། །
རང་བཞེད་སྤྲོས་མཐའ་ཉི་ཚེ་ཙམ། །བཀག་པའི་དོན་དམ་རྣམ་གྲངས་དང་། །སྤྲོས་མཐའ་ཕྲ་རགས་མཐའ་དག་ཀུན། །བྲལ་བའི་དོན་དམ་རྣམ་གྲངས་མིན། །
ཁ་ཅིག་བདེན་གཉིས་འགལ་བར་སྨྲ། །ད་དུང་ངོ་བོ་བདག་གཅིག་ལ། །ལྡོག་པ་ཐ་དད་འགལ་འབྲེལ་གྱི། །གཞི་མཐུན་སྨྲ་བ་ངོ་མཚར་ཆེ། །ཚུལ་འདི་རྣམ་གྲངས་ཚད་མ་ཡི། །བདེན་གཉིས་ཙམ་གྱི་གོ་དོན་ལས། །མཐའ་བྲལ་རྣམ་གྲངས་མིན་པ་ཡི། །ཐལ་འགྱུར་ལྟ་བའི་དགོངས་དོན་མིན། །གཞན་དག་མཐའ་གཅིག་བདེན་གཉིས་ཀྱི། །ངོ་བོ་གཅིག་དང་དུ་བྲལ་ཏེ། །ངོ་བོ་གཅིག་ལ་ལྡོག་པ་ནི། །ཐ་དད་རྟོག་གེའི་ལུགས་ཞེས་སྨྲ། །དེ་ལ་ཐལ་འགྱུར་ལྟ་བའི་ལུགས། །གཅིག་དང་དུ་བྲལ་དེ་ལྟ་མོད། །འོན་ཀྱང་རང་རྒྱུད་ལྟ་བའི་ལུགས། །སེམས་འགྲེལ་གཞུང་བཞིན་ཅིས་མི་འཆད། །
རང་བཞེད་རང་རྒྱུད་ལྟ་བའི་ལུགས། །རྣམ་གྲངས་དཔྱོད་པའི་ཚད་མའི་ཡུལ། །བདེན་གཉིས་ངོ་བོ་གཅིག་པ་ལ། །ལྡོག་པ་ཐ་དད་རྣམ་པར་དབྱེ། །མཐར་ཐུག་ཐལ་འགྱུར་ལྟ་བའི་ལུགས། །རྣམ་གྲངས་མིན་དཔྱོད་ཚད་མའི་ཡུལ། །བདེན་གཉིས་ངོ་བོ་གཅིག་པ་དང་། །དུ་མའི་རྣམ་རྟོག་ཀུན་བྲལ་ལགས། །འོན་ཀྱང་དག་གཟིགས་ཚད་མའི་ཡུལ། །གནས་སྣང་ཆོས་ཀྱི་བདེན་གཉིས་ནི། །གནས་སྣང་དག་དང་མ་དག་ཆོས། །གཅིག་པ་བཀག་པའི་ཞལ་བཞེས་མཛད། །
གོ་རིམ་དོན་དམ་ངེས་པའི་རྗེས། །སྣང་བ་ཀུན་རྫོབ་ངེས་པ་དང་། །གཞལ་དག་ཀུན་རྫོབ་ཐབས་ལས་ནི། །ཐབས་བྱུང་དོན་དམ་ངེས་སོགས་སྨྲ། །
རང་བཞེད་དབུ་མའི་ལྟ་རིམ་བཞི། །རིམ་དང་ཅིག་ཆར་ངེས་ཚུལ་ལས། །རང་རྒྱུད་བདེན་གཉིས་རིམ་གྱིས་དང་། །ཅིག་ཆར་ངེས་པ་ཐལ་འགྱུར་ལུགས། །དེ་ལ་ཐབས་དང་ཐབས་བྱུང་དང་། །བདེན་གཉིས་ངེས་པའི་གོ་རིམ་གཉིས། །འདྲ་ཡང་འདྲ་སྟེ་ནོར་ར་རེ། །གཅིག་ཏུ་འཁྲུལ་པ་ཉིང་འཁྲུལ་ལགས། །
སྟོང་ཉིད་དོན་དམ་བདེན་པ་ཞེས། །ཚིག་གི་བརྗོད་ཚུལ་མཐུན་ན་ཡང་། །རྟགས་དང་བསྒྲུབ་བྱ་ཆོས་ཅན་དང་། །དགག་བྱའི་ཁྱད་པར་འདྲ་མ་ལགས། །
གཞན་དག་དབུ་མ་ཐལ་འགྱུར་ཆེའི། །གཏན་ཚིགས་ཐལ་འགྱུར་ཞེས་སུ་སྨྲ། །འོན་ཀྱང་ཁས་ལེན་ཀུན་བྲལ་གྱི། །ཐལ་འགྱུར་ཐུན་མིན་ཚིག་ཏུ་ཟད། །རང་བཞེད་རྣམ་གྲངས་མ་ཡིན་པའི། །དོན་དམ་ཁས་ལེན་ཀུན་དང་བྲལ། །དེ་སླད་དབུ་མ་ཆེན་པོ་ཡི། །གཏན་ཚིག་ཐུན་མིན་ཐལ་འགྱུར་ཆེ། །
གཞན་དག་ལྟ་བ་མེད་དགག་ཟེར། །གཏན་ཚིགས་མ་ཡིན་དགག་པ་ཙམ། །དགག་བྱ་བདེན་གྲུབ་བཀག་ཤུལ་དུ། །བསྒྲུབ་ཆོས་བདེན་མེད་འཕེན་ལ་ལྟོས། །རང་བཞེད་སྤྲོས་མཐའ་བཀག་ཤུལ་དུ། །སྤྲོས་ཆོས་དམིགས་མཐའ་ཀུན་དང་བྲལ། །དེ་སླད་གཏན་ཚིགས་མེད་དགག་ཉིད། །ལྟ་བ་མཐའ་བྲལཆེན་པོ་ལགས། །
སྟོང་ཉིད་ངོ་བོ་གཞན་དག་རྣམས། །དངོས་དང་དངོས་མེད་ཅིར་ཡང་སྨྲ། །དེ་དག་ཀུན་རྫོབ་བདེན་པ་ལས། །དོན་དམ་གྱུར་པའི་སྟོང་ཉིད་མིན། །
ཁ་ཅིག་དོན་དམ་སྟོང་པ་ཉིད། །བདེན་སྟོང་མེད་དགག་དངོས་མེད་ཟེར། །དེ་འདྲ་དོན་དམ་རྣམ་གྲངས་ལས། །རྣམ་གྲངས་མིན་པའི་དོན་དམ་མིན། །ཚུལ་འདི་ཚུར་མཐོང་ཚད་མ་ཡིས། །རྙེད་དོན་དངོས་དང་དངོས་མེད་ཕྱིར། །དངོས་འགལ་བར་ན་ཕུང་གསུམ་བྲལ། །དེ་ཕྱིར་སྟོང་ཉིད་དངོས་མེད་སྨྲ། །དེ་ལ་སྟོང་ཉིད་དངོས་མེད་དང་། །སྣང་བ་དངོས་པོར་འཇོག་པ་འདི། །བསྡུས་ཚན་རིགས་པའི་གོ་དོན་ཙམ། །གཉིས་ཀ་ཀུན་རྫོབ་བདེན་པ་ལགས། །
གཞན་དག་དོན་དཔྱོད་ཚད་མ་ཡིས། །དཔྱད་བཟོད་གྱུར་པའི་རྟག་བདེན་སྨྲ། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་ལ་ལྟོས། །
རང་བཞེད་དོན་དམ་སྟོང་ཉིད་ནི། །ཚུར་མཐོང་ཚད་མའི་རྙེད་དོན་གྱི། །ཀུན་རྫོབ་སྤྲོས་ཆོས་ལས་འདས་དབྱིངས། །རྣམ་གྲངས་མ་ཡིན་དོན་དམ་ཆེ། །
སྟོང་ཉིད་དངོས་པོ་མ་ལགས་ཏེ། །སྣང་དེས་སྣང་ཚུགས་མ་ཤོར་བར། །སྣང་བ་སྟོང་པ་ཆེན་པོར་གནས། །དངོས་འཛིན་འཇོམས་པའི་གནད་གསང་ཡོད། །སྟོང་ཉིད་དངོས་མེད་མ་ལགས་ཏེ། །སྟོང་དེས་སྟོང་ཚུགས་མ་ཤོར་བར། །སྟོང་པའི་རང་མདངས་སྣང་བའི་ཆོས། །རྟེན་འབྱུང་འཆར་བའི་གནད་གསང་ཡོད། །
དངོས་པོ་མིན་ཕྱིར་རྟག་དངོས་བྲལ། །དངོས་མེད་མིན་ཕྱིར་ཆད་མཐའ་བྲལ། །ཟབ་ཞི་སྤྲོས་བྲལ་འོད་གསལ་དབྱིངས། །གནས་ལུགས་དོན་དམ་ཆེན་པོར་བཞེད། །ཚུལ་འདི་དོན་དམ་རྣམ་གྲངས་དཔྱོད་བྱེད་དང་། །ཐ་སྙད་ཚུར་མཐོང་ཚད་མའི་དཔྱོད་ཡུལ་མིན། །དོན་དམ་རྣམ་གྲངས་མིན་དཔྱོད་ཚད་མ་ཆེ། །ཐུན་མིན་ཐལ་འགྱུར་རིགས་པའི་གྲུབ་དོན་ལགས། །བར་སྐབས་ཀྱི་ཚིགས་སུ་བཅད་པ་འོ། །
གཞན་དག་ཀུན་རྫོབ་དངོས་སྣང་ཀུན། །མི་སྟོང་རིགས་པའི་དགག་བྱ་མིན། །འོན་ཀྱང་གཉིས་སྣང་མེད་པ་ཡི། །འཕགས་པའི་ལམ་གྱི་དགག་བྱར་སྨྲ། །གཞི་ལམ་འགལ་བའི་ལྟ་གྲུབ་འདི། །ལྟ་སྒོམ་ཡ་བྲལ་ལྟ་བ་ལགས། །ཚུལ་འདི་འཇོམས་བྱེད་ཟླ་བ་ཡི། །དངོས་སྟོབས་རིགས་ཆེན་རྣམ་པ་གསུམ། །དེ་ལ་དོན་དཔྱོད་ཚད་མ་ཡི། །རིགས་པའི་དགག་བྱ་བདེན་གྲུབ་སྨྲ། །རྟོག་པས་བཏགས་ཙམ་མ་ཡིན་པའི། །ཆོས་དེ་བདེན་གྲུབ་ཉིད་ཡིན་ལོ། །ཐ་སྙད་སྣང་བ་མི་འགོག་པར། །བདེན་གྲུབ་ཡན་གར་འགོག་པ་འདི། །དོན་དཔྱོད་རྣམ་གྲངས་ཚད་མ་ཡིས། །བདེན་གཉིས་དབྱེ་བའི་གོ་དོན་ཙམ། །དེ་ལ་བདེན་གཉིས་རྣམ་ཕྱེས་ཏེ། །སྣང་བ་ཀུན་རྫོབ་ངེས་ཟིན་ན། །ད་དུང་དོན་དཔྱོད་ཚད་མ་ཡིས། །བདེན་གྲུབ་དགག་ཏུ་ཅི་ཞིག་ཡོད། །དེ་སླད་གཟུང་འཛིན་དངོས་སྣང་འདི། །སྣང་ལྟར་དོན་ལ་གྲུབ་པའམ། །ཀུན་རྫོབ་གང་ཡིན་མ་ངེས་ངོར། །སྣང་ཉིད་དཔྱད་དེ་སྟོང་པར་བསྒྲུབ། །བདེན་གཉིས་གང་ཡིན་དཔྱོད་པའི་གཞི། །སྣང་བ་རང་སར་བོར་ནས་སུ། །དོན་མེད་བདེན་གྲུབ་ཡན་གར་ཞིག ། ཡོད་མེད་དཔྱོད་དེ་ཅིའི་ཐ་ཚིག ། དཔྱད་གཞི་དངོས་སྣང་སྣ་ཚོགས་འདི། །དངོས་པོར་སྨྲ་བས་དོན་དམ་དང། །དབུ་མས་འཇིག་རྟེན་ཐ་སྙད་ལས། །དོན་དམ་བདེན་ངོར་སྟོང་པར་བཞེད། །སྟོང་ཚུལ་དོན་དཔྱོད་ཚད་མ་ཡིས། །སྣང་ཉིད་དཔྱད་དེ་དོན་དམ་པའི། །ཀ་བུམ་མི་བཞེད་དངོས་སྣང་ཀུན། །སྟོང་པར་འདོད་པ་ཟླ་བའི་ལུགས། །དེ་བཞིན་དོན་དམ་ཀ་བུམ་ཞིག ། གལ་ཏེ་ཞལ་བཞེས་མི་འཚལ་ན། །དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས། །བཀག་ན་ལེགས་སོ་རིགས་ལམ་པ། །བདེན་གྲུབ་གཞན་གྱིས་སྟོང་དེ་ཡིས། །དོན་དམ་ཀ་བུམ་མེད་ཅེ་ན། །སྦྲུལ་གནས་འཇིགས་པ་གླང་ཆེན་གྱིས། །དོགས་སེལ་མཚར་གནས་གཟུགས་ཀྱི་ཟླ། །གཞི་དུས་བདེན་གྲུབ་ཡན་གར་འགོག ། ལམ་དུས་གཉིས་སྣང་འཇོམས་འདོད་པས། །བདག་མེད་མཐོང་ཚེ་རྟོག་པའི་བདག ། སྤོང་བའི་དམ་བཅའ་འཆང་བར་རིགས། །བདེན་མེད་སེལ་རྐྱང་དངོས་མེད་དང་། །མི་སྟོང་ཀུན་རྫོབ་དངོས་པོ་གཉིས། །ཆོས་ཅན་དང་ནི་ཆོས་ཉིད་དང་། །སྟོང་དང་རྟེན་འབྱུང་འཐད་པར་དཀའ། །གཟུང་འཛིན་ཨ་འཐས་སྣང་བ་ལིང་ལིང་འདི། །རིགས་པའི་དགག་བྱར་མི་བྱེད་རང་སར་བཞག ། དགག་བྱ་རྭ་ཅན་བདེན་གྲུབ་ཡན་གར་ཞིག ། སྟོང་པའི་སྟོང་ཉིད་གཞན་སྟོང་སྨྲ་ལ་ལྟོས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རང་བཞེད་སྔ་འགྱུར་ལོ་པཎ་གྱི། །དགོངས་བཞེད་མི་ཕམ་ཆོས་ཀྱི་རྗེས། །སྟོང་ཉིད་དོན་དམ་དཔྱོད་བྱེད་ཀྱི། །རིགས་པའི་དགག་བྱ་འདི་ལྟར་བཞེད། །བདེན་གཉིས་ཕྱེས་ཏེ་སྣང་བ་འདི། །ཀུན་རྫོབ་སྒྱུ་མར་ངེས་ཟིན་ན། །ད་དུང་ཚད་མའི་རིགས་ཤེས་ཀྱིས། །སྣང་བའི་ངང་ཚུལ་འགོག་མ་ལགས། །གལ་ཏེ་ཀུན་རྫོབ་ཙམ་དུ་ཡང་། །ཐ་སྙད་དཔྱོད་པའི་རིགས་ཤེས་ཀྱིས། །སྣང་བའི་ངང་ཚུལ་འགོག་བྱེད་ན། །མེད་པར་ལྟ་བ་ཆེན་པོ་ལགས། །སྣང་ཉིད་དོན་ལ་གྲུབ་པའམ། །ཀུན་རྫོབ་སྒྱུ་མར་མ་ངེས་པ། །དོན་དཔྱོད་ཚད་མས་དཔྱད་བཟོད་ལྟར། །སྣང་བའི་ཆོས་དེ་བདེན་གྲུབ་བཞེད། །དེ་ལ་རྣམ་གྲངས་ཚད་མ་ཡི། །དགག་བྱ་དོན་དམ་བདེན་གྲུབ་ཆོས། །རྣམ་གྲངས་མིན་དཔྱོད་ཚད་མ་ཡི། །དགག་བྱ་སྤྲོས་མཐའ་ཕྲ་རགས་སོགས། །ཀུན་རྫོབ་སྤྲོས་ཆོས་སྣང་བ་ཀུན། །དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས། །དཔྱད་བཟོད་རྡུལ་ཙམ་མེད་པ་རུ། །དོན་དམ་མཐའ་བྲལ་དབྱིངས་སུ་འགོག །
རིགས་པའི་དགག་བྱ་ཁྱབ་ཆེས་པས། །ཆད་ལྟར་འགྱུར་གྱི་དོགས་པ་དེ། །རྟེན་འབྱུང་མི་ཤེས་དངོས་སྨྲ་ལས། །དབུ་མར་སྨྲ་རྣམས་དོགས་མི་འཚལ། །ཐ་སྙད་ཚད་མས་ཀུན་རྫོབ་ཀྱི། །སྣང་བ་བཀག་ན་ཆད་ལྟར་ཟད། །དོན་དཔྱོད་ཚད་མས་དོན་དམ་པར། །ཆོས་ཀུན་བཀག་ཀྱང་ཅི་ཞིག་ཆད། །རིགས་དེས་ཐ་སྙད་ཙམ་དུ་ཡང་། །སྐྱེ་སོགས་དཔྱད་བཟོད་མེད་པར་སྒྲུབ། །ཁས་ལེན་ཀུན་དང་བྲལ་བས་ན། །སྣང་བའི་སྤྲོས་པ་ཐད་ཀད་གཅོད། །སྣང་ཀུན་མེད་སྣང་སྟོང་གཟུགས་དང་། །རྟོག་བཏགས་སྒྱུ་མའི་ངང་ཚུལ་དུ། །རྟོགས་ན་མི་འཆིང་དགག་མི་འཚལ། །སྣང་བའི་ངང་ཚུལ་འགོག་མ་ལགས། །ཚུལ་དེས་སྟོང་པ་རྟེན་འབྱུང་དུ། །འཆར་བའི་ངེས་གསང་བླ་ན་མེད། །གྲུབ་མཐའི་ཟབ་ཁྱད་ཀུན་གྱི་གཞི། །ཚུར་མཐོང་ཕལ་གྱིས་མཁྱེན་མ་ལགས། །བདེན་གྲུབ་ཡན་གར་དགག་པས་ཅི་ཞིག་བགྱི། །སྣང་བ་དཔྱད་བཟོད་བདེན་པ་གཉིས་ཆར་འགོག ། རྟེན་འབྱུང་སྣང་བའི་ངང་ཚུལ་འགོག་མ་ལགས། །འདི་དོན་རྟོགས་ན་དཀའ་གནད་མདུད་རྒྱ་གྲོལ། །བསྡུ་བའི་ཚིགས་སུ་བཅད་པ་འོ། །
བདེན་གཉིས་ཕྱེས་ཏེ་ཀུན་རྫོབ་ཀྱི། །སྣང་བ་བཀག་ན་ཆད་ལྟ་དང་། །གལ་ཏེ་སྣང་བ་མ་བཀག་ན། །སྟོང་ཉིད་འགྲུབ་པར་དཀའ་ཞེ་ན། །སྤྱིར་ནི་ཐལ་རང་གཉིས་ཀས་ཀྱང་། །ཐ་སྙད་ཚད་ངོར་བདེན་གཉིས་དབྱེ། །འོན་ཀྱང་བདེན་གཉིས་བདེན་གཉིས་ངོ་བོ་སོགས། །རྣམ་པར་དབྱེ་བ་འདྲ་མ་ལགས། །འདིར་ནི་དོན་དཔྱོད་ཚད་མ་ཡིས། །བདེན་གཉིས་ཕྱེས་དང་མ་ཕྱེས་ལས། །རྣམ་གྲངས་རྣམ་གྲངས་མ་ཡི་པའི་། །དོན་དམ་དབྱེ་ཚུལ་མདོ་ཙམ་འཆད། །དེ་ལ་ཐལ་རང་ཐུན་མོང་དང་། །ཐལ་འགྱུར་ཐུན་མིན་གཏན་ཚིགས་ཞེས། །དོན་དཔྱོད་ཚད་མའི་རབ་དབྱེ་གཉིས། །རྒྱ་བོད་མཁས་ལ་རླུང་ལྟར་གྲགས། །ཚུལ་དེས་དབུ་མ་ཐལ་རང་གཉིས། །བདེན་གཉིས་ཕྱེས་དང་མ་ཕྱེས་ལས། །འཕགས་པའི་མཉམ་གཞག་རྗེས་ཐོབ་ཀྱི། །ལྟ་བ་གཏན་ལ་འབེབས་ཚུལ་གྱིས། །དོན་དམ་རྣམ་གྲངས་ཡིན་མིན་དང་། །ཐ་སྙད་རང་མཚན་གྲུབ་མ་གྲུབ། །གཏན་ཚིགས་ཐལ་རང་ཁྱད་པར་དང་། །ལྟ་བ་ཁས་ལེན་ཡོད་མེད་བྱུང་། །
དེ་ལ་དབུ་མ་རང་རྒྱུད་པས། །གཏན་ཚིགས་ཐུན་མོང་ཚད་མ་ཡིས། །གཞལ་བྱ་བདེན་གཉིས་རྣམ་ཕྱེས་ཏེ། །ལྟ་བ་རྣམ་གྲངས་དོན་དམ་གྲུབ། །
དེ་ཕྱིར་རྣམ་གྲངས་དཔྱོད་བྱེད་ཀྱི། །གཏན་ཚིགས་ཐུན་མོང་རང་རྒྱུད་ཀྱིས། །སྣང་སྟོང་རེས་འཇོག་ཚུལ་གྱིས་སུ། །ལྟ་རིམ་སྤྲོས་པ་རིམ་གྱིས་གཅོད། །
དོན་དམ་རྣམ་གྲངས་དཔྱོད་པའི་སྐབས། །བདེན་གཉིས་ཕྱེས་ཏེ་ཀུན་རྫོབ་ཀྱི། །སྣང་བ་མི་འགོག་དགག་བྱ་ལ། །ཁྱད་པར་སྦྱར་ཏེ་བདེན་གྲུབ་འགོག །
དེ་ཕྱིར་ཡང་དག་དོན་དམར་ངོར། །བསྒྲུབ་བྱ་བདེན་སྟོང་རྣམ་གྲངས་ཙམ། །སྒྲུབ་འདི་རང་རྒྱུད་ལྟ་བ་སྟེ། །
ཕྱི་འགྱུར་ལ་ལ་འདི་རྗེས་མཐུན། །སྣང་བ་བཀག་ན་ཆད་་ལྟ་ཟེར། །ཚུར་མཐོང་ཙམ་ཞིག་མཁྱེན་པར་ཟད། །དགག་བྱ་བདེན་གྲུབ་ཡན་གར་འགོག ། དགག་བྱའི་སྣང་ཚུལ་ངེས་སོ་ལོ། །
དེ་ལ་དབུ་མ་ཐལ་འགྱུར་ཆེའི། །གཏན་ཚིགས་ཐུན་མིན་ཚད་མ་ཡིས། །གཞལ་བྱ་བདེན་གཉིས་མ་ཕྱེས་པར། །ལྟ་བ་མཐའ་བྲལ་མཉམ་ཉིད་བསྒྲུབ། །
དེ་ཕྱིར་རྣམ་གྲངས་མིན་དཔྱོད་ཀྱི། །གཏན་ཚིགས་ཐུན་མིན་ཐལ་འགྱུར་གྱིས། །སྣང་སྟོང་རེས་འཇོག་མེད་པ་རུ། །ལྟ་རིམ་སྤྲོས་པ་ཅིག་ཆར་འགོག །
རྣམ་གྲངས་མིན་དཔྱོད་ཚད་མའི་སྐབས། །བདེན་གཉིས་མི་ཕྱེ་ཀུན་རྫོབ་ཀྱི། །སྤྲོས་ཀུན་དགག་ཕྱིར་དགག་བྱ་ལ། །ཁྱད་པར་མི་སྦྱོར་སྤྲོས་མཐའ་འགོག །
དེ་སླད་བདེན་པ་གཉིས་ཆར་ཡང་། །བསྒྲུབ་བྱ་མཐའ་བྲལ་རྣམ་གྲངས་མིན། །སྒྲུབ་འདི་ཐལ་འགྱུར་ལྟ་བ་སྟེ། །
སྔ་འགྱུར་པ་རྣམས་དེ་རྗེས་འབྲངས། །འདི་ལ་དགག་བྱ་ཁྱབ་ཆེས་དང་། །སྣང་བའི་ཕྱོགས་ལ་སྐུར་བཏབ་སོགས། །ཚུར་མཐོང་ཚད་མར་བརྟེན་པ་ཡི། །རྟོག་གེ་ངན་པའི་ཀླན་ཀ་མེད། །
མདོར་ན་དབུ་མ་ཐལ་རང་གཉིས། །སྟོང་ཉིད་བཞི་སྦྱོར་དགོངས་དོན་བཞིན། །སྤྲོས་མཐའ་བཞི་བྲལ་ལྟ་རིམ་བཞི། །རིམ་དང་ཅིག་ཆར་རྫོགས་ཚུལ་ལགས། །གཟུགས་ཉིད་སྟོང་ཕྱིར་ཡོད་མཐའ་བྲལ། །སྣང་བ་སྟོང་པ་ཆེན་པོར་གནས། །སྟོང་ཡང་སྣང་ཕྱིར་མེད་མཐའ་བྲལ། །སྟོང་པ་རྟེན་འབྱུང་ཆེན་པོར་ཤར། །ཐ་དད་མིན་ཕྱིར་གཉིས་ཡིན་བྲལ། །སྟོང་དང་རྟེན་འབྱུང་ཟུང་འཇུག་ཆེ། །སྣང་སྟོང་མཉམ་ཕྱིར་གཉིས་མིན་བྲལ། །མཉམ་ཉིད་མཐའ་བྲལ་ཨེ་མ་ཧོ། །གསན་གསན་གྲུབ་གྲུབ་མང་ཡང་མཁྱེན་ཚོད་ཅིག་མ་རེད། །འདི་དོན་མངོན་པར་རྟོགས་པའི་སྐལ་ལྡན་དེ་སྐྱིད་དོ། །སྔ་འགྱུར་རིག་འཛིན་བརྒྱུད་པའི་བཀའ་དྲིན་དེ་དྲན་བྱུང་། །དྲིན་ལྡན་དཔལ་ལྡན་བླ་མ་ཐུགས་རྗེ་རེ་ཆེ་འོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ཐ་སྙད་དང་ནི་དོན་དམ་ངོར། །ཡོད་གོ་ཆོད་དང་མི་ཆོད་དང་། །ལམ་དང་རིགས་པའི་དགག་བྱ་སོགས། །གཞན་དག་རྣམ་གཞག་གཞན་དུ་འཆད། །རང་བཞེད་སྔ་རབས་མཁས་པའི་སྲོལ། །ལུང་རིགས་མན་ངག་སྟོང་ལྡན་ཆེ། །ཀུན་མཁྱེན་བརྒྱུད་པའི་མན་དག་བཞིན། །མི་ཕམ་ཆོས་རྗེའི་ལེགས་བཤད་ལྟོས། །དེ་སོགས་ཐུན་མིན་ལེགས་བཤད་ཀྱི། །རྣམ་དབྱེ་མ་འདྲེས་འཛིན་པར་འཚལ། །དོན་མེད་ཆོས་དང་གང་ཟག་ལ། །སྡང་ཞུགས་ཕྲག་དོག་སྤོངས་དང་ལེགས། །
ཀྱེ་མ་དེང་དུས་བབ་ཅོལ་དུ། །གསང་ཆེན་རྙིང་མའི་གཞུང་ལུགས་ལ། །ཐར་པ་མེད་ཅེས་ལ་ལ་འཛེར། །གཞན་དག་དེ་ཡི་རྗེས་སུ་ཟློ། །ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞིའི། །ཟབ་དོན་རྟོགས་དང་མ་རྟོགས་ལས། །ཐར་པའི་ལམ་མཆོག་ཡོད་མེད་ཀྱི། །རྣམ་དབྱེ་ཐུབ་པ་ཆེན་པོས་གསུངས། །དེ་ཕྱིར་བཀའ་རྟགས་ཕྱག་རྒྱ་དང་། །འགལ་ཚུལ་རིགས་པ་སྟོན་ཅིག་གུ ། བཀའ་རྟགས་ཕྱག་རྒྱའི་དགོངས་དོན་དང་། །སྔ་ཕྱི་སུ་འགལ་བརྩད་པས་ཆོག ། ཆོས་རྣམས་སྟོང་པར་མི་འདོད་པར། །དོན་མེད་བདེན་གྲུབ་ཡན་གར་ཞིག ། མེད་པས་སྟོང་གོ་ཆོད་འདོད་པ། །དེ་ལ་ཐར་པ་ཡོད་མེད་དཔྱོད། །སྤྱིར་ན་ཐེག་མཆོག་དབུ་མ་ཆེའི། །ཐར་ལམ་རྩ་བ་བདེན་མེད་དུ། །བཞེད་ན་བདེན་སྟོང་མིང་ཅན་དེ། །བདེན་སྟོང་ཡིན་མིན་དཔྱོད་དང་ལེགས། །གསང་ཆེན་སྔ་འགྱུར་བརྒྱུད་པའི་ལུགས། །རྒྱལ་དང་རྒྱལ་སྲས་འཕགས་ཚོགས་ཀྱི། །ཞལ་ནས་སྙན་དུ་རིམ་པར་བརྒྱུད། །རྟོག་བཟོ་ཕལ་གྱིས་དོ་ཟླ་མིན། །མདོ་རྒྱུད་མན་ངག་ཕྱག་བཞེས་བཅས། །ཚང་ལ་མ་ནོར་ལམ་མཆོག་དེས། ། མཁས་དང་གྲུབ་པ་གྲངས་ལས་འདས། །གྲུབ་པའི་ས་མཐོར་གཤེགས་ལ་ལྟོས། །
སྔ་འགྱུར་བརྒྱུད་པའི་སྡོམ་རྒྱུན་ཡང་། །མ་དག་ཆུ་འགོ་ཀླུ་སྒྲུབ་ལོ། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །ཐུབ་པ་ཆེན་པོའི་ལུང་གིས་བསྔགས། །འཛམ་གླིང་མཛེས་པའི་རྒྱན་གཅིག་པུ། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་རྗེར། །སྡོམ་མེད་མིང་གི་དགེ་སློང་དུ། །སྨྲ་བའི་སྤོབས་པ་དགེ་ལ་ལྟོས། །གཞུང་ལུགས་ཕྱོགས་ཙམ་མ་རྟོགས་ཤིང་། ། རིགས་པའི་སྒྲུབ་བྱེད་མེད་པ་རུ། །ཆོས་པའི་གཟུགས་ཀྱིས་ཆོས་སྤོང་གི ། ལས་ངན་མི་བཟད་སྤོངས་དང་ལེགས། །
སྣང་བ་ཀུན་རྫོབ་བདེན་པ་ལ། །མིང་ཙམ་བརྗོད་ཚུལ་མཐུན་ན་ཡང་། །གནས་སྣང་ངོ་བོའི་རྣམ་གཞག་སོགས། །སྔ་ཕྱིའི་བཞེད་སྲོལ་ཐ་དད་ཡོད། །
གཞན་དག་ཚུར་མཐོང་ཚད་མའི་ཡུལ། །སྣང་ཚུལ་མ་དག་ཀུན་རྫོབ་ལས། །རྣམ་དག་ཚད་མའི་ཡུལ་གྱུར་པའི། །གནས་ཚུལ་དག་པ་འཆད་དུ་མེད། །གནས་ཚུལ་སྣང་ཚུལ་གཉིས་མེད་ན། །གནས་སྣང་མཐུན་དང་མི་མཐུན་མེད། །སོ་སྐྱེའི་འཁྲུལ་ཤེས་ཚད་མ་དང་། །འཕགས་པའི་གཟིགས་པ་ལོག་ཤེས་འགྱུར། །རང་བཞེད་ཀུན་རྫོབ་སྣང་བ་ལ། །མ་དག་འཁྲུལ་པའི་སྣང་ཚུལ་དང་། །དག་པ་གཞི་ཡི་གནས་ཚུལ་ལས། །དག་དང་མ་དག་གཉིས་སུ་བཞེད། །ཚུར་མཐོང་ཙམ་གྱིས་ཀུན་རྫོབ་ཀྱང་། །ཉི་ཚེར་རྣམ་འཇོག་ཕྱི་རབས་པ། །ཚད་མ་ཟུང་གིས་ཀུན་རྫོབ་ཀྱི། །གནས་སྣང་ཤན་འབྱེད་མཁས་པའི་ལུགས། །
སྣང་ཚུལ་ཀུན་རྫོབ་སྣང་བ་ལ། །ཁ་ཅིག་རྟོག་བཏགས་ཚད་གྲུབ་དང་། །ལ་ལ་སྣང་སེམས་དབྱེར་མེད་ཟེར། །རང་སྣང་འདོད་པ་མཁས་པའི་ལུགས། །
ཐ་སྙད་རྟོག་བཏགས་ཚད་གྲུབ་དང་། །སྣང་སེམས་གཅིག་ཏུ་འདོད་པ་གང་། །དེ་ལ་ཚད་དང་ཚད་མིན་སོགས། །ཐ་སྙད་རྣམ་གཞག་འཐད་པར་དཀའ། །
རང་སྣང་དག་དང་མ་དག་ལས། །ཐ་སྙད་ཡུལ་ལ་བདེན་རྫུན་དང་། །ཚད་དང་ཚད་མིན་རབ་དབྱེ་སོགས། །ཐ་སྙད་རྣམ་གཞག་ཆེས་ཆེར་བཀྲ། །
རང་སྣང་ཆོས་ཀྱི་འདོད་ཚུལ་ལ། །སྣང་ཚུལ་ཀུན་བཏགས་བེམ་ཤེས་དབྱེ། །གནས་ཚུལ་གཞན་དབང་མཐར་ཐུག་ངོར། །སེམས་སུ་བཞེད་པ་སེམས་ཙམ་ལུགས། །སྣང་ཚུལ་ཙམ་དུ་བེམ་ཤེས་སོགས། །ཀུན་རྫོབ་རང་མཚན་ཆོས་འཇོག ། ཐ་སྙད་གནས་ཚུལ་སྣང་བ་ཀུན། །སེམས་སུ་བཞེད་པ་ཞི་འཚོའི་ལུགས། །སྣང་ཚུལ་རང་སྣང་ཆོས་རྣམས་ཀུན། །སེམས་ལ་སྣང་ཞིང་སེམས་ཀྱིས་བྱས། །དེ་ཕྱིར་རང་སྣང་སྟོང་གཟུགས་ཆེ། །སྒྱུ་མར་མགོ་མཉམ་ཟླ་བའི་ལུགས། །འདི་ལ་སྣང་དང་སྣང་ཡུལ་དུ། །ཕྱེ་བའི་ལེགས་བཤད་ཟླ་མེད་པ། །ཀུན་མཁྱེན་ཆོས་རྗེའི་བཞེད་པ་ནི། །འགྲེལ་ཆེན་པདྨ་དཀར་པོར་གསལ། །
སྣང་བ་སེམས་སུ་ཁས་ལེན་ཚེ། །ཀུན་གཞི་རང་རིག་མེད་མི་རུང་། །རང་སྣང་ཙམ་དུ་འདོད་པ་ལ། །ཆེད་དུ་དགག་དང་སྒྲུབ་མི་འཚལ། །
དེ་ལ་སྣང་ཚུལ་ཐ་སྙད་ངོར། །སེམས་ཉིད་དག་དང་མ་དག་ལས། །རྟེན་འབྱུང་སྣོད་བཅུད་སྣ་ཚོགས་ཀྱི། །རང་སྣང་དཔག་ཡས་ལས་ལས་སྐྱེས། །
དེ་ལ་ཁ་ཅིག་ལས་འབྲས་རྟེན། །རྟེན་འབྱུང་དངོས་པོ་བོར་ནས་སུ། །དངོས་མེད་ཞིག་པ་དངོས་པོར་སྒྲུབ། །དེ་ཉིད་ལས་འབྲས་རྟེན་དུ་སྨྲ། །རྒྱུ་ཆོས་སྐད་ཅིག་དང་པོ་ཉིད། །ཞིག་པའི་ཞིག་པ་དངོས་པོ་དང་། །འབྲས་ཆོས་སྐད་ཅིག་གཉིས་པ་དག ། རིམ་དང་ཅིག་ཆར་སྐྱེ་ཚུལ་འགལ། །རྒྱུ་ཉིད་ཞིག་དང་མ་ཞིག་ལས། །འབྲས་བུ་འབྱུང་བ་མི་རུང་དང་། །རྒྱུ་འབྲས་འཕྲད་དང་མ་འཕྲད་ཅེས། །རྩོད་ཚེ་ཞིག་པས་ཅི་ཞིག་བགྱི། །ལྟོ་བ་ཟས་ཀྱིས་མ་ཚིམས་པར། །ཞིག་དངོས་ཟས་ཀྱིས་ཇི་ལྟར་ཚིམ། །མིག་གིས་གཟུགས་ཉིད་མ་མཐོང་བར། །ཞིག་དངོས་མིག་གིས་མཐོང་ལགས་སམ། །རྒ་ཤིའི་ཕུང་པོ་རྣམ་སྤངས་ཚེ། །ཞིག་དངོས་རྒ་ཤི་ཡིན་མིན་དཔྱོད། །ཡིན་ན་དེ་ལས་མ་རིག་ཉིད། །མིན་ན་ཞིག་དངོས་སངས་རྒྱས་ལགས། །ཕུང་པོ་ཞིག་པའི་མྱང་འདས་ཚེ། །རྟག་དངོས་གཞི་མཐུན་དེར་ཕྱག་འཚལ། །མྱ་ངན་འདས་པ་འདུས་མ་བྱས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་བཞེད། །
ལས་འབྲས་རྟེན་དུ་དངོས་པོ་ཞིག ། མེད་དུ་མི་རུང་དངོས་སྨྲ་བ། །རང་རྒྱུད་ལ་སོགས་དེ་རྗེས་འབྲངས། །དབུ་མ་ཆེན་པོས་རྟེན་འབྱུང་བཞེད། །
མྱུ་གུའི་རྒྱུ་ནི་ས་བོན་ཏེ། །རྣམ་སྨིན་རྒྱུ་ནི་ལས་ཉིད་ལགས། །གང་ཕྱིར་ལས་དེ་མ་འགགས་པར། །དེ་སྲིད་དེ་ལས་འབྲས་བུ་འབྱུང་། །རྟེན་འབྱུང་བསླུ་མེད་བདེན་པ་ཡིས། །ལས་འབྲས་བསྐལ་བརྒྱར་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་ངེས། །
ལས་འབྲས་ཤིན་ཏུ་ལྐོག་གྱུར་ཕྱིར། །བསམ་མི་ཁྱབ་པའི་ཆོས་སུ་གསུངས། །དེ་ལ་རྟེན་དང་འཕྲད་པ་སོགས། །ལས་འབྲས་རྣམས་ལ་སེམས་པའང་བཀག །
དེ་ལྟར་ཐ་སྙད་ལས་འབྲས་སོགས། །ལྟ་བ་ཁས་ལེན་ཡོད་མེད་དོན། །གཞན་དག་ཕྱོགས་རེའི་བཤད་པ་མཛད། །རང་བཞེད་བདེན་གཉིས་ཕྱེས་ཏེ་འཆད། །
ཐ་སྙད་བཞེད་ཚུལ་སྟོང་ཉིད་ལ། །བློ་ཁ་མ་ཕྱོགས་གྲུབ་མཐའ་ཡིས། །བློ་མ་བསྒྱུར་པའི་འཇིག་རྟེན་གྱི། །རྒན་པོའི་རྗེས་འབྲངས་ལ་ལ་སྨྲ། །
རང་བཞེད་འཇིག་རྟེན་ངོར་ཞེས་པ། །འཇིག་རྟེན་ཐ་སྙད་བདེན་པའི་ངོར། །འཇིག་རྟེན་རྣལ་འབྱོར་མཁས་དབང་ནས། །ཕལ་པ་བླུན་པོའི་བར་དག་ལ། །གྲགས་ཤིང་གྲུབ་པའི་འཇིག་རྟེན་གྱི། །མཐོང་ཐོས་ཤེས་པ་དོན་མཐུན་དག ། དོན་དཔྱོད་ཚད་མས་མ་དཔྱད་པར། །ཐ་སྙད་ཞལ་བཞེས་མཛད་ཚུལ་ལགས། །ཕྱི་ནང་གྲུབ་མཐས་བརྟགས་པ་ཡི། །གཙོ་བདག་ལ་སོགས་སྒྲོ་བཏགས་ཆོས། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཐ་སྙད་དོན་མཐུན་གཉིས་ཀ་མིན། །
དེ་སོགས་གཙོ་བོ་རྣམ་བརྒྱད་དང་། །མ་འདྲེས་རིང་ལུགས་མི་ཕམ་རྗེའི། །དགོངས་དོན་གསལ་བར་འཇུག་པ་ཡི། །དོན་འགྲེལ་ཟླ་བའི་དགོངས་རྒྱན་གཟིགས། །
གནས་ཚུལ་དག་པའི་སྣང་བ་ནི། །མདོ་རྒྱུད་ལུང་གི་བསྟན་དོན་ཆེ། །རིགས་ཁམས་རང་བཞིན་འོད་གསལ་སོགས། །དག་པའི་སྣང་བ་ཇི་སྙེད་ལགས། །
དེ་ལ་ཕྱི་རབས་མཁས་དབང་རྣམས། །རིགས་ཁམས་སྙིང་པོའི་རང་བཞིན་ནི། །ཡོད་མེད་རྟག་ཆད་སྤྲོས་མཐའ་ལས། །ཟབ་ཞི་རྡུལ་བྲལ་མཁྱེན་པ་མེད། །
ཁ་ཅིག་དོན་དམ་བདེན་དངོས་ཤིག ། ཐེག་ཆེན་རིགས་སུ་དམ་བཅར་བྱེད། །མཐའ་བྲལ་སྟོང་ཉིད་དངོས་བསྟན་གྱི། །མདོ་རྒྱུད་བསྟན་བཅོས་དྲང་དོན་ལོ། །རྟག་དངོས་གཞི་མཐུན་གྱུར་པ་ཡི། །རིགས་འདི་རིགས་པའི་ལམ་དང་འགལ། །རྟག་བདེན་དངོས་པོའི་རིགས་འདི་འདྲ། །ཤཱཀྱ་སེང་གེའི་རིང་ལུགས་མིན། །
ཁ་ཅིག་དོན་དམ་དངོས་མེད་ཙམ། །ཐེག་པ་ཆེན་པོའི་རིགས་སུ་སྨྲ། །སྣང་ཆ་འོད་གསལ་དངོས་བསྟན་གྱི། །མདོ་རྒྱུད་བསྟན་བཅོས་དྲང་དོན་ལོ། །དངོས་མེད་རྟག་པའི་རིགས་ཁམས་ཤིག ། རིགས་པ་མཁྱེན་ལ་མཛེས་སམ་ཅི། །ཅང་མེད་ཆད་པའི་རིགས་འདི་འདྲ། །སངས་རྒྱས་པ་ཡི་རིང་ལུགས་མིན། །
ཁ་ཅིག་སྟོང་ཉིད་དངོས་མེད་དང་། །སེམས་ཀྱི་གསལ་བ་དངོས་པོ་གཉིས། །གཞི་མཐུན་འདུས་བྱས་འདུས་མ་བྱས། །གཉིས་ཀ་ཟུང་འཇུག་རིགས་རིགས་སུ་སྨྲ། །རང་བཞིན་གནས་རིགས་འདུས་བྱས་ཤིག ། མདོ་རྒྱུད་བསྟན་བཅོས་གང་དུའང་མེད། །དེ་ལ་གསལ་རིགས་འདུས་བྱས་འདི། །རྒྱས་འགྱུར་རིགས་སུ་འདོད་དམ་ཅི། །
ཁ་ཅིག་ཡོད་མེད་གང་རུང་ཞིག ། སྨྲས་ན་རིགས་པར་འགལ་གྱིས་དོགས། །འོ་མ་ལས་ནི་མར་བཞིན་དུ། །འབྱུང་རུང་རྒྱུ་ཡི་ཚུལ་དུ་སྨྲ། །འབྱུང་རུང་རྒྱུ་ཡི་ཚུལ་འདི་འདྲ། །རིགས་པ་སྨྲ་རྣམས་འདུས་བྱས་བཞེད། །སྔར་མེད་འབྱུང་རུང་རིགས་ཁམས་འདི། །ཀུན་མཁྱེན་ཡབ་སྲས་བཞེད་པ་མིན། །
དེ་དག་ཉིད་ལ་དོན་དཔྱོད་ཀྱི། །ཚད་མ་རྣམ་གྲངས་དཔྱོད་བྱེད་དང་། །ཐ་སྙད་ཚུར་མཐོང་ཁོ་ན་ལས། །རྣམ་དག་ཚད་མ་མེད་པས་ལན། །
འོད་གསལ་སེམས་ཀྱི་གནས་ལུགས་འདི། །གྲུབ་མཐའ་ཕལ་གྱིས་མཁྱེན་མ་ལགས། །མདོ་རྒྱུད་ལུང་གི་བསྟན་དོན་ཆེ། །སྔ་རབས་མཁས་པའི་ལུགས་ན་ཡོད། །རྣམ་འདྲེན་མི་ཡི་སེང་གེ་དེས། །ཟབ་ཞི་སྤྲོས་བྲལ་འོད་གསལ་བ། །འདུས་མ་བྱས་པའི་བདག་ཉིད་ཅེས། །ཆེད་དུ་བརྗོད་པའི་ཟབ་དོན་ཆེ། །འཁོར་ལོ་བར་ཐའི་ངེས་དོན་མདོར། །སེམས་ལ་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་ཞེས། །ཆེས་ཆེར་བསྟན་པའི་བསྟན་དོན་མཆོག ། མཐའ་བྲལ་སེམས་ཀྱི་ཆོས་ཉིད་ནི། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཆེ། །ཟབ་ཞི་སྤྲོས་བྲལ་འོད་གསལ་བ། །རང་བྱུང་འདུས་མ་བྱས་ལྷུན་གྲུབ། །རང་བཞིན་དངོས་དང་དངོས་མེད་སོགས། །ཚུར་མཐོང་བློ་ཡིས་བསམ་བརྗོད་བྲལ། །དེ་ཕྱིར་གཙང་བདེ་རྟག་བདག་གི ། མཐའ་ལས་འདས་ཕྱིར་ཕ་རོལ་ཕྱིན། །
གནས་ལུགས་ཡེ་དག་སྙིང་པོའི་ཆོས། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ཁྱབ་རང་བཞིན་ཏེ། །ཁྱད་ཆོས་གསུམ་གྱི་བདག་ཉིད་ཅན། །
འཁོར་ལོ་བར་པའི་ངེས་དོན་མཆོག ། རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས། །སེམས་ལ་སེམས་མ་མཆིས་པ་སྟེ། །སེམས་ཉིད་ངོ་བོ་སྟོང་པར་གནས། །སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས། །སྟོང་ཉིད་དོན་དམ་མཐའ་བྲལ་མཆོག ། དོན་དཔྱོད་ཚད་མའི་རྙེད་དོན་ཕྱིར། །རྟག་དངོས་བདེན་པའི་མཐའ་ལས་གྲོལ། །
འཁོར་ལོ་ཐ་མའི་ངེས་དོན་མཆོག ། མཁྱེན་བརྩེ་ནུས་ལྡན་བདེ་གཤེགས་རིགས། །སེམས་ཀྱི་རང་བཞིན་འོད་གསལ་བའི། །རང་བཞིན་འོད་གསལ་ཆེན་པོར་གནས། །གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །གནས་སྣང་མཐུན་པའི་དོན་དམ་མཆོག ། རྣམ་དག་ཚད་མའི་རྙེད་དོན་ཕྱིར། །ཅང་མེད་ཆད་པའི་མཐའ་ལས་གྲོལ། །
འཁོར་ལོ་བར་ཐ་འགལ་མེད་མཆོག ། སྣང་སྟོང་ཟུང་འཇུག་སྙིང་པོའི་ཁམས། །སེམས་ཉིད་དག་དང་མ་དག་ལས། །ཐུགས་རྗེ་རྟེན་འབྱུང་ཆེན་པོར་གནས། །སྣང་སྟོང་དང་ནི་གནས་སྣང་གི ། བདེན་གཉིས་འགལ་མེད་དོན་གྱི་མཆོག ། ཚུར་མཐོང་ཚད་མའི་ཡུལ་མིན་ཕྱིར། །གློ་བུར་སྤྲོས་ཆོས་ཀུན་ལས་གྲོལ། །
དོན་དཔྱོད་ཚད་མས་དཔྱད་བཟོད་བྲལ། །གཞན་སྟོང་ཕལ་དང་འདི་མི་འདྲ། །རྣམ་དག་ཚད་མའི་རྙེད་དོན་ཕྱིར། །བདེན་སྟོང་ཕལ་གྱིས་དོ་ཟླ་མིན། །
དེ་ལ་བདེན་སྟོང་གཞན་སྟོང་དང་། །རང་སྟོང་དབུ་མའི་ཐ་སྙད་གསུམ། །དོན་དཔྱོད་ཚད་མའི་རིགས་ཤེས་ཀྱི། །དགག་བྱའི་ཁྱད་པར་གསུམ་གྱིས་བྱས། །
དེ་ལ་བདེན་སྟོང་གཞན་སྟོང་དག ། འཁོར་ལོ་བར་ཐ་འགལ་བར་འཆད། །མཐའ་བྲལ་དབུ་མ་སྔ་འགྱུར་ཆེས། །འཁོར་ལོ་བར་ཐའི་ངེས་དོན་དག ། སྣང་སྟོང་ཆོས་ཀྱི་བདེན་གཉིས་དང་། །གནས་སྣང་མཐུན་དང་མི་མཐུན་པའི། །བདེན་གཉིས་དབྱེ་ཚུལ་ལེགས་ཕྱེས་ཏེ། །འགལ་མེད་གནད་དོན་གཅིག་ཏུ་བཞེད། །ཚུལ་འདི་རྒྱལ་དང་རྒྱལ་སྲས་ཀྱི། །དགོངས་དོན་རྒྱལ་དབང་ཀློང་ཆེན་དང་། །ཀུན་མཁྱེན་ངྷརྨ་ཤཱི་ཡི། །བཞེད་པའི་ཁྱད་པར་བླ་ན་མེད། །འདི་དོན་ཇི་བཞིན་ལེགས་རྟོགས་ན། །འཁོར་ལོ་བར་ཐའི་ངེས་དོན་དང་། །ཟླ་བའི་གཞུང་དང་རྒྱུད་བླ་སོགས། །འགལ་མེད་གནད་དོན་གཅིག་ཏུ་འཆར། །
ཚུལ་འདིས་གསང་སྔགས་རྒྱུད་སྡེ་ཡི། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དང་། །གནས་ལུགས་གཉུག་མའི་སེམས་ལ་སོགས། །ཟབ་དོན་དཔག་ཡས་མཁྱེན་པར་མཛོད། །འདི་ཡི་རྣམ་བཞག་རབ་གསལ་བ། །སྟོང་ཐུན་སེང་གེའི་ང་རོར་གསལ། །དེ་ཡི་དཀའ་གནད་མཁྱེན་འདོད་ན། །ཁོ་བོར་བྱས་པའི་ཟིན་ཐུན་གཟིགས། །ཚུལ་འདི་དོན་དཔྱོད་ཚད་མས་དཔྱད་བཟོད་དང། །ཐ་སྙད་ཚུར་མཐོང་ཚད་མའི་རྙེད་དོན་མིན། །དོན་དཔྱོད་རྣམ་གྲངས་མིན་པའི་གྲུབ་དོན་དང་། །ཐ་སྙད་རྣམ་དག་ཚད་མའི་རྙེད་དོན་ལགས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་འདྲའི་གཞལ་བྱ་ལྐོག་གྱུར་ཆོས། །ཚུར་མཐོང་ཚད་མས་བསམ་མི་ཁྱབ། །རྣམ་མཁྱེན་དག་པའི་ཚད་མས་གཟིགས། །དེས་གསུངས་ལུང་གིས་ཡིད་ཆེས་མཛོད། །
གཞལ་བྱ་སྣང་སྟོང་བདེན་པ་གཉིས། །རེ་རེ་ལ་ཡང་གསུམ་གསུམ་སྟེ། །མངོན་སུམ་དང་ནི་ལྐོག་གྱུར་དང་། །ཤིན་ཏུ་ལྐོག་གྱུར་རྣམ་པ་གསུམ། །སྣང་བ་མངོན་སུམ་གཟུགས་སོགས་ཡུལ། །ཚུར་མཐོང་དབང་མངོན་ཚད་མས་ངེས། །སྣང་བ་ལྐོག་གྱུར་མི་རྟག་སོགས། །ཚུར་མཐོང་རྗེས་དཔག་ཡིད་ཀྱིས་ངེས། །སྣང་བ་ཤིན་ཏུ་ལྐོག་གྱུར་ཆོས། །ལས་འབྲས་རིགས་ཁམས་གཉུག་སེམས་སོགས། །དག་པའི་གཟིགས་པ་མངའ་བ་ཡི། །ལུང་ལ་བརྟེན་པའི་ཚད་མས་ངེས། །སྟོང་ཉིད་མངོན་སུམ་མཉམ་གཞག་ཚེ། །འཕགས་རྒྱུད་རྣལ་མངོན་ཚད་མས་ངེས། །ལྐོག་གྱུར་སྟོང་དང་བདག་མེད་ཙམ། །རྣམ་གྲངས་དཔྱོད་པའི་ཚད་མས་ངེས། །སྟོང་ཉིད་ཤིན་ཏུ་ལྐོག་གྱུར་ཆོས། །རྣམ་གྲངས་མིན་པའི་དོན་དམ་ཉིད། །ཐལ་འགྱུར་ཐུན་མིན་གཏན་ཚིགས་ཆེ། །རྣམ་གྲངས་མིན་དཔྱོད་ཚད་མས་ངེས། །བསྡུ་བའི་ཚིགས་སུ་བཅད་པའོ། །
སྒོམ་པའི་ལམ་ལ་སྤངས་རྟོགས་གཉིས། །སྤང་བ་འགོག་པའི་བདེན་པ་དང། །རྟོགས་པ་ལམ་གྱི་བདེན་པ་སྟེ། །འགོག་ལམ་སྤངས་རྟོགས་རྣམ་པ་གཉིས། །
དེ་ལ་སྤང་བའི་རང་བཞིན་དང་། །དེ་དག་མངོན་དུ་རྫོགས་ཚུལ་ལས། །སྤང་བ་འགོག་བདེན་རང་བཞིན་ལ། །སྤང་བྱ་དང་ནི་སྤོང་ཚུལ་གཉིས། །
སྤང་བྱ་ཉོན་ཤེས་རབ་བཞིན་ཏེ། །དེ་ཡི་རྣམ་གཞག་འཆད་པ་ན། །ཕྱི་རབས་མཁས་པའི་དབང་པོ་རྣམས། །སྒྲིབ་གཉིས་ངོ་བོ་འདི་ལྟར་འཆད། །
ཐར་པ་དང་ནི་རྣམ་མཁྱེན་ལ། །གཙོ་བོར་བར་དུ་གཅོད་རིགས་ཟེར། །དེ་ཡི་བྱེད་པའི་མཚན་ཉིད་ཙམ། །རྟོགས་པར་ནུས་ཀྱི་རྫོགས་པར་མིན། །དེ་ལ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་གཉིས་སུ་གྲངས་ངེས་མཛད། །ཚུལ་དེས་སྙོམས་འཇུག་སྒྲིབ་པ་ཡང་། །ཉོན་ཤེས་གང་རུང་ཡིན་ཞེས་སྨྲ། །འོན་ཀྱང་ཐར་དང་རྣམ་མཁྱེན་ལ། །གེགས་བྱེད་སྒྲིབ་པ་མ་ཡིན་ཕྱིར། །གསུམ་པ་སྙོམས་འཇུག་སྒྲིབ་པ་ཞེས། །མ་ཕམ་མགོན་གྱིས་ཞལ་བཞེས་མཛད། །ཤེས་སྒྲིབ་མཚན་གཞི་ལྡན་མིན་གྱི། །འདུ་བྱེད་ཉིད་དུ་ལ་ལ་སྨྲ། །རྣམ་རྟོག་ལྡན་མིན་འདུ་བྱེད་ཅིག ། རྒྱ་བོད་མཁས་པའི་ལུགས་ན་མེད། །ཐེག་ཆེན་མདོ་དང་བསྟན་བཅོས་ཀུན། །དགོངས་པ་གཅིག་དང་དབྱངས་གཅིག་ཏུ། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་བཞེད། །འཁོར་གསུམ་བདེན་པར་འཛིན་པ་ལ། །ཉོན་སྒྲིབ་ཉིད་ཀྱིས་ཀུན་ཁྱབ་དང་། །དེ་ཡི་བག་ཉལ་ཤེས་བྱ་ཡི། །སྒྲིབ་པ་ཉིད་དུ་ལ་ལ་སྨྲ། །དེ་ཡི་ཉོན་མོངས་བག་ཉལ་ཙམ། །ཤེས་སྒྲིབ་ཉིད་དུ་རྟོགས་ནུས་ཀྱི། །ད་དུང་སྒྲིབ་གཉིས་རང་བཞིན་གྱི། །རྣམ་གཞག་རྫོགས་པར་མཁྱེན་མ་ལགས། །
ས་མཚམས་མ་དག་ས་བདུན་བར། །ཉོན་སྒྲིབ་འབའ་ཞིག་སྤོང་བ་དང་། །དག་པའི་སར་ནི་ཤེས་བྱ་ཡི། །སྒྲིབ་པ་ཉག་གཅིག་སྤོང་ཞེས་འཆད། །སྤང་བྱ་དང་ནི་གཉེན་པོ་ཡི། །རྣམ་པར་བཞག་པ་ཆེས་ཆེར་འཁྲུགས། །ཐེག་ཆེན་མདོ་དང་བསྟན་བཅོས་ཀྱི། །ས་ལམ་རྣམ་གཞག་རིང་དུ་བྱས། །ཁ་ཅིག་མ་དག་ས་བདུན་བར། །དམན་ལམ་སྔོན་སོང་འཕགས་པ་ཆེར། །སྤང་བྱ་མེད་པའི་ཉེས་སྤོང་དུ། །ཤིན་རྨོངས་སྒྲིབ་པ་སྤོང་སོགས་སྨྲ། །དེ་འདྲ་སྒྲིབ་གཉིས་གང་ཡིན་ཞེས། །དྲིས་ཤིང་བརྩད་པས་མཚན་ཉིད་དང་། །གྲངས་ངེས་དང་ནི་ས་མཚམས་སོགས། །ཞལ་བཞེས་དམ་བཅའ་སྤོང་ལ་རིངས། །
ཁ་ཅིག་བྱང་སེམས་ས་དང་པོར། །ཉན་རང་སྤང་བ་རྫོགས་ཞེས་སྨྲ། །ད་དུང་བག་ཉལ་མིང་ཅན་གྱི། །ཉོན་མོངས་སྒྲིབ་པ་ཡོད་དོ་ལོ། །དེ་འདྲ་ཉོན་ཤེས་གང་རུང་དུ། །དྲིས་ཤིང་བརྩད་པས་དམ་བཅའ་འཇིག ། ཉོན་སྒྲིབ་ལྷན་སྐྱེས་མཐོང་སྤང་དུ། །རྒྱ་བོད་མཁས་རྣམས་བཞེད་མ་ལགས། །
ཤིང་རྟ་ཆེན་པོའི་རིང་ལུགས་ཀུན། །འགལ་མེད་དབྱངས་སུ་ལེན་མཁས་པ། །ཀུན་མཁྱེན་བརྒྱུད་པའི་ལེགས་བཤད་བཞིན། །མི་ཕམ་ཆོས་རྗེས་འདི་ལྟར་བཀྲལ། །
དེ་ལ་སྤང་བྱའི་མཚན་ཉིད་ནི། །རྒྱུ་དང་ངོ་བོ་བྱེད་ལས་ཀྱིས། །སྤྱི་ལས་བྱེ་བྲག་ཉོན་ཤེས་ཀྱི། །སྒྲིབ་པ་གཉིས་སུ་རྣམ་པར་འཇོག ། རྒྱུ་ནི་བདེན་འཛིན་རྣམ་གཉིས་ཏེ། །ཆོས་དང་གང་ཟག་བདག་འཛིན་གཉིས། །ཆོས་སུ་བདེན་འཛིན་ཤེས་སྒྲིབ་དང་། །གང་ཟག་བདེན་འཛིན་ཉོན་སྒྲིབ་ལགས། །ངོ་བོ་ཆགས་སོགས་ཉོན་སྒྲིབ་དང་། །འཁོར་གསུམ་རྣམ་རྟོག་ཤེས་སྒྲིབ་ཉིད། །བྱེད་ལས་ཐར་དང་རྣམ་མཁྱེན་ལ། །བར་དུ་གཅོད་པའི་མཚན་ཉིད་ཅན། །
དེ་ཕྱིར་སྒྲིབ་པ་མཚན་ཉིད་པ། །རྣམ་པ་གཉིས་སུ་ངེས་པར་བཞེད། །གསུམ་པ་སྙོམས་འཇུག་སྒྲིབ་པ་ནི། །སྒྲིབ་པའི་རྣམ་གྲངས་བཏགས་ཙམ་ཉིད། །
མཚན་བཞི་ཉོན་ཤེས་གཉིས་ཀ་ཡང་། །རྣམ་པར་རྟོག་པ་སེམས་ཀྱི་ཆོས། །
དེས་ན་གཟུང་འཛིན་རྣམ་རྟོག་ལ། །ཀུན་བྱང་རྫས་བཏགས་རྟོག་པ་བཞི། །འཁོར་གསུམ་ཆོས་ཀྱི་རྣམ་རྟོག་ལ། །བདེན་པར་རྟོག་དང་མཚན་མར་རྟོག ། གཉིས་སྣང་ཙམ་གྱི་རྟོག་པ་སྟེ། །གསུམ་ཀ་ཤེས་བྱའི་སྒྲིབ་པར་ངེས། །
དང་པོ་མངོན་གྱུར་སོ་སྐྱེ་དང་། །གཉིས་པ་མ་དག་ས་བདུན་སྐབས། །གསུམ་པ་དག་སའི་རྗེས་ཐོབ་ན། །མངོན་གྱུར་ཉིད་ཀྱང་རེ་ཞིག་ཡོད། །
དེ་དག་མངོན་དུ་གྱུར་པ་ན། །འཕགས་པའི་རྗེས་ཐོབ་རྒྱ་ཡན་ཟེར། །དེ་ཡིས་བསླད་པའི་ཕྱིན་དྲུག་སོགས། །འཇིག་རྟེན་པ་ཡི་ཕར་ཕྱིན་ཉིད། །
སྤོང་ཚུལ་སྒྲིབ་པ་གཉིས་ཀར་ཡང་། །ཀུན་བཏགས་ལྷན་སྐྱེས་གཉིས་གཉིས་དབྱེ། །ལྷན་སྐྱེས་ལ་ཡང་ས་བོན་དང་། །དེ་ཡི་བག་ཉལ་ཆེས་ཕྲ་ཡོད། །
དེས་ན་སྒྲིབ་གཉིས་ཀུན་བཏགས་ནི། །མཐོང་སྤང་ཉིད་དུ་དམ་བཅར་བྱེད། །དེ་སྤང་བྱང་འཕགས་དགེ་འདུན་ནི། །རིག་གྲོལ་ཡོན་ཏན་བརྒྱད་ལྡན་ལགས། །
གལ་ཏེ་ཤེས་སྒྲིབ་མཐོང་སྤང་དུ། །བཞེད་འདི་ཟླ་བའི་ལུགས་མིན་ཞིང་། །མངོན་རྟོགས་རྒྱན་སོགས་རང་རྒྱུད་ལུགས། །སྦས་དོན་མཐར་ཐུག་མིན་ཞེ་ན། །ཐེག་ཆེན་སྦྱོར་ལམ་ཁྱད་ཆོས་དང་། །མཐོང་སྤོང་གཉེན་པོའི་ཚོགས་སྒྲུབ་དང་། །མཐོང་ལམ་བར་ཆད་མེད་རྩེ་སོགས། །འཆད་དུ་མེད་པའི་སྦས་དོན་ཞིག ། སྔོན་ཆད་དགའ་ལྡན་ལྷ་ཡུལ་དང་། །རྒྱ་བོད་མཁས་ལ་མ་གྲགས་པའི། །ཡུམ་གྱི་སྦས་དོན་མཐར་ཐུག་ཅིག ། ཁྱོད་འདྲའི་ཐལ་འགྱུར་ཁྱད་ཆོས་ལགས། །
ལྷན་སྐྱེས་ས་བོན་སྤོང་ཚུལ་ལ། །སྤང་བྱ་ཆེན་པོའི་ཆེན་པོ་སོགས། །གཉེན་པོ་སྒོམ་ལམ་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་རྣམ་དགུས་སྤོང་། །དེ་ཡི་བག་ཉལ་ཆེས་ཕྲ་བ། །སློབ་ལམ་ཕལ་གྱིས་གཞོམ་དཀའི་ཆོས། །སངས་རྒྱས་ཉིད་ཀྱི་བར་མེད་མཆོག ། བར་ཆད་མེད་རྩེའི་ལམ་གྱིས་སྤོང་། །དེ་ལ་ཉོན་མོངས་ས་བོན་ནི། །མ་དག་ས་བདུན་ལམ་གྱིས་སྤོང་། །དེ་ཡི་བག་ཉལ་ཤེས་སྒྲིབ་ནི། །དག་པ་ས་ཡི་སྤང་བྱར་བཞེད། །དེ་ཕྱིར་ཤེས་བྱའི་སྒྲིབ་པ་ལ། །ཉོན་མོངས་བག་ཉལ་ཡིན་མིན་གཉིས། །དེ་ཡི་རྣམ་དབྱེ་མ་མཁྱེན་པར། །གཞུང་ལུགས་ཆེན་པོ་འཆད་པར་དཀའ། །
ཤིང་རྟ་ཆེན་པོའི་གཞུང་ལུགས་འགར། །ཉོན་མོངས་མིང་ཅན་སྒྲིབ་པ་འགའ། །དག་པའི་སྤང་བྱར་བཞེད་པ་ཡང་། །ཉོན་མོངས་སྒྲིབ་པའི་ས་བོན་མིན། །འོན་ཀྱང་ཉོན་མོངས་བག་ཉལ་ལ། །ཉོན་མོངས་མིང་གིས་བཏགས་པ་ཙམ། །དེ་འདྲ་ཐེག་ཆེན་མདོ་དང་ནི། །བསྟན་བཅོས་ཆེ་ལས་རྒྱ་ཆེར་འབྱུང་། །འདི་དོན་རྟོགས་ན་མ་དག་སར། །ཉོན་མོངས་སྒྲིབ་པ་རྣམ་པ་དགུ། །དྲིལ་སྤོང་བྱེད་པའི་ངལ་བ་དག །བདེ་བླག་ཉིད་དུ་རྣམ་པར་དབེན། །དེ་ཕྱིར་མི་ཕམ་ཆོས་རྗེ་ཡིས། །སྒྲིབ་གཉིས་སྤོང་བའི་རྣམ་གཞག་ལ། །ཤིང་རྟ་ཆེན་པོའི་གཞུང་ལུགས་ཀུན། །དགོངས་མཐུན་ཉིད་ཅེས་དམ་བཅར་མཛད། །
དེ་སོགས་ཤིང་རྟ་ཆེན་པོ་ཡི། །དགོངས་དོན་མི་ཕམ་ཆོས་རྗེས་བཀྲལ། །དེ་ཕྱིར་དེ་ཡི་ལེགས་བཤད་ལས། །གཞུང་ལུགས་རབ་འབྱམས་མཁྱེན་པར་འཚལ། །ཀུན་བྱང་ཆོས་སུ་བཟུང་བ་གཟུང་རྟོག་དང་། །གང་ཟག་རྫས་བཏགས་འཛིན་པ་འཛིན་རྟོག་སྟེ། །མདོར་ན་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །སྤང་བྱ་ཀུན་གྱི་རྩ་་བ་འདི་དག་ཉིད། །གཉེན་པོའི་རྩ་བ་གང་ཟག་བདག་མེད་དང་། །ཆོས་ཀྱི་བདག་མེད་རྫོགས་པའི་མངོན་རྟོགས་ཏེ། །མདོར་ན་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་བདག་མེད་སྟོང་པ་ཉིད། །བར་གྱི་གསལ་བྱེད་ཚིགས་སུ་བཅད་པའོ། །
དེ་ལྟར་གཉེན་པོ་བདག་མེད་ཀྱི། །རྟོགས་རིགས་རྫོགས་པའི་ལམ་བདེན་ལ། །གཉེན་པོའི་ཚུལ་དང་མངོན་རྟོགས་ཀྱི། །རྣམ་པར་དབྱེ་བ་མདོ་ཙམ་འཆད། །
ཁ་ཅིག་བདེན་སྟོང་དངོས་མེད་ཙམ། །རྟོགས་པའི་བློ་གྲོས་ཉན་རང་དང་། །ཐུན་མོང་གྱུར་པའི་རྟོགས་རིགས་དེས། །ཤེས་སྒྲིབ་འཇོམས་པར་སྒྲུབ་མ་ནུས། །དེ་ཕྱིར་བདེན་སྟོང་དངོས་མེད་ཙམ། །རྟོགས་པའི་མངོན་རྟོགས་སྲིན་བུའི་མེས། །ཤེས་སྒྲིབ་མུན་ཆེན་འཇོམས་པ་ཡི། །གྲོགས་ཤིག་ད་དུང་དགོས་སོ་ལོ། །དངོས་མེད་མཁྱེན་པའི་རྟོགས་རིགས་ལ། །ཤེས་སྒྲིབ་འཇོམས་པའི་རང་སྟོབས་མེད། །གཞན་སྟོབས་གྲོགས་དང་འགྲོགས་མི་སྲིད། །འགྲོགས་ཀྱང་དེ་ཡིས་ཅི་ཞིག་བགྱི། །
ཐུན་མོང་སྟོང་ཉིད་རྣམ་གྲངས་ཙམ། །རྟོགས་ཀྱང་ཤེས་སྒྲིབ་དངོས་གཉེན་མིན། །ཐུན་མིན་ཤེས་སྒྲིབ་དངོས་གཉེན་ནི། །རྣམ་གྲངས་མིན་པའི་མངོན་རྟོགས་ལགས། །ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས། །འཁྲུངས་པའི་མངོན་རྟོགས་ཉིན་བྱེད་དབང་། །གང་དུ་འཆར་ཚེ་གཞན་གྲོགས་ལ། །ལྟོས་མེད་ཉིད་དུ་རྨོངས་མུན་འཇོམས། །
དེ་ལྟར་གཉེན་པོ་ལས་བདེན་གྱི། །མངོན་པར་རྟོགས་པའི་རིམ་པ་ལ། །འཕགས་ལམ་མཉམ་གཞག་རྗེས་ཐོབ་ཀྱི། །རྣམ་པར་དབྱེ་བ་རྣམ་པ་གཉིས། །
མཉམ་གཞག་ལ་ཡང་སྣང་བཅས་དང་། །སྣང་བ་མེད་པའི་ཏིང་འཛིན་གཉིས། །དེ་བཞིན་རྗེས་ཐོབ་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་རྗེས་ཐོབ་ཡོད། །
མཉམ་གཞག་རང་བཞིན་གཞན་དག་རྣམས། །ཡུལ་ནི་བདེན་སྟོང་དངོས་མེད་ཅིག ། ཡུལ་ཅན་སེམས་ཀྱི་དངོས་པོ་ཡིས། །འཛིན་སྟངས་བཅས་ཏེ་སྒོམ་པར་སྨྲ། །དེ་འདྲ་ཚུར་མཐོང་ཚད་མ་ཡི། །གོ་དོན་ལགས་ཀྱི་འཕགས་ཆེན་གྱི། །མཉམ་གཞག་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཟབ་མོའི་ཕྱོགས་ཙམ་མིན། །རང་བཞེད་མཉམ་གཞག་ཡེ་ཤེས་ངོར། །སྣང་བ་མེད་ཅིང་རྣམ་རིག་མེད། །ཡེ་ཤེས་སྣང་བ་བསམ་མི་ཁྱབ། །ཟབ་ཞི་སྤྲོས་བྲལ་འོད་གསལ་བའི། །ངོ་བོ་དབྱིངས་དང་ཡེ་ཤེས་ཆེ། །དབྱེར་མེད་དོན་གྱི་ཡེ་ཤེས་མཆོག །དེ་ལ་ཡུལ་དང་ཡུལ་ཅན་དུ། །ཐ་དད་བློ་ཡིས་བཏགས་ཙམ་ཉིད། །
ཡུལ་གྱི་ཁྱད་པར་བདེན་སྟོང་ཙམ། །མཉམ་གཞག་ཡུལ་དུ་གཞན་དག་སྨྲ། །བདེན་མེད་རྣམ་གྲངས་རྣམ་ཤེས་ལས། །ཡེ་ཤེས་ཟབ་མོའི་ཡུལ་མ་ལགས། །སོ་སོ་རང་རིག་ཡེ་ཤེས་ཀྱི། །སྤྱོད་ཡུལ་ཐུན་མོང་མ་ཡིན་པའི། །དོན་དམ་རང་བཞིན་རྣམ་དག་ཆེ། །སྨྲ་བསམ་བརྗོད་བྲལ་རྒྱལ་ཡུམ་མཆོག །
ཡུལ་ཅན་གཉིས་བཅས་སེམས་ཤིག་ལ། །ཡེ་ཤེས་ཉིད་ཅེས་གཞན་དག་སྨྲ། །བློ་རིག་ཤེས་གསུམ་དོན་གཅིག་ཅེས། །བསྡུས་ཚན་ཙམ་ཞིག་མཁྱེན་པར་ཟད། །རང་བཞེད་འཕགས་པའི་ཡེ་ཤེས་ནི། །སེམས་ལ་སེམས་མ་མཆིས་པ་ཡི། །རང་བཞིན་འོད་གསལ་ཆེན་པོ་སྟེ། །སོ་སོ་རང་རིག་ཡེ་ཤེས་ལགས། །སེམས་ནི་གཟུང་འཛིན་གཉིས་བཅས་བློ། །དེ་འདྲ་ཚུར་མཐོང་ཚད་མར་ཟད། །ཡེ་ཤེས་གཉིས་མེད་འོད་གསལ་ཆེ། །དག་པའི་གཟིགས་པ་ཚད་མ་ལགས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །རང་རིག་ཡེ་ཤེས་སྤྱོད་ཡུལ་ཞེས། །མདོ་ཡི་སྒྲ་དོན་ཇི་བཞིན་དུ། །སེམས་རིག་ཤན་འབྱེད་མཁས་པའི་ལུགས། །
ངོ་བོ་སྒྲ་དོན་འདྲེས་འཛིན་གྱི། །རྟོག་བྲལ་ཙམ་དུ་གཞན་དག་འཆད། །དེ་འདྲ་རྟོག་མེད་ཤེས་པའི་ཆོས། །ཀུན་ལ་ཡོད་ཀྱི་ཐུན་མིན་མིན། །མཉམ་གཞག་མི་རྟོག་ཡེ་ཤེས་ནི། །ཐུན་མོང་རྟོག་བྲལ་རྣམ་ལྔ་དང་། །མ་འདྲེས་ཐུན་མིན་མི་རྟོག་པའི། །མཚན་ཉིད་ཅན་དུ་མདོ་ལས་གསུངས། །
རྣམ་པའི་འཛིན་སྟངས་ཡོད་མེད་དོན། །གཞན་དག་མཐའ་གཅིག་འཛིན་སྟངས་ཅན། །མེད་པའི་འཛིན་སྟངས་བཅས་བཞིན་དུ། །གཟུང་འཛིན་མཐའ་དག་ནུབ་ཅེས་སྨྲ། །རང་བཞེད་དོན་དམ་རྣམ་གྲངས་ཙམ། །སྒོམ་པའི་བློ་དེ་འཛིན་སྟངས་ཅན། །རྣམ་གྲངས་མིན་པའི་མངོན་རྟོགས་ཆེར། །འཛིན་སྟངས་རྣམ་པ་ཀུན་བྲལ་ལགས། །
གཟུང་འཛིན་གཉིས་སྣང་བྲལ་ཚུལ་ལ། །གཞན་དག་ཡུལ་དང་ཡུལ་ཅན་གཉིས། །ཡོད་ཀྱང་བློ་ཡིས་མ་བཟུང་ཙམ། །གཉིས་སྣང་མེད་པའི་དོན་དུ་འཆད། །ད་དུང་ཡུལ་དང་ཡུལ་ཅན་གཉིས། །དབྱེར་མེད་ཆུ་ལ་ཆུ་བཞག་ཟེར། །གནས་སྣང་མི་མཐུན་ལོག་ཤེས་ཀྱི། །མཉམ་གཞག་དེ་འདྲ་ངོ་མཚར་གནས། །དེས་ན་མཉམ་གཞག་ཡེ་ཤེས་ངོར། །གཟུང་འཛིན་མཐའ་དག་དབྱིངས་སུ་ནུབ། །ཀུན་རྫོབ་སྤྲོས་ཆོས་ལས་འདས་དབྱིངས། །དོན་དམ་འོད་གསལ་ཆེན་པོར་གནས། །རྗེས་ཐོབ་གཟུང་འཛིན་སྣང་བ་དང་། །རྣམ་རིག་དབྱིངས་སུ་ནུབ་པའི་མོད། །སེམས་ལ་སེམས་མ་མཆིས་པ་ཡི། །རང་མདངས་འོད་གསལ་མངོན་དུ་གྱུར། །སྣང་དང་རྣམ་རིག་ལས་འདས་ཀྱང་། །སེམས་མེད་གནས་སྐབས་དེ་འདྲ་མིན། །ཟབ་ཞི་རྡུལ་བྲལ་འོད་གསལ་བའི། །ཡེ་ཤེས་སྣང་བ་བསམ་མི་ཁྱབ། །
དེ་ལ་འཕགས་ལམ་མཉམ་གཞག་ལ། །སྣང་བཅས་སྣང་མེད་ཏིང་འཛིན་གཉིས། །མཉམ་གཞག་སྣང་བཅས་རྣལ་མངོན་ལ། །རྗེས་ཐོབ་སྣང་བཅས་ཏིང་འཛིན་བཞེད། །
དེ་ལ་དབུ་མ་རང་རྒྱུད་པས། །འཕགས་ལམ་མཉམ་གཞག་སྣང་བཅས་དང་། །སྣང་མེད་འདོད་པ་ཐལ་འགྱུར་ཞེས། །རྒྱུ་མཚན་མེད་པར་གཞན་དག་སྨྲ། །སྔ་རབས་མཁས་པའི་གཞུང་ལུགས་ལས། །དབུ་མ་ཐལ་རང་གཉིས་ཀས་ཀྱང་། །སྣང་བཅས་སྣང་བ་མེད་པ་ཡི། །ཏིང་འཛིན་གཉིས་ཀ་བཞེད་པར་འཆད། །
ཁ་ཅིག་སྣང་བཅས་སྣང་མེད་དོན། །གཟུང་འཛིན་གཉིས་སྣང་ཡོད་མེད་འཆད། །ཇི་སྙེད་མཁྱེན་པ་སྣང་བཅས་སུ། །བཞེད་པའི་ལུགས་ལ་འཐད་དམ་ཅི། །ཇི་སྙེད་ཀུན་རྫོབ་མངོན་བྱེད་པའི། །ཏིང་འཛིན་དེ་འདྲ་སྣང་བཅས་དང་། །ཇི་ལྟའི་དོན་དམ་མངོན་གྱུར་པའི། །ཏིང་ངེ་འཛིན་དེ་སྣང་མེད་ལགས། །
དེས་ན་འཕགས་པ་སློབ་པའི་སར། །བདེན་གཉིས་ཅིག་ཆར་ཚུལ་གྱིས་སུ། །ཇི་ལྟའི་དོན་ལ་མཉམ་གཞག་བཞིན། །ཇི་སྙེད་སྣང་བ་མཁྱེན་ནུས་མིན། །མཉམ་རྗེས་རེས་འཇོག་ཚུལ་གྱིས་སུ། །ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས། །སྒྲིབ་གཉིས་མུན་ཆེན་གཏན་གཞིལ་ཏེ། །སྐུ་གཉིས་ཟུང་གི་དཀྱིལ་འཁོར་རྫོགས། །
མཉམ་གཞག་སྣང་མེད་ཏིང་འཛིན་གྱིས། །དོན་དམ་ཇི་ལྟའི་དོན་ལ་འཇུག ། རྗེས་ཐོབ་སྣང་བཅས་ཏིང་འཛིན་གྱིས། །ཀུན་རྫོབ་ཇི་སྙེད་དོན་ལ་འཇུག །བདག་མེད་སྟོང་ཉིད་བཅུ་དྲུག་དང་། །དངོས་མེད་ངོ་བོའི་མཐར་གྱིས་སོགས། །མཉམ་གཞག་རྡོ་རྗེ་ལྟ་བུ་ཡི། །ཏིང་འཛིན་ཟབ་མོ་སྣང་མེད་ཉིད། །གཟུངས་སྤོབས་ཡོན་ཏན་སའི་ཡོངས་སྦྱོང་། །ཕར་ཕྱིན་དྲུག་གི་མཐར་གྱིས་སོགས། །རྗེས་ཐོབ་སྒྱུ་མ་ལྟ་བུ་ཡི། །ཏིང་འཛིན་ཐམས་ཅད་སྣང་བཅས་ལགས། །
མཉམ་གཞག་རྣམ་པར་མི་རྟོག་པའི། །གཉིས་མེད་དོན་དམ་བྱང་ཆུབ་སེམས། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །སྣང་མེད་ཡེ་ཤེས་ཚོགས་ཞེས་བརྗོད། །རྗེས་ཐོབ་འཁོར་གསུམ་མི་རྟོག་པའི། །ཏིང་འཛིན་འཕྲུལ་གྱི་སྦྱིན་ལ་སོགས། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན། །སྣང་བཅས་བསོད་ནམས་ཚོགས་ཞེས་བརྗོད། །
རྗེས་ཐོབ་འཁོར་གསུམ་མཚན་འཛིན་དང་། །གཉིས་འཛིན་རྟོག་པ་མངོན་གྱུར་དེས། །བཅིངས་པའི་དམིགས་བཅས་སྦྱིན་ལ་སོགས། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན། །
རྟོགས་རིགས་ཁྱད་པར་ཕྱི་རབས་ཕལ། །འཕགས་གསུམ་རྟོགས་རིགས་གཅིག་ཅེས་སྨྲ། །མེད་དགག་ཙམ་གྱི་རྟོགས་རིགས་གཅིག ། སྒྲུབ་པའི་ཚེགས་ཀྱིས་ཅི་ཞིག་བགྱི། །ཐེག་ཆེན་ཐུན་མིན་རྟོགས་རིགས་ནི། །དགེ་བའི་བཤེས་གཉེན་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་སྐྱེ། །རྒྱུ་རྐྱེན་སྔོན་དུ་མ་སོང་བར། །གློ་བུར་བཙན་ཐབས་ཉན་རང་ལ། །ཐེག་ཆེན་ཐུན་མོང་མ་ཡིན་པའི། །རྟོགས་རིགས་རྫོགས་པ་ངོ་མཚར་ཆེ། །
གཞན་དག་རྟོགས་དཀའི་ཆ་མེད་ཀྱང་། །བདེན་སྟོང་རྟོགས་རུང་རྟོགས་སླ་འགས། །རྟོགས་རིགས་འབྱེད་རྣམས་ཆོས་མངོན་གྱི། །གཞུང་ལ་ཐར་པ་མེད་སྨྲའི་ལུགས། །
སྤྱིར་ནི་བདག་མེད་སྟོང་པ་ཉིད། །ཞི་སྒོ་གཉིས་མེད་འཕགས་བཞིའི་ཡུམ། །དེ་སླད་འགྲོ་བ་རྣམ་གྲོལ་ཕྱིར། །དེ་ཡི་དབྱེ་བ་རྣམ་གཉིས་གསུངས། །
བདག་མེད་ཉི་ཚེ་རྣམ་གྲངས་ཙམ། །ཉན་རང་འཕགས་པའི་རྟོགས་རིགས་ཉིད། །དེ་ཙམ་ཐེག་ཆེན་འཕགས་པ་དང་། །ཐུན་མོང་གྱུར་པའི་རྟོགས་རིགས་ལགས། །ཐེག་ཆེན་ཐུན་མིན་རྟོགས་རིགས་ནི། །རྣམ་གྲངས་མིན་པའི་དོན་དམ་ཆེ། །བདག་མེད་གསལ་རྒྱས་རྫོགས་པ་ཡི། །རྟོགས་རིགས་ཁྱད་པར་བླ་ན་མེད། །
གལ་ཏེ་རྟོགས་རིགས་ཁྱད་པར་འདི། །མངོན་རྟོགས་རྒྱན་སོགས་རང་རྒྱུད་ལུགས། །དེ་འདྲ་ཐེག་ཆེན་ཐལ་འགྱུར་བའི། །ཁྱད་ཆོས་ཐུན་མིན་མིན་ཞེ་ན། །ཐེག་ཆེན་སྦྱོར་ལམ་ཁྱད་ཆོས་དང་། །ཐུན་མིན་ལམ་ཤེས་ཆེ་བ་དང་། །གཞི་ཤེས་ཁྱད་པར་ཁྱད་མཚན་སོགས། །འཆད་དུ་མེད་པའི་སྦས་དོན་ཞིག ། རྒྱལ་ཚབ་མཆོག་གིས་མ་བཀྲལ་ཞིང་། །ཟླ་བས་ཀྱང་ནི་མ་དགོངས་པའི། །མདོ་ཡི་སྦས་དོན་སྔོན་མེད་ཅིག ། ཐལ་འགྱུར་ལུགས་སུ་འཆད་པར་གྱིས། །
རྟོགས་རིགས་རྫོགས་ཚུལ་ཁྱད་པར་ལ། །གཞན་དག་ཐེག་ཆེན་རྟོགས་རིགས་ནི། །ཐེག་ཆེན་ལམ་དུ་མ་ཞུགས་པའི། །རྒྱུད་ལ་རྫོགས་པའི་ཁྱད་ཆོས་སྨྲ། །
ཁ་ཅིག་བྱང་སེམས་ས་དང་པོར། །ཉན་རང་རྟོགས་རིགས་རྫོགས་སོ་ལོ། །དབུ་སེམས་སུ་དང་མི་མཐུན་པའི། །ལེགས་བཤད་དེ་འདྲ་ངོ་མཚར་ཆེ། །
ཤཱཀྱ་སེང་གེའི་རིང་ལུགས་པ། །སྔ་འགྱུར་མཁས་པའི་གཞུང་ལུགས་ལས། །ས་ལམ་སྤངས་རྟོགས་རྫོགས་ཚུལ་གྱི། །རྣམ་པར་དབྱེ་བ་འདི་ལྟར་འཆད། །
དེ་ལ་སྤང་དང་རྟོགས་པ་ཡི། །འགོག་ལམ་བདེན་པ་རྣམ་པ་གཉིས། །
འགོག་བདེན་སྟོང་ཉིད་དོན་དམ་དང་། །དོན་གཅིག་ཉིད་དུ་ཀླུ་སྒྲུབ་བཞེད། །དེ་ཕྱིར་བདག་མེད་སྟོང་ཉིད་དང་། །ཡང་དག་མཐའ་རྣམས་དོན་གཅིག་ཉིད། །
དེ་ལ་རང་བཞིན་རྣམ་དག་དང་། །གློ་བུར་བྲལ་དག་གཉིས་སུ་ཡོད། །
བདག་མེད་རང་བཞིན་རྣམ་དག་ལ། །ཆོས་དང་གང་ཟག་བདག་མེད་གཉིས། །དེ་དག་མངོན་པར་རྟོགས་ཚུལ་ལས། །ཐེག་པ་ཆེ་ཆུང་ལམ་བདེན་གཉིས། །སྤང་བ་གློ་བུར་བྲལ་དག་ལ། །ཉོན་ཤེས་སྤང་བའི་འགོག་པ་གཉིས། །དེ་དག་མངོན་དུ་ཐོབ་ཚུལ་ལས། །ཐེག་པ་ཆེ་ཆུང་མྱང་འདས་གཉིས། །
དེ་དོན་གནས་སྐབས་རྟོགས་ཚུལ་དང་། །མཐར་ཐུག་སྤངས་རྟོགས་རྫོགས་ཚུལ་གཉིས། །
དེ་ལ་རང་བཞིན་རྣམ་དག་ནི། །མཐོང་ལམ་རབ་དགའི་ས་ནས་མཐོང་། །
རིང་དུ་སོང་བར་ཉན་རང་དང་། །ཐུན་མོང་གྱུར་པའི་སྤངས་རྟོགས་ཏེ། །ཉོན་སྒྲིབ་སྤང་བའི་འགོག་པ་དང། །གང་ཟག་བདག་མེད་ལམ་བདེན་རྫོགས། །
འོན་ཀྱང་ཆོས་ཀྱི་བདག་མེད་དང་། །ཤེས་སྒྲིབ་བྲལ་བའི་སྤང་བ་སྟེ། །འགོག་ལམ་མཐར་ཐུག་མ་རྫོགས་ཕྱིར། །རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཚེ། །མཐར་ཐུག་གློ་བུར་བྲལ་དག་ཆེ། །སྤང་བ་ཤེས་སྒྲིབ་བྲལ་བ་དང་། །གཉེན་པོ་ཆོས་ཀྱི་བདག་མེད་རྫོགས། །སྤང་བ་རྫོགས་པའི་འགོག་བདེན་ནི། །ངོ་བོ་ཉིད་སྐུའི་རང་བཞིན་དང་། །རྟོགས་པ་རྫོགས་པའི་ལམ་བདེན་ཆེ། །མཐར་ཐུག་ཡེ་ཤེས་ཆོས་སྐུ་བརྙེས། །ཚུལ་འདི་མཚུངས་མེད་བཤེས་གཉེན་དེས། །ཞལ་ནས་སྙན་དུ་བརྒྱུད་པ་ཡི། །མན་ངག་གཞན་ལ་མ་སྤེལ་བར། །ཁོ་བོ་ཅག་གི་སྐལ་བར་བྱས། །
འབྲས་བུ་ཐོབ་ཚུལ་ཕྱི་རབས་རྣམས། །ལམ་འབྲས་རྣམ་གཞག་འཆད་མོད་ཀྱི། །འོན་ཀྱང་གནས་སྣང་ཟབ་མོའི་དོན། །གནས་དག་གནས་གྱུར་འཆད་དུ་མེད། །
རང་བཞེད་སྔ་རབས་མཁས་པའི་ལུགས། །གནས་ཚུལ་དང་ནི་སྣང་ཚུལ་གྱིས། །བྲལ་བའི་འབྲས་བུ་གནས་དག་དང་། །སྨིན་པའི་འབྲས་བུ་གནས་གྱུར་བཞེད། །
རྣམ་དག་ཐ་སྙད་ཚད་མ་ཡིས། །གནས་ཚུལ་ཐུན་མིན་འཆད་པ་ན། །མཐར་འབྲས་རང་བཞིན་རྣམ་དག་ལ། །གློ་བུར་བྲལ་འབྲས་གནས་དག་ཉིད། །ཚུར་མཐོང་ཐ་སྙད་ཚད་མ་ཡིས། །སྣང་ཚུལ་ཐུན་མོང་འཆད་པ་ན། །རྒྱུ་ཆོས་གནས་སྐབས་ཡོངས་གྱུར་ཏེ། །འབྲས་བུར་སྨིན་འབྲས་གནས་གྱུར་བཞེད། །
གནས་སྣང་དབང་གིས་བྲལ་སྨིན་གྱི། །རྒྱུ་ཆོས་ཚོགས་གཉིས་རང་བཞིན་ལས། །བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང་། །སྨིན་འབྲས་གཟུགས་སྐུ་འགྲུབ་པར་བཞེད། །
འབྲས་བུའི་རང་བཞིན་གཞན་དག་རྣམས། །སངས་རྒྱས་སྐུ་གསུམ་བདག་ཉིད་ནི། །ཚུར་མཐོང་བློ་ཡི་ཡུལ་གྱུར་པའི། །བེམ་ཤེས་ལྡན་མིན་ཉི་ཚེར་སྨྲ། །ཕུང་ཁམས་ཆོས་ལས་མ་འདས་ཤིང་། །སེམས་ཚོར་རྒྱུ་བ་མ་སྤངས་པའི། །སེམས་ཅན་དང་ནི་སངས་རྒྱས་ཀྱི། །གཞི་མཐུན་དེ་འདྲ་ངོ་མཚར་གནས། །
ངེས་དོན་ཟབ་མོའི་མདོ་སྡེ་ལས། །སངས་རྒྱས་སྐུ་གསུམ་རང་བཞིན་ནི། །ཕུང་པོ་དག་ལས་རྣམ་གྲོལ་ཞིང་། །ཁམས་དང་སྐྱེ་མཆེད་འདས་པར་བཞེད། །དེ་ཕྱིར་གང་ལ་གཟུགས་དང་ནི། །སྒྲ་རུ་ཤེས་པའི་སྐྱེས་བུ་དེ། །རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཁྱོད་ཀྱི་རང་བཞིན་མི་ཤེས་གསུངས། །དེ་སླད་ཁྱོད་ཀྱི་གསང་གསུམ་ནི། །ཡེ་ཤེས་ཆེན་པོའི་རོལ་པ་སྟེ། །ཀུན་མཁྱེན་རྫོགས་སངས་རྒྱས་རྣམས་ནི། །ཆོས་ཀྱི་སྐུ་ཡི་རང་བཞིན་ཉིད། །འདྲེན་པ་གཟུགས་སྐུའི་རྣམ་རོལ་རྣམས། །རྣམ་པ་གཟུགས་ལྟར་སྣང་བ་ནི། །རྡུལ་གྲུབ་བེམ་པོའི་ཆོས་མིན་དེ། །ཆོས་ཉིད་དབྱིངས་ཀྱི་རང་མདངས་བལྟ། །དེ་ལྟར་ཟབ་མོའི་ཆོས་ཉིད་ནི། །རྟོག་གེའི་ཤེས་བྱ་མ་ཡིན་ཏེ། །ཚུར་མཐོང་བློ་ཡིས་དེ་དག་ནི། །ཡོངས་སུ་ཤེས་པར་ནུས་མ་ཡིན། །
གཞན་སྣང་རྡུལ་གྱི་ཆ་ཤས་རེར། །སྣ་ཚོགས་སྐུ་ཡི་བཀོད་པ་ནི། །དཔག་ཡས་ཅིག་ཆར་སྣང་བ་ཀུན། །རང་སྣང་འགྱུར་མེད་ཡི་ཤེས་སྐུ། །གཞན་སྣང་འགྲོ་དྲུག་སྒྲ་སྐད་དུ། །ཇི་སྙེད་གསུང་གི་བཀོད་པ་ནི། །དུ་མ་ཅིག་ཆར་སྣང་བ་ཀུན། །རང་སྣང་འགགས་མེད་ཡེ་ཤེས་གསུང་། །གཞན་སྣང་མཁྱེན་པའི་སྐད་ཅིག་གིས། །རྣམ་མཁྱེན་ཐུགས་ཀྱི་བཀོད་པ་ནི། །ཤེས་བྱ་ཅིག་ཆར་གཟིགས་པ་ཡང་། །རང་སྣང་མི་གཡོ་ཡེ་ཤེས་ཐུགས། །
ཡུལ་ཅན་རང་བཞིན་རྣམ་མཁྱེན་ནི། །ཚུར་མཐོང་ཚད་མས་རྣམ་དཔྱད་ཚེ། །དངོས་པོར་རྟོགས་ཕྱིར་རྣམ་མཁྱེན་ནི། །སྣང་ཚུལ་ཙམ་དུ་འདུས་བྱས་བཞེད། །
འོན་ཀྱང་རང་སྣང་ཡེ་ཤེས་ནི། །ཟབ་ཞི་སྤྲོས་བྲལ་འོད་གསལ་ཆེ། །རང་བྱུང་འདུས་མ་བྱས་ལྷུན་གྲུབ། །གཙང་བདེ་རྟག་བདག་མཐའ་གྲོལ་ཆེ། །
ཡུལ་ལ་མ་དག་འཁྲུལ་པའི་ཆོས། །རྣམ་མཁྱེན་རང་གིས་མ་གཟིགས་དང་། །གཟིགས་ཀྱང་སངས་རྒྱས་རང་སྣང་ལ། །འཁྲུལ་སྣང་འདོད་པ་ཉིང་འཁྲུལ་ལགས། །གཞན་གྱི་རྨི་ལམ་འཁྲུལ་སྣང་ཆོས། །མངོན་ཤེས་ལྡན་པས་ཇི་བཞིན་གཟིགས། །འོན་ཀྱང་རང་སྣང་མ་ཡིན་ཏེ། །རང་སྣང་སད་པའི་སྣང་བ་བཞིན། །གཞན་སྣང་མ་དག་ཞིང་སྣང་ཀུན། །རྣམ་མཁྱེན་རང་གིས་མཁྱེན་ཅིང་གཟིགས། །འོན་ཀྱང་རང་སྣང་མ་ལགས་ཏེ། །སངས་རྒྱས་རང་སྣང་དག་པའི་ཞིང་། །
རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ཚེ། །སྲིད་གསུམ་མངོན་རྫོགས་སངས་རྒྱས་ཚེ། །སྐུ་གསུམ་རྒྱལ་བའི་ཞིང་དུ་རྫོགས། །མདོ་སྔགས་དགོངས་པ་དབྱེར་མེད་འདྲིས། །སྣང་ཚུལ་གཞན་སྣང་མ་དག་ཞིང་། །སྣང་གྲགས་རིག་པའི་ཆོས་རྣམས་ཀུན། །གནས་ཚུལ་རང་སྣང་དག་པའི་ཞིང་། །སྐུ་གསུང་ཐུགས་ཀྱི་བཀོད་པར་རྫོགས། །ཡུལ་དབང་རིག་པ་གནས་དག་དང་། །གནས་གྱུར་ཡོན་ཏན་ཟད་མི་ཤེས། །གཞན་སྣང་རོ་མི་ཞིམ་པ་ཡང་། །རང་སྣང་དག་པའི་རོ་མཆོག་སྣང་། །
མཁྱེན་ཚུལ་སྣང་སྟོང་མཉམ་ཉིད་གཟིགས། །དག་དང་མ་དག་ཅིག་ཆར་མཁྱེན། །ཤེས་དང་ཤེས་བྱ་རོ་གཅིག་སྟེ། །ཚུར་མཐོང་བློ་ཡིས་བསམ་བརྗོད་བྲལ། །
ཤེས་བྱ་ཇི་ལྟ་ཇི་སྙེད་གཉིས། །ཇི་སྙེད་སྣང་བའི་ཆོས་རྣམས་ལ། །གནས་ཚུལ་དག་པའི་རང་སྣང་དང་། །སྣང་ཚུལ་འགྲོ་དྲུག་གཞན་སྣང་གཉིས། །མཁྱེན་པའི་ཡེ་ཤེས་རྣམ་ལྔ་ཡང་། །ཇི་ལྟ་ཇི་སྙེད་ཡེ་ཤེས་གཉིས། །དེ་ཡིས་ཤེས་བྱ་མཁྱེན་ཚུལ་གྱི། །ངེས་གསང་དཔག་ཡས་མཁྱེན་པར་འཚལ། །
དེ་ལྟར་ཆགས་སྡང་དུག་གིས་མ་བསླད་པར། །གངས་ལྗོངས་མཁས་དབང་སྔ་ཕྱིའི་བཞེད་སྲོལ་གྱི། །ཤན་འབྱེད་གནད་དོན་ཁྱད་པར་མ་འདྲིས་པའི། །གནས་ཚུལ་གསལ་བའི་སྒྲོན་མེ་མདོ་ཙམ་མོ། །
རྒྱལ་བ་ཤཱཀྱ་སེང་གེའི་རིང་ལུགས་མཆོག ། གསང་ཆེན་སྔ་འགྱུར་ཆོས་ཀྱི་རྒྱལ་ཐབས་ཆེའི། །ཟབ་ཡངས་ཆོས་སྟོན་འགྱེད་པའི་སྒོ་སྲང་ནས། །དད་གསུམ་སློང་ཕོར་འཛིན་ལྟས་རིང་ཞིག་གནས། །ཚུལ་དེས་དཔྱོད་ལྡན་གཞོན་ནུའི་སྐལ་བུ་རུ། །ལེགས་ཐོབ་ཆོས་སྟོན་ཟས་ཀྱི་སྐལ་བ་འདི། །དཔལ་ལྡན་བླ་མའི་བཀའ་དྲིན་གསོ་ཕྱིར་དང་། །གཟུར་གནས་དཔྱོད་ལྡན་འགའ་ལ་ཕན་པའི་སླད། །ཤཱཀྱའི་དགེ་སློང་ཤར་ཕྱོགས་དྭགས་པོ་པ། །མདོ་སྔགས་བསྟན་པའི་ཉི་མ་ཞེས་བྱ་བས། །མདོ་སྔགས་ལུང་དང་བླ་མའི་མན་ངག་བཞིན། །ཡང་དག་རིགས་པའི་ལམ་གྱིས་གསལ་བར་བྲིས། །
དགེ་དེས་མཁའ་མཉམ་སྲིད་པའི་འགྲོ་བ་ཀུན། །མཐོ་རིས་ཡོན་ཏན་བདུན་གྱི་དཔལ་ལ་སྤྱོད། །སྐྱེས་བུ་གསུམ་གྱི་ལམ་ལ་རབ་ཞུགས་ཏེ། །ཀུན་ཀྱང་བླ་མེད་བྱང་ཆུབ་འགྲུབ་གྱུར་ཅིག ། བདག་ཀྱང་འདི་ནས་སྲིད་པ་ཇི་སྲིད་བར། །སྣ་ཚོགས་གཟུགས་ཀྱིས་འགྲོ་ཁམས་འཇུག་པ་ན། །སྐྱབས་གཅིག་བསླུ་མེད་གཞོན་ནུ་ཟུར་ཕུད་ཅན། །མི་འབྲལ་སྣང་བ་དམ་པས་རྩེན་གྱུར་ཅིག ། ཕྱོགས་ཀྱི་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན། །རྒྱལ་བསྟན་བཤད་སྒྲུབ་འཁོར་ལོའི་སྣང་བས་ཁྱབ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །འཆད་རྩོད་རྩོམ་པས་ཐུབ་བསྟན་མཛེས་གྱུར་ཅིག །
{སརྦ་མངྒ་ལཾ། དགེ་ལེགས་འཕེལ།}
འཆོས་སྐྱོབ་ཡོན་ཏན་འབུམ་གྱི་དག་བྱེད་གཏེར། །བརྡ་སྤྲོད་རི་མོ་འཕྲུལ་བའི་བསིལ་ཟེར་ཅན། །རྒྱལ་བསྟན་ཕྱོགས་ཀྱི་འཁོར་ལོར་མཛེས་པའིམོད། །ས་གསུམ་དགེ་བའི་སྣང་བས་ཁྱབ་གྱུར་ཅིག། ། །
ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེ་ཡི་ཚིག་དོན་རྣམ་བཤད་འཇམ་དབྱངས་དགོངས་རྒྱན།རྩོམ་པའི་ཡན་ལག་བཤད་པ་ལ་མཆོད་པར་བརྗོད་པ།
༄༅། །ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེ་ཡི་ཚིག་དོན་རྣམ་བཤད་འཇམ་དབྱངས་དགོངས་རྒྱན་བཞུགས་སོ། ། བོད་པ་སྤྲུལ་སྐུ།
ན་མོ་མཉྫུ་ཤྲཱི་ཡེ།
ཟབ་ཞི་སྤྲོས་བྲལ་ཆོས་སྐུའི་མཁའ་ཀློང་ཆེར། །
འོད་གསལ་མཁྱེན་བརྩེའི་རང་མདངས་ལོངས་སྤྱོད་རྫོགས། །
གང་འདུལ་མཛད་ཕྲིན་དཔལ་གྱི་གཟི་འོད་ཅན། །
ཀུན་མཁྱེན་འགྲོ་བའི་ཉིན་བྱེད་གཙུག་ན་རྒྱལ། །
རྒྱལ་སྲས་འཇམ་པའི་དབྱངས་དང་མ་ཕམ་སོགས། །
ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་དང༌། །
རྒྱན་དྲུག་མཆོག་གཉིས་འཇམ་དབྱངས་རྣམ་གསུམ་སོགས། །
རིས་བྲལ་བསྟན་འཛིན་ཚོགས་རྣམས་ཕྱག་གི་ཡུལ། །
གངས་ལྗོངས་མཁས་དབང་སྔ་ཕྱིའི་ལྟ་གྲུབ་གནད། །
མཐར་ཐུག་དགོངས་ཀློང་རྒྱ་མཚོར་རོ་གཅིག་ཀྱང༌། །
རེ་ཞིག་བཀའ་བབ་ཆུ་བོ་རྣམ་པ་བཞིའི། །
ཁྱད་པར་ཤན་འབྱེད་གཞུང་གི་ཚིག་དོན་སྤེལ། །
དེ་ལ་འདིར་རྣམ་འདྲེན་མི་ཡི་སེངྒེའི་བསྟན་པ་རིན་པོ་ཆེ་མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོའི་དགོངས་པ་མཐའ་དག་བོད་གངས་ཅན་གྱི་ལྗོངས་འདིར་འཇམ་དབྱངས་རྣམ་གསུམ་ལ་སོགས་མཁས་པའི་དབང་པོ་རྣམས་ཀྱིས་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞིའི་ཚུལ་གྱིས་ཇི་ལྟར་བཀྲལ་བའི་ལྟ་གྲུབ་ཀྱི་ཁྱད་པར་གསལ་བར་བྱེད་པ།
ལྟ་གྲུབ་ཤན་འབྱེད་ངེས་ཤེས་སྒྲོན་མེ་ཡི། དོན་འགྲེལ་ཤན་འབྱེད་གནད་ཀྱི་སྒྲོན་མེ་འདི་ཉིད་འཆད་པར་བྱེད་པ་ལ། རྩོམ་པའི་ཡན་ལག་བརྩམ་བྱ་གཞུང་དང་ནི། །རྩོམ་པ་རྫོགས་པ་མཇུག་གི་དོན་དང་གསུམ། །དང་པོར་མཆོད་པར་བརྗོད་དང་དམ་བཅའ་གཉིས། །དང་པོ་ནི།
ན་མོ་མཉྫུ་ཤྲཱི་ཡེ།
ཞེས་ལྷག་པའི་ལྷ་མཆོག་འཇམ་དཔལ་དབྱངས་ལ་མཆོད་པར་བརྗོད་ཅིང༌། གཞན་ཡང་བསྟན་བཅོས་ལུས་ཀྱི་བརྗོད་བྱ་སྔ་འགྱུར་ཆོས་ཀྱི་ཆེ་བ་བརྗོད་དེ། དེ་ཡོངས་སུ་འདོམས་པར་མཛད་པའི་འཕགས་པའི་ཚོགས་ལ་མཆོད་པར་བརྗོད་པ་ནི།
མདོ་སྔགས་ཟུང་འབྲེལ་གཞི་ལམ་འབྲས་བུའི་ཆོས། །
སྣང་སྟོང་དབྱེར་མེད་ལྟ་སྤྱོད་རྨད་བྱུང་ཆེ། །
ཐུན་མོང་ཐུན་མིན་བཀའ་དང་དགོངས་འགྲེལ་ཀུན། །
ཚད་མ་གསུམ་གྱིས་འདོམས་མཛད་འཕགས་ཚོགས་རྒྱལ། །
ཞེས་སོགས་ཏེ། དེ་ཡང་བརྗོད་བྱ་དོན་གྱི་ཁྱད་པར་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ་བ་དང༌། བྱེ་བྲག་གཞི་ལྟ་བའི་ཁྱད་པར་བདེན་གཉིས་ཟུང་དུ་འབྲེལ་ཞིང་ལམ་སྒོམ་པའི་ཁྱད་པར་ཚོགས་གཉིས་ཟུང་དུ་འབྲེལ་བ་དང༌། ཐོབ་བྱ་འབྲས་བུའི་ཁྱད་པར་སྐུ་གཉིས་ཟུང་དུ་འབྲེལ་བ་སྟེ། མདོ་སྔགས་གང་གི་སྐབས་སུ་ཡང་བདེན་གཉིས་འགལ་འདུ་སྣང་སྟོང་ཡ་བྲལ་ཕྱོགས་རེ་བ་ལྟ་བུ་མ་ཡིན་པར་བརྗོད་བྱ་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་སྣང་སྟོང་དབྱེར་མེད་ཟུང་འཇུག་ཆེན་པོར་གཏན་ལ་འབེབས་པའི་ཆེ་བ་དང་ལྡན་པ་དང༌།
ཁྱད་པར་ལྟ་བ་རྨད་དུ་བྱུང་བ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཆེན་པོ་སྡེ་བཞིའི་ཡ་གྱལ་ཟབ་མོ་དབུ་མ་ཆེན་པོའི་ཤིང་རྟ་མཚུངས་པ་མེད་པ་དཔལ་འཕགས་པ་ཀླུ་ཡི་དབང་པོའི་ལྟ་བ་དང་རྗེས་སུ་འབྲེལ་ཞིང༌། སྤྱོད་པ་རྨད་དུ་བྱུང་བ་རྒྱ་གར་འཕགས་པའི་ཡུལ་གྱི་འདུལ་འཛིན་ཆེན་པོ་ཉན་ཐོས་སྡེ་བཞིའི་ཡ་གྱལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་འཛིན་ཀུན་ལས་ཁྱད་པར་རྨད་དུ་བྱུང་བ་མཁན་ཆེན་ཞི་བ་འཚོའི་སྤྱོད་ཚུལ་དང་རྗེས་སུ་འབྲེལ་བ་སྟེ་མདོར་ན་བརྗོད་བྱ་དོན་གྱི་ཆེ་བ་ལྟ་སྒོམ་སྤྱོད་འབྲས་ཕུལ་དུ་བྱུང་བའི་ཁྱད་པར་ལྡན་པ་དང༌།
རྗོད་བྱེད་གཞུང་གི་ཁྱད་པར་ཡང༌། སྤྱིར་ཐུན་མོང་ཐེག་པའི་གཞུང་བཀའ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང༌། བྱེ་བྲག་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་རྒྱ་མཚོ་ལྟ་བུ་རྣམས་དང༌། ཁྱད་པར་ཐུན་མོང་མ་ཡིན་པ་ནང་རྒྱུད་ཡོ་ག་རིན་པོ་ཆེ་རྣམ་པ་གསུམ་སྟེ་རྒྱལ་བའི་བཀའ་མདོ་རྒྱུད་རྒྱ་མཚོ་ལྟ་བུ་མཐའ་དག་ཡོངས་སུ་རྫོགས་པ་དང༌། དེ་དག་གི་དགོངས་འགྲེལ་དང་བཅས་པ་མཐའ་དག་ཚང་ལ་མ་ནོར་བར་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པ་སྟེ། དེ་ལྟར་བརྗོད་བྱ་དང་རྗོད་བྱེད་ཀྱི་རང་བཞིན་དོན་དང་ཚིག་འབྲུ་བཟང་པོའི་ཁྱད་པར་རྨད་དུ་བྱུང་བ་མཐའ་དག་ཚུལ་ཇི་ལྟར་རྗེས་སུ་འདོམས་པའི་ཁྱད་པར་ལ། རྒྱལ་བའི་བཀའ་མདོ་རྒྱུད་ཀྱི་ལུང་ཚད་མ་དང༌། རང་གི་དངོས་སྟོབས་ཀྱི་རིགས་པ་ཚད་མ་དང༌། བླ་མ་དམ་པའི་ཞལ་ལུང་གི་མན་ངག་ཚད་མ་སྟེ། དེ་ལྟར་ཚད་མ་གསུམ་གྱི་སྒོ་ནས་རྗེས་སུ་འདོམས་པར་མཛད་པའི་བདག་ཉིད་ནི་སྤྱིར་སྟོན་མཆོག་ཐུབ་པའི་དབང་པོ་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་སོགས་ཀྱི་ཚོགས་དང་བཅས་པ་དང༌། བྱེ་བྲག་རྒྱན་དྲུག་མཆོག་གཉིས་སོགས་འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་དང༌། ཁྱད་པར་དེ་དག་གི་རྣམ་པར་འཕྲུལ་བ་མཁན་སློབ་ཆོས་གསུམ་སོགས་སྤྲུལ་པའི་ལོ་པཎ་ཆེན་པོའི་ཚོགས་དང་བཅས་པ་སྟེ་རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་རྣམས་ཡོངས་སུ་རྒྱལ་བར་གྱུར་ཅིག་ཅེས་མཆོད་པར་བརྗོད་པའོ། །ཚུལ་དེ་དག་གི་ཁྱད་པར་སྟོན་པའི་ཆོས་འབྱུང་སྤྱི་དང་བྱེ་བྲག་དཔལ་རོང་ཟོམ་པའི་གསུང་རྣམས་དང༌། ཁྱད་པར་བསྟན་རྒྱས་སྨོན་ལམ་སོགས་ལས་རྟོགས་པར་བྱའོ། །དེ་ལྟར་མཆོད་བརྗོད་ཀྱི་ཚུལ་འདི་ཡང༌། སྔོན་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བསྟན་བཅོས་རྩོམ་པའི་ཚུལ་དང་མཐུན་པར་དམ་པའི་མན་ངག་གི་རྗེས་སུ་འབྲངས་ཏེ་བསྟན་བཅོས་ལུས་ཀྱི་བརྗོད་བྱ་སྔ་འགྱུར་ཆོས་ཀྱི་ཆེ་བ་བརྗོད་དེ། དེ་ཉིད་རྗེས་སུ་སྟོན་པར་མཛད་པའི་འཕགས་པའི་ཚོགས་རྣམས་ལ་བསྟོད་ཕྱག་བགྱིས་པའོ། །
རྩོམ་པའི་ཚུལ།
གཉིས་པར་དམ་བཅའ་ལ་རྩོམ་པའི་ཚུལ་དང་དམ་བཅའ་དངོས། །དང་པོ།
རྒྱལ་བསྟན་བཤད་སྒྲུབ་ཉི་ཟླའི་དཀྱིལ་འཁོར་ཆེ། །
རྨད་བྱུང་ཐུགས་བསྐྱེད་དུས་སྨིན་ཤིང་རྟ་ཡིས། །
བྱང་ནས་བྱང་དུ་ཆེས་ཆེར་རབ་དྲངས་ཏེ། །
བསིལ་ལྡན་སྐྱེ་འགྲོའི་དཔལ་དུ་ཆས་པ་ན། །
གངས་ལྗོངས་མཁས་པའི་དབང་པོ་སྔ་ཕྱི་ཡིས། །
བཞེད་སྲོལ་ཁྱད་པར་མ་འདྲེས་སོ་སོར་བཀྲལ། །
ཚུལ་དེས་ས་དགེ་བཀའ་རྙིང་ལྟ་གྲུབ་བཞིར། །
བསྟན་པའི་བཀའ་བབ་བཞི་ཞེས་ཡོངས་སུ་གྲགས། །
གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཆུ་འགོ་ནི། །
ཁྱད་ཆོས་ཆེ་བ་དྲུག་ལྡན་སྔ་འགྱུར་བ། །
དེ་ཡི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ནི། །
སྣ་ཚོགས་གྲུབ་མཐའ་གཞན་ལས་ཆེས་ཆེར་འཕགས། །
དེ་ལ་ས་དགེ་བཀའ་རྙིང་སོ་སོ་ཡི། །
གྲུབ་མཐའི་རྣམ་དབྱེ་མ་འདྲེས་ལེགས་མཁྱེན་ནས། །
ཐུན་མིན་རང་ལུགས་ཚུལ་བཞིན་འཛིན་མཁས་ན། །
རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་བུར་ངེས། །
དེ་སླད་སྔ་འགྱུར་རིང་ལུགས་འཛིན་འདོད་ན། །
དེ་ཡི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཀུན། །
སྣ་ཚོགས་གྲུབ་མཐའ་ཕལ་དང་ཚིག་ཟུར་ཙམ། །
མ་འདྲེས་གནད་དོན་ཡོངས་རྫོགས་འཛིན་པར་འཚལ། །
ཀྱེ་མ་དེང་དུས་སྣ་ཚོགས་འདུ་ཤེས་ཀྱིས། །
ཕན་ཚུན་ཆགས་སྡང་འཁྲུགས་པའི་དུཿ ཁ་དང༌། །
སྣ་ཚོགས་རྗེས་བརྗོད་སྙན་པའི་ཚིག་སྒྲོས་ལས། །
ཚུལ་བཞིན་ལྟ་གྲུབ་ཟབ་གནད་སྨྲ་བ་དཀོན། །
ཆོས་དང་ཆོས་མིན་གནད་ཀྱི་ཤན་འབྱེད་དང༌། །
རང་དང་གཞན་གྱི་གྲུབ་མཐའི་རྣམ་དབྱེ་དང༌། །
ལེགས་བཤད་ཉེས་བཤད་མཁྱེན་པའི་རྣམ་དཔྱོད་ནི། །
མཁས་ལ་ཡོད་ཀྱི་བླུན་པོའི་ཚོགས་ལ་མིན། །
ཞེས་སོགས་ཏེ། རྒྱལ་བ་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཉི་ཟླ་ཟུང་འབྲེལ་གྱི་དཀྱིལ་འཁོར་ཆེན་པོ་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེ་འགྲོའི་སྤྱི་དཔལ་དུ་གྱུར་པ་གང་དག སྟོན་མཆོག་ཐུབ་པའི་དབང་པོ་ཉིད་ཀྱིས་གངས་ལྗོངས་མུན་པའི་གླིང་གི་གདུལ་བྱའི་དཔལ་དུ་བྱོན་པར་ཐུགས་བསྐྱེད་ཅིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་གནས་བྱང་དུ་དར་བར་ལུང་བསྟན་པའི་རྗེས་སུ་ཕྱོགས་ཏེ་བྱ་རྫི་མ་གསལ་ལེའི་བུ་མོ་བདེ་མཆོག་མའི་སྲས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བ་རྣམས་ཀྱིས་ཀྱང་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་བཞེངས་སྐབས་སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ཏེ་ཇི་ལྟར་སྨོན་པའི་ཐུགས་བསྐྱེད་དུས་སུ་སྨིན་པའི་སྟོབས་ཤུགས་རླུང་གི་ཤིང་རྟ་ལྟ་བུའི་མཐུ་ཡིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་ཟླ་བྱང་བགྲོད་དང་ཆོས་མཚུངས་པར་རྒྱ་གར་འཕགས་པའི་ཡུལ་ནས་བྱང་ནས་བྱང་དུ་ཆེས་ཆེར་རབ་ཏུ་དྲངས་ཏེ་རང་ཅག་བསིལ་ལྡན་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོའི་སྤྱི་དཔལ་དུ་སྔོན་གྱི་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས་ཀྱི་བཀའ་དྲིན་ཁོ་ནའི་སྟོབས་ཀྱིས་ཆོས་དེ་བྱོན་པར་གྱུར་པ་ན། བོད་གངས་ཅན་གྱི་ལྗོངས་འདིར་མཁས་པའི་དབང་པོ་སྔ་ཕྱིར་བྱོན་པ་ཐམས་ཅད་མཐར་ཐུག་མཐའ་བྲལ་མཉམ་པ་ཆེན་པོའི་དབྱིངས་སུ་དགོངས་པའི་ཆུ་བོ་གཅིག་འདྲེས་སུ་གྱུར་ཀྱང༌། རེ་ཞིག་ཀུན་ཉོན་ཕྱོགས་འཇོམས་པ་དང༌། རྣམ་བྱང་ཕྱོགས་འཕེལ་བ་སོགས་ཀྱི་དགོས་པའི་དབང་གིས་སྣང་ཕྱོགས་དང་སྟོང་ཕྱོགས་རྩལ་འདོན་མཛད་པའི་བཞེད་དོན་མ་འདྲེས་པར་སོ་སོར་བཀྲལ་བའི་ཁྱད་པར་ཡོད་ཚུལ་སོགས་དབུ་མ་རྒྱན་གྱི་སྤྱི་དོན་ལས་གསུངས་པ་ལྟར་རོ། །
ཚུལ་དེའི་དབང་གིས་ས་དགེ་བཀའ་རྙིང་གི་ལྟ་གྲུབ་རྣམ་པ་བཞིར་བསྟན་པའི་བཀའ་བབ་རྣམ་པ་བཞི་ཞེས་ཡོངས་སུ་གྲགས་པ་སྟེ། དེ་ཡང་ཟབ་རྒྱས་བཤད་པའི་བཀའ་བབ་དཔལ་ལྡན་ས་སྐྱ་པ་དང༌། སྡེ་སྣོད་རིགས་པའི་བཀའ་བབ་རི་བོ་དགེ་ལྡན་པ། ཉམས་ལེན་སྒྲུབ་པའི་བཀའ་བབ་འགྲོ་མགོན་བཀའ་བརྒྱུད་པ། མདོ་རྒྱུད་མན་ངག་གི་བཀའ་བབ་གསང་སྔགས་རྙིང་མ་པ་ཞེས་གསུངས་པ་ལྟར་རོ། །གཞན་ཡང་བཀའ་བབ་བཞིའི་ཁྱད་པར་ལ། མདོ་ཡི་བཀའ་བབ་དགེ་ལྡན་པ། སྔགས་ཀྱི་བཀའ་བབ་རྙིང་མ་པ། བཤད་པའི་བཀའ་བབ་ས་སྐྱ་པ། སྒྲུབ་པའི་བཀའ་བབ་བཀའ་བརྒྱུད་པ་ཞེས་སོགས་རྣམ་གཞག་མཛད་ཚུལ་སྣ་ཚོགས་སྣང་ངོ༌། །
དེ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཇི་སྙེད་མཆིས་པའི་རྒྱལ་བསྟན་བྱེ་བྲག་པ་མཐའ་དག་ཡོངས་ཀྱི་བསྟན་པའི་ཆུ་འགོ་ནི། གང་དུ་བསྒྱུར་བའི་གནས་ཀྱི་ཆེ་བ། འབྱོར་ལྡན་ཡོན་བདག་གི་ཆེ་བ། ཞུ་རྟེན་མེ་ཏོག་གི་ཆེ་བ། སྒྱུར་བྱེད་པཎྜི་ཏའི་ཆེ་བ། ཞུ་བྱེད་ལོ་ཙཱ་བའི་ཆེ་བ། བསྒྱུར་བྱ་ཆོས་ཀྱི་ཆེ་བ་སྟེ་ཆེ་བ་དྲུག་གི་སྒོ་ནས་ཁྱད་པར་འཕགས་པའོ། །ཚུལ་དེ་དག་གི་རྣམ་གཞག་རྒྱས་པར་དཔལ་རོང་ཟོམ་པའི་ལེགས་པར་བཤད་པ་སོགས་ལས་རྟོགས་པར་བྱའོ། །ཚུལ་དེས་ན་སྔ་འགྱུར་བ་དེ་ཡི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཁྱད་པར་ཅན་རྣམས་ནི་སྣ་ཚོགས་པའི་གྲུབ་མཐའ་གཞན་ལས་ཁྱད་པར་ཆེས་ཆེར་འཕགས་པ་ཉིད་དེ་དེ་ལ་ལྟ་བ་དང་སྒོམ་པའི་སྒོ་ནས་ཁྱད་པར་འཕགས་ཚུལ་འོག་ནས་འཆད་འགྱུར་ལྟར་ལ། སྤྱོད་པའི་ཁྱད་པར་ཡང་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་སྤྱི་དང༌། བྱེ་བྲག་ཆོས་གོས་ཀྱི་ཚལ་བུ་བསྐོར་ཕྱོགས་སོགས་དང༌། ཤམ་ཐབས་ཀྱི་རལ་ཁ་བསྐོར་ལུགས་དང༌། ཐ་ན་ཞྭ་འགོའི་ཚོན་མདོག་ཡན་ཆད་ཁྱད་པར་མང་བ་དང༌། ཁྱད་པར་གསང་སྔགས་ཀྱི་ཆོ་གའི་ཕྱག་བཞེས་ཐ་ན་ལུས་ཀྱི་བཞུགས་སྟབས། ངག་གི་འདོན་སྟངས་སོགས་ཟབ་ཁྱད་ཀྱི་གནད་དུ་མ་དང་ལྡན་པའི་ཚུལ་རྣམས་ཀྱང་མཁྱེན་པར་འཚལ་ལོ། །དེ་ལ་སྤྱིར་གང་ཟག་སུ་ཡང་རུང་སྟེ་སྡང་ཞུགས་མེད་པའི་སྒོ་ནས་ས་དགེ་བཀའ་རྙིང་སོ་སོ་ཡི་གྲུབ་མཐའི་ཁྱད་པར་གྱི་རྣམ་དབྱེ་མཐའ་དག་ཞིབ་མོའི་བློ་ཡིས་མ་འདྲེས་པར་སོ་སོར་མཁྱེན་ནས་གཞན་དང་མ་འདྲེས་པའི་རང་ལུགས་ཀྱི་བཞེད་སྲོལ་རྣམས་ཚུལ་བཞིན་དུ་འཛིན་པ་ལ་མཁས་པར་གྱུར་ན། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནསའཛིན་སྐྱོང་སྤེལ་བའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོར་ངེས་ནུས་ཀྱི། དེ་ལས་བཟློག་སྟེ་ཆགས་སྡང་དང་འཁྲུགས་རྩོད། ཕྱོགས་རིས་དང་ཕྲག་དོག སྟོབས་རྒྱས་དང་མངའ་ཐང་འགྲན་པ་སོགས་ནི། ཇི་སྐད་དུ།
བསྟན་པ་མི་ཤེས་བསྟན་འཛིན་རློམ་པ་མཚར། །ཞེས་སོགས་གསུངས་པ་ཁོ་ནར་ཟད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། སྔ་འགྱུར་རྙིང་མའི་རང་ལུགས་ཚུལ་བཞིན་འཛིན་པར་འདོད་ན་སྔ་འགྱུར་བ་དེ་ཡི་ལྟ་བ་དང་སྒོམ་པ་སྤྱོད་པའི་ཁྱད་པར་སོགས་ཀྱི་ཟབ་གནད་མཐའ་དག་སྣ་ཚོགས་པའི་གྲུབ་མཐའ་ཕལ་པ་གཞན་དང་གཞན་དག་རྣམས་དང་ཚིག་ཟུར་ཙམ་ཡང་མ་འདྲེས་པའི་ཁྱད་པར་གྱི་གནད་དོན་ཡོངས་སུ་རྫོགས་པ་འཛིན་པར་འཚལ་ལོ། །དེ་ལྟར་མིན་པར་ཀྱེ་མ་དེང་སང་གི་དུས་འདིར་ནི། རྩོད་ལྡན་གྱི་སྙིགས་མ་ལྔ་ཆེས་ཆེར་བདོ་ཞིང་ཆགས་སྡང་སོགས་ཀུན་རྟོག་སྣ་ཚོགས་པའི་འདུ་ཤེས་ཀྱི་དབང་གིས་དགོན་སྡེ་ཕལ་མོ་ཆེ་རྣམས་ནི་ཕན་ཚུན་རང་ཕྱོགས་ལ་ཆགས་གཞན་ཕྱོགས་ལ་སྡང་ཞུགས་མི་བཟོད་པའི་སྒོ་ནས་འཁྲུགས་རྩོད་ཀྱི་དུཿ ཁ་དྲག་པོའི་ཡོ་ལང་ལ་སྤྱོད་པ་དང༌། འཆད་ཉན་ལྟར་སྣང་བ་རེ་ཡོད་ཀྱང་ས་ཟིན་ཅི་ཡང་མེད་པར་གཞན་ཟེར་རྗེས་བརྗོད་ཙམ་ལས་རང་སོ་མི་ཟིན་པ་དང༌། དེ་ལྟར་མིན་ཀྱང་གཞུང་ཆེན་པོའི་གོ་དོན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར་རང་གར་འབྲུ་འགྲེལ་ཆ་ཤས། ལུང་སྦྱོར་རེ་བཟུང་ཙམ་སྙན་སྙན་ལེགས་ལེགས་ཀྱི་ཚིག་སྒྲོས་ཁོ་ནའི་བཤད་ཡམ་ཙམ་གཙོ་བོར་བྱེད་པ་ལས། གཞུང་དོན་གྱི་གོ་བ་ལྟ་གྲུབ་ཀྱི་ཟབ་གནད་རྣམས་རང་གིས་ཇི་བཞིན་རྟོགས་ནས་གཞན་ལ་ཕན་པའི་སེམས་ཀྱིས་ཚུལ་བཞིན་སྨྲ་བ་ནི་སྲིད་མཐའ་མ་བཀག་པ་ཙམ་དུ་དཀོན་པར་སྣང་ངོ༌། །ད་དུང་རྒྱུ་མཚན་ཅི་ཡང་མེད་པར་རང་ཕྱོགས་དེ་ཆོས་རྣམ་དག་ཏུ་རློམ་ཞིང་གཞན་ཕྱོགས་ཐམས་ཅད་ལ་ཆོས་རྣམ་དག་མིན། ཐར་ལམ་ཙམ་ཡང་མེད་ཅེས་རང་གིས་སེམས་ཤིང་གཞན་ལ་སྒྲོག་པ་དང༌། དེ་བཞིན་དུ་འདི་རང་ལུགས་ཀྱི་གྲུབ་མཐའ་ཟབ་མོ་ཡིན་ཞེས་ལྷར་བཟུང་ཞིང་གཞན་ཕྱོགས་ལ་འདྲེ་ལྟར་བལྟ་བ་དང༌། རང་ཕྱོགས་ཀྱི་ཡིག་ཆ་ཙམ་ལེགས་བཤད་ཀྱི་བསྔགས་བརྗོད་དང༌། གཞན་ཕྱོགས་ཀྱི་བཀའ་དང་བསྟན་བཅོས་ཡང་དག་ལ་ཡང་རང་གར་དམོད་དེ་ཆོས་སྤོང་གི་ལས་ངན་མི་བཟད་པའི་རྒྱུ་སྒྲུབ་པ་མང་ཡང༌། ལེགས་པར་བརྟག་ན་ཆོས་རྣམ་དག་ཡིན་པ་དང༌། རྣམ་དག་མིན་པའི་གནད་ཀྱི་ཤན་འབྱེད་དང༌། རང་ལུགས་དང་གཞན་ལུགས་ཀྱི་གྲུབ་མཐའི་རྣམ་པར་དབྱེ་བ་དང༌། ལེགས་བཤད་དང་ཉེས་བཤད་ཀྱི་ཁྱད་པར་སོ་སོར་མཁྱེན་པའི་རྣམ་པར་དཔྱོད་པ་ནི། སྐྱེས་སྦྱང་ཕུན་སུམ་ཚོགས་པའི་མཁས་དབང་ཆེན་པོ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་ཐུགས་མཛོད་ན་ཡོད་ཀྱི་དེ་ལས་གཞན་དུ་བླུན་པོའི་ཚོགས་ཀྱིས་ཤེས་པའི་གནས་མེད་ཅིང་གོ་སྐབས་མེད་པས་སྨྲ་བ་བསྐྱུང་ན་ལེགས་སོ། །
བརྩམ་པར་དམ་བཅའ་དངོས།
གཉིས་པ་བརྩམ་པར་དམ་བཅའ་དངོས་ནི།
ཚུལ་དེས་ཆགས་སྡང་འདུ་ཤེས་རབ་བསྐྱུངས་ཏེ། །
གསར་རྙིང་ལྟ་གྲུབ་ཁྱད་པར་གནས་ཚུལ་ཙམ། །
སོ་སོའི་ལུགས་བཞིན་མ་འདྲེས་སྣང་བའི་གཟུགས། །
རབ་གསལ་ཤན་འབྱེད་སྒྲོན་མེ་མདོ་ཙམ་སྤྲོ། །
ཞེས་སོགས་ཏེ། ཚུལ་དེས་ན་སྤྱིར་རྣམ་འདྲེན་ཐུབ་པའི་བསྟན་པ་རིན་པོ་ཆེ་ས་དགེ་བཀའ་རྙིང་གིས་བསྡུས་པའི་ཆོས་དང་གང་ཟག་སུ་ཡང་རུང་སྟེ་སྦྲང་རྩི་དང་བུ་རམ་རོ་གཅིག་པ་བཞིན་དུ། འདི་དང་ཕྱི་མའི་སྐྱབས་ཀྱི་དམ་པར་གྱུར་གཤིས་ཕྱོགས་དང་རིས་སུ་བཅད་དེ་རང་ཕྱོགས་བསྒྲུབ་འདོད་ཀྱི་ཆགས་ཞེན་དང་གཞན་ཕྱོགས་དགག་འདོད་སོགས་སྡང་ཞུགས་ཀྱི་སྒོ་ནས་ཕྱི་མ་རྣམ་སྨིན་མི་ཟད་པའི་རྒྱུར་གྱུར་པ་ཆགས་སྡང་སོགས་ཀུན་རྟོག་ངན་པའི་འདུ་ཤེས་རབ་ཏུ་བསྐྱུངས་ཏེ། གསར་རྙིང་གི་ལྟ་གྲུབ་ཀྱི་ཁྱད་པར་གནས་ཚུལ་ཙམ་ཞིག་སྒྲོ་སྐུར་དང་བྲལ་བར་མཁས་དབང་སོ་སོའི་གཞུང་ལུགས་བཞིན་དུ་མ་འདྲེས་པར་རབ་ཏུ་སྣང་བའི་གཟུགས་ཀྱི་ཁྱད་པར་རྣམས་རབ་ཏུ་གསལ་བར་བྱེད་པའི་ཤན་འབྱེད་ཀྱི་སྒྲོན་མེ་མདོར་བསྡུས་ཙམ་དུ་འཆད་པར་སྤྲོས་སོ། །ཞེས་བརྩམ་པར་དམ་བཅས་པའོ། །
བརྩམ་བྱ་གཞུང་གི་དོན་ལ་ཕྱི་ནང་གྲུབ་མཐའི་ཁྱད་པར། །
གཉིས་པ་བརྩམ་བྱ་གཞུང་ལ་ལྟ་གྲུབ་ཐེག་པའི་ཁྱད་པར་དང༌། །ཁྱད་པར་ཅན་གྱི་ལྟ་གྲུབ་ཤན་འབྱེད་གཉིས། །དང་པོར་ཕྱི་ནང་གྲུབ་མཐའི་ཁྱད་པར་དང༌། །ཁྱད་པར་ཐེག་པ་གོང་འོག་ཤན་འབྱེད་གཉིས། །དང་པོ་ནི།
གངས་ལྗོངས་མཁས་དབང་སྔ་ཕྱི་ཡི། །
བཞེད་སྲོལ་ཁྱད་པར་བརྗོད་ལས་འདས། །
དེ་ལ་ཕྱི་ནང་ཁྱད་པར་ཙམ། །
དབྱེ་བའི་ཚུལ་ལ་མི་མཐུན་ཡོད། །
མཉམ་མེད་ཇོ་བོའི་བཞེད་སྲོལ་བཞིན། །
ཕྱི་འགྱུར་མཁས་དབང་ཕལ་མོ་ཆེས། །
ཕྱི་ནང་ཁྱད་པར་སྐྱབས་འགྲོས་འབྱེད། །
དེ་ཙམ་རྟེན་གྱི་དབྱེ་བར་ཟད། །
མདོ་རྒྱུད་ལུང་གི་དགོངས་དོན་བཞིན། །
སྔ་འགྱུར་པ་རྣམས་ཕྱི་ནང་གི།
ཁྱད་པར་རྟེན་དང་ལྟ་སྒོམ་དང༌། །
སྤྱོད་འབྲས་ཁྱད་པར་དཔག་ཡས་བཞེད། །
ཅེས་སོགས་ཏེ། དེ་ལ་སྤྱིར་གངས་ལྗོངས་མཁས་པའི་དབང་པོ་སྔ་ཕྱིར་བྱོན་པའི་བཞེད་སྲོལ་གྱི་ཁྱད་པར་རེ་རེ་ནས་བརྗོད་ལས་འདས་པ་ཞིག་ཡོད་མོད། དེ་ལ་སྐབས་འདིར་རེ་ཞིག་ཕྱི་ནང་གི་ཁྱད་པར་ཙམ་དབྱེ་བའི་ཚུལ་ལའང་བཞེད་པ་མི་མཐུན་པའི་ཁྱད་པར་དུ་མ་ཡོད་དེ། དེ་ལ་ཕྱི་འགྱུར་གྱི་མཁས་དབང་འགའ་ཞིག་གིས་ནི། གྲུབ་མཐའི་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ལས་བསྟན་པ་དང་སྟོན་པ་ལྟ་བའི་ཁྱད་པར་ཕྱི་ནང་གཉིས་ཞེས་སོགས་གསུངས་པ་ལྟར། བསྟན་པའི་ཁྱད་པར་ཕྱག་རྒྱ་བཞི་ལས་འདའ་མི་འདའ་དང༌། ལམ་བསླབ་པ་གསུམ་དང་ལྡན་མི་ལྡན་དང༌། སྟོན་པའི་ཁྱད་པར་ཐུབ་པ་ཆེན་པོ་སྟོན་པར་འཛིན་མི་འཛིན་དང༌། ལྟ་བའི་ཁྱད་པར་དབང་ཕྱུག་སོགས་བྱེད་པ་པོར་ཁས་ལེན་མི་ལེན་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པ་དང༌། ཡང་ཁ་ཅིག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱུང་བ་ལྟར་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་ཁས་ལེན་མི་ལེན་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པ་སོགས་ཀྱང་ཡོད་མོད། ལུགས་དེ་དག་ནི་རང་ལུགས་དང་ཡང་དོན་གྱི་མཐུན་པས་ཤན་འབྱེད་ཀྱི་ཁྱད་པར་དུ་མ་སྨྲོས་ལ། ཡང་ཁ་ཅིག་མཉམ་མེད་ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་དུ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད་ཅེས་གསུངས་པར་མཛད་དེ། སྤྱིར་ཕྱི་ནང་གི་ཁྱད་པར་སྐྱབས་འགྲོའི་སྒོ་ནས་ཀྱང་འབྱེད་དགོས་པར་གསུངས་པའི་བཞེད་སྲོལ་བཞིན་དུ། ཕྱི་འགྱུར་མཁས་པའི་དབང་པོ་ཕལ་མོ་ཆེས་ནི། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོ་ཙམ་གྱིས་འབྱེད་པར་མཛད་དེ། ལྟ་གྲུབ་ཆེན་མོ་སོགས་གྲུབ་མཐའི་ཡིག་ཆ་རྣམས་སུ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཞིང་དེ་ལས་གཞན་པའི་སྐྱབས་གཞན་མི་འཚོལ་བ་ནང་པ་སངས་རྒྱས་པའི་མཚན་ཉིད་དེ་ལས་བཟློག་པ་ཕྱི་རོལ་པའི་མཚན་ཉིད་ཅེས་སྐྱབས་འགྲོའི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པར་མཛད་མོད་ཚུལ་དེ་ནི་མི་ལྡན་རྣམ་གཅོད་ཀྱི་ཚུལ་དུ་ཁྱད་པར་བྱེ་བྲག་པ་གཞི་རྟེན་སྐྱབས་ཀྱི་སྒོ་ནས་ཁྱད་འབྱེད་པར་མཛད་པ་ཙམ་མོ། །འོན་ཀྱང་ཁ་ཅིག་ཕྱི་ནང་གི་ཁྱད་པར་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་སྒོ་ནས་འབྱེད་པ་མི་འཐད་དེ། ཞེས་བཀག་ནས་དེ་གཉིས་ཀྱི་ཁྱད་པར་སྐྱབས་འགྲོ་ཙམ་ཁོ་ནས་འབྱེད་དགོས་སོ་ཞེས་གསར་རྙིང་ཕལ་མོ་ཆེ་ཞིག་མགྲིན་པ་བསྒྲིགས་ཏེ་སྨྲ་བར་བྱེད་མོད། ཕྱོགས་རིའི་མིག་ཅན་དེ་དག་གིས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་སུ་གསུངས་པའི་ཕྱི་ནང་གི་ཁྱད་པར་ཟབ་ཅིང་ཕྲ་བ་ཇི་སྙེད་བསྟན་པ་རྣམས་ཕྱོགས་གར་ཡོད་ཙམ་ཡང་མ་མཐོང་བར་རྟེན་པ་སྐྱབས་ཀྱི་སྒོ་ནས་དབྱེ་བར་མཛད་པའི་གཞུང་ཆེན་པོའི་ཚིག་ཙམ་ཁ་ལ་ཁྱེར་ཤེས་པར་ཟད་དོ། །
ཚུལ་དེས་ན་མདོ་རྒྱུད་རྒྱ་མཚོ་ལྟ་བུའི་ལུང་གི་དགོངས་དོན་ཇི་ལྟ་བ་བཞིན་དུ་སྔ་འགྱུར་རྙིང་མར་སྨྲ་བ་རྣམས་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་སོགས་ལས་གསུངས་པ་བཞིན་དུ་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ལ། རྟེན་པ་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། སྒོམ་པ་གོམས་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་པར་རྣམ་པ་ལྔའི་སྒོ་ནས་ཁྱད་པར་དཔག་ཡས་ཡོད་པར་བཞེད་དོ། །དེ་དག་གི་ཚུལ་རྒྱས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་སོགས་མདོ་དང་བསྟན་བཅོས་ཆེན་པོ་སྤྱི་དང༌། ཁྱད་པར་ཀུན་མཁྱེན་ཆོས་རྗེའི་འགྲེལ་ཆེན་པདྨ་དཀར་པོ་སོགས་ལས་ད་གཟོད་རྟོགས་པར་འཚལ་ལོ། །དེ་ལ་ཁ་ཅིག་ཕྱི་ནང་གི་ཁྱད་པར་སྐྱབས་འགྲོའི་སྒོ་ནས་འབྱེད་དགོས་ཀྱི། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་འབྱེད་མི་རིགས་ཏེ། ལུང་དང་རིགས་པ་གཉིས་དང་འགལ་བའི་ཕྱིར་ཏེ།
དང་པོ་ལུང་དང་འགལ་ཏེ། ཇོ་བོའི་ལམ་སྒྲོན་སོགས་དང་འགལ་བའི་ཕྱིར་ཞེས་སྨྲ་བ་ནི་གནད་མ་གོ་བ་སྟེ། ལུང་དེའི་དགོངས་པ་སྐབས་དེའི་ཁྱད་ཆོས་ལྔའི་དང་པོ་རྟེན་པ་སྐྱབས་ཀྱི་ཁྱད་པར་གྱི་སྒྲུབ་བྱེད་ཡང་དག་ཏུ་སོང་གི་སྐྱབས་འགྲོ་ཙམ་ལས་ཁྱད་པར་གཞན་མེད་ཅེས་གཞན་ལྡན་རྣམ་གཅོད་དུ་མ་མཛད་པས་ལུང་དེ་དག་དང་ག་ལ་འགལ། ཚུལ་འདི་དང་རྗེས་སུ་མཐུན་པར་འགའ་ཞིག་ན་རེ། དེ་གཉིས་ཀྱི་ཁྱད་པར་སྐྱབས་འགྲོའི་སྒོ་ནས་འབྱེད་དགོས་པར་ཨ་ཏི་བཀོད་པ་ཆེན་པོའི་ལུང་གིས་བསྒྲུབ་ཁུལ་བྱེད་པ་ནི་གྲུབ་ཟིན་སྒྲུབ་པའི་སྨྲ་བ་ཙམ་དུ་ཟད་དོ། །
གཉིས་པ་རིགས་པ་དང་འགལ་ཏེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་ཁས་ལེན་མི་ལེན་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་དགོས་ན་མཚན་གཞི་ནང་པའི་ཡོན་བདག་དེ་ལ་མ་ཁྱབ་པའི་ཕྱིར་ཏེ། ནང་པའི་ཡོན་བདག་དེ་ནང་པ་ཡིན་དགོས་ཀྱང་དེས་ཕྱག་རྒྱ་བཞི་ཁས་ལེན་མི་ཤེས་པའི་ཕྱིར་ཟེར། འོ་ན་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མི་ལེན་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པ་དེ་ཡང་མི་འཐད་པར་ཐལ། མཚན་གཞི་ནང་པའི་ཡོན་བདག་དེ་ལ་མ་ཁྱབ་པའི་ཕྱིར་ཏེ། མཚན་གཞི་དེ་ཡིན་ན་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཚུལ་དེ་ཡང་མི་ཤེས་པའི་ཕྱིར། རྗེའི་ལམ་རིམ་ཆེན་མོ་ལས། སྐྱབས་སུ་ཁས་ལེན་ཚུལ་དེ་ཡང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང༌། ཁས་བླང་བ་དང༌། གཞན་དུ་མི་སྨྲ་བ་སྟེ། ཆོས་བཞི་དང་ལྡན་དགོས་པར་གསུངས་པས་ཕྱག་རྒྱ་བཞི་ཁས་ལེན་ཚུལ་ཙམ་ཡང་མི་ཤེས་པའི་ནང་པའི་ཡོན་བདག་དེས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་སོགས་ཀྱི་སྒོ་ནས་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་ཡང་དཀའ་བར་གནས་ཏེ། མདོ་ལས་ཀྱང༌།
འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །
ལྗོན་ཤིང་ཆེ་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཏེ། །སོགས་ཀྱིས་ཟག་བཅས་སྡུག་བསྔལ་དུ་ཤེས་པ་སོགས་བདེན་བཞིའི་གནས་ལུགས་ཟབ་མོའི་རང་བཞིན་ཕྱག་རྒྱ་བཞིའི་དགོངས་དོན་ལས་མི་འདའ་བར་ཁས་ལེན་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་པར་བསྟན་གྱི། དེ་ལས་བཟློག་པའི་སྐྱབས་འགྲོ་དེ་འདྲས་ཀྱང་ཕྱི་ནང་གི་ཁྱད་པར་འབྱེད་ཆོས་སུ་ག་ལ་འགྱུར། ཡང་ཁ་ཅིག་ཕྱག་རྒྱ་བཞི་ཁས་ལེན་པ་ནང་པ་དང༌། དེ་ལས་བཟློག་པ་ཕྱི་རོལ་པར་འཇོག་ན། མང་བཀུར་སྡེ་ལྔ་དེ་ནང་པ་མ་ཡིན་པར་ཐལ་ཏེ། དེས་ཕྱག་རྒྱ་བཞི་ཁས་མི་ལེན་པའི་ཕྱིར་ཏེ། གང་ཟག་གི་བདག་རྫས་གྲུབ་ཏུ་འདོད་པའི་ཕྱིར་ཟེར། འོ་ན་ནང་པའི་དངོས་སྨྲ་བ་དེ་ཆོས་ཅན། ཁྱོད་ཡིན་ན་ཕྱག་རྒྱ་བཞི་ཁས་མི་ལེན་པའི་གྲུབ་མཐའ་ཡིན་པས་ཁྱབ་པར་ཐལ་ཏེ། ཆོས་ཐམས་ཅད་སྟོང་པར་མི་འདོད་པའི་ཕྱིར་ཏེ། ཆོས་བདག་ཕྲ་བ་ཆ་མེད་གཉིས་སོགས་རྫས་གྲུབ་ཏུ་འདོད་པའི་ཕྱིར། དེས་ན་བཀའ་བསྡུ་རིམ་པ་གསུམ་པའི་སྐབས་སུ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་སོགས་ཀྱི་རྗེས་སུ་འབྲངས་ཏེ་ཉན་ཐོས་སྡེ་པ་བཅོ་བརྒྱད་པོ་མཐའ་དག་ནང་པ་སངས་རྒྱས་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པར་མཚུངས་པའི་སྒོ་ནས་ཐར་ལམ་རྣམ་དག་ཏུ་གྱུར་པའི་གྲུབ་མཐར་གྲུབ་ཟིན་པ་ལྟར་མང་བཀུར་སྡེ་ལྔ་པོས་ཀྱང༌། གང་ཟག་གི་བདག་མེད་ཇི་བཞིན་གཏན་ལ་ཕབ་སྟེ། ཕྱག་རྒྱ་བཞི་ཁས་ལེན་ཀྱང་བདག་ལྟའི་དམིགས་པ་བཏགས་ཡོད་དུ་འཇོག་མ་ཤེས་པར་རྫས་ཡོད་ཀྱི་ཐ་སྙད་སྦྱར་རུང་ཕྱི་རོལ་པའི་རྟག་དངོས་ཀྱི་བདག་དང་ག་ལ་འདྲ། དེ་བཞིན་དུ་ཐེག་ཆེན་སེམས་ཙམ་པས་ཀྱང་ཆོས་ཀྱི་བདག་མེད་ཕྲ་བ་ནས་རྫོགས་པར་བཞེད་ཅིང་སྣང་གཞི་གཞན་དབང་བདེན་པར་འདོད་རུང་བྱེ་སྨྲ་སོགས་དང་མི་འདྲ་བའི་ཁྱད་པར་དག་ཀྱང་མཁྱེན་པར་འཚལ་ལོ། །བརྗོད་དགོས་པ་མང་ཡང་རེ་ཞིག་དེ་ཙམ་མོ། །དེས་ན་ཕྱི་ནང་ཙམ་གྱི་ཁྱད་པར་སྐྱབས་འགྲོའི་སྒོ་ནས་ཀྱང་འབྱེད་པར་མཁས་འཇུག་ལས་གསུངས་མོད། འོན་ཀྱང་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ནི་གོང་དུ་བཤད་མ་ཐག་པ་བཞིན་མི་ཕམ་ཆོས་རྗེའི་གྲུབ་བསྡུས་སོགས་ལས་གསུངས་པ་ལྟར་རོ། །
ཁྱད་པར་ཐེག་པ་གོང་འོག་ཤན་འབྱེད།
གཉིས་པ་ཁྱད་པར་ཐེག་པ་གོང་འོག་ཤན་འབྱེད་ལ་སྤྱི་དང་བྱེ་བྲག་ལྟ་གྲུབ་གཉིས། །དང་པོ་ནི།
གཞན་དག་ཐེག་པ་ཆེ་ཆུང་གི །
ཁྱད་པར་སེམས་བསྐྱེད་ཙམ་གྱིས་འབྱེད། །
དེ་ཙམ་བསམ་པའི་དབྱེ་བར་ཟད། །
ལྟ་སྒོམ་སྤྱོད་འབྲས་ཁྱད་པར་ཆེ། །
ཞེས་སོགས་ཏེ། མཁས་དབང་གཞན་དག་རྣམས་ཀྱིས་ཐེག་པ་ཆེ་ཆུང་གི་ཁྱད་པར་སེམས་བསྐྱེད་ཙམ་གྱི་སྒོ་ནས་འབྱེད་དགོས་ཏེ། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཅེས་གསུངས་པའི་ཕྱིར་ཟེར། དེ་ལྟར་ཡང་ཡིན་མོད་ཀྱི་འོན་ཀྱང་དེ་ཙམ་ཁོ་ན་ལས་ཁྱད་པར་གཞན་མེད་པར་རློམ་པ་དག་ནི་མི་འཐད་དེ། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཅེས་གསུངས་པའི་ལུང་དོན་ནི་བསམ་པ་སེམས་བསྐྱེད་ཀྱི་སྒོ་ནས་ཀྱང་དབྱེ་བ་མཛད་པར་ཟད་ཀྱི་དེ་གཉིས་ཁྱད་པར་གཞན་ཡང༌། མདོ་རྒྱན་གྱི་དགོངས་པ་ལྟར། ཡིད་བཞིན་རིན་པོ་ཆེའི་མཛོད་དུ། ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་ཡོད་པར་གསུངས་པ་སོགས་མཐའ་ཡས་ཀྱང་གནད་བསྡུ་ན། ལྟ་བ་བདག་མེད་གཉིས་རྫོགས་མ་རྫོགས་དང༌། སྒོམ་པ་ཐབས་ཤེས་ཁྱད་པར་ཅན་ཡིན་མིན་དང༌། སྤྱོད་པ་ཕྱིན་དྲུག་དང་ལྡན་མི་ལྡན་དང༌། འབྲས་བུ་བྱང་ཆུབ་ཆེན་པོ་སྒྲུབ་མི་སྒྲུབ་ཀྱི་སྒོ་ནས་ཁྱད་པར་ཤིན་ཏུ་ཆེ་བར་བཞེད་དེ། ཀུན་མཁྱེན་ཆོས་རྗེས།
ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང༌། །
སྒོམ་པ་འོད་གསལ་ཕྱོགས་ཆོས་སུམ་ཅུ་བདུན། །
སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག།
འབྲས་བུ་བླ་མེད་བྱང་ཆུབ་སྒྲུབ་རྣམས་ཡིན། །ཞེས་གསུངས་པ་ལྟར་རོ། །
ཐེག་པ་གོང་འོག་གི་ལྟ་གྲུབ།
གཉིས་པ་བྱེ་བྲག་ལྟ་གྲུབ་ལ་ཐེག་པ་གོང་འོག་ལྟ་གྲུབ་དང༌། །ཁྱད་པར་མདོ་སྔགས་ལྟ་བའི་ཤན་འབྱེད་གཉིས། །དང་པོ་ནི།
ཁ་ཅིག་ཐེག་པ་གོང་འོག་གཉིས། །
ལྟ་གྲུབ་འགལ་བར་སྨྲ་བ་དང༌། །
ཡང་ཅིག་ལྟ་བ་ཁྱད་མེད་ལ། །
སྤྱོད་འབྲས་ཁྱད་པར་ཅིར་ཡང་སྨྲ། །
སྔ་འགྱུར་མཁས་པའི་རང་བཞེད་ནི། །
ལྟ་གྲུབ་ཐེག་པའི་རིམ་པ་དག །
རིམ་དང་ཅིག་ཆར་ཚུལ་གྱིས་སུ། །
གོང་འོག་ཁྱད་པར་དཔག་ཡས་བཞེད། །
དེ་ཕྱིར་གྲུབ་མཐའ་སྨྲ་བ་བཞི། །
བཀའ་རྟགས་ཕྱག་རྒྱ་ཁས་ལེན་མཐུན། །
འོན་ཀྱང་གསལ་རྒྱས་རྫོགས་ཚུལ་ལས། །
ལྟ་གྲུབ་གོང་འོག་ཁྱད་པར་ཆེ། །
ཞེས་སོགས་ཏེ། གྲུབ་མཐའ་འཛིན་པ་ཁ་ཅིག་ཐེག་པ་གོང་མ་དང་འོག་མ་གཉིས་ཀྱི་གྲུབ་མཐའི་གཞུང་གི་ལྟ་གྲུབ་ནི་ཤིན་ཏུ་འགལ་བའི་སྒོ་ནས་ཐེག་པ་འོག་མའི་གཞུང་ལུགས་ལ་ཐར་པ་མེད་པར་སྨྲ་བ་དང༌། ཡང་ཁ་ཅིག་ལམ་གྱི་རྟོགས་པ་ཐོབ་པའི་གང་ཟག་ནི་ཐེག་དམན་གྱི་གང་ཟག་ཤཱ་རིའི་བུ་ལྟ་བུ་དང༌། ཐེག་པ་ཆེན་པོའི་བྱང་སེམས་ས་བཅུ་པ་ལ་གནས་པ་གཉིས་རྟོགས་རིགས་ཀྱི་ལྟ་བ་ལ་ཁྱད་པར་མེད་པར་འཕགས་གསུམ་རྟོགས་རིགས་གཅིག་ཏུ་འདོད་ལ། འོན་ཀྱང་སྤྱོད་པ་ཕྱིན་དྲུག་དང་ལྡན་མི་ལྡན་དང༌། འབྲས་བུ་ཐེག་པ་ཆེ་ཆུང་གི་མྱང་འདས་ཐོབ་མི་ཐོབ་ཀྱི་ཁྱད་ཡོད་པར་བཞེད་པ་སོགས་ཅིར་ཡང་སྨྲའོ། །དེ་དག་གི་ཚུལ་རྒྱས་པར་ཤེས་རབ་ལེའུའི་རིང་སོང་གི་སྐབས་དང་འབྲེལ་བའི་བརྒལ་ལན་རྣམས་སུ་རྒྱས་པར་འབྱུང་ངོ༌། །
དེ་ལ་སྔ་འགྱུར་མཁས་པའི་དབང་པོ་རྣམས་ཀྱི་རང་བཞེད་ནི་གྲུབ་མཐའ་གོང་འོག་གི་ལྟ་གྲུབ་དང་ཐེག་པའི་རིམ་པ་དག་ནི་བདག་མེད་གཏན་ལ་འབེབས་ཤིང་དེའི་དོན་སྒོམ་པའི་ཆ་ནས་ཐེག་པ་གོང་འོག་འགལ་བ་ཡང་མིན་མོད། འོན་ཀྱང་ལམ་རིམ་གྱིས་པའི་སྒོ་ནས་ལྟ་བ་གང་ཟག་གི་བདག་མེད་ཙམ་གཏན་ལ་འབེབས་ཤིང་དེའི་དོན་སྒོམ་སྟེ་འབྲས་བུ་མྱང་འདས་ཙམ་སྒྲུབ་པར་བྱེད་པ་ཐེག་དམན་དང༌། དེ་ལ་ལྟོས་ནས་ལམ་ཅིག་ཅར་བའི་ཚུལ་གྱིས་ལྟ་བ་བདག་མེད་གཉིས་གཏན་ལ་ཕབ་སྟེ། དེའི་དོན་སྒོམ་པའི་སྒོ་ནས་མཐར་འབྲས་བྱང་ཆུབ་ཆེན་པོ་སྒྲུབ་པར་བྱེད་པ་ཐེག་པ་ཆེན་པོ་སྟེ། ཐེག་པ་གོང་འོག་གི་ཁྱད་པར་ཡང་དཔག་ཡས་ཡོད་པར་བཞེད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཐེག་པ་གོང་འོག་ཙམ་དུ་མ་ཟད་སྤྱིར་གྲུབ་མཐའ་སྨྲ་བ་བཞི་པོ་ཡང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པར་མཐུན་ཞིང་འོག་མ་གོང་མའི་ལམ་སྟེགས་སུ་གྱུར་པས་མི་འགལ་མོད། འོན་ཀྱང་ལྟ་བ་གཏན་ལ་འབེབས་སྐབས་གསལ་རྒྱས་རྫོགས་པའི་ཚུལ་དུ་གཏན་ལ་འབེབ་ནུས་མི་ནུས་ཀྱི་ཁྱད་པར་ལས། ལྟ་གྲུབ་གོང་འོག་བཞི་པོའི་ཁྱད་པར་ཡང་ཤིན་ཏུ་ཆེ་བར་བཞེད་དོ། །
མདོ་སྔགས་ལྟ་བའི་ཁྱད་པར།
གཉིས་པ་མདོ་སྔགས་ལྟ་བའི་ཁྱད་པར་ནི།
མདོ་སྔགས་ཐབས་ཀྱི་ཁྱད་པར་ལས། །
ལྟ་བ་ཁྱད་མེད་གཞན་དག་སྨྲ། །
ལྟ་བ་བདག་མེད་སྟོང་རྐྱང་ལས། །
སྣང་ཆ་འོད་གསལ་མེད་པས་ལན། །
རང་བཞེད་མདོ་སྔགས་ཐེག་པའི་ཚུལ། །
སྟོང་ཆ་ཆོས་དབྱིངས་ཁྱད་མེད་ཀྱང༌། །
སྣང་ཆ་འོད་གསལ་ལྷུན་གྲུབ་ཀྱི། །
ལྟ་བའི་ཁྱད་པར་གནམ་ས་ཙམ། །
རྒྱུ་ཡི་ཐེག་པའི་འོད་གསལ་གྱི། །
སེམས་ཉིད་བདེ་གཤེགས་སྙིང་པོ་དང༌། །
སྔགས་ཀྱི་འོད་གསལ་ལྷུན་གྲུབ་གཉིས། །
གསལ་རྒྱས་རྫོགས་པའི་ཁྱད་པར་ཆེ། །
མདོར་ན་རྒྱུ་ཡི་གྲུབ་མཐའ་བཞི། །
བདག་མེད་རྫོགས་ཚུལ་ཟབ་ཁྱད་ཡོད། །
གསང་སྔགས་རྒྱུད་སྡེ་རྣམ་པ་བཞི། །
ལྟ་བ་ལྷུན་གྲུབ་ཟབ་ཁྱད་ཆེ། །
དེ་ཡི་གནད་གསང་མཐར་ཐུག་དོན། །
ལྟ་བ་སྣང་སྟོང་འགལ་མེད་མཆོག།
ཟུང་འཇུག་མཐའ་བྲལ་ཆེན་པོའི་དོན། །
རིམ་དང་ཅིག་ཆར་རྫོགས་ཚུལ་ལགས། །
གང་དག་སྣང་སྟོང་འགལ་འདུ་ཅན། །
སྟོང་ཉིད་བདེན་སྟོང་དངོས་མེད་ཙམ། །
གང་འདོད་དེ་དག་མདོ་རྒྱུད་ཀྱི། །
ལྟ་བའི་རྣམ་དབྱེ་འཆད་པར་དཀའ། །
ཞེས་སོགས་ཏེ། མདོ་སྔགས་གཉིས་པོ་ལ་ཐབས་ཀྱི་ཆ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཟིན་མ་ཟིན་ཙམ་གྱི་ཁྱད་པར་ལས་ལྟ་བ་ལ་ཁྱད་པར་ཅི་ཡང་མེད་དོ་ཞེས་མཁས་དབང་གཞན་དག་རྣམས་སྨྲ་བར་སྣང་ངོ༌། །ཚུལ་འདི་ནི་མདོ་སྔགས་གཉིས་ཀྱི་སྐབས་སུ་དབུ་མ་ནས་བསྟན་པའི་ལྟ་བ་བདག་མེད་སྟོང་རྐྱང་ཙམ་ལས་སྔགས་ཀྱི་སྐབས་སུ་ཡང་གཞི་ཡི་སྣང་ཆ་འོད་གསལ་བའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སོགས་འཆད་དུ་མེད་པས་ལན་པ་ཡིན་ནོ། །
སྔ་འགྱུར་རྙིང་མའི་རང་བཞེད་ནི། མདོ་དང་སྔགས་ཀྱི་ཐེག་པའི་ཚུལ་གྱི་ལྟ་བའི་ཁྱད་པར་ཡང་སྟོང་ཆ་ཆོས་དབྱིངས་ཙམ་གྱི་ངོས་ནས་གཞལ་ན་ཁྱད་མེད་དེ་དབུ་མ་ཆེན་པོའི་སྐབས་ཀྱི་དོན་དམ་སྟོང་པ་ཆེན་པོ་དང༌། མ་ཧཱ་ཡོ་གའི་ལུགས་ཀྱི་དོན་དམ་མཉམ་པ་ཆེན་པོ། ཨ་ནུ་ཡོ་གའི་དོན་དམ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར། ཨ་ཏི་ཡོ་གའི་དོན་དམ་ཀ་དག་ཆེན་པོ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཙམ་སྟེ། སྔ་འགྱུར་གྱི་བཀའ་དང་དགོངས་འགྲེལ་སྤྱི་དང༌། ཁྱད་པར་ངེས་སྒྲོན་རིན་པོ་ཆེར། འཕགས་ཡུལ་དཔལ་ལྡན་ཟླ་བ་དང༌། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོར་བསྒྲུབ། །ཅེས་དང༌། འདི་དང་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཙམ། །ཞེས་དང༌། གསང་བ་སྙིང་པོའི་སྤྱི་དོན་སོགས་སུ་ལུང་མཐའ་ཡས་ཤིང༌། རིགས་པས་ཀྱང་གྲུབ་པའི་ཕྱིར་རོ། །འདི་ལ་དགོངས་ཏེ། ས་པཎ་གྱིས། ཕ་རོལ་ཕྱིན་པའི་ལྟ་བ་ལས། །ལྷག་པའི་ལྟ་ཞིག་ཡོད་གྱུར་ན། །ཞེས་སོགས་གསུངས་སོ། །འོན་ཀྱང་སྣང་ཆ་ནས་གཞལ་ན་དཔལ་མ་ཧཱ་ཡོ་གའི་ལུགས་ཀྱི་སྣང་ཆ་འོད་གསལ་བའི་རང་བཞིན་ཀུན་རྫོབ་དག་པ་ཆེན་པོའི་ལྟ་བ་དང༌། ཨ་ནུ་ཡོ་གའི་ལྟ་བ་སྣང་ཆ་ནས་ཀུན་ཏུ་བཟང་པོ་གདན་གསུམ་ལྷ་ཡི་དཀྱིལ་འཁོར། ཨ་ཏི་ཡོ་གའི་ལྟ་བ་ཟབ་མོ་གཞི་སྣང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རྣམས་ནི། མཚན་ཉིད་ཐེག་པར་མིང་ཡང་མ་གྲགས་པས་ན་མདོ་སྔགས་ཀྱི་ལྟ་བའི་ཁྱད་པར་གནམ་ས་ཙམ་ཡོད་པར་རྙིང་གཞུང་སྤྱི་དང་བྱེ་བྲག་མི་ཕམ་ཆོས་རྗེའི་གསུང་རྣམས་སུ་རྒྱ་ཆེར་འབྱུང་བ་ལྟར་རིགས་པས་ཀྱང་སྒྲུབ་ནུས་པའི་ཕྱིར་རོ། །དེ་ཙམ་དུ་མ་ཟད་རྒྱུད་སྡེ་འོག་མ་བྱ་རྒྱུད་ཀྱི་ལུགས་ལ་ཡང་ཀུན་རྫོབ་སྣང་ཆ་ལྷའི་དཀྱིལ་འཁོར་དུ་བསྒྱུར་ན་བསྒྱུར་རུང་དུ་ངེས་པའི་ལྟ་བ་མདོ་ལམ་ན་མེད་པའི་ཕྱིར་རོ། །དེ་ལ་ཀུན་རྫོབ་ཀྱི་ངོས་ནས་ལྟ་བ་མིན་པར་སྨྲ་བ་ནི་སྔར་ནས་བསལ་ཟིན་ཏོ། །
ཚུལ་འདི་ལ་ཁ་ཅིག ཤེས་བྱ་ཆོས་ཅན། མདོ་ལས་སྔགས་ཀྱི་ལྟ་བ་སྣང་ཆ་འོད་གསལ་གྱི་སྒོ་ནས་ཁྱད་པར་འཕགས་པར་བཤད་པ་མི་འཐད་པར་ཐལ། དེ་འདྲ་མདོ་ལས་ཀྱང་བཤད་པའི་ཕྱིར་ཏེ། ངེས་དོན་བདེ་གཤེགས་སྙིང་པོ་དེ་དེ་ཡིན་པའི་ཕྱིར་ཞེ་ན། དེ་ཙམ་ལ་ཁྱབ་པ་མེད་དོ། །སྙིང་པོའི་མདོ་བཅུ་དང༌། རྒྱུད་བླ་མ་སོགས་རྒྱུ་ཡི་ཐེག་པའི་སྐབས་ཀྱི་སྣང་ཆ་འོད་གསལ་གྱི་རང་བཞིན་སེམས་ཉིད་བདེ་གཤེགས་སྙིང་པོ་དང༌། སྔགས་ཀྱི་རྒྱུད་སྡེ་སྤྱིའི་ལུགས་ཀྱི་སྣང་ཆ་འོད་གསལ་དང༌། ཨ་ཏི་ཡོ་གའི་སྣང་ཆ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཏེ། མདོ་སྔགས་ཀྱི་འོད་གསལ་གཉིས་པོ་ལ་གསལ་རྒྱས་རྫོགས་པའི་ཁྱད་པར་ཡོད་པའི་ཕྱིར། མ་གྲུབ་ན།
གསལ་བའི་ཁྱད་པར་ཡོད་དེ་སྔགས་ཀྱི་ཐེག་པར། སྔོན་བྱུང་དངོས་ལྔའི་གཏན་ཚིགས་དང་རྗེས་འཇུག་ཚུལ་ལྔའི་གཏན་ཚིགས་སོགས་ཀྱིས་སྣང་བ་ལྷའི་དཀྱིལ་འཁོར་དུ་གསལ་བར་བསྟན་པའི་ཕྱིར་དང༌།
རྒྱས་པའི་ཁྱད་པར་ཡོད་དེ། སྔགས་ཀྱི་ཐེག་པར་ཕུང་ཁམས་སྐྱེ་མཆེད་སོགས་རྟོག་ཚོགས་ཐམས་ཅད་རེ་རེ་ནས་ལྷའི་དཀྱིལ་འཁོར་དུ་རྒྱས་པར་བཀྲལ་བའི་ཕྱིར།
རྫོགས་པའི་ཁྱད་པར་ཡོད་དེ། སྔགས་ཀྱི་ཐེག་པར་སྣང་གྲགས་རིགས་གསུམ་སོགས་གདན་གསུམ་ལྷའི་དཀྱིལ་འཁོར་དུ་རྫོགས་པར་གསུངས་པའི་ཕྱིར། དེ་འདྲའི་ཁྱད་པར་མཚན་ཉིད་ཐེག་པར་མེད་དེ། དཔེའི་སྒོ་ནས་མཚོན་ཙམ་དང༌། སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མདོར་བསྡུས་པ་ཙམ་དང༌། སེམས་ཀྱི་ཆོས་ཉིད་འོད་གསལ་བ་ཙམ་ཁོ་ན་ལས་མ་བསྟན་པའི་ཕྱིར་རོ། །འདིར་ཁ་ཅིག་མདོ་སྔགས་གཉིས་སྟོང་ཆ་ཆོས་དབྱིངས་ཀྱི་ངོས་ནས་ལྟ་བ་ལ་ཁྱད་མེད་པར་བཤད་པ་ཡང་མི་འཐད་དེ། རང་ལུགས་ཀྱི་ཡིག་ཆ་འགའ་ཞིག་ཏུ་སྟོང་པའི་ངོས་ནས་ཀྱང་ཁྱད་ཡོད་པར་བཤད་པའི་ཕྱིར་ཟེར་ཡང༌། དེ་དག་གི་དགོངས་པ་ནི། སྣང་ཆ་འོད་གསལ་གྱི་ཁྱད་པར་དུ་བྱས་ཚེ་སྟོང་ངོས་ནས་ཀྱང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་པས་ཁྱད་པར་ཡོད་པ་ལྟ་བུར་གསུངས་ཤིང་དེའི་ཚུལ་གྱིས་སྣང་སྟོང་ཟུང་འཇུག་ཆེན་པོའི་སྒོ་ནས་ཀྱང་ལྟ་བ་ལ་ཁྱད་ཡོད་པ་ལྟ་བུར་ཡང་གསུངས་པ་སོགས་ཀྱི་གནད་ཐམས་ཅད་སྐབས་འདིར་བསྟན་པའི་སྣང་ཆ་འོད་གསལ་ཀྱི་ཁྱད་དུ་བྱས་པ་ཁོ་ན་ལ་ཐུག་པས་གཞན་དུ་སེམས་པར་མི་བྱའོ། །
ཐེག་པ་གོང་འོག་གི་ལྟ་བའི་ཁྱད་པར་གྱི་གནད་མཐའ་དག་མདོར་བསྡུ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡི་གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་ནི། བྱེ་སྨྲའི་ལུགས་ཀྱི་གང་ཟག་གི་བདག་མེད་ནས་དབུ་མ་ཆེན་པོའི་ལྟ་བ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པའི་བར་གྱི་བདག་མེད་རྫོགས་ཚུལ་ལ་ཟབ་ཁྱད་ཡོད་ཅིང༌། དེ་བཞིན་དུ་གསང་སྔགས་ཀྱི་རྒྱུད་སྡེ་རྣམ་པ་བཞིའི་ལྟ་བ་སྣང་ཆ་འོད་གསལ་གྱི་ཁྱད་པར་བྱ་རྒྱུད་པས་ཀུན་རྫོབ་ལྷའི་དཀྱིལ་འཁོར་ཆེན་པོར་བསྒྲུབ་རུང་དུ་ལྟ་བ་ནས་ཨ་ཏི་ཡོ་གའི་གཞི་སྣང་ལྷུན་གྲུབ་ཆེན་པོར་ཡོངས་སུ་རྫོགས་པར་བཞེད་པའི་བར་དུ་རྒྱུད་སྡེ་གོང་འོག་གི་ལྟ་བ་ལ་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་སོ། །འདིར་ཁ་ཅིག་ལྷུན་གྲུབ་ཀྱི་ཆོས་སྐད་མ་ཧཱ་ཡོ་ག་སོགས་རྒྱུད་སྡེ་འོག་མ་རྣམས་སུ་སྦྱར་བ་འདི་མི་འཐད་ཟེར། སྔ་རྒོལ་གྱི་འབེན་མ་གཟིགས་པར་ཕྱིར་རྒོལ་གྱིས་མདའ་གང་དུ་འཕེན། ཁོ་བོས་སོ་སོར་ཤན་ཕྱེས་ཏེ་རྒྱུད་སྡེ་འོག་མ་རྣམས་སུ་འོད་གསལ་དང༌། ཨ་ཏི་ཡོ་གར་ལྷུན་གྲུབ་ཅེས་འབྲུ་གཉེར་དགོས་པའི་ཆེད་དུ་སྣང་ཆ་འོད་གསལ་ལྷུན་གྲུབ་ཀྱི་ཞེས་དང༌། སྣང་ཆ་འོད་གསལ་ལྷུན་གྲུབ་གཉིས་ཞེས་གསལ་བར་ཡོད་བཞིན་དུ་མ་མཁྱེན་པ་ནི་སོ་སོར་རྟོག་པའི་ཤེས་རབ་ལྷུན་གྱིས་མ་གྲུབ་པར་འཚལ་ཞིང༌། སྤྱིར་འོག་མ་རྣམས་སུ་ལྷུན་གྲུབ་ཀྱི་ཆོས་སྐད་གཏན་ནས་མི་འབྱུང་བ་ཡང་བརྟག་པའི་གཞིར་སོང་སྟེ།
རྒྱུད་སྡེ་འོག་མར་མ་ཟད་རྒྱུད་བླ་མར་ཡང༌།
འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ཡང་མ་གཟིགས་པར་འཚལ་ལོ། །གཞན་ཡང་འདིའི་རིགས་ཀྱི་བརྒལ་བ་རྣམས་ལ་སྙིང་པོ་མ་འཚལ་བས་ལན་སྤྲོ་བར་མི་སེམས་སོ། །
མདོ་སྔགས་ཀྱི་ལྟ་བའི་ཁྱད་པར་དེ་དང་དེ་ཡི་གནད་གསང་མཐར་ཐུག་པའི་དོན་ནི། ལྟ་བ་ཟབ་མོ་སྣང་སྟོང་འགལ་མེད་མཆོག་གི་ཁྱད་པར་ཟུང་འཇུག་མཐའ་བྲལ་ཆེན་པོའི་དོན་རིམ་གྱིས་གཏན་ལ་འབེབས་པ་དང༌། རིམ་མིན་ཅིག་ཆར་རྫོགས་ཚུལ་ལས་གྱུར་པ་ལགས་སོ། །དེ་ལྟར་མིན་པར་གྲུབ་མཐའ་གང་དག་སྣང་སྟོང་འགལ་འདུ་ཅན་དུ་འཛིན་ཞིང་སྟོང་ཉིད་ཀྱི་ངོ་བོ་བདེན་སྟོང་དངོས་མེད་ཙམ་དུ་གང་འདོད་པ་དེ་དག་གིས་མདོ་རྒྱུད་ཀྱི་ལྟ་བའི་རྣམ་དབྱེ་ཟབ་མོ་ཤིན་ཏུ་འཆད་པར་དཀའ་བའི་གནས་སུ་སྣང་ངོ། །
བཀའ་ཡི་དྲང་ངེས།
གཉིས་པ་ཁྱད་པར་ཅན་གྱི་ལྟ་བ་ལ། །རྗོད་བྱེད་གཞུང་དང་བརྗོད་བྱ་གཞུང་དོན་གཉིས། །དང་པོ་ལ་ཡང་བཀའ་ཡི་དྲང་ངེས་དང༌། །དེ་ཡི་དགོངས་འགྲེལ་བསྟན་བཅོས་ཤན་འབྱེད་གཉིས། །དང་པོ་ནི།
རྗོད་བྱེད་འཁོར་ལོ་རྣམ་གསུམ་གྱི། །
དྲང་ངེས་རྣམ་གཞག་གཞན་དག་རྣམས། །
དང་པོ་དྲང་དོན་བར་པ་ངེས། །
ཐ་མ་དྲང་དོན་ཁོ་ནར་སྨྲ། །
དྲང་དོན་བརྗོད་བྱ་ཐ་སྙད་དུ། །
མེད་པའི་ཆོས་སུ་ཁྱབ་མཐའ་འཆའ། །
ཚུལ་དེས་མདོ་རྒྱུད་ཟབ་མོའི་དོན། །
གཤེགས་སྙིང་ལ་སོགས་གཏན་མེད་སྨྲ། །
ཁ་ཅིག་འཁོར་ལོ་དང་པོ་དང༌། །
བར་པ་ཡང་ནི་དྲང་དོན་ཉིད། །
ཐ་མ་ཁོ་ན་ངེས་དོན་ཏེ། །
དེ་ཡི་བརྗོད་བྱ་བདེན་གྲུབ་སྨྲ། །
རང་བཞེད་ཚད་མ་རྣམ་གཉིས་ཀྱིས། །
གཞལ་བྱ་འཁོར་ལོ་གསུམ་གྱི་མདོའི། །
བརྗོད་བྱ་བདེན་གཉིས་དབྱེ་ཚུལ་ལས། །
དྲང་ངེས་ཚུལ་གཉིས་འདི་ལྟར་བཞེད། །
དོན་དཔྱོད་ཚད་མའི་རྙེད་དོན་མཆོག །
སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས། །
སྟོང་ཉིད་དོན་དམ་དངོས་བསྟན་གྱི། །
འཁོར་ལོ་བར་པ་ངེས་དོན་དང༌། །
རྣམ་དག་ཚད་མའི་རྙེད་དོན་མཆོག །
གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །
འོད་གསལ་དོན་དམ་དངོས་བསྟན་གྱི། །
འཁོར་ལོ་ཐ་མ་ངེས་དོན་བཞེད། །
བརྗོད་བྱ་སྣང་སྟོང་ཁྱད་པར་ལས། །
དྲང་ངེས་རྣམ་པར་དབྱེ་ཚུལ་གྱིས། །
འཁོར་ལོ་བར་ཐའི་ངེས་དོན་དག །
དབྱེ་ཚུལ་ཁྱད་པར་འགལ་མེད་བཞེད། །
དེ་ལྟར་སྔ་འགྱུར་མཁས་པའི་ལུགས། །
དྲང་ངེས་འབྱེད་ཚུལ་ཁྱད་པར་ཅན། །
མདོ་དང་བསྟན་བཅོས་དགོངས་ཟབ་དོན། །
ཁོ་བོའི་དྲང་ངེས་ལྡེའུ་མིག་ལྟོས། །
ཞེས་སོགས་ཏེ། རྗོད་བྱེད་བཀའ་འཁོར་ལོ་གསུམ་གྱི་དྲང་ངེས་ཀྱི་རྣམ་གཞག་ལ་ཡང་མཁས་པ་གཞན་དག་རྣམས་ཀྱིས། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དྲང་དོན། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ངེས་དོན། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དྲང་དོན་ཁོ་ན་ཡིན་པར་སྨྲ་བ་དང༌། དྲང་དོན་གྱི་བརྗོད་བྱ་ཡིན་ན་ཐ་སྙད་དུ་ཡང་མེད་པའི་ཆོས་སུ་ཁྱབ་མཐའ་འཆའ་ཆོག་པ་ལྟ་བུར་སེམས་ཤིང༌། ཚུལ་དེའི་དབང་གིས་མདོ་རྒྱུད་ཟབ་མོའི་བསྟན་དོན་བདེ་གཤེགས་སྙིང་པོའི་སྣང་ཆ་འོད་གསལ་བའི་ཆ་དང༌། ཀུན་གཞི་ལ་སོགས་པ་ཐ་སྙད་དུ་ཡང་མེད་དེ་དྲང་དོན་གྱི་བརྗོད་བྱ་ཡིན་པའི་ཕྱིར་ཞེས། གཏན་མེད་དུ་སྨྲ་བར་བྱེད་དོ། །
ཡང་ཁ་ཅིག་ནི། བཀའ་འཁོར་ལོ་དང་པོ་དང་དེ་ཙམ་དུ་མ་ཟད་བཀའ་འཁོར་ལོ་བར་པ་ཡང་དྲང་དོན་ཉིད་དུ་སྨྲ་བར་བྱེད་ཅིང༌། བཀའ་འཁོར་ལོ་ཐ་མ་ཁོ་ན་ངེས་དོན་དུ་འཆད་དེ། ད་དུང་དེ་ཡི་བརྗོད་བྱ་བདེ་གཤེགས་སྙིང་པོ་རང་གི་ངོ་བོས་མི་སྟོང་པའི་བདེན་གྲུབ་ཉིད་དུ་སྨྲ་བར་བྱེད་དོ། །
འདིར་ཁ་ཅིག་དེ་ལྟར་འདོད་དགོས་ཏེ་སློབ་དཔོན་ཐོགས་མེད་དྲང་ངེས་འབྱེད་པར་ལུང་བསྟན་པ་གང་ཞིག་དེའི་རྗེས་སུ་འབྲང་དགོས་པའི་ཕྱིར་ཟེར། གནད་དོན་མ་གོ་བར་ཁྱོད་ཅི་ཟེར། སློབ་དཔོན་ཐོགས་མེད་ཀྱིས་དྲང་ངེས་སྣ་ཚོགས་འབྱེད་པར་ལུང་བསྟན་པ་ལྟར་བཀའ་ཐ་མ་ལ་དབུ་སེམས་ཀྱི་མདོ་སོ་སོར་ཕྱེས་ཏེ་དགོངས་པ་ངེས་འགྲེལ་སོགས་སེམས་ཙམ་མདོ་བཞིའི་རྗེས་སུ་འབྲངས་ནས་རྒྱ་ཆེན་སྤྱོད་པའི་སྲོལ་ཕྱེ་ཞིང་དེའི་ལུགས་ཀྱི་མཚན་ཉིད་གསུམ་བརྗོད་བྱའི་གཙོ་བོར་སྟོན་པ་དང༌། མཐར་ཐུག་ཐེག་པ་གསུམ་དུ་བསྟན་པའི་མདོ་རྣམས་ངེས་དོན་དུ་བཞེད་ཅིང༌། དེ་ལས་ལྡོག་པ་དྲང་དོན་དུ་བཞེད། གཟུངས་དབང་རྒྱལ་པོས་ཞུས་པའི་མདོ་སོགས་སྙིང་པོའི་མདོ་བཅུའི་རྗེས་སུ་འབྲངས་ནས་དེའི་དགོངས་འགྲེལ་རྒྱུད་བླ་མའི་གཞུང་རྩ་བའི་འགྲེལ་པ་མཛད་དེ། དེའི་ལུགས་ཀྱི་རིགས་ཁམས་སྙིང་པོའི་ཆོས་བརྗོད་བྱའི་གཙོ་བོར་བསྟན་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་མདོ་སྡེ་རྣམས་ངེས་དོན་དང༌། དེ་ལས་ལྡོག་པ་དྲང་དོན་དུ་བཞེད་ཀྱང་ཚུལ་དེས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་པའི་དྲང་ངེས་ཀྱི་རི་མོ་སྲུབ་པར་ཡང་མ་མཛད་ཅིང༌། དབུ་སེམས་སོ་སོའི་ལུགས་ཀྱི་དྲང་ངེས་གཅིག་ཏུ་བསྲེས་ཏེ་ངེས་དོན་བདེ་གཤེགས་སྙིང་པོ་བདེན་གྲུབ་ཏུ་བསྟན་པ་ཡང་མེད་ན་ཅི་ཟེར། དཔྱད་པ་རྫོགས་དགོས་པར་མངོན་ནོ། །
སྔ་འགྱུར་རྙིང་མའི་རང་བཞེད་ནི་སྤྱིར་དྲང་ངེས་ཀྱི་མཚན་ཉིད། སྒྲ་ཇི་བཞིན་པའི་བསྟན་དོན་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བ་དེ་དྲང་དོན་དང༌། དེ་ལས་ལྡོག་པ་ངེས་དོན་དུ་བཞེད་དེ། སྔ་འགྱུར་གྱི་གཞུང་ལུགས་རྣམས་ཀྱི་དགོངས་གནད་བསྡུས་ཏེ་བསྟན་པ་འཇམ་མགོན་རིན་པོ་ཆེའི་དོན་རྣམ་ངེས་ལས།
དགོངས་གཞི་གང་ལ་དགོངས་ནས་སུ། །ལྡེམ་དགོངས་དགོངས་པ་བརྒྱད་ལྟ་བུ། །
སྒྲ་ཇི་བཞིན་ལ་ཚད་མ་ཡིས། །གནོད་གང་དགོས་ཕྱིར་གསུངས་པ་ཡང༌། །
ཡོད་ཕྱིར་གྲུབ་མཐའ་བཞི་དག་ནི། །ཞེས་སོགས་གསུངས་པའི་ཕྱིར། མཚན་གཞི་ནི་དགོངས་ལྡེམ་དགོངས་ཀྱི་མདོ་སྡེ་རྣམས་ཡིན་ཞིང༌། དེ་དག་ཀྱང་བསྡུ་ན་གཞི་གནས་ལུགས་མཐར་ཐུག་ཡིན་མིན་གྱི་སྒོ་ནས་དང༌། ལམ་བསྒོམ་བྱ་མཐར་ཐུག་ཡིན་མིན་གྱི་སྒོ་ནས་དང༌། འབྲས་བུ་མཐར་འབྲས་མཐར་ཐུག་ཡིན་མིན་གྱི་སྒོ་ནས་དྲང་ངེས་ཀྱི་དབྱེ་ཚུལ་དང་གསུམ་ཡོད་ཀྱང༌། སྐབས་འདིར་གཞི་གནས་ལུགས་མཐར་ཐུག་ཡིན་མིན་གྱི་སྒོ་ནས་ཕྱེ་བའི་དྲང་ངེས་འཇོག་ཚུལ་ཡིན་ལ། དེ་ལ་སྤྱིར་གྲུབ་མཐའ་སྨྲ་བ་བཞི་པོ་སུ་ཡང་རུང་སྟེ། སོ་སོའི་སྐབས་ཀྱི་དོན་དམ་བརྗོད་བྱའི་གཙོ་བོར་བསྟན་པའི་མདོ་དེ་ངེས་དོན་དང༌། ཀུན་རྫོབ་བརྗོད་བྱའི་གཙོ་བོར་བསྟན་པའི་མདོ་དྲང་དོན་དུ་འཇོག་པ་གང་ཞིག་སྐབས་འདི་དབུ་མའི་གྲུབ་མཐའ་ཡིན་པས་ན། དེའི་ལུགསཀྱི་དྲང་ངེས་དབྱེ་ཚུལ། བསྟན་བཤད་བསྡུ་གསུམ་ལས། དང་པོ་འཇལ་བྱེད་དོན་དམ་དང༌། ཐ་སྙད་དཔྱོད་པའི་ཚད་མ་གཉིས་ཀྱི་སྒོ་ནས། གཞལ་བྱ་བཀའ་འཁོར་ལོ་གསུམ་གྱི་མདོ་སོ་སོའི་བརྗོད་བྱའི་ཁྱད་པར་སྣང་སྟོང་དང་གནས་སྣང་གི་སྒོ་ནས་བདེན་པ་གཉིས་སུ་དབྱེ་བའི་ཚུལ་ལས། དྲང་ངེས་འཇོག་པའི་ཚུལ་གཉིས་སུ་ཡོད་པ་འདི་ལྟར་བཞེད་དོ། །ཞེས་མདོར་བསྟན་པའོ། །
དེ་ཉིད་རྒྱས་པར་དབྱེ་ན་བརྗོད་བྱ་སྣང་སྟོང་གི་སྒོ་ནས་བཀའ་བར་པ་ངེས་དོན་དུ་བཞེད་ཚུལ་ནི། སྟོང་ཉིད་དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་ཡང་དག་མཆོག་གྱུར་ཡིན་མིན་གྱི་སྒོ་ནས་སྣང་བའི་ཆ་ཀུན་རྫོབ་ཀྱི་ཆོས་དང༌། སྟོང་པའི་ཆ་ལ་དོན་དམ་པའི་ཆོས་ཀྱི་བདེན་པ་གཉིས་སུ་དབྱེ་ཚུལ་ལས། མདོ་གང་ཞིག་སྟོང་ཉིད་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་དངོས་བསྟན་གྱི་བཀའ་འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་རྣམས་ངེས་དོན་དང༌། དེ་ལས་ལྡོག་པ་སྣང་ཆ་ཀུན་རྫོབ་བརྗོད་བྱའི་གཙོ་བོར་སྟོན་པ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལྟ་བུ་དགོངས་གཞི་ཐ་སྙད་སྣང་ཙམ་དུ་ཡོད་པ་ལ་དགོངས་ཏེ། དགོས་པ་ཉན་ཐོས་ཀྱི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཆེད་དུ་བརྗོད་བྱ་ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་ཡོད་པར་བསྟན་པ་སོགས་སྒྲ་ཇི་བཞིན་པའི་བསྟན་དོན་ལ་དོན་དཔྱོད་ཚད་མས་གནོད་པ་ཡོད་པའི་མདོ་རྣམས་དྲང་དོན་དུ་བཞེད་ཀྱི། དེ་ལས་གཞན་དུ་ཚད་མ་མ་ཕྱེ་བར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་གྱི་བརྗོད་བྱ་བདེན་བཞི་བླང་དོར་གྱི་རིམ་པ་དང༌། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་བཅས་ལྡན་དགེ་སློང་གིས་ཚུལ་ཁྲིམས་བསྲུང་ན་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་ཡིན་པར་བསྟན་པ་སོགས་དངོས་བསྟན་སྒྲ་ཇི་བཞིན་འགྲེལ་མི་རུང་བ་ཇི་ལྟ་བུ་ཡིན་སྙམ་དུ་ཅི་བྱ་བརྟོལ་མེད་དུ་གྱུར་པ་རྣམས་ནི་བཞད་གད་ཀྱི་རྒྱུར་ཟད་དོ། །
ཡང་བརྗོད་བྱ་གནས་སྣང་གི་སྒོ་ནས་བཀའ་ཐ་མ་ངེས་དོན་དུ་བཞེད་ཚུལ་ནི། རྣམ་དག་ཐ་སྙད་ཚད་མའི་རྙེད་དོན་ཡང་དག་མཆོག་གྱུར་ཡིན་མིན་གྱི་སྒོ་ནས་གནས་སྣང་མི་མཐུན་པའི་ཆ་ཀུན་རྫོབ་ཀྱི་ཆོས་དང༌། གནས་སྣང་མཐུན་པའི་ཆ་དོན་དམ་པའི་ཆོས་ཀྱི་བདེན་གཉིས་དབྱེ་ཚུལ་ལས། མདོ་གང་ཞིག་འོད་གསལ་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་དངོས་བསྟན་གྱི་བཀའ་འཁོར་ལོ་ཐ་མ་སྙིང་པོ་བསྟན་པའི་མདོ་རྣམས་ངེས་དོན་དུ་བཞེད་ཅིང༌། དེ་ལས་ལྡོག་པ་གནས་སྣང་མི་མཐུན་པའི་ཀུན་རྫོབ་བརྗོད་བྱའི་གཙོ་བོར་སྟོན་པ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལྟ་བུ། དགོངས་གཞི་མ་དག་པའི་སྣང་ཚུལ་ཙམ་ལ་དགོངས་ཏེ་དགོས་པ་ཉན་ཐོས་སོགས་འཁོར་བ་ལས་ཡིད་འབྱུང་བའི་ཆེད་དུ་བརྗོད་བྱ་ཕུང་ཁམས་སོགས་མ་དག་པའི་ཆོས་རང་བཞིན་གྱིས་ཡོད་པར་བསྟན་པ་སོགས་སྒྲ་ཇི་བཞིན་པའི་བསྟན་དོན་ལ་དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མས་གནོད་པ་ཡོད་པ་ལྟ་བུ་དྲང་དོན་དུ་འཇོག་གོ །
ཚུལ་དེས་ན་དབུ་མ་ཆེན་པོའི་ལུགས་ལ་བློ་གྲོས་མི་ཟད་པ་སོགས་ཀྱི་མདོ་དང་འཇུག་པ་རྩ་འགྲེལ་སོགས་བསྟན་བཅོས་ཆེན་པོའི་དགོངས་དོན་ལྟར་བཀའ་བར་པ་ངེས་དོན་དུ་བཞེད་པ་དང༌། གཟུངས་དབང་རྒྱལ་པོ་སོགས་ཀྱི་མདོ་དང༌། རྒྱུད་བླ་མ་སོགས་བསྟན་བཅོས་ཆེན་པོའི་དགོངས་དོན་ལྟར་བཀའ་ཐ་མའི་སྙིང་པོ་བསྟན་པའི་མདོ་རྣམས་ངེས་དོན་དུ་བཞེད་པའི་དགོངས་དོན་འགལ་མེད་གནད་གཅིག་ཏུ་རྙིང་གཞུང་སྤྱི་དང༌། བྱེ་བྲག་སྨིན་གླིང་ཆོས་རྗེས་སྡོམ་འགྲེལ་དུ་བཀའ་བར་པ་དྲང་ངེས་ཕྱེད་མའམ་རྣམ་གྲངས་ཀྱི་ངེས་དོན་དུ་བཞེད་ཅེས་འདམ་ང་ཅན་གྱི་སྒྲ་སྦྱར་ཏེ་སེམས་ཙམ་པའི་ལུགས་ལ་བཀའ་བར་པ་དྲང་ངེས་ཕྱེད་མར་འདོད་པ་དང་དབུ་མ་པའི་ལུགས་ལ་ངེས་དོན་དུ་བཞེད་པའི་ཚུལ་གཉིས་སུ་ཡོད་པར་དོན་གྱིས་བསྟན་ཅིང་མདོར་ན་དབུ་མ་ཆེན་པོའི་ལུགས་ལ་བཀའ་བར་ཐ་གཉིས་ཀ་ངེས་དོན་དུ་བཞེད་པ་དང༌།
ཁྱད་པར་ཀུན་མཁྱེན་ཆེན་པོ་སོགས་སྔ་འགྱུར་བའི་མཁས་དབང་རྣམས་ཀྱིས་གཞུང་དོན་ཇི་ལྟ་བ་བཞིན་དུ་སྟོང་ཐུན་སེང་གེའི་ང་རོར་བཀའ་བར་ཐ་གཉིས་ཀ་སྤྱིར་ངེས་དོན་གྱི་མདོ་ཡིན་པར་གསུངས་ཤིང༌། དེ་ཡང་བཀའ་ཐ་མར་གཏོགས་ཚད་མིན་ཡང་སྙིང་པོ་བསྟན་པའི་མདོ་ངེས་དོན་དུ་གསུངས་པ་རྣམས་ཀྱི་དགོངས་པ་སྐབས་འདིར་དཔྱིས་ཕྱིན་པར་བཤད་རུང་གནད་ཀྱི་དཔྱད་པ་མ་རྫོགས་ཤིང་རྟོན་པ་བཞི་གོ་ལྡོག་ཏུ་གྱུར་པ་དག་གིས་ཅ་ཅོ་སྣ་ཚོགས་འདོན་རུང་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་གཞུང་དང་ཁྱད་པར་མི་ཕམ་ཆོས་རྗེས་བཤད་པའི་དྲང་ངེས་ཀྱི་རྣམ་གཞག་རྣམས་འགོག་པར་སྣང་བས་རེ་ཞིག་བག་ཡོད་པར་མཛོད་ཅིག་གུ། དེ་ལྟར་བསྟན་པའི་དྲང་ངེས་ཀྱི་གནད་དོན་བསྡུ་བ་ནི། མདོར་ན་བཀའ་བར་ཐ་གཉིས་ཀྱི་བརྗོད་བྱ་སྣང་ཆ་བདེ་གཤེགས་སྙིང་པོ་དང་སྟོང་ཆ་ཆོས་ཀྱི་དབྱིངས་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་མཛད་ཚུལ་གྱི་ཁྱད་པར་ལས། དྲང་ངེས་རྣམ་པར་དབྱེ་བའི་ཚུལ་གྱི་སྒོ་ནས་བཀའ་འཁོར་ལོ་བར་པ་ངེས་དོན་དུ་འཇོག་པ་དང་ཐ་མ་ངེས་དོན་དུ་འཇོག་པའི་རང་བཞིན་དག་ནི་གནས་སྐབས་བརྗོད་བྱ་གཙོ་ཆེ་ཆུང་གི་སྒོ་ནས་སོ་སོར་དབྱེ་ཚུལ་གྱི་ཁྱད་པར་ཙམ་ལས། མཐར་ཐུག་གི་དོན་ལ་གཉིས་ཀའང་ངེས་དོན་གྱི་མདོར་འགལ་མེད་གནད་གཅིག་ཏུ་བཞེད་པ་ལགས་སོ། །ཚུལ་འདི་ལ་ལུང་སྦྱོར་ཤིན་ཏུ་མང་ཡང་ཡིག་ཚོགས་ཀྱི་ངལ་བས་རེ་ཞིག་སྤྲོ་བར་མ་བྱས་སོ། །དེ་ལྟར་སྔ་འགྱུར་མཁས་པའི་ལུགས་ཀྱི་དྲང་ངེས་དབྱེ་ཚུལ་ཁྱད་པར་ཅན་དུ་གྱུར་པ་རྣམས་ནི། བཀའ་ཐེག་ཆེན་གྱི་མདོ་དང་དེ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས་ཀྱི་དགོངས་པ་ཟབ་མོའི་དོན་བཞིན་ཁོ་བོའི་དྲང་ངེས་ལྡེའུ་མིག་ཏུ་གསལ་བར་ཡོད་པས་ལྟོས་ཤིག་ཅེས་ཁ་འཕངས་པའོ། །
དགོངས་འགྲེལ་བསྟན་བཅོས་ཤན་འབྱེད།
གཉིས་པ་དགོངས་འགྲེལ་བསྟན་བཅོས་བཞེད་ཚུལ་གྱི་ཤན་འབྱེད་ནི།
བསྟན་བཅོས་རྣམ་གཞག་གཞན་དག་རྣམས། །
རྒྱུད་བླའི་དངོས་བསྟན་དྲང་དོན་ལོ། །
སྣང་ཆ་འོད་གསལ་སྤངས་པ་ཡི། །
སྟོང་རྐྱང་རིགས་སུ་འདོད་དང་བསྟུན། །
རང་བཞེད་རྒྱུད་བླ་ཐལ་འགྱུར་ཆེའི། །
དགོངས་དོན་སྣང་ཆ་འོད་གསལ་མཆོག །
རྩལ་སྟོན་ཟབ་དོན་སྙིང་པོའི་མདོའི། །
དགོངས་འགྲེལ་ངེས་དོན་བླ་མེད་བཞེད། །
མངོན་རྟོགས་རྒྱན་གཞུང་མཐའ་གཅིག་ཏུ། །
གཞན་དག་རང་རྒྱུད་གཞུང་དུ་འཆད། །
རྒྱུ་མཚན་གཙོ་བོ་རྣམ་བརྒྱད་ཀྱི། །
དམ་བཅའ་ཉམས་ཀྱིས་དོགས་པར་ཟད། །
སྔ་འགྱུར་རང་བཞེད་མི་ཕམ་རྗེས། །
ཐལ་རང་ཕྱི་མོའི་གཞུང་ཉིད་དུ། །
དངོས་སྟོབས་རིགས་པའི་འཕྲུལ་དང་བཅས། །
བརྒལ་ལན་སོགས་སུ་ཆེས་ཆེར་བསྒྲུབས། །
དེང་དུས་རྙིང་མར་སྨྲ་རྣམས་ཀྱང༌། །
རྒྱུ་མཚན་མེད་པར་གཞན་རྗེས་བཟློ། །
རང་བཞེད་སྔ་རབས་མཁས་པའི་ལུགས། །
མ་ཕམ་དགོངས་པའི་རྒྱན་དུ་བྲིས། །
གཞན་དག་དབུ་མར་རང་རྒྱུད་གཞུང༌། །
ཐལ་འགྱུར་ཆེན་པོའི་འགལ་ཟླར་སྨྲ། །
རང་བཞེད་མི་ཕམ་ཆོས་རྗེ་ཡིས། །
ཐལ་འགྱུར་ཆེན་པོའི་ལམ་སྟེགས་བཞེད། །
ཅེས་སོགས་ཏེ། དགོངས་འགྲེལ་བསྟན་བཅོས་ཀྱི་རྣམ་གཞག་བཞེད་ཚུལ་ཡང་མཁས་པའི་དབང་པོ་གཞན་དག་རྣམས་ཀྱིས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་སྤྱིར་ཐེག་ཆེན་ཐལ་འགྱུར་པའི་གཞུང་དུ་བཞེད་ཀྱང་དེ་དངོས་བསྟན་གྱི་བརྗོད་བྱ་དྲང་དོན་ཡིན་ཏེ། འདི་ཡི་དགོངས་གཞི་སྟོང་ཉིད་དེ་ཞེས་སོགས་ཀྱི་ཕྱིར་ཞེས་འཆད་དེ། །ལོ་ཞེས་གཞན་འདོད་བརྗོད་པའི་ཚིག་གི་རྒྱན་ཙམ་དུ་སྦྱར་བ་སྟེ། དེ་ལྟར་འཆད་དགོས་པའི་རྒྱུ་མཚན་ཡང་ཐེག་པ་ཆེན་པོའི་ལུགས་ལ་སྣང་ཆ་འོད་གསལ་སྤངས་ཤིང་ཁས་མི་ལེན་པ་ཡི་བདེན་སྟོང་མེད་དགག་རྐྱང་པ་ཞིག་རིགས་སུ་འདོད་ཅིང་ཁས་ལེན་པའི་གྲུབ་མཐའ་དང་བསྟུན་པར་མཛད་པ་ཙམ་དུ་སྣང་ངོ༌། །
སྔ་འགྱུར་རྙིང་མའི་རང་བཞེད་ནི། བྱམས་པའི་ཆོས་སྡེ་ལྔའི་ཡ་གྱལ་རྒྱུད་བླ་མའི་བསྟན་བཅོས་ནི་ཐེག་ཆེན་ཐལ་འགྱུར་ཆེན་པོའི་དགོངས་དོན་རིགས་ཁམས་བདེ་གཤེགས་སྙིང་པོའི་སྣང་ཆ་འོད་གསལ་མཆོག་གི་ཁྱད་པར་རྩལ་དུ་བཏོན་པ་བཀའ་ཐ་མའི་བྱེ་བྲག་སྙིང་པོའི་མདོ་བཅུའི་དགོངས་འགྲེལ་དུ་གྱུར་པའི་ངེས་དོན་བླ་ན་མེད་པར་བཞེད་དོ། །
འོ་ན་འདི་ཡི་དགོངས་གཞི་སྟོང་ཉིད་དེ་ཞེས་སོགས་གསུངས་པ་མ་ཡིན་ནམ་ཞེ་ན། ལུང་དེའི་དོན་ནི་སྣང་ཆ་ནས་ནམ་མཁའི་གོས་ཅན་པའི་ལུགས་ལྟར་མ་ཡིན་པར་རང་བཞིན་འོད་གསལ་བའི་ཡོན་ཏན་མཁྱེན་བརྩེ་ནུས་གསུམ་གྱི་ཁྱད་པར་དུ་བྱས་པ་དེ་ཡང༌། སྟོང་ཆ་ནས་མུ་སྟེགས་བྱེད་ཀྱི་བདག་ལྟར་མ་ཡིན་པར་ངོ་བོ་སྟོང་པ་ཆེན་པོ་རྣམ་ཐར་སྒོ་གསུམ་གྱི་ཁྱད་པར་དུ་བྱས་པ་དང་དབྱེར་མེད་པ་ལ་དགོངས་ཏེ་གསུངས་པའི་དོན་ཡིན་གྱི། དངོས་བསྟན་དྲང་དོན་དུ་སྟོན་པའི་ཚིག་མ་ཡིན་ཏེ། དགོངས་གཞི་དང་དགོས་པའི་ཁྱད་པར་གཞུང་གི་དྲང་དོན་དུ་འཇོག་པའི་རྒྱུ་དངོས་ལ་གནོད་བྱེད་ཀྱི་ཚད་མ་མ་གསུངས་པའི་ཕྱིར་རོ། །དེ་ལྟར་འཇུག་པ་རྩ་འགྲེལ་ལས་ཀྱང་བདེ་གཤེགས་སྙིང་པོའི་རང་བཞིན་མུ་སྟེགས་བྱེད་ཀྱི་བདག་ལྟར་མ་ཡིན་པར་རྣམ་ཐར་སྒོ་གསུམ་གྱི་ཁྱད་པར་དུ་བྱས་པ་ལ་དགོངས་ཚུལ་གསུངས་པ་དང་གནད་གཅིག་ཏུ་གྱུར་པའོ། །གལ་ཏེ་དེའི་སྐབས་སུ་གཤེགས་སྙིང་ངེས་དོན་དུ་བསྟན་པའི་ཁྱད་པར་གྱི་ཐ་སྙད་ཙམ་ཡང་མེད་དོ་ཟེར་ན་དྲང་དོན་གྱི་བརྗོད་བྱ་ཡིན་ན་ཐ་སྙད་དུ་ཡང་མེད་པའི་ཁྱབ་མཐའ་འཆའ་ནུས་སམ་སྐབས་འདིར་བརྗོད་དགོས་པ་མང་ཡང་རེ་ཞིག་དེ་ཙམ་མོ། །དེ་བཞིན་དུ་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་གཞུང་ཡང་མཐའ་གཅིག་ཏུ་མཁས་དབང་གཞན་དག་ཕལ་མོ་ཆེ་དག་གིས་དབུ་མ་རང་རྒྱུད་པའི་གཞུང་དུ་འཆད་པར་མཛད་དོ། །
དེའི་རྒྱུ་མཚན་ཡང་མངོན་རྟོགས་རྒྱན་ཐལ་འགྱུར་པའི་གཞུང་དུ་ཁས་བླང་ན། དེ་དག་གི་གཞུང་ནས་བཤད་པའི་དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་ཁྱད་ཆོས་གཙོ་བོ་རྣམ་པ་བརྒྱད་ཀྱི་དམ་བཅའ་ལ་གནོད་པའི་སྒོ་ནས་ཉམས་ཀྱི་དོགས་པར་ཟད་དེ་རྟོགས་པའི་ཁྱད་པར་འཕགས་གསུམ་རྟོགས་རིགས་གཅིག་ཏུ་འདོད་པ་དང༌། སྤང་བའི་ཁྱད་པར་ས་བརྒྱད་པ་མན་ཆད་དུ་ཤེས་སྒྲིབ་མི་སྤོང་བར་འདོད་པའི་དམ་བཅའ་ལ་མངོན་རྟོགས་རྒྱན་ལས་གནོད་ཚབ་ཆེ་བ་མེད་པའི་ཕྱིར་རོ། །
སྔ་འགྱུར་བའི་རང་བཞེད་ནི། མི་ཕམ་ཆོས་རྗེས་ཐལ་རང་གཉིས་ཀྱི་ཐུན་མོང་དུ་གྱུར་པ་ཕྱི་མོའི་གཞུང་ཉིད་དུ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པའི་འཕྲུལ་དང་བཅས་ཏེ་རབ་གསལ་བརྒལ་ལན་དང༌། དམ་ཆོས་དོགས་སེལ་སོགས་སུ་རྒྱ་ཆེར་བསྒྲུབས་པར་མཛད་དེ། འཕགས་པ་གསུམ་གྱི་རྟོགས་རིགས་ལ་དཔྱད་པ་དང༌། ཤེས་སྒྲིབ་སྤོང་བའི་ས་མཚམས་ལ་དཔྱད་སྐབས་གཞན་དག་གིས་འཕགས་གསུམ་གྱི་རྟོགས་རིགས་ལ་ཁྱད་པར་ཡོད་ཚུལ་དེ་འདྲའི་རྣམ་གཞག་མངོན་རྟོགས་རྒྱན་ལས་བཤད་ཀྱང་དེ་རང་རྒྱུད་པའི་ལུགས་ཡིན་པའི་ཕྱིར་ཟེར་བ་ལ། ལན་དུ་མངོན་རྟོགས་རྒྱན་དུ་རང་རྒྱུད་པའི་གཞུང་ཁོ་ནར་མི་འགྲུབ་ཏེ་སོགས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པར་བྱམས་ཆོས་སྡེ་ལྔའི་རྣམ་གཞག་མཛད་ཚུལ་གྱིས་ཀྱང་ཤེས་ནུས་པའི་ཕྱིར་རོ། །
འོ་ན་གཞུང་དེ་དག་གིས་ཐལ་རང་ཐུན་མོང་གི་གཞུང་ཙམ་དུ་གྲུབ་ཀྱང་ཕྱི་མོའི་གཞུང་དུ་མི་འགྲུབ་སྟེ། ཕྱི་མོ་ཞེས་པ་རྩ་བ་དབྱེ་གཞིར་གྱུར་པ་ཞིག་དགོས་ན་ཐལ་རང་གཉིས་དེ་ལས་གྱེས་པ་མིན་པའི་ཕྱིར་ཟེར་ན།
དངོས་བསྟན་སྟོང་ཉིད་ཀྱི་དགོངས་འགྲེལ་རྩ་བ་ཤེས་རབ་ཀྱི་དགོངས་པ་ཐལ་རང་གི་སློབ་དཔོན་སོ་སོས་འགྲེལ་ཚུལ་མི་མཐུན་པའི་སྒོ་ནས་གཉིས་སུ་གྱེས་པས་ན་གཞུང་ཕྱི་མོའི་དབུ་མར་འཇོག་པ་བཞིན་དུ། སྦས་དོན་མངོན་རྟོགས་ཀྱི་དགོངས་འགྲེལ་མངོན་རྟོགས་རྒྱན་གྱི་དགོངས་པ་རྒྱ་བོད་གཉིས་སུ་ཐལ་རང་གི་སློབ་དཔོན་སོ་སོས་འགྲེལ་ཚུལ་མི་མཐུན་པའི་སྒོ་ནས་གཉིས་སུ་གྱེས་པ་མཚུངས་པས་ན་གཞུང་ཕྱི་མོའི་དབུ་མ་ཉིད་དུ་གྲུབ་བོ། །དེང་སང་གི་དུས་སུ་ནི་རྒྱུ་མཚན་ཅི་ཡང་མེད་པར་རྙིང་མར་སྨྲ་བ་རྣམས་ཀྱིས་ཀྱང་མཐའ་གཅིག་ཏུ་མངོན་རྟོགས་རྒྱན་རང་རྒྱུད་པའི་གཞུང་ཡིན་ནོ་ཞེས་རྒྱུ་མཚན་མེད་པར་གཞན་གྱི་རྗེས་སུ་བཟློ་བར་མཛད་པ་མང་དུ་སྣང་ངོ༌། །
དེ་ལ་ཁོ་ན་རེ། མངོན་རྟོགས་རྒྱན་ཆོས་ཅན། རང་རྒྱུད་པའི་གཞུང་ཁོ་ནར་འཆད་རིགས་ཏེ། འཕགས་སེང་གཉིས་ཀྱིས་དེ་ལྟར་བཀྲལ་བའི་ཕྱིར་ཟེར།
འོ་ན་རྩ་བ་ཤེས་རབ་དེ་ཆོས་ཅན། རང་རྒྱུད་པའི་གཞུང་ཁོ་ནར་འཆད་རིགས་པར་ཐལ། རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་དེ་ལྟར་བཀྲལ་བའི་ཕྱིར་རོ། །དེ་ལ་སྔ་རབས་མཁས་པའི་རིང་ལུགས་ཀྱི་ཁྱད་པར་ནི་ཤེར་ཕྱིན་གྱི་དོན་འགྲེལ་མ་ཕམ་དགོངས་པའི་རྒྱན་དུ་བྲིས་ཟིན་གྱི་དེ་ལས་མཁྱེན་པར་འཚལ་ལོ། །
དེ་བཞིན་དུ་མཁས་དབང་གཞན་དག་གིས་དབུ་མ་རང་རྒྱུད་པའི་གཞུང་ལུགས་རྣམས་ནི། ཐེག་ཆེན་ཐལ་འགྱུར་ཆེན་པོའི་འགལ་ཟླར་གྱུར་པ་ཡིན་ཏེ་ཕན་ཚུན་རྩོད་པ་དང་བཅས་པའི་ཕྱིར་ཞེས་སྨྲ་བར་མཛད་དོ། །རྙིང་ཕྱོགས་ཀྱི་རང་བཞེད་ནི་འཇམ་མགོན་མི་ཕམ་ཆོས་རྗེ་དེ་ཡིས། དབུ་མ་རྒྱན་སོགས་རང་རྒྱུད་པའི་གཞུང་ལུགས་རྣམས་ནི་གནས་སྐབས་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་པ་ལ་བརྟེན་ནས། མཐར་ཐུག་ཐལ་འགྱུར་ཆེན་པོའི་ལམ་སྟེགས་སུ་འགྱུར་བར་བཞེད་དེ། རྒྱན་གྱི་སྤྱི་དོན་སྐབས་སོགས་སུ་རྒྱ་ཆེར་བསྒྲུབ་པར་མཛད་པའི་ཕྱིར་རོ། །
ལམ་གྱི་གཞི་རྟེན་སྐྱབས་འགྲོ།
གཉིས་པ་བརྗོད་བྱ་གཞུང་དོན་ལ་བརྗོད་བྱ་ལམ་གྱི་འཇུག་སྒོ་དང༌། །བརྗོད་བྱའི་རང་བཞིན་གཞུང་དོན་དངོས་དང་གཉིས། །དང་པོར་ལམ་གྱི་གཞི་རྟེན་སྐྱབས་འགྲོ་དང༌། །ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་གཉིས། །དང་པོ་ནི།
སྐྱབས་འགྲོར་མཆོག་གསུམ་མཚན་ཉིད་དང༌། །
མཚན་གཞི་རྒྱུ་འབྲས་སྐྱབས་འགྲོ་དང༌། །
གནས་སྐབས་མཐར་ཐུག་རབ་དབྱེ་སོགས། །
གཞན་དག་རྣམ་གཞག་གཞན་དུ་འཆད། །
རང་བཞེད་སྔ་འགྱུར་ལོ་པཎ་རྣམས། །
མཆོག་གསུམ་སྐྱབས་ཀྱི་ངོ་བོ་དང༌། །
དེ་ཡི་མཚན་གཞིའི་རབ་དབྱེ་སོགས། །
བཀའ་དང་དགོངས་འགྲེལ་གཞུང་བཞིན་བཞེད། །
ཅེས་སོགས་ཏེ། ལམ་གྱི་གཞི་རྟེན་སྐྱབས་འགྲོར་ཡང༌། བཞེད་པའི་ཁྱད་པར་སོ་སོར་སྣང་སྟེ། སྐྱབས་ཡུལ་མཆོག་གསུམ་གྱི་མཚན་ཉིད་འཆད་པ་ན། ཁ་ཅིག་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་གང་ཞིག་མཁྱེན་བརྩེ་ནུས་གསུམ་དང་ལྡན་པའི་སྐུ་ཞེས་སོགས་དང༌། ཆོས་དཀོན་མཆོག་གི་མཚན་ཉིད། བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་འགོག་ལམ་གང་རུང་གིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་ཞེས་སོགས་དང༌། ཁ་ཅིག་འགོག་ལམ་གང་རུང་གིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་ཞེས་དང༌། དགེ་འདུན་དཀོན་མཆོག་གི་མཚན་ཉིད་དུ། འགོག་ལམ་གང་རུང་གིས་བསྡུས་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་ཟག་མེད་རྣམ་བྱང་གི་བདེན་པ་ཞེས་སོགས་དང༌། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྒྱལ་སྲས་འཕགས་པ་ཞེས་སོགས་སྨྲ་བ་དང༌། མཆོག་གསུམ་གྱི་མཚན་གཞིའི་ངོ་བོ་ཡང༌། ཚུར་མཐོང་གིས་བཞག་པའི་དངོས་མེད་ཙམ་གྱི་རང་བཞིན་དུ་འཇོག་པ་དང༌། རྒྱུ་དང་འབྲས་བུའི་སྐྱབས་འགྲོའི་དབྱེ་བ་ཡང་འཆད་དུ་མེད་པ་དང༌། གནས་སྐབས་སྐྱབས་གསུམ་དུ་འཇོག་སྐབས་སྤྱིར་ཐེག་ཆེན་གྱི་མཆོག་གསུམ་ཙམ་ལ་ངོས་འཛིན་ཀྱང་མཐར་ཐུག་སྐྱབས་གཅིག་ཏུ་འཇོག་ཚེ་ཐེག་དམན་གྱི་ཆོས་དང་དགེ་འདུན་གཉིས་སྐྱབས་མཐར་ཐུག་མིན་པར་སྨྲ་ཞིང༌། ཐེག་ཆེན་གྱི་དེ་གཉིས་སྐྱབས་མཐར་ཐུག་ཡིན་མིན་གང་ཡང་འཆད་དུ་མེད་པར་སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ་ཞེས་རང་གར་སྨྲ་བ་སོགས། གཞན་དག་ནི་རྣམ་པར་གཞག་པ་གཞན་དང་གཞན་དུ་འཆད་པར་མཛད་དོ། །
རང་བཞེད་ནི་སྔ་འགྱུར་གྱི་ལོ་པཎ་རྣམས་ཀྱིས་སྐྱབས་ཡུལ་མཆོག་གསུམ་གྱི་མཚན་ཉིད་ཀྱི་ངོ་བོ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མའི་གཞུང་དོན་ཇི་ལྟ་བ་བཞིན་དུ་དོན་གཉིས་ཡོན་ཏན་བརྒྱད་ལྡན་སངས་རྒྱས་དཀོན་མཆོག་གི་མཚན་ཉིད། འགོག་ལམ་ཡོན་ཏན་བརྒྱད་ལྡན་ཆོས་དཀོན་མཆོག་གི་མཚན་ཉིད། རིག་གྲོལ་ཡོན་ཏན་བརྒྱད་ལྡན་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཅེས་སྤྱིར་འཇོག་གོ །
འོ་ན་སངས་རྒྱས་འཕགས་པ་ཆོས་ཅན། མཚོན་བྱ་ཆོས་དང་དགེ་འདུན་གཉིས་པོར་དེར་ཐལ། མཚན་ཉིད་དེའི་ཕྱིར་ཞེ་ན། འདོད་དེ། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར་སོགས་ཀྱི་གཞུང་དྲན་པར་མཛོད་ཅིག་གུ། དེ་ལ་གནས་སྐབས་ཀྱི་སྐྱབས་གསུམ་དུ་དབྱེ་སྐབས་མཚན་ཉིད་ཀྱི་ཟུར་དུ་གནས་སྐབས་ཀྱི་སྐྱབས་གནས་གང་ཞིག་འགོག་ལམ་ཡོན་ཏན་བརྒྱད་ལྡན་གྱི་ཆོས་དེ་གང་ཞིག་རིག་གྲོལ་ཡོན་ཏན་བརྒྱད་ལྡན་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཅེས་འཇོག་པར་མཛད་དོ། །
དེ་ལ་ཆོས་དཀོན་མཆོག་གི་མཚན་ཉིད་དེ་མི་འཐད་དེ། འགོག་ལམ་གྱི་ཚོགས་པ་མི་སྲིད་པའི་ཕྱིར། དེས་ན་མཚན་ཉིད་ཀྱི་ཟུར་དུ་འགོག་ལམ་གང་རུང་ཞེས་སྦྱར་དགོས་ཟེར་ཡང༌། སྣང་སྟོང་འགལ་བར་བལྟ་བ་བསྡུས་གྲྭའི་རིགས་ལམ་གྱི་གོ་དོན་ཙམ་དུ་ཟད་ཀྱི་སྣང་སྟོང་འགལ་མེད་ཀྱི་གོ་དོན་ཟབ་མོ་མ་སློང་བར་སྣང་ངོ༌། །དེ་བཞིན་དུ་མཚན་གཞིའི་ཁྱད་པར་ཡང༌། སངས་རྒྱས་དཀོན་མཆོག་གི་ཁྱད་པར་སྤངས་པ་ངོ་བོ་ཉིད་སྐུ་དང་རྟོགས་པ་ཡེ་ཤེས་ཆོས་སྐུ་དབྱེར་མེད་པ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་བདག་ཉིད་དང༌། ཆོས་དཀོན་མཆོག་གི་ཁྱད་པར་འགོག་བདེན་གྱི་ངོ་བོ་མཐའ་ཀུན་དང་བྲལ་བའི་སྟོང་ཉིད་གང་ཞིག་དེའི་རང་མདངས་འོད་གསལ་བའི་ངོ་བོ་རེ་ཞིག་མངོན་དུ་གྱུར་པ་ལམ་གྱི་ཆོས་སུ་བཞེད་པ་དང༌།
དགེ་འདུན་དཀོན་མཆོག་གི་ཁྱད་པར་རྒྱལ་སྲས་འཕགས་པའི་བདག་ཉིད་ས་དང་པོ་སོགས་ནས་ཀྱང་རིག་གྲོལ་ཡོན་ཏན་བརྒྱད་ཀྱི་མཚན་ཉིད་ལྡན་པར་འཇོག་པ་དང༌། རྒྱུ་འབྲས་ཀྱི་སྐྱབས་འགྲོའི་ཁྱད་པར་ཡང༌། རྒྱུ་ཡི་སྐྱབས་འགྲོ་གཞན་རྒྱུད་ལ་བྱོན་ཟིན་པ་སོགས་ཀྱིས་བསྟན་པ་ལྟར་རྒྱུ་སྐྱབས་དང༌། འབྲས་བུའི་སྐྱབས་འགྲོ་རང་རྒྱུད་དཀོན་མཆོག་གསུམ་སོགས་ཀྱིས་བསྟན་པ་ལྟར་འབྲས་སྐྱབས་ཏེ་རྣམ་པ་གཉིས་སུ་བཞེད་པ་དང༌། གནས་སྐབས་དང་མཐར་ཐུག་གི་སྐྱབས་ཀྱི་ཁྱད་པར་རྒྱུད་བླ་མའི་དགོངས་དོན་ཇི་ལྟ་བ་བཞིན་ཐེག་པ་ཆེན་པོའི་མཆོག་གསུམ་གཞིར་བཞག་གི་སྟེང་ནས་གནས་སྐབས་སྐྱབས་གསུམ་དུ་དབྱེ་ཡང༌། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ་ཞེས་མཐར་ཐུག་གི་སྐྱབས་སངས་རྒྱས་དཀོན་མཆོག་དང༌། གཞན་གཉིས་གནས་སྐབས་ཀྱི་སྐྱབས་སུ་བཞེད་པར་མཛད་པ་སོགས་ནི། ཐེག་པ་ཆེན་པོའི་བཀའ་དང་དགོངས་འགྲེལ་གྱི་གཞུང་བཞིན་འཆད་པའི་ཁྱད་པར་མཐའ་ཡས་སོ། །
ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད།
གཉིས་པ་ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ནི།
ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཀྱང༌། །
གཞན་དག་རྣམ་གཞག་ཅིར་ཡང་སྨྲ། །
རང་བཞེད་ཤིང་རྟ་ཆེན་པོ་ཡི། །
དགོངས་དོན་གཞུང་བཞིན་འཆད་པར་མཛད། །
དེ་ཡི་མཚན་གཞི་ཁ་ཡར་བ། །
ཤིང་རྟའི་དགོངས་པ་འགལ་བར་འཆད། །
རང་བཞེད་ཀུན་མཁྱེན་ཆེན་པོ་ཡིས། །
འགལ་མེད་གནད་དོན་གཅིག་ཏུ་བཞེད། །
ལ་ལ་དབང་པོ་རྣོ་འབྲིང་གི །
སེམས་བསྐྱེད་ལྟར་སྣང་ཚིག་ཙམ་ལོ། །
རང་བཞེད་དེ་གསུམ་ཐེག་ཆེན་གྱི། །
སེམས་བསྐྱེད་མཚན་ཉིད་པ་རུ་བཞེད། །
དེ་ལྟར་སེམས་བསྐྱེད་རབ་དབྱེ་སོགས། །
སྔ་འགྱུར་མཁས་པའི་རང་བཞེད་རྣམས། །
ཇི་བཞིན་གསལ་བ་ཤེར་ཕྱིན་གྱི། །
དོན་འགྲེལ་མ་ཕམ་དགོངས་རྒྱན་གཟིགས། །
ཞེས་སོགས་ཏེ། ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་མཚན་ཉིད་འཇོག་ཚུལ་ལ་ཡང༌། གཞན་དག་གིས་ནི་གཞན་དོན་ཕུན་ཚོགས་དང་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོར་སྣང་ཞིང་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་གྱུར་པའི་གཙོ་བོ་རྣམ་རིག་ཅེས་དང༌། ཁ་ཅིག་གཞན་དོན་དུ་རྫོགས་བྱང་ལ་མྱོང་བ་ཐོན་པའི་ཚུལ་གྱིས་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་ཅེས་ཟེར་བ་དང༌། ཡང་ཁ་ཅིག་གཙོ་བོ་རྣམ་རིག་གང་ཞིག་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བ་ཞེས་དང༌། ཁ་ཅིག་གཞན་དོན་དུ་རང་གཞན་གང་རུང་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིག་ཅེས་སོགས་གཞུང་འགྲེལ་རྣམས་སུ་རྣམ་གཞག་སྣ་ཚོགས་ཅིར་ཡང་སྨྲ་བར་སྣང་ངོ༌། །
རང་ལུགས་ཀྱི་བཞེད་པ་ནི། ཤིང་རྟ་ཆེན་པོ་བྱམས་མགོན་གྱི་དགོངས་དོན་མངོན་རྟོགས་རྒྱན་སོགས་ཀྱི་གཞུང་ཇི་ལྟ་བ་བཞིན་དུ་ཀུན་མཁྱེན་ཆེན་པོའི་ཡིད་བཞིན་རིན་པོ་ཆེའི་མཛོད་དང༌། སྨིན་གླིང་ཆོས་རྗེས་སྡོམ་གསུམ་དཔག་སྙེ་སོགས་ཀྱིས་བསྟན་པ་ལྟར། གནད་དོན་བསྡུ་ན་དོན་གཉིས་ལྡན་པའི་ཐབས་ཤེས་ཁྱད་པར་ཅན་སེམས་བསྐྱེད་ཀྱི་མཚན་ཉིད་དུ་འཆད་པར་མཛད་དོ། །དེ་བཞིན་དུ་སེམས་བསྐྱེད་དེ་ཡི་མཚན་གཞིའི་ངོ་བོ་ཡང༌། གཞན་དག་རྣམས་ནི་གཙོ་སེམས་དང་སེམས་བྱུང་ཁ་ཡར་བའི་སྒོ་ནས་ཐོགས་མེད་སྐུ་མཆེད་སེམས་བྱུང་དུ་བཞེད་པ་དང༌། འཕགས་སེང་གཉིས་ཀྱིས་གཙོ་སེམས་བཞེད་པ་གཉིས་ནང་འགལ་བ་ཡིན་ནོ་ཞེས་ཤིང་རྟ་ཡབ་སྲས་དགོངས་པའི་འགལ་བར་འཆད་ཀྱང༌། རང་བཞེད་ཀུན་མཁྱེན་ཆེན་པོས།
ཤིང་རྟ་ཡབ་སྲས་ཀྱི་གཞུང་དེ་དག་ནི་དངོས་ཤུགས་ཀྱི་བཤད་པ་ཙམ་ལས་དོན་ལ་འགལ་མེད་གནད་གཅིག་ཏུ་གཙོ་སེམས་དང་སེམས་བྱུང་གཉིས་ཀའང་སེམས་བསྐྱེད་ཀྱི་མཚན་གཞིར་བཞེད་པ་ཡིན་ནོ། །མཚན་བཏགས་ཀྱི་རབ་དབྱེའི་ཁྱད་པར། མཁས་དབང་ལ་ལ་དག་ནི། སྤྱིར་མདོ་ལས། དབང་རྣོན་རྫི་བོ་ལྟ་བུའི་སེམས་བསྐྱེད་དང༌། དབང་འབྲིང་མཉན་པ་ལྟ་བུའི་སེམས་བསྐྱེད། དབང་རྟུལ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་གསུམ་དུ་གསུངས་ཀྱང༌། དབང་པོ་རྣོན་འབྲིང་གཉིས་ཀྱི་སེམས་བསྐྱེད་ནི་མིང་རྐྱང་བཏགས་ཡོད་ཙམ་ལས་སེམས་བསྐྱེད་མཚན་ཉིད་པ་མིན་ཏེ། རིམ་བཞིན་སྔོན་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བཀོད་ཟིན་པའི་རྗེས་སུ་རང་ཉིད་འཚང་རྒྱ་བའི་དུས་མི་སྲིད་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མི་སྲིད་པའི་ཕྱིར་དང༌། དེ་བཞིན་དུ་རང་གཞན་སེམས་ཅན་གཉིས་ཀ་མཉམ་དུ་འཚང་རྒྱ་བའི་དམ་བཅའ་དེ་ཡང་མི་འགྲུབ་སྟེ། དེ་འདྲའི་དུས་མི་སྲིད་པའི་ཕྱིར་ཏེ། འཁོར་བ་སྟོང་པའི་དུས་མི་སྲིད་པའི་ཕྱིར་ན་དེ་གཉིས་སེམས་བསྐྱེད་ལྟར་སྣང་ཡང་དོན་ལ་ཚིག་ཙམ་ལས་དེ་འདྲའི་དམ་བཅའ་མི་འགྲུབ་བོ། །ཅེས་སྨྲ་བར་སྣང་ངོ༌། །
འོ་ན་དབང་རྟུལ་རྒྱལ་པོ་ལྟ་བུའི་འདོད་ཆེན་དམ་པའི་སེམས་བསྐྱེད་དེ་ཡང་ཆོས་ཅན། དམ་བཅའ་དེར་ཐལ། རྒྱུ་མཚན་དེའི་ཕྱིར། རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བཀོད་པའི་དུས་མི་སྲིད་པའི་ཕྱིར་ཏེ། འཁོར་བ་སྟོང་པའི་དུས་མི་སྲིད་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་སྙིང་རྗེ་ཚད་མེད་དེ་ཆོས་ཅན། བཏགས་ཙམ་ཡིན་པར་ཐལ། དེ་འདྲ་མི་སྲིད་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པ་གང་ཞིག་དེ་འདྲ་མི་སྲིད་པའི་ཕྱིར་སོགས་འགྲེའོ། །
རང་བཞེད་ནི། མདོ་ལས་བྱུང་བའི་སེམས་བསྐྱེད་དེ་གསུམ་ག་སེམས་བསྐྱེད་མཚན་ཉིད་པར་བཞེད་པ་ལ་ཁྱད་པར་མེད་དོ། །དེ་ལྟར་སེམས་བསྐྱེད་ཀྱི་རབ་དབྱེ་སོགས་སྔ་འགྱུར་མཁས་པའི་རང་བཞེད་རྣམས་ཇི་བཞིན་གསལ་བར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དོན་འགྲེལ་མ་ཕམ་དགོངས་རྒྱན་དུ་གཟིགས་པར་འཚལ་ལོ། །
འཇལ་བྱེད་ཚད་མའི་རབ་དབྱེ།
གཉིས་པ་བརྗོད་བྱའི་རང་བཞིན་གཞུང་དོན་དངོས་ལ་འཇལ་བྱེད་ཚད་མའི་རབ་དབྱེ་དང༌། །གཞལ་བྱ་གཞི་ལམ་འབྲས་བུའི་ཤན་འབྱེད་གཉིས། །དང་པོ་ནི།
འཇལ་བྱེད་ཚད་མ་རྣམ་གཉིས་ཀྱིས། །
གཞལ་བྱ་བདེན་གཉིས་གཏན་ལ་འབེབས། །
དེ་ཡི་དབང་གིས་གྲུབ་མཐའ་དང༌། །
ལྟ་སྒོམ་སྤྱོད་འབྲས་རྣམ་པར་དབྱེ། །
འཇལ་བྱེད་ཚད་མའི་རྣམ་གཞག་ལ། །
སྔ་ཕྱིའི་བཞེད་སྲོལ་ཐ་དད་ཡོད། །
དེ་ཡི་དབང་གིས་ལྟ་གྲུབ་ཀྱི། །
ཞལ་བཞེས་མི་མཐུན་སོ་སོར་གྱུར། །
ཕྱི་རབས་མཁས་རྣམས་མགྲིན་གཅིག་ཏུ། །
བདེན་གཉིས་དཔྱོད་བྱེད་ཚད་མ་ལ། །
དོན་དམ་དང་ནི་ཐ་སྙད་ཀྱི། །
ཚད་མ་གཉིས་ཞེས་ཆེས་ཆེར་སྨྲ། །
འོན་ཀྱང་དོན་དམ་རྣམ་གྲངས་དང༌། །
ཐ་སྙད་ཚུར་མཐོང་ཁོ་ན་ལས། །
རྣམ་གྲངས་མིན་དཔྱོད་ཚད་མ་དང༌། །
དག་པའི་གཟིགས་པ་འཆད་དུ་མེད། །
དོན་དཔྱོད་ཚད་མའི་རིགས་པའི་འགྲོས། །
ཚུར་མཐོང་ཚད་མར་བསྟུན་ཏེ་སྨྲ། །
དེ་ཡི་དོན་དམ་དངོས་མེད་ལས། །
ཟབ་ཞི་སྤྲོས་བྲལ་འགྲུབ་ནུས་མིན། །
ཐ་སྙད་དཔྱོད་བྱེད་ཚད་མ་ཡང༌། །
ཚུར་མཐོང་ཙམ་ལས་མེད་དེའི་ཕྱིར། །
མ་དག་ཀུན་རྫོབ་ཙམ་ཞིག་ལས། །
དག་པའི་ཀུན་རྫོབ་འགྲུབ་ནུས་མིན། །
སྔ་རབས་མཁས་པའི་དབང་པོ་རྣམས། །
བདེན་གཉིས་རྣམ་པར་དཔྱོད་བྱེད་ཀྱི། །
རིགས་པ་དོན་དམ་ཚད་མ་དང༌། །
ཐ་སྙད་ཚད་མ་གཉིས་སུ་བཞེད། །
དོན་དམ་རྣམ་གྲངས་དཔྱོད་བྱེད་དང༌། །
རྣམ་གྲངས་མ་ཡིན་ཚད་མ་གཉིས། །
ཐ་སྙད་ཚུར་མཐོང་ཚད་མ་དང༌། །
རྣམ་དག་ཐ་སྙད་ཚད་མ་གཉིས། །
དེ་ཡི་རབ་དབྱེ་མདོ་རྒྱུད་དང༌། །
བསྟན་བཅོས་དགོངས་དོན་སྔ་འགྱུར་བའི། །
མན་ངག་ཇི་བཞིན་མི་ཕམ་རྗེའི། །
ལེགས་བཤད་ཤེས་རབ་རལ་གྲིར་གསལ། །
དོན་དཔྱོད་རྣམ་གྲངས་ཚད་མ་ཡིས། །
གནས་སྐབས་རྣམ་གྲངས་དོན་དམ་དང༌། །
རྣམ་གྲངས་མིན་དཔྱོད་ཚད་མ་ཡིས། །
མཐར་ཐུག་རྣམ་གྲངས་མིན་པ་སྒྲུབ། །
ཐ་སྙད་ཚུར་མཐོང་ཚད་མ་ཡིས། །
སྣང་ཚུལ་མ་དག་ཀུན་རྫོབ་དང༌། །
ཐ་སྙད་རྣམ་དག་ཚད་མ་ཡིས། །
གནས་ཚུལ་དག་པའི་ཀུན་རྫོབ་སྒྲུབ། །
དོན་དཔྱོད་ཚད་མས་ཆོས་རྣམས་ཀུན། །
བདེན་མེད་སྟོང་པ་ཆེན་པོར་སྒྲུབ། །
ཐ་སྙད་ཚད་མས་མ་དག་དང༌། །
དག་པའི་སྣང་བ་སོ་སོར་འབྱེད། །
དེ་ལྟར་མདོ་རྒྱུད་བསྟན་བཅོས་ཀྱི། །
དགོངས་དོན་ཟབ་རྒྱས་ཅིག་ཆར་དུ། །
འཇལ་བྱེད་ཚད་མ་ཡོངས་རྫོགས་འདི། །
སྔ་རབས་མཁས་པའི་ཁྱད་ཆོས་ལགས། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཞེས་སོགས་ཏེ།
དེ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། སྤྱིར་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་སྤྱན་ལྡན་པ་སུ་ཡང་རུང་སྟེ། རང་རང་གི་འཇལ་བྱེད་ཚད་མ་གཉིས་ཀྱི་སྒོ་ནས་གཞལ་བྱ་བདེན་གཉིས་གཏན་ལ་འབེབས་པར་བྱེད་ཅིང༌། ཚུལ་དེའི་དབང་གིས་ཉན་ཐོས་ནས་རྡོ་རྗེ་ཐེག་པའི་བར་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྱད་པར་སོ་སོར་རྣམ་པར་དབྱེ་བར་མཛད་དོ། །དེ་བས་ན། བདེན་པ་གཉིས་ཀྱི་རང་བཞིན་ལ། །མ་ནོར་ངེས་པའི་བློས་འཇུག་ན། །དྲི་མེད་ཚད་མ་རྣམ་གཉིས་ཀྱི། །མིག་བཟང་མཆོག་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར། གཞལ་བྱ་བདེན་པ་གཉིས་ཀྱི་རང་བཞིན་ངེས་པར་འབྱེད་པ་ལ། དེའི་མེད་ན་མི་འབྱུང་བའི་རྒྱུ་འཇལ་བྱེད་ཚད་མའི་རབ་དབྱེ་ལ་མཁས་པར་བྱ་དགོས་པ་ནི་གནད་ཀྱི་དོན་ཏོ། །
དེ་ལ་སྤྱིར་འཇལ་བྱེད་ཚད་མའི་རྣམ་གཞག་ལ་ཡང༌། སྔ་ཕྱིའི་མཁས་དབང་སོ་སོའི་བཞེད་སྲོལ་ཐ་དད་པ་ཡོད་ཅིང༌། ཚུལ་དེའི་དབང་གིས་ལྟ་གྲུབ་ཀྱི་ཞལ་བཞེས་ཀྱང་མི་མཐུན་པ་སོ་སོར་གྱུར་པ་ཡིན་ནོ། །དེ་ལ་ཕྱི་རབས་ཀྱི་མཁས་དབང་རྣམས་ནི་མགྲིན་གཅིག་ལྟ་བུར་བདེན་གཉིས་རྣམ་པར་དཔྱོད་བྱེད་ཀྱི་ཚད་མ་ལ། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་དང་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རྣམ་པ་གཉིས་ཞེས་ཆེས་ཆེར་སྨྲ་བར་མཛད་མོད་ཀྱི།
འོན་ཀྱང་བཞེད་པ་འགའ་ཞིག་གི་ལུགས་ལ། རང་རྒྱུད་པ་དང་ཚུལ་མཐུན་པའི་དོན་དམ་རྣམ་གྲངས་དཔྱོད་བྱེད་ཀྱི་ཚད་མ་དང༌། རྟོག་གེའི་གཞུང་ནས་བསྟན་པའི་ཐ་སྙད་ཚུར་མཐོང་ཚད་མ་ཁོ་ན་ཙམ་ལས། ཐལ་འགྱུར་པའི་ལུགས་ཐུན་མིན་གྱི་གཏན་ཚིགས་རྣམ་གྲངས་མ་ཡིན་པར་དཔྱོད་པའི་ཚད་མ་སྒྲ་ཇི་བཞིན་དུ་འཆད་དུ་མེད་པ་དང༌། ཁྱད་པར་དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་ནི་སུ་ལ་ཡང་འཆད་དུ་མེད་དོ། །ཚུལ་དེའི་དབང་གིས་དོན་དཔྱོད་ཚད་མའི་རིགས་པའི་འགྲོས་ཀྱང་ཚུར་མཐོང་ཚད་མས་སྒྲ་ཆོས་ཅན་རྟག་པ་མིན་པར་ཐལ། དོན་བྱེད་ནུས་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་འགོད་པའི་སྐབས་ཆོས་ཅན་སྒྲ་མི་འགོག་པར་དེའི་སྟེང་གི་རྟག་པ་འགོག་དགོས་པ་དང་ཚུལ་བསྟུན་ཏེ། དོན་དམ་དཔྱོད་པའི་སྐབས་སུ་ཡང་བུམ་པ་བུམ་པས་མི་སྟོང་བུམ་པ་བདེན་པས་སྟོང་ཞེས། ཆོས་ཅན་བུམ་པ་མི་འགོག་པར་དེའི་སྟེང་གི་བདེན་གྲུབ་འགོག་དགོས་ཞེས་སྨྲ་བར་མཛད་ཀྱང༌། ཚུལ་དེ་ཡིས་གཞལ་བྱ་དོན་དམ་ཀྱང་རང་རྒྱུད་པའི་སྐབས་ནས་བཤད་པ་ལྟར་གྱི་དོན་དམ་དངོས་མེད་རྣམ་གྲངས་པ་ཙམ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཞེས་གསུངས་པ་ལྟར་གྱི་སྣང་སྟོང་མཉམ་ཉིད་ཆེན་པོ་རྣམ་གྲངས་མིན་པའི་དོན་དམ་ཇི་བཞིན་འགྲུབ་ནུས་པ་མིན་ནོ། །དེ་དག་གི་ཚུལ་རྒྱས་པར་གཞུང་སྤྱིའི་དཀའ་འགྲེལ་སོགས་ལས་ཤེས་པར་བྱའོ། །
དེ་བཞིན་དུ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ལ་ཡང་ཐེག་དམན་གྱི་གཞུང་སྤྱི་དང་ཚད་མ་རྣམ་འགྲེལ་སོགས་ལས་བསྟན་པའི་ཚུར་མཐོང་ཚད་མ་ཙམ་ལས། དག་གཟིགས་ཐ་སྙད་པའི་ཚད་མ་འཆད་དུ་མེད་པ་དེའི་ཕྱིར། གཞལ་བྱ་ཀུན་རྫོབ་ཀྱང་མངོན་པའི་སྡེ་སྣོད་ལས་གསུངས་པ་ལྟར་གྱི་གཞི་ཕུང་ཁམས་སྐྱེ་མཆེད་མ་དག་པའི་ཀུན་རྫོབ་འདི་ཙམ་ལས། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ལས་གསུངས་པའི་གཞི་དག་པའི་ཀུན་རྫོབ་གདན་གསུམ་ལྷ་ཡི་དཀྱིལ་འཁོར་ལ་སོགས་པ་འགྲུབ་ནུས་པ་མིན་ནོ། །ཚུལ་དེས་མདོ་སྔགས་གཉིས་ཀའི་སྐབས་སུ་ཡང༌། དོན་དམ་མེད་དགག་ཙམ་དང༌། གཞིའི་ཀུན་རྫོབ་མ་དག་པའི་སྣང་བ་ཙམ་ལས་ལྷག་པའི་ལྟ་བ་མེད་པ་དང༌། གཉུག་སེམས་འདུས་བྱས་སུ་སྨྲ་བ་སོགས་བྱུང་བ་ཡིན་ནོ། །
སྔ་རབས་མཁས་པའི་དབང་པོ་རྣམས་ཀྱིས་ནི། སྤྱིར་བདེན་གཉིས་རྣམ་པར་དཔྱོད་བྱེད་ཀྱི་རིགས་པ་ལ། རྩ་བའི་དབྱེ་གཞི་སྟོང་ཉིད་དོན་དམ་དཔྱོད་པའི་ཚད་མ་དང༌། སྣང་བ་ཐ་སྙད་དཔྱོད་པའི་ཚད་མ་སྟེ་གཉིས་སུ་གྲངས་ངེས་པར་བཞེད་ཅིང༌། དབྱེ་ན་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ལ་རྣམ་གྲངས་དཔྱོད་བྱེད་དང༌། རྣམ་གྲངས་མ་ཡིན་པ་དཔྱོད་བྱེད་ཀྱི་ཚད་མ་གཉིས་དང༌། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ལ་ཚུར་མཐོང་ཐ་སྙད་པའི་ཚད་མ་དང༌། རྣམ་དག་ཐ་སྙད་པའི་ཚད་མ་གཉིས་སུ་དབྱེ་བར་མཛད་དོ། །དེས་ན་འཇལ་བྱེད་ཚད་མའི་ཁྱད་པར་དེ་དང་དེ་ཡི་ངོ་བོ་དང་དབྱེ་བའི་ཁྱད་པར་དེ་ལ་རྩོད་པ་སྤོང་བའི་རབ་དབྱེ་སོགས་ནི། བཀའ་མདོ་རྒྱུད་གཉིས་དང་བསྟན་བཅོས་ཆེན་པོའི་དགོངས་དོན་སྔ་འགྱུར་པའི་མན་ངག་ཇི་བཞིན། མི་ཕམ་ཆོས་རྗེས་ལེགས་བཤད་ཆེན་པོ་དོན་རྣམ་ངེས་ཤེས་རབ་རལ་གྲི་སོགས་སུ་གསལ་བར་གསུངས་པ་དེ་དག་ལས་མཁྱེན་པར་འཚལ་ལོ། །
དེས་ན་དོན་དཔྱོད་ཚད་མ་ལ་གཉིས་སུ་ཕྱེ་བའི་སྟོབས་ཀྱིས། རེ་ཞིག་དོན་དཔྱོད་རྣམ་གྲངས་དཔྱོད་པའི་ཚད་མ་ཞལ་གྱིས་བཞེས་པའི་སྒོ་ནས་ཐེག་པ་འོག་མའི་ལྟ་བ་དང་གྲུབ་པའི་མཐའ་ཐམས་ཅད་ཁྱད་དུ་མི་གསོད་པར་གནས་སྐབས་བྱེ་སྨྲའི་ལུགས་ཀྱི་གང་ཟག་གི་བདག་མེད་སོགས་ནས་རང་རྒྱུད་པའི་ལུགས་ཀྱི་མཐུན་པའི་དོན་དམ་གྱི་བར་དུ་རྣམ་གྲངས་པའི་དོན་དམ་གྱི་ཁྱད་པར་དུ་བྱས་པའི་སྟོང་པ་དང༌། བདག་མེད་ཇི་བཞིན་གཏན་ལ་ཕབ་སྟེ་ཐེག་པ་འོག་མ་རྣམས་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་རྣམ་དག་ཡིན་པར་འཆད་ཅིང༌། རྣམ་གྲངས་མ་ཡིན་པར་དཔྱོད་པའི་ཚད་མ་ཞལ་གྱིས་བཞེས་པའི་སྒོ་ནས་ཐལ་འགྱུར་པའི་ལུགས་ཀྱི་དོན་དམ་སྟོང་པ་ཆེན་པོ་དང༌། དཔལ་མ་ཧཱ་ཡོ་གའི་ལུགས་ཀྱི་དོན་དམ་མཉམ་པ་ཆེན་པོ་ནས་ཨ་ཏི་རྫོགས་པ་ཆེན་པོའི་གཞི་དབྱིངས་ཀ་ནས་དག་པའི་བར་གྱི་དོན་དམ་ངོ་བོ་སྟོང་པ་ཆེན་པོ་རྣམ་གྲངས་མ་ཡིན་པའི་ཁྱད་པར་དུ་བྱས་པ་ཀུན་ཀྱང་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཁྱད་པར་བླ་ན་མེད་པ་སྒྲུབ་པར་བྱེད་དོ། །
དེ་བཞིན་དུ་ཐ་སྙད་ཚད་མ་ལ་གཉིས་སུ་ཕྱེ་བའི་སྟོབས་ཀྱིས་ཐ་སྙད་ཚུར་མཐོང་ཚད་མ་ཞལ་གྱིས་བཞེས་པའི་སྒོ་ནས་རྒྱུ་མཚན་ཉིད་ཐེག་པའི་ལུགས་ཀྱི་སྡུག་ཀུན་རྒྱུ་འབྲས་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་སོགས་སྣང་ཚུལ་མ་དག་པའི་ཀུན་རྫོབ་རྣམས་ཀྱང་སྒྲོ་སྐུར་དང་བྲལ་བར་གཏན་ལ་འབེབས་ཤིང༌། ཐ་སྙད་དག་པའི་ཚད་མ་ཞལ་གྱིས་བཞེས་པའི་སྒོ་ནས་རྒྱུ་མཚན་ཉིད་ཐེག་པའི་ལུགས་ཀྱི་ངེས་དོན་བདེ་གཤེགས་སྙིང་པོའི་སྣང་ཆ་འོད་གསལ་བའི་ཀུན་རྫོབ་སོགས་དང༌། དཔལ་མ་ཧཱ་ཡོ་གའི་ལུགས་ཀྱི་ཀུན་རྫོབ་དག་པ་ཆེན་པོ་ནས་ཨ་ཏི་རྫོགས་པ་ཆེན་པོའི་གཞི་སྣང་ལྷུན་གྱིས་གྲུབ་པའི་བར་གྱི་ཀུན་རྫོབ་དག་པ་ཆེན་པོ་རང་བཞིན་འོད་གསལ་བའི་ཁྱད་པར་དུ་བྱས་པ་མཐའ་དག་སྒྲོ་སྐུར་དང་བྲལ་བ་སྒྲུབ་པར་བྱེད་དོ། །
གཞན་དུ་དཔེར་ན་ཐ་སྙད་དག་པའི་ཚད་མ་མེད་དུ་ཟིན་ན། སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་ཀྱི་སྐབས་ནས་བསྟན་པའི་ཀུན་རྫོབ་དག་པ་ཆེན་པོ་ཡོད་པར་དམ་བཅའ་བ་ཙམ་ལས་སྒྲུབ་བྱེད་ཀྱི་ཚད་མ་མི་རྙེད་དེ། དོན་དཔྱོད་ཚད་མས་ནི་དེ་སྒྲུབ་པར་མི་ནུས་པ་ཙམ་དུ་མ་ཟད། དེའི་ངོར་མི་སྟོང་པར་ཡོད་པ་ཙམ་དུ་སྨྲས་ཀྱང་བདེན་གྲུབ་ཏུ་འགྱུར་ཞིང༌། ཚུར་མཐོང་ཚད་མས་ནི་ཕུང་ལྔ་མ་དག་པ་དང༌། ས་སྲ་ཞིང་འཐས་པ། མེ་ཚ་ཞིང་བསྲེག་པ་ཙམ་དུ་འགྲུབ་ཀྱི་ཕུང་ལྔ་རིགས་ལྔ་འབྱུང་ལྔ་ཡུམ་ལྔའི་དཀྱིལ་འཁོར་དུ་བསྒྲུབ་ག་ལ་ནུས། དེ་བས་ན་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་སོགས་ཀྱིས་བསྟན་པ་ལྟར། སྔོན་བྱུང་དངོས་ལྔའི་གཏན་ཚིགས་དང་རྗེས་འཇུག་ཚུལ་ལྔའི་གཏན་ཚིགས་སོགས་མངོན་སུམ་དང་རྗེས་སུ་དཔག་པའི་ཚུལ་གྱིས་སྟོང་ཆ་ནས་ངོ་བོ་སྟོང་པ་དོན་དམ་མཉམ་པ་ཆེན་པོའི་ཁྱད་པར། དོན་དམ་རྣམ་གྲངས་མ་ཡིན་པའི་ཚད་མས་བསྒྲུབས་པར་མཛད་ཀྱང༌། སྣང་ཆ་ནས་རང་བཞིན་འོད་གསལ་བའི་ཆ་ཀུན་རྫོབ་དག་པ་ཆེན་པོའི་ཁྱད་པར་ནི། ཐ་སྙད་དག་གཟིགས་ཚད་མས་བསྒྲུབ་པར་མཛད་པ་ཁོ་ན་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །དེ་ལྟར་མདོར་བསྡུ་ན་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཚུལ་དུ་བདེན་མེད་སྟོང་པ་ཆེན་པོར་སྒྲུབ་པར་བྱེད་ཅིང༌། ཀུན་ཏུ་ཐ་སྙད་པའི་ཚད་མས་སྣང་ཚུལ་དང་གནས་ཚུལ་གྱི་སྒོ་ནས་མ་དག་པ་དང་དག་པའི་སྣང་བ་སོ་སོར་དབྱེ་བར་མཛད་དོ། །དེ་ལ་དོན་དམ་དང་ཐ་སྙད་དཔྱོད་པའི་ཚད་མའི་ཐ་སྙད་ནི་རང་རྒྱུད་པ་སོགས་གྲུབ་མཐའ་འོག་མའི་ལུགས་ཡིན་གྱི། ཐལ་འགྱུར་པའི་ལུགས་ལ་ཚད་མའི་ཐ་སྙད་སྦྱར་བ་མི་འཐད་དོ་སྙམ་ན། ཐལ་འགྱུར་བའི་ལུགས་ལ་ཚད་མའི་ཐ་སྙད་མེད་པར་མི་འགྲུབ་སྟེ། ཟླ་བས་ཚིག་གསལ་དུ་ཚད་མ་ནི་བཞི་སྟེ། མངོན་སུམ་པའི་ཚད་མ་དང༌། རྗེས་སུ་དཔག་པ་དང༌། ལུང་དང་དཔེ་ཉེར་འཇལ་གྱི་ཚད་མ་བཞིའོ། །ཞེས་རང་ལུགས་ཀྱི་ཚད་མ་ལ་གྲངས་བཞིར་བཞེད་པས་སྤྱིར་ཚད་མའི་རྣམ་གཞག་ཀྱང་ཡོད་ཅིང༌། བྱེ་བྲག་ཚུར་མཐོང་ཚད་མ་དང་དག་གཟིགས་ཚད་མའི་ཁྱད་པར་ཡང་ཡོད་པར་བཞེད་དེ།
མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །
རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །
དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །
དྲི་མེད་བློ་ལ་གནོད་པར་ནུས་མ་ཡིན། །ཞེས་དང་དེའི་ཐད་ཀྱི་རང་འགྲེལ་དུ་ཟག་པ་མེད་པའི་ཡེ་ཤེས་དང་བྲལ་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པས་ཀྱང་གཟིགས་པ་ཟག་པ་མེད་པ་ལ་གནོད་པ་མིན་ཞེས་སོགས་གསུངས་པའི་ཕྱིར། དེ་བཞིན་དུ་དག་པའི་གཟིགས་པ་ཚད་མ་ལ་ལྟོས་ན་ཚུར་མཐོང་གི་བློ་ཚད་མ་མིན་པར་ཡང་བཞེད་དེ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན་སོགས་གསུངས་པར་མཛད་པ་དང༌། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ་ཞེས་དང༌། རང་འགྲེལ་ལས་དེ་ཁོ་ན་ཉིད་དཔྱོད་པས་ནི་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་ཞེས་སོགས་ཀྱིས་ཐ་སྙད་དུ་ཚད་མ་དང་ཚད་མིན་གྱི་རྣམ་གཞག་གསལ་བར་བསྟན་ཅིང་དོན་དམ་པར་ཚད་མ་དང་ཚད་མིན་གྱི་རབ་དབྱེའི་སྤྲོས་པ་མཐའ་དག་དམིགས་སུ་མེད་པར་གཏན་ལ་ཕབ་པར་མཛད་པའོ། །
སྐབས་དོན་བསྡུ་བ་ནི། དེ་ལྟར་བཀའ་འཁོར་ལོ་གསུམ་གྱིས་བསྡུས་པའི་མདོ་དང་རྒྱུད་སྡེ་རིན་པོ་ཆེའི་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པའི་དགོངས་དོན་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་ཀྱི་ཚུལ་དུ་བསྟན་པས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་ཟབ་པའི་ཆ་དང་སྣང་ཚུལ་དང་གནས་ཚུལ་གཉིས་ཀྱི་སྒོ་ནས་བསྟན་པའི་མ་དག་པ་དང་དག་པའི་ཀུན་རྫོབ་རྒྱ་ཆེ་བའི་ཆ་ཐམས་ཅད་གང་རུང་ལ་སྐུར་པ་བཏབ་པའི་སྒོ་ནས་སྤོང་མི་དགོས་པར་ཅིག་ཅར་དུ་འཇལ་བར་བྱེད་པ་ལ་དོན་དམ་པའི་ཚད་མ་རང་རྒྱུད་པ་མན་ཆད་ཀྱི་གཞུང་ནས་བསྟན་པའི་རྣམ་གྲངས་དཔྱོད་བྱེད་ཀྱི་ཚད་མ་དང་ཐལ་འགྱུར་པའི་སྐབས་སོགས་མདོ་སྔགས་ཀྱི་གཞུང་ནས་བསྟན་པའི་རྣམ་གྲངས་མིན་པའི་ཚད་མ་མཐའ་དག་དང༌། ཚད་མ་སྡེ་བདུན་སོགས་ཀྱི་གཞུང་ནས་བསྟན་པའི་མ་དག་ཚུར་རོལ་མཐོང་བའི་ཚད་མ་དང༌། རྒྱུད་བླ་མ་དང་གསང་བ་སྙིང་པོ་སོགས་ཀྱི་སྐབས་ནས་བསྟན་པའི་དག་པའི་གཟིགས་པ་ཚད་མ་སྟེ་འཇལ་བྱེད་ཀྱི་ཚད་མ་མཐའ་དག་ཡོངས་སུ་རྫོགས་པ་འདི་ནི་སྔ་རབས་མཁས་པའི་ཁྱད་ཆོས་སུ་གྱུར་པ་ལགས་སོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཞལ་བྱ་གཞི་ལམ་འབྲས་བུའི་ཤན་འབྱེད།
གཉིས་པ་གཞལ་བྱ་གཞི་ལམ་འབྲས་བུའི་ཤན་འབྱེད་ལ་མདོར་བསྟན་དང་ནི་རྒྱས་བཤད་གཉིས། །དང་པོ་ནི།
གཞལ་བྱ་བདེན་གཉིས་རྫོགས་ཚུལ་ལས། །
སངས་རྒྱས་པ་ཡི་ལྟ་གྲུབ་བཞིར། །
གངས་ལྗོངས་མཁས་དབང་སྔ་ཕྱི་ཡི། །
འཆད་སྲོལ་རྣམ་གཞག་རེ་ཞིག་བསྐྱུངས། །
འདིར་ནི་ཐེག་མཆོག་དབུ་མ་ཆེའི། །
གཞི་ལམ་འབྲས་བུའི་ལྟ་གྲུབ་གནད། །
གངས་ལྗོངས་སྔ་ཕྱིའི་མཁས་དབང་གི །
བཞེད་སྲོལ་ཁྱད་པར་མདོ་ཙམ་འཆད། །
ཅེས་སོགས་ཏེ། དེ་ལ་སྤྱིར་མདོ་ལས། འཇིག་རྟེན་མཁྱེན་པས་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་གཞན་ལས་མ་གསན་རང་གིས་རིག་སོགས་དང༌། དབུ་མའི་བསྟན་བཅོས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟན། །ཞེས་སོགས་གསུངས་པ་ལྟར་བཀའ་འཁོར་ལོ་གསུམ་གྱི་གཞལ་བྱ་བདེན་པ་གཉིས་ཀྱི་རང་བཞིན་ལ། རིམ་དང་ཅིག་ཅར་གྱི་ཚུལ་དུ་རྫོགས་ཚུལ་གྱི་ཁྱད་པར་ལས། ནང་པ་སངས་རྒྱས་པའི་ལྟ་གྲུབ་རྣམ་པ་བཞིར་གངས་ལྗོངས་མཁས་པའི་དབང་པོ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་འཆད་སྲོལ་གྱི་ཁྱད་པར་ལ། དཔེར་ན་བྱེ་སྨྲའི་ལུགས་ཀྱི་བདེན་བཞི་མི་རྟག་བཅུ་དྲུག་ཏུ་བསྟན་པ་བདག་མེད་ཕྲ་བ་འདོད་མི་འདོད་ཀྱི་ཁྱད་པར། སྤྱིར་རང་དང་ཡུལ་ཤེས་ཀྱི་རྣམ་གཞག་སོགས་ཀྱི་ཁྱད་པར་དང༌། སེམས་ཙམ་པའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་ངོ་བོ་ངོས་འཛིན་ཚུལ་གྱི་ཁྱད་པར་སོགས་ལ་འཆད་སྲོལ་གྱི་ཁྱད་པར་ཤིན་ཏུ་མང་ཡང་དེ་དག་གི་ཤན་འབྱེད་ཀྱི་རྣམ་པར་གཞག་པ་ནི་རེ་ཞིག་བསྐྱུངས་ཏེ་སྤྲོ་བར་མ་བྱས་སོ། །སྐབས་འདིར་ནི་ཐེག་མཆོག་དབུ་མ་ཆེན་པོ་ཐལ་འགྱུར་བའི་ལུགས་ཀྱི་གཞི་ལམ་འབྲས་བུའི་ལྟ་གྲུབ་ཀྱ་ིགནད་རྣམས་གངས་ཅན་ལྗོངས་སུ་སྔ་ཕྱིར་བྱོན་པའི་མཁས་དབང་རྣམས་ཀྱིས་བཞེད་སྲོལ་གྱི་རྣམ་གཞག་མདོ་ཙམ་ཞིག་འཆད་དོ། །ཞེས་པའོ། །
ཐེག་མཆོག་དབུ་མའི་རང་བཞིན།
གཉིས་པ་རྒྱས་བཤད་ལ་ཐེག་མཆོག་དབུ་མའི་རང་བཞིན་དང༌། །དེ་ཡི་གཞི་ལམ་འབྲས་བུའི་ཤན་འབྱེད་གཉིས། །དང་པོ་ནི།
གཞན་དག་མཐའ་གཉིས་བྲལ་བ་ཡི། །
བར་གྱི་ཆོས་དེ་དབུ་མར་འཆད། །
གཞི་ལམ་འབྲས་བུ་རེ་རེ་ནས། །
དབུ་མ་མིན་པའི་དམ་བཅའ་སྨྲ། །
དེ་འདྲའི་དབུ་མ་བདེན་གཉིས་གང༌། །
འཕགས་ལམ་མཉམ་རྗེས་གང་དུ་སྒོམ། །
མཐར་འབྲས་སྐུ་གཉིས་གང་ཡིན་སོགས། །
དྲིས་ཤིང་བརྩད་པས་དམ་བཅའ་འཇིག །
རང་བཞེད་སྤྲོས་མཐའ་ཀུན་བྲལ་གྱི། །
གནས་ལུགས་གཞི་ཡི་དབུ་མར་བཞེད། །
ཚུལ་དེས་ལམ་དང་འབྲས་བུ་ཡང༌། །
དབུ་མ་ཉིད་དུ་བཏགས་པར་མཛད། །
ཅེས་སོགས་ཏེ། དབུས་དང་ཤིན་ཏུ་དབུ་མ་ངོས་འཛིན་ཚུལ་ལ། གཞན་འགའ་ཞིག་ནི་ཀུན་རྫོབ་རྟོག་བཏགས་ཀྱི་སྣང་བ་རྟག་མཐའ་ཤིན་ཏུ་ཕྲ་བ་དང༌། དོན་དམ་མེད་དགག་གི་སྟོང་པ་ཆད་མཐའ་ཤིན་ཏུ་ཕྲ་བར་འཇོག་པའི་ཡ་གྱལ་གཉིས་པོ་རེ་རེ་ནས་དབུ་མ་མིན་ཞིང༌། དེ་གཉིས་ཀྱི་བར་གྱི་ཆོས་དེ་དབུས་སམ་དབུ་མ་ཡིན་དགོས་ཀྱི། ཡ་གྱལ་གཞི་ལམ་འབྲས་གསུམ་རེ་རེ་ནས་དབུ་མ་མིན་ནོ་ཞེས་པའི་དམ་བཅའ་སྨྲ་བར་མཛད་དོ། །
གཞི་དབུ་མ་དབུ་མ་མིན་པ་གང་ཞིག་ལམ་འབྲས་གཉིས་པོ་ཡང་དབུ་མ་མིན་པའི་ཕྱིར་སོགས་གསུངས། དེའི་རྗེས་སུ་འབྲངས་ཏེ་མཁས་མཆོག་འགའ་ཞིག་གིས་ཀྱང༌། མི་ཕམ་རིན་པོ་ཆེའི་རྒྱན་འགྲེལ་གྱི་སྐབས་ནས་བསྟན་པའི་དབུ་མའི་ངོས་འཛིན་དེ་མི་འཐད་ཅེས་དགག་པར་མཛད་པ་ལ། དེའི་ལན་དུ་དོགས་སེལ་ལས། གཞི་ལམ་འབྲས་གསུམ་རེ་རེ་ནས་དབུ་མ་མིན་པར་སྨྲ་བ་ནི་རྣམ་པར་འཁྱམས་ཏེ་ཞེས་སོགས་གསུངས་ཤིང༌། དེ་བཞིན་དུ་རབ་གསལ་བརྒལ་ལན་དུ་ཡང༌།
མཁས་མཆོག་བློ་བཟང་རབ་གསལ་གྱིས། ཁྱེད་དབུ་མ་པར་མི་འགྱུར་ཏེ། དབུས་ལ་ཡང་གནས་པ་མེད་པའི་ཕྱིར། དེས་ན་བར་གྱི་ཆོས་སམ་དབུས་ལ་གནས་དགོས་པར་གསུངས་པ་ལ་ལན་བསྟན་པའི་སྐབས་སོགས་སུ་གཞན་ལུགས་དགག་ཅིང་རང་ལུགས་ཀྱི་དབུ་མའི་ངོས་འཛིན་རྒྱ་ཆེར་གསུངས་པ་ལྟར་རོ། །དེས་ན་བདེན་པ་གཉིས་ཀྱི་བར་ན་གནས་པའི་དབུ་མ་དེ་གཞི་དབུ་མ་བདེན་གཉིས་གང་ཡིན་དང༌། ལམ་གྱི་གནས་སྐབས་སུ་འཕགས་ལམ་མཉམ་རྗེས་གང་དུ་བསྒོམ་དང༌། མཐར་འབྲས་སྐུ་གཉིས་གང་དུ་འཇོག་སོགས་དྲིས་ཤིང་བརྩད་པས་དམ་བཅའ་འཇིག་པར་སྣང་ངོ༌། །རང་བཞེད་ནི་རབ་གསལ་བརྒལ་ལན་དུ་མཐའ་ཀུན་དང་བྲལ་བའི་གནས་ལུགས་གཞི་དབུ་མ་ཡིན་ལ་ཞེས་སོགས་ལན་མང་དུ་གསུངས་ཤིང༌། དོགས་སེལ་དུ་ཡང་གཞི་དབུ་མ་དབུ་མ་མཚན་ཉིད་པར་བསྒྲུབ་ཅིང་ཚུལ་དེས་ལམ་དང་འབྲས་བུ་ཡང་དབུ་མ་བཏགས་པར་གྲུབ་ཚུལ་གསུངས་པ་ལྟར་སྤྲོས་མཐའ་ཀུན་བྲལ་གྱི་གནས་ལུགས་གཞི་དབུ་མར་བཞེད་ཅིང༌། ཚུལ་དེས་ལམ་དང་འབྲས་བུ་གཉིས་ཀྱང་དབུ་མར་བཏགས་ཏེ་བསྟན་པར་མཛད་དོ། །
གཞི་ཡི་རང་བཞིན་བདེན་གཉིས།
གཉིས་པ་དེ་ཡི་གཞི་ལམ་འབྲས་བུའི་ཤན་འབྱེད་ལ་གཞི་ཡི་རང་བཞིན་བདེན་གཉིས་དང༌། །ལམ་གྱི་ངོ་བོ་སྤངས་རྟོགས་ཁྱད་པར་དང༌། །མཐར་ཕྱིན་འབྲས་བུ་སྐུ་གཉིས་ཤན་འབྱེད་གསུམ། །དང་པོར་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ་ནི།
ཐེག་མཆོག་དབུ་མའི་གཞུང་ལུགས་ལ། །
གཞི་ལམའབྲས་བུ་རྣམ་གསུམ་ལས། །
གཞལ་བྱ་སྣང་སྟོང་བདེན་པ་གཉིས། །
འཆད་པའི་ཚུལ་ལ་མི་མཐུན་ཡོད། །
ཅེས་སོགས་ཏེ། སྤྱིར་ཐེག་མཆོག་དབུ་མ་ཆེན་པོའི་གཞུང་ལུགས་ལ་གཞི་བདེན་གཉིས་དང་ལམ་སྤང་གཉེན་འབྲས་བུ་སྐུ་གཉིས་ཏེ་རྣམ་པ་གསུམ་ལས། ཐོག་མར་གཞལ་བྱ་སྣང་སྟོང་གི་བདེན་གཉིས་ཀྱི་ངོ་བོ་སོགས་འཆད་པའི་ཚུལ་ལ་ཡང་མི་མཐུན་པ་ཡོད་དོ་ཞེས་མདོར་བསྟན་པའོ། །
བདེན་གཉིས་དབྱེ་ཚུལ་སྤྱི་རྒྱུ་བསྟན།
གཉིས་པ་རྒྱས་བཤད་ལ་བདེན་གཉིས་དབྱེ་ཚུལ་སྤྱི་རྒྱུ་བསྟན། །བྱེ་བྲག་སྣང་སྟོང་བདེན་གཉིས་རབ་དབྱེ་དང༌། །དེ་ཡི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོར་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོར།
སྤྱིར་ནི་བདེན་གཉིས་དབྱེ་ཚུལ་ལ། །
སྣང་སྟོང་ཆོས་ཀྱི་བདེན་གཉིས་དང༌། །
གནས་སྣང་ཆོས་ཀྱི་བདེན་གཉིས་ཀྱི། །
རབ་དབྱེ་གཉིས་སུ་མཁས་རྣམས་བཞེད། །
ཅེས་སོགས་ཏེ། སྤྱིར་ནི་གཞུང་ཆེན་པོ་རྣམས་སུ་གཞི་བདེན་གཉིས་དབྱེ་ཚུལ་ལ། སྣང་ཚུལ་དང་སྟོང་ཚུལ་གྱི་སྒོ་ནས་བཞག་པའི་སྣང་སྟོང་ཆོས་ཀྱི་བདེན་གཉིས་དང་གནས་སྣང་མཐུན་པ་དང་མི་མཐུན་པའི་སྒོ་ནས་བཞག་པའི་གནས་སྣང་ཆོས་ཀྱི་བདེན་གཉིས་ཏེ། བདེན་གཉིས་འཇོག་ཚུལ་གྱི་རབ་དབྱེ་རྣམ་པ་གཉིས་སུ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་དོ། །
གཉིས་པ་རྒྱས་བཤད་ལ་ཡང་དགག་བཞག་རྣམ་པ་གཉིས། །དང་པོ་ནི།
དེང་དུས་སྣང་སྟོང་བདེན་གཉིས་ལས། །
གནས་སྣང་བདེན་གཉིས་མཁྱེན་པ་དཀོན། །
ཚུལ་དེས་ངེས་དོན་མདོ་རྒྱུད་ཀྱི། །
དགོངས་དོན་ཟབ་མོ་རིང་དུ་བྱས། །
ཞེས་སོགས་ཏེ། དེང་དུས་སྣང་སྟོང་གི་བདེན་པ་གཉིས་ཞེས་ཡོངས་སུ་གྲགས་པ་ཙམ་ལས་གནས་སྣང་གི་བདེན་གཉིས་ཟབ་མོ་མཁྱེན་པ་ནི་ཤིན་ཏུ་དཀོན་པར་སྣང་ཞིང་ཚུལ་དེ་ངེས་དོན་མདོ་རྒྱུད་ཀྱི་དགོངས་དོན་ཟབ་མོ་བདེ་བར་གཤེགས་པའི་སྙིང་པོ་སྣང་སྟོང་ཟུང་འཇུག་གི་དོན་དམ་དུ་བཞག་པ་དང༌། མ་ཧཱ་ཡོ་གའི་ལུགས་ཀྱི་དག་མཉམ་བདེན་པ་དབྱེར་མེད་དོན་དམ་བདེན་པར་འཇོག་པ་སོགས་སྣང་སྟོང་དབྱེར་མེད་དོན་དམ་དུ་བཞེད་པའི་ཕྱོགས་རྣམས་རིང་དུ་བྱས་པར་སྣང་ངོ༌། །
སྣང་སྟོང་ཆོས་ཀྱི་བདེན་གཉིས།
གཉིས་པ་བཞག་པ་ལ་སྣང་སྟོང་ཆོས་ཀྱི་བདེན་གཉིས་དང༌། །གནས་སྣང་ཆོས་ཀྱི་བདེན་གཉིས་དབྱེ་ཚུལ་གཉིས། །དང་པོ་ནི།
གནས་ཚུལ་དོན་དཔྱོད་ཚད་མ་ཡིས། །
གཞལ་དོན་ཡང་དག་ཡིན་མིན་གྱིས། །
སྟོང་ཉིད་དོན་དམ་བདེན་པ་དང༌། །
སྣང་བ་ཀུན་རྫོབ་བདེན་གཉིས་དབྱེ། །
ཚུལ་འདི་འཁོར་ལོ་བར་པ་ཡི། །
ངེས་དོན་མདོ་དང་རྒྱུད་སྡེ་དང༌། །
དོན་འགྲེལ་ཟླ་བའི་གཞུང་ལུགས་ཀྱི། །
བདེན་གཉིས་དབྱེ་ཚུལ་བླ་ན་མེད། །
ཅེས་སོགས་ཏེ། དེ་ཡང་སྤྱིར་དབུ་མ་འཇུག་པ་སོགས་གཞུང་ཆེན་པོ་རྣམས་སུ་ནི་རྒྱན་གྱི་སྤྱི་དོན་སོགས་ལས་གསུངས་པ་ལྟར། གནས་ཚུལ་ལ་དཔྱོད་པ་དོན་དམ་དཔྱོད་པའི་ཚད་མས་གཞལ་དོན་ཡང་དག་ཡིན་མིན་གྱི་སྒོ་ནས་གཞལ་དོན་ཡང་དག་པའི་སྟོང་ཉིད་ལ་དོན་དམ་བདེན་པ་དང༌། ཡང་དག་མིན་པའི་སྣང་བ་ལ་ཀུན་རྫོབ་ཅེས་སྣང་སྟོང་གི་སྒོ་ནས་བདེན་པ་གཉིས་སུ་དབྱེ་བར་མཛད་དོ། །
དེ་ལྟར་སྣང་སྟོང་གི་སྒོ་ནས་བདེན་པ་གཉིས་སུ་བཞག་པའི་ཚུལ་འདི་ནི། ངེས་དོན་ཟབ་མོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་བཀའ་བར་པ་མཚན་ཉིད་མེད་པའི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་བར་གྱི་སྣང་བ་ཐམས་ཅད་ཀུན་རྫོབ་ཆོས་ཅན་དུ་བཞག་སྟེ། དེ་དག་གི་ངོ་བོ་མ་གྲུབ་པའི་སྟོང་ཉིད་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་བསྟན་པའི་ཕྱིར་ཏེ། དངོས་བསྟན་སྟོང་ཉིད་བསྟན་པའི་མདོ་ཞེས་རྒྱ་བོད་ཡོངས་ལ་གྲགས་པའི་ཕྱིར་རོ། །དེར་མ་ཟད་དཔལ་མ་ཧཱ་ཡོ་ག་སོགས་རྒྱུད་སྡེ་རྣམས་ཀྱི་དགོངས་པའང་ཡིན་ཏེ། མ་ཧཱའི་སྐབས་སུ་སྣང་ཆ་ནས་ཀུན་རྫོབ་དག་པ་ཆེན་པོ་དང༌། སྟོང་ཆ་ནས་དོན་དམ་མཉམ་པ་ཆེན་པོ་ཞེས་སྣང་སྟོང་གི་སྒོ་ནས་བདེན་པ་གཉིས་སུ་འཇོག་པ་དང༌། དེ་བཞིན་དུ་ཨ་ནུའི་སྐབས་སུ་ཡང༌། སྣང་ཆ་ནས་ཀུན་རྫོབ་ཀུན་ཏུ་བཟང་པོ་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དང༌། སྟོང་ཆ་ནས་དོན་དམ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་བདེན་པ་གཉིས་སུ་དབྱེ་བ་དང༌། ཨ་ཏིའི་སྐབས་སུ་ཡང་སྣང་ཆ་ནས་ཀུན་རྫོབ་གཞི་སྣང་རང་བཞིན་ལྷུན་གྱིས་གྲུབ་པ་དང༌། སྟོང་ཆ་ནས་དོན་དམ་གཞི་དབྱིངས་ངོ་བོ་ཀ་ནས་དག་པའི་རང་བཞིན་དུ་འཇོག་པ་མཐའ་དག་ཀྱང་སྣང་སྟོང་གི་བདེན་པ་གཉིས་པོ་འདི་ལས་གཞན་དུ་འཇོག་ཚུལ་མེད་པ་དང༌། བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་ཟླ་བའི་གཞུང་རྩ་འགྲེལ་གྱི་དགོངས་པ་ཡང་སྣང་སྟོང་གི་བདེན་གཉིས་འདི་ལས་གཞན་དུ་མ་དམིགས་ཏེ། འཇུག་པ་ལས།
དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །
དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །
ཡང་དག་མཐོང་ཡུལ་གང་དེ་དོན་དམ་སྟེ། །
མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་འདོད། །ཅེས་ཡང་དག་མཐོང་བ་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་སྟོང་ཉིད་ཁོ་ནས་དོན་དམ་དུ་བཞག་ཅིང་མཐོང་བ་རྫུན་པ་སྒྱུ་མ་རྨི་ལམ་ལྟ་བུའི་སྣང་ཆ་ཐམས་ཅད་ལ་ཀུན་རྫོབ་བཞག་ཅིང༌། དེ་ལྟ་བུའི་སྟོང་ཉིད་དོན་དམ་བདེན་པ་དེ་མཐའ་བཞི་སྐྱེ་འགོག་སོགས་གནས་ལུགས་ལ་དཔྱོད་པ་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པར་མཛད་ཀྱི་དེ་ལས་གཞན་དུ་སྣང་ཚུལ་ལ་དཔྱོད་པ་ཐ་སྙད་དག་པའི་ཚད་མས་འཁོར་བ་ཀུན་རྫོབ་དང༌། མྱང་འདས་དོན་དམ་དུ་འཇོག་པའི་བདེན་གཉིས་ཀྱི་རྣམ་གཞག་དབུ་མ་རིགས་ཚོགས་དང༌། འཇུག་པ་རྩ་འགྲེལ་སོགས་ལས་ནི་ཚིག་གཅིག་ཀྱང་མི་འབྱུང་བས་ན། སྣང་སྟོང་གི་བདེན་གཉིས་དབྱེ་ཚུལ་འདི་ནི་གཞུང་དེ་དག་གི་དགོངས་པ་བླ་ན་མེད་པར་གྲུབ་བོ། །
གནས་སྣང་ཆོས་ཀྱི་བདེན་གཉིས་དབྱེ་ཚུལ།
གཉིས་པ་གནས་སྣང་ཆོས་ཀྱི་བདེན་གཉིས་དབྱེ་ཚུལ་ནི།
སྣང་ཚུལ་དག་པའི་ཚད་མ་ཡིས། །
གཞལ་དོན་ཡང་དག་ཡིན་མིན་གྱིས། །
གནས་སྣང་མཐུན་པ་དོན་དམ་དང་། །
གནས་སྣང་མི་མཐུན་ཀུན་རྫོབ་དབྱེ། །
ཚུལ་འདི་འཁོར་ལོ་ཐ་མ་ཡི། །
ངེས་དོན་མདོ་དང་རྒྱུད་སྡེ་དང་། །
ཐེག་ཆེན་རྒྱུད་བླ་གཞུང་སོགས་ཀྱི། །
བདེན་གཉིས་དབྱེ་ཚུལ་བླ་ན་མེད། །
ཅེས་སོགས་ཏེ། ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་སོགས་ཀྱི་གཞུང་དོན་རྒྱན་གྱི་སྤྱི་དོན་ལས་གསུངས་པ་ལྟར། སྣང་ཚུལ་ལ་དཔྱོད་པ་དག་གཟིགས་ཐ་སྙད་ཚད་མས་གཞལ་ཚེ་དེའི་གཞལ་དོན་ཡང་དག་ཡིན་མིན་གྱི་སྒོ་ནས། ཡང་དག་པའི་གནས་ལུགས་གང་ཞིག་གནས་སྣང་མཐུན་པར་གྱུར་པའི་ཡུལ་སྟོང་ཉིད་དང༌། ཡུལ་ཅན་ཡེ་ཤེས་ལྟ་བུ་སྣང་སྟོང་གཉིས་ཀ་དོན་དམ་དང༌། ཡང་དག་མིན་པའི་སྣང་ལུགས་གང་ཞིག་གནས་སྣང་མི་མཐུན་པར་གྱུར་པའི་ཡུལ་ཡུལ་ཅན་ལྟ་བུ་འཁྲུལ་བའི་ཆ་ཀུན་རྫོབ་ཏུ་འཇོག་པའི་སྒོ་ནས་བདེན་པ་གཉིས་སུ་དབྱེ་བར་མཛད་དོ། །དེ་ལྟར་གནས་སྣང་མཐུན་མི་མཐུན་གྱི་སྒོ་ནས་བདེན་པ་གཉིས་སུ་འཇོག་པའི་ཚུལ་འདི་ནི་སྙིང་པོའི་མདོ་བཅུ་ལྟ་བུ་བཀའ་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་རྣམས་ལས་ངེས་དོན་བདེ་གཤེགས་སྙིང་པོའི་ཁྱད་པར་སྟོང་ཆ་ནས་ཡུལ་ཆོས་ཀྱི་དབྱིངས་ངོ་བོ་སྟོང་པ་རྣམ་ཐར་གསུམ་ལྡན་གྱི་བདག་ཉིད་དང༌། སྣང་ཆ་ནས་ཡུལ་ཅན་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བ་མཁྱེན་བརྩེ་ནུས་པའི་ཡོན་ཏན་དང་དབྱེར་མེད་པར་གྱུར་པ་གནས་སྣང་མཐུན་པའི་དོན་དམ་དང༌། འཁྲུལ་སྣང་འཁོར་བའི་རང་བཞིན་དྲི་མ་གློ་བུར་བའི་ཆ་ཡུལ་ཡུལ་ཅན་ཐམས་ཅད་གནས་ལུགས་ཀྱི་གཤིས་ལ་མ་ཞུགས་པའི་རྣམ་པར་དབྱེར་ཡོད་པ་གནས་སྣང་མི་མཐུན་པའི་ཀུན་རྫོབ་ཏུ་བཞེད་དེ། ངེས་དོན་བདེ་བར་གཤེགས་པའི་སྙིང་པོ་དངོས་སུ་སྟོན་པའི་མདོ་ཞེས་རྒྱ་བོད་གཉིས་ན་རླུང་ལྟར་གྲགས་པའི་ཕྱིར་རོ། །དེར་མ་ཟད་དཔལ་མ་ཧཱ་ཡོ་ག་སོགས་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་དགོངས་པའང་ཡིན་ཏེ། མ་ཧཱའི་སྐབས་སུ་སྣང་སྟོང་གཉིས་ཀ་ལ་དག་མཉམ་བདེན་པ་དབྱེར་མེད་དོན་དམ་དཀོར་བདུན་ཆེན་པོ་ཞེས། གནས་སྣང་མཐུན་པའི་དོན་དམ་དང༌། དེའི་ལྡོག་ཕྱོགས་འཁྲུལ་པ་བཏགས་པའི་ཀུན་རྫོབ་ཅེས། གནས་སྣང་མི་མཐུན་པའི་ཆ་ཐམས་ཅད་ཀུན་རྫོབ་ཏུ་འཇོག་པ་དང༌། དེ་བཞིན་དུ་ཨ་ནུའི་སྐབས་སུ་བདེན་གཉིས་ཟུང་འཇུག་གི་དོན་དམ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་སྣང་སྟོང་དབྱེར་མེད་གནས་སྣང་མཐུན་པའི་དོན་དམ་དང༌། དེའི་ལྡོག་ཕྱོགས་མ་དག་འཁྲུལ་པའི་ཀུན་རྫོབ་ཅེས་གནས་སྣང་མི་མཐུན་པའི་ཆ་ལ་ཀུན་རྫོབ་ཏུ་འཇོག་པ་དང༌། ཨ་ཏི་ཡོ་གའི་སྐབས་སུ་ཡང་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་གཞི་གནས་རང་བྱུང་གི་ཡེ་ཤེས་དོན་དམ་བདེན་པ་ཞེས་གནས་སྣང་མཐུན་པའི་དོན་དམ་དང༌། གཉིས་སྣང་འཁྲུལ་པའི་ཆོས་གཞི་སྣང་མ་དག་པའི་ཀུན་རྫོབ་ཅེས་གནས་སྣང་མི་མཐུན་པའི་ཆ་ནས་ཀུན་རྫོབ་ཏུ་འཇོག་པའི་ཁྱད་པར་རྣམས་ནི་གནས་སྣང་ཆོས་ཀྱི་བདེན་གཉིས་འདི་ལས་གཞན་དུ་འཆད་ཚུལ་མ་དམིགས་ཤིང༌། གཞན་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མའི་སྐབས་སུ་ཡང༌། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་ངོ་བོ་སྟོང་པའི་རང་མདངས་འོད་གསལ་བ་བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང་དབྱེར་མེད་པའི་རིགས་ཁམས་བདེ་གཤེགས་སྙིང་པོ་དོན་དམ་དུ་བསྟན་ཅིང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །ཞེས་དྲི་མ་གཤིས་ལ་མ་ཞུགས་པ་གཉེན་པོའི་ལམ་བསྒོམ་སྟོབས་ཀྱིས་དབྱེར་ཡོད་པའི་གཟུང་འཛིན་འཁྲུལ་པའི་ཆོས་ཀུན་རྫོབ་ཏུ་བསྟན་ཅིང༌། དེའི་ཚུལ་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་སོགས་ཀྱིས་བསྟན་པ་ལྟར་བྱ་བྱེད་ལྟོས་པ་ཆོས་ཉིད་ཀྱི་རིགས་པ་སོགས་ཐ་སྙད་དག་པའི་ཚད་མའི་སྒོ་ནས་ངོ་བོ་ཡེ་དག་གི་མྱང་འདས་བདེ་གཤེགས་སྙིང་པོ་གཏན་ལ་ཕབ་པར་མཛད་པ་སོགས་ཀྱི་དགོངས་པ་ནི་འདི་ལས་གཞན་དུ་མ་དམིགས་པས་གནས་སྣང་མཐུན་མི་མཐུན་གྱི་སྒོ་ནས་བདེན་གཉིས་དབྱེ་ཚུལ་འདི་ནི་གཞུང་དེ་དག་གི་དགོངས་པ་བླ་ན་མེད་པར་གྲུབ་བོ། །
བཞེད་ཚུལ་རབ་དབྱེ་སྤྱིར་བསྟན་པ།
གསུམ་པ་དོན་བསྡུ་ལ་བཞེད་ཚུལ་རབ་དབྱེ་སྤྱིར་བསྟན་དང༌། །ཕྱོགས་རེར་སྨྲ་བ་གཞན་གྱི་ལོག་རྟོག་དགག །གཞུང་དོན་འགལ་མེད་གནད་དོན་བསྡུ་བའོ། །དང་པོ་ནི།
དེ་ལ་དབུ་མ་རང་རྒྱུད་པས། །
སྣང་སྟོང་ཆོས་ཀྱི་བདེན་གཉིས་བཞེད། །
ཐལ་འགྱུར་གཞུང་དུ་བདེན་གཉིས་ཀྱི། །
རབ་དབྱེ་གཉིས་ཀ་འགལ་མེད་བཞེད། །
དེ་ཕྱིར་ཟླ་བའི་གཞུང་དང་ནི། །
རྒྱལ་ཚབ་མཆོག་གི་རྒྱུད་བླའི་གཞུང༌། །
གཉིས་ཀ་ཐེག་ཆེན་ཐལ་འགྱུར་པའི། །
གཞུང་དུ་འགལ་མེད་གནད་གཅིག་ལགས། །
དེ་ལ་རིགས་ཁམས་སྙིང་པོ་སོགས། །
གནས་སྣང་མཐུན་པའི་དོན་དམ་མཆོག །
འོན་ཀྱང་སྣང་སྟོང་དབྱེ་ཚུལ་གྱིས། །
སྣང་སྟོང་བདེན་པ་གཉིས་ཆར་ཡོད། །
ཅེས་སོགས་ཏེ། དེ་ལ་སྤྱིར་བདེན་གཉིས་དབྱེ་ཚུལ་རྣམ་པ་གཉིས་ཡོད་པ་ལས། དབུ་མ་རང་རྒྱུད་པའི་ལུགས་ལ་ཆོས་ཐམས་ཅད་ཀྱི་སྣང་ཆ་ལ་ཀུན་རྫོབ་དང༌། སྟོང་ཆ་ལ་དོན་དམ་དུ་འཇོག་པས་སྣང་སྟོང་ཆོས་ཀྱི་བདེན་གཉིས་ཁོ་ནར་བཞེད་དོ། །རྒྱན་འགྲེལ་གྱི་སྤྱི་དོན་སྐབས་སུ་གསུངས་པ་ལྟར་རོ། །
ཐལ་འགྱུར་པའི་ལུགས་ཀྱི་གཞུང་དུ་ནི་བཤད་མ་ཐག་པ་ལྟར། བཀའ་བར་པའི་དགོངས་འགྲེལ་རིགས་ཚོགས་དང༌། འཇུག་པ་རྩ་འགྲེལ་སོགས་ལས་ནི་སྣང་སྟོང་གི་སྒོ་ནས་འཇོག་པར་མཛད་ཅིང་བཀའ་ཐ་མའི་དགོངས་པ་རྒྱུད་བླ་མའི་རྩ་འགྲེལ་སོགས་ཀྱིས་ནི་གནས་སྣང་མཐུན་མི་མཐུན་གྱི་སྒོ་ནས་བདེན་གཉིས་འཇོག་པར་མཛད་པས། བདེན་གཉིས་ཀྱི་འཇོག་ཚུལ་གཉིས་ཀ་འགལ་མེད་གནད་གཅིག་ཏུ་ཞལ་གྱིས་བཞེས་ཀྱི་གང་རུང་ཁོ་ན་ལས་གཞན་སྤོང་བར་མ་མཛད་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་འཇུག་པ་རྩ་འགྲེལ་སོགས་ཟླ་བའི་གཞུང་དང༌། རྒྱལ་ཚབ་ཆེན་པོ་བྱམས་མགོན་མཆོག་གི་རྒྱུད་བླ་མའི་གཞུང་གཉིས་ཀ་ཡང༌། ཐེག་ཆེན་ཐལ་འགྱུར་བའི་གཞུང་དུ་འགལ་མེད་གནད་གཅིག་ཏུ་གྱུར་པ་ལགས་སོ། །དེ་ལ་སྤྱིར་གཞུང་ཆེན་པོ་རྣམས་སུ་བདེ་གཤེགས་སྙིང་པོ་སོགས་དོན་དམ་དུ་གསུངས་པ་དང༌།
ཡང་འགའ་ཞིག་ཏུ་ངོ་བོ་སྟོང་པ་ལ་དོན་དམ་དང་རང་བཞིན་གསལ་བ་ལ་ཀུན་རྫོབ་ཏུ་གསུངས་པ་སོགས་ཀྱི་དགོངས་པ་ནི། རིགས་ཁམས་སྙིང་པོ་སོགས་ཀྱི་སྣང་སྟོང་གི་ཆ་གཉིས་ཀ་གནས་སྣང་མཐུན་པའི་ཆ་ནས་དོན་དམ་དུ་བཞག་མོད་ཀྱི། འོན་ཀྱང་སྣང་ཆ་ནས་ཀུན་རྫོབ་དང་སྟོང་ཆ་ནས་དོན་དམ་ད་ུདབྱེ་བའི་ཚུལ་གྱིས་སྣང་སྟོང་གི་བདེན་པ་གཉིས་ཆར་ཡོད་དོ། །
ཕྱོགས་རེར་སྨྲ་བ་གཞན་གྱི་ལོག་རྟོག་དགག་པ།
གཉིས་པ་ཕྱོགས་རེར་སྨྲ་བ་གཞན་གྱི་ལོག་རྟོག་དགག་པ་ནི།
ལ་ལ་བདེན་གཉིས་རབ་དབྱེ་གཉིས། །
དབུ་མ་ཐལ་རང་སོ་སོར་སྦྱོར། །
འཁོར་ལོ་བར་ཐ་གང་རུང་གི །
དགོངས་དོན་འགལ་མེད་རྟོགས་པར་དཀའ། །
ཞེས་སོགས་ཏེ། འདིར་ལ་ལ་ནི་གནས་སྣང་དང་སྣང་སྟོང་གི་སྒོ་ནས་ཕྱེ་བའི་བདེན་གཉིས་ཀྱི་རབ་དབྱེ་གཉིས་པོ་དག དང་པོ་ཐལ་འགྱུར་བའི་ལུགས་ཀྱི་བདེན་གཉིས་དང༌། གཉིས་པ་རང་རྒྱུད་པའི་ལུགས་ཀྱི་བདེན་གཉིས་ཏེ། དེས་ན་རང་རྒྱུད་པའི་ལུགས་ལ་སྣང་སྟོང་གི་བདེན་གཉིས་ལས། གནས་སྣང་གི་བདེན་གཉིས་མི་འདོད་པ་དེ་བཞིན་དུ། ཐལ་འགྱུར་བའི་ལུགས་ལ་ཡང་གནས་སྣང་གི་བདེན་གཉིས་ཁོ་ན་ལས། སྣང་སྟོང་གི་བདེན་གཉིས་མེད་དོ་ཞེས་སོ་སོར་སྦྱོར་བར་མཛད་ཀྱང༌། དབུ་མ་ཐལ་འགྱུར་པའི་ལུགས་ལ་མཐའ་གཅིག་ཏུ་བདེན་གཉིས་འཇོག་ཚུལ་ཕྱོགས་རེ་བ་ལས་མེད་ན་བཀའ་འཁོར་ལོ་བར་མཐའ་གང་རུང་གི་དགོངས་དོན་ཟབ་མོ་སྣང་སྟོང་དང་གནས་སྣང་གི་བདེན་གཉིས་འགལ་མེད་དུ་རྟོགས་ཅིང་འཆད་དཀའ་བར་སྣང་ངོ༌། །
གཞུང་དོན་འགལ་མེད་གནད་དོན་བསྡུ་བ།
གསུམ་པ་གཞུང་དོན་འགལ་མེད་གནད་དོན་བསྡུ་བ་ནི།
དེས་ན་དབུ་མ་ཆེན་པོ་ཡི། །
ངེས་དོན་མདོ་དང་བསྟན་བཅོས་ཀྱི། །
བསྟན་དོན་བདེན་གཉིས་རབ་དབྱེ་དག །
གཉིས་ཀ་འགལ་མེད་མཁྱེན་པར་མཛོད། །
ཅེས་སོགས་ཏེ། རྒྱུ་མཚན་དེས་ན་དབུ་མ་ཆེན་པོ་ཐལ་འགྱུར་པའི་ལུགས་ཀྱི་ངེས་དོན་གྱི་མདོ་སྡེ་ཟབ་མོ་བཀའ་བར་མཐའ་གཉིས་དང༌། དེའི་དགོངས་འགྲེལ་གྱི་བསྟན་བཅོས་འཇུག་པ་རྩ་འགྲེལ་དང་རྒྱུད་བླ་མ་སོགས་ཀྱིས་བསྟན་དོན་སྣང་སྟོང་དང་གནས་སྣང་གི་བདེན་གཉིས་ཀྱི་རབ་དབྱེ་གཉིས་སུ་གསུངས་པ་དག་ཐལ་འགྱུར་བའི་ལུགས་ལ་གཉིས་ཀ་འགལ་མེད་གནད་གཅིག་ཏུ་ཞལ་གྱིས་བཞེས་པའི་ཚུལ་ཡང་མཁྱེན་པར་མཛོད་ཅིག་གུ།
བྱེ་བྲག་སྣང་སྟོང་བདེན་གཉིས་རབ་དབྱེ།
གཉིས་པ་བྱེ་བྲག་སྣང་སྟོང་བདེན་གཉིས་ལ། །མཚན་ཉིད་དང་ནི་མཚན་གཞིའི་རབ་དབྱེ་དང༌། །ངོ་བོ་དང་ནི་ངེས་པའི་གོ་རིམ་བཞི། །དང་པོར་དགག་བཞག་རྣམ་པ་གཉིས་དག་ལས། །དང་པོ་ནི།
དེ་ལྟར་བདེན་གཉིས་དབྱེ་ཚུལ་གྱི། །
རབ་དབྱེ་རྣམ་པ་གཉིས་དག་ལས། །
འདིར་ནི་སྣང་སྟོང་བདེན་གཉིས་ཀྱི། །
ཆོས་ཀྱི་མཚན་ཉིད་ལ་ལ་དག །
མཐོང་བ་རྫུན་པ་ཐ་སྙད་ཀྱི། །
དཔྱོད་བྱེད་ཚད་མའི་རྙེད་དོན་དང༌། །
ཡང་དག་མཐོང་བ་མཐར་ཐུག་གི །
དཔྱོད་བྱེད་ཚད་མའི་རྙེད་དོན་ཟེར། །
ད་དུང་ཟླ་བའི་ལུགས་སུ་སྨྲ། །
མཚན་ཉིད་སྐྱོན་ཅན་ཡིན་ནོ་ལོ། །
ཁྭ་ཏས་མི་གཙང་ཟོས་པའི་མཆུ། །
གཙང་སར་འཕྱི་བའི་དཔེ་ཟླར་འོས། །
གཞན་དག་མཐོང་བ་ཡང་དག་པའི། །
འཛིན་སྟངས་ཀྱིས་ནི་གཟུང་བྱ་དང༌། །
མཐོང་བ་རྫུན་པའི་འཛིན་སྟངས་ཀྱིས། །
གཟུང་བྱ་བདེན་གཉིས་མཚན་ཉིད་སྨྲ། །
ད་དུང་དཔལ་ལྡན་ཟླ་བ་ཡི། །
གཞུང་ལུགས་དགོངས་དོན་ཡིན་ནོ་ལོ། །
འདིར་ཡང་མ་ཁྱབ་ཁྱབ་ཆེས་དང༌། །
མི་སྲིད་གསུམ་གྱི་སྤྱི་སྐྱོན་ཡོད། །
ཅེས་སོགས་ཏེ། བཤད་མ་ཐག་པ་དེ་ལྟར་བདེན་གཉིས་དབྱེ་ཚུལ་གྱི་རབ་དབྱེ་རྣམ་པ་གཉིས་པོ་དག་ལས། སྐབས་འདིར་ནི་སྣང་སྟོང་གི་བདེན་པ་གཉིས་ཀྱི་མཚན་ཉིད་འཆད་ཚུལ་ལ་ཡང༌། ཡིག་ཆ་ལ་ལ་དག་གི་ལུགས་ལ། ཀུན་རྫོབ་དང་དོན་དམ་བདེན་པའི་མཚན་ཉིད་ནི་རིམ་བཞིན་མཐོང་བ་རྫུན་པ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། ཡང་དག་མཐོང་བ་མཐརཐུག་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་དེ་དོན་དམ་བདེན་པའི་མཚན་ཉིད་ཅེས་ཟེར་ཞིང༌། ད་དུང་དེ་འདྲའི་མཚན་ཉིད་དེ། ཟླ་བའི་གཞུང་ལུགས་ཀྱི་དགོངས་དོན་ཡིན་ཀྱང༌། སྤྱིར་བཏང་ཙམ་སྟེ། མཉམ་རྗེས་ཐ་དད་པའི་འཕགས་པ་སློབ་པའི་ཡུལ་འཇལ་ཚུལ་ལ་ཁྱབ་ཀྱང་སངས་འཕགས་ཀྱིས་ཇི་ལྟ་ཇི་སྙེད་རེ་རེས་ཀྱང་བདེན་གཉིས་ཅིག་ཆར་དུ་འཇལ་ཚུལ་ལ་མ་ཁྱབ་པས་མཚན་ཉིད་སྐྱོན་ཅན་ཡིན་པར་འཆད་མོད། བདག་ཉིད་ཆེན་པོ་ས་པཎ་གྱིས་གསུངས་པ་ལྟར།
ཁྭ་ཏས་མི་གཙང་ཟོས་པའི་མཆུ། །
གཙང་སར་ཕྱི་བའི་དཔེ་ཟླར་འོས་པ་ཉིད་དོ། །ཡེ་ཤེས་ངོ་བོ་གཅིག་གིས་ཤེས་བྱ་བདེན་གཉིས་གཟིགས་ཚུལ་གྱི་སྒོ་ནས་ཇི་ལྟ་ཇི་སྙེད་གཉིས་སུ་ཕྱེ་བ་ཙམ་དུ་མ་ཟད་ད་དུང་ཇི་ལྟ་བ་དེ་ཇི་ལྟ་དང་ཇི་སྙེད་པའི་ཡེ་ཤེས་གཉིས་ཀ་ཡིན་པར་སྨྲ་བ་སོགས་ཀྱི་རྣམ་གཞག་ཟླ་བའི་གཞུང་དུ་མ་མཛད་པའི་ཕྱིར་རོ། །དེས་ན་དེ་དག་གིས་ཟླ་བའི་ལུགས་དེ་ཉིད་སྐྱོན་བྲལ་དུ་བསྒྲུབ་མ་ནུས་པར། དེ་ལས་གཞན་དུ་བདེན་གཉིས་ཀྱི་མཚན་ཉིད་ལ། རིམ་བཞིན་ཐ་སྙད་པའི་ཚད་མས་རྙེད་དོན་གང་ཞིག་ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་ཚད་མར་སོང་བ་དང༌། རིག་ཤེས་ཚད་མས་རྙེད་དོན་གང་ཞིག་རིག་ཤེས་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་ཚད་མར་སོང་བ་ཞེས་དང༌། ཡང་ཁ་ཅིག་དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཆོས་ཅན་གང་ཞིག་ཀུན་རྫོབ་སེམས་པའི་རིག་ངོར་མི་བསླུ་བ་དང༌། ཆོས་ཉིད་གང་ཞིག་དོན་དམ་སེམས་པའི་རིག་ངོར་མི་བསླུ་བ་ཞེས་དང༌། ཁ་ཅིག་རང་དངོས་རྟོགས་ཀྱི་ཚད་མས་སྣང་རུང་གི་སྤྲོས་པ་དང་བཅས་པའི་ཚུལ་གྱིས་རྙེད་དོན་དང༌། རང་དངོས་རྟོགས་ཀྱི་ཚད་མས་སྣང་རུང་གི་སྤྲོས་པ་མ་མཐོང་བའི་ཚུལ་གྱིས་རྙེད་དོན་ཀུན་རྫོབ་དང༌། དོན་དམ་པའི་མཚན་ཉིད་ཅེས་སོགས་འཆད་ཚུལ་མང་ཡང༌། ལུགས་འདིའི་བདེན་གཉིས་ཀྱི་མཚན་ཉིད་ཡིན་ན་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་ཟླ་བ་དང༌། ཞི་ལྷའི་གཞུང་ནས་བསྟན་པ་ཞིག་དགོས་ཀྱི། དེ་མིན་ཐམས་ཅད་ཐལ་འགྱུར་བའི་ལུགས་མིན་པར་རྟོགས་སླ་བས་ཤན་འབྱེད་ཀྱི་ཁྱད་པར་དུ་སྤྲོ་བར་མ་བྱས་སོ། །
ཡང་ཀུན་མཁྱེན་མཁས་པའི་དབང་པོ་གཞན་དག་ནི། མཐོང་བ་ཡང་དག་པའི་འཛིན་སྟངས་ཀྱི་གཟུང་བྱ་དང༌། མཐོང་བ་རྫུན་པའི་འཛིན་སྟངས་ཀྱི་གཟུང་བྱ་དེ་རིམ་བཞིན་དོན་དམ་དང་ཀུན་རྫོབ་བདེན་པའི་མཚན་ཉིད་དོ། །ཞེས་སྨྲ་བར་མཛད་ཅིང༌། ད་དུང་དེ་ཉིད་དཔལ་ལྡན་ཟླ་བའི་གཞུང་ཆེན་པོ་འཇུག་པའི་ལུགས་ཀྱི་དགོངས་དོན་ཡིན་པར་གསུངས་ཀྱང༌། མཚན་ཉིད་འདིར་ཡང་ཅུང་ཟད་བརྟག་ན། དོན་དམ་གྱི་མཚན་ཉིད་དེ་དོན་དམ་སྤྱིེའི་མཚན་ཉིད་དུ་འཇོག་ན་རྣམ་གྲངས་མིན་པའི་དོན་དམ་ལ་མ་ཁྱབ་པའི་སྐྱོན་གནས་ཤིང༌། སྐབས་འདིའི་དོན་དམ་ཁོ་ནའི་མཚན་ཉིད་ཡིན་ན་མཚོན་དོན་མེད་པའི་རྣམ་གྲངས་པའི་དོན་དམ་ལ་ཁྱབ་ཆེས་པའི་སྐྱོན་དང༌། མཚོན་བྱ་རྣམ་གྲངས་མིན་པའི་དོན་དམ་ལ་མི་སྲིད་པའི་སྤྱི་སྐྱོན་ཡོད་པར་སྣང་ངོ༌། །
གཉིས་པ་བཞག་པ་ནི།
རང་བཞེད་བདེན་གཉིས་སོ་སོའི་མཚན་ཉིད་ནི། །
ཇི་ལྟའི་མཉམ་བཞག་བློ་འདས་ཡེ་ཤེས་དང༌། །
ཇི་སྙེད་མཐོང་བ་ཐ་སྙད་བློ་ཡི་ཡུལ། །
དོན་དམ་དང་ནི་ཀུན་རྫོབ་མཚན་ཉིད་ལགས། །
ཚུལ་འདི་ངེས་དོན་མདོ་དང་ནི། །
རྨད་བྱུང་སློབ་དཔོན་རྣམ་གཉིས་ཀྱི། །
དགོངས་དོན་རྣམ་གཅོད་རྣམ་གཉིས་ཀྱི། །
བསྟན་དོན་མཚན་ཉིད་སྐྱོན་བྲལ་ལགས། །
ཞེས་སོགས་ཏེ། རང་ལུགས་ཀྱི་བདེན་པ་གཉིས་པོ་སོ་སོའི་མཚན་ཉིད་བཞེད་ཚུལ་ནི། ཇི་ལྟ་བའི་གནས་ལུགས་གང་ཞིག་མཉམ་བཞག་བློ་འདས་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དང༌། ཇི་སྙེད་པའི་སྣང་ཚུལ་གང་ཞིག་མཐོང་བ་ཐ་སྙད་པའི་བློ་ཡི་ཡུལ་དུ་གྱུར་པ་སྟེ། རིམ་བཞིན་དོན་དམ་དང་ཀུན་རྫོབ་པའི་མཚན་ཉིད་དུ་འཇོག་པ་ལགས་སོ། །དེ་ལྟ་བུའི་མཚན་ཉིད་ཀྱི་ཚུལ་འདི་ནི་ངེས་དོན་གྱི་མདོ་སྡེ་སྤྱི་དང༌། དེ་དག་གི་དགོངས་པ་འགྲེལ་བ་ལ་མཁས་པའི་པཎ་གྲུབ་ཆེན་པོ་ལྟ་བ་རྨད་དུ་བྱུང་བ་དཔལ་ལྡན་ཟླ་བ་དང༌། སྤྱོད་པ་རྨད་དུ་བྱུང་བ་ཞི་བའི་ལྷ་སྟེ་རྨད་བྱུང་གི་སློབ་དཔོན་རྣམ་པ་གཉིས་ཀྱི་དགོངས་པ་བླ་ན་མེད་པ་སྟེ་འཇུག་པ་རྩ་འགྲེལ་དུ། ཡོངས་གཅོད་གྱི་སྒོ་ནས་དོན་དམ་པའི་མཚན་ཉིད་འཇོག་པར་མཛད་པ་དང༌། སྤྱོད་འཇུག་ཤེས་རབ་ལེའུའི་སྐབས་སུ་རྣམ་གཅོད་ཀྱི་སྒོ་ནས་དོན་དམ་པའི་མཚན་ཉིད་བསྟན་ཅིང༌། གཞུང་གཉིས་ཀར་ཡོངས་གཅོད་ཀྱི་སྒོ་ནས་ཀུན་རྫོབ་བདེན་པའི་མཚན་ཉིད་བསྟན་པ་སྟེ། དེ་ལྟར་རྣམ་གཅོད་རྣམ་པ་གཉིས་ཀྱི་སྒོ་ནས་བསྟན་པའི་བདེན་གཉིས་ཀྱི་མཚན་ཉིད་སྐྱོན་བྲལ་དུ་གྱུར་པ་ལགས་སོ། །དེ་ལ་སྤྱིར་དོན་དམ་གྱི་རང་མཚན་མཉམ་བཞག་གི་ཡེ་ཤེས་ཁོ་ནའི་དངོས་ཡུལ་ཡིན་པར་རྟོགས་པའི་སླད་དུ། གཟུང་འཛིན་ཅན་གྱི་བློ་དང་གཟུང་འཛིན་མེད་པའི་ཡེ་ཤེས་སོ་སོར་ཕྱེས་ཏེ་དོན་དམ་བདེན་པ་བློ་འདས་ཡེ་ཤེས་ཀྱི་ཡུལ་དུ་གསུངས་ཤིང༌། ཀུན་རྫོབ་བདེན་པ་གཟུང་འཛིན་ཡོད་མེད་ཀྱི་བློ་དང་ཡེ་ཤེས་ཅི་རིགས་པས་རྟོགས་བྱ་ཡིན་པར་ཤེས་པའི་སླད་དུ་ཤན་མ་ཕྱེ་བར་སྤྱིར་བློའི་སྤྱོད་ཡུལ་དུ་གྱུར་པའི་སྒོ་ནས་མཚན་ཉིད་འཇོག་པར་མཛད་པའི་གནད་དོན་མཁྱེན་པར་འཚལ་ལོ། །
གཉིིས་པ་མཚན་གཞིའི་རབ་དབྱེ་ལ་ཀུན་རྫོབ་དང་ནི་དོན་དམ་རབ་དབྱེ་གཉིས། །དང་པོར་གཞན་ལུགས་དགག་དང་རང་ལུགས་བཞག །དང་པོ་ནི།
མཚན་གཞིའི་དབྱེ་བ་རྒན་པོའི་ངོར། །
ཀུན་རྫོབ་ཡང་ལོག་ཡོད་ན་ཡང༌། །
རང་ངོར་ལོག་པའི་ཀུན་རྫོབ་ལས། །
ཡང་དག་ཀུན་རྫོབ་མེད་དོ་ལོ། །
བདེན་གཉིས་ལ་ཤན་མ་ཕྱེས་པའི། །
རྟོག་བཟོ་སྣ་ཚོགས་ཅིར་ཡང་སྨྲ། །
འཕགས་ཡུལ་དཔལ་ལྡན་ཟླ་བ་ལ། །
འཁྲུལ་རྒྱུ་ཕྱི་ནང་གང་ཞིག་འཇོག །
ད་དུང་འཁྲུལ་པའི་ཤེས་པ་དང༌། །
ཚད་མའི་གཞི་མཐུན་ཡོད་ཅེས་འཛེར། །
རྣམ་མཁྱེན་འཁྲུལ་པར་གྱུར་པ་ཡི། །
ཚད་མ་དེ་འདྲ་ངོ་མཚར་ཆེ། །
ཞེས་སོགས་ཏེ། བདེན་གཉིས་ཀྱི་མཚན་གཞིའི་དབྱེ་བ་འདོད་ཚུལ་ལ་ཡང༌། མཁས་དབང་འགའ་ཞིག་གིས་ནི། རང་རྒྱུད་པའི་ལུགས་ལ་རང་ངོར་ཡང་ལོག་གི་ཀུན་རྫོབ་འཇོག་ཀྱང་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་པར་འཇིག་རྟེན་རྒན་པོའི་ཤེས་ངོར་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་ཡོད་པར་བཞེད་ན་ཡང༌། ཟླ་བའི་རང་ངོར་ལོག་པའི་ཀུན་རྫོབ་འབའ་ཞིག་ལས། ཡང་དག་ཀུན་རྫོབ་མེད་དེ། དེ་ཡོད་ན་ཀུན་རྫོབ་རང་མཚན་གྱིས་གྲུབ་པར་ཐལ་བའི་སྐྱོན་ཡོད་དོ་ཞེས་གསུངས་ཀྱང༌། ཐལ་འགྱུར་ཆེན་པོའི་ལུགས་ལ་དོན་དམ་བདེན་པའི་ངོར་ཡང་ལོག་གི་ཀུན་རྫོབ་གཉིས་ཀ་མེད་ཀྱང༌། འཇིག་རྟེན་ཐ་སྙད་བདེན་པའི་ངོ་བོ་ཁོ་ནར་ཡོད་པའི་ཀུན་རྫོབ་འཇོག་ཚུལ་སོགས་བདེན་གཉིས་ཀྱི་ལ་ཤན་མ་ཕྱེ་བར་རྟོག་བཟོ་སྣ་ཚོགས་ཅིར་ཡང་སྨྲ་བར་མཛད་དོ། །དེ་ལ་འཕགས་ཡུལ་གྱི་དཔལ་ལྡན་ཟླ་བའི་རང་ངོར་ཡང་དག་ཀུན་རྫོབ་གཏན་མི་སྣང་བར་ལོག་པའི་ཀུན་རྫོབ་འབའ་ཞིག་སྣང་བའི་འཁྲུལ་རྒྱུ་དེ་འཇུག་པ་རྩ་འགྲེལ་ལས་གསུངས་པ་ལྟར་གྱི་འཁྲུལ་རྒྱུ་ཕྱི་ནང་གང་ཞིག་ཡོད་པར་འཇོག་སྟེ་བརྟག་པར་བྱའོ། །
ད་དུང་ལུགས་འདིར་འཁྲུལ་ཤེས་དང་ཚད་མ་གཞི་མཐུན་ཡོད་པར་འཆད་མོད། དེ་ལྟར་ན་ཟླ་བའི་རང་ངོར་རྣམ་མཁྱེན་ལོག་པའི་ཀུན་རྫོབ་ཀྱིས་བསྡུས་པའི་འཁྲུལ་པར་གྱུར་པ་ཡི་ཚད་མ་དེ་འདྲ་ངོ་མཚར་ཆེ་བར་སྣང་ངོ༌། །
གཉིས་པ་རང་ལུགས་བཞག་ལ་མདོར་བསྟན་རྒྱས་བཤད་རྩོད་སྤོང་གསུམ། །དང་པོ་ནི།
རང་བཞེད་དོན་དཔྱོད་ཚད་མའི་ངོར། །
ཡང་ལོག་ཆོས་ཀྱི་རྣམ་དབྱེ་བྲལ། །
ཐ་སྙད་ཀུན་རྫོབ་བདེན་པའི་ངོར། །
ཡང་ལོག་དབྱེ་བ་སོ་སོར་བཞེད། །
ཅེས་སོགས་ཏེ། དེ་ལ་རང་ལུགས་ཀྱི་བཞེད་པ་ནི། སྤྱིར་རང་རྒྱུད་པའི་ལུགས་ལ་དོན་དཔྱོད་ཚད་མའི་ངོར་བདེན་གཉིས་ཕྱེས་ཏེ། ཚད་མ་དེའི་ངོར་ཡང་ལོག་གི་ཀུན་རྫོབ་མི་ཁེགས་པར་དེའི་སྟེང་གི་བདེན་གྲུབ་སོགས་འགོག་པར་བྱེད་ཀྱང༌། ལུགས་འདིའི་ཐུན་མོང་མིན་པ་ནི་དོན་དམ་དཔྱོད་པའི་ཚད་ངོར་རིགས་དེས་ཐ་སྙད་དུ་ཡང་རིག་མིན་ན་ཞེས་གསུངས་པ་ལྟར། ཡང་ལོག་གི་ཀུན་རྫོབ་གྱི་རྣམ་དབྱེ་ཀུན་དང་བྲལ་ན་ཡང༌། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད་སོགས་དང༌།
གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །
གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །
འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །
འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །
ཅེས་པ་རྩ་འགྲེལ་རྣམས་ཀྱི་དགོངས་དོན་ལྟར། ཐ་སྙད་ཀུན་རྫོབ་བདེན་པའི་ངོར་དུང་དཀར་པོ་མཐོང་བ་དང་ལས་འབྲས་ཡོད་པར་སྨྲ་བ་ལྟ་བུ་འཁྲུལ་རྒྱུ་གློ་བུར་བས་མ་བསླད་པའི་སྣང་བ་ཡང་དག་ཀུན་རྫོབ་དང༌། དུང་སེར་པོར་མཐོང་བ་དང་ལས་འབྲས་མེད་པར་ལྟ་བ་སོགས་འཁྲུལ་རྒྱུ་གློ་བུར་བས་བསླད་པའི་སྣང་བ་རྣམས་ནི་ལོག་པའི་ཀུན་རྫོབ་སྟེ། ཡང་ལོག་གི་དབྱེ་བ་སོ་སོར་ཡོད་པར་བཞེད་དོ། །
གཉིས་པ་རྒྱས་པར་བཤད་པ་ནི།
དོན་དཔྱོད་ཚད་ངོར་ཆོས་ཅན་ཀུན། །
འཁྲུལ་སྣང་སྒྱུ་མ་ལྟར་ངེས་ཀྱང༌། །
དེ་ཙམ་ཐ་སྙད་བདེན་པའི་ངོར། །
ཀུན་རྫོབ་ལོག་པའི་འཁྲུལ་རྒྱུ་མིན། །
འཕགས་ཡུལ་དཔལ་ལྡན་ཟླ་བ་ཡིས། །
ཆོས་ཀུན་སྒྱུ་མ་ལྟར་གཟིགས་ཀྱང༌། །
དེ་ཡི་སྣང་ངོར་ཐ་སྙད་དུ། །
དུང་དང་ཟླ་བའི་ཁ་དོག་ཉིད། །
དཀར་པོར་སྣང་བ་ཡང་དག་གི །
ཀུན་རྫོབ་གཟིགས་པ་ལོག་ནས་ནི། །
དུང་དང་ཟླ་བ་སེར་པོ་རུ། །
སྣང་བའི་ལོག་ཤེས་སྲིད་མ་ལགས། །
ཟླ་བས་རྗེས་ཐོབ་འཇིག་རྟེན་གྱི། །
ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར། །
རང་སྣང་འཁྲུལ་དང་མ་འཁྲུལ་ལས། །
ཀུན་རྫོབ་ཡང་ལོག་གཉིས་སུ་དབྱེ། །
ཞེས་སོགས་ཏེ། དེ་ལ་དོན་དཔྱོད་ཚད་མའི་ངོར་ཆོས་ཅན་གྱི་སྣང་བ་ཀུན་ཀྱང་དཔྱད་བཟོད་མེད་པར་འཁྲུལ་སྣང་སྒྱུ་མ་ལྟ་བུར་ངེས་ཀྱང་དེ་ཙམ་ཐ་སྙད་འཇིག་རྟེན་བདེན་པའི་ངོར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ལོག་པའི་ཀུན་རྫོབ་འབའ་ཞིག་ཏུ་འཇོག་པའི་རྒྱུ་མིན་ཏེ། འཕགས་ཡུལ་དཔལ་ལྡན་ཟླ་བས་དོན་དམ་སྟོང་པ་ཉིད་གཟིགས་པའི་ལག་རྗེས་ལ་ཐ་སྙད་ཀུན་རྫོབ་ཀྱི་ཆོས་ཀུན་འཁྲུལ་སྣང་སྒྱུ་མའི་སྣང་བ་ལྟར་གཟིགས་ཀྱང་དེ་ཙམ་གྱིས་ཟླ་བའི་ངོར་ཐ་སྙད་དུང་དང་ཟླ་བའི་ཁ་དོག་སོགས་དཀར་པོར་སྣང་བ་ཡང་དག་ཀུན་རྫོབ་ཀྱི་གཟིགས་པ་མཐའ་དག་ལོག་ནས་ནི་དུང་དང་ཟླ་བའི་ཁ་དོག་སེར་པོར་སྣང་བ་སོགས་གང་སྣང་ཐམས་ཅད་ལོག་པའི་ཀུན་རྫོབ་འབའ་ཞིག་ཏུ་སྣང་བའི་ལོག་ཤེས་སྲིད་པ་མ་ལགས་སོ། །དེས་ན་དཔལ་ལྡན་ཟླ་བས་རྗེས་ཐོབ་འཇིག་རྟེན་ཐ་སྙད་ཀྱི་ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར། རང་སྣང་འཁྲུལ་དང་མ་འཁྲུལ་པའི་དབང་ལས་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་དབྱེ་བར་མཛད་དོ། །
གསུམ་པ་རྩོད་སྤོང་ནི།
དོན་དཔྱོད་ཚད་མས་མ་བཀག་པར། །
ཤུལ་དུ་ལུས་པའི་སྣང་བ་མིན། །
དེ་སླད་ཐ་སྙད་རང་མཚན་གྱིས། །
གྲུབ་པར་ཐལ་བའི་ཀླན་ཀ་མེད། །
དེ་ལྟའི་རྟོགས་དཀའི་གནད་གསང་མ་མཁྱེན་པར། །
ཐ་སྙད་འཇིག་རྟེན་རྒན་པོའི་རྗེས་བརྗོད་དང༌། །
རང་སྣང་ལོག་པའི་ཀུན་རྫོབ་འབའ་ཞིག་དང༌། །
འཁྲུལ་ཤེས་ཚད་མའི་གཞི་མཐུན་སྨྲ་སོགས་བྱུང༌། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ཞེས་སོགས་ཏེ། ལུགས་འདིའི་ཡང་ལོག་གི་ཀུན་རྫོབ་འཇིག་རྟེན་གྱི་ཤེས་ངོ་ཙམ་ལ་མི་འཇོག་པར་ཟླ་བའི་རང་ངོར་ཡང་དག་ཀུན་རྫོབ་ཡོད་ན། རང་རྒྱུད་པ་ལྟར་ཐ་སྙད་རང་མཚན་གྱིས་གྲུབ་པར་ཐལ་ལོ་ཞེ་ན། ལུགས་འདིའི་ཡང་དག་ཀུན་རྫོབ་ཅེས་པ་རང་རྒྱུད་པ་ལྟར་དོན་དཔྱོད་ཚད་མས་མ་བཀག་པར་ཤུལ་དུ་ལུས་པའི་སྣང་བ་མིན་པའི་ཕྱིར་ན། ཐ་སྙད་རང་མཚན་གྱིས་གྲུབ་པར་ཐལ་བའི་ཀླན་ཀ་ཅི་ཡང་འཚོལ་དུ་མེད་དོ། །ཚུལ་དེ་ལྟ་བུའི་དཀའ་བའི་གནད་ཟབ་མོ་མ་མཁྱེན་པར་ཐ་སྙད་འཇིག་རྟེན་རྒན་པོའི་རྗེས་སུ་བརྗོད་དགོས་པར་སྨྲ་བ་དང༌། ཟླ་བའི་རང་སྣང་ལ་ལོག་པའི་ཀུན་རྫོབ་འབའ་ཞིག་ལས་མེད་པར་འདོད་པ་དང༌། ལུགས་འདིར་འཁྲུལ་ཤེས་དང་ཚད་མའི་གཞི་མཐུན་ཡོད་ཀྱང་མི་འགལ་བར་སྨྲ་བ་སོགས་བྱུང་བར་སྣང་ངོ༌། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཉིས་པ་དོན་དམ་རབ་དབྱེར་དགག་བཞག་གཉིས། །དང་པོ་ནི།
དོན་དམ་རྣམ་གྲངས་ཡིན་མིན་གཉིས། །
མ་ཡིན་དགག་དང་མེད་དགག་གིས། །
ཕྱེ་བས་ཡུལ་དང་ཡུལ་ཅན་གྱི། །
དོན་དམ་རྣམ་པ་བཞི་ཞེས་སྨྲ། །
ཚུལ་འདི་སྟོང་ཉིད་མེད་དགག་ལས། །
ལྷག་པའི་སྤྲོས་བྲལ་མེད་པས་ལན། །
དེ་འདྲའི་མེད་དགག་རྣམ་གྲངས་ལས། །
རྣམ་གྲངས་མིན་པའི་ཕྱོགས་ཙམ་མིན། །
ཞེས་སོགས་ཏེ། དོན་དམ་གྱི་མཚན་གཞི་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པར་ངོས་འཛིན་པའི་ཁྱད་པར་ལ། འགའ་ཞིག་ཡུལ་སྟོང་ཉིད་ལ་རྣམ་གྲངས་མིན་པ་དང༌། དེ་རྟོགས་པའི་ཡུལ་ཅན་ལ་རྣམ་གྲངས་པའི་དོན་དམ་དུ་འཇོག་པའི་ཁྱད་པར་ཡོད་ཀྱང་རུང༌། རང་ལུགས་ལ་ཡང་དེ་ལྟར་འཇོག་རུང་བའི་ཚུལ་རབ་གསལ་བརྒལ་ལན་དུ་གསུངས་པའི་ཕྱིར་ཤན་འབྱེད་དུ་མ་སྨྲོས་ཀྱང༌།
འདིར་མཁས་དབང་ཁ་ཅིག དབུ་མ་བདེན་གཉིས་སོགས་རང་རྒྱུད་པའི་གཞུང་དུ། དོན་དམ་ལ་རྣམ་གྲངས་ཡིན་མིན་གཉིས་འབྱུང་བ་ལྟར་འདིར་ཡང་སྒྲས་བརྗོད་རིགས་ཀྱི་དབྱེ་ན། རྣམ་གྲངས་ཡིན་མིན་གྱི་དོན་དམ་གཉིས། དེ་རེ་རེ་ལ་ཡང་ཡུལ་གྱི་སྒོ་ནས་དབྱེ་ན་མྱུ་གུ་དང་ནི་དེའི་བདེན་མེད་ཀྱི་ཚོགས་དོན་ལྟ་བུའི་མ་ཡིན་དགག་དེ་ཡུལ་གྱི་མཐུན་པའི་དོན་དམ་དང༌། དེ་དང་ཡུལ་གྱི་རྣམ་གྲངས་པའི་དོན་དམ་གཉིས་དོན་གཅིག་པ་དང༌། མྱུ་གུའི་སྟེང་གི་བདེན་མེད་མེད་དགག་དེ་ཡུལ་གྱི་དོན་དམ་དངོས་དང༌། དེ་དང་ཡུལ་གྱི་རྣམ་གྲངས་མིན་པའི་དོན་དམ་དོན་གཅིག་ཅེས་ཡུལ་གྱི་དོན་དམ་དེ་ལ་གཉིས་དང༌། ཡུལ་ཅན་གྱི་སྒོ་ནས་དབྱེ་ན། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྗེས་དཔག་ཚད་མ་དེ་ཡུལ་ཡུལ་ཅན་གྱི་མཐུན་པའི་དོན་དམ་དང༌། དེ་དང་ཡུལ་ཅན་གྱི་རྣམ་གྲངས་པའི་དོན་དམ་དོན་གཅིག་པ་དང༌། སྟོང་ཉིད་མངོན་སུམ་མཐོང་བའི་ཚད་མ་དེ་ཡུལ་ཅན་གྱི་དོན་དམ་དངོས་དང༌། དེ་དང་ཡུལ་ཅན་གྱི་རྣམ་གྲངས་མིན་པའི་དོན་དམ་དོན་གཅིག་པ་དང༌། དོན་དམ་ལ་སྒྲས་བརྗོད་རིགས་ཀྱི་དབྱེ་ན་དོན་དམ་རྣམ་པ་བཞི་ཡོད་པ་ཡིན་ནོ་ཞེས་འཆད་པར་སྣང་ངོ༌། །འོན་ཀྱང་རྣམ་གྲངས་མིན་པའི་དོན་དམ་སྟོང་ཉིད་མེད་དགག་ལ་ངོས་འཛིན་དགོས་པའི་ཚུལ་འདི་ཡང་དབུ་མ་ཆེན་པོའི་ལུགས་ལ་སྟོང་ཉིད་མེད་དགག་ལས་ལྷག་པའི་སྤྲོས་བྲལ་ཟབ་མོ་འཆད་དུ་མེད་པས་ལན་པ་སྟེ། རྣམ་པར་བརྟག་ན་སྤྲོས་མཐའ་ཕྱོགས་རེ་ཙམ་བཀག་པ་དེ་འདྲའི་སྟོང་ཉིད་མེད་དགག་ནི་རང་རྒྱུད་པའི་ལུགས་ཀྱི་རྣམ་གྲངས་པའི་དོན་དམ་ཙམ་ལས་ཐལ་འགྱུར་པའི་ལུགས་ཀྱི་རྣམ་གྲངས་མིན་པའི་དོན་དམ་གྱི་ཕྱོགས་ཙམ་ཡང་མིན་ཚུལ་རྒྱན་འགྲེལ་ལས་གསུངས་པ་ལྟར་རོ། །
གཉིས་པ་བཞག་པ་ནི།
རང་བཞེད་སྤྲོས་མཐའ་ཉི་ཚེ་ཙམ། །
བཀག་པའི་སྟོང་ཉིད་རྣམ་གྲངས་དང༌། །
སྤྲོས་མཐའ་ཕྲ་རགས་མཐའ་དག་ཀུན། །
བྲལ་བའི་དོན་དམ་རྣམ་གྲངས་མིན། །
ཞེས་སོགས་ཏེ། སྔ་འགྱུར་བའི་རང་བཞེད་ནི་སྤྱིར་རང་རྒྱུད་པའི་ལུགས་ཀྱི་སྤྲོས་མཐའ་ཉི་ཚེ་བ་ཙམ་བཀག་པའི་སྟོང་ཉིད་དེ་རྣམ་གྲངས་པའི་དོན་དམ་དང༌། ཐལ་འགྱུར་པའི་ལུགས་ཀྱི་སྤྲོས་མཐའ་ཕྲ་རགས་ཀུན་དང་བྲལ་བའི་སྟོང་ཉིད་དེ་དོན་དམ་རྣམ་གྲངས་མིན་པར་འཇོག་ཅིང༌། ཞིབ་ཏུ་ཕྱེས་ན་རང་རྒྱུད་པའི་ལུགས་ལ་གནས་སྐབས་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ཏེ་མཐར་ཐུག་རྣམ་གྲངས་མིན་པར་ལ་ཟླ་བས་བཞེད་པས་གཉིས་ཀ་དང་། ཐལ་འགྱུར་པའི་ལུགས་ལ་གནས་སྐབས་ཀྱི་དོན་དམ་མི་བཞེད་པས་ཕྱི་མ་ཁོ་ན་སྟེ། ཤེར་ཊིཀ་ཏུ་ལུགས་འདི་ལ་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་སུ་མི་དབྱེ་བར་ཤེས་པར་བྱའོ། །ཞེས་སོགས་རྒྱ་ཆེར་བསྟན་པ་ལྟར་རོ། །
གསུམ་པ་ངོ་བོ་ལ་ཡང་དགག་བཞག་རྣམ་པ་གཉིས། །དང་པོ་ནི།
ཁ་ཅིག་བདེན་གཉིས་འགལ་བར་སྨྲ། །
ད་དུང་ངོ་བོ་བདག་གཅིག་ལ། །
ལྡོག་པ་ཐ་དད་འགལ་འབྲེལ་གྱི། །
གཞི་མཐུན་སྨྲ་བ་ངོ་མཚར་ཆེ། །
ཚུལ་འདི་རྣམ་གྲངས་ཚད་མ་ཡི། །
བདེན་གཉིས་ཙམ་གྱི་གོ་དོན་ལས། །
མཐའ་བྲལ་རྣམ་གྲངས་མིན་པ་ཡི། །
ཐལ་འགྱུར་ལྟ་བའི་དགོངས་དོན་མིན། །
གཞན་དག་མཐའ་གཅིག་བདེན་གཉིས་ཀྱི། །
ངོ་བོ་གཅིག་དང་དུ་བྲལ་ཏེ། །
ངོ་བོ་གཅིག་ལ་ལྡོག་པ་ནི། །
ཐ་དད་རྟོག་གེའི་ལུགས་ཞེས་སྨྲ། །
དེ་ལ་ཐལ་འགྱུར་ལྟ་བའི་ལུགས། །
གཅིག་དང་དུ་བྲལ་དེ་ལྟ་མོད། །
འོན་ཀྱང་རང་རྒྱུད་ལྟ་བའི་ལུགས། །
སེམས་འགྲེལ་གཞུང་བཞིན་ཅིས་མི་འཆད། །
ཅེས་སོགས་ཏེ། བདེན་གཉིས་ཀྱི་ངོ་བོ་གཅིག་ཐ་དད་ཀྱི་ཁྱད་པར་ལ་ཡང༌། མཁས་དབང་ཁ་ཅིག་གི་ལུགས་ལ། སྤྱིར་བདེན་གཉིས་ཀྱི་རང་ལྡོག་འགལ་བ་ཡིན་ཏེ། ཀུན་རྫོབ་ཀྱི་བུམ་སོགས་དངོས་པོ་དང་དེའི་སྟེང་གི་བདེན་སྟོང་དངོས་མེད་གཉིས་རང་ལྡོག་འགལ་བ་ཡིན་ཀྱང༌། ཆོས་ཅན་རྣམས་ཆོས་ཉིད་བདེན་སྟོང་ལས་ངོ་བོ་ཐ་དད་ན་བདེན་གྲུབ་ཏུ་འགྱུར་བའི་ཕྱིར་བདེན་པར་མེད་པ་དང༌། ཀུན་རྫོབ་ཏུ་ཡོད་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ཡོད་དེ། སེམས་འགྲེལ་ལས།
ཀུན་རྫོབ་ལས་ནི་ཐ་དད་པར། །
དོན་དམ་དམིགས་པ་མ་ཡིན་ཏེ། །
ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །
སྟོང་ཉིད་ཁོ་ནས་ཀུན་རྫོབ་ཏེ། །
མེད་ན་མི་འབྱུང་ངེས་པའི་ཕྱིར། །
བྱས་དང་མི་རྟག་ཇི་བཞིན་ནོ། །
ཞེས་གསུངས། དེའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་དེ་ཉིད་བདེན་སྟོང་དང་ངོ་བོ་གཅིག་པ་དང༌།བདེན་སྟོང་དུ་ཡོད་པ་དེ་ཉིད་ཀུན་རྫོབ་ཏུ་ཡོད་པ་དང་ངོ་བོ་གཅིག་ཅིང་ཀུན་རྫོབ་ཏུ་ཡོད་པ་ལས་བདེན་སྟོང་གཞན་མ་ཡིན་བདེན་སྟོང་དུ་ཡོད་པ་ལས་ཀུན་རྫོབ་གཞན་མ་ཡིན་པ་དང༌། དེ་གཉིས་སྟོང་ཉིད་བཞི་སྦྱོར་གྱི་མདོའི་དགོངས་པ་ཡིན་པར་འཆད་ཅིང༌། དགོངས་འགྲེལ་ལས་གཅིག་ཐ་དད་གང་རུང་དུ་འདོད་པ་ལ་སྐྱོན་བཞི་བཞིར་གསུངས་པ་དང་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ་ཞེས་སོགས་གསུངས་པ་ཐམས་ཅད་འདི་དང་དགོངས་པ་གཅིག་པར་བཞེད་ཅིང༌། འོན་ཀྱང་རྩ་ཤེར་ལས་ཐ་དད་དོན་མིན་དོན་གཅིག་མིན་ཞེས་གསུངས་པ་སོགས་ནི། བདེན་གྲུབ་ཀྱི་གཅིག་ཏུ་བྲལ་ལ་དགོངས་པས་འདི་དང་མི་གཅིག་ཅེས་གསུངས་སོ། །མདོར་ན་བདེན་པ་གཉིས་པོ་འགལ་འབྲེལ་གྱི་གཞི་མཐུན་དུ་བཞེད་པར་མཛད་དོ། །དེ་ལྟ་བུའི་བཞེད་ཚུལ་འདི་ནི་རང་རྒྱུད་པའི་ལུགས་ཀྱི་རྣམ་གྲངས་དཔྱོད་པའི་ཚད་མའི་རྙེད་དོན་དུ་གྱུར་པའི་བདེན་གཉིས་ཙམ་གྱི་གོ་དོན་ལས། མཐའ་བྲལ་རྣམ་གྲངས་མིན་པའི་དོན་དམ་ཆེན་པོ་ཐལ་འགྱུར་ལྟ་བའི་དགོངས་དོན་དུ་འགྱུར་བ་མིན་པར་གསུངས་སོ། །ཀུན་གཟིགས་ཆེན་པོ་གཞན་དག་ནི་མཉམ་བཞག་ཡེ་ཤེས་ཀྱི་གཟིགས་ངོ་ལ་ལྟོས་ན་མཐའ་གཅིག་ཏུ་བདེན་གཉིས་ངོ་བོ་གཅིག་དུ་བྲལ་ཡིན་ཏེ། དེ་ལས་གཞན་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅེས་པ་ནི། རྟོག་གེ་ཚད་མའི་ལུགས་ཀྱི་བྱས་མི་རྟག་འཇོག་ཚུལ་ཙམ་མོ་ཞེས་གསུངས་ཤིང༌། ཐ་སྙད་ཙམ་དུ་གཅིག་པ་བཀག་པའི་ཐ་དད་ཡིན་ཚུལ་ཀྱང་གསུངས་སོ། །དེ་ལ་སྤྱིར་ཐལ་འགྱུར་ལྟ་བའི་ལུགས་ལ་གཅིག་དུ་བྲལ་བཞེད་པ་དེ་ལྟར་མོད་ཀྱི། འོན་ཀྱང་རང་རྒྱུད་ཀྱི་ལྟ་བའི་ལུགས་ལ་ནི། བྱང་ཆུབ་སེམས་འགྲེལ་གྱི་ལུང་བཞིན་ཞེས་མི་འཆད་དེ་དེ་ལྟར་འཆད་པར་རིགས་སོ་སྙམ་མོ། །
གཉིས་པ་བཞག་པ་ནི།
རང་བཞེད་རང་རྒྱུད་ལྟ་བའི་ལུགས། །
རྣམ་གྲངས་དཔྱོད་པའི་ཚད་མའི་ཡུལ། །
བདེན་གཉིས་ངོ་བོ་གཅིག་པ་ལ། །
ལྡོག་པ་ཐ་དད་རྣམ་པར་དབྱེ། །
མཐར་ཐུག་ཐལ་འགྱུར་ལྟ་བའི་ལུགས། །
རྣམ་གྲངས་མིན་དཔྱོད་ཚད་མའི་ཡུལ། །
བདེན་གཉིས་ངོ་བོ་གཅིག་པ་དང༌། །
དུ་མའི་རྣམ་རྟོག་ཀུན་བྲལ་ལགས། །
འོན་ཀྱང་དག་གཟིགས་ཚད་མའི་ཡུལ། །
གནས་སྣང་ཆོས་ཀྱི་བདེན་གཉིས་ནི། །
གནས་སྣང་དག་དང་མ་དག་ཆོས། །
གཅིག་པ་བཀག་པའི་ཞལ་བཞེས་མཛད། །
ཅེས་སོགས་ཏེ། གཞན་གྱིས་འཆད་སྲོལ་དེ་ལྟར་གསུངས་ཀྱང༌། སྔ་འགྱུར་རྙིང་མའི་རང་བཞེད་ནི། གཞུང་འགྲེལ་རྣམས་སུ་གསུངས་པ་ལྟར་སྤྱིར་རང་རྒྱུད་པའི་ལུགས་ཀྱི་རྣམ་གྲངས་དཔྱོད་པའི་ཚད་མའི་ཡུལ་གྱི་དོན་དམ་ལ་ལྟོས་པའི་བདེན་གཉིས་གཞིར་བཞག་ན། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་དབྱེ་བ་ལས་འོས་མེད་ཀྱང༌། མཐར་ཐུག་ཐལ་འགྱུར་ལྟ་བའི་ལུགས་ཀྱི་རྣམ་གྲངས་མ་ཡིན་པ་དཔྱོད་པའི་ཚད་མའི་ཡུལ་དུ་གྱུར་པའི་དོན་དམ་ལ་ལྟོས་པའི་བདེན་པ་གཉིས་ནི་ངོ་བོ་གཅིག་དུ་བྲལ་དུ་བཞེད་པ་ལགས་སོ། །འོན་ཀྱང་སྐབས་འགའ་ཞིག་ཏུ་ནི། ཐ་སྙད་དག་གཟིགས་ཚད་མའི་ཡུལ་དུ་གྱུར་པའི་གནས་སྣང་ཆོས་ཀྱི་བདེན་གཉིས་ནི་གནས་སྣང་མཐུན་པའི་རང་བཞིན་དག་པ་མྱང་འདས་ཀྱི་ཆོས་དང༌། མི་མཐུན་པའི་རང་བཞིན་མ་དག་འཁོར་བའི་ཆོས་གཉིས་གནས་ལུགས་ལ་གྲུབ་མ་གྲུབ་ཀྱི་སྒོ་ནས་དངོས་དངོས་མེད་ལྟར་གཅིག་པ་བཀག་པའི་ཞལ་བཞེས་མཛད་དོ། །འོན་ཀྱང་སྟོང་ཐུན་སོགས་ལས་ནི་འཁོར་འདས་གཉིས་ཆོས་ཅན་ཆོས་ཉིད་ཀྱི་ཚུལ་དུ་གཅིག་དུ་བྲལ་གྱི་ཞལ་བཞེས་ཀྱང་སྣང་ངོ༌། །
བཞི་པ་ངེས་པའི་གོ་རིམ་ལ་ཡང་དགག་དང་བཞག་པ་གཉིས། །དང་པོ་ནི།
གོ་རིམ་དོན་དམ་ངེས་པའི་རྗེས། །
སྣང་བ་ཀུན་རྫོབ་ངེས་པ་དང༌། །
གཞན་དག་ཀུན་རྫོབ་ཐབས་ལས་ནི། །
ཐབས་བྱུང་དོན་དམ་ངེས་སོགས་སྨྲ། །
ཞེས་སོགས་ཏེ། བདེན་གཉིས་ངེས་པའི་གོ་རིམ་ལ་ཡང་མཁས་མཆོག་གཞན་དག་རྣམས་ཀྱིས་ནི་བདེན་གཉིས་ངེས་པའི་ཚུལ་ལ་ཐོག་མར་གཅིག་དུ་བྲལ་སོགས་ཀྱིས་སྣང་བའི་སྟེང་དུ་བདེན་གྲུབ་བཀག་སྟེ། དོན་དམ་བདེན་སྟོང་ངེས་པའི་ལག་རྗེས་ལ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རྟོག་པས་བཏགས་ཙམ་གྱི་ཀུན་རྫོབ་ངེས་དགོས་པར་བཞེད་པ་དང༌། ཡང་གཞན་དག་ནི་ཀུན་རྫོབ་ཀྱི་ཐབས་ལ་བརྟེན་ནས། ཐབས་བྱུང་དོན་དམ་བདེན་པ་ངེས་དགོས་པ་ཡིན་ནོ། །ཞེས་གསུངས་པར་སྣང་ངོ༌། །
གཉིས་པ་བཞག་པ་ནི།
རང་བཞེད་དབུ་མའི་ལྟ་རིམ་བཞི། །
རིམ་དང་ཅིག་ཆར་ངེས་ཚུལ་ལས། །
རང་རྒྱུད་བདེན་གཉིས་རིམ་གྱིས་དང༌། །
ཅིག་ཆར་ངེས་པ་ཐལ་འགྱུར་ལུགས། །
དེ་ལ་ཐབས་དང་ཐབས་བྱུང་དང༌། །
བདེན་གཉིས་ངེས་པའི་གོ་རིམ་གཉིས། །
འདྲ་ཡང་འདྲ་སྟེ་ནོར་བ་རེ། །
གཅིག་ཏུ་འཁྲུལ་པ་ཉིང་འཁྲུལ་ལགས། །
ཞེས་སོགས་ཏེ། རང་བཞེད་ནི་དབུ་མའི་ལྟ་རིམ་བཞི་པོ་རིམ་གྱིས་གཏན་ལ་འབེབས་པ་དང་ཅིག་ཆར་ལྟ་བུས་ངེས་པའི་ཚུལ་ལས་རང་རྒྱུད་པ་རྣམས་ཀྱིས་སྣང་བ་སྟོང་པར་གཏན་ལ་ཕབ་སྟེ་རྣམ་གྲངས་པའི་དོན་དམ་ཙམ་ངེས་པའི་རྗེས་སུ་སྟོང་པ་རྟེན་འབྱུང་དུ་ཤར་བའི་ཀུན་རྫོབ་རང་མཚན་གྱིས་མ་གྲུབ་པར་ངེས་དགོས་པས་བདེན་གཉིས་རིམ་གྱིས་ངེས་པ་ལས་འོས་མེད་པ་དང༌། དབུ་མ་ཆེན་པོའི་གཅིག་དུ་བྲལ་སོགས་ཀྱིས་སྣང་བ་ཐད་ཀར་སྣང་སྟོང་ཟུང་འཇུག་མཉམ་ཉིད་མཐའ་བྲལ་རྣམ་གྲངས་མིན་པའི་དོན་དམ་ཆེན་པོར་སྣང་སྟོང་རེས་འཇོག་ལ་མ་ལྟོས་པར་ཅིག་ཆར་ངེས་པ་ཐལ་འགྱུར་པའི་ལུགས་སུ་གྲུབ་བོ། །དེ་ལྟར་མི་འཐད་དེ་དེ་གཉིས་ཐབས་ཐབས་བྱུང་ཡིན་པའི་ཕྱིར་ཟེར་ན། དེ་ལ་ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང༌། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ་ཞེས་པ་ནི། དོན་དམ་ངེས་བྱེད་ཀྱི་ཐབས་དབུ་མའི་གཏན་ཚིགས་སོགས་ལས་ཐབས་བྱུང་དོན་དམ་ངེས་དགོས་པར་བསྟན་པའི་ཐབས་ཐབས་བྱུང་དང༌། སྐབས་འདི་ནས་བསྟན་པའི་གོ་རིམ་གཉིས་འདྲ་བ་ལྟར་སྣང་བ་ལ་བརྟེན་ནས་གཅིག་ཏུ་འཁྲུལ་པ་ནི་ཉིང་འཁྲུལ་ཆེན་པོར་ཟད་དོ། །
གསུམ་པ་དེ་ཡི་རྣམ་གཞག་རྒྱས་པར་བཤད་པ་ལ་གནས་ཚུལ་སྟོང་ཉིད་དོན་དམ་དང༌། །སྣང་ཚུལ་ཀུན་རྫོབ་ཆོས་ཀྱི་ཤན་འབྱེད་གཉིས། །དང་པོར་མདོར་བསྟན་དང་ནི་རྒྱས་བཤད་གཉིས། །དང་པོ་ནི།
སྟོང་ཉིད་དོན་དམ་བདེན་པ་ཞེས། །
ཚིག་གི་བརྗོད་ཚུལ་མཐུན་ན་ཡང༌། །
རྟགས་དང་བསྒྲུབ་བྱ་ཆོས་ཅན་དང༌། །
དགག་བྱའི་ཁྱད་པར་འདྲ་མ་ལགས། །
ཞེས་སོགས་ཏེ། དེ་ལ་འདིར་གཞི་ལྟ་བ་སྣང་སྟོང་བདེན་གཉིས་འཆད་པའི་སྐབས་སུ་སྟོང་ཉིད་དོན་དམ་བདེན་པ་ཡིན་ཞེས་ཚིག་གིས་བརྗོད་ཚུལ་ཙམ་མཐུན་པར་གྱུར་ན་ཡང་བཞེད་པའི་ཁྱད་པར་ལ། སྒྲུབ་བྱེད་ཀྱི་རྟགས་འགོད་ཚུལ་དང༌། བསྒྲུབ་བྱ་སྟོང་ཉིད་ཀྱི་རང་བཞིན། ཆོས་ཅན་མཐུན་སྣང་ཡོད་མེད་ཀྱི་སྒོ་ནས་དགག་བྱའི་ཁྱད་པར་འཆད་པ་སོགས་ནི་འདྲ་བར་གྱུར་པར་མ་ལགས་སོ། །
གཏན་ཚིགས་ཐལ་རང་གི་ཁྱད་པར།
གཉིས་པ་རྒྱས་བཤད་ལ་གཏན་ཚིགས་དང་ནི་བསྒྲུབ་བྱ་དང༌། །དགག་བྱ་དང་ནི་དེ་དག་རབ་དབྱེ་བཞི། །དང་པོར་གཏན་ཚིགས་ཐལ་རང་ཁྱད་པར་དང༌། །གཏན་ཚིགས་དང་ནི་ལྟ་བའི་ཁྱད་པར་གཉིས། །དང་པོ་ནི།
གཞན་དག་དབུ་མ་ཐལ་འགྱུར་ཆེའི། །
གཏན་ཚིགས་ཐལ་འགྱུར་ཞེས་སུ་སྨྲ། །
འོན་ཀྱང་ཁས་ལེན་ཀུན་བྲལ་གྱི། །
ཐལ་འགྱུར་ཐུན་མིན་ཚིག་ཏུ་ཟད། །
རང་བཞེད་རྣམ་གྲངས་མ་ཡིན་པའི། །
དོན་དམ་ཁས་ལེན་ཀུན་དང་བྲལ། །
དེ་ཕྱིར་དབུ་མ་ཆེན་པོ་ཡི། །
གཏན་ཚིགས་ཐུན་མིན་ཐལ་འགྱུར་ཆེ། །
ཞེས་སོགས་ཏེ། གངས་ལྗོངས་མཁས་པའི་གཙུག་རྒྱན་གཞན་དག་གི་ཞལ་སྔ་ནས། དབུ་མ་ཐལ་འགྱུར་ཆེན་པོའི་སྐབས་སུ་ནི་གཏན་ཚིགས་ཐལ་འགྱུར་འབའ་ཞིག་ཏུ་འགོད་དགོས་ཏེ། གཏན་ཚིགས་ཐལ་འགྱུར་དུ་འགོད་པ་ལུགས་འདིའི་ཁྱད་ཆོས་ཞེས་སྨྲ་བར་མཛད་མོད། འོན་ཀྱང་དེའི་ལུགས་ཀྱི་རྟགས་འགོད་ཚུལ་ལ་དཔག་ན་ཆོས་ཅན་བུམ་སོགས་ཀྱི་ཆོས་མི་འགོག་པས་ན་དངོས་སྨྲ་བ་དང་ཆོས་ཅན་མཐུན་སྣང་བ་མེད་པའི་སྒོ་ནས་ཁས་ལེན་ཀུན་བྲལ་གྱི་གཏན་ཚིགས་ཐལ་འགྱུར་ཐུན་མིན་དུ་འགྱུར་དཀའ་བས་ཚིག་ཙམ་དུ་ཟད་དོ་ཞེས་གཞུང་སྤྱིའི་བཀའ་འགྲེལ་སོགས་ལས་གསུངས་པ་ལྟར་རོ། །
རང་བཞེད་ནི་མཉམ་བཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་མོ་རྣམ་གྲངས་མིན་པའི་དོན་དམ་གྱི་ངོར་ཆོས་ཅན་མཐུན་སྣང་གི་དངོས་པོ་ཀ་བུམ་སོགས་ཀྱང་མ་དམིགས་ཤིང་དགག་བྱ་སྤྲོས་ཆོས་ཕྲ་རགས་ཐམས་ཅད་དམིགས་སུ་མེད་པར་བཀག་ཤུལ་དུ་བསྒྲུབ་བྱ་ཡོད་མེད་ཀྱི་དམིགས་གཏད་རྡུལ་ཙམ་བསྒྲུབ་ཏུ་མེད་པར་ཁས་ལེན་ཀུན་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་ན། དབུ་མ་ཆེན་པོ་འདིའི་ལུགས་ཀྱི་གཏན་ཚིགས་ནི་རྟགས་དང་ཁྱབ་པ་ཕ་རོལ་པོའི་ཁས་བླངས་བ་སོགས་གཞན་ལ་གྲགས་པའི་རྗེས་དཔག་སོགས་ཐལ་འགྱུར་ཐུན་མིན་གྱི་གཏན་ཚིགས་འབའ་ཞིག་གི་སྒོ་ནས་རྒོལ་བའི་ལོག་རྟོག་ལྡོག་པར་མཛད་པ་ཉིད་ཀྱི་གཏན་ཚིགས་ཐུན་མིན་ཐལ་འགྱུར་དུ་འགོད་པའི་ཆེ་བ་དང་ལྡན་པའོ། །
གཏན་ཚིག་དང་ལྟ་བའི་ཁྱད་པར།
གཉིས་པ་གཏན་ཚིགས་དང་ནི་ལྟ་བའི་ཁྱད་པར་ནི།
གཞན་དག་ལྟ་བ་མེད་དགག་ཟེར། །
གཏན་ཚིགས་མ་ཡིན་དགག་པ་ཙམ། །
དགག་བྱ་བདེན་གྲུབ་བཀག་ཤུལ་དུ། །
བསྒྲུབ་ཆོས་བདེན་མེད་འཕེན་ལ་ལྟོས། །
རང་བཞེད་སྤྲོས་མཐའ་བཀག་ཤུལ་དུ། །
སྤྲོས་ཆོས་དམིགས་མཐའ་ཀུན་དང་བྲལ། །
དེ་སླད་གཏན་ཚིགས་མེད་དགག་ཉིད། །
ལྟ་བ་མཐའ་བྲལ་ཆེན་པོ་ལགས། །
ཅེས་སོགས་ཏེ། མཁས་དབང་གཞན་དག་གིས་དབུ་མ་ཐལ་འགྱུར་པའི་ལྟ་བ་ནི་མེད་དགག་ཡིན་དགོས་ཀྱི་སྤྲོས་བྲལ་དུ་སྨྲས་ན་ཧ་ཤང་གི་ལུགས་སུ་འགྱུར་པར་བཞེད་ཅིང་གཏན་ཚིགས་ཀྱང་ཐལ་འགྱུར་དུ་འགོད་དགོས་པར་བཞེད་མོད་ཀྱི། འོན་ཀྱང་རྣམ་པར་བརྟག་ན་གཏན་ཚིགས་ནི་མ་ཡིན་དགག་ཙམ་ལས་ཐལ་འགྱུར་རྣམ་དག་དུ་འགྱུར་དཀའ་བའི་ཕྱིར་ཏེ། བུམ་སོགས་ཆོས་ཅན་མི་འགོག་པར་དེའི་སྟེང་གི་དགག་བྱ་བདེན་གྲུབ་བཀག་ཤུལ་དུ་བསྒྲུབ་ཆོས་བདེན་མེད་འཕེན་པར་བྱེད་པའི་རྟགས་འགོད་ཚུལ་ལ་ལྟོས་དང་གཏན་ཚིགས་མ་ཡིན་དགག་གི་མཚན་ཉིད་ཚང་བའི་ཕྱིར་རོ། །རང་བཞེད་ནི་དབུ་མ་ཆེན་པོ་འདིའི་ལུགས་ཀྱི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་བུམ་སོགས་ཆོས་ཅན་མཐུན་སྣང་བ་ཞལ་གྱིས་མི་བཞེས་པའི་སྒོ་ནས་རྒོལ་བ་སོ་སོས་བཞག་པའི་སྤྲོས་མཐའ་ཕྲ་རགས་ཐམས་ཅད་བཀག་པའི་ཤུལ་དུ་ཡོད་མེད་སོགས་སྤྲོས་ཆོས་ཀྱི་དམིགས་མཐའ་ཀུན་དང་བྲལ་བ་དེའི་ཕྱིར་གཏན་ཚིགས་ནི་མེད་དགག་ཉིད་དེ། དེའི་མཚན་ཉིད་ཚང་བའི་ཕྱིར། ཚིག་གསལ་ལས། མཐའ་བཞི་སྐྱེ་འགོག་གི་གཏན་ཚིགས་འགོད་སྐབས་དངོས་སྨྲ་བས། དབུ་མ་པ་ཁྱེད་ཀྱི་བདག་སྐྱེ་བཀག་ཤུལ་དུ་གཞན་ལས་སྐྱེ་བ་ནི་གདོན་མི་ཟ་བར་ཁས་བླངས་བར་བྱའོ། །ཞེས་པ་ལ་ཟླ་བས་འདི་ནི་མེད་པར་དགག་པའི་དབང་དུ་བྱས་པའོ། །ཞེས་སྐབས་དེའི་གཏན་ཚིགས་མེད་དགག་ཡིན་པར་གསུངས་པའི་ཕྱིར་རོ། །གཏན་ཚིགས་མེད་དགག་ཡིན་པའི་རྒྱུ་མཚན་གྱིས་ལྟ་བ་ནི་མཐའ་བྲལ་ཆེན་པོར་གྱུར་པ་ལགས་ཏེ། དགག་བྱ་བཀག་ཤུལ་དུ་ཡོད་མེད་ཀྱི་སྤྲོས་ཆོས་རྡུལ་ཙམ་བསྒྲུབ་རྒྱུ་མེད་པའི་ཕྱིར་རོ། །
གཉིས་པ་བསྒྲུབ་བྱ་ལ་དགག་བཞག་གཉིས་ལས་དང་པོ་ལ། །མདོར་བསྟན་དང་ནི་རྒྱས་པར་བཤད་པ་གཉིས། །དང་པོ་ནི།
སྟོང་ཉིད་ངོ་བོ་གཞན་དག་རྣམས། །
དངོས་དང་དངོས་མེད་ཅིར་ཡང་སྨྲ། །
དེ་དག་ཀུན་རྫོབ་བདེན་པ་ལས། །
དོན་དམ་གྱུར་པའི་སྟོང་ཉིད་མིན། །
ཞེས་སོགས་ཏེ། དོན་དམ་སྟོང་ཉིད་ཀྱི་ངོ་བོའི་བཞེད་ཚུལ་ཡང་གཞན་དག་རྣམས་ནི། ལ་ལས་དངོས་པོ་དང༌། ལ་ལས་དངོས་མེད་སོགས་ཅིར་ཡང་སྨྲ་བར་མཛད་མོད་ཀྱི་དངོས་དངོས་མེད་དུ་གྱུར་པ་དེ་དག་ནི་ཀུན་རྫོབ་བདེན་པ་ཙམ་ལས་རྣམ་གྲངས་མིན་པའི་དོན་དམ་དུ་གྱུར་པའི་སྟོང་ཉིད་ནི་མིན་པར་གཞུང་ཆེན་པོ་རྣམས་སུ་རྒྱ་ཆེར་གསུངས་སོ། །
སྟོང་ཉིད་དངོས་མེད་སྤྲོས་མཐའ་འགག་པ།
གཉིས་པ་རྒྱས་པར་བཤད་པ་ལ་སྟོང་ཉིད་དངོས་མེད་སྤྲོས་མཐའ་དང༌། །སྟོང་ཉིད་དངོས་པོའི་སྤྲོས་མཐའ་དགག་པ་གཉིས། །དང་པོ་ནི།
ཁ་ཅིག་དོན་དམ་སྟོང་པ་ཉིད། །
བདེན་སྟོང་མེད་དགག་དངོས་མེད་ཟེར། །
དེ་འདྲ་དོན་དམ་རྣམ་གྲངས་ལས། །
རྣམ་གྲངས་མིན་པའི་དོན་དམ་མིན། །
ཚུལ་འདི་ཚུར་མཐོང་ཚད་མ་ཡིས། །
རྙེད་དོན་དངོས་དང་དངོས་མེད་ཕྱིར། །
དངོས་འགལ་བར་ན་ཕུང་གསུམ་བྲལ། །
དེ་ཕྱིར་སྟོང་ཉིད་དངོས་མེད་སྨྲ། །
དེ་ལ་སྟོང་ཉིད་དངོས་མེད་དང༌། །
སྣང་བ་དངོས་པོར་འཇོག་པ་འདི། །
བསྡུས་ཚན་རིགས་པའི་གོ་དོན་ཙམ། །
གཉིས་ཀ་ཀུན་རྫོབ་བདེན་པ་ལགས། །
ཞེས་སོགས་ཏེ། ཡིག་ཆ་ཁ་ཅིག་ཏུ། དབུ་མ་ཆེན་པོའི་ལུགས་ཀྱི་དོན་དམ་སྟོང་ཉིད་ནི། བདེན་སྟོང་མེད་དགག་དངོས་མེད་ཁོ་ནའོ། །ཞེས་གསུངས་ཀྱང༌། དེ་འདྲའི་སྟོང་ཉིད་ནི་རང་རྒྱུད་པའི་ལུགས་ཀྱི་དོན་དམ་རྣམ་གྲངས་པ་ཙམ་ལས་རྣམ་གྲངས་མིན་པའི་དོན་དམ་ནི་མིན་ཏེ། སྐྱེ་ལ་སོགས་པ་བཀག་པའི་ཕྱིར་སོགས་དང༌། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཉིད། །ཅེས་རང་རྒྱུད་པའི་གཞུང་ལས་ཀྱང་དོན་དམ་ཆེན་པོ་མཐའ་ཀུན་དང་བྲལ་དགོས་པར་གསུངས་ན་ཐལ་འགྱུར་པའི་ལུགས་ལ་སྨྲོས་ཅི་འཚལ། དེ་བས་ན་སྟོང་ཉིད་དངོས་མེད་དུ་བཞེད་པའི་ཚུལ་འདི་ནི་ཚུར་མཐོང་ཚད་མའི་རྙེད་དོན་གྱི་གཞལ་བྱ་ལ་དངོས་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པའི་ཕྱིར་ན། དངོས་འགལ་བར་ན་དེ་གཉིས་མིན་པའི་ཕུང་གསུམ་དང་བྲལ་དགོས་པ་དེའི་ཕྱིར་སྟོང་ཉིད་དངོས་པོ་མིན་པའི་ཕྱིར་ན་དངོས་མེད་ཡིན་དགོས་སོ་ཞེས་སྨྲ་བར་མཛད་ཀྱང༌། དེ་ལ་སྤྱིར་སྟོང་ཉིད་དངོས་མེད་དུ་འཇོག་པ་དང་སྣང་བ་དངོས་པོར་འཇོག་པ་འདི་ནི་བསྡུས་ཚན་ཁ་བྱང་གི་རིགས་པའི་གོ་དོན་ཙམ་སྟེ། དེ་འདྲའི་བློ་ཅན་གྱི་གདུལ་བྱ་རྣམས་ཐུགས་རྗེའི་ཕྱག་ཡངས་བརྐྱང་བའི་ཆེད་དུ་བསྟན་གྱི་སྟོང་ཉིད་མཐར་ཐུག་མིན་ཚུལ་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་རེ་མདའ་བར་ཕུལ་བའི་ཤོག་དྲིལ་དུ་གསུངས་པ་ལྟར་སྟོང་ཉིད་ཆེན་པོ་མཐར་ཐུག་གི་དོན་དང་བསྟུན་ན་ནི། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་གསུངས་པ་ལྟར་དེ་གཉིས་ཀ་ཀུན་རྫོབ་བདེན་པ་ཙམ་དུ་གྱུར་པ་ལགས་སོ། །
སྟོང་ཉིད་དངོས་པོའི་སྤྲོས་མཐའ་དགག་པ།
གཉིས་པ་སྟོང་ཉིད་དངོས་པོའི་སྤྲོས་མཐའ་དགག་པ་ནི།
གཞན་དག་དོན་དཔྱོད་ཚད་མ་ཡིས། །
དཔྱད་བཟོད་གྱུར་པའི་རྟག་བདེན་སྨྲ། །
སྟོང་པ་ཉིད་ལ་ལྟ་ཉེས་ན། །
ཤེས་རབ་ཆུང་རྣམས་ཕུང་ལ་ལྟོས། །
ཞེས་སོགས་ཏེ། ཡང་མཁས་པ་གཞན་དག་ནི་སྟོང་ཉིད་སྙིང་པོའི་ངོ་བོ་དོན་དཔྱོད་ཚད་མས་དཔྱད་ཀྱང་མི་སྟོང་པའི་དཔྱད་བཟོད་དུ་གྱུར་པའི་རྟག་བདེན་དུ་སྨྲ་བར་མཛད་ཀྱང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པ་ལྟར་གྱུར་པའི་ཚུལ་འདི་ལ་ལྟོས་ཤིག་གུ།
གཉིས་པ་བཞག་པ་ལ་མདོར་བསྟན་དང་ནི་རྒྱས་བཤད་དང༌། །མཐའ་བྲལ་དབུ་མ་ཆེན་པོར་གྲུབ་དོན་བསྡུ། །དང་པོ་ནི།
རང་བཞེད་དོན་དམ་སྟོང་ཉིད་ནི། །ཚུར་མཐོང་ཚད་མའི་རྙེད་དོན་གྱི། །
ཀུན་རྫོབ་སྤྲོས་ཆོས་ལས་འདས་དབྱིངས། །རྣམ་གྲངས་མ་ཡིན་དོན་དམ་ཆེ། །
ཞེས་གསུངས་ཏེ། དེ་ལ་རང་བཞེད་སྟོང་ཉིད་དོན་དམ་བདེན་པའི་ངོ་བོ་ནི། ཐ་སྙད་ཚུར་མཐོང་ཚད་མའི་རྙེད་དོན་གྱི་དངོས་པོ་དང་དངོས་མེད་སོགས་ཀྱི་སྤྲོས་ཆོས་མཐའ་དག་ལས་འདས་པའི་ཆོས་ཀྱི་དབྱིངས་རྣམ་གྲངས་མ་ཡིན་པའི་དོན་དམ་ཆེན་པོར་བཞེད་དོ། །
གཉིས་པ་རྒྱས་པར་བཤད་པ་ནི།
སྟོང་ཉིད་དངོས་པོ་མ་ལགས་ཏེ། །
སྣང་དེས་སྣང་ཚུགས་མ་ཤོར་བར། །
སྣང་བ་སྟོང་པ་ཆེན་པོར་གནས། །
དངོས་འཛིན་འཇོམས་པའི་གནད་གསང་ཡོད། །
སྟོང་ཉིད་དངོས་མེད་མ་ལགས་ཏེ། །
སྟོང་དེས་སྟོང་ཚུགས་མ་ཤོར་བར། །
སྟོང་པའི་རང་མདངས་སྣང་བའི་ཆོས། །
རྟེན་འབྱུང་འཆར་བའི་གནད་གསང་ཡོད། །
ཅེས་སོགས་ཏེ། དོན་དམ་སྟོང་ཉིད་ཀྱི་ངོ་བོ་ནི་ཡོད་པ་དངོས་པོར་གྱུར་པ་ཡང་མ་ལགས་ཏེ། ཀུན་རྫོབ་ཆོས་ཅན་གྱི་སྣང་བ་ཐམས་ཅད་སྣང་དེས་སྣང་ཚུགས་མ་ཤོར་བཞིན་དུ་སྣང་བའི་ངོ་བོ་སྟོང་པ་ཆེན་པོར་གནས་པས་ན་ཀུན་རྫོབ་དངོས་འཛིན་གྱི་སྤྲོས་པ་མཐའ་དག་འཇོམས་བའི་གནད་གསང་ཡོད་པའི་ཕྱིར་དང༌། དེ་འདྲའི་སྟོང་ཉིད་ཀྱི་ངོ་བོ་མེད་པ་དངོས་མེད་ཀྱང་མ་ལགས་ཏེ། དོན་དམ་ཆོས་ཉིད་ཀྱི་ངོ་བོ་ནི་སྟོང་དེས་སྟོང་ཚུགས་ཀྱང་མ་ཤོར་བར་སྟོང་པའི་རང་མདངས་སྣང་བ་འགོག་མེད་ཀྱི་ཆོས་རྟེན་འབྱུང་དུ་འཆར་བའི་གནད་གསང་ཁྱད་པར་ཅན་ཡོད་པ་ཉིད་ཀྱི་ཕྱིར་རོ། །
གསུམ་པ་མཐའ་བྲལ་དབུ་མ་ཆེན་པོར་གྲུབ་དོན་བསྡུ་བ་ནི།
དངོས་པོ་མིན་ཕྱིར་རྟག་དངོས་བྲལ། །
དངོས་མེད་མིན་ཕྱིར་ཆད་མཐའ་བྲལ། །
ཟབ་ཞི་སྤྲོས་བྲལ་འོད་གསལ་དབྱིངས། །
གནས་ལུགས་དོན་དམ་ཆེན་པོར་བཞེད། །
ཚུལ་འདི་དོན་དམ་རྣམ་གྲངས་དཔྱོད་བྱེད་དང༌། །
ཐ་སྙད་ཚུར་མཐོང་ཚད་མའི་དཔྱོད་ཡུལ་མིན། །
དོན་དམ་རྣམ་གྲངས་མིན་དཔྱོད་ཚད་མ་ཆེ། །
ཐུན་མིན་ཐལ་འགྱུར་རིགས་པའི་གྲུབ་དོན་ལགས། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ཞེས་སོགས་ཏེ། དེ་བས་ན་དོན་དམ་སྟོང་ཉིད་ཀྱི་ངོ་བོ་དངོས་པོ་མིན་པའི་ཕྱིར་ན། རྟག་དངོས་ཀྱི་མཐའ་ཀུན་དང་བྲལ་ཞིང༌། དེའི་ངོ་བོ་དངོས་མེད་མིན་པའི་ཕྱིར་ན་ཆད་པའི་མཐའ་ཀུན་དང་བྲལ་བས་ན། མདོ་རྒྱ་ཆེར་རོལ་བའི་དགོངས་དོན་ལྟར། དེའི་ངོ་བོ་ཟབ་ཞི་སྤྲོས་བྲལ་འོད་གསལ་བའི་དབྱིངས་གནས་ལུགས་དོན་དམ་ཆེན་པོ་མཐའ་ཀུན་དང་བྲལ་བར་བཞེད་དོ། །
སྐབས་བསྡུ་བ་ནི། དེ་ལྟ་བུའི་གནས་ལུགས་མཐའ་བྲལ་ཟབ་མོའི་ཚུལ་འདི་ནི་དོན་དམ་ཚད་མ་རྣམ་གྲངས་དཔྱོད་བྱེད་དང་ཐ་སྙད་ཚུར་མཐོང་ཚད་མའི་སྤྱོད་ཡུལ་དུ་གྱུར་པ་མིན་ཏེ། དེ་དག་གིས་གཞལ་མི་ནུས་པའི་ཕྱིར། འོན་ཀྱང་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་མ་ཡིན་ཏེ། དོན་དམ་རྣམ་གྲངས་མིན་པ་དཔྱོད་བྱེད་ཀྱི་ཚད་མ་ཆེན་པོ་ཐུན་མིན་ཐལ་འགྱུར་གྱི་རིགས་པས་རྣམ་བཅད་དགག་པའི་ལག་རྗེས་ལ་ཤར་བའི་གྲུབ་དོན་དུ་གྱུར་པ་ལགས་སོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གསུམ་པ་དགག་བྱར་དགག་བཞག་སྤང་གསུམ་ལས། །དང་པོ་ནི།
གཞན་དག་ཀུན་རྫོབ་དངོས་སྣང་ཀུན། །
མི་སྟོང་རིགས་པའི་དགག་བྱ་མིན། །
འོན་ཀྱང་གཉིས་སྣང་མེད་པ་ཡི། །
འཕགས་པའི་ལམ་གྱི་དགག་བྱར་སྨྲ། །
གཞི་ལམ་འགལ་བའི་ལྟ་གྲུབ་འདི། །
ལྟ་སྒོམ་ཡ་བྲལ་ལྟ་བ་ལགས། །
ཚུལ་འདི་འཇོམས་བྱེད་ཟླ་བ་ཡི། །
དངོས་སྟོབས་རིགས་ཆེན་རྣམ་པ་གསུམ། །
དེ་ལ་དོན་དཔྱོད་ཚད་མ་ཡི། །
རིགས་པའི་དགག་བྱ་བདེན་གྲུབ་སྨྲ། །
རྟོག་པས་བཏགས་ཙམ་མ་ཡིན་པའི། །
ཆོས་དེ་བདེན་གྲུབ་ཉིད་ཡིན་ལོ། །
ཐ་སྙད་སྣང་བ་མི་འགོག་པར། །
བདེན་གྲུབ་ཡན་གར་འགོག་པ་འདི། །
དོན་དཔྱོད་རྣམ་གྲངས་ཚད་མ་ཡིས། །
བདེན་གཉིས་ཕྱེ་བའི་གོ་དོན་ཙམ། །
དེ་ལ་བདེན་གཉིས་རྣམ་ཕྱེས་ཏེ། །
སྣང་བ་ཀུན་རྫོབ་ངེས་ཟིན་ན། །
ད་དུང་དོན་དཔྱོད་ཚད་མ་ཡིས། །
བདེན་གྲུབ་དགག་ཏུ་ཅི་ཞིག་ཡོད། །
དེ་སླད་གཟུང་འཛིན་དངོས་སྣང་འདི། །
སྣང་ལྟར་དོན་ལ་གྲུབ་པའམ། །
ཀུན་རྫོབ་གང་ཡིན་མ་ངེས་ངོར། །
སྣང་ཉིད་དཔྱད་དེ་སྟོང་པར་བསྒྲུབ། །
བདེན་གཉིས་གང་ཡིན་དཔྱོད་པའི་གཞི། །
སྣང་བ་རང་སར་བོར་ནས་སུ། །
དོན་མེད་བདེན་གྲུབ་ཡན་གར་ཞིག །
ཡོད་མེད་དཔྱོད་དེ་ཅིའི་ཐ་ཚིག །
དཔྱད་གཞི་དངོས་སྣང་སྣ་ཚོགས་འདི། །
དངོས་པོར་སྨྲ་བས་དོན་དམ་དང༌། །
དབུ་མས་འཇིག་རྟེན་ཐ་སྙད་ལས། །
དོན་དམ་བདེན་ངོར་སྟོང་པར་བཞེད། །
སྟོང་ཚུལ་དོན་དཔྱོད་ཚད་མ་ཡིས། །
སྣང་ཉིད་དཔྱད་དེ་དོན་དམ་པའི། །
ཀ་བུམ་མི་བཞེད་དངོས་སྣང་ཀུན། །
སྟོང་པར་འདོད་པ་ཟླ་བའི་ལུགས། །
དེ་བཞིན་དོན་དམ་ཀ་བུམ་ཞིག །
གལ་ཏེ་ཞལ་བཞེས་མི་འཚལ་ན། །
དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས། །
བཀག་ན་ལེགས་སོ་རིགས་ལམ་པ། །
བདེན་གྲུབ་གཞན་གྱིས་སྟོང་དེ་ཡིས། །
དོན་དམ་ཀ་བུམ་མེད་ཅེ་ན། །
སྦྲུལ་གནས་འཇིགས་པ་གླང་ཆེན་གྱིས། །
དོགས་སེལ་མཚར་གནས་གཟུགས་ཀྱི་ཟླ། །
གཞི་དུས་བདེན་གྲུབ་ཡན་གར་འགོག །
ལམ་དུས་གཉིས་སྣང་འཇོམས་འདོད་ན། །
བདག་མེད་མཐོང་ཚེ་རྟག་པའི་བདག །
སྤོང་བའི་དམ་བཅའ་འཆང་བར་རིགས། །
བདེན་མེད་སེལ་རྐྱང་དངོས་མེད་དང༌། །
མི་སྟོང་ཀུན་རྫོབ་དངོས་པོ་གཉིས། །
ཆོས་ཅན་དང་ནི་ཆོས་ཉིད་དང༌། །
སྟོང་དང་རྟེན་འབྱུང་འཐད་པར་དཀའ། །
གཟུང་འཛིན་ཨ་འཐས་སྣང་བ་ལིང་ལིང་འདི། །
རིགས་པའི་དགག་བྱར་མི་བྱེད་རང་སར་བཞག །
དགག་བྱ་རྭ་ཅན་བདེན་གྲུབ་ཡན་གར་ཞིག །
སྟོང་པའི་སྟོང་ཉིད་གཞན་སྟོང་སྨྲ་ལ་ལྟོས། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ཞེས་སོགས་ཏེ། དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་དགག་བྱ་ངོས་འཛིན་པའི་ཁྱད་པར་ལ། མཁས་དབང་གཞན་དག་གི་ལུགས་ལ། གཞི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་ཀུན་རྫོབ་ཏུ་ཡོད་པའི་དངོས་པོ་ཐ་སྙད་སྣང་བའི་ཆོས་ཀུན་ཀྱང་སྣང་བ་རང་གི་ངོ་བོ་མི་སྟོང་ཞིང་དོན་དཔྱོད་ཚད་མའི་རིགས་པའི་དགག་བྱ་ཡང་མིན་ཏེ། དེ་བཀག་ན་ཆད་ལྟར་འགྱུར་བའི་ཕྱིར། དེས་ན་སྣང་བ་རིགས་པའི་དགག་བྱ་མིན་ཞིང་འོན་ཀྱང་ལམ་གྱི་དགག་བྱ་ཡིན་ཏེ། གཉིས་སྣང་མེད་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུའི་ལམ་གྱི་དགག་བྱར་འདོད་དགོས་པའི་ཕྱིར། ཞེས་སྨྲ་བར་མཛད་དོ། །དེ་ལྟར་གཞི་ལྟ་བ་གཏན་ལ་འབེབས་པའི་སྐབས་དང་ལམ་སྒོམ་པས་ཉམས་སུ་ལེན་སྐབས་གཉིས་འགལ་བར་གྱུར་པའི་ལྟ་གྲུབ་འདི་ནི་ཁྱེད་ཅག་གིས་གཞན་ལུགས་ཀྱི་འདོད་གཞུང་ཁ་ཅིག་ལ་སྐྱོན་བརྗོད་མཛད་པ་ལྟར། ལྟ་སྒོམ་ཡ་བྲལ་གྱི་ལྟ་བར་གྱུར་པ་ལགས་ཏེ། ཚུལ་འདི་འཇོམས་བྱེད་ཀྱི་རིགས་པ་ནི་དཔལ་ལྡན་ཟླ་བའི་གཞུང་ནས་བསྟན་པའི་དངོས་སྟོབས་ཀྱི་རིགས་ཆེན་རྣམ་པ་གསུམ་གྱིས་གནོད་པར་གྱུར་པའི་ཚུལ་མཁས་དབང་གཞན་དག་རྣམས་ཀྱི་གསུངས་ལས་བྱུང་བ་ལྟར་རོ། །དེ་ལ་དེ་དག་གི་ལུགས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་བདེན་གྲུབ་ཁོ་ན་ཡིན་དགོས་པར་སྨྲ་ཞིང༌། བདེན་པར་གྲུབ་པའི་གྲུབ་ཚད་ལུགས་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི། རྟོག་པས་བཏགས་ཙམ་མ་ཡིན་པའ་ིཆོས་དེ་བདེན་གྲུབ་ཉིད་དུ་འཇོག་དགོས་པ་ཡིན་ནོ་ཞེས་འཆད་དོ། །
དེ་ལྟར་ཐ་སྙད་ཀྱི་སྣང་བ་མི་འགོག་པར་དེའི་སྟེང་གི་བདེན་གྲུབ་ཡན་གར་བ་འགོག་པའི་ཚུལ་འདི་ནི་དབུ་མ་རང་རྒྱུད་པའི་ལུགས་ཀྱི་སྟོང་ཉིད་གཏན་ལ་འབེབས་པའི་སྐབས་དོན་དཔྱོད་རྣམ་གྲངས་པའི་ཚད་མས་བདེན་གཉིས་ཕྱེས་ཏེ་བུམ་པ་སོགས་ཐ་སྙད་ཀྱི་སྣང་བ་མི་འགོག་པར་དེའི་སྟེང་གི་དོན་དམ་པའི་ཀ་བུམ་འགོག་པར་བྱེད་པའི་གོ་དོན་ཙམ་དུ་ཟད་དོ། །ཚུལ་དེ་ལ་རྣམ་པར་བརྟག་ན་སྤྱིར་བདེན་གཉིས་ཕྱེས་ཏེ་ཀ་བུམ་སོགས་སྣང་བའི་ཆོས་ཐམས་ཅད་ཀུན་རྫོབ་སྒྱུ་མ་ལྟ་བུར་ངེས་ཟིན་ན་ནི། དེ་ལྟར་ངེས་པའི་སྐྱེ་འཕགས་སུས་ཀྱང་དེའི་སྟེང་དུ་བདེན་གྲུབ་ཡོད་པར་མི་བཞེད་པས། ད་དུང་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་བདེན་གྲུབ་དགག་རྒྱུ་ཅི་ཞིག་ཡོད་དེ་གྲུབ་ཟིན་སྒྲུབ་པའི་སྐྱོན་དུ་འགྱུར་རོ། །རྒྱུ་མཚན་དེའི་སླད་དུ་ཀ་བུམ་སོགས་གཟུང་འཛིན་གྱི་དངོས་སྣང་སྣ་ཚོགས་པ་འདི་སྣང་བ་ལྟར་དོན་དམ་པར་གྲུབ་པའམ་ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར་ཡོད་པ་གང་ཡིན་མ་ངེས་པའི་རྒོལ་བའི་ངོར། ཡོད་མེད་དུ་དཔྱོད་པའི་གཞི་སྣང་བ་འདི་ཉིད་དོན་དཔྱོད་ཚད་མས་དཔྱད་དེ་དོན་དམ་པར་སྣང་བ་འདི་མ་གྲུབ་པར་སྟོང་ཉིད་དུ་གྲུབ་དགོས་ཀྱི། དེ་ལྟར་མིན་པར་དངོས་པོར་སྨྲ་བ་དང་དབུ་མ་པ་གཉིས་ཀྱིས་བདེན་གཉིས་གང་གི་ངོར་ཡོད་པ་ཡིན་དཔྱད་པའི་གཞིར་གྱུར་པ་ཆ་མེད་གཉིས་སོགས་ཀྱི་སྣང་བ་དེ་ཉིད་དོན་དམ་པར་མེད་ཅེས་མི་བསྒྲུབ་པར་རང་སར་བོར་ནས་སུ། དེའི་སྟེང་དུ་དོན་མེད་ཀྱི་བདེན་གྲུབ་ཡན་གར་བ་ཞིག་ཡོད་མེད་དུ་དཔྱོད་པ་འདི་ཅི་ཞིག་གི་ཐ་ཚིག་ཡིན། དེས་ན་ཆ་མེད་གཉིས་སོགས་དཔྱད་གཞི་དངོས་སྣང་སྣ་ཚོགས་པ་འདི་དངོས་པོར་སྨྲ་བས་དོན་དམ་དུ་ཡོད་པར་ཁས་བླང་བས་བདེན་གྲུབ་ཏུ་འགྱུར་ཞིང༌། དབུ་མས་འཇིག་རྟེན་ཐ་སྙད་ཀྱི་ངོར་གྲུབ་པ་ཙམ་ལས་ཀུན་རྫོབ་ཀྱི་སྣང་བ་དེ་ཉིད་དོན་དམ་པའི་ངོར་སྟོང་པར་བཞེད་པ་མིན་ནམ་ཅི། དོན་དམ་པར་སྟོང་ཚུལ་ཡང་རང་རྒྱུད་པའི་ལུགས་ལྟར་མིན་པར་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་ཀུན་རྫོབ་ཀྱི་སྣང་བ་དེ་དོན་དམ་པར་ཡོད་མེད་དཔྱད་དེ་དོན་དམ་པའི་ཀ་བུམ་ཡོད་པར་མི་བཞེད་པར་འདི་ལྟར་ཀུན་རྫོབ་དངོས་སྣང་གི་ཆོས་ཀུན་དོན་དམ་པར་མེད་ཅེས་བཀག་སྟེ། སྣང་བ་དེ་ཉིད་སྟོང་པར་འདོད་པ་དཔལ་ལྡན་ཟླ་བའི་ལུགས་མ་ཡིན་ནམ། དེས་ན་ཟླ་བའི་ལུགས་ཇི་ལྟ་བ་བཞིན་དུ་ཁྱོད་ཀྱིས་ཀྱང་དོན་དམ་པར་ཀ་བུམ་སོགས་ཀྱི་སྣང་བ་ཡོད་པར་ཞལ་བཞེས་མི་འཚལ་ན་ནི། དོན་དམ་པར་ཀ་བུམ་གྱི་སྣང་བ་མེད་ཚུལ་དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས་སྣང་བ་འདི་ཉིད་དོན་དམ་པར་མེད་ཅེས་རིགས་པས་བཀག་ན་ལེགས་སོ་རིགས་ལམ་པ་རྣམས། རིགས་པ་མི་ཤེས་པའི་སྨྲ་བ་ལྟར་དོན་དམ་པར་ཀ་བུམ་སོགས་མེད་ཚུལ་རིགས་པས་གཏན་ལ་མ་ཕབ་བཞིན་དུ་རང་གར་མེད་དོ་ཞེས་དམ་བཅའ་སྨྲ་བར་བྱེད་དམ་ཅི། གལ་ཏེ་དངོས་སྨྲ་བས་དབུ་མ་པ་ཁྱོད་ཀྱི་ལུགས་ལ་ཀ་བུམ་གྱི་སྣང་བ་འདི་དོན་དམ་པར་ཡོད་དམ་མེད་ཅེས་སྨྲ་བ་ལ། ཀ་བུམ་གྱི་སྣང་བ་དོན་དམ་པར་མེད་པས་སྟོང་ཞེས་མི་བརྗོད་པར་བདེན་གྲུབ་གཞན་གྱིས་སྟོང་པ་དེ་ཡི་སྒོ་ནས་དོན་དམ་པར་ཀ་བུམ་མེད་ཅེས་སྨྲ་བ་ནི། ཟླ་བས། རང་ཁྱིམ་རྩིགས་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་སེལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་མང་བཀུར་སྡེ་ལྔའི་ལུགས་དེ་མཚར་བའི་གནས་སུ་མཛད་པའི་གཟུགས་ཀྱི་ཟླ་བོར་མཚུངས་པར་འགྱུར་པའོ། །ཚུལ་འདི་ལ་དཔག་ན་གཞི་གཏན་ལ་འབེབས་པའི་སྐབས་སུ་བདེན་གྲུབ་ཡན་གར་ཙམ་འགོག་པར་བྱེད་ཅིང༌། ལམ་ཉམས་སུ་ལེན་པའི་དུས་སུ་གཉིས་སྣང་མཐའ་དག་འཇོམས་པར་འདོད་པ་དག་ནི་མང་བཀུར་བས་གཞི་བདག་ལྟའི་དམིགས་པ་གཏན་ལ་འབེབས་ཚེ་ཕུང་པོ་བདག་ཡིན་པར་སྨྲ་ཞིང་ལམ་བདག་མེད་མཐོང་ཚེ་རྟག་བདག་ཙམ་སྤོང་བར་འདོད་པའི་དམ་བཅའ་དེ་ཁྱེད་ཀྱིས་འཆང་བར་རིགས་སོ། །མདོར་ན་བདེན་གྲུབ་ཡན་གར་བ་བཀག་པའིབདེན་མེད་སེལ་རྐྱང་དངོས་མེད་ཙམ་དང་དོན་དཔྱོད་ཚད་ངོར་ཡང་སྟོང་མི་ཤེས་པའི་ཀུན་རྫོབ་ཀྱི་སྣང་བ་གཉིས་གནག་རྭ་ཡོད་པའི་དངོས་པོ་དང་རི་བོང་རྭ་མེད་ཀྱི་སེལ་བ་དངོས་མེད་ལྟར། ཆོས་ཅན་དང་ཆོས་ཉིད་དུ་མི་རུང་བ་དང་སྟོང་པ་རྟེན་འབྱུང་དུ་འཆར་ཚུལ་ཡང་འཐད་པར་དཀའ་བའི་ཚུལ་སོགས་འདི་ཡི་རྣམ་གཞག་རྒྱས་པར་གཞུང་སྤྱིའི་བཀའ་འགྲེལ་སོགས་ལས་རྟོགས་པར་བྱའོ། །
སྐབས་བསྡུ་བ་ནི། རོལ་བའི་རྡོ་རྗེའི་ལྟ་མགུར་ལས་གསུངས་པ་ལྟར། གཟུང་འཛིན་ཨ་འཐས་ཀྱི་སྣང་བ་ལིང་ལིང་པོ་འདི་གྲྭ་མ་ཉམས་པར་དོན་དམ་དཔྱོད་པའི་རིགས་པས་དགག་བྱར་མི་བྱེད་པར་རང་སར་བཞག་ནས། ཚད་མ་དེའི་དགག་བྱ་རྭ་ཅན་ལྟ་བུ་བདེན་པར་གྲུབ་པ་ཡན་གར་ཞིག་སྟོང་པའི་སྟོང་ཉིད་དུ་བཞེད་པ་འདི་དག་གིས། ཆོས་ཉིད་གཞན་སྟོང་དུ་སྨྲ་བའི་ཕྱོགས་ལ་དགྲ་ལྟར་བལྟ་བཞིན་དུ་དེ་དང་རྗེས་སུ་མཐུན་པར་ཆོས་ཅན་བུམ་སོགས་ཀྱི་སྟེང་དུ་བདེན་གྲུབ་གཞན་གྱིས་སྟོང་པར་སྨྲ་བའི་ཚུལ་འདི་ལ་ལྟོས་ཞེས་བར་སྐབས་ཀྱི་ཚིགས་བཅད་དུ་སྨྲས་པའོ། །
གཉིས་པ་བཞག་པ་ནི།
རང་བཞེད་སྔ་འགྱུར་ལོ་པཎ་གྱི། །
དགོངས་བཞེད་མི་ཕམ་ཆོས་ཀྱི་རྗེས། །
སྟོང་ཉིད་དོན་དམ་དཔྱོད་བྱེད་ཀྱི། །
རིགས་པའི་དགག་བྱར་འདི་ལྟར་བཞེད། །
བདེན་གཉིས་ཕྱེས་ཏེ་སྣང་བ་འདི། །
ཀུན་རྫོབ་སྒྱུ་མར་ངེས་ཟིན་ན། །
ད་དུང་ཚད་མའི་རིགས་ཤེས་ཀྱིས། །
སྣང་བའི་ངང་ཚུལ་འགོག་མ་ལགས། །
གལ་ཏེ་ཀུན་རྫོབ་ཙམ་དུ་ཡང༌། །
ཐ་སྙད་དཔྱོད་པའི་རིགས་ཤེས་ཀྱིས། །
སྣང་བའི་ངང་ཚུལ་འགོག་བྱེད་ན། །
མེད་པར་ལྟ་བ་ཆེན་པོ་ལགས། །
སྣང་ཉིད་དོན་ལ་གྲུབ་པའམ། །
ཀུན་རྫོབ་སྒྱུ་མར་མ་ངེས་པ། །
དོན་དཔྱོད་ཚད་ངོར་དཔྱད་བཟོད་ལྟར། །
སྣང་བའི་ཆོས་དེ་བདེན་གྲུབ་བཞེད། །
དེ་ལ་རྣམ་གྲངས་ཚད་མ་ཡིས། །
དགག་བྱ་དོན་དམ་བདེན་གྲུབ་ཆོས། །
རྣམ་གྲངས་མིན་དཔྱོད་ཚད་མ་ཡིས། །
དགག་བྱ་སྤྲོས་མཐའ་ཕྲ་རགས་སོགས། །
ཀུན་རྫོབ་སྤྲོས་ཆོས་སྣང་བ་ཀུན། །
དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས། །
དཔྱད་བཟོད་རྡུལ་ཙམ་མེད་པ་རུ། །
དོན་དམ་མཐའ་བྲལ་དབྱིངས་སུ་འགོག །
ཅེས་སོགས་ཏེ། རང་བཞེད་ནི་སྔ་འགྱུར་གྱི་ལོ་པཎ་ཆེན་པོ་རྣམས་ཀྱི་དགོངས་བཞེད་བཞིན་སྟོང་ཉིད་གཏན་ལ་འབེབས་བྱེད་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་འདི་ལྟར་བཞེད་དེ། དེ་ལ་དབུ་མ་ཆེན་པོའི་སྐབས་སུ་སྣང་བ་ཐད་ཀར་འགོག་པའི་སྐབས་དང་མི་འགོག་པའི་ཚུལ་སྐབས་ཤན་སོ་སོར་ཕྱེས་ནས་བརྗོད་དགོས་ཀྱི། རང་གར་སྨྲ་བར་མི་བྱའོ། །དེས་ན་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་སྔོན་དུ་སོང་བའི་ལག་རྗེས་ལ་བདེན་གཉིས་སོ་སོར་ཤན་ཕྱེས་ཏེ། ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དོན་དམ་སྟོང་པ་ཆེན་པོའི་ངོར་མ་གྲུབ་པར་ངེས་པའི་སྒོ་ནས་གང་སྣང་བའི་ཆོས་འདི་དག་ཀུན་རྫོབ་སྒྱུ་མ་ལྟ་བུར་ངེས་ཟིན་ན། ད་དུང་དུ་ཡང་དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས་དེ་ལས་གཞན་པའི་བདེན་གྲུབ་ཀྱང་འགོག་ཏུ་མེད་ཅིང་སྟོང་པ་རྟེན་འབྱུང་དུ་ངེས་ཟིན་པའི་སྣང་བའི་ངང་ཚུལ་ཡང་འགོག་པར་བྱེད་པ་མ་ལགས་སོ། །གལ་ཏེ་ཀུན་རྫོབ་ཐ་སྙད་ཙམ་དུ་ཡང་ཐ་སྙད་དཔྱོད་པའི་རིགས་ཤེས་ཀྱིས་ལས་རྒྱུ་འབྲས་སོགས་སྣང་བའི་ངང་ཚུལ་འགོག་པར་བྱེད་ན་ནི་མེད་པར་ལྟ་བ་ཆེན་པོར་གྱུར་པ་ལགས་སོ། །འོ་ན་སྣང་བ་ཐད་ཀར་འགོག་དགོས་པར་མ་བཤད་དམ་སྙམ་ན། དེ་ནི་དོན་དཔྱོད་ཚད་མའི་རིགས་ཤེས་སྔོན་དུ་མ་སོང་བའི་བློ་ངོར་སྣང་བའི་ཆོས་དེ་ཉིད་ཇི་ལྟར་སྣང་བ་ལྟར་དོན་ལ་གྲུབ་པར་ཞེན་པའམ། ཀུན་རྫོབ་སྒྱུ་མ་ལྟ་བུའི་ཆོས་སུ་མ་ངེས་པར་དོན་དཔྱོད་ཚད་ངོར་ཡང་དཔྱད་བཟོད་ལྟར་སྣང་བའི་ཆོས་དེ་བདེན་པར་གྲུབ་པའི་གྲུབ་ཚད་དུ་བཞེད་དེ། དེ་ལྟར་གཞུང་སྤྱིའི་བཀའ་འགྲེལ་སོགས་ལས་བཤད་པའི་ཕྱིར་རོ། །
དེ་ལ་སྤྱིར་རང་རྒྱུད་པའི་ལུགས་ཀྱི་རྣམ་གྲངས་དཔྱོད་པའི་ཚད་མའི་དགག་བྱ་ནི། ཀུན་རྫོབ་ཀྱི་སྣང་བ་མི་འགོག་པར་བདེན་གཉིས་ཤན་ཕྱེས་ཏེ་དོན་དམ་པར་གྲུབ་པའམ་ཡང་དག་པར་བདེན་པར་གྲུབ་པའི་ཆོས་དེ་འགོག་པར་བྱེད་ཅིང༌།
ཐལ་འགྱུར་པའི་ལུགས་ཀྱི་རྣམ་གྲངས་མིན་པར་དཔྱོད་པའི་ཚད་མའི་དགག་བྱ་ནི། དོན་དམ་སྟོང་པ་ཆེན་པོའི་ངོར་བདེན་གྲུབ་སོགས་ཀྱི་སྤྲོས་མཐའ་རགས་པ་ཙམ་ནི་འགོག་གི་སྣང་ཙམ་གྱི་སྤྲོས་མཐའ་ཕྲ་བ་ནི་མི་འགོག་ཅེས་ཁྱད་པར་གང་ཡང་མི་སྦྱོར་བར་འགོག་པའི་ཚུལ་ཚིག་གསལ་དང་འཇུག་པ་རྩ་འགྲེལ་སོགས་ལས་གསུངས་པ་ལྟར་རོ། །དེས་ན་སྤྲོས་མཐའ་ཕྲ་རགས་སོགས་ཀུན་རྫོབ་སྤྲོས་ཆོས་ཀྱི་སྣང་བ་ཀུན་ཀྱང་དོན་དམ་པར་མ་གྲུབ་པའི་སྟོང་པ་ཆེན་པོར་མ་ངེས་པའི་ངོར། དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས་དཔྱད་བཟོད་རྡུལ་ཙམ་མེད་པར་དོན་དམ་མཐའ་བྲལ་ཆེན་པོའི་དབྱིངས་སུ་འགོག་པར་མཛད་དོ། །
གསུམ་པ་སྤང་བ་ནི།
རིགས་པའི་དགག་བྱ་ཁྱབ་ཆེས་པས། །
ཆད་ལྟར་འགྱུར་གྱི་དོགས་པ་དེ། །
རྟེན་འབྱུང་མི་ཤེས་དངོས་སྨྲ་ལས། །
དབུ་མར་སྨྲ་རྣམས་དོགས་མི་འཚལ། །
ཐ་སྙད་ཚད་མས་ཀུན་རྫོབ་ཀྱི། །
སྣང་བ་བཀག་ན་ཆད་ལྟར་ཟད། །
དོན་དཔྱོད་ཚད་མས་དོན་དམ་པར། །
ཆོས་ཀུན་བཀག་ཀྱང་ཅི་ཞིག་ཆད། །
རིགས་དེས་ཐ་སྙད་ཙམ་དུ་ཡང༌། །
སྐྱེ་སོགས་དཔྱད་བཟོད་མེད་པར་སྒྲུབ། །
ཁས་ལེན་ཀུན་དང་བྲལ་བས་ན། །
སྣང་བའི་སྤྲོས་པ་ཐད་ཀར་གཅོད། །
སྣང་ཀུན་མེད་སྣང་སྟོང་གཟུགས་དང༌། །
རྟོག་བཏགས་སྒྱུ་མའི་ངང་ཚུལ་དུ། །
རྟོགས་ན་མི་འཆིང་དགག་མི་འཚལ། །
སྣང་བའི་ངང་ཚུལ་འགོག་མ་ལགས། །
ཚུལ་དེས་སྟོང་པ་རྟེན་འབྱུང་དུ། །
འཆར་བའི་ངེས་གསང་བླ་ན་མེད། །
གྲུབ་མཐའི་ཟབ་ཁྱད་ཀུན་གྱི་གཞི། །
ཚུར་མཐོང་ཕལ་གྱིས་མཁྱེན་མ་ལགས། །
བདེན་གྲུབ་ཡན་གར་དགག་པས་ཅི་ཞིག་བགྱི། །
སྣང་བ་དཔྱད་བཟོད་བདེན་པ་གཉིས་ཆར་འགོག །
རྟེན་འབྱུང་སྣང་བའི་ངང་ཚུལ་འགོག་མ་ལགས། །
འདི་དོན་རྟོགས་ན་དཀའ་གནད་མདུད་རྒྱ་གྲོལ། །
བསྡུ་བའི་ཚིགས་སུ་བཅད་པའོ། །
ཞེས་སོགས་ཏེ། དེ་ལྟར་སྣང་བ་ཐད་ཀར་འགོག་ན་རིགས་པའི་དགག་བྱ་ཁྱབ་ཆེས་པས་ན་ཆད་ལྟ་སྐུར་འདེབས་སུ་གྱུར་རོ་ཞེ་ན། དེ་འདྲའི་དོགས་པ་དེ་སྟོང་པ་རྟེན་འབྱུང་དུ་འཆར་ཚུལ་ཕྱོགས་ཙམ་ཡང་མི་ཤེས་པའི་དངོས་སྨྲ་བ་ལས། ཐེག་མཆོག་དབུ་མ་ཆེན་པོའི་དགོངས་དོན་ཟབ་མོ་རང་གིས་རྟོགས་ཤིང་གཞན་ལ་སྨྲ་བ་རྣམས་ལ་ནི་དོགས་པ་ཐ་ཆད་དེ་འདྲ་འབྱུང་བར་མི་འཚལ་ལོ། །ཆད་ལྟ་ཞེས་པ་ནི་ཐ་སྙད་ཀྱི་ཚད་མས་ཀུན་རྫོབ་ལས་འབྲས་དང༌། ཀ་བུམ་སོགས་ཀྱི་སྣང་བ་ཐམས་ཅད་རྟོག་པས་མ་བརྟག་བར་དུ་ཐ་སྙད་བདེན་པའི་ངོར་མེད་པར་འདོད་ན་ཆད་ལྟར་ཟད་ཀྱི། ཀུན་རྫོབ་སྣང་བའི་སྤྲོས་ཆོས་འདི་དག་དོན་དམ་སྟོང་པའི་ངོར་མེད་པར་མ་ངེས་པའི་རྒོལ་བའི་ངོར་ཚད་མ་གང་གིས་འགོག་ན་དོན་དམ་དཔྱོད་པའི་ཚད་མས་བདེན་གཉིས་གང་གིས་ངོར་འགོག་ན་དོན་དམ་པའི་ངོར། དགག་བྱ་ཅི་ཞིག་འགོག་ན་ཀུན་རྫོབ་སྣང་བའི་ཆོས་ཀུན། ཚུལ་ཇི་ལྟར་འགོག་ན་དགག་བྱ་ལ་དོན་དམ་སོགས་ཀྱི་ཁྱད་པར་མི་སྦྱོར་བར་སྤྲོས་མཐའ་ཕྲ་རགས་ཐམས་ཅད་བཀག་ཀྱང་ཅི་ཞིག་ཆད་པར་འགྱུར་ཏེ། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། །ཞེས་གསུངས་པ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་དེས་ནི། ཐ་སྙད་ཙམ་དུ་ཡང་སྐྱེ་སོགས་སྤྲོས་པའི་སྣང་བ་དཔྱད་བཟོད་མེད་པར་སྒྲུབ་པར་བྱེད་ཅིང༌། དོན་དམ་སྟོང་པ་ཆེན་པོའི་ངོར་འདི་སྟོང་འདི་མི་སྟོང་སོགས་ཀྱི་ཁས་ལེན་ཀུན་དང་བྲལ་བས་ན། སྣང་བའི་སྤྲོས་པ་ཐམས་ཅད་ཐད་ཀར་གཅོད་པར་མཛད་པའི་ཕྱིར་རོ། །དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཆེན་པོར་ངེས་པའི་ལག་རྗེས་ལ།
གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་གསུངས་པ་ལྟར་སྟོང་ཉིད་རྟེན་འབྱུང་དུ་འཆར་བའི་སྒོ་ནས་ཀུན་རྫོབ་སྣང་བའི་ཆོས་ཀུན་མེད་སྣང་སྟོང་པའི་གཟུགས་བརྙན་རྟོག་བཏགས་སྒྱུ་མའི་ངང་ཚུལ་དུ་རྟོགས་ན་འཆིང་ཡང་མི་འཆིང་ཞིང༌། དགག་ཀྱང་དགག་པར་མི་འཚལ་ཏེ། ཀུན་རྫོབ་སྣང་བའི་ངང་ཚུལ་ཙམ་ན་ིའགོག་དགོས་པར་འགྱུར་པ་ཡང་མ་ལགས་སོ། །ཚུལ་དེས་ན་སྟོང་པ་རྟེན་འབྱུང་དུ་འཆརབའི་ངེས་གསང་བླ་ན་མེད་པ་གྲུབ་མཐའ་འོག་མ་ཀུན་ལས་ཁྱད་པར་དུ་འཕགས་པའི་ཟབ་ཁྱད་ཀུན་གྱི་གཞིར་གྱུར་པའི་ངེས་གསང་ཟབ་མོ་ནི་རྟོག་གེ་ཚུར་མཐོང་ཚད་མའི་བློ་ཅན་ཕལ་གྱིས་མཁྱེན་པར་འགྱུར་པ་མ་ལགས་སོ། །
སྐབས་བསྡུ་བ་ནི། མདོར་ན་དབུ་མ་ཆེན་པོ་འདིའི་ལུགས་ལ་རང་རྒྱུད་པ་ལྟར་དགག་བྱ་ལ་ཁྱད་པར་སྦྱར་ཏེ་བདེན་གྲུབ་ཡན་གར་བ་ཙམ་དགག་པས་སྐྱེ་འཕགས་སུ་ལ་ཅི་ཞིག་བགྱི་སྟེ། དེ་བས་ཇི་ལྟར་སྣང་བ་དེ་ཉིད་སྟོང་པར་ངེས་དགོས་པས་ན། སྣང་བ་དཔྱད་བཟོད་དུ་གྱུར་པ་ནི་བདེན་པ་གཉིས་ཆར་དུ་ཡང་ཞལ་གྱིས་མི་བཞེས་པའི་སྒོ་ནས་འགོག་པར་མཛད་ཀྱང༌། སྣང་བ་སྟོང་པར་གཏན་ལ་ཕབ་ཟིན་པའི་ལག་རྗེས་ལ་ཤར་བའི་རྟེན་འབྱུང་སྣང་བའི་ངང་ཚུལ་འགོག་པར་མཛད་པ་མ་ལགས་སོ། །དེས་ན་རང་རྒྱུད་པ་སོགས་ཀྱི་དོན་དཔྱོད་ཚད་མས་སྟོང་པ་རྟེན་འབྱུང་དུ་མ་ངེས་གོང་དུ་སྣང་བ་མི་འགོག་པར་དེའི་སྟེང་གི་བདེན་གྲུབ་སོགས་འགོག་པ་དང༌། ཐལ་འགྱུར་བས་སྣང་བ་དེ་ཉིད་སྟོང་པར་གཏན་ལ་ཕབ་ཟིན་པའི་རྗེས་སུ་སྟོང་པ་རྟེན་འབྱུང་དུ་ངེས་པའི་སྣང་བ་ཙམ་སྣང་ཚུལ་མི་འགོག་པ་སོགས་ལུགས་འདིའི་ཟབ་དོན་ཇི་བཞིན་རྟོགས་ན་གཞུང་དོན་སོ་སོའི་དཀའ་བའི་གནད་ཀྱི་མདུད་རྒྱ་རང་གྲོལ་དུ་གྱུར་པ་ལགས་སོ། །ཞེས་སྐབས་བསྡུ་བའི་ཚིགས་བཅད་དུ་སྨྲས་པའོ། །
ཐལ་རང་ལྟ་གྲུབ་མདོར་བསྟན།
བཞི་པ་དེ་དག་གི་ནི་རབ་དབྱེ་ལ། །རབ་དབྱེ་དངོས་དང་དེ་ཡི་འཕྲོས་དོན་གཉིས། །དང་པོ་ཐལ་རང་ལྟ་གྲུབ་མདོར་བསྟན་དང༌། །དེ་དག་སོ་སོའི་རབ་དབྱེ་རྒྱས་པར་བཤད། །དེ་ལྟར་དབྱེ་བའི་གནད་དོན་བསྡུ་བ་གསུམ། དང་པོ་ནི།
བདེན་གཉིས་ཕྱེས་ཏེ་ཀུན་རྫོབ་ཀྱི། །
སྣང་བ་བཀག་ན་ཆད་ལྟ་དང༌། །
གལ་ཏེ་སྣང་བ་མ་བཀག་ན། །
སྟོང་ཉིད་འགྲུབ་པར་དཀའ་ཞེ་ན། །
སྤྱིར་ནི་ཐལ་རང་གཉིས་ཀས་ཀྱང༌། །
ཐ་སྙད་ཚད་ངོར་བདེན་གཉིས་དབྱེ། །
འོན་ཀྱང་བདེན་གཉིས་ངོ་བོ་སོགས། །
རྣམ་པར་དབྱེ་བ་འདྲ་མ་ལགས། །
འདིར་ནི་དོན་དཔྱོད་ཚད་མ་ཡིས། །
བདེན་གཉིས་ཕྱེས་དང་མ་ཕྱེས་ལས། །
རྣམ་གྲངས་རྣམ་གྲངས་མ་ཡིན་པའི། །
དོན་དམ་དབྱེ་ཚུལ་མདོ་ཙམ་འཆད། །
དེ་ལ་ཐལ་རང་ཐུན་མོང་དང༌། །
ཐལ་འགྱུར་ཐུན་མིན་གཏན་ཚིགས་ཞེས། །
དོན་དཔྱོད་ཚད་མའི་རབ་དབྱེ་གཉིས། །
རྒྱ་བོད་མཁས་ལ་རླུང་ལྟར་གྲགས། །
ཚུལ་དེས་དབུ་མ་ཐལ་རང་གཉིས། །
བདེན་གཉིས་ཕྱེས་དང་མ་ཕྱེས་ལས། །
འཕགས་པའི་མཉམ་བཞག་རྗེས་ཐོབ་ཀྱི། །
ལྟ་བ་གཏན་ལ་འབེབས་ཚུལ་གྱིས། །
དོན་དམ་རྣམ་གྲངས་ཡིན་མིན་དང༌། །
ཐ་སྙད་རང་མཚན་གྲུབ་མ་གྲུབ། །
གཏན་ཚིགས་ཐལ་རང་ཁྱད་པར་དང༌། །
ལྟ་བ་ཁས་ལེན་ཡོད་མེད་བྱུང༌། །
ཞེས་སོགས་ཏེ། དེ་ལ་སྤྱིར་དབུ་མའི་ལུགས་ཀྱི་སྟོང་ཉིད་གཏན་ལ་འབེབས་སྐབས། བདེན་གཉིས་སོ་སོར་ཕྱེས་ཏེ་དོན་དམ་པའི་ཀ་བུམ་བཀག་པར་མ་ཟད་ད་དུང་ཀུན་རྫོབ་ཀྱི་སྣང་བ་བཀག་ན་ཆད་ལྟར་འགྱུར་ཞིང༌། གལ་ཏེ་ཀུན་རྫོབ་ཀྱི་སྣང་བ་འདི་དག་དོན་དཔྱོད་ཚད་མས་མ་བཀག་ན་ནི་སྣང་བ་འདི་དོན་དམ་དུ་མ་གྲུབ་པའི་སྟོང་ཉིད་ཟབ་མོ་འགྲུབ་པར་ཤིན་ཏུ་དཀའ་འོ་ཞེ་ན། སྤྱིར་ནི་དབུ་མ་ཐལ་རང་གཉིས་ཀས་ཀྱང་ཐ་སྙད་ཚད་མའི་ངོར་བདེན་གཉིས་སོ་སོར་ཤན་ཕྱེས་ཏེ་དབྱེ་བར་མཛད་དོ། །འོན་ཀྱང་བདེན་གཉིས་སོ་སོའི་ངོ་བོ་སོགས་ཀྱི་རྣམ་པར་དབྱེ་བ་ནི་ཐལ་རང་གཉིས་འདྲ་བར་གྱུར་པ་མ་ལགས་མོད། སྐབས་འདིར་ནི་གནས་ལུགས་ལ་དཔྱོད་པ་དོན་དམ་ཚད་མས་བདེན་གཉིས་ཕྱེས་ཏེ་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པ་དང༌། ཡང་ཚད་མ་དེའི་ངོར་བདེན་གཉིས་མ་ཕྱེ་བར་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་པའི་སྒོ་ནས་དོན་དམ་གཉིས་སུ་དབྱེ་ཚུལ་མདོ་ཙམ་འཆད་པར་བྱའོ། །དེ་ལ་སྤྱིར་ཐལ་རང་ཐུན་མོང་གི་གཏན་ཚིགས་དང་ཐལ་འགྱུར་ཐུན་མིན་གྱི་གཏན་ཚིགས་ཞེས་དོན་དམ་དཔྱོད་པའི་ཚད་མའི་རབ་དབྱེ་གཉིས་སུ་ཡོད་པར་རྒྱ་བོད་ཀྱི་མཁས་པ་རྣམས་ལ་རླུང་ལྟར་གྲགས་ཤིང༌།
ཚུལ་དེའི་དབང་གིས་དབུ་མ་ཐལ་རང་གཉིས་ཀྱིས་སྟོང་ཉིད་གཏན་ལ་འབེབས་ཚུལ་ལ། རང་རྒྱུད་པས་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་བདེན་གཉིས་སོ་སོར་མ་ཕྱེ་བར་ཀུན་རྫོབ་ཀྱི་སྣང་བ་བཀག་ན་ཆད་ལྟར་འགྱུར་གྱི་དོགས་པས་བདེན་གཉིས་སོ་སོར་ཕྱེས་ཏེ་ཐ་སྙད་ཀྱི་སྣང་བ་མི་འགོག་པར་བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱར་ཏེ་རྣམ་གྲངས་པའི་དོན་དམ་ཙམ་བསྒྲུབ་ཅིང༌། ཐལ་འགྱུར་པས་དོན་དམ་གཏན་ལ་འབེབས་པའི་སྐབས་སུ། བདེན་གཉིས་མ་ཕྱེས་ཏེ་ཀུན་རྫོབ་ཀྱི་སྣང་བ་ཐད་ཀར་མ་བཀག་ན་བདེན་གྲུབ་ཏུ་འགྱུར་བའི་ཕྱིར། བདེན་གཉིས་མ་ཕྱེ་བར་ཐ་སྙད་ཀྱི་སྣང་བ་ལ་བདེན་གྲུབ་སོགས་ཀྱི་ཁྱད་པར་གང་ཡང་མི་སྦྱོར་བར་རྣམ་གྲངས་མ་ཡིན་པའི་དོན་དམ་ཆེན་པོར་བསྒྲུབ་པར་མཛད་པའི་ཁྱད་པར་ལས། འཕགས་པའི་མཉམ་བཞག་གི་ལྟ་བ་དང་རྗེས་སུ་མཐུན་པར་གཏན་ལ་འབེབས་པ་དང༌། དེའི་རྗེས་ཐོབ་ཀྱི་ལྟ་བ་དང་རྗེས་སུ་མཐུན་པར་གཏན་ལ་འབེབས་པའི་ཚུལ་གྱིས་དབུ་མ་ཐལ་རང་གཉིས་ཀྱི་ཁྱད་པར་ལ། དོན་དམ་ལ་རྣམ་གྲངས་ཡིན་མིན་གྱི་ཁྱད་པར་དང་ཐ་སྙད་ལ་རང་མཚན་གྱིས་གྲུབ་མ་གྲུབ་དང༌། གཏན་ཚིགས་ལ་ཐལ་རང་དུ་འགོད་མི་འགོད་ཀྱི་ཁྱད་པར་དང༌། ལྟ་བ་ལ་ཁས་ལེན་ཡོད་མེད་ཀྱི་ཁྱད་པར་རྣམས་བྱུང་བར་གྱུར་ཏོ། །
དབུ་མ་རང་རྒྱུད་པའི་ལྟ་གྲུབ།
གཉིས་པ་དེ་དག་སོ་སོའི་རབ་དབྱེ་རྒྱས་པར་བཤད་པ་ལ་དབུ་མ་རང་རྒྱུད་ལྟ་གྲུབ་དང༌། །མཐར་ཐུག་ཐལ་འགྱུར་ལྟ་བའི་ཤན་འབྱེད་གཉིས། །དང་པོར་བསྟན་བཤད་དེ་ཡི་ཕྱོགས་མཐུན་དགག །དང་པོ་ནི།
དེ་ལ་དབུ་མ་རང་རྒྱུད་པས། །
གཏན་ཚིགས་ཐུན་མོང་ཚད་མ་ཡིས། །
གཞལ་བྱ་བདེན་གཉིས་རྣམ་ཕྱེས་ཏེ། །
ལྟ་བ་རྣམ་གྲངས་དོན་དམ་སྒྲུབ། །
ཅེས་སོགས་ཏེ། དེ་ལ་སྤྱིར་དབུ་མ་རང་རྒྱུད་པའི་ལུགས་ལ་གཏན་ཚིགས་ཀྱི་ཁྱད་པར་ཐུན་མོང་རང་རྒྱུད་ཀྱི་ཚད་མ་ཡིས། གཞལ་བྱའི་ཁྱད་པར་བདེན་གཉིས་རྣམ་པར་ཕྱེས་ཏེ། ལྟ་བའི་ཁྱད་པར་རྣམ་གྲངས་པའི་དོན་དམ་ཙམ་སྒྲུབ་པར་བྱེད་པའོ། །
གཉིས་པ་རྒྱས་བཤད་ལ་རང་རྒྱུད་ལྟ་རིམ་རིམ་གྱིས་དང༌། །བདེན་གཉིས་ཕྱེ་བའི་ཚད་མའི་དགག་བྱ་བཤད། །དེ་ཡི་བསྒྲུབ་བྱ་རྣམ་གྲངས་དོན་དམ་བསྟན། །དང་པོ་ནི།
དེ་ཕྱིར་རྣམ་གྲངས་དཔྱོད་བྱེད་ཀྱི། །
གཏན་ཚིགས་ཐུན་མོང་རང་རྒྱུད་ཀྱིས། །
སྣང་སྟོང་རེས་འཇོག་ཚུལ་གྱིས་སུ། །
ལྟ་རིམ་སྤྲོས་པ་རིམ་གྱིས་གཅོད། །
ཅེས་སོགས་ཏེ། རང་རྒྱུད་པའི་ལུགས་འདིར་ལྟ་རིམ་གྱི་སྤྲོས་པ་གཅོད་ཚུལ་ཡང་དོན་དམ་རྣམ་གྲངས་དཔྱོད་བྱེད་ཀྱི་གཏན་ཚིགས་ཐུན་མོང་རང་རྒྱུད་ཀྱི་ཚད་མས་སྣང་སྟོང་རེས་འཇོག་གི་ཚུལ་དུ་དངོས་པོར་སྣང་བ་སྟོང་པ་རྣམ་གྲངས་པ་ཙམ་གཏན་ལ་འབེབ་ཅིང༌། དེ་ནས་རྟེན་འབྱུང་གི་སྣང་བ་རང་མཚན་གྱིས་གྲུབ་པར་འཇོག་པ་སོགས་ལྟ་རིམ་གྱི་སྤྲོས་པ་བཞི་ཆར་རིམ་གྱིས་གཅོད་པར་བྱེད་དོ། །
གཉིས་པ་བདེན་གཉིས་ཕྱེ་བའི་ཚད་མའི་དགག་བྱ་བཤད་པ་ནི།
དོན་དམ་རྣམ་གྲངས་དཔྱོད་པའི་སྐབས། །
བདེན་གཉིས་ཕྱེས་ཏེ་ཀུན་རྫོབ་ཀྱི། །
སྣང་བ་མི་འགོག་དགག་བྱ་ལ། །
ཁྱད་པར་སྦྱར་ཏེ་བདེན་གྲུབ་འགོག །
ཅེས་སོགས་ཏེ། ལུགས་འདིའི་དགག་བྱའི་ཁྱད་པར་ཡང་དོན་དམ་རྣམ་གྲངས་དཔྱོད་པའི་ཚད་མའི་སྐབས་སུ་བདེན་གཉིས་སོ་སོར་ཕྱེས་ཏེ། ཀུན་རྫོབ་སྣང་བའི་སྤྲོས་པ་ཐད་ཀར་མི་འགོག་པར་དགག་བྱ་ལ་དོན་དམ་སོགས་ཀྱི་ཁྱད་པར་སྦྱར་ཏེ་བདེན་གྲུབ་ཙམ་འགོག་པར་བྱེད་པའོ། །
གསུམ་པ་དེ་ཡི་བསྒྲུབ་བྱ་རྣམ་གྲངས་དོན་དམ་བསྟན་པ་ནི།
དེ་ཕྱིར་ཡང་དག་དོན་དམ་ངོར། །
བསྒྲུབ་བྱ་བདེན་སྟོང་རྣམ་གྲངས་ཙམ། །
སྒྲུབ་འདི་རང་རྒྱུད་ལྟ་བ་སྟེ། །
ཞེས་སོགས་ཏེ། རང་རྒྱུད་པའི་ལུགས་ཀྱི་བསྒྲུབ་བྱའི་ཁྱད་པར་ཡང༌། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ཡང་དག་པའམ་དོན་དམ་པའི་ངོར་བསྒྲུབ་བྱ་བདེན་སྟོང་རྣམ་གྲངས་པའི་དོན་དམ་ཙམ་རྩལ་དུ་བཏོན་ཏེ། སྒྲུབ་པ་འདི་རང་རྒྱུད་པའི་ལུགས་ཀྱི་ལྟ་བའོ། །
གསུམ་པ་དེ་ཡི་ཕྱོགས་མཐུན་གཞན་ལུགས་དགག་པ་ནི།
ཕྱི་འགྱུར་ལ་ལ་འདི་རྗེས་མཐུན། །
སྣང་བ་བཀག་ན་ཆད་ལྟ་ཟེར། །
ཚུར་མཐོང་ཙམ་ཞིག་མཁྱེན་པར་ཟད། །
དགག་བྱ་བདེན་གྲུབ་ཡན་གར་འགོག །
དགག་བྱའི་སྣང་ཚུལ་ངེས་སོ་ལོ། །
ཞེས་སོགས་ཏེ། དེ་བཞིན་དུ་ཕྱི་འགྱུར་གྱི་ཕྱོགས་ལ་ལ་ཡང་འདི་དང་རྗེས་སུ་མཐུན་པར་གྱུར་ཏེ། དོན་དཔྱོད་ཚད་མས་སྣང་བ་བཀག་ན་ཆད་ལྟར་འགྱུར་རོ་ཞེས་ཟེར་མོད། དེ་ནི་ཚུར་མཐོང་ཚད་མའི་ལུགས་ཙམ་ཞིག་མཁྱེན་པར་ཟད་དོ། །ཚུལ་དེས་དགག་བྱ་ལ་ཁྱད་པར་སྦྱར་ཏེ་བདེན་གྲུབ་ཡན་གར་བ་འགོག་པར་བྱེད་ཅིང༌། ད་དུང་དགག་བྱའི་སྣང་ཚུལ་ཀྱང་ངེས་སོ་ཞེས་གསུངས་པར་སྣང་ངོ༌། །
མཐར་ཐུག་ཐལ་འགྱུར་ལྟ་བའི་ཤན་འབྱེད།
གཉིས་པ་མཐར་ཐུག་ཐལ་འགྱུར་ལྟ་བའི་ཤན་འབྱེད་ལ་བསྟན་བཤད་རྗེས་མཐུན་རང་ལུགས་བཞག །དང་པོ་ནི།
དེ་ལ་དབུ་མ་ཐལ་འགྱུར་ཆེའི། །
གཏན་ཚིགས་མཐུན་མིན་ཚད་མ་ཡིས། །
གཞལ་བྱ་བདེན་གཉིས་མ་ཕྱེས་པར། །
ལྟ་བ་མཐའ་བྲལ་མཉམ་ཉིད་སྒྲུབ། །
ཅེས་སོགས་ཏེ། དེ་ལ་དབུ་མ་ཐལ་འགྱུར་ཆེན་པོའི་ལུགས་ལ་ནི། གཏན་ཚིགས་ཀྱི་ཁྱད་པར་ཐུན་མིན་ཐལ་འགྱུར་ཆེན་པོའི་ཚད་མས། གཞལ་བྱའི་ཁྱད་པར་བདེན་གཉིས་སོ་སོར་མ་ཕྱེ་བར། ལྟ་བའི་ཁྱད་པར་མཐའ་བྲལ་མཉམ་ཉིད་ཆེན་པོ་རྣམ་གྲངས་མིན་པའི་དོན་དམ་སྒྲུབ་པར་བྱེད་པའོ། །
གཉིས་པ་རྒྱས་པར་བཤད་པ་ལ་ཐལ་འགྱུར་ལྟ་རིམ་ཅིག་ཆར་དང༌། །བདེན་གཉིས་དབྱེར་མེད་རིགས་པའི་དགག་བྱ་བཤད། །ཚུལ་དེས་བསྒྲུབ་བྱ་རྣམ་གྲངས་མིན་པ་བསྟན། །དང་པོ་ནི།
དེ་ཕྱིར་རྣམ་གྲངས་མིན་དཔྱོད་ཀྱི། །
གཏན་ཚིགས་ཐུན་མིན་ཐལ་འགྱུར་གྱིས། །
སྣང་སྟོང་རེས་འཇོག་མེད་པ་རུ། །
ལྟ་རིམ་སྤྲོས་པ་ཅིག་ཆར་འགོག།
ཅེས་སོགས་ཏེ། དབུ་མ་ཆེན་པོ་འདིའི་ལུགས་ཀྱི་ལྟ་རིམ་གྱི་སྤྲོས་པ་གཅོད་ཚུལ་ནི། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། དོན་དམ་རྣམ་གྲངས་མིན་དཔྱོད་ཀྱི་གཏན་ཚིགས་ཐུན་མིན་ཐལ་འགྱུར་གྱི་སྒོ་ནས། སྣང་སྟོང་རེས་འཇོག་མེད་པར་གང་སྣང་བའི་ཆོས་དེ་སྟོང་པ་རྟེན་འབྱུང་ཟུང་འཇུག་མཉམ་ཉིད་ཆེན་པོའི་ཚུལ་དུ་ལྟ་རིམ་གྱི་སྤྲོས་པ་ཅིག་ཅར་འགོག་པར་བཞེད་པའོ། །
གཉིས་པ་བདེན་གཉིས་དབྱེར་མེད་རིགས་པའི་དགག་བྱ་བཤད་པ་ནི།
རྣམ་གྲངས་མིན་དཔྱོད་ཚད་མའི་སྐབས། །
བདེན་གཉིས་མི་ཕྱེ་ཀུན་རྫོབ་ཀྱི། །
སྤྲོས་ཀུན་འགོག་ཕྱིར་དགག་བྱ་ལ། །
ཁྱད་པར་མི་སྦྱོར་སྤྲོས་མཐའ་འགོག།
ཅེས་སོགས་ཏེ། ལུགས་འདིའི་དགག་བྱའི་ཁྱད་པར་ཡང་རྣམ་གྲངས་མིན་དཔྱོད་ཀྱི་ཚད་མའི་སྐབས་སུ། བདེན་གཉིས་སོ་སོར་མི་ཕྱེ་བར་ཀུན་རྫོབ་སྣང་བའི་སྤྲོས་པ་ཀུན་ཐད་ཀར་འགོག་པའི་ཕྱིར་ན་རང་རྒྱུད་པ་ལྟར། དགག་བྱ་ལ་བདེན་གྲུབ་སོགས་ཀྱི་ཁྱད་པར་གང་ཡང་མི་སྦྱོར་བ་སྤྲོས་མཐའ་ཕྲ་རགས་ཐམས་ཅད་འགོག་པར་བྱེད་པའོ། །
གསུམ་པ་ཚུལ་དེས་བསྒྲུབ་བྱ་རྣམ་གྲངས་མིན་པ་བསྟན་པ་ནི།
དེ་སླད་བདེན་པ་གཉིས་ཆར་ཡང༌། །
བསྒྲུབ་བྱ་མཐའ་བྲལ་རྣམ་གྲངས་མིན། །
སྒྲུབ་འདི་ཐལ་འགྱུར་ལྟ་བ་སྟེ། །
ཞེས་སོགས་ཏེ། ཐལ་འགྱུར་ཆེན་པོ་འདིའ་ིལུགས་ཀྱི་བསྒྲུབ་བྱའི་ཁྱད་པར་ཡང༌། རྒྱུ་མཚན་དེ་ཉིད་ཀྱི་སླད་དུ་བདེན་པ་གཉིས་ཆར་དུ་ཡང་བསྒྲུབ་བྱ་སྣང་སྟོང་དབྱེར་མེད་མཐའ་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་སྒྲུབ་པར་བྱེད་པ་འདི་ཐལ་འགྱུར་ཆེན་པོའི་ལྟ་བའོ། །
གསུམ་པ་རྗེས་མཐུན་རང་ལུགས་བཞག་པ་ནི།
སྔ་འགྱུར་པ་རྣམས་དེ་རྗེས་འབྲང༌། །
འདི་ལ་དགག་བྱ་ཁྱབ་ཆེས་དང༌། །
སྣང་བའི་ཕྱོགས་ལ་སྐུར་བཏབ་སོགས། །
ཚུར་མཐོང་ཚད་མར་བརྟེན་པ་ཡི། །
རྟོག་གེ་ངན་པའི་ཀླན་ཀ་མེད། །
ཅེས་སོགས་ཏེ། དེ་ལ་སྔ་འགྱུར་བ་རྣམས་ནི་གྲུབ་མཐའ་ཆེན་པོ་དེ་ཉིད་ཀྱི་རྗེས་སུ་འབྲང་བར་མཛད་དོ། །ཚུལ་འདི་ལ་དགག་བྱ་ཁྱབ་ཆེ་བས་ཆད་ལྟར་འགྱུར་བ་དང་སྣང་བའི་ཕྱོགས་ལ་སྐུར་བ་བཏབ་པའི་སྐྱོན་བརྗོད་པ་སོགས་ཚུར་མཐོང་ཚད་མ་ཙམ་ལ་བརྟེན་པའི་རྟོག་གེ་ངན་པའི་ཀླན་ཀ་འཇུག་པའི་གོ་སྐབས་མེད་དོ། །
གསུམ་པ་གནད་དོན་བསྡུ་བ་ནི།
མདོར་ན་དབུ་མ་ཐལ་རང་གཉིས། །
སྟོང་ཉིད་བཞི་སྦྱོར་དགོངས་དོན་བཞིན། །
སྤྲོས་མཐའ་བཞི་བྲལ་ལྟ་རིམ་བཞི། །
རིམ་དང་ཅིག་ཅར་རྫོགས་ཚུལ་ལགས། །
གཟུགས་ཉིད་སྟོང་ཕྱིར་ཡོད་མཐའ་བྲལ། །
སྣང་བ་སྟོང་པ་ཆེན་པོར་གནས། །
སྟོང་བཞིན་སྣང་ཕྱིར་མེད་མཐའ་བྲལ། །
སྟོང་པ་རྟེན་འབྱུང་ཆེན་པོར་ཤར། །
ཐ་དད་མིན་ཕྱིར་གཉིས་ཡིན་བྲལ། །
སྟོང་དང་རྟེན་འབྱུང་ཟུང་འཇུག་ཆེ། །
སྣང་སྟོང་མཉམ་ཕྱིར་གཉིས་མིན་བྲལ། །
མཉམ་ཉིད་མཐའ་བྲལ་ཨེ་མ་ཧོ། །
ཞེས་སོགས་ཏེ། མདོར་ན་དབུ་མ་ཐལ་རང་གཉིས་པོ་སྟོང་ཉིད་བཞི་སྦྱོར་གྱི་མདོའི་དགོངས་དོན་བཞིན་དུ། ཡོད་མེད་ཀྱི་སྤྲོས་མཐའ་བཞི་དང་བྲལ་བའི་སྟོང་ཉིད་གཏན་ལ་འབེབས་པའི་སྒོ་ནས། དབུ་མའི་ལྟ་རིམ་བཞི་པོ་རིམ་གྱིས་དང་ཅིག་ཆར་རྫོགས་ཚུལ་གྱི་ཁྱད་པར་ཡོད་པ་ལགས་སོ། །དེ་ལ་སྤྱིར་སྟོང་ཉིད་བཞི་སྦྱོར་གྱི་མདོ་ཚིག་དང་པོ་གཟུགས་སྟོང་པའོ་ཞེས་གསུངས་པ་ལྟར།
གཟུགས་སོགས་ཀྱི་སྣང་བ་དེ་ཉིད་སྟོང་པར་གནས་ཕྱིར། མཐའ་བཞིའི་དང་པོ་ཡོད་པ་དངོས་པོའི་མཐའ་དང་བྲལ་ཞིང༌། ཚུལ་དེས་ལྟ་རིམ་བཞིའི་དང་པོ་སྣང་བ་སྟོང་པར་གཏན་ལ་འབེབས་པ་དང༌། སྟོང་ཉིད་བཞི་སྦྱོར་གྱི་མདོ་ཚིག་གཉིས་པ་སྟོང་པ་ཉིད་གཟུགས་སོ་ཞེས་པ་ལྟར། སྟོང་བཞིན་དུ་ཡང་གཟུགས་སོགས་མ་འགགས་པར་སྣང་བའི་ཕྱིར། མཐའ་བཞིའི་གཉིས་པ་མེད་པ་དངོས་མེད་ཀྱི་མཐའ་དང་བྲལ་ཞིང༌། ཚུལ་དེའི་ལྟ་རིམ་གཉིས་པ་སྟོང་པ་རྟེན་འབྱུང་དུ་འཆར་བ་དང༌། སྟོང་ཉིད་བཞི་སྦྱོར་གྱི་མདོ་ཚིག་གསུམ་པ་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ཞེས་པ་ལྟར། སྣང་སྟོང་གི་བདེན་པ་གཉིས་པོ་ཐ་དད་མིན་པའི་ཕྱིར། མཐའ་བཞིའི་གསུམ་པ་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་ཞིང༌། ཚུལ་དེས་ལྟ་རིམ་བཞིའི་གསུམ་པ་སྟོང་རྟེན་འབྱུང་ཟུང་དུ་འཇུག་པ་དང༌། མདོ་ཚིག་བཞི་པ་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་པ་ལྟར། སྣང་སྟོང་བདེན་གཉིས་འགལ་མེད་མཉམ་པར་འགྱུར་བའི་ཕྱིར། མཐའ་བཞིའི་བཞི་པ་གཉིས་མིན་གྱི་མཐའ་དང་བྲལ་ཞིང༌། ཚུལ་དེས་ཟུང་འཇུག་མཉམ་ཉིད་ཆེན་པོ་མཐའ་ཀུན་དང་བྲལ་བ་ནི་ཟབ་མོ་དབུ་མའི་ལྟ་རིམ་ངོ་མཚར་རྨད་དུ་བྱུང་བས་ན་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་ཏུ་བརྗོད་པའོ། །ཚུལ་དེས་ན།
གསན་གསན་གྲུབ་གྲུབ་མང་ཡང་མཁྱེན་ཚོད་ཅིག་མ་རེད། །
འདི་ནི་མངོན་པར་རྟོགས་པའི་སྐལ་ལྡན་དེ་སྐྱིད་དོ། །
སྔ་འགྱུར་རིག་འཛིན་བརྒྱུད་པའི་བཀའ་དྲིན་དེ་དྲན་བྱུང༌། །
དྲིན་ལྡན་དཔལ་ལྡན་བླ་མ་ཐུགས་རྗེ་རེ་ཆེའོ། །
ཞེས་བར་སྐབས་ཀྱི་ཚིགས་བཅད་དུ་སྨྲས་སོ། །
གཉིས་པ་དེ་ཡི་འཕྲོས་དོན་ལ་འཕྲོས་དོན་དངོས་དང་ཞར་བྱུང་གཉིས། དང་པོ་ནི།
ཐ་སྙད་དང་ནི་དོན་དམ་ངོར། །ཡོད་གོ་ཆོད་དང་མི་ཆོད་དང༌། །
ལམ་དང་རིགས་པའི་དགག་བྱ་སོགས། །
གཞན་དག་རྣམ་གཞག་གཞན་དུ་འཆད། །
རང་བཞེད་སྔ་རབས་མཁས་པའི་སྲོལ། །
ལུང་རིགས་མན་ངག་སྟོང་ལྡན་ཆེ། །
ཀུན་མཁྱེན་བརྒྱུད་པའི་མན་ངག་བཞིན། །
མི་ཕམ་ཆོས་རྗེའི་ལེགས་བཤད་ལྟོས། །
དེ་སོགས་ཐུན་མིན་ལེགས་བཤད་ཀྱི། །
རྣམ་དབྱེ་མ་འདྲེས་འཛིན་པར་འཚལ། །
དོན་མེད་ཆོས་དང་གང་ཟག་ལ། །
སྡང་ཞུགས་ཕྲག་དོག་སྤོངས་དང་ལེགས། །
ཞེས་སོགས་ཏེ། གཞན་ཡང་མཁས་པ་སོ་སོའི་བཞེད་ཚུལ་གྱི་ཁྱད་པར་ལ་སྔ་རབས་པ་ཕལ་གྱིས་ཐ་སྙད་དུ་ཡོད་པས་ཡོད་གོ་མི་ཆོད་ལ། དོན་དམ་པར་མེད་པས་མེད་གོ་ཆོད་ཅེས་ཟེར་བ་དང༌། ཕྱི་རབས་ཕལ་གྱིས་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་ལ། དོན་དམ་པར་མེད་པས་མེད་གོ་མི་ཆོད་སོགས་ཟེར་བ་དང༌། རང་ལུགས་ལ་ཐ་སྙད་དུ་ཡོད་པས་ཐ་སྙད་དུ་ཡོད་པའི་གོ་ཆོད་ལ། དོན་དམ་པར་ཡོད་པའི་གོ་མི་ཆོད་པ་དང༌། དོན་དམ་པར་མེད་པས་དོན་དམ་པར་མེད་པའི་གོ་ཆོད་ལ། ཐ་སྙད་དུ་མེད་པའི་གོ་མི་ཆོད་པར་བཞེད་པའི་ཁྱད་པར་དང༌། གཞན་ཡང་སྣང་བ་རྟགས་ཀྱི་དགག་བྱ་མིན་ཀྱང་ལམ་གྱི་དགག་བྱ་ཡིན་པར་སྨྲ་བ་སོགས་གཞན་དག་ནི་གཞན་དང་གཞན་དུ་འཆད་རུང༌།
རང་བཞེད་སྔ་རབས་མཁས་པའི་འཆད་སྲོལ་ནི། ལུང་རིགས་མན་ངག་སྟོང་ལྡན་ཀུན་མཁྱེན་བརྒྱུད་པའི་མན་ངག་བཞིན་དུ། མི་ཕམ་ཆོས་རྗེས་ལེགས་པར་བཤད་པ་རབ་གསལ་བརྒལ་ལན་སོགས་སུ་གསལ་བས་དེར་ལྟོས་ཤིག་ཅེས་པའོ། །མདོར་ན་སྔ་འགྱུར་གྱི་ལུགས་འཛིན་པ་ཞིག་ཡིན་ན། གོང་དུ་མཚོན་ཙམ་བསྟན་པ་དེ་དག་ལ་སོགས་པ་ཐུན་མིན་ལེགས་བཤད་ཀྱི་རྣམ་དབྱེ་མ་འདྲེས་པ་རྣམས་དགག་སྒྲུབ་ཀྱི་རིགས་ལམ་ཡང་དག་པའི་སྒོ་ནས་འཛིན་པར་འཚལ་གྱི། དེ་ལས་ལྡོག་སྟེ་དོན་མེད་ཆགས་སྡང་གི་སྒོ་ནས་རང་ཅག་ནང་པ་སངས་རྒྱས་པའི་གཞུང་ལམ་དམ་པར་གྱུར་པ་དགེ་ཕྱོགས་སོགས་ཀྱི་ལེགས་པར་བཤད་པའི་ཆོས་དང༌། ཀུན་མཁྱེན་རྒྱལ་བ་གཉིས་པ་ལྟ་བུར་གྱུར་པ་འཇམ་མགོན་ཙོང་ཁ་པ་ཡབ་སྲས་སོགས་གང་ཟག་ཚད་མར་གྱུར་པ་རྣམས་ལ་སྡང་ཞུགས་ཀྱི་ཕྲག་དོག་མི་ཟད་པར་སྤོངས་དང་ལེགས་པར་མངོན་ནོ། །
ཞར་བྱུང་ཐར་ལམ་མཆོག་ཏུ་བསྒྲུབ་པ།
གཉིས་པ་ཞར་བྱུང་ལ་ཐར་ལམ་མཆོག་ཏུ་བསྒྲུབ་པ་དང༌། །སོ་ཐར་སྡོམ་པའི་རྒྱུན་ལ་ལོག་རྟོག་དགག །དང་པོ་ནི།
ཀྱེ་མ་དེང་དུས་བབ་ཅོལ་དུ། །
གསང་ཆེན་རྙིང་མའི་གཞུང་ལུགས་ལ། །
ཐར་པ་མེད་ཅེས་ལ་ལ་འཛེར། །
གཞན་དག་དེ་ཡི་རྗེས་སུ་བཟློས། །
ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞིའི། །
ཟབ་དོན་རྟོགས་དང་མ་རྟོགས་ལས། །
ཐར་པའི་ལམ་མཆོག་ཡོད་མེད་ཀྱི། །
རྣམ་དབྱེ་ཐུབ་པ་ཆེན་པོས་གསུངས། །
དེ་ཕྱིར་བཀའ་རྟགས་ཕྱག་རྒྱ་དང༌། །
འགལ་ཚུལ་རིགས་པ་སྟོན་ཅིག་གུ།
བཀའ་རྟགས་ཕྱག་རྒྱའི་དགོངས་དོན་དང༌། །
སྔ་ཕྱི་སུ་འགལ་བརྩད་པས་ཆོག །
ཆོས་རྣམས་སྟོང་པར་མི་འདོད་པར། །
དོན་མེད་བདེན་གྲུབ་ཡན་གར་ཞིག །
མེད་པས་སྟོང་གོ་ཆོད་འདོད་པ། །
དེ་ལ་ཐར་པ་ཡོད་མེད་དཔྱོད། །
སྤྱིར་ནི་ཐེག་མཆོག་དབུ་མ་ཆེའི། །
ཐར་ལམ་རྩ་བ་བདེན་མེད་དུ། །
བཞེད་ན་བདེན་སྟོང་མིང་ཅན་དེ། །
བདེན་སྟོང་ཡིན་མིན་དཔྱོད་དང་ལེགས། །
གསང་ཆེན་སྔ་འགྱུར་བརྒྱུད་པའི་ལུགས། །
རྒྱལ་དང་རྒྱལ་སྲས་འཕགས་ཚོགས་ཀྱི། །
ཞལ་ནས་སྙན་དུ་རིམ་པར་བརྒྱུད། །
རྟོག་བཟོ་ཕལ་གྱིས་དོ་ཟླ་མིན། །
མདོ་རྒྱུད་མན་ངག་ཕྱག་བཞེས་བཅས། །
ཚང་ལ་མ་ནོར་ལམ་མཆོག་དེས། །
མཁས་དང་གྲུབ་པ་གྲངས་ལས་འདས། །
གྲུབ་པའི་ས་མཐོར་གཤེགས་ལ་ལྟོས། །
ཞེས་སོགས་ཏེ། ཀྱེ་མ་དེང་སང་གི་དུས་ན་མ་བརྟག་བབ་ཅོལ་ཙམ་དུ་གསང་ཆེན་རྙིང་མའི་གཞུང་ལུགས་ལ་ཐར་ལམ་ཙམ་ཡང་མེད་དོ་ཞེས་ལ་ལ་དག་གིས་སྨྲ་ཞིང༌། གཞན་དག་ཕལ་མོ་ཆེ་ཞིག་དེའི་རྗེས་སུ་བཟློ་བར་བྱེད་ཀྱང༌། དེ་ལ་སྤྱིར་ནང་པ་སངས་རྒྱས་པའི་རིང་ལུགས་ལྟ་བ་བཀའ་རྟགས་ཀྱི་ཕྱག་བཞིའི་ཟབ་དོན་རྟོགས་པ་དང་མ་རྟོགས་པའི་ཁྱད་པར་ལས། ཐར་པའི་ལམ་མཆོག་ཡོད་མེད་ཀྱི་རྣམ་དབྱེ་ཐུབ་པ་ཆེན་པོས་མདོ་ལས་གསུངས་པ་དེའི་ཕྱིར་ན་རྙིང་མ་པའི་ལུགས་ལ་ཐར་པ་མེད་དེ། བཀའ་རྟགས་ཕྱག་རྒྱའི་དགོངས་དོན་དང་འགལ་བའི་ཕྱིར་ཞེས་སོགས་ཀྱི་སྒོ་ནས་འགལ་ཚུལ་གྱི་རིགས་པ་དེ་སྟོན་ཅིག་གུ ལེགས་པར་བརྟགས་ན་བཀའ་རྟགས་ཀྱི་ཕྱག་རྒྱའི་དགོངས་དོན་དང་སྔ་ཕྱིའི་ལུགས་སུ་ཞིག་འགལ་རྣམ་པར་བརྩད་པས་ཆོག་པར་སྣང་སྟེ། གཟུགས་གཟུགས་ཀྱི་མི་སྟོང་པ་སོགས་གཞི་ལམ་འབྲས་བུའི་ཆོས་རྣམས་གཅིག་ཀྱང་དོན་དམ་དུ་སྟོང་པར་མི་འདོད་པར། དེ་དག་གི་སྟེང་དུ་དོན་མེད་བདེན་གྲུབ་ཡན་གར་བ་ཙམ་ཞིག་མེད་པར་དགག་པས་སྟོང་གོ་ཆོད་པར་འདོད་པ་དེ་དག་གི་ལུགས་ལ་ཐར་པ་ཡོད་མེད་དཔྱོད་པར་རིགས་སོ། །དེ་ལ་སྤྱིར་ནི་ཐེག་མཆོག་དབུ་མ་ཆེན་པོའི་ལུགས་ལ་ཐར་ལམ་རྩ་བ་བདེན་མེད་རྟོགས་པ་ལ་བཞེད་ན། དགག་བྱ་ཡན་གར་བས་སྟོང་པའི་བདེན་སྟོང་གི་མིང་ཅན་དེ། བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་ཡ་གྱལ་གྱི་སྟོང་པ་བདག་མེད་པའི་བདག་ཉིད་ཀྱི་བདེན་སྟོང་ཡིན་མིན་དཔྱོད་དང་ལེགས་ཀྱི། དེ་ལས་གཞན་དུ་གསང་ཆེན་སྔ་འགྱུར་བརྒྱུད་པའི་རང་ལུགས་ནི། རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་ཀྱི་ཞལ་ནས་སྙན་དུ་རིམ་པར་བརྒྱུད་ཅིང་ལུང་རིགས་མན་ངག་གི་ཚད་མས་གྲུབ་པས་ན། རྟོག་བཟོ་ཕལ་གྱི་དོ་ཟླར་གྱུར་པ་མིན་ཏེ། མདོ་རྒྱུད་ཀྱི་ལུང་དང་བླ་མ་བརྒྱུད་པའི་མན་ངག་མཐོང་བ་བརྒྱུད་པའི་ཕྱག་བཞེས་སོགས་ཚང་ལ་མ་ནོར་བའི་ལམ་མཆོག་དེ་ལ་བརྟེན་ནས་སྔོན་ཆད་མཁས་དང་གྲུབ་པ་གྲངས་ལས་འདས་པ་ཞིག་གྲུབ་པའི་ས་མཐོར་གཤེགས་པའི་འབྲས་རྟགས་ཡང་དག་གི་ཚུལ་འདི་ལ་ལྟོས་ཞེས་མདོར་མཚོན་ཙམ་དུ་སྨྲོས་པའོ། །
སོ་ཐར་སྡོམ་པའི་རྒྱུན་ལ་ལོག་རྟོག་དགག་པ།
གཉིས་པ་སོ་ཐར་སྡོམ་པའི་རྒྱུན་ལ་ལོག་རྟོག་དགག་པ་ནི།
སྔ་འགྱུར་བརྒྱུད་པའི་སྡོམ་རྒྱུན་ཀྱང༌། །
མ་དག་ཆུ་འགོ་ཀླུ་སྒྲུབ་ལོ། །
དགེ་སློང་དཔལ་ལྡན་ཆེར་གྲགས་པ། །
ཐུབ་པ་ཆེན་པོའི་ལུང་གིས་བསྔགས། །
འཛམ་གླིང་མཛེས་པའི་རྒྱན་གཅིག་པུ། །
ཤིང་རྟ་ཆེན་པོ་ཀླུ་སྒྲུབ་རྗེར། །
སྡོམ་མེད་མིང་གི་དགེ་སློང་དུ། །
སྨྲ་བའི་སྤོབས་པ་དགེ་ལ་ལྟོས། །
གཞུང་ལུགས་ཕྱོགས་ཙམ་མ་རྟོགས་ཤིང༌། །
རིགས་པའི་སྒྲུབ་བྱེད་མེད་པ་རུ། །
ཆོས་པའི་གཟུགས་ཀྱིས་ཆོས་སྤོང་གི །
ལས་ངན་མི་བཟད་སྤོངས་དང་ལེགས། །
ཞེས་སོགས་ཏེ། དེ་བཞིན་དུ་སྔ་འགྱུར་བརྒྱུད་པའི་སྡོམ་རྒྱུན་ཀྱང་མ་དག་པར་སྨྲ་བ་མང་སྟེ། ཐོག་མར་སྔོན་བྲམ་ཟེའི་བཙུན་པ་ཆེན་པོས། ཁར་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །སོགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་རབ་ཏུ་བྱུང་ཚུལ་ལ་སྙད་བཏགས་ཏེ། སྡོམ་པའི་ཆུ་འགོ་ཀླུ་སྒྲུབ་མ་དག་ཟེར་བ་དང༌། བར་དུ་རྨ་གཡོ་གཙང་གསུམ་གྱིས་རྒྱ་ནག་གི་དགེ་སློང་གཉིས་ཁ་སྐོང་དུ་བཞག་སྟེ་བླ་ཆེན་དགོངས་པ་རབ་གསལ་རབ་ཏུ་བྱུང་ཚུལ་ལ་སྙད་བཏགས་ཏེ་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་པ་མ་དག་ཟེར་བ་དང༌། ཐ་མ་རྙིང་མའི་སྔགས་འཆང་འགའ་ཞིག་གིས་ལས་ཆོག་གི་མཁན་པོ་མཛད་པ་ལ་རྗེས་སུ་དཔག་སྟེ། རྙིང་མའི་སྡོམ་རྒྱུན་མཐའ་དག་མ་དག་ངེས་ཅན་ནོ་ཟེར་བ་སོགས་སྣང་ཡང༌། ཐོག་མར་སློབ་དཔོན་ཀླུ་སྒྲུབ་ནི།
དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཞེས་སོགས་ཐུབ་པ་ཆེན་པོའི་ལུང་གིས་བསྔགས་ཤིང༌། འཛམ་གླིང་མཛེས་པའི་རྒྱན་གཅིག་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་རྗེར་སྡོམ་མེད་མིང་གིས་དགེ་སློང་དུ་སྨྲ་བའི་སྙིང་སྤོབས་དགེ་བ་ལ་ལྟོས་དང་སྨྲ་བ་གཞན་ཡང་ཚུལ་དེ་དང་རྗེས་སུ་མཐུན་པར་ཟད་དོ། །
མདོར་ན་སྔ་འགྱུར་རྙིང་མ་སོགས་ཀྱི་གཞུང་ལུགས་ཀྱི་དགོངས་དོན་ཟབ་མོ་ཕྱོགས་ཙམ་ཡང་མ་རྟོགས་ཤིང༌། ལམ་རྣམ་དག་མིན་ཚུལ་གྱི་རིགས་པའི་སྒྲུབ་བྱེད་ཀྱང་མེད་པར་ཆོས་པའི་གཟུགས་ཀྱིས་ཆོས་སྤོང་གི་ལས་ངན་མི་བཟད་པའི་རྒྱུ་སྒྲུབ་པ་དེ་འདྲ་སྤོང་དང་ལེགས་པར་མངོན་ནོ། །
སྣང་ཚུལ་ཆོས་ཀྱི་ཤན་འབྱེད།
གཉིས་པ་སྣང་ཚུལ་ཆོས་ཀྱི་ཤན་འབྱེད་ལ། །མདོར་བསྟན་དང་ནི་རྒྱས་པར་བཤད་པ་གཉིས། །དང་པོ་ནི།
སྣང་བ་ཀུན་རྫོབ་བདེན་པ་ལ། །
མིང་ཙམ་བརྗོད་ཚུལ་མཐུན་ན་ཡང༌། །
གནས་སྣང་ངོ་བོའི་རྣམ་གཞག་སོགས། །
སྔ་ཕྱིའི་བཞེད་སྲོལ་ཐ་དད་ཡོད། །
ཅེས་སོགས་ཏེ། སྣང་བ་ཀུན་རྫོབ་བདེན་པ་བཞེད་ཚུལ་གྱི་ཁྱད་པར་ལ་ཡང༌། སྤྱིར་སྣང་བ་ཀུན་རྫོབ་ཀྱི་བདེན་པ་ཞེས་པའི་མིང་ཙམ་ཞིག་བརྗོད་ཚུལ་མཐུན་ན་ཡང༌། ཀུན་རྫོབ་ཐ་སྙད་རང་ལ་གནས་སྣང་གཉིས་སུ་དབྱེ་བ་དང༌། ཀུན་རྫོབ་ཀྱི་ངོ་བོ་ཞལ་གྱིས་བཞེས་ཚུལ་གྱི་རྣམ་གཞག་སོགས་ལ་ནི་བོད་སྔ་ཕྱིའི་བཞེད་ཚུལ་ཐ་དད་སྣ་ཚོགས་ཡོད་པའོ། །
གཉིས་པ་རྒྱས་པར་བཤད་པ་ལ་གནས་སྣང་དབྱེ་ཚུལ་སྤྱིར་བསྟན་དང༌། །དེ་དག་སོ་སོའི་རང་བཞིན་རྒྱས་པར་བཤད། །དང་པོ་ནི།
གཞན་དག་ཚུར་མཐོང་ཚད་མའི་ཡུལ། །
སྣང་ཚུལ་མ་དག་ཀུན་རྫོབ་ལས། །
རྣམ་དག་ཚད་མའི་ཡུལ་གྱུར་པའི། །
གནས་ཚུལ་དག་པ་འཆད་དུ་མེད། །
གནས་ཚུལ་སྣང་ཚུལ་གཉིས་མེད་ན། །
གནས་སྣང་མཐུན་དང་མི་མཐུན་མེད། །
སོ་སྐྱེའི་འཁྲུལ་ཤེས་ཚད་མ་དང༌། །
འཕགས་པའི་གཟིགས་པ་ལོག་ཤེས་འགྱུར། །
རང་བཞེད་ཀུན་རྫོབ་སྣང་བ་ལ། །
མ་དག་འཁྲུལ་པའི་སྣང་ཚུལ་དང༌། །
དག་པ་གཞི་ཡི་གནས་ཚུལ་ལས། །
དག་དང་མ་དག་གཉིས་སུ་བཞེད། །
ཚུར་མཐོང་ཙམ་གྱིས་ཀུན་རྫོབ་ཀྱང༌། །
ཉི་ཚེ་རྣམ་འཇོག་ཕྱི་རབས་པ། །
ཚད་མ་ཟུང་གིས་ཀུན་རྫོབ་ཀྱི། །
གནས་སྣང་ཤན་འབྱེད་མཁས་པའི་ལུགས། །
ཞེས་སོགས་ཏེ། དེ་ལ་མཁས་པའི་དབང་པོ་གཞན་དག་རྣམས་ཀྱི་ལུགས་ལ་སྤྱིར་ཐ་སྙད་ཚད་མ་ལ་ཚུར་མཐོང་ཐ་སྙད་ཚད་མ་ཁོ་ན་ལས་མེད་པའི་ཕྱིར་ན། དེའི་ཡུལ་དུ་གྱུར་པའི་གཞལ་བྱ་གཞི་ཀུན་རྫོབ་ཀྱི་བདེན་པ་ཡང༌། སྣང་ཚུལ་མ་དག་པའི་ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་མ་དག་པའི་སྣང་ཆ་འདི་ཙམ་ཞིག་ལས། རྣམ་དག་ཐ་སྙད་ཚད་མའི་ཡུལ་དུ་གྱུར་པའི་གཞིའི་གནས་ཚུལ་དག་པ།
རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས་ཞེས་སོགས་ཀྱི་དགོངས་དོན་ཟབ་མོ་འཆད་དུ་མེད་དོ། །དེ་ལྟར་གཞི་ལྟ་བ་གཏན་ལ་འབེབས་པའི་སྐབས་ན། གནས་ཚུལ་དག་པའི་ཀུན་རྫོབ་དང༌། སྣང་ཚུལ་མ་དག་པའི་ཀུན་རྫོབ་གཉིས་མེད་ན། གནས་ཚུལ་དང་སྣང་ཚུལ་མཐུན་པའི་སྒོ་ནས་ཚད་མ་དང༌། གནས་ཚུལ་དང་སྣང་ཚུལ་མི་མཐུན་པའི་སྒོ་ནས་ཚད་མིན་དུ་གྱུར་པ་ཡང་མེད་པར་འགྱུར་ཞིང༌། དེ་ལྟར་ན་མ་དག་པར་མཐོང་བའི་སོ་སྐྱེའི་འཁྲུལ་ཤེས་ཚད་མ་དང༌། དག་པར་མཐོང་བའི་འཕགས་པའི་གཟིགས་པ་ལོག་ཤེས་སུ་འགྱུར་བ་ལས་འོས་མེད་དོ། །མདོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །སོགས་ཀྱིས་བསྟན་པ་ལྟར་རོ། །རང་བཞེད་ནི་སྤྱིར་ཀུན་རྫོབ་ཀྱི་སྣང་བ་ལ་འགྲོ་དྲུག་གི་འཁྲུལ་སྣང་ལྟ་བུ་མ་དག་འཁྲུལ་བའི་སྣང་ཚུལ་དང་སངས་རྒྱས་ཀྱི་རང་སྣང་ལྟ་བུ་དག་པ་གཞིའི་གནས་ཚུལ་གཉིས་ལས་ཐ་སྙད་རང་ལ་ཡང་དག་པ་དང་མ་དག་གཉིས་སུ་ཡོད་པར་བཞེད་དོ། །མདོར་ན་ཚུར་མཐོང་ཚད་མ་ཙམ་གྱི་སྒོ་ནས་ཀུན་རྫོབ་ཀྱང་སྣང་ཚུལ་མ་དག་པའི་ཀུན་རྫོབ་ཉི་ཚེ་ཙམ་ཞིག་རྣམ་པར་འཇོག་པར་བྱེད་པ་ཕྱི་རབས་པ་དང༌། ཐ་སྙད་ཚུར་མཐོང་དང་དག་པའི་ཚད་མ་ཟུང་དུ་འབྲེལ་བའི་སྒོ་ནས་ཀུན་རྫོབ་ཀྱི་གནས་སྣང་ཤན་འབྱེད་པ་མཁས་པའི་ལུགས་སོ། །
སྣང་ཚུལ་མ་དག་ཀུན་རྫོབ།
གཉིས་པ་དེ་དག་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་སྣང་ཚུལ་མ་དག་ཀུན་རྫོབ་དང༌། །གནས་ཚུལ་དག་པའི་སྣང་བ་བཤད་པ་གཉིས། །
དང་པོར་ཇི་ལྟར་སྣང་བའི་རང་བཞིན་དང༌། །དེ་ལྟར་སྣང་བའི་རྟེན་འབྱུང་ལས་འབྲས་རྟེན། །ཚུལ་དེས་ལྟ་བ་ཁས་ལེན་ཡོད་མེད་དང༌། །རྟེན་འབྱུང་སྣང་བའི་ཐ་སྙད་བཞེད་ཚུལ་བཞི། །དང་པོར་བཞེད་པའི་ཁྱད་པར་ཕྱེས་ཏེ་བསྟན། །དེ་ཡི་མི་འཐད་ཕྱོགས་གཞན་སོ་སོར་དགག །འཐད་ཕྱོགས་གྲུབ་མཐའི་ཤན་འབྱེད་སྤྲོས་ཏེ་བསྟན། །དང་པོ་ནི།
སྣང་ཚུལ་ཀུན་རྫོབ་སྣང་བ་ལ། །
ཁ་ཅིག་རྟོག་བཏགས་ཚད་གྲུབ་དང༌། །
ལ་ལ་སྣང་སེམས་དབྱེར་མེད་ཟེར། །
རང་སྣང་འདོད་པ་མཁས་པའི་ལུགས། །
ཞེས་སོགས་ཏེ། དེ་ལ་འདིར་སྣང་ཚུལ་ཀུན་རྫོབ་ཙམ་གྱི་སྣང་བ་ལ་ཡང༌། བརྒལ་ལན་ཉིན་སྣང་སོགས་ཀྱི་སྔ་རྒོལ་དུ་བྱུང་བ་ལྟར། ཁ་ཅིག་ཐལ་འགྱུར་རང་ལུགས་ཀྱི་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་རྟོག་བཏགས་ཚད་གྲུབ་ཙམ་དུ་བཞེད་པ་དང༌། ཡིད་བཞིན་མཛོད་ཀྱི་སྔ་རྒོལ་དུ་བཞག་པ་ལྟར་ལ་ལས་ཀུན་རྫོབ་ཀྱང་ཆོས་རྣམས་སྣང་སེམས་དབྱེར་མེད་དུ་བཞེད་པའི་ཕྱོགས་ཀྱང་ཡོད་ལ། ཀུན་རྫོབ་ཀྱི་ཆོས་རྣམས་རང་སྣང་འདོད་པ་ནི་མཁས་པའི་ལུགས་སུ་སྣང་ངོ༌། །
གཉིས་པ་དེ་ཡི་མི་འཐད་ཕྱོགས་གཞན་སོ་སོར་དགག་པ་ནི།
ཐ་སྙད་རྟོག་བཏགས་ཚད་གྲུབ་དང༌། །
སྣང་སེམས་གཅིག་ཏུ་འདོད་པ་གང༌། །
དེ་ལ་ཚད་དང་ཚད་མིན་སོགས། །
ཐ་སྙད་རྣམ་གཞག་འཐད་པར་དཀའ། །
ཞེས་སོགས་ཏེ། དེ་ལ་ཐ་སྙད་རྟོག་བཏགས་ཚད་གྲུབ་ཏུ་བཞེད་པ་དང༌། སྣང་སེམས་གཅིག་ཏུ་འདོད་པའི་ལུགས་གང་ཡིན་པ་དེ་དག་ལ། ཚད་མ་དང་ཚད་མིན་གྱི་རབ་དབྱེ་སོགས་ཐ་སྙད་ཀྱི་རྣམ་གཞག་འཐད་པར་དཀའ་བའི་ཚུལ་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་སྐབས་སོགས་དང༌། བརྒལ་ལན་ཉིན་སྣང་སོགས་ལས་རྒྱ་ཆེར་འབྱུང་བ་ལྟར་རོ། །
གསུམ་པ་འཐད་ཕྱོགས་གྲུབ་མཐའི་ཤན་འབྱེད་སྤྲོས་ཏེ་བསྟནཔ་ལ་མདོར་བསྟན་རྒྱས་བཤད་འཕྲོས་དོན་གསུམ། །དང་པོ།
རང་སྣང་འཁྲུལ་དང་མ་འཁྲུལ་ལས། །
ཐ་སྙད་ཡུལ་ལ་བདེན་བརྫུན་དང༌། །
ཚད་དང་ཚད་མིན་རབ་དབྱེ་སོགས། །
ཐ་སྙད་རྣམ་གཞག་ཆེས་ཆེར་བཀྲ། །
ཞེས་སོགས་ཏེ། རང་སྣང་ཙམ་དུ་འདོད་པའི་ཕྱོགས་ལ་ནི། རང་སྣང་ཙམ་གྱི་ངོར་འཁྲུལ་བ་དང་མ་འཁྲུལ་བའི་དབང་ལས་ཐ་སྙད་ཀྱི་ཡུལ་ལ་དུང་དཀར་པོའི་སྣང་བ་བདེན་པ་དང་སེར་པོའི་སྣང་བ་བརྫུན་པའི་ཁྱད་པར་དང༌། ཡུལ་ཅན་ལ་ཡང་དཀར་པོར་འཛིན་པ་ཚད་མ་དང་སེར་པོར་འཛིན་པ་ཚད་མིན་དུ་འཇོག་པའི་རབ་དབྱེ་སོགས་ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་གྲྭ་མ་ཉམས་པར་ཆེས་ཆེར་རྣམ་པར་བཀྲ་བའི་ཚུལ་དུ་འཇོག་ནུས་པར་གསུངས་སོ། །
གཉིས་པ་རྒྱས་པར་བཤད་པ་ནི།
རང་སྣང་ཆོས་ཀྱི་འདོད་ཚུལ་ལ། །
སྣང་ཚུལ་ཀུན་བརྟགས་བེམ་ཤེས་དབྱེ། །
གནས་ཚུལ་གཞན་དབང་མཐར་ཐུག་ངོར། །
སེམས་སུ་བཞེད་པ་སེམས་ཙམ་ལུགས། །
སྣང་ཚུལ་ཙམ་དུ་བེམ་ཤེས་སོགས། །
ཀུན་རྫོབ་རང་མཚན་ཆོས་སུ་འཇོག །
ཐ་སྙད་གནས་ཚུལ་སྣང་བ་ཀུན། །
སེམས་སུ་བཞེད་པ་ཞི་འཚོའི་ལུགས། །
སྣང་ཚུལ་རང་སྣང་ཆོས་རྣམས་ཀུན། །
སེམས་ལ་སྣང་ཞིང་སེམས་ཀྱིས་བྱས། །
དེ་ཕྱིར་རང་སྣང་སྟོང་གཟུགས་ཆེ། །
སྒྱུ་མར་མགོ་མཉམ་ཟླ་བའི་ལུགས། །
འདི་ལ་སྣང་དང་སྣང་ཡུལ་དུ། །
ཕྱེ་བའི་ལེགས་བཤད་ཟླ་མེད་པ། །
ཀུན་མཁྱེན་ཆོས་རྗེའི་བཞེད་པ་ནི། །
འགྲེལ་ཆེན་པདྨ་དཀར་པོར་གསལ། །
ཞེས་སོགས་ཏེ། དེ་ལྟར་དབུ་སེམས་ཐམས་ཅད་རང་སྣང་ཙམ་དུ་འདོད་པ་ལ་ཁྱད་མེད་པར་བཞེད་ན་ཡང༌། བྱེ་བྲག་ཕྱེ་ན་རང་སྣང་ཆོས་ཀྱི་འདོད་ཚུལ་དེ་ལ། སྣང་ཚུལ་ཀུན་བཏགས་ཙམ་གྱི་ངོར་བེམ་པོ་དང་ཤེས་པའི་རབ་དབྱེ་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་མ་འདྲེས་པར་འཇོག་ཅིང༌། གནས་ཚུལ་གཞན་དབང་མཐར་ཐུག་གི་ངོར་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་སོགས་པའི་སྒོ་ནས་སེམས་སུ་བཞེད་པ་ནི། ཐེག་ཆེན་སེམས་ཙམ་པའི་ལུགས་ཏེ་སེམས་ཙམ་གྱི་གཞུང་སྤྱི་འགྲོས་དང་ཁྱད་པར་དམ་ཆོས་དོགས་སེལ་ལས་གསུངས་པ་ལྟར་རོ། །ཡང་སྣང་ཚུལ་ཙམ་དུ་བེམ་པོ་དང་ཤེས་པ། མེ་དང་ཚ་བ་སོགས་ཀུན་རྫོབ་རང་མཚན་གྱིས་གྲུབ་པའི་ཆོས་སུ་འཇོག་ཅིང༌། ཐ་སྙད་རང་གི་གནས་ཚུལ་གྱི་ངོར་སེམས་ཙམ་པ་ལྟར་སྣང་བ་ཐམས་ཅད་སེམས་སུ་བཞེད་པ་ནི། མཁན་ཆེན་ཞི་བ་འཚོའི་ལུགས་ཀྱི་དབུ་མ་རྣལ་འབྱོར་སྤྱོད་པའི་བཞེད་པ་དང༌། ཡང་སྣང་ཚུལ་རང་སྣང་ཙམ་གྱི་ངོར་འཇུག་པ་ལས།
སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་དཔག་ཡས་འགོད། །ཅེས་སོགས་གསུངས་པ་ལྟར་ཀུན་རྫོབ་སྣང་བའི་ཆོས་ཐམས་ཅད་གང་ལ་སྣང་ན་སེམས་ལ་སྣང་ཞིང་གང་ལས་བྱུང་ན་སེམས་ཀྱིས་ལས་བསགས་ཤིང་དེ་ལས་སྣོད་བཅུད་ཀྱི་འཇིག་རྟེན་འདི་དག་སྣང་བའི་ཕྱིར། རང་སྣང་སྟོང་པའི་གཟུགས་བརྙན་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དང་མགོ་མཉམ་པར་འདོད་པ་ནི་དཔལ་ལྡན་ཟླ་བའི་རང་ལུགས་བླ་ན་མེད་པའོ། །
ཚུལ་དེས་ན་ཀུན་མཁྱེན་ཆོས་རྗེས་ཀྱང༌།
སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བསགས། །
སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། །
འཁྲུལ་བའི་སེམས་འདུལ་སླད་དུ་འབད་པར་མཛོད། །ཅེས་དང༌།
ཇི་ལྟར་ངྷ་དུ་ར་ཡིས་མྱོས་པ་ལ། །
སྣ་ཚོགས་སྣང་བ་མི་འདྲ་ཅི་ཤར་ཡང༌། །
ཐམས་ཅད་འཁྲུལ་པའི་གཟུགས་ཏེ་དོན་ལ་མེད། །
དེ་བཞིན་སེམས་འཁྲུལ་པ་ཡིས་སྦྱར་བ་ཡི། །
འགྲོ་དྲུག་འཁྲུལ་སྣང་མ་ལུས་ཇི་སྙེད་ཀུན། །
མེད་སྣང་སྟོང་པའི་གཟུགས་བརྙན་ཤེས་པར་མཛོད། །ཅེས་གསུངས་སོ། །ཚུལ་འདི་ལ་སྣང་བ་དང་སྣང་ཡུལ་སོ་སོར་ཕྱེས་ཏེ་སེམས་ལ་སྣང་བའི་སྣང་ཆ་སེམས་ཡིན་ཀྱང་དེའི་སྣང་ཡུལ་མེད་སྣང་སྟོང་གཟུགས་ཀྱི་ཆོས་རི་ར་བ་ཁང་ཁྱིམ་སོགས་ནི་སེམས་ཀྱི་རྫས་མ་ཡིན་པ་སོགས་སེམས་ཡིན་མིན་ཁྱད་པར་སོ་སོར་ཕྱེས་ཏེ་སྟོན་པས་ལེགས་བཤད་འགྲན་ཟླ་མེད་པ་ཀུན་མཁྱེན་ཆོས་རྗེའི་བཞེད་པ་ནི་ཡིད་བཞིན་མཛོད་ཀྱི་འགྲེལ་ཆེན་པདྨ་དཀར་པོར་གསལ་བ་ལྟར་རོ། །
གསུམ་པ་འཕྲོས་དོན་ནི།
སྣང་བ་སེམས་སུ་ཁས་ལེན་ཚེ། །
ཀུན་གཞི་རང་རིག་མེད་མི་རུང༌། །
རང་སྣང་ཙམ་དུ་འདོད་པ་ལ། །
ཆེད་དུ་དགག་དང་སྒྲུབ་མི་འཚལ། །
ཞེས་སོགས་ཏེ། སྤྱིར་དབུ་མ་ཆེན་པོའི་ལུགས་ལ་ཀུན་གཞི་དང་རང་རིག་འདོད་མི་འདོད་ཀྱི་ཁྱད་པར། མཁན་ཆེན་ཞི་བ་འཚོའི་ལུགས་ལྟར་སྣང་བ་སེམས་སུ་ཁས་ལེན་ཚེ་ཀུན་གཞི་དང་རང་རིག་མེད་དུ་མི་རུང་བ་སྟེ། དབུ་མ་རྒྱན་གྱི་འགྲེལ་པར་གསུངས་པ་ལྟར་རོ། །ཐལ་འགྱུར་ཆེན་པོའི་ལུགས་ཀྱི་རང་སྣང་ཙམ་དུ་འདོད་པ་ལ་ནི། ཆེད་དུ་དགག་པ་དང་བསྒྲུབ་པར་མི་འཚལ་ཏེ། ཤེར་འགྲེལ་ཀེ་ཏ་ཀར་གསུངས་པ་ལྟར་རོ། །
སྣང་བའི་རྟེན་འབྱུང་ལས་འབྲས་རྟེན།
གཉིས་པ་ལས་འབྲས་རྟེན་ལ་བསྟན་བཤད་གཉིས། །དང་པོ་ནི།
དེ་ལ་སྣང་ཚུལ་ཐ་སྙད་ངོར། །
སེམས་ཉིད་དག་དང་མ་དག་ལས། །
རྟེན་འབྱུང་སྣོད་བཅུད་སྣ་ཚོགས་ཀྱི། །
རང་སྣང་དཔག་ཡས་ལས་ལས་སྐྱེས། །
ཞེས་སོགས་ཏེ། དེ་ལ་སྣང་ཚུལ་ཐ་སྙད་ཙམ་གྱི་ངོར་སེམས་དག་པ་དགེ་བའི་ལས་དང་སེམས་ཉིད་མ་དག་པ་མི་དགེ་བའི་ལས་ལས། རྟེན་འབྱུང་སྣོད་བཅུད་སྣ་ཚོགས་ཀྱི་རང་སྣང་བདེ་སྡུག་བཟང་ངན་དག་དང་མ་དག་སོགས་ཤིན་ཏུ་དཔག་ཡས་ལས་ལས་སྐྱེས་པར་མདོ་དང་བསྟན་བཅོས་ཆེན་པོ་འཇུག་པ་སོགས་ལས་གསུངས་པ་ལྟར་རོ། །
གཉིས་པ་རྒྱས་བཤད་ལ་ཡང་དགག་བཞག་སྤང་གསུམ་ལས། །དང་པོ་ནི།
དེ་ལ་ཁ་ཅིག་ལས་འབྲས་རྟེན། །
རྟེན་འབྱུང་དངོས་པོ་བོར་ནས་སུ། །
དངོས་མེད་ཞིག་པ་དངོས་པོར་སྒྲུབ། །
དེ་ཉིད་ལས་འབྲས་རྟེན་དུ་སྨྲ། །
རྒྱུ་ཆོས་སྐད་ཅིག་དང་པོ་ཉིད། །
ཞིག་པའི་ཞིག་པ་དངོས་པོ་དང༌། །
འབྲས་ཆོས་སྐད་ཅིག་གཉིས་པ་དག །
རིམ་དང་ཅིག་ཅར་སྐྱེ་ཚུལ་འགལ། །
རྒྱུ་ཉིད་ཞིག་དང་མ་ཞིག་ལས། །
འབྲས་བུ་འབྱུང་བ་མི་རུང་དང༌། །
རྒྱུ་འབྲས་འཕྲད་དང་མ་འཕྲད་ཅེས། །
རྩོད་ཚེ་ཞིག་པས་ཅི་ཞིག་བགྱི། །
ལྟོ་བ་ཟས་ཀྱིས་མ་ཚིམས་པར། །
ཞིག་དངོས་ཟས་ཀྱིས་ཇི་ལྟར་ཚིམ། །
མིག་གིས་གཟུགས་ཉིད་མ་མཐོང་བར། །
ཞིག་དངོས་མིག་གིས་མཐོང་ལགས་སམ། །
རྒ་ཤིའི་ཕུང་པོ་རྣམ་སྤངས་ཚེ། །
ཞིག་དངོས་རྒ་ཤི་ཡིན་མིན་དཔྱོད། །
ཡིན་ན་དེ་ལས་མ་རིག་ཉིད། །
མིན་ན་ཞིག་དངོས་སངས་རྒྱས་ལགས། །
ཕུང་པོ་ཞིག་པའི་མྱང་འདས་ཚེ། །
རྟག་དངོས་གཞི་མཐུན་དེར་ཕྱག་འཚལ། །
མྱ་ངན་འདས་པ་འདུས་མ་བྱས། །
ཤིང་རྟ་ཆེན་པོ་ཀླུ་སྒྲུབ་བཞེད། །
ཅེས་སོགས་ཏེ། དེ་ལ་གངས་ལྗོངས་མཁས་པའི་དབང་པོ་ཁ་ཅིག་དབུ་མ་ཐལ་འགྱུར་ཆེན་པོའི་ལུགས་ལ་ལས་འབྲས་ཀྱི་རྟེན་དུ་རྟེན་འབྱུང་རྒྱུ་འབྲས་ཀྱི་དངོས་པོ་ཙམ་གྱི་མི་ཆོག་པར་རང་སར་བོར་ཏེ། རྒྱུ་ཞིག་ཟིན་པའི་དངོས་མེད་ཀྱི་ཞིག་པ་དངོས་པོ་ཡིན་པར་སྐྱེ་བའི་རྐྱེན་གྱིས་རྒ་ཤི་སོགས་ཀྱི་ལུང་དང༌། ཟན་ཆད་པས་བུ་ཤི་བ་སོགས་ཀྱི་རིགས་པས་སྒྲུབ་པར་བྱེད་ཅིང་དེ་ཉིད་ལས་འབྲས་ཀྱི་རྟེན་དུ་སྨྲ་བར་མཛད་དོ། །འོན་ཀྱང་རྣམ་པར་བརྟག་ན་སྐད་ཅིག་གཉིས་པ་ལྟ་བུ་ལ་མཚོན་ན་སྐད་ཅིག་དང་པོ་རྒྱུ་ཞིག་སྟེ་སྐད་ཅིག་གཉིས་པར་འབྲས་བུ་སྐྱེ་བའི་ཚེ། རྒྱུ་ཆོས་སྐད་ཅིག་དང་པོའི་རྗེས་སུ་དེ་ཞིག་པའི་ཞིག་པ་དངོས་པོ་དང༌། རྒྱུའི་རྗེས་སུ་སྐད་ཅིག་གཉིས་པར་འབྲས་བུ་སྐྱེ་བའི་འབྲས་ཆོས་སྐད་ཅིག་གཉིས་པ་དག་རིམ་དང་ཅིག་ཅར་སྐྱེ་ཚུལ་འགལ་ཏེ། རིམ་གྱིས་སྐྱེས་ན་སྐད་ཅིག་དང་པོར་རྒྱུ་ཞིག་སྐད་ཅིག་གཉིས་པར་ཞིག་པ་དངོས་པོ་སྐྱེ། དེའི་རྗེས་སུ་མྱུ་གུ་སྐྱེ་ན་ནི་འབྲས་བུ་མྱུ་གུ་དེ་སྐད་ཅིག་གསུམ་པར་འགྱུར་གྱི་སྐད་ཅིག་གཉིས་པར་ཡང་མི་འགྱུར་ཞིང༌། རྒྱུ་འབྲས་མ་འཕྲད་པའི་སྐྱོན་ཡང་གནས་པ་དང༌། སྐད་ཅིག་གཉིས་པར་མྱུ་གུ་སྐྱེ་བར་འདོད་ན་ཡང་མི་རུང་སྟེ། སྐད་ཅིག་གཉིས་པའི་ཞིག་པ་དངོས་པོ་དེ་མ་ཞིག་ན་རྟག་པར་འགྱུར་ལ། ཞིག་ན་དེ་ཞིག་པའི་ཞིག་པ་སྲིད་མཐར་སྐྱེ་བ་ལས་མྱུ་གུ་སྐྱེ་བའི་སྒོ་སྐབས་བརྙེད་པར་མི་འགྱུར་ཞིང༌། གལ་ཏེ་སྐད་ཅིག་དང་པོར་རྒྱུ་ཞིག་པའི་རྗེས་སུ་དེའི་རང་འབྲས་མྱུ་གུ་དང་དེ་མ་ཡིན་པའི་ཞིག་པ་དངོས་པོ་གཉིས་ཅིག་ཅར་སྐྱེས་ན་ནི། རང་རྒྱུ་ས་བོན་དེ་ཉིད་ཀྱིས་རང་འབྲས་མྱུ་གུ་སྐྱེ་ནུས་པའི་ཕྱིར་ན་ཞིག་པ་དངོས་པོ་དགོས་མེད་དུ་ཐལ་བའོ། །
གཞན་ཡང་དངོས་སྨྲ་བས་དབུ་མ་པར། དབུ་མར་སྨྲ་བ་ཁྱོད་ཀྱི་ལུགས་ལ་ཡང་རྒྱུ་དེ་ཉིད་ཞིག་པ་དང་མ་ཞིག་པ་གང་ལས་ཀྱང་འབྲས་བུ་སྐྱེ་བར་མི་རུང་ངོ༌། །ཞེས་དང༌། དེ་བཞིན་དུ་རྒྱུ་དང་འབྲས་བུ་གཉིས་འཕྲད་དང་མ་འཕྲད་གང་ལྟར་ཡང་འབྲས་བུ་འབྱུང་བར་མི་འཐད་ཅེས་རྩོད་ཚེ། དེའི་ལན་དུ་དེ་འདྲའི་སྐྱོན་མི་འཇུག་པའི་ཆེད་དུ། ལས་འབྲས་ཀྱི་རྟེན་དུ་ཞིག་པ་དངོས་པོ་འཇོག་པར་མཛད་ཀྱང༌། དེ་ལ་ཞིག་པ་དངོས་པོ་ཅི་ཞིག་བགྱི་སྟེ། ལུས་ཀྱིས་རེག་བྱ་མྱོང་བ་ལྟ་བུ་རྒྱུ་འབྲས་འཕྲད་པ་ལྟར་སྣང་ཡང་རྒྱུ་འབྲས་འཕྲད་པའི་སྒོ་ནས་གཅིག་ཏུ་འགྱུར་པའི་སྐྱོན་མི་འཇུག་སྟེ། དེ་གཉིས་ཀྱི་བར་དུ་ཞིག་པས་ཆོད་པའི་ཕྱིར་ཞེས་སྐྱོན་སྤོང་ན་ནི། ལྟོ་བ་ཟས་ཀྱིས་མ་ཚིམས་པར་ཟས་ཞིག་པའི་ཞིག་དངོས་ཀྱི་ཟས་ཀྱིས་ལྟོ་བ་ཚིམས་དགོས་པར་ཐལ་ཞིང༌། དེ་ལྟར་ན་ནི་ཟན་ཆད་པས་བུ་འཆི་བར་ཡང་མི་འགྱུར་རོ། །ཡང་མིག་གིས་གཟུགས་འཛིན་པ་ལྟ་བུ་རྒྱུ་འབྲས་མ་འཕྲད་པ་ལྟར་སྣང་ཡང༌། དེ་གཉིས་མ་འཕྲད་པར་ཐལ་བའི་སྐྱོན་མེད་དེ་ཞིག་པ་དངོས་པོ་མཚམས་སྦྱོར་བའི་ཕྱིར་ཞེས་སྐྱོན་སྤོང་ན་ནི། མིག་དངོས་ཀྱིས་གཟུགས་ཉིད་མ་མཐོང་བར་མིག་གི་དངོས་པོ་ཞིག་ཟིན་པའི་ཞིག་པ་དངོས་པོས་གཟུགས་མཐོང་བར་ཐལ་ཞིང༌། དེ་ལྟར་ན་མིག་ཞིག་པའི་ལོང་བས་ཀྱང་གཟུགས་མཐོང་བར་འགྱུར་རོ། །གཞན་ཡང་ནམ་ཞིག་ལམ་སྒོམ་སྟོབས་ཀྱིས་རྒ་ཤིའི་ཕུང་པོ་རྣམ་པར་སྤང་སྟེ། མྱང་ངན་ལས་འདས་པའི་ཚེ་རྒ་ཤི་ཞིག་པའི་ཞིག་པ་དངོས་པོ་དེ་རྒ་ཤི་ཡིན་དང་མིན་ཞེས་རྣམ་པར་དཔྱོད་ཅིག་དང༌། དེ་འདྲའི་ཞིག་དངོས་དེ་རྒ་ཤི་ཡིན་ན་སངས་འཕགས་དེ་རྒ་ཤི་རྒྱུད་ལྡན་དུ་ཡང་འགྱུར་ཞིང༌། དེ་ལས་མ་རིག་པ་ཡང་འབྱུང་རིགས་པ་ཉིད་དོ། །རྒ་ཤི་སྤང་བའི་ཞིག་པ་དངོས་པོ་དེ་མྱང་འདས་ཡིན་གྱི་རྒ་ཤི་མིན་ཞེས་སྨྲ་ན་ནི། དེ་འདྲའི་ཞིག་པ་དངོས་པོ་དེ་ཡང་སངས་རྒྱས་ལགས་པས། ཕུང་པོ་ཞིག་པའི་མྱང་འདས་ཆེན་པོ་རྟག་དངོས་གཞི་མཐུན་དུ་གྱུར་པ་དེ་ལ་ཕྱག་བྱ་བར་རིགས་སོ། །དེ་ལ་རྟག་དངོས་སུ་འགྱུར་བའི་ཚུལ་ཡང་སྤྱིར་ཞིག་པ་དངོས་པོ་ཡིན་པ་ཁས་བླང་གིས་གྲུབ་ཅིང་མྱང་འདས་སུ་གྱུར་ཚེ་ཞིག་པ་དེ་འདུས་མ་བྱས་ཡིན་པར་ལུང་གིས་གྲུབ་སྟེ། རྩ་བ་ཤེས་རབ་ལས། མྱང་ངན་འདས་པ་འདུས་མ་བྱས། །ཞེས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས་བཞེད་པའི་ཕྱིར།
གཉིས་པ་བཞག་པར་མདོར་བསྟན་དང་ནི་རྒྱས་བཤད་གཉིས། །དང་པོ་ནི།
ལས་འབྲས་རྟེན་དུ་དངོས་པོ་ཞིག །
མེད་དུ་མི་རུང་དངོས་སྨྲ་བ། །
རང་རྒྱུད་ལ་སོགས་དེ་རྗེས་འབྲངས། །
དབུ་མ་ཆེན་པོས་རྟེན་འབྱུང་བཞེད། །
ཅེས་སོགས་ཏེ། དེ་ལ་སྤྱིར་ལས་འབྲས་ཀྱི་རྟེན་ལ་སྔོན་རྒྱ་གར་དུ་ཕྱི་རོལ་པ་ཕལ་གྱིས་ཞིག་པ་དངོས་པོ་འདོད་པ་དང༌། བྱེ་སྨྲས་ཐོབ་པ་དང༌། དེའི་བྱེ་བྲག་འགའ་ཞིག་གིས་ཆུད་མི་ཟ་བའི་རྫས་དང༌། མདོ་སྡེ་པས་སེམས་ཀྱི་རྒྱུན་དང༌། སེམས་ཙམ་པས་ཀུན་གཞི་འདོད་པ་སོགས་ལས་འབྲས་ཀྱི་རྟེན་དུ་དངོས་པོ་ཞིག་མེད་དུ་མི་རུང་བ་དངོས་པོར་སྨྲ་བའི་ལུགས་ཡིན་ཞིང༌། རང་རྒྱུད་གོང་འོག་སོགས་དབུ་མར་སྨྲ་བ་ཕལ་ཆེར་དེ་དག་གི་རྗེས་སུ་འབྲངས་པར་མཛད་ཅིང༌། དབུ་མ་ཆེན་པོ་ཐལ་འགྱུར་པས་ནི་རྟེན་འབྱུང་ཙམ་དུ་བཞེད་དོ། །
གཉིས་པ་རྒྱས་པར་བཤད་པ་ནི།
མྱུ་གུའི་རྒྱུ་ནི་ས་བོན་ཏེ། །
རྣམ་སྨིན་རྒྱུ་ནི་ལས་ཉིད་ལགས། །
གང་ཕྱིར་ལས་དེ་མ་འགགས་པར། །
དེ་སྲིད་དེ་ལས་འབྲས་བུ་འབྱུང༌། །
རྟེན་འབྱུང་བསླུ་མེད་བདེན་པ་ཡིས། །
ལས་འབྲས་བསྐལ་བརྒྱར་ཆུད་མི་ཟ། །
ཚོགས་ཤིང་དུས་ལ་བབས་པ་ན། །
འབྲས་བུ་ཉིད་དུ་སྨིན་པར་ངེས། །
ཞེས་སོགས་ཏེ། དེ་ལ་རྟེན་འབྱུང་སྒྱུ་མ་ལྟ་བུའི་ཚུལ་དུ་རང་འབྲས་མྱུ་གུའི་རྒྱུ་ནི་ས་བོན་ཙམ་དང༌། འབྲས་བུ་རྣམ་པར་སྨིན་པའི་རྒྱུ་ནི་དགེ་སྡིག་གི་ལས་ཉིད་ལགས་ཀྱི་དེ་ལས་གཞན་དུ་ལས་འབྲས་ཀྱི་རྟེན་དངོས་པོར་གྱུར་པ་ཅི་ཡང་མེད་རུང༌། འཇུག་པ་ལས། གང་ཕྱིར་ལས་དེ་རང་བཞིན་མ་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་སྒྲུབ་ནུས། །ཞེས་གསུངས་པ་ལྟར་རྒྱུ་སྲོག་གཅོད་ཀྱི་ལས་ལྟ་བུ་འགགས་པ་ལྟར་སྣང་ཡང༌། རྒྱུ་མཚན་གང་གི་ཕྱིར་ན་ལས་དེ་རང་བཞིན་གྱིས་གྲུབ་པའི་སྒོ་ནས་མ་འགགས་པ་དེའི་ཕྱིར་ན། ནམ་ཞིག་རྣམ་པར་སྨིན་པ་མྱོང་མ་ཟིན་པ་དེ་སྲིད་དེ་ལས་འབྲས་བུ་རྣམ་པར་སྨིན་པ་འབྱུང་རུང་སྟེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་ཀུན་གཞི་སོགས་མེད་ཀྱང་རྟེན་འབྲེལ་བསླུ་མེད་ཀྱི་བདེན་པས་ལས་འབྲས་ཀྱི་བར་དུ་བསྐལ་པ་བརྒྱར་སོང་ཡང་ཆུད་མི་ཟ་བར་ནམ་ཞིག་རྒྱུ་རྐྱེན་ཚོགས་ཤིང་རྣམ་སྨིན་མྱོང་བའི་དུས་ལ་བབས་པ་ན། འབྲས་བུ་བསླུ་མེད་ཉིད་དུ་སྨིན་པར་ངེས་པ་སྟེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །
གསུམ་པ་སྤང་བ་ནི།
ལས་འབྲས་ཤིན་ཏུ་ལྐོག་གྱུར་ཕྱིར། །
བསམ་མི་ཁྱབ་པའི་ཆོས་སུ་གསུངས། །
དེ་ལ་རྟེན་དང་འཕྲད་པ་སོགས། །
ལས་འབྲས་རྣམས་ལ་སེམས་པའང་བཀག།
ཅེས་སོགས་ཏེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་ཀུན་གཞི་དང་ཞིག་པ་སོགས་མེད་ན་འབྲས་བུ་རྣམ་སྨིན་མྱོང་བ་མི་འཐད་དོ་ཞེ་ན། དེ་ལྟར་དཔྱད་དགོས་པ་མིན་ཏེ། ལས་འབྲས་ཀྱི་རྣམ་པར་གཞག་པ་འདི་ནི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ན་བསམ་གྱིས་མི་ཁྱབ་པའི་ཆོས་བཞིའི་ཡ་གྱལ་དུ་གྱུར་པ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་སུ་གསུངས་ཤིང༌། དེས་ན་ཚུར་མཐོང་ཙམ་གྱིས་དཔྱད་དེ་ལས་འབྲས་ཀྱི་རྟེན་ཡོད་མེད་དང་རྒྱུ་དང་འབྲས་བུ་འཕྲད་མ་འཕྲད་སོགས་དཔྱད་ན་ལས་འབྲས་ལ་སྐུར་པ་འདེབས་པའི་རྒྱུར་འགྱུར་བས་དེ་ལྟར་སེམས་པའང་མདོ་ལས་བཀག་པར་མཛད་དོ། །དེ་བས་ན་འཇུག་པ་ལས་ཀྱང༌། ལས་འབྲས་རྣམས་ལ་སེམས་པའང་བཀག་པར་མཛད་ཅེས་གསུངས་སོ། །འོན་ཀྱང་དེ་འཇལ་བྱེད་ཀྱི་ཚད་མ་མེད་པ་ནི་རྣམ་པ་ཀུན་ཏུ་མིན་ཏེ། ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་གྱུར་པ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཀྱིས་ལས་འབྲས་ཀྱི་ཚུལ་ཕྲ་བ་ནས་གཟིགས་ཏེ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དུ་ཟག་བཅས་ཀུན་ཉོན་རྒྱུ་འབྲས་གཉིས་དང༌། ཟག་མེད་རྣམ་བྱང་རྒྱུ་འབྲས་གཉིས་ཀྱི་ཚུལ་དུ་ཕྲ་ཞིབ་ནས་བསྟན་པའི་མདོ་ཡི་རྗེས་སུ་འབྲངས་ཏེ་ཡོད་པར་ཡིད་ཆེས་པའི་ངེས་ཤེས་འདྲོང་དགོས་པར་གསུངས་པ་ལྟར་རོ། །
གསུམ་པ་ཚུལ་དེས་ལྟ་བ་ཁས་ལེན་ཡོད་མེད་བསྟན་པ་ནི།
དེ་ལྟར་ཐ་སྙད་ལས་འབྲས་སོགས། །
ལྟ་བ་ཁས་ལེན་ཡོད་མེད་དོན། །
གཞན་དག་ཕྱོགས་རེའི་བཤད་པ་མཛད། །
རང་བཞེད་བདེན་གཉིས་ཕྱེས་ཏེ་འཆད། །
ཅེས་སོགས་ཏེ། དེ་ལྟར་ཐ་སྙད་དུ་ལས་འབྲས་ཡོད་མེད་སོགས་ཀྱི་ལྟ་བ་ཁས་ལེན་ཡོད་མེད་ཀྱི་དོན་ལ། གཞན་དག་རྣམས་ཀྱིས་དབུ་མ་པ་ལ་མཐའ་གཅིག་ཏུ་ཁས་ལེན་ཡོད་པར་སྨྲ་བ་དང༌། མེད་པར་སྨྲ་བ་སོགས་ཕྱོགས་རེའི་བཤད་པ་མཛད་ཀྱང༌། རང་བཞེད་ཀུན་མཁྱེན་ཆོས་རྗེས། བདེན་གཉིས་རྣམ་པར་ཕྱེས་ཏེ་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་ཁས་ལེན་ཀུན་དང་བྲལ་བ་དང༌། ཐ་སྙད་གཏན་ལ་འབེབས་པའི་སྐབས་སུ་དབུ་མ་ཆེན་པོ་ལ་ཁས་ལེན་ཡོད་ཚུལ་སོགས་རྣམ་པར་ཕྱེས་ཏེ་འཆད་པར་མཛད་དོ། །
བཞི་པ་རྟེན་འབྱུང་ཐ་སྙད་བཞེད་ཚུལ་ལ། །དགག་བཞག་དང་ནི་གཞན་ཡང་རྟོགས་པར་གདམས། །དང་པོ་ནི།
ཐ་སྙད་བཞེད་ཚུལ་སྟོང་ཉིད་ལ། །
བློ་ཁ་མ་ཕྱོགས་གྲུབ་མཐའ་ཡིས། །
བློ་མ་བསྒྱུར་བའི་འཇིག་རྟེན་གྱི། །
རྒན་པོའི་རྗེས་འབྲངས་ལ་ལ་སྨྲ། །
ཞེས་སོགས་ཏེ། དབུ་མ་ཆེན་པོའི་ལུགས་ཀྱི་ཐ་སྙད་བཞེད་ཚུལ་ལ་ཡང་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་གྲུབ་མཐས་བློ་མ་བསྒྱུར་པའི་འཇིག་རྟེན་རྒན་པོའི་རྗེས་སུ་འབྲང་དགོས་སོ། །ཞེས་རྒན་པོའི་རྗེས་འབྲངས་ཀྱི་དབུ་མ་པ་ལ་ལ་སྨྲ་བར་མཛད་ཀྱང༌། དེ་མི་འཐད་པའི་ཚུལ་རྒྱན་འགྲེལ་སོགས་ལས་རྒྱ་ཆེར་གསུངས་པ་ལྟར་རོ། །
གཉིས་པ་བཞག་པ་ནི།
རང་བཞེད་འཇིག་རྟེན་ངོར་ཞེས་པ། །
འཇིག་རྟེན་ཐ་སྙད་བདེན་པའི་ངོར། །
འཇིག་རྟེན་རྣལ་འབྱོར་མཁས་དབང་ནས། །
ཕལ་པ་བླུན་པོའི་བར་དག་ལ། །
གྲགས་ཤིང་གྲུབ་པའི་འཇིག་རྟེན་གྱི། །
མཐོང་ཐོས་ཤེས་པ་དོན་མཐུན་དག །
དོན་དཔྱོད་ཚད་མས་མ་དཔྱད་པར། །
ཐ་སྙད་ཞལ་བཞེས་མཛད་ཚུལ་ལགས། །
ཕྱི་ནང་གྲུབ་མཐས་བརྟགས་པ་ཡི། །
གཙོ་བདག་ལ་སོགས་སྒྲོ་བཏགས་ཆོས། །
འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །
ཐ་སྙད་དོན་མཐུན་གཉིས་ཀ་མིན། །
ཞེས་སོགས་ཏེ། རང་བཞེད་ནི་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་ཆེན་པོའི་ལུགས་ལ་འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད་སོགས་ཀྱིས་འཇིག་རྟེན་ཙམ་གྱི་ངོར་ཐ་སྙད་ཀྱི་རྣམ་གཞག་ཞལ་གྱིས་བཞེས་ཞེས་པའི་དགོངས་དོན་ནི། འཇིག་རྟེན་ཐ་སྙད་བདེན་པའི་ངོར་འཇིག་རྟེན་རྣལ་འབྱོར་མཁས་པའི་དབང་པོ་ལ་གྲགས་པའི་ས་ལམ་གྱི་རྣམ་གཞག་སོགས་ནས་ཕལ་པ་བླུན་པོའི་བར་དག་ལ་གྲགས་ཤིང་གྲུབ་པའི་འཇིག་རྟེན་ཀུན་རྫོབ་ཀྱི་དངོས་པོ་མཐོང་ཐོས་ཤེས་པ་དོན་མཐུན་དག་ནི། དོན་དཔྱོད་ཚད་མས་མ་དཔྱད་པར་ཐ་སྙད་ཀྱི་སྣང་བ་ཞལ་བཞེས་མཛད་ཚུལ་ལགས་སོ། །དེ་ལ་ཕྱི་ནང་གི་གྲུབ་མཐས་བཏགས་པའི་གཙོ་བོ་དང་བདག་ལ་སོགས་པ་སྒྲོ་བཏགས་ཀྱི་ཆོས་རྣམས་ནི། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་ཐ་སྙད་དོན་མཐུན་གཉིས་ཀར་གྱུར་པའི་ཡང་དག་ཀུན་རྫོབ་མིན་ཞིང་འོན་ཀྱང་ལོག་པའི་ཀུན་རྫོབ་ཙམ་དུ་འཇོག་པར་མཛད་དོ། །
གསུམ་པ་གཞན་ཡང་རྟོགས་པར་གདམས་པ་ནི།
དེ་སོགས་གཙོ་བོ་རྣམ་བརྒྱད་དང༌། །
མ་འདྲེས་རིང་ལུགས་མི་ཕམ་རྗེའི། །
དགོངས་དོན་གསལ་བ་འཇུག་པ་ཡི། །
དོན་འགྲེལ་ཟླ་བའི་དགོངས་རྒྱན་གཟིགས། །
ཞེས་སོགས་ཏེ། བཤད་མ་ཐག་པ་དེ་དག་ལ་སོགས་པའི་ཞལ་བཞེས་མི་མཐུན་པའི་ཁྱད་པར་སྤྱི་དང་བྱེ་བྲག་གཞན་ལུགས་ཀྱི་བཞེད་པའི་ཁྱད་པར་དབུ་མ་ཆེན་པོའི་ལུགས་ལ། ཚོགས་དྲུག་ལས་ངོ་བོ་ཐ་དད་ཀྱི་ཀུན་གཞི་དང་རང་རིག་འགོག་ཚུལ་ཐུན་མིན་གཉིས་དང༌། རང་རྒྱུད་ཀྱི་སྦྱོར་བས་ཕྱིར་རྒོལ་གྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ལྟ་བ་བསྐྱེད་པར་མི་འདོད་པ་དང༌། ཤེས་པ་བཞིན་དུ་ཕྱི་དོན་ཡང་མེད་པར་ཁས་ལེན་པ་དང༌། ཉན་རང་ལ་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་ཡོད་པ་དང༌། ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་འཇོག་པ་དང༌། ཞིག་པ་དངོས་པོ་ཡིན་པ་དང༌། དེའི་རྒྱུ་མཚན་གྱིས་དུས་གསུམ་གྱི་འཇོག་ཚུལ་ཐུན་མོང་མིན་པ་སྟེ། དེ་ལྟར་ཁྱད་ཆོས་གཙོ་བོ་རྣམ་པ་བརྒྱད་དུ་བཞེད་པ་དང་མ་འདྲེས་པའི་རང་ལུགས་མི་ཕམ་ཆོས་རྗེ་སོགས་ཀྱིས་དགོངས་དོན་གསལ་བར་བཤད་པ་འཇུག་པའི་རྣམ་བཤད་དོན་འགྲེལ་ཟླ་བའི་དགོངས་རྒྱན་དུ་གཟིགས་པར་འཚལ་ལོ། །
གནས་ཚུལ་དག་པའི་སྣང་བ།
གཉིས་པ་གནས་ཚུལ་དག་པའི་སྣང་བ་ལ། །མདོར་བསྟན་རྒྱས་བཤད་ཟབ་དོན་རྟོགས་པར་གདམས། །དང་པོ་ནི།
གནས་ཚུལ་དག་པའི་སྣང་བ་ནི། །
མདོ་རྒྱུད་ལུང་གི་བསྟན་དོན་ཆེ། །
རིགས་ཁམས་རང་བཞིན་འོད་གསལ་སོགས། །
དག་པའི་སྣང་བ་ཇི་སྙེད་ལགས། །
ཞེས་སོགས་ཏེ། དེ་ལ་གནས་ཚུལ་དག་པའི་སྣང་བ་ཞེས་པ་ནི། མདོ་རྒྱུད་ཀྱི་ལུང་གི་བསྟན་དོན་ཆེན་པོ་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། རང་བཞིན་འོད་གསལ་བའི་དཀྱིལ་འཁོར་ལ་སོགས་པའི་གཞི་ཡི་གནས་ལུགས་དག་པའི་སྣང་བ་ཇི་སྙེད་པ་ལགས་སོ། །
གཉིས་པ་རྒྱས་པར་གཞན་ལུགས་དགག་དང་རང་ལུགས་བཞག །དེའི་གནད་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་ཡང་བསྟན་བཤད་བསྡུ་གསུམ་ལས། །དང་པོ་ནི།
དེ་ལ་ཕྱི་རབས་མཁས་དབང་རྣམས། །
རིགས་ཁམས་སྙིང་པོའི་རང་བཞིན་ནི། །
ཡོད་མེད་རྟག་ཆད་སྤྲོས་མཐའ་ལས། །
ཟབ་ཞི་རྡུལ་བྲལ་མཁྱེན་པ་མེད། །
ཅེས་གསུངས་ཏེ། དེ་ལ་ཕྱི་རབས་མཁས་པའི་དབང་པོ་ཕལ་ཆེ་བ་རྣམས་ཀྱིས། རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོའི་རང་བཞིན་ནི། ཡོད་མེད་རྟག་ཆད་ཀྱི་སྤྲོས་མཐའ་གང་རུང་དུ་གྱུར་པ་ལས་ཟབ་ཞི་རྡུལ་བྲལ་གྱི་གནས་ལུགས་ཟབ་མོ་ཇི་བཞིན་དུ་མཁྱེན་པར་མེད་པར་སྣང་ངོ༌། །
གཉིས་པ་རྒྱས་པར་དངོས་པོ་དང་ནི་དངོས་མེད་མཐའ། །གཉིས་ཀ་དང་ནི་གཉིས་མིན་མཐའ་བཞི་དགག །དང་པོ་ནི།
ཁ་ཅིག་དོན་དམ་བདེན་དངོས་ཤིག །
ཐེག་ཆེན་རིགས་སུ་དམ་བཅར་བྱེད། །
མཐའ་བྲལ་སྟོང་ཉིད་དངོས་བསྟན་གྱི། །
མདོ་རྒྱུད་བསྟན་བཅོས་དྲང་དོན་ལོ། །
རྟག་དངོས་གཞི་མཐུན་གྱུར་པ་ཡི། །
རིགས་འདི་རིགས་པའི་ལམ་དང་འགལ། །
རྟག་བདེན་དངོས་པོའི་རིགས་འདི་འདྲ། །
ཤཱཀྱ་སེངྒེའི་རིང་ལུགས་མིན། །
ཞེས་སོགས་ཏེ། དེ་ལ་སྟོང་ཐུན་སེངྒེའི་ང་རོའི་སྔ་རྒོལ་དུ་བཞག་པ་ལྟར་གྲུབ་མཐའ་འཛིན་པ་ཁ་ཅིག་གིས་དོན་དམ་པར་ཡང་མི་སྟོང་པའི་བདེན་གྲུབ་ཀྱི་དངོས་པོ་ཞིག་ལ་བཀའ་ཐ་མའི་དགོངས་དོན་དུ་གྱུར་པ་ཐེག་པ་ཆེན་པོའི་རིགས་སུ་དམ་བཅའ་བར་བྱེད་ཅིང༌། ངོ་བོ་སྟོང་པ་མཐའ་ཀུན་དང་བྲལ་བའི་སྟོང་ཉིད་དངོས་བསྟན་གྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དྲང་དོན་དུ་འཆད་པར་བྱེད་དོ། །དེ་ལྟར་རྟག་དངོས་གཞི་མཐུན་དུ་གྱུར་པའི་རིགས་འདི་དངོས་སྟོབས་ཀྱི་རིགས་པའི་ལམ་དང་འགལ་ཞིང༌། རྟག་བདེན་དངོས་པོའི་རིགས་འདི་འདྲ་བ་ནི་རྒྱལ་བ་ཤཱཀྱ་སེངྒེའི་ལུང་དང་འགལ་བས་དེའི་རིང་ལུགས་སུ་བསྒྲུབ་ནུས་པ་མིན་པའི་ཚུལ་གྱིས་ལུང་དང་རིགས་པའི་རྣམ་གཞག་རྒྱས་པར་ནི་སྟོང་ཐུན་སེངྒེའི་ང་རོ་ལས་རྟོགས་པར་བྱའོ། །
གཉིས་པ་དངོས་མེད་མཐའ་དགག་པ་ནི།
ཁ་ཅིག་དོན་དམ་དངོས་མེད་ཙམ། །
ཐེག་པ་ཆེན་པོའི་རིགས་སུ་སྨྲ། །
སྣང་ཆ་འོད་གསལ་དངོས་བསྟན་གྱི། །
མདོ་རྒྱུད་བསྟན་བཅོས་དྲང་དོན་ལོ། །
དངོས་མེད་རྟག་པའི་རིགས་ཁམས་ཤིག །
རིགས་པ་མཁྱེན་ལ་མཛེས་སམ་ཅི། །
ཅང་མེད་ཆད་པའི་རིགས་འདི་འདྲ། །
སངས་རྒྱས་པ་ཡི་རིང་ལུགས་མིན། །
ཞེས་སོགས་ཏེ། ཡང་ཁ་ཅིག་ནི། དོན་དམ་བདེན་གྲུབ་ཀྱིས་སྟོང་པའི་དངོས་མེད་ཙམ་ཞིག་ཐེག་པ་ཆེན་པོའི་རིགས་སུ་སྨྲ་བར་མཛད་ཅིང་སྣང་ཆ་རང་བཞིན་གྱིས་འོད་གསལ་བའི་ཚུལ་དུ་དངོས་སུ་བསྟན་པའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དྲང་དོན་དུ་འཆད་པར་མཛད་ཀྱང༌། དངོས་མེད་འདུས་མ་བྱས་རྟག་པའི་རང་བཞིན་ཡོན་ཏན་གྱིས་སྟོང་པའི་རིགས་ཁམས་ཤིག་དངོས་སྟོབས་ཀྱི་རིགས་པ་དང་འགལ་བས་ན་རིགས་པ་མཁྱེན་པ་ལ་མཛེས་སམ་ཅི། དེར་མ་ཟད་ཅང་མེད་ཆད་པའི་རིགས་འདི་འདྲ་བ་ནི། རྒྱལ་བ་རྫོགས་པའིསངས་རྒྱས་ཀྱི་ལུང་དང་ཡང་འགལ་བས་ན་དེའི་རིང་ལུགས་སུ་བསྒྲུབ་ནུས་པ་མིན་ནོ། །དེའི་ཚུལ་ཡང་རྒྱས་པར་སྟོང་ཐུན་ལས་མཁྱེན་པར་འཚལ་ལོ། །
གསུམ་པ་གཉིས་ཀ་མཐའ་དགག་པ་ནི།
ཁ་ཅིག་སྟོང་ཉིད་དངོས་མེད་དང༌། །
སེམས་ཀྱི་གསལ་བ་དངོས་པོ་གཉིས། །
གཞི་མཐུན་འདུས་བྱས་འདུས་མ་བྱས། །
གཉིས་ཀ་ཟུང་འཇུག་རིགས་སུ་སྨྲ། །
རང་བཞིན་གནས་རིགས་འདུས་བྱས་ཤིག །
མདོ་རྒྱུད་བསྟན་བཅོས་གང་དུ་མེད། །
དེ་ལ་གསལ་རིག་འདུས་བྱས་འདི། །
རྒྱས་འགྱུར་རིགས་སུ་འདོད་དམ་ཅི། །
ཞེས་སོགས་ཏེ། ཡང་ཁ་ཅིག་སྟོང་ཉིད་སྤྲོས་པའི་དངོས་པོ་མེད་པ་དང་སེམས་ཀྱི་གསལ་བ་འདུས་བྱས་ཀྱི་དངོས་པོ་གཉིས་གཞི་མཐུན་དུ་གྱུར་པའི་འདུས་བྱས་འདུས་མ་བྱས་གཉིས་ཀ་ཟུང་དུ་འཇུག་པ་ཞིག་ཐེག་པ་ཆེན་པོའི་རིགས་སུ་སྨྲ་བར་མཛད་ཀྱང༌། རང་བཞིན་གནས་རིགས་འདུས་བྱས་སུ་གྱུར་པ་ཞིག་ནི་ཐེག་མཆོག་དབུ་མ་ཆེན་པོའི་ངེས་དོན་དུ་བཞེད་པའི་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་གང་དུ་ཡང་མེད་ཅིང༌། རིགས་པས་དཔྱད་ན་ཡང་དེ་ལ་གསལ་རིག་འདུས་བྱས་ཀྱི་ཆ་འདི་འདྲ་རྒྱས་འགྱུར་གྱི་རིགས་ཙམ་དུ་འདོད་དམ་ཅི། ཚུལ་འདི་ཡང་རྒྱས་པར་སྟོང་ཐུན་ལས་བྱུང་བ་ལྟར་རོ། །
བཞི་པ་གཉིས་མིན་གྱི་མཐའ་དགག་པ་ནི།
ཁ་ཅིག་ཡོད་མེད་གང་རུང་ཞིག །
སྨྲས་ན་རིགས་པར་འགལ་གྱི་དོགས། །
འོ་མ་ལས་ནི་མར་བཞིན་དུ། །
འབྱུང་རུང་རྒྱུ་ཡི་ཚུལ་དུ་སྨྲ། །
འབྱུང་རུང་རྒྱུ་ཡི་ཚུལ་འདི་འདྲ། །
རིགས་པ་སྨྲ་རྣམས་འདུས་བྱས་བཞེད། །
སྔར་མེད་འབྱུང་རུང་རིགས་ཁམས་འདི། །
ཀུན་མཁྱེན་ཡབ་སྲས་བཞེད་པ་མིན། །
ཞེས་སོགས་ཏེ། ཡང་ཁ་ཅིག་ནི་ཡོད་མེད་གང་རུང་ཞིག་ཏུ་སྨྲ་ན་ནི་རིགས་པ་དང་འགལ་གྱི་དོགས་པའི་སྒོ་ནས། དཔེར་ན་འོ་མ་ལས་མར་འབྱུང་རུང་ཡིན་པ་བཞིན་དུ། ཐེག་པ་ཆེན་པོའི་རིགས་ཀྱང་ཡོན་ཏན་སྔར་མེད་འབྱུང་རུང་རྒྱུའི་ཚུལ་ཙམ་དུ་སྨྲ་བར་མཛད་དོ། །དེ་ལ་རིགས་པས་བརྟགས་ན་ཡོན་ཏན་སྔར་མེད་འབྱུང་རུང་རྒྱུ་ཡི་ཚུལ་འདི་འདྲ་བ་ལ་རིགས་པ་སྨྲ་བ་རྣམས་ཀྱིས་འདུས་བྱས་སུ་བཞེད་པའི་ཕྱིར་ན་རིགས་འདུས་བྱས་སུ་ཐལ་བའི་སྐྱོན་དུ་གནས་ཤིང་ལུང་དང་ཡང་འགལ་ཏེ། ཡོན་ཏན་སྔར་མེད་འབྱུང་རུང་ཙམ་གྱི་རིགས་ཁམས་འདི་འདྲ་སྤྱིར་ཀུན་མཁྱེན་རྫོགས་པའི་སངས་རྒྱས་དང་བྱེ་བྲག་ཀློང་ཆེན་ཡབ་སྲས་དང་ཆོས་རྗེ་སྨིན་གླིང་ཡབ་སྲས་སོགས་ཀྱིས་བཞེད་པ་མིན་པའི་ཕྱིར་རོ། །
གསུམ་པ་བསྡུ་བ་ནི།
དེ་དག་ཉིད་ལ་དོན་དཔྱོད་ཀྱི། །
ཚད་མ་རྣམ་གྲངས་དཔྱོད་བྱེད་དང༌། །
ཐ་སྙད་ཚུར་མཐོང་ཁོ་ན་ལས། །
རྣམ་དག་ཚད་མ་མེད་པས་ལན། །
ཞེས་གསུངས་ཏེ། དེ་ལྟར་སྨྲ་བ་དེ་དག་ཉིད་ལ་དོན་དམ་ཚད་མ་ལ་རྣམ་གྲངས་དཔྱོད་བྱེད་ཙམ་དང༌། ཐ་སྙད་ཚད་མ་ལ་ཚུར་མཐོང་ཚད་མ་ཙམ་ཁོ་ན་ལས། རྣམ་དག་ཐ་སྙད་ཀྱི་ཚད་མ་འཆད་དུ་མེད་པས་ལན་པ་ཡིན་ནོ། །
གཉིས་པ་རང་བཞེད་བསྟན་བཤད་བསྡུ་གསུམ་ལས། །དང་པོ་ནི།
འོད་གསལ་སེམས་ཀྱི་གནས་ལུགས་འདི། །
གྲུབ་མཐའ་ཕལ་གྱིས་མཁྱེན་མ་ལགས། །
མདོ་རྒྱུད་ལུང་གི་བསྟན་དོན་ཆེ། །
སྔ་རབས་མཁས་པའི་ལུགས་ན་ཡོད། །
རྣམ་འདྲེན་མི་ཡི་སེངྒེ་དེས། །
ཟབ་ཞི་སྤྲོས་བྲལ་འོད་གསལ་བ། །
འདུས་མ་བྱས་པའི་བདག་ཉིད་ཅེས། །
ཆེད་དུ་བརྗོད་པའི་ཟབ་དོན་ཆེ། །
འཁོར་ལོ་བར་མཐའི་ངེས་དོན་མདོར། །
སེམས་ལ་སེམས་མ་མཆིས་པ་སྟེ། །
སེམས་ཀྱི་རང་བཞིན་འོད་གསལ་ཞེས། །
ཆེས་ཆེར་བསྟན་པའི་བསྟན་དོན་མཆོག །
མཐའ་བྲལ་སེམས་ཀྱི་ཆོས་ཉིད་ནི། །
དབྱིངས་དང་ཡེ་ཤེས་དབྱེར་མེད་ཆེ། །
ཟབ་ཞི་སྤྲས་བྲལ་འོད་གསལ་བ། །
རང་བྱུང་འདུས་མ་བྱས་ལྷུན་གྲུབ། །
རང་བཞིན་དངོས་དང་དངོས་མེད་སོགས། །
ཚུར་མཐོང་བློ་ཡིས་བསམ་བརྗོད་བྲལ། །
དེ་ཕྱིར་གཙང་བདེ་རྟག་བདག་གི །
མཐའ་ལས་འདས་ཕྱིར་ཕ་རོལ་ཕྱིན། །
ཞེས་སོགས་ཏེ། དེ་ལ་འོད་གསལ་སེམས་ཀྱི་གནས་ལུགས་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ནི་སྒྲོ་སྐུར་དང་བྲལ་བར་གྲུབ་མཐའ་ཕལ་གྱིས་མཁྱེན་པ་མ་ལགས་ཏེ། མདོ་རྒྱུད་ལུང་གི་བསྟན་དོན་ཆེན་པོར་གྱུར་པའི་རིགས་ཁམས་ཇི་བཞིན་སྔ་རབས་མཁས་པའི་ལུགས་ན་གསལ་བར་ཡོད་དོ། །དེ་ཡང་རྒྱལ་བ་རྣམ་འདྲེན་མི་ཡི་སེངྒེ་དེ་ཉིད་ཀྱིས། མདོ་རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཅེས་སོགས་ཀྱི་ཆེད་དུ་བརྗོད་པའི་ཟབ་དོན་ཆེན་པོར་གྱུར་པ་ནི། བཀའ་འཁོར་ལོ་བར་པ་དང་ཐ་མའི་ངེས་དོན་གྱི་མདོ་སྡེ་རྣམས་སུ། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་སོགས་ཆེས་ཆེར་བསྟན་པའི་བསྟན་དོན་མཆོག་ཏུ་གྱུར་པ་མཐའ་བྲལ་སེམས་ཀྱི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ནི། བཀའ་བར་པ་ནས་བསྟན་པའི་དབྱིངས་སྟོང་པ་ཉིད་དང་ཐ་མ་ནས་བསྟན་པའི་རང་བཞིན་འོད་གསལ་བའི་ཡེ་ཤེས་དབྱེར་མེད་ཟུང་འཇུག་ཆེན་པོ་ཟབ་ཞི་སྤྲོས་བྲལ་འོད་གསལ་བ་རང་བྱུང་འདུས་མ་བྱས་ལྷུན་གྲུབ་ཅེས་སོགས། ཐེག་པ་ཆེན་པོ་རྒྱུད་བླ་མའི་དངོས་བསྟན་ལྟར་རང་བྱུང་འདུས་མ་བྱས་ཤིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཁྱད་པར་དུ་བྱས་པ་དེའི་རང་བཞིན་ནི་དངོས་པོ་དང་དངོས་མེད་སོགས། ཚུར་མཐོང་བློ་ཡིས་བསམ་བརྗོད་དང་བྲལ་བའི་ཕྱིར་ན་ཚུར་མཐོང་ཚད་མས་བཞག་པའི་གཙང་བདེ་རྟག་བདག་གི་མཐའ་ཀུན་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །
མཐའ་བྲལ་སྙིང་པོའི་ངོ་བོ།
གཉིས་པ་རྒྱས་པ་བཤད་པར་མཐའ་བྲལ་སྙིང་པོའི་ངོ་བོ་དང༌། །དེ་ཡི་རང་བཞིན་ཕྱེས་ཏེ་བསྟན་པ་གཉིས། །དང་པོ་ནི།
གནས་ལུགས་ཡེ་དག་སྙིང་པོའི་ཆོས། །
ངོ་བོ་སྟོང་ལ་རང་བཞིན་གསལ། །
ཐུགས་རྗེ་ཀུན་ཁྱབ་རང་བཞིན་ཏེ། །
ཁྱད་ཆོས་གསུམ་གྱི་བདག་ཉིད་ཅན། །
ཞེས་སོགས་ཏེ། དེ་ལྟ་བུའི་རིགས་ཀྱི་ངོ་བོ་ནི་གནས་ལུགས་ཡེ་དག་སྙིང་པོའི་ཆོས་སུ་གྱུར་པ་གང་ཞིག་ངོ་བོ་སྟོང་ལ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་ཀྱི་རང་བཞིན་ཏེ། ཁྱད་ཆོས་གསུམ་ལྡན་གྱི་བདག་ཉིད་ཅན་དུ་བཞེད་པ་སྟེ། མདོར་བསྡུ་ན། གནས་ལུགས་ཡེ་དག་གི་སྙིང་པོའི་ཆོས་སུ་གྱུར་པ་གང་ཞིག ཁྱད་ཆོས་གསུམ་དང་ལྡན་པ་དེ་རིགས་ཀྱི་མཚན་ཉིད་དུ་འདོད་དོ། །དེ་ལ་དབྱེ་ན་རྟེན་གྱི་སྒོ་ནས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །ཞེས་པའི་དགོངས་པ་ལྟར་གསུམ་དུ་དབྱེ་ཚུལ་སོགས་ཀྱང་ཤེས་པར་བྱའོ། །
ངོ་བོ་སྟོང་པ་འཁོར་ལོ་བར་པ།
གཉིས་པ་དེ་ཡི་རང་བཞིན་རྒྱས་བཤད་ལ། །ངོ་བོ་སྟོང་པ་འཁོར་ལོ་བར་པ་དང༌། །རང་བཞིན་གསལ་བ་ཐ་མའི་དགོངས་དོན་དང༌། །ཐུགས་རྗེ་ཀུན་ཁྱབ་བར་ཐ་འགལ་མེད་བསྟན། །དང་པོ་ནི།
འཁོར་ལོ་བར་པའི་ངེས་དོན་མཆོག །
རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས། །
སེམས་ལ་སེམས་མ་མཆིས་པ་སྟེ། །
སེམས་ཉིད་ངོ་བོ་སྟོང་པར་གནས། །
སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས། །
སྟོང་ཉིད་དོན་དམ་མཐའ་བྲལ་མཆོག །
དོན་དཔྱོད་ཚད་མའི་རྙེད་དོན་ཕྱིར། །
རྟག་དངོས་བདེན་པའི་མཐའ་ལས་གྲོལ། །
ཞེས་སོགས་ཏེ། ངོ་བོ་སྟོང་པའི་ཁྱད་པར་བཀའ་འཁོར་ལོ་བར་པ་ངེས་དོན་ཟབ་མོའི་མདོ་སྡེ་མཆོག་གི་དགོངས་པ་ལྟར་བདེ་གཤེགས་སྙིང་པོའི་ངོ་བོ་སྟོང་པའི་ཆ་ནས། སྟོང་ཉིད་རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སེམས་ལ་སེམས་མ་མཆིས་པ་སྟེ་ཞེས་པའི་དགོངས་དོན་ལྟར། སེམས་ཉིད་ཀྱི་ངོ་བོ་སྟོང་པར་གནས་ཤིང༌། ཚུལ་འདི་ནི་བཀའ་འཁོར་ལོ་བར་པའི་ལུགས་ཀྱི་སྣང་སྟོང་ཆོས་ཀྱི་བདེན་གཉིས་སུ་དབྱེ་བའི་ཚུལ་ལས། སྟོང་ཉིད་དོན་དམ་བདེན་པ་མཐའ་བྲལ་མཆོག་གི་བདག་ཉིད་དུ་གྱུར་ཅིང༌། གནས་ལུགས་དོན་དཔྱོད་ཚད་མས་དཔྱད་བཟོད་རྡུལ་ཙམ་མེད་པར་རྣམ་གཅོད་དགག་པའི་ལག་རྗེས་ལ་ཤར་བའི་རྙེད་དོན་མཐར་ཐུག་པའི་ཕྱིར་ན། རྟག་དངོས་བདེན་པའི་མཐའ་ལས་གྲོལ་བའོ། །
རང་བཞིན་གསལ་བ་ཐ་མའི་དགོངས་དོན།
གཉིས་པ་རང་བཞིན་གསལ་བ་ཐ་མའི་དགོངས་དོན་ནི།
འཁོར་ལོ་ཐ་མའི་ངེས་དོན་མཆོག །
མཁྱེན་བརྩེ་ནུས་ལྡན་བདེ་གཤེགས་རིགས། །
སེམས་ཀྱི་རང་བཞིན་འོད་གསལ་བའི། །
རང་བཞིན་འོད་གསལ་ཆེན་པོར་གནས། །
གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །
གནས་སྣང་མཐུན་པའི་དོན་དམ་མཆོག །
རྣམ་དག་ཚད་མའི་རྙེད་དོན་ཕྱིར། །
ཅང་མེད་ཆད་པའི་མཐའ་ལས་གྲོལ། །
ཞེས་སོགས་ཏེ། རང་བཞིན་འོད་གསལ་བའི་ཁྱད་པར་བཀའ་འཁོར་ལོ་ཐ་མའི་ངེས་དོན་མཆོག་གི་མདོ་སྡེའི་དགོངས་པ་ལྟར་རང་བཞིན་གསལ་བའི་ཆ་ནས། རིགས་ཁམས་མཁྱེན་བརྩེ་ནུས་ལྡན་བདེ་བར་གཤེགས་པའི་རིགས་ཀྱི་བདག་ཉིད་ནི། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པའི་དགོངས་དོན་ལྟར་རང་བཞིན་འོད་གསལ་ཆེན་པོར་གནས་ཤིང༌། ཚུལ་འདི་ནི་བཀའ་འཁོར་ལོ་ཐ་མའི་ལུགས་ཀྱི་གནས་སྣང་ཆོས་ཀྱི་བདེན་པ་གཉིས་སུ་དབྱེ་བའི་ཚུལ་ལས། གནས་སྣང་མཐུན་པའི་དོན་དམ་མཆོག་གི་ངོ་བོར་གྱུར་ཅིང༌། རྣམ་དག་ཐ་སྙད་ཚད་མའི་རྙེད་དོན་མཐར་ཐུག་ཏུ་གྲུབ་པའི་ཕྱིར་ཅང་མེད་ཆད་པའི་མཐའ་ལས་ཀྱང་ངང་གིས་གྲོལ་བའོ། །
ཐུགས་རྗེ་ཀུན་ཁྱབ་བར་ཐ་འགལ་མེད་བསྟན་པ།
གསུམ་པ་ཐུགས་རྗེ་ཀུན་ཁྱབ་བར་ཐ་འགལ་མེད་བསྟན་པ་ནི།
འཁོར་ལོ་བར་ཐ་འགལ་མེད་མཆོག །
སྣང་སྟོང་ཟུང་འཇུག་སྙིང་པོའི་ཁམས། །
སེམས་ཉིད་དག་དང་མ་དག་ལས། །
ཐུགས་རྗེ་རྟེན་འབྱུང་ཆེན་པོར་གནས། །
སྣང་སྟོང་དང་ནི་གནས་སྣང་གི །
བདེན་གཉིས་འགལ་མེད་དོན་གྱི་མཆོག །
ཚུར་མཐོང་ཚད་མའི་ཡུལ་མིན་ཕྱིར། །
གློ་བུར་སྤྲོས་ཆོས་ཀུན་ལས་གྲོལ། །
ཞེས་སོགས་ཏེ། བཀའ་འཁོར་ལོ་བར་ཐ་འགལ་མེད་མཆོག་གི་དགོངས་པ་སྣང་སྟོང་ཟུང་འཇུག་བདེ་བར་གཤེགས་པའི་སྙིང་པོའི་ཁམས་ཀྱི་རང་རྩལ་སེམས་ཉིད་དག་པ་དང་མ་དག་པའི་དབང་ལས་ཐུགས་རྗེ་ཅིར་ཡང་འཆར་བ་རྟེན་འབྱུང་ཆེན་པོར་གནས་ཤིང༌། ཚུལ་འདི་ནི་སྣང་སྟོང་དང་གནས་སྣང་གི་ཁྱད་པར་དུ་བྱས་པའི་བདེན་གཉིས་འགལ་མེད་དོན་དམ་མཆོག་གི་བདག་ཉིད་དུ་གྱུར་པ་སྟེ། ཚུར་མཐོང་ཚད་མའི་སྤྱོད་ཡུལ་མིན་པའི་ཕྱིར་ན་ཡོད་མེད་རྟག་ཆད་སོགས་གློ་བུར་གྱི་སྤྲོས་ཆོས་ཀུན་ལས་ངང་གིས་གྲོལ་བའོ། །
གསུམ་པ་དོན་བསྡུ་བ་ནི།
དོན་དཔྱོད་ཚད་མས་དཔྱད་བཟོད་བྲལ། །
གཞན་སྟོང་ཕལ་དང་འདི་མི་འདྲ། །
རྣམ་དག་ཚད་མའི་རྙེད་དོན་ཕྱིར། །
བདེན་སྟོང་ཕལ་གྱིས་དོ་ཟླ་མིན། །
ཞེས་སོགས་ཏེ། དེ་ལྟ་བུའི་རིགས་ཁམས་ནི་རང་བཞིན་འོད་གསལ་བའི་ཆ་ནས་བྲལ་འབྲས་ཆོས་སྐུའི་ཡོན་ཏན་ཐམས་ཅད་རྣམ་དབྱེར་མེད་པའི་བདག་ཉིད་དུ་བཞུགས་ཀྱང༌། སྣང་ན་སྟོང་མི་ཤེས་པ་ལྟ་བུ་མིན་པར་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་དཔྱད་བཟོད་དང་བྲལ་བའི་ངོ་བོ་སྟོང་པར་གནས་པའི་ཕྱིར་ན། སྟོང་ཐུན་སེངྒེའི་ང་རོའི་སྔ་རྒོལ་དུ་གྱུར་པའི་གཞན་སྟོང་ཕལ་པ་འགའ་ཞིག་དང་ཡང་མི་འདྲ་ཞིང་ངོ་བོ་སྟོང་ཆ་ནས་བདེན་སྟོང་སྤྲོས་བྲལ་ཆེན་པོར་གནས་ཀྱང༌། སྟོང་ན་སྣང་མི་ཤེས་པ་ལྟ་བུའང་མིན་པར་ཐ་སྙད་རྣམ་དག་ཚད་མས་རྙེད་དོན་རང་བཞིན་འོད་གསལ་ཆེན་པོར་གནས་པའི་ཕྱིར་ན། སྟོང་ཐུན་གྱི་སྔ་རྒོལ་དུ་གྱུར་པའི་བདེན་སྟོང་ཕལ་གྱིས་དོ་ཟླར་གྱུར་པ་ཡང་མིན་ནོ། །
གསུམ་པ་དེ་ཡི་གནས་དོན་བསྡུ་བ་ལ། །ཐ་སྙད་གསུམ་གྱི་དབུ་མའི་ཁྱད་པར་དང༌། །དེ་དག་བཀའི་དགོངས་པ་འཆད་ཚུལ་བཤད་པ། ཚུལ་དེས་ཟབ་དོན་དཔག་ཡས་རྟོགས་པར་གདམས། །དང་པོ་ནི།
དེ་ལ་བདེན་སྟོང་གཞན་སྟོང་དང༌། །
རང་སྟོང་དབུ་མའི་ཐ་སྙད་གསུམ། །
དོན་དཔྱོད་ཚད་མའི་རིགས་ཤེས་ཀྱི། །
དགག་བྱའི་ཁྱད་པར་གསུམ་གྱིས་བྱས། །
ཞེས་སོགས་ཏེ། དེ་ལ་སྤྱིར་སྒྲ་བཤད་པའི་དབང་གིས་བཞག་པའི་བདེན་སྟོང་སོགས་ཀྱི་ཁྱད་པར་ཡོད་ཀྱང༌། སྐབས་འདིར་སྒྲ་འཇུག་པའི་དབང་དུ་བྱས་པའི་བོད་ཡོངས་གྲགས་ཀྱི་བདེན་སྟོང་པ་དང༌། གཞན་སྟོང་པ་དང༌། རང་སྟོང་དབུ་མའི་ཁྱད་པར་གསུམ་ནི། དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་རིགས་ཤེས་ཀྱི་དགག་བྱ་ངོས་འཛིན་མཛད་ཚུལ་གྱི་ཁྱད་པར་གསུམ་གྱིས་བྱས་པར་མངོན་ནོ། །
གཉིས་པ་དེ་དག་བཀའི་དགོངས་པ་འཆད་ཚུལ་བཤད་པ་ནི།
དེ་ལ་བདེན་སྟོང་གཞན་སྟོང་དག །
འཁོར་ལོ་བར་ཐ་འགལ་བར་འཆད། །
མཐའ་བྲལ་དབུ་མ་སྔ་འགྱུར་ཆེས། །
འཁོར་ལོ་བར་ཐ་ངེས་དོན་དག །
སྣང་སྟོང་ཆོས་ཀྱི་བདེན་གཉིས་དང༌། །
གནས་སྣང་མཐུན་དང་མི་མཐུན་པའི། །
བདེན་གཉིས་དབྱེ་ཚུལ་ལེགས་ཕྱེས་ཏེ། །
འགལ་མེད་གནད་དོན་གཅིག་ཏུ་བཞེད། །
ཚུལ་འདི་རྒྱལ་དང་རྒྱལ་སྲས་ཀྱི། །
དགོངས་དོན་རྒྱལ་དབང་ཀློང་ཆེན་དང༌། །
ཀུན་མཁྱེན་དྷརྨ་ཤྲཱི་ཡིས། །
བཞེད་པའི་ཁྱད་པར་བླ་ན་མེད། །
འདི་དོན་ཇི་བཞིན་ལེགས་རྟོགས་ན། །
འཁོར་ལོ་བར་ཐའི་ངེས་དོན་དང༌། །
ཟླ་བའི་གཞུང་དང་རྒྱུད་བླ་སོགས། །
འགལ་མེད་གནད་དོན་གཅིག་ཏུ་འཆར། །
ཞེས་སོགས་ཏེ། དེ་ལ་བདེན་སྟོང་དབུ་མ་པ་དང༌། གཞན་སྟོང་དབུ་མ་པ་དག་ནི། བཀའ་འཁོར་ལོ་བར་ཐ་གཉིས་དགོངས་དོན་འགལ་བར་འཆད་མོད། མཐའ་བྲལ་དབུ་མ་སྔ་འགྱུར་པ་རྣམས་ནི་བཀའ་བར་ཐའི་ངེས་དོན་གྱི་དགོངས་པ་སྣང་སྟོང་ཆོས་ཀྱི་བདེན་པ་གཉིས་སུ་དབྱེ་བའི་ཡ་གྱལ་གྱི་དོན་དམ་ངོ་བོ་སྟོང་པའི་རང་བཞིན་དུ་བཞེད་ཅིང༌། གནས་སྣང་མཐུན་པ་དང་མི་མཐུན་པའི་བདེན་པ་གཉིས་སུ་དབྱེ་བའི་ཡ་གྱལ་གྱི་དོན་དམ་རང་བཞིན་འོད་གསལ་བའི་བདག་ཉིད་དུ་དབྱེ་ཚུལ་ལེགས་པར་ཕྱེས་ཏེ། མཐར་ཐུག་སྣང་སྟོང་འགལ་མེད་ཟུང་འཇུག་ཆེན་པོར་གནད་དོན་གཅིག་ཏུ་བཞེད་དོ། །ཚུལ་འདི་ནི་རྒྱལ་བ་ཤཱཀྱ་སེངྒེས་ཀྱང་ངོ་བོ་སྟོང་པའི་ཁྱད་པར་བཀའ་བར་པས་རྒྱ་ཆེར་བསྟན་ཅིང༌། རང་བཞིན་འོད་གསལ་བའི་ཁྱད་པར་བཀའ་ཐ་མས་རྒྱ་ཆེར་གསལ་བར་མཛད་པ་དང༌། རྒྱལ་སྲས་སེམས་དཔའ་ཆེན་པོ་འཇམ་དཔལ་དབྱངས་དང༌། བྱམས་པ་མགོན་པོས་ཀྱང་ཟབ་པ་སྟོང་པ་ཉིད་དང༌། རྒྱ་ཆེ་བ་འོད་གསལ་བའི་རང་བཞིན་རྩལ་དུ་སྟོན་པར་མཛད་ཅིང༌། རྒྱལ་བའི་དབང་པོ་ཀློང་ཆེན་པས་ཀྱང༌། བཀའ་བར་པའི་དགོངས་དོན་ལྟར་ངོ་བོ་སྟོང་པར་བཞེད་ཅིང༌། བཀའ་ཐ་མའི་དགོངས་དོན་ལྟར་རང་བཞིན་འོད་གསལ་བའི་བདག་ཉིད་དུ་བཞེད་པ་དང༌། ཁྱད་པར་ཀུན་མཁྱེན་དྷརྨ་ཤྲཱིས་ཀྱང་སྡོམ་ཊཱིཀ་ཆེན་པོར། བཀའ་བར་པའི་དགོངས་འགྲེལ་དབུ་མ་རིགས་ཚོགས་ཀྱི་སྒྲ་ཇི་བཞིན་དུ་ངོ་བོ་སྟོང་པར་བཞེད་ཅིང༌། དེ་ལ་རང་སྟོང་དབུ་མའི་ཐ་སྙད་མཛད་པ་དང༌། བཀའ་ཐ་མའི་དགོངས་འགྲེལ་རྒྱུད་བླ་མ་སོགས་ཀྱི་སྒྲ་ཇི་བཞིན་དུ་རང་བཞིན་འོད་གསལ་བའི་ཁྱད་པར་གསལ་བར་བཞེད་ཅིང༌། དེ་ལ་སྒྲ་བཤད་དུ་ཡོད་པ་ཙམ་ལ་དགོངས་ཏེ་གཞན་སྟོང་དབུ་མའི་ཐ་སྙད་ཀྱང་མཛད་མོད་ཀྱི། འོན་ཀྱང་སྒྲ་འཇུག་པའི་དབང་གིས་བཞག་པའི་དེང་སང་ཡོངས་སུ་གྲགས་པའི་གཞན་སྟོང་རྣམ་པ་ཀུན་ཏུ་མིན་ཏེ། སྒྲ་བཤད་དུ་ཡོད་པ་ཙམ་ལ་དགོངས་ཏེ། སེམས་ཙམ་པ་ལ་ཡང་ཆོས་ཅན་གཞན་སྟོང་གི་ཐ་སྙད་སྦྱར་བར་མཛད་པ་དང༌། རྒྱུད་བླ་མའི་དངོས་བསྟན། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པའི་དགོངས་དོན་སྒྲ་ཇི་བཞིན་དུ། ཐ་སྙད་དག་གཟིགས་ཚད་མའི་ངོར་དབྱིངས་དོན་དམ་བདེ་གཤེགས་སྙིང་པོ་ཁམས་རང་གི་ངོ་བོ་མི་སྟོང་པར། སྤང་བྱ་གློ་བུར་གྱི་དྲི་མ་གཞན་གྱིས་སྟོང་པ་ཙམ་ལ་དགོངས་ཏེ་ཆོས་ཉིད་གཞན་སྟོང་གི་ཐ་སྙད་ཙམ་སྦྱར་རུང༌། གཞན་སྟོང་ཕལ་དང་གཏན་མི་འདྲ་སྟེ། འདི་བས་བཀའ་བར་ཐའི་ངེས་དོན་གྱི་མདོ་དང་དེའི་དགོངས་འགྲེལ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དང༌། བྱམས་མགོན་གྱི་རྒྱུད་བླ་མ་སོགས་དགོངས་པ་དབྱེ་བྲི་མེད་པར་བཞེད་པ་གཞུང་ལས་དངོས་སུ་གསལ་ཞིང༌། བཀའ་བར་པ་དྲང་དོན་དང་དེའི་དགོངས་འགྲེལ་གྱི་ཤིང་རྟ་ཀླུ་སྒྲུབ་ཡབ་སྲས་སུ་ཡང་ཆད་ལྟར་སྨྲ་བའི་གྲལ་དུ་འཇོག་པའི་ཚིག་ཟུར་ཙམ་ཡང་མ་བྱུང་བའི་ཕྱིར་དང༌། ཚུལ་དེས་ན་དོན་དམ་བདེ་གཤེགས་སྙིང་པོ་སྣང་སྟོང་དབྱེར་མེད་དུ་བཞེད་ཅིང༌། དབྱེར་མེད་ཅེས་པ་ཡང་སྤྱིར་དབྱེར་མེད་ལ་སྲད་བུ་དཀར་ནག་དྲིལ་བ་ལྟ་བུའི་དབྱེར་མེད་ཉི་ཚེ་བ་དང༌། ཐག་ཁྲ་སྦྲུལ་གྱིས་སྟོང་པ་ལྟར་སེམས་ཙམ་པའི་ལུགས་ཀྱི་གཞན་དབང་གི་སྟེང་དུ་ཀུན་བཏགས་ཀྱིས་སྟོང་པའི་དབྱེར་མེད་བཏགས་པ་བ་དང༌། མེ་དང་ཚ་བ་ལྟར་ངོ་བོ་དབྱེར་མེད་པ་ལྟ་བུའི་དབྱེར་མེད་མཚན་ཉིད་པ་དང་གསུམ་ལས། དག་མཉམ་དབྱེར་མེད་ཅེས་པ་དབྱེར་མེད་ཉི་ཚེ་བ་དང་བཏགས་པ་བ་ཙམ་མིན་པར་དབྱེར་མེད་མཚན་ཉིད་པར་འདོད་དགོས་ཚུལ། ཞལ་ལུང་སོགས་ལས་གསུངས་པ་དང་གནད་གཅིག་པས། ཚུལ་འདི་དང་ཀུན་མཁྱེན་ཆོས་རྗེ་གཉིས་ཐ་སྙད་སྦྱར་ཚུལ་ཙམ་ལས་དོན་གྱི་གནད་གཅིག་པར་ཁོ་བོས་མཐོང་བས་ན་ཀུན་མཁྱེན་བརྒྱུད་པར་བཅས་པས་བཞེད་པའི་ཁྱད་པར་བླ་ན་མེད་ཅེས་སྨྲས་པའོ། །ཚུལ་འདི་བཞིན་དུ་དགེ་རྩེ་པཎ་ཆེན་གྱི་གྲུབ་བསྡུས་ཆེན་པོར་ཡང་བཀའ་བར་ཐ་གཉིས་སྦྲང་རྩི་དང་བུ་རམ་རོ་གཅིག་པ་བཞིན་དུ་དགོངས་པ་རོ་གཅིག་པར་རྟོགས་དགོས་པར་གསུངས་པའི་ཚུལ་ཡང་རྟོགས་པར་བྱའོ། །
གཞན་དུ་མིང་གི་ཐ་སྙད་སྦྱར་ཚུལ་ཙམ་ལ་དཔག་སྟེ་གཞུང་དོན་གྱི་དགོངས་པ་ཟབ་མོ་ཕྱོགས་གར་ཡོད་ཙམ་ཡང་མ་མཐོང་བར་དགག་སྒྲུབ་ཀྱི་ངལ་བ་སྣ་ཚོགས་བྱེད་པ་ནི་དལ་འབྱོར་ཆུད་གསོན་པའི་རྒྱུར་ཟད་དོ། །མདོར་ན་བཀའ་འཁོར་ལོ་བར་ཐ་གཉིས་དགོངས་པ་འགལ་མེད་དུ་གཏན་ལ་ཕབ་སྟེ། ཚིག་ཙམ་མིན་པར་སྣང་སྟོང་དབྱེར་མེད་ཆེན་པོར་རྟོགས་ན། ཐ་སྙད་ཅི་སྦྱར་ཡང་ཀུན་མཁྱེན་བརྒྱུད་པར་བཅས་པའི་དགོངས་པ་དང་གནད་གཅིག་པར་འགྱུར་གྱི། དེ་ལས་ལྡོག་ན་དཀའ་བར་སྣང་ངོ༌། །ཚུལ་འདི་ལྟ་བུའི་དོན་གྱི་གནད་རྣམས་ཇི་བཞིན་ལེགས་པ་རྟོགས་ན་འཁོར་ལོ་བར་ཐའི་ངེས་དོན་གྱི་མདོ་དང༌། ཟླ་བའི་གཞུང་དང་རྒྱུད་བླ་མ་སོགས་ཀྱང་ཚིག་ཙམ་མིན་པར་དོན་གྱི་གནད་ཐམས་ཅད་འགལ་མེད་གནད་དོན་གཅིག་ཏུ་འཆར་བར་འགྱུར་རོ། །
གསུམ་པ་ཚུལ་དེས་ཟབ་དོན་དཔག་ཡས་རྟོགས་པར་གདམས་པ་ནི།
ཚུལ་འདིས་གསང་སྔགས་རྒྱུད་སྡེ་ཡི། །
རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དང༌། །
གནས་ལུགས་གཉུག་མའི་སེམས་ལ་སོགས། །
ཟབ་དོན་དཔག་ཡས་མཁྱེན་པར་མཛོད། །
འདི་ཡི་རྣམ་གཞག་རབ་གསལ་བ། །
སྟོང་ཐུན་སེངྒེའི་ང་རོར་གསལ། །
དེ་ཡི་དཀའ་གནད་མཁྱེན་འདོད་ན། །
ཁོ་བོས་བྱས་པའི་ཟིན་ཐུན་གཟིགས། །
ཚུལ་འདི་དོན་དཔྱོད་ཚད་མས་དཔྱད་བཟོད་དང༌། །
ཐ་སྙད་ཚུར་མཐོང་ཚད་མའི་རྙེད་དོན་མིན། །
དོན་དཔྱོད་རྣམ་གྲངས་མིན་པའི་གྲུབ་དོན་དང༌། །
ཐ་སྙད་རྣམ་དག་ཚད་མའི་རྙེད་དོན་ལགས། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ཞེས་སོགས་ཏེ། ཇི་སྐད་བསྟན་པའི་ཚུལ་འདིས་མཚོན་ཏེ་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོའི་བསྟན་དོན་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང༌། གནས་ལུགས་གཉུག་མའི་སེམས་ལ་སོགས་པ་ཟབ་དོན་ཤིན་ཏུ་དཔག་ཡས་རྣམས་ཀྱང་མཁྱེན་པར་མཛོད་ཅིག་གུ དེ་ལྟར་ངེས་དོན་བདེ་བར་གཤེགས་པའི་སྙིང་པོ་འདི་ཡི་རྣམ་པར་གཞག་པ་རབ་ཏུ་གསལ་བ་སྟོང་ཐུན་སེངྒེའི་ང་རོར་གསལ་བར་ཡོད་ཅིང༌། དེའི་དཀའ་གནད་ཅུང་ཟད་ཙམ་མཁྱེན་པར་འདོད་ན་ཁོ་བོས་བྱས་པའི་ཟིན་ཐུན་ཡང་གཟིགས་པར་འཚལ་ལོ། །
སྐབས་དོན་བསྡུ་བའི་ཚིགས་སུ་བཅད་པ་ནི། དེ་ལྟར་བསྟན་པའི་རིགས་ཁམས་སྙིང་པོའི་ཚུལ་འདི་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་དཔྱད་བཟོད་ཀྱང་མིན་པ་དང༌། ཐ་སྙད་ཚུར་མཐོང་ཚད་མའི་རྙེད་དོན་ཀྱང་མིན་མོད་འོན་ཀྱང་དོན་དམ་རྣམ་གྲངས་མིན་པའི་ཚད་མས་སྤྲོས་པ་མཐའ་དག་རྣམ་གཅོད་ལ་དགག་སྟེ། ངོ་བོ་སྟོང་པ་ཆེན་པོར་གཏན་ལ་ཕབ་པའི་གྲུབ་དོན་དང༌། དེའི་རང་མདངས་འོད་གསལ་བའི་ཁྱད་པར་ནི་ཐ་སྙད་རྣམ་དག་ཚད་མའི་རྙེད་དོན་དུ་གྱུར་པ་ལགས་སོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གསུམ་པ་ཟབ་དོན་རྟོགས་པར་གདམས་པ་ནི།
དེ་འདྲའི་གཞལ་བྱ་ལྐོག་གྱུར་ཆོས། །
ཚུར་མཐོང་ཚད་མས་བསམ་མི་ཁྱབ། །
རྣམ་མཁྱེན་དག་པའི་ཚད་མས་གཟིགས། །
དེས་གསུངས་ལུང་གིས་ཡིད་ཆེས་མཛོད། །
ཅེས་སོགས་ཏེ། ངེས་དོན་བདེ་གཤེགས་སྙིང་པོ་དང་ལས་རྒྱུ་འབྲས་ཟབ་མོ་སོགས་དེ་འདྲའི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་ཆོས་ཟབ་མོ་རྟོགས་པར་དཀའ་བ་རྣམས་ནི་ཚུར་མཐོང་ཚད་མ་ཙམ་གྱིས་བསམ་གྱིས་མི་ཁྱབ་པས་ན། རྣམ་མཁྱེན་དག་པའི་ཚད་མར་གྱུར་པ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་སོགས་ཀྱིས་མངོན་སུམ་དུ་གཟིགས་པས་ན། དེ་ལྟ་བུའི་གཟིགས་པ་ཚད་མ་མངའ་བའི་སྟོན་མཆོག་ཚད་མའི་སྐྱེས་བུ་དེ་ཉིད་ཀྱིས་གསུངས་པའི་དཔྱད་གསུམ་དག་པའི་ལུང་གི་ཚད་མས་ཡིད་ཆེས་པར་མཛོད་ཅིག་གུ།
གསུམ་པ་གཞི་ཡི་དོན་བསྡུ་བ་ནི།
གཞལ་བྱ་སྣང་སྟོང་བདེན་པ་གཉིས། །
རེ་རེ་ལ་ཡང་གསུམ་གསུམ་སྟེ། །
མངོན་སུམ་དང་ནི་ལྐོག་གྱུར་དང༌། །
ཤིན་ཏུ་ལྐོག་གྱུར་རྣམ་པ་གསུམ། །
སྣང་བ་མངོན་སུམ་གཟུགས་སོགས་ཡུལ། །
ཚུར་མཐོང་དབང་མངོན་ཚད་མས་ངེས། །
སྣང་བ་ལྐོག་གྱུར་མི་རྟག་སོགས། །
ཚུར་མཐོང་རྗེས་དཔག་ཡིད་ཀྱིས་ངེས། །
སྣང་བ་ཤིན་ཏུ་ལྐོག་གྱུར་ཆོས། །
ལས་འབྲས་རིགས་ཁམས་གཉུག་སེམས་སོགས། །
དག་པའི་གཟིགས་པ་མངའ་བ་ཡི། །
ལུང་ལ་བརྟེན་པའི་ཚད་མས་ངེས། །
སྟོང་ཉིད་མངོན་སུམ་མཉམ་བཞག་ཚེ། །
འཕགས་རྒྱུད་རྣལ་མངོན་ཚད་མས་ངེས། །
ལྐོག་གྱུར་སྟོང་དང་བདག་མེད་ཙམ། །
རྣམ་གྲངས་དཔྱོད་པའི་ཚད་མས་ངེས། །
སྟོང་ཉིད་ཤིན་ཏུ་ལྐོག་གྱུར་ཆོས། །
རྣམ་གྲངས་མིན་པའི་དོན་དམ་ཉིད། །
ཐལ་འགྱུར་ཐུན་མིན་གཏན་ཚིགས་ཆེ། །
རྣམ་གྲངས་མིན་དཔྱོད་ཚད་མས་ངེས། །
ཞེས་སོགས་ཏེ། མདོར་ན་གཞལ་བྱ་གཞི་ཡི་གནས་ལུགས་གཏན་ལ་འབེབས་པ་ལ་གཞལ་བྱའི་གནས་གསུམ་གྱི་སྒོ་ནས་ངེས་དགོས་པས། དེ་ལ་སྤྱིར་གཞལ་བྱ་སྣང་སྟོང་གི་བདེན་པ་གཉིས་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་ངེས་པར་བྱ་སྟེ། ཇི་ལྟར་ན་དེ་རེ་རེ་ལ་ཡང་མངོན་འགྱུར་དང་ནི་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་རྣམ་པ་གསུམ་རེ་ཡོད་པ་ལས། མངོན་ཤེས་དང་མི་ལྡན་པའི་སོ་སྐྱེ་ལ་ལྟོས་ཏེ་ཀུན་རྫོབ་ཀྱི་བདེན་པ་ལ་སྣང་བ་མངོན་གྱུར་གཟུགས་ལ་སོགས་པའི་རང་ཡུལ་རྣམས་ཏེ། དེ་ངེས་བྱེད་མིག་ཤེས་སོགས་རང་མཚན་མངོན་སུམ་ཚད་མས་ངེས་ནུས་པ་དང༌། སྣང་བ་ལྐོག་གྱུར་མི་རྟག་པ་དང་སྡུག་བསྔལ་སོགས་སྣང་བའི་ཆར་གྱུར་པ་རྣམས་ཏེ། དེ་ངེས་བྱེད་བྱས་པའི་རྟགས་ཀྱིས་མི་རྟག་པ་གྲུབ་པ་སོགས་ཚུར་མཐོང་རྗེས་དཔག་ཚད་མའི་ཡིད་ཀྱིས་ངེས་ནུས་པའོ། །
སྣང་བ་ཤིན་ཏུ་ལྐོག་གྱུར་གྱི་ཆོས་ནི། ལས་འབྲས་ཟབ་མོ་དང༌། རིགས་ཁམས་འོད་གསལ་བའི་ཆ་དང༌། གཉུག་སེམས་ལ་སོགས་པ་ཤིན་ཏུ་རྟོགས་པར་དཀའ་བ་རྣམས་ཏེ། དེ་ངེས་བྱེད་ཀྱི་ཚད་མ་ནི་རྣམ་མཁྱེན་ཚད་མ་ལྟ་བུ་དག་པའི་གཟིགས་པ་མངའ་བའི་ལུང་ལ་བརྟེན་པའི་ཚད་མས་ངེས་དགོས་ཀྱི། གཞན་གྱིས་ངེས་མི་ནུས་ཏེ། གཞལ་བྱའི་གནས་གསུམ་པར་འཕོས་པ་ན་དཔྱད་གསུམ་དག་པའི་ལུང་ལ་བརྟེན་ཏེ་དགག་སྒྲུབ་བྱེད་པ་རིགས་པ་སྨྲ་བ་སྤྱི་འགྲོས་སུ་ཟད་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་དོན་དམ་བདེན་པ་ལ་ཡང་གཞལ་བྱ་སྟོང་ཉིད་ཀྱི་རང་བཞིན་མངོན་གྱུར་པ་ནི། དེ་འཇལ་བྱེད་མཉམ་པར་བཞག་ཚེ་འཕགས་རྒྱུད་ཀྱི་རྣལ་མངོན་ཚད་མས་ངེས་ནུས་ཀྱི། དེའི་རང་བཞིན་མངོན་སུམ་དུ་མཐོང་བ་སོ་སྐྱེ་ལ་མེད་པ་དང༌། སྟོང་པ་ཅུང་ཟད་ལྐོག་གྱུར་ཉན་ཐོས་པའི་ལུགས་ཀྱི་སྟོང་པ་དང་བདག་མེད་པའི་རྣམ་པ་ཙམ་སྟེ། དེ་ངེས་བྱེད་ནི་རྣམ་གྲངས་དཔྱོད་བྱེད་ཀྱི་ཚད་མ་ཙམ་གྱིས་ངེས་ནུས་པ་དང༌། སྟོང་ཉིད་ཤིན་ཏུ་ལྐོག་གྱུར་གྱི་ཆོས་ནི་རྣམ་གྲངས་མིན་པའི་དོན་དམ་ཉིད་དོ། །དེ་ངེས་བྱེད་ཀྱི་ཚད་མ་ནི་ཐལ་འགྱུར་ཐུན་མིན་གྱི་གཏན་ཚིགས་ཆེན་པོ་རྣམ་གྲངས་མ་ཡིན་པ་དཔྱོད་བྱེད་ཀྱི་ཚད་མས་སྤྲོས་མཐའ་ཕྲ་རགས་ཐམས་ཅད་རྣམ་གཅོད་ལ་དགག་པའི་ལག་རྗེས་ཙམ་དུ་ངེས་ནུས་ཀྱི་ཡོངས་གཅོད་གྲུབ་པའི་ཚུལ་གྱིས་ཤིན་ཏུ་རྟོགས་པར་དཀའ་བའོ། །ཞེས་སྐབས་བསྡུ་བའི་ཚིགས་སུ་བཅད་པའོ། །
ལམ་གྱི་ངོ་བོའི་སྤང་རྟོགས།
གཉིས་པ་ལམ་གྱི་ངོ་བོའི་སྤང་རྟོགས་ལ། །མདོར་བསྟན་དང་ནི་རྒྱས་པར་བཤད་པ་གཉིས། །དང་པོ་ནི།
སྒོམ་པའི་ལམ་ལ་སྤངས་རྟོགས་གཉིས། །
སྤང་བ་འགོག་པའི་བདེན་པ་དང༌། །
རྟོགས་པ་ལམ་གྱི་བདེན་པ་སྟེ། །
འགོག་ལམ་སྤངས་རྟོགས་རྣམ་པ་གཉིས། །
ཞེས་སོགས་ཏེ། དེ་ལ་སྤྱིར་སྒོམ་པའི་ལམ་ལ་སྤངས་རྟོགས་རྣམ་པ་གཉིས་ཏེ། དེ་ལ་སྤང་བ་ཞེས་པ་སྒྲིབ་པ་དང་བྲལ་བ་འགོག་བདེན་གྱི་རང་བཞིན་དང་། རྟོགས་པ་ཞེས་པ་བདག་མེད་ཀྱི་གནས་ལུགས་རྟོགས་པའི་ལམ་བདེན་གྱི་ངོ་བོར་གྱུར་པའོ། །དེ་ལྟར་ན་འགོག་ལམ་གྱིས་བསྡུས་པའི་སྤངས་རྟོགས་རྣམ་པ་གཉིས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་སྤང་བ་འགོག་པའི་རང་བཞིན་དང༌། །གཉེན་པོ་ལམ་གྱི་རང་བཞིན་ཤན་འབྱེད་གཉིས། །དང་པོ་ལ་ཡང་མདོར་བསྟན་རྒྱས་བཤད་གཉིས། །དང་པོ་ནི།
དེ་ལ་སྤང་བའི་རང་བཞིན་དང༌། །
དེ་དག་མངོན་དུ་རྫོགས་ཚུལ་ལས། །
སྤང་བ་འགོག་བདེན་རང་བཞིན་ལ། །
སྤང་བྱ་དང་ནི་སྤོང་ཚུལ་གཉིས། །
ཞེས་སོགས་ཏེ། དེ་ལ་ཡང་སྤྱིར་སྤང་བའི་རང་བཞིན་གྱི་ཁྱད་པར་དང༌། སྤང་བ་དེ་དག་མངོན་པར་རྫོགས་ཚུལ་གྱི་ཁྱད་པར་དག་ལས། སྤང་བ་འགོག་བདེན་གྱི་རང་བཞིན་ལ་ཡང་དེའི་སྤང་བྱའི་ཁྱད་པར་དང༌། དེ་ཇི་ལྟར་སྤོང་བའི་ཚུལ་གཉིས་སུ་ངེས་དགོས་པའོ། །
གཉིས་པ་རྒྱས་བཤད་ལ་དགག་བཞག་གཉིས་ལས་དང་པོ་ལ། །སྤང་བྱ་དང་ནི་སྤོང་བའི་ས་མཚམས་གཉིས། །དང་པོར་མདོར་བསྟན་དང་ནི་རྒྱས་བཤད་གཉིས། །དང་པོ་ནི།
སྤང་བྱ་ཉོན་ཤེས་རང་བཞིན་ཏེ། །
དེ་ཡི་རྣམ་གཞག་འཆད་པ་ན། །
ཕྱིར་རབས་མཁས་པའི་དབང་པོ་རྣམས། །
སྒྲིབ་གཉིས་ངོ་བོ་འདི་ལྟར་འཆད། །
ཅེས་སོགས་ཏེ། དེ་ལ་སྤྱིར་གང་སྤང་བར་བྱ་བའི་སྒྲིབ་པ་ནི། ཉོན་ཤེས་གཉིས་ཀྱི་རང་བཞིན་ཏེ། དེ་ཡི་རྣམ་གཞག་འཆད་པ་ན་ཡང་ཕྱི་རབས་མཁས་པའི་དབང་པོ་རྣམས་ནི།
སྒྲིབ་གཉིས་ཀྱི་ངོ་བོ་སོགས་འདི་ལྟར་འཆད་དོ་ཞེས་མདོར་བསྟན་པའོ། །
གཉིས་པ་རྒྱས་བཤད་ནི།
ཐར་པ་དང་ནི་རྣམ་མཁྱེན་ལ། །
གཙོ་བོར་བར་དུ་གཅོད་རིགས་ཟེར། །
དེ་ཡི་བྱེད་པའི་མཚན་ཉིད་ཙམ། །
རྟོགས་པར་ནུས་ཀྱི་རྫོགས་པར་མིན། །
དེ་ལ་ཉོན་མོངས་ཤེས་བྱ་ཡི། །
སྒྲིབ་པ་གཉིས་སུ་གྲངས་ངེས་མཛད། །
ཚུལ་དེས་སྙོམས་འཇུག་སྒྲིབ་པ་ཡང༌། །
ཉོན་ཤེས་གང་རུང་ཡིན་ཞེས་སྨྲ། །
འོན་ཀྱང་ཐར་དང་རྣམ་མཁྱེན་ལ། །
གེགས་བྱེད་སྒྲིབ་པ་མ་ཡིན་ཕྱིར། །
གསུམ་པ་སྙོམས་འཇུག་སྒྲིབ་པ་ཞེས། །
མ་ཕམ་མགོན་གྱིས་ཞལ་བཞེས་མཛད། །
ཤེས་སྒྲིབ་མཚན་གཞི་ལྡན་མིན་གྱི། །
འདུ་བྱེད་ཉིད་དུ་ལ་ལ་སྨྲ། །
རྣམ་རྟོག་ལྡན་མིན་འདུ་བྱེད་ཅིག །
རྒྱ་བོད་མཁས་པའི་ལུགས་ན་མེད། །
ཐེག་ཆེན་མདོ་དང་བསྟན་བཅོས་ཀུན། །
དགོངས་པ་གཅིག་དང་དབྱངས་གཅིག་ཏུ། །
འཁོར་གསུམ་རྣམ་པར་རྟོག་པ་གང༌། །
དེ་ནི་ཤེས་བྱའི་སྒྲིབ་པར་བཞེད། །
འཁོར་གསུམ་བདེན་པར་འཛིན་པ་ལ། །
ཉོན་སྒྲིབ་ཉིད་ཀྱིས་ཀུན་ཁྱབ་དང༌། །
དེ་ཡི་བག་ཉལ་ཤེས་བྱ་ཡི། །
སྒྲིབ་པ་ཉིད་དུ་ལ་ལ་སྨྲ། །
དེ་ཡི་ཉོན་མོངས་བག་ཉལ་ཙམ། །
ཤེས་སྒྲིབ་ཉིད་དུ་རྟོགས་ནུས་ཀྱི། །
ད་དུང་སྒྲིབ་གཉིས་རང་བཞིན་གྱི། །
རྣམ་གཞག་རྫོགས་པར་མཁྱེན་མ་ལགས། །
ཞེས་སོགས་ཏེ། དེ་ལ་ཉོན་ཤེས་ཀྱི་སྒྲིབ་པའི་མཚན་ཉིད་ལ་རིམ་བཞིན་ཐར་པ་ལ་གཙོ་བོར་བར་དུ་གཅོད་པའི་རིགས་སུ་གནས་པ་དང༌། རྣམ་མཁྱེན་ལ་གཙོ་བོར་བར་དུ་གཅོད་པའི་རིགས་སུ་གནས་པ་དེ་སྒྲིབ་གཉིས་ཀྱི་མཚན་ཉིད་ཡིན་ནོ་ཞེས་ལ་ལ་དག་ཟེར་ཡང༌། དེ་འདྲའི་མཚན་ཉིད་དེ་ཡིས་གཞུང་ཆེན་པོ་རྣམས་སུ་བྱེད་ལས་ཀྱི་སྒོ་ནས་མཚན་ཉིད་བཞག་པ་དེ་ཙམ་རྟོགས་པར་ནུས་ཀྱི། འོན་ཀྱང་རྒྱུ་དང་ངོ་བོའི་སྒོ་ནས་མཚན་ཉིད་བཞག་པ་སོགས་རྫོགས་པར་འཆད་ནུས་པ་མིན་ནོ། །དེ་ལ་མཚན་གཞི་སྒྲིབ་པའི་གྲངས་ངེས་ལ་ཡང་སྤྱིར་སྒྲིབ་པ་ཡིན་ན་སྒྲིབ་པ་གཉིས་སུ་གྲངས་ངེས་འཇོག་པར་མཛད་ཅིང༌། ཚུལ་དེའི་དབང་གིས་སྙོམས་འཇུག་གི་སྒྲིབ་པ་ཡང་ཉོན་ཤེས་གང་རུང་དུ་ངེས་དགོས་པ་ལས་ཤེས་སྒྲིབ་ཡིན་ནོ་ཞེས་སྨྲ་བར་མཛད་དོ། །
འོན་ཀྱང་ཐར་པ་དང་རྣམ་མཁྱེན་ལ་གེགས་བྱེད་པའི་སྒྲིབ་པ་མཚན་ཉིད་པ་མ་ཡིན་པའི་ཕྱིར་ན་སྤྱིར་སྒྲིབ་པའི་རབ་དབྱེ་ཙམ་ལ་ལྷག་མཐོང་ལ་སྒྲིབ་ཅིང་དེའི་སྒོ་ནས་སྤང་བར་བྱ་བ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་དང༌། གཞི་གནས་བསམ་གཏན་གྱི་དངོས་གཞི་ཙམ་ལ་སྒྲིབ་ཅིང་དེའི་སྒོ་ནས་སྤང་བར་བྱ་དགོས་པས་ན་གསུམ་པ་སྙོམས་འཇུག་གི་སྒྲིབ་པ་ཞེས་སུ་མ་ཕམ་མགོན་གྱིས་ཞལ་བཞེས་མཛད་པའི་ཕྱིར་རོ། །མཚན་གཞི་སྒྲིབ་པའི་ངོ་བོ་ཡང་ཤེས་སྒྲིབ་ཀྱི་མཚན་གཞི་ངོས་འཛིན་པའི་ཚེ། འཇུག་པའི་ཊིཀ་ཆེན་དུ་ཉོན་མོངས་པའི་བག་ཉལ་ཤེས་སྒྲིབ་ཏུ་གསུངས་པ་ཙམ་ལ་བརྟེན་ཏེ། རྗེ་བརྒྱུད་འཛིན་འགའ་ཞིག་གིས་ཤེས་སྒྲིབ་ཤེས་པར་བཞེད་ཀྱང༌། དེ་རང་ལུགས་དང་ཡང་མཐུན་པས་ཤན་འབྱེད་དུ་མེད་ཅིང༌། བརྒྱུད་འཛིན་ཕལ་མོ་ཆེས་ཤེས་སྒྲིབ་ཤེས་པར་མི་བཞེད་ཅིང༌། དེས་ན་ལྕང་སྐྱའི་ལྟ་གྲུབ་ཆེན་པོ་ལས་ཀྱང་དེ་ལྟར་ལུགས་གཉིས་ཡོད་ཚུལ་ཞིབ་ཏུ་གསུངས་པ་ལྟར། ཤེས་སྒྲིབ་ཤེས་པར་མི་བཞེད་པའི་ལུགས་ལ་ལྡན་མིན་ལས་འོས་མེད་པ་ལ་དགོངས་ཏེ། ཤེས་སྒྲིབ་ཀྱི་མཚན་གཞི་ལྡན་མིན་འདུ་བྱེད་ཉིད་དུ་མཁས་དབང་ལ་ལ་དག་གིས་བཞེད་པར་མཛད་དོ། །
འོན་ཀྱང་རྣམ་པར་བརྟག་ན་རྣམ་པར་རྟོག་པའི་ངོ་བོར་གྱུར་པའི་ལྡན་མིན་འདུ་བྱེད་གཅིག་ནི་རྒྱ་བོད་མཁས་པའི་ལུགས་ན་མེད་དོ། །དེ་རྣམ་རྟོག་ཡིན་པར་མ་གྲུབ་བོ་ཞེ་ན། ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་ཀུན་ལས་དགོངས་པ་གཅིག་དང་དབྱངས་གཅིག་ཏུ། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་འབྱུང་བའི་ཕྱིར། རྣམ་རྟོག་ཉིད་དུ་འདོད་པ་ལས་འོས་མེད་དོ། །འོན་ཀྱང་མཁས་དབང་དེ་དག་གིས་ལུང་དེ་ནི་བག་ཉལ་ལ་རྣམ་རྟོག་གི་མིང་གིས་བཏགས་པའོ་ཞེས་འཆད་པ་ཡང་སྣང་ངོ༌། །ཁྱད་པར་དབུ་མ་ཆེན་པོའི་ལུགས་ལ་འཁོར་གསུམ་བདེན་འཛིན་ཡིན་ན་ཉོན་སྒྲིབ་ཀྱིས་ཁྱབ་ཅིང༌། དེ་ཡི་བག་ཉལ་ཤེས་སྒྲིབ་ཡིན་ནོ་ཞེས་མཁས་དབང་ལ་ལ་དག་སྨྲ་བར་མཛད་དོ། །འོན་ཀྱང་ཚུལ་དེ་ཡིས་ཉོན་མོངས་པའི་བག་ཉལ་ཙམ་དུ་གྱུར་པའི་ཤེས་སྒྲིབ་ཕྱོགས་རེ་བ་ཉིད་རྟོགས་པར་ནུས་ཀྱི། ད་དུང་སྒྲིབ་གཉིས་ཀྱི་རང་བཞིན་གྱི་རྣམ་གཞག་རྫོགས་པར་མཁྱེན་ནུས་པ་མིན་ནོ། །
ཤེས་སྒྲིབ་སྤོང་བའི་ས་མཚམས།
གཉིས་པ་སྤོང་བའི་ས་མཚམས་ལ་ཤེས་སྒྲིབ་སྤོང་བའི་ས་མཚམས་དང༌། །ཉོན་སྒྲིབ་སྤོང་བའི་ས་མཚམས་འཁྲུལ་བ་དགག །དང་པོ་ནི།
ས་མཚམས་མ་དག་ས་བདུན་བར། །
ཉོན་སྒྲིབ་འབའ་ཞིག་སྤོང་བ་དང༌། །
དག་པའི་སར་ནི་ཤེས་བྱ་ཡི། །
སྒྲིབ་པ་ཉག་གཅིག་སྤོང་ཞེས་འཆད། །
སྤང་བྱ་དང་ནི་གཉེན་པོ་ཡི། །
རྣམ་པར་གཞག་པ་ཆེས་ཆེར་འཁྲུགས། །
ཐེག་ཆེན་མདོ་དང་བསྟན་བཅོས་ཀྱི། །
ས་ལམ་རྣམ་གཞག་རིང་དུ་བྱས། །
ཁ་ཅིག་མ་དག་ས་བདུན་བར། །
དམན་ལམ་སྔོན་སོང་འཕགས་པ་ཆེར། །
སྤང་བྱ་མེད་པའི་ཉེས་སྤོང་དུ། །
ཤིན་རྨོངས་སྒྲིབ་པ་སྤོང་སོགས་སྨྲ། །
དེ་འདྲ་སྒྲིབ་གཉིས་གང་ཡིན་ཞེས། །
དྲིས་ཤིང་བརྩད་པས་མཚན་ཉིད་དང༌། །
གྲངས་ངེས་དང་ནི་ས་མཚམས་སོགས། །
ཞལ་བཞེས་དམ་བཅའ་སྤོང་ལ་རིང༌། །
ཞེས་སོགས་ཏེ། དེ་ལ་སྒྲིབ་གཉིས་སྤོང་བའི་ས་མཚམས་ལ་ཡང༌། མཁས་དབང་འགའ་ཞིག་གི་ལུགས་ལ། མ་དག་ས་བདུན་གྱི་བར་དུ་ཉོན་སྒྲིབ་འབའ་ཞིག་ལས་ཤེས་སྒྲིབ་གཏན་ནས་མི་སྤོང་བར་བཞད་ཅིང༌། དག་པ་ས་གསུམ་དུ་ནི་དེ་ཡི་བག་ཉལ་དུ་གྱུར་པའི་ཤེས་སྒྲིབ་ཉག་ཅིག་སྤོང་བ་ཡིན་ནོ་ཞེས་འཆད་པར་མཛད་དོ། །
ཚུལ་འདི་ལ་མཁས་དབང་གཞན་དག་རྣམས་ཀྱིས། སྤང་བྱ་དང་གཉེན་པོའི་རྣམ་པར་གཞག་པ་ཆེས་ཆེར་འཁྲུགས་པ་དང༌། ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་ཆེན་པོའི་ས་ལམ་གྱི་རྣམ་པར་གཞག་པ་ཐམས་ཅད་ལས་རིང་བར་གྱུར་པའི་སྐྱོན་གནས་སོ་ཞེས་གསུངས་པར་མཛད་དོ། །དེ་ལྟར་སྐྱོན་བརྗོད་པ་ན་སྐྱོན་སྤོང་སྨྲ་བ་ཁ་ཅིག་གིས་ནི། མ་དག་ས་བདུན་གྱི་བར་དུ་དམན་ལམ་སྔོན་སོང་གི་དགྲ་བཅོམ་པ་ཐེག་ཆེན་གྱི་ལམ་དུ་ཞུགས་པའི་འཕགས་པ་རྣམས་ལ། སྤང་བྱ་མེད་པའི་ཉེས་སྤོང་དུ་མདོ་དགོངས་འགྲེལ་ལས་གསུངས་པའི་ཤིན་རྨོངས་ཉི་ཤུ་དང༌། གནས་ངན་ལེན་བཅུ་གཅིག་དང༌། གཞན་ཡང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་བར་དུ་གཅོད་པའི་སྒྲིབ་པ་སྤོང་དུ་ཡོད་པར་འཆད་པ་དང༌། ཡང་འགའ་ཞིག་གིས་མ་དག་ས་བདུན་སྐབས་སྤང་བྱ་མེད་པར་ཐལ་བ་ལ་འདོད་ལན་བཏབ་སྟེ། དེ་ཙམ་དུ་མ་ཟད་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་སོགས་ཀྱི་ཁྱད་པར་ཡང་མེད་པར་ཁས་བླངས་ཏེ། ད་དུང་ས་ནས་སར་ནོན་ཅིང་ལམ་གྱི་ཡོན་ཏན་གོང་འཕེལ་དུ་འགྱུར་བར་སྨྲ་བ་སོགས་སྣང་ཡང༌། དམན་ལམ་སྔོན་སོང་གི་བྱང་སེམས་རྣམས་ལ་མ་དག་ས་བདུན་བར་གྱི་ས་འོག་མར་སྒྲིབ་པ་སྤང་དུ་ཡོད་པར་སྨྲ་བའི་ལུགས་ཀྱི་ཤིན་རྨོངས་ཀྱི་སྒྲིབ་པ་དེ་སྒྲིབ་གཉིས་གང་རུང་ཡིན་དགོས་པ་གང་ཞིག་དེ་གཉིས་གང་ཡིན་ཞེས་དྲིས་ཤིང་བརྩད་པས། ཐར་པ་དང་རྣམ་མཁྱེན་ལ་བར་དུ་གཅོད་པའི་སྒྲིབ་པ་གང་ཡིན་ཀྱང་མཚན་གཞི་ཉོན་ཤེས་གང་རུང་མིན་པར་སྨྲ་ན་ནི་མཚན་ཉིད་ཀྱི་རྣམ་གཞག་ཉམས་ཤིང༌། དེ་འདྲའི་སྒྲིབ་པ་དེ་ཐར་པ་དང་རྣམ་མཁྱེན་ལ་བར་དུ་གཅོད་པ་ཡང་མ་ཡིན། མཚན་གཞི་ཉོན་ཤེས་གང་རུང་མིན་པར་བཞེད་ན་ནི་གྲངས་ངེས་ཀྱི་རྣམ་གཞག་ཉམས་ཤིང༌། གལ་ཏེ་ཉོན་ཤེས་གང་རུང་དུ་འདོད་ན་ནི། ཉོན་སྒྲིབ་ཡིན་ན་དམན་ལམ་སྔོན་སོང་གིས་སྔར་ནས་སྤངས་ཟིན་པས་སྤང་བྱ་མེད་པའི་སྐྱོན་སོ་ན་གནས་ཤིང༌། །ཤེས་སྒྲིབ་ཏུ་སྨྲ་ན་དེ་སྤོང་བའི་ས་མཚམས་སོགས་ཞལ་བཞེས་ཀྱི་དམ་བཅའ་སྤོང་བ་ལ་རིང་བར་འགྱུར་རོ། །
ཉོན་སྒྲིབ་སྤོང་བའི་ས་མཚམས།
གཉིས་པ་ཉོན་སྒྲིབ་སྤོང་བའི་ས་མཚམས་འཁྲུལ་བ་དགག་པ་ནི།
ཁ་ཅིག་བྱང་སེམས་ས་དང་པོར། །
ཉན་རང་སྤོང་བ་རྫོགས་ཞེས་སྨྲ། །
ད་དུང་བག་ཉལ་མིང་ཅན་གྱི། །
ཉོན་མོངས་སྒྲིབ་པ་ཡོད་དོ་ལོ། །
དེ་འདྲ་ཉོན་ཤེས་གང་རུང་དུ། །
དྲིས་ཤིང་བརྩད་པས་དམ་བཅའ་འཇིག །
ཉོན་སྒྲིབ་ལྷན་སྐྱེས་མཐོང་སྤང་དུ། །
རྒྱ་བོད་མཁས་རྣམས་བཞེད་མ་ལགས། །
ཞེས་སོགས་ཏེ། ཡང་ཀུན་མཁྱེན་མཁས་པའི་དབང་པོ་ཁ་ཅིག་ནི། བྱང་ཆུབ་སེམས་དཔའ་ས་དང་པོའི་སྐབས་སུ་ཉན་རང་གིས་ཇི་ཙམ་སྤངས་པའི་སྤོང་བ་ཡོངས་སུ་རྫོགས་པར་བཞེད་ཅིང༌། ད་དུང་ཉོན་མོངས་པའི་བག་ཉལ་ལ་ཉོན་མོངས་པའི་མིང་གིས་བཏགས་པའི་སྒྲིབ་པ་ནི་ས་གོང་མ་རྣམས་སུ་ཡང་ཡོད་པས་ན། འཇུག་པ་རྩ་འགྲེལ་སོགས་ལས་ས་གོང་མ་རྣམས་སུ་ཉོན་མོངས་པའི་སྒྲིབ་པ་ཡོད་པར་བཤད་པ་དེ་ལ་དགོངས་པ་ཅན་ཡིན་ནོ་ཞེས་འཆད་དོ། །འོན་ཀྱང་ས་གོང་མ་རྣམས་སུ་ཡོད་པའི་ཉོན་མོངས་པའི་བག་ཉལ་གྱི་མིང་ཅན་དེ་འདྲ་སྒྲིབ་གཉིས་ཀྱི་ཟླས་ཕྱེ་བའི་སྒྲིབ་གཉིས་གང་རུང་དུ་ངེས་དགོས་པས། དེ་གཉིས་གང་ཡིན་དྲིས་ཤིང་བརྩད་པས་ཉོན་སྒྲིབ་ཡིན་ན་དེ་ས་དང་པོར་སྤངས་ཟིན་པར་བཞེད་པའི་དམ་བཅའ་འཇིག་པར་འགྱུར་ཞིང༌། དེ་ཤེས་སྒྲིབ་ཡིན་ན་དེ་འདྲ་དེ་ས་བརྒྱད་པའི་སྐབས་སུ་ལྷག་མེད་དུ་སྤོང་བར་འདོད་དགོས་ཏེ། འཇུག་པ་ལས། ས་བརྒྱད་པ་ལ་ཉོན་མོངས་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང༌། །ཞེས་གསུངས་པའི་ཕྱིར་རོ། །འདོད་ན་འཇུག་པ་རྩ་འགྲེལ་རྣམས་སུ་དག་ས་གསུམ་དུ་ད་དུང་ཉོན་མོངས་པའི་བག་ཉལ་དུ་གྱུར་པའི་སྒྲིབ་པ་སྤང་དུ་ཡོད་པར་བཤད་པའི་དམ་བཅའ་འཇིག་པར་འགྱུར་ཞིང༌། གཞན་ཡང་ཉོན་སྒྲིབ་ལྷན་སྐྱེས་མཐའ་དག་མཐོང་སྤང་ཉིད་དུ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་པར་མཛད་པ་མ་ལགས་སོ། །
གཉིས་པ་བཞག་པར་བསྟན་བཤད་གཞན་ཡང་རྟོགས་པར་གདམས། །དང་པོ་ནི།
ཤིང་རྟ་ཆེན་པོའི་རིང་ལུགས་ཀུན། །
འགལ་མེད་དབྱངས་སུ་ལེན་མཁས་པ། །
ཀུན་མཁྱེན་བརྒྱུད་པའི་ལེགས་བཤད་བཞིན། །
མི་ཕམ་ཆོས་རྗེས་འདི་ལྟར་བཀྲལ། །
ཅེས་སོགས་ཏེ། དེས་ན་དངོས་བསྟན་སྟོང་ཉིད་ཀྱི་ཤིང་རྟ་དང་སྦས་དོན་མངོན་རྟོགས་ཀྱི་ཤིང་རྟ་སྟེ། ཤིང་རྟ་ཆེན་པོ་ཡབ་སྲས་ཀུན་གྱི་རིང་ལུགས་སུ་གྱུར་པའི་སྤང་བྱ་སྤོང་ཚུལ་ལ་དགོངས་པ་འགལ་མེད་གནད་གཅིག་པ་ཡིན་ཚུལ་གྱི་ལེགས་པར་བཤད་པའི་དབྱངས་སུ་ལེན་པར་མཁས་པ་ཀུན་མཁྱེན་བརྒྱུད་པའི་ལེགས་བཤད་བཞིན་དུ་མི་ཕམ་ཆོས་རྗེས་འདི་ལྟར་བཀྲལ་བར་མཛད་དོ། །
གཉིས་པ་རྒྱས་པར་བཤད་པ་ལ་མཚན་ཉིད་མཚན་གཞི་སྤོང་ཚུལ་གསུམ། །དང་པོ་ནི།
དེ་ལ་སྤང་བྱའི་མཚན་ཉིད་ནི། །
རྒྱུ་དང་ངོ་བོ་བྱེད་ལས་ཀྱིས། །
སྤྱི་ལས་བྱེ་བྲག་ཉོན་ཤེས་ཀྱི། །
སྒྲིབ་པ་གཉིས་སུ་རྣམ་པར་འཇོག །
རྒྱུ་ནི་བདེན་འཛིན་རྣམ་གཉིས་ཏེ། །
ཆོས་དང་གང་ཟག་བདག་འཛིན་གཉིས། །
ཆོས་སུ་བདེན་འཛིན་ཤེས་སྒྲིབ་དང༌། །
གང་ཟག་བདེན་འཛིན་ཉོན་སྒྲིབ་ལགས། །
ངོ་བོ་ཆགས་སོགས་ཉོན་སྒྲིབ་དང༌། །
འཁོར་གསུམ་རྣམ་རྟོག་ཤེས་སྒྲིབ་ཉིད། །
བྱེད་ལས་ཐར་དང་རྣམ་མཁྱེན་ལ། །
བར་དུ་གཅོད་པའི་མཚན་ཉིད་ཅན། །
ཞེས་སོགས་ཏེ། དེ་ལ་རང་ལུགས་ཀྱི་སྤང་བྱ་སྒྲིབ་གཉིས་ཀྱི་མཚན་ཉིད་ནི། རྒྱན་འགྲེལ་ལས་སྒྲིབ་གཉིས་ཀྱི་ངོ་བོ་གཞུང་ཆེན་པོ་རྣམས་སུ་རྒྱུ་དང་ངོ་བོ་བྱེད་ལས་ཀྱི་སྒོ་ནས་བསྟན་པ་རྣམས་གནད་གཅིག་ཏུ་གྱུར་ཚུལ་སོགས་རྒྱ་ཆེར་འབྱུང་བ་ལྟར། རྒྱུ་དང་ངོ་བོ་བྱེད་ལས་ཀྱི་སྒོ་ནས་གང་སྤང་བར་བྱ་བའི་སྒྲིབ་པ་སྤྱི་ཙམ་པ་ལས་བྱེ་བྲག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སུ་རྣམ་པར་དབྱེ་ཞིང༌། དེ་ཡང་རྒྱུ་ཡི་སྒོ་ནས་སྒྲིབ་གཉིས་སུ་དབྱེ་ཚུལ་ལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་གི་རྒྱུ་ནི་བདེན་འཛིན་རྣམ་པ་གཉིས་ཏེ། ཆོས་དང་གང་ཟག་གི་བདག་འཛིན་རྣམ་པ་གཉིས་སོ། །དེ་ལ་ཆོས་ཀྱི་བདག་འཛིན་གྱི་ངོ་བོ་ཡང་ཤེས་སྒྲིབ་དང༌། དེའི་རྒྱུ་ཅན་གྱི་རྨོངས་པ་ཕྲ་རགས་ཐམས་ཅད་ཤེས་སྒྲིབ་ཏུ་འཇོག་ཅིང༌། གང་ཟག་གི་བདེན་འཛིན་གྱི་ངོ་བོ་ཡང་ཉོན་སྒྲིབ་དང༌། དེའི་རྒྱུ་ཅན་གྱི་ཉོན་མོངས་པ་ཉོན་སྒྲིབ་ཏུ་འཇོག་པ་ནི་ལང་ཀར་གཤེགས་པ་ལ་སོགས་པ་མདོ་དང་བསྟན་བཅོས་ཆེན་པོའི་དགོངས་པ་ལགས་སོ། །ངོ་བོའི་སྒོ་ནས་དབྱེ་ཚུལ་ནི། རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་བརྗོད། །འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་བརྗོད། །ཅེས་གསུངས་པ་སོགས་ཀྱི་དགོངས་པ་ལྟར། ངོ་བོའི་སྒོ་ནས་ཆགས་སོགས་ཀྱི་ངོ་བོར་གྱུར་པའི་རྣམ་པར་རྟོག་པ་ཉོན་སྒྲིབ་དང༌། འཁོར་གསུམ་དུ་རྨོངས་པའི་ངོ་བོར་གྱུར་པའི་ཆོས་སུ་རྣམ་པར་རྟོག་པ་ཤེས་སྒྲིབ་ཏུ་འཇོག་པ་དང༌། བྱེད་ལས་ཀྱི་སྒོ་ནས་དབྱེ་ཚུལ་ནི། མདོ་རྒྱན་སོགས་ཀྱི་དགོངས་པ་ལྟར། ཐར་པ་ལ་བར་དུ་གཅོད་པའི་སྒྲིབ་པ་ཉོན་སྒྲིབ་དང༌། རྣམ་མཁྱེན་ལ་བར་དུ་གཅོད་པའི་མཚན་ཉིད་ཅན་གྱི་སྒྲིབ་པ་ཤེས་སྒྲིབ་ཏུ་འཇོག་པར་བྱེད་དོ། །
གཉིས་པ་མཚན་གཞི་ལ་མཚན་གཞིའི་གྲངས་དང་ངོ་བོ་གཉིས། །དང་པོ་ནི།
དེ་ཕྱིར་སྒྲིབ་པ་མཚན་ཉིད་པ། །
རྣམ་པ་གཉིས་སུ་ངེས་པར་བཞེད། །
གསུམ་པ་སྙོམས་འཇུག་སྒྲིབ་པ་ནི། །
སྒྲིབ་པའི་རྣམ་གྲངས་བཏགས་ཙམ་ཉིད། །
ཅེས་སོགས་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་སྒྲིབ་པ་མཚན་ཉིད་པ་ཡིན་ན། དབུས་མཐའི་དགོངས་པ་ལྟར་རྣམ་པ་གཉིས་སུ་གྲངས་ངེས་པར་བཞེད་དོ། །གསུམ་པ་སྙོམས་འཇུག་གི་སྒྲིབ་པ་ནི། ཞི་གནས་བསམ་གཏན་གྱི་དངོས་གཞི་ཙམ་ལ་བར་དུ་གཅོད་པའི་སྒྲིབ་པའི་རྣམ་གྲངས་སུ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་བཏགས་པ་ཙམ་ཉིད་དུ་ཟད་དོ། །
གཉིས་པ་ངོ་བོར་སྤྱི་དང་བྱེ་བྲག་ཤེས་སྒྲིབ་བཤད། །དང་པོ་ནི།
མཚན་གཞི་ཉོན་ཤེས་གཉིས་ཀ་ཡང༌། །
རྣམ་པར་རྟོག་པ་སེམས་ཀྱི་ཆོས། །
ཞེས་སོགས་ཏེ། མཚན་གཞིའི་ངོ་བོ་ནི། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀ་ཡང་རྣམ་པར་རྟོག་པར་སེམས་ཀྱི་ཆོས་སུ་མདོ་དང་བསྟན་བཅོས་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གསུངས་སོ། །
གཉིས་པ་བྱེ་བྲག་ཤེས་སྒྲིབ་བཤད་པ་ལ་རབ་དབྱེ་ས་མཚམས་འཕྲོས་དོན་གསུམ། །དང་པོ་ནི།
དེས་ན་གཟུང་འཛིན་རྣམ་རྟོག་ལ། །
ཀུན་བྱང་རྫས་བཏགས་རྟོག་པ་བཞི། །
འཁོར་གསུམ་ཆོས་ཀྱི་རྣམ་རྟོག་ལ། །
བདེན་པར་རྟོག་དང་མཚན་མར་རྟོག །
གཉིས་སྣང་ཙམ་གྱི་རྟོག་པ་སྟེ། །
གསུམ་ཀ་ཤེས་བྱའི་སྒྲིབ་པར་ངེས། །
ཞེས་སོགས་ཏེ། དེས་ན་སྤྱིར་གཟུང་འཛིན་གྱི་རྣམ་རྟོག་ལ་ཀུན་བྱང་གི་ཆོས་སུ་གཟུང་བའི་གཟུང་རྟོག་གཉིས་དང༌། རྫས་བཏགས་ཀྱི་གང་ཟག་ཏུ་འཛིན་པའི་འཛིན་རྟོག་གཉིས་ཏེ་བཞིར་ཡོད་པ་ལས། ཀུན་བྱང་གི་ཆོས་ལ་འཁོར་གསུམ་དུ་རྟོག་པའི་ཆོས་སུ་འཛིན་པའི་རྣམ་རྟོག་ལ་ཡང་ཕྲ་རགས་ཀྱི་སྒོ་ནས་དབྱེ་ན། འཁོར་གསུམ་དུ་བདེན་པར་རྟོག་པ་དང༌། མཚན་མར་རྟོག་པ་དང༌། གཉིས་སྣང་ཙམ་གྱི་རྟོག་པ་སྟེ། དེ་གསུམ་ཤེས་སྒྲིབ་ཉིད་དུ་ངེས་པ་ཡིན་ནོ། །
གཉིས་པ་ས་མཚམས་ནི།
དང་པོར་མངོན་གྱུར་སོ་སྐྱེ་དང༌། །
གཉིས་པ་མ་དག་ས་བདུན་སྐབས། །
གསུམ་པ་དག་སའི་རྗེས་ཐོབ་ན། །
མངོན་གྱུར་ཉིད་ཀྱང་རེ་ཞིག་ཡོད། །
ཅེས་སོགས་ཏེ། དེ་ལ་དང་པོ་བདེན་འཛིན་མངོན་གྱུར་ནི། སོ་སྐྱེ་རྣམས་ཀྱིས་བུམ་པ་བདེན་པར་འཛིན་པ་ལྟ་བུ། གཉིས་པ་ནི། སྒྱུ་མ་མཁན་གྱིས་སྒྱུ་མའི་བུད་མེད་ལ་དབྱིབས་སོགས་སུ་མཚན་མར་འཛིན་པ་ལྟར། བདེན་པར་མི་རྟོག་ཀྱང་མཚན་མར་འཛིན་པ་ཙམ་ནི་མ་དག་ས་བདུན་གྱི་སྐབས་སུ་ཡང་རེ་འགའ་མངོན་གྱུར་དུ་ཡོད་པ་དང༌། གསུམ་པ་ནི། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར་ཞེས་གསུངས་པ་ལྟར། དག་པ་ས་གསུམ་དུ་ཡོད་མེད་དུ་མཚན་མར་འཛིན་པའི་འདུ་ཤེས་མེད་ཀྱང་གཉིས་སྣང་གིས་བསླད་པ་ཙམ་ནི་དག་སའི་རྗེས་ཐོབ་ན་མངོན་གྱུར་ཉིད་ཀྱང་རེ་ཞིག་ཡོད་པའོ། །
གསུམ་པ་འཕྲོས་དོན་ནི།
དེ་དག་མངོན་དུ་གྱུར་པ་ན། །
འཕགས་པའི་རྗེས་ཐོབ་རྒྱ་ཡན་ཟེར། །
དེ་ཡིས་བསླད་པའི་ཕྱིན་དྲུག་སོགས། །
འཇིག་རྟེན་པ་ཡི་ཕར་ཕྱིན་ཉིད། །
ཅེས་སོགས་ཏེ། ས་དེ་དང་དེའི་རྗེས་ཐོབ་ཏུ་མཚན་འཛིན་དང་གཉིས་སྣང་ཙམ་གྱི་རྟོག་པ་དེ་དག་མངོན་དུ་གྱུར་པ་ན། སྔགས་ཀྱི་ཆོས་སྐད་འགའ་ཞིག་ཏུ་རྗེས་ཐོབ་རྒྱ་ཡན་པ་ཞེས་གསུངས་ཀྱང༌། མདོ་དང་བསྟན་བཅོས་རྣམས་སུ། འཇུག་པ་ལས། གསུམ་དུ་དམིགས་པ་ཡོད་ན་བཅོམ་ལྡན་གྱིས། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཞེས་བཤད། །ཅེས་གསུངས་པ་ལྟར་རྗེས་ཐོབ་ན་མཚན་འཛིན་དང་གཉིས་འཛིན་གྱི་རྟོག་པ་དེ་ཡིས་བསླད་པའི་ཕྱིན་དྲུག་སོགས་ནི་འཇིག་རྟེན་པ་ཡི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བརྗོད་དོ། །
སྤང་བྱ་སྤོང་ཚུལ།
གསུམ་པ་སྤོང་ཚུལ་སྤང་བྱ་ཕྲ་རགས་དབྱེ། །སྤང་བའི་ས་མཚམས་འཕྲོས་དོན་མཚན་བཏགས་དཔྱད། །དང་པོ་ནི། སྤོང་ཚུལ་སྒྲིབ་པ་གཉིས་ཀར་ཡང༌། །ཀུན་བརྟགས་ལྷན་སྐྱེས་གཉིས་གཉིས་དབྱེ། །ལྷན་སྐྱེས་ལ་ཡང་ས་བོན་དང༌། །དེ་ཡི་བག་ཉལ་ཆེས་ཕྲ་ཡོད། །ཅེས་སོགས་ཏེ། དེ་ལྟ་བུའི་སྤང་བྱ་དེ་དག་སྤོང་བའི་ཚུལ་ལ་སྤྱིར་སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀར་ཡང༌། ཀུན་བཏགས་དང་ལྷན་སྐྱེས་གཉིས་གཉིས་སུ་དབྱེ་ཞིང༌། ལྷན་སྐྱེས་ལ་ཡང་ས་བོན་གྱི་ཆ་དང་དེའི་བག་ཉལ་ཆེས་ཕྲ་བ་གཉིས་སུ་ཡོད་པར་མདོ་དང་བསྟན་བཅོས་ཆེན་པོ་རྣམས་སུ་བཤད་དོ། །
གཉིས་པ་སྤང་བའི་ས་མཚམས་ལ་ཀུན་བརྟགས་ལྷན་སྐྱེས་སྤོང་ཚུལ་གཉིས། །དང་པོར་དངོས་དང་དེ་ལ་རྩོད་སྤོང་གཉིས། །དང་པོ་ནི།
དེས་ན་སྒྲིབ་གཉིས་ཀུན་བརྟགས་ནི། །
མཐོང་སྤང་ཉིད་དུ་དམ་བཅར་བྱེད། །
དེ་སྤང་བྱང་འཕགས་དགེ་འདུན་ནི། །
རིག་གྲོལ་ཡོན་ཏན་བརྒྱད་ལྡན་ལགས། །
ཞེས་སོགས་ཏེ། རྒྱུ་མཚན་དེས་ན་སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀ་ཀུན་བརྟགས་ཀྱི་ཆ་ནི་མཐོང་སྤང་ཉིད་དུ་ཤེར་ཊིཀ་དང་རྒྱན་འགྲེལ་སོགས་ལས་དམ་བཅའ་བར་མཛད་དོ། །དེ་ལྟར་ན་ཐེག་ཆེན་ཐལ་འགྱུར་བའི་གཞུང་ཆེན་པོ་རྒྱུད་བླ་མའི་དགོངས་པ་བཞིན་དུ་ས་བཅུ་ལ་གནས་པའི་བྱང་སེམས་འཕགས་པའི་དགེ་འདུན་མཐའ་དག་ཀྱང་རིག་གྲོལ་ཡོན་ཏན་བརྒྱད་ལྡན་དུ་གྱུར་པ་ལགས་སོ། །
གཉིས་པ་དེ་ལ་རྩོད་པ་སྤོང་བ་ནི།
གལ་ཏེ་ཤེས་སྒྲིབ་མཐོང་སྤང་དུ། །
བཞེད་འདི་ཟླ་བའི་ལུགས་མིན་ཞིང༌། །
མངོན་རྟོགས་རྒྱན་སོགས་རང་རྒྱུད་ལུགས། །
སྦས་དོན་མཐར་ཐུག་མིན་ཞེ་ན། །
ཐེག་ཆེན་སྦྱོར་ལམ་ཁྱད་ཆོས་དང༌། །
མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང༌། །
མཐོང་ལམ་བར་ཆད་མེད་རྩེ་སོགས། །
འཆད་དུ་མེད་པའི་སྦས་དོན་ཞིག །
སྔོན་ཆད་དགའ་ལྡན་ལྷ་ཡུལ་དང༌། །
རྒྱ་བོད་མཁས་ལ་མ་གྲགས་པའི། །
ཡུམ་གྱི་སྦས་དོན་མཐར་ཐུག་ཞིག །
ཁྱོད་འདྲའི་ཐལ་འགྱུར་ཁྱད་ཆོས་ལགས། །
ཞེས་སོགས་ཏེ། གལ་ཏེ་ཁོ་ན་རེ། ཤེས་སྒྲིབ་མཐོང་སྤང་དུ་བཞེད་པ་འདི་ཟླ་བའི་ལུགས་མིན་ཞིང་མངོན་རྟོགས་རྒྱན་སོགས་ལས་བཤད་ཀྱང་དེ་རང་རྒྱུད་པའི་ལུགས་ཡིན་གྱི་མདོའི་སྦས་དོན་མཐར་ཐུག་ཏུ་གྱུར་པ་མིན་ནོ་ཞེ་ན། འོ་ན་མངོན་རྟོགས་རྒྱན་ལས་བཤད་པའི་སྐབས་དང་པོའི་རྣམ་མཁྱེན་སྐབས་ཀྱི་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་ལྔའི་ཡ་གྱལ་སྤང་བྱ་རྟོགས་པའི་ཁྱད་པར་དང༌། དེ་བཞིན་དུ་སྤང་བྱ་ཤེས་སྒྲིབ་སྤོང་བའི་སྒོ་ནས་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང༌། སྐབས་ལྔ་པའི་མཐོང་ལམ་བར་ཆད་མེད་པའི་རྩེ་སྦྱོར་སོགས་འཆད་དུ་མེད་པའི་སྦས་དོན་ཞིག་སྔོན་ཆད་དགའ་ལྡན་ལྷ་ཡུལ་དང༌། རྒྱ་བོད་ཀྱི་མཁས་པ་སུ་ལ་ཡང་ཡོངས་སུ་མ་གྲགས་པའི་ཡུམ་གྱི་སྦས་དོན་མཐར་ཐུག་པ་ཞིག་ཁྱོད་འདྲའི་ཐལ་འགྱུར་གྱི་ཁྱད་ཆོས་སུ་འཆད་རིགས་པ་ལགས་སོ། །
གཉིས་པ་ལྷན་སྐྱེས་སྤོང་ཚུལ་ནི།
ལྷན་སྐྱེས་ས་བོན་སྤོང་ཚུལ་ལ། །
སྤང་བྱ་ཆེན་པོའི་ཆེན་པོ་སོགས། །
གཉེན་པོ་སྒོམ་ལམ་ཆུང་ངུ་ཡི། །
ཆུང་ངུ་ལ་སོགས་རྣམ་དགུས་སྤོང༌། །
དེ་ཡི་བག་ཉལ་ཆེས་ཕྲ་བ། །
སློབ་ལམ་ཕལ་གྱིས་གཞོམ་དཀའི་ཆོས། །
སངས་རྒྱས་ཉིད་ཀྱི་བར་མེད་མཆོག །
བར་ཆད་མེད་རྩེའི་ལམ་གྱིས་སྤོང༌། །
དེ་ལ་ཉོན་མོངས་ས་བོན་ནི། །
མ་དག་ས་བདུན་ལམ་གྱིས་སྤོང༌། །
དེ་ཡི་བག་ཉལ་ཤེས་སྒྲིབ་ནི། །
དག་པ་ས་ཡི་སྤང་བྱར་བཞེད། །
དེ་ཕྱིར་ཤེས་བྱའི་སྒྲིབ་པ་ལ། །
ཉོན་མོངས་བག་ཉལ་ཡིན་མིན་གཉིས། །
དེ་ཡི་རྣམ་དབྱེ་མ་མཁྱེན་པར། །
གཞུང་ལུགས་ཆེན་པོ་འཆད་པར་དཀའ། །
ཞེས་སོགས་ཏེ། ཤེས་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་སྤོང་ཚུལ་ལ་སྤང་བྱ་ཆེན་པོའི་ཆེན་པོ་སོགས་སྐོར་དགུར་ཕྱེས་ཏེ། དེའི་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ས་གཉིས་པའི་ཡེ་ཤེས་ལ་སོགས་རྣམ་པ་དགུས་སྤོང་བར་བཞེད་ཅིང༌། དེ་ཡི་བག་ཉལ་ཆེས་ཕྲ་བ་སློབ་ལམ་ཕལ་གྱིས་གཞོམ་པར་ཤིན་ཏུ་དཀའ་བའི་ཆོས་སུ་གྱུར་པ་དེ་ནི། རྒྱན་ལས།
སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །ཞེས་པ་ལྟར། སངས་རྒྱས་ཉིད་ཀྱི་བར་ཆད་མེད་ལམ་མཆོག་གི་བདག་ཉིད་བར་ཆད་མེད་པའི་རྩེ་མོའི་ལམ་གྱིས་སྤོང་བར་བཞེད་དོ། །ཉོན་སྒྲིབ་སྤོང་ཚུལ་ནི། དེ་ལ་སྤྱིར་ཉོན་མོངས་པའི་ས་བོན་གྱི་ཆ་དང༌། དེའི་བག་ཉལ་གྱི་ཆ་གཉིས་སུ་ཡོད་པ་ལས་ཉོན་མོངས་པའི་ས་བོན་གྱི་ཆ་ནི་མ་དག་ས་བདུན་ལམ་གྱིས་སྤོང་ཞིང༌། དེའི་བག་ཉལ་དུ་གྱུར་པའི་ཤེས་སྒྲིབ་ནི། དག་པ་ས་གསུམ་གྱིས་སྤང་བྱར་བཞེད་པ་ཉིད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་མདོ་དང་བསྟན་བཅོས་ཆེན་པོའི་དགོངས་པ་བཞིན་དུ་སྤྱིར་ཤེས་བྱའི་སྒྲིབ་པ་ལ་ཉོན་མོངས་པའི་བག་ཉལ་ཡིན་མིན་གཉིས་སུ་ཡོད་པ་སོགས་དེ་དང་དེ་ཡི་རྣམ་དབྱེ་ཕྲ་བ་ནས་མ་མཁྱེན་པར་གཞུང་ལུགས་ཆེན་པོ་འཆད་པར་བྱེད་པ་ནི་ཤིན་ཏུ་ཡང་དཀའ་བར་གནས་སོ། །
གསུམ་པ་འཕྲོས་དོན་ནི།
ཤིང་རྟ་ཆེན་པོའི་གཞུང་ལུགས་འགར། །
ཉོན་མོངས་མིང་ཅན་སྒྲིབ་པ་འགའ། །
དག་སའི་སྤང་བྱར་བཞེད་པ་ཡང༌། །
ཉོན་མོངས་སྒྲིབ་པའི་ས་བོན་མིན། །
འོན་ཀྱང་ཉོན་མོངས་བག་ཉལ་ལ། །
ཉོང་མོངས་མིང་གིས་བཏགས་པ་ཙམ། །
དེ་འདྲ་ཐེག་ཆེན་མདོ་དང་ནི། །
བསྟན་བཅོས་ཆེ་ལས་རྒྱ་ཆེར་འབྱུང༌། །
འདི་དོན་རྟོགས་ན་མ་དག་སར། །
ཉོན་མོངས་སྒྲིབ་པའི་རྣམ་པ་དགུ།
དྲིལ་སྤོང་བྱེད་པའི་ངལ་བ་དག །
བདེ་བླག་ཉིད་དུ་རྣམ་པར་དབེན། །
དེ་ཕྱིར་མི་ཕམ་ཆོས་རྗེ་ཡིས། །
སྒྲིབ་གཉིས་སྤོང་བའི་རྣམ་གཞག་ལ། །
ཤིང་རྟ་ཆེན་པོའི་གཞུང་ལུགས་ཀུན། །
དགོངས་མཐུན་ཉིད་ཅེས་དམ་བཅར་མཛད། །
ཅེས་སོགས་ཏེ། དེ་ལ་ཤིང་རྟ་ཆེན་པོའི་གཞུང་ལུགས་འགའ་ཞིག་ཏུ་ཉོན་མོངས་པའི་མིང་ཅན་གྱི་སྒྲིབ་པ་འགའ་ཞིག་དག་པ་ས་གསུམ་གྱི་སྤང་བྱར་བཞེད་པ་ཡང༌། ཉོན་སྒྲིབ་ཀྱི་ས་བོན་དུ་གྱུར་པ་མིན་གྱི་འོན་ཀྱང་ཉོན་མོངས་པའི་བག་ཉལ་ལ་ཉོན་མོངས་པའི་མིང་གིས་བཏགས་པ་ཙམ་སྟེ། དེ་འདྲའི་རྣམ་པར་གཞག་པ་ལ་ནི་དཔལ་ཕྲེང་སེངྒེའི་སྒྲ་སོགས་ཐེག་པ་ཆེན་པོའི་མདོ་དང༌། འཕགས་སེང་གཉིས་ཀྱི་རྣམ་བཤད་སོགས་བསྟན་བཅོས་ཆེན་པོ་རྣམས་ལས་རྒྱ་ཆེར་འབྱུང་ངོ༌། །འདི་དག་གི་དོན་ཇི་བཞིན་རྟོགས་ན་མཁས་དབང་འགའ་ཞིག་གིས་ཉོན་སྒྲིབ་ལ་སྐོར་དགུར་ཕྱེས་ཏེ། ཆེ་སྐོར་གསུམ་སྒོམ་ལམ་ས་གཉིས་པ་ནས་བཞི་པའི་བར་རིམ་གྱིས་སྤོང་བ་དང༌། འབྲིང་སྐོར་གསུམ་དང་ཆུང་སྐོར་གསུམ་གཉིས་དྲིལ་ཏེ་ས་ལྔ་པ་དྲུག་པ་བདུན་པ་གསུམ་དུ་སྤོང་བར་འདོད་པ་སོགས་དྲིལ་སྤོང་བྱེད་པའི་ངལ་བ་དག་ནི་བདེ་བླག་ཉིད་དུ་རྣམ་པར་དབེན་པར་འགྱུར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། མི་ཕམ་ཆོས་རྗེས་སྤྱིར་སྒྲིབ་པ་གཉིས་སྤོང་བའི་རྣམ་གཞག་ལ་བཀའ་བར་པ་ཤེར་ཕྱིན་གྱི་མདོ་གཅིག་གི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟ་ཆེན་པོ་རྣམས་དགོངས་པ་མཐུན་པར་གྱུར་པ་ཉིད་དོ་ཞེས་སྤྱོད་འཇུག་ཤེར་ཊིཀ་དང༌། དབུ་མ་རྒྱན་གྱི་རྣམ་བཤད་གཉིས་ཀར་དམ་བཅས་ཏེ་བསྒྲུབ་པར་མཛད་དོ། །
གསུམ་པ་གཞན་ཡང་རྟོགས་ཚུལ་ནི།
དེ་སོགས་ཤིང་རྟ་ཆེན་པོ་ཡི། །
དགོངས་དོན་མི་ཕམ་ཆོས་རྗེས་བཀྲལ། །
དེ་ཕྱིར་དེ་ཡི་ལེགས་བཤད་ལས། །
གཞུང་ལུགས་རབ་འབྱམས་མཁྱེན་པར་འཚལ། །
ཀུན་བྱང་ཆོས་སུ་གཟུང་བ་གཟུང་རྟོག་དང༌། །
གང་ཟག་རྫས་བཏགས་འཛིན་པ་འཛིན་རྟོག་སྟེ། །
མདོར་ན་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །
སྤང་བྱ་ཀུན་གྱི་རྩ་བ་འདི་དག་ཉིད། །
གཉེན་པོའི་རྩ་བ་གང་ཟག་བདག་མེད་དང༌། །
ཆོས་ཀྱི་བདག་མེད་རྫོགས་པའི་མངོན་རྟོགས་ཏེ། །
མདོར་ན་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །
མུན་པའི་གཉེན་པོ་བདག་མེད་སྟོང་པ་ཉིད། །
བར་གྱི་གསལ་བྱེད་ཚིགས་སུ་བཅད་པའོ། །
ཞེས་སོགས་ཏེ། ཇི་སྐད་བཤད་མ་ཐག་པ་དེ་དག་ལ་སོགས་པ་ཤིང་རྟ་ཆེན་པོའི་དགོངས་དོན་ཕྱིན་ཅི་མ་ལོག་པར་མི་ཕམ་ཆོས་རྗེས་ཇི་བཞིན་བཀྲལ་བར་མཛད་པ་ཉིད་དེ། རྒྱུ་མཚན་དེའི་ཕྱིར་ན་དེའི་ལེགས་པར་བཤད་པ་རྣམས་ལས་གཞུང་ལུགས་རབ་འབྱམས་ཐམས་ཅད་མཁྱེན་པར་འཚལ་ལོ། །
སྐབས་བསྡུ་བ་ནི། མངོན་རྟོགས་རྒྱན་གྱི་དགོངས་པ་ལྟར་ཀུན་ཉོན་དང་རྣམ་བྱང་གི་ཆོས་སུ་གཟུང་བའི་གཟུང་རྟོག་དང༌། གང་ཟག་རྫས་བཏགས་གཉིས་སུ་འཛིན་པ་འཛིན་རྟོག་སྟེ། མདོར་ན་སྤང་བྱ་ཉོན་མོངས་པ་ལ་དབྱེ་ན་ལྟ་བ་དང་ལྟ་མིན་གྱི་རབ་ཏུ་དབྱེ་བ་ཚད་མེད་པ་དང་ཤེས་སྒྲིབ་ལ་ཕྲ་རགས་སོགས་ཡུལ་དུས་རྣམ་པའི་དབྱེ་བ་ཚད་མེད་པའི་སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་ཀུན་གྱི་རྩ་བ་ནི་ཆོས་དང་གང་ཟག་ཏུ་འཛིན་པའི་གཟུང་འཛིན་གྱི་རྟོག་པ་འདི་དག་ཉིད་དོ། །དེ་བཞིན་དུ་གཉེན་པོ་ལམ་ལ་ཡང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་དབྱེ་བ་ཡུལ་དུས་རྣམ་པའི་དབྱེ་བ་ཚད་བཟུང་དུ་མེད་པ་དག་ཀྱང༌། རྩ་བ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་བསྟན་པ་ལྟ་བུའི་གང་ཟག་གི་བདག་མེད་པ་དང༌། བཀའ་བར་པ་ཤེར་ཕྱིན་གྱི་མདོ་ལས་གསུངས་པ་ལྟར་གྱི་ཆོས་ཀྱི་བདག་མེད་རྫོགས་པའི་མངོན་རྟོགས་ཏེ། མདོར་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་གསུངས་པ་ལྟར་སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མུན་པ་མཐའ་དག་འཇོམས་པར་བྱེད་པའི་གཉེན་པོ་ནི་བདག་མེད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་སུ་གྲུབ་བོ། །ཞེས་བར་གྱི་གསལ་བྱེད་དུ་སྨྲོས་པའོ། །
གཉིས་པ་གཉེན་པོའི་ལམ་ལ་བསྟན་བཤད་གཉིས། །དང་པོ་ནི།
དེ་ལྟར་གཉེན་པོ་བདག་མེད་ཀྱི། །
རྟོགས་རིགས་རྫོགས་པའི་ལམ་བདེན་ལ། །
གཉེན་པོའི་ཚུལ་དང་མངོན་རྟོགས་ཀྱི། །
རྣམ་པར་དབྱེ་བ་མདོ་ཙམ་འཆད། །
ཅེས་སོགས་ཏེ། བཤད་མ་ཐག་པ་དེ་ལྟར་གཉེན་པོ་བདག་མེད་ཀྱི་རྟོགས་རིགས་རྫོགས་པའི་ལམ་བདེན་ལ་ཡང༌། གཉེན་པོའི་ངོ་བོ་ངོས་འཛིན་པའི་ཚུལ་དང་འཕགས་གསུམ་གྱི་མངོན་རྟོགས་སོགས་བཞེད་ཚུལ་གྱི་དབྱེ་བ་མདོ་ཙམ་འཆད་པར་བྱའོ། །
གཉེན་པོའི་ཚུལ་དང་དེའི་རང་བཞིན།
གཉིས་པ་རྒྱས་པར་བཤད་པ་ལ་གཉེན་པོའི་ཚུལ་དང་དེའི་རང་བཞིན། །མངོན་རྟོགས་ཁྱད་པར་རྟོགས་རིགས་རྫོགས་ཚུལ་བཞི། །དང་པོ་ལ་ཡང་དགག་བཞག་རྣམ་པ་གཉིས། །དང་པོ་ནི།
ཁ་ཅིག་བདེན་སྟོང་དངོས་མེད་ཙམ། །
རྟོགས་པའི་བློ་གྲོས་ཉན་རང་དང༌། །
ཐུན་མོང་གྱུར་པའི་རྟོགས་རིགས་དེས། །
ཤེས་སྒྲིབ་འཇོམས་པར་སྒྲུབ་མི་ནུས། །
དེ་ཕྱིར་བདེན་སྟོང་དངོས་མེད་ཙམ། །
རྟོགས་པའི་མངོན་རྟོགས་སྲིན་བུའི་མེས། །
ཤེས་སྒྲིབ་མུན་ཆེན་འཇོམས་པ་ཡི། །
གྲོགས་ཤིག་ད་དུང་དགོས་སོ་ལོ། །
དངོས་མེད་མཁྱེན་པའི་རྟོགས་རིགས་ལ། །
ཤེས་སྒྲིབ་འཇོམས་པའི་རང་སྟོབས་མེད། །
གཞན་སྟོབས་གྲོགས་དང་འགྲོགས་མི་སྲིད། །
འགྲོགས་ཀྱང་དེ་ཡིས་ཅི་ཞིག་བགྱི། །
ཞེས་སོགས་ཏེ། དེ་ལ་གཉེན་པོ་མངོན་པར་རྟོགས་པའི་ངོ་བོའི་ཁྱད་པར་ཡང༌། མཁས་པའི་དབང་པོ་ཁ་ཅིག་གིས། གཉེན་པོའི་ཡེ་ཤེས་ནི་བདེན་སྟོང་མེད་དགག་དངོས་མེད་ཙམ་རྟོགས་པའི་བློ་གྲོས་ཉན་རང་འཕགས་པ་དང་ཐུན་མོང་དུ་གྱུར་པའི་རྟོགས་རིགས་ཙམ་གྱིས་ཤེས་སྒྲིབ་འཇོམས་པར་སྒྲུབ་མི་ནུས་པ་དེའི་ཕྱིར་ན། གཉེན་པོའི་ཁྱད་པར་བདེན་སྟོང་མེད་དགག་དངོས་མེད་ཙམ་རྟོགས་པའི་མངོན་རྟོགས་སྲིན་བུའི་མེ་ལྟ་བུ་དེས། སྤང་བྱའི་ཁྱད་པར་ཤེས་སྒྲིབ་ཀྱི་མུན་ཆེན་འཇོམས་པ་ཡི་གྲོགས་ལ་ཚོགས་མཐའ་ཡས་པས་བརྒྱན་པ་ཞིག་ད་དུང་དགོས་སོ་ཞེས་འཆད་པར་མཛད་དོ། །དེ་ལྟར་ན་བདེན་སྟོང་དངོས་མེད་ཙམ་མཁྱེན་པའི་རྟོགས་རིགས་ལ་ཤེས་སྒྲིབ་འཇོམས་པའི་རང་སྟོབས་མེད་པར་ཁས་བླངས་དང་ཚད་མ་གཉིས་ཀས་ཀྱང་གྲུབ་ཅིང༌། གཞན་སྟོབས་ཀྱི་གྲོགས་དང་འགྲོགས་པར་མི་སྲིད་ཅིང་གལ་ཏེ་འགྲོགས་ཀྱང༌། དེ་རང་ངོས་ནས་སྤང་བྱ་སྤོང་བ་སོགས་ཀྱི་བྱ་བ་ཅི་ཞིག་བགྱི་སྟེ་འཆད་པར་དཀའ་བར་མཁས་དབང་གཞན་དག་རྣམས་ཀྱིས་གསུངས་སོ། །
གཉིས་པ་བཞག་པ་ནི།
ཐུན་མོང་སྟོང་ཉིད་རྣམ་གྲངས་ཙམ། །
རྟོགས་ཀྱང་ཤེས་སྒྲིབ་དངོས་གཉེན་མིན། །
ཐུན་མིན་ཤེས་སྒྲིབ་དངོས་གཉེན་ནི། །
རྣམ་གྲངས་མིན་པའི་མངོན་རྟོགས་ལགས། །
ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས། །
འཁྲུངས་པའི་མངོན་རྟོགས་ཉིན་བྱེད་དབང༌། །
གང་དུ་འཆར་ཚེ་གཞན་གྲོགས་ལ། །
ལྟོས་མེད་ཉིད་དུ་རྨོངས་མུན་འཇོམས། །
ཞེས་སོགས་ཏེ། དེས་ན་རང་ལུགས་ལ་ཉན་རང་དང་ཐུན་མོང་དུ་གྱུར་པའི་གང་ཟག་གི་བདག་མེད་རྣམ་གྲངས་པ་ཙམ་ཕྲ་བ་ནས་རྟོགས་ཀྱང་ཉོན་སྒྲིབ་ཙམ་ལས་ཤེས་སྒྲིབ་སྤོང་བའི་དངོས་གཉེན་དུ་གྱུར་པ་མིན་ཅིང༌། ཐེག་ཆེན་ཐུན་མིན་གྱི་སྤང་བྱའི་རང་བཞིན་ཤེས་སྒྲིབ་སྤོང་བའི་དངོས་གཉེན་ནི། བདག་མེད་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་ཕྲ་བ་ནས་རྟོགས་པའི་མངོན་རྟོགས་ལགས་ཤིང༌། དེ་ལྟ་བུའི་མངོན་རྟོགས་ཁྱད་པར་ཅན་དེ་ནི། ཚོགས་སྦྱོར་གཉིས་སུ་གྲངས་མེད་དང་པོར་གྱུར་པའི་ཚོགས་གཉིས་ཟུང་དུ་འབྲེལ་བའི་ཆུ་གཏེར་ཆེན་པོ་ལྟ་བུ་ཡོངས་སུ་བསྲུབ་པར་མཛད་པ་ལས། མཐོང་ལམ་ས་དང་པོ་སོགས་ཀྱི་རྟོགས་པ་ཡོངས་སུ་འཁྲུངས་པར་གྱུར་པའི་མངོན་རྟོགས་ཁྱད་པར་ཅན་དུ་གྱུར་པ་ཉིན་བྱེད་དབང་པོ་ལྟ་བུ་བྱང་སེམས་འཕགས་པའི་ཐུགས་རྒྱུད་གང་དུ་འཆར་ཚེ། དེ་ལས་གཞན་གསར་དུ་གྲོགས་གཞན་ལ་ལྟོས་མེད་ཉིད་དུ། ས་རང་རང་གི་ངོ་སྐལ་གྱི་རྨོངས་མུན་མཐའ་དག་རྩད་ནས་འཇོམས་པར་ནུས་སོ། །
གཉིས་པ་དེའི་རང་བཞིན་ལ་མདོར་བསྟན་དང་ནི་རྒྱས་བཤད་གཉིས། །དང་པོ་ནི།
དེ་ལྟར་གཉེན་པོ་ལམ་བདེན་གྱི། །
མངོན་པར་རྟོགས་པའི་རིམ་པ་ལ། །
འཕགས་ལམ་མཉམ་བཞག་རྗེས་ཐོབ་ཀྱི། །
རྣམ་པར་དབྱེ་བ་རྣམ་པ་གཉིས། །
ཞེས་གསུངས་ཏེ། དེ་ལྟ་བུའི་གཉེན་པོ་ལམ་བདེན་གྱིས་བསྡུས་པའི་མངོན་པར་རྟོགས་པ་ལམ་གྱི་རིམ་པ་ལ་ཡང༌། འཕགས་ལམ་མཉམ་བཞག་གི་རང་བཞིན་གྱུར་པ་དང༌། དེའི་རྗེས་ཐོབ་ཀྱི་རྣམ་པར་དབྱེ་བ་སྟེ་གཉིས་སུ་ཡོད་པའོ། །
སྤྱི་དོན་མཉམ་རྗེས་རབ་དབྱེ།
གཉིས་པ་རྒྱས་བཤད་ལ་སྤྱི་དོན་མཉམ་རྗེས་རབ་དབྱེ་དང༌། །སྐབས་དོན་མཉམ་བཞག་རང་བཞིན་རྒྱས་པར་བཤད། །འཕྲོས་དོན་སྣང་བཅས་སྣང་མེད་ཤན་འབྱེད་གསུམ། །དང་པོ་ནི།
མཉམ་བཞག་ལ་ཡང་སྣང་བཅས་དང༌། །
སྣང་བ་མེད་པའི་ཏིང་འཛིན་གཉིས། །
དེ་བཞིན་རྗེས་ཐོབ་འཇིག་རྟེན་དང༌། །
འཇིག་རྟེན་འདས་པའི་རྗེས་ཐོབ་ཡོད། །
ཅེས་སོགས་ཏེ། དེ་ལ་སྤྱིར་མདོ་དང་བསྟན་བཅོས་ཆེན་པོ་ལས་བྱུང་བ་ལྟར། འཕགས་ལམ་མཉམ་བཞག་གི་ཁྱད་པར་ལ་ཡང་སྣང་བཅས་རྣལ་འབྱོར་མངོན་སུམ་དང༌། སྣང་མེད་རྣལ་འབྱོར་མངོན་སུམ་གྱི་ཏིང་ངེ་འཛིན་དང་གཉིས་སུ་ཡོད་ལ། དེ་བཞིན་དུ་རྗེས་ཐོབ་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྗེས་ཐོབ་གཉིས་སུ་ཡོད་པའོ། །
སྐབས་དོན་མཉམ་བཞག་རང་བཞིན་རྒྱས་པར་བཤད་པ།
གཉིས་པ་སྐབས་དོན་མཉམ་བཞག་རང་བཞིན་རྒྱས་བཤད་ལ་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ་ནི།
མཉམ་བཞག་རང་བཞིན་གཞན་དག་རྣམས། །
ཡུལ་ནི་བདེན་སྟོང་དངོས་མེད་ཅིང༌། །
ཡུལ་ཅན་སེམས་ཀྱི་དངོས་པོ་ཡིས། །
འཛིན་སྟངས་བཅས་ཏེ་སྒོམ་པར་སྨྲ། །
དེ་འདྲ་ཚུར་མཐོང་ཚད་མ་ཡི། །
གོ་དོན་ལགས་ཀྱི་འཕགས་ཆེན་གྱི། །
མཉམ་བཞག་རྣམ་པར་མི་རྟོག་པའི། །
ཡེ་ཤེས་ཟབ་མོའི་ཕྱོགས་ཙམ་མིན། །
རང་བཞེད་མཉམ་བཞག་ཡེ་ཤེས་ངོར། །
སྣང་བ་མེད་ཅིང་རྣམ་རིག་མེད། །
ཡེ་ཤེས་སྣང་བ་བསམ་མི་ཁྱབ། །
ཟབ་ཞི་སྤྲོས་བྲལ་འོད་གསལ་བའི། །
ངོ་བོ་དབྱིངས་དང་ཡེ་ཤེས་ཆེ། །
དབྱེར་མེད་དོན་གྱི་ཡེ་ཤེས་མཆོག །
དེ་ལ་ཡུལ་དང་ཡུལ་ཅན་དུ། །
ཐ་དད་བློ་ཡིས་བཏགས་ཙམ་ཉིད། །
ཅེས་སོགས་ཏེ། འཕགས་ལམ་མཉམ་བཞག་གི་རང་བཞིན་ལ་ཡང༌། མཁས་པའི་དབང་པོ་གཞན་དག་རྣམས་ནི། ཡུལ་གྱི་ཁྱད་པར་བདེན་སྟོང་དངོས་མེད་ཙམ་ཞིག ཡུལ་ཅན་སེམས་དངོས་པོར་གྱུར་པ་ཡིས་འཛིན་སྟངས་དང་བཅས་ཏེ་དོན་དམ་སྟོང་པ་ཉིད་སྒོམ་པར་སྨྲའོ། །དེ་ལྟར་དོན་དམ་སྟོང་ཉིད་སྒོམ་ཚུལ་གྱི་མཉམ་བཞག་དེ་འདྲ་བ་ནི་ཚུར་མཐོང་ཚད་མའི་ལུགས་ཀྱི་བདག་མེད་སྒོམ་ཚུལ་ཙམ་གྱི་གོ་དོན་ལགས་ཀྱི། བྱང་སེམས་འཕགས་པ་ས་ཆེན་པོ་ལ་གནས་པ་རྣམས་ཀྱི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟབ་མོའི་ཕྱོགས་ཙམ་དུ་ཡང་གྱུར་པ་མིན་ཚུལ་བརྒལ་ལན་སོགས་ལས་གསུངས་པ་ལྟར་རོ། །རང་བཞེད་ནི་དོན་དམ་སྟོང་ཉིད་ལ་མཉམ་པར་བཞག་པའི་ཡེ་ཤེས་ཆེན་པོའི་ངོར། མདོ་ལས། སྣང་བ་མེད་ཅིང་རྣམ་རིག་མེད། །ཡེ་ཤེས་སྣང་བ་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར། ཡུལ་གཟུང་བ་གཟུགས་སོགས་ཀྱི་སྣང་བ་མེད་ཅིང༌། ཡུལ་ཅན་འཛིན་པ་མིག་ཤེས་སོགས་ཀྱི་རྣམ་པར་རིག་པ་མེད་ཀྱང༌། དོན་དམ་སྟོང་པ་ཆེན་པོའི་གནས་ལུགས་ཟབ་མོ་ཇི་བཞིན་མཐོང་བའི་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཟབ་ཞི་སྤྲོས་བྲལ་འོད་གསལ་བའི་ངོ་བོ་དབྱིངས་སྟོང་པ་ཆེན་པོ་ཆོས་ཀྱི་དབྱིངས་དང་དེའི་རང་མདངས་འོད་གསལ་བའི་ཡེ་ཤེས་དབྱེར་མེད་ཆེན་པོ་གནས་ལུགས་དོན་གྱི་ཡེ་ཤེས་མཆོག་གི་དགོངས་པ་རྩེ་གཅིག་ཏུ་མཉམ་པར་བཞག་པའོ། །དེ་ལ་སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་ཞེས་སོགས་ཀྱིས། བརྡའི་ཤེས་པའི་ཡན་ལག་ཙམ་དུ་ཡུལ་དང་ཡུལ་ཅན་ཐ་དད་ལྟ་བུར་བློ་ཡིས་བཏགས་ཏེ་སྟོན་པར་མཛད་པ་ཉིད་དོ། །
གཉིས་པ་རྒྱས་བཤད་ལ་ཡུལ་དང་ཡུལ་ཅན་ཤན་འབྱེད་དང༌། །བྲལ་བྱ་དང་ནི་རྣམ་པའི་འཛིན་སྟངས་བཞི། །དང་པོ་ནི།
ཡུལ་གྱི་ཁྱད་པར་བདེན་སྟོང་ཙམ། །
མཉམ་བཞག་ཡུལ་དུ་གཞན་དག་སྨྲ། །
བདེན་མེད་རྣམ་གྲངས་རྣམ་ཤེས་ལས། །
ཡེ་ཤེས་ཟབ་མོའི་ཡུལ་མ་ལགས། །
སོ་སོར་རང་རིག་ཡེ་ཤེས་ཀྱི། །
སྤྱོད་ཡུལ་ཐུན་མོང་མ་ཡིན་པའི། །
དོན་དམ་རང་བཞིན་རྣམ་དག་ཆེ། །
སྨྲ་བསམ་བརྗོད་བྲལ་རྒྱལ་ཡུམ་མཆོག །
ཅེས་སོགས་ཏེ། དེ་དག་གི་ཚུལ་རྣམས་ཅུང་ཟད་སྤྲོས་ན། དོན་དམ་སྟོང་ཉིད་ལ་མཉམ་པར་བཞག་པའི་སྐབས་སུ་ཡུལ་གྱི་ཁྱད་པར་བདེན་སྟོང་དངོས་མེད་ཙམ་ཞིག་འཕགས་ལམ་མཉམ་བཞག་གི་ཡུལ་དུ་བྱས་ཏེ་བསྒོམ་དགོས་ཀྱི། དེ་ལྟར་མིན་ན་ཧྭ་ཤང་གི་ལྟ་བ་སྒོམ་པར་འགྱུར་རོ་ཞེས་གཞན་དག་རྣམས་སྨྲ་བར་མཛད་ཀྱང༌། དེ་ལ་ཡུལ་བདེན་མེད་རྣམ་གྲངས་པའི་དོན་དམ་དེ་ནི་གནས་སྐབས་རྣམ་ཤེས་ཀྱི་སྤྱོད་ཡུལ་ཙམ་ལས། བྱང་སེམས་འཕགས་པའི་མཉམ་བཞག་ཡེ་ཤེས་ཟབ་མོའི་སྤྱོད་ཡུལ་ཁྱད་པར་ཅན་དུ་གྱུར་པ་མ་ལགས་ཏེ། དཔེར་ན་འཁོར་བསྒྱུར་གྱི་ཁྲི་ལ་མུ་ལྟོ་བ་གནས་པའི་གོ་སྐབས་མི་རྙེད་པ་ལྟར། དོན་དམ་རྣམ་གྲངས་ཙམ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་རུང་བའི་གོ་སྐབས་མི་རྙེད་པར་གསུངས་པ་བཞིན་ནོ། །དེས་ན་རང་ལུགས་ནི། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་མོ་ནི། ཉན་རང་དང་ཐུན་མོང་མ་ཡིན་པའི་དོན་དམ་རང་བཞིན་རྣམ་དག་ཆེན་པོ་སྨྲ་བསམ་བརྗོད་བྲལ་དུས་གསུམ་རྒྱལ་བའི་ཡུམ་མཆོག་རྣམ་གྲངས་མིན་པའི་དོན་དམ་ཉིད་དུ་གྱུར་པ་ལགས་སོ། །
གཉིས་པ་ཡུལ་ཅན་ཤན་འབྱེད་ནི།
ཡུལ་ཅན་གཉིས་བཅས་སེམས་ཤིག་ལ། །
ཡེ་ཤེས་ཉིད་ཅེས་གཞན་དག་སྨྲ། །
བློ་རིག་ཤེས་གསུམ་དོན་གཅིག་ཅེས། །
བསྡུས་ཚན་ཙམ་ཞིག་མཁྱེན་པར་ཟད། །
རང་བཞེད་འཕགས་པའི་ཡེ་ཤེས་ནི། །
སེམས་ལ་སེམས་མ་མཆིས་པ་ཡི། །
རང་བཞིན་འོད་གསལ་ཆེན་པོ་སྟེ། །
སོ་སོ་རང་རིག་ཡེ་ཤེས་ལགས། །
སེམས་ནི་གཟུང་འཛིན་གཉིས་བཅས་བློ། །
དེ་འདྲ་ཚུར་མཐོང་ཚད་མར་ཟད། །
ཡེ་ཤེས་གཉིས་མེད་འོད་གསལ་ཆེ། །
དག་པའི་གཟིགས་པ་ཚད་མ་ལགས། །
དོན་དམ་བློ་ཡི་སྤྱོད་ཡུལ་མིན། །
རང་རིག་ཡེ་ཤེས་སྤྱོད་ཡུལ་ཞེས། །
མདོ་ཡི་སྒྲ་དོན་ཇི་བཞིན་དུ། །
སེམས་རིག་ཤན་འབྱེད་མཁས་པའི་ལུགས། །
ཞེས་སོགས་ཏེ། དེ་བཞིན་དུ་ཡུལ་ཅན་གྱི་ཁྱད་པར་ལ་ཡང༌། ཐེག་པ་འོག་མའི་གྲུབ་མཐའི་འདོད་ཚུལ་ལྟར་ཡུལ་ཡུལ་ཅན་གཉིས་ཐ་དད་གཟུང་འཛིན་དང་བཅས་པའི་སེམས་རྣམ་ཤེས་ཀྱི་བདག་ཉིད་དུ་གྱུར་པ་ཞིག་ལ་གཟུང་འཛིན་གཉིས་སྣང་མེད་པའི་ཡེ་ཤེས་ཉིད་དོ་ཞེས་མཁས་དབང་གཞན་དག་རྣམས་ཀྱིས་སྨྲ་བར་མཛད་དོ། །ཚུལ་དེ་དག་གིས་ནི་བློ་རིག་ཤེས་གསུམ་དོན་གཅིག་ཅེས་བསྡུས་མཚན་གྱི་གོ་ཡུལ་ཙམ་ཞིག་མཁྱེན་པར་ཟད་དོ། །དེས་ན་རང་བཞེད་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཟབ་མོ་ནི། ཤེར་ཕྱིན་གྱི་ལམ་ཤེས་ཀྱི་མདོའི་སྐབས་སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ལྟར། སེམས་ལ་སེམས་མ་མཆིས་པའི་སྟོང་པ་ཆེན་པོ་ཆོས་ཀྱི་དབྱིངས་རང་མདངས་སུ་གྱུར་པ་སེམས་ཀྱི་རང་བཞིན་འོད་གསལ་བའི་བདག་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་སུ་གྱུར་པ་ལགས་སོ། །དེ་ལ་སེམས་ཞེས་པ་ནི་གཟུང་འཛིན་གཉིས་བཅས་ཀྱི་བློའམ་སེམས་རྣམ་པར་ཤེས་པའི་ཕུང་པོ་ཞེས་བརྗོད་ཅིང༌། དེ་འདྲའི་བློ་ལ་ཡེ་ཤེས་སོགས་ཀྱི་མིང་ཅི་བཏགས་ཀྱང་ཚུར་མཐོང་ཚད་མ་ཙམ་དུ་ཟད་ཅིང༌། སོ་སོ་རང་རིག་པའི་ཡེ་ཤེས་ཟབ་མོ་ནི། གཟུང་འཛིན་གཉིས་སུ་མེད་པའི་བདག་ཉིད་རང་བཞིན་འོད་གསལ་ཆེན་པོ་དག་པའི་གཟིགས་པ་ཚད་མའི་ངོ་བོར་གྱུར་པ་ལགས་སོ། །དེ་ལྟར་ན་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཞེས་དང་སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་ཞེས་སྟོང་ཉིད་ཟབ་མོ་བློ་ཡི་སྤྱོད་ཡུལ་དུ་གྱུར་པ་མིན་ཞིང༌། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པར་བསྟན་པ་དང༌། དབུ་མའི་བསྟན་བཅོས་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་དང༌། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། རྒྱན་ལས་ཀྱང༌། མཐོང་བ་ལ་སོགས་བཀག་པའི་ཕྱིར། །དེ་ནི་རྟོགས་པར་དཀའ་བར་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་སོགས་ཀྱིས་བློའི་སྤྱོད་ཡུལ་མིན་པར་བསྟན་པ་དང༌། ཡང་དག་མཐོང་ཡུལ་གང་དེ་དོན་དམ་སྟེ་སོགས་ཀྱིས་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟན་པ་སོགས་ཀྱི་མདོ་དང་བསྟན་བཅོས་ཆེན་པོའི་སྒྲ་དོན་ཇི་ལྟ་བ་བཞིན་དུ་ཁྱད་པར་གང་ཡང་སྦྱར་མི་དགོས་པར། སེམས་རིག་ཤན་འབྱེད་པའི་སྒོ་ནས་ཐད་ཀར་འཆད་ཆོག་པ་ནི་བསྟན་བཅོས་ཆེན་པོའི་བརྡའ་དང་ཐ་སྙད་ལ་མ་རྨོངས་པ་སྔ་རབས་མཁས་པའི་ལུགས་སུ་སྣང་ངོ༌། །
གསུམ་པ་བྲལ་བྱ་ནི།
ངོ་བོ་སྒྲ་དོན་འདྲེས་འཛིན་གྱི། །
རྟོག་བྲལ་ཙམ་དུ་གཞན་དག་འཆད། །
དེ་འདྲ་རྟོག་མེད་ཤེས་པའི་ཆོས། །
ཀུན་ལ་ཡོད་ཀྱི་ཐུན་མིན་མིན། །
མཉམ་བཞག་མི་རྟོག་ཡེ་ཤེས་ནི། །
ཐུན་མོང་རྟོག་བྲལ་རྣམ་ལྔ་དང༌། །
མ་འདྲེས་ཐུན་མིན་མི་རྟོག་པའི། །
མཚན་ཉིད་ཅན་དུ་མདོ་ལས་གསུངས། །
ཞེས་སོགས་ཏེ། འཕགས་ལམ་མཉམ་བཞག་གི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བྲལ་བྱ་རྟོག་པའི་ཁྱད་པར་ཡང༌། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་བ་ཙམ་གྱི་སྒོ་ནས་རྟོག་བྲལ་འཕགས་པའི་ཡེ་ཤེས་སུ་མཁས་དབང་གཞན་དག་རྣམས་ཀྱིས་འཆད་པར་མཛད་ཀྱང༌། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་ཙམ་གྱི་རྟོག་བྲལ་དུ་འཇོག་པའི་ཁྱད་པར་དེ་འདྲ་ནི། མིག་ཤེས་སོགས་རྟོག་མེད་མངོན་སུམ་གྱི་ཤེས་པའི་ཆོས་ཀུན་ལ་ཡོད་ཀྱི། རྟོག་བྲལ་འཕགས་པའི་ཡེ་ཤེས་ཀྱི་ཁྱད་ཆོས་ཐུན་མིན་དུ་གྱུར་པ་མིན་ནོ། །དེས་ན་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟབ་མོ་ནི། སྒྲ་དོན་འདྲེས་འཛིན་གྱི་རྟོག་བྲལ་སོགས་ཐུན་མོང་བའི་རྟོག་བྲལ་རྣམ་པ་ལྔ་དང་མ་འདྲེས་པའི་སྒོ་ནས་ཐུན་མོང་མིན་པར་གྱུར་པའི་རྟོག་བྲལ་འཕགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་དུ། ཐེག་པ་ཆེན་པོའི་མདོ་ལས་གསུངས་ཤིང༌། མདོའི་དགོངས་པ་ལྟར་རྒྱལ་ཚབ་མ་ཕམ་ཆོས་རྗེས་ཀྱང༌། ཡིད་ལ་མི་བྱེད་ཡང་དག་འདས། །ཉེ་བར་ཞི་དང་ངོ་བོའི་དོན། །མངོན་རྟགས་འཛིན་པ་རྣམ་པ་ལྔ༌། །བྲལ་བ་རང་གི་མཚན་ཉིད་དོ། །ཞེས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཡིད་ལ་མི་བྱེད་པའི་རྟོག་བྲལ་ཙམ་དང༌། བསམ་གཏན་གཉིས་པ་ལྟར་རྟོག་དཔྱོད་ཀྱི་རྟོག་པ་ལས་ཡང་དག་པར་འདས་པའི་རྟོག་བྲལ་དང༌། གཉིད་ལོག་པ་དང་བརྒྱལ་བ་ལ་སོགས་པ་ལྟར་སེམས་སེམས་བྱུང་གི་རྟོག་པ་རེ་ཞིག་ཉེ་བར་ཞི་བའི་རྟོག་བྲལ་དང༌། ངོ་བོ་ཉིད་རྟོག་ཙམ་གྱི་རྟོག་པ་དང་བྲལ་བའི་རྟོག་བྲལ་དང༌། ཅིར་ཡང་མི་རྟོག་པར་མངོན་རྟགས་སུ་འཛིན་པའི་རྟོག་བྲལ་ཏེ། དེ་ལྟ་བུའི་རྟོག་བྲལ་ལྔ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ལྟར་རོ། །
བཞི་པ་རྣམ་པའི་འཛིན་སྟངས་ནི།
རྣམ་པའི་འཛིན་སྟངས་ཡོད་མེད་དོན། །
གཞན་དག་མཐའ་གཅིག་འཛིན་སྟངས་ཅན། །
མེད་པའི་འཛིན་སྟངས་བཅས་བཞིན་དུ། །
གཟུང་འཛིན་མཐའ་དག་ནུབ་ཅེས་སྨྲ། །
རང་བཞེད་དོན་དམ་རྣམ་གྲངས་ཙམ། །
སྒོམ་པའི་བློ་དེ་འཛིན་སྟངས་ཅན། །
རྣམ་གྲངས་མིན་པའི་མངོན་རྟོགས་ཆེར། །
འཛིན་སྟངས་རྣམ་པ་ཀུན་བྲལ་ལགས། །
ཞེས་སོགས་ཏེ། གཞན་ཡང་འཕགས་ལམ་མཉམ་བཞག་གི་ཡེ་ཤེས་ལ་འཛིན་སྟངས་ཡོད་མེད་ཀྱི་ཁྱད་པར་ཡང༌། མཁས་པའི་དབང་པོ་གཞན་དག་ནི། མཐའ་གཅིག་ཏུ་འཛིན་སྟངས་ཅན་དུ་བཞེད་དེ། དེ་ཡང་སྟོང་ཉིད་ལ་མཉམ་པར་བཞག་པའི་ཡེ་ཤེས་ཀྱིས་ཡུལ་བདེན་མེད་སྟོང་ཉིད་ལ་མེད་འཛིན་གྱི་སྒོ་ནས་མེད་པའི་འཛིན་སྟངས་བཅས་བཞིན་དུ་གཟུང་འཛིན་གཉིས་སྣང་མཐའ་དག་ནུབ་པའི་སྒོ་ནས་མཉམ་བཞག་སྣང་མེད་དུ་གྱུར་པ་ཡིན་ནོ་ཞེས་སྨྲ་བར་མཛད་དོ། །རང་བཞེད་ནི་མཐུན་པའི་དོན་དམ་རྣམ་གྲངས་པ་ཙམ་ཞིག་ལས་དང་པོ་པས་སྒོམ་པའི་བློ་དེ་འཛིན་སྟངས་ཅན་དུ་བསྒོམ་པ་ལས་འོས་མེད་ཀྱང༌། རྣམ་གྲངས་མ་ཡིན་པའི་དོམ་དམ་སྒོམ་པའི་མངོན་རྟོགས་ལ་ནི་འཛིན་སྟངས་རྣམ་པ་ཀུན་དང་བྲལ་བར་བསྟན་པ་ལགས་སོ། །
གསུམ་པ་དོན་བསྡུ་བ་ནི།
གཟུང་འཛིན་གཉིས་སྣང་བྲལ་ཚུལ་ལ། །
གཞན་དག་ཡུལ་དང་ཡུལ་ཅན་གཉིས། །
ཡོད་ཀྱང་བློ་ཡིས་མ་བཟུང་ཙམ། །
གཉིས་སྣང་མེད་པའི་དོན་དུ་འཆད། །
ད་དུང་ཡུལ་དང་ཡུལ་ཅན་གཉིས། །
དབྱེར་མེད་ཆུ་ལ་ཆུ་བཞག་ཟེར། །
གནས་སྣང་མི་མཐུན་ལོག་ཤེས་ཀྱི། །
མཉམ་བཞག་དེ་འདྲ་ངོ་མཚར་གནས། །
དེས་ན་མཉམ་བཞག་ཡེ་ཤེས་ངོར། །
གཟུང་འཛིན་མཐའ་དག་དབྱིངས་སུ་ནུབ། །
ཀུན་རྫོབ་སྤྲོས་ཆོས་ལས་འདས་དབྱིངས། །
དོན་དམ་འོད་གསལ་ཆེན་པོར་གནས། །
རྗེས་ཐོབ་གཟུང་འཛིན་སྣང་བ་དང༌། །
རྣམ་རིག་དབྱིངས་སུ་ནུབ་པའི་མོད། །
སེམས་ལ་སེམས་མ་མཆིས་པ་ཡི། །
རང་མདངས་འོད་གསལ་མངོན་དུ་གྱུར། །
སྣང་དང་རྣམ་རིག་ལས་འདས་ཀྱང༌། །
སེམས་མེད་གནས་སྐབས་དེ་འདྲ་མིན། །
ཟབ་ཞི་རྡུལ་བྲལ་འོད་གསལ་བའི། །
ཡེ་ཤེས་སྣང་བ་བསམ་མི་ཁྱབ། །
ཅེས་སོགས་ཏེ། མདོར་བསྡུ་ན། འཕགས་ལམ་མཉམ་བཞག་ཡེ་ཤེས་ཀྱི་ངོ་བོར་གཟུང་འཛིན་གཉིས་སྣང་དང་བྲལ་བར་བཞེད་ཚུལ་གྱི་ཁྱད་པར་ལ། མཁས་དབང་གཞན་དག་རྣམས་ནི་ཡུལ་གྱི་གནས་ཚོད་ལ་ཡུལ་དང་ཡུལ་ཅན་གཉིས་སུ་ཡོད་ཀྱང༌། ཡུལ་ཅན་གྱི་བློས་གཉིས་སུ་མ་བཟུང་བ་ཙམ་གྱི་སྒོ་ནས། གཟུང་འཛིན་གཉིས་སྣང་མེད་པའི་དོན་དུ་འཆད་ཅིང་ད་དུང་མཉམ་བཞག་སྣང་མེད་ཀྱི་ངོར་ཡུལ་དང་ཡུལ་ཅན་གཉིས་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟ་བུའོ་ཞེས་འཆད་དོ། །ཚུལ་དེ་ནི་ཡུལ་གྱི་གནས་ཚུལ་དང་ཡུལ་ཅན་ལ་སྣང་ཚུལ་མི་མཐུན་པའི་ལོག་ཤེས་སུ་གྱུར་པའི་མཉམ་བཞག་དེ་འདྲ་མི་འཐད་པའི་ཚུལ་རབ་གསལ་བརྒལ་ལན་སོགས་སུ་གསུངས་སོ། །རྒྱུ་མཚན་དེ་ལྟ་བུས་ན་སྟོང་ཉིད་དོན་དམ་བདེན་པ་མངོན་སུམ་དུ་གཟིགས་པའི་མཉམ་བཞག་ཡེ་ཤེས་ཆེན་པོའི་ངོར་གཟུང་འཛིན་མཚན་མའི་སྤྲོས་པ་མཐའ་དག་དབྱིངས་སུ་ནུབ་ཅིང༌། ཀུན་རྫོབ་སྤྲོས་ཆོས་ཐམས་ཅད་ལས་འདས་པའི་དབྱིངས་དོན་དམ་མཐའ་བྲལ་གྱི་གནས་ལུགས་རང་མདངས་འོད་གསལ་ཆེན་པོའི་དགོངས་པ་མངོན་དུ་གྱུར་པའི་ངོ་བོར་གནས་པ་སྟེ། དེའི་སྐབས་སུ་མདོ་དང་བསྟན་བཅོས་ཆེན་པོ་ལས་བྱུང་བ་ལྟར་རྗེས་ཐོབ་གཟུང་འཛིན་གྱིས་བསྡུས་པའི་གཟུང་བ་ཡུལ་གྱི་རང་བཞིན་འགྲོ་དྲུག་འཁྲུལ་བའི་སྣང་བ་དང༌། འཛིན་པ་སེམས་ཀྱི་རང་བཞིན་རྟོག་ཚོགས་འཁྲུལ་པའི་རྣམ་རིག་དབྱིངས་སུ་ནུབ་པའི་མོད་ལ། སེམས་ལ་སེམས་མ་མཆིས་པའི་ཆོས་དབྱིངས་སྟོང་པ་ཆེན་པོའི་རང་མདངས་སེམས་ཀྱི་རང་བཞིན་འོད་གསལ་ཆེན་པོ་སོ་སོ་རང་རིག་ཡེ་ཤེས་མངོན་དུ་གྱུར་པའོ། །དེ་ལྟར་སྣང་བ་དང་རྣམ་རིག་ཐམས་ཅད་ལས་འདས་པར་གྱུར་ཀྱང༌། གཉིད་འཐུག་དང་བརྒྱལ་བ་ལྟ་བུའི་སེམས་མེད་ཀྱི་གནས་སྐབས་དེ་འདྲ་བ་ཞིག་ཀྱང་མ་ཡིན་ཏེ། ཡུལ་ཅན་གྱི་ངོས་ནས་མཐོང་བ་ལ་སོགས་བཀག་པའི་ཕྱིར། དེ་ནི་རྟོགས་པར་དཀའ་བར་བཤད་ཅེས་གསུངས་པ་ལྟར། བློས་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ལུགས་ཟབ་མོ། ཡུལ་གྱི་ངོས་ནས་གཟུགས་ལ་སོགས་པར་མི་ཤེས་ཕྱིར། དེ་ནི་བསམ་མི་ཁྱབ་པར་འདོད་ཅེས་གསུངས་པ་ལྟར་ངོ་བོ་སྟོང་པའི་ཆ་ནས་དམིགས་མཚན་གྱི་སྤྲོས་མཐའ་རབ་ཏུ་ཞི་བའི་རྡུལ་བྲལ་ཆེན་པོ། རང་བཞིན་འོད་གསལ་བའི་ཆ་ནས་ནང་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཆེན་པོ་མངོན་དུ་གྱུར་པ་ཉིད་དོ། །
འཕྲོས་དོན་སྣང་བཅས་སྣང་མེད་ཤན་འབྱེད།
གསུམ་པ་འཕྲོས་དོན་སྣང་བཅས་སྣང་མེད་ཤན་འབྱེད་ལ་འཕྲོས་དོན་རབ་དབྱེ་སྤྱིར་བསྟན་དང༌། །དེ་དག་གྲུབ་མཐའི་བཞེད་ཚུལ་ཤན་འབྱེད་དང༌། །སྣང་དང་སྣང་མེད་རང་བཞིན་རྒྱས་བཤད་གསུམ། །དང་པོ་ནི།
དེ་ལ་འཕགས་ལམ་མཉམ་བཞག་ལ། །
སྣང་བཅས་སྣང་མེད་ཏིང་འཛིན་གཉིས། །
མཉམ་བཞག་སྣང་བཅས་རྣལ་མངོན་ལ། །
རྗེས་ཐོབ་སྣང་བཅས་ཏིང་འཛིན་བཞེད། །
ཅེས་སོགས་ཏེ། དེ་ལ་སྤྱིར་འཕགས་ལམ་མཉམ་བཞག་གི་རང་བཞིན་ལ་ཡང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་མཉམ་བཞག་སྣང་བཅས་ཀྱི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བསྡུས་པའི་མཉམ་བཞག་སྣང་མེད་ཀྱི་ཏིང་ངེ་འཛིན་དང་གཉིས་སུ་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་གསུངས་ཤིང༌། མཉམ་བཞག་སྣང་བཅས་ཀྱི་ཏིང་ངེ་འཛིན་ལ་ཀུན་རྫོབ་ཡུལ་དུ་བྱེད་པའི་ཆ་ནས་རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་དུ་ཡང་བཞེད་དོ། །
གཉིས་པ་དེ་དག་གྲུབ་མཐའི་བཞེད་ཚུལ་ཤན་འབྱེད་ནི།
དེ་ལ་དབུ་མ་རང་རྒྱུད་པས། །
འཕགས་ལམ་མཉམ་བཞག་སྣང་བཅས་དང༌། །
སྣང་མེད་འདོད་པ་ཐལ་འགྱུར་ཞེས། །
རྒྱུ་མཚན་མེད་པར་གཞན་དག་སྨྲ། །
སྔ་རབས་མཁས་པའི་གཞུང་ལུགས་ལས། །
དབུ་མ་ཐལ་རང་གཉིས་ཀས་ཀྱང༌། །
སྣང་བཅས་སྣང་བ་མེད་པ་ཡི། །
ཏིང་འཛིན་གཉིས་ཀ་བཞེད་པར་འཆད། །
ཅེས་སོགས་ཏེ། མཉམ་བཞག་སྣང་བཅས་སྣང་མེད་དེ་ལ་ཡང༌། དབུ་མ་རང་རྒྱུད་པའི་ལུགས་ཀྱི་འཕགས་ལམ་མཉམ་བཞག་སྣང་བཅས་སུ་འདོད་པ་དང༌། སྣང་མེད་དུ་འདོད་པ་ཐལ་འགྱུར་པའི་ལུགས་ཡིན་ནོ་ཞེས་རྒྱུ་མཚན་མེད་པར་གཞན་དག་རྣམས་སྨྲ་བར་མཛད་ཀྱང༌། སྔ་རབས་མཁས་པའི་གཞུང་ལུགས་ལས། དབུ་མ་ཆེན་པོ་ཐལ་འགྱུར་པ་དང་རང་རྒྱུད་པ་གཉིས་ཀའི་ལུགས་ལ་ཡང༌། རྗེས་ཐོབ་སྣང་བཅས་དང་མཉམ་བཞག་སྣང་བ་མེད་པའི་ཏིང་ངེ་འཛིན་གཉིས་ཀ་བཞེད་པ་ཙམ་ལ་ཁྱད་མེད་པར་སྣང་ངོ༌། །
གསུམ་པ་སྣང་དང་སྣང་མེད་རང་བཞིན་རྒྱས་བཤད་ལ་མཚན་ཉིད་དང་ནི་མཚན་གཞི་གཉིས། །དང་པོ་ནི།
ཁ་ཅིག་སྣང་བཅས་སྣང་མེད་དོན། །
གཟུང་འཛིན་གཉིས་སྣང་ཡོད་མེད་འཆད། །
ཇི་སྙེད་མཁྱེན་པ་སྣང་བཅས་སུ། །
བཞེད་པའི་ལུགས་ལ་འཐད་དམ་ཅི། །
ཇི་སྙེད་ཀུན་རྫོབ་མངོན་བྱེད་པའི། །
ཏིང་འཛིན་དེ་འདྲ་སྣང་བཅས་དང༌། །
ཇི་ལྟ་དོན་དམ་མངོན་གྱུར་པའི། །
ཏིང་ངེ་འཛིན་དེ་སྣང་མེད་ལགས། །
ཞེས་སོགས་ཏེ། སྤྱིར་མཉམ་བཞག་སྣང་བཅས་སྣང་མེད་ཀྱི་ཁྱད་པར་ལ། བོད་ཁ་ཅིག་འཕགས་པའི་མཉམ་བཞག་སྣང་བཅས་སྣང་མེད་ཀྱི་དོན། གཟུང་འཛིན་གཉིས་སྣང་ཡོད་པ་སྣང་བཅས་དང༌། གཉིས་སྣང་མེད་པ་སྣང་མེད་ཡིན་ནོ་ཞེས་འཆད་ཀྱང༌། དེ་ལྟར་ན་སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པ་སྣང་བཅས་སུ་བཞེད་པའི་ལུགས་ལ་གཟུང་འཛིན་གཉིས་སྣང་ཡོད་པ་དེ་འདྲ་འཐད་དམ་ཅི། དེས་ན་ཇི་སྙེད་པའི་ཀུན་རྫོབ་ཀྱི་སྣང་བ་མངོན་དུ་བྱེད་པའི་ཏིང་ངེ་འཛིན་དེ་འདྲ་སྣང་བཅས་རྣལ་འབྱོར་མངོན་སུམ་དང༌། ཇི་ལྟ་བའི་དོན་དམ་མངོན་དུ་གྱུར་པའི་ཏིང་ངེ་འཛིན་དེ་སྣང་མེད་རྣལ་འབྱོར་མངོན་སུམ་དུ་འཇོག་པ་ལགས་ཀྱི། དེ་ལས་གཞན་དུ་སྣང་བཅས་སྣང་མེད་ཀྱི་དོན་ལ་ཅ་ཅོ་མང་དུ་སྒྲོགས་པར་སྣང་ཡང་གཞུང་ཆེན་པོའི་དགོངས་པ་ཕྱོགས་གར་ཡོད་ཙམ་ཡང་མ་མཁྱེན་པར་ཟད་དོ། །
གཉིས་པ་མཚན་གཞི་ལ་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ་ནི།
དེས་ན་འཕགས་པ་སློབ་པའི་སར། །
བདེན་གཉིས་ཅིག་ཅར་ཚུལ་གྱིས་སུ། །
ཇི་ལྟའི་དོན་ལ་མཉམ་བཞག་བཞིན། །
ཇི་སྙེད་སྣང་བ་མཁྱེན་ནུས་མིན། །
མཉམ་རྗེས་རེས་འཇོག་ཚུལ་གྱིས་སུ། །
ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས། །
སྒྲིབ་གཉིས་མུན་ཆེན་གཏན་གཞིལ་ཏེ། །
སྐུ་གཉིས་ཟུང་གི་དཀྱིལ་འཁོར་རྫོགས། །
ཞེས་སོགས་ཏེ། རྒྱུ་མཚན་དེས་ན་སངས་རྒྱས་འཕགས་པ་ཁོ་ན་མ་གཏོགས་འཕགས་པ་སློབ་པའི་སར། མཉམ་རྗེས་རེས་འཇོག་ལ་མ་ལྟོས་པར་བདེན་གཉིས་ཅིག་ཅར་བའི་ཚུལ་གྱིས། ཇི་ལྟ་བ་དོན་དམ་སྟོང་པ་ཉིད་ལ་མཉམ་པར་བཞག་བཞིན་དུ། ཇི་སྙེད་པའི་ཀུན་རྫོབ་ཀྱི་སྣང་བ་མཁྱེན་ནུས་པ་མིན་ཀྱང༌། རེ་ཞིག་མཉམ་རྗེས་རེས་འཇོག་གི་ཚུལ་གྱིས་སུ། མཉམ་བཞག་ཏུ་དོན་དམ་སྟོང་པའི་ཆོས་སྤྲོས་པའི་སྣང་བ་མེད་པའི་གནས་ལུགས་ཟབ་མོ་ལ་མཉམ་པར་བཞག་པའི་སྒོ་ནས་སྣང་མེད་ཡེ་ཤེས་ཀྱི་ཚོགས་དང༌། རྗེས་ཐོབ་ཏུ་ཀུན་རྫོབ་སྣང་བའི་ཆོས་རྟེན་འབྱུང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་པའི་སྒོ་ནས། སྣང་བཅས་བསོད་ནམས་ཀྱི་ཚོགས་གཉིས་རྒྱ་མཚོ་ཆེན་པོ་ལྟ་བུའི་ཆུ་གཏེར་ཡོངས་སུ་བསྲུབས་པ་ལས། ས་ནས་སར་ནོན་ཞིང་སྒྲིབ་པ་རིམ་གྱིས་སྤང་བའི་སྟོབས་ཀྱིས་ནམ་ཞིག་སྒྲིབ་གཉིས་ཀྱི་མུན་ཆེན་མཐའ་དག་གཏན་དུ་གཞིལ་ཏེ། ཇི་སྐད་དུ།
སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །
བསོད་ནམས་ཚོགས་ལས་བྱུང་བ་སྟེ། །
ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར། མཐར་ཐུག་གི་འབྲས་བུ་སྐུ་གཉིས་ཟུང་འཇུག་གི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །
གཉིས་པ་རྒྱས་བཤད་ནི།
མཉམ་བཞག་སྣང་མེད་ཏིང་འཛིན་གྱིས། །
དོན་དམ་ཇི་ལྟའི་དོན་ལ་འཇུག །
རྗེས་ཐོབ་སྣང་བཅས་ཏིང་འཛིན་གྱིས། །
ཀུན་རྫོབ་ཇི་སྙེད་དོན་ལ་འཇུག །
བདག་མེད་སྟོང་ཉིད་བཅུ་དྲུག་དང༌། །
དངོས་མེད་ངོ་བོའི་མཐར་གྱིས་སོགས། །
མཉམ་བཞག་རྡོ་རྗེ་ལྟ་བུ་ཡི། །
ཏིང་འཛིན་ཟབ་མོ་སྣང་མེད་ཉིད། །
གཟུངས་སྤོབས་ཡོངས་སྦྱོང་སའི་ཡོན་ཏན། །
ཕར་ཕྱིན་དྲུག་གི་མཐར་གྱིས་སོགས། །
རྗེས་ཐོབ་སྒྱུ་མ་ལྟ་བུ་ཡི། །
ཏིང་འཛིན་ཐམས་ཅད་སྣང་བཅས་ལགས། །
ཞེས་སོགས་ཏེ། དེ་ལ་འཕགས་ལམ་མཉམ་བཞག་སྣང་མེད་ཀྱི་ཏིང་ངེ་འཛིན་གྱིས་ནི། དོན་དམ་ཇི་ལྟ་བ་སྟོང་ཉིད་ཟབ་མོའི་དོན་ལ་འཇུག་ཅིང༌། དེའི་རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱིས་རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང༌། མི་ཟད་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་སོགས་ཀུན་རྫོབ་ཇི་སྙེད་པའི་དོན་ལ་འཇུག་པའོ། །ཚུལ་དེས་ན་མཉམ་བཞག་ཏུ་ཆོས་དང་གང་ཟག་གི་བདག་མེད་གཉིས་དང༌། ཕྱི་སྟོང་པ་ཉིད་སོགས་སྟོང་ཉིད་བཅུ་དྲུག་སྒོམ་པ་དང༌། མཉམ་བཞག་ཟབ་པ་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་སྒོམ་པ་སོགས་མདོར་ན་མཉམ་བཞག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པ་ཟབ་མོ་རྣམས་ནི། མཉམ་བཞག་སྣང་མེད་ཀྱི་ཏིང་ངེ་འཛིན་དུ་བཞེད་དེ། གཞུང་ཆེན་པོ་རྣམས་སུའང་སྣང་མེད་རྣལ་འབྱོར་མངོན་སུམ་གྱི་མཚན་གཞིར། ཉན་ཐོས་ཀྱི་རྒྱུད་ལ་གང་ཟག་གི་བདག་མེད་སྒོམ་པའི་རྟོགས་པ་དང༌། རང་རྒྱལ་གྱི་རྒྱུད་ལ་བདག་མེད་ཕྱེད་གཉིས་རྫོགས་པའི་ཏིང་ངེ་འཛིན་དང༌། བྱང་སེམས་ཀྱི་རྒྱུད་ལ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་རྣམས་འཇོག་པར་མཛད་པའི་ཕྱིར་རོ། །དེ་བཞིན་རྗེས་ཐོབ་ཀྱི་སྐབས་སུ་གཟུངས་ཀྱི་སྒོ་བཞི་དང༌། སྤོབས་པའི་གཏེར་ཆེན་བརྒྱད་དང༌། ཤེར་མདོ་ལས་བསྟན་པའི་སའི་ཡོངས་སྦྱོང་རྣམས་དང༌། མདོ་སྡེ་ས་བཅུ་པ་ནས་གསུངས་པའི་སའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངོན་དུ་མཛད་པའི་ཏིང་ངེ་འཛིན་དང༌། རྗེས་ཐོབ་རྒྱ་ཆེ་བ་ཕར་ཕྱིན་དྲུག་ལྡན་གྱི་སྒོ་ནས་རྣམ་པ་བརྒྱ་དོན་གསུམ་གྲངས་དང་གོ་རིམ་ངེས་ཅན་དུ་སྒོམ་པའི་མཐར་གྱིས་པ་སོགས་མདོར་ན་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པ་རྒྱ་ཆེ་བ་ཐམས་ཅད་རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་དུ་བཞེད་དེ། གཞུང་ཆེན་པོ་རྣམས་སུའང་སྣང་བཅས་རྣལ་འབྱོར་མངོན་སུམ་གྱི་མཚན་གཞིར། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང༌། །ཞེས་ཀུན་རྫོབ་ཀྱི་སྣང་བ་ཡུལ་དུ་བྱེད་པའི་ཏིང་ངེ་འཛིན་ཐམས་ཅད་སྣང་བཅས་ཀྱི་མཚན་གཞིར་འཇོག་པར་མཛད་པའི་ཕྱིར་རོ། །
གསུམ་པ་དོན་བསྡུར་དངོས་དང་འཕྲོས་དོན་རྣམ་པ་གཉིས། །དང་པོ་ནི།
མཉམ་བཞག་རྣམ་པར་མི་རྟོག་པའི། །
གཉིས་མེད་དོན་དམ་བྱང་ཆུབ་སེམས། །
རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །
སྣང་མེད་ཡེ་ཤེས་ཚོགས་ཞེས་བརྗོད། །
རྗེས་ཐོབ་འཁོར་གསུམ་མི་རྟོག་པའི། །
ཏིང་འཛིན་འཕྲུལ་གྱི་སྦྱིན་ལ་སོགས། །
འཇིག་རྟེན་འདས་པའི་ཕ་རོལ་ཕྱིན། །
སྣང་བཅས་བསོད་ནམས་ཚོགས་ཞེས་བརྗོད། །
ཅེས་སོགས་ཏེ། མདོར་ན་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟབ་མོ་གཟུང་འཛིན་གཉིས་མེད་ཀྱི་རང་བཞིན་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་སྒོམ་པ་ནི་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཞེས་བརྗོད་ཅིང༌། དེའི་རྗེས་ཐོབ་ཏུ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་ཆེ་བ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་སོགས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱིས་སྦྱིན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ལྟ་བུ་ལ་འཇུག་པ་ནི། སྣང་བཅས་བསོད་ནམས་ཀྱི་ཚོགས་ཞེས་བརྗོད་པ་ཡིན་ནོ། །
གཉིས་པ་འཕྲོས་དོན་ནི།
རྗེས་ཐོབ་འཁོར་གསུམ་མཚན་འཛིན་དང༌། །
གཉིས་འཛིན་རྟོག་པ་མངོན་གྱུར་དེས། །
བཅིངས་པའི་དམིགས་བཅས་སྦྱིན་ལ་སོགས། །
འཇིག་རྟེན་པ་ཡི་ཕ་རོལ་ཕྱིན། །
ཞེས་སོགས་ཏེ། ཚུལ་དེས་ན་འཕགས་པའི་རྗེས་ཐོབ་ཏུ་འཁོར་གསུམ་མི་རྟོག་པའི་ཏིང་ངེ་འཛིན་དང་བྲལ་བའི་སྒོ་ནས་མ་དག་ས་བདུན་གྱི་སྐབས་སུ། འཁོར་གསུམ་མཚན་འཛིན་དང༌། དག་པ་ས་གསུམ་དུ་གཉིས་འཛིན་ཙམ་གྱི་རྟོག་པ་མངོན་གྱུར་པ་དེ་ཡིས་བཅིངས་པའི་དམིགས་བཅས་ཀྱི་སྦྱིན་པ་ལ་སོགས་པ་ནི་རྗེས་ཐོབ་འཇིག་རྟེན་པ་ཡི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། འཇུག་པ་ལས། གསུམ་དུ་དམིགས་པ་ཡོད་ན་བཅོམ་ལྡན་གྱིས། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཞེས་བརྗོད། །ཅེས་འབྱུང་བའི་ཕྱིར།
གསུམ་པ་རྟོགས་རིགས་ཁྱད་པར་དགག་བཞག་གཉིས། །དང་པོར་རྟོགས་རིགས་གཅིག་ཏུ་འདོད་པ་དང༌། །གཅིག་ཀྱང་ཐ་དད་སྨྲ་བའི་ལུགས་གཞན་དགག །དང་པོ་ནི།
རྟོགས་རིགས་ཁྱད་པར་ཕྱི་རབས་ཕལ། །
འཕགས་གསུམ་རྟོགས་རིགས་གཅིག་ཅེས་སྨྲ། །
མེད་དགག་ཙམ་གྱི་རྟོགས་རིགས་གཅིག །
སྒྲུབ་པའི་ཚེགས་ཀྱིས་ཅི་ཞིག་བགྱི། །
ཐེག་ཆེན་ཐུན་མིན་རྟོགས་རིགས་ནི། །
དགེ་བའི་བཤེས་གཉེན་རབ་མཉེས་བྱས། །
བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །
ཆོས་ལ་མི་རྟོག་ཡེ་ཤེས་སྐྱེ། །
རྒྱུ་རྐྱེན་སྔོན་དུ་མ་སོང་བར། །
གློ་བུར་བཙན་ཐབས་ཉན་རང་ལ། །
ཐེག་ཆེན་ཐུན་མོང་མ་ཡིན་པའི། །
རྟོགས་རིགས་རྫོགས་པ་ངོ་མཚར་ཆེ། །
ཞེས་སོགས་ཏེ། དེ་ལ་འཕགས་གསུམ་གྱི་རྟོགས་རིགས་ཀྱི་ཁྱད་པར་ལ་ཡང༌། ཕྱི་རབས་ཀྱི་མཁས་དབང་ཕལ་མོ་ཆེས་ནི། ཉན་རང་བྱང་སེམས་ཀྱི་འཕགས་པ་གསུམ་ཀས་ཀྱང་དབུ་མ་ཐལ་འགྱུར་བའི་གཞུང་ནས་བཤད་པ་ལྟར་གྱི་སྟོང་ཉིད་རྟོགས་པ་ལ་ཁྱད་པར་མེད་པས་ན་འཕགས་གསུམ་རྟོགས་རིགས་གཅིག་པ་ཡིན་ནོ་ཞེས་སྨྲ་བར་མཛད་དོ། །འོན་ཀྱང་བདེན་སྟོང་མེད་དགག་ཙམ་རྟོགས་པའི་སྒོ་ནས་འཕགས་གསུམ་རྟོགས་རིགས་གཅིག་ཏུ་བསྒྲུབ་ན་ནི། དེ་ལྟར་སྒྲུབ་པའི་ཚེགས་ཀྱིས་ཅི་ཞིག་བགྱི་སྟེ། དེ་ཙམ་སྟོང་ཉིད་མཐར་ཐུག་མ་ཡིན་པའི་ཕྱིར། དེས་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་མངོན་རྟོགས་རྣམ་གྲངས་མ་ཡིན་པའི་དོན་དམ་རྟོགས་པའི་རྟོགས་རིགས་ནི། མདོ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པ་ལྟར། ཡོངས་འཛིན་དམ་པ་རྐྱེན་དགེ་བའི་བཤེས་གཉེན་སངས་རྒྱས་མཆོག་གི་སྤྲུལ་སྐུ་བརྒྱ་ལ་སོགས་པ་ལ་བསྙེན་བཀུར་བྱས་པ་དང༌། རྗེས་སྒྲུབ་དམ་པ་རྒྱུ་ཚོགས་ཀྱི་རང་བཞིན་གྲངས་མེད་དང་པོས་བསྡུས་པའི་ཚོགས་བསགས་སྔོན་དུ་སོང་བ་དང༌། རྟོགས་པ་དམ་པ་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྗེས་སུ་མཐུན་པར་བསྒོམ་པའི་སྟོབས་ལས་ས་དང་པོར་གྱུར་པའི་རྟོགས་པ་དམ་པ་ཆོས་ལ་མི་རྟོག་པའི་ཡེ་ཤེས་ད་གཟོད་འབྱུང་བར་གསུངས་པ་དང༌། དེ་ལྟ་བུའི་རྒྱུ་རྐྱེན་གང་ཡང་སྔོན་དུ་མ་སོང་བར་གློ་བུར་བཙན་ཐབས་སུ་ཉན་རང་གི་རྒྱུད་ལ་ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་རྫོགས་པ་ཡོད་ན་ངོ་མཚར་ཆེ་བར་སྣང་ངོ༌། །
གཉིས་པ་གཅིག་ཀྱང་ཐ་དད་སྨྲ་བའི་ལུགས་གཞན་དགག་པ་ནི།
གཞན་དག་རྟོགས་དཀའི་ཆ་མེད་ཀྱང༌། །
བདེན་སྟོང་རྟོགས་རུང་རྟོགས་སླ་འགས། །
རྟོགས་རིགས་འབྱེད་རྣམས་ཆོས་མངོན་གྱི། །
གཞུང་ལ་ཐར་པ་མེད་སྨྲའི་ལུགས། །
ཞེས་སོགས་ཏེ། ཀུན་གཟིགས་མཁས་པའི་དབང་པོ་གཞན་དག་རྣམས་ནི། ཉན་རང་གཉིས་ཀྱིས་ཤིན་ཏུ་རྟོགས་པར་དཀའ་བའི་ཆ་མེད་ཀྱང་བདེན་སྟོང་དུ་རྟོགས་པར་འདོད་རུང༌། འདུས་བྱས་ལྟ་བུའི་རྟོགས་སླ་བ་འགའ་ཞིག་ཉན་རང་གིས་བདེན་སྟོང་དུ་མ་རྟོགས་པའི་སྒོ་ནས་འཕགས་པ་གསུམ་གྱི་རྟོགས་རིགས་ལ་ཁྱད་པར་ཡོད་དོ་ཞེས་རྟོགས་རིགས་འབྱེད་པ་རྣམས་ཀྱང་ཆོས་མངོན་པའི་གཞུང་ལ་ཐར་པ་མེད་པར་སྨྲ་བའི་ལུགས་སུ་འགྱུར་ཏེ། ཉན་རང་གི་ཐར་པ་ཙམ་ཐོབ་པ་ལ་ཆ་མེད་བདེན་མེད་དུ་རྟོགས་པ་ཞིག་དགོས་ན། ཆོས་མངོན་པའི་གཞུང་ལས་ཆ་མེད་དོན་དམ་པར་བདེན་གྲུབ་ཏུ་བསྟན་གྱི། དེ་བདེན་མེད་དུ་གཏན་ལ་ཕབ་པའི་ལམ་མ་གསུངས་པའི་ཕྱིར་རོ། །
གཉིས་པ་བཞག་པར་མདོར་བསྟན་རྒྱས་བཤད་རྩོད་སྤོང་གསུམ། །དང་པོ་ནི།
སྤྱིར་ནི་བདག་མེད་སྟོང་པ་ཉིད། །
ཞི་སྒོ་གཉིས་མེད་འཕགས་བཞིའི་ཡུམ། །
དེ་སླད་འགྲོ་བ་རྣམ་གྲོལ་ཕྱིར། །
དེ་ཡི་དབྱེ་བ་རྣམ་གཉིས་གསུངས། །
ཞེས་སོགས་ཏེ། དེ་ལ་སྤྱིར་བདག་མེད་སྟོང་པ་ཉིད་ནི། ཤེར་མདོ་ལས། གང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །གང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །གང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་སོགས་གསུངས་པ་ལྟར་རང་སྲས་འཕགས་བཞིའི་ཡུམ་དུ་གྱུར་པ་སྟེ། ཐར་པ་དང་རྣམ་མཁྱེན་གྱིས་བསྡུས་པའི་བྱང་ཆུབ་གསུམ་པོ་ཞི་བའི་སྒོ་གཉིས་སུ་མེད་པ་བདག་མེད་སྟོང་པ་ཉིད་རྟོགས་པ་ཁོ་ན་ལས་གཞན་དུ་གྱུར་པ་བདག་མེད་སྟོང་ཉིད་རྟོགས་པ་ལ་མ་ལྟོས་པའི་ལམ་ཞིག་དམིགས་སུ་མེད་པའི་ཕྱིར་ན། དངོས་བསྟན་སྟོང་ཉིད་ཀྱི་ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རིགས་ཚོགས་རྣམས་སུ་ཡུལ་སྟོང་པ་ཉིད་ཞི་སྒོ་གཉིས་སུ་མེད་པའི་གནས་ལུགས་སུ་བསྟན་ཅིང༌། སྦས་དོན་མངོན་རྟོགས་ཀྱི་ཤིང་རྟ་ཆེན་པོ་རྒྱལ་ཚབ་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་དུ་ཡང་ཡུལ་ཅན་ཤེར་ཕྱིན་གྱི་མངོན་རྟོགས་ཞི་སྒོ་གཉིས་སུ་མེད་པའི་ལམ་དུ་བསྟན་པར་མཛད་ཅིང༌། དེ་ཉིད་ཀྱི་ཕྱིར་ན། འཕགས་པ་ལྷས་ཀྱང༌། ཞི་སྒོ་གཉིས་སུ་མེད་ཕྱིར་དང༌། །ཞེས་གསུངས་པ་དང༌། ཞི་བ་ལྷས་ཀྱང༌། སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱང་ངན་འདས་པའང་དཀའ་བར་གནས། །ཞེས་དང༌། གང་ཕྱིར་ལུགས་ལས་ལམ་འདི་ནི། །མེད་པར་ཐར་པ་མེད་པར་གསུངས། །ཞེས་སོགས་གསུངས་ཤིང་ཟླ་གྲགས་ཀྱིས་དོན་འགྲེལ་དབུ་མ་ལ་འཇུག་པའི་ལེའུ་དང་པོའི་སྐབས་སུ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་སྤྱིར་བདག་མེད་སྟོང་ཉིད་མ་རྟོགས་ན། ཕྱི་རོལ་པའི་ཆགས་བྲལ་དང་ཁྱད་མེད་པར་ཐལ་བའི་རིགས་པ་གསུམ་གསུངས་ཤིང༌། དེས་ན་ཉན་རང་དེ་དག་གིས་སྟོང་ཉིད་རྟོགས་དགོས་པར་ལུང་རིགས་ཀྱི་ཁྱད་པར་དུ་མ་དང་བཅས་ཏེ་སྟོང་ཉིད་རྟོགས་པའི་མངོན་རྟོགས་ནི་ཞི་སྒོ་གཉིས་སུ་མེད་པའི་ལམ་དུ་བསྒྲུབ་པ་ལ་ཤེར་ཕྱིན་གྱི་མདོའི་དགོངས་འགྲེལ་གྱི་ཤིང་རྟ་ཡབ་སྲས་དགོངས་པ་གཅིག་ཏུ་གྱུར་ཅིང༌། དེ་ལྟར་ན་ཉན་རང་བྱང་སེམས་མཐའ་དག་གིས་སྟོང་ཉིད་རྟོགས་དགོས་པར་མདོ་དང་བསྟན་བཅོས་ཐམས་ཅད་ལས་སྤྱིར་བསྟན་ཀྱང༌། བྱེ་བྲག་ཕྱེ་ན་ཤེར་མདོ་ལས་གཞི་ཤེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་བཞག་གོ །ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བཞག་གོ །ཞེས་སོགས་ཀྱིས་ཉན་རང་ལ་བདག་མེད་སྟོང་ཉིད་ཀྱི་བྱེ་བྲག་གཞི་ཤེས་ཙམ་ཡོད་པར་བསྟན། གཞི་ཤེས་ཀྱི་མདོ་ཡི་སྐབས་སུ་གཞི་ཤེས་ཀྱི་བྱེ་བྲག་རིང་བའི་གཞི་ཤེས་དང་སྤང་བྱའི་གཞི་ཤེས་ཙམ་ལས་གཉེན་པོའི་གཞི་ཤེས་རྫོགས་པར་རྟོགས་པ་མེད་ཚུལ་རྒྱ་ཆེར་གསུངས་ཤིང༌། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཅེས་དང༌། དེ་ཕྱིར་ཁྱོད་ཀྱི་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་སོགས་ཀྱིས་རྟོགས་རིགས་ལ་ཁྱད་པར་ཡོད་པར་བསྟན་ཅིང༌། ཤིང་རྟ་ཆེན་པོ་བྱམས་མགོན་གྱིས་ཀྱང༌། དེ་བཞིན་དུ་རྟོགས་རིགས་ལ་ཁྱད་པར་ཡོད་ཚུལ་གསུངས་ཤིང༌། འཕགས་པ་ལྷས་ཀྱང༌། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པར་བྱ། །སོགས་ཀྱིས་སྐྱེས་བུ་འབྲིང་དུ་གྱུར་པ་ཉན་རང་གཉིས་ཀྱིས་བདག་མེད་སྟོང་པའི་བྱེ་བྲག་གང་ཟག་གི་བདག་མེད་ཙམ་རྟོགས་དགོས་པར་གསུངས་ཤིང༌། ཞི་བ་ལྷས་ཀྱང༌། ཉོན་མོངས་སྤོང་བས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །སོགས་ཀྱིས་སྤངས་རྟོགས་ཉི་ཚེ་བར་གྱུར་པའི་ཉན་རང་རྣམས་ནམ་ཞིག་སྤངས་རྟོགས་མཐར་ཐུག་རྫོགས་པའི་སྒོ་ནས་རྣམ་མཁྱེན་ཐོབ་དགོས་པར་གསུངས་པ་སོགས་ཀྱིས་རྟོགས་རིགས་ལ་ཁྱད་ཡོད་པར་གསུངས་ཤིང༌། ཁྱད་པར་ཟླ་བ་གྲགས་པས་དོན་འགྲེལ་དབུ་མ་འཇུག་པའི་ལེའུ་དྲུག་པའི་སྐབས་སུ། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པའི་རྩ་འགྲེལ་རྣམས་སུ་འཕགས་པ་གསུམ་གྱི་རྟོགས་རིགས་ལ་ཁྱད་པར་ཡོད་པར་བསྟན་པ་སྟེ། མདོར་ན་ཤེར་ཕྱིན་གྱི་དགོངས་པ་འགྲེལ་པའི་ཤིང་རྟ་ཡབ་སྲས་ཐམས་ཅད་འཕགས་པ་གསུམ་གྱིས་བདག་མེད་སྟོང་ཉིད་རྟོགས་ཚུལ་ལ་བྱེ་བྲག་ཕྱེ་སྟེ་སྟོན་པར་མཛད་པས་ན། རྟོགས་རིགས་ལ་ཁྱད་ཡོད་པར་དགོངས་པ་གནད་གཅིག་ཏུ་གྱུར་པའི་ཕྱིར་ན་རིགས་ཅན་གསུམ་གྱིས་བསྡུས་པའི་འགྲོ་བ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཆོས་དང་གང་ཟག་གི་བདག་མེད་པ་རྣམ་པ་གཉིས་སུ་གསུངས་པར་མཛད་དོ། །
གཉིས་པ་རྒྱས་པར་བཤད་པ་ནི།
བདག་མེད་ཉི་ཚེ་རྣམ་གྲངས་ཙམ། །
ཉན་རང་འཕགས་པའི་རྟོགས་རིགས་ཉིད། །
དེ་ཙམ་ཐེག་ཆེན་འཕགས་པ་དང༌། །
ཐུན་མོང་གྱུར་པའི་རྟོགས་རིགས་ལགས། །
ཐེག་ཆེན་ཐུན་མིན་རྟོགས་རིགས་ནི། །
རྣམ་གྲངས་མིན་པའི་དོན་དམ་ཆེ། །
བདག་མེད་གསལ་རྒྱས་རྫོགས་པ་ཡི། །
རྟོགས་རིགས་ཁྱད་པར་བླ་ན་མེད། །
ཅེས་སོགས་ཏེ། རྒྱུ་མཚན་དེའི་ཕྱིར་ན་ཞི་སྒོ་གཉིས་སུ་མེད་པའི་ལམ་བདག་མེད་སྟོང་པ་ཉིད་ཀྱི་བྱེ་བྲག་དམིགས་པའི་ཁྱད་པར་ཕུང་པོ་གཅིག་བདེན་དུ་འཛིན་པ་རང་བཞིན་མེད་པར་རྟོགས་པའི་སྒོ་ནས་གང་ཟག་གི་བདག་རང་བཞིན་བདེན་མེད་དུ་རྟོགས་པའི་སྟོང་ཉིད་རྣམ་གྲངས་པ་ཙམ་གཏན་ལ་ཕབ་སྟེ། སྒོམ་པའི་ཁྱད་པར་བདེན་བཞི་མི་རྟག་བཅུ་དྲུག་གི་ཚུལ་དུ་རྟོགས་པ་ནི། ཉན་རང་འཕགས་པའི་རྟོགས་རིགས་ཉིད་དུ་མདོ་དང་བསྟན་བཅོས་ཐམས་ཅད་ལས་བཞེད་ཅིང༌། དེ་ཙམ་ནི་ཐེག་ཆེན་འཕགས་པ་དང་ཡང་ཐུན་མོང་དུ་གྱུར་པའི་གཞི་ཤེས་ཀྱི་རྟོགས་རིགས་སུ་གྱུར་པ་ལགས་ཤིང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་ནི། བདག་མེད་སྟོང་པ་ཉིད་རྣམ་གྲངས་མ་ཡིན་པའི་དོམ་དམ་ཆེན་པོ་སྟེ། དེ་ནི་ཉན་རང་གི་མངོན་རྟོགས་ལས་གསལ་རྒྱས་རྫོགས་གསུམ་གྱི་སྒོ་ནས་རྟོགས་རིགས་ཀྱི་ཁྱད་པར་བླ་ན་མེད་པར་གྲུབ་སྟེ། དེ་ཡང་གསལ་བའི་ཁྱད་པར་ཡོད་དེ་ཉན་རང་གིས་གཞི་ཕུང་པོ་རགས་པ་ཙམ་རང་བཞིན་མེད་པར་རྟོགས་པར་བྱ་བའི་ཕྱིར་དུ། གཟུགས་ནི་ལྦུ་བ་རྡོས་པ་འདྲ་སོགས་ཀྱིས་དཔེ་ཙམ་ལས་མ་བསྟན་ཅིང༌། ཐེག་ཆེན་པས་གཞི་ལམ་འབྲས་གསུམ་གྱི་ཆོས་ཕྲ་རགས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའིཆེད་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྟོང་ཉིད་བཞི་སྦྱོར་གྱི་སྒོ་ནས་གསལ་བར་བསྟན་པའི་ཁྱད་པར་དང༌། དེ་བཞིན་དུ་རྒྱས་པའི་ཁྱད་པར་ཡོད་དེ། ཉན་རང་གིས་གཞི་ཕུང་པོ་རགས་པ་ཙམ་རང་བཞིན་མེད་པར་རྟོགས་པའི་ཐབས་ཀྱིས་གང་ཟག་གི་བདག་མེད་ཀྱིས་བསྡུས་པའི་གཞི་ཤེས་ཙམ་ལས་མ་རྟོགས་ལ་ཐེག་ཆེན་གྱིས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྟོང་ཉིད་ཉི་ཤུའི་སྒོ་ནས་མཁྱེན་པ་གསུམ་གྱི་ཚུལ་དུ་ཆོས་ཀྱི་བདག་མེད་རྒྱས་པར་རྟོགས་པའི་ཁྱད་པར་དང༌། རྫོགས་པའི་ཁྱད་པར་ཡོད་དེ། ཉན་ཐོས་ཀྱིས་གང་ཟག་གི་བདག་སྟོང་པར་སྒོམ་པའི་ཁྱད་པར་དུ་བྱས་པའི་བདེན་བཞི་མི་རྟག་བཅུ་དྲུག་ཙམ་ལས་སྒོམ་པ་མེད་པ་ལ་ཐེག་ཆེན་གྱིས་ཆོས་ཐམས་ཅད་སྟོང་པ་ཆེན་པོར་སྒོམ་པའི་ཁྱད་པར་དུ་བྱས་པའི་སྒྲོ་འདོགས་སོ་གཉིས་དང་བྲལ་བ་རྫོགས་པར་སྒོམ་པའི་ཁྱད་པར་དུ་གྱུར་པའོ། །
གསུམ་པ་རྩོད་སྤོང་ནི།
གལ་ཏེ་རྟོགས་རིགས་ཁྱད་པར་འདི། །
མངོན་རྟོགས་རྒྱན་སོགས་རང་རྒྱུད་ལུགས། །
དེ་འདྲ་ཐེག་ཆེན་ཐལ་འགྱུར་པའི། །
ཁྱད་ཆོས་ཐུན་མིན་མིན་ཞེ་ན། །
ཐེག་ཆེན་སྦྱོར་ལམ་ཁྱད་ཆོས་དང༌། །
ཐུན་མིན་ལམ་ཤེས་ཆེ་བ་དང༌། །
གཞི་ཤེས་ཁྱད་པར་ཁྱད་མཚན་སོགས། །
འཆད་དུ་མེད་པའི་སྦས་དོན་ཞིག །
རྒྱལ་ཚབ་མཆོག་གིས་མ་བཀྲལ་ཞིང༌། །
ཟླ་བས་ཀྱང་ནི་མ་དགོངས་པའི། །
མདོ་ཡི་སྦས་དོན་སྔོན་མེད་ཅིག །
ཐལ་འགྱུར་ལུགས་སུ་འཆད་པར་གྱིས། །
ཞེས་སོགས་ཏེ། གལ་ཏེ་འཕགས་པ་གསུམ་གྱི་རྟོགས་རིགས་ལ་ཁྱད་པར་ཡོད་པར་སྨྲ་བ་འདི་མངོན་རྟོགས་རྒྱན་སོགས་ལས་བཤད་ཀྱང་དེ་དབུ་མ་རང་རྒྱུད་པའི་ལུགས་ཡིན་གྱི་རྟོགས་རིགས་ཀྱི་ཁྱད་པར་དེ་འདྲ་དེ་ཐེག་ཆེན་ཐལ་འགྱུར་བའི་ཁྱད་ཆོས་ཐུན་མིན་མ་ཡིན་ཏེ། དེའི་ལུགས་ལ་འཕགས་གསུམ་རྟོགས་རིགས་གཅིག་ཏུ་འདོད་དགོས་པའི་ཕྱིར་རོ་ཞེ་ན། འོ་ན་མངོན་རྟོགས་རྒྱན་གྱི་སྐབས་དང་པོར་བསྟན་པའི་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་ལྔའི་ཡ་གྱལ་དམིགས་རྣམ་གྱི་ཁྱད་པར་དང༌། སྐབས་གཉིས་པའི་ཐེག་ཆེན་ཐུན་མོང་མིན་པའི་མངོན་རྟོགས་ཁོ་ནར་གྱུར་པའི་ལམ་ཤེས་ཀྱི་ཆེ་བ་དང༌། སྐབས་གསུམ་པའི་ཐེག་ཆེན་གཞི་ཤེས་ཀྱི་ཁྱད་པར་དང༌། སྐབས་བཞི་པའི་བཟོད་ཤེས་བཅུ་དྲུག་གི་ཁྱད་མཚན་སོགས་རྟོགས་རིགས་ཀྱི་ཁྱད་པར་བཤད་ཚད་རང་རྒྱུད་པའི་ལུགས་ཡིན་ན། ཁྱད་པར་དེ་དག་གང་ཡང་འཆད་དུ་མེད་པའི་ཤེར་ཕྱིན་གྱི་སྦས་དོན་ཞིག་སྔོན་ཆད་རྒྱ་བོད་ཡོངས་ལ་གྲགས་པའི་སྦས་དོན་མངོན་རྟོགས་ཀྱི་ཤིང་རྟ་ཆེན་པོ་རྒྱལ་ཚབ་མཆོག་གིས་ཀྱང་མ་བཀྲལ་ཞིང༌། ཐལ་འགྱུར་རིགས་པའི་ཤིང་རྟ་ཆེན་པོ་ཟླ་བས་ཀྱང་ནི་མ་དགོངས་པའི་ཤེར་ཕྱིན་གྱི་མདོ་ཡི་སྦས་དོན་སྔོན་མེད་པ་ཞིག་ཐལ་འགྱུར་གྱི་ལུགས་སུ་འཆད་པར་གྱིས་དང་ཁྱད་ཆོས་སུ་གྱུར་པ་ལགས་སོ། །
རྟོགས་རིགས་རྫོགས་ཚུལ་དགག་བཞག་གཉིས།
བཞི་པ་རྟོགས་རིགས་རྫོགས་ཚུལ་དགག་བཞག་གཉིས། །དང་པོར་ཐེག་ཆེན་རྟོགས་རིགས་མ་མཐར་དང༌། །ཐེག་དམན་རྟོགས་རིགས་ཡ་མཐར་འཁྲུལ་པ་དགག །དང་པོ་ནི།
རྟོགས་རིགས་རྫོགས་ཚུལ་ཁྱད་པར་ལ། །
གཞན་དག་ཐེག་ཆེན་རྟོགས་རིགས་ནི། །
ཐེག་ཆེན་ལམ་དུ་མ་ཞུགས་པའི། །
རྒྱུད་ལ་རྫོགས་པའི་ཁྱད་ཆོས་སྨྲ། །
ཞེས་སོགས་ཏེ། རྟོགས་རིགས་རྫོགས་ཚུལ་གྱི་ཁྱད་པར་ལ་ཡང་མཁས་དབང་གཞན་དག་ནི། ཐེག་ཆེན་ཐུན་མོང་མིན་པའི་རྟོགས་རིགས་ནི། ཐེག་ཆེན་ལམ་དུ་མ་ཞུགས་པའི་ཉན་ཐོས་ཀྱི་རྒྱུད་ལ་རྫོགས་པ་འདི་དབུ་མ་ཐལ་འགྱུར་ཆེན་པོའི་ཁྱད་ཆོས་ཡིན་ནོ་ཞེས་སྨྲ་བར་མཛད་དོ། །
གཉིས་པ་ཐེག་དམན་རྟོགས་རིགས་ཡ་མཐར་འཁྲུལ་པ་དགག་པ་ནི།
ཁ་ཅིག་བྱང་སེམས་ས་དང་པོར། །
ཉན་རང་རྟོགས་རིགས་རྫོགས་སོ་ལོ། །
དབུ་སེམས་སུ་དང་མི་མཐུན་པའི། །
ལེགས་བཤད་དེ་འདྲ་ངོ་མཚར་ཆེ། །
ཞེས་སོགས་ཏེ། ཀུན་གཟིགས་ཆེན་པོ་ཁ་ཅིག་ནི། བྱང་ཆུབ་སེམས་དཔའ་ས་དང་པོའི་གནས་སྐབས་སུ། ཉན་རང་དགྲ་བཅོམ་པས་ཅི་ཙམ་རྟོགས་པའི་རྟོགས་རིགས་ཡོངས་སུ་རྫོགས་པར་བཞེད་དོ། །འོན་ཀྱང་ལུགས་དེ་འདྲ་དབུ་སེམས་གཉིས་དང་ཡང་མི་མཐུན་པར་སྣང་བས་ལེགས་བཤད་དེ་འདྲ་ཡང་ངོ་མཚར་ཆེ་བ་ཙམ་དུ་འཚལ་ལོ། །
གཉིས་པ་བཞག་པར་མདོར་བསྟན་དང་ནི་རྒྱས་བཤད་གཉིས། །དང་པོ་ནི།
ཤཱཀྱ་སེངྒེའི་རིང་ལུགས་པ། །
སྔ་འགྱུར་མཁས་པའི་གཞུང་ལུགས་ལས། །
ས་ལམ་སྤངས་རྟོགས་རྫོགས་ཚུལ་གྱི། །
རྣམ་པར་དབྱེ་བ་འདི་ལྟར་འཆད། །
ཅེས་སོགས་ཏེ། རྙིང་མ་པ་ཞེས་མཚན་དོན་དང་ལྡན་པ་རྒྱལ་བ་ཤཱཀྱ་སེངྒེའི་རིང་ལུགས་རྙིང་མར་གྱུར་པ་སྔ་འགྱུར་མཁས་པའི་གཞུང་ལུགས་ལས་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་ས་དང་ལམ་གྱི་གནས་སྐབས་སུ་ཐེག་པ་གསུམ་གྱི་སྤངས་རྟོགས་རྫོགས་ཚུལ་གྱི་རྣམ་པར་དབྱེ་བ་འདི་ལྟར་འཆད་དོ། །
གཉིས་པ་རྒྱས་བཤད་ལ་ངོ་བོའི་ཁྱད་པར་མདོར་བསྟན་དང༌། །དེ་ལས་སྤངས་རྟོགས་ཁྱད་པར་དབྱེ་བའི་ཚུལ། །ཚུལ་དེ་སྤངས་རྟོགས་རྫོགས་ཚུལ་རབ་དབྱེ་གསུམ། །དང་པོ་སྤངས་རྟོགས་ཚུལ་གཉིས་མདོར་བསྟན་དང༌། །ཚུལ་དེ་སྤང་བ་འགོག་བདེན་རྣམ་གཞག་དང༌། །དང་པོ་ནི།
དེ་ལ་སྤངས་དང་རྟོགས་པ་ཡི། །
འགོག་ལམ་བདེན་པ་རྣམ་པ་གཉིས། །
ཞེས་སོགས་ཏེ། སྤངས་རྟོགས་ཀྱི་ངོ་བོ་དེ་ལ་གང་སྤང་བར་བྱ་བ་སྒྲིབ་པའི་ས་བོན་བཅོམ་པའི་སྤང་བ་དང༌། གང་གིས་སྤོང་བྱེད་གཉེན་པོ་བདག་མེད་མཐོང་བའི་རྟོགས་པ་སྟེ། དེ་གཉིས་ནི་འགོག་བདེན་དང་ལམ་གྱི་བདེན་པ་གཉིས་སུ་གྱུར་པའོ། །
གཉིས་པ་ཚུལ་དེ་སྤང་བ་འགོག་བདེན་རྣམ་གཞག་པ་ནི།
འགོག་བདེན་སྟོང་ཉིད་དོན་དམ་དང༌། །
དོན་གཅིག་ཉིད་དུ་ཀླུ་སྒྲུབ་བཞེད། །
དེ་ཕྱིར་བདག་མེད་སྟོང་ཉིད་དང༌། །
ཡང་དག་མཐའ་རྣམས་དོན་གཅིག་ཉིད། །
ཅེས་སོགས་ཏེ། དེས་ན་དབུ་མ་ཆེན་པོའི་ལུགས་ལ་སྤྱིར་འགོག་བདེན་དང༌། སྟོང་ཉིད་དང་དོན་དམ་པའི་བདེན་པ་རྣམས་དོན་གཅིག་ཉིད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིགས་ཚོགས་རྣམས་སུ་བཞེད་པར་མཛད་དོ། །རྒྱུ་མཚན་དེའི་ཕྱིར་ན་བདག་མེད་པ་དང་སྟོང་པ་ཉིད་དང༌། འགོག་པ་ལ་ཡང་དག་པའི་མཐའ་རྣམས་དོན་གཅིག་པ་ཉིད་དོ། །
གཉིས་པ་ཚུལ་དེ་སྤངས་རྟོགས་རྫོགས་ཚུལ་རབ་དབྱེ་ལ་རྣམ་དག་གཉིས་སུ་མདོར་བསྟན་དང༌། །ཚུལ་དེས་སྤང་རྟོགས་ཁྱད་པར་དབྱེ་ཚུལ་དངོས། །དང་པོ་ནི།
དེ་ལ་རང་བཞིན་རྣམ་དག་དང༌། །
གློ་བུར་བྲལ་དག་གཉིས་སུ་ཡོད། །
ཅེས་སོགས་ཏེ། དེས་ན་དོན་དམ་སྟོང་ཉིད་ཀྱི་རང་བཞིན་དུ་གྱུར་པའི་འགོག་བདེན་དེ་ལ་ལྡོག་པས་དབྱེ་ན། ངོ་བོ་ཡེ་ནས་དག་པའི་ཁྱད་པར་སྤང་བྱའི་སྒྲིབ་པ་གཤིས་ལ་མ་ཞུགས་པའི་རང་བཞིན་རྣམ་དག་གི་འགོག་པ་དང༌། གློ་བུར་བྲལ་དག་གི་ཁྱད་པར་སྤང་བྱ་གློ་བུར་གྱི་སྒྲིབ་པ་ལམ་གྱིས་སྤང་བའི་གློ་བུར་བྲལ་དག་གི་འགོག་པ་གཉིས་སུ་ཡོད་པའོ། །
གཉིས་པ་ཚུལ་དེས་སྤང་རྟོགས་ཁྱད་པར་དབྱེ་ཚུལ་ནི།
བདག་མེད་རང་བཞིན་རྣམ་དག་ལ། །
ཆོས་དང་གང་ཟག་བདག་མེད་གཉིས། །
དེ་དག་མངོན་པར་རྟོགས་ཚུལ་ལས། །
ཐེག་པ་ཆེ་ཆུང་ལམ་བདེན་གཉིས། །
སྤང་བ་གློ་བུར་བྲལ་དག་ལ། །
ཉོན་ཤེས་སྤངས་པའི་འགོག་པ་གཉིས། །
དེ་དག་མངོན་དུ་ཐོབ་ཚུལ་ལས། །
ཐེག་པ་ཆེ་ཆུང་མྱང་འདས་གཉིས། །
ཞེས་སོགས་ཏེ། ཚུལ་དེས་ན་བདག་མེད་རང་བཞིན་རྣམ་དག་གི་ངོ་བོར་གྱུར་པའི་སྟོང་ཉིད་ལ་ཡང༌། ཆོས་ཅན་གྱི་སྒོ་ནས་དབྱེ་ན་ཆོས་ཀྱི་བདག་མེད་དང༌། གང་ཟག་གི་བདག་མེད་གཉིས་སུ་ཡོད་ཅིང་དེ་ལྟ་བུའི་བདག་མེད་དེ་དག་མངོན་སུམ་གྱི་ཚུལ་དུ་མངོན་པར་རྟོགས་ཚུལ་ནི། གནས་ལུགས་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་བདེན་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ཐེག་པ་ཆུང་ངུའི་རིགས་སུ་གྱུར་པའི་ལམ་བདེན་དང་གཉིས་སུ་འཇོག་ཅིང༌། དེ་བཞིན་དུ་སྤང་བ་གློ་བུར་བྲལ་དག་ཏུ་གྱུར་པའི་འགོག་བདེན་ལ་ཡང༌། སྤང་བྱའི་སྒོ་ནས་ཉོན་སྒྲིབ་སྤངས་པའི་འགོག་པ་དང༌། ཤེས་སྒྲིབ་སྤངས་པའི་འགོག་པ་དང༌། གཉིས་སུ་ཡོད་ཅིང༌། དེ་ལྟ་བུའི་འགོག་པ་དེ་དག་སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་དེ་དག་སྤངས་པའི་སྒོ་ནས་མངོན་དུ་ཐོབ་ཚུལ་ལས། སྤང་བྱ་ཤེས་སྒྲིབ་ཟད་པར་སྤངས་པའི་འགོག་བདེན་དུ་གྱུར་པ་ཐེག་ཆེན་གྱི་མྱང་འདས་དང༌། སྤང་བྱ་ཉོན་སྒྲིབ་ཟད་པར་སྤངས་པའི་འགོག་བདེན་དུ་གྱུར་པ་ཐེག་པ་ཆུང་ངུའི་མྱང་འདས་དང་གཉིས་སུ་འཇོག་གོ།
གསུམ་པ་ཚུལ་དེ་སྤངས་རྟོགས་རྫོགས་ཚུལ་རབ་དབྱེ་ལ་མངོན་རྟོགས་ཚུལ་གཉིས་མདོར་བསྟན་དང༌། །ཚུལ་དེ་སྤངས་རྟོགས་རྫོགས་ཚུལ་རབ་དབྱེ་དངོས། །དང་པོ་ནི།
དེ་དོན་གནས་སྐབས་རྟོགས་ཚུལ་དང༌། །
མཐར་ཐུག་སྤངས་རྟོགས་རྫོགས་ཚུལ་གཉིས། །
ཞེས་སོགས་ཏེ། དེས་ན་སྤངས་རྟོགས་དེ་དག་གི་དོན་གྱི་ཁྱད་པར། གནས་སྐབས་ས་གང་དུ་ཇི་ལྟར་རྟོགས་པའི་ཚུལ་དང༌། མཐར་ཐུགས་གང་དུ་སྤངས་རྟོགས་ཇི་ལྟར་རྫོགས་པའི་ཚུལ་ཏེ་གཉིས་ཀྱི་སྒོ་ནས་ངེས་པར་བྱའོ། །
གཉིས་པ་ཚུལ་དེ་སྤངས་རྟོགས་རྫོགས་ཚུལ་རབ་དབྱེ་དངོས་ལ་རང་བཞིན་རྣམ་དག་རྫོགས་ཚུལ་དང༌། །གློ་བུར་བྲལ་དག་སྤངས་རྟོགས་རྫོགས་ཚུལ་གཉིས། །དང་པོ་ནི།
དེ་ལ་རང་བཞིན་རྣམ་དག་ནི། །
མཐོང་ལམ་རབ་དགའ་ས་ནས་མཐོང༌། །
ཞེས་གསུངས་ཏེ། དེ་ལ་གནས་ལུགས་ཡང་དག་པའི་མཐའ་ཆོས་དང་གང་ཟག་གི་བདག་མེད་པའི་རང་བཞིན་རྣམ་དག་གི་སྟོང་ཉིད་ནི། ཐེག་ཆེན་ལམ་གྱི་མཐོང་ལམ་ས་དང་པོ་རབ་ཏུ་དགའ་བའི་ས་ནས་མངོན་སུམ་དུ་མཐོང་བ་སྟེ། ཡུལ་གྱི་ངོས་ནས་རང་བཞིན་རྣམ་དག་གི་ཁྱད་པར་དུ་བྱས་པའི་བདག་མེད་གཉིས་ཀ་རྫོགས་པར་མཐོང་ཞིང་ཡུལ་ཅན་གྱི་ངོས་ནས་ལམ་ཐེག་གསུམ་གྱི་རྟོགས་རིགས་འདུས་པའི་བདག་ཉིད་དུ་གྱུར་པའོ། །འོན་ཀྱང་ཐེག་ཆེན་དུ་མ་ཟད་ཐེག་དམན་གྱི་སྤངས་རྟོགས་རྫོགས་པའི་བྱ་བ་ཡང་མ་བྱས་པས་ན་མདོ་སྡེ་ས་བཅུ་པ་སོགས་ཀྱི་དགོངས་པ་བཞིན་དུ། ད་དུང་བདེན་བཞི་ཤེས་སྤོང་མངོན་བྱེད་ཀྱི་བྱ་བ་བྱས་ཟིན་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཟིལ་གྱིས་གནོན་ནུས་པ་མ་ལགས་སོ། །
ཐེག་དམན་སྤངས་རྟོགས་རྫོགས་ཚུལ།
གཉིས་པ་གློ་བུར་བྲལ་དག་སྤངས་རྟོགས་རྫོགས་ཚུལ་ལ་ཐེག་དམན་སྤངས་རྟོགས་རྫོགས་ཚུལ་དང༌། །ཁྱད་པར་ཐེག་ཆེན་སྤངས་རྟོགས་རྫོགས་ཚུལ་གཉིས། ། དང་པོ་ནི།
རིང་དུ་སོང་བར་ཉན་རང་དང༌། །
ཐུན་མོང་གྱུར་པའི་སྤངས་རྟོགས་ཏེ། །
ཉོན་སྒྲིབ་སྤངས་པའི་འགོག་པ་དང༌། །
གང་ཟག་བདག་མེད་ལམ་བདེན་རྫོགས། །
ཞེས་སོགས་ཏེ། དེ་ལྟ་བས་ན་ནམ་ཞིག་ས་བདུན་པ་རིང་དུ་སོང་བའི་གནས་སྐབས་སུ་ནི། ཉན་རང་གཉིས་དང་ཐུན་མོང་དུ་གྱུར་པའི་སྤངས་རྟོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱི་སྤང་བྱ་ཉོན་མོངས་པའི་སྒྲིབ་པ་ཇི་ཙམ་སྤོང་བའི་སྤང་བ་རྫོགས་པའི་འགོག་བདེན་ཟད་པར་ཐོབ་པ་དང༌། དེ་གཉིས་ཀྱི་རྟོགས་བྱ་བདག་མེད་པའི་དོན་ཇི་ཙམ་རྟོགས་པའི་རྟོགས་པ་རྫོགས་པའི་ལམ་བདེན་ཡོངས་སུ་རྫོགས་པར་འགྱུར་རོ། །དེས་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་བདུན་པ་འདིར་ནི། ཉན་རང་གི་སྤངས་རྟོགས་མཐའ་དག་རྫོགས་པའི་བྱ་བ་བྱས་ཟིན་པར་མ་ཟད། རང་གི་ཡུལ་ཐུན་མོང་མིན་པ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་བསལ་བ་ཆོས་ཀྱི་དབྱིངས་ཡང་དག་པའི་མཐའ་ལ་སྐད་ཅིག་དང་སྐད་ཅིག་ལ་འདུ་བྱེད་མེད་པའི་ཚུལ་གྱིས་སྙོམས་པར་འཇུག་པའི་ཡེ་ཤེས་ཀྱི་ཆེ་བ་ལ་གནས་པའི་སྒོ་ནས་བདེན་བཞི་ཤེས་སྤོང་མངོན་བྱེད་ཀྱི་བྱ་བ་བྱས་ཟིན་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཚུལ་འདི་ནི་ཞེན་ཕོ་རུས་ཀྱི་ཨུ་ཚུགས་མ་མཛད་པར་གཟུར་གནས་རྣམ་པར་དཔྱོད་པའི་བློས་མདོ་དང་བསྟན་བཅོས་ཆེན་པོའི་དགོངས་པ་གང་དུ་ཡོད་དོན་དུ་གཉེར་བར་མཛོད་ཅིག་གུ།
ཐེག་ཆེན་སྤངས་རྟོགས་རྫོགས་ཚུལ།
གཉིས་པ་ཁྱད་པར་ཐེག་ཆེན་སྤངས་རྟོགས་རྫོགས་ཚུལ་ནི།
འོན་ཀྱང་ཆོས་ཀྱི་བདག་མེད་དང༌། །
ཤེས་སྒྲིབ་བྲལ་བའི་སྤང་བ་སྟེ། །
འགོག་ལམ་མཐར་ཐུག་མ་རྫོགས་ཕྱིར། །
རྒྱལ་བ་རྣམས་ཀྱིས་འགོག་ལས་སློང༌། །
རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ཚེ། །
མཐར་ཐུག་གློ་བུར་བྲལ་དག་ཆེ། །
སྤང་བ་ཤེས་སྒྲིབ་བྲལ་བ་དང༌། །
གཉེན་པོ་ཆོས་ཀྱི་བདག་མེད་རྫོགས། །
སྤང་བ་རྫོགས་པའི་འགོག་བདེན་ནི། །
ངོ་བོ་ཉིད་སྐུའི་རང་བཞིན་དང༌། །
རྟོགས་པ་རྫོགས་པའི་ལམ་བདེན་ཆེ། །
མཐར་ཐུག་ཡེ་ཤེས་ཆོས་སྐུ་བརྙེས། །
ཚུལ་འདི་མཚུངས་མེད་བཤེས་གཉེན་དེས། །
ཞལ་ནས་སྙན་དུ་བརྒྱུད་པ་ཡི། །
མན་ངག་གཞན་ལ་མ་སྤེལ་བར། །
ཁོ་བོ་ཅག་གི་སྐལ་བར་བྱས། །
ཞེས་སོགས་ཏེ། ཇི་སྐད་བཤད་མ་ཐག་པ་དེ་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པའི་གནས་སྐབས་སུ། ཉན་རང་གི་སྤངས་རྟོགས་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་ས་བརྒྱད་པའི་སྐབས་སུ་ནི། འཇུག་པ་ལས། ཉོན་མོངས་ཟད་ཅིང་ས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱིས་ནི། ཡོན་ཏན་མཁའ་ལྟར་མཐའ་བྲལ་མ་ལུས་ཐོབ་པར་ནུས་མ་ཡིན། །ཞེས་གསུངས་པ་བཞིན། ཉན་ཐོས་དགྲ་བཅོམ་པ་ལྟར་ཁམས་གསུམ་ལས་ཡོངས་སུ་འདས་ཤིང༌། ས་གསུམ་གྱི་བླ་མར་གྱུར་མོད་འོན་ཀྱང་གཉེན་པོ་ཆོས་ཀྱི་བདག་མེད་རྫོགས་པའི་རྟོགས་པ་དང་སྤང་བྱ་ཤེས་བྱའི་སྒྲིབ་པ་བྲལ་བའི་སྤངས་པ་སྟེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་འགོག་ལམ་མཐར་ཐུག་མ་རྫོགས་པས་ན། ཇི་སྐད་དུ།
འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་གསུངས་པ་ལྟར། ནང་གི་ཡོངས་འཛིན་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས། ཕྱིའི་ཡོངས་འཛིན་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འགོག་པ་ལས་སློང་བར་མཛད་དེ། ཇི་ལྟར་ན། མདོ་ལས། ལེགས་སོ་ལེགས་སོ་སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱི། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་སྦྱོར་བ་བྱོས་ཤིག བརྩོན་འགྲུས་རྩོམས་ཤིག བཟོད་པའི་སྒོ་འདི་ཉིད་མ་དོར་ཞིག རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ཐོབ་ཀྱང༌། བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་རབ་ཏུ་མ་ཞི་བ། ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བར་གྱུར་པ། རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་ཡིད་གཡེངས་པ་འདི་དག་ལ་སོམས་ཤིག་ཅེས་སོགས་མདོ་སྡེ་ས་བཅུ་པ་ལས་བྱུང་བ་ལྟར་འགོག་པ་ལས་སློང་བར་མཛད་དོ། དེ་ལྟ་བུའི་སྒོ་ནས་བྱང་སེམས་བདག་ཉིད་ཆེན་པོ་དག་པ་ས་གསུམ་ལ་གནས་པ་རྣམས་ནི། ཕྱི་དང་ནང་གི་ཡོངས་འཛིན་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས། ཞི་བའི་མཐའ་ལ་མི་ལྷུང་བར་གྲངས་མེད་གསུམ་པར་གྱུར་པའི་ཚོགས་ཀྱིས་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་པའི་ཚེ། སྤངས་རྟོགས་མཐར་ཐུག་བདག་མེད་ཀྱི་རྟོགས་པ་ཡོངས་སུ་རྫོགས་པར་གྱུར་ཏེ། གློ་བུར་བྲལ་དག་ཆེན་པོ་སྤང་བ་ཤེས་སྒྲིབ་མཐའ་དག་ཡོངས་སུ་བྲལ་བ་དང༌། གཉེན་པོ་ཆོས་ཀྱི་བདག་མེད་ཀྱི་རྟོགས་པ་ཡོངས་སུ་རྫོགས་ཏེ། སྤང་བ་རྫོགས་པའི་འགོག་བདེན་མཐར་ཐུག་ངོ་བོ་ཉིད་སྐུའི་རང་བཞིན་དང༌། རྟོགས་པ་རྫོགས་པའི་ལམ་བདེན་མཐར་ཐུག་ཡེ་ཤེས་ཆོས་སྐུ་བརྙེས་པར་འགྱུར་རོ། །དེ་ལ་སྐབས་འདིའི་འགོག་པ་ནི། འཇུག་འགྲེལ་ལས། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འདིར་སྤྲོས་པ་མཐའ་དག་འགག་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ཞིང༌། དེ་ལ་གོང་དུ་བསྟན་པ་ལྟར་ཉོན་སྒྲིབ་བྲལ་བའི་འགོག་པ་ཉན་རང་དང་ཐུན་མོང་དུ་གྱུར་པའི་མྱང་འདས་དང༌། ཤེས་སྒྲིབ་བྲལ་བའི་འགོག་པ་ཐེག་ཆེན་ཐུན་མིན་གྱི་མྱང་འདས་དང་གཉིས་སུ་ཡོད་པ་ལས། དང་པོ་ཐོབ་ཀྱང་དེ་ཙམ་མངོན་དུ་བྱས་ཏེ་ཞི་མཐར་མི་ལྷུང་བར་ནང་གི་ཡོངས་འཛིན་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ། ཕྱིའི་ཡོངས་འཛིན་སངས་རྒྱས་ཀྱིས་ཡོངས་སུ་བསྐུལ་ཏེ་རྫོགས་སྨིན་སྦྱངས་གསུམ་རྒྱ་མཚོ་ལྟ་བུ་ལ་བསླབ་ནས་མཐར་ཐུག་གི་མྱང་འདས་ཆེན་པོ་སྒྲུབ་པར་མཛད་པའོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ནང་གི་ཡོངས་འཛིན་སྙིང་རྗེ་ཆེན་པོའི་ཐབས་དང་བྲལ་བའི་སྟོབས་ཀྱིས། གང་ཟག་གི་བདག་མེད་ཀྱི་སྤངས་རྟོགས་རྫོགས་པའི་མྱང་འདས་ཙམ་མངོན་དུ་བྱས་ཏེ་བསྐལ་པ་སྟོང་ཕྲག་བཅུའི་བར་དུ་ཞི་མཐར་ལྷུང་བ་ལས་རེ་ཞིག་དེ་བཞིན་གཤེགས་པའི་ཕྱག་གིས་ཀྱང་བསྐྱོད་དུ་མེད་ཀྱང༌། བྱང་སེམས་བདག་ཉིད་ཆེན་པོ་རྣམས་ནི་ཉན་རང་དང་ཐུན་མོང་དུ་གྱུར་པའི་སྤངས་རྟོགས་ཡོངས་སུ་རྫོགས་ཏེ་སྲིད་པའི་མཐའ་ལས་གྲོལ་ཀྱང༌།
དེ་ཙམ་མངོན་དུ་བྱེད་མི་སྲིད་པ་ནི། ནང་གི་ཡོངས་འཛིན་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྟོབས་ཀྱིས་ཕྱིའི་ཡོངས་འཛིན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཡང་ཡང་བསྐུལ་བར་མཛད་དེ། ཞི་མཐར་མི་གནས་པའི་མྱང་འདས་བསྒྲུབ་པར་མཛད་པའི་ཕྱིར། དེ་ལྟར་མིན་ན་ཞི་བ་མྱང་ངན་ལས་འདའ་བར་བསྟན་ཏེ། མདོ་ལས། བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་སྒོ་རྣམས་སུ་བཞུགས་པར་མ་མཛད་དུ་ཟིན་ན། དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱང་ངན་ལས་འདའ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་ཆོས་གསུམ་མངོན་དུ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་པའི་སྐྱོན་འཆད་པའི་སྐབས་སུ། བརྒྱད་སྟོང་འགྲེལ་ཆེན་ལས། ཡང་དག་པའི་མཐའ་མངོན་དུ་བྱེད་ཅིང་ཞེས་པ་ནི། ཉན་ཐོས་ཀྱི་མྱང་འདས་མངོན་དུ་བྱས་པའོ། །ཞེས་དང༌། འཇུག་འགྲེལ་ལས་ཀྱང༌། དེ་སྤངས་པས་ཁམས་གསུམ་གྱི་བླ་མ་ཉིད་དུ་གྱུར་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་དེས་གནས་སྐབས་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འབྱོར་པ་འཐོབ་པར་མི་ནུས་ཏེ། དེ་འཐོབ་པར་བྱ་བའི་ཕྱིར་འདིས་བསྒྲིམ་དགོས་སོ། །ཇི་ལྟར་ན། དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་འདའ་བར་འགྱུར་ཏེ། ཞེས་འབྱུང་བའི་ཕྱིར་ཞེས་དང༌། གནོད་འཇོམས་ལས་ཀྱང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་འདས་པ་ཡང་དག་པའི་མཐའ་སྟེ་ཞེས་གསུངས་པའི་ཕྱིར་རོ། །
དེ་ལ་ཁ་ཅིག སྐབས་དེའི་མྱང་འདས་དེ་ཐེག་དམན་དང་ཐེག་ཆེན་གྱི་མྱང་འདས་གཉིས་ཀ་མིན་ཏེ། སྔ་མ་མངོན་དུ་བྱེད་མི་སྲིད་པ་གང་ཞིག་ཕྱི་མ་མངོན་དུ་བྱེད་མི་ནུས་པའི་ཕྱིར་གསུངས་ཀྱང་སྔ་མ་མངོན་དུ་བྱེད་མི་སྲིད་པའི་རྒྱུ་མཚན་ཕྱི་ནང་གི་ཡོངས་འཛིན་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་ཞི་བ་ཙམ་མངོན་དུ་བྱེད་མི་སྲིད་པའི་དོན་བོར་ཏེ། ཐལ་ངག་སྣ་ཚོགས་འགོད་པ་ནི་བྱང་སེམས་སྲིད་པ་ཐ་མ་པ་ཆོས་ཅན། ཁྱོད་གཙང་མའི་གནས་ཀྱི་ལྷ་རྣམས་ཀྱིས་ངེས་པར་འབྱུང་བའི་ཆེད་དུ་བསྐུལ་མི་དགོས་པར་ཐལ་ཏེ། དེ་ངེས་པར་མི་འབྱུང་བ་མི་སྲིད་པའི་ཕྱིར་ཏེ། སྲིད་པ་ཐ་མ་པ་ཡིན་པའི་ཕྱིར་ཟེར་བ་སོགས་དང་ཚུལ་མཚུངས་པར་སྣང་ངོ། །ཡང་འགའ་ཞིག་བྱང་སེམས་ས་བརྒྱད་པ་ཆོས་ཅན། ཁྱོད་ཀྱིས་དུས་མིན་དུ་ཡང་དག་མཐའ་མངོན་དུ་བྱེད་པར་ཐལ། འགོག་པའི་མྱང་འདས་ཐོབ་པའི་ཕྱིར་ཟེར་ཀྱང༌། ཐོབ་ན་མངོན་དུ་བྱེད་པའི་ཁྱབ་པ་སུས་སྒྲུབ་ནུས་རང་གར་སྨྲ་བར་ཟད་དོ། །ཡང་ཁ་ཅིག་ཆོས་གསུམ་མངོན་དུ་བྱས་མཐར་ཐེག་དམན་གྱི་མྱང་འདས་མངོན་དུ་བྱེད་པར་ཐལ་ཞེས་སོགས་འབྲེལ་མེད་ཀྱི་ངག་སྤྱོར་སྣ་ཚོགས་སྨྲ་བར་སྣང་ཡང་གནད་མ་མཁྱེན་པའོ། །མདོར་ན་རང་བཞིན་རྣམ་དག་གི་མྱང་འདས་ས་དང་པོ་ནས་རྟོགས་ཀྱང་དེ་ཙམ་གྱིས་འགོག་པ་འཐོབ་པ་ཞེས་བརྗོད་པ་མ་ཡིན། ཐེག་དམན་དང་ཐུན་མོང་བའི་འགོག་པ་མདོ་དང་འཇུག་པ་རྩ་འགྲེལ་རྣམས་སུ་གསུངས་པ་ལྟར། ས་དྲུག་པར་ཤེར་ཕྱིན་ལྷག་པའི་སྒོ་ནས་མངོན་དུ་ཐོབ་ཅིང་ས་བདུན་པར་སྤངས་རྟོགས་རྫོགས་པའི་སྒོ་ནས་འདུ་བྱེད་མེད་པའི་ཚུལ་གྱིས་འཇུག་ལྡང་བྱེད་པ་དང༌། ས་བརྒྱད་པར་རྩལ་རྫོགས་པའི་སྒོ་ནས་སྲིད་མཐའ་ལས་གྲོལ་ཀྱང་ཞི་མཐའ་མངོན་དུ་མི་བྱེད། སངས་རྒྱས་ཀྱི་སར་ཆོས་གསུམ་མངོན་དུ་བྱེད་པའི་སྒོ་ནས་བྱང་ཆུབ་ཆེན་པོ་མངོན་དུ་མཛད་ཀྱང་ཞི་མཐའ་མིན་པའི་ཚུལ་སོགས་ཁྱད་པར་དུ་མ་འབྱེད་དགོས་པར་སྣང་ངོ༌། །དེས་ན།
ཚུལ་འདི་མཚུངས་མེད་བཤེས་གཉེན་དེས། །
ཞལ་ནས་སྙན་དུ་བརྒྱུད་པ་ཡིས། །
མན་ངག་གཞན་ལ་མ་སྤེལ་བར། །
ཁོ་བོ་ཅག་གི་སྐལ་བར་བྱས། །
ཞེས་བར་སྐབས་ཀྱི་ཚིགས་བཅད་སྨྲོས་པའོ། །
འབྲས་བུ་སྐུ་གཉིས་ཤན་འབྱེད།
གསུམ་པ་མཐར་ཕྱིན་འབྲས་བུ་སྐུ་གཉིས་ཤན་འབྱེད་ལ་འབྲས་བུ་ཇི་ལྟར་ཐོབ་ཚུལ་དང༌། །དེ་ལྟར་ཐོབ་པའི་འབྲས་བུའི་ཤན་འབྱེད་གཉིས། །དང་པོ་ལ་ཡང་དགག་བཞག་རྣམ་པ་གཉིས། །དང་པོ་ནི།
འབྲས་བུ་ཐོབ་ཚུལ་ཕྱི་རབས་རྣམས། །
ལམ་འབྲས་རྣམ་གཞག་འཆད་མོད་ཀྱི། །
འོན་ཀྱང་གནས་སྣང་ཟབ་མོའི་དོན། །
གནས་དག་གནས་འགྱུར་འཆད་དུ་མེད། །
ཅེས་སོགས་ཏེ། དེ་ལྟར་ལམ་མཐར་ཕྱིན་པའི་འབྲས་བུ་ཇི་ལྟར་འཐོབ་ཚུལ་གྱི་ཁྱད་པར་ལ་ཡང༌། ཕྱི་རབས་ཀྱི་མཁས་པའི་དབང་པོ་རྣམས་ཀྱིས་སྤྱིར་ལམ་དང་འབྲས་བུའི་རྣམ་གཞག་རྒྱ་ཆེར་འཆད་མོད་ཀྱི། འོན་ཀྱང་གནས་ཚུལ་དང་སྣང་ཚུལ་ཟབ་མོའི་དོན་དུ་གྱུར་པ་སྤང་བྱའི་སྒྲིབ་པ་གནས་སུ་དག་པའི་སྒོ་ནས་འབྲས་བུ་མངོན་དུ་གྱུར་པ་གནས་དག་དང༌། རྒྱུ་ཚོགས་གཉིས་གནས་གྱུར་ཏེ་འབྲས་བུའི་ངོ་བོར་གྱུར་པ་གནས་འགྱུར་གྱི་དོན་ཙམ་གྲུབ་ཀྱང་ཐ་སྙད་མ་གྲུབ་པས་ན་དེ་དག་གི་རྣམ་གཞག་འཆད་དུ་མེད་པའོ། །
གཉིས་པ་བཞག་པར་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ་ནི།
རང་བཞེད་སྔ་རབས་མཁས་པའི་ལུགས། །
གནས་ཚུལ་དང་ནི་སྣང་ཚུལ་གྱིས། །
བྲལ་བའི་འབྲས་བུ་གནས་དག་དང༌། །
སྨིན་པའི་འབྲས་བུ་གནས་གྱུར་བཞེད། །
ཅེས་གསུངས་ཏེ། རང་བཞེད་སྔ་རབས་ཀྱི་མཁས་པའི་ལུགས་ལ་ནི་གནས་ཚུལ་དང་སྣང་ཚུལ་གྱིདབང་གིས་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བའི་སྟོབས་ཀྱིས་གནས་ཚུལ་རང་བཞིན་རྣམ་དག་གི་འབྲས་བུ་མངོན་དུ་གྱུར་པ་གནས་དག་དང༌། རྒྱུ་ཚོགས་གཉིས་ཀྱི་རང་བཞིན་འབྲས་བུའི་ངོ་བོར་སྨིན་པར་གྱུར་པའི་འབྲས་བུ་ལ་གནས་གྱུར་དུ་བཞེད་དོ། །
གཉིས་པ་རྒྱས་བཤད་ནི།
རྣམ་དག་ཐ་སྙད་ཚད་མ་ཡིས། །
གནས་ཚུལ་ཐུན་མིན་འཆད་པ་ན། །
མཐར་འབྲས་རང་བཞིན་རྣམ་དག་ལ། །
གློ་བུར་བྲལ་འབྲས་གནས་དག་ཉིད། །
ཚུར་མཐོང་ཐ་སྙད་ཚད་མ་ཡིས། །
སྣང་ཚུལ་ཐུན་མོང་འཆད་པ་ན། །
རྒྱུ་ཆོས་གནས་སྐབས་ཡོངས་གྱུར་ཏེ། །
འབྲས་བུར་སྨིན་འབྲས་གནས་གྱུར་བཞེད། །
ཅེས་གསུངས་ཏེ། དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་སོགས་ཀྱི་དགོངས་དོན་ལྟར་རྣམ་དག་ཐ་སྙད་པའི་ཚད་མས་གནས་ཚུལ་ཐུན་མོང་མིན་པའི་རང་བཞིན་ལྟར་འཆད་པ་ན། ཉི་མའི་དཀྱིལ་འཁོར་སྤྲིན་ལས་གྲོལ་བ་ལྟར་མཐར་ཐུག་གི་འབྲས་བུ་བྲལ་འབྲས་ཆོས་སྐུའི་ཡོན་ཏན་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་དུ་གནས་པ་ལ། སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་ཇི་བཞིན་མངོན་དུ་གྱུར་པ་ལ་གནས་དག་ཉིད་དང༌། ཚུར་མཐོང་ཐ་སྙད་ཀྱི་ཚད་མའི་སྣང་ཚུལ་ཐུན་མོང་བ་ལྟར་འཆད་པ་ན་ས་བོན་མྱུ་གུར་གནས་གྱུར་པ་ལྟར་རྒྱུ་ཆོས་ཚོགས་ཀྱི་གནས་སྐབས་གནས་ཡོངས་སུ་གྱུར་ཏེ། འཐོབ་བྱ་འབྲས་བུའི་བདག་ཉིད་དུ་སྨིན་པར་གྱུར་པའི་འབྲས་བུ་གནས་གྱུར་བཞེད་དོ། །
གསུམ་པ་དོན་བསྡུ་བ་ནི།
གནས་སྣང་དབང་གིས་བྲལ་སྨིན་གྱི། །
རྒྱུ་ཆོས་ཚོགས་གཉིས་རང་བཞིན་ལས། །
བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང༌། །
སྨིན་འབྲས་གཟུགས་སྐུ་འགྲུབ་པར་བཞེད། །
ཅེས་སོགས་ཏེ། དེ་ལྟར་མདོར་བསྡུ་ན། གནས་ཚུལ་དང་སྣང་ཚུལ་གྱི་དབང་གིས་བྲལ་སྨིན་གྱི་ཁྱད་པར་ལས། ཇི་སྐད་དུ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་ལྟར། རྒྱུ་ལམ་གྱི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་རང་བཞིན་ལས། ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ཏེ་བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང༌། བསོད་ནམས་ཀྱི་ཚོགས་ལ་བརྟེན་ཏེ་སྨིན་འབྲས་གཟུགས་སྐུ་ཡོངས་སུ་འགྲུབ་པར་བཀའ་དང་བསྟན་བཅོས་ཆེན་པོ་རྣམས་ལས་བསྟན་པ་ལྟར་ཡོངས་སུ་བཞེད་དོ། །
གཉིས་པ་དེ་ལྟར་ཐོབ་པའི་འབྲས་བུའི་ཤན་འབྱེད་ལ་འབྲས་བུའི་རང་བཞིན་སྤྱིར་བསྟན་དང༌། །ཁྱད་པར་གསང་གསུམ་བཀོད་པ་ཕྱེས་ཏེ་བསྟན། །གནས་འགྱུར་བསམ་འདས་ཆེན་པོར་གྲུབ་དོན་བསྡུ། །དང་པོ་གཞན་ལུགས་དགག་དང་རང་ལུགས་བཞག །དང་པོ་ནི།
འབྲས་བུའི་རང་བཞིན་གཞན་དག་རྣམས། །
སངས་རྒྱས་སྐུ་གསུམ་བདག་ཉིད་ནི། །
ཚུར་མཐོང་བློ་ཡི་ཡུལ་གྱུར་པའི། །
བེམ་ཤེས་ལྡན་མིན་ཉི་ཚེར་སྨྲ། །
ཕུང་ཁམས་ཆོས་ལས་མ་འདས་ཤིང༌། །
སེམས་ཚོར་རྒྱུ་བ་མ་སྤངས་པའི། །
སེམས་ཅན་དང་ནི་སངས་རྒྱས་ཀྱི། །
གཞི་མཐུན་དེ་འདྲ་ངོ་མཚར་གནས། །
ཞེས་སོགས་ཏེ། དེ་ལྟར་ཐོབ་པའི་འབྲས་བུའི་རང་བཞིན་གྱི་ཁྱད་པར་ལ་ཡང༌། མཁས་པའི་དབང་པོ་གཞན་དག་རྣམས་ཀྱིས་ནི། མཐར་ཐུག་གི་བྱང་ཆུབ་ཆེན་པོ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ནི། ཚུར་མཐོང་ཚད་མའི་བློ་ཡི་ཡུལ་དུ་གྱུར་པའི་སངས་རྒྱས་གཟུགས་སྐུའི་ངོ་བོ་རྡུལ་དུ་གྲུབ་པའི་བེམ་པོའི་རང་བཞིན་གཟུགས་ཕུང་གི་བདག་ཉིད་དང༌། རྣམ་མཁྱེན་ཆོས་སྐུའི་ངོ་བོ་ཤེས་པའི་རང་བཞིན་རྣམ་ཤེས་ཀྱི་ཕུང་པོས་བསྡུས་པ་དང༌། དེ་དག་ཀྱང་མི་རྟག་པ་སོགས་ཀྱི་བདག་ཉིད་ལྡན་མིན་འདུ་བྱེད་ཀྱི་རང་བཞིན་ཉི་ཚེ་བ་ཙམ་དུ་སྨྲ་བར་མཛད་དོ། །འོན་ཀྱང་རྣམ་པར་དཔྱད་ན་མཐར་འབྲས་བྱང་ཆུབ་ཆེན་པོའི་རང་བཞིན་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ལས་མ་འདས་ཤིང༌། སེམས་ཚོར་གྱི་རྒྱུ་བ་མ་སྤངས་པའི་སེམས་ཅན་གྱི་ཆོས་དང་ལྡན་པ་ཞིག་ལ་སངས་རྒྱས་ཞེས་མིང་དུ་བཏགས་པའི་སེམས་ཅན་དང་སངས་རྒྱས་ཀྱི་གཞི་མཐུན་དུ་གྱུར་པ་དེ་འདྲ་མི་འཐད་པའི་ཚུལ་རབ་གསལ་བརྒལ་ལན་སོགས་སུ་རྒྱ་ཆེར་གསུངས་པར་མཛད་དོ། །
གཉིས་པ་རང་ལུགས་བཞག་པ་ནི།
ངེས་དོན་ཟབ་མོའི་མདོ་སྡེ་ལས། །
སངས་རྒྱས་སྐུ་གསུམ་རང་བཞིན་ནི། །
ཕུང་པོ་དག་ལས་རྣམ་གྲོལ་ཞིང༌། །
ཁམས་དང་སྐྱེ་མཆེད་འདས་པར་བཞེད། །
དེ་ཕྱིར་གང་ལ་གཟུགས་དང་ནི། །
སྒྲ་རུ་ཤེས་པའི་སྐྱེས་བུ་དེ། །
རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །
ཁྱོད་ཀྱི་རང་བཞིན་མི་ཤེས་གསུངས། །
དེ་སླད་ཁྱོད་ཀྱི་གསང་གསུམ་ནི། །
ཡེ་ཤེས་ཆེན་པོའི་རོལ་པ་སྟེ། །
ཀུན་མཁྱེན་རྫོགས་སངས་རྒྱས་རྣམས་ནི། །
ཆོས་ཀྱི་སྐུ་ཡི་རང་བཞིན་ཉིད། །
འདྲེན་པ་གཟུགས་སྐུའི་རྣམ་རོལ་རྣམས། །
རྣམ་པ་གཟུགས་ལྟར་སྣང་བ་ནི། །
རྡུལ་གྲུབ་བེམ་པོའི་ཆོས་མིན་ཏེ། །
ཆོས་ཀྱི་དབྱིངས་ཀྱི་རང་མདངས་བལྟ། །
དེ་ལྟར་ཟབ་མོའི་ཆོས་ཉིད་ནི། །
རྟོག་གེས་ཤེས་བྱ་མ་ཡིན་ཏེ། །
ཚུར་མཐོང་བློ་ཡིས་དེ་དག་ནི། །
ཡོངས་སུ་ཤེས་པར་ནུས་མ་ཡིན། །
ཞེས་སོགས་ཏེ། ཚུལ་དེ་ལྟ་བས་ན། ངེས་དོན་གྱི་མདོ་སྡེ་ཟབ་མོ་ལས་བྱུང་བ་ལྟར་མཐར་འབྲས་བྱང་ཆུབ་ཆེན་པོ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་ནི། ཚུར་མཐོང་གི་ཡུལ་དུ་གྱུར་པའི་ཕུང་པོ་དག་ལས་རྣམ་པར་གྲོལ་ཞིང༌། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་ཀྱི་ཆོས་ལས་རྣམ་པར་འདས་པའི་བདག་ཉིད་དུ་བཞེད་པར་མཛད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་གང་ལ་ཚུར་མཐོང་གི་བློ་ཡི་སྒོ་ནས་སངས་རྒྱས་ཀྱི་སྐུ་ཡི་གསང་བ་ཟབ་མོ་གཟུགས་རང་རྒྱུད་པར་མཐོང་ཞིང༌། གསུང་གི་བདག་ཉིད་ལ་སྒྲ་ཚིག་རང་མཚན་པར་ཤེས་པའི་སྐྱེས་བུ་དེ་ནི། རྣམ་རྟོག་ལོག་པའི་ལམ་ངན་དུ་ཞུགས་པ་ཁོ་ན་ལས་ཁྱེད་ཀྱི་གསང་བ་གསུམ་གྱི་རང་བཞིན་མ་ཤེས་པར་གསུངས་སོ། །རྒྱུ་མཚན་དེའི་སླད་དུ་མཐར་འབྲས་བྱང་ཆུབ་ཆེན་པོ་ཁྱེད་ཀྱི་གསང་བ་གསུམ་གྱི་རང་བཞིན་ནི་ཡེ་ཤེས་ཆེན་པོ་འབའ་ཞིག་གི་རྣམ་པར་རོལ་པ་སྟེ།
དེ་ཡང་སྤངས་རྟོགས་མཐར་ཕྱིན་པའི་ཀུན་མཁྱེན་རྫོགས་པའི་སངས་རྒྱས་རྣམས་ནི་ཐུགས་ཆོས་ཀྱི་སྐུ་ཡི་རང་བཞིན་འབའ་ཞིག་ཉིད་དུ་གྱུར་པ་དང༌། འདྲེན་པ་ལོངས་སྤྱོད་རྫོགས་སྐུ་སོགས་གཟུགས་སྐུའི་རྣམ་རོལ་དུ་སྣང་བ་རྣམས་ནི། རྡུལ་གྲུབ་བེམ་པོའི་ཆོས་སུ་གྱུར་པ་མིན་ཏེ། ཆོས་ཉིད་དབྱིངས་ཀྱི་རང་མདངས་མཚན་དཔེར་ཤར་བའི་བདག་ཉིད་དུ་བལྟ་བར་བྱ་ཞིང༌། དེ་ལྟར་འབྲས་བུ་སངས་རྒྱས་ཀྱི་ས་ཡི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་ཆོས་ཉིད་ནི། རྟོག་གེའི་ཚད་མའི་སྒོ་ནས་ཤེས་པར་བྱ་བ་མིན་ཏེ། ཚུར་མཐོང་ཚད་མའི་བློ་ཡིས་བསྐལ་བརྒྱར་བསམས་ཀྱང་སངས་རྒྱས་ཀྱི་གསང་བ་ཟབ་མོ་དེ་དག་གིས་ནི་ཡོངས་སུ་ཤེས་པར་ནུས་པ་མ་ཡིན་པར་གསུངས་ཏེ། ཇི་སྐད་དུ། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེས་བུ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཡོངས་སུ་ཤེས་མི་ནུས། །ཞེས་སོགས་གསུངས་པ་ལྟར་རོ། །
གཉིས་པ་ཁྱད་པར་གསང་གསུམ་བཀོད་པ་ཕྱེས་ཏེ་བསྟན་པ་ལ་གསང་གསུམ་བཀོད་པ་སྤྱི་དང་ནི། །བྱེ་བྲག་རྣམ་མཁྱེན་ཆོས་ཀྱི་ཤན་འབྱེད་གཉིས། །དང་པོ་ནི།
གཞན་སྣང་རྡུལ་གྱི་ཆ་ཤས་རེར། །
སྣ་ཚོགས་སྐུ་ཡི་བཀོད་པ་ནི། །
དཔག་ཡས་ཅིག་ཆར་སྣང་བ་ཀུན། །
རང་སྣང་འགྱུར་མེད་ཡེ་ཤེས་སྐུ། །
གཞན་སྣང་འགྲོ་དྲུག་སྒྲ་སྐད་དུ། །
ཇི་སྙེད་གསུང་གི་བཀོད་པ་ནི། །
དུ་མ་ཅིག་ཆར་སྣང་བ་ཀུན། །
རང་སྣང་འགག་མེད་ཡེ་ཤེས་གསུང༌། །
གཞན་སྣང་མཁྱེན་པའི་སྐད་ཅིག་གིས། །
རྣམ་མཁྱེན་ཐུགས་ཀྱི་བཀོད་པ་ནི། །
ཤེས་བྱ་ཅིག་ཆར་གཟིགས་པ་ཡང༌། །
རང་སྣང་མི་གཡོ་ཡེ་ཤེས་ཐུགས། །
ཞེས་སོགས་ཏེ། དེ་ལ་མཐར་འབྲས་བྱང་ཆུབ་མཆོག་གི་སྐུ་ཡི་གསང་བ་ཟབ་མོ་ནི། སངས་རྒྱས་རང་སྣང་ལ་རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་ཀྱང༌། གདུལ་བྱ་གཞན་ངོར་སྣང་བའི་ཕྲ་རབ་རྡུལ་གྱི་ཆ་ཤས་རེ་རེར་ཡང་ཅིར་ཡང་སྣ་ཚོགས་པའི་ཞིང་དང་སྐུ་ཡི་བཀོད་པ་ཤིན་དུ་དཔག་ཡས་ཚད་བཟུང་མེད་པ་ཅིག་ཅར་སྣང་བ་ཀུན་ཀྱང༌། རང་སྣང་འགྱུར་མེད་ཡེ་ཤེས་ཀྱི་སྐུ་མཚན་དཔེའི་རང་བཞིན་བ་སྤུའི་ཁུང་བུ་རེ་རེས་ཀྱང༌། ཤེས་བྱ་མ་ལུས་ཅིག་ཅར་མཁྱེན་པའི་བདག་ཉིད་དུ་བཞུགས་པ་དང༌། དེ་བཞིན་དུ་གསུང་གི་གསང་བ་ཟབ་མོ་སངས་རྒྱས་རང་སྣང་ལ་སྒྲ་ཚིག་རང་མཚན་པའི་ཆོས་ལས་འདས་ཀྱང༌། གདུལ་བྱ་གཞན་སྣང་གི་ངོར་འགྲོ་དྲུག་སོ་སོའི་སྒྲ་སྐད་སྣ་ཚོགས་ཇི་སྙེད་པའི་གསུང་གི་བཀོད་པ་ཚད་གཟུང་དུ་མེད་པར་ཅིག་ཅར་སྣང་བ་ཀུན་ཀྱང་རང་སྣང་འགག་པ་མེད་པ་ཡེ་ཤེས་ཀྱི་གསུང་ཡན་ལག་དྲུག་ཅུའི་རང་བཞིན་རྣམ་པ་ཀུན་ལྡན་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་གྱུར་པ་དང༌། ཐུགས་ཀྱི་གསང་བ་ཟབ་མོ་སངས་རྒྱས་རང་སྣང་ལ་འདུས་བྱས་སྐད་ཅིག་མའི་ཆོས་ལས་འདས་ཀྱང་གདུལ་བྱ་གཞན་སྣང་གི་ངོར་ཐུགས་རྣམ་མཁྱེན་གྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་ས་ལེར་མཁྱེན་པའི་ཐུགས་ཀྱི་བཀོད་པ་ཤེས་བྱ་རབ་འབྱམས་ཐམས་ཅད་ཅིག་ཅར་ཡོངས་སུ་གཟིགས་པ་ཡང་རང་སྣང་མི་གཡོ་ཡེ་ཤེས་ཀྱི་ཐུགས་མ་འདྲེས་པའི་ཆོས་བཅོ་བརྒྱད་ཀྱི་རང་བཞིན་ཤེས་བྱའི་རྣམ་པ་ཀུན་མཁྱེན་པའི་ངོ་བོར་བཞུགས་པའོ། །
གཉིས་པ་བྱེ་བྲག་རྣམ་མཁྱེན་ཆོས་ཀྱི་ཤན་འབྱེད་ལ་ཚུར་མཐོང་ལུགས་ཀྱི་རྣམ་མཁྱེན་དང༌། །རྣམ་དག་ཚད་མའི་ལུགས་ཀྱི་རྣམ་མཁྱེན་གཉིས། །དང་པོ་ནི།
ཡུལ་ཅན་རང་བཞིན་རྣམ་མཁྱེན་ནི། །
ཚུར་མཐོང་ཚད་མས་རྣམ་དཔྱད་ཚེ། །
དངོས་པོར་རྟོག་ཕྱིར་རྣམ་མཁྱེན་ནི། །
སྣང་ཚུལ་ཙམ་དུ་འདུས་བྱས་བཞེད། །
ཅེས་སོགས་ཏེ། དེ་ལ་སྤྱིར་ཡུལ་ཅན་གྱི་རང་བཞིན་རྣམ་མཁྱེན་གྱི་ངོ་བོ་ནི། ཚུར་མཐོང་ཚད་མ་ཙམ་གྱིས་རྣམ་པར་དཔྱད་ཚེ། ཇི་སྐད་དུ། ཚད་མ་རྟག་པ་མ་ཡིན་ཏེ། །དངོས་ཡོད་རྟོག་པ་ཚད་ཕྱིར་རོ། །ཞེས་གསུངས་པ་ལྟར། ཤེས་བྱ་ཡུལ་གྱི་ཁྱད་པར་འདུས་བྱས་སྐད་ཅིག་མའི་ཆོས་ཀྱི་དངོས་པོ་ཡོད་པ་ལ་རྟོག་པའི་ཚད་མ་ཡིན་པའི་ཕྱིར་ན། ཡུལ་ཅན་རྣམ་མཁྱེན་གྱི་ངོ་བོ་ནི་སྣང་ཚུལ་ཙམ་དུ་འདུས་བྱས་ཡིན་པར་བཞེད་དོ། །
གཉིས་པ་རྣམ་དག་ཚད་མའི་ལུགས་ཀྱི་རྣམ་མཁྱེན་ལ་རྣམ་མཁྱེན་ཆོས་སྐུའི་ངོ་བོ་དང༌། །དེ་ཡི་ཤེས་བྱའི་ཡུལ་གྱི་ཤན་འབྱེད་གཉིས། །དང་པོ་ནི།
འོན་ཀྱང་རང་སྣང་ཡེ་ཤེས་ནི། །
ཟབ་ཞི་སྤྲོས་བྲལ་འོད་གསལ་ཆེ། །
རང་བྱུང་འདུས་མ་བྱས་ལྷུན་གྲུབ། །
གཙང་བདེ་བདག་རྟག་མཐའ་གྲོལ་ཆེ། །
ཞེས་སོགས་ཏེ། འོན་ཀྱང་ཐ་སྙད་དག་གཟིགས་ཚད་མའི་ཡུལ་གྱི་རྣམ་མཁྱེན་ཆོས་སྐུའི་བདག་ཉིད་རང་སྣང་ཡེ་ཤེས་ཀྱི་ངོ་བོ་ནི། ཚུར་མཐོང་བྱིས་པའི་བློ་ཡི་སྤྱོད་ཡུལ་ལས་འདས་པས་མཐར་འབྲས་ཟབ་མོ་སེམས་སེམས་བྱུང་གིས་བསྡུས་པའི་རྟོག་ཚོགས་ཉེ་བར་ཞི་བ། ངོ་བོ་ཉིད་སྐུའི་བདག་ཉིད་སྟོང་པ་སྤྲོས་བྲལ་ཆེན་པོ་དག་པ་གཉིས་དང་ལྡན་ཞིང༌། ཡེ་ཤེས་ཆོས་སྐུའི་བདག་ཉིད་རང་བཞིན་འོད་གསལ་ཆེན་པོ་མཁྱེན་བརྩེ་ནུས་གསུམ་དང་ལྡན་པ་རང་བྱུང་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྟེ་ཚུར་མཐོང་ཚད་མས་བཞག་པའི་གཙང་བདེ་རྟག་བདག་སོགས་ཀྱི་མཐའ་ལས་གྲོལ་བའི་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གྱུར་པའོ། །
གཉིས་པ་དེ་ཡི་ཤེས་བྱའི་ཡུལ་གྱི་ཤན་འབྱེད་ནི།
ཡུལ་ལ་མ་དག་འཁྲུལ་པའི་ཆོས། །
རྣམ་མཁྱེན་རང་གིས་མ་གཟིགས་དང༌། །
གཟིགས་ཀྱང་སངས་རྒྱས་རང་སྣང་ལ། །
འཁྲུལ་སྣང་འདོད་པ་ཉིང་འཁྲུལ་ལགས། །
གཞན་གྱི་རྨི་ལམ་འཁྲུལ་སྣང་ཆོས། །
མངོན་ཤེས་ལྡན་པས་ཇི་བཞིན་གཟིགས། །
འོན་ཀྱང་རང་སྣང་མ་ཡིན་ཏེ། །
རང་སྣང་སད་པའི་སྣང་བ་བཞིན། །
གཞན་སྣང་མ་དག་ཞིང་སྣང་ཀུན། །
རྣམ་མཁྱེན་རང་གིས་མཁྱེན་ཅིང་གཟིགས། །
འོན་ཀྱང་རང་སྣང་མ་ལགས་ཏེ། །
སངས་རྒྱས་རང་སྣང་དག་པའི་ཞིང༌། །
ཞེས་སོགས་ཏེ། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡུལ་མཁྱེན་ཚུལ་ལ་ཡང༌། འགྲོ་དྲུག་གི་འཁྲུལ་སྣང་མ་དག་པའི་ཆོས་རྣམས་སངས་རྒྱས་ཀྱི་རྣམ་མཁྱེན་རང་གིས་མ་གཟིགས་སོ་ཞེས་སྨྲ་བ་དང༌། ཡང་འགའ་ཞིག་གིས་སངས་རྒྱས་ཀྱིས་མ་དག་པའི་འཁྲུལ་སྣང་གཟིགས་པར་འདོད་ཅིང༌། སངས་རྒྱས་རང་སྣང་ལ་ཡང་འཁྲུལ་སྣང་ཡོད་པར་འདོད་པ་གཉིས་ཀ་ཡང་ཉིང་འཁྲུལ་དུ་གྱུར་པ་ལགས་སོ། །དེས་ན་སངས་རྒྱས་ཀྱིས་མ་དག་པའི་འཁྲུལ་སྣང་མཁྱེན་ཚུལ་ནི། མདོ་དང་བསྟན་བཅོས་ཆེན་པོ་རྣམས་སུ་དཔེའི་སྒོ་ནས་བསྟན་པ་བཞིན་དུ། རིན་པོ་ཆེའི་གཞལ་ཡས་ཁང་གཅིག་གི་ནང་དུ་སྐྱེས་བུ་གཞན་ཞིག་གཉིད་དུ་སོང་བའི་ཚེ། རྨི་ལམ་གྱི་འཁྲུལ་སྣང་སྣ་ཚོགས་པའི་ཆོས་རྣམས་དེ་ན་གནས་པའི་གང་ཟག་མངོན་ཤེས་དང་ལྡན་པ་ཞིག་གིས་མངོན་ཤེས་ཀྱི་སྒོ་ནས་ཇི་ལྟ་བ་བཞིན་དུ་གཟིགས་མོད། འོན་ཀྱང་རྨི་ལམ་གྱི་སྣང་བ་དེ་དག་མངོན་ཤེས་ལྡན་པ་རང་གི་སྣང་བ་མིན་ཏེ། རང་སྣང་ནི་སད་པའི་སྣང་བ་རིན་པོ་ཆེའི་གཞལ་ཡས་ཁང་འབའ་ཞིག་ཏུ་མཐོང་བ་བཞིན་དུ། སངས་རྒྱས་ཀྱིས་ཀྱང་གདུལ་བྱ་གཞན་ངོར་སྣང་བའི་མ་དག་པའི་ཞིང་གི་སྣང་བ་ཀུན་ཀྱང༌། རྣམ་མཁྱེན་གྱི་ཡེ་ཤེས་རང་གིས་སོ་སོར་མ་འདྲེས་པར་མཁྱེན་ཅིང་གཟིགས་མོད། འོན་ཀྱང་སངས་རྒྱས་རང་སྣང་དུ་གྱུར་པ་ནི་མ་ལགས་ཏེ། སངས་རྒྱས་ཀྱི་རང་སྣང་ནི་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་འབའ་ཞིག་ཏུ་གྱུར་པ་ཉིད་དོ། །
གསུམ་པ་གནས་འགྱུར་བསམ་འདས་ཆེན་པོར་གྲུབ་དོན་བསྡུ་བ་ལ་གནས་གྱུར་ཡོན་ཏན་ཚད་མེད་བསྟན། །ཚུལ་དེས་དེ་ཡི་མཁྱེན་ཚུལ་དཔག་ཡས་སྒྲུབ། །དེས་མཚོན་ཟབ་དོན་གནད་གསང་མཁྱེན་པར་གདམས། །དང་པོ་ནི།
རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ཚེ། །
སྲིད་གསུམ་མངོན་རྫོགས་སངས་རྒྱས་པའི། །
སྐུ་གསུམ་རྒྱལ་བའི་ཞིང་དུ་རྫོགས། །
མདོ་སྔགས་དགོངས་པ་དབྱེར་མེད་འདྲེས། །
སྣང་ཚུལ་གཞན་སྣང་མ་དག་ཞིང༌། །
སྣང་གྲགས་རིག་པའི་ཆོས་རྣམས་ཀུན། །
གནས་ཚུལ་རང་སྣང་དག་པའི་ཞིང༌། །
སྐུ་གསུང་ཐུགས་ཀྱི་བཀོད་པར་རྫོགས། །
ཡུལ་དབང་རིག་པ་གནས་དག་དང༌། །
གནས་གྱུར་ཡོན་ཏན་ཟད་མི་ཤེས། །
གཞན་སྣང་རོ་མི་ཞིམ་པ་ཡང༌། །
རང་སྣང་དག་པའི་རོ་མཆོག་སྣང༌། །
ཞེས་སོགས་ཏེ། མདོར་ན་ནམ་ཞིག་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་པའི་ཚེ་ནི། སྲིད་པ་གསུམ་པོ་མངོན་པར་རྫོགས་པ་སངས་རྒྱས་པའི་དཀྱིལ་འཁོར་ཆེན་པོ་སྐུ་གསུམ་རྒྱལ་བའི་ཞིང་དུ་རྫོགས་ཤིང༌། མདོ་དང་སྔགས་ཀྱི་ལམ་ཐམས་ཅད་དགོངས་པའི་ཆུ་བོ་དབྱེར་མེད་གཅིག་ཏུ་འདྲེས་ཏེ། སྣང་ཚུལ་འགྲོ་དྲུག་གི་གཞན་སྣང་མ་དག་པའི་ཞིང་དུ་གྱུར་པ་སྣང་གྲགས་རིག་པའི་ཆོས་རྣམས་ཀུན་ཀྱང༌། གནས་ཚུལ་སངས་རྒྱས་ཀྱི་རང་སྣང་དག་པའི་ཞིང་ཁམས་ཆེན་པོ། སྣང་བ་སྐུ་དང་གྲགས་པ་གསུང་དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ཆེན་པོར་ཡོངས་སུ་རྫོགས་ཤིང༌། ཡུལ་དབང་རིག་པ་གནས་དག་དང་གནས་གྱུར་གྱི་སྒོ་ནས་དབང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་འབྱོར་བ་སོགས་ཀྱིས་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་ཅིང༌། ཚུལ་དེས་ན། གདུལ་བྱ་གཞན་ངོར་སྣང་བའི་རྟ་ཆས་རུལ་བ་ལྟ་བུའི་རོ་མི་ཞིམ་པའང་སངས་རྒྱས་རང་སྣང་ལ་དག་པ་ལྷའི་ཞལ་ཟས་ལྟ་བུའི་རོ་བྲོ་བའི་མཆོག་ཏུ་སྣང་ངོ༌། །
གཉིས་པ་ཚུལ་དེས་དེ་ཡི་མཁྱེན་ཚུལ་དཔག་ཡས་སྒྲུབ་པ་ནི།
མཁྱེན་ཚུལསྣང་སྟོང་མཉམ་ཉིད་གཟིགས། །
དག་དང་མ་དག་ཅིག་ཆར་མཁྱེན། །
ཤེས་དང་ཤེས་བྱ་རོ་གཅིག་སྟེ། །
ཚུར་མཐོང་བློ་ཡིས་བསམ་བརྗོད་བྲལ། །
ཞེས་སོགས་ཏེ། མདོར་ན་རྣམ་མཁྱེན་གྱི་ཡེ་ཤེས་དེ་ཡིས་ཤེས་བྱ་རབ་འབྱམས་མཁྱེན་ཚུལ་གྱི་ངེས་གསང་ཟབ་མོའི་ཁྱད་པར་ནི། ཤེས་བྱ་བདེན་གཉིས་ཀྱིས་བསྡུས་པའི་སྣང་བ་དང་སྟོང་པ་མཉམ་ཉིད་དུ་གཟིགས་ཤིང༌། འཁོར་བ་དང་མྱང་ངན་ལས་འདས་པའི་སྣང་བ་དག་པ་དང་མ་དག་པ་ཐམས་ཅད་ཅིག་ཆར་དུ་མཁྱེན་པ་དང༌། ཡུལ་དང་ཡུལ་ཅན་གྱི་རང་བཞིན་གྱི་ཤེས་དང་ཤེས་བྱ་རོ་གཅིག་ཏུ་གཟིགས་པའི་བདག་ཉིད་ཆེན་པོའི་ཁྱད་པར་རྣམས་ནི། རྟོག་གེ་ཚུར་མཐོང་གི་བློ་ཡིས་བསམ་བརྗོད་དང་བྲལ་བར་གྱུར་པའོ། །
གསུམ་པ་དེས་མཚོན་ཟབ་དོན་གནད་གསང་མཁྱེན་པར་གདམས་པ་ནི།
ཤེས་བྱ་ཇི་ལྟ་ཇི་སྙེད་གཉིས། །ཇི་སྙེད་སྣང་བའི་ཆོས་རྣམས་ལ། །
གནས་ཚུལ་དག་པའི་རང་སྣང་དང༌། །
སྣང་ཚུལ་འགྲོ་དྲུག་གཞན་སྣང་གཉིས། །
མཁྱེན་པའི་ཡེ་ཤེས་རྣམ་ལྔ་ཡང༌། །
ཇི་ལྟ་ཇི་སྙེད་ཡེ་ཤེས་གཉིས། །
དེ་ཡིས་ཤེས་བྱ་མཁྱེན་ཚུལ་གྱི། །
ངེས་གསང་དཔག་ཡས་མཁྱེན་པར་འཚལ། །
ཞེས་སོགས་ཏེ། དེ་ལ་སྤྱིར་ཤེས་བྱའི་ཆོས་ལ་ཇི་ལྟ་བའི་གནས་ལུགས་སྟོང་པ་ཉིད་དང༌། ཇི་སྙེད་པའི་སྣང་ཚུལ་ཀུན་རྫོབ་ཀྱི་ཆོས་ཏེ་རྣམ་པ་གཉིས་དང༌། ཇི་སྙེད་པའི་སྣང་བ་ཀུན་རྫོབ་པའི་ཆོས་ལ་ཡང༌། གནས་ཚུལ་དག་པ་སངས་རྒྱས་ཀྱི་རང་སྣང་དང༌། སྣང་ཚུལ་མ་དག་པ་འགྲོ་དྲུག་གི་གཞན་སྣང་དང་གཉིས་སུ་གནས་པ་དག་ནི། དེ་དག་ཇི་བཞིན་མཁྱེན་ཅིང་གཟིགས་པའི་ཡེ་ཤེས་རྣམ་པ་ལྔའི་ཚུལ་དུ་གནས་པ་ཡང༌། བསྡུ་ན་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་སུ་ཟད་པར་འདུ་ཞིང༌། ཚུལ་དེ་ཡི་སྒོ་ནས་ཤེས་བྱ་རབ་འབྱམས་མཁྱེན་ཚུལ་གྱི་ངེས་གསང་དཔག་ཡས་རྟོགས་པར་དཀའ་བ་རྣམས་ཀྱང་ཡོངས་སུ་མཁྱེན་པར་འཚལ་ལོ། །
རྩོམ་པ་རྫོགས་པ་མཇུག་གི་དོན་ལ།
གསུམ་པ་རྩོམ་པ་རྫོགས་པ་མཇུག་གི་དོན་ལ། ཇི་ལྟར་རྩོམ་པའི་ཚུལ་དང་བརྩམས་པ་ཡི། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བའོ། །དང་པོ་ནི།
དེ་ལྟར་ཆགས་སྡང་དུག་གིས་མ་བསླད་པར། །
གངས་ལྗོངས་མཁས་དབང་སྔ་ཕྱིའི་བཞེད་སྲོལ་གྱི། །
ཤན་འབྱེད་གནད་དོན་ཁྱད་པར་མ་འདྲེས་པའི། །
གནས་ཚུལ་གསལ་བའི་སྒྲོན་མེད་མདོ་ཙམ་མོ། །
རྒྱལ་བ་ཤཱཀྱ་སེངྒེའི་རིང་ལུགས་མཆོག །
གསང་ཆེན་སྔ་འགྱུར་ཆོས་ཀྱི་རྒྱལ་ཐབས་ཆེའི། །
ཟབ་ཡངས་ཆོས་སྟོན་འགྱེད་པའི་སྒོ་སྲང་ནས། །
དད་གསུམ་སློང་ཕོར་འཛིན་ལྟས་རིང་ཞིག་གནས། །
ཚུལ་དེས་དཔྱོད་ལྡན་གཞོན་ནུའི་སྐལ་བ་རུ། །
ལེགས་ཐོབ་ཆོས་སྟོན་ཟས་ཀྱི་སྐལ་བ་འདི། །
དཔལ་ལྡན་བླ་མའི་བཀའ་དྲིན་གསོ་ཕྱིར་དང༌། །
གཟུར་གནས་དཔྱོད་ལྡན་འགའ་ལ་ཕན་པའི་སླད། །
ཤཱཀྱའི་དགེ་སློང་ཤར་ཕྱོགས་དྭགས་པོ་པ། །
མདོ་སྔགས་བསྟན་པའི་ཉི་མ་ཞེས་བྱ་བས། །
མདོ་སྔགས་ལུང་དང་བླ་མའི་མན་ངག་བཞིན། །
ཡང་དག་རིགས་པའི་ལམ་གྱིས་གསལ་བར་བྲིས། །
ཞེས་སོགས་ཏེ། ཚུལ་དེ་ལྟར་གོང་དུ་ཇི་སྐད་བསྟན་པ་དག་ཀྱང་རང་བློ་ཆགས་སྡང་མི་ཟད་པའི་ཀུན་རྟོག་ངན་པའི་དུག་ཆུས་མ་བསླད་པར། གངས་ལྗོངས་མཁས་པའི་དབང་པོ་སྔ་ཕྱིའི་བཞེད་སྲོལ་གྱི་ཤན་འབྱེད་གཞི་ལམ་འབྲས་བུའི་གནད་དོན་གལ་ཆེ་བའི་ཁྱད་པར་མ་འདྲེས་པའི་གནས་ཚུལ་གསལ་བར་བྱེད་པའི་སྒྲོན་མེ་མདོར་བསྡུས་ཙམ་དུ་བསྟན་པའོ། །ཞེས་གསུངས་ཏེ། ཚུལ་དེ་ཡང་རྒྱལ་བ་ཤཱཀྱ་སེངྒེའི་རིང་ལུགས་མཆོག་གྱུར་གསང་ཆེན་སྔ་འགྱུར་ཆོས་ཀྱི་རྒྱལ་ཐབས་ཆེན་པོར། ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་བཤེས་གཉེན་རྣམས་ཀྱིས། སྐལ་ལྡན་སློབ་ཚོགས་རྒྱ་མཚོར་ཟབ་ཅིང་ཡངས་ལ་རྒྱ་ཆེ་བའི་ཆོས་སྟོན་རྒྱ་ཆེར་འགྱེད་པའི་སྒོ་སྲང་ན། གསང་སྔགས་རྙིང་མའི་མིང་ཙམ་ཡང་བོར་ལ་ཁད་པའི་སློབ་ཕྲན་ཐ་ཤལ་བ་དེས། དྭངས་འདོད་ཡིད་ཆེས་ཡོད་མདོག་གི་དད་པ་གསུམ་གྱི་སློང་ཕོར་ཆེས་ཆེར་འཛིན་ལྟས་ཡུན་རིང་དུ་གནས་ཁུལ་གྱིས་མི་ཚེ་འདའ་བར་བགྱིས་པའོ། །ཚུལ་དེའི་དབང་གིས་དཔྱོད་ལྡན་གཞོན་ནུའི་སྐལ་བར་ལེགས་པར་ཐོབ་པའི་ཆོས་སྟོན་གྱི་ཟས་སྐལ་ཕྲན་བུ་ཙམ་ཞིག་ཐོབ་པར་གྱུར་པ་འདི་ཆུད་ཟ་བར་འཕངས་པའི་བློས། སྤྱིར་དཔལ་ལྡན་བླ་མའི་བཀའ་དྲིན་གསོ་བའི་ཕྱིར་དང༌། ཁྱད་པར་གཟུར་གནས་རྣམ་པར་དཔྱོད་པའི་བློ་དང་ལྡན་པ་རེ་ཟུང་ཡོད་སྲིད་ན་དེ་དག་ལ་ཕན་པའི་སླད་དུ། ཤཱཀྱའི་དགེ་སློང་ཤར་ཕྱོགས་དྭགས་པོའི་རྒྱུད་དུ་བྱུང་བ་མདོ་སྔགས་བསྟན་པའི་ཉི་མ་ཞེས་བྱ་བར་བོས་པས། མདོ་སྔགས་ཀྱི་ལུང་ཚད་མ་དང༌། བླ་མའི་མན་ངག་ཚད་མ་ཇི་ལྟ་བ་བཞིན་དུ། ཡང་དག་པའི་རིགས་པའི་ལམ་གྱིས་ཚིག་དོན་ཉུང་ངུའི་ངག་གི་གསལ་བར་བྲིས་པའོ། །
གཉིས་པ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི།
དགེ་དེས་མཁའ་མཉམ་སྲིད་པའི་འགྲོ་བ་ཀུན། །
མཐོ་རིས་ཡོན་ཏན་བདུན་གྱི་དཔལ་ལ་སྤྱོད། །
སྐྱེས་བུ་གསུམ་གྱི་ལམ་ལ་རབ་ཞུགས་ཏེ། །
ཀུན་ཀྱང་བླ་མེད་བྱང་ཆུབ་འགྲུབ་གྱུར་ཅིག།
བདག་ཀྱང་འདི་ནས་སྲིད་པ་ཇི་སྲིད་བར། །
སྣ་ཚོགས་གཟུགས་ཀྱིས་འགྲོ་ཁམས་འཇུག་པ་ན། །
སྐྱབས་གཅིག་བསླུ་མེད་གཞོན་ནུ་ཟུར་ཕུད་ཅན། །
མི་འབྲལ་སྣང་བ་དམ་པས་རྩེན་གྱུར་ཅིག།
ཕྱོགས་ཀྱི་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན། །
རྒྱལ་བསྟན་བཤད་སྒྲུབ་འཁོར་ལོའི་སྣང་བས་ཁྱབ། །
ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །
འཆད་རྩོད་རྩོམ་པས་ཐུབ་བསྟན་མཛེས་གྱུར་ཅིག།
ཅེས་སོགས་ཏེ། དེ་ལྟར་ཡོངས་སུ་རྩོམ་པར་བགྱིས་པའི་དགེ་བ་དེ་ཡིས་གཞན་དོན་དུ་ཕན་པ་དང་བདེ་བའི་རྒྱུར་གྱུར་ཏེ། མཁའ་མཉམ་སྲིད་པའི་འགྲོ་བ་ཀུན་ཀྱང་ལམ་གྱི་རྟེན་མཐོ་རིས་ཡོན་ཏན་བདུན་གྱི་དཔལ་ལ་སྤྱོད་ཅིང༌། ལམ་གྱི་ངོ་བོ་གནས་སྐབས་སྐྱེས་བུ་གསུམ་གྱི་ལམ་ལ་རབ་ཏུ་ཞུགས་ཏེ། རིགས་ཅན་གསུམ་གྱིས་བསྡུས་པའི་འགྲོ་བ་མཐའ་དག་ཀུན་ཀྱང༌། མཐར་འབྲས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མྱུར་དུ་འགྲུབ་པར་གྱུར་ཅིག གཞན་ཡང་བདག་དོན་དུ་ལྷག་པའི་ལྷ་དགྱེས་པའི་རྒྱུར་གྱུར་ཏེ། བདག་ཀྱང་དུས་འདི་ནས་བཟུང་སྟེ་སྲིད་པ་ཇི་སྲིད་ཀྱི་བར་དུ་བྱ་དང་རི་དྭགས་གྲོང་ཁྱེར་གྱི་སློང་མོ་བ་ལ་སོགས་པ་སྣ་ཚོགས་པའི་གཟུགས་ཀྱིས་འགྲོ་བ་རིགས་དྲུག་གི་ཁམས་སུ་སྐྱེ་གནས་རྣམ་པ་བཞིའི་ཚུལ་གྱིས་འཇུག་པ་ན། སྐྱབས་དང་དཔུང་གཉེན་གཅིག་པུར་གྱུར་ཅིང་དུས་ནམ་ཡང་བསླུ་བ་མེད་པ་རྗེ་བཙུན་འཇམ་དཔལ་དབྱངས་གཞོན་ནུ་ཟུར་ཕུད་ལྔ་པ་ཅན་དེ་ཉིད་དང་མི་འབྲལ་བར་བརྩེ་བའིཐུགས་ཀྱིས་དགོངས་ཏེ་མཚན་དཔེའི་ཞལ་མཇལ་ཞིང༌། ཚངས་པའི་གསུང་གི་སྣང་བ་དམ་པས་ཡོངས་སུ་རྩེན་པར་གྱུར་ཅིག་གུ། དེ་བཞིན་དུ་གཉིས་དོན་དུ་བསྟན་པ་རྒྱས་པའི་རྒྱུར་གྱུར་ཏེ། ཕྱོགས་ཀྱི་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཉི་ཟླ་ཟུང་འབྲེལ་གྱི་འཁོར་ལོའི་སྣང་བས་ཁྱབ་ཅིང༌། ཕྱོགས་བཞིའི་དགེ་འདུན་འདུས་པའི་སྡེ་ཐམས་ཅད་གཞི་བསླབ་པ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཤིང༌། རང་དོན་གསན་བསམ་སྒོམ་པའི་ཕ་རོལ་ཏུ་སོན་པ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་པའི་སྒོ་ནས། གསར་རྙིང་རིས་མེད་ཀྱི་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྒོ་ནས་མཛེས་པར་གྱུར་ཅིག །ཅེས་པའོ། །
དེ་ལྟར་ལྟ་གྲུབ་ཤན་འབྱེད་ཀྱི་གཞུང་གི་ཚིག་དོན་རྣམ་པར་བཤད་པ་མདོར་བསྡུས་སུ་བཀོད་པ་འདི་ཡང་སྤྱིར་གཞན་ཕྱོགས་ཀྱི་ཡིག་ཆ་སྨྲ་བ་ཕལ་གྱིས་སྔ་འགྱུར་བའི་གཞུང་ལུགས་རྣམས་ནི་ཨ་མྱེའི་གོ་དོན་ཙམ་ལས་འཛིན་མཚམས་ཀྱི་ཁྱད་པར་ཅི་ཡང་མེད་པར་སྨྲ་བ་དང༌། རང་ཕྱོགས་འཛིན་ཁུལ་བྱེད་པ་རྣམས་ཀྱང་གཞུང་དོན་གྱི་འཛིན་མཚམས་ཟབ་པའི་ཁྱད་པར་ཅི་ཡང་མ་མཁྱེན་པར་རང་གར་ཆགས་སྡང་སྤེལ་བའི་རྒྱུ་སྒྲུབ་པ་སོགས་མང་དུ་སྣང་བར་བརྟེན། ཆགས་སྡང་མེད་པའི་ཡིད་ཀྱིས་རྩ་བ་ཉུང་བསྡུས་ཙམ་སྤེལ་ཁུལ་བགྱིས་ཟིན་རུང་དོན་མེད་ཆགས་སྡང་སྤེལ་བ་སོགས་ཀྱི་རྒྱུ་ལྟར་སྣང་བ་འགྲེལ་པ་བྲི་འདོད་སོགས་གཏན་མེད་རུང༌། ཉེ་ཆར་ཆོས་རྗེ་སྨིན་གླིང་རྒྱལ་སྲས་རིན་པོ་ཆེ་ཀུན་གཟིགས་འཇམ་དབྱངས་ཆོས་གྲགས་དཔལ་ཡོན་ཏན་རྒྱ་མཚོའི་སྡེ་དང༌། གྲུབ་དབང་རྫོགས་ཆེན་མཆོག་གི་མཁན་རིན་པོ་ཆེ་པདྨའི་མཚན་ཅན་དང༌། སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་ཆོས་འབྱོར་མཚན་ཅན་དང༌། གོ་འཇོ་ཁ་ལེགས་མཆོག་སྤྲུལ་པདྨའི་མཚན་ཅན་དང༌། མཁན་ཆེན་རིན་པོ་ཆེ་ཐུབ་བསྟན་མཆོག་གི་སྐུ་ཚ་ཚུལ་ཁྲིམས་བསྟན་འཛིན་སོགས་དམ་པ་དུ་མས་བཀྲ་ཤིས་པའི་ལྷ་རྫས་དང་ཆབས་གཅིག་བཀའ་སྩལ་སྤྱི་བོར་ཕེབས་པར་བརྟེན་ཤར་ཕྱོགས་དྭགས་པོའི་རྒྱུད་དུ་བྱུང་བ་ཤཱཀྱའི་དགེ་སློང་མདོ་སྔགས་བསྟན་པའི་ཉི་མས་སྤེལ་བའི་དགེ་བས་གསར་རྙིང་རིས་མེད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག ། །
ཕྱོགས་དང་རིས་མེད་རྒྱལ་བསྟན་རིན་པོ་ཆེ། །
ཕྱོགས་ཞེན་རྩོད་པའི་དུཿ ཁ་རབ་ཞི་སྟེ། །
ཕྱོགས་ཀྱི་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན། །
ཕྱོགས་ལས་རྣམ་རྒྱལ་ཐུབ་བསྟན་མཛེས་གྱུར་ཅིག །སརྦ་མངྒ་ལམ། །
སྟོང་ཐུན་གནད་ཀྱི་ཟིན་ཐུན།
༄༅། །ངེས་ཤེས་རིན་པོ་ཆེའི་དོན་འགྲེལ་ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེ་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཡེ། །
མདོ་སྔགས་ཟུང་འབྲེལ་གཞི་ལམ་འབྲས་བུའི་ཆོས། །
སྣང་སྟོང་དབྱེར་མེད་ལྟ་སྤྱོད་རྨད་བྱུང་ཆེ། །
ཐུན་མོང་ཐུན་མིན་བཀའ་དང་དགོངས་འགྲེལ་ཀུན། །
ཚད་མ་གསུམ་གྱིས་འདོམས་མཛད་འཕགས་ཚོགས་རྒྱལ། །
རྒྱལ་བསྟན་བཤད་སྒྲུབ་ཉི་ཟླའི་དཀྱིལ་འཁོར་ཆེ། །རྨད་བྱུང་ཐུགས་བསྐྱེད་དུས་སྨིན་ཤིང་རྟ་ཡིས། །བྱང་དུ་ཆེས་ཆེར་རབ་དྲངས་ཏེ། །བསིལ་ལྡན་སྐྱེ་འགྲོའི་དཔལ་དུ་ཆས་པ་ན། །གངས་ལྗོངས་མཁས་པའི་དབང་པོ་སྔ་ཕྱི་ཡིས། །བཞེད་སྲོལ་ཁྱད་པར་མ་འདྲེས་སོ་སོར་བཀྲལ། །ཚུལ་དེས་ས་དགེ་བཀའ་རྙིང་ལྟ་གྲུབ་བཞིར། །བསྟན་པའི་བཀའ་བབས་བཞི་ཞེས་ཡོངས་སུ་གྲགས། །གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཆུ་མགོ་ནི། །ཁྱད་ཆོས་ཆེ་བ་དྲུག་ལྡན་སྔ་འགྱུར་པ། །དེ་ཡི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ནི། །སྣ་ཚོགས་གྲུབ་མཐའ་གཞན་ལས་ཆེས་ཆེར་འཕགས། །དེ་ལ་ས་དགེ་བཀའ་རྙིང་སོ་སོ་ཡི། །གྲུབ་མཐའི་རྣམ་དབྱེ་མ་འདྲེས་ལེགས་མཁྱེན་ནས། །ཐུན་མིན་རིང་ལུགས་ཚུལ་བཞིན་འཛིན་མཁས་ན། །རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་བུར་ངེས། །དེ་སླད་སྔ་འགྱུར་རིང་ལུགས་འཛིན་འདོད་ན། །དེ་ཡི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཀུན། །སྣ་ཚོགས་གྲུབ་མཐའ་ཕལ་དང་ཚིག་ཟུར་ཙམ། །མ་འདྲེས་གནད་དོན་ཡོངས་རྫོགས་འཛིན་པར་འཚལ། །ཀྱེ་མ་དེང་དུས་སྣ་ཚོགས་འདུ་ཤེས་ཀྱིས། །ཕན་ཚུན་ཆགས་སྡང་འཁྲུགས་པའི་དུཿཁ་དང་། །སྣ་ཚོགས་རྗེས་བརྗོད་སྙན་པའི་ཚིག་སྒྲོས་ལས། །ཚུལ་བཞིན་ལྟ་གྲུབ་ཟབ་གནད་སྨྲ་བ་དཀོན། །ཆོས་དང་ཆོས་མིན་གནད་ཀྱི་ཤན་འབྱེད་དང་། །རང་དང་གཞན་གྱི་གྲུབ་མཐའི་རྣམ་དབྱེ་དང་། །ལེགས་བཤད་ཉེས་བཤད་མཁྱེན་པའི་རྣམ་དཔྱོད་ནི། །མཁས་ལ་ཡོད་ཀྱི་བླུན་པོའི་ཚོགས་ལ་མིན། །
ཚུལ་དེས་ཆགས་སྡང་འདུ་ཤེས་རབ་བསྐྱུངས་ཏེ། །གསར་རྙིང་ལྟ་གྲུབ་ཁྱད་པར་གནས་ཚུལ་ཙམ། །སོ་སོའི་ལུགས་བཞིན་མ་འདྲེས་སྣང་བའི་གཟུགས། །རབ་གསལ་ཤན་འབྱེད་སྒྲོན་མེ་མདོ་ཙམ་སྤྲོ། །
གང་ལྗོངས་མཁས་དབང་སྔ་ཕྱི་ཡི། །བཞེད་སྲོལ་ཁྱད་པར་བརྗོད་ལས་འདས། །དེ་ལ་ཕྱི་ནང་ཁྱད་པར་ཙམ། །དབྱེ་བའི་ཚུལ་ལ་མི་མཐུན་ཡོད། །མཉམ་མེད་ཇོ་བོའི་བཞེད་སྲོལ་བཞིན། །ཕྱི་འགྱུར་མཁས་དབང་ཕལ་མོ་ཆེས། །ཕྱི་ནང་ཁྱད་པར་སྐྱབས་འགྲོས་འབྱེད། །དེ་ཙམ་རྟེན་གྱི་དབྱེ་བར་ཟད། །མདོ་རྒྱུད་ལུང་གི་དགོངས་དོན་བཞིན། །སྔ་འགྱུར་པ་རྣམས་ཕྱི་ནང་གི ། ཁྱད་པར་རྟེན་དང་ལྟ་སྒོམ་དང་། །སྤྱོད་འབྲས་ཁྱད་པར་དཔག་ཡས་བཞེད། །
གཞན་དག་ཐེག་པ་ཆེ་ཆུང་གི ། ཁྱད་པར་སེམས་བསྐྱེད་ཙམ་གྱིས་འབྱེད། །དེ་ཙམ་བསམ་པའི་དབྱེ་བར་ཟད། །ལྟ་སྒོམ་སྤྱོད་འབྲས་ཁྱད་པར་ཆེ། །
ཁ་ཅིག་ཐེག་པ་གོང་འོག་གཉིས། །ལྟ་གྲུབ་འགལ་བར་སྨྲ་བ་དང་། །ཡང་ཅིག་ལྟ་བ་ཁྱད་མེད་ལ། །སྤྱོད་འབྲས་ཁྱད་པར་ཅིར་ཡང་སྨྲ། །སྔ་འགྱུར་མཁས་པའི་རང་བཞེད་ནི། །ལྟ་གྲུབ་ཐེག་པའི་རིམ་པ་དག ། རིམ་དང་ཅིག་ཆར་ཚུལ་གྱིས་སུ། །གོང་འོག་ཁྱད་པར་དཔག་ཡས་བཞེད། །དེ་ཕྱིར་གྲུབ་མཐའ་སྨྲ་བ་བཞི། །བཀའ་རྟགས་ཕྱག་རྒྱ་ཁས་ལེན་མཐུན། །འོན་ཀྱང་གསལ་རྒྱས་རྫོགས་ཚུལ་ལས། །ལྟ་གྲུབ་གོང་འོག་ཁྱད་པར་ཆེ། །
མདོ་སྔགས་ཐབས་ཀྱི་ཁྱད་པར་ལས། །ལྟ་བ་ཁྱད་མེད་གཞན་དག་སྨྲ། །ལྟ་བ་བདག་མེད་སྟོང་རྐྱང་ལས། །སྣང་ཆ་འོད་གསལ་མེད་པས་ལན། །རང་བཞེད་མདོ་སྔགས་ཐེག་པའི་ཚུལ། །སྟོང་ཆ་ཆོས་དབྱིངས་ཁྱད་མེད་ཀྱང་། །སྣང་ཆ་འོད་གསལ་ལྷུན་གྲུབ་ཀྱི། །ལྟ་བའི་ཁྱད་པར་གནམ་ས་ཙམ། །རྒྱུ་ཡི་ཐེག་པའི་འོད་གསལ་གྱི། །སེམས་ཉིད་བདེ་གཤེགས་སྙིང་བོ་དང་། །སྔགས་ཀྱི་འོད་གསལ་ལྷུན་གྲུབ་གཉིས། །གསལ་རྒྱས་རྫོགས་པའི་ཁྱད་པར་ཆེ། །མདོར་ན་རྒྱུ་ཡི་གྲུབ་མཐའ་བཞི། །བདག་མེད་རྫོགས་ཚུལ་ཟབ་ཁྱད་ཡོད། །གསང་སྔགས་རྒྱུད་སྡེ་རྣམ་པ་བཞི། །ལྟ་བ་ལྷུན་གྲུབ་ཟབ་ཁྱད་ཆེ། །དེ་ཡི་གནད་གསང་མཐར་ཐུག་དོན། །སྣང་སྟོང་འགལ་མེད་མཆོག ། ཟུང་འཇུག་མཐའ་བྲལ་ཆེན་པོའི་དོན། །རིམ་དང་ཅིག་ཆར་རྫོགས་ཚུལ་ལགས། །གང་དག་སྣང་སྟོང་འགལ་འདུ་ཅན། །སྟོང་ཉིད་བདེན་སྟོང་དངོས་མེད་ཙམ། །གང་འདོད་དེ་དག་མདོ་རྒྱུད་ཀྱི། །ལྟ་བའི་རྣམ་དབྱེ་འཆད་པར་དཀའ། །
རྗོད་བྱེད་འཁོར་ལོ་རྣམ་གསུམ་གྱི། །དྲང་ངེས་རྣམ་གཞག་གཞན་དག་རྣམས། །དང་པོ་དྲང་དོན་བར་པ་ངེས། །ཐ་མ་དྲང་དོན་ཁོ་ནར་སྨྲ། །དྲང་དོན་བརྗོད་བྱ་ཐ་སྙད་དུ། །མེད་པའི་ཆོས་སུ་ཁྱབ་མཐའ་འཆའ། །ཚུལ་དེས་མདོ་རྒྱུད་ཟབ་མོའི་དོན། །གཤེགས་སྙིང་ལ་སོགས་གཏན་མེད་སྨྲ། །ཁ་ཅིག་འཁོར་ལོ་དང་པོ་དང་། །བར་པ་ཡང་ནི་དྲང་དོན་ཉིད། །ཐ་མ་ཁོ་ན་ངེས་དོན་ཏེ། །དེ་ཡི་བརྗོད་བྱ་བདེན་གྲུབ་སྨྲ། །རང་བཞེད་ཚད་མ་རྣམ་གཉིས་ཀྱིས། །གཞལ་བྱ་འཁོར་ལོ་གསུམ་གྱི་མདོའི། །བརྗོད་བྱ་བདེན་གཉིས་དབྱེ་ཚུལ་ལས། །དྲང་ངེས་ཚུལ་གཉིས་འདི་ལྟར་བཞེད། །དོན་དཔྱོད་ཚད་མའི་རྙེད་དོན་མཆོག ། སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས། །སྟོང་ཉིད་དོན་དམ་དངོས་བསྟན་གྱི། །འཁོར་ལོ་བར་པ་ངེས་དོན་དང་། །རྣམ་དག་ཚད་མའི་རྙེད་དོན་མཆོག ། གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །འོད་གསལ་དོན་དམ་དངོས་བསྟན་གྱི། །འཁོར་ལོ་ཐ་མ་ངེས་དོན་བཞེད། །བརྗོད་བྱ་སྣང་སྟོང་ཁྱད་པར་ལས། །དྲང་ངེས་རྣམ་པར་དབྱེ་ཚུལ་གྱིས། །འཁོར་ལོ་བར་ཐའི་ངེས་དོན་དག། དབྱེ་ཚུལ་ཁྱད་པར་འགལ་མེད་བཞེད། །དེ་ལྟར་སྔ་འགྱུར་མཁས་པའི་ལུགས། །དྲང་ངེས་དབྱེ་ཚུལ་ཁྱད་པར་ཅན། །མདོ་དང་བསྟན་བཅོས་དགོངས་ཟབ་དོན། །ཁོ་བོའི་དྲང་ངེས་ལྡེའུ་མིག་ལྟོས། །
བསྟན་བཅོས་རྣམ་བཞག་གཞན་དག་རྣམས། །རྒྱད་བླའི་དངོས་བསྟན་དྲང་དོན་ལོ། །སྣང་ཆ་འོད་གསལ་སྤངས་པ་ཡི། །སྟོང་རྐྱང་རིགས་སུ་འདོད་དང་བསྟུན། །རང་བཞེད་རྒྱུད་བླ་ཐལ་འགྱུར་ཆེའི། །དགོངས་དོན་སྣང་ཆ་འོད་གསལ་མཆོག ། རྩལ་བཏོན་ཟབ་དོན་སྙིང་པོའི་མདོའི། །དགོངས་འགྲེལ་ངེས་དོན་བླ་མེད་བཞེད། །མངོན་རྟོགས་རྒྱན་གཞུང་མཐའ་གཅིག་ཏུ། །གཞན་དག་རང་རྒྱུད་གཞུང་དུ་འཆད། །རྒྱུ་མཚན་གཙོ་བོ་རྣམ་བརྒྱད་ཀྱི། །དམ་བཅའ་ཉམས་ཀྱིས་དོགས་པར་ཟད། །སྔ་འགྱུར་རང་བཞེད་མི་ཕམ་རྗེས། །ཐལ་རང་ཕྱི་མོའི་གཞུང་ཉིད་དུ། །དངོས་སྟོབས་རིགས་པའི་འཕྲུལ་དང་བཅས། །བརྒལ་ལན་སོགས་སུ་ཆེས་ཆེར་བསྒྲུབས། །དེང་དུས་རྙིང་མར་སྨྲ་རྣམས་ཀྱང་། །རྒྱུ་མཚན་མེད་པར་བཞན་རྗེས་ཟློ། །རང་བཞེད་སྔ་རབས་མཁས་པའི་ལུགས། །མ་ཕམ་དགོངས་པའི་རྒྱན་དུ་བྲིས། །གཞན་དག་དབུ་མ་རང་རྒྱུད་གཞུང་། །ཐལ་འགྱུར་ཆེན་པོའི་འགལ་ཟླར་སྨྲ། །རང་བཞེད་མི་ཕམ་ཆོས་རྗེ་ཡིས། །ཐལ་འགྱུར་ཆེན་པོའི་ལམ་སྟེགས་བཞེད། །
སྐྱབས་འགྲོར་མཆོག་གསུམ་མཚན་ཉིད་དང་། །མཚན་གཞི་རྒྱུ་འབྲས་སྐྱབས་འགྲོ་དང་། །གནས་སྐབས་མཐར་ཐུག་རབ་དབྱེ་སོགས། གཞན་དག་རྣམ་གཞག་གཞན་དུ་འཆད། །རང་བཞེད་སྔ་འགྱུར་ལོ་པཎ་རྣམས། །མཆོག་གསུམ་སྐྱབས་ཀྱི་ངོ་བོ་དང་། །དེ་ཡི་མཚན་གཞིའི་རབ་དབྱེ་སོགས། །བཀའ་དང་དགོངས་འགྲེལ་གཞུང་བཞིན་བཞེད། །
ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཀྱང་། །གཞན་དག་རྣམ་གཞག་ཅིར་ཡང་སྨྲ། །རང་བཞེད་ཤིང་རྟ་ཆེན་པོ་ཡི། །དགོངས་དོན་གཞུང་བཞིན་འཆད་པར་མཛད། །དེ་ཡི་མཚན་གཞི་ཁ་ཡར་བ། །ཤིང་རྟའི་དགོངས་པ་འགལ་བར་འཆད། །རང་བཞེད་ཀུན་མཁྱེན་ཆེན་པོ་ཡིས། །འགལ་མེད་གནད་དོན་གཅིག་ཏུ་བཞེད། །ལ་ལ་དབང་པོ་རྣོ་འབྲིང་གི ། སེམས་བསྐྱེད་ལྟར་སྣང་ཚིག་ཙམ་ལོ། །རང་བཞེད་དེ་གསུམ་ཐེག་ཆེན་གྱི། །སེམས་བསྐྱེད་མཚན་ཉིད་པ་རུ་བཞེད། །དེ་ལྟར་སེམས་རབ་དབྱེ་སོགས། །སྔ་འགྱུར་མཁས་པའི་རང་བཞེད་རྣམས། །ཇི་བཞིན་གསལ་བ་ཤེར་ཕྱིན་གྱི། །དོན་འགྲེལ་མ་ཕམ་དགོངས་རྒྱན་གཟིགས། །
འཇལ་བྱེད་ཚད་མ་རྣམ་གཉིས་ཀྱིས། །གཞལ་བྱ་བདེན་གཉིས་གཏན་ལ་འབེབས། །དེ་ཡི་དབང་གིས་གྲུབ་མཐའ་དང་། །ལྟ་སྒོམ་སྤྱོད་འབྲས་རྣམ་པར་དབྱེ། །འཇལ་བྱེད་ཚད་མའི་རྣམ་གཞག་ལ། །སྔ་ཕྱིའི་བཞེད་སྲོལ་ཐ་དད་ཡོད། །དེ་ཡི་དབང་གིས་ལྟ་གྲུབ་ཀྱི། །ཞལ་བཞེས་མི་མཐུན་སོ་སོར་གྱུར། །ཕྱི་རབས་མཁས་རྣམས་མགྲིན་གཅིག་ཏུ། །བདེན་གཉིས་དཔྱོད་བྱེད་ཚད་མ་ལ། །དོན་དམ་དང་ནི་ཐ་སྙད་ཀྱི། །ཚད་མ་གཉིས་ཞེས་ཆེས་ཆེར་སྨྲ། །འོན་ཀྱང་དོན་དམ་རྣམ་གྲངས་དང་། །ཐ་སྙད་ཚུར་མཐོང་ཁོ་ན་ལས། །རྣམ་གྲངས་མིན་དཔྱོད་ཚད་མ་དང་། །དག་པའི་གཟིགས་པ་འཆད་དུ་མེད། །དོན་དཔྱོད་ཚད་མའི་རིགས་པའི་འགྲོས། །ཚུར་མཐོང་ཚད་མར་བསྟུན་ཏེ་སྨྲ། །དེ་ཡི་དོན་དམ་དངོས་མེད་ལས། །ཟབ་ཞི་སྤྲོས་བྲལ་འགྲུབ་ནུས་མིན། །ཐ་སྙད་དཔྱོད་བྱེད་ཚད་མ་ཡང་། །ཚུར་མཐོང་ཙམ་ལས་མེད་དེའི་ཕྱིར། །མ་དག་ཀུན་རྫོབ་ཙམ་ཞིག་ལས། །དག་པའི་ཀུན་རྫོབ་འགྲུབ་ནུས་མིན། །སྔ་རབས་མཁས་པའི་དབང་པོ་རྣམས། །བདེན་གཉིས་རྣམ་པར་དཔྱོད་བྱེད་ཀྱི། །རིགས་པ་དོན་དམ་ཚད་མ་དང་། །ཐ་སྙད་ཚད་མ་གཉིས་སུ་བཞེད། །དོན་དམ་རྣམ་གྲངས་དཔྱོད་བྱེད་དང་། །རྣམ་དག་ཐ་སྙད་ཚད་མ། གཉིས། །དེ་ཡི་རབ་དབྱེ་མདོ་རྒྱུད་དང་། །བསྟན་བཅོས་དགོངས་དོན་སྔ་འགྱུར་པའི། །མན་ངག་ཇི་བཞིན་མི་ཕམ་རྗེའི། །ལེགས་བཤད་ཤེས་རབ་རལ་གྲིར་གསལ། །དོན་དཔྱོད་རྣམ་གྲངས་ཚད་མ་ཡིས། །གནས་སྐབས་རྣམ་གྲངས་དོན་དམ་དང་། །རྣམ་གྲངས་མིན་དཔྱོད་ཚད་མ་ཡིས། །མཐར་ཐུག་རྣམ་གྲངས་མིན་པ་སྒྲུབ། །ཐ་སྙད་ཚུར་མཐོང་ཚད་མ་ཡིས། །སྣང་ཚུལ་མ་དག་ཀུན་རྫོབ་དང་། །ཐ་སྙད་རྣམ་དག་ཚད་མ་ཡིས། །གནས་ཚུལ་དག་པའི་ཀུན་རྫོབ་སྒྲུབ། །དོན་དཔྱོད་ཚད་མས་ཆོས་རྣམས་ཀུན། །བདེན་མེད་སྟོང་པ་ཆེན་པོར་སྒྲུབ། །ཐ་སྙད་ཚད་མས་མ་དག་དང་། །དག་པའི་སྣང་བ་སོ་སོར་འབྱེད། །དེ་ལྟར་མདོ་རྒྱུད་བསྟན་བཅོས་ཀྱི། །དགོངས་དོན་ཟབ་རྒྱས་ཅིག་ཆར་དུ། །འཇལ་བྱེད་ཚད་མ་ཡོངས་རྫོགས་འདི། །སྔ་རབས་མཁས་པའི་ཁྱད་ཆོས་ལགས། །བར་སྐབས་ཀྱི་ཚིགས་སུ་བཅད་པ་འོ། །
གཞལ་བྱ་བདེན་གཉིས་རྫོགས་ཚུལ་ལས། །སངས་རྒྱས་པ་ཡི་ལྟ་གྲུབ་བཞིར། །གངས་ལྗོངས་མཁས་དབང་སྔ་ཕྱི་ཡི། །འཆད་སྲོལ་རྣམ་གཞག་རེ་ཞིག་བསྐྱུངས། །འདིར་ནི་ཐེག་མཆོག་དབུ་མ་ཆེའི། །གཞི་ལམ་འབྲས་བུའི་ལྟ་གྲུབ་གནད། །གངས་ལྗོངས་སྔ་ཕྱིའི་མཁས་དབང་གི ། བཞེད་སྲོལ་ཁྱད་པར་མདོ་ཙམ་འཆད། །
གཞན་དག་མཐའ་གཉིས་བྲལ་བ་ཡི། །བར་གྱི་ཆོས་ཏེ་དབུ་མར་འཆད། །གཞི་ལམ་འབྲས་བུ་རེ་རེ་ནས། །དབུ་མ་མིན་པའི་དམ་བཅའ་སྨྲ། །དེ་འདྲའི་དབུ་མ་བདེན་གཉིས་གང་། །འཕགས་ལམ་མཉམ་རྗེས་གང་དུ་སྒོམ། །མཐར་འབྲས་སྐུ་གཉིས་གང་ཡིན་སོགས། །དྲིས་ཤིང་བརྩད་པས་དམ་བཅའ་འཇིག ། རང་བཞེད་སྤྲོས་མཐའ་ཀུན་བྲལ་གྱི། །གནས་ལུགས་གཞི་ཡི་དབུ་མར་བཞེད། །ཚུལ་དེས་ལམ་དང་འབྲས་བུ་ཡང་། །དབུ་མའི་ཉིད་དུ་བཏགས་པར་མཛད། །
ཐེག་མཆོག་དབུ་མའི་གཞུང་ལུགས་ལ། །གཞི་ལམ་འབྲས་བུ་རྣམ་གསུམ་ལས། །གཞལ་བྱ་སྣང་སྟོང་བདེན་པ་གཉིས། །འཆད་པའི་ཚུལ་ལ་མི་མཐུན་ཡོད། །
སྤྱིར་ནི་བདེན་གཉིས་དབྱེ་ཚུལ་ལ། །སྣང་སྟོང་ཆོས་ཀྱི་བདེན་གཉིས་དང་། །གནས་སྣང་ཆོས་ཀྱི་བདེན་གཉིས་ཀྱི། །རབ་དབྱེ་གཉིས་སུ་མཁས་རྣམས་བཞེད། །
དེང་དུས་སྣང་སྟོང་བདེན་གཉིས་ལས། །གནས་སྣང་བདེན་གཉིས་མཁྱེན་པ་དཀོན། །ཚུལ་དེས་ངེས་དོན་མདོ་རྒྱུད་ཀྱི། །དགོངས་དོན་ཟབ་མོ་རིང་དུ་བྱས། །
གནས་ཚུལ་དོན་དཔྱོད་ཚད་མ་ཡིས། །གཞལ་དོན་ཡང་དག་ཡིན་མིན་གྱིས། །སྟོང་ཉིད་དོན་མང་བདེན་པ་དང་། །སྣང་བ་ཀུན་རྫོབ་བདེན་གཉིས་དབྱེ། །ཚུལ་འདི་འཁོར་ལོ་བར་པ་ཡི། །ངེས་དོན་མདོ་དང་རྒྱུད་སྡེ་དང་། །དོན་འགྲེལ་ཟླ་བའི་གཞུང་སོགས་ཀྱི། །བདེན་གཉིས་དབྱེ་ཚུལ་བླ་ན་མེད། །
སྣང་ཚུལ་དག་པའི་ཚད་མ་ཡིས། །གཞལ་དོན་ཡང་དག་ཡིན་མིན་གྱིས། །གནས་སྣང་མཐུན་པ་དོན་དམ་དང། །གནས་སྣང་མི་མཐུན་ཀུན་རྫོབ་དབྱེ། །ཚུལ་འདི་འཁོར་ལོ་ཐ་མ་ཡི། །ངེས་དོན་མདོ་དང་རྒྱུད་སྡེ་དང་། །ཐེག་ཆེན་རྒྱུད་བླའི་གཞུང་སོགས་ཀྱི། །བདེན་གཉིས་དབྱེ་ཚུལ་བླ་ན་མེད། །
དེ་ལ་དབུ་མ་རང་རྒྱུད་པས། །སྣང་སྟོང་ཆོས་ཀྱི་བདེན་གཉིས་བཞེད། །ཐལ་འགྱུར་གཞུང་དུ་བདེན་གཉིས་ཀྱི། །རབ་དབྱེ་གཉིས་ཀ་འགལ་མེད་བཞེད། །དེ་ཕྱིར་ཟླ་བའི་གཞུང་དང་ནི། །རྒྱལ་ཚབ་མཆོག་གི་རྒྱུད་བླའི་གཞུང་། །གཉིས་ཀ་ཐེག་ཆེན་ཐལ་འགྱུར་པའི། །གཞུང་དུ་འགལ་མེད་གནད་གཅིག་ལགས། །དེ་ལ་རིགས་ཁམས་སྙིང་པོ་སོགས། །གནས་སྣང་མཐུན་པའི་དོན་དམ་མཆོག ། འོན་ཀྱང་སྣང་སྟོང་དབྱེ་ཚུལ་གྱིས། །སྣང་སྟོང་བདེན་པ་གཉིས་ཆར་ཡོད། །
ལ་ལ་བདེན་གཉིས་རབ་དབྱེ་གཉིས། །དབུ་མ་ཐལ་རང་སོ་སོར་སྦྱོར། །འཁོར་ལོ་བར་མཐའ་གང་རུང་གི ། དགོངས་དོན་འགལ་མེད་རྟོགས་པར་དཀའ། །
དེས་ན་དབུ་མ་ཆེན་པོ་ཡི། །ངེས་དོན་མདོ་དང་བསྟན་བཅོས་ཀྱི། །བསྟན་དོན་བདེན་གཉིས་རབ་དབྱེ་དག ། གཉིས་ཀ་འགལ་མེད་མཁྱེན་པར་མཛོད། །
དེ་ལྟར་བདེན་གཉིས་དབྱེ་ཚུལ་གྱི། །རབ་དབྱེ་རྣམ་པ་གཉིས་དག་ལས། །འདིར་ནི་སྣང་སྟོང་བདེན་གཉིས་ཀྱི། །ཆོས་ཀྱི་མཚན་ཉིད་ལ་ལ་དག ། མཐོང་བ་རྫུན་པ་ཐ་སྙད་ཀྱི། །དཔྱོད་བྱེད་ཚད་མའི་རྙེད་དོན་དང་། །ཡང་དག་མཐོང་བ་མཐར་ཐུག་གི ། དཔྱོད་བྱེད་ཚད་མའི་རྙེད་དོན་ཟེར། །ད་དུང་ཟླ་བའི་ལུགས་སུ་སྨྲ། །མཚན་ཉིད་སྐྱོན་ཅན་ཡིན་ནོ་ལོ། །ཁྭ་ཏས་མི་གཙང་ཟོས་མའི་མཆུ། །གཙང་སར་འཕྱི་བའི་དཔེ་ཟླར་འོས། །གཞན་དག་མཐོང་བ་ཡང་དག་པའི། །འཛིན་སྟངས་ཀྱི་ནི་གཟུང་བྱ་དང་། །མཐོང་བ་རྫུན་པའི་འཛིན་སྟངས་ཀྱིས། །གཟུང་བྱ་བདེན་གཉིས་མཚན་ཉིད་སྨྲ། །ད་དུང་དཔལ་ལྡན་ཟླ་བ་ཡི། །གཞུང་ལུགས་དགོངས་དོན་ཡིན་ནོ་ལོ། །འདིར་ཡང་མ་ཁྱབ་ཁྱབ་ཆེས་དང་། མི་སྲིད་གསུམ་གྱི་སྤྱི་སྐྱོན་ཡོད། །
རང་བཞེད་བདེན་གཉིས་སོ་སོའི་མཚན་ཉིད་ནི། །ཇི་ལྟའི་མཉམ་གཞག་བློ་འདས་ཡེ་ཤེས་དང་། །ཇི་སྙེད་མཐོང་བ་ཐ་སྙད་བློ་ཡི་ཡུལ། །དོན་དམ་དང་ནི་ཀུན་རྫོབ་མཚན་ཉིད་ལགས། །ཚུལ་འདི་ངེས་དོན་མདོ་དང་ནི། །རྨད་བྱུང་སློབ་དཔོན་རྣམ་གཉིས་ཀྱི། །དགོངས་དོན་རྣམ་གཅོད་རྣམ་གཉིས་ཀྱི། །བསྟན་དོན་མཚན་ཉིད་སྐྱོན་བྲལ་ལགས། །
མཚན་གཞིའི་དབྱེ་བ་རྒན་པོའི་ངོར། །ཀུན་རྫོབ་ཡང་ལོག་ཡོད་ན་ཡང་། །རང་ངོར་ལོག་པའི་ཀུན་རྫོབ་ལས། །ཡང་དག་ཀུན་རྫོབ་མེད་དོ་ལོ། །བདེན་གཉིས་ལ་ཤན་མ་ཕྱེས་པའི། །རྟོག་བཟོ་སྣ་ཚོགས་ཅིར་ཡང་སྨྲ། །འཕགས་ཡུལ་དཔལ་ལྡན་ཟླ་བ་ལ། །འཁྲུལ་རྒྱ་ཕྱི་ནང་གང་ཞིག་འཇོག ། ད་དུང་འཁྲུལ་པའི་ཤེས་པ་དང་། །ཚད་མའི་གཞི་མཐུན་ཡོད་ཅེས་འཛེར། །རྣམ་མཁྱེན་འཁྲུལ་པར་གྱུར་པ་ཡི། །ཚད་མ་དེ་འདྲ་ངོ་མཚར་ཆེ། །
རང་བཞེད་དོན་དཔྱོད་ཚད་མའི་ངོར། །ཡང་ལོག་ཆོས་ཀྱི་རྣམ་དབྱེ་བྲལ། །ཐ་སྙད་ཀུན་རྫོབ་བདེན་པའི་ངོར། །ཡང་ལོག་དབྱེ་བ་སོ་སོར་བཞེད། །
དོན་དཔྱོད་ཚད་ངོར་ཆོས་ཅན་ཀུན། །འཁྲུལ་སྣང་སྒྱུ་མ་ལྟར་ངེས་ཀྱང་། །དེ་ཙམ་ཐ་སྙད་བདེན་པའི་ངོར། །ཀུན་རྫོབ་ལོག་པའི་འཁྲུལ་རྒྱུ་མིན། །འཕགས་ཡུལ་དཔལ་ལྡན་ཟླ་བ་ཡིས། །ཆོས་ཀུན་སྒྱུ་མ་ལྟར་གཟིགས་ཀྱང་། །དེ་ཡི་སྣང་ངོར་ཐ་སྙད་དུ། །དུང་དང་ཟླ་བའི་ཁ་དོག་ཉིད། །དཀར་པོར་སྣང་བ་ཡང་དག་གི ། ཀུན་རྫོབ་གཟིགས་པ་ལོག་ནས་ནི། །དུང་དང་ཟླ་བ་སེར་པོ་རུ། །སྣང་བའི་ལོག་ཤེས་སྲིད་མ་ལགས། །ཟླ་བས་རྗེས་ཐོབ་འཇིག་རྟེན་གྱི། །ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར། །རང་སྣང་འཁྲུལ་དང་མ་འཁྲུལ་ལས། །ཀུན་རྫོབ་ཡང་ལོག་གཉིས་སུ་དབྱེ། །
དོན་དཔྱོད་ཚད་མས་མ་བཀག་པར། །ཤུལ་དུ་ལུས་པའི་སྣང་བ་མིན། །དེ་སླད་ཐ་སྙད་རང་མཚན་གྱིས། །གྲུབ་པར་ཐལ་བའི་ཀླན་ཀ་མེད། །དེ་ལྟའི་རྟོགས་དཀའི་གནད་གསང་མ་མཁྱེན་པར། །ཐ་སྙད་འཇིག་རྟེན་རྒན་པོའི་རྗེས་བརྗོད་དང་། །རང་སྣང་ལོག་པའི་ཀུན་རྫོབ་འབའ་ཞིག་དང་། །འཁྲུལ་ཤེས་ཚད་མའི་གཞི་མཐུན་སྨྲ་སོགས་བྱུང་། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དོན་དམ་རྣམ་གྲངས་ཡིན་མིན་གཉིས། །མ་ཡིན་དགག་དང་མེད་དགག་གིས། །ཕྱེ་བས་ཡུལ་དང་ཡུལ་ཅན་གྱི། །དོན་དམ་རྣམ་པ་བཞི་ཞེས་སྨྲ། །ཚུལ་འདི་སྟོང་ཉིད་མེད་དགག་ལས། །ལྷག་པའི་སྤྲོས་བྲལ་མེད་པས་ལན། །དེ་འདྲའི་མེད་དགག་རྣམ་གྲངས་ལས། །རྣམ་གྲངས་མིན་པའི་ཕྱོགས་ཙམ་མིན། །
རང་བཞེད་སྤྲོས་མཐའ་ཉི་ཚེ་ཙམ། །བཀག་པའི་དོན་དམ་རྣམ་གྲངས་དང་། །སྤྲོས་མཐའ་ཕྲ་རགས་མཐའ་དག་ཀུན། །བྲལ་བའི་དོན་དམ་རྣམ་གྲངས་མིན། །
ཁ་ཅིག་བདེན་གཉིས་འགལ་བར་སྨྲ། །ད་དུང་ངོ་བོ་བདག་གཅིག་ལ། །ལྡོག་པ་ཐ་དད་འགལ་འབྲེལ་གྱི། །གཞི་མཐུན་སྨྲ་བ་ངོ་མཚར་ཆེ། །ཚུལ་འདི་རྣམ་གྲངས་ཚད་མ་ཡི། །བདེན་གཉིས་ཙམ་གྱི་གོ་དོན་ལས། །མཐའ་བྲལ་རྣམ་གྲངས་མིན་པ་ཡི། །ཐལ་འགྱུར་ལྟ་བའི་དགོངས་དོན་མིན། །གཞན་དག་མཐའ་གཅིག་བདེན་གཉིས་ཀྱི། །ངོ་བོ་གཅིག་དང་དུ་བྲལ་ཏེ། །ངོ་བོ་གཅིག་ལ་ལྡོག་པ་ནི། །ཐ་དད་རྟོག་གེའི་ལུགས་ཞེས་སྨྲ། །དེ་ལ་ཐལ་འགྱུར་ལྟ་བའི་ལུགས། །གཅིག་དང་དུ་བྲལ་དེ་ལྟ་མོད། །འོན་ཀྱང་རང་རྒྱུད་ལྟ་བའི་ལུགས། །སེམས་འགྲེལ་གཞུང་བཞིན་ཅིས་མི་འཆད། །
རང་བཞེད་རང་རྒྱུད་ལྟ་བའི་ལུགས། །རྣམ་གྲངས་དཔྱོད་པའི་ཚད་མའི་ཡུལ། །བདེན་གཉིས་ངོ་བོ་གཅིག་པ་ལ། །ལྡོག་པ་ཐ་དད་རྣམ་པར་དབྱེ། །མཐར་ཐུག་ཐལ་འགྱུར་ལྟ་བའི་ལུགས། །རྣམ་གྲངས་མིན་དཔྱོད་ཚད་མའི་ཡུལ། །བདེན་གཉིས་ངོ་བོ་གཅིག་པ་དང་། །དུ་མའི་རྣམ་རྟོག་ཀུན་བྲལ་ལགས། །འོན་ཀྱང་དག་གཟིགས་ཚད་མའི་ཡུལ། །གནས་སྣང་ཆོས་ཀྱི་བདེན་གཉིས་ནི། །གནས་སྣང་དག་དང་མ་དག་ཆོས། །གཅིག་པ་བཀག་པའི་ཞལ་བཞེས་མཛད། །
གོ་རིམ་དོན་དམ་ངེས་པའི་རྗེས། །སྣང་བ་ཀུན་རྫོབ་ངེས་པ་དང་། །གཞལ་དག་ཀུན་རྫོབ་ཐབས་ལས་ནི། །ཐབས་བྱུང་དོན་དམ་ངེས་སོགས་སྨྲ། །
རང་བཞེད་དབུ་མའི་ལྟ་རིམ་བཞི། །རིམ་དང་ཅིག་ཆར་ངེས་ཚུལ་ལས། །རང་རྒྱུད་བདེན་གཉིས་རིམ་གྱིས་དང་། །ཅིག་ཆར་ངེས་པ་ཐལ་འགྱུར་ལུགས། །དེ་ལ་ཐབས་དང་ཐབས་བྱུང་དང་། །བདེན་གཉིས་ངེས་པའི་གོ་རིམ་གཉིས། །འདྲ་ཡང་འདྲ་སྟེ་ནོར་ར་རེ། །གཅིག་ཏུ་འཁྲུལ་པ་ཉིང་འཁྲུལ་ལགས། །
སྟོང་ཉིད་དོན་དམ་བདེན་པ་ཞེས། །ཚིག་གི་བརྗོད་ཚུལ་མཐུན་ན་ཡང་། །རྟགས་དང་བསྒྲུབ་བྱ་ཆོས་ཅན་དང་། །དགག་བྱའི་ཁྱད་པར་འདྲ་མ་ལགས། །
གཞན་དག་དབུ་མ་ཐལ་འགྱུར་ཆེའི། །གཏན་ཚིགས་ཐལ་འགྱུར་ཞེས་སུ་སྨྲ། །འོན་ཀྱང་ཁས་ལེན་ཀུན་བྲལ་གྱི། །ཐལ་འགྱུར་ཐུན་མིན་ཚིག་ཏུ་ཟད། །རང་བཞེད་རྣམ་གྲངས་མ་ཡིན་པའི། །དོན་དམ་ཁས་ལེན་ཀུན་དང་བྲལ། །དེ་སླད་དབུ་མ་ཆེན་པོ་ཡི། །གཏན་ཚིག་ཐུན་མིན་ཐལ་འགྱུར་ཆེ། །
གཞན་དག་ལྟ་བ་མེད་དགག་ཟེར། །གཏན་ཚིགས་མ་ཡིན་དགག་པ་ཙམ། །དགག་བྱ་བདེན་གྲུབ་བཀག་ཤུལ་དུ། །བསྒྲུབ་ཆོས་བདེན་མེད་འཕེན་ལ་ལྟོས། །རང་བཞེད་སྤྲོས་མཐའ་བཀག་ཤུལ་དུ། །སྤྲོས་ཆོས་དམིགས་མཐའ་ཀུན་དང་བྲལ། །དེ་སླད་གཏན་ཚིགས་མེད་དགག་ཉིད། །ལྟ་བ་མཐའ་བྲལཆེན་པོ་ལགས། །
སྟོང་ཉིད་ངོ་བོ་གཞན་དག་རྣམས། །དངོས་དང་དངོས་མེད་ཅིར་ཡང་སྨྲ། །དེ་དག་ཀུན་རྫོབ་བདེན་པ་ལས། །དོན་དམ་གྱུར་པའི་སྟོང་ཉིད་མིན། །
ཁ་ཅིག་དོན་དམ་སྟོང་པ་ཉིད། །བདེན་སྟོང་མེད་དགག་དངོས་མེད་ཟེར། །དེ་འདྲ་དོན་དམ་རྣམ་གྲངས་ལས། །རྣམ་གྲངས་མིན་པའི་དོན་དམ་མིན། །ཚུལ་འདི་ཚུར་མཐོང་ཚད་མ་ཡིས། །རྙེད་དོན་དངོས་དང་དངོས་མེད་ཕྱིར། །དངོས་འགལ་བར་ན་ཕུང་གསུམ་བྲལ། །དེ་ཕྱིར་སྟོང་ཉིད་དངོས་མེད་སྨྲ། །དེ་ལ་སྟོང་ཉིད་དངོས་མེད་དང་། །སྣང་བ་དངོས་པོར་འཇོག་པ་འདི། །བསྡུས་ཚན་རིགས་པའི་གོ་དོན་ཙམ། །གཉིས་ཀ་ཀུན་རྫོབ་བདེན་པ་ལགས། །
གཞན་དག་དོན་དཔྱོད་ཚད་མ་ཡིས། །དཔྱད་བཟོད་གྱུར་པའི་རྟག་བདེན་སྨྲ། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་ལ་ལྟོས། །
རང་བཞེད་དོན་དམ་སྟོང་ཉིད་ནི། །ཚུར་མཐོང་ཚད་མའི་རྙེད་དོན་གྱི། །ཀུན་རྫོབ་སྤྲོས་ཆོས་ལས་འདས་དབྱིངས། །རྣམ་གྲངས་མ་ཡིན་དོན་དམ་ཆེ། །
སྟོང་ཉིད་དངོས་པོ་མ་ལགས་ཏེ། །སྣང་དེས་སྣང་ཚུགས་མ་ཤོར་བར། །སྣང་བ་སྟོང་པ་ཆེན་པོར་གནས། །དངོས་འཛིན་འཇོམས་པའི་གནད་གསང་ཡོད། །སྟོང་ཉིད་དངོས་མེད་མ་ལགས་ཏེ། །སྟོང་དེས་སྟོང་ཚུགས་མ་ཤོར་བར། །སྟོང་པའི་རང་མདངས་སྣང་བའི་ཆོས། །རྟེན་འབྱུང་འཆར་བའི་གནད་གསང་ཡོད། །
དངོས་པོ་མིན་ཕྱིར་རྟག་དངོས་བྲལ། །དངོས་མེད་མིན་ཕྱིར་ཆད་མཐའ་བྲལ། །ཟབ་ཞི་སྤྲོས་བྲལ་འོད་གསལ་དབྱིངས། །གནས་ལུགས་དོན་དམ་ཆེན་པོར་བཞེད། །ཚུལ་འདི་དོན་དམ་རྣམ་གྲངས་དཔྱོད་བྱེད་དང་། །ཐ་སྙད་ཚུར་མཐོང་ཚད་མའི་དཔྱོད་ཡུལ་མིན། །དོན་དམ་རྣམ་གྲངས་མིན་དཔྱོད་ཚད་མ་ཆེ། །ཐུན་མིན་ཐལ་འགྱུར་རིགས་པའི་གྲུབ་དོན་ལགས། །བར་སྐབས་ཀྱི་ཚིགས་སུ་བཅད་པ་འོ། །
གཞན་དག་ཀུན་རྫོབ་དངོས་སྣང་ཀུན། །མི་སྟོང་རིགས་པའི་དགག་བྱ་མིན། །འོན་ཀྱང་གཉིས་སྣང་མེད་པ་ཡི། །འཕགས་པའི་ལམ་གྱི་དགག་བྱར་སྨྲ། །གཞི་ལམ་འགལ་བའི་ལྟ་གྲུབ་འདི། །ལྟ་སྒོམ་ཡ་བྲལ་ལྟ་བ་ལགས། །ཚུལ་འདི་འཇོམས་བྱེད་ཟླ་བ་ཡི། །དངོས་སྟོབས་རིགས་ཆེན་རྣམ་པ་གསུམ། །དེ་ལ་དོན་དཔྱོད་ཚད་མ་ཡི། །རིགས་པའི་དགག་བྱ་བདེན་གྲུབ་སྨྲ། །རྟོག་པས་བཏགས་ཙམ་མ་ཡིན་པའི། །ཆོས་དེ་བདེན་གྲུབ་ཉིད་ཡིན་ལོ། །ཐ་སྙད་སྣང་བ་མི་འགོག་པར། །བདེན་གྲུབ་ཡན་གར་འགོག་པ་འདི། །དོན་དཔྱོད་རྣམ་གྲངས་ཚད་མ་ཡིས། །བདེན་གཉིས་དབྱེ་བའི་གོ་དོན་ཙམ། །དེ་ལ་བདེན་གཉིས་རྣམ་ཕྱེས་ཏེ། །སྣང་བ་ཀུན་རྫོབ་ངེས་ཟིན་ན། །ད་དུང་དོན་དཔྱོད་ཚད་མ་ཡིས། །བདེན་གྲུབ་དགག་ཏུ་ཅི་ཞིག་ཡོད། །དེ་སླད་གཟུང་འཛིན་དངོས་སྣང་འདི། །སྣང་ལྟར་དོན་ལ་གྲུབ་པའམ། །ཀུན་རྫོབ་གང་ཡིན་མ་ངེས་ངོར། །སྣང་ཉིད་དཔྱད་དེ་སྟོང་པར་བསྒྲུབ། །བདེན་གཉིས་གང་ཡིན་དཔྱོད་པའི་གཞི། །སྣང་བ་རང་སར་བོར་ནས་སུ། །དོན་མེད་བདེན་གྲུབ་ཡན་གར་ཞིག ། ཡོད་མེད་དཔྱོད་དེ་ཅིའི་ཐ་ཚིག ། དཔྱད་གཞི་དངོས་སྣང་སྣ་ཚོགས་འདི། །དངོས་པོར་སྨྲ་བས་དོན་དམ་དང། །དབུ་མས་འཇིག་རྟེན་ཐ་སྙད་ལས། །དོན་དམ་བདེན་ངོར་སྟོང་པར་བཞེད། །སྟོང་ཚུལ་དོན་དཔྱོད་ཚད་མ་ཡིས། །སྣང་ཉིད་དཔྱད་དེ་དོན་དམ་པའི། །ཀ་བུམ་མི་བཞེད་དངོས་སྣང་ཀུན། །སྟོང་པར་འདོད་པ་ཟླ་བའི་ལུགས། །དེ་བཞིན་དོན་དམ་ཀ་བུམ་ཞིག ། གལ་ཏེ་ཞལ་བཞེས་མི་འཚལ་ན། །དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས། །བཀག་ན་ལེགས་སོ་རིགས་ལམ་པ། །བདེན་གྲུབ་གཞན་གྱིས་སྟོང་དེ་ཡིས། །དོན་དམ་ཀ་བུམ་མེད་ཅེ་ན། །སྦྲུལ་གནས་འཇིགས་པ་གླང་ཆེན་གྱིས། །དོགས་སེལ་མཚར་གནས་གཟུགས་ཀྱི་ཟླ། །གཞི་དུས་བདེན་གྲུབ་ཡན་གར་འགོག ། ལམ་དུས་གཉིས་སྣང་འཇོམས་འདོད་པས། །བདག་མེད་མཐོང་ཚེ་རྟོག་པའི་བདག ། སྤོང་བའི་དམ་བཅའ་འཆང་བར་རིགས། །བདེན་མེད་སེལ་རྐྱང་དངོས་མེད་དང་། །མི་སྟོང་ཀུན་རྫོབ་དངོས་པོ་གཉིས། །ཆོས་ཅན་དང་ནི་ཆོས་ཉིད་དང་། །སྟོང་དང་རྟེན་འབྱུང་འཐད་པར་དཀའ། །གཟུང་འཛིན་ཨ་འཐས་སྣང་བ་ལིང་ལིང་འདི། །རིགས་པའི་དགག་བྱར་མི་བྱེད་རང་སར་བཞག ། དགག་བྱ་རྭ་ཅན་བདེན་གྲུབ་ཡན་གར་ཞིག ། སྟོང་པའི་སྟོང་ཉིད་གཞན་སྟོང་སྨྲ་ལ་ལྟོས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རང་བཞེད་སྔ་འགྱུར་ལོ་པཎ་གྱི། །དགོངས་བཞེད་མི་ཕམ་ཆོས་ཀྱི་རྗེས། །སྟོང་ཉིད་དོན་དམ་དཔྱོད་བྱེད་ཀྱི། །རིགས་པའི་དགག་བྱ་འདི་ལྟར་བཞེད། །བདེན་གཉིས་ཕྱེས་ཏེ་སྣང་བ་འདི། །ཀུན་རྫོབ་སྒྱུ་མར་ངེས་ཟིན་ན། །ད་དུང་ཚད་མའི་རིགས་ཤེས་ཀྱིས། །སྣང་བའི་ངང་ཚུལ་འགོག་མ་ལགས། །གལ་ཏེ་ཀུན་རྫོབ་ཙམ་དུ་ཡང་། །ཐ་སྙད་དཔྱོད་པའི་རིགས་ཤེས་ཀྱིས། །སྣང་བའི་ངང་ཚུལ་འགོག་བྱེད་ན། །མེད་པར་ལྟ་བ་ཆེན་པོ་ལགས། །སྣང་ཉིད་དོན་ལ་གྲུབ་པའམ། །ཀུན་རྫོབ་སྒྱུ་མར་མ་ངེས་པ། །དོན་དཔྱོད་ཚད་མས་དཔྱད་བཟོད་ལྟར། །སྣང་བའི་ཆོས་དེ་བདེན་གྲུབ་བཞེད། །དེ་ལ་རྣམ་གྲངས་ཚད་མ་ཡི། །དགག་བྱ་དོན་དམ་བདེན་གྲུབ་ཆོས། །རྣམ་གྲངས་མིན་དཔྱོད་ཚད་མ་ཡི། །དགག་བྱ་སྤྲོས་མཐའ་ཕྲ་རགས་སོགས། །ཀུན་རྫོབ་སྤྲོས་ཆོས་སྣང་བ་ཀུན། །དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས། །དཔྱད་བཟོད་རྡུལ་ཙམ་མེད་པ་རུ། །དོན་དམ་མཐའ་བྲལ་དབྱིངས་སུ་འགོག །
རིགས་པའི་དགག་བྱ་ཁྱབ་ཆེས་པས། །ཆད་ལྟར་འགྱུར་གྱི་དོགས་པ་དེ། །རྟེན་འབྱུང་མི་ཤེས་དངོས་སྨྲ་ལས། །དབུ་མར་སྨྲ་རྣམས་དོགས་མི་འཚལ། །ཐ་སྙད་ཚད་མས་ཀུན་རྫོབ་ཀྱི། །སྣང་བ་བཀག་ན་ཆད་ལྟར་ཟད། །དོན་དཔྱོད་ཚད་མས་དོན་དམ་པར། །ཆོས་ཀུན་བཀག་ཀྱང་ཅི་ཞིག་ཆད། །རིགས་དེས་ཐ་སྙད་ཙམ་དུ་ཡང་། །སྐྱེ་སོགས་དཔྱད་བཟོད་མེད་པར་སྒྲུབ། །ཁས་ལེན་ཀུན་དང་བྲལ་བས་ན། །སྣང་བའི་སྤྲོས་པ་ཐད་ཀད་གཅོད། །སྣང་ཀུན་མེད་སྣང་སྟོང་གཟུགས་དང་། །རྟོག་བཏགས་སྒྱུ་མའི་ངང་ཚུལ་དུ། །རྟོགས་ན་མི་འཆིང་དགག་མི་འཚལ། །སྣང་བའི་ངང་ཚུལ་འགོག་མ་ལགས། །ཚུལ་དེས་སྟོང་པ་རྟེན་འབྱུང་དུ། །འཆར་བའི་ངེས་གསང་བླ་ན་མེད། །གྲུབ་མཐའི་ཟབ་ཁྱད་ཀུན་གྱི་གཞི། །ཚུར་མཐོང་ཕལ་གྱིས་མཁྱེན་མ་ལགས། །བདེན་གྲུབ་ཡན་གར་དགག་པས་ཅི་ཞིག་བགྱི། །སྣང་བ་དཔྱད་བཟོད་བདེན་པ་གཉིས་ཆར་འགོག ། རྟེན་འབྱུང་སྣང་བའི་ངང་ཚུལ་འགོག་མ་ལགས། །འདི་དོན་རྟོགས་ན་དཀའ་གནད་མདུད་རྒྱ་གྲོལ། །བསྡུ་བའི་ཚིགས་སུ་བཅད་པ་འོ། །
བདེན་གཉིས་ཕྱེས་ཏེ་ཀུན་རྫོབ་ཀྱི། །སྣང་བ་བཀག་ན་ཆད་ལྟ་དང་། །གལ་ཏེ་སྣང་བ་མ་བཀག་ན། །སྟོང་ཉིད་འགྲུབ་པར་དཀའ་ཞེ་ན། །སྤྱིར་ནི་ཐལ་རང་གཉིས་ཀས་ཀྱང་། །ཐ་སྙད་ཚད་ངོར་བདེན་གཉིས་དབྱེ། །འོན་ཀྱང་བདེན་གཉིས་བདེན་གཉིས་ངོ་བོ་སོགས། །རྣམ་པར་དབྱེ་བ་འདྲ་མ་ལགས། །འདིར་ནི་དོན་དཔྱོད་ཚད་མ་ཡིས། །བདེན་གཉིས་ཕྱེས་དང་མ་ཕྱེས་ལས། །རྣམ་གྲངས་རྣམ་གྲངས་མ་ཡི་པའི་། །དོན་དམ་དབྱེ་ཚུལ་མདོ་ཙམ་འཆད། །དེ་ལ་ཐལ་རང་ཐུན་མོང་དང་། །ཐལ་འགྱུར་ཐུན་མིན་གཏན་ཚིགས་ཞེས། །དོན་དཔྱོད་ཚད་མའི་རབ་དབྱེ་གཉིས། །རྒྱ་བོད་མཁས་ལ་རླུང་ལྟར་གྲགས། །ཚུལ་དེས་དབུ་མ་ཐལ་རང་གཉིས། །བདེན་གཉིས་ཕྱེས་དང་མ་ཕྱེས་ལས། །འཕགས་པའི་མཉམ་གཞག་རྗེས་ཐོབ་ཀྱི། །ལྟ་བ་གཏན་ལ་འབེབས་ཚུལ་གྱིས། །དོན་དམ་རྣམ་གྲངས་ཡིན་མིན་དང་། །ཐ་སྙད་རང་མཚན་གྲུབ་མ་གྲུབ། །གཏན་ཚིགས་ཐལ་རང་ཁྱད་པར་དང་། །ལྟ་བ་ཁས་ལེན་ཡོད་མེད་བྱུང་། །
དེ་ལ་དབུ་མ་རང་རྒྱུད་པས། །གཏན་ཚིགས་ཐུན་མོང་ཚད་མ་ཡིས། །གཞལ་བྱ་བདེན་གཉིས་རྣམ་ཕྱེས་ཏེ། །ལྟ་བ་རྣམ་གྲངས་དོན་དམ་གྲུབ། །
དེ་ཕྱིར་རྣམ་གྲངས་དཔྱོད་བྱེད་ཀྱི། །གཏན་ཚིགས་ཐུན་མོང་རང་རྒྱུད་ཀྱིས། །སྣང་སྟོང་རེས་འཇོག་ཚུལ་གྱིས་སུ། །ལྟ་རིམ་སྤྲོས་པ་རིམ་གྱིས་གཅོད། །
དོན་དམ་རྣམ་གྲངས་དཔྱོད་པའི་སྐབས། །བདེན་གཉིས་ཕྱེས་ཏེ་ཀུན་རྫོབ་ཀྱི། །སྣང་བ་མི་འགོག་དགག་བྱ་ལ། །ཁྱད་པར་སྦྱར་ཏེ་བདེན་གྲུབ་འགོག །
དེ་ཕྱིར་ཡང་དག་དོན་དམར་ངོར། །བསྒྲུབ་བྱ་བདེན་སྟོང་རྣམ་གྲངས་ཙམ། །སྒྲུབ་འདི་རང་རྒྱུད་ལྟ་བ་སྟེ། །
ཕྱི་འགྱུར་ལ་ལ་འདི་རྗེས་མཐུན། །སྣང་བ་བཀག་ན་ཆད་་ལྟ་ཟེར། །ཚུར་མཐོང་ཙམ་ཞིག་མཁྱེན་པར་ཟད། །དགག་བྱ་བདེན་གྲུབ་ཡན་གར་འགོག ། དགག་བྱའི་སྣང་ཚུལ་ངེས་སོ་ལོ། །
དེ་ལ་དབུ་མ་ཐལ་འགྱུར་ཆེའི། །གཏན་ཚིགས་ཐུན་མིན་ཚད་མ་ཡིས། །གཞལ་བྱ་བདེན་གཉིས་མ་ཕྱེས་པར། །ལྟ་བ་མཐའ་བྲལ་མཉམ་ཉིད་བསྒྲུབ། །
དེ་ཕྱིར་རྣམ་གྲངས་མིན་དཔྱོད་ཀྱི། །གཏན་ཚིགས་ཐུན་མིན་ཐལ་འགྱུར་གྱིས། །སྣང་སྟོང་རེས་འཇོག་མེད་པ་རུ། །ལྟ་རིམ་སྤྲོས་པ་ཅིག་ཆར་འགོག །
རྣམ་གྲངས་མིན་དཔྱོད་ཚད་མའི་སྐབས། །བདེན་གཉིས་མི་ཕྱེ་ཀུན་རྫོབ་ཀྱི། །སྤྲོས་ཀུན་དགག་ཕྱིར་དགག་བྱ་ལ། །ཁྱད་པར་མི་སྦྱོར་སྤྲོས་མཐའ་འགོག །
དེ་སླད་བདེན་པ་གཉིས་ཆར་ཡང་། །བསྒྲུབ་བྱ་མཐའ་བྲལ་རྣམ་གྲངས་མིན། །སྒྲུབ་འདི་ཐལ་འགྱུར་ལྟ་བ་སྟེ། །
སྔ་འགྱུར་པ་རྣམས་དེ་རྗེས་འབྲངས། །འདི་ལ་དགག་བྱ་ཁྱབ་ཆེས་དང་། །སྣང་བའི་ཕྱོགས་ལ་སྐུར་བཏབ་སོགས། །ཚུར་མཐོང་ཚད་མར་བརྟེན་པ་ཡི། །རྟོག་གེ་ངན་པའི་ཀླན་ཀ་མེད། །
མདོར་ན་དབུ་མ་ཐལ་རང་གཉིས། །སྟོང་ཉིད་བཞི་སྦྱོར་དགོངས་དོན་བཞིན། །སྤྲོས་མཐའ་བཞི་བྲལ་ལྟ་རིམ་བཞི། །རིམ་དང་ཅིག་ཆར་རྫོགས་ཚུལ་ལགས། །གཟུགས་ཉིད་སྟོང་ཕྱིར་ཡོད་མཐའ་བྲལ། །སྣང་བ་སྟོང་པ་ཆེན་པོར་གནས། །སྟོང་ཡང་སྣང་ཕྱིར་མེད་མཐའ་བྲལ། །སྟོང་པ་རྟེན་འབྱུང་ཆེན་པོར་ཤར། །ཐ་དད་མིན་ཕྱིར་གཉིས་ཡིན་བྲལ། །སྟོང་དང་རྟེན་འབྱུང་ཟུང་འཇུག་ཆེ། །སྣང་སྟོང་མཉམ་ཕྱིར་གཉིས་མིན་བྲལ། །མཉམ་ཉིད་མཐའ་བྲལ་ཨེ་མ་ཧོ། །གསན་གསན་གྲུབ་གྲུབ་མང་ཡང་མཁྱེན་ཚོད་ཅིག་མ་རེད། །འདི་དོན་མངོན་པར་རྟོགས་པའི་སྐལ་ལྡན་དེ་སྐྱིད་དོ། །སྔ་འགྱུར་རིག་འཛིན་བརྒྱུད་པའི་བཀའ་དྲིན་དེ་དྲན་བྱུང་། །དྲིན་ལྡན་དཔལ་ལྡན་བླ་མ་ཐུགས་རྗེ་རེ་ཆེ་འོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ཐ་སྙད་དང་ནི་དོན་དམ་ངོར། །ཡོད་གོ་ཆོད་དང་མི་ཆོད་དང་། །ལམ་དང་རིགས་པའི་དགག་བྱ་སོགས། །གཞན་དག་རྣམ་གཞག་གཞན་དུ་འཆད། །རང་བཞེད་སྔ་རབས་མཁས་པའི་སྲོལ། །ལུང་རིགས་མན་ངག་སྟོང་ལྡན་ཆེ། །ཀུན་མཁྱེན་བརྒྱུད་པའི་མན་དག་བཞིན། །མི་ཕམ་ཆོས་རྗེའི་ལེགས་བཤད་ལྟོས། །དེ་སོགས་ཐུན་མིན་ལེགས་བཤད་ཀྱི། །རྣམ་དབྱེ་མ་འདྲེས་འཛིན་པར་འཚལ། །དོན་མེད་ཆོས་དང་གང་ཟག་ལ། །སྡང་ཞུགས་ཕྲག་དོག་སྤོངས་དང་ལེགས། །
ཀྱེ་མ་དེང་དུས་བབ་ཅོལ་དུ། །གསང་ཆེན་རྙིང་མའི་གཞུང་ལུགས་ལ། །ཐར་པ་མེད་ཅེས་ལ་ལ་འཛེར། །གཞན་དག་དེ་ཡི་རྗེས་སུ་ཟློ། །ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞིའི། །ཟབ་དོན་རྟོགས་དང་མ་རྟོགས་ལས། །ཐར་པའི་ལམ་མཆོག་ཡོད་མེད་ཀྱི། །རྣམ་དབྱེ་ཐུབ་པ་ཆེན་པོས་གསུངས། །དེ་ཕྱིར་བཀའ་རྟགས་ཕྱག་རྒྱ་དང་། །འགལ་ཚུལ་རིགས་པ་སྟོན་ཅིག་གུ ། བཀའ་རྟགས་ཕྱག་རྒྱའི་དགོངས་དོན་དང་། །སྔ་ཕྱི་སུ་འགལ་བརྩད་པས་ཆོག ། ཆོས་རྣམས་སྟོང་པར་མི་འདོད་པར། །དོན་མེད་བདེན་གྲུབ་ཡན་གར་ཞིག ། མེད་པས་སྟོང་གོ་ཆོད་འདོད་པ། །དེ་ལ་ཐར་པ་ཡོད་མེད་དཔྱོད། །སྤྱིར་ན་ཐེག་མཆོག་དབུ་མ་ཆེའི། །ཐར་ལམ་རྩ་བ་བདེན་མེད་དུ། །བཞེད་ན་བདེན་སྟོང་མིང་ཅན་དེ། །བདེན་སྟོང་ཡིན་མིན་དཔྱོད་དང་ལེགས། །གསང་ཆེན་སྔ་འགྱུར་བརྒྱུད་པའི་ལུགས། །རྒྱལ་དང་རྒྱལ་སྲས་འཕགས་ཚོགས་ཀྱི། །ཞལ་ནས་སྙན་དུ་རིམ་པར་བརྒྱུད། །རྟོག་བཟོ་ཕལ་གྱིས་དོ་ཟླ་མིན། །མདོ་རྒྱུད་མན་ངག་ཕྱག་བཞེས་བཅས། །ཚང་ལ་མ་ནོར་ལམ་མཆོག་དེས། ། མཁས་དང་གྲུབ་པ་གྲངས་ལས་འདས། །གྲུབ་པའི་ས་མཐོར་གཤེགས་ལ་ལྟོས། །
སྔ་འགྱུར་བརྒྱུད་པའི་སྡོམ་རྒྱུན་ཡང་། །མ་དག་ཆུ་འགོ་ཀླུ་སྒྲུབ་ལོ། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །ཐུབ་པ་ཆེན་པོའི་ལུང་གིས་བསྔགས། །འཛམ་གླིང་མཛེས་པའི་རྒྱན་གཅིག་པུ། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་རྗེར། །སྡོམ་མེད་མིང་གི་དགེ་སློང་དུ། །སྨྲ་བའི་སྤོབས་པ་དགེ་ལ་ལྟོས། །གཞུང་ལུགས་ཕྱོགས་ཙམ་མ་རྟོགས་ཤིང་། ། རིགས་པའི་སྒྲུབ་བྱེད་མེད་པ་རུ། །ཆོས་པའི་གཟུགས་ཀྱིས་ཆོས་སྤོང་གི ། ལས་ངན་མི་བཟད་སྤོངས་དང་ལེགས། །
སྣང་བ་ཀུན་རྫོབ་བདེན་པ་ལ། །མིང་ཙམ་བརྗོད་ཚུལ་མཐུན་ན་ཡང་། །གནས་སྣང་ངོ་བོའི་རྣམ་གཞག་སོགས། །སྔ་ཕྱིའི་བཞེད་སྲོལ་ཐ་དད་ཡོད། །
གཞན་དག་ཚུར་མཐོང་ཚད་མའི་ཡུལ། །སྣང་ཚུལ་མ་དག་ཀུན་རྫོབ་ལས། །རྣམ་དག་ཚད་མའི་ཡུལ་གྱུར་པའི། །གནས་ཚུལ་དག་པ་འཆད་དུ་མེད། །གནས་ཚུལ་སྣང་ཚུལ་གཉིས་མེད་ན། །གནས་སྣང་མཐུན་དང་མི་མཐུན་མེད། །སོ་སྐྱེའི་འཁྲུལ་ཤེས་ཚད་མ་དང་། །འཕགས་པའི་གཟིགས་པ་ལོག་ཤེས་འགྱུར། །རང་བཞེད་ཀུན་རྫོབ་སྣང་བ་ལ། །མ་དག་འཁྲུལ་པའི་སྣང་ཚུལ་དང་། །དག་པ་གཞི་ཡི་གནས་ཚུལ་ལས། །དག་དང་མ་དག་གཉིས་སུ་བཞེད། །ཚུར་མཐོང་ཙམ་གྱིས་ཀུན་རྫོབ་ཀྱང་། །ཉི་ཚེར་རྣམ་འཇོག་ཕྱི་རབས་པ། །ཚད་མ་ཟུང་གིས་ཀུན་རྫོབ་ཀྱི། །གནས་སྣང་ཤན་འབྱེད་མཁས་པའི་ལུགས། །
སྣང་ཚུལ་ཀུན་རྫོབ་སྣང་བ་ལ། །ཁ་ཅིག་རྟོག་བཏགས་ཚད་གྲུབ་དང་། །ལ་ལ་སྣང་སེམས་དབྱེར་མེད་ཟེར། །རང་སྣང་འདོད་པ་མཁས་པའི་ལུགས། །
ཐ་སྙད་རྟོག་བཏགས་ཚད་གྲུབ་དང་། །སྣང་སེམས་གཅིག་ཏུ་འདོད་པ་གང་། །དེ་ལ་ཚད་དང་ཚད་མིན་སོགས། །ཐ་སྙད་རྣམ་གཞག་འཐད་པར་དཀའ། །
རང་སྣང་དག་དང་མ་དག་ལས། །ཐ་སྙད་ཡུལ་ལ་བདེན་རྫུན་དང་། །ཚད་དང་ཚད་མིན་རབ་དབྱེ་སོགས། །ཐ་སྙད་རྣམ་གཞག་ཆེས་ཆེར་བཀྲ། །
རང་སྣང་ཆོས་ཀྱི་འདོད་ཚུལ་ལ། །སྣང་ཚུལ་ཀུན་བཏགས་བེམ་ཤེས་དབྱེ། །གནས་ཚུལ་གཞན་དབང་མཐར་ཐུག་ངོར། །སེམས་སུ་བཞེད་པ་སེམས་ཙམ་ལུགས། །སྣང་ཚུལ་ཙམ་དུ་བེམ་ཤེས་སོགས། །ཀུན་རྫོབ་རང་མཚན་ཆོས་འཇོག ། ཐ་སྙད་གནས་ཚུལ་སྣང་བ་ཀུན། །སེམས་སུ་བཞེད་པ་ཞི་འཚོའི་ལུགས། །སྣང་ཚུལ་རང་སྣང་ཆོས་རྣམས་ཀུན། །སེམས་ལ་སྣང་ཞིང་སེམས་ཀྱིས་བྱས། །དེ་ཕྱིར་རང་སྣང་སྟོང་གཟུགས་ཆེ། །སྒྱུ་མར་མགོ་མཉམ་ཟླ་བའི་ལུགས། །འདི་ལ་སྣང་དང་སྣང་ཡུལ་དུ། །ཕྱེ་བའི་ལེགས་བཤད་ཟླ་མེད་པ། །ཀུན་མཁྱེན་ཆོས་རྗེའི་བཞེད་པ་ནི། །འགྲེལ་ཆེན་པདྨ་དཀར་པོར་གསལ། །
སྣང་བ་སེམས་སུ་ཁས་ལེན་ཚེ། །ཀུན་གཞི་རང་རིག་མེད་མི་རུང་། །རང་སྣང་ཙམ་དུ་འདོད་པ་ལ། །ཆེད་དུ་དགག་དང་སྒྲུབ་མི་འཚལ། །
དེ་ལ་སྣང་ཚུལ་ཐ་སྙད་ངོར། །སེམས་ཉིད་དག་དང་མ་དག་ལས། །རྟེན་འབྱུང་སྣོད་བཅུད་སྣ་ཚོགས་ཀྱི། །རང་སྣང་དཔག་ཡས་ལས་ལས་སྐྱེས། །
དེ་ལ་ཁ་ཅིག་ལས་འབྲས་རྟེན། །རྟེན་འབྱུང་དངོས་པོ་བོར་ནས་སུ། །དངོས་མེད་ཞིག་པ་དངོས་པོར་སྒྲུབ། །དེ་ཉིད་ལས་འབྲས་རྟེན་དུ་སྨྲ། །རྒྱུ་ཆོས་སྐད་ཅིག་དང་པོ་ཉིད། །ཞིག་པའི་ཞིག་པ་དངོས་པོ་དང་། །འབྲས་ཆོས་སྐད་ཅིག་གཉིས་པ་དག ། རིམ་དང་ཅིག་ཆར་སྐྱེ་ཚུལ་འགལ། །རྒྱུ་ཉིད་ཞིག་དང་མ་ཞིག་ལས། །འབྲས་བུ་འབྱུང་བ་མི་རུང་དང་། །རྒྱུ་འབྲས་འཕྲད་དང་མ་འཕྲད་ཅེས། །རྩོད་ཚེ་ཞིག་པས་ཅི་ཞིག་བགྱི། །ལྟོ་བ་ཟས་ཀྱིས་མ་ཚིམས་པར། །ཞིག་དངོས་ཟས་ཀྱིས་ཇི་ལྟར་ཚིམ། །མིག་གིས་གཟུགས་ཉིད་མ་མཐོང་བར། །ཞིག་དངོས་མིག་གིས་མཐོང་ལགས་སམ། །རྒ་ཤིའི་ཕུང་པོ་རྣམ་སྤངས་ཚེ། །ཞིག་དངོས་རྒ་ཤི་ཡིན་མིན་དཔྱོད། །ཡིན་ན་དེ་ལས་མ་རིག་ཉིད། །མིན་ན་ཞིག་དངོས་སངས་རྒྱས་ལགས། །ཕུང་པོ་ཞིག་པའི་མྱང་འདས་ཚེ། །རྟག་དངོས་གཞི་མཐུན་དེར་ཕྱག་འཚལ། །མྱ་ངན་འདས་པ་འདུས་མ་བྱས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་བཞེད། །
ལས་འབྲས་རྟེན་དུ་དངོས་པོ་ཞིག ། མེད་དུ་མི་རུང་དངོས་སྨྲ་བ། །རང་རྒྱུད་ལ་སོགས་དེ་རྗེས་འབྲངས། །དབུ་མ་ཆེན་པོས་རྟེན་འབྱུང་བཞེད། །
མྱུ་གུའི་རྒྱུ་ནི་ས་བོན་ཏེ། །རྣམ་སྨིན་རྒྱུ་ནི་ལས་ཉིད་ལགས། །གང་ཕྱིར་ལས་དེ་མ་འགགས་པར། །དེ་སྲིད་དེ་ལས་འབྲས་བུ་འབྱུང་། །རྟེན་འབྱུང་བསླུ་མེད་བདེན་པ་ཡིས། །ལས་འབྲས་བསྐལ་བརྒྱར་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་ངེས། །
ལས་འབྲས་ཤིན་ཏུ་ལྐོག་གྱུར་ཕྱིར། །བསམ་མི་ཁྱབ་པའི་ཆོས་སུ་གསུངས། །དེ་ལ་རྟེན་དང་འཕྲད་པ་སོགས། །ལས་འབྲས་རྣམས་ལ་སེམས་པའང་བཀག །
དེ་ལྟར་ཐ་སྙད་ལས་འབྲས་སོགས། །ལྟ་བ་ཁས་ལེན་ཡོད་མེད་དོན། །གཞན་དག་ཕྱོགས་རེའི་བཤད་པ་མཛད། །རང་བཞེད་བདེན་གཉིས་ཕྱེས་ཏེ་འཆད། །
ཐ་སྙད་བཞེད་ཚུལ་སྟོང་ཉིད་ལ། །བློ་ཁ་མ་ཕྱོགས་གྲུབ་མཐའ་ཡིས། །བློ་མ་བསྒྱུར་པའི་འཇིག་རྟེན་གྱི། །རྒན་པོའི་རྗེས་འབྲངས་ལ་ལ་སྨྲ། །
རང་བཞེད་འཇིག་རྟེན་ངོར་ཞེས་པ། །འཇིག་རྟེན་ཐ་སྙད་བདེན་པའི་ངོར། །འཇིག་རྟེན་རྣལ་འབྱོར་མཁས་དབང་ནས། །ཕལ་པ་བླུན་པོའི་བར་དག་ལ། །གྲགས་ཤིང་གྲུབ་པའི་འཇིག་རྟེན་གྱི། །མཐོང་ཐོས་ཤེས་པ་དོན་མཐུན་དག ། དོན་དཔྱོད་ཚད་མས་མ་དཔྱད་པར། །ཐ་སྙད་ཞལ་བཞེས་མཛད་ཚུལ་ལགས། །ཕྱི་ནང་གྲུབ་མཐས་བརྟགས་པ་ཡི། །གཙོ་བདག་ལ་སོགས་སྒྲོ་བཏགས་ཆོས། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཐ་སྙད་དོན་མཐུན་གཉིས་ཀ་མིན། །
དེ་སོགས་གཙོ་བོ་རྣམ་བརྒྱད་དང་། །མ་འདྲེས་རིང་ལུགས་མི་ཕམ་རྗེའི། །དགོངས་དོན་གསལ་བར་འཇུག་པ་ཡི། །དོན་འགྲེལ་ཟླ་བའི་དགོངས་རྒྱན་གཟིགས། །
གནས་ཚུལ་དག་པའི་སྣང་བ་ནི། །མདོ་རྒྱུད་ལུང་གི་བསྟན་དོན་ཆེ། །རིགས་ཁམས་རང་བཞིན་འོད་གསལ་སོགས། །དག་པའི་སྣང་བ་ཇི་སྙེད་ལགས། །
དེ་ལ་ཕྱི་རབས་མཁས་དབང་རྣམས། །རིགས་ཁམས་སྙིང་པོའི་རང་བཞིན་ནི། །ཡོད་མེད་རྟག་ཆད་སྤྲོས་མཐའ་ལས། །ཟབ་ཞི་རྡུལ་བྲལ་མཁྱེན་པ་མེད། །
ཁ་ཅིག་དོན་དམ་བདེན་དངོས་ཤིག ། ཐེག་ཆེན་རིགས་སུ་དམ་བཅར་བྱེད། །མཐའ་བྲལ་སྟོང་ཉིད་དངོས་བསྟན་གྱི། །མདོ་རྒྱུད་བསྟན་བཅོས་དྲང་དོན་ལོ། །རྟག་དངོས་གཞི་མཐུན་གྱུར་པ་ཡི། །རིགས་འདི་རིགས་པའི་ལམ་དང་འགལ། །རྟག་བདེན་དངོས་པོའི་རིགས་འདི་འདྲ། །ཤཱཀྱ་སེང་གེའི་རིང་ལུགས་མིན། །
ཁ་ཅིག་དོན་དམ་དངོས་མེད་ཙམ། །ཐེག་པ་ཆེན་པོའི་རིགས་སུ་སྨྲ། །སྣང་ཆ་འོད་གསལ་དངོས་བསྟན་གྱི། །མདོ་རྒྱུད་བསྟན་བཅོས་དྲང་དོན་ལོ། །དངོས་མེད་རྟག་པའི་རིགས་ཁམས་ཤིག ། རིགས་པ་མཁྱེན་ལ་མཛེས་སམ་ཅི། །ཅང་མེད་ཆད་པའི་རིགས་འདི་འདྲ། །སངས་རྒྱས་པ་ཡི་རིང་ལུགས་མིན། །
ཁ་ཅིག་སྟོང་ཉིད་དངོས་མེད་དང་། །སེམས་ཀྱི་གསལ་བ་དངོས་པོ་གཉིས། །གཞི་མཐུན་འདུས་བྱས་འདུས་མ་བྱས། །གཉིས་ཀ་ཟུང་འཇུག་རིགས་རིགས་སུ་སྨྲ། །རང་བཞིན་གནས་རིགས་འདུས་བྱས་ཤིག ། མདོ་རྒྱུད་བསྟན་བཅོས་གང་དུའང་མེད། །དེ་ལ་གསལ་རིགས་འདུས་བྱས་འདི། །རྒྱས་འགྱུར་རིགས་སུ་འདོད་དམ་ཅི། །
ཁ་ཅིག་ཡོད་མེད་གང་རུང་ཞིག ། སྨྲས་ན་རིགས་པར་འགལ་གྱིས་དོགས། །འོ་མ་ལས་ནི་མར་བཞིན་དུ། །འབྱུང་རུང་རྒྱུ་ཡི་ཚུལ་དུ་སྨྲ། །འབྱུང་རུང་རྒྱུ་ཡི་ཚུལ་འདི་འདྲ། །རིགས་པ་སྨྲ་རྣམས་འདུས་བྱས་བཞེད། །སྔར་མེད་འབྱུང་རུང་རིགས་ཁམས་འདི། །ཀུན་མཁྱེན་ཡབ་སྲས་བཞེད་པ་མིན། །
དེ་དག་ཉིད་ལ་དོན་དཔྱོད་ཀྱི། །ཚད་མ་རྣམ་གྲངས་དཔྱོད་བྱེད་དང་། །ཐ་སྙད་ཚུར་མཐོང་ཁོ་ན་ལས། །རྣམ་དག་ཚད་མ་མེད་པས་ལན། །
འོད་གསལ་སེམས་ཀྱི་གནས་ལུགས་འདི། །གྲུབ་མཐའ་ཕལ་གྱིས་མཁྱེན་མ་ལགས། །མདོ་རྒྱུད་ལུང་གི་བསྟན་དོན་ཆེ། །སྔ་རབས་མཁས་པའི་ལུགས་ན་ཡོད། །རྣམ་འདྲེན་མི་ཡི་སེང་གེ་དེས། །ཟབ་ཞི་སྤྲོས་བྲལ་འོད་གསལ་བ། །འདུས་མ་བྱས་པའི་བདག་ཉིད་ཅེས། །ཆེད་དུ་བརྗོད་པའི་ཟབ་དོན་ཆེ། །འཁོར་ལོ་བར་ཐའི་ངེས་དོན་མདོར། །སེམས་ལ་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་ཞེས། །ཆེས་ཆེར་བསྟན་པའི་བསྟན་དོན་མཆོག ། མཐའ་བྲལ་སེམས་ཀྱི་ཆོས་ཉིད་ནི། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཆེ། །ཟབ་ཞི་སྤྲོས་བྲལ་འོད་གསལ་བ། །རང་བྱུང་འདུས་མ་བྱས་ལྷུན་གྲུབ། །རང་བཞིན་དངོས་དང་དངོས་མེད་སོགས། །ཚུར་མཐོང་བློ་ཡིས་བསམ་བརྗོད་བྲལ། །དེ་ཕྱིར་གཙང་བདེ་རྟག་བདག་གི ། མཐའ་ལས་འདས་ཕྱིར་ཕ་རོལ་ཕྱིན། །
གནས་ལུགས་ཡེ་དག་སྙིང་པོའི་ཆོས། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ཁྱབ་རང་བཞིན་ཏེ། །ཁྱད་ཆོས་གསུམ་གྱི་བདག་ཉིད་ཅན། །
འཁོར་ལོ་བར་པའི་ངེས་དོན་མཆོག ། རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས། །སེམས་ལ་སེམས་མ་མཆིས་པ་སྟེ། །སེམས་ཉིད་ངོ་བོ་སྟོང་པར་གནས། །སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས། །སྟོང་ཉིད་དོན་དམ་མཐའ་བྲལ་མཆོག ། དོན་དཔྱོད་ཚད་མའི་རྙེད་དོན་ཕྱིར། །རྟག་དངོས་བདེན་པའི་མཐའ་ལས་གྲོལ། །
འཁོར་ལོ་ཐ་མའི་ངེས་དོན་མཆོག ། མཁྱེན་བརྩེ་ནུས་ལྡན་བདེ་གཤེགས་རིགས། །སེམས་ཀྱི་རང་བཞིན་འོད་གསལ་བའི། །རང་བཞིན་འོད་གསལ་ཆེན་པོར་གནས། །གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །གནས་སྣང་མཐུན་པའི་དོན་དམ་མཆོག ། རྣམ་དག་ཚད་མའི་རྙེད་དོན་ཕྱིར། །ཅང་མེད་ཆད་པའི་མཐའ་ལས་གྲོལ། །
འཁོར་ལོ་བར་ཐ་འགལ་མེད་མཆོག ། སྣང་སྟོང་ཟུང་འཇུག་སྙིང་པོའི་ཁམས། །སེམས་ཉིད་དག་དང་མ་དག་ལས། །ཐུགས་རྗེ་རྟེན་འབྱུང་ཆེན་པོར་གནས། །སྣང་སྟོང་དང་ནི་གནས་སྣང་གི ། བདེན་གཉིས་འགལ་མེད་དོན་གྱི་མཆོག ། ཚུར་མཐོང་ཚད་མའི་ཡུལ་མིན་ཕྱིར། །གློ་བུར་སྤྲོས་ཆོས་ཀུན་ལས་གྲོལ། །
དོན་དཔྱོད་ཚད་མས་དཔྱད་བཟོད་བྲལ། །གཞན་སྟོང་ཕལ་དང་འདི་མི་འདྲ། །རྣམ་དག་ཚད་མའི་རྙེད་དོན་ཕྱིར། །བདེན་སྟོང་ཕལ་གྱིས་དོ་ཟླ་མིན། །
དེ་ལ་བདེན་སྟོང་གཞན་སྟོང་དང་། །རང་སྟོང་དབུ་མའི་ཐ་སྙད་གསུམ། །དོན་དཔྱོད་ཚད་མའི་རིགས་ཤེས་ཀྱི། །དགག་བྱའི་ཁྱད་པར་གསུམ་གྱིས་བྱས། །
དེ་ལ་བདེན་སྟོང་གཞན་སྟོང་དག ། འཁོར་ལོ་བར་ཐ་འགལ་བར་འཆད། །མཐའ་བྲལ་དབུ་མ་སྔ་འགྱུར་ཆེས། །འཁོར་ལོ་བར་ཐའི་ངེས་དོན་དག ། སྣང་སྟོང་ཆོས་ཀྱི་བདེན་གཉིས་དང་། །གནས་སྣང་མཐུན་དང་མི་མཐུན་པའི། །བདེན་གཉིས་དབྱེ་ཚུལ་ལེགས་ཕྱེས་ཏེ། །འགལ་མེད་གནད་དོན་གཅིག་ཏུ་བཞེད། །ཚུལ་འདི་རྒྱལ་དང་རྒྱལ་སྲས་ཀྱི། །དགོངས་དོན་རྒྱལ་དབང་ཀློང་ཆེན་དང་། །ཀུན་མཁྱེན་ངྷརྨ་ཤཱི་ཡི། །བཞེད་པའི་ཁྱད་པར་བླ་ན་མེད། །འདི་དོན་ཇི་བཞིན་ལེགས་རྟོགས་ན། །འཁོར་ལོ་བར་ཐའི་ངེས་དོན་དང་། །ཟླ་བའི་གཞུང་དང་རྒྱུད་བླ་སོགས། །འགལ་མེད་གནད་དོན་གཅིག་ཏུ་འཆར། །
ཚུལ་འདིས་གསང་སྔགས་རྒྱུད་སྡེ་ཡི། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དང་། །གནས་ལུགས་གཉུག་མའི་སེམས་ལ་སོགས། །ཟབ་དོན་དཔག་ཡས་མཁྱེན་པར་མཛོད། །འདི་ཡི་རྣམ་བཞག་རབ་གསལ་བ། །སྟོང་ཐུན་སེང་གེའི་ང་རོར་གསལ། །དེ་ཡི་དཀའ་གནད་མཁྱེན་འདོད་ན། །ཁོ་བོར་བྱས་པའི་ཟིན་ཐུན་གཟིགས། །ཚུལ་འདི་དོན་དཔྱོད་ཚད་མས་དཔྱད་བཟོད་དང། །ཐ་སྙད་ཚུར་མཐོང་ཚད་མའི་རྙེད་དོན་མིན། །དོན་དཔྱོད་རྣམ་གྲངས་མིན་པའི་གྲུབ་དོན་དང་། །ཐ་སྙད་རྣམ་དག་ཚད་མའི་རྙེད་དོན་ལགས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་འདྲའི་གཞལ་བྱ་ལྐོག་གྱུར་ཆོས། །ཚུར་མཐོང་ཚད་མས་བསམ་མི་ཁྱབ། །རྣམ་མཁྱེན་དག་པའི་ཚད་མས་གཟིགས། །དེས་གསུངས་ལུང་གིས་ཡིད་ཆེས་མཛོད། །
གཞལ་བྱ་སྣང་སྟོང་བདེན་པ་གཉིས། །རེ་རེ་ལ་ཡང་གསུམ་གསུམ་སྟེ། །མངོན་སུམ་དང་ནི་ལྐོག་གྱུར་དང་། །ཤིན་ཏུ་ལྐོག་གྱུར་རྣམ་པ་གསུམ། །སྣང་བ་མངོན་སུམ་གཟུགས་སོགས་ཡུལ། །ཚུར་མཐོང་དབང་མངོན་ཚད་མས་ངེས། །སྣང་བ་ལྐོག་གྱུར་མི་རྟག་སོགས། །ཚུར་མཐོང་རྗེས་དཔག་ཡིད་ཀྱིས་ངེས། །སྣང་བ་ཤིན་ཏུ་ལྐོག་གྱུར་ཆོས། །ལས་འབྲས་རིགས་ཁམས་གཉུག་སེམས་སོགས། །དག་པའི་གཟིགས་པ་མངའ་བ་ཡི། །ལུང་ལ་བརྟེན་པའི་ཚད་མས་ངེས། །སྟོང་ཉིད་མངོན་སུམ་མཉམ་གཞག་ཚེ། །འཕགས་རྒྱུད་རྣལ་མངོན་ཚད་མས་ངེས། །ལྐོག་གྱུར་སྟོང་དང་བདག་མེད་ཙམ། །རྣམ་གྲངས་དཔྱོད་པའི་ཚད་མས་ངེས། །སྟོང་ཉིད་ཤིན་ཏུ་ལྐོག་གྱུར་ཆོས། །རྣམ་གྲངས་མིན་པའི་དོན་དམ་ཉིད། །ཐལ་འགྱུར་ཐུན་མིན་གཏན་ཚིགས་ཆེ། །རྣམ་གྲངས་མིན་དཔྱོད་ཚད་མས་ངེས། །བསྡུ་བའི་ཚིགས་སུ་བཅད་པའོ། །
སྒོམ་པའི་ལམ་ལ་སྤངས་རྟོགས་གཉིས། །སྤང་བ་འགོག་པའི་བདེན་པ་དང། །རྟོགས་པ་ལམ་གྱི་བདེན་པ་སྟེ། །འགོག་ལམ་སྤངས་རྟོགས་རྣམ་པ་གཉིས། །
དེ་ལ་སྤང་བའི་རང་བཞིན་དང་། །དེ་དག་མངོན་དུ་རྫོགས་ཚུལ་ལས། །སྤང་བ་འགོག་བདེན་རང་བཞིན་ལ། །སྤང་བྱ་དང་ནི་སྤོང་ཚུལ་གཉིས། །
སྤང་བྱ་ཉོན་ཤེས་རབ་བཞིན་ཏེ། །དེ་ཡི་རྣམ་གཞག་འཆད་པ་ན། །ཕྱི་རབས་མཁས་པའི་དབང་པོ་རྣམས། །སྒྲིབ་གཉིས་ངོ་བོ་འདི་ལྟར་འཆད། །
ཐར་པ་དང་ནི་རྣམ་མཁྱེན་ལ། །གཙོ་བོར་བར་དུ་གཅོད་རིགས་ཟེར། །དེ་ཡི་བྱེད་པའི་མཚན་ཉིད་ཙམ། །རྟོགས་པར་ནུས་ཀྱི་རྫོགས་པར་མིན། །དེ་ལ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་གཉིས་སུ་གྲངས་ངེས་མཛད། །ཚུལ་དེས་སྙོམས་འཇུག་སྒྲིབ་པ་ཡང་། །ཉོན་ཤེས་གང་རུང་ཡིན་ཞེས་སྨྲ། །འོན་ཀྱང་ཐར་དང་རྣམ་མཁྱེན་ལ། །གེགས་བྱེད་སྒྲིབ་པ་མ་ཡིན་ཕྱིར། །གསུམ་པ་སྙོམས་འཇུག་སྒྲིབ་པ་ཞེས། །མ་ཕམ་མགོན་གྱིས་ཞལ་བཞེས་མཛད། །ཤེས་སྒྲིབ་མཚན་གཞི་ལྡན་མིན་གྱི། །འདུ་བྱེད་ཉིད་དུ་ལ་ལ་སྨྲ། །རྣམ་རྟོག་ལྡན་མིན་འདུ་བྱེད་ཅིག ། རྒྱ་བོད་མཁས་པའི་ལུགས་ན་མེད། །ཐེག་ཆེན་མདོ་དང་བསྟན་བཅོས་ཀུན། །དགོངས་པ་གཅིག་དང་དབྱངས་གཅིག་ཏུ། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་བཞེད། །འཁོར་གསུམ་བདེན་པར་འཛིན་པ་ལ། །ཉོན་སྒྲིབ་ཉིད་ཀྱིས་ཀུན་ཁྱབ་དང་། །དེ་ཡི་བག་ཉལ་ཤེས་བྱ་ཡི། །སྒྲིབ་པ་ཉིད་དུ་ལ་ལ་སྨྲ། །དེ་ཡི་ཉོན་མོངས་བག་ཉལ་ཙམ། །ཤེས་སྒྲིབ་ཉིད་དུ་རྟོགས་ནུས་ཀྱི། །ད་དུང་སྒྲིབ་གཉིས་རང་བཞིན་གྱི། །རྣམ་གཞག་རྫོགས་པར་མཁྱེན་མ་ལགས། །
ས་མཚམས་མ་དག་ས་བདུན་བར། །ཉོན་སྒྲིབ་འབའ་ཞིག་སྤོང་བ་དང་། །དག་པའི་སར་ནི་ཤེས་བྱ་ཡི། །སྒྲིབ་པ་ཉག་གཅིག་སྤོང་ཞེས་འཆད། །སྤང་བྱ་དང་ནི་གཉེན་པོ་ཡི། །རྣམ་པར་བཞག་པ་ཆེས་ཆེར་འཁྲུགས། །ཐེག་ཆེན་མདོ་དང་བསྟན་བཅོས་ཀྱི། །ས་ལམ་རྣམ་གཞག་རིང་དུ་བྱས། །ཁ་ཅིག་མ་དག་ས་བདུན་བར། །དམན་ལམ་སྔོན་སོང་འཕགས་པ་ཆེར། །སྤང་བྱ་མེད་པའི་ཉེས་སྤོང་དུ། །ཤིན་རྨོངས་སྒྲིབ་པ་སྤོང་སོགས་སྨྲ། །དེ་འདྲ་སྒྲིབ་གཉིས་གང་ཡིན་ཞེས། །དྲིས་ཤིང་བརྩད་པས་མཚན་ཉིད་དང་། །གྲངས་ངེས་དང་ནི་ས་མཚམས་སོགས། །ཞལ་བཞེས་དམ་བཅའ་སྤོང་ལ་རིངས། །
ཁ་ཅིག་བྱང་སེམས་ས་དང་པོར། །ཉན་རང་སྤང་བ་རྫོགས་ཞེས་སྨྲ། །ད་དུང་བག་ཉལ་མིང་ཅན་གྱི། །ཉོན་མོངས་སྒྲིབ་པ་ཡོད་དོ་ལོ། །དེ་འདྲ་ཉོན་ཤེས་གང་རུང་དུ། །དྲིས་ཤིང་བརྩད་པས་དམ་བཅའ་འཇིག ། ཉོན་སྒྲིབ་ལྷན་སྐྱེས་མཐོང་སྤང་དུ། །རྒྱ་བོད་མཁས་རྣམས་བཞེད་མ་ལགས། །
ཤིང་རྟ་ཆེན་པོའི་རིང་ལུགས་ཀུན། །འགལ་མེད་དབྱངས་སུ་ལེན་མཁས་པ། །ཀུན་མཁྱེན་བརྒྱུད་པའི་ལེགས་བཤད་བཞིན། །མི་ཕམ་ཆོས་རྗེས་འདི་ལྟར་བཀྲལ། །
དེ་ལ་སྤང་བྱའི་མཚན་ཉིད་ནི། །རྒྱུ་དང་ངོ་བོ་བྱེད་ལས་ཀྱིས། །སྤྱི་ལས་བྱེ་བྲག་ཉོན་ཤེས་ཀྱི། །སྒྲིབ་པ་གཉིས་སུ་རྣམ་པར་འཇོག ། རྒྱུ་ནི་བདེན་འཛིན་རྣམ་གཉིས་ཏེ། །ཆོས་དང་གང་ཟག་བདག་འཛིན་གཉིས། །ཆོས་སུ་བདེན་འཛིན་ཤེས་སྒྲིབ་དང་། །གང་ཟག་བདེན་འཛིན་ཉོན་སྒྲིབ་ལགས། །ངོ་བོ་ཆགས་སོགས་ཉོན་སྒྲིབ་དང་། །འཁོར་གསུམ་རྣམ་རྟོག་ཤེས་སྒྲིབ་ཉིད། །བྱེད་ལས་ཐར་དང་རྣམ་མཁྱེན་ལ། །བར་དུ་གཅོད་པའི་མཚན་ཉིད་ཅན། །
དེ་ཕྱིར་སྒྲིབ་པ་མཚན་ཉིད་པ། །རྣམ་པ་གཉིས་སུ་ངེས་པར་བཞེད། །གསུམ་པ་སྙོམས་འཇུག་སྒྲིབ་པ་ནི། །སྒྲིབ་པའི་རྣམ་གྲངས་བཏགས་ཙམ་ཉིད། །
མཚན་བཞི་ཉོན་ཤེས་གཉིས་ཀ་ཡང་། །རྣམ་པར་རྟོག་པ་སེམས་ཀྱི་ཆོས། །
དེས་ན་གཟུང་འཛིན་རྣམ་རྟོག་ལ། །ཀུན་བྱང་རྫས་བཏགས་རྟོག་པ་བཞི། །འཁོར་གསུམ་ཆོས་ཀྱི་རྣམ་རྟོག་ལ། །བདེན་པར་རྟོག་དང་མཚན་མར་རྟོག ། གཉིས་སྣང་ཙམ་གྱི་རྟོག་པ་སྟེ། །གསུམ་ཀ་ཤེས་བྱའི་སྒྲིབ་པར་ངེས། །
དང་པོ་མངོན་གྱུར་སོ་སྐྱེ་དང་། །གཉིས་པ་མ་དག་ས་བདུན་སྐབས། །གསུམ་པ་དག་སའི་རྗེས་ཐོབ་ན། །མངོན་གྱུར་ཉིད་ཀྱང་རེ་ཞིག་ཡོད། །
དེ་དག་མངོན་དུ་གྱུར་པ་ན། །འཕགས་པའི་རྗེས་ཐོབ་རྒྱ་ཡན་ཟེར། །དེ་ཡིས་བསླད་པའི་ཕྱིན་དྲུག་སོགས། །འཇིག་རྟེན་པ་ཡི་ཕར་ཕྱིན་ཉིད། །
སྤོང་ཚུལ་སྒྲིབ་པ་གཉིས་ཀར་ཡང་། །ཀུན་བཏགས་ལྷན་སྐྱེས་གཉིས་གཉིས་དབྱེ། །ལྷན་སྐྱེས་ལ་ཡང་ས་བོན་དང་། །དེ་ཡི་བག་ཉལ་ཆེས་ཕྲ་ཡོད། །
དེས་ན་སྒྲིབ་གཉིས་ཀུན་བཏགས་ནི། །མཐོང་སྤང་ཉིད་དུ་དམ་བཅར་བྱེད། །དེ་སྤང་བྱང་འཕགས་དགེ་འདུན་ནི། །རིག་གྲོལ་ཡོན་ཏན་བརྒྱད་ལྡན་ལགས། །
གལ་ཏེ་ཤེས་སྒྲིབ་མཐོང་སྤང་དུ། །བཞེད་འདི་ཟླ་བའི་ལུགས་མིན་ཞིང་། །མངོན་རྟོགས་རྒྱན་སོགས་རང་རྒྱུད་ལུགས། །སྦས་དོན་མཐར་ཐུག་མིན་ཞེ་ན། །ཐེག་ཆེན་སྦྱོར་ལམ་ཁྱད་ཆོས་དང་། །མཐོང་སྤོང་གཉེན་པོའི་ཚོགས་སྒྲུབ་དང་། །མཐོང་ལམ་བར་ཆད་མེད་རྩེ་སོགས། །འཆད་དུ་མེད་པའི་སྦས་དོན་ཞིག ། སྔོན་ཆད་དགའ་ལྡན་ལྷ་ཡུལ་དང་། །རྒྱ་བོད་མཁས་ལ་མ་གྲགས་པའི། །ཡུམ་གྱི་སྦས་དོན་མཐར་ཐུག་ཅིག ། ཁྱོད་འདྲའི་ཐལ་འགྱུར་ཁྱད་ཆོས་ལགས། །
ལྷན་སྐྱེས་ས་བོན་སྤོང་ཚུལ་ལ། །སྤང་བྱ་ཆེན་པོའི་ཆེན་པོ་སོགས། །གཉེན་པོ་སྒོམ་ལམ་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་རྣམ་དགུས་སྤོང་། །དེ་ཡི་བག་ཉལ་ཆེས་ཕྲ་བ། །སློབ་ལམ་ཕལ་གྱིས་གཞོམ་དཀའི་ཆོས། །སངས་རྒྱས་ཉིད་ཀྱི་བར་མེད་མཆོག ། བར་ཆད་མེད་རྩེའི་ལམ་གྱིས་སྤོང་། །དེ་ལ་ཉོན་མོངས་ས་བོན་ནི། །མ་དག་ས་བདུན་ལམ་གྱིས་སྤོང་། །དེ་ཡི་བག་ཉལ་ཤེས་སྒྲིབ་ནི། །དག་པ་ས་ཡི་སྤང་བྱར་བཞེད། །དེ་ཕྱིར་ཤེས་བྱའི་སྒྲིབ་པ་ལ། །ཉོན་མོངས་བག་ཉལ་ཡིན་མིན་གཉིས། །དེ་ཡི་རྣམ་དབྱེ་མ་མཁྱེན་པར། །གཞུང་ལུགས་ཆེན་པོ་འཆད་པར་དཀའ། །
ཤིང་རྟ་ཆེན་པོའི་གཞུང་ལུགས་འགར། །ཉོན་མོངས་མིང་ཅན་སྒྲིབ་པ་འགའ། །དག་པའི་སྤང་བྱར་བཞེད་པ་ཡང་། །ཉོན་མོངས་སྒྲིབ་པའི་ས་བོན་མིན། །འོན་ཀྱང་ཉོན་མོངས་བག་ཉལ་ལ། །ཉོན་མོངས་མིང་གིས་བཏགས་པ་ཙམ། །དེ་འདྲ་ཐེག་ཆེན་མདོ་དང་ནི། །བསྟན་བཅོས་ཆེ་ལས་རྒྱ་ཆེར་འབྱུང་། །འདི་དོན་རྟོགས་ན་མ་དག་སར། །ཉོན་མོངས་སྒྲིབ་པ་རྣམ་པ་དགུ། །དྲིལ་སྤོང་བྱེད་པའི་ངལ་བ་དག །བདེ་བླག་ཉིད་དུ་རྣམ་པར་དབེན། །དེ་ཕྱིར་མི་ཕམ་ཆོས་རྗེ་ཡིས། །སྒྲིབ་གཉིས་སྤོང་བའི་རྣམ་གཞག་ལ། །ཤིང་རྟ་ཆེན་པོའི་གཞུང་ལུགས་ཀུན། །དགོངས་མཐུན་ཉིད་ཅེས་དམ་བཅར་མཛད། །
དེ་སོགས་ཤིང་རྟ་ཆེན་པོ་ཡི། །དགོངས་དོན་མི་ཕམ་ཆོས་རྗེས་བཀྲལ། །དེ་ཕྱིར་དེ་ཡི་ལེགས་བཤད་ལས། །གཞུང་ལུགས་རབ་འབྱམས་མཁྱེན་པར་འཚལ། །ཀུན་བྱང་ཆོས་སུ་བཟུང་བ་གཟུང་རྟོག་དང་། །གང་ཟག་རྫས་བཏགས་འཛིན་པ་འཛིན་རྟོག་སྟེ། །མདོར་ན་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །སྤང་བྱ་ཀུན་གྱི་རྩ་་བ་འདི་དག་ཉིད། །གཉེན་པོའི་རྩ་བ་གང་ཟག་བདག་མེད་དང་། །ཆོས་ཀྱི་བདག་མེད་རྫོགས་པའི་མངོན་རྟོགས་ཏེ། །མདོར་ན་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་བདག་མེད་སྟོང་པ་ཉིད། །བར་གྱི་གསལ་བྱེད་ཚིགས་སུ་བཅད་པའོ། །
དེ་ལྟར་གཉེན་པོ་བདག་མེད་ཀྱི། །རྟོགས་རིགས་རྫོགས་པའི་ལམ་བདེན་ལ། །གཉེན་པོའི་ཚུལ་དང་མངོན་རྟོགས་ཀྱི། །རྣམ་པར་དབྱེ་བ་མདོ་ཙམ་འཆད། །
ཁ་ཅིག་བདེན་སྟོང་དངོས་མེད་ཙམ། །རྟོགས་པའི་བློ་གྲོས་ཉན་རང་དང་། །ཐུན་མོང་གྱུར་པའི་རྟོགས་རིགས་དེས། །ཤེས་སྒྲིབ་འཇོམས་པར་སྒྲུབ་མ་ནུས། །དེ་ཕྱིར་བདེན་སྟོང་དངོས་མེད་ཙམ། །རྟོགས་པའི་མངོན་རྟོགས་སྲིན་བུའི་མེས། །ཤེས་སྒྲིབ་མུན་ཆེན་འཇོམས་པ་ཡི། །གྲོགས་ཤིག་ད་དུང་དགོས་སོ་ལོ། །དངོས་མེད་མཁྱེན་པའི་རྟོགས་རིགས་ལ། །ཤེས་སྒྲིབ་འཇོམས་པའི་རང་སྟོབས་མེད། །གཞན་སྟོབས་གྲོགས་དང་འགྲོགས་མི་སྲིད། །འགྲོགས་ཀྱང་དེ་ཡིས་ཅི་ཞིག་བགྱི། །
ཐུན་མོང་སྟོང་ཉིད་རྣམ་གྲངས་ཙམ། །རྟོགས་ཀྱང་ཤེས་སྒྲིབ་དངོས་གཉེན་མིན། །ཐུན་མིན་ཤེས་སྒྲིབ་དངོས་གཉེན་ནི། །རྣམ་གྲངས་མིན་པའི་མངོན་རྟོགས་ལགས། །ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས། །འཁྲུངས་པའི་མངོན་རྟོགས་ཉིན་བྱེད་དབང་། །གང་དུ་འཆར་ཚེ་གཞན་གྲོགས་ལ། །ལྟོས་མེད་ཉིད་དུ་རྨོངས་མུན་འཇོམས། །
དེ་ལྟར་གཉེན་པོ་ལས་བདེན་གྱི། །མངོན་པར་རྟོགས་པའི་རིམ་པ་ལ། །འཕགས་ལམ་མཉམ་གཞག་རྗེས་ཐོབ་ཀྱི། །རྣམ་པར་དབྱེ་བ་རྣམ་པ་གཉིས། །
མཉམ་གཞག་ལ་ཡང་སྣང་བཅས་དང་། །སྣང་བ་མེད་པའི་ཏིང་འཛིན་གཉིས། །དེ་བཞིན་རྗེས་ཐོབ་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་རྗེས་ཐོབ་ཡོད། །
མཉམ་གཞག་རང་བཞིན་གཞན་དག་རྣམས། །ཡུལ་ནི་བདེན་སྟོང་དངོས་མེད་ཅིག ། ཡུལ་ཅན་སེམས་ཀྱི་དངོས་པོ་ཡིས། །འཛིན་སྟངས་བཅས་ཏེ་སྒོམ་པར་སྨྲ། །དེ་འདྲ་ཚུར་མཐོང་ཚད་མ་ཡི། །གོ་དོན་ལགས་ཀྱི་འཕགས་ཆེན་གྱི། །མཉམ་གཞག་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཟབ་མོའི་ཕྱོགས་ཙམ་མིན། །རང་བཞེད་མཉམ་གཞག་ཡེ་ཤེས་ངོར། །སྣང་བ་མེད་ཅིང་རྣམ་རིག་མེད། །ཡེ་ཤེས་སྣང་བ་བསམ་མི་ཁྱབ། །ཟབ་ཞི་སྤྲོས་བྲལ་འོད་གསལ་བའི། །ངོ་བོ་དབྱིངས་དང་ཡེ་ཤེས་ཆེ། །དབྱེར་མེད་དོན་གྱི་ཡེ་ཤེས་མཆོག །དེ་ལ་ཡུལ་དང་ཡུལ་ཅན་དུ། །ཐ་དད་བློ་ཡིས་བཏགས་ཙམ་ཉིད། །
ཡུལ་གྱི་ཁྱད་པར་བདེན་སྟོང་ཙམ། །མཉམ་གཞག་ཡུལ་དུ་གཞན་དག་སྨྲ། །བདེན་མེད་རྣམ་གྲངས་རྣམ་ཤེས་ལས། །ཡེ་ཤེས་ཟབ་མོའི་ཡུལ་མ་ལགས། །སོ་སོ་རང་རིག་ཡེ་ཤེས་ཀྱི། །སྤྱོད་ཡུལ་ཐུན་མོང་མ་ཡིན་པའི། །དོན་དམ་རང་བཞིན་རྣམ་དག་ཆེ། །སྨྲ་བསམ་བརྗོད་བྲལ་རྒྱལ་ཡུམ་མཆོག །
ཡུལ་ཅན་གཉིས་བཅས་སེམས་ཤིག་ལ། །ཡེ་ཤེས་ཉིད་ཅེས་གཞན་དག་སྨྲ། །བློ་རིག་ཤེས་གསུམ་དོན་གཅིག་ཅེས། །བསྡུས་ཚན་ཙམ་ཞིག་མཁྱེན་པར་ཟད། །རང་བཞེད་འཕགས་པའི་ཡེ་ཤེས་ནི། །སེམས་ལ་སེམས་མ་མཆིས་པ་ཡི། །རང་བཞིན་འོད་གསལ་ཆེན་པོ་སྟེ། །སོ་སོ་རང་རིག་ཡེ་ཤེས་ལགས། །སེམས་ནི་གཟུང་འཛིན་གཉིས་བཅས་བློ། །དེ་འདྲ་ཚུར་མཐོང་ཚད་མར་ཟད། །ཡེ་ཤེས་གཉིས་མེད་འོད་གསལ་ཆེ། །དག་པའི་གཟིགས་པ་ཚད་མ་ལགས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །རང་རིག་ཡེ་ཤེས་སྤྱོད་ཡུལ་ཞེས། །མདོ་ཡི་སྒྲ་དོན་ཇི་བཞིན་དུ། །སེམས་རིག་ཤན་འབྱེད་མཁས་པའི་ལུགས། །
ངོ་བོ་སྒྲ་དོན་འདྲེས་འཛིན་གྱི། །རྟོག་བྲལ་ཙམ་དུ་གཞན་དག་འཆད། །དེ་འདྲ་རྟོག་མེད་ཤེས་པའི་ཆོས། །ཀུན་ལ་ཡོད་ཀྱི་ཐུན་མིན་མིན། །མཉམ་གཞག་མི་རྟོག་ཡེ་ཤེས་ནི། །ཐུན་མོང་རྟོག་བྲལ་རྣམ་ལྔ་དང་། །མ་འདྲེས་ཐུན་མིན་མི་རྟོག་པའི། །མཚན་ཉིད་ཅན་དུ་མདོ་ལས་གསུངས། །
རྣམ་པའི་འཛིན་སྟངས་ཡོད་མེད་དོན། །གཞན་དག་མཐའ་གཅིག་འཛིན་སྟངས་ཅན། །མེད་པའི་འཛིན་སྟངས་བཅས་བཞིན་དུ། །གཟུང་འཛིན་མཐའ་དག་ནུབ་ཅེས་སྨྲ། །རང་བཞེད་དོན་དམ་རྣམ་གྲངས་ཙམ། །སྒོམ་པའི་བློ་དེ་འཛིན་སྟངས་ཅན། །རྣམ་གྲངས་མིན་པའི་མངོན་རྟོགས་ཆེར། །འཛིན་སྟངས་རྣམ་པ་ཀུན་བྲལ་ལགས། །
གཟུང་འཛིན་གཉིས་སྣང་བྲལ་ཚུལ་ལ། །གཞན་དག་ཡུལ་དང་ཡུལ་ཅན་གཉིས། །ཡོད་ཀྱང་བློ་ཡིས་མ་བཟུང་ཙམ། །གཉིས་སྣང་མེད་པའི་དོན་དུ་འཆད། །ད་དུང་ཡུལ་དང་ཡུལ་ཅན་གཉིས། །དབྱེར་མེད་ཆུ་ལ་ཆུ་བཞག་ཟེར། །གནས་སྣང་མི་མཐུན་ལོག་ཤེས་ཀྱི། །མཉམ་གཞག་དེ་འདྲ་ངོ་མཚར་གནས། །དེས་ན་མཉམ་གཞག་ཡེ་ཤེས་ངོར། །གཟུང་འཛིན་མཐའ་དག་དབྱིངས་སུ་ནུབ། །ཀུན་རྫོབ་སྤྲོས་ཆོས་ལས་འདས་དབྱིངས། །དོན་དམ་འོད་གསལ་ཆེན་པོར་གནས། །རྗེས་ཐོབ་གཟུང་འཛིན་སྣང་བ་དང་། །རྣམ་རིག་དབྱིངས་སུ་ནུབ་པའི་མོད། །སེམས་ལ་སེམས་མ་མཆིས་པ་ཡི། །རང་མདངས་འོད་གསལ་མངོན་དུ་གྱུར། །སྣང་དང་རྣམ་རིག་ལས་འདས་ཀྱང་། །སེམས་མེད་གནས་སྐབས་དེ་འདྲ་མིན། །ཟབ་ཞི་རྡུལ་བྲལ་འོད་གསལ་བའི། །ཡེ་ཤེས་སྣང་བ་བསམ་མི་ཁྱབ། །
དེ་ལ་འཕགས་ལམ་མཉམ་གཞག་ལ། །སྣང་བཅས་སྣང་མེད་ཏིང་འཛིན་གཉིས། །མཉམ་གཞག་སྣང་བཅས་རྣལ་མངོན་ལ། །རྗེས་ཐོབ་སྣང་བཅས་ཏིང་འཛིན་བཞེད། །
དེ་ལ་དབུ་མ་རང་རྒྱུད་པས། །འཕགས་ལམ་མཉམ་གཞག་སྣང་བཅས་དང་། །སྣང་མེད་འདོད་པ་ཐལ་འགྱུར་ཞེས། །རྒྱུ་མཚན་མེད་པར་གཞན་དག་སྨྲ། །སྔ་རབས་མཁས་པའི་གཞུང་ལུགས་ལས། །དབུ་མ་ཐལ་རང་གཉིས་ཀས་ཀྱང་། །སྣང་བཅས་སྣང་བ་མེད་པ་ཡི། །ཏིང་འཛིན་གཉིས་ཀ་བཞེད་པར་འཆད། །
ཁ་ཅིག་སྣང་བཅས་སྣང་མེད་དོན། །གཟུང་འཛིན་གཉིས་སྣང་ཡོད་མེད་འཆད། །ཇི་སྙེད་མཁྱེན་པ་སྣང་བཅས་སུ། །བཞེད་པའི་ལུགས་ལ་འཐད་དམ་ཅི། །ཇི་སྙེད་ཀུན་རྫོབ་མངོན་བྱེད་པའི། །ཏིང་འཛིན་དེ་འདྲ་སྣང་བཅས་དང་། །ཇི་ལྟའི་དོན་དམ་མངོན་གྱུར་པའི། །ཏིང་ངེ་འཛིན་དེ་སྣང་མེད་ལགས། །
དེས་ན་འཕགས་པ་སློབ་པའི་སར། །བདེན་གཉིས་ཅིག་ཆར་ཚུལ་གྱིས་སུ། །ཇི་ལྟའི་དོན་ལ་མཉམ་གཞག་བཞིན། །ཇི་སྙེད་སྣང་བ་མཁྱེན་ནུས་མིན། །མཉམ་རྗེས་རེས་འཇོག་ཚུལ་གྱིས་སུ། །ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས། །སྒྲིབ་གཉིས་མུན་ཆེན་གཏན་གཞིལ་ཏེ། །སྐུ་གཉིས་ཟུང་གི་དཀྱིལ་འཁོར་རྫོགས། །
མཉམ་གཞག་སྣང་མེད་ཏིང་འཛིན་གྱིས། །དོན་དམ་ཇི་ལྟའི་དོན་ལ་འཇུག ། རྗེས་ཐོབ་སྣང་བཅས་ཏིང་འཛིན་གྱིས། །ཀུན་རྫོབ་ཇི་སྙེད་དོན་ལ་འཇུག །བདག་མེད་སྟོང་ཉིད་བཅུ་དྲུག་དང་། །དངོས་མེད་ངོ་བོའི་མཐར་གྱིས་སོགས། །མཉམ་གཞག་རྡོ་རྗེ་ལྟ་བུ་ཡི། །ཏིང་འཛིན་ཟབ་མོ་སྣང་མེད་ཉིད། །གཟུངས་སྤོབས་ཡོན་ཏན་སའི་ཡོངས་སྦྱོང་། །ཕར་ཕྱིན་དྲུག་གི་མཐར་གྱིས་སོགས། །རྗེས་ཐོབ་སྒྱུ་མ་ལྟ་བུ་ཡི། །ཏིང་འཛིན་ཐམས་ཅད་སྣང་བཅས་ལགས། །
མཉམ་གཞག་རྣམ་པར་མི་རྟོག་པའི། །གཉིས་མེད་དོན་དམ་བྱང་ཆུབ་སེམས། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །སྣང་མེད་ཡེ་ཤེས་ཚོགས་ཞེས་བརྗོད། །རྗེས་ཐོབ་འཁོར་གསུམ་མི་རྟོག་པའི། །ཏིང་འཛིན་འཕྲུལ་གྱི་སྦྱིན་ལ་སོགས། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན། །སྣང་བཅས་བསོད་ནམས་ཚོགས་ཞེས་བརྗོད། །
རྗེས་ཐོབ་འཁོར་གསུམ་མཚན་འཛིན་དང་། །གཉིས་འཛིན་རྟོག་པ་མངོན་གྱུར་དེས། །བཅིངས་པའི་དམིགས་བཅས་སྦྱིན་ལ་སོགས། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན། །
རྟོགས་རིགས་ཁྱད་པར་ཕྱི་རབས་ཕལ། །འཕགས་གསུམ་རྟོགས་རིགས་གཅིག་ཅེས་སྨྲ། །མེད་དགག་ཙམ་གྱི་རྟོགས་རིགས་གཅིག ། སྒྲུབ་པའི་ཚེགས་ཀྱིས་ཅི་ཞིག་བགྱི། །ཐེག་ཆེན་ཐུན་མིན་རྟོགས་རིགས་ནི། །དགེ་བའི་བཤེས་གཉེན་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་སྐྱེ། །རྒྱུ་རྐྱེན་སྔོན་དུ་མ་སོང་བར། །གློ་བུར་བཙན་ཐབས་ཉན་རང་ལ། །ཐེག་ཆེན་ཐུན་མོང་མ་ཡིན་པའི། །རྟོགས་རིགས་རྫོགས་པ་ངོ་མཚར་ཆེ། །
གཞན་དག་རྟོགས་དཀའི་ཆ་མེད་ཀྱང་། །བདེན་སྟོང་རྟོགས་རུང་རྟོགས་སླ་འགས། །རྟོགས་རིགས་འབྱེད་རྣམས་ཆོས་མངོན་གྱི། །གཞུང་ལ་ཐར་པ་མེད་སྨྲའི་ལུགས། །
སྤྱིར་ནི་བདག་མེད་སྟོང་པ་ཉིད། །ཞི་སྒོ་གཉིས་མེད་འཕགས་བཞིའི་ཡུམ། །དེ་སླད་འགྲོ་བ་རྣམ་གྲོལ་ཕྱིར། །དེ་ཡི་དབྱེ་བ་རྣམ་གཉིས་གསུངས། །
བདག་མེད་ཉི་ཚེ་རྣམ་གྲངས་ཙམ། །ཉན་རང་འཕགས་པའི་རྟོགས་རིགས་ཉིད། །དེ་ཙམ་ཐེག་ཆེན་འཕགས་པ་དང་། །ཐུན་མོང་གྱུར་པའི་རྟོགས་རིགས་ལགས། །ཐེག་ཆེན་ཐུན་མིན་རྟོགས་རིགས་ནི། །རྣམ་གྲངས་མིན་པའི་དོན་དམ་ཆེ། །བདག་མེད་གསལ་རྒྱས་རྫོགས་པ་ཡི། །རྟོགས་རིགས་ཁྱད་པར་བླ་ན་མེད། །
གལ་ཏེ་རྟོགས་རིགས་ཁྱད་པར་འདི། །མངོན་རྟོགས་རྒྱན་སོགས་རང་རྒྱུད་ལུགས། །དེ་འདྲ་ཐེག་ཆེན་ཐལ་འགྱུར་བའི། །ཁྱད་ཆོས་ཐུན་མིན་མིན་ཞེ་ན། །ཐེག་ཆེན་སྦྱོར་ལམ་ཁྱད་ཆོས་དང་། །ཐུན་མིན་ལམ་ཤེས་ཆེ་བ་དང་། །གཞི་ཤེས་ཁྱད་པར་ཁྱད་མཚན་སོགས། །འཆད་དུ་མེད་པའི་སྦས་དོན་ཞིག ། རྒྱལ་ཚབ་མཆོག་གིས་མ་བཀྲལ་ཞིང་། །ཟླ་བས་ཀྱང་ནི་མ་དགོངས་པའི། །མདོ་ཡི་སྦས་དོན་སྔོན་མེད་ཅིག ། ཐལ་འགྱུར་ལུགས་སུ་འཆད་པར་གྱིས། །
རྟོགས་རིགས་རྫོགས་ཚུལ་ཁྱད་པར་ལ། །གཞན་དག་ཐེག་ཆེན་རྟོགས་རིགས་ནི། །ཐེག་ཆེན་ལམ་དུ་མ་ཞུགས་པའི། །རྒྱུད་ལ་རྫོགས་པའི་ཁྱད་ཆོས་སྨྲ། །
ཁ་ཅིག་བྱང་སེམས་ས་དང་པོར། །ཉན་རང་རྟོགས་རིགས་རྫོགས་སོ་ལོ། །དབུ་སེམས་སུ་དང་མི་མཐུན་པའི། །ལེགས་བཤད་དེ་འདྲ་ངོ་མཚར་ཆེ། །
ཤཱཀྱ་སེང་གེའི་རིང་ལུགས་པ། །སྔ་འགྱུར་མཁས་པའི་གཞུང་ལུགས་ལས། །ས་ལམ་སྤངས་རྟོགས་རྫོགས་ཚུལ་གྱི། །རྣམ་པར་དབྱེ་བ་འདི་ལྟར་འཆད། །
དེ་ལ་སྤང་དང་རྟོགས་པ་ཡི། །འགོག་ལམ་བདེན་པ་རྣམ་པ་གཉིས། །
འགོག་བདེན་སྟོང་ཉིད་དོན་དམ་དང་། །དོན་གཅིག་ཉིད་དུ་ཀླུ་སྒྲུབ་བཞེད། །དེ་ཕྱིར་བདག་མེད་སྟོང་ཉིད་དང་། །ཡང་དག་མཐའ་རྣམས་དོན་གཅིག་ཉིད། །
དེ་ལ་རང་བཞིན་རྣམ་དག་དང་། །གློ་བུར་བྲལ་དག་གཉིས་སུ་ཡོད། །
བདག་མེད་རང་བཞིན་རྣམ་དག་ལ། །ཆོས་དང་གང་ཟག་བདག་མེད་གཉིས། །དེ་དག་མངོན་པར་རྟོགས་ཚུལ་ལས། །ཐེག་པ་ཆེ་ཆུང་ལམ་བདེན་གཉིས། །སྤང་བ་གློ་བུར་བྲལ་དག་ལ། །ཉོན་ཤེས་སྤང་བའི་འགོག་པ་གཉིས། །དེ་དག་མངོན་དུ་ཐོབ་ཚུལ་ལས། །ཐེག་པ་ཆེ་ཆུང་མྱང་འདས་གཉིས། །
དེ་དོན་གནས་སྐབས་རྟོགས་ཚུལ་དང་། །མཐར་ཐུག་སྤངས་རྟོགས་རྫོགས་ཚུལ་གཉིས། །
དེ་ལ་རང་བཞིན་རྣམ་དག་ནི། །མཐོང་ལམ་རབ་དགའི་ས་ནས་མཐོང་། །
རིང་དུ་སོང་བར་ཉན་རང་དང་། །ཐུན་མོང་གྱུར་པའི་སྤངས་རྟོགས་ཏེ། །ཉོན་སྒྲིབ་སྤང་བའི་འགོག་པ་དང། །གང་ཟག་བདག་མེད་ལམ་བདེན་རྫོགས། །
འོན་ཀྱང་ཆོས་ཀྱི་བདག་མེད་དང་། །ཤེས་སྒྲིབ་བྲལ་བའི་སྤང་བ་སྟེ། །འགོག་ལམ་མཐར་ཐུག་མ་རྫོགས་ཕྱིར། །རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཚེ། །མཐར་ཐུག་གློ་བུར་བྲལ་དག་ཆེ། །སྤང་བ་ཤེས་སྒྲིབ་བྲལ་བ་དང་། །གཉེན་པོ་ཆོས་ཀྱི་བདག་མེད་རྫོགས། །སྤང་བ་རྫོགས་པའི་འགོག་བདེན་ནི། །ངོ་བོ་ཉིད་སྐུའི་རང་བཞིན་དང་། །རྟོགས་པ་རྫོགས་པའི་ལམ་བདེན་ཆེ། །མཐར་ཐུག་ཡེ་ཤེས་ཆོས་སྐུ་བརྙེས། །ཚུལ་འདི་མཚུངས་མེད་བཤེས་གཉེན་དེས། །ཞལ་ནས་སྙན་དུ་བརྒྱུད་པ་ཡི། །མན་ངག་གཞན་ལ་མ་སྤེལ་བར། །ཁོ་བོ་ཅག་གི་སྐལ་བར་བྱས། །
འབྲས་བུ་ཐོབ་ཚུལ་ཕྱི་རབས་རྣམས། །ལམ་འབྲས་རྣམ་གཞག་འཆད་མོད་ཀྱི། །འོན་ཀྱང་གནས་སྣང་ཟབ་མོའི་དོན། །གནས་དག་གནས་གྱུར་འཆད་དུ་མེད། །
རང་བཞེད་སྔ་རབས་མཁས་པའི་ལུགས། །གནས་ཚུལ་དང་ནི་སྣང་ཚུལ་གྱིས། །བྲལ་བའི་འབྲས་བུ་གནས་དག་དང་། །སྨིན་པའི་འབྲས་བུ་གནས་གྱུར་བཞེད། །
རྣམ་དག་ཐ་སྙད་ཚད་མ་ཡིས། །གནས་ཚུལ་ཐུན་མིན་འཆད་པ་ན། །མཐར་འབྲས་རང་བཞིན་རྣམ་དག་ལ། །གློ་བུར་བྲལ་འབྲས་གནས་དག་ཉིད། །ཚུར་མཐོང་ཐ་སྙད་ཚད་མ་ཡིས། །སྣང་ཚུལ་ཐུན་མོང་འཆད་པ་ན། །རྒྱུ་ཆོས་གནས་སྐབས་ཡོངས་གྱུར་ཏེ། །འབྲས་བུར་སྨིན་འབྲས་གནས་གྱུར་བཞེད། །
གནས་སྣང་དབང་གིས་བྲལ་སྨིན་གྱི། །རྒྱུ་ཆོས་ཚོགས་གཉིས་རང་བཞིན་ལས། །བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང་། །སྨིན་འབྲས་གཟུགས་སྐུ་འགྲུབ་པར་བཞེད། །
འབྲས་བུའི་རང་བཞིན་གཞན་དག་རྣམས། །སངས་རྒྱས་སྐུ་གསུམ་བདག་ཉིད་ནི། །ཚུར་མཐོང་བློ་ཡི་ཡུལ་གྱུར་པའི། །བེམ་ཤེས་ལྡན་མིན་ཉི་ཚེར་སྨྲ། །ཕུང་ཁམས་ཆོས་ལས་མ་འདས་ཤིང་། །སེམས་ཚོར་རྒྱུ་བ་མ་སྤངས་པའི། །སེམས་ཅན་དང་ནི་སངས་རྒྱས་ཀྱི། །གཞི་མཐུན་དེ་འདྲ་ངོ་མཚར་གནས། །
ངེས་དོན་ཟབ་མོའི་མདོ་སྡེ་ལས། །སངས་རྒྱས་སྐུ་གསུམ་རང་བཞིན་ནི། །ཕུང་པོ་དག་ལས་རྣམ་གྲོལ་ཞིང་། །ཁམས་དང་སྐྱེ་མཆེད་འདས་པར་བཞེད། །དེ་ཕྱིར་གང་ལ་གཟུགས་དང་ནི། །སྒྲ་རུ་ཤེས་པའི་སྐྱེས་བུ་དེ། །རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཁྱོད་ཀྱི་རང་བཞིན་མི་ཤེས་གསུངས། །དེ་སླད་ཁྱོད་ཀྱི་གསང་གསུམ་ནི། །ཡེ་ཤེས་ཆེན་པོའི་རོལ་པ་སྟེ། །ཀུན་མཁྱེན་རྫོགས་སངས་རྒྱས་རྣམས་ནི། །ཆོས་ཀྱི་སྐུ་ཡི་རང་བཞིན་ཉིད། །འདྲེན་པ་གཟུགས་སྐུའི་རྣམ་རོལ་རྣམས། །རྣམ་པ་གཟུགས་ལྟར་སྣང་བ་ནི། །རྡུལ་གྲུབ་བེམ་པོའི་ཆོས་མིན་དེ། །ཆོས་ཉིད་དབྱིངས་ཀྱི་རང་མདངས་བལྟ། །དེ་ལྟར་ཟབ་མོའི་ཆོས་ཉིད་ནི། །རྟོག་གེའི་ཤེས་བྱ་མ་ཡིན་ཏེ། །ཚུར་མཐོང་བློ་ཡིས་དེ་དག་ནི། །ཡོངས་སུ་ཤེས་པར་ནུས་མ་ཡིན། །
གཞན་སྣང་རྡུལ་གྱི་ཆ་ཤས་རེར། །སྣ་ཚོགས་སྐུ་ཡི་བཀོད་པ་ནི། །དཔག་ཡས་ཅིག་ཆར་སྣང་བ་ཀུན། །རང་སྣང་འགྱུར་མེད་ཡི་ཤེས་སྐུ། །གཞན་སྣང་འགྲོ་དྲུག་སྒྲ་སྐད་དུ། །ཇི་སྙེད་གསུང་གི་བཀོད་པ་ནི། །དུ་མ་ཅིག་ཆར་སྣང་བ་ཀུན། །རང་སྣང་འགགས་མེད་ཡེ་ཤེས་གསུང་། །གཞན་སྣང་མཁྱེན་པའི་སྐད་ཅིག་གིས། །རྣམ་མཁྱེན་ཐུགས་ཀྱི་བཀོད་པ་ནི། །ཤེས་བྱ་ཅིག་ཆར་གཟིགས་པ་ཡང་། །རང་སྣང་མི་གཡོ་ཡེ་ཤེས་ཐུགས། །
ཡུལ་ཅན་རང་བཞིན་རྣམ་མཁྱེན་ནི། །ཚུར་མཐོང་ཚད་མས་རྣམ་དཔྱད་ཚེ། །དངོས་པོར་རྟོགས་ཕྱིར་རྣམ་མཁྱེན་ནི། །སྣང་ཚུལ་ཙམ་དུ་འདུས་བྱས་བཞེད། །
འོན་ཀྱང་རང་སྣང་ཡེ་ཤེས་ནི། །ཟབ་ཞི་སྤྲོས་བྲལ་འོད་གསལ་ཆེ། །རང་བྱུང་འདུས་མ་བྱས་ལྷུན་གྲུབ། །གཙང་བདེ་རྟག་བདག་མཐའ་གྲོལ་ཆེ། །
ཡུལ་ལ་མ་དག་འཁྲུལ་པའི་ཆོས། །རྣམ་མཁྱེན་རང་གིས་མ་གཟིགས་དང་། །གཟིགས་ཀྱང་སངས་རྒྱས་རང་སྣང་ལ། །འཁྲུལ་སྣང་འདོད་པ་ཉིང་འཁྲུལ་ལགས། །གཞན་གྱི་རྨི་ལམ་འཁྲུལ་སྣང་ཆོས། །མངོན་ཤེས་ལྡན་པས་ཇི་བཞིན་གཟིགས། །འོན་ཀྱང་རང་སྣང་མ་ཡིན་ཏེ། །རང་སྣང་སད་པའི་སྣང་བ་བཞིན། །གཞན་སྣང་མ་དག་ཞིང་སྣང་ཀུན། །རྣམ་མཁྱེན་རང་གིས་མཁྱེན་ཅིང་གཟིགས། །འོན་ཀྱང་རང་སྣང་མ་ལགས་ཏེ། །སངས་རྒྱས་རང་སྣང་དག་པའི་ཞིང་། །
རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ཚེ། །སྲིད་གསུམ་མངོན་རྫོགས་སངས་རྒྱས་ཚེ། །སྐུ་གསུམ་རྒྱལ་བའི་ཞིང་དུ་རྫོགས། །མདོ་སྔགས་དགོངས་པ་དབྱེར་མེད་འདྲིས། །སྣང་ཚུལ་གཞན་སྣང་མ་དག་ཞིང་། །སྣང་གྲགས་རིག་པའི་ཆོས་རྣམས་ཀུན། །གནས་ཚུལ་རང་སྣང་དག་པའི་ཞིང་། །སྐུ་གསུང་ཐུགས་ཀྱི་བཀོད་པར་རྫོགས། །ཡུལ་དབང་རིག་པ་གནས་དག་དང་། །གནས་གྱུར་ཡོན་ཏན་ཟད་མི་ཤེས། །གཞན་སྣང་རོ་མི་ཞིམ་པ་ཡང་། །རང་སྣང་དག་པའི་རོ་མཆོག་སྣང་། །
མཁྱེན་ཚུལ་སྣང་སྟོང་མཉམ་ཉིད་གཟིགས། །དག་དང་མ་དག་ཅིག་ཆར་མཁྱེན། །ཤེས་དང་ཤེས་བྱ་རོ་གཅིག་སྟེ། །ཚུར་མཐོང་བློ་ཡིས་བསམ་བརྗོད་བྲལ། །
ཤེས་བྱ་ཇི་ལྟ་ཇི་སྙེད་གཉིས། །ཇི་སྙེད་སྣང་བའི་ཆོས་རྣམས་ལ། །གནས་ཚུལ་དག་པའི་རང་སྣང་དང་། །སྣང་ཚུལ་འགྲོ་དྲུག་གཞན་སྣང་གཉིས། །མཁྱེན་པའི་ཡེ་ཤེས་རྣམ་ལྔ་ཡང་། །ཇི་ལྟ་ཇི་སྙེད་ཡེ་ཤེས་གཉིས། །དེ་ཡིས་ཤེས་བྱ་མཁྱེན་ཚུལ་གྱི། །ངེས་གསང་དཔག་ཡས་མཁྱེན་པར་འཚལ། །
དེ་ལྟར་ཆགས་སྡང་དུག་གིས་མ་བསླད་པར། །གངས་ལྗོངས་མཁས་དབང་སྔ་ཕྱིའི་བཞེད་སྲོལ་གྱི། །ཤན་འབྱེད་གནད་དོན་ཁྱད་པར་མ་འདྲིས་པའི། །གནས་ཚུལ་གསལ་བའི་སྒྲོན་མེ་མདོ་ཙམ་མོ། །
རྒྱལ་བ་ཤཱཀྱ་སེང་གེའི་རིང་ལུགས་མཆོག ། གསང་ཆེན་སྔ་འགྱུར་ཆོས་ཀྱི་རྒྱལ་ཐབས་ཆེའི། །ཟབ་ཡངས་ཆོས་སྟོན་འགྱེད་པའི་སྒོ་སྲང་ནས། །དད་གསུམ་སློང་ཕོར་འཛིན་ལྟས་རིང་ཞིག་གནས། །ཚུལ་དེས་དཔྱོད་ལྡན་གཞོན་ནུའི་སྐལ་བུ་རུ། །ལེགས་ཐོབ་ཆོས་སྟོན་ཟས་ཀྱི་སྐལ་བ་འདི། །དཔལ་ལྡན་བླ་མའི་བཀའ་དྲིན་གསོ་ཕྱིར་དང་། །གཟུར་གནས་དཔྱོད་ལྡན་འགའ་ལ་ཕན་པའི་སླད། །ཤཱཀྱའི་དགེ་སློང་ཤར་ཕྱོགས་དྭགས་པོ་པ། །མདོ་སྔགས་བསྟན་པའི་ཉི་མ་ཞེས་བྱ་བས། །མདོ་སྔགས་ལུང་དང་བླ་མའི་མན་ངག་བཞིན། །ཡང་དག་རིགས་པའི་ལམ་གྱིས་གསལ་བར་བྲིས། །
དགེ་དེས་མཁའ་མཉམ་སྲིད་པའི་འགྲོ་བ་ཀུན། །མཐོ་རིས་ཡོན་ཏན་བདུན་གྱི་དཔལ་ལ་སྤྱོད། །སྐྱེས་བུ་གསུམ་གྱི་ལམ་ལ་རབ་ཞུགས་ཏེ། །ཀུན་ཀྱང་བླ་མེད་བྱང་ཆུབ་འགྲུབ་གྱུར་ཅིག ། བདག་ཀྱང་འདི་ནས་སྲིད་པ་ཇི་སྲིད་བར། །སྣ་ཚོགས་གཟུགས་ཀྱིས་འགྲོ་ཁམས་འཇུག་པ་ན། །སྐྱབས་གཅིག་བསླུ་མེད་གཞོན་ནུ་ཟུར་ཕུད་ཅན། །མི་འབྲལ་སྣང་བ་དམ་པས་རྩེན་གྱུར་ཅིག ། ཕྱོགས་ཀྱི་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན། །རྒྱལ་བསྟན་བཤད་སྒྲུབ་འཁོར་ལོའི་སྣང་བས་ཁྱབ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །འཆད་རྩོད་རྩོམ་པས་ཐུབ་བསྟན་མཛེས་གྱུར་ཅིག །
{སརྦ་མངྒ་ལཾ། དགེ་ལེགས་འཕེལ།}
འཆོས་སྐྱོབ་ཡོན་ཏན་འབུམ་གྱི་དག་བྱེད་གཏེར། །བརྡ་སྤྲོད་རི་མོ་འཕྲུལ་བའི་བསིལ་ཟེར་ཅན། །རྒྱལ་བསྟན་ཕྱོགས་ཀྱི་འཁོར་ལོར་མཛེས་པའིམོད། །ས་གསུམ་དགེ་བའི་སྣང་བས་ཁྱབ་གྱུར་ཅིག། །།