བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་བཀའ་འབུམ།
ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་དོན་རྣམ་པར་བཤད་པ་མ་ཕམ་ཞལ་ལུང་།
སྐབས་དང་པོ་རྣམ་མཁྱེན།
༄༅། །ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་དོན་རྣམ་པར་བཤད་པ་མ་ཕམ་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཡེ། འཕགས་བཞིའི་ཡུམ་གྱུར་མཁྱེན་གསུམ་རྒྱ་མཚོ་ཆེར། །རྣམ་པར་བརྩོན་པའི་སྦྱོར་བཞིའི་འཕྲུལ་ཐབས་ལས། །ལེགས་འཁྲུངས་ཆོས་སྐུའི་དཀྱིལ་འཁོར་རབ་རྫོགས་པ། །ཐུབ་དབང་ཉི་མའི་གཉེན་མཆོག་གཙུག་ན་རྒྱལ། །ཤེས་རབ་ཕར་ཕྱིན་རྫོགས་པའི་བཀའ་དང་ནི། །དགོངས་འགྲེལ་མན་ངག་ཀུན་གསལ་མེ་ལོང་གི །རྒྱན་གྱི་སྣང་བས་ལེགས་བཤད་དཔལ་སྩོལ་བའི། །རྗེ་བཙུན་མ་ཕམ་མགོན་དེས་རྟག་སྐྱོངས་ཤིག །འདི་ན་བགྲང་ཡས་ཞིང་གི་རྒྱལ་བ་དང་། །རྒྱལ་སྲས་སེམས་དཔའི་ཚོགས་སུ་ཡང་དང་ཡང་། །གླེང་བའི་སྦས་དོན་ཟབ་ཡངས་མངོན་རྟོགས་འཕྲུལ། །མྱོང་མཁས་སྐལ་བཟང་དགྱེས་པའི་མཆོད་སྤྲིན་སྤེལ། །
དེ་ལ་འདིར་སྟོན་མཆོག་ཐུབ་པའི་དབང་པོའི་བཀའ་དྲི་མ་མེད་པ་འཁོར་ལོ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རྣམས་ཀྱི་དགོངས་པ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བདག་མེད་སྟོང་པའི་གནས་ལུགས་རྣམ་ཐར་གསུམ་གྱི་རང་བཞིན་དུ་འགྲེས་རྐང་བརྒྱ་རྩའི་སྒོ་ནས་དངོས་སུ་སྟོན་པ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། དེ་རྟོགས་པའི་ཡུལ་ཅན་གཞི་ལམ་རྣམ་པའི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་མངོན་རྟོགས་མཁྱེན་པ་གསུམ་གྱི་རང་བཞིན་འགྲེས་རྐང་བརྒྱ་རྩའི་སྦས་དོན་གྱི་ཚུལ་དུ་བཞུགས་པ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང་གཉིས་སུ་ངེས་པ་ལས། འདིར་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པར་བཀྲལ་བའི་བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་འདི་ཉིད་འཆད་པར་བྱེད་པ་ལ། མཚན་གྱི་དོན། འགྱར་གྱི་ཕྱག །གཞུང་གི་དོན་དང་། མཇུག་གི་དོན་ཏེ་བཞི་ལས།
དང་པོ་ནི། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་ནཱ་མ་པྲ་ཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཤཱསྟྲ། ཞེས་གསུངས་ཤིང་། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ། སྐད་གཉིས་ཤན་སྦྱར་བ་ནི། ཨ་བྷི། མངོན་པར། ས་མ་ཡ། རྟོགས་པའི། ཨ་ལངྐཱ་ར། རྒྱན། ནཱ་མ། ཞེས་བྱ་བ། པྲཛྙཱ། ཤེས་རབ་ཀྱི། པཱ་ར་མི་ཏ། ཕ་རོལ་ཏུ་ཕྱིན་པའི། ཨུ་པ་དེ་ཤ །མན་ངག་གི །ཤཱསྟྲ། བསྟན་བཅོས། ཞེས་པར་འགྱུར་རོ། །
མཚན་གྱི་དོན་ནི། བཤད་བྱ་རྩ་བའི་མདོ། རྗོད་བྱེད་གཞུང་ཤེར་ཕྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རྣམས་ཀྱི་དགོངས་པ་བདེ་བླག་ཏུ་རྟོགས་པར་བྱེད་པའི་མན་ངག་གི་བསྟན་བཅོས། བརྗོད་བྱ་དོན་གྱི་ཤེར་ཕྱིན་ལམ་དང་འབྲས་བུས་བསྡུས་པའི་སྦས་དོན་མངོན་པར་རྟོགས་པའི་རིམ་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་ཞེས་མཚན་སྨོས་པའོ། །
གཉིས་པ་འགྱུར་གྱི་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་རྒྱལ་པོས་བཀས་བཅད་དང་མཐུན་པར་ལོ་ཙཱ་བས་འགྱུར་ཕྱག་ཏུ་བཀོད་པའོ། །
གསུམ་པ་གཞུང་གི་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ། བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་ལས། དང་པོ་ལ། བརྗོད་བྱ་ཤེར་ཕྱིན་གྱི་ཆེ་བ་བརྗོད་དེ་མཆོད་པར་བརྗོད་པ་དང་། རྗོད་བྱེད་བསྟན་བཅོས་ཀྱི་དགོས་པ་བརྗོད་དེ་རྩོམ་པར་དམ་བཅའ་བ་གཉིས།
དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིན་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་དེ་ལྟར་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་དོན་མདོའི་གླེང་གཞི་དང་སྦྱར་ཏེ་དེའི་སྦས་དོན་དུ་གྱུར་པ་མཁྱེན་པ་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་སྲས་འཕགས་བཞིའི་ཡུམ་དུ་གྱུར་པའི་ཤེར་ཕྱིན་ལ་ཕྱག་མཛད་པ་སྟེ། ཇི་ལྟར་ན་མདོའི་དངོས་བསྟན་གྱི་གླེང་གཞི་ནི་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་ཏེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་སོགས་ཀྱིས་དུས་ཕུན་སུམ་ཚོགས་པ་ཤེར་ཕྱིན་གྱི་མདོ་སྡེ་རྣམས་སྟོན་པའི་དུས་གང་གི་ཚེ། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་སོགས་ཀྱིས། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ་སོགས་པར། དགེ་སློང་ལྔ་སྟོང་ཙམ་དང་ཐབས་གཅིག་སྟེ་སོགས་ཀྱིས། འཁོར་ཕུན་སུམ་ཚོགས་པ་འོད་སྲུང་ལ་སོགས་པ་ཐུན་མོང་ཉན་ཐོས་ཀྱི་འཁོར་རྣམ་པ་བཞི་དང་ཐམས་ཅད་ཀྱང་ཁྱད་ཆོས་ཟག་པ་ཟད་པ་སོགས་ཉན་ཐོས་ཀྱི་ཡོན་ཏན་བཅོ་ལྔའི་ཁྱད་པར་དང་ལྡན་པ་དང་། བྱང་སེམས་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ཡང་ཐབས་གཅིག་སྟེ་སོགས་ཀྱིས། བཟང་སྐྱོང་ལ་སོགས་པ་ཐུན་མིན་བྱང་སེམས་ཀྱི་དགེ་འདུན་དང་། ཐམས་ཅད་ཀྱང་ཁྱད་ཆོས་གཟུངས་དང་མངོན་ཤེས་སོགས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་སྟེ། འདུས་པ་ཆེན་པོའི་འཁོར་གྱི་དབུས་སུ། བཅོམ་ལྡན་འདས་ཉིད་ཀྱིས་གདན་སེདྒེའི་ཁྲི་བཤམས་པ་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་སྐུ་དྲང་པོར་བསྲངས་ཏེ་སོགས་ཀྱིས། སྟོན་པ་ཕུན་སུམ་ཚོགས་པ་རྣམ་འདྲེན་ཐུབ་པའི་དབང་པོས། ཆོས་འཆད་པའི་ཁྱད་པར་གྱི་ཆེ་བ། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས། ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་སོགས་ཏིང་འཛིན་ཇི་སྙེད་པ་ལ་སྙོམས་པར་ཞུགས་ཏེ། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས། སྐུའི་སྣང་བ་ཇི་སྙེད་བཀོད་པ་དང་། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས། ཕར་ཕྱིན་དང་ཡུམ་ལས་བརྩམས་པའི་ཆོས་འཆད་པའི་སྣང་བས་ཕྱོགས་བཅུར་ཁྱབ་པར་མཛད་པའི་ཁྱད་ཆོས་དང་ལྡན་པ་དང་། ཚུལ་དེ་ལྟ་བུའི་སྒོ་ནས་ཆོས་ཕུན་སུམ་ཚོགས་པ་ཡུམ་སྲས་བཅུ་བདུན་ལ་སོགས་པ་ཤེར་ཕྱིན་དུ་གཏོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་སྟེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བསྟན་པའི་སྦས་དོན་དུ། རྟེན་གྱི་ཁྱད་པར་འཁོར་རྣམ་པ་བཞིས་བསྡུས་པའི་ཉན་རང་རྣམས་ཀྱིས། འབྲས་བུའི་ཁྱད་པར་ཟག་པ་ཟད་པ་སོགས་ཞི་བའི་ཁྱད་པར་ཐོབ་པ་དེ་དག །ཐབས་ཀྱི་ཁྱད་པར་གཞི་ཤེས་ལ་རག་ལས་པར་དགོངས་ཏེ། ཉན་ཐོས་ཞི་བ་ཚོལ་རྣམས་སོགས་ཚིག་རྐང་དང་པོས་གཞི་ཤེས་ཀྱི་ཆེ་བ་དང་། རྟེན་གྱི་ཁྱད་པར་ས་བཅུས་བསྡུས་པའི་བྱང་སེམས་རྣམས་ཀྱིས། འབྲས་བུའི་ཁྱད་པར་གཟུངས་དང་མངོན་ཤེས་ལ་སོགས་པས་འཇིག་རྟེན་གྱི་དོན་སྒྲུབ་པའི་ཁྱད་པར་ཐོབ་པ་རྣམས། ཐབས་ཀྱི་ཁྱད་པར་ལམ་ཤེས་ལས་བྱུང་བར་དགོངས་ཏེ་འགྲོ་ལ་ཕན་པར་བྱེད་རྣམས་སོགས་ཚིག་རྐང་གཉིས་པས་ལམ་ཤེས་ཀྱི་ཆེ་བ་བརྗོད་ཅིང་། དེ་བཞིན་དུ། རྟེན་གྱི་ཁྱད་པར་དུས་གསུམ་གྱིས་བསྡུས་པའི་ཐུབ་པ་སངས་རྒྱས་རྣམས། འབྲས་བུའི་ཁྱད་པར་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་ཕར་ཕྱིན་དང་ཡུམ་ལས་བརྩམས་ཏེ་བརྗོད་བྱ་དོན་གྱི་རྣམ་པ་ཀུན་དང་ལྡན་པར་རྗོད་བྱེད་མདོ་སྡེའི་རིམ་པ་སྣ་ཚོགས་པ་འདི་གསུངས་པའི་ཁྱད་པར་ཐོབ་པ་ཡང་། ཐབས་ཀྱི་ཁྱབ་པར་རྣམ་མཁྱེན་གྱི་བདག་རྐྱེན་ལས་བྱུང་བར་དགོངས་ཏེ། གང་དང་ཡང་དག་ལྡན་པས་སོགས་ཚིག་རྐང་གསུམ་པས་རྣམ་མཁྱེན་གྱི་ཆེ་བ་བརྗོད་དེ། དེ་ལྟར་མཁྱེན་གསུམ་གྱིས་བསྡུས་པའི་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ནི་རང་སྲས་འཕགས་བཞིའི་ཡུམ་དུ་གྱུར་པས་ན། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སོགས་ཚིག་རྐང་བཞི་པས་གནད་དོན་བསྡུས་ཏེ་ཤེར་ཕྱིན་ལ་བསྟོད་ཕྱག་མཛད་པའོ། །
དེས་ན་མཆོད་ཡུམ་གྱི་ངོ་བོ་གནས་ལུགས་རང་བཞིན་མེད་རྟོགས་ཀྱི་མཁྱེན་པ་རང་སྲས་འཕགས་པའི་ཡུམ་དུ་གྱུར་པ་དང་། དེ་ལ་དབྱེ་ན་སྲས་འཕགས་བཞིའི་ཡུམ་མཁྱེན་པ་གསུམ་སྟེ། རྟེན་གྱི་ཁྱད་པར་ཉན་ཐོས་ཞི་བ་ཚོལ་རྣམས། ཐབས་གཞི་ཐམས་ཅད་གང་ཟག་གི་བདག་མེད་དང་། དེའི་སྟེང་དུ་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཀུན་ཤེས་པ་ཉིད་ཀྱིས། འབྲས་བུ་ཉན་རང་གི་ཉེར་ཞི་གཉིས་སུ་ཁྲིད་པར་མཛད་པའི་གཞི་ཤེས་གང་ཡིན་པ་དང་། རྟེན་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པར་བྱེད་པ་རྣམས། ཐབས་ལམ་ཐམས་ཅད་དམིགས་མེད་དུ་རྟོགས་པའི་ལམ་ཤེས་པ་ཉིད་ཀྱིས། འབྲས་བུ་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་པའི་ལམ་ཤེས་གང་དང་། ཐབས་རྣམ་པ་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས། རྟེན་གྱི་ཁྱད་པར་ཐུབ་པ་རྫོགས་པའི་སངས་རྒྱས་རྣམས། འབྲས་བུ་བརྗོད་བྱའི་རྣམ་པ་ཀུན་དང་ལྡན་པའི་རྗོད་བྱེད་མདོ་སྡེའི་རིམ་པ་སྣ་ཚོགས་པ་འདི་གསུངས་པའི་ཐབས་ནི་རྣམ་མཁྱེན་ཏེ། དེ་ལྟར་རང་སྲས་འཕགས་བཞིའི་ཡུམ་དུ་གྱུར་པས་ན། སྲས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དང་ཁྱད་པར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ཕྱག་མཛད་པའོ། །
དེ་ལྟར་གཞུང་རྩ་བའི་དངོས་བསྟན་ནི་མདོའི་སྦས་དོན་གྱི་དགོངས་པ་སྲས་འཕགས་བཞིའི་ཡུམ་མཁྱེན་གསུམ་ལ་མཆོད་པར་བརྗོད་པའོ། །གཞན་ཡང་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་ཞེས་པ་སངས་རྒྱས་ཀྱི་ཁྱད་ཆོས་སུ་སྦྱར་ཏེ། དེ་ལྟ་བུའི་འཁོར་དང་བཅས་པའི་སངས་རྒྱས་ཀྱི་ཡུམ་ཞེས་འབྲུ་གཉེར་བ་ནི། མདོའི་དངོས་བསྟན་གྱི་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་བ་ཙམ་སྟེ། དེ་ལྟར་རྒྱ་བོད་ཀྱི་མཁས་པ་སོ་སོས་འགྲེལ་ཚུལ་གཉིས་སུ་མཛད་དོ། །དེ་ལྟར་མཁྱེན་གསུམ་ལ་མཆོད་པར་བརྗོད་པས། དེས་བསྡུས་པའི་མངོན་རྟོགས་བརྒྱད་ཆར་ལ་མཆོད་པ་བརྗོད་པར་འགྱུར་བས་ན་དེ་གསུམ་ལ་མཆོད་པར་བརྗོད་པའོ། །དེ་དག་གི་རྣམ་གཞག་སོགས་རྒྱས་པ་དོན་འགྲེལ་མ་ཕམ་དགོངས་རྒྱན་དུ་བལྟ་བར་བྱའོ། །
གཉིས་པ་རྗོད་བྱེད་བསྟན་བཅོས་ཀྱི་དགོས་པ་བརྗོད་དེ་རྩོམ་པར་དམ་བཅའ་བ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང་། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་བརྩམ་པའི་དགོས་པ་ཡིན། །ཞེས་བརྗོད་བྱའི་དོན་ཟབ་མོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་འབྲས་བུ་དང་བཅས་པ་རྗོད་བྱེད་ཚིག་འབྲུ་བཟང་པོ་སྟོན་པས་ངེས་དོན་གྱི་མདོ་སྡེ་འདི་ལས་བཤད་པའི་སྦས་དོན་ཟབ་མོ་རྟོགས་པར་དཀའ་བ་གང་དག །མན་ངག་དང་མི་ལྡན་པ་གཞན་གྱིས་མྱོང་བ་མ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར་རྗོད་བྱེད་གཞུང་ཤེར་ཕྱིན་ཆོས་སྤྱོད་བཅུ་ཡི་ཆེ་བའི་བདག་ཉིད་ཅན་གྱི་མདོའི་དགོངས་པ། བརྗོད་བྱ་དོན་གྱི་ཤེར་ཕྱིན་དངོས་བརྒྱད་དོན་བདུན་བཅུའི་བདག་ཉིད་ཅན་གྱི་ལམ་དང་འབྲས་བུའི་དོན་རྣམས། ཆེད་དུ་བྱ་བའི་གང་ཟག་ཁྱད་པར་གསུམ་ལྡན་ཡུམ་ཤེར་ཕྱིན་ཟབ་མོ་དོན་གཉེར་གྱི་ཤེས་བཞིན་དང་བཅས་པའི་དྲན་པ་ལ་བཞག་ནས། གཟུར་གནས་རྣམ་དཔྱོད་ཀྱི་བློ་དང་ལྡན་པས་མཐོང་ཞིང་རྟོགས་པར་འགྱུར་བའི་ཕྱིར་དགོངས་འགྲེལ་གྱི་བསྟན་བཅོས་འདི་བརྩམ་པར་བྱའོ་ཞེས་དམ་བཅས་ཏེ། དགོས་པའི་ཁྱད་པར་མདོའི་སྦས་དོན་ཟབ་མོ་རྣམས་ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །ཞེས་པ་ནི་བསྟན་བཅོས་འདི་བརྩམས་པའི་དགོས་པ་ཡིན་ནོ། །
དེ་ལྟར་རྩ་བའི་དངོས་བསྟན་གྱི་དགོངས་པ་སྟེ། འཕགས་པས་ཀྱང་བསྟན་བཅོས་བརྩམ་པའི་དགོས་པ་དང་སྦྱར་ཞིང་། སློབ་དཔོན་གྱིས་གཞུང་འདིའི་ཤུགས་བསྟན་དགོས་སོགས་ཆོས་བཞི་དང་སྦྱར་བར་མཛད་དོ། །འདི་ཙམ་དུ་མ་ཟད་སྐབས་འོག་མ་རྣམས་སུའང་ཤེས་པར་བྱ་སྟེ། དོན་གསལ་ཉིད་ལས། རྩ་བའི་རྣམ་གྲངས་ཀྱི་བཤད་པ་དང་། དོན་གྱི་ཤུགས་ཀྱི་བཤད་སྦྱར་གཙོ་ཆེར་མཛད་པའི་ཕྱིར་རོ། །
གཉིས་པ་བསྟན་བཅོས་ལུས་ཀྱི་རང་བཞིན་ལ། མངོན་པར་རྟོགས་པའི་རང་བཞིན་མདོར་བསྟན་པ་དང་། དེ་ཡི་དབྱེ་བ་རྒྱས་པར་བཤད་པ། དེ་ལྟར་བསྟན་པའི་དོན་བསྡུ་བ་གསུམ། དང་པོ་ལ། མངོན་རྟོགས་བརྒྱད་ཀྱི་སྒོ་ནས་ལུས་མདོར་བསྟན་པ་དང་། དོན་བདུན་བཅུའི་སྒོ་ནས་ཡན་ལག་མདོར་བསྟན་པ་གཉིས།
དང་པོ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་གང་འཆད་པར་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བརྗོད་བྱ་མངོན་པར་རྟོགས་པའི་དངོས་པོ་བརྒྱད་ཀྱི་སྒོ་ནས་ཡང་དག་པར་སྦས་དོན་གྱི་ཚུལ་དུ་ཤེར་ཕྱིན་གྱི་མདོ་ནས་བཤད་དེ། ཇི་ལྟར་ན་རྣམ་པ་སྨོན་མེད་ཀྱི་མཁྱེན་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་རྣམ་མཁྱེན【༡】ཉིད་དང་། ལམ་མཚན་མེད་ཀྱི་མཁྱེན་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་ལམ【༢】ཤེས་དང་། གཞི་བདག་མེད་ཀྱི་མཁྱེན་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་གཞི་ཤེས་དང་། གཞི【༣】ཤེས་ཙམ་གྱི་མཚན་ཉིད་ཟུར་དང་པོས་ཀྱང་མཚོན་པ་སོགས་སྐབས་ཤན་ཕྱེད་པར་བྱའོ། །བསྒོམ་བྱ་མཁྱེན་གསུམ་གྱི་རྣམ་པ་རྫོགས་པར་སྒོམ་པའི་མངོན་རྟོགས་རྣམ་རྫོགས【༤】སྦྱོར་བ་དང་། སྒོམ་པ་གནས་སྐབས་སོ་སོར་རབ་ཏུ་གྱུར་པའི་མངོན་རྟོགས་རྩེ【༥】སྦྱོར་དང་། གནས་སྐབས་ལམ་གྱི་རྣམ་པ་རིམ་གྱིས་སྒོམ་པའི་མངོན་རྟོགས་མཐར་གྱིས་པའི་སྦྱོར【༦】བ་དང་། མཐར་ཐུག་ལམ་གྱི་རྣམ་པ་ཅིག་ཆར་སྒོམ་པའི་མངོན་རྟོགས་སྐད་ཅིག་མའི་སྦྱོར【༧】བ་དང་། འཐོབ་བྱ་འབྲས་བུའི་ཡོན་ཏན་མཐར་ཕྱིན་པའི་མངོན་རྟོགས་ཆོས་སྐུ【༨】དང་དེ་ལྟར་རྣམ་པ་བརྒྱད་དོ། །
གཉིས་པ་ནི། ལུས་མདོ་བསྟན་གྱི་རིམ་པ་ལྟར་བརྒྱད་ལས།
དང་པོ་ནི། རྣམ་མཁྱེན་མཚོན་པར་བྱེད་པའི་ཆོས་བཅུ་ནི། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས། དོན་གཉིས་ལྡན་པའི་ཐབས་ཤེས་ཁྱདཔར་ཅན་སེམས【༡】བསྐྱེད་དང་། ཉམས་ལེན་སྒྲུབ་པའི་ཚུལ་ལ་གདམས་པ་ཁྱད་པར་ཅན་གདམས་ངག【༢】དང་། ཐེག་ཆེན་མཐོང་ལམ་གྱི་སྦྱོར་བ་ཁྱད་ཆོས་ལྔ་ལྡན་ངེས་འབྱེད་ཡན་ལག【༣】དང་། རྟེན་ཆོས་སྒྲུབ་པའི་གཞི་རྟེན་སེམས་ཀྱི་གནས་ལུགས་རིགས【༤】དང་། ཤེས་བྱ་བླང་དོར་གྱི་ཡན་ལག་ཏུ་དམིགས་བྱའི་གཞི་དམིགས【༥】པ་དང་། མཐར་ཐུག་སྒྲུབ་པའི་ཆོས་ཀྱི་བསྒྲུབ་བྱ་ཐུན་མིན་གྱི་ཆོས་དུ་བྱ【༦】བ་དང་། བསམ་པ་ཐབས་ཤེས་ཟུང་འབྲེལ་ཕྱིན་དྲུག་གི་སྒྲུབ་པ་གོ་སྒྲུབ【༧】དང་། འཇུག་ཡུལ་ལམ་འབྲས་ཡོངས་རྫོགས་ཐེག་ཆེན་ལ་འཇུག་སྒྲུབ【༨】དང་། སྦྱོར་བ་ཚོགས་གཉིས་ཟུང་འབྲེལ་ལམ་ལ་སློབ་པ་ཚོགས་སྒྲུབ【༩】དང་། བསྒྲུབ་བྱ་སྤངས་རྟོགས་ཡོངས་རྫོགས་སྐྱེ་མེད་དུ་མཁྱེན་པ་ངེས་པར་འབྱུང་བ་ངེས་འབྱུང་སྒྲུབ【༡༠】པ་དང་བཅས་པ་རྣམས་ནི། རྟེན་གྱི་ཁྱད་པར་ཐུབ་པའི་དབང་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཞན་དོན་དུ་ཆོས་འཁོར་བསྐོར་བའི་བདག་རྐྱེན་ཐུན་མོང་མ་ཡིན་པ་རྣམ་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཁྱེན་པའི་རྣམ་མཁྱེན་གྱི་མངོན་རྟོགས་ངོ་བོ་ཡན་ལག་དང་བཅས་པ་མཚོན་པར་བྱེད་པའི་ཆོས་བཅུ་པོ་དེར་གྲངས་དང་གོ་རིམ་ངེས་པ་ཉིད་དོ། །
གཉིས་པ་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ནི། མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རངས་པ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་སྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས། བརྟེན་པ་ལམ་ཤེས་རྫོགས་པའི་ཆ་རྐྱེན་ཁྱད་པར་ཅན་ལམ་ཤེས་ཀྱི་ཡན་ལག【༡】དང་། ཐུན་མོང་ཉན་ཐོས་ཀྱི་ལམ་དམིགས་མེད་དུ་ཤེས་པ་ཉན་ཐོས【༢】ཀྱི་ལམ་ཤེས་དང་། ཤེས་བྱ་རང་རྒྱལ་གྱི་ལམ་དམིགས་མེད་དུ་ཤེས་པ་རང་རྒྱལ་གྱི་ལམ་ཤེས【༣】དང་། ཐུན་མིན་བྱང་སེམས་ཀྱི་མཐོང་ལམ་ལམ་ཤེས【༤】དང་། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཁྱད་པར་ཅན་སྒོམ་ལམ་གྱི་བྱེད་པ【༥】དང་། མོས་པ་ཁྱད་པར་ཅན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་མོས་པ་སྒོམ་ལམ【༦】དང་། རང་དོན་མོས་པའི་གནས་སྐབས་ལ་ཡོན་ཏན་བརྗོད་པ་བསྟོད་པ། གཉིས་དོན་མོས་པའི་གནས་སྐབས་ལ་ཚུལ་བཞིན་བཀུར་བ་བཀུར་བ། གཞན་དོན་མོས་པའི་གནས་སྐབས་ལ་རྗེས་སུ་བསྔགས་པ་བསྔགས་པ་སྟེ་ཕན་ཡོན【༧】དང་། བསྔོ་བ་ཁྱད་པར་ཅན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་བསྔོ་བ་སྒོམ་ལམ【༨】དང་། ཡི་རངས་ཁྱད་པར་ཅན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་རང་སྒོམ་ལམ【༩】དང་། ཐེག་ཆེན་སྒོམ་ལམ་བར་ཆད་མེད་པའི་ཡེ་ཤེས་ཁྱད་པར་ཅན་སྒྲུབ་པ་སྒོམ་ལམ【༡༠】དང་། ཐེག་ཆེན་སྒོམ་ལམ་རྣམ་གྲོལ་གྱི་ཡེ་ཤེས་རྣམ་དག་སྒོམ་ལམ【༡༡】དང་བཅས་པ་རྣམས་ནི། རྟེན་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་སྒྲུབ་པའི་བདག་རྐྱེན་ཐུན་མོང་མ་ཡིན་པ་རིགས་ཅན་གསུམ་གྱི་ལམ་ཐམས་ཅད་སྐྱེ་མེད་དུ་མཁྱེན་པའི་ལམ་ཤེས་ཀྱི་མངོན་རྟོགས་ངོ་བོ་ཡན་ལག་དང་བཅས་པ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་པོ་དེར་གྲངས་དང་གོ་རིམ་ངེས་པའོ། །
གསུམ་པ་གཞི་ཤེས་མཚོན་པར་བྱེད་པའི་ཆོས་དགུ་ནི། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས། ཤེས་རབ་བདག་མེད་གཉིས་རྟོགས་ཀྱིས་སྲིད་མཐའ་འགོག་པ་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས【༡】དང་། ཐབས་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཞི་མཐའ་འགོག་པ་སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས【༢】དང་། ཐབས་ཤེས་ཁྱད་པར་ཅན་དང་བྲལ་བའི་གཞི་ཤེས་ཐབས་མ་ཡིན་པས་རིང་བའི་གཞི་ཤེས【༣】དང་། ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་གཞི་ཤེས་ཐབས་ཀྱིས་ཉེ་བའི་གཞི་ཤེས【༤】དང་། གཞི་ལ་མངོན་པར་ཞེན་པ་སྤང་བྱའི་ངོ་བོར་གྱུར་པ་མི་མཐུན་ཕྱོགས་ཀྱི་གཞི་ཤེས【༥】དང་། གཞི་བདག་མེད་ཀྱི་མངོན་རྟོགས་གཉེན་པོའི་ངོ་བོར་གྱུར་པ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས【༦】དང་། གཞི་ལ་མངོན་ཞེན་བཀག་པའི་སྦྱོར་བ་ཁྱད་པར་ཅན་གཞི་ཤེས་ཀྱི་སྦྱོར་བ【༧】དང་། གཞི་ཤེས་སྦྱོར་བའི་རྣམ་པའི་ཁྱད་པར་དུ་གྱུར་པ་གཞི་ཤེས་ཀྱི་མཉམ་ཉིད【༨】དང་། གཞི་བདག་མེད་མཐའ་བྲལ་གྱི་གནས་ལུགས་མཐོང་བའི་ཡེ་ཤེས་གཞི་ཤེས་ཀྱི་མཐོང་ལམ【༩】དང་བཅས་པ་རྣམས་ནི། རྟེན་གྱི་ཁྱད་པར་ཉན་ཐོས་ལ་སོགས་པ་རྣམས་ཉེར་ཞིར་འཁྲིད་པར་བྱེད་པའི་བདག་རྐྱེན་ཐུན་མོང་མ་ཡིན་པ་གཞིའི་ཆོས་ཐམས་ཅད་གང་ཟག་གི་བདག་གི་སྐྱེ་བ་མེད་པ་དང་། གཟུང་བ་དང་འཛིན་པའི་ཆོས་ཀྱི་སྐྱེ་བ་མེད་པར་མཁྱེན་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞི་ཤེས་ཀྱི་མངོན་རྟོགས་ངོ་བོ་ཡན་ལག་དང་བཅས་པ་མཚོན་པར་བྱད་པའི་ཆོས་དགུ་པོ་དེར་གྲངས་དང་གོ་རིམ་ངེས་པ་ཉིད་དུ་འདོད་དོ། །
བཞི་པ་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ནི། རྣམ་པ་སྦྱོར་བ་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས། གཞི་བདེན་བཞིའི་གནས་ལུགས་རྟོགས་པའི་མཁྱེན་པའི་བྱེ་བྲག་རྣམ་པ【༡】དང་། ལམ་ཐབས་ཤེས་ཁྱད་པར་ཅན་གྱི་རྣམ་པ་སྒོམ་པ་སྦྱོར་བ【༢】དང་། འཐོབ་བྱ་སྦྱོར་བ་སྒོམ་པའི་འབྲས་བུར་གྱུར་པའི་ཆོས་ཡོན་ཏན【༣】དང་། སྤང་བྱ་སྦྱོར་བ་ལ་བར་དུ་གཅོད་པའི་ཆོས་སྐྱོན【༤】དང་། ཤེས་བྱ་ཐེག་ཆེན་གྱི་སྦྱོར་བ་མཚོན་པར་བྱེད་པའི་ཆོས་མཚན་ཉིད【༥】དང་། ཐབས་ཤེས་ཁྱད་པར་ཅན་གྱི་ཐར་པ་ཆ་མཐུན་ཚོགས་ལམ【༦】དང་། དོན་གཉིས་ཁྱད་པར་ཅན་གྱི་ངེས་འབྱེད་ཆ་མཐུན་ངེས་འབྱེད【༧】དང་། མཉམ་རྗེས་ཁྱད་པར་ཅན་གྱི་རྫོགས་བྱང་ཆ་མཐུན་ཕྱིར་མི་ལྡོག་པའི་ཚོགས【༨】དང་། མི་རྟོག་པར་དབང་འབྱོར་པའི་ཚོགས་ཀྱིས་ཆོས་སྐུ་སྒྲུབ་པ་སྲིད་ཞི་མཉམ་ཉིད【༩】དང་། ཞིང་དག་པ་ལ་དབང་འབྱོར་པའི་ཚོགས་ཀྱིས་གཟུགས་སྐུ་སྒྲུབ་པ་ཞིང་དག་སྦྱོར【༡༠】དང་། ཐབས་མཁས་ལ་དབང་འབྱོར་པའི་ཚོགས་ཀྱིས་དོན་གཉིས་སྒྲུབ་པ་ཐབས་མཁས་སྦྱོར་བ【༡༡】དང་བཅས་པ་རྣམས་ནི། མཁྱེན་གསུམ་གྱི་རྣམ་པ་རྫོགས་པར་སྒོམ་པ་རྣམ་རྫོགས་སྦྱོར་བའི་མངོན་རྟོགས་ཀྱི་ངོ་བོ་ཡན་ལག་དང་བཅས་པ་མཚོན་པར་བྱེད་པའི་ཆོས་བཅུ་གཅིག་ཏུ་གྲངས་དང་གོ་རིམ་ངེས་པའོ། །
ལྔ་པ་རྩེ་མོའི་སྦྱོར་བ་མཚོན་པར་བྱེད་པའི་ཆོས་བརྒྱད་ནི། དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོརྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས། ཞེས་དྲོད་རྟགས་ཀྱི་སྣང་བ་ཐོབ་པའི་དྲོད་ཀྱི་མཁྱེན་པ་དྲོད་ཀྱི་རྩེ་མོ【༡】དང་། རྣམ་འཕེལ་གྱི་སྣང་བ་མཆེད་པའི་རྩེ་མོའི་མཁྱེན་པ་རྩེ་མོའི་རྩེ་སྦྱོར【༢】དང་། ཐབས་ཤེས་ཀྱི་རྟོགས་པ་བཟོད་ཅིང་བརྟན་པ་བཟོད་པའི་མཁྱེན་པ་བཟོད་པའི་རྩེ་མོ【༣】དང་། མཐོང་ལམ་གྱི་དངོས་རྒྱུ་ཁྱད་པར་ཅན་གྱི་ཏིང་ངེ་འཛིན་ནི་ཆོས་མཆོག་གི་རྩེ་སྦྱོར【༤】དང་། མཐོང་སྤང་ཀུན་བརྟགས་ཀྱི་གཉེན་པོ་ཁྱད་པར་ཅན་མཐོང་ལམ་རྩེ་སྦྱོར【༥】དང་། སྒོམ་སྤང་ལྷན་སྐྱེས་ཀྱི་གཉེན་པོ་ཁྱད་པར་ཅན་སྒོམ་ལམ་རྩེ་སྦྱོར【༦】དང་། རྣམ་མཁྱེན་གྱི་དངོས་རྒྱུ་རྫོགས་པའི་ཞི་ལྷག་མཐར་ཐུག་བར་ཆད་མེད་པའི་རྩེ་སྦྱོར【༧】དང་། བདེན་གཉིས་ཟབ་མོ་རྟོགས་པའི་དོན་ལ་རྒོལ་བ་ལོག་སྒྲུབ【༨】དང་བཅས་པ་ནི་བསྡུས་སྒོམ་རབ་ཏུ་གྱུར་པའི་རྩེ་མོའི་མངོན་རྟོགས་ངོ་བོ་ཡན་ལག་དང་བཅས་པ་མཚོན་བྱེད་ཀྱི་ཆོས་བརྒྱད་དུ་གྲངས་དང་དང་གོ་རིམ་ངེས་པའོ། །
དྲུག་པ་མཐར་གྱིས་པ་མཚོན་པར་བྱེད་པའི་ཆོས་བཅུ་གསུམ་ནི། མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ། ཞེས། གཏོང་བའི་སེམས་ཁྱད་པར་ཅན་ཆོས་བཞི་ལྡན་སྦྱིན་པའི【༡】། སྤོང་བའི་སེམས་པ་ཁྱད་པར་ཅན་ཆོས་བཞི་ལྡན་ཚུལ་ཁྲིམས【༢】ཀྱི། མི་འཁྲུགས་པའི་བློ་ཁྱད་པར་ཅན་ཆོས་བཞི་ལྡན་བཟོད་པའི【༣】། དགེ་བ་ལ་སྤྲོ་བ་ཁྱད་པར་ཅན་ཆོས་བཞི་ལྡན་བརྩོན་འགྲུས【༤】ཀྱི། ཞི་གནས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་ཆོས་བཞི་ལྡན་བསམ་གཏན【༥】གྱི། ལྷག་མཐོང་གི་རྟོགས་པ་ཁྱད་པར་ཅན་ཆོས་བཞི་ལྡན་ཤེས་རབ་ཀྱི་ཕར་ཕྱིན【༦】ཏེ། རྗེས་ཐོབ་རྒྱ་ཆེ་བ་ཕྱིན་དྲུག་གིས་ཟིན་པའི་མཐར་གྱིས་པ་དང་། ལམ་གྱི་སྟོན་པ་མཆོག་གི་རྒྱུར་སངས་རྒྱས་དྲན་པ་སངས་རྒྱས་རྗེས་དྲན【༧】དང་། ལམ་གྱི་ངོ་བོ་རྫོགས་པའི་རྒྱུར་དགེ་བའི་ཆོས་དྲན་པ་ཆོས་རྗེས་དྲན【༨】དང་། ལམ་གྱི་གྲོགས་དག་པའི་རྒྱུར་འཕགས་པའི་ཚོགས་དྲན་པ་དགེ་འདུན་རྗེས་དྲན【༩】དང་། ལམ་གྱི་ལུས་རྟེན་དག་པའི་གཞིར་ཚུལ་ཁྲིམས་དྲན་པ་ཚུལ་ཁྲིམས་རྗེས་དྲན【༡༠】དང་། ལམ་གྱི་མཐུན་རྐྱེན་རྫོགས་པའི་རྒྱུར་གཏོང་བ་དྲན་པ་གཏོང་བ་རྗེས་དྲན【༡༡】དང་། ལམ་གྱི་དཔུང་གཉེན་མཆོག་གི་རྐྱེན་ལྷ་དྲན་པ་ལྷ་རྗེས་དྲན【༡༢】ཏེ་གྲོགས་རྗེས་དྲན་དྲུག་གི་མཐར་གྱིས་པ་དང་། མཉམ་གཞག་ཏུ་སྤྲོས་པ་མེད་པའི་ངོ་བོར་རྟོགས་པ་དངོས་མེད་ངོ་བོའི་མཐར་གྱིས་པ【༡༣】དང་བཅས་པ་རྣམས་ནི་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་སྒོམ་པ་མཐར་གྱིས་པའི་མངོན་རྟོགས་ངོ་བོ་ཡན་ལག་དང་བཅས་པ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་དུ་གྲངས་དང་གོ་རིམ་ངེས་པའོ། །
བདུན་པ་སྐད་ཅིག་མའི་སྦྱོར་བ་མཚོན་པར་བྱེད་པའི་ཆོས་བཞི་ནི། སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་ཐབས་རྒྱ་ཆེ་བ་བསོད་ནམས་ཀྱི་ཚོགས་མཐར་ཐུག་པའི་མངོན་རྟོགས་རྣམ་སྨིན་མིན་པའི【༡】། ཤེས་རབ་ཟབ་པ་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པའི་མངོན་རྟོགས་རྣམ་པར་སྨིན་པའི【༢】། ཡུལ་མཉམ་པ་ཉིད་ཟུང་འཇུག་ཏུ་སྒོམ་པ་མཐར་ཐུག་པའི་མངོན་རྟོགས་མཚན་ཉིད་མེད་པའི【༣】། ཡུལ་ཅན་གཉིས་སྣང་མེད་པའི་སྦྱོར་བ་མཐར་ཐུག་པའི་མངོན་རྟོགས་གཉིས་སུ་མེད་པའི་སྐད་ཅིག་མ་སྟེ་ལྡོག་པའི་མཚན་ཉིད་ཀྱི་ཆོས【༤】དེ་རྣམས་ནི་མཁྱེན་གསུམ་གྱི་རྣམ་པ་མཐར་ཐུག་ཅིག་ཆར་སྒོམ་པ་སྐད་ཅིག་མའི་མངོན་རྟོགས་ངོ་བོ་ཡན་ལག་དང་བཅས་པ་མཚོན་པར་བྱེད་པའི་ཆོས་བཞིར་གྲངས་དང་གོ་རིམ་ངེས་པའོ། །
བརྒྱད་པ་ཆོས་སྐུ་མཚོན་པར་བྱེད་པའི་ཆོས་བཞི་ནི། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞི་ནི་ཡང་དག་བརྗོད། །ཅེས། རང་དོན་སྤངས་རྟོགས་མཐར་ཐུག་ཁྱད་པར་གསུམ་ལྡན་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ【༡】དང་། གཞན་དོན་གཟུགས་སྐུ་མཐར་ཐུག་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ【༢】དང་། གང་འདུལ་སྤྲུལ་པ་སྣ་ཚོགས་ཁྱད་པར་ལྔ་ལྡན་མཛད་པ་སྤྲུལ་པའི་སྐུ【༣】དང་། གདུལ་བྱ་ཐབས་ཀྱིས་འདུལ་བའི་མཛད་པ་རྒྱུན་མི་ཆད་པ་མཐར་འབྲས་ཆོས་སྐུའི་ཕྲིན་ལས【༤】དང་བཅས་པ་རྣམས་ནི། འཐོབ་བྱ་འབྲས་བུ་མཐར་ཐུག་ཆོས་སྐུའི་མངོན་རྟོགས་ངོ་བོ་ཡན་ལག་དང་བཅས་པ་མཚོན་པར་བྱེད་པའི་ཆོས་བཞིར་གྲངས་དང་གོ་རིམ་ངེས་པའོ། །
འདི་ནི་གཞུང་རྩ་བའི་དངོས་བསྟན་དང་། འཕགས་པ་རྣམ་གྲོལ་སྡེ་སོགས་རྒྱ་བོད་ཀྱི་མཁས་དབང་རྣམས་ཀྱི་དགོངས་པ་ལྟར་ཡིན་ལ། ཡང་། ངོ་བོ་ཉིད་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། སྤྲུལ་སྐུ་སྟེ་སྐུ་བཞི་ལ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞིར་བཞེད་པ་ནི། སློབ་དཔོན་སེདྒེ་བཟང་པོ་སོགས་རྒྱ་བོད་ཕལ་མོ་ཆེའི་ལུགས་སུ་སྣང་ཞིང་། དེ་ལ་གཞུང་རྩ་བའི་འབྲུ་དོན་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་བཅས་པ་དང་། དེ་བཞིན་དུ་དེ་དག་ལས་གཞན་པ་སྤྲུལ་པའི་སྐུ་དང་གསུམ་པོ་ནི། སྐབས་བརྒྱད་པར་ཆོས་སྐུ་མཚོན་པར་བྱེད་པ་སྟེ། མཛད་པ་འཕྲིན་ལས་དང་བཅས་པ་ཆོས་བཞིའོ། །ཞེས་དངོས་སུ་གསལ་བས་འཆད་ཚུལ་གཞན་དག་ནི་གཞུང་རྩ་བའི་ཤུགས་བསྟན་གྱི་དགོངས་པ་བླ་ན་མེད་པའོ། །
གཉིས་པ་རྒྱས་པར་བཤད་པ་ལ། ཡུལ་མཁྱེན་པ་གསུམ་གྱི་མཚན་ཉིད་སོ་སོར་བསྟན་པ་མཁྱེན་གསུམ། དེ་ཡི་རྣམ་པའི་སྦྱོར་བ་བསྡུས་ཏེ་བསྟན་པ་སྦྱོར་བཞི། འཐོབ་བྱ་འབྲས་བུའི་ཡོན་ཏན་རྒྱས་པར་བཤད་པ་ཆོས་སྐུ་དང་གསུམ།
དང་པོ་ལ་རྣམ་པ་སྐྱེ་མེད་ཀྱི་མངོན་རྟོགས་རྣམ་མཁྱེན། ལམ་མཚན་མེད་ཀྱི་མངོན་རྟོགས་ལམ་ཤེས། གཞི་བདག་མེད་ཀྱི་མངོན་རྟོགས་གཞི་ཤེས་དང་གསུམ། དང་པོ་རྣམ་མཁྱེན་ལ། བསམ་པ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ། སྦྱོར་བ་རྣམ་མཁྱེན་ལམ་གྱི་ཡན་ལག་བཤད་པ། ངོ་བོ་ཉམས་ལེན་སྒྲུབ་པའི་མངོན་རྟོགས་བཤད་པ་དང་གསུམ། དང་པོ་ལ། ངོ་བོ་མཚན་ཉིད་ཀྱི་ཀྱི་སྒོ་ནས་མདོར་བསྟན་པ། མཚན་གཞི་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ལ། དངོས་དང་། དེ་མདོ་དང་སྦྱར་བའོ། །
དང་པོ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས། བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཉིད་ནི། དོན་གཉིས་ལྡན་པའི་ཐབས་ཤེས་ཁྱད་པར་ཅན་ཏེ། སྙིང་རྗེའི་ཐབས་ཀྱིས་གཞན་དོན་གྱི་ཕྱིར་དུ་ཤེས་རབ་ཀྱིས་ཡང་དག་རྫོགས་པའི་བྱང་ཆུབ་འདོད་པའོ། །
གཉིས་པ། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས། བཤད་མ་ཐག་པའི་སྙིང་རྗེས་ཆེད་དུ་བྱ་བ་གཞན་དོན་དེ་དང་། ཤེས་རབ་ཀྱིས་དོན་དུ་གཉེར་བྱ་བྱང་ཆུབ་དེ་ནི། ཡུམ་ཤེར་ཕྱིན་གྱི་མདོ་ལས་འབྱུང་བ་བཞིན་དུ་མཚན་ཉིད་ཀྱི་སྒོ་ནས་མདོར་བསྡུས་པ་དང་། མཚན་གཞི་དཔེའི་སྒོ་ནས་རྒྱས་པར་བརྗོད་དེ། ཇི་ལྟར་ན་ཡུམ་ལས། ངོ་བོ་མདོར་བསྟན་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་ཞིང་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གཞན་དོན་ཏེ། དེ་ལྟར་དོན་གཉིས་ལྡན་པའི་སེམས་བསྐྱེད་མཚན་ཉིད་ཀྱི་སྒོ་ནས་མདོར་བསྟན་པ་དང་། ཡང་ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་མི་གནས་པའི་ཚུལ་གྱིས་ཡུལ་ལ་གནས་ཏེ་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕར་ཕྱིན་ཡོངས་སུ་བསྒྲུབ་པར་བྱའོ་སོགས་ཀྱིས། བྱང་ཆུབ་ཀྱི་མཚན་གཞི་སྦྱིན་སོགས་དང་། སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་འགོད་པ་ནས། ཤེས་རབ་འཆལ་བ་རྣམས་ཤེས་རབ་ཕུན་སུམ་ཚོགས་པ་ལ་འགོད་པ་སོགས་ཀྱིས། གཞན་དོན་གྱི་མཚན་གཞི་སེམས་ཅན་སྦྱིན་སོགས་ལ་འགོད་ཚུལ་རྒྱས་པར་གསུངས་པ་ལྟར་རོ། །
དེ་ལྟར་དོན་བདུན་ཅུའི་ཐོག་མར་གྱུར་པའི་སེམས་བསྐྱེད་མདོ་དང་སྦྱར་བ་ནི་ཐོག་མའི་གསལ་བྱེད་དུ་གྱུར་པ་སྟེ། དེས་མཚོན་ནས་དོན་བདུན་ཅུ་མཐའ་དག་མདོའི་དགོངས་པ་ཇི་ལྟ་བ་ལས་རང་བཟོ་མ་ཡིན་པར་སྟོན་པ་སྟེ། དེ་ལྟར་བསྟན་པའི་དགོས་པ་ཡང་བསྟན་པ་འདི་ལ་གུས་པ་དག་གིས་སྟོན་པའི་དཀའ་བཞིན་ཚད་མར་བྱེད་པ་ལས་རྟོག་གེ་ངན་པའི་རང་བཟོ་སྤང་དགོས་པར་རྟོགས་པའི་སླད་དུའོ། །
གཉིས་པ་མཚན་གཞི་དཔེའི་སྒོ་ནས་བསྟན་པ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས། གྲོགས་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ནི་ཆོས་དཀར་པོའི་ཡོན་ཏན་གྱི་རྟེན་བྱེད་པས་འདུན་པ་ས་ལྟ་བུའི་སེམས་བསྐྱེད【༡】། གྲོགས་བསམ་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་བྱང་ཆུབ་ཀྱི་བར་དུ་མི་འགྱུར་བས་བསམ་པ་གསེར་ལྟ་བུའི་སེམས་བསྐྱེད【༢】། དེ་བཞིན་དུ། གྲོགས་ལྷག་པའི་བསམ་པ་དང་མཚུངས་ལྡན་ནི་དགེ་ཆོས་གོང་དུ་འཕེལ་བས་ལྷག་བསམ་ཟླ་བ་ཚེས་པ་ལྟ་བུའི་སེམས་བསྐྱེད【༣】། གྲོགས་སྦྱོར་བ་དང་མཚུངས་ལྡན་སྒྲིབ་པིའ་བུད་ཤིང་སྲེག་པར་བྱེད་པས་སྦྱོར་བ་མེ་ལྟ་བུའི་སེམས་བསྐྱེད【༤】། གྲོགས་སྦྱིན་པ་དང་མཚུངས་ལྡན་སེམས་ཅན་ཚིམ་པར་བྱེད་པས་སྦྱིན་པ་གཏེར་ལྟ་བུའི་སེམས་བསྐྱེད【༥】། གྲོགས་ཚུལ་ཁྲིམས་དང་མཚུངས་ལྡན་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་གྱུར་པའི་ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་སེམས་བསྐྱེད【༦】། གྲོགས་བཟོད་པ་དང་མཚུངས་ལྡན་གནོད་པས་གཏིང་མི་འཁྲུགས་པས་བཟོད་པ་རྒྱ་མཚོ་ལྟ་བུའི་སེམས་བསྐྱེད【༧】། གྲོགས་བརྩོན་འགྲུས་དང་མཚུངས་ལྡན་མི་ཕྱེད་པའི་སྤྲོ་བ་བརྟན་པས་བརྩོན་འགྲུས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད【༨】། གྲོགས་བསམ་གཏན་དང་མཚུངས་ལྡན་རྣམ་པར་གཡེང་བས་མི་བསྐྱོད་པས་བསམ་གཏན་རི་རྒྱལ་ལྟ་བུའི་སེམས་བསྐྱེད【༩】། གྲོགས་ཤེས་རབ་དང་མཚུངས་ལྡན་སྒྲིབ་གཉིས་ཀྱི་ནད་ཞི་བར་བྱེད་པས་ཤེས་རབ་སྨན་ལྟ་བུའི་སེམས་བསྐྱེད【༡༠】། གྲོགས་ཐབས་མཁས་དང་མཚུངས་ལྡན་གཞན་དོན་ཐབས་ཀྱིས་སྒྲུབ་པས་ཐབས་བཤེས་གཉེན་ལྟ་བུའི་སེམས་བསྐྱེད【༡༡】། གྲོགས་སྨོན་ལམ་དང་མཚུངས་ལྡན་གང་འདོད་ཀྱི་འབྲས་བུ་འགྲུབ་པས་སྨོན་ལམ་ཡིད་བཞིན་ནོར་བུ་ལྟ་བུའི་སེམས་བསྐྱེད【༡༢】། གྲོགས་སྟོབས་དང་མཚུངས་ལྡན་གདུལ་བྱ་སྨིན་པར་བྱེད་པས་སྟོབས་ཉི་མ་ལྟ་བུའི་སེམས་བསྐྱེད【༡༣】། གྲོགས་ཡེ་ཤེས་དང་མཚུངས་ལྡན་གདུལ་བྱ་ཆོས་ཀྱིས་འདུན་པར་བྱེད་པས་ཡེ་ཤེས་གླུ་དབྱངས་ལྟ་བུའི་སེམས་བསྐྱེད【༡༤】། གྲོགས་མངོན་ཤེས་དང་མཚུངས་ལྡན་གཞན་དོན་རླབས་ཆེན་སྒྲུབ་ནུས་པས་མངོན་ཤེས་རྒྱལ་པོ་ལྟ་བུའི་སེམས་བསྐྱེད【༡༥】། གྲོགས་ཚོགས་གཉིས་དང་མཚུངས་ལྡན་དགེ་ཚོགས་ཀྱི་རྣམ་པ་མང་དུ་ལྡན་པའི་ཚོགས་གཉིས་བང་མཛོད་ལྟ་བུའི་སེམས་བསྐྱེད【༡༦】། གྲོགས་བྱང་ཕྱོགས་དང་མཚུངས་ལྡན་འཕགས་པ་ཐམས་ཅད་བགྲོད་ཅིང་གཤེགས་པས་བྱང་ཕྱོགས་ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད【༡༧】། གྲོགས་ཐབས་ཤེས་དང་མཚུངས་ལྡན་སྲིད་ཞིར་མི་གནས་པར་བྱེད་པས་ཐབས་ཤེས་བཞོན་པ་ལྟ་བུའི་སེམས་བསྐྱེད【༡༨】། གྲོགས་གཟུངས་སྤོབས་དང་མཚུངས་ལྡན་ཆོས་ཀྱི་ཚིག་དོན་མི་ཟད་པས་གཟུངས་སྤོབས་བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད【༡༩】། གྲོགས་ཆོས་ཀྱི་དགའ་སྟོན་དང་མཚུངས་ལྡན་ཆོས་ཀྱི་སྡོམ་བཞི་སྙན་པར་སྒྲོགས་པས་ཆོས་ཀྱི་དགའ་སྟོན་སྒྲ་སྙན་ལྟ་བུའི་སེམས་བསྐྱེད【༢༠】། གྲོགས་བགྲོད་གཅིག་ལམ་དང་མཚུངས་ལྡན་ཐེག་པ་ཐམས་ཅད་མཐར་ཐུག་གཅིག་ཏུ་གཞོལ་བས་བགྲོད་གཅིག་ལམ་ཆུ་བོ་ལྟ་བུའི་སེམས་བསྐྱེད【༢༡】། གྲོགས་ཆོས་ཀྱི་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་མཛད་པ་སྣ་ཚོགས་སྟོན་པས་སྤྲིན་ལྟ་བུའི་སེམས་བསྐྱེད【༢༢】དེ། དེ་ལྟར་དཔེ་གྲོགས་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་ཀྱི་སྒོ་ནས་ཚོགས་སྦྱོར་མོས་པས་སྤྱོད་པའི་སེམས་བསྐྱེད་ནས་སྒྲིབ་ཀུན་སྤངས་པ་སངས་རྒྱས་སའི་སེམས་བསྐྱེད་ཀྱི་མཚན་གཞི་མཐའ་དག་བསྡུས་པར་ཤེས་པར་བྱའོ། །
དེ་ལྟར་ན། སེམས་བསྐྱེད་དང་པོ་གསུམ་རིམ་བཞིན་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དང་། བཞི་པ་སྦྱོར་བ་མེ་ལྟ་བུའི་སེམས་བསྐྱེད་སྦྱོར་ལམ་དང་། དེ་ནས་ཕར་ཕྱིན་བཅུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་རིམ་བཞིན་ས་བཅུ་དང་དེ་རྗེས་ལྔ་དག་སའི་ཁྱད་པར་གྱི་ལམ་དང་། སེམས་བསྐྱེད་ཐ་མ་གསུམ་རིམ་བཞིན་སངས་རྒྱས་སའི་སྦྱོར་དངོས་རྗེས་གསུམ་དུ་ཡོད་པར་བཞེད་དོ། །སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་སློབ་ལམ་ན་ཡོད་པར་བཞེད་པ་མདོ་རྒྱན་སོགས་ཀྱི་དགོངས་པ་ནི་རྒྱུའི་སེམས་བསྐྱེད་ལ་དགོངས་སོ། །དེས་ན་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ན་ལུགས་གཉིས་སུ་སྣང་བའི་དོན་རྟོགས་པར་བྱའོ། །
གཉིས་པ་ལམ་གྱི་ཡན་ལག་ལ། ཉམས་ལེན་སྒྲུབ་ཚུལ་ལ་འདོམས་པ་གདམས་ངག །གདམས་དོན་ལམ་གྱི་སྦྱོར་བ་ངེས་འབྱེད། རྟེན་ཆོས་སྒྲུབ་པའི་གཞི་རྟེན་རིགས་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བསྟན་པ་གཉིས།
དང་པོ་ནི། ངོ་བོ་ཉམས་ལེན་སྒྲུབ་ཚུལ་ལ་འདོམས་པའི་གདམས་པ་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། སྒྲུབ་པའི་ཡན་ལག་གི་ཆོས་ཕུན་སུམ་ཚོགས་པ་ལ་འདོམས་པ་དང་། སྒྲུབ་པའི་ཡན་ལག་གི་ཆོས་ཕུན་སུམ་ཚོགས་པ་ལ་འདོམས་པ་དང་། སྒྲུབ་པའི་གཞི་རྟེན་ལམ་གྱི་རང་བཞིན་དངོས་ལ་འདོམས་པ་དང་གསུམ་ལས།
དང་པོ་ནི། སྒྲུབ་དང་། ཞེས། སྒྲུབ་པའི་ངོ་བོ་ཤེས་བྱ་སྣང་སྟོང་བདེན་པ་གཉིས་ཀྱི་རྣམ་པ་ལས་མི་འདའ་བར་ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་སྒྲུབ་པར་འདོམས་པ་དང་། གཉིས་པ་ཡན་ལག་ལ། ལམ་གྱི་དམིགས་པ། ལམ་གྱི་རྟེན། ལམ་གྱི་གྲོགས་ལ་འདོམས་པ་དང་གསུམ་ལས། དང་པོ། བདེན་པ་རྣམས་དང་ནི། ཞེས། སྒྲུབ་པའི་དམིགས་པ་ལམ་གྱི་རྣམ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམིགས་ཡུལ་བདེན་པ་བཞི་ལ་དམིགས་པར་འདོམས་པ་དང་།
གཉིས་པ་ལམ་གྱི་རྟེན་ནི། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས། ལམ་ཐམས་ཅད་ཀྱི་རྟེན་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་བསྟེན་པར་འདོམས་པ་དང་། གསུམ་པ་ལམ་གྱི་གྲོགས་ལ། འགལ་རྐྱེན་སྤོང་བའི་གྲོགས་དང་། མཐུན་རྐྱེན་སྒྲུབ་པའི་གྲོགས་གཉིས་ལས། དང་པོ་ནི། མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །ཞེས། ཐོག་མར་ལམ་ལ་འཇུག་པའི་འགལ་རྐྱེན་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོར་མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པ་དང་། བར་དུ་ལམ་སྒྲུབ་པའི་འགལ་རྐྱེན་སྒྱིད་ལུག་པའི་ལེ་ལོའི་གཉེན་པོར་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པ་དང་། ཐ་མར་ལམ་མཐར་ཕྱིན་པའི་འགལ་རྐྱེན་བདག་ཉིད་བརྙས་པའི་ལེ་ལོའི་གཉེན་པོར་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་འདོམས་པ་དང་།
གཉིས་པ་མཐུན་རྐྱེན་སྒྲུབ་པའི་གྲོགས་ནི། སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་། ཞེས། ལམ་གྱི་གྲོགས་ཐུན་མོང་མ་ཡིན་པ་སྤྱན་ལྔ་སྒྲུབ་པར་འདོམས་པ་དང་། ཐུན་མོང་བ་མངོན་པར་ཤེས་པ་དྲུག་བསྐྱེད་ཅིང་སྒྲུབ་པར་འདོམས་པ་དང་།
གསུམ་པ་སྒྲུབ་པའི་གཞི་རྟེན་ལམ་དངོས་ནི། མཐོང་བ་དང་། །སྒོམ་ཞེས་བྱ་ལ། ཞེས། གནས་ལུགས་ཀྱི་དོན་སྔར་མ་མཐོང་བ་མངོན་སུམ་མཐོང་བ་མཐོང་བའི་ལམ་ལ་འདོམས་པ་དང་། གནས་ལུགས་མཐོང་ཟིན་གྱི་དོན་ཡང་ཡང་སྒོམ་པ་སྒོམ་ལམ་རྒྱུད་ལ་བསྐྱེད་པར་འདོམས་པ་དང་། དེ་ལྟར་བསྟན་པའི་གྲངས་ཀྱི་དོན་བསྡུ་བ། གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས། དེ་ལྟར་ན། གདམས་ངག་བཅུ་པོ་དེར་གྲངས་དང་གོ་རིམ་ངེས་པའི་བདག་ཉིད་དུ་ཤེས་པར་བྱའོ། །
དེ་ལ་གདམས་པ་དང་རྗེས་བསྟན་གྱི་ཁྱད་པར་ལ། ལམ་གྱི་ཆོས་སྔར་མ་ཐོབ་པ་འཐོབ་བྱེད་གདམས་ངག་དང་། ཐོབ་ཟིན་ཁྱད་པར་དུ་བྱེད་པ་རྗེས་བསྟན་དུ་བཞེད་ཀྱང་། སློབ་དཔོན་གྲོལ་སྡེས་དེ་དག་བཟློགས་ཏེ་འཆད་པར་ཡང་སྣང་ངོ་། །དེ་ལྟ་བུའི་གདམས་ངག་གི་ས་མཚམས་ནི། ཉན་པ་པོ་ཚོགས་ལམ་ཆུང་ངུ་ནས་ས་བཅུའི་རྒྱུན་མཐའི་བར་དང་། འཆད་པ་པོའི་གཙོ་བོ་སངས་རྒྱས་ཀྱི་ས་ནས་ཕལ་པ་ཚོགས་ལམ་གྱི་བར་དུ་འཇོག་གོ །
གཉིས་པ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། མཚོན་བྱེད་དཔེའི་དགེ་འདུན་ཉན་རང་གི་རྟེན་ཅན་གྱིས་མཚོན་པའི་མཚོན་བྱ་དོན་གྱི་དགེ་འདུན་ཉན་རང་གི་མིང་ཅན་ཏེ། དེ་ལ་ཞུགས་པ་དང་། འབྲས་གནས་ཀྱི་གང་ཟག་གཉིས་ཀྱི། དང་པོ་ནི། དབང་པོ་རྟུལ་དང་རྣོན་པོ་དག །ཅེས། དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་དང་། གཉིས་པ་འབྲས་གནས་ལ་ཙམ་ཁྱད་གཉིས་ལས། དང་པོ་ནི། དད་དང་མཐོང་ཐོབ། ཅེས། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། གཉིས་པ་འབྲས་གནས་ཁྱད་པར་ཅན་ལ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་བའི་གང་ཟག་གསུམ་ལས། དང་པོ་ནི། རིགས་ནས་རིགས། ཞེས། མིའི་རིགས་ནས་རིགས་སུ་སྐྱེ་བ་དང་། ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། གཉིས་པ་ཕྱིར་འོང་ནི། བར་ཆད་གཅིག །ཅེས། ཚེ་གཅིག་བར་ཆད་གཅིག་པ་དང་། གསུམ་པ་ཕྱིར་མི་འོང་ལ། གཟུགས་སུ་ཉེར་འགྲོའི། གཟུགས་མེད་ཉེར་འགྲོའི། དེ་ལས་གཞན་པའི་གང་ཟག་གསུམ་ལས། དང་པོ་ལ། སྤྱིར་གཟུགས་སུ་ཉེར་འགྲོ་དང་། བྱེ་བྲག་གོང་དུ་འཕོ་བ་གཉིས་ལས། དང་པོ་ནི། བར་སྐྱེས་ནས་དང་། །བྱེད་དང་བྱེད་མིན། ཞེས། བར་དོར་འདའ་བ་དང་། སྐྱེས་ནས་འདའ་བ་དང་། བྱེད་བཅས་དང་། བྱེད་མེད་དང་། གཉིས་པ་གོང་འཕོ་ལ། འོག་མིན་འགྲོ་དང་། སྲིད་རྩེ་མཐར་ཐུག་འགྲོ་གཉིས་ལས། དང་པོ་ནི། འོག་མིན་འགྲོ། །འཕར་གསུམ། ཞེས། སྤྱིར་འོག་མིན་དུ་འགྲོ་བ་དང་། དེའི་བྱེ་བྲག །འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཕོ་བ་དང་། གཉིས་པ་ནི། སྲིད་རྩེའི་མཐར་ཐུག་འགྲོ། །ཞེས། སྲིད་རྩེའི་མཐར་ཐུག་འགྲོ་བ་དང་། གཉིས་པ་གཟུགས་མེད་ཉེར་འགྲོ་ནི། གཟུགས་ཀྱི་ཆགས་བཅོམ། ཞེས། གཟུགས་མེད་དུ་ཉེ་བར་འགྲོ་བ་དང་། གསུམ་པ་དེ་ལས་གཞན་པའི་གང་ཟག་ནི། མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །ཅེས། མཐོང་ཆོས་ཞི་བ་དང་། ལུས་མངོན་བྱེད་ཀྱི་གང་ཟག་དང་། གཉིས་པ་རང་རྒྱལ་གྱི་གང་ཟག་ནི། བསེ་རུ་དང་ནི། ཞེས། རང་རྒྱལ་བསེ་རུ་ལྟ་བའི་གང་ཟག་དང་། དེ་ལྟར་བསྟན་པའི་གྲངས་ཀྱི་དོན་བསྡུ་བ་ནི། ཉི་ཤུ་འོ། །ཞེས། མཚོན་བྱེད་དཔེའི་དགེ་འདུན་ཐེག་དམན་ཉན་རང་གིས་མཚོན་པའི། མཚོན་བྱ་དོན་གྱི་དགེ་འདུན་ཐེག་ཆེན་བྱང་སེམས་འཕགས་པའི་དགེ་འདུན་ཉི་ཤུའོ། །
དེ་ལ་མཚོན་བྱེད་དཔེའི་དགེ་འདུན་ཉན་རང་གི་རྟེན་ཅན་རྣམས་ནི། ཐེག་དམན་གྱི་མདོའི་དོན་ལྟར། མཛོད་ལས། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་པ། །ཞེས་པས་རྗེས་འབྲང་གཉིས་དང་། དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །ཅེས། དད་མོས་མཐོང་ཐོབ་གཉིས་དང་། ཚེ་གཉིས་གསུམ་དུ་རིགས་ནས་རིགས། ཞེས། རིགས་སྐྱེ་གཉིས་དང་། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །ཞེས། ཚེ་གཅིག་བར་ཆད་གཅིག་པ་དང་། །དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །ཞེས། བར་འདའ། སྐྱེས་འདའ། བྱེད་བཅས་བྱེད་མེད་རྣམས་དང་། བསམ་གཏན་སྤེལ་བ་འོག་མིན་འགྲོ། །ཞེས། འོག་མིན་འགྲོ་དང་། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས། འཕར་བ་གསུམ་དང་། སྲིད་རྩེའི་མཐར་ཐུག་འགྲོ་རྣམས་དང་། །གཞན་ནི་གཟུགས་མེད་འགྲོ་རྣམས་བཞི། །ཞེས། གཟུགས་མེད་ཉེར་འགྲོ་དང་། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས། མཐོང་ཆོས་ཞི་དང་། འགོག་པ་ཐོབ་པས་ཕྱིར་མི་འོང་། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས། ལུས་མངོན་བྱེད་དང་། སྟོན་དང་བསེ་རུ་བྱང་ཆུབ་པར། །ཞེས་པའི་སྐབས་ནས་བསྟན་པའི་བསེ་རུ་རང་རྒྱལ་དང་ཉི་ཤུའོ། །
མཚོན་བྱ་དོན་གྱི་དགེ་འདུན་ཉན་རང་གི་མིང་ཅན་རྣམས་ནི། ཤེར་ཕྱིན་གྱི་མདོ་ལས་རིམ་པ་ལྟར། དད་པའི་རྗེས་སུ་འབྲངས་པ་ནི། བྱང་སེམས་གང་དག་མིའི་ནང་ནས་མིའི་ནང་དུ་མཚམས་སྦྱར་བའོ། །
ཆོས་ཀྱི་རྗེས་འབྲང་ནི། བྱང་སེམས་གང་དག་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གཞན་ནམ་དགའ་ལྡན་ནས་འདིར་སྐྱེས་པའོ། །
དད་པས་མོས་པ་ནི། བྱང་སེམས་གང་དག་ཐབས་ལ་མི་མཁས་པས་འདུ་ཤེས་མེད་པའི་སྙོམས་འཇུག་མངོན་དུ་བྱས་ཏེ་སྐྱེས་པ་ལྡོག་པར་མི་བྱེད་པར་དེར་མཚམས་སྦྱར་ཏེ་རིང་མོ་ཞིག་གནས་ནས་ཤི་འཕོས་ཏེ་སླར་འདིར་མཚམས་སྦྱར་བ་ནི་དབང་པོ་རྟུལ་བའི་ཕྱིར་དད་པས་མོས་པ་དག་གོ །
མཐོང་བས་ཐོབ་པ་ནི། བྱང་སེམས་གང་དག་འདུ་ཤེས་མེད་པའི་སྙོམས་འཇུག་མངོན་དུ་བྱས་ཀྱང་ཐབས་ལ་མཁས་པའི་སྟོབས་ཀྱིས་ལྷ་ཚེ་རིང་པོར་མི་སྐྱེ་ཡི། གཞན་གང་ཡང་རུང་བ་ཞིག་ཏུ་སྐྱེ་བའོ། །
མིའི་རིགས་ནས་རིགས་སུ་སྐྱེ་བ་ནི། བྱང་སེམས་གང་དག་བསམ་གཏན་དང་ཚད་མེད་པ་དང་སྙོམས་པར་འཇུག་པ་ཐོབ་པ་དག་ཐབས་ལ་མཁས་པའི་དབང་གིས་དེ་དག་གི་འབྲས་བུ་མངོན་དུ་མི་བྱེད་ཀྱི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་མིའི་ནང་སྐྱེ་བའོ། །
ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི། བྱང་སེམས་གང་དག་བསམ་གཏན་དང་གཟུགས་མེད་ལ་སོགས་པ་ཐོབ་ཀྱང་མངོན་དུ་མི་བྱེད་ཀྱི་འདོད་པའི་ཁམས་ཀྱི་ལྷ་དག་གི་ནང་ཁོ་ནར་སྐྱེ་ཞིང་སྐྱེ་བ་ཡོངས་སུ་འཛིན་པའོ། །
བར་ཆད་གཅིག་པ་ནི། བྱང་སེམས་གང་དག་བསམ་གཏན་རྣམས་ནས་ཆོས་མ་འདྲེས་པའི་བར་གྱི་ཡོན་ཏན་ཐོབ་ཀྱང་ད་དུང་སངས་རྒྱས་མཆོད་པ་ལ་སོགས་པའི་ཕྱིར་གནས་པ་ཚེ་གཅིག་གིས་ཐོགས་པ་སྟེ། འཇམ་དཔལ་ཁྱོད་ད་དུང་དུ་ཡང་དེ་བཞིན་གཤེགས་པ་མཆོད་པའི་ལས་ཀྱིས་མཆོད་པའི་ལས་ཀྱིས་མཆིས་སམ་ཞེས་པ་ལྟ་བུའོ། །
བར་འདའ་ནི། བྱང་སེམས་གང་དག་ཁམས་བར་མ་ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་ལུས་དེ་ཉིད་ཀྱིས་ཚོགས་བསགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའོ། །
སྐྱེས་འདའ་ནི། བྱང་སེམས་གང་དག་སྲིད་པ་ཐ་མ་པ་དང་། གང་ཡང་ཚེ་ཚད་མེད་པར་བྱིན་གྱིས་བརླབས་པའི་ཚེ་གཅིག་པུ་དེ་ལ་འཚར་རྒྱ་བའོ། །
བྱེད་བཅས་པ་ནི། བྱང་སེམས་གང་དག་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ཏུ་མངོན་སུམ་པའི་འབད་པས་འགྲོ་བ་རབ་ཏུ་མང་པོ་འདུལ་ཞིང་དེར་ཡང་བདག་ཉིད་རབ་ཏུ་མ་སྨས་པར་སེམས་ཅན་གྱི་དོན་བྱེད་པའི་དབང་གིས་ལམ་སྦྱོང་བའོ། །
བྱེད་མེད་པ་ནི། བྱང་སེམས་གང་དག་རང་བཞིན་དང་རྐྱེན་གྱིས་སེམས་དང་པོ་སྐྱེས་པ་ཉིད་ཀྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པས་བྱང་ཆུབ་སེམས་དཔར་འགྱུར་བ་སྟེ། དགེ་སློང་མི་འཁྲུགས་པ་དག་རྒྱ་མཚོའི་རྡུལ་ལ་སོགས་པ་ལྟ་བུའོ། །
འོག་མིན་འགྲོ་ནི། བྱང་སེམས་གང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྱུར་པས་སེམས་ཅན་རྣམས་སྦྱིན་པ་ནས་བཟུང་སྟེ་དགེ་བཅུའི་ལས་ལམ་ལ་བཀོད་ནས་དེ་ཉིད་ཚངས་རིས་ནས་འོག་མིན་གྱི་བར་དུ་འགྲོ་བའོ། །
འཕར་བ་ནི། བྱང་སེམས་གང་དག་དང་པོར་བསམ་གཏན་གཞི་རྫོགས་པ་ལས་སླར་རྐྱེན་འགའ་ཞིག་གིས་ཉམས་པ་ན་སླར་བསམ་གཏན་དང་པོ་ཐོབ་པར་བྱས་ནས་དེ་ཚངས་རིས་སུ་སྐྱེས་ཏེ། བསམ་གཏན་གོང་མ་རྣམས་ཐོབ་པར་བྱས་ནས་དེ་ཤི་བ་ན་འོག་མིན་དུ་སྐྱེ་བ་བླངས་ཏེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བྱང་ཆུབ་པར་སྟོན་པའོ། །
ཕྱེད་དུ་འཕར་བ་ནི། བྱང་སེམས་གང་དག་དང་པོར་བསམ་གཏན་བཞི་རྫོགས་པ་ལས་སླར་རྐྱེན་འགའ་ཞིག་གིས་ཉམས་པ་ན་སླར་བསམ་གཏན་དང་པོ་ཐོབ་པར་བྱས་ནས། དེ་ཚངས་རིས་སུ་སྐྱེས་ཏེ་དེ་ནས་ཤི་འཕོས་ནས་གནས་གཙང་མའི་འོག་མ་འགའ་ཞིག་ཏུ་སྐྱེས་ཏེ་དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེ་བའོ། །
གནས་ཐམས་ཅད་དུ་འཆི་འཕོ་བ་ནི། བྱང་སེམས་གང་དག་དགའ་ལྡན་ཁོ་ནར་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་ཤི་འཕོས་ནས་དེར་སྐྱེ་ཞིང་རིམ་པ་དེ་ལྟར་གཟུགས་ཀྱི་ཁམས་གནས་རིས་བཅུ་བདུན་ཀུན་ཏུ་ཚེ་འཛིན་པ་དང་འདོར་བས་འོག་མིན་དུ་སོང་ནས་དེའི་འོག་ཏུ་འགྲོ་བ་དུ་མ་ཞིག་སྨིནཔར་བྱེད་པའོ། །
སྲིད་རྩེ་མཐར་ཐུག་འགྲོ་བ་ནི། བྱང་སེམས་གང་དག་གནས་གཙང་མ་ཡིན་པ་གཟུགས་དང་གཟུགས་མེད་པ་ཀུན་གྱི་བསམ་གཏན་གྱི་བདེ་བ་སྒྱུ་མ་ལྟར་ཉམས་སུ་མྱོང་བར་བྱས་ཏེ་སྲིད་པའི་རྩེ་མོར་སྐྱེས་ནས་དེ་ནས་ཡང་འགྲོ་བ་མང་པོའི་དོན་བྱེད་པའོ། །
གཟུགས་ཀྱི་ཆགས་བཅོམ་ནི། བྱང་སེམས་གང་དག་འདོད་པའི་ཁམས་འདིར་གཟུགས་ཀྱི་ཁམས་ཀྱི་མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་སྤངས་ཏེ། གཟུགས་མེད་པའི་སྐྱེ་མཆེད་ཐོབ་པར་བྱས་ནས། འདི་ནས་ཤི་འཕོས་ནས་ཁམས་བར་མ་བོར་ཏེ་ཅིག་ཆར་དུ་དེར་སྐྱེས་ནས། དེ་ནས་ཡང་གདུལ་བྱ་སྨིན་པར་བྱེད་པའོ། །
མཐོང་ཆོས་ཞི་བ་ནི། བྱང་སེམས་གང་དག་ཚེ་གཅིག་པུ་ཁོ་ན་ལ་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གནས་ཏེ་དེའི་ཚེ་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་ཚེ་གཞན་དང་ལུས་གཞན་མི་ལེན་པར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །
ལུས་མངོན་བྱེད་ནི། བྱང་སེམས་གང་དག་ཐོད་རྒལ་གྱི་ཏིང་འཛིན་ཐོབ་ནས་ཤེས་རབ་ཀྱི་ལུས་ཀྱིས་འགོག་པའི་སྙོམས་འཇུག་མངོན་དུ་བྱེད་པའོ། །
བསེ་རུ་ལྟ་བུ་ནི། བྱང་སེམས་གང་དག་ཤིན་ཏུ་ཐབས་ལ་མཁས་པས་འཇིག་རྟེན་གྱི་ཁམས་གང་ན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པའི་འཇིག་རྟེན་གྱི་ཁམས་དེར་སོང་སྟེ་མངོན་པར་བྱང་ཆུབ་པར་སྟོན་པས་གདུལ་བྱ་འདུལ་བ་དང་ཉི་ཤུའོ། །
ཞུགས་པ་དང་འབྲས་གནས་ཙམ་པོ་བ་ལས་ཕྱེ་བའི་གང་ཟག་གི་དབྱེ་བ་རྣམས་ནི། རྗེས་འབྲང་གཉིས་དང་། དད་མོས་མཐོང་ཐོབ་རྣམས་ཀྱི་ཁོངས་སུ་གཏོགས་པས་ལོགས་སུ་མི་བགྲང་ངོ་། །དེ་ལྟར་གཞུང་རྩ་བའི་དགོངས་པ་ལྟར་རྣམ་གྲངས་ཙམ་སྨོས་པའོ། །
དེ་ལ་འཕགས་སེང་གཉིས་དང་། བུདྡྷ་ཤྲཱི། ཤཱནྟི་པ་སོགས། འཕགས་ཡུལ་པ་རྣམས་ཀྱིས། གཞུང་རྩ་བའི་དངོས་ཤུགས་གྲངས་ཀྱི་དབྱེ་བསྡུ་མཛད་ཚུལ་དང་། མཚོན་བྱེད་དཔེ་དང་། མཚོན་བྱ་དོན་གྱི་དགེ་འདུན་གྱི་རྣམ་པར་བཞག་པ་རྒྱས་པ་ནི་སྐབས་འདིའི་ཟུར་དཔྱད་ལས་རྟོགས་པར་བྱའོ། །
གཉིས་པ་ངེས་འབྱེད་ལ། ཁྱད་པར་གྱི་ངོ་བོ་མདོར་བསྟན་པ་དང་། དེ་དག་གི་དབྱེ་བ་རྒྱས་པར་བཤད་པ་གཉིས། དང་པོ་ལ་རྟོགས་པའི་ཁྱད་པར་ཡོངས་འཛིན་དང་བཅས་པ་དང་། སྤང་བའི་ཁྱད་པར་ཁྱད་གཞི་དང་སྦྱར་ཏེ་བཤད་པའོ། །
དང་པོ་ནི། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །ཞེས་ངོ་བོ་ཐེག་ཆེན་མཐོང་ལམ་གྱི་སྦྱོར་བ་ཁྱད་པར་ཅན་ཏེ། དམིགས་པའི་ཁྱད་པར་བདེན་པ་བཞི་ཡི་ཆོས་དང་ཆོས་ཅན་མཐའ་དག་གིས་བསྡུས་པའི་རྟོགས་བྱ་བདག་མེད་ཚང་བ་དང་། རྣམ་པའི་ཁྱད་པར་བདག་མེད་རྟོགས་པའི་རྣམ་པ་མཐའ་དག་ཚང་བའི་གཉེན་པོའི་མངོན་རྟོགས་རྫོགས་པ། རྒྱུ་ཡི་ཁྱད་པར་ཐེག་པ་གསུམ་གྱི་རྟོགས་རིགས་མཐའ་དག་འདུས་པའི་མཐོང་ལམ་གྱི་རྒྱུ་བྱེད་པ་དང་། ཡོངས་འཛིན་གྱི་ཁྱད་པར་སྲིད་དང་ཞི་བའི་གནས་སྐབས་མཐའ་དག་སྐྱོབ་པའི་ཕྱི་ནང་གི་ཡོངས་འཛིན་དང་ལྡན་པ་སྟེ། དེ་ལྟ་བུའི་རྟོགས་པའི་ཁྱད་པར་ཡོངས་འཛིན་དང་བཅས་པ་ཡིས། གཉིས་པ་སྤང་བའི་ཁྱད་པར་ཉོན་ཤེས་གཉིས་ཀྱི་སྒྲིབ་པ་མཐའ་དག་འདུས་པའི་རྟོག་པ་བཞི་སྤང་བྱར་བྱེད་པའི་ཚུལ། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས། གང་ཁྱད་པར་དུ་འཕགས་པའི་གཞི་བྱང་ཆུབ་སེམས་དཔའ་འགྲོ་བ་སྐྱོབ་པ་ཡི་སྦྱོར་ལམ་དྲོད་ལ་སོགས་པའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐེག་གསུམ་གྱི་སྤང་བྱ་འདུས་པ་རྣམ་རྟོག་བཞི་པོའི་ས་བོན་མཐོང་སྒོམ་གྱི་སྤང་བྱར་རིམ་བཞིན་ལྡན་ཞིང་རྟེན་པ་དག་སུན་འབྱིན་པའི་ཁྱད་ཆོས་ཅན་གྱི་སྦྱོར་ལམ་གཉེན་པོའི་ཡེ་ཤེས་ཆུང་འབྲིང་ཆེན་པོའི་དབྱེ་བའི་བར་རྣམས་ནི། གང་ལས་ཁྱད་པར་དུ་བྱ་བ་ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པའི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །
མདོར་ན་རྟོགས་བྱ་ཐུན་མོང་དང་ཐུན་མོང་མིན་པའི་དམིགས་པ་མཐའ་དག་གི་རྩ་བ་བདག་མེད་གཉིས་ཀྱི་དམིགས་པ་རྫོགས་པ་དང་། གཉེན་པོ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ཐམས་ཅད་ཀྱི་རྩ་བ་བདག་མེད་རྟོགས་པའི་རྣམ་པ་རྫོགས་པ་དང་། འབྲས་བུ་ཉན་རང་དང་བྱང་སེམས་ཐེག་པའི་རྟོགས་རིགས་ཐམས་ཅད་འདུས་པ་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པ་དང་། རྐྱེན་སྲིད་པ་དང་ཞི་མཐའ་འགོག་པའི་མངོན་རྟོགས་ཐམས་ཅད་ཀྱི་རྩ་བ་ཕྱི་དང་ནང་གི་ཡོངས་འཛིན་རྫོགས་པ་དང་། སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གཉིས་ཀྱི་སྤང་བྱ་རྫོགས་པའི་ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་བཞེད་པ་འདི་གཞུང་རྩ་བའི་དངོས་བསྟན་གྱི་དགོངས་པ་ཡིན་ཡང་། གཞན་དག་ཤེས་སྒྲིབ་ཁོ་ན་སྤོང་བའི་སྒོ་ནས་ཁྱད་ཆོས་སུ་སྨྲ་ཞིང་། གཞུང་རྩ་བར་ཉོན་སྒྲིབ་ཀྱི་རྩ་བ་གང་ཟག་རྫས་འཛིན་གྱི་རྟོག་པ་དངོས་སུ་གསུངས་པ་དང་འགལ་བའི་ཚེ། རྟོག་པ་འཕར་མ་སོགས་ཀྱི་རྟོག་བཟོ་སྣ་ཚོགས་བྱེད་པར་སྣང་ཡང་། ཐར་བ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་སྒྲིབ་པའི་རྩ་བ་སྤོང་ཚུལ་གྱི་གནད་དོན་ཟབ་མོ་བོར་ཏེ། དོན་མེད་ཡན་ལག་གི་རྟོག་པ་སྤོང་ཚུལ་གྱི་རྣམ་བཤད་དེ་འདྲས་གཞུང་རྩ་བའི་དགོངས་པ་སྒྲིབ་ཏུ་ཉེ་བས་གཞུང་དོན་རྩ་བའི་དགོངས་པ་ལྟར་རྟོགས་པར་བྱའོ། །
གཉིས་པ་རྒྱས་བཤད་ལ། རྟོགས་བྱ་དམིགས་རྣམ་རྒྱུ་གསུམ་དང་། སྤང་བྱ་རྣམ་རྟོག་རྣམ་བཞི། བརྟེན་བྱ་ཡོངས་འཛིན་རྣམ་གཉིས། རྒྱས་པར་བཤད་པའོ། །དང་པོ་ལ། སོ་སོར་དབྱེ་བ་དང་། དོན་བསྡུ་བའོ། །དང་པོ་ལ། དྲོད་དང་། རྩེ་མོ། བཟོད་པ་དང་། ཆོས་མཆོག་གི་དམིགས་རྣམ་བཞི།
དང་པོ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །གཟུགས་སོགས་འདུ་འགོད་གནས་བྲལ་དང་། །གནས་དང་བཏགས་དང་བརྗོད་དུ་མེད། །ཅེས། དྲོད་ཆུང་ངུའི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཁྱད་ཆོས་ཐུན་མོང་དུ་གྱུར་པ་སྒྲོ་འདོགས་བཅུ་དྲུག་དང་བྲལ་བའི་གང་ཟག་བདག་མེད་ཀྱི་རྣམ་པ་བཅུ་དྲུག་དམིགས་པ། དམིགས་པའི་སྤྲོས་པ་མེད་པས་མངོན་ཞེན་མཐའ་དག་མེད་པར་རྟོགས་པ་རྣམ་པ། དྲོད་སོགས་སྦྱོར་ལམ་བཞིའི་རྒྱུའི་ཁྱད་པར། ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་ཅར་གྱི་རྟོགས་རིགས་འདུས་པའི་འབྲས་བུ་མཐོང་ལམ་གྱི་རྒྱུ་བྱེད་པའོ། །
དྲོད་འབྲིང་གི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་འདུ་འགོད་དགག་སྒྲུབ་བྲལ་བའི་ཆོས་བདག་མེད་ཀྱི་རྣམ་པ་སོ་གཉིས་དམིགས་པ། མིང་གི་སྤྲོས་པ་མེད་པས་གནས་བྲལ་མི་རྟག་པ་དང་གནས་པ་མི་རྟག་པ་མིན་པ་སོགས་མི་འཛིན་པར་རྟོགས་པ་རྣམ་པ། དྲོད་ཆེན་པོའི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཆོས་ཅན་ཀུན་རྫོབ་སྣང་བའི་ཆོས་བདེན་མེད་སྒྱུ་མ་ལྟ་བུ་ཐ་སྙད་བརྡ་ཙམ་བཏགས་པའི་ཁྱད་པར་དམིགས་པ། དགེ་སོགས་སྤྲོས་པ་མེད་པས་མིང་བརྡས་བརྗོད་དུ་མེད་པར་རྟོགས་པ་རྣམ་པའོ། །
གཉིས་པ་རྩེ་མོ། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོ་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང་། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང་། །དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས། རྩེ་མོ་ཆུང་ངུའི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཆོས་ཉིད་དོན་དམ་སྟོང་པ་ཉིད་སྤྲོས་པའི་མཐའ་ལ་མི་གནས་པའི་ངོ་བོ་རང་བཞིན་མེད་པའི་ཁྱད་པར་དམིགས་པ། རང་བཞིན་སྟོང་པ་གཅིག་པས་མི་རྟག་སོགས་མི་གནས་པར་ཡང་མི་རྟོག་པར་རྟོགས་པ་རྣམ་པ།
རྩེ་མོ་འབྲིང་གི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིན་ཆོས་ཉིད་སྣང་སྟོང་ཟུང་འཇུག་གི་ངོ་བོས་སྟོང་པ་དབྱེར་མེད་གཅིག་གི་རང་བཞིན་དུ་གཅིག་པའི་ཁྱད་པར་དམིགས་པ། ཟུང་འཇུག་གི་སྤྲོས་པ་ཞི་བས་ཆོས་རྣམས་ངོ་བོ་ཟུང་འཇུག་ཏུ་ཡང་མི་འཛིན་པར་རྟོགས་པ་རྣམ་པ།
རྩེ་མོ་ཆེན་པོའི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཆོས་ཉིད་མཐའ་བྲལ་མཉམ་ཉིད་གཅིག་ཐ་དད་ཀྱི་སྤྲོས་པའི་མཚན་མ་མི་མཐོང་བའི་ཁྱད་པར་དམིགས་པ། མཚན་མེད་རྟོགས་པའི་ཤེས་རབ་ཀྱིས་མཚན་མར་ཡོངས་སུ་རྟོག་པ་དམིགས་སུ་མེད་པར་རྟོགས་པ་རྣམ་པའོ། །
གསུམ་པ་བཟོད་པ། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས། བཟོད་པ་ཆུང་ངུའི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཆོས་ཉིད་ངོ་བོ་སྟོང་པ་ཉིད་མཚན་ཉིད་ཀྱི་ངོ་བོ་མེད་པ་ཉིད་ཀྱི་ཁྱད་པར་དམིགས་པ། ཆོས་ཉིད་ངོ་བོ་མེད་པ་སྟོང་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་མི་འཛིན་པར་རྟོགས་པ་རྣམ་པ།
བཟོད་པ་འབྲིང་གི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཆོས་ཉིད་འབྲས་བུ་སྨིན་པ་མེད་པ་སྲིད་ཞི་མཉམ་ཉིད་སྐྱེ་མེད་ངེས་འབྱུང་མེད་པའི་ཁྱད་པར་དམིགས་པ། སྲིད་ཞི་མཉམ་པ་ཉིད་ཀྱིས་གཟུགས་སོགས་རང་བཞིན་དག་པར་ཡང་མི་འཛིན་པར་རྟོགས་པ་རྣམ་པ།
བཟོད་པ་ཆེན་པོའི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཆོས་ཉིད་རྒྱུ་མཚན་མ་མེད་པ་བླང་དོར་མཉམ་ཉིད་རང་སྤྱིའི་མཚན་མ་མེད་པའི་ཁྱད་པར་དམིགས་པ། མཚན་མའི་སྤྲོས་པ་མི་རྟེན་པའི་ཚད་མར་མོས་པ་མིན་ཞིང་འདུ་ཤེས་ཀྱི་མཚན་མ་མེད་པར་རྟོགས་པ་རྣམ་པའོ། །
བཞི་པ་ཆོས་མཆོག་ནི། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས། ཆོས་མཆོག་ཆུང་ངུའི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཡུལ་ཅན་གྱི་ངོ་བོ་སྐྱེ་མེད་རྣམ་ཐར་གསུམ་ལྡན་གྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་སོགས་ཀྱི་ཁྱད་པར་དམིགས་པ། ངོ་བོ་ཏིང་ངེ་འཛིན་དེ་ཡི་བྱེད་པ་ལྷུན་གྱིས་གྲུབ་པ་ཉིད་དུ་ཡང་མི་འཛིན་པར་རྟོགས་པ་རྣམ་པ།
ཆོས་མཆོག་འབྲིང་གི་དམིགས་རྣམ་གྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཡུལ་ཅན་གྱི་འབྲས་བུའི་ཁྱད་པར་ཏིང་ངེ་འཛིན་དེ་དང་ལྡན་པ་ལ་སངས་རྒྱས་ཀྱིས་ལུང་སྟོན་པ་སོགས་ཀྱི་ཁྱད་པར་དམིགས་པ། འབྲས་བུ་ཁྱད་པར་ཅན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རློམ་པ་ཟད་པར་རྟོགས་པ་རྣམ་པ།
ཆོས་མཆོག་ཆེན་པོའི་དམིགས་རྣམ་ཀྱི་ཁྱད་པར། གཟུགས་སོགས་བདེན་བཞིའི་ཡུལ་ཅན་མཚན་མའི་རང་བཞིན་བྱ་བྱེད་ལས་གསུམ་པོ་ཕན་ཚུན་ངོ་བོ་གཅིག་པའི་ཁྱད་པར་དམིགས་པ། རྒྱུ་མཚན་མའི་ཆོས་ཀྱི་ཏིང་ངེ་འཛིན་དུ་ཡང་རྣམ་པར་མི་རྟོག་པ་རྣམ་པའོ། །
གཉིས་པ་དོན་བསྡུ་བ། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས། དེ་ལྟར་རྒྱུ་འབྲས་ངོ་བོའི་ཆོས་དང་ཆོས་ཉིད་ཀྱི་རྣམ་པའི་དབྱེ་བས། དམིགས་པ་དང་རྣམ་པའི་ཁྱད་པར་གྱིས། སྦྱོར་ལམ་ངེས་འབྱེད་ཆ་མཐུན་ནི་རེ་རེ་བཞིན་དབྱེ་བའི་ཁྱད་པར་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་ཡོད་པ་ཡིན་ནོ། །
དེ་ཡང་དྲོད་ཆུང་འབྲིང་གཉིས་སུ་རིམ་བཞིན་བདེན་བཞིའི་ཁྱད་ཆོས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་ཞེན་པ་འགོག་པ་དང་། དྲོད་ཆེན་པོའི་སྐབས་དང་། རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ་དུ་རིམ་བཞིན། སྣང་བ་དང་། སྟོང་པ་དང་། ཟུང་འཇུག་དང་། མཉམ་ཉིད་བཞི་ལ་ཞེན་པ་འགོག་པ་དང་། འོན་ཀྱང་དབུ་མའི་འཆར་རིམ་བཞི་དང་གཅིག་ཏུ་འཁྲུལ་པར་མི་བྱའོ། །
བཟོད་པ་ཆུང་འབྲིང་ཆེན་པོ་གསུམ་དུ། མཉམ་ཉིད་ཀྱི་ཁྱད་པར། མཚན་ཉིད་དང་། སྲིད་ཞི་དང་། བླང་དོར་གྱི་མཚན་མ་མཉམ་པ་ཉིད་ཡུལ་རྣམ་ཐར་གསུམ་ལ་ཞེན་པ་འགོག་པ་དང་། ཆོས་མཆོག་ཆུང་འབྲིང་ཆེན་པོ་གསུམ་དུ་རིམ་བཞིན་ཡུལ་ཅན་རྒྱུ་འབྲས་ངོ་བོའི་རྣམ་ཐར་གསུམ་ལྡན་ལ་ཞེན་པ་འགོག་ཚུལ་གཙོ་ཆེ་བའི་སྒོ་ནས་བསྟན་པ་ནི། དོན་གསལ་ལས། ཁ་ཅིག་ཏུ་རྒྱུའི་སྒོ་ནས་སོགས་གསུངས་པ་འདི་ལ་དགོངས་པར་སྣང་ཡང་། གཞན་དག་གིས་འཆད་ཚུལ་སྣ་ཚོགས་སྨྲ་བར་སྣང་ངོ་། །
གཉིས་པ་སྤང་བྱ་རྣམ་པར་རྟོག་པའི་སྒྲིབ་པ་ལ། གཟུང་བ་ཆོས་ཀྱི་རྟོག་པ་དང་། འཛིན་པ་གང་ཟག་གི་རྟོག་པ་གཉིས། དང་པོ་ལ་ངོ་བོའི་དབྱེ་བ་མདོར་བསྟན་པ་དང་། མཚན་གཞིའི་དབྱེ་བ་རྒྱས་པར་བཤད་པ་གཉིས།
དང་པོ། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས། ཡུལ་གཟུང་བར་བྱ་བ་དོར་བྱ་གཞི་ཡི་ཆོས་དང་། དེ་ཡི་གཉེན་པོ་བླང་བྱ་རྣམ་བྱང་གི་ཆོས་ཀྱི་དབྱེ་བ་ཡིས། ཡུལ་ཅན་ཆོས་སུ་གཟུང་བའི་རྟོག་པའང་རྣམ་པ་གཉིས་ཏེ། ཡུལ་དོར་བྱ་གཞི་ཡི་ཆོས་སུ་རྣམ་པར་རྟོག་པ་ཀུན་ཉོན་གཟུང་རྟོག་དང་། ཡུལ་བླང་བྱ་རྣམ་བྱང་གི་ཆོས་སུ་རྣམ་པར་རྟོག་པ་རྣམ་བྱང་གཟུང་རྟོག་དང་གཉིས་སུ་ཡོད་པ་ཡིན་ནོ། །ཁ་ཅིག་གཟུང་རྟོག་ལ་ཡང་རྫས་བཏགས་ཀྱི་འཛིན་པ་གཉིས་སུ་ཡོད་པར་འདོད་པ་རྣམས་ནི་མཁས་སུ་ཟིན་ཀྱང་སྐབས་དོན་ཤན་ཕྱེད་པར་འཚལ་ལོ། །
གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་བ་རྒྱས་པར་བཤད་པ་ནི། རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས། ཀུན་ཉོན་གཟུང་རྟོག་ཡུལ་གྱི་སྒོ་ནས་དབྱེ་ན་དགུ་སྟེ། ཇི་ལྟར་ན། ཡུལ་གཞི་ཡི་ཆོས་ལ། སྤྱི་དང་བྱེ་བྲག་ཁྱད་པར་གྱི་རྟོག་ཚུལ་གསུམ་ལས། དང་པོ་ཀུན་ཉོན་རྒྱུ་ཡི་ཆོས་མ་རིག་པ་ལ་རྟོག་པ་དང་། ཀུན་ཉོན་འབྲས་བུའི་ཆོས་སྡུག་བདེན་གྱི་ཕུང་པོ་ལ་རྟོག་པ་དང་། གཉིས་པ་ལ། ཀུན་ཉོན་གྱི་ངོ་བོ་རྒྱུ་འབྲས་སུ་རྟོག་ཚུལ་གསུམ་ལས། དང་པོ་ཀུན་ཉོན་གྱི་གཞི་མིང་གཟུགས་སུ་ཞེན་པའི་རྟོག་པ་དང་། གཞིའི་ཁྱད་པར་མཐའ་གཉིས་ལ་ཆགས་པར་རྟོག་པ་དང་། གཉིས་པ་ཀུན་ཉོན་གྱི་རྒྱུ་ཡི་ཁྱད་པར་ཀུན་བྱང་གི་སྐྱོན་ཡོན་མི་ཤེས་པར་རྟོག་པ་དང་། དེའི་སྐྱོན་གྱི་ཁྱད་པར་གཉེན་པོ་འཕགས་ལམ་ལ་མི་གནས་པར་རྟོག་པ་དང་། སྤང་བྱ་འཁོར་གསུམ་དམིགས་པར་རྟོག་པ་དང་། གསུམ་པ་འབྲས་བུ་བདག་གཞན་གྱི་སྲིད་པ་ལ་སོགས་པར་རྟོག་པ་དང་། གསུམ་པ་ཁྱད་པར་ལྡོག་བྱའི་ཆོས་སུ་རྟོག་ཚུལ། ལྡོག་བྱའི་ཆོས་ཀྱི་ཁྱད་པར་རྣམ་པར་དག་པ་ཉི་ཚེ་བ་བསྐྱེད་པའི་ཆོས་སུ་རྟོག་པ་སྟེ་དགུ་དང་། དེ་བཞིན་དུ་རྣམ་བྱང་གཟུང་རྟོག་ལ་ཡང་ཡུལ་གྱི་སྒོ་ནས་དབྱེ་ན་དགུ་སྟེ། ཇི་ལྟར་ན། ཡུལ་རྣམ་བྱང་གི་ཆོས་ལ་སྤྱི་དང་ཁྱད་པར་གྱི་རྟོག་ཚུལ་གཉིས་ལས། དང་པོ། རྣམ་བྱང་གི་ངོ་བོར་ཟག་མེད་ཀྱི་ཕུང་པོ་ལྔར་རྟོག་པ་དང་། བདག་པོའི་རྐྱེན་རྣམ་བྱང་གི་སྐྱེ་མཆེད་དུ་རྟོག་པ་དང་། ཉེར་ལེན་གྱི་རྒྱུ་ཟག་མེད་ཀྱི་ཁམས་སུ་རྟོག་པ་དང་། གཉིས་པ་ཁྱད་པར་དུ་རྟོག་ཚུལ་ལ། གཞི་ལམ་འབྲས་བུའི་ཆོས་སུ་རྟོག་ཚུལ་གསུམ་ལས། དང་པོ། རྟེན་ཅིང་འབྲེལ་འབྱུང་གི་སྐྱེ་བ་ཀུན་རྫོབ་པའི་ཆོས་སུ་རྟོག་པ་དང་། དེའི་ངོ་བོ་སྟོང་བ་ཉིད་དོན་དམ་པའི་ཆོས་སུ་རྟོག་པ་དང་། གཉིས་པ་ལམ་ལ་སྤྱོད་པ་དང་། ངོ་བོར་རྟོག་ཚུལ་གཉིས་ལས། དང་པོ། སྤྱོད་པ་སྤྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་དོན་དུ་རྟོག་པ་དང་། གཉིས་པ་ངོ་བོ་ལ་རྟོག་ཚུལ། སྔར་མ་རྟོགས་པའི་གནས་ལུགས་མཐོང་བ་མཐོང་ལམ་ལ་རྟོག་པ་དང་། མཐོང་ཟིན་སྒོམ་པ་སྒོམ་ལམ་ལ་རྟོག་པ་དང་། གསུམ་པ་འབྲས་བུར་རྟོག་ཚུལ། ལམ་མཐར་ཕྱིན་པའི་འབྲས་བུ་མི་སློབ་ལམ་ལ་རྟོག་པ་དང་རྣམ་བྱང་གཟུང་རྟོག་དགུ་སྟེ། དེ་ལྟར་ཡུལ་གཟུང་བ་ཆོས་ཀྱི་རང་བཞིན་ལ་གཞི་དང་གཉེན་པོའི་བྱེ་བྲག་གི་ཡུལ་གྱི་དབྱེ་བས། ཀུན་བྱང་གི་གཟུང་རྟོག་གཉིས་པོ་རེ་རེ་ལ་ཡང་སོ་སོར་རྣམ་པ་དགུ་རེར་ཡོད་པར་ཤེས་པར་བྱའོ། །
གཉིས་པ་འཛིན་རྟོག་ལ། ངོ་བོའི་དབྱེ་བ་མདོར་བསྟན་པ་དང་། མཚན་གཞིའི་དབྱེ་བ་རྒྱས་པར་བཤད་པ་གཉིས། དང་པོ། རྫས་དང་བཏགས་པའི་རྟེན་ཅན་གྱིས། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས། ཡུལ་གང་ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པ་ཙམ་གྱི་རྟེན་ཅན་གྱིས་དེའི་ཡུལ་ཅན་གང་ཟག་ཏུ་འཛིན་པའི་རྟོག་པའང་རྣམ་པ་གཉིས་ཏེ། ཡུལ་གང་ཟག་རྫས་སུ་རྣམ་པར་རྟོག་པ་རྫས་འཛིན་རྟོག་པ་དང་། ཡུལ་སྐྱེས་བུ་བཏགས་པར་རྣམ་པར་རྟོག་པ་བཏགས་འཛིན་དང་གཉིས་སུ་འདོད་དོ། །
གཉིས་པ་རྒྱས་བཤད་ལ། རང་དབང་བདག་སོགས་ངོ་བོ་དང་། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས། རྫས་འཛིན་རྟོག་པ་ལ། ཡུལ་གང་ཟག་བཏགས་ཙམ་མིན་པར་རང་དབང་ཅན་གྱི་བདག་ལ་སོགས་པ་ངོ་བོ་རྫས་ཡོད་ལྟ་བུར་རྟོག་ཚུལ་གྱིས་དགུ་སྟེ། ཇི་ལྟར་ན། གང་ཟག་གི་ཁྱད་གཞི་དང་། ཁྱད་ཆོས་སུ་རྟོག་ཚུལ་གཉིས་ལས། དང་པོ། བདག་རང་དབང་ཅན་གྱི་ངོ་བོར་རྟོག་པ་དང་། གཉིས་པ་ཁྱད་ཆོས་ལ། སྤྱི་དང་། བྱེ་བྲག །ཁྱབ་པར་དུ་རྟོག་ཚུལ་གསུམ་ལས། དང་པོ། བདག་ཟླ་མེད་པའི་གཅིག་པུར་རྟོག་པ་དང་། བདག་བྱེད་པ་པོའི་རྒྱུར་རྟོག་པ་དང་། བདག་ཡུལ་ལ་ལོངས་སྤྱོད་པ་པོའི་རྒྱུར་ལྟ་བ་སོགས་སུ་རྟོག་པ་དང་། གཉིས་པ་བྱེ་བྲག་འཁོར་འདས་འཆིང་གྲོལ་གྱི་རྟེན་དུ་རྟོག་ཚུལ། བདག་འཆིང་བ་ཀུན་ནས་ཉོན་མོངས་པའི་རྟེན་དུ་རྟོག་པ་དང་། བདག་གྲོལ་བ་འདོད་ཆགས་དང་བྲལ་བའི་རྟེན་དུ་རྟོག་པ་དང་། གསུམ་པ་ཁྱད་པར་འདས་ལམ་གྱི་རྟེན་དུ་རྟོག་ཚུལ། སྔར་མ་མཐོང་བའི་གནས་ལུགས་ཀྱི་དོན་མཐོང་བ་མཐོང་ལམ་གྱི་རྟེན་དུ་རྟོག་པ་དང་། མཐོང་ཟིན་སྒོམ་པར་བྱེད་པ་སྒོམ་ལམ་གྱི་རྟེན་དུ་རྟོག་པ་དང་། སྒོམ་པ་མཐར་ཕྱིན་པའི་བྱ་བ་བྱས་པ་འབྲས་བུ་མི་སློབ་པའི་རྟེན་དུ་རྟོག་པ་དང་དགུའོ། །
བཏགས་འཛིན་རྟོག་པ་ལ་ཡང་། ཡུལ་གང་ཟག་རྫས་སུ་མེད་ཀྱང་གདགས་གཞི་ཕུང་པོ་སོགས་ལ་བརྟེན་ནས་བཏགས་ཡོད་ཀྱི་ཁྱད་པར་ལས་གང་ཟག་བཏགས་འཛིན་རྟོག་པ་དགུ་སྟེ། ཇི་ལྟར་ན། གང་ཟག་གི་ཁྱད་གཞི་དང་། ཁྱད་ཆོས་སུ་རྟོག་ཚུལ་གཉིས་ལས། དང་པོ། གདགས་གཞི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། སྐྱེ་མཆེད་ལ་བརྟེན་ནས་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། ཁམས་ལ་བརྟེན་ནས་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། གཉིས་པ་དེའི་ཁྱད་ཆོས་འཁོར་འདས་འཆིང་གྲོལ་གྱི་རྟེན་དུ་རྟོག་ཚུལ་ལ། སྤྱི་དང་ཁྱད་པར་གཉིས་ལས། དང་པོ། བདག་འཆིང་བ་རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་དུ་འཁོར་བའི་ཆོས་ལ་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། གྲོལ་བ་རྣམ་པར་བྱང་བ་མྱང་འདས་ཀྱི་ཆོས་ལ་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། གཉིས་པ་ཁྱད་པར་དུ་རྟོག་ཚུལ་ལ། སྔར་མ་རྟོག་པའི་ཆོས་ཉིད་མཐོང་བ་མཐོང་ལམ་ལ་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། མཐོང་ཟིན་སྒོམ་པར་བྱེད་པ་སྒོམ་ལམ་ལ་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། སྒོམ་པ་ཁྱད་པར་དུ་གྱུར་པ་ཁྱད་པར་གྱི་ལམ་ལ་བཏགས་པའི་གང་ཟག་ཏུ་རྟོག་པ་དང་། ལམ་མཐར་ཕྱིན་པའི་འབྲས་བུ་མི་སློབ་པའི་ཆོས་ལ་བཏགས་པའི་གང་ཟག་ཏུ་རྟོག་པ་སྟེ། སྔར་བཤད་མ་ཐག་པ་རྫས་འཛིན་གྱི་རྟོག་པའི་དབྱེ་བ་དེ་བཞིན་བཏགས་འཛིན་རྟོག་པ་ལ་ཡང་དབྱེ་བ་རྣམ་པ་དགུ་ཡོད་པ་ཡིན་ནོ། །
དེ་ལྟར་ན་གཞུང་རྩ་འགྲེལ་རྣམས་སུ། གཟུང་རྟོག་དང་འཛིན་རྟོག་གི་ཁྱད་པར། གཞི་དང་གཉེན་པོས་བསྡུས་པའི་ཆོས་སུ་གཟུང་བ་གཟུང་རྟོག་དང་། རྫས་དང་བཏགས་པའི་རྟེན་ཅན་གྱི་གང་ཟག་ཏུ་འཛིན་པ་འཛིན་རྟོག་ཏུ་གཞུང་རྩ་བས་དངོས་སུ་བསྟན་ཅིང་། འཕགས་སེང་གཉིས་སོགས་ཀྱི་འགྲེལ་པ་རྣམས་སུ་ཡང་། སེམས་ཅན་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པའི་རྟེན་ཅན་གྱིས་སོགས་ཀྱིས་གསལ་བར་བསྟན་བཞིན་དུ། གཞན་དག་དེ་གཉིས་ཀྱི་ཁྱད་པར་བདག་དང་བདག་གི་བ་དང་། བེམ་པོ་དང་ཤེས་པ། ཡུལ་དང་ཡུལ་ཅན་གྱིས་འབྱེད་པ་སོགས་ས་ཟིན་མེད་པའི་བཤད་པ་སྣ་ཚོགས་བྱེད་པར་སྣང་ངོ་། །
དེས་ན་རྟོག་པ་འཕར་རྐྱང་གཉིས་ལས་རྐྱང་པར་འདོད་ཀྱི་འཕར་མ་མི་འཐད་དེ། ལུང་དོན་རིགས་པར་བཅས་པ་ལས་འགལ་བར་མཐོང་བའི་ཕྱིར། དགག་རྟོག་སྒྲུབ་རྟོག་གཉིས་ལས་སྒྲུབ་རྟོག་ཏུ་འདོད་དེ། ཆོས་དང་གང་ཟག་ཡོད་པར་རྟོག་པའི་བློ་ཡིན་པའི་ཕྱིར། དགག་རྟོག་མ་ཡིན་ཏེ། ཆོས་དང་གང་ཟག་མེད་པར་རྟོག་པའི་བློ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དགག་རྟོག་སྒྲུབ་རྟོག་གི་ཁྱད་པར་འཛིན་སྟངས་དགག་པ་དང་སྒྲུབ་པའི་རྣམ་པར་ཤར་བ་གཉིས་ཀྱིས་འབྱེད་པའི་ཕྱིར། དེས་ན་དེ་ལྟ་བུའི་རྟོག་པ་རྣམས་ལམ་གྱི་སྤང་བྱར་ལྡན་གྱི་ངོ་བོར་ལྡན་པ་མིན་ཏེ། སྦྱོར་ལམ་གྱི་ངོ་བོ་ཆོས་དང་གང་ཟག་གི་བདག་མེད་སྒོམ་པའི་བློ་ཆོས་ལ་མཐུན་པའི་བཟོད་པ་ཡིན་གྱི། འདིར་བསྟན་གྱི་རྟོག་པ་ག་ལ་ཡིན། འདིར་བསྟན་གྱི་རྟོག་པ་བཞི་པོ་སྦྱོར་ལམ་གྱིས་སུན་འབྱིན་པར་བྱེད་པ་ཡིན་གྱི་ངོ་བོར་སྒོམ་པ་ག་ལ་ཡིན། དེ་ལྟར་ན་འདིར་བསྟན་གྱི་རྟོག་པ་བཞིས་མཐོང་སྒོམ་ལམ་གྱི་སྤང་བྱ་སྒྲིབ་གཉིས་རྫོགས་པར་བསྡུས་པ་ཡིན་པས་དེ་ཇི་ལྟར་ལྡན་ཞིང་ཇི་ལྟར་སྤོང་བའི་ཚུལ་ནི། ཆོས་སུ་བདེན་པར་ཞེན་པའི་གཟུང་རྟོག་མངོན་གྱུར་དང་། གང་ཟག་རྫས་སུ་རྟོག་པའི་རྫས་འཛིན་མངོན་གྱུར་གཉིས་སོ་སྐྱེ་ལ་ཡོད་ཅིང་། འཕགས་པ་ལ་མེད་དེ། བདེན་མེད་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་གཉིས་མ་ཡིན་པའི་བཏགས་འཛིན་རྟོག་པ་མངོན་གྱུར་རྣམས་ནི་འཕགས་པ་ལ་ཡོད་ཀྱི། སོ་སྐྱེ་ལ་མེད་དེ། བདག་མེད་མངོན་སུམ་མ་རྟོགས་པའི་ཕྱིར། སོ་སྐྱེའི་རྒྱུད་ལ་བདེན་འཛིན་མངོན་དུ་གྱུར་པའི་སྟོབས་ཀྱིས་བཏགས་འཛིན་མངོན་དུ་གྱུར་ནུས་པ་མིན་ནོ། །
རྟོག་པ་བཞི་ཀའི་ས་བོན་སོ་སྐྱེ་ལ་སྤྱིར་ཡོད་ཅིང་། འཕགས་པ་ལ་རང་སའི་སྤང་བྱ་སྤོང་བཞིན་པ་དང་། ས་འོག་མའི་སྤང་བྱའི་ས་བོན་ཡང་མེད་ཅིང་། ས་གོང་མའི་སྤང་བྱ་རྣམས་ཀྱི་ས་བོན་ནི་སྤང་བྱར་ལྡན་ནོ། །
དེ་ཇི་ལྟར་སྤོང་བའི་ས་མཚམས་ནི། སྤྱིར་རྟོག་པ་ལ། ཀུན་བཏགས་དང་། ལྷན་སྐྱེས་དེའི་བག་ཉལ་ཤིན་ཏུ་ཕྲ་བ་དང་གསུམ་དུ་ངེས་པས། དང་པོ་མཐོང་ལམ་དང་། གཉིས་པ་སྒོམ་ལམ་ས་དགུས། གསུམ་པ་རྡོར་ཏིང་གིས་སྤོང་བ་དང་། དམིགས་བསལ་རྫས་འཛིན་རྟོག་པ་ཀུན་བརྟགས་ཀྱི་ཆ་མཐོང་ལམ་གྱིས་དང་། ལྷན་སྐྱེས་ས་བོན་གྱི་ཆ་ས་བདུན་པས་སྤངས་ཏེ་ཉོན་སྒྲིབ་སྤང་བ་རྫོགས་པ་དང་། དེའི་བག་ཉལ་ཤེས་སྒྲིབ་ཏུ་གྱུར་པ་ནི་དག་པ་ས་གསུམ་གྱིས་སྤང་བས། སྒོམ་ལམ་གཉེན་པོའི་ཚོགས་སྒྲུབ་དང་། སྒོམ་ལམ་རྩེ་སྦྱོར་གྱི་རྟོག་པ་བཞི་མ་ཚང་བར་ཐལ་བའི་སྐྱོན་ལས་ཀྱང་གྲོལ་བའོ། །
རྫས་འཛིན་རྟོག་པ་ས་དང་པོ་ནས་སྤངས་ཟིན་པར་འདོད་པ་དག་གིས། སྒོམ་ལམ་གཉེན་པོའི་ཚོགས་སྒྲུབ་དང་། སྒོམ་ལམ་རྩེ་སྦྱོར་གཉིས་འཆད་དཀའ་བར་སྣང་སྟེ། སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་གསུངས་པའི་ཕྱིར་རོ། །
གསུམ་པ་ཡོངས་འཛིན་ནི། ངོ་བོ་སྲིད་དང་ཞི་བའི་མཐའ་ལ་མི་ལྟུང་བར་འཛིན་པར་བྱེད་པ་དང་། དེ་ལ། བརྟེན་བྱ་ཕྱི་ནང་གི་ཡོངས་འཛིན་དང་། འགལ་རྐྱེན་མི་མཐུན་ཕྱོགས་སྤོང་བ། དེ་དག་གི་དོན་བསྡུ་བ་གསུམ། དང་པོ་ལ། ནང་དང་ཕྱིའི་ཡོངས་འཛིན་གཉིས་ལས། དང་པོ་ནི། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས། རྒྱུ་ནང་གི་ཡོངས་འཛིན་ཤེས་རབ་ཀྱིས་སྟོང་ཉིད་ཟབ་མོ་ལ་སེམས་མི་འགོང་ཞིང་ཀུན་ཏུ་མི་སྐྲག་པ་སོགས་དང་། དེའི་ཤུགས་ཀྱིས་ཐབས་སྙིང་རྗེས་གཞན་དོན་རླབས་པོ་ཆེ་ལ་མི་སྐྲག་པར་འཇུག་པ་སྟེ་ནང་གི་ཡོངས་འཛིན་ཐབས་ཤེས་ཁྱད་པར་ཅན་དང་། གཉིས་པ་ཕྱིའི་ཡོངས་འཛིན། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །ཅེས། རྐྱེན་ཕྱིའི་ཡོངས་འཛིན། ཤེས་རབ་ཀྱི་ཁྱད་པར་ངོ་བོ་ཉིད་མེད་པ་སོགས་སྟོན་པར་བྱེད་པ་དང་། དེའི་ཤུགས་ཀྱིས་ཐབས་ཀྱི་ཁྱད་པས་སྙིང་རྗེའི་ཐབས་དང་མ་བྲལ་བ་སྟེ། དེ་ལྟར་ཐབས་ཤེས་ཁྱད་པར་ཅན་སྟོན་པར་བྱེད་པའོ། །
གཉིས་པ་འགལ་རྐྱེན་སྤོང་བ་ནི། དེ་ཡི་མི་མཐུན་ཕྱོགས་བོར་བ། །ཞེས། དེ་དག་གི་མི་མཐུན་ཕྱོགས་ནང་ཐབས་ཤེས་དང་བྲལ་བ་དང་། ཕྱི་བདུད་ཀྱི་བཤེས་གཉེན་དག་ཡོངས་སུ་བོར་བའོ། །
གསུམ་པ་དོན་བསྡུ། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས། དེ་དག་ནི་རྣམ་པ་ཀུན་ཏུ་ཕྱི་དང་ནང་གི་ཡོངས་སུ་འཛིན་པའི་ཁྱད་པར་དག་ཡིན་ནོ། །
གསུམ་པ་བརྟེན་ཆོས་སྒྲུབ་པའི་གཞི་རྟེན་རིགས་ལ། དངོས་དང་། དེ་ལ་རྩོད་པ་སྤོང་བ་གཉིས། དང་པོ་ནི། ངོ་བོ་བརྟེན་ཆོས་སྒྲུབ་པའི་གཞི་རྟེན་སེམས་ཀྱི་གནས་ལུགས་དང་། དེ་ལ་དབྱེ་ན། སྤྱིར་སྒྲུབ་པའི་ཆོས་ཀྱིས་དབྱེ་བ་དང་། བྱེ་བྲག་སྤང་གཉེན་གྱི་ཆོས་ཀྱིས་དབྱེ་བ། ཁྱད་པར་རྟོགས་པའི་ཆོས་ཀྱིས་དབྱེ་བ་དང་གསུམ།
དང་པོ། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས། སྤྱིར་བརྟེན་ཆོས་སྒྲུབ་པའི་ངོ་བོ། སྦྱོར་ལམ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་སྟེ་སྤྱོར་ལམ་ཀྱི་ཆོས་བཞི་དང་། མཐོང་ལམ་དང་། སྒོམ་ལམ་གྱི་མངོན་པར་རྟོགས་པའི་ཆོས་ཏེ། སྒྲུབ་པའི་ངོ་བོ་རྟོགས་པ་ཡི་ནི་ཆོས་དྲུག་དང་། གཉིས་པ་བྱེ་བྲག་སྤང་གཉེན་གྱི་ཆོས་ལ། བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གྱི་ཆོས་གཉིས་ལས། དང་པོ། གཉེན་པོ་དང་ནི་སྤོང་བ་དང་། །ཞེས། བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་སྤང་བྱའི་དངོས་གཉེན་བྱེད་པ་གཉེན་པོའི་ཆོས་དང་། དེའི་སྟོབས་ཀྱིས་སྤང་བྱ་སྒྲིབ་གཉིས་སྤོང་བ་སྤོང་བའི་ཆོས་དང་། གཉིས་པ་རྣམ་གྲོལ་ལམ་གྱི་ཆོས། དེ་དག་ཡོངས་སུ་གཏུགས་པ་དང་། །ཞེས། དེ་ལྟ་བུའི་སྤང་གཉེན་དེ་དག་རྫོགས་པར་ཡོངས་སུ་གཏུགས་པ་རྣམ་གྲོལ་གྱི་ཆོས་དང་། གསུམ་པ་ཁྱད་པར་རྟོགས་པའི་ཆོས་ལ། ངོ་བོ་དང་། ཁྱད་ཆོས། བྱེད་ལས་ཀྱི་ཁྱད་པར་དང་གསུམ།
དང་པོ། ཤེས་རབ་སྙིང་བརྩེར་བཅས་པ་དང་། །ཞེས། དེ་ལྟ་བུའི་རྟོགས་པའི་ངོ་བོ་ཤེས་རབ་ཀྱི་རང་བཞིན་ཐབས་སྙིང་བརྩེར་བཅས་པའི་ཆོས་དང་། གཉིས་པ་ཁྱད་ཆོས། སློབ་མ་ཐུན་མོང་མིན་ཉིད་དང་། །ཞེས། དེ་ལྟར་ཐབས་ཤེས་ཀྱི་མངོན་རྟོགས་དེ་ཡང་སློབ་མ་ཉན་རང་དང་ཐུན་མོང་མིན་པ་ཉིད་ཀྱི་ཆོས་དང་། གསུམ་པ་བྱེད་པ། གཞན་གྱི་དོན་གྱི་གོ་རིམ་དང་། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས། གནས་སྐབས་ཀྱི་བྱེད་པ་དྲང་ལྡེམ་དགོངས་བཞིའི་ཚུལ་གྱིས་གཞན་གྱི་དོན་སྐལ་བ་དང་འཚམས་པར་གོ་རིམ་བཞིན་བྱེད་པའི་ཆོས་དང་། མཐར་ཐུག་གི་བྱེད་པ་རང་དོན་ཆོས་སྐུའི་ཡེ་ཤེས་གཞན་དོན་རྩོལ་བ་མི་མངའ་བ་ལ་འཇུག་པར་བྱེད་པའི་ཆོས་ཏེ། དེ་ལྟར་བརྟེན་ཆོས་སྒྲུབ་པ་བཅུ་གསུམ་པོའི་རྟེན་དུ་གྱུར་པའི་ཆོས་དབྱིངས་རང་བཞིན་གནས་རིགས་ལ་རིགས་ཞེས་བྱའོ། །
གཉིས་པ་རྩོད་སྤོང་ནི། རྩོད་པའི་ཁྱད་པར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས། ཆོས་ཀྱི་དབྱིངས་ལ་ངོ་བོའི་དབྱེ་བ་ཐ་དད་མེད་པའི་ཕྱིར་ན། རིགས་ཀྱི་དབྱེ་བ་ནི་ཐ་དད་པ་བཅུ་གསུམ་དུ་དབྱེར་རུང་བ་མ་ཡིན་ནོ་ཞེས་པར། ལན་གྱི་ཁྱད་པར། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས། རིགས་ཀྱི་ངོ་བོ་ལ་ཐ་དད་པ་བཅུ་གསུམ་དུ་དབྱེར་ཡོད་པ་མ་ཡིན་ཡང་། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས་རིགས་དེ་ཡི་དབྱེ་བ་བཅུ་གསུམ་དུ་ལྡོག་པའི་སྒོ་ནས་ཡོངས་སུ་བརྗོད་པ་ཡིན་ནོ་ཞེས་དངོས་བསྟན་གྱི་རྩོད་སྤོང་དང་། དེའི་ཤུགས་ཀྱིས་འཕྲོས་དོན་གྱི་རྩོད་པ་དང་ལན་གྱི་ཁྱད་པར་རྣམས་ཀྱང་འཕགས་སེང་གཉིས་ཀྱི་འགྲེལ་པ་ལྟར་རྟོགས་པར་བྱའོ། །
དེ་ལྟ་བུའི་རིགས་ཀྱི་ས་མཚམས་ནི། སྤྱིར་རིགས་ཙམ་ནི་སེམས་ཅན་ཀུན་ལ་ཁྱད་པར་གནས་ཀྱང་བྱེ་བྲག་བརྟེན་ཆོས་སྒྲུབ་པའི་རྟེན་བྱེད་པའི་ཁྱད་པར་ལས། སྦྱོར་ལམ་དྲོད་ནས། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་བར་གྱི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་ཉིད་ལ་རིགས་ཞེས་བྱའོ། །
གསུམ་པ་ངོ་བོ་ཉམས་ལེན་སྒྲུབ་པའི་མངོན་རྟོགས་ལ། ཤེས་བྱ་བླང་དོར་གྱི་ཡན་ལག་དམིགས་པ། མཐར་ཐུག་བསྒྲུབ་བྱའི་དམིགས་པ་ཆེད་དུ་བྱ་བ། ཉམས་ལེན་མངོན་རྟོགས་སྒྲུབ་པའི་རྣམ་པ་བཤད་པའོ། །
དང་པོ་ནི། ངོ་བོ་ཤེས་བྱ་བླང་དོར་གྱི་ཡན་ལག་ཏུ་དམིགས་བྱའི་གཞི་དང་། དེ་ལ་དབྱེ་ན་ཤེས་བྱ་བླང་དོར་གྱི་གཞི་སྤྱིར་བསྟན་པ་དང་། བླང་དོར་བཏང་སྙོམས་ཀྱི་དམིགས་པ་ཕྱེས་ཏེ་དབྱེ་བ་གཉིས།
དང་པོ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས། བླང་དོར་སྒྲོ་འདོགས་གཅོད་པའི་དམིགས་པ་ཤེས་བྱའི་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་ལ་སྤྱིར་དམིགས་པ་ཉིད་དེ། དེ་ལྟར་ཤེས་བྱའི་ཆོས་རྣམས་ཐམས་ཅད་སྐབས་འདིར་དམིགས་བྱའི་གཞི་དང་། གཉིས་པ། དམིགས་པ་བཅུ་གཅིག་ཏུ་རྒྱས་པར་དབྱེ་བ་ནི། དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོག་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། །ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་གང་བླང་བར་བྱ་བ་དགེ་བའི་ཆོས་ལ་དམིགས་པ་དང་། གང་སྤང་བར་བྱ་བ་མི་དགེ་བའི་ཆོས་ལ་དམིགས་པ་དང་། གང་བཏང་སྙོམས་སུ་བྱ་བ་ལུང་མ་བསྟན་གྱི་ཆོས་ལ་དམིགས་པ་དང་། དེ་ནས་བླང་བྱ་དགེ་བའི་ཆོས་དེ་ལ་ཡང་། གནས་སྐབས་བླང་བྱ་འཇིག་རྟེན་པའི་ཆོས་ལ་དམིགས་པ་དང་། མཐར་ཐུག་བླང་བྱ་འཇིག་རྟེན་པའི་ཆོས་ལ་དམིགས་པ་དང་། དེ་ནས་བླང་བྱ་འདས་ལམ་གྱི་ཆོས་ལ་ཡང་། གང་སྤང་བར་བྱ་བ་ཟག་བཅས་ཀྱི་ཆོས་ལ་དམིགས་པ་དང་། གང་བླང་བར་བྱ་བ་གཉེན་པོ་ཟག་མེད་ཀྱི་ཆོས་ལ་དམིགས་པ་དང་། དེ་ནས་ཟག་མེད་ཀྱི་ཆོས་དེ་ལ་ཡང་། གནས་སྐབས་རྣམ་ཤེས་ཀྱི་སྤྱོད་ཡུལ་འདུས་བྱས་ཀྱི་ཆོས་ལ་དམིགས་པ་དང་། མཐར་ཐུག་ཡེ་ཤེས་ཀྱི་སྤྱོད་ཡུལ་འདུས་མ་བྱས་པའི་ཆོས་ལ་དམིགས་པ་དང་། དེ་ནས་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་འཕགས་པའི་ཆོས་ལ་ཡང་། སློབ་མ་ཉན་རང་གི་ཡོན་ཏན་ཐུན་མོང་པའི་ཆོས་ལ་དམིགས་པ་དང་། མཐར་ཐུག་ཐུབ་པའི་ཡོན་ཏན་ཐུན་མོང་མ་ཡིན་པའི་ཆོས་ལ་དམིགས་པ་སྟེ། དེ་ལྟར་དམིགས་པ་བཅུ་གཅིག་ཏུ་ངེས་པའོ། །
དེ་ལ་དམིསག་པར་བྱེད་པའི་ས་མཚམས། གཙོ་ཆེར་ཚོགས་ལམ་ཆུང་ངུ་ནས་སོ། །གཉིས་པ་ཆེད་དུ་བྱ་བ་ནི། ངོ་བོ་མཐར་ཐུག་སྒྲུབ་པའི་ཆོས་ཀྱི་བསྒྲུབ་བྱ་ཐུན་མིན་གྱི་ཆོས་དང་། དེ་ལ་དབྱེ་ན། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདིར་ཤེས་བྱ། །ཞེས། ཆོས་གང་དང་ལྡན་པས་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་ཆོས་ཐབས་ཀྱི་ཁྱད་པར་སེམས་ཐུགས་རྗེ་ཆེན་པོ་དང་། སྤང་བའི་ཁྱད་པར་སྤང་བ་ངོ་བོ་ཉིད་ཀྱི་སྐུ་དང་། རྟོགས་པའི་ཁྱད་པར་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་དང་གསུམ་པོ་ལ་ཆེན་པོ་གསུམ་གྱི་རང་བཞིན་རང་བྱུང་རྫོགས་པའི་སངས་རྒྱས་དག་གི་ཡོན་ཏན་ནི་སྒྲུབ་པས་ཆེད་དུ་བྱ་བ་ཆེན་པོ་གསུམ་སྟེ་འདི་དག་མི་དམིགས་པའི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟ་བུའི་བསྒྲུབ་བྱ་ཡུལ་གྱི་རྣམ་མཁྱེན་ཆེད་དུ་བྱ་བ་ཆེན་པོ་གསུམ་ནི་སངས་རྒྱས་ཀྱི་ས་ན་ཡོད་ཅིང་། དེ་མི་དམིགས་པར་རྟོགས་པའི་སྒྲུབ་བྱེད་རྒྱུ་ཡི་རྣམ་མཁྱེན་ནི་སློབ་ལམ་གྱིས་བསྡུས་པ་ཉིད་དོ། །
གསུམ་པ་ཉམས་ལེན་མངོན་རྟོགས་སྒྲུབ་པའི་རྣམ་པ་བཤད་པ་ལ། བསམ་པ་ཐབས་ཤེས་ཟུང་འབྲེལ་གོ་སྒྲུབ། འཇུག་ཡུལ་ལམ་འབྲས་ཡོངས་རྫོགས་འཇུག་སྒྲུབ། སྦྱོར་བ་ཚོགས་གཉིས་ཟུང་འབྲེལ་ཚོགས་སྒྲུབ། བསྒྲུབ་བྱ་སྤངས་རྟོགས་ཡོངས་རྫོགས་ངེས་འབྱུང་སྒྲུབ་པ་དང་བཞི།
དང་པོ་ནི། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས། ངོ་བོ་བསམ་པ་ཐབས་ཤེས་ཟུང་འབྲེལ་ཕྱིན་དྲུག་གི་སྒྲུབ་པ་དང་། དེ་ལ་དབྱེ་ན་སུམ་ཅུ་རྩ་དྲུག་སྟེ། བསམ་པ་ཐབས་ཤེས་ཟུང་འབྲེལ་གྱི་ཁྱད་པར་གང་བསྒྲུབ་པར་བྱ་བ་ཆེན་པོ་གསུམ་གྱིས་བསྡུས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཡིད་ལ་བྱེད་པ་དང་ལྡན་པའི་སྒོ་ནས། ཤེས་རབ་ཟབ་མོས་རྣམ་པ་ཐམས་ཅད་མི་དམིགས་པར་རྟོགས་པས་ཡུམ་ལ་སྤྱོད་ཅིང་། ཐབས་རྒྱ་ཆེ་བ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་། དེ་དག་སོ་སོར་ཡང་སྦྱིན་པ་ལ་སོགས་པ་ཡན་ལག་གི་དབྱེ་བ་སུམ་ཅུ་རྩ་དྲུག་གི་རང་བཞིན་དུ་གྱུར་པ་རྣམས་ཀྱང་དབྱེ་གཞི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ཏུ་བསྡུས་པ་ཡི་སྒོ་ནས། གོ་བགོས་པའི་གོ་ཆའི་སྒྲུབ་པ་གང་ཡིན་པ་དེ་ནི། དྲུག་གི་སྒོ་ནས་ཇི་ལྟ་བ་བཞིན་དུ་ཤེར་མདོ་ལས་བཤད་དེ། མདོ་ལས། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་དང་ལྡན་པ་ཡིད་ལ་བྱེད་པས་སྤྱིན་པ་གཏོང་ཞིང་། ཞེས་སོགས་རྒྱ་ཆེར་གསུངས་སོ། །
དེ་ལྟར་ན་དབྱེ་གཞི་རྩ་བའི་ཕྱིན་དྲུག་ནི་སྡུད་བྱེད་དང་། དབྱེ་ངོ་ཡན་ལག་གི་ཕྱིན་དྲུག་ནི་བསྡུ་བྱར་འཇོག་པ་སྐབས་ཀྱི་དོན་ཡིན་གྱི། བསྡུ་བྱའི་སྦྱིན་པ་དྲུག་སྦྱིན་པར་བསྡུ་བ་ནི། དབྱེ་ངོ་རྣམས་དབྱེ་གཞིར་བསྡུ་བའི་གནད་མ་རྟོགས་པར་ཟད་དོ། །དེ་ལྟ་བུའི་གོ་སྒྲུབ་ནི། སྤྱིར་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་པའོ། །
གཉིས་པ་འཇུག་སྒྲུབ་ནི། ངོ་བོ་འཇུག་ཡུལ་ལམ་འབྲས་ཡོངས་རྫོགས་ཐེག་ཆེན་ལ་འཇུག་པ་དང་། དེ་ལ་དབྱེ་ན་རྒྱུ་ལམ་ལ་འཇུག་པ་དང་། འཐོབ་བྱ་འབྲས་བུ་ལ་འཇུག་པ་གཉིས་ལས། དང་པོ་ལ། ཐུན་མོང་འཇིག་རྟེན་པའི་ལམ་དང་། ཐུན་མིན་འདས་ལམ་ལ་འཇུག་པ་གཉིས་ལས། དང་པོ། བསམ་གཏན་གཟུགས་མེད། ཅེས། རྟེན་ཞི་གནས་ཀྱི་ཁྱད་པར་འཇིག་རྟེན་པའི་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་དང་། གཉིས་པ་འདས་ལམ་ལ། སྤྱི་དང་། བྱེ་བྲག ཁྱད་པར་གསུམ་ལས། དང་པོ། སྦྱིན་སོགས་དང་། །ཞེས། སྤྱིར་འཇིག་རྟེན་ལས་འདས་པའི་ལམ་སྦྱིན་སོགས་ཕར་ཕྱིན་ལ་འཇུག་པ་དང་། གཉིས་པ། ལམ་དང་། ཞེས། བྱེ་བྲག་འདས་ལམ་གྱི་ངོ་བོ་མཐོང་སྒོམ་གྱི་ལམ་ལ་འཇུག་པ་དང་། གསུམ་པ་ཐབས་ཤེས་ཀྱི་ཁྱད་པར། བྱམས་ལ་སོགས་པ་དང་། །དམིགས་པ་མེད་དང་ལྡན་པ་དང་། །འཁོར་གསུམ་རྣམ་པར་དག་པ་དང་། །ཞེས། ཐབས་ཀྱི་ཁྱད་པར་བྱམས་སོགས་ཚད་མེད་བཞི་ལ་འཇུག་པ་དང་། ཤེས་རབ་ཀྱི་ཁྱད་པར། མཉམ་གཞག་ཏུ་སྤྲོས་པའི་དམིགས་པ་མེད་པ་སྣང་མེད་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་དང་། རྗེས་ཐོབ་ཏུ་འཁོར་གསུམ་རྣམ་པར་དག་པ་སྣང་བཅས་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་དང་། གཉིས་པ་འཐོབ་བྱ་འབྲས་བུ་ལ་འཇུག་པ་ནི། ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །ཞེས། སྤྱིར་གང་བསྒྲུབ་པར་བྱ་བ་འབྲས་བུ་ཆེད་དུ་བྱ་བ་ཆེན་པོ་གསུམ་ལ་འཇུག་པ་དང་། བྱེ་བྲག་རྟོགས་པ་ཆེན་པོའི་ཁྱད་པར། ཐུན་མོང་བ་མཐུ་མངོན་ཤེས་དྲུག་གི་ཡོན་ཏན་ལ་འཇུག་པ་དང་། ཐུན་མིན་གྱི་ཡོན་ཏན་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་དང་། དེ་ལྟར་འཇུག་ཡུལ་ལམ་འབྲས་ཡོངས་རྫོགས་ལ་ཇི་ལྟར་འཇུག་པའི་ཚུལ་ཡང་། སྡུད་པ་རྒྱན་སྦྱར་ལས། གོ་ཆ་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་ཐེག་ཆེན་གྱི་ལམ་དང་འབྲས་བུས་བསྡུས་པའི་ཆོས་ཀུན་ལ་འཇུག་པ་ཡིན་ཞིང་། ཞེས་གསུངས་པ་ལྟར་རོ། །
དེ་ལྟར་དབྱེ་བའི་དོན་བསྡུ་བ་ནི། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེགས་པ་ཡིན་པར་ཤེས་པར་བྱ། །ཞེས། འཇུག་ཡུལ་གནས་སྐབས་ལམ་གྱི་ཆོས་དྲུག་དང་། བསྒྲུབ་བྱ་འབྲས་བུའི་ཆོས་གསུམ་སྟེ་འཇུག་ཡུལ་དགུར་གྲངས་ངེས་པའི་ཚུལ་ལ་འཇུག་པའི་སྒྲུབ་པ་ནི་འཇུག་ཡུལ་ཐེག་པ་ཆེན་པོ་ལམ་འབྲས་ཡོངས་རྫོགས་ལ་འཛེགས་པ་ཡིན་པར་ཤེས་པར་བྱའོ། །འདི་ལ་རྒྱུ་ལམ་གྱི་ཆོས་བརྒྱད་དང་། འབྲས་བུའི་ཆོས་གཅིག་ཁོ་ནར་བྱེད་པར་ཡང་སྣང་ངོ་། །དེ་ལྟ་བུའི་འཇུག་སྒྲུབ་ཀྱི་ས་མཚམས། མཐོང་ལམ་ལ་བརྒྱུད་ནས་སྦྱོར་བའི་རིང་སྦྱོར་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་པར་བཞེད་དོ། །
གསུམ་པ་ཚོགས་སྒྲུབ་ལ། སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ་ནི། ངོ་བོ་སྦྱོར་བ་ཚོགས་གཉིས་ཟུང་འབྲེལ་ལམ་གྱི་སྒྲུབ་པ་དང་། དེ་ལ་དབྱེ་ན། སྤྱི་དང་། བྱེ་བྲག ཁྱད་པར་གྱི་ཚོགས་སྒྲུབ་གསུམ། དང་པོ་བསམ་སྦྱོར་གྱི་ཚོགས་སྤྱིར་བསྟན་པ། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཅེས། བསམ་པའི་ཁྱད་པར་བརྩེ་བ་སྙིང་རྗེ་ཆེན་པོའི་ཚོགས་དང་། སྦྱོར་བའི་ཁྱད་པར། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཚོགས་དང་། གཉིས་པ་ཚོགས་གཉིས་ཀྱི་ངོ་བོ་བྱེ་བྲག་ཏུ་བསྟན་པ་ལ། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་གཉིས་ལས། དང་པོ། ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འབྲེལ་བའི་ལམ་གང་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི། ཞེས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐ་མ་གཉིས་ཡེ་ཤེས་ཀྱི་ཚོགས་ཏེ། ཇི་ལྟར་ན། རྟེན་བསམ་གཏན་གྱི་ཏིང་ངེ་འཛིན་ཞི་གནས་ཀྱི་ཚོགས་དང་། དེ་ཡང་འཇིག་རྟེན་པའི་ལམ་ལས་ཁྱད་པར་དུ་འཕགས་པ་ཤེས་རབ་བདག་མེད་རྟོགས་པའི་ལྷག་མཐོང་གི་ཚོགས་དང་བཅས་པ་དང་། དེ་ཡང་ཐེག་དམན་ལས་ཁྱད་པར་དུ་འཕགས་པ་ཐབས་སྙིང་རྗེ་ཆེན་པོ་དང་ཟུང་དུ་འབྲེལ་བའི་ལམ་གང་དང་། དེ་ཡང་ཐབས་མི་མཁས་པའི་བྱང་སེམས་ལས་ཁྱད་པར་དུ་འཕགས་པར་བྱེད་པ་ཐབས་ལ་མཁས་པའི་ཚོགས་དང་བཅས་པ་གང་ཡིན་པ་དང་། དེ་ལྟ་བུའི་ཁྱད་པར་དང་བཅས་པའི་བདག་མེད་ཀྱི་མངོན་རྟོགས་ཡེ་ཤེས་ཀྱི་ཚོགས་དང་། དེ་ལ་ཡུལ་གྱི་དབྱེ་བས་སྟོང་ཉིད་ཉི་ཤུ་རྟོགས་པའི་ཡེ་ཤེས་ཉི་ཤུ་ཡོད་དོ། །
གཉིས་པ་ནི། བསོད་ནམས་དང་། །ཞེས། འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམསལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དོ། །ཞེས་གསུངསཔ་ལྟར། ཕར་ཕྱིན་དྲུག་ལས། བརྩོན་འགྲུས་ནི་ཚོགས་གཉིས་ཀར་གཏོགས་པས་སྦྱིན་སོགས་གསུམ་ནི་བསོད་ནམས་ཀྱི་ཚོགས་དང་། གསུམ་པ་ཚོགས་གཉིས་སྒྲུབཔའི་ལམ་གྱི་ཁྱད་པར་ནི། ལམ་དང་གཟུངས་དང་ས་བཅུ་དང་། །གཉེན་པོ། ཞེས། ངོ་བོ་ཚོགས་གཉིས་སྒྲུབ་པའི་གཞི་རྟེན་མཐོང་བ་དང་སྒོམ་པའི་ལམ་གྱི་ཚོགས་དང་། རྒྱུ་ཚོགས་གཉིས་མི་ཟད་པར་བྱེད་པ་ལམ་གྱི་ཡོན་ཏན་གཟུངས་ཀྱི་ཚོགས་དང་། ལམ་གྱི་ཉམས་ལེན་རྗེས་ཐོབ་ཏུ་སྒྲིབ་པའི་གནས་ངན་ལེན་སྤོང་བའི་སྒོ་ནས་བསོད་ནམས་ཀྱི་ཚོགས་སྒྲུབ་པ་ས་ཡི་ཚོགས་དང་། མཉམ་གཞག་ཏུ་སྒྲིབ་པའི་ས་བོན་སྤོང་བའི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་གཉེན་པོའི་ཚོགས་སྒྲུབ་ཉིད་དོ། །དེ་ལྟར་ན་སྡུད་པ་རྒྱན་སྦྱར་ལས། ཚོགས་ཚད་མེད་པ་དེ་དག་ཀྱང་ཅི་རིགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུ་ལ། ཞེས་གསུངས་པའི་དོན་ཡང་རྟོགས་པར་འགྱུར་རོ། །
དེ་ལྟར་དབྱེ་བའི་དོན་བསྡུ་བ་ནི། ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས། དེ་ལྟར་ན། ཚོགས་ཀྱི་སྒྲུབ་པ་བཅུ་བདུན་གྱི་གྲངས་དང་གོ་རིམ་ངེས་པའི་རིམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཚོགས་སྒྲུབ་དང་པོ་བཅོ་ལྔ་སྦྱོར་ལམ་ཆོས་མཆོག་ནས་རྒྱུན་མཐའི་བར་དང་། སའི་ཚོགས་ས་བཅུའི་རྗེས་ཐོབ་རྣམས་དང་། གཉེན་པོའི་ཚོགས་ས་བཅུའི་མཉམ་གཞག་རྣམས་སུ་རིམ་བཞིན་ཡོད་པར་བཞེད་དོ། །
གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། རྗེས་ཐོབ་ཚོགས་ཀྱི་ཡོངས་སྦྱོང་སའི་ཚོགས་དང་། མཉམ་གཞག་ཡེ་ཤེས་ཡོངས་དག་གཉེན་པོ་ཚོགས་སྒྲུབ་གཉིས། དང་པོ་ལ། ས་དགུ་ཡོངས་སྦྱོང་གི་སྒོ་ནས་བསྟན་པ་དང་། ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པ་གཉིས། དང་པོ་ལ། ས་དང་པོའི་ཡོངས་སྦྱོང་ཕྱེས་ཏེ་བསྟན་པ་དང་། ས་ལྷག་མའི་ཡོངས་སྦྱོང་གི་རྣམ་གྲངས་སྨོས་པའོ། །དང་པོ་ལ། ཡོངས་སྦྱོང་སྟོབས་ཀྱིས་ས་ཡི་ཐོབ་ཚུལ་བསྟན། །ངོ་བོ་ཉམས་ལེན་ཐབས་ཀྱི་རྣམ་གྲངས་བཤད། །སྦྱོང་བྱེད་ཤེས་རབ་ཟབ་མོས་སྦྱོང་ཚུལ་གསུམ། །དང་པོ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །ཞེས་པའི་རྗེས་ཐོབ་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བར་བྱེད་པའི་ས་དང་པོའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་ས་ནི་དང་པོ་འཐོབ་པར་འགྱུར་ཏེ་ཞེས། སའི་ཡོངས་སྦྱོང་གི་ངོ་བོ་མདོར་བསྟན་པའོ། །
དེ་ལ་མདོའི་དངོས་བསྟན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་འདི་ལྟ་སྟེ། ཞེས་སོགས་ཀྱིས་ས་ཐོབ་ཟིན་རྫོགས་པར་བྱེད་པའི་ཁྱད་པར་དུ་གསུངས་ལ། དེའི་སྦས་དོན་གྱི་དགོངས་པ་ལྟར་བསྟན་བཅོས་ཀྱི་དངོས་བསྟན་ལ། ས་མ་ཐོབ་པ་འཐོབ་བྱེད་ལྟ་བུར་ཡང་གསུངས་པས། མདོར་ན་ས་མ་ཐོབ་པ་འཐོབ་བྱེད་དང་། ཐོབ་ཟིན་རྫོགས་པར་བྱེད་པ་གཉིས་ཀའི་སྒོ་ནས། ས་དེ་དང་དེའི་ཡོངས་སྦྱོང་དུ་འགྱུར་གྱི་ཕྱོགས་རེའི་མིག་ཅན་གྱིས་གཞུང་དོན་རྫོགས་པར་མ་མཐོང་བར་སྣང་ངོ་། །
གཉིས་པ་ནི། ངོ་བོ་ས་དང་པོའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་ཡོངས་སྦྱོང་གསུམ་ལས། དང་པོ། བསམ་དང་ཕན་པའི་དངོས་ཉིད་དང་། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་། ཞེས། བསམ་པའི་ཁྱད་པར་སེམས་ཅན་ལ་གྱ་གྱུ་མེད་པའི་བསམ་པ་དག་པ་དང་། དངོས་པོའི་ཁྱད་པར་དགོས་པའི་དོན་ལ་ཕན་པའི་དངོས་པོ་དག་པ་དང་། ཡུལ་གྱི་ཁྱད་པར་དགྲ་གཉེན་ཀུན་ལ་སེམས་མཉམ་པ་ཡུལ་དག་པ་དང་། སྦྱོར་བའི་ཁྱད་པར་གཏོང་བ་གསུམ་གྱི་སྒོ་ནས་བདོག་པ་ཀུན་ཡོངས་སུ་གཏོང་བ་གཏོང་བ་དག་པ་དང་། གཉིས་པ་ཆོས་ཀྱི་སྦྱིན་པ། བཤེས་གཉེན་བསྟེན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་སྐུ་འདོད་དགའ་བ་དང་། །ཆོས་སྟོན་པ་དང་། ཞེས་ཆོས་འཆད་པའི་བདག་པོའི་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། ཉེར་ལེན་གྱི་རྒྱུ་ཐེག་གསུམ་གྱི་དམ་པའི་ཆོས་ཀྱི་དམིགས་པ་ཚོལ་བ་དང་། ལྷན་ཅིག་བྱེད་པའི་རྟེན་ཁྱིམ་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་དང་ལྡན་པ་དང་། དམིགས་པའི་ཡུལ་བསྒྲུབ་བྱ་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་འདོད་པ་དང་། སྦྱོར་བའི་ཁྱད་པར་ཚུལ་དེ་ལྟ་བུའི་སྒོ་ནས་དམ་པའི་ཆོས་ཡོངས་སུ་སྟོན་པ་དང་། གསུམ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི། བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །ཅེས་བདེན་ཚིག་བརྗོད་པའི་སྒོ་ནས་མེ་ཆུ་སོགས་ཀྱི་འཇིགས་པ་ལས་སྐྱོབ་པར་བྱེད་པ་ནི། ས་དང་པོའི་ཡོངས་སྦྱོང་གི་ཆོས་བཅུ་པ་ཡིན་པར་མདོ་ལས་ཡོངས་སུ་བརྗོད་དོ། །
དེ་ལྟར་ན་ས་དང་པོའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུའོ། །དེ་ལྟར་འཆད་ཤེས་ན། བསམ་དང་ཕན་པའི་དངོས་ཉིད་དང་། །སོགས་ཀྱིས་ས་དང་པོའི་སྦྱིན་པའི་ཕར་ཕྱིན་ལྷག་པར་བསྟན་པ་སོགས། ས་སོ་སོའི་ཡོངས་སྦྱོང་རྣམས་ཀྱིས་ས་དེ་དང་དེའི་ཕར་ཕྱིན་ལྷག་པར་བསྟན་པའི་ཚུལ་རྒྱ་བོད་མཁས་པ་རྣམས་ཀྱིས་བཞེད་པའི་དགོངས་དོན་ཡང་རྟོགས་པ་དང་། ཁྱད་པར་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས། ས་དང་ས་རྣམས་སུ་ཕར་ཕྱིན་སོགས་ཉམས་ལེན་གྱི་རིམ་པ་གཞན་དང་གཞན་རྣམས་ཡོད་ཀྱང་ས་དང་པོར་སྦྱིན་པའི་ཕར་ཕྱིན་ལྷག་པའི་ཁྱད་པར་བསྟན་པ་སོགས་ཀྱི་དགོངས་པའི་གནད་ཀྱང་རྟོགས་པར་འགྱུར་རོ། །
གསུམ་པ་ཇི་ལྟར་སྦྱོང་བའི་ཚུལ། འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས། དེ་ལྟར་སྦྱིན་པའི་ཕར་ཕྱིན་གྱིས་བསྡུས་པའི་ས་དང་པོའི་ཡོངས་སྦྱོང་དེ་དག་ལ་འཁོར་གསུམ་དུ་མཚན་མར་འཛིན་པ་ཡོད་ན། འཇིག་རྟེན་པའི་ཕར་ཕྱིན་ཙམ་ལས་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་མི་འགྱུར་བས། དེས་ན་ཟིན་བྱ་ཐབས་ཀྱི་རྣམ་པ་ཆོས་བཅུ་པོ་དེ་དག་ཟིན་བྱེད་ཤེས་རབ་ཀྱི་རྣམ་པ་འཁོར་གསུམ་གྱི་རང་བཞིན་མི་དམིགས་པར་རྟོགས་པའི་རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱིས་མཚན་འཛིན་མངོན་གྱུར་སྤོང་བ་སོགས་ས་དེའི་གནས་ངན་ལེན་གྱི་སྒྲིབ་པ་ཡོངས་སུ་སྦྱོང་བར་ཤེས་པར་བྱའོ། །
གཉིས་པ་ལ་བརྒྱད་ལས། ས་གཉིས་པའི་ཡོངས་སྦྱོང་ནི། ངོ་བོ་ས་གཉིས་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། སེམས་ཅན་དོན་བྱེད་དང་། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་གསུམ་ལས། དང་པོ། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །ཞེས། ངོ་བོའི་ཁྱད་པར་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དག【༡】པ་དང་། ཡུལ་གྱི་ཁྱད་པར་རང་ལ་ཕན་པར་བྱས་པ་ལ་དྲིན་དུ་གཟོ་བའི་སྒོ【༢】ནས་དང་། གནོད་པར་བྱེད་པ་ལ་ཇི་མི་སྙམ་དུ་བཟོད་པའི་སྒོ་ནས་དེ་དག་གི་དོན་བྱེད་པ【༣】དང་། སྦྱོར་བའི་ཁྱད་པར་སེམས་ཅན་གྱི་དོན་ལ་རབ་ཏུ་དགའ་བས་འཇུག་པ【༤】དང་། བསམ་པའི་ཁྱད་པར་སེམས་ཅན་ལ་བྱམས་པའི་སྙིང་བརྩེ་བ་དང་ལྡན་པ【༥】དང་། གཉིས་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། བཀུར་བསྟི་བླ་མ་ལ་གུས་ཉན། །ཞེས། བདག་རྐྱེན་གྱི་ཁྱད་པར་བཀུར་བསྟིའི་སྒོ་ནས་མཁན་སློབ་སོགས་བླ་མ་ལ་གུས་པར་བྱེད་པ【༦】དང་། བསླབ་བྱའི་ཁྱད་པར་དེས་རྗེས་སུ་བསྟན་པ་ཇི་བཞིན་ཉན་ཏེ་བསླབ་པའི་གནས་ཐམས་ཅད་བསྲུང་བའི་ཉེས་སྤྱོད་སྡོམ་པ【༧】དང་། གསུམ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས། ས་འདིའི་ཡོངས་སྦྱོང་བརྒྱད་པ་སྦྱིན་སོགས་ཕར་ཕྱིན་དྲུག་གིས་བསྡུས་པའི་དགེ་ཆོས་མཐའ་དག་ལ་བརྩོན་པས་འཇུག་པ【༨】དང་རྣམ་པ་བརྒྱད་དོ། །
ས་གསུམ་པའི་ཡོངས་སྦྱོང་ནི། ངོ་བོ་ས་གསུམ་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། ཆོས་ལ་ངེས་སེམས་དང་། སྡུག་བསྔལ་དང་ལེན། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་གསུམ་ལས། དང་པོ། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །ཞེས། ཆོས་ཟབ་མོའི་དོན་ལ་བཟོད་པའི་སྒོ་ནས་རང་གིས་ཐོས་པས་མི་ངོམས་པར་ཆོས་ལ་སེམས་པ་ཉིད་དང་། ཆོས་ཕྱིར་དཀའ་བ་བཟོད་པའི་སྒོ་ནས་གཞན་ལ་ཟང་ཟིང་མེད་པར་ཆོས་སྦྱིན་པ་དང་། གཉིས་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ། སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་མི་སྐྱོ་དང་། །ཞེས། སྡུག་བསྔལ་དང་ལེན་གྱི་སྒོ་ནས་རང་གི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྡུག་བསྔལ་མེད་པར་ཞིང་སྦྱོང་བའི་སེམས་བསྐྱེད་པ་དང་། མ་དག་པའི་ཞིང་གཞན་གྱི་འཁོར་བའི་ལོག་སྒྲུབ་ཀྱི་སྡུག་བསྔལ་བཟོད་པས་ཡོངས་སུ་མི་སྐྱོ་བ་དང་། གསུམ་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས། གནོད་བྱེད་ལ་ཇི་མི་སྙམ་དུ་ངོ་ཚ་ཁྲེལ་ཡོད་དང་བཅས་པས་བཟོད་པ་ལ་རློམ་པ་མེད་པའི་བདག་ཉིད་དེ་རྣམ་པ་ལྔའོ། །
ས་བཞི་པའི་ཡོངས་སྦྱོང་ནི། ངོ་བོ་ས་བཞི་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། གོ་ཆ་དང་། དགེ་སྡུད། གཞན་ཕན་གྱི་བརྩོན་འགྲུས་དང་གསུམ། དང་པོ། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡང་དག་སྡོམ་རྟེན་དང་། །ཞེས། གནས་དབེན་གྱི་གོ་ཆ་ནགས་ཁྲོད་སོགས་དགོན་པར་གནས་པ་དང་། ཡོ་བྱད་བསྙུངས་པའི་གོ་ཆ་མ་ཐོབ་པ་ལ་འདོད་པ་ཆུང་བ་དང་། ངན་ཉུང་ཐོབ་ཀྱང་ཆོག་ཤེས་དང་ལྡན་པ་དང་། སྤྱོད་ཚུལ་སྡོམ་པའི་གོ་ཆ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱིས་རྒྱུད་ཡང་དག་པར་སྡོམ་པ་ལ་བརྟེན་པ་དང་། གཉིས་པ་དགེ་བ་སྡུད་པའི་བརྩོན་འགྲུས། བསླབ་པ་ཡོངས་སུ་མི་གཏོང་དང་། །འདོད་པ་རྣམས་ལ་སྨོད་པ་དང་། །ཞེས། བླང་བྱ་དགེ་བའི་ཆོས་བསླབ་པ་ཡོངས་སུ་མི་གཏོང་བར་སྡུད་པ་དང་། དེའི་སྤང་བྱ་མི་མཐུན་པའི་ཕྱོགས་འདོད་པ་རྣམས་ལ་སྨོད་ཅིང་སྤོད་བ་དང་། གསུམ་པ་གཞན་ཕན་གྱི་བརྩོན་འགྲུས། མྱ་ངན་འདས་དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟ་བ་མེད། །ཅེས། མཐར་ཐུག་གཞན་ལ་ཕན་པ་མྱ་ངན་ལས་འདས་པ་ལ་འགོད་པ་དང་། གནས་སྐབས་གཞན་ལ་ཕན་པ་བདོག་པའི་དངོས་པོ་ཀུན་གཏོང་བ་དང་། དེ་ལྟར་གཞན་དོན་སྒྲུབ་པ་ལ་སེམས་མི་ཞུམ་པ་དང་། རང་གི་དོན་སྒྲུབ་པའི་དངོས་པོ་ལ་ལྟ་བ་མེད་པ་དང་རྣམ་པ་བཅུའོ། །
ས་ལྔ་པའི་ཡོངས་སྦྱོང་ནི། ངོ་བོ་ས་ལྔ་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན་བསམ་གཏན་གྱི་ཡན་ལག་གི་ཆོས་དང་། བསམ་གཏན་གྱི་ངོ་བོའི་ཆོས་གཉིས་ལས། དང་པོ་ལ། ལུས་འདུ་འཛི་ལས་དབེན་པ་དང་། སེམས་རྣམ་རྟོག་ལས་བསྲིང་བ་གཉིས་ལས། དང་པོ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །ཞེས། ཆགས་པའི་གཞི་ཁྱིམ་པ་དང་རབ་ཏུ་བྱུང་བ་སོགས་གཉེན་གྱི་ཕྱོགས་ལ་འདྲིས་བཤེས་སྤོང་བ་དང་། སྡང་བའི་གཞི་དད་པ་ཅན་གྱི་ཁྱིམ་བདག་གིར་བཟུང་བས་མི་མཐུན་ཕྱོགས་ལ་འཁྲེན་པ་སྤོང་བ་དང་། རྣམ་པར་གཡེང་བའི་གཞི་སྐྱེ་བོ་མང་པོ་ཕན་ཚུན་འདུ་བའི་འདུ་འཛིར་གྱུར་པའི་གནས་སྤོང་བ་དང་། གཉིས་པ་སེམས་རྣམ་རྟོག་ལས་དབེན་པ། བདག་བསྟོད་གཞན་ལ་བརྙས་པ་དང་། །ཞེས། བདག་ལ་བསྔགས་པའི་བསྟོད་པར་འདོད་པའི་རྣམ་རྟོག་སྤོང་བ་དང་། གཞན་ལ་སྨོད་པའི་བརྙས་པར་འདོད་པའི་རྣམ་རྟོག་སྤོང་བ་དང་། གཉིས་པ་བསམ་གཏན་གྱི་ངོ་བོ་ལ། བྱིས་པ་ཉེར་སྤྱོད། དེ་བཞིན་གཤེགས་དགའི། དོན་རབ་འབྱེད་པ་དང་གསུམ་ལས། དང་པོ། མི་དགེའི་ལས་ཀྱི་ལམ་བཅུ་དང་། །ཞེས། མི་དགེའི་ལས་ཀྱི་ལམ་བཅུ་སྤོང་བ་ཞི་གནས་ཀྱི་ཏིང་ངེ་འཛིན་དང་། གཉིས་པ་བདེ་གཤེགས་དགྱེས་པའི་བསམ་གཏན། རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཅེས། སེམས་ངའོ་སྙམ་དུ་རློམ་པས་ཁེངས་པ་སྤོང་བ་དང་། གཙང་བདེ་བདག་རྟག་ཏུ་ལྟ་བའི་འདུ་ཤེས་ཕྱིན་ཅི་ལོག་སྤོང་བ་ལྷག་མཐོང་གི་ཏིང་ངེ་འཛིན་དང་། གསུམ་པ་དོན་རབ་འབྱེད་པའི་བསམ་གཏན། བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །ཅེས། ལོག་པར་ལྟ་བ་སོགས་བློ་གྲོས་ངན་པར་གྱུར་པའི་ལྟ་ངན་སྤོང་བ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པར་གྱུར་པའི་སྒྲིབ་པ་ལ་བཟོད་པ་སྤོང་བའི་དོན་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་དང་། དེ་ལྟར་བཤད་མ་ཐག་པ་ལྟར་སྤང་བྱ་བཅུ་པོ་འདི་ནི་རྣམ་པར་སྤངས་ནས་ས་ལྔ་པ་ཡང་དག་པར་འཐོབ་པར་བྱེད་པའི་ཐབས་ཤེས་ཁྱད་པར་ཅན་གྱི་ཡོངས་སྦྱོང་བཅུའོ། །
ས་དྲུག་པའི་ཡོངས་སྦྱོང་ནི། ངོ་བོ་ས་དྲུག་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། ངོ་བོ་ཤེས་རབ་རྫོགས་པའི་ཡོངས་སྦྱོང་དང་། དེ་ཡི་བྱེད་པ་རྫོགས་པའི་ཡོངས་སྦྱོང་གཉིས་ལས། དང་པོ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །ཞེས། ས་འདིར་ཤེས་རབ་ཀྱི་ཕར་ཕྱིན་ཆེས་ལྷག་པའི་སྟོབས་ཀྱིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ་ཐབས་ཀྱི་ཡན་ལག་དང་བཅས་པའི་ཤེར་ཕྱིན་རབ་ཏུ་རྫོགས་པ་ཉིད་དང་། དེ་ཡང་སྡུད་པ་ལས། དེ་བཞིན་རྒྱལ་བའི་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་པའི་མིང་ཉིད་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། སྦྱིན་སོགས་ཐབས་ཀྱི་ཡན་ལག་དང་བཅས་པ་རབ་ཏུ་རྫོགས་པ་དང་། དེ་ལ་སྤྱིར་སྦྱིན་པའི་ཕར་ཕྱིན་ས་དང་པོ་ནས་རྫོགས་པ་དང་། བསམ་གཏན་གྱི་ཕར་ཕྱིན་ས་ལྔ་པ་ནས་རྫོགས་ཀྱང་། སྐབས་འདིར་ཤེས་རབ་ཕར་ཕྱིན་གྱིས་བསྡུས་པའི་སྦྱིན་སོགས་ཡན་ལག་རབ་ཏུ་རྫོགས་པའི་དོན་ཏེ། དེ་ཉིད་ལས། ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པར་བྱས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལ་སྦྱིན་སོགས་ཕར་ཕྱིན་རྫོགས་པ་དང་། དེ་དག་གི་ཚོགས་རྫོགས་པ་གཉིས་གཅིག་ཏུ་འཁྲུལ་པར་མི་བྱའོ། །
དེ་ལྟར་ཕར་ཕྱིན་རབ་ཏུ་རྫོགས་པས། གཉིས་པ་དེ་ཡི་བྱེད་ལས་རྫོགས་པའི་ཡོངས་སྦྱོང་ལ། རང་དོན་ཆོས་སྐུའི་རྒྱུ་འགྲུབ་པའི་བྱེད་པ་དང་། གཞན་དོན་གཟུགས་སྐུའི་རྒྱུ་སྒྲུབ་པའི་བྱེད་པ་གཉིས། དང་པོ། སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ། །ཞེས། ཐབས་ཀྱིས་སློབ་མ་ཉན་ཐོས་ལ་དགའ་བའི་སེམས་སྤངས་པ་དང་། བསེ་སུ་རང་རྒྱལ་ལ་དགའ་བའི་སེམས་སྤངས་པ་དང་། ཤེས་རབ་ཀྱིས་ཟབ་མོ་སྟོང་པ་ཉིད་ལ་སྐྲག་པའི་སེམས་སྤངས་པ་དང་། གཉིས་པ་ནི། བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས། ཐོག་མར་བསླངས་པའི་ཚེ་ན་སྦྱིན་པ་གཏོང་བ་ལ་སེམས་མི་ཞུམ་པ་དང་། བར་དུ་བདོག་པ་ཀུན་བཏང་ཡང་མི་དགའ་བ་མེད་པ་དང་། ཐ་མར་ཡོངས་སུ་སྦྱིན་ཏེ་དབུལ་པོར་གྱུར་ཀྱང་སློང་བ་པོ་མི་སྤོང་བ་སྟེ། དེ་ལྟར་ངོ་བོས་བསྡུས་པ་དྲུག་དང་། བྱེད་ལས་ཀྱིས་བསྡུས་པ་དྲུག་སྟེ་བཅུ་གཉིས་སོ། །དེ་ལྟར་ན། མངོན་གྱུར་མངོན་ཕྱོགས་བྱང་ཆུབ་སེམས་དཔའ་ཡིས། །སོགས་ཀྱི་དོན་ཡང་རྟོགས་པར་འགྱུར་རོ། །
ས་བདུན་པའི་ཡོངས་སྦྱོང་ནི། ངོ་བོ་ས་བདུན་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། སྤང་བྱ་མཚན་འཛིན་གྱི་ཆོས་དང་། དེ་སྤོང་བའི་ཡོངས་སྦྱོང་གི་ཆོས་གཉིས་ལས། དང་པོ་ལ། ངོ་བོ་ཆོས་དང་གང་ཟག་ཏུ་འཛིན་ཚུལ་དང་། དེ་ཡི་སྐྱོན་ཐབས་ལ་མི་མཁས་པ་གཉིས། དང་པོ་ལ། གང་ཟག་དང་། ཆོས་ཀྱི་མཚན་འཛིན་གཉིས། དང་པོ་ལ། ཁྱད་གཞི་གང་ཟག་ཏུ་འཛིན་པ་དང་། ཁྱད་ཆོས་མཐའ་གཉིས་སུ་འཛིན་པ་གཉིས། དང་པོ། བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག །ཅེས། བདག་གི་ངོ་བོར་འཛིན་པ་དང་། སེམས་ཅན་དུ་མཚན་མར་འཛིན་པ་དང་། སྲོག་གི་བདག་ཉིད་ཏུ་འཛིན་པ་དང་། བྱེད་པ་པོའི་གང་ཟག་ཏུ་འཛིན་པ་དང་། གཉིས་པ། ཆད་རྟག་དང་། །ཞེས། སེམས་ཅན་གྱི་རྒྱུན་ཆད་པར་འཛིན་པ་དང་། སེམས་ཅན་རྟག་པའི་དངོས་པོར་འཛིན་པ་དང་། གཉིས་པ་ཆོས་ཀྱི་མཚན་འཛིན་ལ། ངོ་བོ་སྤྲོས་པའི་མཚན་མར་འཛིན་པ་དང་། དེའི་ཁྱད་པར་གྱི་ཆོས་ལ་འཛིན་ཚུལ་གཉིས་ལས། དང་པོ། མཚན་མ། ཞེས། ངོ་བོ་ཆོས་ཐམས་ཅད་ལ་སྤྲོས་པའི་མཚན་མར་འཛིན་པ་དང་། གཉིས་པ་དེའི་ཁྱད་པར་ལ། རྒྱུ་སྐྱེད་བྱེད་ཀྱི་ཆོས་དང་། ངོ་བོ་དབྱེ་བའི་ཆོས་དང་། ཁྱད་པར་འཁོར་འདས་ཀྱི་ཆོས་སུ་འཛིན་ཚུལ་གསུམ།
དང་པོ། རྒྱུ་དང་། ཞེས། སྐྱེད་བྱེད་རྒྱུ་ཡི་རིགས་སྣ་ཚོགས་སུ་འཛིན་པ་དང་། གཉིས་པ་ངོ་བོའི་ཆོས་ནི། ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཞེས། འདུས་བྱས་ཕུང་པོ་ལྔའི་ཆོས་སུ་འཛིན་པ་དང་། འདུས་བྱས་འདུས་མ་བྱས་པའི་ཁམས་བཅོས་བརྒྱད་དུ་འཛིན་པ་དང་། ཤེས་བྱ་ཡུལ་ཡུལ་ཅན་གྱི་སྐྱེ་མཆེད་དུ་འཛིན་པ་དང་། གསུམ་པ་ཁྱད་པར་འཁོར་འདས་ཀྱི་ཆོས་ལ། སྤང་བྱ་འཁོར་བའི་ཆོས་སུ་འཛིན་པ་དང་། བརྟེན་བྱ་མྱང་འདས་ཀྱི་ཆོས་སུ་འཛིན་པ་གཉིས་ལས། དང་པོ་ལ། ཁམས་གསུམ་པོ་ལ་གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང་། །ཞེས་འབྲས་བུ་འཁོར་བའི་ཆོས་ཁམས་གསུམ་པོ་ལ་གནས་པར་འཛིན་པ་དང་། རྒྱུ་ཉོན་མོངས་པའི་ཆོས་ཆགས་སོགས་ཉོན་མོངས་པ་ལ་འཛིན་པ་དང་། དེའི་སྐྱོན་གྱིས་ཆོས་ཡང་དག་པའི་ལམ་ལ་སེམས་ཀུན་ཏུ་ཞུམ་པ་དང་། གཉིས་པ་མྱང་འདས་ཀྱི་ཆོས་སུ་འཛིན་པ་ནི། དཀོན་མཆོག་གསུམ་དང་། ཞེས། མྱང་འདས་ཀྱི་འབྲས་བུ་སངས་རྒྱས་དཀོན་མཆོག་ཏུ་འཛིན་པ་དང་། དེའི་རྒྱུ་ཆོས་དཀོན་མཆོག་ཏུ་འཛིན་པ་དང་། དེའི་རྟེན་དགེ་འདུན་དཀོན་མཆོག་ཏུ་འཛིན་པ་དང་། གཉིས་པ་དེ་དག་གི་བྱེད་པ་ཐབས་ཀྱི་མི་མཐུན་ཕྱོགས་ནི། ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང་། །སྟོང་པ་ཉིད་ལ་རྩོད་པ་དང་། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །ཅེས། ཐབས་ལ་མི་མཁས་པའི་ངོ་བོ་ཚུལ་ཁྲིམས་གསུམ་གྱིས་བསྡུས་པའི་ཐབས་ལ་མངོན་པར་ཞེན་པ་དང་། ཐབས་ལ་མི་མཁས་པའི་བྱེད་པ་ཡུལ་སྟོང་ཉིད་ཟབ་མོ་ལ་རྩོད་པར་བྱེད་པ་དང་། ཐབས་ལ་མི་མཁས་པའི་སྐྱོན་ཟབ་དོན་དེ་དང་འགལ་བའི་ཉེས་པ་ལ་ཀུན་ཏུ་སྤྱོད་པ་དང་ནི་སྤང་བྱ་ཉི་ཤུ་པོ་རྟེན་གྱི་གང་ཟག་གང་ལ་རྒྱུན་ཆད་པར་གྱུར་པ་དེ་ཡི་དོན་གྱིས་འཕངས་པའི་ཡོངས་སྦྱོང་གི་ཆོས་ཉི་ཤུ་རྫོགས་པས་བྱང་ཆུབ་སེམས་དཔའི་ས་ནི་བདུན་པ་འཐོབ་པར་འགྱུར་བའོ། །
གཉིས་པ་དེ་སྤོང་བའི་ཡོངས་སྦྱོང་གི་ཆོས་ནི། ངོ་བོ་བདག་མེད་རྟོགས་པའི་ཡོངས་སྦྱོང་དང་། དེ་ཡི་བྱེད་པ་ཐབས་ཀྱི་ཕར་ཕྱིན་གཉིས་ལས། དང་པོ་ལ། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་ཀྱི་ཡོངས་སྦྱོང་གཉིས། དང་པོ་ལ། ངོ་བོ་གང་ཟག་བདག་མེད་ཀྱི་ཡེ་ཤེས་དང་། ཁྱད་ཆོས་མཐའ་གཉིས་བྲལ་བའི་ཡོངས་སྦྱོང་གཉིས།
དང་པོ། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་དག་ཉིད་དང་། །ཞེས། བདག་གི་ངོ་བོར་འཛིན་པ་སྤངས་པས་ངོ་བོ་སྟོང་པའི་རྣམ་ཐར་དང་། སེམས་ཅན་གྱི་མཚན་མར་མི་འཛིན་པས་རྒྱུ་མཚན་མེད་ཀྱི་རྣམ་ཐར་དང་། སྲོག་གི་བདག་ཉིད་དུ་མི་སྨོན་པས་འབྲས་བུ་སྨོན་མེད་ཀྱི་རྣམ་ཐར་དང་། སྒོམ་པ་པོའི་གང་ཟག་ཏུ་མི་འཛིན་པས་འཁོར་གསུམ་རྣམ་པར་དག་པ་ཉིད་དང་། གཉིས་པ་དེའི་ཁྱད་ཆོས། སྙིང་རྗེ་དང་ནི་རློམ་མེད་དང་། །ཞེས། སེམས་ཅན་ཆད་པར་མི་འཛིན་པས་ཐབས་སྙིང་རྗེ་རྩོལ་མེད་དུ་འབྱུང་བ་ཉིད་དང་། སེམས་ཅན་རྟག་པའི་དངོས་པོར་མི་འཛིན་པས་ཤེས་རབ་སྟོང་པ་ཉིད་མངོན་རློམ་མེད་པ་ཉིད་དང་། གཉིས་པ་ཆོས་བདག་མེད་ཀྱི་ཡོངས་སྦྱོང་ལ། ངོ་བོ་ཆོས་ཀྱི་བདག་མེད་མཉམ་པའི་ཡེ་ཤེས་དང་། དེ་ཡི་ཁྱད་པར་ཆོས་ཀྱི་ཡོངས་སྦྱོང་གཉིས། དང་པོ་ལ། ཆོས་མཉམ་ཉིད་དང་། ཞེས། ཆོས་སུ་མཚན་མར་མི་འཛིན་པས། ཆོས་ཐམས་ཅད་བདག་མེད་མཉམ་པུ་ཉིད་དུ་རྟོགས་པ་དང་། གཉིས་པ་ལ། རྒྱུ་མཚན་མེད་ཀྱི་ཁྱད་པར་དང་། ངོ་བོ་སྐྱེ་མེད་ཀྱི་ཁྱད་པར་དང་། འབྲས་བུ་སྤངས་རྟོགས་ཀྱི་ཁྱད་པར་གསུམ་ལས། དང་པོ། ཚུལ་གཅིག་ཤེས། །ཞེས། རྒྱུ་ཡི་མཚན་མར་མི་འཛིན་པས་རྒྱུ་ཐེག་ཆེན་གྱི་ཚུལ་གཅིག་ཏུ་ཤེས་པ་དང་། གཉིས་པ་ནི། མི་སྐྱེ་བ་དང་བཟོད་ཤེས་དང་། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །ཞེས། འདུས་བྱས་ཀྱི་ཕུང་པོར་མི་འཛིན་པས་ངོ་བོ་མི་སྐྱེ་བར་ཤེས་པ་དང་། ཆོས་ཀྱི་ཁམས་སུ་མི་འཛིན་པས་སྐྱེ་མེད་ཟབ་མོའི་དོན་ལ་བཟོད་པ་ཤེས་པ་དང་། ཤེས་བྱ་སྐྱེ་མེད་དུ་མི་འཛིན་པས་གཟུང་འཛིན་གྱི་ཆོས་རྣམས་གཉིས་མེད་ཀྱི་རྣམ་པ་གཅིག་ཏུ་སྟོན་པ་དང་། གསུམ་པ་ལ། སྤང་བྱ་སྒྲིབ་པ་སྤོང་བའི་ཡོངས་སྦྱོང་དང་། གཉེན་པོ་ཞི་ལྷག་ཆོས་ཀྱི་ཡོངས་སྦྱོང་གཉིས། དང་པོ། རྟོག་པ་ཀུན་ཏུ་འཇོམས་པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང་། །ཞེས། སྡུག་བདེན་གྱི་ཁམས་གསུམ་དུ་མི་འཛིན་པས་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་ཀུན་ཏུ་འཇོམས་པ་དང་། རྒྱུ་ཆགས་སོགས་སུ་མི་འཛིན་པས་མཚན་མའི་འདུ་ཤེས་ཀྱི་ཤེས་སྒྲིབ་དང་ལྟ་བ་དང་ཉོན་མོངས་པའི་སྒྲིབ་པ་སྤོང་བ་དང་། གཉིས་པ་གཉེན་པོ་ལ། ངོ་བོ་དང་། བྱེད་ལས་གཉིས་ལས། དང་པོ་ནི། ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་ལ་ནི་མཁས་པ་དང་། །ཞེས། སེམས་ཀུན་ཏུ་མི་ཞུམ་པས་རྟེན་ཞི་གནས་ལ་ངེས་པར་སེམས་པའི་སྒོམ་པ་དང་། འབྲས་བུ་སངས་རྒྱས་སུ་ཡང་མི་འཛིན་པས་ལྷག་མཐོང་བདག་མེད་རྟོགས་པའི་དོན་ལ་མཁས་པ་དང་། གཉིས་པ་དེའི་བྱེད་པ། སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཞེས། རྒྱུ་ཆོས་སུ་ཡང་མི་འཛིན་པས་རྟེན་ཞི་གནས་ཀྱི་བྱེད་པ་སེམས་རྣམ་རྟོག་ཉེ་བར་དུལ་བ་དང་། རྟེན་དགེ་འདུན་དུ་ཡང་མི་འཛིན་པས་བརྟེན་པ་ལྷག་མཐོང་གི་བྱེད་པ་གཟུགས་སོགས་ཀྱི་སྣང་ཚུལ་ཀྱང་ཐོགས་མེད་དུ་གཟིགས་པའི་ཡེ་ཤེས་དང་། གཉིས་པ་ཐབས་ཀྱི་ཕར་ཕྱིན་ནི། ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུ་འོ། །ཞེས། ཚུལ་ཁྲིམས་ལ་ལྟ་བའི་མངོན་ཞེན་མེད་པས་མཐའ་གཉིས་ལ་ཆགས་པའི་ས་མིན་པར་རྟོགས་པའི་ཐབས་ལ་མཁས་པ་དང་། དེ་ཡི་བྱེད་པའི་ཁྱད་པར། ཤེས་རབ་སྟོང་ཉིད་ལ་མི་རྩོད་པས་རང་ཉིད་གར་འདོད་པར་དུས་མཉམ་དུ་དག་པའི་ཞིང་གི་སེམས་དཔའ་རྣམས་དང་སྐལ་བ་མཉམ་པར་འགྲོ་བ་དང་། ཐབས་དེ་དང་འགལ་བའི་སྤྱོད་པ་སྤངས་པས་གཞན་དོན་དུ་གདུལ་བྱའི་འཇིག་རྟེན་ཀུན་ཏུ་བདག་གི་ལུས་ཀྱི་ངོ་བོ་ཅིག་ཅར་སྣང་བ་སྟོན་པ་ཉིད་དང་ཉི་ཤུ་ནི། ས་བདུན་པའི་ཡོངས་སྦྱོང་ཉིད་དོ། །
དེ་ལྟར་ཡང་འགྲེལ་ཆུང་དོན་གསལ་ལས། ཉེས་པ་དེ་ལྟ་བུ་ཉིད་དང་བྲལ་ནས་བཟློག་པའི་ཆོས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་ཉི་ཤུས། ཞེས་གསུངས་པ་ལྟར་སྤང་བྱ་ཉི་ཤུ་དང་བྲལ་བའི་དོན་གྱིས་འཕངས་པའི་ཆོས་ཉི་ཤུ་ཐབས་ཤེས་ཁྱད་པར་ཅན་ནི་ས་འདིའི་ཡོངས་སྦྱོང་སྟེ། དེ་ལ་ས་བདུན་པའི་སྤང་བྱ་དེ་དག་ས་བོན་གྱི་ཆ་མཉམ་གཞག་གཉེན་པོའི་ཚོགས་སྒྲུབ་ཀྱིས་སྤོང་ཞིང་། དེའི་གནས་ངན་ལེན་མཚན་འཛིན་མངོན་གྱུར་ཀྱི་ཆ་རྣམས་རྗེས་ཐོབ་ཏུ་ཟད་པར་སྤངས་པའི་སྒོ་ནས་ཡོངས་སྦྱོང་གི་ཆོས་ཉི་ཤུ་པོ་དེ་དག་ཡོངས་སུ་རྫོགས་པར་ཤེས་པར་བྱའོ། །
ས་བརྒྱད་པའི་ཡོངས་སྦྱོང་ནི། ངོ་བོ་ས་བརྒྱད་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར། དེ་ལ་དབྱེ་ན། ངོ་བོ་ཕར་ཕྱིན་ལྷག་པའི་ཁྱད་པར། ཉམས་ལེན་རྫོགས་སྨིན་སྦྱོང་བའི་ཁྱད་པར། རྣམ་པ་དབང་འབྱོར་པའི་ཁྱད་པར་གསུམ་ལས་དང་པོ། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་བརྩེ་བ་དང་། །ཞེས། གདུལ་བྱའི་རྒྱུད་མཁྱེན་པའི་སྟོབས་སེམས་ཅན་ཀུན་གྱི་སེམས་ཡིད་ཤེས་པ་དང་། འདུལ་བྱེད་ཆོ་འཕྲུལ་གྱི་སྟོབས་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་བ་དང་། གཉིས་པ་ཉམས་ལེན་དག་རྫོགས་སྨིན་པའི་ཁྱད་པར་ནི། སངས་རྒྱས་ཞིང་བཟང་སྒྲུབ་པ་དང་། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་། ཞེས། མ་དག་པའི་ཆོས་སྦྱོང་བའི་སྒོ་ནས་སངས་རྒྱས་ཀྱི་ཞིང་བཟང་དག་པར་སྒྲུབ་པ་དང་། ཞིང་དེར་ཆོས་ཡོངས་སུ་བརྟག་ཕྱིར་སངས་རྒྱས་ལ་བསྟེན་པའི་སྒོ་ནས་ཚོགས་རྫོགས་པར་བྱེད་པ་དང་། གདུལ་བྱའི་དབང་པོའི་རིམ་པ་ཤེས་པའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པ་དང་། གསུམ་པ་རྣམ་པ་དབང་འབྱོར་བའི་ཁྱད་པར་ནི། རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་། །བསམ་བཞིན་སྲིད་པ་ལེན་པ་དང་། །ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས། ཞིང་དག་པ་ལ་དབང་འབྱོར་བའི་ཁྱད་པར་མཐར་ཐུག་རྒྱལ་བའི་ཞིང་དུ་ཡོངས་སུ་སྦྱོང་བ་ཉིད་དང་། རྣམ་པར་མི་རྟོག་པ་ལ་དབང་འབྱོར་བའི་ཁྱད་པར་ཆོས་ཐམས་ཅད་མཚན་མེད་སྒྱུ་མ་ལྟར་གནས་པར་གཟིགས་པ་དང་། སྐྱེ་བ་ལ་དབང་འབྱོར་བའི་ཁྱད་པར་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་ལེན་པ་དང་། དེ་ལྟར་ཡོངས་སུ་སྦྱོང་བའི་ལས་ནི་རྣམ་པ་བརྒྱད་དོ། །
ས་དགུ་པའི་ཡོངས་སྦྱོང་ནི། ངོ་བོ་ས་དགུ་པའི་རྗེས་ཐོབ་བསོད་ནམས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། ངོ་བོ་ཕར་ཕྱིན་ལྷག་པའི་ཁྱད་པར་དང་། རྣམ་པ་དབང་འབྱོར་བའི་ཁྱད་པར། ཉམས་ལེན་ས་གོང་མའི་སྦྱོར་བ་སྒྲུབ་ཚུལ་གྱི་ཁྱད་པར་དང་གསུམ་ལས། དང་པོ། སྨོན་ལམ་དག་ནི་མཐའ་ཡས་དང་། །ཞེས། གདུལ་བྱའི་དོན་དུ་སྨོན་ལམ་དག་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། གཉིས་པ་དབང་འབྱོར་པའི་ཁྱད་པར། ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་དང་། །ཞེས། རྗོད་བྱེད་ཀྱི་ཚིག་སོ་སོར་རིག་པ་ལྷ་ལ་སོགས་པའི་སྐད་ཤེས་པ་ལ་དབང་འབྱོར་པ་དང་། བརྗོད་བྱའི་དོན་སོ་སོར་རིག་པ་ཆོས་དང་དོན་དང་བློ་གྲོས་ཀྱི་སྤོབས་པ་ཆུ་བོ་ལྟ་བུ་ལ་དབང་འབྱོར་པ་དང་། གསུམ་པ་ཉམས་ལེན་ས་གོང་མའི་སྦྱོར་བ་སྒྲུབ་པ་ནི། མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས། དགའ་ལྡན་གྱི་གནས་ནས་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་མངལ་དུ་འཇུག་པ་མཆོག་དང་ནི། ཤཱཀྱའི་རྒྱལ་རིགས་ལྟ་བུའི་རིགས་ཕུན་སུམ་ཚོགས་པ་དང་། ཟས་གཙང་མ་ལྟ་བུའི་རུས་ཕུན་སུམ་ཚོགས་པ་དང་། སྒྱུ་འཕྲུལ་མ་ལྟ་བུའི་ཆོ་འབྲང་ཕུན་སུམ་ཚོགས་པ་དང་། འདུན་པ་ལྟ་བུའི་འཁོར་ཕུན་སུམ་ཚོགས་པ་དང་། དེ་ལྟ་བུའི་ཚུལ་དུ་སྐྱེ་བ་བཞེས་པ་སྐུ་བལྟམས་པའི་མཛད་པ་དང་། དེ་ནས་འཁོར་གྱིས་དགྱེས་པར་རོལ་ཞིང་རྒྱལ་སྲིད་བསྐྱངས་པའི་མཐར་རྒ་ན་འཆི་དང་དགེ་སྦྱོང་གི་ཚུལ་གཟིགས་ཏེ་ངེས་པར་འབྱུང་བ་རབ་ཏུ་བྱུང་བའི་མཛད་པ་དང་། དེ་ནས་དཀའ་བ་སྤྱད་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་སྲོད་ལ་བདུད་བརྟུལ་བར་མཛད་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པའི་ངོ་བོར་ཐོ་རངས་ཀྱི་ཆ་ལ་མངོན་པར་རྫོགས་པར་སངས་རྒྱས་པར་མཛད་པ་ཡིན་ནོ། །
དེ་ལྟ་བུའི་ས་བཅུ་པའི་བྱང་སེམས་ཀྱི་མཛད་པ་དེ་དག་འགྲུབ་པའི་རྒྱུ་ཡི་སྦྱོར་བ་སྒྲུབ་པའི་ཡོངས་སྦྱོང་དགུའོ། །དེ་ལྟར་ན་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་སོ། །
གཉིས་པ་ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པ་ནི། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས། གང་ལས་འདའ་བྱའི་ཁྱད་པར། ཉན་ཐོས་སྦྱོར་ལམ། རིགས་ཀྱི་ས་དང་། རྒྱུན་ཞུགས་ཞུགས་པ། བརྒྱད་པའི་ས་དང་། འབྲས་གནས། མཐོང་བའི་ས་དང་། ཕྱིར་འོང་། བསྲབས་པའི་ས་དང་། ཕྱིར་མི་འོང་། འདོད་ཆགས་དང་བྲལ་བའི་ས་དང་། དགྲ་བཅོམ། བྱས་པ་རྟོགས་པའི་ས་དང་། ཞུགས་པ་ཕྱི་མ་གསུམ། ཉན་ཐོས་ཀྱི་ས་དང་། རང་རྒྱལ། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་འོག་མ་དགུ་སྡོམ་པ། བྱང་ཆུབ་སེམས་དཔའི་ས་སྟེ། ས་དགུ་པོ་དེ་དག་ལས་འདས་ནས་ཁྱད་གཞི་ས་ཡི་ངོ་བོ་ཡེ་ཤེས་ཀྱི་ཕར་ཕྱིན་ཆེས་ལྷག་པར་གྱུར་པ་དེ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ཡང་། ཁྱད་ཆོས་ས་དེ་དག་གི་སྤངས་རྟོགས་རྫོགས་པ་དང་། གཞན་དོན་སྒྲུབ་ཚུལ་སངས་རྒྱས་དང་ཆ་འདྲ་བའི་རྒྱུ་མཚན་དང་། དགོས་པའི་ཁྱད་པར། སྤྱིར་ཉན་རང་བྱང་སེམས་ཀྱི་ས་དགུ་ལས་འདས་པའི་འབྲས་བུའི་སྒོ་ནས་བསྟན་པས་ལམ་ཐེག་གསུམ་གྱིས་བསྡུས་པའི་སྤངས་རྟོགས་རྫོགས་པ་དང་། བྱེ་བྲག་བྱང་སེམས་ཀྱི་ས་འོག་མ་དགུ་ལས་འདས་པའི་འབྲས་བུའི་སྒོ་ནས་བསྟན་པས་ཉན་རང་བྱང་སེམས་ཀྱི་ས་གསུམ་པོ་རེ་རེ་ལ་རྒྱུ་འབྲས་ཀྱི་ཚུལ་གཉིས་རེ་ཡོད་པར་རྟོགས་པ་དང་། ཁྱད་པར་ས་འོག་མའི་ཡོངས་སྦྱོང་རྫོགས་པའི་འབྲས་བུའི་སྒོ་ནས་བསྟན་པས་གདུལ་བྱ་གང་དག་བྱང་སེམས་ཀྱི་ཐེག་པ་ལ་སྤྲོ་བ་བསྐྱེད་པའི་དགོས་པ་གང་གིས་འབྲས་བུ་སངས་རྒྱས་ཀྱི་སར་གནས་པར་བསྟན་པའི་ས་དེ་ནི་དོན་ལ་བྱང་ཆུབ་སེམས་དཔའི་ས་བཅུ་པའི་གནས་སྐབས་ལ་བཏགས་པ་ཡིན་པར་ཤེས་པར་བྱའོ། །ཇི་སྐད་དུ། དེ་ལྟར་ས་དགུ་འདས་ནས་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ས་ཁོ་ནར་བརྗོད་པར་བྱ་ཡི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ས་བཅུ་པོར་ཕར་ཕྱིན་ལྷག་པའི་གོ་རིམ་ཡང་མདོ་སོ་སོའི་དགོངས་པ་མ་འཁྲུགས་པར་འཆད་པར་བྱའོ། །
གཉིས་པ་མཉམ་གཞག་གཉེན་པོའི་ཚོགས་སྒྲུབ་ནི། ངོ་བོ་མཉམ་གཞག་ཡེ་ཤེས་ཀྱི་སྤངས་རྟོགས་རྫོགས་བྱེད་ཐབས་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་གཉིས་ཏེ། མཐོང་དང་སྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས། སྔར་མ་མཐོང་བའི་ཆོས་ཉིད་ཀྱི་དོན་མཐོང་བ་མཐོང་བའི་ལམ་དང་། མཐོང་ཟིན་གྱི་གནས་ལུགས་སྒོམ་པར་བྱེད་པ་སྒོམ་པའི་ལམ་སྟེ་གཉིས་པོ་དག་ལ། སྤང་བྱ་གཟུང་བ་ཆོས་སུ་རྟོག་པ་དང་། འཛིན་པ་གང་ཟག་ཏུ་རྟོག་པའི་ཀུན་བྱང་རྫས་བཏགས་ཀྱི་རྟོག་པ་བཞིའི་ས་བོན་གྱི་ཆ་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་སྤང་བྱའི་རིམ་པས། གཉེན་པོ་མཉམ་གཞག་གི་ཡེ་ཤེས་ལ་ཡང་མཐོང་སྤང་ཀུན་བརྟགས་ཀྱི་ཆ་བཞི་སྤོང་བའི་མཐོང་ལམ་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྒོམ་སྤང་ལྷན་སྐྱེས་ཀྱི་ཆ་བཞི་སྤོང་བའི་སྒོམ་ལམ་གཉེན་པོའི་ཚོགས་སྒྲུབ་བཞི་སྟེ། དེ་ལྟར་རྣམ་པ་བརྒྱད་ཅེས་བྱའོ། །
བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་ནི། ངོ་བོ་བསྒྲུབ་བྱ་སྤངས་རྟོགས་ཡོངས་རྫོགས་སྐྱེ་མེད་དུ་ངེས་པར་འབྱུང་བའི་སྒྲུབ་པ་དང་། དེ་ལ་དབྱེ་ན་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ། ཆེད་དུ་བྱ་དང་། ཞེས། སྤྱིར་གང་དུ་ངེས་པར་འབྱུང་བྱ་འབྲས་བུ་སངས་རྒྱས་ཀྱི་སའི་ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་ངེས་པར་འབྱུང་བ་དང་། གཉིས་པ་བྱེ་བྲག་ལ། སེམས་ཆེན་པོའི་ཁྱད་པར། སྤང་བ་ཆེན་པོའི་ཁྱད་པར། རྟོགས་པ་ཆེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྟན་པ་གསུམ་ལས། དང་པོ་ནི། མཉམ་ཉིད་དང་། །སེམས་ཅན་དོན་དང་འབད་མེད་དང་། །ཞེས། ངོ་བོའི་ཁྱད་པར་ཤེས་རབ་ཆེན་པོས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ལས་མི་གཡོ་བ་མཉམ་པ་ཉིད་ཀྱི་ངེས་འབྱུང་དང་། ཐབས་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་ཁྱད་པར་བྱེད་པ་སེམས་ཅན་དོན་གྱི་ངེས་འབྱུང་དང་། བྱེད་པའི་ཁྱད་པར་མཛད་པའི་ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཏུ་མཛད་པ་འབད་མེད་ངེས་འབྱུང་དང་། གཉིས་པ་སྤང་པ་ཆེན་པོའི་ཁྱད་པར་ནི། མཐའ་ལས་འདས་པར་ངེས་འབྱུང་དང་། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། །ཞེས། ངོ་བོའི་ཁྱད་པར་ཉོན་ཤེས་ཀྱི་སྒྲིབ་གཉིས་སྤངས་པས་འཁོར་འདས་རྟག་ཆད་ཀྱི་མཐའ་ལ་མི་གནས་པ་མཐའ་ལས་འདས་པར་ངེས་འབྱུང་དང་། བྱེད་པའི་ཁྱད་པར་ལམ་གསུམ་གྱི་སྒྲིབ་པ་སྤངས་པས་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཐོབ་པ་ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། གསུམ་པ་རྟོགས་པ་ཆེན་པོའི་ཁྱད་པར་ལ་རྒྱུ་འབྲས་གཉིས་ལས། དང་པོ། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཞེས། འབྲས་བུ་རྣམ་གྲོལ་ལམ་གྱི་ཡེ་ཤེས་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་རྣམ་ཀུན་མཁྱེན་པའི་ངེས་འབྱུང་དང་། གཉིས་པ་རྒྱུ་ཡི་ཁྱད་པར། ལམ་གྱི་ཡུལ་ཅན་ངེས་འབྱུང་དང་། །ཞེས། རྒྱུ་བར་ཆད་མེད་པའི་ཡེ་ཤེས་ལམ་གྱི་ཡུལ་ཅན་མཐར་ཐུག་པར་གྱུར་པ་ལམ་གྱི་ཡུལ་ཅན་ངེས་འབྱུང་དང་བརྒྱད་དོ། །
དེ་ལྟར་བསྟན་པའི་དོན་བསྡུ་བ། རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཤེས་བྱ། །ཞེས། དེ་ལྟ་བུའི་རྣམ་པ་བརྒྱད་ཀྱི་བདག་ཉིད་ཅན་འདི་ནི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ཏེ། ཚུལ་ཇི་ལྟར་ངེས་པར་འབྱུང་བའི་ཚུལ་ནི། དོན་གསལ་ལས། ངེས་པར་འབྱུང་བར་བྱ་བའི་གཞི་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར། ཞེས། གང་དུ་ངེས་པར་འབྱུང་བྱ་བསྒྲུབ་བྱ་འབྲས་བུའི་ངེས་འབྱུང་གི་ཆོས་བརྒྱད་དང་། ཐམས་ཅན་མི་དམིགས་པ་ཉིད་ཀྱིས་ངེས་པར་འབྱུང་བ་བརྒྱད་ཡིན་པས། ཞེས། གང་གིས་ངེས་པར་འབྱུང་བྱེད་སྒྲུབ་བྱེད་རྒྱུ་ཡི་ངེས་འབྱུང་གི་ཆོས་བརྒྱད་ཀྱི་སྒོ་ནས་ངེས་པར་འབྱུང་ཚུལ་དང་གཉིས་སུ་གསལ་བར་བསྟན་ཏོ། །
དེ་ལྟར་ན་རྣམ་མཁྱེན་གྱི་ས་མཚམས། གང་བསྒྲུབ་པར་བྱ་བ་བཞེད་དོན་སྒྲུབ་པའི་རྣམ་མཁྱེན་ནི། རྟེན་ཐུབ་པའི་དབང་པོ་ཁོ་ནའི་རྒྱུད་ལ་ཡོད་པའི་ཤེས་བྱའི་རྣམ་པ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་ཏེ། རབ་འབྱོར། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གི་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། ཞེས་སོགས་ཀྱིས་བསྟན་པའི་རྣམ་མཁྱེན་དང་། གང་གིས་སྒྲུབ་པར་བྱེད་པ་སྐྱེད་ཡུམ་གྱི་རྣམ་མཁྱེན་ནི། རྟེན་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་འཐོབ་བྱ་འབྲས་བུའི་རྣམ་སྐྱེ་མེད་དུ་མཁྱེན་པའི་རྣམ་མཁྱེན་ཏེ། གཞི་དང་ལམ་དང་རྣམ་པ་སྐྱེ་མེད་དུ་མཁྱེན་པའི་རྣམ་མཁྱེན་ཏེ། གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་ན་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ནས། ཞེས། ཡུལ་སྐྱེ་མེད་གསུམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་སངས་རྒྱས་ལ་སོགས་བསྐྲུན་པར་མཛད་པ་ནི། ཞེས་ཡུལ་ཅན་མཁྱེན་པ་གསུམ་དང་། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་སོགས་ཀྱིས་བསྟན་པའི་རྣམ་མཁྱེན་ཏེ། དེ་ལྟར་ན་སྔ་མ་བཞེད་དོན་སྒྲུབ་པའི་ཡུམ་དང་། ཕྱི་མ་སངས་རྒྱས་འཕགས་པ་སྐྱེད་བྱེད་ཀྱི་ཡུམ་དུ་ཤེས་པར་བྱའོ། །
དེས་ན་སྔ་མའི་དབང་དུ་བྱས་ཏེ་གཞུང་འགྲེལ་ཁ་ཅིག་ཏུ་ཡུལ་གྱིས་ཡུལ་ཅན་ནམ། རྒྱུ་ཡིས་འབྲས་བུ་མཚོན་པའི་སྒོ་ནས་ཤེས་བྱའི་གཙོ་བོ་མཁྱེན་པའི་རྣམ་མཁྱེན་ཞིག་ཤུགས་ལ་བསྟན་པར་བཤད་ཅིང་། ཕྱི་མ་འདི་གཞུང་རྩ་བར་ཐབས་ཤེས་ཡན་ལག་དང་བཅས་པའི་སྒོ་ནས་དངོས་སུ་བསྟན་པས། གཞན་དུ་འཆད་པར་མི་བྱའོ། །
མདོར་ན་མངོན་པར་རྟོགས་པ་བརྒྱད་དུ་འཇོག་པའི་ཚེ། བསྒྲུབ་བྱ་འབྲས་བུའི་རྣམ་མཁྱེན་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་ནི། སྐབས་བརྒྱད་པ་ཆོས་སྐུས་བསྡུས་ཤིང་། སྒྲུབ་བྱེད་རྒྱུ་ཡི་རྣམ་མཁྱེན་འབྲས་བུའི་རྣམ་པ་སྐྱེ་མེད་དུ་མཁྱེན་པ་ནི་སྐབས་དང་པོ་རྣམ་མཁྱེན་གྱི་མངོན་རྟོགས་དང་། སྐབས་དྲུག་ཏུ་བསྡུ་བའི་ཚེ་སྔ་མ་སྒྲུབ་འབྲས་རྣམ་པར་སྨིན་པའི་ཆོས་སྐུ་དང་། ཕྱི་མ་སྒྲུབ་བྱེད་སྐྱེ་མེད་དུ་མཁྱེན་པ་མཚན་ཉིད་པའི་མངོན་རྟོགས་དང་། སྐབས་གསུམ་དུ་བསྡུ་བའི་ཚེ་སྔ་མ་གང་སྒྲུབ་པའི་འབྲས་བུ་ཤེས་བྱའི་རྣམ་པ་ཀུན་མཁྱེན་པའི་འབྲས་བུའི་རྣམ་མཁྱེན་དང་། ཕྱི་མ་གང་གིས་སྒྲུབ་བྱེད་ཡུལ་སྐྱེ་མེད་དུ་མཁྱེན་པ་རྒྱུ་ཡི་མངོན་རྟོགས་ཀྱིས་བསྡུ་བར་མཛད་དོ། །
བྱེ་བྲག་རྣམ་པ་སྐྱེ་མེད་དུ་མཁྱེན་པ་ལ་ཡང་སྤྱིར་རྒྱུ་འབྲས་ཀྱི་ཚུལ་གཉིས་སུ་ཡོད་ཅིང་། སྔ་མ་ངེས་པར་འབྱུང་བའི་སྒྲུབ་པ་དང་། ཕྱི་མ་བསྒྲུབ་བྱ་ཡིན་གྱི་སྒྲུབ་པ་མ་ཡིན་པའི་ཚུལ་སོགས་མཁྱེན་པར་འཚལ་ལོ། །
མཐར་འབྲས་སྨོན་པ་མེད་པའི་རྣམ་ཐར་མཆོག །བསྒྲུབ་བྱའི་རྣམ་པ་ཀུན་ལྡན་ཡང་དག་མཐའ། །ཤེས་པའི་ཤེས་རབ་ཐུགས་བསྐྱེད་ཐབས་ཆེན་དང་། །འགྲོགས་པའི་རྣམ་མཁྱེན་ཚུལ་འདི་མཁྱེན་པར་མཛོད། །བསྡུ་བའི་ཚིགས་སུ་བཅད་པའོ། །ལེའུའི་མཚན་ནི། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་དང་པོའི་ཚིག་དོན་བཤད་པའོ།། །།
སྐབས་གཉིས་པ་ལམ་ཤེས།
གཉིས་པ་ལམ་མཚན་མེད་ཀྱི་མངོན་རྟོགས་ལམ་ཤེས་ལ། ལམ་ཤེས་སྐྱེ་བའི་རྟེན་གྱི་ཡན་ལག་དང་། བརྟེན་པ་ཡན་ལག་ཅན་གྱི་ལམ་ཤེས་གཉིས་ལས། དང་པོའི་ངོ་བོ་བརྟེན་པ་ལམ་ཤེས་རྫོགས་པའི་ཆ་རྐྱེན་ཁྱད་པར་ཅན་ཏེ། དེ་ལ་དབྱེ་ན། འགལ་རྐྱེན་སྤོང་བའི་ཡན་ལག་དང་། མཐུན་རྐྱེན་སྒྲུབ་པའི་ཡན་ལག །བྱེད་པ་རྫོགས་པའི་ཡན་ལག་དང་གསུམ། དང་པོ་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཞེས། མདོའི་དངོས་བསྟན་ལ་ལམ་ཤེས་ཀྱི་འཁོར་དུ་ལྷགས་པའི་འདོད་གཟུགས་ཀྱི་ལྷ་རྣམས་རྒྱུད་སྣོད་རུང་དུ་བྱ་བའི་ཕྱིར་སྟོན་པ་ཉིད་ཀྱི་རང་བཞིན་གྱི་འོད་ཀྱིས། ལྷ་རྣམས་ཀྱི་རྣམ་སྨིན་སྐྱེས་ཀྱི་འོད་མོག་མོག་པོར་བྱས་པའི་སྒོ་ནས་ང་རྒྱལ་མངོན་གྱུར་པ་འཇོམས་པར་མཛད་པ་སྟེ། དེས་མཚོན་པའི་སྦས་དོན་ལམ་ཤེས་ཀྱི་སྐྱེ་བའི་རྟེན་ལ། སྤང་བའི་ཁྱད་པར་ཉོན་མོངས་མངོན་གྱུར་པ་སྤང་བའི་སྤང་བ་ངེས་དགོས་པར་བསྟན། དེའི་ཤུགས་ཀྱིས་ཡོངས་གཅོད་ལ། ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ལ་གནས་པ་ཉོན་མོངས་མངོན་གྱུར་པ་སྤངས་པས་ལམ་ཤེས་ཀྱི་རྟེན་དུ་རུང་བ་དང་། རྣམ་བཅད་ལ་འཇིག་རྟེན་པའི་ཆགས་བྲལ་རྣམས་སྲིད་རྩེའི་ཉོན་མོངས་མངོན་གྱུར་པ་མ་སྤངས་པས་ལམ་ཤེས་ཀྱི་རྟེན་མིན་པར་བསྟན།
གཉིས་པ་མཐུན་རྐྱེན་ལ། རྐྱེན་གྱི་ཁྱད་པར་སེམས་བསྐྱེད་པ། རྒྱུ་ཡི་ཁྱད་པར་རིགས་སད་པ། གྲོགས་ཀྱི་ཁྱད་པར་ཐབས་ཀྱི་རང་བཞིན་དང་གསུམ། དང་པོ་ནི། ཡུལ་ངེས་པ་དང་། ཞེས། རྐྱེན་གྱི་ཁྱད་པར་རྫོགས་བྱང་དུ་སེམས་བསྐྱེད་པས་ཡུལ་ངེས་དགོས་པར་བསྟན། དེའི་ཤུགས་ཀྱིས། ཡོངས་གཅོད་ལ། ཐེག་ཆེན་སྦྱོར་ལམ་པ་སེམས་བསྐྱེད་ལྡན་པའི་ལམ་ཤེས་ཀྱི་རྟེན་དུ་རུང་བ་དང་། རྣམ་གཅོད་ལ་ཆགས་བྲལ་དགྲ་བཅོམ་པ་རྣམས་སེམས་བསྐྱེད་མི་ལྡན་པས་ལམ་ཤེས་ཀྱི་རྟེན་མིན་པར་བསྟན། གཉིས་པ། ཁྱབ་པ་དང་། །ཞེས། རྒྱུ་ཡི་ཁྱད་པར་རིགས་སད་པས་ཁྱབ་པ་ངེས་དགོས་པར་བསྟན། དེའི་ཤུགས་ཀྱིས། ཡོངས་གཅོད་ལ་ཐེག་ཆེན་སྦྱོར་ལམ་པ་རིགས་སད་སྟོབས་ཀྱིས། ལམ་ཤེས་སྐྱེ་རུང་བས་ཁྱབ་པ་དང་། ཚུལ་དེས་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པར་བསྟན། རྣམ་གཅོད་ལ། གནས་སྐབས་རིགས་མ་སད་པའི་གང་ཟག་རྣམས་ལམ་ཤེས་ཀྱི་རྟེན་མིན་པར་བསྟན།
གསུམ་པ། རང་བཞིན་དང་ནི། ཞེས། གྲོགས་ཀྱི་ཁྱད་པར་སྙིང་རྗེའི་རང་བཞིན་ཉོན་མོངས་མི་སྤོང་བའི་ཐབས་དང་ལྡན་དགོས་པར་བསྟན། དེའི་ཤུགས་ཀྱིས། ཡོངས་གཅོད་ལ། བརྟེན་པ་ཤེས་རབ་ཀྱི་རང་བཞིན་ལམ་ཤེས་དེ་ཡང་གྲོགས་སྙིང་རྗེའི་རང་བཞིན་ཐབས་དང་ཟུང་དུ་འབྲེལ་བར་བསྟན། རྣམ་གཅོད་ལ། ཐེག་པ་དམན་པའི་ལམ་ནི། ཤེས་རབ་ཉི་ཚེ་བ་ཙམ་ལས་སྙིང་རྗེའི་ཐབས་དང་བྲལ་བར་བསྟན།
གསུམ་པ་ནི། དེ་ཡི་ལས། །ཞེས། བྱེད་པའི་ཡན་ལག་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་ཤེས་དེ་ཡི་གཞན་དོན་སྒྲུབ་པའི་ཐབས་ཀྱི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་བསྟན། དེའི་ཡོངས་གཅོད་ལ། ཐབས་ཤེས་ཁྱད་པར་ཅན་གྱི་ལམ་ཤེས་ཀྱི་མཐར་ཐུག་གི་བྱེད་པ་ཡང་དག་མཐའ་ཤེས་ཀྱང་དུས་མིན་དུ་མངོན་དུ་མི་བྱེད་པར་འབྲས་བུ་མི་གནས་པའི་མྱང་འདས་སྒྲུབ་པ་དང་། གནས་སྐབས་ཀྱི་བྱེད་པ་སེམས་ཅན་འཁོར་དུ་མ་འདུས་པ་བསྡུ་བ་དང་། བསྡུས་པ་སྨིན་པ་དང་། སྨིན་པ་གྲོལ་བའི་སྒོ་ནས་གཞན་དོན་སྒྲུབ་པར་བསྟན། རྣམ་གཅོད་ལ་ཉན་རང་རྣམས་མཐར་འབྲས་སྒྲུབ་པའི་བྱེད་པ་དམན་པས་ཞི་མཐར་ལྟུང་བ་དང་། གནས་སྐབས་གཞན་དོན་གྱི་བྱེད་པ་དམན་པས་རང་དོན་ཙམ་སྒྲུབ་པར་བསྟན་ཏོ། །
དེས་ན་སྐབས་འདིའི་རང་བཞིན་ཉོན་མོངས་མི་སྤོང་བའི་དོན་ཉོན་སྒྲིབ་མཚན་ཉིད་པར་འདོད་པ་ནི། དམན་ལམ་སྔོན་སོང་གི་བྱང་འཕགས་ལ་ལམ་ཤེས་ཀྱི་ཡན་ལག་མེད་པ་དང་། ཁྱད་པར་དག་ས་གསུམ་དུ་ལམ་ཤེས་ཀྱི་ཡན་ལག་ཚང་བ་སོགས་ཀྱི་སྐྱོན་གནས་ཤིང་། ཤེས་སྒྲིབ་ལ་འདོད་པ་ཡང་གཉེན་པོའི་ཚོགས་སྒྲུབ་དང་། རྩེ་སྦྱོར་ཆེད་དུ་མི་སྒོམ་པར་ཁས་ལེན་པ་སོགས་ཀྱི་ལུགས་སུ་སྣང་ཞིང་། བག་ལ་ཉལ་ཞིག་ལ་འདོད་པ་ཡང་སྔ་མ་གཉིས་ཀྱི་སྐྱོན་ལས་མ་འདས་ཤིང་། གཞན་དག་ཉོན་སྒྲིབ་སྤང་བྱའི་གཙོ་བོར་མི་བྱེད་པར་འཆད་པ་ཡང་སྔ་མའི་སྐྱོན་ལས་མ་འདས་ཤིང་། ཁྱད་པར་རང་དོན་དུ་སྤང་བྱའི་གཙོ་བོར་མི་བྱེད་པ་སོགས་ལ་འཆད་པ་ཡང་། འོ་ན། སྤང་བྱ་སྒྲིབ་པ་གཉིས་ཀ་ཆེད་དུ་མི་སྤོང་བ་དང་། གཉེན་པོའི་ལམ་ཐམས་ཅད་ཆེད་དུ་མི་སྒོམ་པར་ཁས་ལེན་དགོས་པ་སོགས་སྐྱོན་མཐའ་ཡས་སོ། །
དེས་ན་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཉིད་ཀྱིས། བློ་གྲོས་རྒྱ་མཚོ་མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་བ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ་ཐབས་ལ་མཁས་པ་དང་སོགས་ཀྱིས་སྙིང་རྗེའི་རང་བཞིན་བསམ་བཞིན་སྲིད་པར་འཇུག་པའི་དགེ་བའི་ཆོས་བརྒྱད་ལ་ཉོན་མོངས་པའི་མིང་གིས་བཏགས་པར་བསྟན། བཅོམ་ལྡན་འདས་དགེ་བའི་རྩ་བ་ལགས་ན། རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི་སོགས་ཀྱི་དྲི་བ་དང་དྲི་ལན་གྱི་ཚུལ་དུ་ཁམས་གསུམ་དུ་སྦྱོར་བའི་བྱེད་པ་མཚུངས་པའི་སྒོ་ནས་ཉོན་མོངས་སུ་བཏགས་པར་བསྟན། ཇི་སྲིད་ཁམས་གསུམ་པོ་ཀུན་ཏུ་སྦྱོར་བས་ཡིན་གྱི་སེམས་ཉེ་བར་ཉོན་མོངས་པ་ནི་མ་ཡིན་ནོ། །ཉེས་ཉོན་མོངས་པ་མིན་པར་བསྟན། བློ་གྲོས་རྒྱ་མཚོ་མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་བ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ་ཆེན་པོ་སྟེ་ཐབས་ལ་མཁས་པ་དང་། ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོངས་པ་དག་གིས་ཀྱང་མི་གནོད་ལ་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་བྱ་བའི་ཕྱིར། སེམས་ཅན་ལ་ཆོས་ཀྱང་སྟོན་ཏོ། །ཞེས་སོགས་གསུངས་པའི་དགོངས་པ་ལྟར་སྙིང་རྗེའི་དབང་གིས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་ལ་འཇུག་པའི་ཐབས་ཀྱི་བྱེད་པ་ནི་ཉོན་མོངས་དང་ཆོས་མཚུངས་པས་དེར་བཏགས་པ་ཉིད་དེ། དེའི་དགོས་པ་ཡང་། སྤྱིར་སོ་སྐྱེའི་ཆགས་བྲལ་རྣམས་འོག་སའི་ཉོན་མོངས་སྤངས་ཀྱང་གོང་སའི་ཉོན་མོངས་མ་སྤངས་པས་སྲིད་པར་དབང་མེད་དུ་མཚམས་སྦྱོར་ལ། བྱང་སེམས་འཕགས་པས་རེ་ཞིག་ཉོན་མོངས་མ་སྤངས་ཀྱང་དེའི་དབང་གིས་མི་སྐྱེ་བར། ཐབས་སྙིང་རྗེའི་སྟོབས་ཀྱིས་སྲིད་པར་རང་དབང་དུ་འཇུག་པའི་ཐབས་མཁས་དང་། བྱེ་བྲག་ཉན་རང་རྣམས་གཞན་དོན་དུ་སྲིད་པར་འཇུག་འདོད་ཀྱི་བློ་དུག་ལྟར་སྤོང་བས་ཐབས་ལ་མི་མཁས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་ཇི་སྲིད་པར་བསམ་བཞིན་འཁོར་བར་འཇུག་པའི་ཐབས་ལ་མཁས་པ་དང་། ཁྱད་པར་ཉན་རང་དགྲ་བཅོམ་པ་རྣམས་འཁོར་བར་འཇུག་པའི་རྒྱུ་ཉོན་མོངས་ཟད་པར་སྤངས་པས་རེ་ཞིག་ཞི་མཐར་ལྷུང་ལ། བྱང་སེམས་དག་ས་ལ་གནས་པ་རྣམས་ཀྱིས་ཉོན་མོངས་ཟད་པར་སྤངས་ཀྱང་ཞི་མཐར་མི་གནས་པར་སྙིང་རྗེའི་དབང་གིས་བསམ་བཞིན་སྲིད་པར་འཇུག་པའི་ཐབས་ལ་མཁས་པའི་ཆེ་བ་རྟོགས་པའི་དགོས་པ་ཡོད་པའོ། །
དེ་ལ་ཉན་རང་རྣམས་ནི་རེ་ཞིག་ཐབས་ལ་མི་མཁས་པས་སྙིང་རྗེ་དང་བྲལ་ཏེ་སྲིད་པར་འཇུག་འདོད་ཀྱི་བློ་དུག་ལྟར་སྤོང་བས་ཞི་མཐར་ལྟུང་ལ། ནམ་ཞིག་ཐེག་ཆེན་གྱི་རིགས་སད་སྟོབས་ཀྱིས་སྙིང་རྗེའི་ཐབས་མངོན་དུ་གྱུར་མ་ཐག་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐེག་ཆེན་གྱི་ལམ་དུ་ཞུགས་ཤིང་གཞན་དོན་དུ་བསམ་བཞིན་སྲིད་པར་འཇུག་པ་སོགས་ཇི་སྐད་བཤད་པའི་ལམ་ཤེས་ཀྱི་ཆེ་བ་རྫོགས་པར་འགྱུར་བ་སོགས་ཀྱི་གནད་དོན་ཟབ་མོ་རྣམས་ནི་ས་ཆེན་སེམས་དཔའི་སྤྱོད་ཡུལ་ལས་ཇི་བཞིན་མཁྱེན་དཀའ་བར་སྣང་ངོ་། །ཇི་རེ་ཞིག་དེ་ཙམ་སྤྲོས་པས་ཆོག་གོ །
གཉིས་པ་ལ་ལམ་གསུམ་དམིགས་མེད་དུ་མཁྱེན་པའི་མངོན་རྟོགས་མཐོང་ལམ་ལམ་ཤེས་དང་། མཐོང་ཟིན་སྒོམ་པའི་མངོན་རྟོགས་མཐོང་ལམ་ལམ་ཤེས་དང་། དང་པོ་ལ། འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་། ཤེས་བྱ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དང་། ཐེག་ཆེན་བྱང་སེམས་ཀྱི་ལམ་ཤེས་པའི་མཐོང་ལམ་ལམ་ཤེས་དང་གསུམ། དང་པོ་ལ་དངོས་དང་། དེའི་རྒྱུ་ངེས་འབྱེད་ཆ་མཐུན་གཉིས། དང་པོ་ནི། ངོ་བོ་ཐུན་མོང་ཉན་ཐོས་ཀྱི་ལམ་དམིགས་མེད་དུ་ཤེས་པ་དང་། དེ་ལ། ཤེས་བྱ་ཉན་ཐོས་ཀྱི་ལམ་ངོས་བཟུང་བ་དང་། དེ་མི་དམིགས་པར་མཁྱེན་པའི་ལམ་ཤེས་གཉིས།
དང་པོ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ། ཞེས། ཐུན་མོང་ཉན་ཐོས་ཀྱི་ལམ་གང་ཟག་གི་བདག་མེད་རྟོགས་པས་བསྡུས་པའི་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་བཅུ་དྲུག་སྒོམ་པའི་ལམ་གྱི་རྣམ་པ་ནི་དམིགས་པ། གཉིས་པ་རྣམ་པའི་ཁྱད་པར་ནི། མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས། རྣམ་པའི་ཁྱད་པར་འཁོར་གསུམ་མི་དམིགས་པར་རྟོགས་པའི་སྒོ་ནས་ནི་ཤེས་བྱའི་ཁྱད་པར་ཐུན་མོང་ཉན་ཐོས་ཀྱི་ལམ་འདི་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །
དེ་ལ་ཤེར་མདོ་ལས། ཤེས་བྱ་ཉན་ཐོས་ཀྱི་ལམ་ལ་རྣམ་པ་ཉེར་དྲུག་ཏུ་གསུངས་ཏེ། སྡུག་བདེན་གྱི། མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་བཞི་དང་། ཀུན་འབྱུང་བདེན་པའི། ནད་དང་། འབྲས་དང་། ཟུག་རྔུ་དང་སྡིག་པའི་རྣམ་པ་བཞི་དང་། སྡུག་ཀུན་ཐུན་མོང་པའི་རྣམ་པ། ཕ་རོལ་དང་། འཇིག་པའི་ཆོས་ཅན་དང་། གཡོ་བ་དང་། རབ་ཏུ་འཇིག་པ་དང་། ནད་འགོ་བ་དང་། འཚེ་བའི་རྣམ་པ་དང་བདུན། འགོག་བདེན་གྱི། བདག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པ་དང་། མཚན་མེད་དང་། སྨོན་མེད་དང་། མངོན་པར་འདུ་བྱེད་པ་མེད་པ་དང་བདུན། ལམ་བདུན་གྱི། ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་འབྱིན་གྱི་རྣམ་པ་དང་བཞི་སྟེ་ཉེར་དྲུག་བསྟན་པ་རྣམས། འཕགས་སེང་གཉིས་ཆར་གྱིས། སྐབས་འདིའི་ཤེས་བྱ་ཉན་ཐོས་ཀྱི་ལམ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་སོགས་ཀྱིས་བསྟན་པའི་གཞི་ཤེས་ཀྱིས་བསྡུས་པར་དགོངས་ཏེ། གཞི་ཤེས་ཀྱི་བྱེ་བྲག་མངོན་པ་ནས་གསུངས་པའི་རྣམ་པ་མི་རྟག་སོགས་བཅུ་དྲུག་དང་སྦྱོར་བར་མཛད་དོ། །དེས་ན་ཤེས་བྱ་ཉན་ཐོས་ཀྱི་ལམ་ནི་གཞི་ཤེས་ཀྱིས་བསྡུས་པ་དང་། དེ་མི་དམིགས་པར་ཤེས་པའི་མངོན་རྟོགས་ནི་ལམ་ཤེས་ཀྱིས་བསྡུས་པས། དེ་གཉིས་གཅིག་ཏུ་འཆད་པར་མི་བྱའོ། །
མདོར་ན། ཡུམ་བར་མ་ལས། རབ་འབྱོར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་། ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་། དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར། དེ་དག་གིས་ཡང་དག་པའི་མཐའ་མངོན་དུ་མི་བྱའོ། །ཞེས་སོགས་ཀྱིས་བསྟན་པ་ལྟར། རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་འཛིན་ཕྱིར་ལམ་ཐམས་ཅད་ཤེས་པར་བྱ་བ་དང་། རང་རྒྱུད་ལ་ཐེག་པ་གསུམ་གྱི་སྤངས་རྟོགས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར། གཞི་ཤེས་ཀྱིས་བསྡུས་པའི་ཐེག་པ་གསུམ་གྱི་ལམ་ཐམས་ཅད་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཟབ་མོས་ཡང་དག་མཐའ་ཤེས་ཀྱང་། གྲོགས་ལམ་གྱི་རང་བཞིན་ཉོན་མོངས་མི་སྤོང་བའི་སྙིང་རྗེའི་ཐབས་ཀྱིས་དུས་མིན་དུ་མངོན་དུ་མི་བྱེད་པའི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་ལམ་རང་རྒྱུད་ལ་བསྐྱེད་ཅིང་། དེའི་ཚུལ་གྱིས་ཐེག་གསུམ་གྱི་སྤངས་རྟོགས་རྫོགས་ཤིང་ལམ་ཉི་ཚེ་བ་ལས་འདའ་བ་དང་། རིགས་ཅན་གསུམ་ལ་བསྟན་པར་བྱ་བའི་ལམ་ཡང་ཤེས་པར་འགྱུར་བས་དེ་ལྟ་བུའི་ལམ་ཤེས་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་ཁྱད་ཆོས་དང་། དེས་ཤེས་པར་བྱ་བའི་ལམ་ནི་ཉན་རང་དང་ཡང་ཐུན་མོང་གི་ལམ་གཞི་ཤེས་ཀྱིས་བསྡུས་པ་ཡིན་པས་ཚུལ་བཞིན་མ་དཔྱད་ན་ཤེར་ཕྱིན་གྱི་དགོངས་དོན་ཟབ་མོ་མཁྱེན་པར་མི་འཚལ་ལོ། །
གཉིས་པ་དེའི་རྒྱུ་ངེས་འབྱེད་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། ། རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཞེས། གཟུགས་སོགས་ཆོས་ཉིད་ཀྱི་གནས་ལུགས་སྟོང་ཉིད་ཀྱི་ངོ་བོ་དབྱེར་མེད་དུ་རྟོགས་པ་སྦྱོར་ལམ་དྲོད་དང་། གཟུགས་སོགས་ཆོས་ཅན་གྱི་ཁྱད་གཞི་དེ་དག་མི་དམིགས་པར་རྟོགས་པ་རྩེ་མོ། གཟུགས་སོགས་ཆོས་ཅན་གྱི་ཁྱད་ཆོས་རྟག་མི་རྟག་སོགས་མི་གནས་པར་རྟོགས་པ་བཟོད་པ། གཟུགས་སོགས་བདེན་བཞིའི་ཡུལ་ཅན་ས་བཅུ་སོགས་ཀྱི་ཡེ་ཤེས་ཀྱང་མི་གནས་པར་རྟོགས་པ་ཆོས་མཆོག་དང་བཞིའོ། །
རྩ་བར་བྱེད་ཚིག་འབྱུང་བ་ནི་མདོའི་དངོས་བསྟན་གྱིས་མཚོན་པའི་སྦས་དོན་རྟོགས་པར་བྱ་བའི་ཆེད་དོ། །དེ་དག་གི་རྒྱུ་མཚན། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས། དེ་ལྟར་ཡུལ་ཡུལ་ཅན་གྱི་ཆོས་ཐམས་ཅད་མི་དམིགས་པར་རྟོགས་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཡུལ་གྱི་གནས་ཚུལ་གཟིགས་པའི་ཚད་མ་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་གཟིགས་པའི་རྣམ་མཁྱེན་ཚད་མས་མཁྱེན་ནས་དོན་དམ་པར་ཡུལ་ཡུལ་ཅན་གྱིས་བསྡུས་པའི་ཆོས་རྣམ་གང་ཡང་ཡོད་པར་མ་གཟིགས་པའི་ཕྱིར་རོ། །
གཉིས་པ་ཤེས་བྱ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། རྟེན་རང་རྒྱལ་གྱི་ཆེ་བ་སྤྱིར་བརྗོད་པ། ཤེས་བྱ་རང་རྒྱལ་ལམ་གྱི་ཁྱད་པར་བསྟན་པ། དེ་དམིགས་མེད་དུ་མཁྱེན་པའི་རྒྱུ་ངེས་འབྱེད་བཤད་པའོ། །དང་པོ་ལ། རང་དོན་རྟོགས་པའི་ཡེ་ཤེས་མངོན་དུ་བྱེད་ཚུལ་དང་། གཞན་དོན་སྒྲ་མེད་ལུས་ཀྱིས་ཆོས་སྟོན་ཚུལ་གཉིས།
དང་པོ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས། རང་དོན་རྟོགས་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཚུལ། རང་རྒྱལ་གྱི་རིགས་ཅན་རྣམས་སྔར་ཚོགས་ལམ་གྱི་རྟེན་ལ། བསྐལ་པ་བརྒྱའི་ཚོགས་བསགས་པར་བྱས་པའི་མཐུས་སྲིད་པ་ཐ་མའི་རྟེན་ལ་ཤེས་པ་ཟབ་པའི་ཁྱད་པར་རང་བྱུང་རྟོགས་པའི་ཡེ་ཤེས་ཟབ་མོ་བདག་ཉིད་ཀྱིས་མངོན་པར་རྟོགས་ཏེ་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་མངོན་དུ་བྱས་པའི་ཕྱིར་དང་། མ་བསྟན་པ་ཟབ་པའི་ཁྱད་པར་སྲིད་པ་ཐ་མ་པའི་རྟེན་ལ་བཤེས་གཉེན་གཞན་གྱིས་བསྟན་པའི་གདམས་པའི་ཁྱད་པར་ལ་ལྟོས་པ་ཡང་མི་དགོས་ལ། རྒྱུ་མཚན་དེ་དག་གི་ཕྱིར་ལམ་པའི་གང་ཟག་བསེ་རུ་ལྟ་བུའི་ཡེ་ཤེས་ནི་ཉན་ཐོས་ཀྱི་བྱང་ཆུབ་ལས་ཁྱད་པར་འཕགས་པའི་ཟབ་པ་ཉིད་དུ་མདོ་ལས་མངོན་པར་བརྗོད་དོ། །
གཉིས་པ་གཞན་དོན་སྒྲ་མེད་ལུས་ཀྱིས་ཆོས་སྟོན་ཚུལ། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས། མ་བརྗོད་པ་ཟབ་པའི་ཁྱད་པར་ནི་གདུལ་བྱའི་ཁྱད་པར་གང་དང་གང་ཞིག །བརྗོད་བྱའི་དོན་ནི་གང་དང་གང་ལ། ཚུལ་ཇི་ལྟ་ཇི་ལྟར་ཉན་པར་འདོད་པ་དེ་དང་དེ་དག་ལ། བརྗོད་བྱ་དོན་གྱི་ཁྱད་པར་དེ་དང་དེ་ནི། རྗོད་བྱེད་ཀྱི་ཁྱད་པར་སྒྲ་ཚིག་ཏུ་བརྗོད་པ་མེད་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལུས་ཀྱི་རྣམ་འགྱུར་ཙམ་ལས་གདུལ་བྱ་དེ་དག་ལ་དོན་གྱི་ཁྱད་པར་དེ་ལྟར་ཡོངས་སུ་སྣང་བར་འགྱུར་རོ། །
གཉིས་པ་ཤེས་བྱ་རང་རྒྱལ་ལམ་གྱི་ཁྱད་པར་ནི། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས། ངོ་བོ་ཤེས་བྱ་རང་རྒྱལ་གྱི་ལམ་དམིགས་མེད་དུ་ཤེས་པ་ཉིད་དེ། དེ་ལ་གཟུང་བ་རང་བཞིན་མེད་རྟོགས་ཀྱིས་བསྡུས་པའི་རང་རྒྱལ་གྱི་ལམ་ནི། ཉན་ཐོས་ལས་ལྷག་པའི་ཁྱད་པར་གཟུང་བ་རང་བཞིན་མེད་པར་རྟོགས་པས་གཟུང་བ་ཕྱི་དོན་དུ་རྟོག་པ་སྤོང་བའི་ཕྱིར་དང་། བྱང་སེམས་ལས་དམན་པའི་ཁྱད་པར་འཛིན་པ་རང་བཞིན་མེད་པར་མ་རྟོགས་པས་འཛིན་པ་སེམས་སུ་རྟོག་པ་མ་སྤོང་བའི་ཕྱིར་དང་། གཞི་རྟེན་རིགས་ཀྱི་ཁྱད་པར་དབང་པོ་འབྲིང་གི་སྤངས་རྟོགས་དེ་ལྟ་བུའི་གཞི་རྟེན་བྱེད་པའི་རིགས་དང་ལྡན་པ་སྟེ། དེ་ལྟ་བུའི་ཁྱད་པར་གསུམ་གྱིས་ཤེས་བྱ་རང་རྒྱལ་བསེ་རུ་ལྟ་བུའི་ལམ་ཡང་དག་པར་བསྡུས་པའི་ལམ་ཁྱད་པར་ཅན་ནི་དམིགས་པ་དང་། རྣམ་པའི་ཁྱད་པར་ནི། སྔ་མ་བཞིན་དུ། རྣམ་པ་མི་དམིགས་སྒོ་ནས་ནི། །རང་རྒྱལ་ལམ་འདི་ཤེས་པར་བྱ། །ཞེས་སྦྱར་བར་བྱའོ། །
དེ་ལྟར་ན་འདིར་ཡང་ཤེས་བྱ་རང་རྒྱལ་གྱི་ལམ་ནི། ཉན་ཐོས་ཞི་བ་ཚོལ་རྣམས། ཞེས་པའི་ཕྱོགས་སུ་གླན་པའི་རང་རྒྱལ་རྣམས་ཉེར་ཞིར་ཁྲིད་པའི་ཐབས་ཀུན་ཤེས་ཀྱིས་བསྡུས་པ་དང་། དེ་ཤེས་པའི་ལམ་ཤེས་ནི། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས། ཞེས་སོགས་ཀྱིས་བསྡུས་པའི་ལམ་ཤེས་ཡིན་གྱི་གཞི་ཤེས་མ་ཡིན་པས་ཤན་ཕྱེད་པར་བྱའོ། །
གསུམ་པ་དེའི་རྒྱུ་ངེས་འབྱེད་ནི། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས། གཟུགས་སོགས་སྣང་བའི་ཆོས་ཅན་ཐ་སྙད་བཏགས་པ་ཙམ་གྱི་ཁྱད་པར་དུ་རྟོགས་པ་སྦྱོར་ལམ་དྲོད་དང་། གཟུགས་སོགས་སྟོང་པའི་ཆོས་ཉིད་དོན་དམ་འཕེལ་འགྲིབ་མེད་པའི་ཁྱད་པར་དུ་རྟོགས་པ་རྩེ་མོ་དང་། གཟུགས་སོགས་ཟུང་འཇུག་གི་ངོ་བོ་ནང་སྟོང་གང་དུ་ཡང་མི་འཛིན་པའི་ཁྱད་པར་དུ་རྟོགས་པ་བཟོད་པ་དང་། གཟུགས་སོགས་མཉམ་པའི་ཆོས་ཉིད་སྐྱེ་འགག་གི་མཚན་མ་མེད་པའི་ཁྱད་པར་དུ་རྟོགས་པ་ཆོས་མཆོག་སྟེ། དེ་ལྟར་རང་རྒྱལ་གྱི་ལམ་དམིགས་མེད་དུ་མཁྱེན་པའི་སྦྱོར་ལམ་གྱི་ཁྱད་པར་གཙོ་ཆེ་བའི་སྒོ་ནས་བསྟན་པ་བཞིའོ། །
གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་མཐོང་ལམ་ལམ་ཤེས་ལ། ངོ་བོ་མདོར་བསྟན་པ་དང་། བཟོད་ཤེས་བཅུ་དྲུག་གི་དབྱེ་བ་རྒྱས་པར་བཤད་པ། དེའི་དོན་བསྡུ་བའོ། །
དང་པོ་ནི། བདེན་དང་བདེན་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས། ངོ་བོ་ཐུན་མིན་བྱང་སེམས་ཀྱི་ལམ་དམིགས་མེད་མཐོང་བའི་མངོན་རྟོགས་ཏེ། དམིགས་པའི་ཁྱད་པར་བདེན་པ་བཞི་ལ། ཁམས་ཀྱི་སྒོ་ནས་ཁམས་འོག་མའི་སྤང་གཉེན་གྱི་བདེན་པ་བཞི་དང་། ཁམས་གོང་མའི་སྤང་གཉེན་གྱི་བདེན་པ་བཞི་ལ་དམིགས་པའི་བྱེ་བྲག་གིས། རྣམ་པའི་ཁྱད་པར་ཆོས་བཟོད་དང་། ཆོས་ཤེས། རྗེས་བཟོད་དང་། རྗེས་ཤེས་ཏེ། དེ་ལྟར་བཟོད་པ་དང་ཤེས་པའི་སྐད་ཅིག་རྣམ་པ་བཞི་རེར་ཕྱེ་བ་ཡིས། བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ལམ་ཤེས་ཉིད་ལ་མཐོང་བའི་ལམ་ཕན་ཡོན་དང་བཅས་པར་རྟོགས་པའི་ཡེ་ཤེས་སྐད་ཅིག་བཅུ་དྲུག་པོ་འདི་མདོ་ལས་རྣམ་པར་བཤད་དོ། །
གཉིས་པ་ལ་བཞི་ལས། དང་པོ། སྡུག་བདེན་གྱི་རྣམ་པ་བཞི་ནི། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང་། །ཆེན་པོ་ཚད་མ་མེད་བཅས་དང་། །ཚད་མེད་པ་དང་། ཞེས། འདོད་པའི་སྡུག་བདེན་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེད་རྟེན་བརྟེན་པའི་རྣམ་གྲངས་བརྗོད་བྲལ་དུ་རྟོགས་པ་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་དང་། དེ་བཞིན་དུ་འདོད་པའི་སྡུག་བདེན་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་པ་དོན་དམ་ཆེན་པོའི་གནས་ལུགས་རྟོགས་པ་ཆོས་ཤེས། ཁམས་གོང་མའི་སྡུག་བདེན་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེད་པས་འཇལ་བྱེད་ཚད་མ་མེད་པའི་གནས་ལུགས་རྟོགས་པ་རྗེས་བཟོད། ཁམས་གོང་མའི་སྡུག་བདེན་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་ནམ་མཁའ་ལྟར་ཚད་མེད་པའི་གནས་ལུགས་རྟོགས་པ་རྗེས་ཤེས་དང་། གཉིས་པ་ཀུན་འབྱུང་བདེན་པའི་རྣམ་པ་བཞི་ནི། མཐའ་མེད་དང་། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང་། །བླང་མེད་དོར་བ་མེད་སོགས་དང་། །བྱམས་ལ་སོགས་དང་། ཞེས། འདོད་པའི་ཀུན་འབྱུང་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བའི་གནས་ལུགས་རྟོགས་པ་ཀུན་འབྱུང་ཆོས་བཟོད་དང་། འདོད་པའི་ཀུན་འབྱུང་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་གནས་ལུགས་རྟོགས་པ་ཆོས་ཤེས་དང་། ཁམས་གོང་མའི་ཀུན་འབྱུང་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེ་ད་བླང་དོར་མེད་པའི་གནས་ལུགས་རྟོགས་པ་རྗེས་བཟོད་དང་། ཁམས་གོང་མའི་ཀུན་འབྱུང་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་བྱམས་སོགས་ཐབས་དང་ལྡན་པའི་གནས་ལུགས་རྟོགས་པ་རྗེས་ཤེས་དང་། གསུམ་པ་པ་འགོག་བདེན་གྱི་རྣམ་པ་བཞི་ནི། སྟོང་ཉིད་དང་། །སངས་རྒྱས་ཉིད་ནི་འཐོབ་པ་དང་། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང་། །ཉམ་ང་བ་དང་ནད་ཀུན་སེལ། །ཞེས། འདོད་པའི་འགོག་བདེན་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེད་ཆོས་ཉིད་ཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་པ་འགོག་པ་ཆོས་བཟོད། འདོད་པའི་འགོག་བདེན་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་མཐར་འབྲས་འཐོབ་པའི་གནས་ལུགས་རྟོགས་པ་ཆོས་ཤེས་དང་། ཁམས་གོང་མའི་འགོག་བདེན་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེད་གཉེན་པོ་རྣམ་བྱང་འདུས་པའི་གནས་ལུགས་རྟོགས་པ་རྗེས་བཟོད་དང་། ཁམས་གོང་མའི་འགོག་བདེན་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་སྤང་བྱ་སྡུག་བསྔལ་ཉེར་ཞིའི་གནས་ལུགས་རྟོགས་པ་རྗེས་ཤེས་དང་། བཞི་པ་ལམ་བདེན་གྱི་རྣམ་པ་བཞི་ནི། མྱ་ངན་འདས་འཛིན་ཞི་ཉིད་དང་། །སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ཞེས། འདོད་པའི་ལམ་བདེན་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེད་མྱང་འདས་ཀྱི་འཛིན་ཞེན་ཞི་བའི་གནས་ལུགས་རྟོགས་པ་ལམ་ཆོས་བཟོད་དང་། འདོད་པའི་ལམ་བདེན་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྲུང་བའི་ཕན་ཡོན་ཅན་གྱི་གནས་ལུགས་རྟོགས་པ་ཆོས་ཤེས་དང་། ཁམས་གོང་མའི་ལམ་བདེན་མཐོང་བའི་བར་ཆད་མེད་ལམ་ཡུལ་ཡུལ་ཅན་དབྱེར་མེད་བདག་གཞན་གྱི་དོན་གཉིས་སྒྲུབ་པའི་བྱེད་པ་ཅན་གྱི་གནས་ལུགས་རྟོགས་པ་རྗེས་བཟོད། ཁམས་གོང་མའི་ལམ་བདེན་མཐོང་བའི་རྣམ་གྲོལ་གྱི་ལམ་ཡུལ་ཡུལ་ཅན་དབྱེར་མེད་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་བྱེད་པ་ཅན་གྱི་གནས་ལུགས་རྟོགས་པ་ལམ་རྗེས་ཤེས་ཀྱི་ཡེ་ཤེས་དང་། གསུམ་པ་དོན་བསྡུ། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས། དེ་ལྟར་ན་ལམ་ཤེས་ཉིད་ཀྱི་མཐོང་ལམ་བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་གོ །
དེ་ལ་སྤྱིར་མཐོང་ལམ་སྐད་ཅིག་བཅུ་དྲུག་གི་རྣམ་གཞག་ལ། མཛོད་ཀྱི་ལུགས་དང་། ཀུན་བཏུས་ཀྱི་ལུགས་དང་། གཏན་དབབ་བསྡུ་བའི་ལུགས། དབུ་མ་པའི་ལུགས་ཏེ་གྲུབ་མཐའ་སྨྲ་བ་སོ་སོའི་ལུགས་ཐ་དད་ཡོད་ཀྱང་ཤེར་མདོའི་དགོངས་པ་ནི་གྲུབ་མཐའ་འོག་མའི་ལུགས་དང་བསྲེ་བར་བྱ་བ་མིན་པས། དགོངས་འགྲེལ་གྱི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། བྱམས་པའི་དགོངས་པ་ལྟར་འཆད་དགོས་ཤིང་། དེ་ལྟར་ན་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཡུལ་སྟོང་པ་ཉིད་དོན་དམ་མྱ་ངན་ལས་འདས་པའི་ཆོས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ལ་སྐད་ཅིག་ཐ་དད་ཀྱི་དབྱེ་བ་མེད་དེ། རྟོགས་བྱའི་ཆོས་ཉིད་ལ་དབྱེ་བ་མེད་པའི་ཕྱིར། རིགས་པ་དྲུག་ཅུ་པ་ལས། ཆོས་ཤེས་པ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་པ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་དང་། དེའི་འགྲེལ་པར། ཟླ་བས། མ་སྐྱེས་པ་མྱ་ངན་ལས་འདས་པ་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་བས་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཆོས་ཤེས་པ་ཞེས་པ་ཡང་། བཟོད་ཤེས་ཆོས་ཤེས་གཉིས་ཀྱིས་ཟླས་ཕྱེ་བའི་ཆོས་ཤེས་མ་ཡིན་ཏེ། ཆོས་ཅན་ཀུན་རྫོབ་ཀྱིས་བསྡུས་པའི་བདེན་པ་གསུམ་པོ་ཆོས་ཉིད་དོན་དམ་པ་དང་དབྱེར་མེད་པའི་གནས་ལུགས་འགོག་པ་མྱ་ངན་ལས་འདས་པའི་ཆོས་ཤེས་པ་ལ་དེ་སྐད་བརྗོད་དེ། ཟླ་བས། དེ་ལ་ཆོས་ཤེས་བྱ་བའི་སྒྲ་ནི། མྱ་ངན་ལས་འདས་པ་ལ་བྱའོ། །ཞེས་དང་། ཆོས་ཀྱི་ཡུལ་ཤེས་པ་ནི་ཆོས་ཤེས་པ་ཞེས་བྱ་བ་ཡིན་པའི་ཕྱིར། བདེན་པ་གསུམ་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་མྱ་ངན་ལས་འདས་པ་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་པས། ཞེས་གསུངས་པའི་ཕྱིར།
འོན་ཀྱང་དགོས་པའི་དབང་གིས་ལྡོག་པ་བཅུ་དྲུག་ཏུ་དབྱེ་བར་བཞེད་དེ། དེ་ཉིད་ལས། དེ་ལྟར་ན་ལམ་སྒོམ་པར་བཅུ་དྲུག་པོ་དེ་ཇི་ལྟ་བུར་ཐར་པ་འདོད་པ་རྣམས་ལམ་རྣམ་པར་གཞག་པ་དེ་ཁོ་ན་ཤེས་པ་ལ་འཇུག་པ་གོམས་པར་བྱ་བའི་ཕྱིར་འདི་ཡོངས་སུ་བརྟགས་ནས་རྣམ་པར་གཞག་པ་ཉིད་དེ། དེ་ཁོ་ན་ནི་ངོ་བོ་གཅིག་ཏུ་ཟད་དོ། །ཞེས་འབྱུང་བའི་ཕྱིར། དེ་ལྟར་ན་བྱམས་མགོན་གྱི་དགོངས་པ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྤང་གཉེན་གྱི་ལྡོག་པའི་བཅུ་དྲུག་ཏུ་བཞེད་དེ། དཔེར་ན་མཐོང་ལམ་གྱི་ཡེ་ཤེས་གཅིག་ཉིད་ལ་ཆོས་ཅན་གྱི་བྱེ་བྲག་གིས་བདག་མེད་ཀྱི་ཡེ་ཤེས་གཉིས་སུ་ལྡོག་པས་དབྱེ་བ་ལྟར་མཐོང་ལམ་གཉེན་པོའི་ཡེ་ཤེས་གཅིག་ཉིད་ལ་དམིགས་པའི་སྒོ་ནས་ཆོས་ཅན་བདེན་པ་བཞིའི་གནས་ལུགས་རྟོགས་པའི་ལྡོག་པ་བཞི་དང་། དེ་རེ་རེ་ལ་ཁམས་ཀྱི་སྒོ་ནས་ཁམས་གོང་འོག་གི་བདེན་པའི་བྱེ་བྲག་གིས། ཆོས་རྗེས་ཀྱི་ལྡོག་པ་གཉིས་རེར་དབྱེ་བས་རྣམ་པ་བརྒྱད་དང་། སྤང་བྱ་སྤོང་ཚུལ་གྱི་རྣམ་པའི་སྒོ་ནས། མཐོང་ལམ་བར་ཆད་མེད་ལམ་གཅིག་ཉིད་ཀྱིས་མཐོང་སྤང་ཐམས་ཅད་ཅིག་ཅར་སྤོང་བས། སྤང་བྱའི་བྱེ་བྲག་གིས་ཁམས་གོང་འོག་གི་བདེན་པའི་ལོགས་ཞུགས་བརྒྱད་སྤོང་བའི་ལྡོག་པ་ནས་བཟོད་པ་བརྒྱད་དུ་འགྱུར་ཞིང་། དེ་སྤངས་པའི་རྣམ་གྲོལ་ལམ་ལ་སྤོང་བའི་ལྡོག་པའི་སྒོ་ནས་ཤེས་པ་རྣམ་པ་བརྒྱད་དེ། དེ་ལྟར་ན་ལྡོག་པའི་སྒོ་ནས་བཟོད་ཤེས་སྐད་ཅིག་བཅུ་དྲུག་ཏུ་འགྱུར་གྱི་སྐད་ཅིག་བཅུ་དྲུག་རིམ་ཅན་དུ་སྐྱེ་བ་མིན་པར་ཤེས་པར་བྱའོ། །གཞན་དག་དེ་ལྟར་ན་སྤྱིར་ཡེ་ཤེས་བཅུ་དྲུག་ཙམ་སྨོས་རིགས་ཀྱི་སྐད་ཅིག་བཅུ་དྲུག་ཏུ་བསྟན་པ་མི་རིགས་སོ་ཟེར་ཡང་། སྐབས་བདུན་པ་སྐད་ཅིག་མའི་སྦྱོར་བས་མ་ངེས་པ་ཉིད་དོ། །
སྤང་བྱའི་ལྡོག་པ་ནས་བཟོད་ཤེས་བཅུ་དྲུག་ཏུ་འཇོག་རིགས་པ་ནི། དཔེར་ན་མཐོང་ལམ་གཉེན་པོའི་ཡེ་ཤེས་གཅིག་ཉིད་ལ་སྤང་བྱ་རྟོག་པ་བཞི་སྤོང་བའི་ལྡོག་པའི་སྒོ་ནས་སྐབས་དང་པོར་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྐབས་ལྔ་པར་མཐོང་ལམ་རྩེ་སྦྱོར་བཞིར་འཇོག་པ་ལྟར་རོ། །དེ་ཉིད་ཀྱི་ཕྱིར་གཞུང་འདིར་བཤད་མ་ཐག་པའི་སྐབས་གཉིས་པ་དང་། འཆད་འགྱུར་གྱི་སྐབས་གསུམ་པ་དང་། བཞི་པའི་ཁྱད་མཚན་དང་། ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས་དང་། ལྔ་པའི་རྩེ་སྦྱོར་སྐབས་ཀྱི་མཐོང་ལམ་ཐམས་ཅད་བཟོད་ཤེས་སྐད་ཅིག་བཅུ་དྲུག་གི་སྒོ་ནས་གསུངས་ཤིང་། དེ་དག་ཀྱང་གཉེན་པོ་དང་སྤང་བའི་ལྡོག་པ་བཅུ་དྲུག་ཏུ་དབྱེ་བར་མཛད་ཀྱི། སྐད་ཅིག་བཅུ་དྲུག་གི་ངོ་བོ་རིམ་ཅན་དུ་སྐྱེ་བར་གསུངས་པ་གཅིག་ཀྱང་མེད་ལ། ཁྱད་པར་སྐབས་ལྔ་པའི་མཐོང་ལམ་རྩེ་སྦྱོར་སྐབས། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས། བར་ཆད་མེད་ལམ་ཐམས་ཅད་ངོ་བོ་བཟོད་པའི་ཡེ་ཤེས་སྐད་ཅིག་གཅིག་གིས་བསྡུས་པར་དངོས་སུ་གསུངས་སོ། །
དེ་ལྟར་ན་ཤེར་ཕྱིན་གྱི་དགོངས་པ་འགྲེལ་བའི་ཤིང་རྟ་རྣམ་པར་གཉིས་ཀྱང་དགོངས་པ་གནད་གཅིག་ཏུ་འཆར་བར་འགྱུར་རོ། །གཞན་དག་དེའི་སྐབས་ཀྱི་བཟོད་པ་དེ་སྡུག་བསྔལ་ཆོས་བཟོད་ཁོ་ནར་ངོས་བཟུང་སྟེ་དེས་སྤང་བྱ་ཐམས་ཅད་ཅིག་ཆར་སྤངས་ཀྱང་ད་དུང་དེའི་རྗེས་སུ་ཆོས་ཤེས་སོགས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གྱི་རང་བཞིན་བཟོད་པ་དང་ཤེས་པའི་ཡེ་ཤེས་རྣམས་ནི་རིམ་གྱིས་སྐྱེ་བར་བཞེད་པ་སོགས་ཀྱང་སྣང་ངོ་། །
གཉིས་པ་སྒོམ་ལམ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་དངོས་དང་གཉིས། དང་པོ་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། བརྟེན་པ་སྒོམ་ལམ་གྱི་བྱེད་པ་དང་། རྟེན་གང་ཟག་གི་ཆེ་བའི་བྱེད་པ་གཉིས་ལས། དང་པོ་ལ། མཐུན་རྐྱེན་སྒྲུབ་པ་དང་། འགལ་རྐྱེན་སྤོང་བའི་བྱེད་པ་གཉིས། དང་པོ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། །འདུད་དང་། ཞེས། ནང་གི་རྒྱུ་སེམས་ལ་རང་དབང་འབྱོར་པས་རྣམ་རྟོག་ཀུན་ནས་ཞི་བ་ཉིད་དང་། ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་སོགས་བླང་དོར་སྟོན་པའི་སྐྱེ་བོ་ཐམས་ཅད་ལ་འདུད་པར་བྱེད་པ་དང་། གཉིས་པ་འགལ་རྐྱེན་སྤོང་བ་ནི། ཉོན་མོངས་ལས་རྒྱལ་དང་། །གནོད་པས་བརྫི་བ་མེད་ཉིད་དང་། །ཞེས། རྒྱུ་ཆགས་སོགས་ཉོན་མོངས་པ་ལས་རྒྱལ་བ་དང་། འབྲས་བུ་སྡུག་བསྔལ་གྱི་གནོད་པས་བརྫི་བ་མེད་པ་ཉིད་དང་། གཉིས་པ་མཐར་ཐུག་གི་བྱེད་པ། བྱང་ཆུབ་དང་ནི། ཞེས། མཐར་ཐུག་གི་འབྲས་བུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་དང་། གཉིས་པ་རྟེན་གྱི་གང་ཟག་གི་ཆེ་བའི་བྱེད་པ་ནི། རྟེན་མཆོད་ཉིད། །ཅེས། དེ་ལྟ་བུའི་སྒོམ་པའི་ལམ་ལ་གནས་པའི་རྟེན་གྱི་གང་ཟག་དང་དེ་གང་དུ་བཞུགས་པའི་གནས་ཙམ་ཡང་མཆོད་པའི་གནས་ཉིད་དུ་བྱེད་པ་དང་། དེ་ལྟར་བྱེད་པ་རྣམ་པ་དྲུག་གོ །
གཉིས་པ་ལ། རྗེས་ཐོབ་བསོད་ནམས་ཀྱི་རང་བཞིན་ཟག་བཅས་སྒོམ་ལམ་དང་། མཉམ་བཞག་ཡེ་ཤེས་ཀྱི་རང་བཞིན་ཟག་མེད་སྒོམ་ལམ་གཉིས། དང་པོ་ལ། རྗེས་ཐོབ་ཚོགས་ཀྱི་རང་བཞིན་མ་སྐྱེས་པ་བསྐྱེད་པའི་རྒྱུ་མོས་པ་སྒོམ་ལམ། བསྐྱེད་པ་མི་ཉམས་པའི་རྒྱུ་བསྔོ་བ་སྒོམ་ལམ། མི་ཉམས་པ་སྤེལ་བྱེད་ཀྱི་རྒྱུ་ཡི་རང་སྒོམ་ལམ་དང་གསུམ། དང་པོ་ལ། དངོས་དང་། དེ་ཡི་ཕན་ཡོན་བཤད་པའོ། །དང་པོ་ལ། ངོ་བོ་སྤྱིར་བསྟན་པ་དང་། དེའི་དབྱེ་བའི་ཁྱད་པར་བཤད་པ་གཉིས།
དང་པོ་ནི། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང་། །རྣམ་གསུམ་ཤེས་བྱ། ཞེས། ངོ་བོ་མོས་པ་ཁྱད་པར་ཅན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཏེ། ཡུལ་གྱི་ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། མོས་ཚུལ་གྱི་ཁྱད་པར་རང་དོན་ཆོས་སྐུའི་འབྱུང་གནས་སུ་མོས་པ་དང་། གཉིས་དོན་མི་གནས་པའི་མྱང་འདས་ཀྱི་འབྱུང་གནས་སུ་མོས་པ་དང་། གཞན་དོན་གཟུགས་སྐུའི་འབྱུང་གནས་སུ་མོས་པ་ལྟ་བུས་མཚོན་ཏེ་མོས་ཚུལ་རྣམ་པ་གསུམ་དུ་ཡོད་པར་ཤེས་པར་བྱའོ། །
གཉིས་པ་དབྱེ་བ། དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་མོས་པ་གསུམ་པོ་དེ་དག་རེ་རེ་བཞིན། རྩ་བའི་དབྱེ་བ་ཆུང་འབྲིང་ཆེན་པོ་གསུམ་རེ་དང་། དེ་རེ་རེ་ལ་ཡན་ལག་གི་དབྱེ་བ་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་པོ་དང་། ཆུང་ངུའི་ཆེན་པོ་སོགས་སུ་དབྱེ་བ་ཡིས། མོས་པ་དེ་ཡང་རང་དོན་མོས་པ་དགུ་དང་། གཉིས་དོན་མོས་པ་དགུ་དང་། གཞན་དོན་མོས་པ་དགུ་སྟེ། དགུ་ཚན་རྣམ་པ་གསུམ་དུ་འགྱུར་བས་དེ་ལྟར་ན་རྣམ་པ་ཉི་ཤུ་རྩ་བདུན་དུ་འགྱུར་བར་འདོད་དོ། །
གཉིས་པ་དེ་ཡི་ཕན་ཡོན་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམ་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང་། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས། དེ་ལྟར་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་ཇི་ལྟ་བ་བཞིན་དུ་མོས་པའི་གནས་སྐབས་ཀྱི་མོས་པ་སྒོམ་པ་པོའི་བྱང་ཆུབ་སེམས་དཔའ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྟོད་ཡུལ་མོས་པའི་དབྱེ་བ་བཞིན་དུ། དགུ་ཚན་གསུམ་གྱི་སྒོ་ནས། རང་དོན་མོས་པའི་གནས་སྐབས་ལ་ཡོན་ཏན་བརྗོད་པའི་བསྟོད་པ་རྣམ་པ་དགུ་དང་། གཉིས་དོན་མོས་པའི་གནས་སྐབས་ལ་ཚུལ་བཞིན་བཀུར་བ་བཀུར་རྣམ་པ་དགུ་དང་། གཞན་དོན་མོས་པའི་གནས་སྐབས་ལ་རྗེས་སུ་བསྔགས་པ་རྣམ་པ་དགུ་ཡོད་པར་འདོད་དོ། །
གཉིས་པ་བསྔོ་བ་སྒོམ་ལམ་ལ། ངོ་བོ་མདོར་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པ་གཉིས། དང་པོ་ལ། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས། ངོ་བོ་བསྔོ་བ་ཁྱད་པར་ཅན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཏེ། གང་ཞིག་བསྔོ་བྱ་ཚོགས་ཀྱི་ཁྱད་པར་དགེ་བའི་རྩ་བ་མཐའ་དག་ཡོངས་སུ་བསྔོ་བ། གང་གིས་བསྔོ་བྱེད་ངོ་བོའི་ཁྱད་བར་ཐབས་ཤེས་ཁྱད་པར་ཅན་གྱིས། གང་དུ་བསྔོ་བ་འབྲས་བུའི་བྱེད་པ་ལམ་དང་འབྲས་བུ་མཆོག་གི་རྒྱུར་བསྔོ་བ་ཡིན་ནོ། །
གཉིས་པ་དབྱེ་བ་ལ། གང་ཞིག་བསྔོ་བྱ་ཚོགས་ཀྱི་དབྱེ་བ། གང་གིས་བསྔོ་བྱེད་ཐབས་ཤེས་ཀྱི་དབྱེ་བ། གང་དུ་བསྔོ་བར་བྱེད་པ་མཆོག་གི་དབྱེ་བ་དང་གསུམ། དང་པོ་ལ། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་གཉིས་ལས། དང་པོ། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་། ཞེས། བསྔོ་བྱ་ཡེ་ཤེས་ཀྱི་ཚོགས་ནི་འཁོར་གསུམ་དམིགས་མེད་རྟོགས་པའི་ཚོགས་ཁྱད་པར་ཅན་ཏེ། ཇི་ལྟར་ན་བྱ་བའི་ངོ་བོར་མི་རྟོག་པས་ལམ་དམིགས་སུ་མེད་པའི་རྣམ་པ་ཅན་དང་། བྱེད་པའི་རྣམ་པར་མི་རྟོག་པས་སེམས་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་དང་། ཡུལ་གྱི་དངོས་པོར་མི་རྟོག་པས་བདག་ལ་སོགས་པ་དབེན་པར་རྟོགས་པའི་རྣམ་པ་ཅན་དང་། གཉིས་པ། སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཞེས། སངས་རྒྱས་ཀྱི་དགེ་བའི་རྩ་བ་བསོད་ནམས་ཀྱི་ཚོགས་དང་བཅས་པའི་ཚོགས་ཀྱི་རང་བཞིན་རྗེས་སུ་དྲན་པའི་སྒོ་ནས་ཡོངས་སུ་བསྔོ་བའི་སྤྱོད་ཡུལ་ཅན་དང་། གཉིས་པ་ངོ་བོ་ཐབས་ཤེས་ཀྱི་དབྱེ་བ་ནི། ཐབས་བཅས་མཚན་མ་མེད་པ་དང་། །ཞེས། ཐབས་ཀྱི་ཁྱད་པར་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་ཐབས་དང་བཅས་པ་དང་། ཤེས་རབ་ཀྱི་ཁྱད་པར་འཁོར་གསུམ་དུ་རྣམ་པར་རྟོག་པའི་མཚན་མ་མེད་པ་དང་། གསུམ་པ་བསྔོ་བའི་བྱེད་ལས་ལ། སྤྱི་དང་། ཁྱད་པར་གྱི་བྱེད་པ་གཉིས་ལས། དང་པོ་ནི། སངས་རྒྱས་རྗེས་སུ་ཡི་རང་དང་། །ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཞེས། མཐུན་པའི་རྐྱེན་སངས་རྒྱས་ཀྱིས་རྗེས་སུ་གནང་ཞིང་ཡི་རང་བའི་སྒོ་ནས་དགོངས་པ་མཛད་པ་དང་། མི་མཐུན་ཕྱོགས་འདོད་པ་ལ་སོགས་པའི་ཁམས་གསུམ་དུ་གཏོགས་པའི་ཉི་ཚེ་བ་མ་ཡིན་པ་དང་། གཉིས་པ་ཁྱད་པར་གྱི་བྱེད་པ། ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས། ལམ་གྱི་རྟེན་དགེ་བཅུ་སོགས་སྐྱེས་བུ་ཆུང་ངུའི་ལམ་སྟོན་པ་དང་། གནས་སྐབས་ཀྱི་ལམ་རྒྱུན་ཞུགས་སོགས་སྐྱེས་བུ་འབྲིང་གི་ལམ་སྟོན་པ་དང་། མཐར་ཐུག་གི་ལམ་བླ་མེད་བྱང་ཆུབ་སྐྱེས་བུ་ཆེན་པོའི་ལམ་སྟོན་པ་ཡི་མཐར་འབྲས་བླ་མེད་རྫོགས་བྱང་ཐོབ་པར་བསྔོ་བ་སྟེ། དེ་ལྟར་ཐེག་པ་གསུམ་གྱིས་གདུལ་བར་བྱ་བའི་རིགས་ཅན་གསུམ་ལ་ལམ་ཉེ་བར་སྟོན་པའི་བྱེད་པ་ཅན་གྱི་རྒྱུར་བསྔོ་བ་གཞན་ནི་རྣམ་པ་གསུམ་པོ་དེ་ནི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མི་ཟད་པའི་རྒྱུར་བསྔོ་བའི་བྱེད་པ་དང་ལྡན་པའི་ཕྱིར་བསོད་ནམས་ཆེན་པོ་ཚད་མེད་པ་འབྱུང་བའི་བདག་ཉིད་དོ། །དེ་ལྟར་ན་རྣམ་པ་བཅུ་གཅིག་གོ །སྐབས་འདིར་འཕགས་སེང་གཉིས་ཀྱིས་བསྔོ་བའི་དབྱེ་བསྡུ་མཛད་ཚུལ་གྱི་རྣམ་གྲངས་ནི་རེ་ཞིག་རྒྱས་པར་མ་སྤྲོས་སོ། །
གསུམ་པ་ཡི་རང་སྒོམ་ལམ་ནི། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །སྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས། ངོ་བོ་ཡི་རང་ཁྱད་པར་ཅན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཏེ། དེ་ཡང་ཐབས་ཀྱི་ཁྱད་པར་རང་གཞན་གྱི་དགེ་རྩ་མཐའ་དག་ལ་ཡི་རང་བའི་ཐབས་དང་ལྡན་པ་དང་། ཤེས་རབ་ཀྱི་ཁྱད་པར་འཁོར་གསུམ་གྱི་མཚན་མར་མི་རྟོག་པས་མི་དམིགས་པར་རྟོགས་པ་དག་གིས། ཡུལ་གྱི་ཁྱད་པར་རང་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ། ཚུལ་ཇི་ལྟར་ན་རབ་ཏུ་དགའ་བའི་སེམས་ཀྱིས་ཡི་རང་བར་བྱེད་པ་ནི། རྗེས་སུ་ཡི་རང་ཡིད་ལ་བྱེད་པའི་སྒོམ་པ་ཡིན་པར་ཤེར་ཕྱིན་གྱི་མདོ་འདིར་ནི་ཡོངས་སུ་བརྗོད་དོ། །
དེ་ལ་སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་སུ་གྱུར་པའི་ཉམས་ལེན་གྱི་བྱེ་བྲག་ཚད་མེད་པ་ཡོད་ཀྱང་། སྐབས་འདིར་མོས་བསྔོ་ཡི་རང་གསུམ་གྱི་སྒོ་ནས་སྟོན་པའི་རྒྱུ་མཚན་ནི། འགྲེལ་ཆུང་ལས། དེ་ལ་བསྡུས་པའི་དོན་ནི། མོས་པ་ཡིད་ལ་བྱེད་པས་ནི་འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་དོ། །ཞེས་སོགས་གསུངས་པ་ལྟར། བསོད་ནམས་ཀྱི་ཚོགས་མཐའ་དག་ཐོག་མར་མོས་པས་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། བསྔོ་བས་ཡོངས་སུ་མི་ཉམས་པར་བྱེད་པ་དང་། ཡི་རང་གིས་རྣམ་པར་སྤེལ་བར་བྱེད་པས། དེ་གསུམ་གྱི་སྒོ་ནས་བསོད་ནམས་ཀྱི་ཚོགས་མཐའ་དག་རྫོགས་པར་བྱེད་པའི་ཚུལ་ཤེས་པར་བྱའོ། །
དེས་ན་མོས་བསྔོ་ཡི་རང་གསུམ་གྱི་ས་མཚམས་ལ་སྤྱིར་མོས་བསྔོ་ཡི་རང་ཙམ་ཚོགས་ལམ་ནས་ཡོད་ཀྱང་སྒོམ་ལམ་གྱིས་བསྡུས་པ་ནི། དེ་གསུམ་རེ་རེ་ལ་ཡང་ཆུང་འབྲིང་ཆེན་པོ་སོགས་སྐོར་དགུའི་རིམ་པས་ཆུང་ངུས་ཆུང་ངུ་ས་གཉིས་པའི་རྗེས་ཐོབ་ནས་ཆེན་པོའི་ཆེན་པོ་ས་བཅུ་པའི་རྗེས་ཐོབ་བར་དུ་རིམ་བཞིན་ཡོད་པ་ནི་མདོ་དང་རྩ་བའི་དགོངས་པ་ཡིན་ལ་གཞུང་འགྲེལ་རྣམས་སུ་འཆད་ཚུལ་སྣ་ཚོགས་སྣང་ངོ་། །
གཉིས་པ་མཉམ་གཞག་ཡེ་ཤེས་ཀྱི་རང་བཞིན་ཟག་མེད་སྒོམ་ལམ་ལ། བར་ཆད་མེད་ལམ་གྱི་རང་བཞིན་སྒྲུབ་པ་སྒོམ་ལམ་དང་། རྣམ་གྲོལ་ལམ་གྱི་རང་བཞིན་རྣམ་དག་སྒོམ་ལམ་བཤད་པ་གཉིས། དང་པོ་ལ་དངོས་དང་། ལམ་གཉིས་ཀྱི་འགལ་མཐུན་གྱི་རྐྱེན་གྱི་ཁྱད་པར་གཉིས། དང་པོ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས། ངོ་བོ་ཐེག་ཆེན་སྒོམ་ལམ་བར་ཆད་མེད་པའི་ཡེ་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། ངོ་བོའི་ཁྱད་པར་མཉམ་གཞག་ཏུ་ཆོས་ཐམས་ཅད་རང་བཞིན་མེད་པར་སྒོམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། ཆོས་ཀྱི་ཁྱད་པར་རྣམ་མཁྱེན་སྒྲུབ་པའི་ཐབས་ཀྱི་ཡན་ལག་ཐམས་ཅད་ཀྱི་མཆོག་ཉིད་དུ་གྱུར་པ་དང་། རྣམ་པའི་ཁྱད་པར། དམིགས་འཛིན་གྱི་མཚན་མ་ཉེ་བར་ཞི་བའི་སྒོ་ནས་དམིགས་མཚན་སྤྲོས་པའི་ཆོས་ཀུན་ལ་མངོན་པར་འདུ་མི་བྱེད་པ་དང་། དམིགས་པའི་ཁྱད་པར་སྦྱིན་སོགས་ལམ་གྱི་ཆོས་རྣམས་ཀྱང་གྲོགས་རྣམ་པར་མི་རྟོག་པས་ཟིན་ཏེ་དམིགས་སུ་མེད་པར་གཏོད་པར་བྱེད་པ་དང་། འབྲས་བུའི་ཁྱད་པར་དོན་ཆེན་པོའི་འབྲས་བུ་བླ་ན་མེད་པའི་རྫོགས་བྱང་སྒྲུབ་པར་བྱེད་པ་ཉིད་དང་། དེ་ལྟར་རྣམ་པ་ལྔའོ། །དེ་ལྟ་བུའི་ཁྱད་པར་རྣམས་ཀྱང་། སྐབས་འདིའི་སྡུད་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་དེ་ཡི་མིང་ཐོབ་བོ། །ཞེས་སོགས་གསུངས་པའི་དགོངས་པ་ལྟར་ཤེས་པར་བྱའོ། །དེ་ལྟ་བུའི་སྒྲུབ་པ་སྒོམ་ལམ་གྱི་ས་མཚམས་ནི། ས་གཉིས་པ་ནས་ས་བཅུ་པའི་བར་གྱི་བར་གྱི་བར་ཆད་མེད་ལམ་རྣམས་སུ་རིམ་བཞིན་ཡོད་པའོ། །
གཉིས་པ་ལ། ལམ་གཉིས་ཀྱི་མཐུན་རྐྱེན་བཤད་པ་དང་། དེ་གཉིས་ཀྱི་འགལ་རྐྱེན་བཤད་པ་གཉིས། དང་པོ་ལ། ཕྱིའི་རྐྱེན་དང་། ནང་གི་རྒྱུ་གཉིས། དང་པོ་ནི། སངས་རྒྱས་བསྟེན་དང་། ཞེས། ཕྱིའི་རྐྱེན་སངས་རྒྱས་ལ་མཉེས་པ་སྒྲུབ་པའི་སྒོ་ནས་བསྟེན་པར་བྱེད་པ་དང་། གཉིས་པ་ནང་གི་རྒྱུ་ནི། སྦྱིན་སོགས་དང་། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཞེས། སྦྱོར་བའི་ཁྱད་པར་སྦྱིན་སོགས་ཕར་ཕྱིན་དྲུག་ཡོངས་སུ་སྒྲུབ་པར་བྱེད་པ་དང་། བསམ་པའི་ཁྱད་པར་ཞི་གནས་སོགས་ཐབས་ལ་མཁས་པ་དང་ལྡན་པ་གང་ཡིན་པ་དེ་ནི། བཤད་མ་ཐག་པའི་སྒྲུབ་པ་སྒོམ་ལམ་འདི་ལ་མོས་པའི་སྒོ་ནས་རང་རྒྱུད་ལ་སྐྱེ་བའི་རྒྱུ་རྐྱེན་དག་ཡིན་ནོ། །ཞེས་སྒྲུབ་པ་སྒོམ་ལམ་གྱི་རྒྱུར་དངོས་སུ་བསྟན་པའི་ཤུགས་ཀྱིས། འཆད་འགྱུར་རྣམ་དག་སྒོམ་ལམ་གྱི་རྒྱུར་ཡང་གྲུབ་སྟེ། དངོས་རྒྱུ་བར་ཆད་མེད་ལམ་གྱི་རྒྱུ་ཡིན་པ་ཉིད་ཀྱིས་དངོས་འབྲས་རྣམ་གྲོལ་ལམ་གྱི་རྒྱུར་གྲུབ་པས་སོ། །དེའི་ཕྱིར་འཕགས་སེང་གཉིས་ཀྱི་གཞུང་དངོས་ཤུགས་ཀྱི་བཤད་པ་དག་དགོངས་གནད་གཅིག་ཏུ་འབབ་པར་སེམས་སོ། །
གཉིས་པ་མི་མཐུན་པའི་རྐྱེན་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ། ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབ་ཀྱིས་ནོན་པ་དང་། །ཞེས། མི་མཐུན་ཕྱོགས་ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། སྤྱིར་འགལ་རྐྱེན་མི་མཐུན་ཕྱོགས་བདུད་ཀྱི་ཐིབ་ཀྱིས་རྒྱུད་ཟིལ་གྱིས་ནོན་པར་བྱས་པ་དང་། གཉིས་པ། བྱེ་བྲག་ནི། ཟབ་མོའི་ཆོས་ལ་མ་མོས་དང་། །ཕུང་པོ་ལ་སོགས་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས། ཐོག་མར་ལམ་ལ་འཇུག་པའི་གེགས་ཟབ་མོའི་ཆོས་ལ་མ་མོས་པ་དང་། བར་དུ་ལམ་རྣམ་པར་དག་པའི་མི་མཐུན་ཕྱོགས་ཕུང་པོ་ལ་སོགས་ལ་མངོན་པར་ཞེན་པ་དང་། ཐ་མར་ལམ་མཐར་ཕྱིན་པའི་འགལ་རྐྱེན་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའོ། །
གཉིས་པ་རྣམ་དག་སྒོམ་ལམ་ལ། སྤྱི་དོན་རྣམ་དག་གི་རང་བཞིན་ངོས་བཟུང་བ་དང་། འཕྲོས་དོན་འཕགས་བཞིའི་རྣམ་དག་ཕྱེས་ཏེ་བསྟན་པ། སྐབས་དོན་རྣམ་དག་སྒོམ་ལམ་དངོས་དང་གསུམ། དང་པོ་ནི། འབྲས་བུ་དག་པ་གཟུགས་པ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང་། །གཅད་དུ་མེད་པས་དག་པར་བརྗོད། །ཅེས། སྤྱིར་རྣམ་དག་གི་རང་བཞིན་ནི། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་ལྟར། གཟུགས་སོགས་ཀྱི་གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྤང་བྱ་གློ་བུར་དྲི་མ་རྣམས། རྒྱུ་བར་ཆད་མེད་ལམ་གྱི་སྤང་བའི་འབྲས་བུ་རྣམ་གྲོལ་ལམ་གྱི་ཡེ་ཤེས་གློ་བུར་དྲི་མས་རྣམ་པར་དག་པ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པའི་ངོ་ཉིད་ཀྱི་དབང་གིས་ཏེ། རྒྱུ་མཚན་གང་གི་ཕྱིར་ན་རྣམ་དག་དེ་གཉིས་ལྡོག་པ་ཙམ་ལས། ཡུལ་གྱི་ངོ་བོ་ཐ་དད་མ་ཡིན་ཞིང་བློས་ཀྱང་སོ་སོར་གཅད་དུ་མེད་པས་འབྲས་བུ་རྣམ་གྲོལ་ལམ་གྱི་ངོ་བོ་རྣམ་པར་དག་པའི་རང་བཞིན་ཡིན་པར་མདོ་ལས་ཡོངས་སུ་བརྗོད་དོ། །
གཉིས་པ་འཕྲོས་དོན་རྣམ་དག་གི་དབྱེ་བ་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས། རྣམ་དག་གི་ངོ་བོ་ལ་དབྱེ་བ་མེད་པར་བསྟན་པ་ལས་འཕྲོས་ཏེ། དེ་ལྟར་ན་སྲས་འཕགས་པ་བཞིའི་རྣམ་དག་གི་ཁྱད་པར་སོ་སོར་དབྱེ་བ་མི་འཐད་པར་སེམས་པ་ལ། འཕགས་བཞིའི་རྣམ་དག་གི་དབྱེ་བ་ནི། སྤང་བྱ་གློ་བུར་གྱི་དྲི་མ་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་། དེ་དང་ཤེས་སྒྲིབ་ཀྱི་ཕྱོགས་གཅིག་ཤེས་བྱ་གཟུང་རྟོག་གི་སྒྲིབ་པ་དང་། ལམ་ཐེག་པ་གསུམ་གྱི་སྤང་བྱའི་སྒྲིབ་པ་སྟེ། དེ་ལྟ་བུའི་སྒྲིབ་པའི་ས་བོན་རྣམས་སྤང་བའི་རིམ་པས། སློབ་མ་ཉན་ཐོས་དང་། བསེ་རུ་རང་རྒྱལ་དང་། རྒྱལ་སྲས་བྱང་སེམས་རྣམས་ཀྱི་རྣམ་དག་གི་དབྱེ་བ་རྣམ་པ་གསུམ་སྟེ། དེ་ལས་ཁྱད་པར་དུ་གྱུར་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ན་སངས་རྒྱས་ཀྱི་རྣམ་དག་ནི་སྤང་བ་ཤིན་ཏུ་བ་ཡིན་པར་བཞེད་དོ། །དེ་ལྟར་ན་འཕགས་བཞིའི་རྣམ་དག་ནི་སྐབས་འདིའི་སྒོམ་ལམ་མ་ཡིན་ཡང་འཕྲོས་དོན་གྱི་ཚུལ་དུ་ཤེར་ཕྱིན་གྱི་མདོ་ལས་རྒྱ་ཆེར་བསྟན་པའོ། །
གསུམ་པ་སྐབས་དོན་རྣམ་དག་སྒོམ་ལམ་ལ། དངོས་དང་། སྤང་གཉེན་གྱི་རབ་དབྱེ་ལ་རྩོད་པ་སྤོང་བའོ། །དང་པོ། ངོ་བོ་ཐེག་ཆེན་སྒོམ་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས། སྒོམ་ལམ་ས་དགུ་ལ་ནི། སྤང་བྱའི་ཁྱད་པར་ཁམས་གསུམ་ས་དགུའི་རྟེན་ཅན་གྱི་སྤང་བྱ་ལྷན་སྐྱེས་མཐའ་དག་བསྡུས་པའི་རྣམ་པར་རྟོག་པ་ལནི་རྣམ་པའི་སྒོ་ནས་ཆེན་པོའི་ཆེན་པོ་ལ་སོགས་པའི་དྲི་མ་སྐོར་དགུར་དབྱེ་བ་ཡི་རིམ་པ་ལྟར། གཉེན་པོའི་ཁྱད་པར་རྣམ་གྲོལ་ལམ་གྱི་རང་བཞིན་རྣམ་དག་སྒོམ་ལམ་ཆུང་ངུའི་ཆུང་ངུ་ས་གཉིས་པ་ནས་ཆེན་པོའི་ཆེན་པོ་ས་བཅུ་པའི་རྣམ་དག་སྒོམ་ལམ་བར་གྱི་རྣམ་དག་སྒོམ་ལམ་དགུ་པོ་དེ་དག་ནི། དྲི་མ་དགུ་པོ་དེ་དག་གིས་རིམ་བཞིན་དུ་རྣམ་པར་དག་པའི་སྒོ་ནས་རྣམ་དག་སྒོམ་ལམ་རྣམ་པ་དགུ་ཡོད་པ་ཡིན་ནོ། །
དེ་ཡང་ཁམས་གསུམ་ས་དགུས་བསྡུས་པའི་སྤང་བྱ་ཆེན་པོའི་ཆེན་པོ་རྣམས་བསྡོམས་ཏེ་ས་གཉིས་པར་སྤོང་བ་ནས། སྤང་བྱ་ཆུང་ངུའི་ཆུང་ངུ་རྣམས་བསྡོམས་ཏེ་ས་བཅུ་པར་སྤོང་བའི་ཚུལ་དུ་ཤེས་པར་བྱའོ། །དེ་ལྟར་སྤངས་པས་དེ་དག་གིས་བསྡུས་པའི་ཉོན་ཤེས་ཀྱི་སྒྲིབ་པ་མཐའ་དག་སྤོང་བའི་གནད་ཀྱང་མཁྱེན་པར་འཚལ་ལོ། །
གཉིས་པ་རྩོད་སྤོང་ནི། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས། དེ་ལ་སྤང་གཉེན་གྱི་རྣམ་པ་འགལ་བ་གཉེན་པོ་ཆུང་རིམ་ནས་སྐྱེ་བའི་ལམ་གྱིས། སྤང་བྱ་ཆེ་རིམ་ནས་འགག་པའི་ཚུལ་གྱིས། སྤང་གཉེན་གྱི་རྣམ་གཞག་མི་འཐད་པར་རྩོད་པ་ལ། ལན་ནི་གོས་ཀྱི་དྲི་མ་འཁྲུད་པའི་དཔེའི་རིམ་པས། སྤང་གཉེན་གྱི་རྣམ་པ་ཕྲ་རགས་འགལ་བར་རྩོད་པ་སོགས་ཀྱི་ཀླན་ཀ་མ་ལུས་པ་སྤངས་པ་ཡིས། སྒོམ་པའི་ལམ་ནི་འཇལ་བྱེད་ཤེས་པ་དང་གཞལ་བྱ་ཤེས་པར་བྱ་བའི་ཡུལ་གྱི་གནས་ལུགས་སྐྱེ་མེད་མཉམ་པ་ཆེན་པོར་རྟོགས་པའི་ལམ་ཤེས་ཉིད་ཀྱིས། སྤང་བྱ་ཁམས་གསུམ་གྱི་རྣམ་པ་ཅན་གྱི་གཉེན་པོ་ཉིད་དུ་འདོད་པ་ཡིན་ནོ་ཞེས་རྣམ་པ་ཅན་གྱི་གཉེན་པོ་ཉིད་དུ་འདོད་པ་ཡིན་ནོ་ཞེས་རྣམ་དག་སྒོམ་ལམ་གྱི་རབ་དབྱེ་རྩོད་སྤོང་དང་བཅས་པ་དངོས་སུ་བསྟན་པའི་ཤུགས་ལ། ཉན་རང་གི་རྣམ་དག་ཉི་ཚེ་བ་དང་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་པའི་ཚུལ་ཡང་རྟོགས་པར་འགྱུར་བས། སློབ་དཔོན་གྱིས་དོན་གྱི་ཤུགས་ཀྱིས་བཤད་པ་གཙོ་ཆེར་མཛད་དོ། །དེ་ལྟར་མ་རྟོགས་པར་དངོས་ཤུགས་ནོར་བའི་བཤད་སྦྱར་བྱེད་པ་དག་གིས། དངོས་དོན་རྣམ་དག་སྒོམ་ལམ་བོར་བར་སྣང་ངོ་། །
མཚན་མེད་ལམ་གྱི་རྣམ་ཐར་ཐེག་གསུམ་གྱི། །ལམ་གྱི་རྣམ་པ་ཀུན་ལྡན་ཡང་དག་མཐའ། །ཤེས་པའི་ཤེས་རབ་རང་བཞིན་ཐབས་ཆེན་དང་། །འགྲོགས་པའི་ལམ་ཤེས་ཚུལ་འདི་མཁྱེན་པར་མཛོད། །ཅེས་པའང་བསྡུ་བའི་ཚིགས་སུ་བཅད་པའོ། །ལེའུའི་མཚན་ནི། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་ལས་སྐབས་གཉིས་པའི་ཚིག་དོན་བཤད་པའོ།། །།
སྐབས་གསུམ་པ་གཞི་ཤེས།
གསུམ་པ་གཞི་བདག་མེད་ཀྱི་མངོན་རྟོགས་གཞི་ཤེས་ལ། གཞུང་དོན་དངོས་དང་། སྐབས་གསུམ་རྫོགས་པའི་མཇུག་སྡུད་བསྟན་པའོ། །
དང་པོ་ལ། གཞི་མཐའ་བྲལ་གྱི་མངོན་རྟོགས་ངོས་བཟུང་བ་དང་། དེའི་ཁྱད་པར་གྱི་དབྱེ་བ་རྒྱས་པར་བསྟན་པ། དེ་ཇི་ལྟར་སྒོམ་པའི་ལམ་དངོས་བཤད་པ་དང་གསུམ། དང་པོ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས། མངོན་རྟོགས་ཀྱི་ངོ་བོ་ནི་སྲིད་ཞིར་མི་གནས་པའི་ཐབས་ཤེས་ཁྱད་པར་ཅན་ཏེ། ཤེས་རབ་ཀྱི་ཁྱད་པར། ཤེས་རབ་བདག་མེད་གཉིས་རྟོགས་ཀྱིས་ཚུ་རོལ་སྲིད་མཐའ་འགོག་པ་ཤེས་པས་སྲིད་ལ་མི་གནས་པ་དང་། ཐབས་ཀྱི་ཁྱད་པར། ཐབས་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཕ་རོལ་ཞི་མཐའ་འགོག་པ་སྙིང་རྗེས་ཞི་ལ་མི་གནས་པ་དང་། དེ་ལྟ་བུའི་ཚུལ་གྱིས་དེ་དག་གི་བར་ནའང་མི་གནས་པའི་ངོ་བོ་སྲིད་ཞི་མཉམ་ཉིད་དུ་གཟིགས་པའི་ཡེ་ཤེས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས། དམིགས་པའི་ཁྱད་པར་ཆོས་ཅན་དུས་གསུམ་གྱིས་བསྡུས་པའི་ཀུན་རྫོབ་ཕུང་ཁམས་ཀྱི་ཆོས་རྣམས། ཆོས་ཉིད་མཉམ་པ་ཉིད་དོན་དམ་ཆེན་པོ་དང་དབྱེར་མེད་པའི་གཞི་ཡི་གནས་ལུགས་ཤེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་འདོད་པ་ཡིན་ནོ། །དེ་ལྟ་བུའི་གཞི་དང་གཞི་ཤེས་ཡང་གཅིག་ཏུ་འཁྲུལ་པར་མི་བྱའོ། །
དེས་ན་གཞི་ཡི་གནས་ལུགས་མཁྱེན་པའི་མངོན་རྟོགས། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུའི་དང་པོར་གྱུར་པའི་ཆོས་དེ་དག་ནི། གཞི་ཤེས་མཚོན་བྱེད་ཀྱིས་ཆོས་ཁོ་ན་ཡིན་པར་མདོ་དང་བསྟན་བཅོས་ཆེན་པོའི་དགོངས་པ་ཇི་ལྟ་བ་བཞིན་དུ། སློབ་དཔོན་གྱིས་དོན་གསལ་ལས་ཀྱང་། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་ནི་གཞི་ཤེས་པ་ཁོ་ན་ཡིན་ལ་སོགས་རྒྱ་བོད་ཡོངས་ལ་གྲགས་ཤིང་གྲུབ་པ་ལྟར་འཆད་དགོས་ཀྱི། གཞི་ཤེས་དང་ལམ་ཤེས་ཀྱི་གནད་མ་ཟིན་པར། ཤེར་ཕྱིན་གྱི་དགོངས་པ་ཟབ་མོ་གཞན་དུ་འཆད་པར་མི་བྱའོ། །དེ་ལ་སྐབས་འདིར་གཞི་ཤེས་ཀྱི་རྣམ་པར་དབྱེ་བ་རྒྱ་ཆེར་བསྟན་ཏེ་ཐུན་མོང་མ་ཡིན་པའི་གཞི་ཤེས་ཉིད་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་འཆད་པའི་རྒྱུ་མཚན་ནི། སྤྱིར་ཤེར་མདོ་ལས། གང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བསླབ་པར་བྱའོ། །ཞེས་སོགས་ཀྱིས། ཉན་རང་བྱུང་སེམས་གསུམ་ཀས་ཤེར་ཕྱིན་ཉམས་སུ་བླངས་པའི་སྒོ་ནས་བྱང་ཆུབ་གསུམ་པོ་ཐོབ་དགོས་པར་གསུངས་ཤིང་། གཞི་ཤེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་བཞག་ལ། ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བཞག་གོ །ཞེས་སོགས་ཀྱིས་ཉན་རང་གཉིས་ལ་ཤེར་ཕྱིན་གྱི་བྱེ་བྲག་གཞི་ཤེས་ཙམ་ཡོད་པར་བསྟན་ལ། རབ་འབྱོར། ཐམས་ཅད་ཅེས་པ་ནི་ཕྱི་དང་ནང་གི་ཆོས་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་ཀྱི་ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས། དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ཞེས་པས། ཉན་རང་གཉིས་ལ་ཤེར་ཕྱིན་གྱི་བྱེ་བྲག་གཞི་ཤེས་ཙམ་ལས། ལམ་ཤེས་དང་། རྣམ་མཁྱེན་གཉིས་མེད་པར་བསྟན་ལ། བྱེ་བྲག་གཞི་ཤེས་ལ་ཡང་། གཞི་ཤེས་ཀྱི་བྱེ་བྲག་གང་ཟག་གི་བདག་མེད་པའི་མངོན་རྟོགས་ཙམ་ཉན་ཐོས་ལ་ཡོད་ཀྱང་། གཞི་ཆོས་ཀྱི་བདག་མེད་རྟོགས་པའི་གཞི་ཤེས་མེད་ལ། དེའི་སྟེང་དུ་གཟུང་བ་ཡུལ་གྱི་ཆོས་བདག་མེད་དུ་རྟོགས་པའི་གཞི་ཤེས་རང་རྒྱལ་ལ་ཡོད་ཀྱང་ད་དུང་གཞི་ཤེས་རྫོགས་པའི་མངོན་རྟོགས་རྫོགས་པར་མེད་པའི་རྣམ་གཞག་འདི་ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་སོགས་ཀྱི་དགོངས་པ་རྒྱ་བོད་ཀྱི་མཁས་དབང་ཡོངས་ལ་གྲགས་ཤིང་གྲུབ་པ་ལྟར་ཡིན་ལ། ཚུལ་དེས་གཞི་ཤེས་ཡིན་ན་གང་ཟག་གི་བདག་མེད་པའི་མཁྱེན་པ་ཁོ་ན་ཡིན་པར་སྨྲ་བའི་རྣམ་གཞག་ཀྱང་བསལ་བར་བྱས་སོ། །
དེ་ལྟར་ན། ཟླ་བས། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་སོགས་རྩ་འགྲེལ་གྱི་དགོངས་པ་དང་། བཤད་མ་ཐག་པའི་ཤེར་ཕྱིན་གྱི་མདོ་དགོངས་འགྲེལ་དང་བཅས་པས་བསྟན་པ་ལྟར། ཉན་རང་རྣམས་ལ་ཉོན་མོངས་སོགས་རང་སྐལ་གྱི་སྒྲིབ་པའི་གཉེན་པོར་གྱུར་པའི་གཞི་ཤེས་ཐུན་མོང་བ་ཙམ་ཡོད་ཀྱི། ཐུན་མོང་མ་ཡིན་པའི་གཞི་ཤེས་ཤེས་སྒྲིབ་ཀྱི་གཉེན་པོ་རྫོགས་པ་ནི། བྱང་སེམས་ཁོ་ནའི་མངོན་རྟོགས་ཡིན་པས། སྐབས་འདིར་གཞི་ཤེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རབ་དབྱེ་གཏན་ལ་ཕབ་སྟེ། ཐུན་མོང་མ་ཡིན་པ་བྱང་སེམས་ཀྱི་གཞི་ཤེས་ཉིད། ངོ་བོ་དང་། ཁྱད་པར། སྤང་གཉེན་དང་། སྦྱོར་བ། དེ་མངོན་པར་རྟོགས་པའི་མཐོང་ལམ་དང་བཅས་པའི་སྒོ་ནས་རྒྱས་པར་བསྟན་པའི་ཚུལ་འདིས་གཞི་ཤེས་ཡིན་ཉན་ཐོས་ཀྱི་ལམ་དུ་གྱུར་པའི་སྤང་བྱའི་གཞི་ཤེས་ཁོ་ནར་སེམས་པར་མི་བྱའོ། །
གཉིས་པ་ལ། འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་དང་། ངོ་བོ་ལ་སྤང་གཉེན་གྱི་ཁྱད་པར་གཉིས། དང་པོ་ལ། ཐབས་དང་བྲལ་བའི་མངོན་རྟོགས་རིང་བའི་གཞི་ཤེས་དང་། ཐབས་ཀྱིས་ཟིན་པའི་མངོན་རྟོགས་ཉེ་བའི་གཞི་ཤེས་གཉིས།
དང་པོ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས། ངོ་བོ་ཐབས་ཤེས་ཁྱད་པར་ཅན་དང་བྲལ་བའི་གཞི་ཤེས་ཏེ། ཇི་ལྟར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་དངོས་པོ་ལ་ཞེན་པ་ལྟར། ཉན་ཐོས་ལ་སོགས་པའི་རྒྱུད་ཀྱི་གཞི་ཤེས་དེ་ནི་ཤེས་རབ་ཀྱི་ཁྱད་པར་མཚན་མེད་མཉམ་ཉིད་མ་རྟོགས་པས་མཚན་མར་དམིགས་པའི་སྒོ་ནས། ཐབས་ཀྱི་ཁྱད་པར་ཕྱི་ནང་གི་ཐབས་དང་བྲལ་བས་ཐབས་ལ་མཁས་པ་མ་ཡིན་པས། རྒྱལ་ཡུམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རིང་བའི་གཞི་ཤེས་ཉིད་དོ། །འགྲེལ་ཆུང་ལས། ཉན་ཐོས་ལ་སོགས་པ་དངོས་པོའི་ངོ་བོ་མི་ཤེས་པ་རྣམས་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་མེད་དེ། དེའི་ཕྱིར་དེ་དག་ལ་རྒྱལ་བའི་ཡུམ་རིང་བར་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ། །
གཉིས་པ། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས། བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ཉེ་བའི་གཞི་ཤེས་དེ་ནི། ངོ་བོ་ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་གཞི་ཤེས་ཏེ། ཇི་ལྟར་ན་ཐབས་ཀྱི་ཁྱད་པར་ཕྱི་ནང་གི་ཐབས་དང་ལྡན་པས་ཐབས་ལ་མཁས་པ་ཡིས། ཤེས་རབ་ཀྱི་ཁྱད་པར་མངོན་ཞེན་གྱི་མཚན་མ་བྲལ་ཏེ་ཆོས་བདག་མེད་མཉམ་ཉིད་རྟོགས་པས་འབྲས་ཡུམ་རྣམ་མཁྱེན་ལ་ཡང་དག་པར་ཉེ་བ་ཉིད་དུ་མདོ་ལས་བཤད་དོ། །དེ་ལྟར་ཡང་། འགྲེལ་ཆུང་ལས། དངོས་པོར་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་བསལ་བ་རྣམས། ཞེས་དང་། གཟུགས་ལ་སོགས་པའི་ཆོས་ཡོངས་སུ་ཤེས་པ་དེ་ཉིད་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་ཏེ། ཞེས་སོགས་གསུངས་སོ། །
གཉིས་པ་སྤང་གཉེན་གྱི་རབ་དབྱེ་ལ། སྤང་བྱ་མི་མཐུན་ཕྱོགས་ངོས་བཟུང་བ་དང་། དེ་ཡི་གཉེན་པོའི་རབ་དབྱེ་བཤད་པ། དེ་ལྟར་སྤང་གཉེན་རྫོགས་པའི་དོན་བསྡུ་བ་གསུམ། དང་པོ། ངོ་བོ་གཞི་ལ་མངོན་པར་ཞེན་པ་མི་མཐུན་ཕྱོགས་སུ་གྱུར་པ་དང་། དེ་ལ་དབྱེ་ན། གཞི་བདེན་གཉིས་ཀྱིས་བསྡུས་པའི་ཆོས་སུ་འཛིན་པ་དང་། གཞི་ལམ་ལ་སྤྱོད་པའི་གང་ཟག་ཏུ་འཛིན་པ་གཉིས།
དང་པོ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། །ཞེས། གཞི་གཟུགས་ལ་སོགས་པའི་ཕུང་པོ་སྟོང་པ་ཉིད་དོན་དམ་པའི་ཆོས་དང་གཞི་ཆོས་ཅན་དུས་གསུམ་དུ་གཏོགས་པའི་ཀུན་རྫོབ་ཀྱི་ཆོས་རྣམས་སུ་འཛིན་པ་དང་། གཉིས་པ་གཞི་གང་ཟག་ཏུ་འཛིན་པ་ནི། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས། ཐུན་མིན་གྱི་ལམ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཐུན་མོང་གི་ལམ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ལ་སྤྱོད་པ་པོ་ངའོ་སྙམ་དུ་འཛིན་པའི་འདུ་ཤེས་ནི་གང་སྤང་བར་བྱ་བ་མི་མཐུན་པའི་ཕྱོགས་སུ་གྱུར་པའོ། །དེའི་ཤུགས་ཀྱིས་དེ་དག་གི་གཉེན་པོར་འཛིན་པའི་སྒྲུབ་པའི་འདུ་ཤེས་ཀྱང་སྤང་བྱ་མི་མཐུན་པའི་ཕྱོགས་སུ་གསུངས་སོ། །འདི་ཉན་རང་ཁོ་ནའི་རྒྱུད་ལ་ཡོད་པར་སྨྲ་བ་སོགས་ལུགས་ཐ་དད་སྣང་ཡང་། ཉན་རང་གི་རྒྱུད་ལ་སྤྱིར་ཡོད་པ་དང་། བྱང་སེམས་ཀྱི་རྒྱུད་ལ་སྤང་བྱའི་ཚུལ་དུ་ལྡན་ཞིང་ས་བདུན་པ་མན་ཆད་དུ་མཚན་འཛིན་མངོན་གྱུར་ཀྱང་རེ་ཞིག་ཡོད་ཅིང་། གང་ཟག་ཏུ་འཛིནཔའི་སྤང་བ་ས་བདུན་པ་ནས་རྫོགས་ཤིང་ཆོས་སུ་འཛིན་པའི་སྤང་བ་ས་བཅུའི་རྒྱུན་མཐར་རྫོགས་པ་ཉིད་རྩ་བའི་དགོངས་པར་སྣང་ངོ་། །
གཉིས་པ་གཉེན་པོ་ལ། ངོ་བོ་གཞི་བདག་མེད་ཀྱི་མངོན་རྟོགས་གཉེན་པོའི་ངོ་བོར་གྱུར་པ་དང་། དེ་ལ་དབྱེ་ན། གཞི་གཉེན་པོ་གང་ཟག་གི་བདག་མེད་དང་། གཞི་ཆོས་ཀྱི་བདག་མེད་རྫོགས་པའི་གཞི་ཤེས་གཉིས། དང་པོ། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །ཞེས། ཉན་ཐོས་དང་ཐུན་མོང་གི་གཞི་ཤེས། སྦྱིན་པ་ལ་སོགས་པ་ལ་སྤྱོད་པ་པོ་ངར་འཛིན་པའི་གང་ཟག་གི་བདག་མེད་པར་རྟོགས་པ་ལ་བྱང་ཆུབ་སེམས་དཔའ་རང་ཉིད་གནས་ནས་གཞན་དག་དེ་ཡི་རིགས་ཅན་རྣམས་ཀྱང་དེ་དང་མཐུན་པའི་མངོན་རྟོགས་ལ་སྦྱོར་བར་བྱེད་པ་དང་། གཉིས་པ་ཆོས་ཀྱི་བདག་མེད་པའི་གཞི་ཤེས་ལ། གཞི་མཐའ་བྲལ་དུ་རྟོགས་དགོས་པའི་རྒྱུ་མཚན་གྱི་ཁྱད་པར་དང་། གཞི་མཉམ་ཉིད་རྟོགས་པའི་ཡི་ཤེས་ཀྱི་ཁྱད་པར། གཞི་ཤེར་ཕྱིན་ཟབ་མོའི་ཆེ་བའི་ཁྱད་པར་དང་གསུམ།
དང་པོ་ནི། དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས། ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་གཞི་ཤེས་ཀྱི་ཁྱད་པར་དེ་ནི། དམིགས་འཛིན་གྱི་ཆགས་པའི་མཐའ་ཕྲ་རགས་ཐམས་ཅད་འགོག་དགོས་པས་ན། དེ་ལྟར་མ་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་སོགས་སུ་མངོན་པར་ཞེན་པའི་ཆགས་པའི་མཐའ་ཕྲ་བའི་སྐྱོན་དུ་འགྱུར་བའི་ཁྱད་པར་དུ་མདོ་ལས་གསུངས་སོ། །
གཉིས་པ། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས། གཞི་ཆོས་ཀྱི་བདག་མེད་རྟོགས་པའི་ལམ་ནི་ཡུལ་གྱི་གནས་ལུགས་ཆོས་ཐམས་ཅད་རང་བཞིན་གྱི་སྤྲོས་པས་དབེན་པའི་ཕྱིར་ན་དེ་བཞིན་ཉིད་ཟབ་པ་ཉིད་དང་། དེའི་ཡུལ་ཅན་གཞི་ཤེས་ཟབ་པའི་མངོན་རྟོགས་ནི་གཞིའི་ཆོས་རྣམས་བདག་མེད་མཉམ་པ་ཉིད་དུ་ཚུལ་གཅིག་པར་ནི་ཡོངས་སུ་ཤེས་པས། གང་སྤང་བར་བྱ་བ་ཆགས་པའི་མཐའ་ཕྲ་རགས་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ནོ། །
གསུམ་པ་དེ་ལྟར་ཤེར་ཕྱིན་ཟབ་པའི་ཆེ་བའི་ཁྱད་པར་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས། དེ་ལྟ་བུའི་ཤེར་ཕྱིན་ཟབ་མོ་ནི་ཐེག་པ་གཞན་གྱིས་རྟོགས་པར་དཀའ་བའི་བདག་ཉིད་དེ། ཡུལ་ཅན་ཚུར་མཐོང་ཚད་མས་རྟོགས་དཀའ་བའི་ཁྱད་པར། མདོ་ལས་ཡུལ་ཅན་རྣམ་པར་ཤེས་པའི་བློ་ཐམས་ཅད་ཀྱིས་མཐོང་བ་ལ་སོགས་པ་བཀག་པའི་སྒོ་ནས་དེ་དག་གི་སྤྱོད་ཡུལ་མ་ཡིན་པར་བསྟན་པ་ཡིས་ཤེར་ཕྱིན་གྱི་གནས་ལུགས་ཟབ་མོ་དེ་ཐེག་པ་གཞན་གྱིས་རྟོགས་པར་དཀའ་བས་ཟབ་པའི་ཁྱད་པར་དུ་མདོ་ལས་ཡོངས་སུ་བཤད་དོ། །ཡུལ་གྱི་ངོ་བོ་བསམ་གྱིས་མི་ཁྱབ་པའི་ཁྱད་པར། གཞི་ཡི་གནས་ལུགས་ཟབ་མོ་གཟུགས་ལ་སོགས་པ་ཡོད་མེད་ཀྱི་མཐའ་བཞིའི་རྣམ་པར་མི་ཤེས་པར་མདོ་ལས་བསྟན་པའི་ཕྱིར། དེ་ལྟ་བུའི་གནས་ལུགས་དེ་ནི་བསམ་གྱིས་མི་ཁྱབ་པའི་ཁྱད་པར་ཅན་དུ་འདོད་པ་ཡིན་ནོ། །དེ་ལྟ་བུའི་གཉེན་པོའི་གཞི་ཤེས་ཀྱི་ས་མཚམས་བྱང་སེམས་ཀྱི་ས་དང་པོ་ནས་རྫོགས་པར་སྨྲ་བ་སོགས་ལུགས་སྣ་ཚོགས་བྱུང་ཡང་། གཉེན་པོ་གང་ཟག་བདག་མེད་ཀྱི་རྟོགས་པ་ས་བདུན་པ་ནས་རྫོགས་པ་དང་། ཆོས་ཀྱི་བདག་མེད་པའི་རྟོགས་པ་ས་བཅུའི་རྒྱུན་མཐའ་ནས་རྫོགས་པ་ཉིད་དོ། །
གསུམ་པ་སྤང་གཉེན་རྫོགས་པའི་དོན་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས། བཤད་མ་ཐག་པ་དེ་ལྟར་སྐབས་གསུམ་པ་ཀུན་ཤེས་པ་ཉིད་ཀྱི་ལུགས་ལ། ཐུན་མོང་ཉན་ཐོས་དང་ཐུན་མིན་བྱང་སེམས་ཀྱི་གཞི་ཤེས་པའི་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་དག་གི་རྣམ་པར་དབྱེ་བ་མདོ་ལས་ཇི་སྐད་བཤད་པ་མ་ལུས་པ་གོང་དུ་རྣམ་པར་བཤད་པ་འདིར་ཡོངས་སུ་འདུ་བར་ཤེས་པར་བྱའོ། །
གསུམ་པ་དེ་ཇི་ལྟར་སྒོམ་པའི་ལམ་དངོས་ལ། གཞི་ཤེས་སྒོམ་པའི་སྦྱོར་བ་དང་། སྦྱོར་བའི་འབྲས་བུ་མཐོང་ལམ་བཤད་པ་གཉིས། དང་པོ་ལ། ཡུལ་སྦྱོར་བའི་དབྱེ་བ་ཕྱེས་ཏེ་བསྟན་པ་དང་། ཡུལ་ཅན་སྦྱོར་བའི་རྣམ་པ་བསྡུས་ཏེ་བསྟན་པ་གཉིས། དང་པོ་ནི། ངོ་བོ་གཞི་ལ་མངོན་ཞེན་བཀག་པའི་སྦྱོར་བ་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། མཉམ་གཞག་དང་། རྗེས་ཐོབ་ཀྱི་ངོ་བོའི་སྦྱོར་བ་གཉིས་ལས། དང་པོ་ལ། ཆོས་ཅན་སྣང་བ་ལ་ཞེན་སྤྱོད་འགོག་པ་དང་། ཆོས་ཉིད་སྟོང་པ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་གཉིས་ལས། དང་པོ་ལ། ཡུལ་དང་། ཡུལ་ཅན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་གཉིས་ལས། དང་པོ། གཟུགས་སོགས་དེ་མི་རྟག་སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས། གཞིའི་ཆོས་ཅན་སྣང་བའི་ཁྱད་གཞི་གཟུགས་ལ་སོགས་པའི་ངོ་བོ་དང་། དེའི་ཁྱད་ཆོས་སྤྱིར་མི་རྟག་པ་ལ་སོགས་པའི་ཁྱད་པར་དང་། བྲེ་བྲག་ཁྱད་ཆོས་དེ་དག་མ་རྫོགས་པ་ཐུན་མོང་བའི་རྣམ་པ་དང་། རབ་ཏུ་རྫོགས་པ་ཐུན་མིན་གྱི་རྣམ་པ་དང་། གཉིས་པ་ཡུལ་ཅན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ནི། དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པའི་སྦྱོར་བ་དང་། །ཞེས། དེ་ལྟར་ཞེན་སྤྱོད་བཀག་པའི་ཡུལ་ཅན་ཆགས་པ་མེད་པའི་ངོ་བོ་ཉིད་དང་བཞི་ལ་སྤྱོད་བཀག་པའི་སྦྱོར་བ་བཞི་དང་། གཉིས་པ་ཆོས་ཉིད་སྟོང་པ་ལ་ཞེན་སྤྱོད་འགོག་པ་ལ། ཡུལ་དང་ཡུལ་ཅན་ལ་ཞེན་སྤྱོད་འགོག་ཚུལ་གཉིས་ལས། དང་པོ་ནི། མི་འགྱུར་བྱེད་པོ་མེད་ཉིད་དང་། །ཞེས། གཞིའི་ཆོས་ཉིད་སྟོང་པའི་ངོ་བོ་གནས་སྐབས་ཐམས་ཅད་དུ་གཞན་དུ་མི་འགྱུར་བ་ཉིད་དང་། དེའི་ཁྱད་ཆོས་རྒྱུ་དང་རྐྱེན་གྱིས་མ་བྱས་པའི་བྱེད་པ་པོ་སོགས་མེད་པ་ཉིད་དང་། གཉིས་པ་ཡུལ་ཅན་ལ་ཞེན་སྤྱོད་འགོག་པ་ནི། བྱ་དཀའ་རྣམ་གསུམ་སྦྱོར་བ་དང་། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །གཞན་ལ་རག་ལས་མིན་གང་དང་། །ཞེས། ཡུལ་ཅན་རྟོགས་པའི་ངོ་བོའི་ཁྱད་པར། རྣམ་མཁྱེན་གྱི་ངོ་བོ་ཆེད་དུ་བྱ་དཀའ་བའི་རབ་བཞིན་དང་། ལམ་ཤེས་ཀྱི་ངོ་བོ་སྦྱོར་བས་བྱ་དཀའ་བའི་རང་བཞིན་དང་། གཞི་ཤེས་ཀྱི་ངོ་བོ་ལས་སུ་བྱ་དཀའ་བའི་རང་བཞིན་ཏེ། ཡུལ་ཅན་གྱི་ཁྱད་པར་རྣམ་པ་གསུམ་པོ་དེ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་དང་། ཡུལ་ཅན་གྱི་བྱེད་པ་ཁྱད་པར་ཅན་གྱི་ངོ་བོ་ཡུལ་ཅན་མཁྱེན་གསུམ་གྱིས་སྐལ་བ་ཇི་ལྟ་བ་བཞིན་རང་སྲས་འཕགས་བཞིའི་འབྲས་བུ་ཐོབ་ཏུ་ཡོད་པས་རང་འབྲས་ཡོད་པར་འདོད་པ་དེ་དང་ནི། དེའི་ཁྱད་ཆོས་འབྲས་བུ་དེ་ཡང་མཁྱེན་གསུམ་ཉིད་ལས་འབྱུང་བས་རྒྱུ་རྐྱེན་གྱི་ཁྱད་པར་གཞན་ལ་རག་ལས་པ་མིན་པ་གང་དང་། དེ་ལྟར་ཆོས་ལྔ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ལྔ་དང་། གཉིས་པ་རྗེས་ཐོབ་ཀྱི་སྦྱོར་བ་ནི། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས། རྗེས་ཐོབ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་མེད་སྣང་ཡོངས་སུ་འགྱུར་བའི་སྣང་བ་རྨི་ལམ་ལྟ་བུ་དང་། རྒྱུ་རྐྱེན་ཚོགས་པའི་སྣང་བ་སྒྱུ་མ་ལྟ་བུ། མེད་བཞིན་སྣང་བ་སྨིག་རྒྱུ་ལྟ་བུ། རྐྱེན་གྱིས་སྣང་བ་བྲག་ཆ་ལྟ་བུ། རྟེན་མ་འཕོས་པའི་སྣང་བ་མིག་ཡོར་ལྟ་བུ། རྟེན་མེད་ཀྱི་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ། བྱེད་པ་པོ་མེད་པའི་སྣང་བ་སྤྲུལ་པ་ལྟ་བུ་སྟེ། དེ་ལྟར་ཐ་སྙད་རྗེས་ཐོབ་ཀྱི་སྣང་བ་ཐམས་ཅད་དཔེ་རྣམ་པ་བདུན་གྱི་ཚུལ་དུ་མེད་སྣང་སྒྱུ་མའི་ངང་ཚུལ་དུ་ཤེས་པར་བྱེད་པའི་དཔེའི་ཆོས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་གཅིག་དང་། དེ་ལྟར་གཞི་ཤེས་ཀྱི་སྦྱོར་བ་རྣམ་པ་བཅུ་ཉིད་དོ། །འདིའི་ས་མཚམས་ནི་སྦྱོར་བའི་ལམ་དུ་བཞེད་ཅིང་། ཁ་ཅིག་མངོན་ཞེན་རགས་པའི་གཉེན་པོ་ས་བདུན་པ་མན་དང་སྦྱོར་བ་ཙམ་ནི་ས་བཅུ་པའི་བར་དུ་ཡོད་པར་འཆད་དོ། །
དེ་ལ། དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས་པའི་དོན་ལ། ཀུན་བཏགས་དང་། ཡོངས་གྲུབ་ཀྱི་གཟུགས་དང་། བྱིས་པ་དང་། རྒན་པོའི་གཟུགས་སོགས་སུ་འཆད་ཚུལ་མང་དུ་སྣང་ཡང་། དོན་དུ། ཡུམ་བར་མ་ལས། རབ་འབྱོར། གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་གྱིས་ཤེས་པར་བྱ་སྟེ། ཡོངས་སུ་བཏགས་པའི་གཟུགས་དང་། རྣམ་པར་བཏགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་སོ། །ཞེས་སྤྱིར་གསུམ་དུ་གསུངས་པའི་དོན། བསྟན་བཅོས་ལས་དང་པོ་ཕྱི་རོལ་པས་རྟག་པ་སོགས་སུ་ཡོངས་སུ་བཏགས་པའི་གཟུགས་ཏེ། དེ་ནི་གཟུགས་ཀྱི་ཁྱད་ཆོས་མིན་པར་དགོངས་ཏེ། ཕྱི་མ་གཟུགས་སོགས་ཀྱི་ཁྱད་ཆོས་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའི་སྒོ་ནས་གསུངས་སོ། །
གཉིས་པ་ཡུལ་ཅན་སྦྱོར་བའི་རྣམ་པ་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས། ངོ་བོ་གཞི་ཤེས་སྦྱོར་བའི་རྣམ་པའི་ཁྱད་པར་དུ་གྱུར་པ་སྟེ། སྦྱོར་བ་ལ་ཞེན་སྤྱོད་བཀག་པའི་རྣམ་པའི་ཁྱད་པར་ཇི་ལྟར་ན། མཉམ་པ་ཉིད་བཞིའི་ཚུལ་གྱིས་ཏེ། མདོ་ལས། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མ་བྱེད། ཅེས་གསུངས་པ་ལྟར། གཟུགས་ཀྱི་མཚན་ཉིད་སོགས་ངོ་བོ་ཉིད་ལ་རློམ་སེམས་སུ་མི་བྱེད་མི་བྱེད་པ་སྟོང་པ་ཉིད་དང་། གཟུགས་ཀྱི་ཁ་དོག་སོགས་མཚན་མའི་ཆོས་ཀྱིས་རློམ་སེམས་སུ་མི་བྱེད་པ་མཚན་མེད་དང་། གཟུགས་ཀྱི་མི་རྟག་སོགས་རྣམ་པའི་ཆོས་བདག་གི་ཞེས་རློམ་སེམས་སུ་མི་བྱེད་པ་སྨོན་མེད་དང་། གཟུགས་ཀྱི་ཡུལ་ཅན་སོགས་སྐྱེ་མེད་ཀྱི་ཆོས་ལ་རློམ་སེམས་སུ་མི་བྱེད་པ་འདུས་མ་བྱས་པ་སྟེ། རྣམ་ཐར་བཞིའི་ཚུལ་གྱིས་ཡུལ་སྦྱོར་བ་དེ་ཡི་ཡུལ་ཅན་གྱི་རྣམ་པ་གཟུགས་སོགས་ཆོས་ཐམས་ཅད་ཀྱི་ངོ་བོ་དང་མཚན་མའི་ཆོས་སུ་མི་སྤྱོད་པར་མཉམ་པ་ཉིད་བཞིའི་ཚུལ་དུ་སྤྱོད་པའི་སྤྱོད་པ་དམ་པ་སྟེ། འདིའི་སྐབས་ཀྱི་སྡུད་པ་ལས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་འགྲོ་ལ་ཆགས་པ་མེད་པར་འགྲོ། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །འདིའི་ས་མཚམས་ཀྱང་སྦྱོར་བའི་མཚམས་ཀྱི་ཤུགས་ལས་རྟོགས་པར་ནུས་སོ། །
གཉིས་པ་མཐོང་ལམ་ལ། མཐོང་ལམ་བཟོད་ཤེས་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། གཞི་སྒྲོ་འདོགས་དང་བྲལ་བའི་རྣམ་པ་བཤད་པ། དེ་ལྟར་བསྟན་པའི་དོན་བསྡུ་བ་གསུམ། དང་པོ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས། ངོ་བོ་གཞི་བདག་མེད་མཐའ་བྲལ་གྱི་གནས་ལུགས་མཐོང་བའི་ཡེ་ཤེས་ཏེ། དམིགས་ཡུལ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་རེ་རེ་ལ། ཡུལ་ཅན་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་གཉིས་རེར་དབྱེ་བས་བརྒྱད་དང་། དེ་རེ་རེ་ལ་བཟོད་པ་དང་ཤེས་པ་གཉིས་རེར་དབྱེ་བས་བརྒྱད་དེ། ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་བདག་ཉིད་ཅན་འདི་ནི་ཀུན་ཤེས་པ་ཉིད་ཀྱི་ཚུལ་ལ་མཐོང་བའི་ལམ་དུ་འདོད་པ་ཡིན་ནོ། །
གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ། སྡུག་བདེན་གྱི་ཡེ་ཤེས་བཞི་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང་། །མ་སྐྱེས་མ་འགགས་ལ་སོགས་དང་། །ཞེས། གཞི་གཟུགས་སོགས་སྡུག་བདེན་གྱི་རྣམ་པ་རྟག་པ་དང་རྟག་པ་མ་ཡིན་པ་དང་བྲལ་བའི་རྟག་མི་རྟག་གཉིས་མེད་པའི་རྣམ་པ་དང་། སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པ་དང་བྲལ་བས་མཐའ་ལས་འདས་པའི་རྣམ་པ་དང་། སྟོང་པ་དང་སྟོང་པ་མ་ཡིན་པ་དང་བྲལ་བས་རྣམ་པར་དག་པའི་རྣམ་པ་དང་། བདག་དང་བདག་མེད་པ་དང་བྲལ་བས་སྐྱེ་འགག་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་བཞིའོ། །
གཉིས་པ་ཀུན་འབྱུང་གི་རྣམ་པ་བཞི་ནི། མཁའ་འདྲ་ཆགས་པ་སྤངས་པ་དང་། །ཡོངས་སུ་འཛིན་ལས་གྲོལ་བ་དང་། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང་། །ཞེས། ཀུན་འབྱུང་རྒྱུ་དང་རྒྱུ་མ་ཡིན་པ་དང་བྲལ་བས་ནམ་མཁའ་འདྲ་བའི་རྣམ་པ་དང་། ཀུན་འབྱུང་བ་དང་ཀུན་འབྱུང་བ་མ་ཡིན་པ་དང་བྲལ་བས་ཆགས་པ་སྤངས་པའི་རྣམ་པ་དང་། རབ་ཏུ་སྐྱེ་བ་དང་སྐྱེ་བ་མ་ཡིན་པ་དང་བྲལ་བས་ཡོངས་སུ་འཛིན་པ་ལས་གྲོལ་བའི་རྣམ་པ་དང་། རྐྱེན་དང་རྐྱེན་མ་ཡིན་པ་དང་བྲལ་བས་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་བཞིའོ། །
གསུམ་པ་འགོག་བདེན་གྱི་རྣམ་པ་བཞི་ནི། གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང་། །དམིགས་པ་མེད་པར་བྱེད་པ་དང་། །ཤིན་ཏུ་རྣམ་དག་ནད་མི་འབྱུང་། །ཞེས། འགོག་པ་དང་འགོག་པ་མ་ཡིན་པ་དང་བྲལ་བས་དོན་བརྗོད་པས་སྦྱིན་དུ་མེད་པའི་རྣམ་པ་དང་། ཞི་བ་དང་ཞི་བ་མ་ཡིན་པ་དང་བྲལ་བས་དམིགས་པ་མེད་པར་བྱེད་པའི་རྣམ་པ་དང་། གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་དང་བྲལ་བས་ཤིན་ཏུ་རྣམ་པར་དག་པའི་རྣམ་པ་དང་། ངེས་འབྱུང་དང་ངེས་འབྱུང་མ་ཡིན་པ་དང་བྲལ་བས་ནད་མི་འབྱུང་བའི་རྣམ་པ་ཅན་གྱི་ཡེ་ཤེས་བཞིའོ། །
བཞི་པ་ལམ་བདེན་གྱི་རྣམ་པ་བཞི་ནི། ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང་། །དངོས་དང་མིང་དུ་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཞེས། ལམ་དང་ལམ་མ་ཡིན་པ་དང་བྲལ་བས་ངན་སོང་ཆད་པའི་རྣམ་པ་དང་། རིགས་པ་དང་རིགས་པ་མ་ཡིན་པ་དང་བྲལ་བས་འབྲས་བུ་མངོན་དུ་བྱ་བར་མི་རྟོག་པའི་རྣམ་པ་དང་། སྒྲུབ་པ་དང་སྒྲུབ་པ་མ་ཡིན་པ་དང་བྲལ་བས་མཚན་མ་དག་དང་མ་འབྲེལ་བའི་རྣམ་པ་དང་། ངེས་འབྱིན་དང་ངེས་འབྱིན་མ་ཡིན་པ་དང་བྲལ་བས་དེའི་མིང་དོན་གྱི་ཤེས་པ་སྐྱེ་བ་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་བཞིའོ། །
གསུམ་པ་དོན་བསྡུ། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས། དེ་ལྟར་ཐེག་གསུམ་གྱི་རྟོགས་རིགས་ཐམས་ཅད་འདུས་པ་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་ཡེ་ཤེས་ནི། ཀུན་ཤེས་པ་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་ཏུ་ལྡོག་པའི་སྒོ་ནས་མདོ་ལས་གསུངས་སོ། །དེ་ལྟར་དངོས་སུ་བསྟན་པ་ནི། ཐེག་གསུམ་གྱི་རྟོགས་རིགས་འདུས་པའི་བྱང་སེམས་ཀྱི་མཐོང་ལམ་ཡིན་ཞིང་། དེ་མཐོང་ཟིན་སྒོམ་པའི་སྒོམ་ལམ་ལམ་ཤེས་ཀྱི་ཤུགས་ལ་རྟོགས་སླ་བས་དེ་མི་སྟོན་པའི་རྒྱུ་མཚན་མ་གསུངས་ཤིང་། ཉན་ཐོས་རང་རྒྱུད་པའི་མཐོང་ལམ་ནི་སྔ་མའི་ཤུགས་བསྟན་དང་། དེ་མཐོང་ཟིན་སྒོམ་པའི་སྒོམ་ལམ་དངོས་ཤུགས་གང་རུང་གི་ཚུལ་དུ་སྟོན་པ་སྐབས་སུ་མ་བབ་པས་དེ་མ་བསྟན་པའི་ཚུལ། དོན་གསལ་ཉིད་ལས་གསལ་བས་གཞན་དུ་སྨྲ་བར་མི་བྱའོ། །
གཉིས་པ་མཁྱེན་པ་གསུམ་གྱི་མཇུག་བསྡུ་བ་ནི། དེ་ལྟར་འདི་དང་ཡང་འདི་དང་། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདི་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས། དེ་ལྟར་ཇི་སྐད་བསྟན་པའི་མཁྱེན་གསུམ་གྱི་རིམ་པ་རྣམས་ཀྱང་། མདོ་ལས། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་སོགས་གཞི་ཤེས་ཀྱི་མཇུག་སྡུད་འདི་དང་། ཡང་རབ་འབྱོར་ཡུམ་འདི་ནི་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན་སོགས་ལམ་ཤེས་མཇུག་སྡུད་འདི་དང་། ཡང་རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ནས་རང་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་སོགས་རྣམ་མཁྱེན་གྱི་མཇུག་སྡུད་སྟོན་བྱེད་ཀྱི་མདོ་ཡིན་ཏེ། དེ་ལྟར་གང་སྡུད་པར་བྱེད་པའི་མདོ་ཚིག་གསུམ་པོ་འདི་ནི། གང་བསྡུ་བར་བྱ་བ་ཇི་སྐད་བསྟན་པའི་མཁྱེན་པ་རྣམ་པ་གསུམ་པོ་དག་དགོས་པའི་ཁྱད་པར་གྱིས་རྫོགས་པར་ཡོངས་སུ་བསྡུས་ཏེ་མདོ་ལས་ཡོངས་སུ་བསྟན་པ་ཡིན་ནོ། །ཞེས་འཆད་དགོས་ཀྱི་སྐབས་དོན་ནོར་བར་མི་བྱའོ། །དེ་ཡང་རྣམ་རྫོགས་སྦྱོར་བ་དང་མཚམས་སྦྱར་ཏེ་མཁྱེན་པ་གསུམ་གྱི་རྣམ་པ་བསྡུ་བའི་ཆེད་དུ་སྐབས་གསུམ་གྱི་གོ་རིམ་ལས་ལྡོག་སྟེ་བསྟན་པར་མཛད་པའོ། །
ངོ་བོ་སྟོང་པའི་རྣམ་ཐར་ཤེས་བྱའི་གཞི། །ཟུང་འཇུག་རྣམ་པ་ཀུན་ལྡན་ཡང་དག་མཐའ། །ཤེས་པའི་ཤེས་རབ་ཐུགས་བརྩེ་དང་འབྲེལ་བའི། །ཐུན་མིན་གཞི་ཤེས་ཚུལ་འདི་མཁྱེན་པར་མཛོད། །བསྡུ་བའི་ཚིགས་སུ་བཅད་པའོ། །ལེའུའི་མཚན་ནི། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་གསུམ་པའི་ཚིག་དོན་བཤད་པའོ།། །།
སྐབས་བཞི་པ་རྣམ་རྫོགས་སྦྱོར་བ།
གཉིས་པ་དེ་ཡི་རྣམ་པའི་སྦྱོར་བ་བསྡུས་ཏེ་བསྟན་པ་སྦྱོར་བཞི་ལ། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་སྦྱོར་བ་སྤྱིར་བསྟན་པ་དང་། དེ་རིམ་དང་ཅིག་ཆར་སྒོམ་པའི་ལམ་རིམ་བཤད་པ་གཉིས། དང་པོ་ལ། རྣམ་པ་བསྡུས་ཏེ་རྫོགས་པར་སྒོམ་པའི་མངོན་རྟོགས་རྣམ་རྫོགས་སྦྱོར་བ་དང་། དེ་སྐབས་སོ་སོར་མཐར་ཕྱིན་པའི་མངོན་རྟོགས་རྩེ་སྦྱོར་བཤད་པ་གཉིས། དང་པོ་རྣམ་རྫོགས་སྦྱོར་བ་ལ། བསྒོམ་བྱ་མཁྱེན་པ་གསུམ་གྱི་རྣམ་པ་བསྡུ་བ་དང་། ཉམས་ལེན་སྦྱོར་བ་སྒོམ་པའི་མངོན་རྟོགས་བཤད་པ་གཉིས། དང་པོ་ལ་བསྒོམ་བྱ་རྣམ་པའི་ངོ་བོ་མདོར་བསྟན་པ་དང་། དེ་དག་སོ་སོའི་མཚན་གཞི་རྒྱས་པར་བཤད་པ་གཉིས།
དང་པོ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས། ངོ་བོ་གཞི་བདེན་བཞིའི་གནས་ལུགས་ཤེས་པ་ཡི་མཁྱེན་པའི་བྱེ་བྲག་རྣམས་ནི་རྣམ་པ་ཞེས་བྱ་བའི་མཚན་ཉིད་དུ་བཞེད་དེ། དེ་ལ་དབྱེ་བའི་ཁྱད་པར། གང་བསྡུ་བར་བྱ་བ་སྐབས་དང་པོ་གསུམ་གྱིས་བསྟན་པའི་ཀུན་མཁྱེན་ཉིད་ནི་རྣམ་པ་གསུམ་དུ་ཡོད་པའི་ཕྱིར་ན། དེ་བསྡུས་པའི་རྣམ་པ་དེ་ནི་བྱེ་བྲག་རྣམ་པ་གསུམ་དུ་དབྱེར་ཡོད་པར་འདོད་དོ། །ཞེས་ངོ་བོ་མཚན་གཞིའི་དབྱེ་བ་དང་བཅས་པའི་སྒོ་ནས་མདོར་བསྟན་ཏེ། གཉིས་པ་ལ། གཞི་ཤེས་ཀྱི་རྣམ་པ་དང་། ལམ་ཤེས་ཀྱི་རྣམ་པ་དང་། རྣམ་མཁྱེན་གྱི་རྣམ་པ་རྒྱས་བཤད་དང་གསུམ།
དང་པོ། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང་། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས། སྡུག་བདེན་གྱི་གནས་ལུགས་མེད་པའི་རྣམ་པ་མཁྱེན་པ་ནས་བཟུང་སྟེ། ལམ་བདེན་གྱི་གནས་ལུགས་མི་གཡོ་བའི་རྣམ་པ་མཁྱེན་པའི་བར་དུ་བདེན་པ་དང་པོ་གསུམ་སོ་སོ་རེ་རེ་ལ་རྣམ་པ་བཞི་རེ་དང་། ལམ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པའི་ཁྱད་པར་དུ་བྱས་པའི་ལམ་བདེན་གྱི་གནས་ལུགས་རྟོགས་པའི་རྣམ་པ་བཅོ་ལྔར་མདོ་ལས་བཤད་དེ། དེ་ལྟར་གཞི་ཤེས་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཏེ། སྡུག་བདེན་གྱི་གནས་ལུགས་མི་རྟག་པ་དང་མི་རྟག་པ་མ་ཡིན་པའི་སྤྲོས་པ་མེད་པ་མཁྱེན་པའི་རྣམ་པ་དང་། སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པའི་སྤྲོས་པ་མི་སྐྱེ་བ་མཁྱེན་པའི་རྣམ་པ་དང་། སྟོང་པ་དང་སྟོང་མ་ཡིན་པའི་སྤྲོས་པ་དབེན་པ་མཁྱེན་པའི་རྣམ་པ་དང་། བདག་དང་བདག་མེད་རྟོགས་པའི་སྤྲོས་པས་མི་བརྫི་བ་མཁྱེན་པའི་རྣམ་པ་དང་བཞིའོ། །
ཀུན་འབྱུང་བདེན་པའི་གནས་ལུགས། རྒྱུ་དང་རྒྱུ་མ་ཡིན་པའི་སྤྲོས་པའི་གནས་མེད་པ་མཁྱེན་པའི་རྣམ་པ་དང་། ཀུན་འབྱུང་དང་ཀུན་འབྱུང་མ་ཡིན་པའི་སྤྲོས་མེད་ནམ་མཁའ་ལྟར་མཁྱེན་པའི་རྣམ་པ་དང་། རབ་སྐྱེ་དང་རབ་སྐྱེ་མ་ཡིན་པའི་སྤྲོས་པ་བརྗོད་དུ་མེད་པ་མཁྱེན་པའི་རྣམ་པ་དང་། རྐྱེན་དང་རྐྱེན་མ་ཡིན་པའི་སྤྲོས་པ་མིང་མེད་པ་མཁྱེན་པའི་རྣམ་པ་དང་བཞིའོ། །
འགོག་བདེན་གྱི་གནས་ལུགས། འགོག་པ་དང་འགོག་པ་མ་ཡིན་པའི་སྤྲོས་མེད་འགྲོ་བ་མེད་པ་མཁྱེན་པའི་རྣམ་པ་དང་། ཞི་བ་དང་ཞི་བ་མ་ཡིན་པས་སྤྲོས་པས་མི་འཕྲོག་པ་མཁྱེན་པའི་རྣམ་པ་དང་། གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་མེད་པའི་སྤྲོས་མེད་མི་ཟད་པ་མཁྱེན་པའི་རྣམ་པ་དང་། ངེས་འབྱུང་དང་ངེས་འབྱུང་མ་ཡིན་པའི་སྤྲོས་པ་སྐྱེ་བ་མེད་པར་མཁྱེན་པའི་རྣམ་པ་དང་བཞིའོ། །
ལམ་ལ་ཉོན་སྒྲིབ་ཀྱི་གཉེན་པོ་གང་ཟག་གི་བདག་མེད་རྟོགས་པའི་ལམ་བདེན་གྱི་གནས་ལུགས་ལམ་དང་ལམ་མ་ཡིན་པའི་སྤྲོས་པ་མེད་པས་བྱེད་པ་པོ་མེད་པ་མཁྱེན་པའི་རྣམ་པ་དང་། རིགས་པ་དང་རིགས་པ་མ་ཡིན་པའི་སྤྲོས་པ་མེད་པས་ཤེས་པ་པོ་མེད་པ་མཁྱེན་པའི་རྣམ་པ་དང་། སྒྲིབ་པ་དང་སྒྲིབ་པ་མ་ཡིན་པའི་སྤྲོས་པ་མེད་པས་འཕོ་བ་པོ་མེད་པ་མཁྱེན་པའི་རྣམ་པ་དང་། ངེས་འབྱིན་དང་ངེས་འབྱིན་མ་ཡིན་པའི་སྤྲོས་པ་མེད་པས་འདུལ་བ་པོ་མེད་པ་མཁྱེན་པའི་རྣམ་པ་དང་བཞི། ཤེས་སྒྲིབ་ཀྱི་གཉེན་པོ་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་རྗེས་ཐོབ་ཟག་བཅས་ལམ་གྱི་གནས་ལུགས་ངོ་བོ་མེད་པ་རྨི་ལམ་ལྟ་བུའི་མཚན་ཉིད་མཁྱེན་པའི་རྣམ་པ་དང་། མ་སྐྱེས་པ་སྒྲ་སྙན་ལྟ་བུའི་མཚན་ཉིད་མཁྱེན་པའི་རྣམ་པ་དང་། གཟོད་མ་ནས་ཞི་བ་སྨིག་རྒྱུ་ལྟ་བུའི་མཚན་ཉིད་མཁྱེན་པའི་རྣམ་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུའི་མཚན་ཉིད་མཁྱེན་པའི་རྣམ་པ་དང་ལྔ། ཤེས་སྒྲིབ་ཀྱི་གཉེན་པོ་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་མཉམ་གཞག་ཟག་མེད་ལམ་བདེན་གྱི་གནས་ལུགས་ཀུན་ཉོན་རྟོག་པའི་གཉེན་པོ་ཀུན་ཉོན་མེད་པ་མཁྱེན་པའི་རྣམ་པ་དང་། རྣམ་པར་བྱང་བ་རྟོག་པའི་གཉེན་པོ་རྣམ་བྱང་མེད་པ་མཁྱེན་པའི་རྣམ་པ་དང་། བག་ཆགས་ཀྱི་རྟོག་པའི་གཉེན་པོ་གོས་པ་མེད་པ་མཁྱེན་པའི་རྣམ་པ་དང་། སྤྲོས་མཚན་གྱི་རྟོག་པའི་གཉེན་པོ་སྤྲོས་པ་མེད་པ་མཁྱེན་པའི་རྣམ་པ་དང་། རང་གི་མངོན་རྟོགས་སུ་རྟོག་པའི་གཉེན་པོ་རློམ་པ་མེད་པ་མཁྱེན་པའི་རྣམ་པ་དང་། ཡོངས་སུ་ཉམས་པར་རྟོག་པའི་གཉེན་པོ་མི་གཡོ་བ་མཁྱེན་པའི་རྣམ་པ་དང་དྲུག་སྟེ་བཅོ་ལྔའོ། །དེ་ལྟ་བུའི་གཞི་ཤེས་ཀྱི་རྣམ་པ་དེ་དག་གིས་ཐུན་མོང་ཉན་རང་གི་རྟོགས་རིགས་དག་ཀྱང་བསྡུས་པར་ཤེས་པར་བྱའོ། །
གཉིས་པ་ལམ་ཤེས་ཀྱི་རྣམ་པ་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས། ཀུན་ཉོན་ཕྱོགས་ཀྱི་རྒྱུ་ཀུན་འབྱུང་བདེན་པ་དང་། རྣམ་བྱང་ཕྱོགས་ཀྱི་རྒྱུ་ལམ་གྱི་བདེན་པ་དང་། ཀུན་ཉོན་ཕྱོགས་ཀྱི་འབྲས་བུ་སྡུག་བསྔལ་བདེན་པ་དང་། རྣམ་བྱང་ཕྱོགས་ཀྱི་འབྲས་བུ་འགོག་པའི་བདེན་པ་ལ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་དག་གི་རྣམ་པ་བརྒྱད་དང་བདུན་དང་ནི། ལྔ་དང་བཅུ་དྲུག་ཅེས་མདོ་ལས་ཡོངས་སུ་བསྒྲགས་པར་མཛད་དེ་གསུངས་སོ། །
དེ་ལྟར་ན་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་སྟེ། ཇི་ལྟར་ན། ཀུན་འབྱུང་གི་རྣམ་པ་སྤང་གཉེན་གྱི་སྒོ་ནས་བསྟན་པ་བརྒྱད་ནི། ཀུན་འབྱུང་བདེན་པའི་ཁྱད་ཆོས་རྒྱུ་ཡི་རྣམ་པ་རྟོགས་པའི་ཡེ་ཤེས་ནི་རྒྱུ་འདོད་འདུན་སྤངས་པས་འདོད་ཆགས་དང་བྲལ་བ་མཁྱེན་པའི་རྣམ་པ་དང་། ངོ་བོ་འདོད་ཆགས་སྤངས་པས་སྲིད་པར་མི་གནས་པ་མཁྱེན་པའི་རྣམ་པ་དང་། འབྲས་བུ་ཡང་སྲིད་ལ་དགའ་བ་སྤངས་པས་ཞི་བར་མཁྱེན་པའི་རྣམ་པ་དང་། ཀུན་འབྱུང་བདེན་པའི་ཁྱད་ཆོས་ཀུན་འབྱུང་བའི་རྣམ་པ་རྟོགས་པའི་ཡེ་ཤེས་ནི་འདོད་ཆགས་སྤངས་པས་མ་ཆགས་པ་མཁྱེན་པའི་རྣམ་པ་དང་། ཞེ་སྡང་སྤངས་པས་མི་སྡང་བ་མཁྱེན་པའི་རྣམ་པ་དང་། གཏི་མུག་སྤངས་པས་གཏི་མུག་མེད་པ་མཁྱེན་པའི་རྣམ་པ་དང་། ཀུན་འབྱུང་བདེན་པའི་ཁྱད་ཆོས་རབ་སྐྱེའི་རྣམ་པ་རྟོགས་པའི་ཡེ་ཤེས་ནི་རྒྱུ་ཀུན་ཏུ་རྟོག་པ་སྤངས་པས་འབྲས་བུ་ཉོན་མོངས་མེད་པ་མཁྱེན་པའི་རྣམ་པ་དང་། ཀུན་འབྱུང་གི་ཁྱད་ཆོས་རྐྱེན་གྱི་རྣམ་པ་རྟོགས་པའི་ཡེ་ཤེས་སེམས་ཅན་དུ་མངོན་ཞེན་སྤངས་པས་སེམས་ཅན་མེད་པ་མཁྱེན་པའི་རྣམ་པ་དང་བརྒྱད་དོ། །
ཡུལ་ཅན་གཉེན་པོའི་རྣམ་པ་ཡིན་པ་ཡང་། དོན་གསལ་ལས། དེ་རྣམས་ཀྱི་གཉེན་པོར་གྱུར་པ། གསུམ་དང་། གསུམ་དང་། གཅིག་དང་། གཅིག་སྟེ། དེ་ལྟར་ན་རྒྱུའི་བདེན་པའི་རྣམ་པ་བརྒྱད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །
ལམ་བདེན་གྱི་རྣམ་པ་དེ་དམ་བཅའ་དང་འཐད་པའི་སྒོ་ནས་བསྟན་པ་བདུན་ནི། ལམ་བདེན་གྱི་ཁྱད་ཆོས་ལམ་གྱི་རྣམ་པ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཚད་མེད་པ་མཁྱེན་པའི་རྣམ་པ་དང་། ཇི་ལྟར་ན་མཐའ་གཉིས་དང་མ་འབྲེལ་བ་མཁྱེན་པའི་རྣམ་པ་དང་། ལམ་བདེན་གྱི་ཁྱད་ཆོས་རིགས་པའི་རྣམ་པ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཐ་མི་དད་པ་མཁྱེན་པའི་རྣམ་པ་དང་། ཇི་ལྟར་ན་མཆོག་ཏུ་འཛིན་པ་མེད་པ་མཁྱེན་པའི་རྣམ་པ་དང་། ལམ་བདེན་གྱི་ཁྱད་ཆོས་སྒྲུབ་པའི་རྣམ་པ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་མི་རྟོག་པ་མཁྱེན་པའི་རྣམ་པ་དང་། ཇི་ལྟར་ན་བློས་གཞལ་དུ་མེད་པར་མཁྱེན་པའི་རྣམ་པ་དང་། ལམ་བདེན་གྱི་ཁྱད་ཆོས་ངེས་འབྱིན་གྱི་རྣམ་པ་རྟོགས་པའི་ཡེ་ཤེས་ངོ་བོ་ཆགས་པ་མེད་པ་མཁྱེན་པའི་རྣམ་པ་དང་བདུན་ནོ། །ཕྱི་མ་འདི་ལ་འཐད་པ་ཉེ་བར་མ་བཀོད་པ་ནི་རྟེན་འབྱུང་གི་ཆེ་བ་ཁྱད་པར་ཅན་ལ་དགོངས་པར་མཛད་དོ། །
སྡུག་བདེན་གྱི་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བསྟན་པ་ལྔ་ནི། སྡུག་བདེན་གྱི་ཁྱད་ཆོས་མི་རྟག་པ་རྟོགས་པའི་ཡེ་ཤེས་མི་རྟག་པ་མཁྱེན་པའི་རྣམ་པ་དང་། སྡུག་བདེན་གྱི་ཁྱད་ཆོས་སྡུག་བསྔལ་གྱི་རྣམ་པ་རྟོགས་པའི་ཡེ་ཤེས་སྡུག་བསྔལ་མཁྱེན་པའི་རྣམ་པ་དང་། སྡུག་བདེན་གྱི་ཁྱད་ཆོས་སྟོང་པའི་རྣམ་པ་རྟོགས་པའི་ཡེ་ཤེས་སྟོང་པ་མཁྱེན་པའི་རྣམ་པ་དང་། སྡུག་བདེན་གྱི་ཁྱད་ཆོས་བདག་མེད་རྟོགས་པའི་ཡེ་ཤེས་བདག་མེད་མཁྱེན་པའི་རྣམ་པ་དང་། སྡུག་བདེན་གྱི་རང་བཞིན་སྤྲོས་པའི་མཚན་ཉིད་མེད་པ་རྟོགས་པའི་ཡེ་ཤེས་མཚན་ཉིད་མེད་པ་མཁྱེན་པའི་རྣམ་པ་དང་ལྔའོ། །
འགོག་བདེན་གྱི་རྣམ་པ་ངོ་བོའི་སྒོ་ནས་བསྟན་པ་བཅུ་དྲུག་ནི། འགོག་བདེན་གྱི་ཁྱད་ཆོས་འགོག་པའི་རྣམ་པ་རྟོགས་པའི་ཡེ་ཤེས་ནི་ཡུལ་ཕྱི་སྟོང་པ་ཉིད་རྟོགས་པ་མཁྱེན་པའི་རྣམ་པ་དང་། དེ་བཞིན་དུ་ནང་སྟོང་པ་ཉིད་དང་། གཉིས་ཀ་སྟོང་པ་ཉིད་རྟོགས་པ་མཁྱེན་པའི་རྣམ་པ་གསུམ་དང་། འགོག་བདེན་གྱི་ཁྱད་ཆོས་ཞི་བའི་རྣམ་པ་རྟོགས་པའི་ཡེ་ཤེས་ཡུལ་སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་པ་སྟོང་པ་ཉིད་དང་། མཐའ་ལས་འདས་པའི་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་དང་། དོར་བ་མེད་པའི་སྟོང་པ་ཉིད་རྟོགས་པ་མཁྱེན་པའི་རྣམ་པ་བརྒྱད་དང་། འགོག་བདེན་གྱི་ཁྱད་ཆོས་གྱ་ནོམ་པའི་རྣམ་པ་རྟོགས་པའི་ཡེ་ཤེས་ཡུལ་རང་བཞིན་སྟོང་པ་ཉིད་རྟོགས་པ་མཁྱེན་པའི་རྣམ་པ་དང་། འགོག་བདེན་གྱི་ཁྱད་ཆོས་ངེས་འབྱུང་གི་རྣམ་པ་རྟོགས་པའི་ཡེ་ཤེས་ཡུལ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་སྟོང་པ་ཉིད་རྟོགས་པ་མཁྱེན་པའི་རྣམ་པ་བཞི་སྟེ། སྔ་མ་གསུམ་ཚུལ་ཇི་ལྟར་ངེས་པར་འབྱུང་བ་དང་། ཕྱི་མ་གཅིག་ངོ་ངོ་གང་དུ་ངེས་པར་འབྱུང་བའི་རྣམ་པའོ། །དེ་ལྟར་རྣམ་པ་བཅུ་དྲུག་གོ །
ཚུལ་དེས་དོན་གསལ་ལས། དོར་བ་མེད་པ་ལ་མངོན་པར་ཞེན་པ་དགག་པས། སྟོང་པ་དང་། ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་བརྒྱད། ཅེས་དང་། དུས་སུ་འཁྲུལ་བ་རྣམས་དགག་པས། ཆོས་ཐམས་ཅད་དང་། རང་གི་མཚན་ཉིད་དང་། མི་དམིགས་པ་ཉིད་ཀྱི་རྣམ་པ་སྟེ་གསུམ་དང་ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ངོ་བོ་ཉིད་དགག་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། ཞེས་པའི་དོན་ཡང་རྟོགས་པར་འགྱུར་རོ། །
གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ནི། དྲན་པ་ཉེར་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས། ལུས་དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པའི་བར་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་པོ་རྣམས་ནི། བདེན་བཞིའི་ཁྱད་པར་ལམ་གྱི་བདེན་པའི་རྣམ་པ་དང་རྗེས་སུ་མཐུན་པར་མཐར་ཐུག་པ་འབྲས་བུའི་རྣམ་པ་ལ་ཡང་ཀུན་མཁྱེན་གསུམ་དུ་དབྱེ་བས་ན། སློབ་མ་ཉན་ཐོས་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ལ་མངའ་བའི་ཡོན་ཏན་གྱི་ཆོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་གིས། རིམ་བཞིན་རྣམ་མཁྱེན་གྱི་རྣམ་པ་དེ་ལའང་། གཞི་ཤེས་རྗེས་མཐུན་གྱི་རྣམ་པ་སུམ་ཅུ་རྩ་བདུན་དང་། ལམ་ཤེས་རྗེས་མཐུན་གྱི་རྣམ་པ་སུམ་ཅུ་རྩ་བཞི་དང་། ཐུན་མིན་སངས་རྒྱས་ཀྱི་རྣམ་པ་སུམ་ཅུ་རྩ་དགུ་དག་ཏུ་མདོ་ལས་བཞེད་དོ། །
དེ་ལ་ཐུན་མོང་ཉན་ཐོས་དང་རྗེས་མཐུན་གཞི་ཤེས་ཀྱི་རྣམ་པ་སོ་བདུན་ནི། སྡེ་ཚན་བདུན་ལས། དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་དྲན་པ་ཉེར་བཞག་བཞི་སྟེ། ལུས་དྲན་པ་ཉེར་བཞག་མཁྱེན་པའི་རྣམ་པ་དང་། དེ་བཞིན་དུ། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་བཞག་པ་མཁྱེན་པའི་རྣམ་པ་བཞི་དང་། རྩོལ་བ་ལས་བྱུང་བའི་ལམ་ཡང་དག་སྤོང་བཞི་སྟེ། མི་དགེ་བའི་ཆོས་སྐྱེས་པ་སྤོང་པ་དང་། མ་སྐྱེས་པ་མི་སྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་སྤེལ་བ་དང་། མ་སྐྱེས་པ་བསྐྱེད་པའི་ཡང་དག་པར་སྤོང་བ་མཁྱེན་པའི་རྣམ་པ་མཁྱེན་པའི་རྣམ་པ་བཞི་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་འདུན་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་མཁྱེན་པའི་རྣམ་པ་བཞི་དང་། མངོན་པར་རྟོགས་པར་སྦྱོར་བའི་ལམ་དབང་པོ་ལྔ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་མཁྱེན་པའི་རྣམ་པ་ལྔ་དང་། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་སྟོབས་ལྔ་སྟེ། དད་པ་དང་། བརྩོན་འགྲུས་དང། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་མཁྱེན་པའི་རྣམ་པ་ལྔ་དང་། མངོན་པར་རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མཁྱེན་པའི་རྣམ་པ་བདུན་དང་། རྣམ་དག་ངེས་འབྱིན་གྱི་ལམ་འཕགས་ལམ་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་འཕགས་པའི་ལམ་མཁྱེན་པའི་རྣམ་པ་དང་སུམ་ཅུ་རྩ་བདུན་ནོ། །
བྱང་ཆུབ་སེམས་དཔའ་དང་རྗེས་མཐུན་ལམ་ཤེས་ཀྱི་རྣམ་པ་སོ་བཞི་ནི། སྡེ་ཚན་བདུན་ལས། གཉེན་པོའི་ལམ་རྣམ་ཐར་སྒོ་གསུམ། ངོ་བོ་སྟོང་པ་ཉིད་དང་། རྒྱུ་མཚན་མ་མེད་པ་དང་། འབྲས་བུ་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་མཁྱེན་པའི་རྣམ་པ་གསུམ་དང་། སྤྲུལ་པའི་ལམ་རྣམ་པར་ཐར་པ་གསུམ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་དང་། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་དང་། སྡུག་པའི་རྣམ་པར་ཐར་པ་མཁྱེན་པའི་རྣམ་པ་གསུམ་དང་། མཐོང་ཆོས་བདེར་གནས་ཀྱི་ལམ། གཟུགས་མེད་ཀྱི་སྙོམས་འཇུག །ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པ་དང་། སྲིད་རྩེའི་སྙོམས་པར་འཇུག་པ་མཁྱེན་པའི་རྣམ་པ་བཞི་དང་། ཞི་བར་གནས་པའི་ལམ། འགོག་པ་ལ་སྙོམས་པར་འཇུག་པ་མཁྱེན་པའི་རྣམ་པ་གཅིག་དང་། འཇིག་རྟེན་ལས་འདས་པའི་ལམ་སྙོམས་འཇུག་དགུ་སྟེ། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་མཁྱེན་པའི་རྣམ་པ་དགུ་དང་། སྤོང་བའི་ལམ་བར་ཆད་མེད་པ་ཡུལ་བདེན་པ་བཞི་མཐོང་བའི་བར་ཆད་མེད་ལམ་བཞི་མཁྱེན་པའི་རྣམ་པ་བཞི་དང་། སངས་རྒྱས་ཉིད་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་མཁྱེན་པའི་རྣམ་པ་བཅུ་དང་། དེ་ལྟར་རྣམ་པ་སུམ་ཅུ་རྩ་བཞིའོ། །
ཐུན་མོང་མ་ཡིན་པ་སངས་རྒྱས་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དགུ་ནི། སྡེ་ཚན་ལྔ་ལས། སྟོབས་ནི་བཅུ་སྟེ། གནས་དང་གནས་མ་ཡིན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། མོས་པ་སྣ་ཚོགས་པ་དང་། ཁམས་སྣ་ཚོགས་པ་དང་། དབང་པོ་སྣ་ཚོགས་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་སྣ་ཚོགས་པ་དང་། ཀུན་ཉོན་དང་རྣམ་པར་བྱང་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ་དང་། ཟག་པ་ཟད་པའི་སྟོབས་མཁྱེན་པའི་རྣམ་པ་བཅུ་དང་། མི་འཇིགས་པ་བཞི་སྟེ། རང་དོན་དུ་རྟོགས་པ་ཕུན་ཚོགས་ལ་དམ་བཅའ་བ་དང་། སྤང་བ་ཕུན་ཚོགས་ལ་དམ་བཅའ་བ་དང་། གཞན་དོན་དུ། ལམ་ལ་དམ་བཅའ་བ་དང་། ལམ་གྱི་གེགས་ལ་དམ་བཅའ་བ་ལ་མི་འཇིགས་པ་མཁྱེན་པའི་རྣམ་པ་བཞི་དང་། སོ་སོ་ཡང་དག་པ་རིག་པ་བཞི་སྟེ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་མཁྱེན་པའི་རྣམ་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། སྐུ་ལ་འཁྲུལ་པ་དང་། གསུང་ལ་ཅ་ཅོ་དང་། ཐུགས་ལ་དྲན་པ་ཉམས་པ་དང་། མཉམ་པར་མ་བཞག་པ་དང་། ཐ་དད་པའི་འདུ་ཤེས་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དྲུག་དང་། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་མངའ་བ་དྲུག་དང་། སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲངས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མ་འདྲེས་པ་མཁྱེན་པའི་རྣམ་པ་སྟེ་བཅོ་བརྒྱད་དང་། ངོ་བོའི་ཁྱད་པར་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་མཁྱེན་པའི་རྣམ་པ་དང་། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་ཉིད་མཁྱེན་པའི་རྣམ་པ་དང་། རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་སངས་རྒྱས་ཉིད་མཁྱེན་པའི་རྣམ་པ་དང་སུམ་ཅུ་རྩ་དགུའོ། །དེ་ལྟར་ན་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་སྟེ། བསྡོམས་པས་རྣམ་རྫོགས་སྦྱོར་བའི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་མོ། །
དེ་ལྟ་བུའི་རྣམ་པ་མཐའ་དག་མཉམ་གཞག་སྣང་མེད་ཀྱི་ཏིང་འཛིན་གྱིས་སྐྱེ་མེད་གཅིག་ཏུ་སྒོམ་པ་ནི་ངོ་བོའི་སྒོ་ནས་ཟག་མེད། རྗེས་ཐོབ་སྣང་བཅས་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པ་སོ་སོར་རྫོགས་པར་སྒོམ་པ་ནི་རྣམ་གྲངས་ཀྱི་ཟག་བཅས་སུ་བཞེད་པ་ལ་ཁྱད་པར་མེད་ཀྱང་། དེ་དག་གི་བསྡུ་བྱར་གྱུར་པའི་འཕགས་རྒྱུད་ཀྱི་རྟོགས་རིགས་ཙམ་ལ་ཟག་བཅས་ཡིན་མིན་གྱི་རབ་ཏུ་དབྱེ་བ་རྣམས་གཞན་ལས་ཤེས་པར་བྱའོ། །
གཉིས་པ་ཉམས་ལེན་སྦྱོར་བའི་མངོན་རྟོགས་ལ། སྦྱོར་བ་ཉམས་ལེན་ལ་འཇུག་པའི་རྟེན་གྱི་གང་ཟག་དང་། ཉམས་ལེན་སྦྱོར་བ་སྒོམ་པའི་རང་བཞིན་བཤད་པ། དེའི་ཁྱད་པར་གྱི་ཡན་ལག་རྒྱས་པར་བཤད་པ་དང་གསུམ། དང་པོ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །ཅེས། རྐྱེན་གྱི་ཁྱད་པར་འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱས་པ་དང་། རྒྱུ་ཡི་ཁྱད་པར་ཞིང་དེ་དག་ལ་བརྟེན་ཏེ་དགེ་བའི་རྩ་བ་བསྐྲུན་པར་བྱས་པ་དང་། གཉིས་པ་བྱེ་བྲག་གི་སྣོད་ནི། དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྟེན་དང་ཀུན་འདྲི་དང་། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས། དེ་ལྟར་ཚེ་འདིར་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པ་ནི། ཤེར་ཕྱིན་ཟབ་མོ་འདི་ཐོག་མར་ཐོས་པའི་ཤེས་རབ་ཀྱིས་ཉན་པའི་སྣོད་དུ་རུང་བ་དང་། དེ་བཞིན་དུ་འདི་དང་གཞན་པའི་ཚེ་རབས་རྣམས་སུ་ཡོངས་འཛིན་དམ་པ་སངས་རྒྱས་ལ་བརྟེན་པར་བྱས་པ་དང་། དེ་དག་གི་སྤྱན་སྔར་ཤེར་ཕྱིན་གྱི་དོན་ཟབ་མོ་འདྲི་བར་བྱས་པ་དང་། ལྷག་པར་སྐྱེ་བ་དང་ཚེ་རབས་རྣམས་སུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་པ་ཕྱིན་དྲུག་ལ་བསླབས་པས། རིམ་བཞིན། དང་པོ་གཉིས་ཀྱིས། བསམ་པའི་ཤེས་རབ་ཀྱིས། ཤེར་ཕྱིན་ཟབ་མོའི་ཚིག་བློ་ལ་ལེན་པ་དང་། དེ་དག་གི་དོན་མི་བརྗེད་པར་ཡིད་ལ་འཛིན་པའི་སྣོད་དུ་རུང་བ་དང་། ཕྱི་མས་སྒོམ་པའི་ཤེས་རབ་ཀྱིས། རྣལ་འབྱོར་ཟབ་མོ་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་དུ་རྫོགས་པའི་སངས་རྒྱས་ལ་སོགས་པའི་དམ་པ་རྣམས་ཡོངས་སུ་བཞེད་དོ། །
གཉིས་པ་ལ། ཤེས་རབ་ཟབ་པའི་ངོ་བོ་མཉམ་པ་ཆེན་པོའི་ཏིང་ངེ་འཛིན་བཤད་པ། ཐབས་རྒྱ་ཆེ་བའི་རྣམ་པ་མཁྱེན་གསུམ་སྦྱོར་བའི་དབྱེ་བ་བརྗོད་པ། གནས་སྐབས་ས་མཚམས་ཀྱི་སྦྱོར་བའི་ཉམས་ལེན་གྱི་ཁྱད་པར་བཤད་པ་གསུམ། དང་པོ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །ཞེས། དེ་ལ་སྤྱིར་སྦྱོར་བའི་ངོ་བོ་ཐབས་ཤེས་ཁྱད་པར་ཅན་གྱི་རྣམ་པ་སྒོམ་པ་དང་། དབྱེ་ན་ཉི་ཤུ་ལས། ཡུལ་གཟུགས་སོགས་གཞི་ལམ་འབྲས་བུའི་སྟོང་ཉིད་ཀྱི་ངོ་བོ་མཐའ་གང་ལ་ཡང་མི་གནས་པ་རྟོགས་པའི་ཕྱིར་མི་གནས་པའི་སྦྱོར་བ་དང་། ཡུལ་ཅན་མཁྱེན་པ་གསུམ་གྱི་ངོ་བོ་ཤེར་ཕྱིན་གྱི་རྣམ་པ་སྤྲོས་མཐའ་གང་དུ་ཡང་མི་སྦྱོར་བའི་ཕྱིར་མི་སྦྱོར་བའི་སྦྱོར་བ་སྟེ། ཡུལ་ཡུལ་ཅན་མཉམ་ཉིད་དུ་རྟོགས་པ་ན། སྡུད་པ་ལས། རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། །བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་ཇི་ལྟར་བརྩོན། །ཕུང་པོ་ཁམས་ལ་རྡུལ་ཙམ་བརྩོན་པར་མི་བྱེད་ཅིང་། །ཕུང་པོར་མི་བརྩོན་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན། །ཞེས་པས་བསྟན་པ་ལྟར་རོ། །
དེ་ལྟར་མི་གནས་མི་སྦྱོར་བར་སྒོམ་པའི་རྣམ་རྫོགས་སྦྱོར་བ་ལ། མཉམ་གཞག་སྣང་མེད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པ་བརྒྱ་དོན་གསུམ་སྐྱེ་མེད་གཅིག་གི་རྣམ་པར་བསྡུས་ཏེ་སྒོམ་པའི་རྣམ་རྫོགས་སྦྱོར་བ་དང་། རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱི་རྣམ་པ་བརྒྱ་དོན་གསུམ་གྲངས་ཚང་བའི་རྣམ་པ་སོ་སོར་སྒོམ་པའི་རྣམ་རྫོགས་སྦྱོར་བ་དང་གཉིས་སུ་ཡོད་པའི་ཚུལ་མཚམས་དང་བཅས་པའི་སྦྱོར་བའི་སྐབས་སུ་འཆད་པར་འགྱུར་རོ། །
གཉིས་པ་ཐབས་རྒྱ་ཆེ་བ་མཁྱེན་གསུམ་གྱི་རྣམ་པའི་རབ་དབྱེ་ནི། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང་། །ཞེས། གཞི་ཡི་རྣམ་པ་ཉེར་བདུན་མི་གནས་མི་སྦྱོར་བའི་ཚུལ་གྱིས་སྒོམ་པ་ནི་གཞི་ཡི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་ཕྱིར་གཞི་ཤེས་ཟབ་པའི་སྦྱོར་བ་དང་། ལམ་གྱི་རྣམ་པ་སོ་དྲུག་མི་གནས་མི་སྦྱོར་བར་སྒོམ་པ་ནི་ལམ་དེ་རྣམས་ཀྱི་ངོ་བོ་གཏིང་དཔག་དཀའ་བ་རྟོགས་པའི་ཕྱིར་ལམ་ཤེས་གཏིང་དཔག་དཀའ་བའི་སྦྱོར་བ་དང་། འབྲས་བུའི་རྣམ་པ་བརྒྱ་དང་བཅུ་མི་གནས་མི་སྦྱོར་བར་སྒོམ་པ་ནི་འབྲས་བུ་དེ་དག་གི་རང་བཞིན་ཚད་མེད་པར་རྟོགས་པའི་ཕྱིར་རྣམ་མཁྱེན་ཚད་མེད་པའི་སྦྱོར་བ་སྟེ་ཡུལ་གྱི་དབྱེ་བའི་རྣམ་པ་གསུམ་མོ། །དེ་ལྟར་རང་བཞིན་གྱི་སྦྱོར་བ་ལྔ་སྒོམ་པ་ནི་འཆད་འགྱུར་ས་མཚམས་ཀྱི་སྦྱོར་བ་ལས་རྟོགས་པར་འགྱུར་བས།
གསུམ་པ་ས་མཚམས་ཀྱི་དབྱེ་བའི་ཁྱད་པར་ནི། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་། །ངེས་འབྱུང་བར་ཆད་མེད་བཅས་དང་། །བྱང་ཆུབ་ཉེ་དང་མྱུར་བ་དང་། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང་། །གཟུགས་སོགས་བསམ་མི་ཁྱད་མི་མཐོང་། །གཟུགས་སོགས་དེ་ཡི་མཚན་མ་དང་། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང་། །དེ་ནི་དག་པ་མཚམས་དང་བཅས། །ཞེས། དེ་ལྟ་བུའི་རྣམ་པ་བརྒྱ་དོན་གསུམ་མཉམ་རྗེས་རེས་འཇོག་གི་ཚུལ་དུ་མི་གནས་མི་སྦྱོར་བའི་སྒོ་ནས་ཚོགས་ལམ་དུ་བསྒོམས་པས་ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ལ་རྟོགས་པ་མངོན་དུ་འགྱུར་བའི་ཕྱིར་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་དང་། དེ་བཞིན་དུ་སྦྱོར་ལམ་དྲོད་ཀྱི་སྐབས་རྣམ་རྫོགས་སྦྱོར་བ་བསྒོམས་པས་ལུང་བསྟན་འཐོབ་པར་འགྱུར་བའི་ཕྱིར་ལུང་བསྟན་ཐོབ་པའི་སྦྱོར་བ་དང་། རྩེ་མོའི་སྐབས་རྣམ་རྫོགས་སྦྱོར་བ་བསྒོམས་པས་ཕྱིར་མི་ལྡོག་པར་འགྱུར་བའི་ཕྱིར་ཕྱིར་མི་ལྡོག་པའི་སྦྱོར་བ་དང་། བཟོད་པའི་སྐབས་རྣམ་རྫོགས་སྦྱོར་བ་བསྒོམས་པས་ཉན་རང་གི་ས་ལས་ངེས་པར་འབྱུང་བའི་ཕྱིར་ངེས་པར་འབྱུང་བའི་སྦྱོར་བ་དང་། ཆོས་མཆོག་སྐབས་རྣམ་རྫོགས་སྦྱོར་བ་བསྒོམས་པས་མཐོང་ལམ་སྐྱེ་བའི་བར་ཆད་བྲལ་བའི་ཕྱིར་བར་ཆད་མེད་པའི་སྦྱོར་བ་དང་། མཐོང་ལམ་ས་དང་པོར་ཟག་མེད་ཀྱི་ངོ་བོར་རྣམ་རྫོགས་སྦྱོར་བ་བསྒོམས་པས་བྱང་ཆུབ་ལ་ཉེ་བར་འགྱུར་བའི་ཕྱིར་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་དང་། སྒོམ་ལམ་ལ་མ་དག་ས་བདུན་སྐབས་རྣམ་རྫོགས་སྦྱོར་བ་བསྒོམས་པས་རྫོགས་བྱང་ལ་བརྩོན་པར་མྱུར་བའི་ཕྱིར་མྱུར་བའི་སྦྱོར་བ་དང་། ས་བརྒྱད་པའི་སྐབས་རྣམ་རྫོགས་སྦྱོར་བ་བསྒོམ་པ་ལ་ཁྱད་པར་གྱི་ཆོས་ལྔ་སྟེ། ཐབས་སྙིང་རྗེ་ཆེན་པོས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་གཞན་དོན་གྱི་སྦྱོར་བ་དང་། རྣམ་པར་མི་རྟོག་པ་ལ་དབང་འབྱོར་པས། སྤྱིར་ཆོས་ཐམས་ཅད་འཕེལ་འགྲིབ་མེད་པར་རྟོགས་པའི་ཕྱིར་འཕེལ་འགྲིབ་མེད་པའི་སྦྱོར་བ་དང་། བྱེ་བྲག་གཟུགས་ལ་སོགས་པའི་ཆོས་དང་ཆོས་མིན་སོགས་སུ་མི་རྟོག་པའི་ཕྱིར་ཆོས་དང་ཆོས་མིན་མི་མཐོང་བའི་སྦྱོར་བ་དང་། ཁྱད་པར་གཟུགས་སོགས་བསམ་གྱིས་མི་ཁྱབ་པའི་ངོ་བོར་ཡང་མི་རྟོག་པའི་ཕྱིར་བསམ་མི་ཁྱབ་པ་མི་མཐོང་བའི་སྦྱོར་བ་དང་། དེ་དག་གི་ཁྱད་ཆོས་མཚན་མ་དང་ངོ་བོར་མི་རྟོག་པའི་ཕྱིར་ངོ་བོར་མི་རྟོག་པའི་སྦྱོར་བ་དང་ལྔའོ། །
ས་དགུ་པའི་སྐབས་རྣམ་རྫོགས་སྦྱོར་བ་བསྒོམས་པས་སོ་སོ་ཡང་དག་པ་རིག་པ་བཞིར་དབང་འབྱོར་པས་གདུལ་བྱ་དང་འཚམས་པར་ཆོས་བསྟན་ཏེ་ཉན་ཐོས་ཀྱི་འབྲས་བུ་ཟུང་བཞི་དང་། རང་རྒྱལ་གྱི་འབྲས་བུ་དང་། བླ་མེད་བྱང་ཆུབ་ཀྱི་འབྲས་བུ་དང་རྣམ་པ་དྲུག་ལ་གཞན་འགོད་པར་བྱེད་པའི་ཕྱིར་འབྲས་བུ་རིན་ཆེན་སྦྱིན་པར་བྱེད་པའི་སྦྱོར་བ་དང་། ས་བཅུ་པའི་སྐབས་རྣམ་རྫོགས་སྦྱོར་བ་བསྒོམས་པས་སྒོམ་ལམ་ས་དགུའི་དྲི་མས་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པའི་སྦྱོར་བ་དང་། ཚོགས་ལམ་ནས་རྒྱུན་མཐའི་བར་དུ་མཉམ་རྗེས་རེས་འཇོག་གི་ཚུལ་དུ་ཇི་སྐད་བསྟན་པའི་སྦྱོར་བ་དེ་དག་ཐུན་དང་མཚམས་སུ་བཅད་དེ་སྒོམ་པར་བྱེད་པའི་ཕྱིར་མཚམས་དང་བཅས་པའི་སྦྱོར་བ་དང་བཅོ་ལྔའོ། །
དེ་ཡང་མཉམ་རྗེས་རེས་འཇོག་གི་སྒོ་ནས་མཚམས་དང་བཅས་པའི་སྦྱོར་བ་སྒོམ་ཚུལ་ནི། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་མདོ་ལས། མཉམ་གཞག་གིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ཞིང་རྗེས་ཐོབ་ཀྱིས་སྒྱུ་མ་ལྟ་བུར་མཐོང་བར་གསུངས་པའི་དོན་ལྟར། མཉམ་གཞག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པ་བརྒྱ་དོན་གསུམ་སོ་སོའི་སྤྲོས་པ་མེད་པ་སྐྱེ་མེད་ནམ་མཁའ་ལྟ་བུའི་ངོ་བོར་བདེན་གཉིས་དབྱེར་མེད་རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་ཁྱད་པར་དུ་བྱས་པ་མི་གནས་མི་སྦྱོར་བའི་ཚུལ་གྱིས་སྒོམ་པ་ནི་སྙིང་པོའི་དོན་ཡིད་ལ་བྱེད་པ་སྟེ། མཉམ་པར་བཞག་པའི་ཡེ་ཤེས་ཀྱིས་རྟོགས་པར་མཛད་པའི་ཚུལ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པ་བརྒྱ་དོན་གསུམ་སོ་སོའི་རྣམ་པ་མ་འདྲེས་པར་སྣང་བ་སྒྱུ་མ་ལྟ་བུའི་ངོ་བོར་རྣམ་གྲངས་པའི་དོན་དམ་གྱི་ཁྱད་པར་དུ་བྱས་པ་མི་གནས་མི་སྦྱོར་བའི་ཚུལ་གྱིས་སྒོམ་པ་ནི་མངོན་པར་རྟོགས་པའི་དོན་ཡིད་ལ་ལ་བྱེད་པ་སྟེ། རྗེས་ཀྱི་ངོ་བོར་ཐོབ་པའི་ཡེ་ཤེས་ཀྱིས་རྟོགས་པའི་ཚུལ་ཉིད་དོ། །དེ་ལྟར་མ་རྟོགས་པར་ཕྱོགས་རེའི་བློ་ཅན་དག་གིས་ཤེར་ཕྱིན་གྱི་དགོངས་དོན་ཟབ་མོ་མཁྱེན་དཀའ་བར་སྣང་ངོ་། །
དེ་ལ་རྗེས་ཐོབ་ཏུ་ཐབས་ཀུན་རྫོབ་ཀྱི་སྣང་བ་དང་བཅས་བཞིན་དུ་ཤེས་རབ་ཀྱིས་དོན་དམ་པར་མི་གནས་མི་སྦྱོར་བའི་ཚུལ་དུ་སྒོམ་པ་ཡོད་ན། སློབ་ལམ་དུ་བདེན་གཉིས་ཅིག་ཆར་དུ་གཟིགས་པ་ཡོད་པར་ཐལ། ཞེས་ཟེར་བ་ནི་རྟོག་གེའི་རིག་ལམ་རྣོ་རྣོ་འདྲ་ཡང་གནད་མ་མཁྱེན་པའི་རང་རྟགས་ཏེ། དོན་དམ་སྔ་མ་དང་ཕྱི་མ་གཅིག་ག་ལ་ཡིན། དེས་ན་ཤིང་རྟ་ཆེན་པོའི་རིང་ལུགས་བཞིན་དུ་དོན་དམ་གྱི་ཁྱད་པར་དང་། བདེན་གཉིས་ཀྱི་རྣམ་གཞག་མཉམ་རྗེས་ཀྱི་རབ་དབྱེ་སོགས་ཀྱི་དོན་ལ་རྟོན་པར་འཚལ་ལོ། །
དེ་ལྟར་མིན་པར་འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་གནད་གསང་ཟབ་མོ་མ་མཁྱེན་པར་ཐེག་ཆེན་གྱི་མདོ་དང་བསྟན་བཅོས་ཆེན་པོ་ནས་གསུངས་པའི་རྗེས་ཐོབ་འཇིག་རྟེན་འདས་པའི་ཕར་ཕྱིན་དང་། ཆོས་བཞི་ལྡན་གྱི་ཕྱིན་དྲུག་དང་། ཐབས་ཤེས་ཁྱད་པར་ཅན་གྱི་སའི་ཡོངས་སྦྱོང་སོགས་འཆད་པ་ན། རྗེས་ཐོབ་རང་གི་ངོ་བོ་ནས་ཐབས་ཤེས་རྨད་དུ་བྱུང་བའི་ཉམས་ལེན་གྱི་ཁྱད་པར་འཇོག་ཤེས་དགོས་ཀྱི། རྗེས་ཐོབ་སྔོན་དུ་སོང་བའི་རྗེས་སུ་ད་གཟོད་མཉམ་གཞག་སྟོང་འཛིན་ཞིག་གིས་རྒྱས་འདེབས་པར་བཞེད་པ་སོགས་ནི་བཞད་གད་ཀྱི་རྒྱུར་ཟད་ཅིང་། རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་ནི་ཇི་ཙམ་བསྟན་ཀྱང་ནམ་མཁའ་ལ་མདའ་འཕང་བ་ལྟར་ཕྱོགས་གར་ཡོད་ཙམ་རྟོགས་ཐབས་བྲལ་བ་ནི། ཟླ་བས། ཕ་རོལ་ཕྱིན་པ་ཞེས་བྱ་བའི་སྦྱིན་པ་དེ་ཡང་སྦྱིན་པར་བྱ་བ་དང་། ལེན་པ་པོ་དང་སྦྱིན་པ་པོར་དམིགས་པར་བྱ་བ་དང་བྲལ་བར་གྱུར་ན། འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་རྒྱ་ཆེར་བསྟན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་སོ། །ཞེས་གསུངས་པ་ཁོ་ནར་ཟད་དོ། །
གསུམ་པ་ཁྱད་པར་གྱི་ཡན་ལག་ལ། ཐོབ་བྱ་ཡོན་ཏན་གྱི་ཁྱད་པར། སྤང་བྱ་སྐྱོན་གྱི་ཁྱད་པར། ཤེས་བྱ་མཚན་ཉིད་ཀྱི་རབ་དབྱེ། བགྲོད་བྱ་ལམ་གྱི་ཁྱད་པར་དང་བཞི།
དང་པོ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞི་འོ། །ཞེས། ངོ་བོ་ཐོབ་བྱ་སྦྱོར་བ་བསྒོམ་པའི་འབྲས་བུར་གྱུར་པའི་ཆོས་དང་། དེ་ལ་དབྱེ་ན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་ཡོན་ཏན་བཅུ་བཞི་ཡོད་པའོ། །ཇི་ལྟར་ན། སྤྱི་དང་། བྱེ་བྲག །ཁྱད་པར་གྱི་ཡོན་ཏན་གསུམ་ལས། དང་པོ། འགལ་རྐྱེན་བྲལ་བའི་ཡོན་ཏན་སངས་རྒྱས་ཀྱིས་བྱིན་གྱི་རླབས་ཀྱིས་བདུད་ཀྱི་མཐུ་བཅོམ་པ་ཉིད་དང་། མཐུན་རྐྱེན་རྫོགས་པའི་ཡོན་ཏན་སངས་རྒྱས་རྣམས་ཀྱིས་མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས་པ་ཉིད་དང་། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ་ཉིད་དང་། འབྲས་བུའི་ཡོན་ཏན་མཐར་ཐུག་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཉིད་དང་། གནས་སྐབས་སངས་རྒྱས་དང་འཕྲད་པ་སོགས་དོན་ཆེན་པོ་བཞི་ཐོབ་པ་ཉིད་དང་། གཉིས་པ། བྱེ་བྲག་ཚེ་རབས་གཞན་དུ་སྐྱེ་བའི་ཡུལ་གྱི་ཡོན་ཏན་བྱང་ཕྱོགས་ལ་སོགས་པ་ཤེར་ཕྱིན་དར་བར་ལུང་བསྟན་པའི་ཡུལ་དུ་སྐྱེ་བ་ཉིད་དང་། བརྟེན་པ་ལམ་གྱི་ཡོན་ཏན་གཉེན་པོ་ཟག་མེད་ཐམས་ཅད་རྫོགས་པར་འགྱུར་བ་ཉིད་དང་། རྟེན་གང་ཟག་གི་ཡོན་ཏན་གཞན་ལ་ཆོས་སྨྲ་བའི་སྐྱེས་བུར་འགྱུར་བ་ཉིད་དང་། འགལ་རྐྱེན་གྱིས་མི་ཚུགས་པའི་ཡོན་ཏན་སངས་རྒྱས་ཀྱིས་གྲོགས་མཛད་པས་ལམ་ལས་བདུད་ཀྱིས་མི་ཕྱེད་པ་ཉིད་དང་། རྒྱུ་ཆོས་སྒྲུབ་པའི་ཡོན་ཏན་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བ་ཉིད་དང་། རྐྱེན་གྱི་ཁྱད་པར་གྱི་ཡོན་ཏན་ཇི་ལྟར་དམ་བཅས་པའི་དོན་བཞིན་སྒྲུབ་པ་ཉིད་དང་། འཐོབ་བྱ་འབྲས་བུའི་ཡོན་ཏན་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ཉིད་དང་། བྱེད་པའི་ཁྱད་པར་གྱི་ཡོན་ཏན་བསྡུ་དངོས་བཞིས་སེམས་ཅན་གྱི་དོན་སྒྲུབ་པ་ཉིད་དང་། གསུམ་པ། ཁྱད་པར་ཤེར་ཕྱིན་རྫོགས་པའི་ཡོན་ཏན་ཚེ་རབས་ཐམས་ཅད་དུ་ཤེར་ཕྱིན་གྱི་ཚིག་དོན་ཚང་བར་རྙེད་པ་ཉིད་དང་བཅུ་བཞིའོ། །
གཉིས་པ་སྤང་བྱ་སྐྱོན་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས། ངོ་བོ་སྤང་བྱ་སྦྱོར་བ་ལ་བར་དུ་གཅོད་པའི་ཆོས་དང་། དེ་ལ་དབྱེ་ན། འགལ་རྐྱེན་རང་ལ་གནས་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པ་ཉེར་གསུམ། གཞན་ལ་བརྟེན་པ་གསུམ་སྟེ་སྐྱོན་ནི་བཅུ་ཚན་བཞིར་བཅས་པ་དྲུག་ཏུ་སྟེ་བཞི་བཅུ་ཞེ་དྲུག་ཏུ་ངེས་པར་རྟོགས་པར་བྱ་བ་ཡིན་ནོ། །
དེ་ཇི་ལྟར་ན། སྤྱི་དང་། བྱེ་བྲག །ཁྱད་པར་དུ་སྤང་བར་བྱ་བ་གསུམ་ལས། དང་པོ། སྤྱིར་ཤེར་ཕྱིན་གྱི་འགལ་རྐྱེན་རང་ལ་གནས་པ་ནི། ཤེར་ཕྱིན་ལ་མ་གུས་པའི་སྐྱོན་ལྔ་སྟེ། སྤོབས་པའི་དབང་དུ་བྱས་པ། ཚེགས་ཆེན་པོས་རྟོགས་དཀའ་བར་འཛིན་པ་དང་། སྤོབས་པ་མྱུར་ཆེས་པས་རྟོགས་སླ་བར་སེམས་པ་དང་། གནས་ངན་ལེན་གྱི་དབང་དུ་བྱས་པ། ལུས་ཀྱི་གནས་ངན་ལེན་གླལ་བྱེད་པ་སོགས་ཀྱིས་ཡུམ་བྲི་བ་སོགས་དང་། སེམས་ཀྱི་གནས་ངན་ལེན་ཆགས་སོགས་ཀྱིས་ཡུམ་བྲི་བ་སོགས་དང་། ངག་གི་གནས་ངན་ལེན་རྩེད་འཇོ་སོགས་ཀྱིས་ཡུམ་ཁ་ཏོན་དུ་བྱེད་པ་སོགས་དང་། ཐེག་ཆེན་ལས་ཉམས་པའི་རྒྱུ་བདུན་ཏེ། རྒྱུ་མཚན་ལྟར་སྣང་བས་ཉམས་པ་བདག་ལུང་མ་བསྟན་ཏོ་སྙམ་པས་ཡུམ་ལས་ཕྱིར་ཕྱོགས་པ་དང་། རྒྱུ་ཐེག་ཆེན་གྱི་ལམ་ལས་ཉམས་པ་ལམ་ཐེག་ཆེན་ལ་མ་དད་པ་ཤིང་གི་རྩ་བ་བོར་ཏེ་ཡལ་ག་ཚོལ་བ་ལྟ་བུ་དང་། འབྲས་བུ་ཐེག་ཆེན་གྱི་རོ་མྱོང་ལས་ཉམས་པ་མཐར་འབྲས་རྣམ་མཁྱེན་ལ་མ་དད་པ་རྗེ་བོར་མི་སློང་བར་བྲན་ལ་སློང་བའི་ཁྱི་ལྟ་བུ་དང་། ངོ་བོ་ཐེག་ཆེན་གྱི་ཆོས་ལས་ཉམས་པ་ཐེག་པ་མཆོག་ལ་མ་དད་པ་གླང་པོ་ཆེ་རྙེད་པ་བཏང་སྟེ་གླང་རྗེས་འཚོལ་བ་ལྟ་བུ་དང་། ཆེད་དུ་བྱ་བའི་ངོ་བོ་ཉམས་པ་དམན་པའི་སྡེ་སྣོད་ལས་ཆེད་དུ་བྱ་བ་འཚོལ་བ་རྨིག་རྗེས་ཀྱི་ཆུ་ལས་ནོར་བུ་ཚོལ་བ་ལྟ་བུ་དང་། རྒྱུ་འབྲས་ཀྱི་འབྲེལ་པ་ཉམས་པ་ཐེག་ཆེན་གྱི་རྣམ་མཁྱེན་དམན་པའི་ལམ་ལས་ཐོབ་པར་རེ་བ་རྣམ་རྒྱལ་ཁང་བཟང་གི་དཔེར་ཉི་ཟླ་མཁར་ཚད་ལེན་པ་ལྟ་བུ་དང་། གོང་ན་མེད་པའི་ཁྱད་ཆོས་ལས་ཉམས་པ་ཐེག་པ་གོང་འོག་འདྲ་བར་སེམས་པས་སྐུ་གསུམ་གྱི་ཁྱད་ཆོས་མི་ཤེས་པ་རིམ་བཞིན་འཁོར་སྒྱུར་དང་ཁམས་ཀྱི་རྒྱལ་ཕྲན་སྙོམས་པ། ཁ་ཟས་རོ་བརྒྱ་པ་དང་སྲན་ཚོད་སྙོམས་པ། ནོར་བུ་དང་འཆིང་བུ་སྙོམས་པར་འཛིན་པ་ལྟ་བུ་དང་། ཐེག་ཆེན་ལས་གཡེང་བའི་རྒྱུ་བརྒྱད་དེ། ཤེར་ཕྱིན་ལ་འཇུག་པའི་སྐྱོན་འདོད་ཡོན་གྱི་ཡུལ་མང་པོ་ལ་རྣམ་པར་རྟོག་པ་དང་། ཤེར་ཕྱིན་ལྟར་སྣང་བའི་སྐྱོན། ཡི་གེ་བྲི་བ་ཙམ་གྱིས་ཆོས་སྤྱོད་ལ་ཤེར་ཕྱིན་དུ་ཞེན་པ་དང་། བརྗོད་བྱ་དངོས་མེད་ཙམ་ལ་ཤེར་ཕྱིན་དུ་ཞེན་པ་དང་། རྗོད་བྱེད་ཡི་གེའི་གླེགས་བམ་ཙམ་ལ་ཤེར་ཕྱིན་དུ་ཞེན་པ་དང་། རྗོད་བྱེད་ཡི་གེ་མེད་པ་ཙམ་ལ་ཤེར་ཕྱིན་དུ་ཞེན་པ་དང་། ཤེར་ཕྱིན་ལས་གཡེང་བའི་སྐྱོན་ཆགས་སྡང་གི་ཡུལ་གྲོང་སོགས་ཀྱི་ཡུལ་ཡིད་ལ་བྱེད་པ་དང་། རྙེད་བཀུར་དང་བསྔགས་བརྗོད་ཡིད་ལ་བྱེད་པ་དང་། ལམ་མིན་བདུད་ཀྱིས་བསྟན་པ་ལས་ཐབས་མཁས་འཚོལ་བ་དང་། གཉིས་པ་བྱེ་བྲག་འཆད་ཉན་གྱི་བར་ཆད་རང་གཞན་གང་རུང་ལ་བརྟེན་པ། ཉན་པ་པོ་དང་། འཆད་པ་པོའི་རིམ་པས་ཤེར་ཕྱིན་གྱི་འཆད་ཉན་སོགས་ལ་འདུན་པ་ཆེ་བ་དང་སྙོམས་ལས་ཆེ་བ་དང་། ཡུལ་འདི་དང་གཞན་ལྟ་བུ་དང་། འདོད་ཆུང་ཆོག་ཤེས་དང་ལྡན་པ་དང་། དེ་མི་ལྡན་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། དེ་མི་ལྡན་པ་ལྟ་བུ་དང་། དགེ་བའི་ཆོས་ཅན་ཡིན་པ་དང་མ་ཡིན་པ་དང་། གཏོང་བ་ལ་དགའ་བ་དང་སེར་སྣ་ཆེ་བ་དང་། སྦྱིན་པར་འདོད་པ་དང་ལེན་པར་མི་འདོད་པ་དང་། མགོ་སྨོས་པས་གོ་བ་དང་། རྣམ་པར་སྤྲོས་པས་གོ་བ་དང་། མདོ་སོགས་ཀྱི་ཆོས་མངོན་པར་ཤེས་པ་དང་མི་ཤེས་པ་དང་། ཕྱིན་དྲུག་དང་ལྡན་པ་དང་མི་ལྡན་པ་དང་། ཐབས་ལ་མཁས་པ་དང་མི་མཁས་པ་དང་། གཟུངས་ཐོབ་པ་དང་མ་ཐོབ་པ་དང་། ཤེར་ཕྱིན་ཡི་གེ་འབྲི་འདོད་པ་དང་། མི་འདོད་པ་དང་། འདོད་འདུན་སོགས་སྒྲིབ་པ་ལྔ་དང་བྲལ་བ་དང་མ་བྲལ་བ་དང་། རང་གཅིག་པུ་དང་འབྲེལ་བ་ངན་སོང་ལ་འགྲོ་བ་ལས་ཕྱིར་ཕྱོགས་པར་འདོད་པ་དང་། བདེ་འགྲོར་འགྲོ་བ་ལ་ཡིད་སྤྲོ་བ་དང་། འཆད་ཉན་གང་རུང་དང་འབྲེལ་བས་བསམ་པ་མི་མཐུན་པ་རང་གཅིག་པུ་དང་འཁོར་ལ་མངོན་པར་དགའ་བ་དང་། གོ་སྐབས་མི་འབྱེད་པ་དང་རྗེས་སུ་འབྲེལ་བར་འདོད་པ་དང་། ཟང་ཟིང་ཅུང་ཟད་འདོད་པ་དང་སྦྱིན་པར་མི་འདོད་པ་དང་། འདུག་པའི་གནས་མི་མཐུན་པ་སྲོག་གི་བར་ཆད་དུ་འགྱུར་བ་དང་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་དང་། མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་དང་། ཆོམ་རྐུན་སོགས་ཀྱིས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་དང་། བསོད་སྙོམས་ཀྱི་ཕྱིར་ཁྱིམ་ལྟ་བར་འགྲོ་བ་དང་མི་འགྲོ་བ་མི་མཐུན་པའི་རྐྱེན་གྱིས་ཡིད་མི་བདེ་བས་ཤེར་ཕྱིན་འཆད་ཉན་གྱི་བར་ཆད་དུ་གྱུར་པ་རྣམས་དང་། གསུམ་པ་ཁྱད་པར་དུ་སྤང་བར་བྱ་བའི་སྐྱོན། བསྟན་པ་ཕྱིན་ཅི་ལོག་བསླབ་པའི་གནས་མ་ཡིན་པ་བདུད་ཀྱིས་བསྟན་པའི་མདོ་ལྟ་བུ་བཅོས་མའི་ཚིག་གིས་ཐེག་ཆེན་གྱི་བཀའ་དང་འབྱེད་པར་བྱེད་པ་དང་། སྒོམ་པ་ལྟར་སྣང་བ་བསྒོམ་བྱའི་ཤེར་ཕྱིན་མ་ཡིན་པ་མི་སྡུག་པ་བསྒོམ་པ་ལྟ་བུའི་དམིགས་བཅས་ཀྱི་ལམ་བསྒོམ་པ་མཐར་ཐུག་ཏུ་ཉེ་བར་སྒྲུབ་པ་དང་། སྟོན་པ་ཕྱིན་ཅི་ལོག་དད་པའི་གནས་མ་ཡིན་པ་བདུད་སངས་རྒྱས་ཀྱི་ཆ་བྱད་ལྟ་བུར་སྤྲུལ་བ་ལ་དགའ་བར་བྱེད་པ་དང་གསུམ་མོ། །དེ་ལྟར་ན་སྐྱོན་བདུད་ལས་བཞི་བཅུ་ཞེ་དྲུག་ཡིན་ནོ། །
གསུམ་པ་མཚན་ཉིད་ལ། མཚན་མཚོན་གྱི་ངོ་བོ་མདོར་བསྟན་པ་དང་། དེ་ཡི་རབ་དབྱེ་རྒྱས་པར་བཤད་པ་གཉིས།
དང་པོ། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས། ངོ་བོ་སྤྱིར་ཤེས་བྱ་ཐེག་ཆེན་གྱི་སྦྱོར་བའི་མཚོན་སྦྱོར་དུ་བྱ་བའི་ཆོས་ཏེ། དེ་ལ་གཉིས་ལས། མཚན་ཉིད་ཀྱི་ངོ་བོ། ཐབས་ཤེས་ཁྱད་པར་ཅན་གྱི་ངོ་བོ་གང་གིས་ཐེག་ཆེན་གྱི་སྦྱོར་བ་མཚོན་པར་བྱེད་པ་དེ་སྐབས་འདིའི་མཚན་ཉིད་དུ་ཤེས་པར་བྱ་ཞིང་། དེ་ལྟ་བུའི་མཚན་ཉིད་དེ་ལ་ཡང་རྣམ་པ་གསུམ་སྟེ། ཐེག་ཆེན་གྱི་སྦྱོར་བའི་ཤེས་པ་དང་། ཁྱད་པར་དང་། བྱེད་པའི་སྒོ་ནས་མཚན་ཉིད་དུ་འཇོག་ཚུལ་གྱིས་མཚན་ཉིད་རྣམ་པ་གསུམ་སྟེ། དེ་ལྟར་ན་ངོ་བོ་ཉིད་གང་ཡིན་པ་དེ་ནི་གང་མཚོནཔར་བྱ་བའི་གཞི་ཡང་ཡིན་ནོ། །
གཉིས་པ་ལ། མཚོན་བྱེད་མཚན་ཉིད་བཤད་པ་དང་། མཚན་གཞི་ངོ་བོ་ཉིད་མཚན་བཤད་པ་གཉིས། དང་པོ་ལ། ཤེས་རབ་རྟོགས་པའི་རང་བཞིན་ཤེས་མཚན་དང་། དེའི་ཁྱད་པར་གྱི་རང་བཞིན་ཁྱད་མཚན། ཐབས་བྱེད་པའི་རང་བཞིན་བྱེད་མཚན་དང་གསུམ། དང་པོ་ལ། གཞི་ཤེས་ཀྱི་ཤེས་མཚན་དང་། ལམ་ཤེས་ཀྱི་ཤེས་མཚན་དང་། རྣམ་མཁྱེན་གྱི་ཤེས་མཚན་བཤད་པ་དང་གསུམ། དང་པོ་ལ། གཞི་ཤེས་པའི་ཤེས་མཚན་བཅུ་དྲུག་སྟེ། ཇི་ལྟར་ན། གཞིའི་གནས་ལུགས་སྤྱི་དང་། བྱེ་བྲག །ཁྱད་པར་ཤེས་ཚུལ་གསུམ་ལས།
དང་པོ། དེ་བཞིན་གཤེགས་པ་འབྱུང་བ་དང་། །འཇིག་རྟེན་འཇིག་མེད་བདག་ཉིད་དང་། །ཞེས། གཞི་ཤེས་ཀྱི་སྦྱོར་བས། ཡུལ་གཞིའི་གནས་ལུགས་རྟོགས་པ་ལ་བརྟེན་ནས་འབྲས་བུ་དེ་བཞིན་གཤེགས་པ་འབྱུང་བའི་གཞི་ཤེས་པ་དང་། གཞི་ཡི་གནས་ལུགས་ཀུན་རྫོབ་ཀྱི་ངོ་བོ་འཇིག་རྟེན་ཕུང་ལྔ་སྐྱེ་ཞིང་འཇིག་པའི་ཆོས་རྣམས་དོན་དམ་པར་སྐྱེ་ཞིང་འཇིག་པ་མེད་པའི་གཞི་ཤེས་དང་། གཉིས་པ་བྱེ་བྲག་ལ། སྤྱིར་སེམས་ཀྱི་དབྱེ་བསྡུ་ཤེས་ཚུལ་དང་། བྱེ་བྲག་སྤང་གཉེན་གྱི་རབ་དབྱེ་ཤེས་ཚུལ་དང་། ཁྱད་པར་སེམས་ཀྱི་དམིགས་རྣམ་ཀྱི་རབ་དབྱེ་ཤེས་ཚུལ་གསུམ་ལས། དང་པོ་ནི། སེམས་ཅན་སེམས་ཀྱི་སྤྱོད་པ་དང་། །དེ་བསྡུས་པ་དང་ཕྱིར་བལྟས་དང་། །མི་ཟད་པ་ཡི་རྣམ་པ་དང་། །ཞེས། གཞི་སེམས་ཀྱི་སྤྱོད་པ་ཐ་སྙད་དུ་དབྱེ་ན་བརྒྱད་ཁྲི་བཞི་སྟོང་སོགས་ཀྱི་རབ་དབྱེའི་གཞི་ཤེས་པ་དང་། བསྡུ་ན་སེམས་དེ་དག་ནང་དུ་བསྡུས་པ་མཉམ་པར་བཞག་པའི་སེམས་ཀྱི་གཞི་ཤེས་པ་དང་། ཕྱིར་བལྟས་པ་མཉམ་པར་མ་བཞག་པའི་སེམས་ཀྱི་གཞི་ཤེས་པ་དང་། དེ་དག་ཀྱང་དོན་དམ་པར་དེ་བཞིན་ཉིད་མི་ཟད་པའི་ངོ་བོ་ཅན་གྱི་གཞི་ཤེས་པ་དང་། གཉིས་པ་སྤང་གཉེན་གྱི་རབ་དབྱེ་ཤེས་ཚུལ་ནི། ཆགས་བཅས་སོགས་དང་རྒྱ་ཆེན་དང་། །ཞེས། གཞི་སེམས་ཀྱི་ཆོས་དེ་དག་ཀྱང་ཐ་སྙད་དུ་སྤང་བྱ་ཆགས་སོགས་ཉོན་མོངས་པ་དང་བཅས་པའི་སེམས་ཀྱི་གཞི་ཤེས་པ་དང་། གཉེན་པོ་ཆགས་སོགས་ཉོན་མོངས་མེད་པའི་སེམས་ཀྱི་གཞི་ཤེས་པ་དང་། དེ་དག་ཀྱང་དོན་དམ་པར་ཆོས་ཀྱི་དབྱིངས་རྒྱ་ཆེན་པོའི་ངོ་བོའི་གཞི་ཤེས་པ་དང་།
གསུམ་པ་ཆོས་ཀྱི་ཁྱད་པར། ཆེན་པོར་གྱུར་དང་ཚད་མེད་དང་། །རྣམ་ཤེས་བསྟན་དུ་མེད་པ་དང་། །སེམས་བལྟར་མེད་དང་། ཞེས། སེམས་དེ་དག་ཀྱང་ཐ་སྙད་དུ་དམིགས་པ་སྣ་ཚོགས་ལ་འཇུག་པས་དམིགས་པ་ཆེན་པོར་གྱུར་པའི་གཞི་ཤེས་པ་དང་། ཡུལ་ཅན་འཛིན་པའི་རྣམ་པ་གྲངས་ཀྱིས་ཚད་མེད་པའི་གཞི་ཤེས་པ་དང་། རྣམ་ཤེས་ཀྱི་ངོ་བོ་དཔེའི་སྒོ་ནས་དབང་པོ་ལ་བསྟན་དུ་མེད་པའི་གཞི་ཤེས་པ་དང་། དེ་དག་ཀྱང་དོན་དམ་པར་སེམས་ལ་ངོ་བོ་མེད་པས་སྤྱན་ལྔས་ཀྱང་བལྟར་མེད་པའི་གཞི་ཤེས་པ་དང་། གསུམ་པ་ཁྱད་པར་དུ་ཤེས་ཚུལ་ནི། ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང་། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཞེས། གཞི་ལ་ཐ་སྙད་དུ་ལུང་མ་བསྟན་པའི་ལྟ་བ་བཅུ་བཞིའི་བྱེ་བྲག་གིས་གཡོ་བ་ལ་སོགས་པ་ཆོས་དང་གང་ཟག་ཏུ་ལྟ་བའི་གཞི་ཤེས་པ་དང་། གཞི་དོན་དམ་པར་རང་བཞིན་མེད་པའི་ཁྱད་པར་གྱིས་སེམས་ཀྱི་གནས་ལུགས་དེ་བཞིན་ཉིད་བདག་མེད་པའི་གཞི་ཤེས་པ་དང་། དེ་ལྟ་བུའི་དེ་བཞིན་ཉིད་རྟོགས་པས་རྟོགས་པ་ཆོས་སྐུ་མངོན་དུ་གྱུར་ཏེ་དེ་གཞན་ལ་སྟོན་པའི་བསྟན་པ་ཆོས་སྐུ་འབྱུང་བའི་གཞི་ཤེས་པ་དང་། དེ་ལྟར་བསྟན་པའི་དོན་བསྡུ་བ། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས། དེ་ལྟར་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བའི་སྐབས་ཀྱི་གཞི་ཡི་གནས་ལུགས་ཤེས་པའི་ཤེས་རབ་ཀྱི་ངོ་བོ་གཞི་ཤེས་ཀྱི་སྦྱོར་བ་མཚོན་པའི་མཚན་ཉིད་གཞི་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །
གཉིས་པ་ལམ་ཤེས་ཀྱི་ཤེས་མཚན་ནི། རྣམ་པ་བཅུ་དྲུག་སྟེ། ཇི་ལྟར་ན། སྤྱི་དང་། བྱེ་བྲག །ཁྱད་པར་གྱི་ཤེས་ཚུལ་གསུམ་ལས། དང་པོ། སྟོང་ཉིད་མཚན་མ་མེད་བཅས་དང་། །སྨོན་པ་རྣམ་པར་སྤངས་པ་དང་། །ཞེས། ལམ་ཤེས་སྦྱོར་བས་ཡུལ་ལམ་གྱི་གནས་ལུགས་ངོ་བོ་སྟོང་པའི་རྣམ་པར་ཐར་པའི་ལམ་ཤེས་པ་དང་། རྒྱུ་མཚན་མེད་ཀྱི་རྣམ་པར་ཐར་པའི་ལམ་ཤེས་པ་དང་། འབྲས་བུ་སྨོན་མེད་ཀྱི་རྣམ་པར་ཐར་པའི་ལམ་ཤེས་པ་དང་། གཉིས་པ་བྱེ་་བྲག་ལ། ངོ་བོ་སྟོང་པ་དང་། རྒྱུ་མཚན་མེད་དང་། འབྲས་བུ་སྨོན་མེད་ཀྱི་ལམ་བྱེ་བྲག་ཏུ་ཤེས་ཚུལ་གསུམ་ལས། དང་པོ་ནི། སྐྱེ་མེད་འགག་པ་མེད་སོགས་དང་། །ཞེས། ངོ་བོ་སྐྱེ་བ་མེད་པའི་རྣམ་པ་ཅན་གྱི་ལམ་ཤེས་པ་དང་། འགག་པ་མེད་པར་རྟོགས་པའི་ལམ་ཤེས་པ་དང་། ཉོན་མོངས་པ་མེད་པའི་རང་བཞིན་གྱི་ལམ་ཤེས་པ་དང་། རྣམ་བྱང་མེད་པའི་ངོ་བོའི་ལམ་ཤེས་པ་དང་། སྤང་བྱའི་དངོས་པོ་མེད་པའི་བདག་ཉིད་ཀྱི་ལམ་ཤེས་པ་དང་། གཉེན་པོའི་ངོ་བོ་མེད་པའི་རྣམ་པ་ཅན་གྱི་ལམ་ཤེས་པ་དང་། གནས་པའི་རྟེན་མེད་པའི་ངོ་བོའི་ལམ་ཤེས་པ་དང་། དེ་བཞིན་ཉིད་ནམ་མཁའི་མཚན་ཉིད་ཅན་གྱི་ལམ་ཤེས་པ་དང་། གཉིས་པ་མཚན་མེད་ནི། ཆོས་ཉིད་རྣམ་པར་འཁྲུགས་མེད་དང་། །ཞེས། ལམ་གྱི་རང་བཞིན་མཚན་མའི་སྤྲོས་པས་རྣམ་པར་འཁྲུགས་པ་མེད་པའི་ལམ་ཤེས་པ་དང་། གསུམ་པ་སྨོན་མེད། འདུ་མི་བྱེད་དང་རྣམ་མི་རྟོག །ཅེས། ལམ་གྱི་རང་བཞིན་འབྲས་བུའི་ཆོས་སུ་མངོན་པར་འདུ་མི་བྱེད་པའི་རྣམ་པའི་ལམ་ཤེས་པ་དང་། དེའི་ཁྱད་པར་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་གྱི་ལམ་ཤེས་པ་དང་། གསུམ་པ་ཁྱད་པར། རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ཞེས། ལམ་གྱི་གནས་ལུགས་ཐ་སྙད་དུ་ཐེག་གསུམ་གྱིས་རབ་ཏུ་དབྱེ་བའི་ལམ་ཤེས་པ་དང་། དེ་དག་ཀྱང་དོན་དམ་པར་མཚན་ཉིད་དམིགས་སུ་མེད་པའི་ལམ་ཤེས་པ་དང་། དེ་ལྟར་བསྟན་པའི་དོན་བསྡུ་བ། ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས། དེ་ལྟར་ལམ་ཤེས་པ་ཉིད་ཀྱི་སྦྱོར་བའི་སྐབས་ཀྱི་ལམ་གྱི་གནས་ལུགས་ཤེས་པའི་ཤེས་རབ་ཀྱི་ངོ་བོ་ལམ་ཤེས་ཀྱི་སྦྱོར་བ་མཚོན་པའི་མཚན་ཉིད་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །
གསུམ་པ་རྣམ་མཁྱེན་གྱི་ཤེས་མཚན་ནི། རྣམ་པ་བཅུ་དྲུག་སྟེ། ཇི་ལྟར་ན། སྤྱི་དང་། བྱེ་བྲག །ཁྱད་པར་གྱི་ཤེས་ཚུལ་གསུམ་ལས། དང་པོ། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་། ཞེས། རྣམ་མཁྱེན་གྱི་སྦྱོར་བས་ཡུལ་མཐར་འབྲས་རྣམ་པའི་གནས་ལུགས་ཤེས་ཚུལ་སྟོན་པ་ཐུབ་པའི་དབང་པོ་དེ་ནི་ཉིད་ཀྱིས་མངོན་དུ་མཛད་པའི་ཆོས་སྤངས་རྟོགས་མཐར་ཐུག་མངའ་བ་ལ་བརྟེན་ནས་ཆོས་སྐུ་མཉམ་པ་ཉིད་ལ་གནས་པའི་རྣམ་པ་ཤེས་པ་དང་། གཉིས་པ་བྱེ་བྲག་ལ་གསུམ་ལས། དང་པོ་སྐུ་རྫུ་འཕྲུལ་གྱི་ཁྱད་པར་ཤེས་ཚུལ། གུས་པར་བྱ་བ་དང་། །བླ་མ་ཉིད་དང་མཉེས་པ་དང་། །དེ་ལ་མཆོད་དང་བྱེད་མེད་དང་། །ཞེས། གཞན་དོན་བསྟན་པ་ཆོས་སྐུའི་ཁྱད་པར་ཐ་སྙད་དུ་ཡུམ་ཤེར་ཕྱིན་སྟོན་པ་ན་སྟོན་པ་ཉིད་ཀྱིས་གདན་བཤམས་པ་སོགས་གུས་པར་བྱ་བའི་རྣམ་པ་ཤེས་པ་དང་། བཀའ་བཞིན་སྒྲུབ་པས་བླ་མ་ཉིད་དུ་བྱ་བའི་རྣམ་མ་ཤེས་པ་དང་། བསྟོད་བཀུར་སོགས་ཀྱིས་མཉེས་པར་བྱ་བའི་རྣམ་པ་ཤེས་པ་དང་། མེ་ཏོག་སོགས་ཀྱིས་མཆོད་པར་བྱ་བའི་རྣམ་པ་ཤེས་པ་དང་། དོན་དམ་པར་དེ་དག་ཀྱང་བྱེད་པ་མེད་པའི་སྐྱེ་མེད་དུ་ཤེས་པ་དང་། གཉིས་པ་ཐུགས་ཀུན་ཏུ་བརྗོད་པའི་ཁྱད་པར་ཤེས་ཚུལ་ནི། ཀུན་ཏུ་འཇུག་མཁྱེན་གང་ཡིན་དང་། །ཞེས། སྤངས་རྟོགས་མཐར་ཕྱིན་པའི་སྟོབས་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་ལ་ཀུན་ཏུ་ཆགས་ཐོགས་མེད་པར་འཇུག་ཅིང་མཁྱེན་པའི་རྣམ་པ་ཤེས་པ་དང་། གསུམ་པ་གསུང་རྗེས་སུ་བསྟན་པའི་ཁྱད་པར་ཤེས་ཚུལ། མ་མཐོང་སྟོན་པར་མཛད་པ་དང་། །འཇིག་རྟེན་སྟོང་ཉིད་རྣམ་པ་དང་། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །ཞེས། ཐོག་མར་འཇིག་རྟེན་པས་མ་མཐོང་བའི་དོན་ཟབ་མོ་བདེན་བཞིའི་ཆོས་འཁོར་སྟོན་པར་མཛད་པའི་རྣམ་པ་ཤེས་པ་དང་། བར་དུ་འཇིག་རྟེན་ཕུང་པོ་ལྔའི་ངོ་བོ་སྟོང་པ་ཉིད་ཀྱི་རྣམ་པ་མཚན་ཉིད་མེད་པའི་ཆོས་འཁོར་སྣང་བར་མཛད་པའི་རྣམ་པ་ཤེས་པ་དང་། དེ་ཡང་ཚུལ་ཇི་ལྟར་ན། ཐོས་པའི་སྒོ་ནས་ཉན་པར་འདོད་པ་ལ་འཁོར་དེ་དག་བསྡུས་པའི་ཚུལ་གྱིས་བརྗོད་པར་མཛད་པའི་རྣམ་པ་ཤེས་པ་དང་། བསམ་པའི་སྒོ་ནས་ཤེས་རབ་འདོད་པ་ལ་དེ་དག་གི་རྒྱུད་སྨིན་པའི་ཚུལ་གྱིས་ཤེས་པར་མཛད་པའི་རྣམ་པ་ཤེས་པ་དང་། སྒོམ་པའི་སྒོ་ནས་རྟོགས་པར་འདོད་པ་ལ་དེ་དག་གི་རྒྱུད་གྲོལ་བའི་ཚུལ་གྱིས་མངོན་སུམ་དུ་རྟོགས་པར་མཛད་པའི་རྣམ་པ་ཤེས་པ་དང་། ཐ་མར་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་སྣང་བར་མཛད་པའི་རྣམ་པ་ཤེས་པ་དང་། དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞི་བའི་ངོ་བོ་ཉིད་སྟོན་པར་མཛད་པའི་རྣམ་པ་ཤེས་པ་དང་། གསུམ་པ་ཁྱད་པར་གྱི་ཤེས་ཚུལ། འཇིག་རྟེན་འདུ་ཤེས་འགོག་པ་ལ། །ཞེས། རྣམ་པའི་གནས་ལུགས་ཟག་བཅས་འཇིག་རྟེན་གྱི་ཕུང་ལྔ་འགོག་པ་མྱང་འདས་ངོ་བོ་ཉིད་སྐུའི་རྣམ་པ་ཤེས་པ་དང་། སྲིད་ཞིའི་བླང་དོར་གྱི་འདུ་ཤེས་འགོག་ཅིང་ཞི་བ་རྟོགས་པ་ཡེ་ཤེས་ཆོས་སྐུའི་རྣམ་པ་ཤེས་པ་དང་། དེ་ལྟར་བསྟན་པའི་དོན་བསྡུ་བ། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས། དེ་ལྟར་རྣམ་པ་ཀུན་མཁྱེན་པའི་སྦྱོར་བའི་ཚུལ་ལ་ནི་རྣམ་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་ངོ་བོ་རྣམ་མཁྱེན་གྱི་སྦྱོར་བ་མཚོན་པའི་མཚན་ཉིད་རྣམ་མཁྱེན་གྱི་སྦྱོར་བ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ལྟ་བུའི་ཤེས་མཚན་དེ་དག་ཀྱང་དཔེར་ན། ཡུལ་སྔོན་པོ་ཤེས་པས་སྔོ་འཛིན་གྱི་ངོ་བོ་མཚོན་པ་ལྟར། མཁྱེན་གསུམ་གྱི་སྦྱོར་བས་ཡུལ་གཞི་ལམ་རྣམ་གསུམ་ཤེས་པའི་བྱེ་བྲག་གིས་སྦྱོར་བ་རང་གི་ངོ་བོ་མཚོན་པའི་མཚན་ཉིད་དུ་བཞེད་དོ། །ཤེས་པ་མཚོན་བྱར་བྱས་ཏེ་དེ་མཚོན་པའི་མཚན་པའི་མཚན་ཉིད་སོགས་ཀྱི་སྒོ་ནས་འབྲས་བུས་རྒྱུ་དང་རྒྱུས་འབྲས་བུ་མཚོན་པ་སོགས་མཚན་མཚོན་ཐ་དད་དུ་སྨྲ་བའི་ལུགས་ཀྱང་སྣང་ངོ་། །
གཉིས་པ་ཁྱད་མཚན་ལ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ། དེ་ཡི་གནད་དོན་བསྡུ་བ་གསུམ། དང་པོ་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས། ཁྱད་ཆོས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་བཅུ་དྲུག་གི་སྒོ་ནས་ཁྱད་པར་ཞུགས་པའི་དམིགས་ཡུལ་བདེན་པ་བཞི་ལ་དམིགས་པའི་སྤྱོད་ཡུལ་ཅན་བཟོད་ཤེས་སྐད་ཅིག་བཅུ་དྲུག་གི་སྒོ་ནས་ཐེག་ཆེན་གྱི་སྦྱོར་བ་མཚོན་པར་བྱེད་པའི་ཁྱད་པར་གྱི་མཚན་ཉིད་བཅུ་དྲུག་ཏུ་མདོ་ལས་བཤད་པ་ཡིན་ནོ། །
གཉིས་པ་ཁྱད་མཚན་རྒྱས་བཤད་ལ་བཞི་ལས། དང་པོ། སྡུག་བདེན་མཐོང་བའི་ཡེ་ཤེས་ཀྱི་ཁྱད་པར་བཞི་ནི། བསམ་མི་ཁྱབ་དང་མི་མཉམ་དང་། །གཞལ་དང་བགྲང་ལས་ཡང་དག་འདས། །ཞེས། སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་བློས་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཤེས་ཀྱི་ཡེ་ཤེས་དཔེ་གང་དང་ཡང་མི་མཉམ་པ་དང་། རྗེས་བཟོད་ཀྱི་ཡེ་ཤེས་ཚད་མས་གཞལ་བ་ལས་འདས་པ་དང་། རྗེས་ཤེས་ཀྱི་ངོ་བོ་གྲངས་ཀྱིས་བགྲང་བ་ལས་འདས་པ་དང་། གཉིས་པ་ཀུན་འབྱུང་མཐོང་བའི་ཡེ་ཤེས་ཀྱི་ཁྱད་པར་བཞི་ནི། འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར། ཞེས། ཀུན་འབྱུང་ཆོས་བཟོད་ཀྱི་ཡེ་ཤེས་འཕགས་པའི་སྤངས་རྟོགས་ཀུན་སྡུད་པ་དང་། ཆོས་ཤེས་ཀྱི་ངོ་བོ་མཁས་པ་བྱང་ཆུབ་སེམས་དཔས་རིག་པར་བྱ་བ་དང་། རྗེས་བཟོད་ཀྱི་ཡེ་ཤེས་ཉན་རང་དང་ཐུན་མོང་མ་ཡིན་པ་དང་། རྗེས་ཤེས་ཀྱི་ཡེ་ཤེས་ཐེག་དམན་ལས་མངོན་པར་རྟོགས་པའི་ཤེས་པ་མྱུར་བ་དང་། གསུམ་པ་འགོག་པ་མཐོང་བའི་ཡེ་ཤེས་ཀྱི་ཁྱད་པར་བཞི་ནི། བྲི་དང་གང་མེད་དང་། །སྒྲུབ་དང་ཡང་དག་འགྲུབ་པ་དང་། །དམིགས་པ། ཞེས། འགོག་པ་ཆོས་བཟོད་ཀྱི་ཡེ་ཤེས་དེ་བཞིན་ཉིད་བྲི་གང་དང་བྲལ་བར་རྟོགས་པ་དང་། ཆོས་ཤེས་ཀྱི་ཡེ་ཤེས་ཕར་ཕྱིན་དྲུག་གིས་མི་གནས་པའི་མྱང་འདས་སྒྲུབ་པར་བྱེད་པ་དང་། རྗེས་བཟོད་ཀྱི་ངོ་བོ་ཚོགས་གཉིས་སྒྲུབ་པས་འབྲས་བུ་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པ་དང་། རྗེས་ཤེས་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པར་ཆོས་ཐམས་ཅད་ལ་དམིགས་པ་དང་། བཞི་པ་ལམ་བདེན་མཐོང་བའི་ཡེ་ཤེས་ཀྱི་ཁྱད་པར་ནི། རྟེན་དང་བཅས་པ་དང་། །མཐའ་དག་པ་དང་ཡོངས་འཛིན་དང་། །རོ་མྱོང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཅེས་བྱ་སྟེ། །ཞེས། ལམ་ཆོས་བཟོད་ཀྱི་ཡེ་ཤེས་རྟེན་གྱི་ཁྱད་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དང་། ཆོས་ཤེས་ཀྱི་ཡེ་ཤེས་ཕར་ཕྱིན་སོགས་ལམ་གྱི་རྣམ་པ་མཐའ་དག་ཚང་བ་དང་། རྗེས་བཟོད་ཀྱི་ཡེ་ཤེས་ཕྱི་ནང་གི་ཡོངས་སུ་འཛིན་པས་ཟིན་པ་དང་། རྗེས་ཤེས་ཀྱི་ཡེ་ཤེས་ལམ་ལ་མངོན་ཞེན་ཀྱི་རོ་མྱོང་མེད་པ་སྟེ། དེ་ལྟར་ཁྱད་པར་གྱི་མཚན་ཉིད་རྒྱས་པར་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱའོ། །
གསུམ་པ་དོན་བསྡུ་ནི། གང་གིས་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས། དེ་ལྟར་ཁྱད་ཆོས་བཅུ་དྲུག་པོ་གང་གིས། ཁྱད་གཞི་ཐེག་ཆེན་གྱི་རྣམ་རྫོགས་སྦྱོར་བ་བསྒོམ་པའི་ལམ་ནི། གཞན་ཉན་རང་དག་གི་ལམ་ལས་ཁྱད་པར་དུ་འཕགས་པས་ན། ཐེག་ཆེན་གྱི་ལམ་ཁྱད་པར་ཅན་གྱི་སྦྱོར་བ་ཉིད་དུ་གྲུབ་བོ། །དེ་ལྟ་བུའི་ཁྱད་མཚན་ཀྱང་། ལྟོ་ལྡིར་བའི་ཁྱད་པར་གྱིས་བུམ་པའི་ངོ་བོ་མཚོན་པ་ལྟར། མཁྱེན་གསུམ་གྱི་སྦྱོར་བའི་ངོ་བོ་ལམ་གཞན་ལས་ཁྱད་པར་དུ་གྱུར་པའི་ཆོས་ཀྱིས་ཐེག་ཆེན་གྱི་སྦྱོར་བ་རང་གི་ངོ་བོ་མཚོན་ཚུལ་ཀྱང་ཤེས་པར་བྱའོ། །ཁྱད་མཚན་འདི་དག་མཁྱེན་པ་གསུམ་ཀའི་སྦྱོར་བ་མཚོན་བྱེད་དུ་བཞེད་པ་དང་། ཉན་རང་གི་རྟོགས་རིགས་གཞི་ཤེས་ཀྱིས་བསྡུས་པས་དེ་ལ་ཁྱད་མཚན་མེད་པར་དགོངས་ཏེ་སྤྱིར་གཞི་ཤེས་ལ་ཁྱད་མཚན་མེད་པར་བཞེད་པ་སོགས་སྔོན་རྒྱ་གར་བའི་བཤེས་གཉེན་རྣམས་ཀྱང་འཆད་ཚུལ་སྣ་ཚོགས་མཛད་རུང་། དོན་དུ་ཐེག་ཆེན་གྱི་རྣམ་རྫོགས་སྦྱོར་བ་སྤྱིའི་ཁྱད་མཚན་དུ་བཞེད་པ་ནི་གནད་ཀྱི་དོན་དུ་སྣང་ངོ་། །དེ་ལྟར་རྣམ་རྫོགས་སྦྱོར་བའི་སྐབས་ཀྱི་མཐོང་ལམ་ལ་ཁྱད་མཚན་དངོས་སུ་བསྟན་པའི་ཤུགས་ཀྱིས། དེའི་རྒྱུ་སྦྱོར་ལམ་དང་། དེ་མཐོང་ཟིན་གོམས་པ་སྒོམ་ལམ་ལ་ཡང་ཁྱད་མཚན་ཡོད་པར་རྟོགས་ནུས་པ་སོགས་ཀྱང་མཁྱེན་པར་འཚལ་ལོ། །
གསུམ་པ་བྱེད་མཚན་ནི་རྣམ་པ་བཅུ་གཅིག་སྟེ། གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་གསུམ། དང་པོ། ཕན་དང་བདེ་དང་སྐྱོབ་པ་དང་། །ཞེས། གཞི་བདག་མེད་བསྒོམ་པའི་སྦྱོར་བའི་བྱེད་པ་གསུམ་སྟེ། མ་འོངས་པའི་ཡང་སྲིད་མེད་པའི་ཕན་པ་མྱ་ངན་ལས་འདས་པ་ལ་འགོད་པར་བྱེད་པ་དང་། ཚེ་འདིར་སྡུག་བསྔལ་ཉེ་བར་ཞི་བའི་བདེ་བ་རང་བྱབ་ཆུབ་ལ་འགོད་པར་བྱེད་པ་དང་། མཐར་ཐུག་སྲིད་ཞིའི་སྡུག་བསྔལ་ལས་སྐྱོབ་པ་བྱང་ཆུབ་ཆེན་པོ་ལ་འགོད་པར་བྱེད་པ་དང་། གཉིས་པ་ལམ་ཤེས་སྦྱོར་བའི་བྱེད་པ་བདུན་ཏེ། ཤེས་རབ་དང་ཐབས་ཀྱི་བྱེད་པ་གཉིས་ལས། དང་པོ། མི་རྣམས་ཀྱི་ནི་སྐྱབས་དག་དང་། །གནས་དང་དཔུང་གཉེན་གླིང་དང་ནི། །ཞེས། ཤེས་རབ་ཀྱི་སྟོབས་ཀྱིས་སྤོང་བའི་བྱེད་པ་འབྲས་བུ་སྡུག་བསྔལ་སྤོང་བས་སྐྱབས་ཀྱི་བྱེད་པ་དང་། དེའི་རྒྱུ་སྤོང་བས་གནས་ཀྱི་བྱེད་པ་དང་། རྟོགས་པའི་བྱེད་པ་འཁོར་འདས་མཉམ་ཉིད་རྟོགས་པས་དཔུང་གཉེན་གྱི་བྱེད་པ་དང་། རང་བཞིན་གྱི་དོན་རྟོགས་པས་གླིང་གི་བྱེད་པ་དང་། གཉིས་པ་ཐབས་ཀྱི་བྱེད་པ། ཡོངས་འདྲེན་པ་ཞེས་བྱ་བ་དང་། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་དུ་མི་བྱེད་དག །ཅེས། སྙིང་རྗེའི་སྟོབས་ཀྱིས་སྤྱིར་གདུལ་བྱ་མཐའ་དག་ཡོངས་སུ་འདྲེན་པའི་བྱེད་པ་དང་། ཚུལ་ཇི་ལྟར་ན་གཞན་དོན་དུ་རྩོལ་མེད་ལྷུན་གྱིས་གྲུབ་པའི་བྱེད་པ་དང་། རང་དོན་དུ་ཐེག་པ་གསུམ་གྱི་འབྲས་བུ་མངོན་དུ་མི་བྱེད་པའི་བྱེད་པ་དང་། གསུམ་པ་རྣམ་མཁྱེན་སྦྱོར་བའི་བྱེད་པ། ཐ་མ་རྟེན་གྱི་མཛད་པ་སྟེ། །ཞེས། མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པའི་མཛད་པ་ཆོས་ཀྱི་འཁོར་ལོ་དང་བཅས་པའི་རྟེན་ཆོས་སྐུ་སྒྲུབ་པར་བྱེད་པའི་མཛད་པ་དང་། དེ་ལྟར་བསྟན་པའི་དོན་བསྡུ་བ། འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས། དེ་ལྟ་བུའི་བྱེད་པ་བཅུ་གཅིག་པོ་འདི་ནི་མཁྱེན་པ་གསུམ་གྱི་སྦྱོར་བའི་བྱེད་པ་ཐབས་ཀྱི་ངོ་བོ། མཁྱེན་གསུམ་གྱི་སྦྱོར་བ་མཚོན་པའི་མཚན་ཉིད་མཁྱེན་པ་གསུམ་གྱི་སྦྱོར་བས་བསྡུས་པ་དག་ཡིན་ནོ། །
དེ་ཡང་གདུང་འདེགས་ཀྱི་དོན་བྱེད་པ་ལས་ཀ་བ་མཚོན་པ་ལྟར། མཁྱེན་གསུམ་སྦྱོར་བའི་བྱེད་པ་དེ་དག་གིས་སྦྱོར་བ་རང་གི་ངོ་བོ་མཚོན་པར་ཤེས་པར་བྱ་བ་ཡིན་ནོ། །
གཉིས་པ། མཚན་གཞི་ངོ་བོ་ཉིད་མཚན་ནི་རྣམ་པ་བཅུ་དྲུག་སྟེ། ཇི་ལྟར་ན། གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་སྦྱོར་བའི་མཚན་གཞིའི་ངོ་བོ་ཉིད་གསུམ་ལས། དང་པོ་ནི། ཉོན་མོངས་རྟགས་དང་མཚན་མ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་། ཞེས། གཞི་ཤེས་སྦྱོར་བའི་མཚན་གཞིའི་ངོ་བོ་ཆོས་བཞི་ལྡན་ཏེ། ཉོན་སྒྲིབ་དབེན་པའི་ཁྱད་པར། ངོ་བོ་འདོད་ཆགས་ལ་སོགས་པ་ཉོན་མོངས་པས་དབེན་པའི་ངོ་བོ་ཉིད་དང་། འབྲས་བུ་སྒོ་གསུམ་གྱི་གནས་ངན་ལེན་རྟགས་ཀྱིས་དབེན་པའི་ངོ་བོ་ཉིད་དང་། རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་མཚན་མས་དབེན་པའི་ངོ་བོ་ཉིད་དང་། ཤེས་སྒྲིབ་དབེན་པའི་ཁྱད་པར། མི་མཐུན་ཕྱོགས་དང་གཉེན་པོའི་རྟོག་པ་དག་གིས་དབེན་པའི་ངོ་བོ་ཉིད་དང་། གཉིས་པ་ནི། དཀའ་དང་ངེས་པ་དང་། །ཆེད་དུ་བྱ་དང་མི་དམིགས་དང་། །མངོན་པར་ཞེན་པ་བཀག་པ་དང་། །ཞེས། ལམ་ཤེས་སྦྱོར་བའི་མཚན་གཞིའི་ངོ་བོ་ཆོས་ལྔ་ལྡན་ཏེ། ཐབས་ཀྱི་ཁྱད་པར་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱ་དཀའ་བའི་ངོ་བོ་ཉིད་དང་། སྦྱོར་བ་ཐེག་དམན་དུ་མི་ལྷུང་བས་སྦྱོར་བ་ཐེག་ཆེན་དུ་ངེས་པའི་བོ་ངོ་ཉིད་དང་། བསྒྲུབ་བྱ་ཆེན་པོ་གསུམ་དོན་དུ་གཉེར་བས་འབྲས་བུ་ཆེན་དུ་བྱ་བའི་ངོ་བོ་ཉིད་དང་། ཤེས་རབ་ཀྱི་ཁྱད་པར་ཡུལ་བསྒོམ་པར་བྱ་བ་འཁོར་གསུམ་མི་དམིགས་པའི་ངོ་བོ་ཉིད་དང་། ཡུལ་ཅན་སྒོམ་པའི་རྣམ་པ་མངོན་པར་ཞེན་པ་བཀག་པའི་ངོ་བོ་ཉིད་དང་། གསུམ་པ་ནི། དམིགས་པ་ཞེས་བྱ་གང་ཡིན་དང་། །མི་མཐུན་ཐོགས་པ་མེད་དང་ནི། །གཞི་མེད་འགྲོ་མེད་སྐྱེ་མེད་དང་། །དེ་བཞིན་ཉིད་ནི་མི་དམིགས་དང་། །ཞེས། རྣམ་མཁྱེན་སྦྱོར་བའི་མཚན་གཞིའི་ངོ་བོ་ཆོས་བདུན་ལྡན་ཏེ། སྤྱིར་དམིགས་པའི་ཁྱད་པར། འབྲས་བུ་རྣམ་མཁྱེན་གྱི་ཆོས་ཀུན་ལ་དམིགས་པའི་ངོ་བོ་ཉིད་དང་། དེའི་ཁྱད་ཆོས་འཇིག་རྟེན་པའི་ཆོས་ཀུན་དང་མི་མཐུན་པའི་ཡོན་ཏན་ལ་དམིགས་པའི་ངོ་བོ་ཉིད་དང་། དེའི་ངོ་བོ་ཤེས་བྱ་ཀུན་ལ་ཐོགས་པ་མེད་པར་འཇུག་པའི་ཡེ་ཤེས་ལ་དམིགས་པའི་ངོ་བོ་ཉིད་དང་། དེའི་བྱེ་བྲག་གི་དམིགས་པ། ཐ་སྙད་སྣང་བའི་ཡོན་ཏན་གཞི་བདག་མེད་གཟིགས་པ་གཞི་ཤེས་རྗེས་མཐུན་གྱི་རྣམ་པ་ལ་དམིགས་པའི་ངོ་བོ་ཉིད་དང་། ལམ་འགྲོ་མེད་མཁྱེན་པ་ལམ་ཤེས་རྗེས་མཐུན་གྱི་རྣམ་པ་ལ་དམིགས་པའི་ངོ་བོ་ཉིད་དང་། རྣམ་པ་སྐྱེ་མེད་མཁྱེན་པ་རྣམ་མཁྱེན་ཐུན་མིན་གྱི་རྣམ་པ་ལ་དམིགས་པའི་ངོ་བོ་ཉིད་དང་། དེ་དག་ཀྱང་དོན་དམ་པའི་ངོ་བོ་སྐྱེ་མེད་དེ་བཞིན་ཉིད་མི་དམིགས་པ་ལ་དམིགས་པའི་ངོ་བོ་ཉིད་དང་། །དེ་ལྟར་བསྟན་པའི་དོན་བསྡུ་བ། ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས། དེ་ལྟར་མཁྱེན་གསུམ་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་དེ་དག་གང་མཚོན་པར་བྱ་བའི་མཚན་གཞིའི་ངོ་བོ་ལྟ་བུར་མཚོན་པས་ན་རྣམ་རྫོགས་སྦྱོར་བའི་ཤེས་བྱ་མཚན་ཉིད་སྐབས་ཀྱི་ཆོས་བཞི་པ་མཚན་གཞི་ངོ་བོ་ཉིད་མཚན་དུ་སྟོན་པ་ཐམས་ཅད་མཁྱེན་པས་བཞེད་པ་ཡིན་ནོ། །
མདོར་ན་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་གྱི་རྣམ་རྫོགས་སྦྱོར་བའི་མངོན་རྟོགས་མཚན་གཞི། ཐེག་ཆེན་གྱི་སྦྱོར་བའི་ཐ་སྙད་མཚོན་བྱ། ཐབས་ཤེས་ཁྱད་པར་ཅན་གྱི་ཤེས་ཁྱད་བྱེད་གསུམ་དང་ལྡན་པ་མཚན་ཉིད་དེ། དེ་དག་ཀྱང་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བས་མཚན་མཚོན་གཞི་གསུམ་དུ་བཞག་པའོ། །
བྱེ་བྲག་ཕྱེ་ན། གཞི་ཤེས་ཀྱི་ངོ་བོ་ཆོས་བཞི་ལྡན་མཚན་གཞི། གཞི་ཤེས་ཟབ་པའི་སྦྱོར་བ་ཡིན་པར་མཚོན། གཞི་ཤེས་ཀྱིས་བསྡུས་པའི་ཐབས་ཤེས་ཁྱད་པར་ཅན་གྱི་ཤེས་ཁྱད་བྱེད་པའི་མཚན་ཉིད་དང་ལྡན་པ་སོགས་མཁྱེན་གསུམ་སོ་སོའི་མཚན་མཚོན་གཞི་གསུམ་དང་། དེ་ལས་དབྱེ་བས། གཞི་ཤེས་སྦྱོར་བའི་མེད་པའི་རྣམ་པ་ཆོས་བཞི་ལྡན་ཆོས་ཅན། གཞི་ཤེས་ཟབ་པའི་སྦྱོར་བ་ཡིན་ཏེ། ཤེས་ཁྱད་བྱེད་པའི་མཚན་ཉིད་དང་ལྡན་པའི་ཕྱིར། ཞེས་སོགས་སྦྱར་བར་བྱའོ། །
བཞི་པ་བགྲོད་བྱ་ལམ་གྱི་ཁྱད་པར་ལ། ཐར་པ་ཆ་མཐུན་ཚོགས་ལམ། ངེས་འབྱེད་ཆ་མཐུན་སྦྱོར་ལམ། རྫོགས་བྱང་ཆ་མཐུན་ཕྱིར་མི་ལྡོག་པའི་ཚོགས་བཤད་པ་དང་གསུམ། དང་པོ་ལ། ངོ་བོ་ཐབས་ཤེས་ཀྱི་ཁྱད་པར་མདོར་བསྟན་པ། དེ་ཡི་དབྱེ་བའི་ཁྱད་པར་རྒྱས་པར་བཤད་པ། འཕྲོས་དོན་དབང་པོའི་ཁྱད་པར་བསྡུས་ཏེ་བསྟན་པ་གསུམ།
དང་པོ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས། ལམ་གྱི་ངོ་བོ་ཐར་པ་ཆ་མཐུན་གྱི་མངོན་རྟོགས་ཐབས་ཤེས་ཁྱད་པར་ཅན་ཏེ། མཚན་མེད་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་རབ་དང་། སྦྱིན་སོགས་ཀྱིས་ཁྱད་པར་དུ་བྱས་པའི་ཐབས་ཀྱི་སྒོ་ནས། ཇི་སྐད་བཤད་པ་ཡི་ཤེར་ཕྱིན་གྱི་རྣམ་པ་མཐའ་དག་ཡང་དག་པར་སྒྲུབ་པའི་མཚན་ཉིད་ལ་མཁས་པའི་ཐབས་ཤེས་ཁྱད་པར་ཅན་ནི། རྣམ་པ་ཐམས་ཅད་རྫོགས་པར་རྟོགས་པའི་སྐབས་འདི་ལ་ཐར་པའི་ཆ་དང་མཐུན་པར་འདོད་པ་ཡིན་ནོ། །
གཉིས་པ་དབྱེ་བ་རྒྱས་བཤད་ནི། སངས་རྒྱས་སོགས་དམིགས་དད་པ་དང་། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་། །བསམ་པ་ཕུན་ཚོགས་དྲན་པ་དང་། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །ཞེས། ཐབས་ཀྱི་ཁྱད་པར་རྟེན་སངས་རྒྱས་སོགས་མཆོག་གསུམ་ལ་དམིགས་པའི་དད་པ་དང་། སྦྱོར་བ་སྦྱིན་སོགས་ཕར་ཕྱིན་དྲུག་གི་སྤྱོད་ཡུལ་ཅན་གྱི་བརྩོན་འགྲུས་དང་། ངོ་བོ་བསམ་པ་ཕུན་ཚོགས་ཤེར་ཕྱིན་གྱི་རྣམ་པ་ཡོངས་སུ་དྲན་པ་དང་གསུམ། ཤེས་རབ་ཀྱི་ཁྱད་པར། ཞི་གནས་རྣམ་པར་མི་རྟོག་པ་ནམ་མཁའ་མཛོད་སོགས་ཀྱི་ཏིང་ངེ་འཛིན་དང་། ལྷག་མཐོང་གཞི་ལམ་རྣམ་པའི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་མཚན་མེད་ཤེས་པའི་ཤེས་རབ་སྟེ། དེ་ལྟར་ཐབས་ཤེས་ཁྱད་པར་ཅན་གྱི་རང་བཞིན་རྣམ་བྱང་གི་ངོ་བོར་གྱུར་པའི་དབང་པོ་རྣམ་པ་ལྔའོ། །འོན་ཀྱང་ད་དུང་དམིགས་པ་བདེན་པ་བཞིས་ཁྱད་པར་དུ་བྱས་པ་མ་ཡིན་པས་མངོན་པར་རྟོགས་པ་སྦྱོར་བའི་དབང་པོ་མ་ཡིན་པ་སོགས་ཤན་ཕྱེད་པར་བྱའོ། །
གསུམ་པ་དབང་པོའི་ཁྱད་པར་གྱི་དོན་བསྡུ་བ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས། དེ་ལྟ་བུའི་བྱང་སེམས་ཚོགས་ལམ་པ་དབང་པོ་རྣོ་རྟུལ་གྱི་རིམ་པས། མཐར་འབྲས་རྫོགས་པའི་བྱང་ཆུབ་དབང་པོ་རྣོན་པོ་ཡིས་རྟོགས་པ་མྱུར་བའི་སྒོ་ནས་ཐོབ་པར་སླ་ཞིང་། རྟུལ་པོས་རྟོགས་པ་བུལ་བས་ཐོབ་དཀའ་བར་བཞེད་དོ། །དེ་ལྟར་དངོས་བསྟན་ནི། བྱང་སེམས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡིན་ཡང་། སློབ་དཔོན་གྱིས་དེའི་ཤུགས་བསྟན་གྱིས་བཤད་སྦྱར་མཛད་དོ། །
གཉིས་པ་སྦྱོར་ལམ་ནི། ངོ་བོ་ངེས་འབྱེད་ཆ་མཐུན་གྱི་མཁྱེན་པ་དོན་གཉིས་ཁྱད་པར་ཅན་ཏེ། དེ་ལ་དབྱེ་ན་དྲོད་སོགས་བཞི་ལས། དང་པོ་དྲོད་ཀྱི་དམིགས་རྣམ་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས། སྦྱོར་ལམ་དྲོད་ཀྱི་དམིགས་པའི་ཁྱད་པར་སྐབས་འདིར་སེམས་ཅན་ཐམས་ཅད་ཡིན་པར་མདོ་ལས་བསྔགས་ཤིང་བརྗོད་པས། དམིགས་པ་སེམས་ཅན་དེ་དག་ལ་དམིགས་ཏེ། རྣམ་པའི་ཁྱད་པར་དྲོད་ཆུང་ངུའི་སྐབས་བཏང་སྙོམས་ཀྱིས་ཆགས་སྡང་མེད་པར་མཉམ་པའི་སེམས་དང་། ད་ལྟའི་ཕན་པ་སྒྲུབ་པ་བྱམས་པའི་སེམས་ཀྱི་རྣམ་པ་གཉིས་དང་། དྲོད་འབྲིང་གི་སྐབས། མ་འོངས་པའི་བདེ་བ་དང་ལྡན་འདོད་ཕན་པའི་སེམས་དང་། གཞན་བདེ་ལ་དགའ་བས་ཁྲོ་བ་མེད་པའི་སེམས་དང་། སེམས་ཅན་ལ་སྙིང་བརྩེ་བས་རྣམ་འཚེ་མེད་པའི་སེམས་ཀྱི་རྣམ་པ་དང་གསུམ། དྲོད་ཆེན་པོའི་སྐབས། སེམས་ཅན་རང་ལས་རྒན་པ་ལ་ཕ་དང་མའི་སེམས་དང་། མཉམ་པ་ལ་སྤུན་དང་སྲིང་མོའི་སེམས་དང་། གཞོན་པ་ལ་བུ་དང་བུ་མོའི་སེམས་དང་། ཕན་འདོགས་པའི་བཤེས་དང་ཡིད་བརྟན་པའི་གྲོགས་ཀྱི་སེམས་དང་། ཕ་རུས་གཅིག་པའི་གཉེན་དང་མ་རུས་མཐུན་པའི་སྣག་གི་གཉེན་མཚམས་ཀྱི་སེམས་དང་རྣམ་པ་ལྔ་སྟེ། དེ་ལྟར་སྦྱོར་ལམ་དྲོད་ཀྱི་རྣམ་པ་དག་ནི་བཅུར་མདོ་ལས་བཤད་དོ། །
གཉིས་པ་རྩེ་མོ་ནི། བདག་ཉིད་སྡིག་པ་ལས་ལྡོག་ཅིང་། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེ་གྱུར། ཅེས། སྦྱོར་ལམ་རྩེ་མོའི་སྐབས་དམིགས་པ་སེམས་ཅན་ལ་དམིགས་ནས། རྣམ་པའི་ཁྱད་པར་རྩེ་མོ་ཆུང་ངུའི་རྣམ་པ། རང་ཉིད་སྡིག་པ་ལས་ལྡོག་པའི་སྒོ་ནས་གཞན་དག་དེ་ལ་ལུས་ཀྱིས་འགོད་པ་དང་ངག་གིས་བསྔགས་པ་བརྗོད་ཅིང་ཡིད་ཀྱིས་མཐུན་པར་བྱེད་པ་དང་། འབྲིང་གི་རྣམ་པ་རང་ཉིད་སྦྱིན་སོགས་ལ་གནས་ནས་གཞན་དག་དེ་ལ་འགོད་བསྔགས་མཐུན་པར་བྱེད་པ་དང་། ཆེན་པོའི་རྣམ་པ་རང་ཉིད་སྟོང་དང་རྟེན་འབྱུང་ཟབ་མོའི་དོན་ལ་གནས་ནས་གཞན་དེ་ལ་འགོད་བསྔགས་མཐུན་པར་བྱེད་པའི་རྣམ་པ་དང་། གསུམ་པ་བཟོད་པ། དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །ཞེས། རྩེ་མོ་དེ་བཞིན་དུ་བཟོད་པ་ཡང་དམིགས་པ་སེམས་ཅན་ལ་དམིགས་ནས། རྣམ་པ་འགོད་པ་པོ་རང་དང་དགོད་བྱ་གཞན་ལ་བརྟེན་པའི་རྣམ་པ་ཅན་ཏེ། ཇི་ལྟར་ན། བཟོད་པ་ཆུང་ངུའི་རྣམ་པ་རང་བདེན་བཞི་ཤེས་སྤོང་མངོན་བྱེད་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་དང་། འབྲིང་གི་རྣམ་པ། རང་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་སྒྲུབ་ཚུལ་ཤེས་ཀྱང་མངོན་དུ་མི་བྱེད་པས་གཞན་དེའི་རིགས་ཅན་དེ་ལ་འགོད་པ་སོགས་དང་། ཆེན་པོའི་རྣམ་པ་རང་ཐེག་ཆེན་གྱི་མཐོང་ལམ་བསྐྱེད་པའི་ཚུལ་ལ་གནས་ནས་གཞན་དེ་ལ་འགོད་བསྔགས་མཐུན་པར་བྱེད་པའི་རྣམ་པ་དང་། བཞི་པ་ཆོས་མཆོག་ནི། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས། ཆོས་མཆོག་ཀྱང་བཟོད་པ་དེ་བཞིན་དུ། དམིགས་པ་སེམས་ཅན་ལ་དམིགས་ནས། རྣམ་པའི་ཁྱད་པར་ཆོས་མཆོག་ཆུང་ངུའི་རྣམ་པ་རང་སེམས་ཅན་སྨིན་པ་དང་ཞིང་སྦྱོང་བར་འདོད་པ་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་དང་། འབྲིང་གི་རྣམ་པ་རང་བྱང་སེམས་ཀྱི་མངོན་པར་རྟོགས་པའི་ཤེས་པ་བསྐྱེད་པ་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་དང་། ཆེན་པོའི་རྣམ་པ་རང་རྣམ་མཁྱེན་བསྐྱེད་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་སྤོང་བའི་ཐབས་ལ་གནས་ནས་གཞན་དེ་ལ་ལུས་ངག་ཡིད་ཀྱིས་འགོད་བསྔགས་མཐུན་པར་བྱེད་པའི་རྣམ་པ་ཅན་དུ་ཤེས་པར་བྱའོ། །
གསུམ་པ་ཕྱིར་མི་ལྡོག་པའི་ཚོགས་ལ། ཁྱད་གཞི་མདོར་བསྟན་པ་དང་། ཁྱད་པར་སོ་སོའི་རྟགས་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་སྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས། ངོ་བོ་རྫོགས་བྱང་ཆ་མཐུན་དུ་གྱུར་པའི་མཉམ་རྗེས་ཁྱད་པར་ཅན་དང་། དེ་ལ་དབྱེ་ན། ངེས་འབྱེད་ཡན་ལག་སྦྱོར་ལམ་དང་། མཐོང་བའི་ལམ་དང་སྒོམ་པའི་ལམ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་སྐབས་འདིར་ཕྱིར་མི་ལྡོག་པའི་ཚོགས་ཀྱི་དགེ་འདུན་དུ་ཤེས་པར་བྱའོ། །
གཉིས་པ་ལ་སྦྱོར་ལམ་པ་ཕྱིར་མི་ལྡོག་པ་དང་། མཐོང་ལམ་པ་ཕྱིར་མི་ལྡོག་པ་དང་། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཆོས་བཤད་པ་གསུམ། དང་པོ་ལ། རང་བཞིན་མདོར་བསྟན་པ་དང་། རྟགས་ཀྱི་དབྱེ་བ་རྒྱས་པར་བཤད་པ། རྟགས་ཆོས་ཀྱི་དོན་བསྡུ་བ་གསུམ།
དང་པོ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས། སྒྲུབ་བྱེད་རྟགས་ཀྱི་ཁྱད་པར་མཉམ་གཞག་གི་རྟོགས་པ་ཁྱད་པར་ཅན་གྱི་རྣམ་པས་རྗེས་ཐོབ་ཏུ་གཟུགས་སོགས་ལ་བདེན་ཞེན་ལྡོག་པ་སོགས་རྟགས་ཀྱི་རྣམ་པ་ཉི་ཤུར་མདོ་ལས་བརྗོད་པ་དེ་ཡིས། ཤེས་འདོད་ཆོས་ཅན་གྱི་ཁྱད་པར་ངེས་འབྱེད་ཡན་ལག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་ཕྱིར་མི་ལྡོག་པའི་དགེ་འདུན་དུ་བསྒྲུབ་པའི་མཚན་ཉིད་དུ་ཤེས་པར་བྱ་བ་འདི་དག་གོ །
དེ་ཡང་ཚུལ་ཇི་ལྟར་ན། སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། བདེན་བཞིའི་དོན་མ་ནོར་བར་སྟོན་པའི་ཕྱིར། ཞེས་པའི་འབྲས་རྟགས་ལྟར། འདིར་ཡང་། སེམས་དཔའ་ཕ་རོལ་པོ་ཆོས་ཅན། ཕྱིར་མི་ལྡོག་པའི་གང་ཟག་ཡིན་ཏེ། གཟུགས་སོགས་ལ་བདེན་ཞེན་ལྡོག་པའི་སེམས་དཔའ་ཡིན་པའི་ཕྱིར། ཞེས་འབྲས་བུའི་རྟགས་ཀྱིས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་འབྲས་རྟགས་སུ་ཤེས་པར་བྱ་ཞིང་། མི་ལྡོག་ཅེས་མི་དགག་ཚིག་ཏུ་འཁྲུལ་པར་མི་བྱ་སྟེ། དེའི་མིང་གི་སྒྲ་ཡིན་པའི་ཕྱིར། དཔེར་ན། བྱས་པའི་རྟགས་ཀྱིས་མི་རྟག་པ་བསྒྲུབ་པའི་ཚེ། མི་རྟག་པ་ཞེས་པའི་མི་དགག་ཚིག་མ་ཡིན་པ་བཞིན་ནོ། །ཁ་ཅིག་རྗེས་ཐོབ་ལུས་ངག་གི་རྟགས་ཀྱིས་མཉམ་གཞག་གི་རྟོགས་པ་དཔོག་པ་འབྲས་རྟགས་དང་། མཉམ་བཞག་གི་རྟོགས་པ་རྟགས་སུ་བཀོད་དེ། རྫོགས་བྱང་སྒྲུབ་པ་རང་བཞིན་དང་། དེའི་སྟོབས་ཀྱིས་ཕྱིར་ལྡོག་པ་དགག་པ་མ་དམིགས་པའི་རྟགས་ཏེ། གཏན་ཚིགས་གསུམ་བརྒྱུད་དུ་བཀོད་པའི་མཐར་ཕྱིར་མི་ལྡོག་སྒྲུབ་པའི་རྟགས་མཐར་ཐུག་དགག་རྟགས་སུ་འཆད་པའི་ལུགས་ཀྱང་སྣང་ངོ་། །
གཉིས་པ་རྒྱས་བཤད་ནི། རྟགས་ཉི་ཤུ་ཡོད་པ་རྣམས་སྡེ་ཚན་བཞི་ལས། དང་པོ། གཟུགས་ལ་སོགས་ལས་ལྡོག་པ་དང་། །ཐེ་ཚོམ་མི་དལ་ཟད་པ་དང་། །བདག་ཉིད་དགེ་བ་ལ་གནས་ཤིང་། །གཞན་དག་དེ་ལ་འགོད་པ་དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང་། །ཟབ་མོའི་དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང་། །བག་ལ་ཉལ་ཀུན་འཇོམས་པ་དང་། །དྲན་པ་དང་ནི་ཤེས་བཞིན་དང་། །གོས་ལ་སོགས་པ་གཙང་བ་དང་། །ཞེས། ཆོས་ཀྱི་ངོ་བོ་མེད་པས་གཟུགས་སོགས་ལས་འདུ་ཤེས་ལྡོག་པ་དང་། ཤེས་ནས་དད་པ་ཐོབ་པས་ལམ་ལ་ཐེ་ཚོམ་ཟད་པ་དང་། སྨོན་ལམ་གྲུབ་པས་མི་དལ་བརྒྱད་ཟད་པ་དང་། སྙིང་རྗེའི་དབང་གིས་བདག་གཞན་དགེ་ལ་སྦྱོར་བ་དང་། བདག་གཞན་བརྗེ་བས་གཞན་གྱི་རྟེན་ཅན་སྦྱིན་སོགས་སྒྲུབ་པ་དང་། གནས་ལུགས་རྟོགས་པས་ཟབ་མོའི་དོན་ལ་སོམ་ཉི་མེད་པ་དང་། གཞན་ཕན་བསྒྲུབས་པས་བྱམས་པའི་ལུས་ངག་ཡིད་དང་ལྡན་པ་དང་། སྦྱོར་བ་དག་པས་སྒྲིབ་པ་ལྔ་སྤང་བ་དང་། གཉེན་པོ་བསྒོམས་པས་བག་ལ་ཉལ་ཀུན་འཇོམས་པར་བརྩོན་པ་དང་། རྣམ་པར་མི་གཡེང་བས་དྲན་པ་དང་ཤེས་བཞིན་ལྡན་པ་དང་། གཙང་སྦྲ་སྤྱོད་པས་གོས་སོགས་གཙང་བ་དང་རྣམ་པ་བཅུ་གཅིག་གོ །
གཉིས་པ། ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་ལ་སོགས་དང་། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང་། །སེམས་ཅན་དོན་དུ་དམྱལ་ཚོལ་དང་། །ཞེས། དགེ་རྩ་འཇིག་རྟེན་ལས་འཕགས་པས་ལུས་ལ་སྲིན་བུའི་རིགས་རྣམས་མི་འབྱུང་བ་དང་། དགེ་རྩ་རྣམ་པར་དག་པས་སེམས་ལ་གྱ་གྱུ་མེད་པ་དང་། རྙེད་བཀུར་ལ་མི་ལྟ་བས་སྦྱངས་པ་ཡང་དག་པར་ལེན་པ་དང་། སྦྱིན་སོགས་ཕར་ཕྱིན་བསྒྲུབས་པས་སེར་སྣ་སོགས་མི་མཐུན་ཕྱོགས་མེད་པ་དང་། ཆོས་ཡང་དག་པར་སྡུད་པས་ཆོས་ཉིད་དང་ལྡན་པར་འགྲོ་བ་ཉིད་དང་། འགྲོ་བ་བདག་གིར་འཛིན་པས་གཞན་དོན་དུ་དམྱལ་བ་ཚོལ་བ་ཉིད་དེ་རྣམ་པ་དྲུག་དང་། གསུམ་པ། གཞན་གྱིས་དཀྲི་བར་མི་བཏུབ་དང་། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང་། །ཞེས། རང་གི་མངོན་རྟོགས་ལ་ཡིད་ཆེས་པས་གཞན་གྱིས་དཀྲི་བར་མི་བཏུབ་པ་དང་། སངས་རྒྱས་སྒྲུབ་པའི་ཐབས་ལ་མཁས་པས་ལམ་ལྟར་སྣང་གཞན་སྟོན་པའི་བདུད་ལ་བདུད་དུ་ཤེས་པ་དང་རྣམ་པ་གཉིས་དང་། བཞི་པ། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཞེས། སྤྱོད་པ་འཁོར་གསུམ་དག་པས་ཀུན་ཏུ་སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ་རྣམ་པ་གཅིག་གོ །
གསུམ་པ་དོན་བསྡུ། རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས། དེ་ལྟར་སྒྲུབ་བྱེད་རྟགས་ཀྱི་རབ་དབྱེ་ཉི་ཤུ་སྡེ་ཚན་བཞིའི་སྒོ་ནས་བསྟན་པ་དེ་དག་གིས་ཤེས་འདོད་ཆོས་ཅན་གྱི་ཁྱད་པར། སྦྱོར་ལམ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཚོགས་སུ་བསྒྲུབ་པ་ཡིན་ནོ། །
གཉིས་པ་མཐོང་ལམ་ལ། རང་བཞིན་མདོར་བསྟན་པ་དང་། རྟགས་ཀྱི་རབ་དབྱེ་རྒྱས་པར་བཤད་པ། རྟགས་ཆོས་ཀྱི་དོན་བསྡུ་བ་གསུམ། དང་པོ། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས། མཐོང་བའི་ལམ་ལ་ནི་སྒྲུབ་བྱེད་རྟགས་ཀྱི་ཁྱད་པར་བཟོད་པ་དང་ཤེས་པའི་སྐད་ཅིག་གིས་ཁྱད་པར་དུ་བྱས་པའི་རྗེས་ཐོབ་ཀྱི་རྣམ་པ་བཅུ་དྲུག་ནི། ཤེས་འདོད་ཆོས་ཅན་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས། སྒྲུབ་བྱེད་རྟགས་ཀྱི་ཁྱད་པར་བཟོད་པ་དང་ཤེས་པའི་སྐད་ཅིག་གིས་ཁྱད་པར་དུ་ཕྱེས་པའི་རྗེས་ཐོབ་ཀྱི་རྣམ་པ་བཅུ་དྲུག་ནི། ཤེས་འདོད་ཆོས་ཅན་གྱི་ཁྱད་པར་བྱང་ཆུང་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་དགེ་འདུན་བསྒྲུབ་པར་བྱ་བ་ཡིན་པར་ཤེས་པར་བྱའོ། །
གཉིས་པ་རྒྱས་བཤད་ནི། མཐོང་ལམ་པའི་རྟགས་བཅུ་དྲུག་ཏུ་གསུངས་པ་རྣམས། སྡེ་ཚན་བཞི་ལས། དང་པོ། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང་། །ཞེས། མཉམ་གཞག་གི་རྣམ་པ་སྡུག་བདེན་གྱི་ཆོས་ཉིད་མཐོང་བའི་ཡེ་ཤེས་བཞིའི་བྱེ་བྲག་གིས། རྗེས་ཐོབ་ཏུ་འབྲས་རྟགས་སུ་གྱུར་པ། ཆོས་ཀྱི་མཚན་ཉིད་མེད་པས་གཟུགས་སོགས་ཀྱི་ཆོས་ལ་འདུ་ཤེས་ལྡོག་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བླ་མེད་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཐེག་ཆེན་གྱི་ཆེ་བ་རྟོགས་པས་ཐེག་དམན་ལས་རྣམ་པར་ལོག་པ་དང་། ཆོས་རབ་རྣམ་པར་འབྱེད་པས་བསམ་གཏན་སོགས་སུ་སྐྱེ་བའི་ཡན་ལག་ཟད་པ་དང་བཞིའོ། །
གཉིས་པ། ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་ལ་ཐབས་མཁས་དང་། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། །འཚོ་བ་རྣམ་པར་དག་ཉིད་དང་། །ཞེས། མཉམ་གཞག་ཏུ་ཀུན་འབྱུང་བདེན་པ་མཐོང་བའི་ཡེ་ཤེས་བཞིའི་བྱེ་བྲག་གིས། རྗེས་ཐོབ་ཏུ་མི་དགེ་བྲལ་བས་ལུས་སེམས་ལས་སུ་རུང་བས་ཡང་བ་ཉིད་དང་། སེམས་ཅན་འདུལ་ཐབས་ལ་མཁས་པས་འདོད་ཡོན་ལ་སྤྱོད་པའི་ཐབས་ལ་མཁས་པ་དང་། འདོད་པའི་ཉེས་དམིགས་མཐོང་བས་དུས་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། དམ་པའི་ངང་ཚུལ་ཉིད་ཀྱིས་འཚོ་བའི་ཡོ་བྱད་རྣམ་པར་དག་པ་ཉིད་དང་བཞིའོ། །
གསུམ་པ། ཕུང་སོགས་བར་ཆད་བྱེད་རྣམས་དང་། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད། ཅེས། མཉམ་གཞག་ཏུ་འགོག་བདེན་མཐོང་བའི་ཡེ་ཤེས་བཞིའི་བྱེ་བྲག་གིས་རྗེས་ཐོབ་ཏུ། སྟོང་པ་ཉིད་ཀྱི་ངོ་བོས་སྤྱིར་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ལ་དང་པོར་སྦྱོར་བ་དང་། རྒྱུན་དུ་རྗེས་སུ་སྦྱོར་བས་ཞེན་པར་མི་བྱེད་པ་དང་། མི་མཐུན་ཕྱོགས་སུ་མི་རྟོག་པས་རྐུན་པོའི་གཏམ་གྱིས་བསྟན་པའི་སྦས་དོན་དུ་མཐོང་ལམ་ལ་བར་ཆད་བྱེད་པའི་ཆོས་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བས་ཞེན་པར་མི་བྱེད་པ་དང་། རྣམ་བྱང་རྟོག་པའི་སྐྱོན་ཤེས་པས་དམག་གི་གཏམ་གྱིས་བསྟན་པའི་སྦས་དོན་དུ་བྱང་ཆུབ་ཀྱི་རྒྱུ་ཆོས་ཚོགས་ཀྱི་དཔུང་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བས་ཞེན་པ་མེད་པ་དང་། གཟུང་འཛིན་དུ་མངོན་པར་མི་ཞེན་པས་གྲོང་སོགས་ཀྱིས་བསྟན་པའི་དབང་ཡུལ་སོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བས་ཞེན་པ་མེད་པ་དང་བཞིའོ། །
དེ་ཡང་མདོའི་དངོས་བསྟན་དུ། རྐུན་པོའི་གཏམ་དང་། དམག་གི་གཏམ་དང་། གཡུལ་འགྱེད་པའི་གཏམ་གསུམ་གྱིས་བསྟན་པའི་སྦས་དོན་དུ། རིམ་བཞིན་སྤང་བྱ་བར་ཆད་དང་། གཉེན་པོ་ཚོགས་དང་། སྤང་གཉེན་གཡུལ་འགྱེད་པའི་མངོན་ཞེན་གྱི་གཏམ་མི་སྨྲ་བའི་མཚོན་དོན་གསུམ་དང་། དེ་བཞིན་དུ། གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། རྒྱལ་བློན་གྱི་གཏམ་གྱིས་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་བྱེད་པར་བསྟན་པའི་མཚོན་དོན་རིམ་བཞིན། དབང་པོ་དང་། དབང་རྟེན་དང་། དབང་ཡུལ་དང་། བདག་དང་བདག་གིར་ཞེན་པའི་གཏམ་གྱིས་སྦྱོར་བ་དང་། རྗེས་སུ་སྦྱོར་བའི་སྒོ་ནས་ཡུལ་དབང་ཤེས་གསུམ་དུ་ཞེན་པའི་གཏམ་མི་སྨྲ་བའི་ངག་གི་འབྲས་རྟགས་ཀྱི་ཁྱད་པར་དུ་གསུངས་སོ། །
བཞི་པ། སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང་། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང་། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །ཞེས། མཉམ་གཞག་ཏུ་ལམ་བདེན་མཐོང་བའི་ཡེ་ཤེས་བཞིའི་བྱེ་བྲག་གིས། རྗེས་ཐོབ་ཏུ་སྦྱིན་སོགས་ཀྱི་ཁྱད་པར་རྟོགས་པས་སེར་སྣ་སོགས་སྤང་བྱའི་ཆོས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་མེད་པ་དང་། རྣམ་ཐར་གསུམ་ལྡན་གྱི་ངོ་བོ་རྟོགས་པས་གཉེན་པོའི་ཆོས་སུ་མི་དམིགས་པ་དང་། མངོན་པར་ཡིད་ཆེས་པ་ཐོབ་པས་མཁྱེན་གསུམ་ངོ་བོའི་ཆོས་རང་གི་ས་གསུམ་ལ་ངེས་པ་ཉིད་དང་། མཐར་ཐུག་ཐེག་གཅིག་ཏུ་ངེས་པས་རྣམ་མཁྱེན་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་དང་བཞིའོ། །དེ་ལྟར་མཉམ་གཞག་གི་རྣམ་པའི་འབྲས་བུ་རྗེས་ཐོབ་ཀྱི་ཡོན་ཏན་ཁྱད་པར་ཅན་བཅུ་དྲུག་ལ་རྒྱུ་མིང་འབྲས་བུར་བཏགས་ཏེ་བཟོད་ཤེས་བཅུ་དྲུག་ཏུ་དགོས་པའི་ཁྱད་པར་གྱིས་བསྟན་པ་རྣམས་སོ། །
གསུམ་པ་དོན་བསྡུ་བ། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་པའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས། སྒྲུབ་བྱེད་རྟགས་ཀྱི་ཁྱད་པར་དེ་འདྲའི་སྐད་ཅིག་བཅུ་དྲུག་པོ་ནི། ཤེས་འདོད་ཆོས་ཅན་གྱི་ཁྱད་པར་བློ་ལྡན་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་ཕྱིར་མི་ལྡོག་པར་སྒྲུབ་པའི་རྟགས་དག་ཡིན་ནོ། །
གསུམ་པ་སྒོམ་ལམ་ལ། ཕྱིར་མི་ལྡོག་པའི་ཁྱད་པར་སྤྱིར་བསྟན་པ་དང་། ཁྱད་པར་ཅན་གྱི་དག་སའི་སྦྱོར་བ་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ་ལ། རང་བཞིན་མདོར་བསྟན་པ་དང་། རྣམ་གཞག་རྒྱས་པར་བཤད་པ། རྟགས་ཆོས་ཀྱི་དོན་བསྡུ་བ་དང་གསུམ། དང་པོ། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས། ཤེས་འདོད་ཆོས་ཅན་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་སྒོམ་ལམ་ལ་གནས་པ་རྣམས། སྒྲུབ་བྱེད་རྟགས་ཀྱི་ཁྱད་པར་ནི་གནས་ལུགས་ཟབ་མོ་བརྒྱད་སྒྲོ་སྐུར་དང་བྲལ་བར་རྟོགས་པ་སྟེ་ཡུལ་གྱི་གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་ཟབ་པའི་རང་བཞིན་དེ་ནི་ཡུལ་ཅན་སྒོམ་ལམ་མཉམ་གཞག་ཡེ་ཤེས་ཀྱིས་ཡོད་པ་སྒྲོ་འདོགས་དང་། མེད་པ་སྐུར་བའི་མཐའ་ལས་གྲོལ་བར་རྟོགས་པའི་བྱེ་བྲག་གིས་རྗེས་ཐོབ་ཏུ་གནས་ལུགས་ཟབ་མོ་གཞན་ལ་སྒྲོ་སྐུར་དང་བྲལ་བར་འཆད་ནུས་པ་ནི། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་ཕྱིར་མི་ལྡོག་པའི་ཚོགས་སུ་སྒྲུབ་པའི་རྟགས་ཉིད་དུ་གྱུར་པའོ། །
གཉིས་པ་ལ། སྒོམ་ལམ་གྱི་ངོ་བོ་ངེས་ཚིག་གི་སྒོ་ནས་ངོས་བཟུང་བ་དང་། དེ་ཡི་རྣམ་པའི་རབ་དབྱེ་རྒྱས་པར་བསྟན་པ། རྟགས་སྒྲོ་སྐུར་དང་བྲལ་བར་འཆད་ཚུལ་གྱི་རྩོད་སྤོང་བཤད་པ་གསུམ། དང་པོ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །ཞེས། ཁྱད་གཞི་སྒོམ་ལམ་གྱི་ངོ་བོ་ནི། ངེས་འབྱེད་ཡན་ལག་སྦྱོར་བའི་ལམ་དང་། སྔར་མ་མཐོང་བའི་ཆོས་ཉིད་མཐོང་བ་མཐོང་བའི་ལམ་དང་། མཐོང་ཟིན་སྒོམ་པར་བྱེད་པ་སྒོམ་པའི་ལམ་དང་གསུམ་པོ་ཉིད་ལ། རིམ་བཞིན་ཡང་དང་ཡང་དུ་ཏིང་ངེ་འཛིན་གྱི་རྒྱུ་སྦྱོར་བའི་ལམ་དུ་རྗེས་སུ་མཐུན་པར་སེམས་པ་དང་། དངོས་གཞི་མཐོང་བའི་ལམ་དུ་དོན་མངོན་སུམ་དུ་འཇལ་བ་དང་། དེའི་རྗེས་ལས་བྱུང་བ་སྒོམ་པའི་ལམ་དུ་མཐོང་ཟིན་གྱི་དོན་ངེས་པར་རྟོགས་པ་ནི་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ངེས་ཚིག་གི་སྒོ་ནས་མདོར་བསྟན་པའོ། །
གཉིས་པ་རྣམ་པའི་རབ་དབྱེ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས། དེ་ལྟ་བུའི་སྒོམ་ལམ་དེ་ནི་མཐོང་ཟིན་གྱི་དོན་ཡང་ཡང་རྒྱུན་ཆགས་སུ་སྒོམ་པའི་ལམ་ཡིན་པའི་ཕྱིར། སྤང་བྱ་ལྷན་སྐྱེས་ཀྱི་རྟོག་པ་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུའི་བྱེ་བྲག་གིས་གཉེན་པོ་སྒོམ་ལམ་གྱི་ཡེ་ཤེས། རྩ་བའི་དབྱེ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ལ། ཡན་ལག་གི་དབྱེ་བ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་དབྱེ་བ་ཡིས། གཉེན་པོ་ཆུང་ངུའི་ཆུང་ངུ་ས་གཉིས་པ་ནས་ཆེན་པོའི་ཆེན་པོ་ས་བཅུ་པའི་བར་རྣམ་པ་དགུ་ཡོད་པར་ཐུབ་པ་སངས་རྒྱས་ཀྱིས་མདོ་ལས་བཞེད་དོ། །
གསུམ་པ་རྟགས་སྒྲོ་སྐུར་དང་བླ་བར་འཆད་ཚུལ་གྱི་རྩོད་སྤོང་ལ། རྣམ་པ་ཚོགས་ཀྱི་རབ་དབྱེ་ལ་རྩོད་པ་སྤོང་བ་དང་། ལམ་སྤང་གཉེན་གྱི་རབ་དབྱེ་ལ་རྩོད་པ་སྤོང་ཚུལ་གཉིས། དང་པོ། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས། དེ་ལ་དོན་དམ་དུ་ཡོད་པ་སྒྲོ་འདོགས་པའི་རྩོད་སྤོང་དང་། ཀུན་རྫོབ་ཏུ་མེད་པ་སྐུར་འདེབས་ཀྱི་རྩོད་སྤོང་གཉིས། དང་པོ། རྩོད་པའི་ཁྱད་པར། རྒྱུ་སྒོམ་ལམ་གྱི་རྣམ་པ་དགུར་གྲངས་མི་ངེས་པར་ཐལ། འབྲས་བུ་བསོད་ནམས་ཀྱི་ཁྱད་པར་གྲངས་མེད་ཚད་མེད་གཞལ་དུ་མེད་པ་ཡོད་པར་མདོ་ལས་བསྟན་པའི་ཕྱིར། ཞེས་པ་ལ། ལན་གྱི་ཁྱད་པར་དེ་ལྟ་བུའི་རབ་དབྱེ་རྣམས། དམ་པའི་དོན་དུ་དཔྱད་བཟོད་དུ་གྲུབ་པ་མ་ཡིན་པས་ཕྱོགས་ཆོས་མ་གྲུབ་བོ་ཞེས་པའི་ལན་ནི་སྒྲོ་འདོགས་དང་བྲལ་བར་འཆད་མཁས་པ་དང་། གཉིས་པ། རྩོད་པའི་ཁྱད་པར། འབྲས་བུ་བསོད་ནམས་གྲངས་མེད་ཚད་མེད་གཞལ་དུ་མེད་པ་ཐ་སྙད་དུ་ཡང་མེད་པར་ཐལ། དེའི་རྒྱུ་ལ་གྲངས་དགུར་ངེས་པའི་ཕྱིར། ཞེས་པ་ལ། ཀུན་རྫོབ་ཏུ་རྒྱུ་སྒོམ་ལམ་གྱི་ངོ་བོ་དམིགས་མེད་ཀྱི་སྙིང་རྗེ་དང་ཆོས་ཉིད་རྟོགས་པའི་ཤེས་རབ་སྟེ་ཐབས་ཤེས་ཁྱད་པར་ཅན་གྱི་རྒྱུ་ལས། དེའི་རྒྱུ་མཐུན་གྱི་འབྲས་བུ་བསོད་ནམས་གྲངས་མེད་ཚད་མེད་གཞལ་དུ་མེད་པ་དེ་དེ་ལྟར་ཡིན་པར་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་མངའ་བ་ཐུབ་པ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་ཏེ་ངེས་དོན་གྱི་མདོ་ལས་བཞེད་པའི་ཕྱིར་ན། རྩོད་པ་དེ་འདྲ་ལ་རྗེས་འགྲོའི་ཁྱབ་པ་མེད་དོ་ཞེས་པའི་ལན་ནི་སྐུར་འདེབས་དང་བྲལ་བར་འཆད་པ་ལ་མཁས་པ་དང་། གཉིས་པ་ལ། དོན་དམ་རྟོགས་པའི་ཆོས་ཀྱིས་སྤང་ཐོབ་མི་འཐད་པའི་རྩོད་སྤོང་དང་། ཀུན་རྫོབ་སྐད་ཅིག་མའི་ཆོས་ཀྱིས་རྣམ་མཁྱེན་མི་ཐོབ་པའི་རྩོད་སྤོང་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས།
དང་པོ། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང་། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས། རྩོད་པའི་ཁྱད་པར་སྤྱིར་དོན་དམ་པའི་རང་བཞིན་མཐའ་བཞིའི་དངོས་པོ་གང་དུ་ཡང་བརྗོད་དུ་མེད་པ་ལ་ནི་ཉམས་པ་དང་འཕེལ་བའི་རྣམ་གཞག་མི་རུང་བའི་ཕྱིར། དེའི་རང་བཞིན་ཅན་གྱི་སྒོམ་ཞེས་བྱ་བའི་ལམ་གྱིས་ནི་སྤང་བྱ་མི་མཐུན་ཕྱོགས་ཅི་ཞིག་ཉམས་ཤིང་གཉེན་པོ་རྣམ་པར་བྱང་བའི་ཆོས་ཅི་ཞིག་འཐོབ་ཅེས་པ་སྟེ། འདི་ལ་རྩོད་ངག་ཡན་ལག་གཉིས་ལྡན་དུ་འགོད་ན། གང་དངོས་པོ་བརྗོད་དུ་མེད་ན་སྤང་གཉེན་ཉམས་འཕེལ་མི་རུང་བས་ཁྱབ། དཔེར་ན་ནམ་མཁའི་ཨུཏྤལ་བཞིན། ཐེག་ཆེན་གྱི་སྒོམ་ལམ་འདི་ཡང་དོན་དམ་པར་བརྗོད་དུ་མེད་པའོ། །ཞེས། དེ་ལྟར་དོན་དམ་པ་ལ་བརྟེན་ནས་སྤང་ཐོབ་མི་སྲིད་པར་སྐུར་འདེབས་ཀྱི་རྩོད་པ་ལ། གཉིས་པ། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས། ལན་གྱི་ཁྱད་པར་དཔེ་དངོས་སྨྲ་བ་རང་ལ་གྲགས་པའི་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཐེག་ཆེན་གྱི་སྒོམ་ལམ་འདི་ནི་དོན་དམ་པའི་རང་བཞིན་ཡིན་ཡང་ཐ་སྙད་དུ་སྤང་གཉེན་ཉམས་འཕེལ་ལ་སོགས་པ་ཇི་ལྟར་འདོད་པའི་དོན་སྒྲུབ་པར་བྱེད་དེ་བྱང་ཆུབ་ཀྱང་དེ་བཞིན་ཉིད་སྟོང་པའི་མཚན་ཉིད་ཅན་དང་། སྒོམ་ལམ་དེ་ཡང་དེ་བཞིན་ཉིད་དེ་ཡི་མཚན་ཉིད་ཅན་ཡིན་པས་ན་སྤང་གཉེན་ཉམས་འཕེལ་གྱི་ཁྱད་པར་ཆེས་འཐད་པར་མདོ་ལས་བཞེད་པའི་ཕྱིར་ན། རྩོད་པ་དེ་ལ་ཁྱབ་པ་མ་གྲུབ་བོ་ཞེས་པའི་ལན་ནི་མེད་པ་སྐུར་འདེབས་ལས་གྲོལ་བའི་འཆད་མཁས་པའི་ཚུལ་དང་། གཉིས་པ་ཀུན་རྫོབ་སྐད་ཅིག་མའི་ཆོས་ཀྱིས་བྱང་ཆེན་མི་ཐོབ་པའི་རྩོད་སྤོང་ནི། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས། རྩོད་པའི་ཁྱད་པར་ཀུན་རྫོབ་ཀྱི་དངོས་པོ་ནི། སྐད་ཅིག་མའི་རང་བཞིན་ཡིན་ལ་སྐད་ཅིག་སྔ་མ་ཕྱི་མར་མེད་ཅིང་ཕྱི་མ་སྔ་མར་མེད་པ་དང་སྔ་ཕྱི་ལྷན་དུ་ཚོགས་པ་ཡང་མེད་པས་ཀུན་རྫོབ་ཀྱི་ངོ་བོར་གྱུར་པའི་སྒོམ་པའི་ལམ་གྱིས་སེམས་དང་པོར་སྐྱེས་པའི་སྐད་ཅིག་མ་སྔ་མས་ཀྱང་བྱང་ཆུབ་ཐོབ་པར་རིགས་པ་མིན་ཞིང་སྔ་མ་སྔ་མ་མེད་པའི་སྐད་ཅིག་ཕྱི་མ་ཁོ་ནས་ཀྱང་བྱང་ཆུབ་ཐོབ་པར་རིགས་པ་མིན་པ་དང་། ཀྱང་སྒྲས་སྔ་ཕྱི་དེ་དག་ད་ལྟར་ལྷན་ཅིག་ཏུ་ཚོགས་པ་ཡང་མེད་པས་བྱང་ཆུབ་ཐོབ་པར་མི་རིགས་སོ་ཞེས་སྐུར་འདེབས་ཀྱི་རྩོད་པ་ལ། ལན་གྱི་ཁྱད་པར་དཔེར་ན་ཀུན་རྫོབ་ཀྱི་ངོ་བོར་གྱུར་པ་མར་མེའི་སྐད་ཅིག་དང་པོར་སྐྱེས་པས་ཀྱང་སྡོང་བུ་སྣུམ་ལྡན་རྫོགས་པར་མི་སྲེག་ཅིང་སྔ་མ་རྣམས་མེད་པའི་སྐད་ཅིག་ཐ་མ་ཁོ་ནས་ཀྱང་དེ་རྫོགས་པར་མི་སྲེག་པ་དང་། དེ་དག་ད་ལྟར་ལྷན་ཅིག་ཚོགས་པ་ཡང་མི་སྲིད་མོད་རྟེན་འབྱུང་ཙམ་དུ་སྡོང་བུ་སྣུམ་ལྡན་རྫོགས་པར་སྲེག་པའི་དཔེའི་ཚུལ་གྱིས་ནི་ཀུན་རྫོབ་སྐད་ཅིག་མའི་ཆོས་ཡིན་ཡང་བྱང་ཆུབ་ཐོབ་པར་འཐད་པས། རྩོད་པ་དེ་ལ་ཁྱབ་པ་མེད་ཅེས་པའི་ལན་ནི་མེད་པ་སྐུར་འདེབས་ལས་གྲོལ་བར་འཆད་མཁས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་རྗེས་ཐོབ་ཏུ་ཟབ་མོའི་ཆོས་ཉིད་བརྒྱད་སྒྲོ་སྐུར་དང་བྲལ་བར་འཆད་པ་ལ་མཁས་པ་བརྒྱད་ནི། སྒོམ་ལམ་པ་ཕྱིར་མི་ལྡོག་པར་སྒྲུབ་པའི་རྟགས་བརྒྱད་ཡིན་ནོ། །
གསུམ་པ་རྟགས་ཆོས་ཀྱི་དོན་བསྡུ་བ་ནི། སྐྱེ་བ་དང་ནི་འགག་པ་དང་། །དེ་བཞིན་ཉིད་དང་ཤེས་བྱ་དང་། །ཤེས་དང་སྤྱོད་དང་གཉིས་མེད་དང་། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས། རྟགས་ཀྱི་ངོ་བོ་གཞི་ཤེས་ཚུལ་གྱི་ཁྱད་པར་ཀུན་རྫོབ་སྣང་བའི་ཆོས་རྣམས་དོན་དམ་པར་སྐྱེ་བ་མེད་ཀྱང་ཐ་སྙད་དུ་སྐྱེ་བར་སྣང་བ་མི་འགལ་བར་སྐྱེ་བ་སྒྲོ་སྐུར་དང་བྲལ་བ་ལ་ཟབ་པ་དང་། དེ་བཞིན་དུ། དོན་དམ་པར་འགག་པ་མེད་ཀྱང་ཐ་སྙད་དུ་འགག་པར་སྣང་བ་མི་འགལ་བ་འགག་པ་ལ་ཟབ་པ་དང་། གཞི་དོན་དམ་པའི་གནས་ལུགས་ཤེས་རབ་ཀྱིས་དེ་བཞིན་ཉིད་རྟོགས་ཀྱང་ཐབས་ཀྱིས་མངོན་དུ་མི་བྱེད་པ་དེ་བཞིན་ཉིད་ལ་ཟབ་པ་དང་། ལམ་ཤེས་ཚུལ་གྱི་ཁྱད་པར་སྦྱིན་སོགས་ཤེས་བྱའི་ལམ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཤེས་བྱར་སྣང་བ་ཤེས་བྱ་ལ་ཟབ་པ་དང་། ལམ་སྐྱེ་མེད་ཀྱི་ཚུལ་དུ་དོན་དམ་པར་མཐོང་བ་མེད་ཀྱང་ཐ་སྙད་དུ་མཐོང་བ་མ་འགགས་པ་ཤེས་པ་ལ་ཟབ་པ་དང་། ལམ་གྱི་སྤྱོད་པ་ཐམས་ཅད་ལ་དོན་དམ་པར་སྤྱོད་པ་མེད་ཀྱང་ཐ་སྙད་དུ་སྤྱོད་པ་སྤྱོད་པ་ལ་ཟབ་པ་དང་། རྣམ་པ་མཁྱེན་ཚུལ་གྱི་ཁྱད་པར་བསྒྲུབ་བྱ་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པར་བསྒྲུབ་རྒྱུ་མེད་ཀྱང་ཐ་སྙད་དུ་སྒྲུབ་ཚུལ་མི་འདོར་བ་གཉིས་མེད་ལ་ཟབ་པ་དང་། ཚོགས་མཐར་ཕྱིན་པའི་འབྲས་བུ་སྲིད་མཐར་མི་གནས་ཤིང་ཞི་བའི་མཐར་ཡང་མི་གནས་པ་ཐབས་མཁས་པ་ལ་ཟབ་པ་སྟེ། དེ་ལྟར་མཉམ་གཞག་ཏུ་བདེན་གཉིས་འགལ་མེད་རོ་གཅིག་པའི་གནས་ལུགས་ཟབ་མོ་སྣང་སྟོང་མཉམ་ཉིད་སྒྲོ་སྐུར་གྱི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་པའི་སྟོབས་ཀྱིས། རྗེས་ཐོབ་ཏུ་སྣང་སྟོང་འགལ་མེད་ཀྱི་གནས་ལུགས་ཟབ་མོ་འཆད་རྩོད་རྩོམ་པ་སོགས་ཀྱི་སྒོ་ནས་ཇི་བཞིན་འཆད་པ་ལ་མཁས་པའི་རྟགས་དེ་དག་ནི། ཤེས་འདོད་ཆོས་ཅན་གྱི་ཁྱད་པར་བྱང་ཆུབ་སེམས་སྒོམ་པའི་ལམ་ལ་གནས་པ་རྣམས། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་འཕགས་པ་ཕྱིར་མི་ལྡོག་པའི་ཚོགས་སུ་སྒྲུབ་པ་ཡིན་ནོ། །དེ་ལ་གོང་དུ་བཤད་པའི་རྟགས་དེ་དག དཔེར་ན་སྦྱོར་ལམ་དྲོད་ཕྱིར་མི་ལྡོག་སྒྲུབ་པ་ལྟ་བུ་ལ་རྟགས་བཅུ་གཅིག་པོ་ཚང་བ་ཞིག་འགོད་དམ། གང་རུང་རེ་རེས་ཀྱང་སྒྲུབ་པར་ནུས་ཤེ་ན། གང་རུང་རེ་རེས་ཀྱང་སྒྲུབ་ནུས་པར་བཞེད་པའི་ལུགས་སུ་སྨྲའོ། །
འོ་ན། ཉན་ཐོས་འཕགས་པ་ཆོས་ཅན། བསྒྲུབ་བྱ་དེར་ཐལ། མི་དལ་ཟད་པའི་ཕྱིར། ཞེས་པ་ལ་འདོད་ལེན་ཐེབས་སམ་ཞེ་ན། གནད་མ་མཁྱེན་པ་སྟེ། དཔེར་ན། ཤེས་བྱ་ཆོས་ཅན། ཕྱོགས་ཕ་ཀིར་ནོར་བུ་ཡོད་པར་ཐལ། འོད་དང་ལྡན་པའི་ཕྱིར། ཞེས་པ་ལྟ་བུ་ལ་འདོད་ལན་མི་ཐེབས་ཀྱང་། ནོར་བུས་ཁྱད་པར་དུ་བྱས་པའི་འོད་ རྟགས་སུ་བཀོད་ཚེ་འདོད་ལན་ཐེབས་པའི་རྟགས་ཡང་དག་ཏུ་འགྱུར་བ་བཞིན། སེམས་དཔའ་ཕ་རོལ་པོ་ཆོས་ཅན་དུ་བཟུང་སྟེ། དེས་ཁྱད་པར་དུ་བྱས་པའི་རྟགས་ཀྱིས། དེ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་ཡང་དག་པའོ། །དེ་ལ་མཉམ་གཞག་གི་རྟགས་ལས་རྫོགས་བྱང་འབྱུང་རུང་དཔོག་པའི་རང་བཞིན་གྱི་རྟགས་སྦྱོར་ལྟ་བུ་ཡང་ཡོད་མོད་ཀྱི་སྐབས་འདིའི་རྟགས་སྦྱོར་རྣམས་ནི་གཙོ་བོ་གཞན་ངོར་ཕྱིར་མི་ལྡོག་པར་བསྒྲུབ་པའི་འབྲས་རྟགས་སུ་ཤེས་པར་བྱའོ། །
གཉིས་པ་ཁྱད་པར་ཅན་གྱི་དག་སའི་སྦྱོར་བ་ལ། བརྟེན་པ་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་དང་། རྟེན་ལོངས་སྐུའི་རྒྱུ་ཞིང་དག་སྦྱོར་དང་། མཛད་པ་སྤྲུལ་སྐུའི་རྒྱུ་ཐབས་མཁས་སྦྱོར་བ་དང་གསུམ། དང་པོ་ལ། དངོས་དང་། དེ་ལ་རྩོད་པ་སྤོང་བ་གཉིས། དང་པོ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས། ངོ་བོ་མི་རྟོག་པར་དབང་འབྱོར་པའི་ཚོགས་ཀྱིས་ཆོས་སྐུ་སྒྲུབ་པ་དང་། དེ་ཡང་། ཇི་སྐད་དུ། ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་ལྟར། གཙོ་ཆེ་བའི་དབང་གིས་ངོ་བོ་རྣམ་པར་མི་རྟོག་པ་ལ་དབང་འབྱོར་བའི་སྒོ་ནས། འབྲས་བུ་ཆོས་སྐུ་མཉམ་པ་ཉིད་སྒྲུབ་པའི་རྒྱུ་ཟབ་མོ་མི་རྟོག་ཡེ་ཤེས་ཀྱི་ཁྱད་པར་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སྟེ་འཁོར་འདས་བླང་དོར་ལ་སོགས་པའི་ཆོས་རྣམས་མེད་སྣང་སྟོང་པའི་གཟུགས་བརྙན་རྨི་ལམ་དང་འདྲ་བར་རྟོགས་པའི་ཕྱིར་སྲིད་པ་དང་ཞི་བ་ཐ་དད་དུ་མི་རྟོག་པར་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་དུ་གྱུར་པའོ། །
གཉིས་པ་རྩོད་སྤོང་ལ། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས། རྩོད་པའི་ཁྱད་པར་ཤཱ་རིའི་བུས་རབ་འབྱོར་ལ་ཉིན་མོ་སད་པའི་གནས་སྐབས་སུ་ལས་ལམ་རྫོགས་པ་མེད་པར་ཐལ། རྨི་ལམ་དང་འདྲ་བའི་ཕྱིར། དེ་ལྟར་མིན་ན། རྨི་ལམ་དུ་ཡང་ལས་ལམ་རྫོགས་པ་ཡོད་པར་ཐལ། ཉིན་པར་དང་འདྲ་བའི་ཕྱིར། ཞེས་པ་ལ། ལན་གྱི་ཁྱད་པར། དེ་ལ་ཁྱབ་པ་མེད་དེ། ཡུལ་དེ་ལ་ཁྱད་པར་མེད་ཀྱང་དེ་ལྟར་མ་རྟོགས་པའི་གང་ཟག་ལ་མངོན་ཞེན་ཆེ་ཆུང་གི་ཁྱད་པར་ཡོད་པའི་ཕྱིར་བྱས་པ་ལ། དེ་ལྟ་བུའི་ཁྱད་པར་མི་འཐད་པར་ཐལ། སད་རྨི་གཉིས་ཀར་ཡང་ལས་དང་སེམས་པ་དབེན་པའི་ཕྱིར་ཏེ། དེ་ལྟར་མདོ་ལས་གསུངས་པའི་ཕྱིར་ཞེས་པ་ལ། ལན་ནི་མདོའི་དགོངས་པ་དོན་དམ་པར་གསུངས་པ་རྟགས་སུ་འགོད་ན། དེས་ཐ་སྙད་དུ་ལས་དང་སེམས་པ་དབེན་པས་མ་ཁྱབ་ཅིང་། ཐ་སྙད་དུ་དེ་ལྟར་གསུངས་པའི་ཕྱིར་ཞེས་འགོད་ན་མ་གྲུབ་པར་བསྟན་ཏོ། །དེ་ལྟར་བསྟན་པ་ན་ཤཱ་རིའི་བུས་རབ་འབྱོར་ལ། རྨི་ལམ་དུ་རྣམ་ཐར་སྒོ་གསུམ་བསྒོམས་ན་ཤེར་ཕྱིན་འཕེལ་ལམ་ཞེས་ཡུལ་སྣང་རྨི་ལམ་ལྟར་རྟོགས་པའི་གང་ཟག་གིས། རྨི་ལམ་དུ་རྣམ་ཐར་སྒོ་གསུམ་བསྒོམས་ན་ཤེར་ཕྱིན་འཕེལ་བར་ཐལ། ཉིན་མོ་སད་པའི་དུས་ཀྱི་རྣམ་ཐར་གསུམ་བསྒོམས་པས་ཤེར་ཕྱིན་འཕེལ་བའི་ཕྱིར། ཁྱབ་སྟེ་དེ་གཉིས་ཡུལ་ལ་ཁྱད་མེད་པ་གང་ཞིག་ཡུལ་ཅན་གྱི་མངོན་ཞེན་ཆེ་ཆུང་གི་ཁྱད་མེད་པ་གང་ཞིག་ཡུལ་ཅན་གྱི་མངོན་ཞེན་ཆེ་ཆུང་གི་ཁྱད་པར་མེད་པར་རྟོགས་པའི་ཕྱིར། ཞེས་པ་ལ། རབ་འབྱོར་གྱིས་ཉིན་མོར་བསྒོམས་པས་འཕེལ་ན་མཚན་མོར་ཡང་ཅིས་མི་འཕེལ། ཞེས། དེ་ལྟར་རྟོགས་པའི་གང་ཟག་གི་དབང་དུ་འདོད་ལན་འདེབས་པར་མཛད་དོ། །ཡང་ཤཱ་རིའི་བུས་དེ་ལྟར་ན་ཧ་ཅང་ཐལ་ཏེ། རྨི་ལམ་དུ་སྦྱིན་པ་ལ་སོགས་པ་སྤྱོད་པ་ཕྱིན་དྲུག་གི་ཚོགས་ལ་བསླབས་པས་དེས་ཚོགས་རྫོགས་པར་འགྱུར་རམ་ཞེས་དྲིས་པ་ལ། རབ་འབྱོར་གྱིས་དོན་གྱི་ལན་སྔར་བཏབ་ཟིན་པའི་ཕྱིར་དང་། དགོས་པའི་དབང་གིས་བྱམས་པ་ལ་ཞལ་འཕངས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པས། འདི་ལ་དྲིས་ཤིག་དང་དེས་ལན་འདོན་པར་འགྱུར་རོ་ཞེས་གསུངས་པ་དེ་ལྟར་དྲིས་པས། བྱམས་པས་ཅི་བྱམས་པ་ཞེས་པའི་མིང་གིས་ལན་ལྡོན་ནམ་ཞེས་སོགས་ཀྱིས་དོན་ལ་སྲིད་ཞི་མ་གྲུབ་པས་ཧ་ཅང་ཐལ་བར་མི་འགྱུར་བའི་ལན་གོང་དུ་རབ་འབྱོར་གྱིས་ཇི་སྐད་བཤད་པར་ཟད་པས་དགོས་པའི་ཁྱད་པར་གྱིས་དངོས་ལན་རྫོགས་པར་མ་མཛད་པའོ། །
གཉིས་པ་ཞིང་དག་སྦྱོར་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་སྒྲུབ་པ་ཡི། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས། ངོ་བོ་ཞིང་དག་པར་དབང་འབྱོར་པའི་ཚོགས་ཀྱིས་གཟུགས་སྐུའི་ཁྱད་པར་སྒྲུབ་པ་དང་། དེ་ལ་ཇི་སྐད་དུ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཞེས་པ་ལྟར། ངོ་བོ་ཞིང་དག་པར་དབང་འབྱོར་པའི་སྒོ་ནས་འབྲས་བུ་གཟུགས་ཀྱི་སྐུ་ཞིང་དག་པར་སྒྲུབ་པའི་རྒྱུ་རྒྱ་ཆེ་བའི་ཚོགས་ཀྱི་ཁྱད་པར་ཞིང་དག་པའི་སྦྱོར་བ་སྟེ། རང་ཉིད་སངས་རྒྱས་པའི་ཞིང་དུ་བརྟེན་པ་སེམས་ཅན་གྱི་འཇིག་རྟེན་མ་དག་པ་བཀྲེས་སྐོམ་ལ་སོགས་པ་དང་། རྟེན་སྣོད་ཀྱི་འཇིག་རྟེན་མ་དག་པ་ས་རྡོ་དང་ཚེར་མ་ལ་སོགས་པ་མེད་པར་དེ་ལ་རང་སྣང་རྣམ་པར་དག་པའི་ཞིང་བརྟེན་པ་བཅུད་སེམས་ཅན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་སྤྱན་དང་མངོན་ཤེས་ལྡན་པ་སོགས་དང་རྟེན་སྣོད་ཀྱི་འཇིག་རྟེན་བེེཌཱུརྱ་སོགས་ཀྱི་རང་བཞིན་ཞིང་གི་བཀོད་པ་རྣམ་པར་དག་པར་སྒྲུབ་པ་ཡི་སངས་རྒྱས་ཀྱི་ཞིང་ནི་དག་པ་ཉིད་ཀྱི་རྒྱུ་ཚོགས་ཁྱད་པར་ཅན་དུ་གྱུར་པའོ། །
གསུམ་པ་ཐབས་མཁས་སྦྱོར་བ་ནི། ངོ་བོ་ཐབས་མཁས་པ་ལ་དབང་འབྱོར་པའི་ཚོགས་ཀྱིས་དོན་གཉིས་སྒྲུབ་པ་དང་། དེ་ལ་དོན་བསྡུས་ཏེ་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པ་གཉིས། དང་པོ། ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས། སྤྱིར་བསྒྲུབ་བྱ་ཡུལ་གྱི་ཐབས་མཁས་འབྲས་བུ་སངས་རྒྱས་ཀྱི་སའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཐབས་མཁས་དང་། སྒྲུབ་བྱེད་སྦྱོར་བའི་ཐབས་མཁས་རྒྱུ་དག་སའི་ཉམས་ལེན་ཁྱད་པར་ཅན་གྱི་ཐབས་མཁས་གཉིས་སོ། །
གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ། བསྒྲུབ་བྱ་ཡུལ་གྱི་ཐབས་མཁས་དང་། སྒྲུབ་བྱེད་སྦྱོར་བའི་ཐབས་མཁས་གཉིས་ལས། དང་པོ་ནི། དགྲ་རྣམས་ལས་ནི་འདས་པ་དང་། །མི་གནས་ཇི་བཞིན་ཤུགས་དང་ནི། །ཞེས། རང་དོན་ཆོས་སྐུའི་ཐབས་མཁས། སྤང་བའི་ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་དགྲ་བདུད་བཞི་ལས་འདས་པ་དང་། རྟོགས་བྱའི་ཁྱད་པར་ཆོས་ཀུན་མཉམ་ཉིད་དུ་རྟོགས་པས་མཐའ་ཀུན་ལ་མི་གནས་པ་དང་། གཞན་དོན་གཟུགས་སྐུའི་ཐབས་མཁས་སྔོན་གྱི་སྨོན་ལམ་ཇི་བཞིན་གཞན་དོན་གཟུགས་སྐུའི་འཇུག་པ་ལྷུན་གྱིས་གྲུབ་པའི་ཤུགས་མངའ་བ་དང་། གཉིས་པ་རྒྱུ་སྦྱོར་བའི་ཐབས་མཁས་ལ། ངོ་བོ་དང་། ཁྱད་པར། བྱེད་ལས་གསུམ་ལས། དང་པོ། ཐུན་མོང་མ་ཡིན་མཚན་ཉིད་དང་། །ཞེས། ངོ་བོ་ཐབས་ཤེས་ཁྱད་པར་ཅན་གྱིས་ཡང་དག་མཐའ་ཤེས་ཀྱང་དུས་མིན་དུ་མངོན་དུ་མི་བྱེད་པ་ཐུན་མོང་མ་ཡིན་པའི་མཚན་ཉིད་དང་། གཉིས་པ་སྤངས་རྟོགས་ཀྱི་ཁྱད་པར། མ་ཆགས་པ་དང་མི་དམིགས་དང་། །མཚན་མ་སྨོན་ལམ་ཟད་པ་དང་། །ཞེས། སྤང་བའི་ཁྱད་པར་ཐབས་ཀྱི་མི་མཐུན་ཕྱོགས་འཁོར་གསུམ་དུ་འཛིན་པ་སྤངས་པས་མ་ཆགས་པ་དང་། རྟོགས་པའི་ཁྱད་པར་གནས་ལུགས་ཡང་དག་མཐའ་གཞི་བདག་མེད་དུ་རྟོགས་པས་ངོ་བོ་མི་དམིགས་པ་སྟོང་པའི་རྣམ་ཐར་དང་། ལམ་མཚན་མེད་དུ་རྟོགས་པས་རྒྱུ་མཚན་མ་མེད་པའི་རྣམ་ཐར་དང་། འབྲས་བུ་སྨོན་མེད་དུ་རྟོགས་པས་འབྲས་བུ་སྨོན་པ་མེད་པའི་རྣམ་ཐར་དང་། གསུམ་པ་བྱེད་ལས། དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས། གནས་སྐབས་ཀྱི་བྱེད་པ་རང་ངོར་ལམ་གྱི་རྟོགས་པ་མངོན་དུ་གྱུར་པས་གཞན་ལ་ཕྱིར་མི་ལྡོག་དེ་ཡི་རྟགས་འཆད་པར་མཁས་པ་དང་། མཐར་ཐུག་གི་བྱེད་པ་རྒྱུ་ཐབས་ཀྱི་སྦྱོར་བ་རྫོགས་པས་ཡུལ་རྣམ་པ་ཐམས་ཅད་མཁྱེན་པའི་ཐབས་མཁས་ཚད་མེད་པ་མངོན་དུ་བྱེད་པ་དང་རྣམ་པ་བཅུའོ། །དེ་ལྟ་བུའི་མཉམ་ཉིད་སྦྱོར་བ་སོགས་གསུམ་ནི་དག་ས་གསུམ་ན་སྤྱིར་ཡོད་པའོ། །དེ་ལྟར་ན་རྣམ་རྫོགས་སྦྱོར་བའི་ས་མཚམས་ནི་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཚོགས་ལམ་ནས་རྣམ་པར་དག་པའི་སྦྱོར་བ་ས་བཅུའི་རྒྱུན་མཐར་ཡོད་པའི་བར་གྱིས་རིམ་པར་བསྡུས་ཤིང་དེ་དག་གིས་བསྡུས་པའི་མཁྱེན་གསུམ་གྱི་ས་མཚམས་ཀྱང་རྟོགས་པར་ནུས་ཤིང་། འོན་ཀྱང་མཁྱེན་གསུམ་རྒྱ་ཆེ་བས་འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་པའི་ཕྱིར་ས་མཚམས་སོ་སོའི་སྐབས་ཤན་ཕྱེས་ཏེ་འཆད་པར་བྱའོ། །
མཉམ་གཞག་རྡོ་རྗེ་ལྟ་བུའི་ཏིང་འཛིན་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྣང་དང་སྣང་མེད་ཟབ་ཅིང་རྒྱ་ཆེ་བའི། །རྣམ་ཀུན་རྫོགས་པའི་སྦྱོར་བ་མཁྱེན་པར་མཛོད། །བསྡུ་བའི་ཚིགས་སུ་བཅད་པའོ། །ལེའུའི་མཚན་ནི། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བཞི་པའི་ཚིག་དོན་བཤད་པའོ།། །།
སྐབས་ལྔ་པ་རྩེ་མོའི་སྦྱོར་བ།
གཉིས་པ་དེ་སྐབས་སོ་སོར་མཐར་ཕྱིན་པའི་མངོན་རྟོགས་རྩེ་སྦྱོར་ལ། སྦྱོར་ལམ་རྩེ་སྦྱོར་དང་། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར་དང་། བར་ཆད་མེད་པའི་རྩེ་སྦྱོར་དང་བཞི། དང་པོ་ལ། རྟགས་ཀྱིས་མཚོན་པ་དྲོད་ཀྱི་རྩེ་སྦྱོར། རྣམ་འཕེལ་གྱིས་མཚོན་པ་རྩེ་མོའི་རྩེ་སྦྱོར། བརྟན་པས་མཚོན་པ་བཟོད་པའི་རྩེ་སྦྱོར། ཚོགས་ཀྱིས་མཚོན་པ་ཆོས་མཆོག་གི་རྩེ་སྦྱོར་བཞི།
དང་པོ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས། སྦྱོར་ལམ་དྲོད་རྩེ་སྦྱོར་གྱི་ངོ་བོ་དྲོད་རྟགས་ཀྱི་སྣང་བ་ཐོབ་པའི་དྲོད་ཀྱི་མཁྱེན་པ་དང་། དེ་ལ་དབྱེ་ན་དྲོད་རྟགས་ཀྱི་ཁྱད་པར་བཅུ་གཉིས་ཏེ། རྨི་ལམ་དང་སད་པའི་གནས་སྐབས་ཀྱི་རྟགས་གཉིས་ལས། དང་པོ། ལམ་གྱི་སྦྱོར་བ་གྲུབ་པའི་རྟགས་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བ་དང་། འགལ་རྐྱེན་སྤོང་བའི་རྟགས་ཉན་རང་གི་ས་གཉིས་ལ་དགའ་བའི་སེམས་མི་སྐྱེ་བ་དང་། མཐུན་རྐྱེན་ལྡན་པའི་རྟགས། སྤྱིར་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་དང་། བྱེ་བྲག་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་དམིགས་པ་དང་། ཁྱད་པར་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པའི་སྣང་བ་སྐྱེ་བ་དང་། འབྲས་བུའི་ཁྱད་པར་གྱི་རྟགས་དམྱལ་བ་སོགས་མཐོང་བའི་རྐྱེན་གྱིས་རང་གི་སངས་རྒྱས་ཀྱི་ཞིང་སྦྱོང་བ་རྗེས་སུ་དྲན་པ་དང་། གཉིས་པ་སད་པའི་རྟགས་ནི། ལམ་གྱི་མཐུ་གྲུབ་པའི་རྟགས་སེམས་མེད་ཀྱི་གནོད་པ་བདེན་ཚིག་བརྗོད་པས་གྲོང་ཁྱེར་ལ་སོགས་པ་མེ་ཡི་གནོད་པ་རབ་ཏུ་ཞི་བར་བྱེད་པ་དང་། སེམས་ཡོད་ཀྱི་གནོད་པ་གནོད་སྦྱིན་སོགས་མི་མ་ཡིན་གྱི་ཉེར་འཚེ་ཞི་བའི་བདེན་ཚིག་གྲུབ་པ་དང་། ལམ་གྱི་ཁྱད་པར་རྫོགས་པའི་རྟགས་རྐྱེན་གྱི་ཁྱད་པར་ཡོངས་འཛིན་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། གཉེན་པོའི་ཁྱད་པར་རྣམ་པ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། སྤང་བྱའི་ཁྱད་པར་ཆོས་ཐམས་ཅད་ལ་མངོན་ཞེན་མེད་པ་དང་། འབྲས་བུའི་ཁྱད་པར་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་དང་། དེ་ལྟར་དྲོད་རྟགས་ཀྱི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་མཚོན་པའི་རྟགས་རྣམ་པ་བཅུ་གཉིས་སོ། །
གཉིས་པ། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས། ངོ་བོ་རྣམ་འཕེལ་གྱི་སྣང་མཆེད་པའི་རྩེ་མོའི་མཁྱེན་པ་དང་། དེ་ལ་དབྱེ་ན། ཕྱི་གཙོ་བོར་གྱུར་པ་དང་། ནང་གཙོ་བོར་གྱུར་པའི་རྟགས་གཉིས་ལས། དང་པོ་ལ། ངོ་བོ་དང་། ཕན་ཡོན་གྱི་རྣམ་འཕེལ་གཉིས་ལས། དང་པོ་ནི། འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་པ་སངས་རྒྱས་སུ་གྱུར་པ་ལ་མེ་ཏོག་ལ་སོགས་པས་མཆོད་པའི་དགེ་བ་དཔེར་མཛད་ནས་ཞེས་ཀྱང་འབྱུང་མོད། འགྲེལ་ཆུང་ལས་གསུངས་པ་ལྟར་འབྲུ་གཉེར་ན་འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་པ་ཐམས་ཅད་ཀྱིས་མེ་ཏོག་ལ་སོགས་པས་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་མང་དུ་ནི་དཔེར་མཛད་པའི་སྒོ་ནས་དགེ་བ་རྣམ་པར་འཕེལ་བ་རིམ་བཞིན། སྤྱི་རྩེ་མོ་པ་རང་ཉིད་ཤེར་ཕྱིན་ལ་གནས་ནས་གཞན་དེ་ལ་འགོད་པ་དང་། བྱེ་བྲག་ཤེར་ཕྱིན་གྱི་རྣལ་འབྱོར་ཟབ་མོ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཁྱད་པར་ཡུལ་ཤེར་ཕྱིན་ཟབ་མོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། ཡུལ་ཅན་ཤེར་ཕྱིན་ཟབ་མོ་འཁོར་གསུམ་རྣམ་པར་མི་རྟོག་པ་ལ་བརྩོན་པ་དང་། གཉིས་པ་ཕན་ཡོན་ལ་སྤྱིར་འཛམ་གླིང་གི་སྐྱེ་བོ་ཐམས་ཅད་དགེ་བཅུ་བསམ་གཟུགས་སོགས་ཐོབ་པའི་དགེ་བ་ལས་བསོད་ནམས་འཕེལ་བ་དང་། བྱེ་བྲག་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་བར་བྱེད་པ་དང་། ནག་ཕྱོགས་ཀྱི་བདུད་རིགས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཁྱད་པར་བྱང་ཆུབ་སེམས་དཔའི་སྐྱེ་བོ་རྣམས་ལ་སྟོན་པ་དང་འདྲ་བར་གུས་པས་གནས་པ་དང་། གཉིས་པ། ནང་གཙོ་བོར་གྱུར་པའི་རྣམ་འཕེལ་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ། ལམ་གྱི་རང་བཞིན་མི་མཐུན་ཕྱོགས་བྲལ་བའི་སྒོ་ནས་བསླབ་པ་ཡོངས་སུ་དག་པ་ཉིད་དང་། གཉིས་པ་བྱེ་བྲག་ལ། རྒྱུ་དང་། ངོ་བོ། འབྲས་བུའི་རྣམ་འཕེལ་གསུམ་ལས། དང་པོ། རྒྱུ་ཡི་རྣམ་འཕེལ་སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་དུ་ངེས་པ་ཐོབ་པ་དང་། རྐྱེན་གྱི་རྣམ་འཕེལ་འབྲས་བུ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ལྷག་པ་དང་། གཉིས་པ་ངོ་བོ་ལ། སྤང་བའི་རྣམ་འཕེལ་ཕར་ཕྱིན་གྱི་མི་མཐུན་ཕྱོགས་སེར་སྣ་སོགས་ཉོན་མོངས་པའི་སེམས་མི་སྐྱེ་བ་དང་། གཟུགས་སོགས་ཀྱི་ཆོས་ལ་རྣམ་པར་རྟོག་པའི་ཤེས་སྒྲིབ་རབ་ཏུ་མི་སྐྱེ་བ་དང་། གཉེན་པོའི་རྣམ་འཕེལ་ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་ཀུན་བསྡུས་པའི་རྟོགས་པ་ཁྱད་པར་ཅན་དང་། གསུམ་པ་འབྲས་བུར། གནས་སྐབས་ཀྱི་རྣམ་འཕེལ་ཐེག་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པའི་མཐོང་ལམ་ཐོབ་པ་དང་། མཐར་ཐུག་གི་རྣམ་འཕེལ་འབྲས་བུ་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་དང་། དེ་ལྟར་རྩེ་མོ་སྣང་བ་མཆེད་པའི་ཏིང་འཛིན་མཚོན་པའི་རྣམ་འཕེལ་རྣམ་པ་བཅུ་དྲུག་གི་བདག་ཉིད་དུ་མདོ་ལས་བཞེད་དོ། །
གསུམ་པ། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས། ངོ་བོ་ཐབས་ཤེས་ཀྱི་རྟོགས་པ་བཟོད་ཅིང་བརྟན་པ་བཟོད་པའི་མཁྱེན་པ་དང་། དེ་ལ། རང་དོན་རྟོགས་པ་བརྟན་པའི་ཁྱད་པར་ཤེས་རབ་ཆེན་པོས་ཀུན་མཁྱེན་ཉིད་ནི་རྣམ་པ་གསུམ་གྱི་ཆོས་རྣམས་ཀྱི་མངོན་རྟོགས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་བླ་ན་མེད་པའི་རྟོགས་པ་བརྟན་པ་དང་། གཞན་དོན་ཐབས་བརྟན་པའི་ཁྱད་པར་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་སྒྲུབ་པ་ཡོངས་སུ་མི་གཏོང་བ་ཐབས་བརྟན་པ་སྟེ། དེ་ལྟར་བཟོད་པའི་ཏིང་འཛིན་མཚོན་བྱེད་ཐབས་ཤེས་བརྟན་པ་ཞེས་སུ་ནི་ཤེར་ཕྱིན་གྱི་མདོ་ལས་ངེས་པར་བརྗོད་དོ། །
བཞི་པ། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས། ངོ་བོ་མཐོང་ལམ་གྱི་དངོས་རྒྱུ་ཁྱད་པར་ཅན་ཆོས་མཆོག་གི་ཏིང་ངེ་འཛིན་དང་། དེ་ལང་མདོ་ལས། གླིང་བཞི་པ་དང་། སྟོང་དང་པོ་དག་དང་། སྟོང་གཉིས་པ་དང་། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་ས་སོགས་སྲང་ལ་གཞལ་བས་ཚད་བཟུང་བར་ནུས་ཀྱི་སོགས་དཔེར་མཛད་ནས། དེ་ལས་ཀྱང་ཆེས་ལྷག་པའི་བསོད་ནམས་མང་པོ་ཚད་མེད་པ་ཉིད་ཀྱིས་ནི། མཐོང་ལམ་གྱི་དངོས་རྒྱུ་དེ་མ་ཐག་པ་ཆོས་མཆོག་གི་ཏིང་ངེ་འཛིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་ཁྱད་པར་དང་ལྡན་པར་མདོ་ལས་ཡོངས་སུ་བསྒྲགས་པར་མཛད་དེ་བསྟན་པ་ཡིན་ནོ། །
གཉིས་པ་མཐོང་ལམ་རྩེ་སྦྱོར་ལ་སྤང་བྱ་ཀུན་བཏགས་ཀྱི་རྟོག་པ་བཤད་པ་དང་། གཉེན་པོ་མཐོང་ལམ་གྱི་ཡེ་ཤེས་བཤད་པ་གཉིས། དང་པོ་ལ། རྟོག་པའི་ངོ་བོ་མདོར་བསྟན་པ་དང་། དེ་ཡི་དབྱེ་བ་རྒྱས་པར་བཤད་པ་གཉིས། དང་པོ་ལ། གཟུང་བ་ཆོས་ཀྱི་རྟོག་པ་བཤད་པ་དང་། འཛིན་པ་གང་ཟག་གི་རྟོག་པ་བཤད་པ་གཉིས། དང་པོ་ལ། དངོས་དང་། དེ་ཀུན་བཏགས་ཡིན་པའི་རྒྱུ་མཚན་གཉིས།
དང་པོ་ནི། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད། ཅེས། ཀུན་བཏགས་གཟུངས་རྟོག་གི་ངོ་བོ་ཆོས་སུ་གཟུང་བའི་རྣམ་རྟོག་ཀུན་བཏགས་ཀྱི་ངོ་བོར་གྱུར་པ་སྟེ། དེ་ལ་ཡུལ་གྱི་དབྱེ་བས། བླང་བྱ་ཐེག་ཆེན་གྱི་ཆོས་ལ་འཇུག་བྱར་རྟོག་པ་དང་ནི། དོར་བྱ་ཐེག་དམན་གྱི་ཆོས་ལ་དོར་བྱར་རྟོག་པའི་གཟུང་བའི་རྣམ་རྟོག་གཉིས་དང་། དེ་དག་སོ་སོར་ཡང་འཇུག་ལྡོག་གི་རྟོག་པ་དེ་དག་ཡུལ་གྱི་དབྱེ་བས་དགུ་རེ་ཡོད་པའི་བདག་ཉིད་དུ་ཤེས་པར་བྱའོ། །
གཉིས་པ། ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས། དེ་ལྟ་བུའི་རྣམ་པར་རྟོག་པ་རྣམས་ནི་མཐོང་སྤང་ཀུན་བཏགས་ཀྱི་རང་བཞིན་ཡིན་ཏེ། དེ་དག་གིས་གཟུང་བ་ཇི་བཞིན་ཡུལ་གྱི་རང་བཞིན་མིན་པའི་བདག་ཉིད་དུ་ཤེས་པར་བྱའོ། །
གཉིས་པ་འཛིན་རྟོག་ལ། ངོ་བོ་མདོར་བསྟན་པ་དང་། དེ་ཀུན་བཏགས་ཡིན་པའི་རྒྱུ་མཚན་གཉིས། དང་པོ་ནི། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །ཅེས། གང་ཟག་ཏུ་འཛིན་པའི་རྣམ་རྟོག་ཀུན་བཏགས་ཀྱི་ངོ་བོར་གྱུར་པ་སྟེ། དེ་ལ་སྤྱིར་གང་ཟག་གི་བདག་མེད་མངོན་སུམ་མ་རྟོགས་པའི་སོ་སོའི་སྐྱེ་བོ་དང་། བདག་མེད་མངོན་སུམ་རྟོགས་པའི་འཕགས་པའི་དབྱེ་བས། རིམ་བཞིན་སེམས་ཅན་རྫས་སུ་འཛིན་པ་དང་། གང་ཟག་བཏགས་པ་ཙམ་དུ་ཡོད་པར་རྣམ་པར་རྟོག་པ་ནི་འཛིན་པ་དག་ཏུ་འདོད་ལ། རྫས་བཏགས་དེ་དག་སོ་སོར་ཡང་ཡུལ་གྱི་དབྱེ་བ་དགུ་རེ་ཡོད་པ་ཡི་བདག་ཉིད་དུ་ཤེས་པར་བྱའོ། །རྟོག་པ་དེ་དག་གི་ས་བོན་ནི་སྐྱེ་འཕགས་གཉིས་ཀར་ཡོད་ཀྱང་། མངོན་གྱུར་ནི་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་ཏེ། སོ་སོའི་སྐྱེ་བོས་གང་ཟག་ཏུ་འཛིན་པ་ནི་གང་ཟག་གི་བདག་ཏུ་འཛིན་པ་ལས་འོས་མེད་དེ་བདག་མེད་མངོན་སུམ་མ་རྟོགས་པའི་ཕྱིར། དེས་ན་ཤིང་རྟ་རྣམ་བདུན་སོགས་ཀྱི་རིགས་པས་གང་ཟག་བཏགས་ཡོད་ཙམ་དུ་ངེས་པ་དང་། སྦྱོར་ལམ་པས་བདག་མེད་གསལ་སྣང་གི་ཚུལ་དུ་སྒོམ་པ་ཡོད་ཀྱང་ད་དུང་མངོན་སུམ་མ་རྟོགས་པས་མོས་པ་ཡིད་བྱེད་ཙམ་ཡིན་གྱི། དེ་ཁོ་ན་ཉིད་ཡིད་བྱེད་མ་ཡིན་པས་རྗེས་ཐོབ་བཏགས་འཛིན་གྱི་ངོ་བོར་གྱུར་ནུས་པ་མ་ཡིན་ནོ། །
འཕགས་པས་མཉམ་་གཞག་ཏུ་བདག་མེད་མངོན་སུམ་རྟོགས་པས། རྗེས་ཐོབ་ཏུ་གང་ཟག་བཏགས་པར་འཛིན་པ་ལས་འོས་མེད་དེ་གང་ཟག་གི་བདག་ཏུ་མི་འཛིན་པའི་ཕྱིར། དེ་དག་གི་གནད་རྣམས་སྤྱིར་དབུ་མ་ཆེན་པོའི་ལུགས་ཀྱི་གང་ཟག་རྫས་བཏགས་ཀྱི་འཇོག་ཚུལ་དང་། སྐྱེ་འཕགས་སོ་སོའི་གང་ཟག་རྫས་བཏགས་སུ་འཛིན་ཚུལ་སོགས་ལ་ཡང་མཁས་པར་བྱ་ཞིང་། ཁྱད་པར་སྐབས་འདིའི་གོ་དོན་ཟབ་མོ་རྣམས་མཁྱེན་པར་འཚལ་ན་འཕགས་པའི་ས་ལ་བཞུགས་པ་འཕགས་པ་རྣམ་གྲོལ་སྡེའི་ལེགས་པར་བཤད་པ་རྣམས་ལས་རྟོགས་པར་བྱའོ། །
སྐབས་འདིའི་དོན་ལ་འཆད་ཚུལ་སྣ་ཚོགས་ཡོད་ན་ཡང་སྤྱིར་དབུ་མ་ཆེན་པོའི་གཞུང་ལུགས་སྤྱི་དང་མཐུན་པ་དང་། བྱེ་བྲག་གཞུང་འདིའི་རྩ་བའི་འབྲུ་དོན་དང་འབྲེལ་ཞིང་། ཁྱད་པར་ཐར་པ་དང་རྣམ་མཁྱེན་དོན་གཉེར་གྱི་གང་ཟག་ལ་ཉེ་བར་མཁོ་བའི་སྤང་བྱ་དང་གཉེན་པོའི་ཁྱད་པར་རིགས་པས་གྲུབ་ཅིང་ལམ་ཡང་དག་ཏུ་ངེས་པའི་ཆོས་དེ་ལ་ཡིད་རྟོན་དགོས་པར་སེམས་སོ། །
གཉིས་པ་ནི། གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས། སྐབས་འདིའི་འཛིན་པའི་རྣམ་པར་རྟོག་པ་མཐོང་སྤང་གི་ཆར་གྱུར་པ་རྣམས་ནི་ཀུན་ཏུ་བཏགས་པའི་སྒྲོ་བཏགས་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན་དེ་དག་གིས་ཇི་ལྟར་གཟུང་བའི་དོན་དེ་བཞིན་དུ་གནས་ལུགས་ལ་གྲུབ་པ་མེད་པས། ཡུལ་ཅན་དེ་དག་སྒྲོ་བཏགས་ཙམ་ལས་ཡུལ་གང་གི་འཛིན་པ་ཡིན་པར་འདོད་དེ། དེ་ལྟར་ཡུལ་ཅན་དེ་དག་ནི་འཛིན་པ་ཡི་ངོ་བོས་སྟོང་པ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་མཚན་ཉིད་ཅན་དུ་འདོད་དོ། །
གཉིས་པ་རྒྱས་བཤད་ལ། འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག །རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་རྒྱས་བཤད་བཞི། དང་པོ་ནི། འཇུག་པ་གཟུང་རྟོག་ལ་ཡུལ་གྱིས་དབྱེ་བས་རྣམ་པ་དགུ་སྟེ། ཇི་ལྟར་ན། ཐེག་ཆེན་གྱི་གཞི་དང་། ལམ་དང་། འབྲས་བུར་རྟོག་ཚུལ་གསུམ་ལས། དང་པོ། ངོ་བོ་ཉིད་དང་རིགས་དང་ནི། །ཞེས། ངོ་བོ་སྟོང་པའི་ཁྱད་པར་གཞི་ལམ་འབྲས་བུའི་ཆོས་རྣམས་དོན་དམ་པར་དབེན་པས་རྟོགས་དཀའ་བའི་ངོ་བོ་ཉིད་དུ་རྟོག་པ་དང་། རང་བཞིན་གསལ་བའི་ཁྱད་པར་རྒྱུ་ཐེག་པ་ཆེན་པོའི་རིགས་སུ་རྟོག་པ་དང་། གཉིས་པ་ལམ་དུ་རྟོག་ཚུལ་ལ། ངོ་བོ་དང་། ཁྱད་པར་དུ་རྟོག་ཚུལ་གཉིས་ལས། དང་པོ། ལམ་ནི་ཡང་དག་འགྲུབ་པ་དང་། །ཞེས། ལམ་གྱི་ངོ་བོ་ཐེག་ཆེན་མཐོང་སྒོམ་གྱི་ལམ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པར་རྟོག་པ་དང་། གཉིས་པ་ཁྱད་པར་དུ་རྟོག་ཚུལ། ཤེས་པའི་དམིགས་པ་མ་འཁྲུལ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དང་། །ཞེས། དམིགས་པའི་ཁྱད་པར་ལམ་གྱི་དམིགས་པ་སྣང་སྟོང་དབྱེར་མེད་གཟུགས་བརྙན་ལྟར་རྟོགས་པས་དམིགས་པ་མ་འཁྲུལ་པར་རྟོག་པ་དང་། སྤང་བའི་ཁྱད་པར་གང་སྐྱོན་དུ་ཤེས་ནས་སྤང་བར་བྱ་བ་མི་མཐུན་པའི་ཕྱོགས་སུ་རྟོག་པ་དང་། གཉེན་པོའི་ཁྱད་པར་གང་ཡོན་ཏན་དུ་ཤེས་ནས་བླང་བར་བྱ་བ་གཉེན་པོའི་ཕྱོགས་སུ་རྟོག་པ་དང་། གསུམ་པ་འབྲས་བུར་རྟོག་ཚུལ་ལ། ཇི་ལྟར་བྱང་ཆུབ་པའི་ཚུལ་དང་། དེ་ལྟར་བྱང་ཆུབ་པའི་ངོ་བོ་ལ་རྟོག་ཚུལ་གཉིས་ལས། དང་པོ། རང་གིས་རྟོགས་དང་། ཞེས། སྤང་བ་མཐར་ཕྱིན་པའི་སྟོབས་ཀྱིས་རང་གིས་རྟོགས་པའི་བྱང་ཆུབ་མངོན་དུ་བྱེད་ཚུལ་ལ་རྟོག་པ་དང་། གཉིས་པ་ངོ་བོར་རྟོག་ཚུལ་ནི། བྱེད་པ་དང་། །དེ་ཡི་ལས་བྱའི་འབྲས་བུ་ལ། །ཞེས། ཞི་བའི་མཐའ་ལ་མི་གནས་པའི་ཁྱད་པར་གཞན་དོན་གཟུགས་སྐུའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་རྟོག་པ་དང་། སྲིད་པའི་མཐའ་ལ་མི་གནས་པའི་ཁྱད་པར་དེ་ཡི་ལས་སུ་བྱ་བ་རང་དོན་ཆོས་སྐུའི་འབྲས་བུ་བརྙེས་པར་རྟོག་པ་དང་། དེ་ལྟར་བསྟན་པའི་དོན་བསྡུ་བ། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས། དེ་ལྟར་ན། ཡུལ་འཇུག་པར་བྱ་བ་ཐེག་པ་ཆེན་པོའི་རྣམ་བྱང་ཕྱོགས་ཀྱི་རྟེན་ཅན་གྱི་ཡུལ་ཅན་འཇུག་པའི་རྣམ་རྟོག་དེ་ནི་རྣམ་པ་དགུར་ངེས་པར་འདོད་དོ། །འདི་ལ་རྩ་བའི་དབྱེ་བ། མི་མཐུན་ཕྱོགས་དང་གཉེན་པོ་དང་། །ཞེས་པ་གཅིག་ཏུ་བྱས་ཏེ། དེ་ཡི་ལས་བྱའི་འབྲས་བུ་ལ། །ཞེས་པ་གཉིས་སུ་ཕྱེས་ཏེ་གྲངས་དགུར་ཡང་དོན་གསལ་ལས་མཛད་དོ། །
གཉིས་པ་ལྡོག་པ་གཟུང་རྟོག་ལ། ཡུལ་གྱིས་དབྱེ་བས་རྣམ་པ་དགུ་སྟེ། ཇི་ལྟར་ན། ལམ་དང་འབྲས་བུར་རྟོག་ཚུལ་གཉིས་ལས། དང་པོ་ལ། ངོ་བོ་དང་། ཁྱད་པར་དུ་རྟོག་ཚུལ་གཉིས་ལས། དང་པོ། སྲིད་དང་ཞི་བར་ལྷུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཞེས། སྲིད་པ་དང་ཞི་བ་གང་རུང་དུ་ལྷུང་བའི་ཕྱིར་ན་སྤྱིར་གང་ཟག་གི་བདག་མེད་ཙམ་གྱི་རྟོགས་པ་དམན་པ་ཉིད་དུ་རྟོག་པ་དང་། གཉིས་པ་ཁྱད་པར་དུ་རྟོག་ཚུལ། ཡོངས་སུ་འཛིན་པ་མེད་པ་དང་། ལམ་གྱི་རྣམ་པ་མ་ཚང་དང་། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། །ཞེས། ལམ་གྱི་རྒྱུ་དམན་པ་རྐྱེན་ཕྱི་ནང་གི་ཡོངས་སུ་འཛིན་པ་མེད་པར་རྟོག་པ་དང་། ལམ་གྱི་རྣམ་པ་དམན་པ་ཉོན་སྒྲིབ་ཀྱི་གཉེན་པོ་བདེན་བཞི་མི་རྟག་བཅུ་དྲུག་ཙམ་ལས་ཤེས་སྒྲིབ་ཀྱི་གཉེན་པོ་སྒྲོ་འདོགས་སོ་གཉིས་བྲལ་བའི་རྣམ་པ་མ་ཚང་བར་རྟོག་པ་དང་། ལམ་གྱི་བྱེད་པ་དམན་པ་སྲིད་པ་ཐ་མའི་ཚེ་ཡང་བཤེས་གཉེན་ལ་ལྟོས་པས་གཞན་གྱི་རྐྱེན་གྱིས་འགྲོ་བར་རྟོག་པ་དང་། གསུམ་པ་འབྲས་བུར་སྤྱི་དང་། ཁྱད་པར་རྟོག་ཚུལ་གཉིས།
དང་པོ། ཆེད་དུ་བྱ་བ་ལོག་པ་དང་། །ཞེས། སྤྱིར་འབྲས་བུ་ཆེད་དུ་བྱ་བ་ཆེན་པོ་གསུམ་མེད་པས་ཆེད་དུ་བྱ་བ་ལོག་པར་རྟོག་པ་དང་། གཉིས་པ་བྱེ་བྲག །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང་། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །ཞེས། སྤང་བ་དམན་པ་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པས་སྤང་བ་ཉི་ཚེ་བར་རྟོག་པ་དང་། རྟོགས་པ་དམན་པ་གང་ཟག་གི་བདག་མེད་པ་བདེན་བཞི་མི་རྟག་བཅུ་དྲུག་གི་སྤྲོས་པ་ཐ་དད་དུ་དམིགས་པས་རྟོག་པ་སྣ་ཚོགས་པ་ཉིད་དུ་རྟོག་པ་དང་། བྱེད་པ་དམན་པ། ཤེས་སྒྲིབ་སྤངས་པའི་སྤང་བ་ངོ་བོ་ཉིད་སྐུ་མེད་པས་གནས་འཇུག་ལ་རྨོངས་པར་རྟོག་པ་དང་། ཆོས་བདག་མེད་རྫོགས་པའི་རྟོགས་པ་ཡེ་ཤེས་ཆོས་སྐུ་མ་ཐོབ་པས་རང་འབྲས་ཀྱི་རྗེས་ལ་ཐེག་ཆེན་དུ་འགྲོ་བར་རྟོག་པ་དང་། དེ་ལྟར་བསྟན་པའི་དོན་བསྡུ་བ། རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལས་བྱུང་། །ཞེས། དེ་ལྟ་བུའི་རྣམ་པར་རྟོག་པ་དགུ་ཡི་བདག་ཉིད་འདི་ནི། ཡུལ་ལྡོག་པར་བྱ་བའི་ཕྱོགས་ཐེག་དམན་གྱི་ཆོས་ཀྱི་རྟེན་ཅན་ལྡོག་པ་གཟུང་རྟོག་སྟེ། དེ་དག་གི་ཡུལ་ཐེག་དམན་གྱི་ལམ་འབྲས་དེ་ནི་ཉན་ཐོས་ལ་སོགས་པའི་ཡིད་ལས་བྱུང་བ་དག་གོ །
གསུམ་པ་རྫས་འཛིན་རྟོག་པ་ལ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། ཐེག་ཆེན་གྱི་རྟེན་གང་ཟག་རྫས་སུ་རྟོག་ཚུལ་གསུམ། དང་པོ། འཛིན་པ་དང་ནི་འདོར་བ་དང་། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲེལ་དང་། །ཞེས། ངོ་བོ་སྒྱུ་མའི་འཁྲུལ་འཁོར་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་ཞིང་འདོར་བའི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། ཚུལ་ཇི་ལྟར་ན། རྒྱུ་ཡང་དག་མ་ཡིན་པའི་ཚུལ་མིན་ཡིད་ལ་བྱེད་པའི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། འབྲས་བུ་ཁམས་གསུམ་པོ་དག་དང་ཉེ་བར་འབྲེལ་བའི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། གཉིས་པ་ཉན་ཐོས། གནས་དང་། ཞེས། སྟོང་ཉིད་ཀྱི་རྟོགས་པ་ལ་མི་གནས་པར་གཟུགས་སོགས་བདེན་ཞེན་དང་བཅས་པའི་རྟོགས་པ་ཉི་ཚེ་བ་ལ་གནས་པའི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། གསུམ་པ་ཐེག་ཆེན་གྱི་གང་ཟག་ལ། ལམ་དང་། དབང་པོའི་ཁྱད་པར་དུ་བྱས་པའི་གང་ཟག་རྫས་སུ་རྟོག་ཚུལ་གཉིས་ལས། དང་པོ། མངོན་པར་ཞེན་པ་དང་། །ཆོས་ཀྱི་དངོས་པོ་བཏགས་པ་དང་། །ཞེས། བདེན་པའི་དངོས་པོར་མི་རྟོག་ཀྱང་ཆོས་ཐམས་ཅད་ལ་མཚན་འཛིན་གྱིས་མངོན་པར་ཞེན་པ་མ་དག་པའི་སྐབས་ཀྱི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། ཆོས་ཀྱི་དངོས་པོ་རྫས་དང་མཚན་མའི་ཆོས་སུ་མི་འཛིན་པར་སྒྱུ་མ་ཙམ་དུ་བཏགས་པར་འཛིན་པ་དག་པ་སའི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། གཉིས་པ། བྱེ་བྲག་དབང་པོའི་ཁྱད་པར། ཆགས་པ་དང་ནི་གཉེན་པོ་དང་། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །ཞེས། དབང་རྣོན་གྱི་གང་ཟག་སྤང་བའི་ཁྱད་པར་དེ་ཁོ་ན་ཉིད་ཤེས་པས་སྤང་བྱ་ཆགས་པ་སྤོང་བ་ལ་མཁས་པའི་རྟེན་གང་ཟག་ཏུ་རྟོག་པ་དང་། གཉེན་པོའི་ཁྱད་པར་མཉམ་པ་ཉིད་རྟོགས་པས་གཉེན་པོ་ཡེ་ཤེས་སྐྱེད་པ་ལ་མཁས་པའི་རྟེན་གང་ཟག་ཏུ་རྟོག་པ་དང་། དབང་རྟུལ་ཤེར་ཕྱིན་སྒོམ་པའི་ཐབས་ལ་མི་མཁས་པས་ཇི་ལྟར་འདོད་པ་བཞིན་མཐར་འབྲས་སུ་འགྲོ་བ་ཉམས་པའི་རྟེན་གང་ཟག་ཏུ་རྟོག་པ་དང་། དེ་ཡི་དོན་བསྡུ་བ། འཛིན་པ་དང་པོར་ཤེས་པར་བྱ། །ཞེས། དེ་ལྟར་རྣམ་པར་རྟོག་པ་དགུ་པོ་དེ་དག་ནི་འཛིན་པ་དང་པོ་རྫས་འཛིན་རྟོག་པ་ཤེས་པར་བྱའོ། །
བཞི་པ་བཏགས་འཛིན་རྟོག་པ་ལ། ཐེག་དམན་དང་། ཐེག་ཆེན་གྱི་གང་ཟག་གཉིས། དང་པོ། ཆེད་བཞིན་ངེས་པར་མི་འབྱུང་དང་། །ལམ་ལ་ལམ་མིན་ངེས་འཛིན་དང་། །འགག་དང་བཅས་པའི་སྐྱེ་བ་དང་། །དངོས་པོ་ལྡན་དང་མི་ལྡན་དང་། །གནས་དང་། ཞེས། སྤྱིར་འབྲས་བུ་དམན་པ་ཉིད་ཀྱིས་ཆེད་དུ་བྱ་བ་ཐེག་ཆེན་བཞིན་དུ་མཐར་འབྲས་བུ་ངེས་པར་མི་འབྱུང་བའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། ལམ་ཐེག་དམན་དུ་ཞུགས་པས་ཐེག་ཆེན་གྱི་ལམ་ལ་རང་ཉིད་འཇུག་བྱའི་ལམ་མིན་དུ་ངེས་པར་འཛིན་པའི་རྟེན་གང་ཟག་བཏགས་ཡོད་དུ་རྟོག་པ་དང་། བྱེ་བྲག་ཏུ། གཞི་ཀུན་རྫོབ་རྒྱུ་འབྲས་ཀྱི་ཆོས་འགག་པ་དང་བཅས་པའི་སྐྱེ་བ་དོན་དམ་པར་འཛིན་པའི་རྟེན་གང་ཟག་བཏགས་ཡོད་དུ་རྟོག་པ་དང་། ལམ་མཉམ་གཞག་ཏུ་བར་ཆད་ཡོད་མེད་ཀྱིས་ལམ་གྱི་དངོས་པོའི་རྒྱུན་ཡུན་རིང་དུ་ལྡན་པ་དང་། མི་ལྡན་པའི་རྟེན་གང་ཟག་བཏགས་ཡོད་དུ་རྟོག་པ་དང་། རྗེས་ཐོབ་ཏུ་གཟུགས་སོགས་ཀྱི་ཆོས་ལ་བདེན་ཞེན་གྱིས་གནས་པའི་རྟེན་གང་ཟག་བཏགས་ཡོད་དུ་རྟོག་པ་དང་། གཉིས་པ་ཐེག་ཆེན་གྱི་གང་ཟག་ཏུ་རྟོག་པ། རིགས་ནི་འཇིག་པ་དང་། །དོན་དུ་གཉེར་དང་རྒྱུ་མེད་དང་། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །ཞེས། ཐབས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཐེག་དམན་གྱི་རིགས་འཇིག་པར་བྱེད་པའི་རྟེན་གང་ཟག་བཏགས་ཡོད་དུ་རྟོག་པ་དང་། ཤེས་རབ་ཀྱིས་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོས་བསྒྲུབ་པར་བྱ་བའི་འབྲས་བུ་དོན་དུ་གཉེར་བ་མེད་པར་རྟོགས་པའི་རྟེན་གང་ཟག་བཏགས་ཡོད་དུ་རྟོག་པ་དང་། དེ་བཞིན་དུ་དོན་དམ་པར་རང་བཞིན་མེད་པས་རྒྱུ་ལམ་གྱི་ཆོས་སྒོམ་པ་མེད་པར་རྟོགས་པའི་རྟེན་གང་ཟག་བཏགས་ཡོད་དུ་རྟོག་པ་དང་། དེ་ཡི་མི་མཐུན་ཕྱོགས་བདུད་དང་ཕྱིར་རྒོལ་བ་དམིགས་པའི་སྒོ་ནས་ཐ་སྙད་དུ་ཤེས་པའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། དེ་ཡི་དོན་བསྡུ་བ། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས། དེ་ལྟར་གང་ཟག་བཏགས་པར་འཛིན་པའི་རྣམ་རྟོག་དེ་ནི་སྔ་མ་རྫས་འཛིན་རྟོག་པ་ལས་གཞན་བཏགས་པར་འཛིན་པའི་རྟོག་པ་རྣམ་པ་དགུ་ཡིན་ནོ། །
གཉིས་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་ལ། རྒྱུ་རྐྱེན་ཚོགས་ཀྱི་རྣམ་གྲངས་བཤད་པ་དང་། འབྲས་བུ་སྤང་ཐོབ་ཀྱི་རབ་དབྱེ་བཤད་པ། ངོ་བོ་ཐབས་ཤེས་ཀྱི་ཁྱད་པར་དངོས་དང་གསུམ། དང་པོ་ལ། རྐྱེན་ལུང་དང་རྟོགས་པའི་ཆོས་ལ་འགོད་པ་དང་། རྒྱུ་བསོད་ནམས་ཚོགས་ཀྱི་ཉེར་ལེན་བཤད་པ་གཉིས། དང་པོ། བྱང་ཆུབ་ལ་གཞན་སྟོན་པ་དང་། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང་། །ཞེས། རྟོགས་པའི་ཆོས་འབྲས་བུ་བྱང་ཆུབ་ཆེན་པོའི་ལམ་དུ་གྱུར་པར་མཐོང་བ་ལ་སོགས་པའི་ལམ་གཞན་ལ་ཡོངས་སུ་སྟོན་པར་བྱེད་པ་དང་། ལུང་གི་ཆོས་མདོའི་དངོས་བསྟན་དུ་ཀུན་དགའ་བོ་ལ་ཤེར་ཕྱིན་གཏད་པས་མཚོན་ཏེ་རྟོགས་པ་དེ་ཡི་རྒྱུ་ལུང་གི་ཆོས་གཞུང་ཤེར་ཕྱིན་ནི་གཞན་ལ་འཆད་པ་སོགས་ཀྱིས་ཡོངས་སུ་གཏོད་པ་དང་། གཉིས་པ། དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས། རྒྱུ་ཡི་ཁྱད་པར་འབྲས་བུ་མཐོང་ལམ་གྱི་ཡེ་ཤེས་ཁྱད་པར་ཅན་དེ་འཐོབ་པར་བྱེད་པ་བར་ཆད་མེད་པའི་རྒྱུ་ཚོགས་ཀྱི་ཁྱད་པར་གྲངས་མེད་དང་པོར་གྱུར་པའི་ཚོགས་རབ་ཏུ་རྫོགས་པ་ཉིད་ཀྱིས་བསོད་ནམས་མང་པོའི་མཚན་ཉིད་ཅན་གྱི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ཁྱད་པར་ཅན་རང་རྒྱུད་ལ་ལྡན་པར་གྱུར་པའོ། །
གཉིས་པ་འབྲས་བུ་སྤང་ཐོབ་ཀྱི་རབ་དབྱེ་ལ། དབུ་མ་ཆེན་པོའི་ལུགས་བཞག་པ་དང་། དངོས་པོར་སྨྲ་བའི་ལུགས་དགག་པ་གཉིས། དང་པོ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས། གློ་བུར་བྲལ་དག་གི་རང་བཞིན་སྒྲིབ་གཉིས་ཟད་པར་སྤངས་པའི་སྤང་བ་ངོ་བོ་ཉིད་ཀྱི་སྐུ་དང་གནས་ལུགས་མི་སྐྱེ་བ་ཐུགས་སུ་ཆུད་པའི་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ནི་གློ་བུར་དྲི་བྲལ་གྱི་བྱང་ཆུབ་ཅེས་ཡོངས་སུ་བརྗོད་དེ། དེ་དག་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་སྟེ་སྤང་བྱ་སྒྲིབ་གཉིས་ཀྱི་ངོ་བོ་རང་བཞིན་གྱིས་མ་གྲུབ་པའི་ཟད་པ་མེད་ཅིང་གཉེན་པོ་ཟག་མེད་ཀྱི་ཡེ་ཤེས་ཡེ་ནས་སྐྱེ་བ་མེད་པར་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ན་དེ་དག་གོ །རིམ་བཞིན་དུ་དག་པ་གཉིས་ལྡན་གྱི་བྱང་ཆུབ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ཡང་མདོ་ལས། ཡུམ་ཤེར་ཕྱིན་ཟད་པར་འདོད་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དེ་སོགས་དང་། ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན་ཟད་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་སོགས་ཀྱིས་བསྟན་ཏེ་ཡིད་ཆེས་པར་བྱ་བའི་ཕྱིར་བདེན་གསུང་གི་ལྗགས་བསྟན་པར་མཛད་པ་ཉིད་དོ། །དེ་ལྟར་རྟོགས་ན་དོན་གསལ་ལས་གོ་རིམ་བཞིན་དུ་དྲི་མ་རྣམས་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཆོས་ཐམས་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་ཆོས་ཀྱི་སྐུ་ལ་སོགས་པ་ཇི་ལྟ་བ་བཞིན་གྱི་བདག་ཉིད་ནི་བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དོ་ཞེས་པའི་དོན་ཡང་རྟོགས་པར་འགྱུར་རོ། །ཟབ་མོའི་གནད་འདི་དག་རྟོག་གེའི་ཅ་ཅོ་དང་བསྲེ་བར་མི་འཚལ་ལོ། །
གཉིས་པ་གཞན་ལུགས་དགག་པ་ལ། དངོས་སྟོབས་ཀྱི་རིགས་པས་དགག་པ་དང་། ཁས་བླང་གི་བསལ་བས་དགག་པ་གཉིས། དང་པོ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས། གང་དག་རང་བཞིན་གྱིས་རྣམ་པར་དག་པའི་འགོག་པ་མེད་པའི་རང་བཞིན་དུ་ཁས་ལེན་ཅིང་སྤང་བྱ་ཟག་བཅས་ཀྱི་ཆོས་སྔར་རང་བཞིན་གྱིས་སྐྱེས་པ་རྣམས་ལམ་སྒོམ་སྟོབས་ཀྱིས་ཟད་པ་དང་དེ་སླར་མི་སྐྱེ་བའི་གེགས་སུ་གྱུར་པའི་འགོག་པ་རྫས་སུ་ཡོད་པས་མི་སྐྱེ་བར་འདོད་པ་སོགས་ཀྱི་ལུགས་ལ། རིགས་པས་བརྟགས་ན། འབྲས་བུ་བྱང་ཆུབ་ཆེན་པོ་ཐོབ་པར་མི་རིགས་ཏེ། དེའི་རྒྱུ་མཐོང་བ་ཞེས་བྱ་བའི་ལམ་གྱིས་ནི། སྤང་བྱ་རྣམ་པར་རྟོག་པའི་རིགས་ཅི་ཞིག་ཟད་ཅིང་འགོག་པ་སྐྱེ་མེད་ཀྱི་རྣམ་པ་ཅི་ཞིག་འཐོབ་སྟེ། སྤང་བྱ་དྲི་མའི་ཆོས་རང་བཞིན་གྱིས་ཡོད་པ་ཟད་དུ་མེད་པའི་ཕྱིར་དང་། དེ་སླར་མི་སྐྱེ་བའི་རྒྱུ་འགོག་པ་རྫས་སུ་ཡོད་པ་འཐོབ་རྒྱུ་མེད་པའི་ཕྱིར་ཏེ། དེ་ལྟར་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ཕྱིར་རོ། །
གཉིས་པ་ཁས་བླང་གི་བསལ་བས་དགག་པ་ནི། གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས། གང་དངོས་པོར་རབ་ཏུ་སྨྲ་བ་གཞན་གྱིས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་ལ། ཤེས་བྱའི་ཆོས་ཐམས་ཅད་ལ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་དེ་ཡི་རྒྱུད་ལ་འཁོར་གསུམ་དུ་རྟོག་པའི་སྒྲིབ་པ་ཐམས་ཅད་ཟད་པར་བརྗོད་པ་ཁས་བླང་སྔ་ཕྱི་འགལ་བའི་ལུགས་གང་ཡིན་དེ་ལ་ཁོ་བོས་མཚར་དུ་བརྩིས་སོ། །ཞེས་གསུངས་སོ། །
གསུམ་པ་ངོ་བོ་ཐབས་ཤེས་ཀྱི་ཁྱད་པར་དངོས་ལ། མཐོང་ལམ་མཉམ་གཞག་གི་ཡེ་ཤེས་བཤད་པ་དང་། དེའི་རྗེས་ཐོབ་མཚོན་པའི་ཉམས་ལེན་བཤད་པ་གཉིས། དང་པོ་ལ། རྒྱུ་བར་ཆད་མེད་ལམ་བཟོད་པའི་ཡེ་ཤེས་དང་། འབྲས་བུ་རྣམ་གྲོལ་ལམ་གྱི་ཡེ་ཤེས་སེངྒེ་རྣམ་བསྒྱིངས་བཤད་པ་གཉིས། དང་པོ་ལ། ཤེས་རབ་ཟབ་པ་བསལ་གཞག་བྲལ་བའི་ཁྱད་པར་དང་། ཐབས་རྒྱ་ཆེ་བ་ཕར་ཕྱིན་ཀུན་ལྡན་གྱི་རྣམ་པ་བཤད་པ། ངོ་བོ་ཐབས་ཤེས་ཟུང་འབྲེལ་བཟོད་པའི་ཡེ་ཤེས་བསྟན་པ་གསུམ།
དང་པོ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས། མཐོང་ལམ་མཉམ་གཞག་གི་རང་བཞིན་འདི་ལ་ཤེས་རབ་ཟབ་པའི་ཁྱད་པར་ཡུལ་གྱི་གནས་ལུགས་ཟབ་མོ་ཆོས་གང་དག་དགག་ཅིང་བསལ་བར་བྱ་བ་ཅི་ཡང་མེད་ཅིང་། སྒྲུབ་ཅིང་གཞག་པར་བྱ་བ་ཅི་ཡང་མེད་པའི་གནས་ལུགས་དགག་སྒྲུབ་བསལ་གཞག་མེད་པའི་མཐའ་བྲལ་མཉམ་པ་ཆེན་པོའི་རང་བཞིན་ཡང་དག་པའི་མཐའ་ཉིད་ལ་དེ་ཁོ་ན་བཞིན་དུ་ཡང་དག་པར་ལྟ་ཞིང་མཐོང་བའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་ནས་སྤང་བྱ་མཐོང་སྤང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །
གཉིས་པ། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང་། །ཞེས། དེ་ལྟ་བུའི་ཤེས་རབ་དེ་ཡང་ཐབས་རྒྱ་ཆེ་བའི་ཁྱད་པར་སྦྱིན་པ་ལ་སོགས་པ་རེ་རེར་ཡང་ཕར་ཕྱིན་གྱི་རྣམ་པ་མ་འགགས་པར་ཕན་ཚུན་བསྡུས་པ་གང་ཡིན་པ་དང་། གསུམ་པ། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས། ཐབས་ཤེས་ཟུང་དུ་འཇུག་པའི་ཁྱད་པར་ཟབ་ཅིང་རྒྱ་ཆེ་བའི་ཡེ་ཤེས་སྤང་བྱ་ལས་གྲོལ་བཞིན་པའི་བདག་ཉིད་ལ་ལྡོག་པས་ཕྱེ་བའི་བཟོད་པ་བརྒྱད་ཀྱང་ངོ་བོ་སྐད་ཅིག་གཅིག་པའི་བཟོད་པ་ཡིས་བསྡུས་པ་དེ་ནི་སྐབས་འདིར་མཐོང་བའི་ལམ་བར་ཆད་མེད་པ་ཉིད་དང་། གཉིས་པ་རྣམ་གྲོལ་གྱི་ལམ་ནི། དེ་ནས་སེདྒེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས། དེ་ལྟར་སྤང་བྱ་མཐོང་སྤང་ལས་གྲོལ་བ་དེ་ནས་མཐོང་ལམ་རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་འཇིགས་པ་མེད་པའི་སེངྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །སྤྱིར་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ནི་མཐོང་ལམ་རྣམ་གྲོལ་ལམ་དང་། དེ་ལ་སླར་ཡང་སྙོམས་པར་འཇུག་པ་ཁྱད་པར་གྱི་ལམ་དང་། ལམ་གོང་མའི་སྦྱོར་བར་གྱུར་པ་སྦྱོར་བ་སེངྒེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་དང་གསུམ་ག་ལ་ཐུ་མོང་དུ་འཇུག་པས་ཤན་ཕྱེད་པར་བྱའོ། །
གཉིས་པ་རྗེས་ཐོབ་ཀྱི་ཉམས་ལེན་མཚོན་བྱེད་ནི། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས། དེ་ལྟར་མཐོང་ལམ་ལ་མཉམ་པར་བཞག་པའི་རྗེས་ཐོབ་ཏུ། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང་ལུགས་མི་མཐུན་ལ་རྟོག་པར་བྱེད་པས་མཚོན་ཏེ། ས་དང་པོའི་ཉམས་ལེན་གྱི་ཁྱད་པར་ཡོངས་སུ་སྦྱོང་བ་བཅུ་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དང་། རྣམ་ཐར་དང་ཚད་མེད་གཟུངས་དང་ཏིང་ངེ་འཛིན་སོགས་རྗེས་ཐོབ་སྒྱུ་མ་ལྟ་བུས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་པ་ལ་སྙོམས་པར་འཇུག་པ་ཡིན་ནོ། །ཚུལ་འདིས་ཐེག་པ་དམན་པའི་ལུགས་དང་བསྲེས་པའི་རྣམ་བཤད་ཐེག་ཆེན་གྱི་མཐོང་ལམ་ལ་རྗེས་ཐོབ་མེད་པར་བཞེད་པ་སོགས་ཀྱང་བསལ་བར་བྱས་སོ། །
གསུམ་པ་སྒོམ་ལ་རྩེ་སྦྱོར་ལ། གཉེན་པོ་སྒོམ་ལམ་གྱི་ཁྱད་པར་རྟེན་ཞི་གནས་ཀྱི་ཏིང་ངེ་འཛིན་དང་། སྤང་བྱ་སྒོམ་སྤང་གི་རང་བཞིན་ལྷན་སྐྱེས་ཀྱི་རྟོག་པ་བཤད་པ། དེ་ལྟར་སྤངས་རྟོགས་རྫོགས་པའི་ཡོན་ཏན་བསྟན་པ་དང་གསུམ། དང་པོ་ལ། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གྱི་ཏིང་ངེ་འཛིན་བཤད་པ་གཉིས།
དང་པོ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །ཞེས། ངོ་བོ་སྒོམ་སྤང་ལྷན་སྐྱེས་ཀྱི་གཉེན་པོ་ཁྱད་པར་ཅན་དང་། དེ་ལ་སྤྱིར་རྟེན་ཞི་གནས་དང་། བརྟེན་པ་ལྷག་མཐོང་གི་ཆ་གཉིས་ལས། བརྟེན་པ་ལྷག་མཐོང་གི་ཆ་ནི། སྐབས་གཞན་དུ་བསྟན་པ་ལས་རྟོགས་པས། སྐབས་འདིར་ནི། རྟེན་ཞི་གནས་ཀྱི་ཆ་ལ་སྦྱོར་དངོས་གཉིས་ཀྱི། དང་པོ་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ནི། བསམ་གཏན་དང་པོ་སོགས་ནས་འགོག་པ་དང་བཅས་པའི་སྙོམས་འཇུག་རྣམ་པ་དགུར་སྙོམས་པར་འཇུག་པའི་སྒོ་ནས་རྣམ་པ་གཉིས་སུ་ལུགས་མཐུན་དུ་ཡར་སོང་ཞིང་ལུགས་མི་མཐུན་དུ་མར་འོང་བར་བྱེད་པའི་ཏིང་ངེ་འཛིན་ནི་དངོས་གཞི་ཐོད་རྒལ་འགྲུབ་པའི་སྦྱོར་བར་གྱུར་པའོ། །
གཉིས་པ་ཐོད་རྒལ་གྱི་ཏིང་ངེ་འཛིན་ནི། འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས། དེ་ལ་ཆུང་འབྲིང་ཆེ་གསུམ་ལས། ཆུང་ངུའི་དུས་སུ། བསམ་གཏན་དང་པོ་ནས་འགོག་པའི་བར་དུ་ལུགས་མཐུན་དུ་སྙོམས་པར་འཇུག་པའོ། །
འབྲིང་པོའི་སྐབས་སུ། བསམ་གཏན་དང་པོ་སོགས་སྙོམས་འཇུག་བརྒྱད་ལ་བར་དུ་འགོག་པ་རེ་སྤེལ་ནས་སྙོམས་པར་འཇུག་ཅིང་མཐར་འགོག་པའི་རྗེས་སུ་སྲིད་རྩེའི་ནུད་ཆུང་དང་བཅས་ན་བཅུ་བདུན་དུ་འགྱུར་རོ། །དངོས་གཞི་ཐོད་རྒལ་ཆེན་པོའི་སྐབས། འདོད་པར་གཏོགས་པའི་སེམས་རྣམ་པར་ཤེས་པ་མཉམ་གཞག་མིན་པ་རྗེས་ཐོབ་ཀྱི་སེམས་ཐུན་མཚམས་སུ་བཟུང་སྟེ་ཐོད་རྒལ་དུ་སྙོམས་པར་འཇུག་པའི་སྒོ་ནས། རིམ་བཞིན། འདོད་སེམས་དང་འགོག་པ། འདོད་སེམས་ཀྱི་རྗེས་སུ་དེ་ནས་འགོག་པ་གཅིག་པུ་བོར་ཞིང་བརྒལ་ཏེ། སྲིད་རྩེ་དང་འདོད་སེམས། དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བརྒལ་ནས། ཅི་ཡང་མེད་པ་དང་འདོད་སེམས། དེ་བཞིན་དུ་གསུམ་བརྒལ་ནས་རྣམ་ཤེས་མཐའ་ཡས་དང་འདོད་སེམས། བཞི་བརྒལ་ནས་ནམ་མཁའ་མཐའ་ཡས་དང་འདོད་སེམས། ལྔ་བརྒལ་ནས་བསམ་གཏན་བཞི་པ་དང་འདོད་སེམས། དྲུག་བརྒལ་ནས་གཉིས་པ་དང་འདོད་སེམས། བརྒྱད་བརྒལ་ནས་བསམ་གཏན་དང་པོ་དང་དེ་ནས་འདོད་སེམས་ཏེ། དེ་ལྟར་མདོ་ལས་དངོས་སུ་བསྟན་པ་ནི། ལུགས་ལྡོག་ཏུ་མར་འོང་བའི་ཐོད་རྒལ་དུ་གསུངས་པས། ལུགས་ལས་ལྡོག་སྟེ་རྒལ་བའི་ཐོད་རྒལ་ཡང་དེས་མཚོན་ཏེ་ཤེས་པར་བྱ་བ་ནི། ཇི་ལྟར་ན། འདོད་སེམས་ཀྱི་རྗེས་སུ་བསམ་གཏན་དང་པོ་དང་འདོད་སེམས། དེ་ནས་འདོད་སེམས་ཀྱི་རྗེས་ཐོག་བསམ་གཏན་དང་པོ་གཅིག་པུ་བོར་ཏེ། གཉིས་པ་དང་འདོད་སེམས། དེ་བཞིན་དུ་བསམ་གཏན་དང་པོ་དང་གཉིས་པ་གཉིས་བོར་རེ་གསུམ་པ་དང་འདོད་སེམས། གསུམ་བོར་ཏེ་བསམ་གཏན་བཞི་པ་དང་འདོད་སེམས། བཞི་བོར་ཏེ་གཟུགས་མེད་ནམ་མཁའ་དང་འདོད་སེམས། ལྔ་བོར་ཏེ་རྣམ་ཤེས་དང་འདོད་སེམས། དྲུག་བོར་ཏེ་ཅི་ཡང་དང་འདོད་སེམས། བདུན་བོར་ཏེ་སྲིད་རྩེ་དང་འདོད་སེམས། བརྒྱད་བརྒལ་ཏེ་འགོག་པའི་བར་དུ་དེ་ལྟར་མི་འདྲ་བར་འགྲོ་བའི་ཏིང་ངེ་འཛིན་ནི་དངོས་གཞི་ཐོད་རྒལ་གྱི་ཏིང་ངེ་འཛིན་ཡིན་ནོ། །
གཉིས་པ་སྤང་བྱ་རྟོག་པ་ལ། གཟུང་བ་ཆོས་ཀྱི་རྟོག་པ་བཤད་པ་དང་། འཛིན་པ་གང་ཟག་གི་རྟོག་པ་བཤད་པ་གཉིས། དང་པོ་ལ། འཇུག་པ་གཟུང་རྟོག་བཤད་པ་དང་། ལྡོག་པ་གཟུང་རྟོག་བཤད་པ་གཉིས། དང་པོ་འཇུག་པ་གཟུང་རྟོག་ནི། ངོ་བོ་འཇུག་ཡུལ་ཐེག་ཆེན་གྱི་ཆོས་སུ་རྟོག་པའི་སྒོམ་སྤང་ལྷན་སྐྱེས་དང་། དེ་ལ་ཡུལ་གྱིས་དབྱེ་བས་རྣམ་པ་དགུ་སྟེ། འཇུག་ཡུལ་ཐེག་ཆེན་གྱི་ལུང་དང་རྟོགས་པའི་ཆོས་ལ་རྟོག་ཚུལ་གཉིས།
དང་པོ། མདོར་བསྡུས་རྒྱས་དང་། ཞེས། དོན་མདོར་བསྡུས་སུ་བསྟན་པའི་ལུང་གི་ཆོས་སུ་རྟོག་པ་དང་། རྣམ་གྲངས་རྒྱས་པར་བསྟན་པའི་ལུང་གི་ཆོས་སུ་རྟོག་པ་དང་། གཉིས་པ་རྟོགས་པའི་ཆོས་ལ། སྤང་བྱ་སྐྱོན་གྱི་ཆོས་སུ་རྟོག་པ་དང་། བླང་བྱ་ཡོན་ཏན་གྱི་ཆོས་སུ་རྟོག་ཚུལ་གཉིས་ལས། དང་པོ། སངས་རྒྱས་ཀྱིས། །བསྟངས་པས་ཡོངས་སུ་མ་བཟུང་དང་། །ཞེས། སྤང་བྱ་ཤེར་ཕྱིན་ལྟར་སྣང་པའི་ཕྱོགས་སངས་རྒྱས་ཀྱིས་བསྟངས་པས་ཡོངས་སུ་མ་བཟུང་བ་སྐྱོན་གྱི་ཆོས་ལ་རྟོག་པ་དང་། གཉིས་པ་ཡོན་ཏན་དུ་རྟོག་པ་ལ། དོན་དམ་སྟོང་པའི་ཁྱད་པར་གྱི་ཡོན་ཏན་དང་། ཐ་སྙད་སྣང་བའི་ཁྱད་པར་གྱི་ཡོན་ཏན་རྟོག་ཚུལ་གཉིས།
དང་པོ། དུས་གསུམ་ཡོན་ཏན་མེད་པ་དང་། །ཞེས། དུས་གསུམ་གྱིས་བསྡུས་པའི་ལམ། མཐོང་ལམ་གྱི་སྔར་འགགས་པ་སྦྱོར་ལམ་གྱི་ཡོན་ཏན་དོན་དམ་པར་འགག་པ་མེད་པའི་ཆོས་སུ་རྟོག་པ་དང་། དེ་ལས་ད་ལྟར་སྐྱེས་པ་མཐོང་ལམ་གྱི་ཡོན་ཏན་དོན་དམ་པར་ངོ་བོ་མེད་པའི་ཆོས་སུ་རྟོག་པ་དང་། དེའི་རྗེས་སུ་འབྱུང་བ་སྒོམ་ལམ་གྱི་ཡོན་ཏན་དོན་དམ་པར་སྐྱེ་བ་མེད་པའི་ཆོས་སུ་རྟོག་པ་དང་། གཉིས་པ་ཐ་སྙད་སྣང་བའི་ཡོན་ཏན། ལེགས་པའི་ལམ་ནི་རྣམ་གསུམ་དང་། །ཞེས། ལེགས་པའི་ལམ་གྱི་ཁྱད་པར། སྤང་བྱ་སུན་འབྱིན་པའི་སྒོ་ནས་མྱང་འདས་སུ་སྦྱོར་བའི་ལམ་གྱི་ཆོས་སུ་རྟོག་པ་དང་། ཀུན་བཏགས་ཀྱི་ས་བོན་སྤོང་བའི་སྒོ་ནས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་མཐོང་བའི་ལམ་གྱི་ཆོས་སུ་རྟོག་པ་དང་། ལྷན་སྐྱེས་ཀྱི་ས་བོན་སྤོང་བའི་སྒོ་ནས་གནས་ལུགས་ཀྱི་དོན་ཡང་ཡང་སྒོམ་པའི་ལམ་གྱི་ཆོས་སུ་རྟོག་པ་དང་། དེ་ཡི་དོན་བསྡུ་བ། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས། དེ་ལྟར་ཡུལ་དགུ་ལ་བླང་བྱའི་ཆོས་སུ་གཟུང་བའི་རྣམ་རྟོག་དགུ་པོ་འདི་ནི། ཐེག་ཆེན་གྱི་སྦྱོར་བའི་འཇུག་ཡུལ་གྱི་རྣམ་པའི་ལུང་དང་རྟོགས་པའི་ཆོས་ལ་དམིགས་པའི་སྤྱོད་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཡིན་ནོ། །
གཉིས་པ་ལྡོག་པ་གཟུང་རྟོག་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ་ནི། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས། ངོ་བོ་ལྡོག་ཡུལ་ཐེག་དམན་གྱི་ཆོས་སུ་རྟོག་པའི་སྒོམ་སྤང་ལྷན་སྐྱེས་ཏེ། ཇི་ལྟར་ན། གཟུང་རྟོག་གཉིས་པ་འདི་ནི་ཡུལ་ཐེག་པ་དམན་པའི་ཆོས་རྣམས་ཐེག་ཆེན་གྱི་སྦྱོར་བ་འཇུག་པའི་ཡུལ་མ་ཡིན་ཡང་། དེ་དག་ལྡོག་བྱར་ཤེས་པའི་སྒོ་ནས་སེམས་དང་སེམས་བྱུང་འཇུག་པའི་ཆོས་ཙམ་ཡིན་པས་དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཡིན་པར་བཞེད་པ་ཡིན་ནོ། །
གཉིས་པ་དབྱེ་བ་ལ་རྣམ་པ་དགུ་སྟེ། ལྡོག་བྱ་ཐེག་དམན་གྱི་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ་དང་། སྒོམ་ལམ། མི་སློབ་ལམ་གྱི་ཆོས་ལ་རྟོག་ཚུལ་ལྔ་ལས། དང་པོ། སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང་། །ཞེས། ཉན་རང་ཚོགས་ལམ་པ་བསམ་པའི་ཀུན་སློང་དམན་པས་རྒྱུ་བྱང་ཆུབ་ཏུ་སེམས་མེ་སྐྱེ་བའི་ལམ་དམན་པར་རྟོག་པ་དང་། སྦྱོར་བ་ཚོགས་གཉིས་དམན་པས་འབྲས་བུ་རྫོགས་བྱང་ཡིད་ལ་མི་བྱེད་པར་རྟོག་པ་དང་། གཉིས་པ། ཐེག་པ་དམན་པ་ཡིད་བྱེད་དང་། །ཞེས། སྦྱོར་ལམ་དུ་ཉན་རང་གི་རིགས་ངེས་ཐོབ་པས་ཐེག་པ་དམན་པ་ཡིད་ལ་བྱེད་པར་རྟོག་པ་དང་། གསུམ་པ། རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །ཅེས། མཐོང་ལམ་དུ་ཉན་རང་ལ་ཐབས་ཤེས་ཁྱད་པར་ཅན་གྱི་ཤེར་ཕྱིན་མེད་པས་བླ་མེད་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པར་་རྟོག་པ་དང་། བཞི་པ། སྒོམ་དང་སྒོམ་པ་མེད་པ་དང་། །ཞེས། སྒོམ་ལམ་དུ་ཉན་རང་དམིགས་པ་དང་བཅས་པས་བདེན་བཞིའི་རྣམ་པ་ཉི་ཚེ་བ་སྒོམ་པ་ཡོད་པར་རྟོག་པ་དང་། དམིགས་མེད་ཀྱི་སྒོ་ནས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་སྒོམ་པ་མེད་པར་རྟོག་པ་དང་། ལྔ་པ། དེ་དག་ལས་ནི་བཟློག་ཉིད་དང་། །ཇི་བཞིན་དོན་མིན་རྣམ་རྟོག་པ། །ཞེས། མི་སློབ་ལམ་དུ་ཉན་རང་ལ་སྤང་རྟོགས་མཐར་ཐུག་མེད་པས་གནས་ལུགས་མཐར་ཐུག་པའི་སྒོམ་པ་རྫོགས་པ་མེད་པར་རྟོག་པ་དང་། རྣམ་པའི་སྤྲོས་པ་ཉི་ཚེ་བའི་སྒོམ་པ་རྫོགས་པ་ཡོད་པར་རྟོག་པ་དང་། མི་རྟག་སོགས་ལ་མངོན་ཞེན་གྱི་ཤེས་སྒྲིབ་མ་སྤངས་པས་གནས་ལུགས་ཇི་བཞིན་པའི་དོན་མཁྱེན་པ་མེད་པར་རྟོག་པ་དང་། དེ་ཡི་དོན་བསྡུ་བ། སྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས། དེ་ལྟར་ཡུལ་དེ་དག་ལ་ལྡོག་བྱར་རྣམ་པར་རྟོག་པ་དགུ་ནི་སྒོམ་ལམ་རྩེ་སྦྱོར་གྱི་ལམ་ལ་སྤང་བར་བྱ་བ་ལྡོག་པ་གཟུང་རྟོག་ཏུ་ཤེས་པར་བྱའོ། །
གཉིས་པ་འཛིན་རྟོག་ལ། རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་བཤད་པ་གཉིས། དང་པོ་ནི། ངོ་བོ་གང་ཟག་རྫས་ཡོད་དུ་རྟོག་པའི་སྒོམ་སྤང་ལྷན་སྐྱེས་དང་། དེ་ལ་དབྱེ་ན། རྫས་འཛིན་རྟོག་པ་རྣམ་པ་དགུ་སྟེ། གཞི་ལྟ་བའི་ཁྱད་པར་དུ་བྱས་པ་དང་། ལམ་སྒོམ་པའི་ཁྱད་པར་དུ་བྱས་པ། འཐོབ་བྱ་འབྲས་བུའི་ཁྱད་པར་དུ་བྱས་པ། བྱ་བ་སྤྱོད་པའི་ཁྱད་པར་དུ་བྱས་པའི་གང་ཟག་དང་བཞི།
དང་པོ། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཅེས། གཞི་གང་ཟག་གི་བདག་མེད་རྟོགས་པས་སེམས་ཅན་བཏགས་པའི་སྤྱོད་ཡུལ་ཙམ་དུ་ཤེས་པའི་རྟེན་ཐེག་དམན་གྱི་གང་ཟག་རྫས་སུ་རྟོག་པ་དང་། གཞི་ཆོས་ཀྱི་བདག་མེད་རྟོགས་པས་ཆོས་བཏགས་ཙམ་རྟེན་འབྱུང་ཙམ་དུ་ལྟ་བའི་རྟེན་ཐེག་ཆེན་གྱི་གང་ཟག་རྫས་སུ་རྟོག་པ་དང་། གཞི་བདག་མེད་གཉིས་མ་རྟོགས་པས་ཆོས་ཐམས་ཅད་སྟོང་མིན་ཉིད་དུ་བདེན་པར་འཛིན་པའི་རྟེན་སོ་སྐྱེ་ཐ་མལ་གྱི་གང་ཟག་རྫས་སུ་རྟོག་པ་དང་། གཉིས་པ་ལམ་སྒོམ་པའི་ཁྱད་པར་དུ་བྱས་པའི་གང་ཟག་ནི། ཆགས་དང་རབ་འབྱེད་བདག་ཉིད་དང་། །ཞེས། རྣམ་པ་ཐམས་ཅད་དུ་མངོན་ཞེན་མི་སྤོང་བས་འཁོར་གསུམ་མཚན་མའི་ཆོས་ལ་ཆགས་པ་དང་བཅས་པ་ཐེག་དམན་གྱི་ལམ་ལ་གནས་པའི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། ངོ་བོ་ཉིད་མེད་པར་རྟོགས་པས་ཆོས་རབ་ཏུ་འབྱེད་པ་ཐེག་ཆེན་གྱི་ལམ་ལ་གནས་པའི་རྟེན་གང་ཟག་རྫས་སུ་རྟོག་པ་དང་། གསུམ་པ་འབྲས་བུས་ཁྱད་པར་དུ་བྱས་པའི་གང་ཟག་ནི། དངོས་པོར་བྱེད་དང་ཐེག་གསུམ་དང་། །ཞེས། ཆེད་དུ་བྱ་བ་ཆེན་པོ་གསུམ་མེད་པས་འབྲས་བུ་སྤངས་རྟོགས་ཀྱི་དངོས་པོ་ཉི་ཚེ་བ་ཙམ་ཆེད་དུ་བྱེད་པའི་རྟེན་ཐེག་དམན་གྱི་གང་ཟག་རྫས་སུ་རྟོག་པ་དང་། འབྲས་བུ་ཐེག་གསུམ་གྱི་སྤངས་རྟོགས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་རྟེན་ཐེག་ཆེན་གྱི་གང་ཟག་རྫས་སུ་རྟོག་པ་དང་། བཞི་པ་སྤྱོད་པའི་ཁྱད་པར་གྱི་གང་ཟག་ནི། ཡོན་ནི་དག་པ་མ་ཡིན་དང་། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །ཞེས། ཐུན་མོང་གི་སྤྱོད་པ་ཚུལ་ཡང་དག་པ་ལ་རབ་ཏུ་མ་ཞུགས་པས་ཡོན་དག་པ་མིན་པའི་རྟེན་ཐེག་དམན་སོ་སྐྱེའི་གང་ཟག་ཏུ་རྟོག་པ་དང་། ཐུན་མིན་གྱི་སྤྱོད་པ་འཁོར་གསུམ་དམིགས་མེད་ཀྱི་ཕར་ཕྱིན་མེད་པས་སྦྱིན་སོགས་ཀྱི་སྤྱོད་པ་རྣམ་པར་འཁྲུགས་པའི་རྟེན་ཐེག་ཆེན་སོ་སྐྱེའི་གང་ཟག་ཏུ་རྟོག་པ་དང་། དེ་ཡི་དོན་བསྡུ་བ། འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས། དེ་ལྟར་ཡུལ་གང་ཟག་དེ་དག་ལ་རྫས་སུ་འཛིན་པར་བྱེད་པ་འཛིན་རྟོག་དང་པོ་རྫས་འཛིན་རྟོག་པར་གྱུར་པ་ཉིད་དེ། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱར་ཤེས་པར་བྱ་བར་མདོ་ལས་ཡོངས་སུ་བསྒྲགས་པར་མཛད་པ་ཡིན་ནོ། །
གཉིས་པ་བཏགས་འཛིན་རྟོག་པ་ལ། ངོ་བོ་དང་། དབྱེ་བ་གཉིས་ལས། དང་པོ། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས། ངོ་བོ་གང་ཟག་བཏགས་ཡོད་དུ་རྟོག་པའི་སྒོམ་སྤང་ལྷན་སྐྱེས་ཏེ། ཡུལ་སེམས་ཅན་དུ་བཏགས་ཙམ་གྱི་གང་ཟག་དང་དེ་རྒྱུར་བྱས་པ་ཡི་ཡུལ་ཅན་གྱི་རྟོག་པ་རྣམས། གཉེན་པོ་སྒོམ་ལམ་རྩེ་སྦྱོར་དེ་ཡིས་ས་བོན་སྤོང་བའི་སྒོ་ནས་རྣམ་པར་འཇོམས་པས་སྒོམ་ལམ་ས་དགུར་སྤང་གཉེན་དུ་རིམ་པར་འབྲེལ་བ་ཡི་སྤང་བྱ་མི་མཐུན་ཕྱོགས་རྫས་འཛིན་ལས་གཞན་དུ་བཏགས་འཛིན་རྟོག་པ་རྣམ་པ་དགུའོ། །
གཉིས་པ་རབ་དབྱེ་རྒྱས་པར་བཤད་པ་ལ། སྤང་བྱ་སྒྲིབ་པའི་རབ་དབྱེ་ལ་རྨོངས་པའི་གང་ཟག་དང་། གཉེན་པོ་ཤེར་ཕྱིན་གྱི་ལམ་ལ་རྨོངས་པའི་གང་ཟག་གཉིས་ལས། དང་པོ། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང་། །ཞེས། མཁྱེན་པ་གསུམ་གྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་སྤང་བྱའི་སྒྲིབ་པ་ལ་རྨོངས་པའི་རིམ་པས། རྣམ་མཁྱེན་གྱི་སྤང་བྱ་སྒྲིབ་པའི་རབ་དབྱེ་ལ་རྨོངས་པའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། ལམ་ཤེས་ཀྱི་སྤང་བྱ་སྒྲིབ་པའི་རབ་དབྱེ་ལ་རྨོངས་པའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། གཞི་ཤེས་ཀྱི་སྤང་བྱ་སྒྲིབ་པའི་རབ་དབྱེ་ལ་རྨོངས་པའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། གཉིས་པ་ལ། ཡུལ་ཅན་ཤེར་ཕྱིན་ལ་རྨོངས་པའི་གང་ཟག་དང་། ཡུལ་གཞི་ལམ་འབྲས་གསུམ་ལ་རྨོངས་པའི་གང་ཟག་ཏུ་རྟོག་ཚུལ་གཉིས་ལས། དང་པོ་ནི། ཞི་ལམ། ཞེས། གཉེན་པོའི་ཁྱད་པར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྤྲོས་པ་ཞི་བར་མཁྱེན་པའི་མངོན་རྟོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མ་ཤེས་པར་རྨོངས་པའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། གཉིས་པ་ལ། གཞི་ལམ་འབྲས་བུ་ལ་རྨོངས་པའི་རྟེན་གང་ཟག་ཏུ་རྟོག་ཚུལ་གསུམ་ལས། དང་པོ། དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་མི་ལྡན་དང་། །ཞེས། གཞི་ཤེས་བྱ་ཆོས་ཉིད་དེ་བཞིན་ཉིད་དང་ཆོས་ཅན་གཟུགས་སོགས་ཕན་ཚུན་གཅིག་ཐ་དད་ཀྱིས་མཚུངས་པར་ལྡན་མི་ལྡན་ལ་རྨོངས་པའི་གང་ཟག་བཏགས་པར་རྟོག་པ་དང་། གཉིས་པ། མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཞེས། ལམ་བསྒོམ་བྱའི་ཁྱད་པར་བདུད་སོགས་ཀྱི་སྤྱོད་ཡུལ་མ་ཡིན་པས་ཀུན་ལས་ཁྱད་པར་དུ་འཕགས་པ་མི་མཉམ་པ་ལ་རྨོངས་པའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། ལམ་གྱི་རང་བཞིན་དམིགས་ཡུལ་སྡུག་བསྔལ་ལ་སོགས་པའི་བདེན་བཞི་ཤེས་པ་ལ་རྨོངས་པའི་རྟེན་གང་ཟག་བཏགས་པར་རྟོག་པ་དང་། གསུམ་པ། ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །ཞེས། སྤང་བ་གློ་བུར་གྱི་དྲི་མ་ཉོན་མོངས་པའི་རང་བཞིན་རྣམ་པར་དག་པའི་ངོ་བོ་ལ་རྨོངས་པའི་གང་ཟག་བཏགས་པར་རྟོག་པ་དང་། རྟོགས་པ་གཉེན་པོའི་ཡེ་ཤེས་གཟུང་འཛིན་གཉིས་སུ་མེད་པའི་ངོ་བོ་ལ་ཀུན་ཏུ་རྨོངས་པའི་གང་ཟག་བཏགས་པར་རྟོག་པ་དང་། དེ་ཡི་དོན་བསྡུ་བ། རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས། དེ་ལྟར་ཡུལ་གང་ཟག་བཏགས་ཡོད་ཀྱི་དབྱེ་བས་རྣམ་པར་རྟོག་པ་དགུ་པོ་དེ་ནི་འཛིན་རྟོག་ཐ་མ་བཏགས་འཛིན་རྟོག་པར་མདོ་ལས་བཞེད་པ་ཡིན་ནོ། །
གསུམ་པ་དེ་ལྟར་སྤངས་རྟོགས་རྫོགས་པའི་འབྲས་བུའི་ཡོན་ཏན་ནི། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་འབྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་པར་བྱེད། །ཅེས། དེ་ལྟར་སྤང་བྱ་སྒོམ་སྤང་གི་རིམ་པ་རྣམས་གཉེན་པོའི་ཡེ་ཤེས་ཀྱིས་ཟད་པར་སྤངས་པས། དཔེར་ན་སྐྱེས་བུ་འགའ་ཞིག་ཡམས་ནད་འདི་རྣམས་ཡོངས་སུ་ཟད་པར་གྱུར་ནས་ནི་ཡུན་རིང་དུ་ལོན་ནས་བདེ་བས་དབུགས་ཕྱིན་པ་ལྟར། རྣམ་པ་ཀུན་ཏུ་འགྲོ་བ་ཡི་ཕན་བདེ་མ་ལུས་པ་སྒྲུབ་པ་གཞན་དོན་གྱི་ཁྱད་པར་དང་། སྤངས་རྟོགས་རྫོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རང་དོན་གྱི་ཁྱད་པར་ཏེ། དེ་ལྟ་བུའི་ལམ་གྱི་ཡོན་ཏན་ཐེག་པ་གསུམ་གྱིས་བསྡུས་པའི་སྤངས་རྟོགས་ཀུན་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་ཐམས་ཅད་འདུ་བ་བཞིན་དུ་རྟེན་གྱི་ཁྱད་པར་བཤད་མ་ཐག་པའི་སྤངས་རྟོགས་རྫོགས་པའི་འབྲས་བུ་མཆོག་གིས་མཛེས་ཤིང་སྦ་བ་ཡི་སེམས་དཔའ་ཆེན་པོ་དེ་ལ་ནི། རྣམ་པ་ཀུན་ཏུ་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྟེན་པར་བྱེད་དོ། །
བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་ལ། ངོ་བོ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དུ་བསྟན་པ། དེའི་ཁྱད་པར་གྱི་དབྱེ་བ་རྒྱས་པར་བཤད་པ། དེ་ལ་ལོག་པར་རྒོལ་བའི་རྩོད་པ་སྤོང་བ་གསུམ། དང་པོ་ལ། རྒྱུ་བསོད་ནམས་ཚད་མེད་བར་ཆད་མེད་ལམ་ཀྱི་རང་བཞིན་དང་། ངོ་བོ་ཞི་ལྷག་ཟུང་འབྲེལ་མཐར་ཕྱིན་པའི་ཡེ་ཤེས་གཉིས། དང་པོ། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །བསེ་རུའི་རྟོགས་པ་ཕུན་ཚོགས་དང་། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་བ་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཀྱི་བར་མེད་དེ། །ཞེས། བར་ཆད་མེད་རྩེའི་ངོ་བོ་རྣམ་མཁྱེན་གྱི་དངོས་རྒྱུར་རྫོགས་པའི་ཞི་ལྷག་མཐར་ཐུག་པ་སྟེ་རྒྱུ་ཚོགས་གཉིས་མཐར་ཐུག་བསོད་ནམས་ཚད་མེད་པ་དང་ལྡན་པའི་ཚུལ། མདོ་ལས། མི་འགའ་ཞིག་གིས་སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད། ཉན་ཐོས་དང་རང་རྒྱལ་བསེ་རུ་ལྟ་བུའི་རྟོགས་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པའི་ས་མཐོང་ལམ་ལ་བཀོད་པའི་དགེ་བ་རྣམས་དཔེར་མཛད་ནས། དེ་ལས་ཀྱང་ཆེས་ལྷག་པའི་བསོད་ནམས་རབ་ཏུ་མང་པོ་དང་ལྡན་པར་དངོས་སུ་བསྟན་པ་ཉིད་ཀྱིས་སྤང་དོན་དུ་སངས་རྒྱས་ཉིད་ཀྱི་བར་ཆད་མེད་ལམ་དུ་གྱུར་པའི་རྩེ་སྦྱོར་དེ་ནི་གྲངས་མེད་གསུམ་གྱིས་བསྡུས་པའི་ཚོགས་མཐར་ཐུག་པ་ཉིད་ཀྱིས། བསོད་ནམས་ཚད་མེད་པ་དང་ལྡན་པ་དང་། གཉིས་པ། བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས། རྟེན་ཞི་གནས་ཀྱི་རང་བཞིན་བར་ཆད་མེད་པའི་ཏིང་འཛིན་དུ་གྱུར་པའི་ཞི་གནས་མཐར་ཐུག་པ་ཉིད་དང་། བརྟེན་པ་ལྷག་མཐོང་གི་ཡེ་ཤེས་གཞི་ལམ་འབྲས་བུའི་རྣམ་པ་ཚད་མེད་པ་ཀུན་སྐད་ཅིག་ལ་རྫོགས་པར་མཁྱེན་པ་ཉིད་དོ། །
གཉིས་པ་དེ་ཡི་ཁྱད་པར་གྱི་དབྱེ་བ་ལ། དམིགས་པའི་ཁྱད་པར་སྤྲོས་མེད་མཉམ་པའི་དེ་བཞིན་ཉིད་དུ་བསྟན་པ། བདག་པོའི་ཁྱད་པར་ཞི་གནས་དྲན་རྒྱུན་གྱི་ཏིང་ངེ་འཛིན་དུ་བསྟན་པ། རྣམ་པའི་ཁྱད་པར་ལྷག་མཐོང་འཛིན་སྟངས་ཞི་བའི་ཡེ་ཤེས་སུ་བསྟན་པ་གསུམ། དང་པོ། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས། བར་ཆད་མེད་རྩེ་འདི་ཡི་དམིགས་པའི་ཁྱད་པར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྤྲོས་པའི་དངོས་པོ་མེད་པའི་བདག་མེད་དེ་བཞིན་ཉིད་མཉམ་པ་ཆེན་པོ་དང་། གཉིས་པ། བདག་པོ་དྲན་པ་ཡིན་པར་བཞེད། །ཅེས། བདག་པོའི་ཁྱད་པར་ཞི་གནས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དྲན་པ་ཡེངས་མེད་ཀྱི་རྣལ་འབྱོར་དང་། གསུམ་པ། རྣམ་པ་ཞི་ཉིད། ཅེས། རྣམ་པའི་ཁྱད་པར་ལྷག་མཐོང་རབ་ཏུ་རྫོགས་པའི་ཡེ་ཤེས་དམིགས་མཚན་སྤྲོས་པའི་འཛིན་སྟངས་ཞི་བའི་རྣལ་འབྱོར་ཉིད་དོ། །
གསུམ་པ་རྩོད་སྤོང་ལ། ཇི་ལྟར་རྩོད་པའི་ངོ་བོ་མདོར་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པ། གྲངས་ཀྱིས་དོན་བསྡུ་བ་གསུམ། དང་པོ། འདི་ལ་ནི། །རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །ཞེས། ཤིན་ཏུ་ཟབ་ཅིང་གཏིང་དཔག་དཀའ་བའི་གནས་བར་ཆད་མེད་རྩེའི་དམིགས་རྣམ་འདི་ལ་བདེན་གཉིས་འགལ་མེད་ཟབ་མོ་རྟོགས་པའི་ཐབས་ལ་མི་མཁས་པའི་དངོས་པོར་རབ་ཏུ་སྨྲ་བ་ཚུར་མཐོང་ཚད་མའི་བློ་ཅན་རྣམས་ཀྱིས་རྒྱུན་མི་ཆད་པའི་ཚུལ་དུ་རྒྱུད་མར་རབ་ཏུ་རྒོལ་བར་བྱེད་དོ། །
གཉིས་པ་དབྱེ་བ་རྒྱས་བཤད་ལ། སྤྱི་དང་། བྱེ་བྲག །དོན་བསྡུས་ཏེ་རྩོད་ཚུལ་གསུམ་ལས། དང་པོ། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་བཟུང་བ་དང་། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །ཞེས། རྒྱུ་བར་ཆད་མེད་རྩེ་འདི་ཡི་དམིགས་པ་དངོས་མེད་དུ་འཐད་པར་བསྟན་པ་དང་ནི་དེ་ཡི་རྣམ་པ་ཞི་བའི་ངོ་བོ་ཉིད་དུ་ངེས་པར་བཟུང་བ་དག་ཕན་ཚུན་འགལ་བས་མི་འཐད་པ་དང་། དེ་ལྟར་ན་གཞི་ལམ་འབྲས་བུའི་རྣམ་པ་ཀུན་མཁྱེན་པའི་ཡེ་ཤེས་མི་འཐད་པ་དང་། གཉིས་པ་བྱེ་བྲག་ལ། ཡུལ་གཞི་ལམ་འབྲས་གསུམ་གྱི་དམིགས་པ་དང་། ཡུལ་ཅན་མཁྱེན་པ་གསུམ་གྱི་རྣམ་པ་ལ་རྩོད་པ་གཉིས་ལས། དང་པོ། དམ་པའི་དོན་དང་ཀུན་རྫོབ་དང་། །སྦྱོར་དང་དཀོན་མཆོག་གསུམ་པོ་དང་། །ཞེས། དེ་ལྟར་དམིགས་པ་མི་འཐད་པས། གཞི་དམ་པའི་དོན་གྱི་བདེན་པ་མི་འཐད་པ་དང་། དེ་མེད་པས་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་མི་འཐད་པ་དང་། ཀུན་རྫོབ་མེད་པས་ལམ་ཕྱིན་དྲུག་གིས་བསྡུས་པའི་སྦྱོར་བ་མི་འཐད་པ་དང་། རྒྱུ་སྦྱོར་བ་མེད་པས་འབྲས་བུ་རྟོགས་པ་ཡེ་ཤེས་ཆོས་སྐུ་སངས་རྒྱས་དཀོན་མཆོག་མི་འཐད་པ་དང་། དེ་མེད་པས་སྤང་བ་ངོ་བོ་ཉིད་སྐུ་ཆོས་དཀོན་མཆོག་མི་འཐད་པ་དང་། དེ་ལྟ་བུའི་སྤངས་རྟོགས་མེད་པས་དེའི་རྟེན་ཚོགས་མཐར་ཐུག་པ་དགེ་འདུན་དཀོན་མཆོག་མི་འཐད་པ་དང་། གཉིས་པ་མཁྱེན་གསུམ་གྱི་རྣམ་པ་ལ་རྩོད་པ་ནི། ཐབས་བཅས་ཐུབ་པའི་རྟོགས་པ་དང་། །ཕྱིན་ཅི་ལོག་ནི་ལམ་བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དག་དང་། །ཞེས། དེ་ལྟར་འབྲས་བུའི་རྣམ་པ་མེད་པས་ཐབས་ཕྲིན་ལས་དང་བཅས་པའི་རྣམ་མཁྱེན་མི་འཐད་དེ། ཇི་ལྟར་ན། ཐབས་ཀྱི་ཁྱད་པར་མཛད་པ་ཐབས་ལ་མཁས་པའི་ཕྲིན་ལས་མི་འཐད་པ་དང་། རྟོགས་པའི་ཁྱད་པར་ཐུབ་པའི་རྣམ་པ་སྐྱེ་མེད་དུ་རྟོགས་པའི་རྣམ་མཁྱེན་མི་འཐད་པ་དང་། རྒྱུ་ལམ་མེད་པས་སྤང་བྱ་ཕྱིན་ཅི་ལོག་དང་བཅས་པའི་ལམ་ཤེས་མི་འཐད་དེ། སྤང་བའི་ཁྱད་པར་ལམ་ཕྱིན་ཅི་ལོག་མི་འཐད་པ་དང་། གཉེན་པོའི་ཁྱད་པར་ལམ་གསུམ་དམིགས་མེད་དུ་རྟོགས་པའི་ལམ་ཤེས་མི་འཐད་པ་དང་། གཞི་མེད་པས་གཉེན་པོ་མི་མཐུན་ཕྱོགས་དང་བཅས་པའི་གཞི་ཤེས་མི་འཐད་དེ། གཉེན་པོའི་ཁྱད་པར་གཞི་མཐའ་བྲལ་དུ་རྟོགས་པ་གཉེན་པོའི་གཞི་ཤེས་མི་འཐད་པ་དང་། སྤང་བྱའི་ཁྱད་པར། གཞི་ལ་མཚན་མར་འཛིན་པ་མི་མཐུན་ཕྱོགས་སུ་མི་འཐད་པ་དང་། གསུམ་བསྡུས་ཏེ་རྩོད་ཚུལ། མཚན་ཉིད་དང་ནི་སྒོམ་པ་ལ། །ཞེས། དེ་ལྟར་ཆོས་ཅན་མཁྱེན་གསུམ་མེད་པས་དེ་གསུམ་གཅིག་ཏུ་བསྡུས་པའི་མཚན་ཉིད་མི་འཐད་པ་དང་། དེ་ལྟར་མཚན་ཉིད་ཀྱི་མངོན་རྟོགས་མེད་པས། དེ་ཡི་རྣམ་པ་སྒོམ་པའི་སྦྱོར་བ་མི་འཐད་པའོ། །
གསུམ་པ་གྲངས་ཀྱི་དོན་བསྡུ་བ། སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས། དངོས་པོར་རབ་ཏུ་སྨྲ་བ་རྣམས་ཀྱི་བདེན་གཉིས་འགལ་བར་འཛིན་པའི་ལོག་པར་རྟོག་པ་དོན་དམ་རྟགས་སུ་བཀོད་དེ་ཀུན་རྫོབ་མི་འཐད་པར་རྩོད་པ་དོན་དམ་སྒོ་ཅན་དང་། ཀུན་རྫོབ་ལ་བརྟེན་ནས་དོན་དམ་སུན་འབྱིན་པ་ཀུན་རྫོབ་སྒོ་ཅན་ཏེ་རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་དམིགས་རྣམ་ཟབ་མོ་རྟོགས་པར་དཀའ་བ་ལ་བརྟེན་པ་ཅན་གྱི་་ཀླན་ཀ་རྣམ་པ་བཅུ་དྲུག་དག་ཏུ་མདོ་ལས་བཞེད་དོ། །དེ་དག་སེལ་བྱེད་བདེན་གཉིས་འགལ་མེད་ཀྱི་གནད་དོན་ཟབ་མོ་རྟོགས་པའི་ཐབས་ཀྱི་སྒོ་ནས་ལན་གྱི་རྣམ་པར་གཞག་པ་ལ་མཁས་པར་བྱའོ། །དེ་ལྟར་ན་རྩེ་མོའི་སྦྱོར་བའི་ས་མཚམས་ནི། སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད་པར་བཞེད་དོ། །
མཆོག་རབ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །མཉམ་རྗེས་ས་ལམ་སྤངས་རྟོགས་གོང་ནས་གོང་། ། རབ་ཏུ་རྫོགས་པའི་ཁྱད་པར་དཔག་ཡས་ཀྱི། །རྩེ་མོར་ཕྱིན་པའི་ཚུལ་འདི་མཁྱེན་པར་མཛོད། །བསྡུ་བའི་ཚིགས་སུ་བཅད་པའོ། །ལེའུའི་མཚན་ནི། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་ལྔ་པའི་ཚིག་གི་དོན་བཤད་པའོ།། །།
སྐབས་དྲུག་པ་མཐར་གྱིས་པའི་སྦྱོར་བ།
གཉིས་པ་དེ་རིམ་དང་ཅིག་ཅར་སྒོམ་པའི་ལམ་རིམ་ལ། གནས་སྐབས་ལམ་རིམ་གྱིས་པའི་མངོན་རྟོགས་མཐར་གྱིས་པ་དང་། མཐར་ཐུག་ལམ་ཅིག་ཅར་པའི་མངོན་རྟོགས་སྐད་ཅིག་མའི་སྦྱོར་བ་གཉིས། དང་པོ་ལ། རྗེས་ཐོབ་རྒྱ་ཆེ་བ་ཕར་ཕྱིན་དྲུག་ལྡན་གྱི་མཐར་གྱིས་པ་དང་། མཉམ་གཞག་ཟབ་པ་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་གཉིས། དང་པོ་ལ་དངོས་དང་། ལམ་གྱི་གྲོགས་རྗེས་དྲན་དྲུག་གི་ཉམས་ལེན་བཤད་པ་གཉིས།
དང་པོ། སྦྱིན་པ་ཤེས་རབ་བར་དག་དང་། །ཞེས། དེ་ལ་སྤྱིར་མཐར་གྱིས་པ་ནི་ཇི་སྐད་བཤད་མ་ཐག་པ་དེ་ལྟར་རྣམ་རྫོགས་སྦྱོར་བ་སྒོམ་པ་ལས། དེ་རབ་ཏུ་གྱུར་པ་རྩེ་སྦྱོར་དུ་བཤད་པ་དག་ཀྱང་། དེ་རབ་དེ་ཡི་གོ་རིམ་དང་། །དེ་མཐའ། ཞེས་གསུངས་པ་ལྟར། སྦྱོར་བ་དེ་དག་ཇི་ལྟར་སྒོམ་པའི་ལམ་རིམ་ལ། རྣམ་པ་བརྒྱ་དོན་གསུམ་རིམ་དང་ཅིག་ཅར་སྒོམ་པའི་ཚུལ་གཉིས་སུ་ངེས་པས། རེ་ཞིག་ལམ་རིམ་གྱིས་སྒོམ་པ་མཐར་གྱིས་པ་ལ་མཉམ་རྗེས་གཉིས་ལས། རྗེས་ཐོབ་སྣང་བཅས་ཀྱི་ཏིང་འཛིན་གྱིས། ཐབས་རྒྱ་ཆེ་བ་སྦྱིན་པ་ནས་ཤེས་རབ་བར་གྱི་ཕར་ཕྱིན་དྲུག་གིས་ཟིན་པའི་སྒོ་ནས་ཀུན་རྫོབ་ཐབས་ཀྱི་རང་བཞིན་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་རེ་རེ་བཞིན་མི་གནས་མི་སྦྱོར་བའི་ཚུལ་གྱིས་གྲངས་དང་གོ་རིམ་ངེས་པར་རིམ་ཅན་དུ་སོ་སོར་བསྒོམས་ཏེ། ཏིང་ངེ་འཛིན་ལ་རྩལ་སྦྱོང་བ་ཉིད་ཀྱིས་རྗེས་ཐོབ་སྣང་བཅས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་ཕར་ཕྱིན་དྲུག་ལྡན་གྱི་མཐར་གྱིས་པ་དང་། གཉིས་པ་ལམ་ཁྱད་པར་དུ་བྱེད་པའི་གྲོགས་རྗེས་དྲན་དྲུག་ནི། སངས་རྒྱས་ལ་སོགས་དྲན་དང་། ཞེས། དེ་ལ་མཐར་གྱིས་པའི་མངོན་པར་རྟོགས་པ་ནི། མཉམ་རྗེས་རེས་འཇོག་གི་ཚུལ་དུ་ཚེ་རབས་དུ་མའི་བར་དུ་ཆེས་ཆེར་བསྒོམས་པའི་སྟོབས་ཀྱིས་ལམ་ཁྱད་པར་དུ་གྱུར་པའི་སྒོ་ནས་གྲངས་མེད་གསུམ་སོགས་ཀྱི་ཚོགས་གཉིས་མཐར་ཕྱིན་པར་བྱེད་པ་ལ། མདོ་ལམ་གྱི་ཉམས་ལེན་ཟབ་མོ་འདའ་ཀ་མའི་མན་ངག་སྐྱེ་བ་ཉིང་མཚམས་སྦྱོར་བ་སོགས་ཀྱི་ཚེ་མེད་དུ་མི་རུང་བའི་གནད་དམ་པ། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དྲུག་ནི། སྐྱེ་བ་དང་ཚེ་རབས་རྣམས་སུ། ལམ་གྱི་སྟོན་པ་ཕུན་སུམ་ཚོགས་པའི་རྒྱུར་སངས་རྒྱས་རྗེས་སུ་དྲན་པ་དང་། ལམ་གྱི་ངོ་བོ་ཕུན་སུམ་ཚོགས་པའི་རྒྱུར་ཆོས་རྗེས་སུ་དྲན་པ་དང་། ལམ་གྱི་གྲོགས་ཕུན་སུམ་ཚོགས་པའི་རྒྱུར་དགེ་འདུན་རྗེས་སུ་དྲན་པ་དང་གསུམ་ནི། རྟེན་སྐྱབས་གསུམ་རྗེས་སུ་དྲན་པ་ཉིད་དོ། །ལམ་གྱི་ལུས་རྟེན་ཕུན་སུམ་ཚོགས་པའི་རྒྱུར་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལམ་གྱི་ཡི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་རྒྱུར་གཏོང་བ་རྗེས་སུ་དྲན་པ་དང་། ལམ་གྱི་དཔུང་གཉེན་ཕུན་སུམ་ཚོགས་པའི་རྒྱུར་ལྷག་པའི་ལྷ་སྒོམ་པ་རྗེས་སུ་དྲན་པ་དང་གསུམ་ནི། གྲོགས་བསོད་ནམས་བྱ་བའི་དངོས་པོ་གསུམ་རྗེས་སུ་དྲན་པ་སྟེ། དེ་ལྟར་རྗེས་དྲན་དྲུག་གི་ཉམས་ལེན་ནི། རྗེས་ཐོབ་ཕར་ཕྱིན་དྲུག་གི་མཐར་གྱིས་པ་དང་། མཉམ་གཞག་དངོས་མེད་ངོ་བོའི་མཐར་གྱིས་པ་གཉིས་ཀྱི་གྲོགས་སུ་ངེས་པར་འགྲོ་དགོས་པས། དེ་གཉིས་ཀྱི་བར་གྱི་གསལ་བྱེད་ལྟ་བུར་གསུངས་སོ། །
གཉིས་པ་མཉམ་གཞག་དངོས་མེད་ངོ་བོའི་མཐར་གྱིས་པ་ནི། ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །ཞེས། མཉམ་གཞག་སྣང་མེད་ཀྱི་ཏིང་ངེ་འཛིན་གྱིས། ཤེས་རབ་ཟབ་མོ་རྣམ་ཐར་གསུམ་དང་ལྡན་པའི་སྒོ་ནས་དོན་དམ་ཐབས་བྱུང་གི་རང་བཞིན་གཞི་ལམ་རྣམ་པའི་ཆོས་ཀྱི་སྤྲོས་པའི་དངོས་པོ་སྐྱེ་མེད་ཀྱི་རྣམ་པའི་ངོ་བོ་ཉིད་དུ་བསྡུས་ཏེ་མི་གནས་མི་སྦྱོར་བའི་ཚུལ་གྱིས་བསྒོམས་པས་ལམ་དག་པར་བྱེད་པ་ཉིད་ཀྱིས་མཉམ་གཞག་སྣང་མེད་ཀྱི་ཚོགས་རྫོགས་པར་བྱེད་པ་དེ་ནི་དངོས་མེད་ངོ་བོའི་མཐར་གྱིས་པའོ། །འདི་ལ་གོ་རིམ་རིམ་ཅན་གྱི་སྤྲོས་པ་མེད་ཀྱང་མཐར་གྱིས་པའི་སྐབས་ཀྱི་ཉམས་ལེན་ཡིན་པས་དེ་སྐད་དུ་སྨྲས་པའོ། །
དོན་བསྡུ་བ་ནི། མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས། དེ་ལྟར་མོས་སྤྱོད་ཀྱི་ས་ནས་སྐད་ཅིག་མའི་སྦྱོར་བ་མ་གྲུབ་ཀྱི་བར་དུ། རྗེས་ཐོབ་ཏུ་ཐབས་རྒྱ་ཆེ་བ་མཁྱེན་གསུམ་གྱི་རྣམ་པ་སོ་སོ་བ་དང་། མཉམ་གཞག་ཏུ་ཤེས་རབ་ཟབ་མོ་སྐྱེ་མེད་ཀྱི་རྣམ་པར་བསྡུས་ཏེ་མི་གནས་མི་སྦྱོར་བའི་སྒོ་ནས། མཉམ་རྗེས་རེས་འཇོག་གི་ཚུལ་དུ། མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པ་དང་། སྙིང་པོའི་དོན་ཡིད་ལ་བྱེད་པའི་རིམ་པ་ནི་མཐར་གྱིས་པ་ཡི་ཉམས་ལེན་གྱི་བྱ་བ་ཡིན་པར་སྟོན་པ་སངས་རྒྱས་ཉིད་ཀྱིས་མདོ་ལས་བཞེད་དོ། །
གཞན་དག་མཐར་གྱིས་པའི་ཆོས་བཅུ་གསུམ་རིམ་གྱིས་སྒོམ་པ་ཙམ་མཐར་གྱིས་པའི་དོན་དུ་བཞེད་པ་སོགས་འཆད་ཚུལ་མང་དུ་སྣང་ངོ་། །དེ་ལྟ་བུའི་མཐར་གྱིས་པའི་ས་མཚམས་ནི། འཕགས་པས་ཐོས་བསམ་གྱིས་དྲངས་པའི་དོན་སྤྱིའི་ཚུལ་དུ་སྒོམ་པ་ལ་དགོངས་ཏེ་ཚོགས་ལམ་ནས་དང་། སློབ་དཔོན་གྱིས་སྒོམ་པ་གསལ་སྣང་ཐོབ་པ་ལ་དགོངས་ཏེ། སྦྱོར་ལམ་དྲོད་ནས་རྒྱུན་མཐའི་སྔ་ལོག་གི་བར་དུ་ཡོད་པར་བཞེད་དོ། །
གནས་སྐབས་མཉམ་རྗེས་རེས་འཇོག་ཚུལ་གྱིས་སུ། །ཇི་ལྟའི་མཉམ་གཞག་ཟབ་མོའི་ཡེ་ཤེས་དང་། །ཇི་སྙེད་རྒྱ་ཆེའི་རྣམ་པ་རིམ་གྱིས་སུ། །སྒོམ་པའི་ཏིང་འཛིན་གསུམ་རྫོགས་མཁྱེན་པར་མཛོད། །བསྡུ་བའི་ཚིགས་སུ་བཅད་པའོ། །ལེའུའི་མཚན་ནི། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་དྲུག་པའི་ཚིག་དོན་བཤད་པའོ།། །།
སྐབས་བདུན་པ་སྐད་ཅིག་མའི་སྦྱོར་བ།
གཉིས་པ་ལམ་མཐར་ཕྱིན་པའི་མངོན་རྟོགས་སྐད་ཅིག་མའི་སྦྱོར་བ་ལ། ཐབས་རྒྱ་ཆེ་བའི་ཚོགས་རྣམ་སྨིན་མིན་པའི་སྐད་ཅིག་མ་དང་། ཤེས་རབ་ཟབ་པའི་ཚོགས་རྣམ་པར་སྨིན་པའི་སྐད་ཅིག་མ། ཡུལ་མཉམ་པ་ཉིད་མཚན་ཉིད་མེད་པའི་སྐད་ཅིག་མ། ཡུལ་ཅན་གཉིས་སྣང་མེད་པ་གཉིས་སུ་མེད་པའི་སྐད་ཅིག་མ་དང་བཞི། དང་པོ་ལ། ངོ་བོ་དངོས་དང་། དེ་མཚོན་བྱེད་ཀྱི་དཔེ་བཤད་པ་གཉིས། དང་པོ། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས། ཇི་སྐད་བཤད་པའི་མཐར་གྱིས་པའི་སྦྱོར་བ་རྫོགས་པའི་སྟོབས་ཀྱིས་མཐར་ཐུག་མཉམ་རྗེས་རེས་འཇོག་ལ་མི་ལྟོས་པར་ལམ་གྱི་རྣམ་པ་མཐའ་དག་ཅིག་ཆར་རྫོགས་པའི་སྐད་ཅིག་གིས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་སྐད་ཅིག་མའི་སྦྱོར་བ་ལ་ལྡོག་པའི་མཚན་ཉིད་ཀྱི་སྒོ་ནས་རྣམ་པ་བཞི་ལས། རྣམ་སྨིན་མིན་པའི་ངོ་བོ་ནི་རྒྱ་ཆེ་བའི་རྣམ་པ་བསོད་ནམས་ཀྱི་ཚོགས་མཐར་ཐུག་པ་སྟེ། ཇི་ལྟར་ན། རྗེས་ཐོབ་ཕར་ཕྱིན་དྲུག་ལྡན་གྱི་མཐར་གྱིས་པ་རབ་ཏུ་རྫོགས་པ་ཉིད་ཀྱིས། སྨིན་འབྲས་གཟུགས་སྐུའི་རྒྱུ་མཐར་ཐུག་པ་ཐབས་རྒྱ་ཆེ་བའི་ཚོགས་སྦྱིན་པ་ལ་སོགས་པའི་སྡུད་བྱེད་ཕར་ཕྱིན་རེ་རེ་མངོན་དུ་བྱས་པས་ཀྱང་། དེ་དང་རིགས་མཐུན་པའི་བསྡུ་བྱ་ཐབས་རྒྱ་ཆེ་བ་ཟག་མེད་མཁྱེན་གསུམ་གྱི་རྣམ་པའི་ཆོས་ཀུན་བསྡུས་པའི་ཚུལ་གྱིས་མངོན་དུ་གྱུར་པའི་ཕྱིར། དེ་ལྟར་ཐུབ་པའི་སྐད་ཅིག་གཅིག་པ་ཡིས་རྟོགས་ཏེ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་འདི་ནི། ཐབས་རྒྱ་ཆེ་བ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་གི་ལྡོག་པའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། སྨིན་འབྲས་གཟུགས་སྐུའི་ཡོན་ཏན་གྱི་ངོ་བོར་ད་དུང་སྨིན་ཟིན་པ་མ་ཡིན་པས་སྨིན་པར་བྱེད་པའི་རྒྱུ་ཐབས་རྒྱ་ཆེ་བའི་ཚོགས་ཀྱི་ལྡོག་པ་ཡིན་པའི་ཕྱིར་རོ། །
གཉིས་པ་དེ་མཚོན་བྱེད་ཀྱི་དཔེ་ནི། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས། དེ་ལྟར་ཆོས་གཅིག་མངོན་དུ་བྱས་པས་དེའི་རིགས་མཐུན་གྱིས་ཆོས་ཐམས་མངོན་དུ་བྱེད་པའི་ཚུལ། དཔེ་ཇི་ལྟར་ན་སྐྱེས་བུས་ཟོ་ཆུན་གྱི་རྒྱུད་ལེགས་པར་མཐར་ཕྱིན་པའི་ཚེ་རྡོག་ཐབས་གཅིག་གིས་བསྐྱོད་པ་ན་ཐམས་ཅད་ཅིག་ཅར་འགུལ་བ་ལྟར། རྣམ་སྨིན་མིན་པའི་སྐད་ཅིག་གཅིག་གི་ཡེ་ཤེས་ཀྱང་དེ་བཞིན་དུ་སྦྱིན་པ་ལྟ་བུ་ཟིན་བྱེད་ཐབས་ཀྱི་ཆོས་གཅིག་མངོན་དུ་བྱས་པས་ཀྱང་བསྡུ་བྱ་ཐབས་རྒྱ་ཆེ་བའི་རྣམ་པ་ཐམས་ཅད་ཅིག་ཅར་མངོན་དུ་བྱེད་པར་ཤེས་པར་བྱའོ། །
གཉིས་པ་ཤེས་རབ་ཟབ་པ་རྣམ་པར་སྨིན་པའི་སྐད་ཅིག་མ་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས། ངོ་བོ་ཤེས་རབ་ཟབ་པ་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པའི་མངོན་རྟོགས་ཏེ། ཇི་ལྟར་ན། དངོས་མེད་ངོ་བོའི་མཐར་གྱིས་པ་རབ་ཏུ་རྫོགས་པ་ཉིད་ཀྱིས། བྲལ་འབྲས་ཆོས་སྐུའི་རྒྱུ་མཐར་ཐུག་ཤེས་རབ་ཟབ་པའི་ཚོགས་གཉེན་པོ་ཟག་པ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་གང་གི་ཚེ་དྲི་བྲལ་རང་བཞིན་གྱིས་རྣམ་པར་དག་པ་སྟོན་ཀའི་ཟླ་ལྟར་དཀར་བའི་ཆོས་དག་པ་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ནས་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་རང་མདངས་གློ་བུར་གྱི་དྲི་མས་དག་པའི་གནས་སྐབས་མངོན་དུ་གྱུར་པའི་ཚུལ་གྱིས་སྐྱེས་པ་དེ་ཡི་ཚེ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ནི། ཤེས་རབ་ཟབ་པ་རྣམ་པར་སྨིན་པའི་སྐད་ཅིག་གཅིག་གི་ལྡོག་པའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། རྒྱུད་བླ་མ་ལས། མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པར་འདོད། །ཅེས་གསུངས་པ་ལྟར། བྲལ་འབྲས་ཆོས་སྐུའི་ཡོན་ཏན་ཡེ་ནས་སྨིན་ཟིན་པས་བྲལ་བའི་རྒྱུ། ཤེས་རབ་ཟབ་པའི་ཚོགས་ཀྱི་ལྡོག་པ་ཡིན་པའི་ཕྱིར་རོ། །
གསུམ་པ་ཡུལ་མཉམ་པ་ཉིད་མཚན་ཉིད་མེད་པའི་སྐད་ཅིག་མ་ནི། སྦྱིན་པ་ལ་སོགས་སྤྱོད་པ་ཡི། །ཆོས་རྣམས་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་གཉིས་སུ་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས། ངོ་བོ་མཉམ་ཉིད་མཐའ་བྲལ་དུ་སྒོམ་པའི་མངོན་རྟོགས་མཐར་ཐུག་པ་སྟེ། ཇི་ལྟར་ན། མཐར་འབྲས་མཉམ་ཉིད་ཆོས་སྐུའི་རྒྱུ་ཡུལ་མི་གནས་པའི་སྦྱོར་བ་རབ་ཏུ་རྫོགས་པ་ཉིད་ཀྱིས། མཐར་འབྲས་མཉམ་ཉིད་ཆོས་སྐུའི་རྒྱུ་མཐར་ཐུག་པ་ཡུལ་མཚན་ཉིད་མེད་པའི་ཡེ་ཤེས་སྦྱིན་པ་ལ་སོགས་པའི་སྤྱོད་པ་རང་བཞིན་གྱིས་དག་པའི་ཆོས་རྣམས་དཔེར་ན་རྨི་ལམ་གྱི་ཡུལ་སྣང་དང་འདྲ་བར་མཉམ་པ་ཉིད་དུ་གཟིགས་པའི་ཏིང་ངེ་འཛིན་ལ་གནས་ནས་འཁོར་འདས་བླང་དོར་གྱི་ཆོས་རྣམས་གཉིས་སུ་མེད་པ་མཉམ་པ་ཉིད་དུ་སྐད་ཅིག་མ་ནི་གཅིག་གིས་རྟོགས་ཏེ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ནི། ཡུལ་མཉམ་པ་ཉིད་མཚན་ཉིད་མེད་པའི་སྐད་ཅིག་གི་ལྡོག་པའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། ཤེས་བྱ་བླང་དོར་དུ་མངོན་ཞེན་གྱི་སྒྲིབ་པ་ཤིན་ཏུ་ཕྲ་བའང་སྤོང་བས། ཡུལ་མཚན་ཉིད་མེད་པ་མཉམ་པ་ཉིད་དུ་རྟོགས་པའི་ལྡོག་པ་ཡིན་པའི་ཕྱིར་རོ། །
བཞི་པ། ཡུལ་ཅན་གཉིས་སྣང་མེད་པ་གཉིས་སུ་མེད་པའི་སྐད་ཅིག་མ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས། ངོ་བོ་ཡུལ་ཅན་གཉིས་སྣང་མེད་པའི་སྦྱོར་བ་མཐར་ཐུག་པའི་མངོན་རྟོགས་ཏེ། ཇི་ལྟར་ན། ཡུལ་ཅན་མི་སྦྱོར་བའི་སྦྱོར་བ་རབ་ཏུ་རྫོགས་པ་ཉིད་ཀྱིས། མཐར་འབྲས་གཉིས་མེད་ཡེ་ཤེས་ཀྱི་རྒྱུ་མཐར་ཐུག་པ་བློ་གཉིས་སྣང་མེད་པའི་ཡེ་ཤེས་དཔེར་ན་རྨི་ལམ་གྱི་སྣང་བ་དང་ནི་དེ་མཐོང་བའི་ཡུལ་ཅན་ཉིད་ལྡོག་པ་ཙམ་ལས་དོན་ལ་གཟུང་འཛིན་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར། གཟུང་འཛིན་ལྟར་སྣང་བའི་ཆོས་རྣམས་གཉིས་སུ་མེད་པ་ཡི་དེ་ཁོ་ན་ཉིད་དུ་སྐད་ཅིག་གཅིག་གིས་མཐོང་སྟེ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ནི་ཡུལ་ཅན་གཉིས་སུ་མེད་པའི་སྐད་ཅིག་གི་ལྡོག་པའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། གཟུང་འཛིན་གཉིས་སྣང་གི་སྒྲིབ་པ་ཤིན་ཏུ་ཕྲ་བའང་སྤོང་བས་ཡུལ་ཅན་གཉིས་སྣང་མེད་པར་གཉིས་མེད་རྟོགས་པའི་ལྡོག་པ་ཡིན་པའི་ཕྱིར་རོ། །ཚུལ་འདི་ལ། ཤེས་བྱ་ཆོས་ཅན། སློབ་ལམ་དུ་བདེན་གཉིས་གཅིག་ཅར་དུ་གཟིགས་པ་ཡོད་པར་ཐལ། སྐད་ཅིག་མའི་སྦྱོར་བ་དེ་དེ་ཡིན་པའི་ཕྱིར། ཞེས་སོགས་སྨྲ་བ་རྣམས་ནི། རེ་ཞིག་སློབ་ལམ་དུ་ཆོས་བཞི་ལྡན་གྱི་ཕར་ཕྱིན་ཡོད་ཚུལ་ཙམ་ཡང་མ་མཁྱེན་པར་སྣང་བས། ཤིན་ཏུ་ཟབ་པའི་གནད་འདི་ལ། རབ་ཏུ་སྨྲ་བ་རྣམས་རྒྱུད་མར་རྒོལ་བའི་ཕྱོགས་སུ་གླན་པར་བྱའོ། །
སྐབས་འདིར་འཆད་ཚུལ་གཞན་དང་གཞན་དུ་སྣང་བ་རྣམས་ནི་རེ་ཞིག་དཔེ་ཆོད་བྲི་བར་མ་ལོང་མོད། རྟོགས་པར་འདོད་ན། དེ་དག་གི་ལེགས་བཤད་རྣམས་སུ་གཟིགས་དང་། རྩ་བའི་གཞུང་དོན་གང་དུ་ཡོད། གཟུར་གནས་རྣམ་པར་དཔྱོད་པའི་བློ་དང་ལྡན་ཞིང་། གཞུང་དོན་གྱི་དགོངས་པ་དོན་དུ་གཉེར་བ་རྣམས་ཀྱིས་མཁྱེན་པར་འཚལ་ལོ། །དེ་ལྟ་བུའི་སྐད་ཅིག་མའི་སྦྱོར་བའི་ས་མཚམས་ནི་རྒྱུན་མཐའི་གནས་སྐབས་ཁོ་ནར་ཡོད་པར་བཞེད་དོ། །
མཐར་ཐུག་མཉམ་རྗེས་རེས་འཇོག་མེད་པ་རུ། །དཔག་ཡས་མཚན་ཉིད་བཞི་ལྡན་རྣམ་ཐར་བཞིའི། །རྣམ་ཀུན་ཅིག་ཅར་རྫོགས་དང་ཆབས་ཅིག་པར། །མངོན་རྫོགས་བྱང་ཆུབ་ལམ་མཆོག་མཁྱེན་པར་མཛོད། །བསྡུ་བའི་ཚིགས་སུ་བཅད་པའོ། །ལེའུའི་མཚན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བདུན་པའི་ཚིག་དོན་བཤད་པའོ།། །།
སྐབས་བརྒྱད་འབྲས་བུ་ཆོས་སྐུ།
གསུམ་པ་འཐོབ་བྱ་འབྲས་བུའི་ཡོན་ཏན་རྒྱས་པར་བཤད་པ་ཆོས་སྐུ་ལ་ཐུགས་ཆོས་ཀྱི་སྐུ་ཡོན་ཏན་དང་བཅས་པ། རྟེན་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་དང་བཅས་པ། མཛད་པ་སྤྲུལ་པའི་སྐུ་ཕྲིན་ལས་དང་བཅས་པ་བཤད་པ་གསུམ། དང་པོ་ལ། ཆོས་སྐུ་ཁྱད་པར་གསུམ་ལྡན་གྱི་ངོ་བོ་སྤྱིར་བསྟན་པ་དང་། ཐུགས་ཆོས་སྐུའི་ཡོན་ཏན་རྒྱས་པར་བཤད་པ། དེའི་ནུས་པའི་ཡོན་ཏན་རྟག་ཁྱབ་ལྷུན་གྲུབ་ཏུ་བསྟན་པ་གསུམ།
དང་པོ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས། ངོ་བོ་སྤྱིར་འཐོབ་བྱ་འབྲས་བུའི་ཡོན་ཏན་མཐར་ཕྱིན་པའི་མངོན་རྟོགས་དང་། བྱེ་བྲག་ཆོས་སྐུའི་མཚན་ཉིད། རང་དོན་སྤངས་རྟོགས་མཐར་ཐུག་ཁྱད་པར་གསུམ་ལྡན་ཏེ། ཇི་ལྟར་ན། རྟེན་ཐུབ་པའི་དབང་པོའི་བྲལ་འབྲས་ཆོས་ཉིད་ངོ་བོ་ཉིད་སྐུ་ནི། རྟོགས་པ་ཡེ་ཤེས་ཆོས་སྐུའི་ཁྱད་པར། ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་གིས་བསྡུས་པའི་བྲལ་འབྲས་ཆོས་སྐུའི་ཡོན་ཏན་གང་དག་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བྱ་གློ་བུར་གྱི་དྲི་མ་བསལ་སྟོབས་ཀྱིས་ཐོབ་པར་གྱུར་པ་ཉིད་དེ། དོན་གསལ་ལས། བཅོས་མ་མ་ཡིན་པའི་དོན་གྱིས་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ཀྱི་བྱས་པ་ནི་མ་ཡིན་པས། ཞེས་གསུངས་པ་ལྟར་དང་། སྤང་བ་གློ་བུར་བྲལ་དག་གི་ཁྱད་པར། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་སྤང་བྱ་གློ་བུར་དྲི་མའི་རྣམ་པ་ཀུན་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཅན་དང་། ངོ་བོ་རང་བཞིན་རྣམ་དག་གི་ཁྱད་པར། དེ་ལྟ་བུའི་ཆོས་དེ་དག་ཀྱང་གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་ཅན་དུ་གྱུར་པའོ། །དེ་ལྟར་སྤངས་རྟོགས་མཐར་ཕྱིན་པའི་ངོ་བོ་ལ་སྐུ་གསུམ་དུ་བསྡུ་བའི་ཚེ་ཆོས་ཀྱི་སྐུ་དང་། དེ་ལ་དབྱེ་བས་སྤང་བ་མཐར་ཐུག་དག་པ་གཉིས་ལྡན་གྱི་ཆ་ལ་ངོ་བོ་ཉིད་ཀྱི་སྐུ་དང་། རྟོགས་པ་མཐར་ཐུག་ཟག་པ་མེད་པའི་ཡེ་ཤེས་ལ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་ལྡོག་པས་དབྱེ་བར་མཛད་དོ། །འོན་ཀྱང་སྐབས་ཐ་མ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་སྐུ་ལ་བཞེད་པ་འདི། གཞུང་རྩ་བའི་དགོངས་པ་འཕགས་པས་བཀྲལ་བ་ལྟར་རོ། །འོན་ཀྱང་སྐུ་བཞིར་བྱས་ཏེ་དག་ཆོས་སྐུ་མཚོན་བྱེད་དུ་བཞེད་པ་ནི། ཤུགས་བསྟན་གྱི་བཤད་པར་སྣང་ངོ་། །
བྱེ་བྲག་ཟག་མེད་ཆོས་སྐུའི་ཡོན་ཏན་རྣམས་བྲལ་འབྲས་སུ་བཞེད་པ་ནི། རྒྱུད་བླའི་དངོས་བསྟན་ལྟར་རྟོགས་པར་བྱ་བ་དང་། རྒྱུ་རྐྱེན་གྱིས་མ་བྱས་པའི་རྣམ་པར་བཞག་པ་ནི། རེ་ཞིག་ཐུན་མོང་དང་ཐུན་མིན་གྱི་ཚད་མ་ལ་བརྟེན་ནས། མདོ་དང་བསྟན་བཅོས་ཆེན་པོའི་བསྟན་དོན་གནས་ཚུལ་དང་སྣང་ཚུལ་གྱི་ཁྱད་པར་ལས་རྣམ་མཁྱེན་གྱི་རྣམ་གཞག་ཟབ་པ་ལས་ཀྱང་ཤིན་ཏུ་ཟབ་པའི་དོན་རྣམས་ནི་ད་གཟོད་རྟོགས་པར་བྱ་བའི་གནས་སུ་སྣང་བ་ལས་རང་ཅག་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དད་པར་བྱ་བའི་གནས་སུ་སེམས་སོ། །
གཉིས་པ་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས། དེ་ལ་སྤྱིར་བྲལ་འབྲས་ཆོས་སྐུའི་ཡོན་ཏན་ཚད་ལས་འདས་པ་མཐའ་དག་བསྡུ་ན་སྡེ་ཚན་གྱི་ཆོས་སྐུའི་ཉེར་གཅིག་ཏུ་ཟད་པར་འདུ་སྟེ། ཇི་ལྟར་ན། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་དང་། ཟད་པར་རྣམ་པ་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། སྨོན་ནས་ཡོངས་སུ་མཁྱེན་པ་དང་། མངོན་པར་ཤེས་པ་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། སྟོབས་རྣམ་པ་བཅུ་དང་། མི་འཇིགས་པ་རྣམ་པ་བཞི་དང་། བསྲུང་བ་མེད་པ་རྣམ་པ་གསུམ་དང་། དྲན་པ་ཉེ་བར་བཞག་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་ལྟར་ཉི་ཤུ་རྩ་གཅིག་པོ་ལ་ཆོས་ཀྱི་སྐུ་ཞེས་ཡོངས་སུ་བརྗོད་པ་ཡིན་ནོ། །
གཉིས་པ་ལ། ཉོན་མོངས་མེད་པའི་ཁྱད་པར་དང་། སྨོན་ནསཤེས་པའི་ཁྱད་པར་གཉིས། དང་པོ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་ཉན་ཐོས་ལ་ཡང་ཡོད་ན་དེ་ལ་ཁྱད་པར་དུ་བྱ་བ་ཅི་ཡོད་ཅེ་ན། ཉན་ཐོས་ཀྱི་རྒྱུད་ཀྱི་ཉོན་མོངས་མེད་པའི་ལྟ་བ་ནི་རང་ལ་དམིགས་ནས་མི་ཡི་སྐྱེ་བོ་རྣམས་ལ་ཉོན་མོངས་པ་སྐྱེ་བའི་རྐྱེན་བྱེད་པར་མཐོང་ན་དེར་མི་འགྲོ་བ་སོགས་ཀྱིས་ཡོངས་སུ་སྤོང་བ་ཙམ་ཉིད་དང་། སངས་རྒྱས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི། གྲོང་དང་གྲོང་ཁྱེར་ལ་སོགས་པ་རྣམས་སུ་གང་ཟག་དེ་དག་དེའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་རྒྱུན་གཅོད་པའི་ཕྱིར་ཆེད་དུ་གཤེགས་པ་སོགས་ནི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་ནོ། །
གཉིས་པ། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་། །ཐོགས་པ་མེད་དང་རྟག་གནས་དང་། །དྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས། གང་ཉན་ཐོས་ཀྱི་རྒྱུད་ལ་ཡང་སྨོན་ནས་ཤེས་པ་ཡོད་པས་དེ་དང་ཐ་དད་དུ་བྱ་བའི་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་རྣམ་པ་ལྔ་སྟེ། སྟོན་པ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་སྨོན་ནས་མཁྱེན་པ་ནི། ངོ་བོའི་ཁྱད་པར་རྩོལ་མེད་ལྷུན་གྱིས་གྲུབ་པ་དང་། སྤང་བའི་ཁྱད་པར་དངོས་པོ་ཀུན་ལ་མི་ཞེན་པས་ཆགས་པ་སྤངས་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཐོགས་པ་མེད་པ་དང་། དུས་ཀྱི་ཁྱད་པར་འཁོར་བ་ཇི་སྲིད་པར་རྟག་ཏུ་མཉམ་པར་བཞག་པས་གནས་པ་དང་། བྱེད་པའི་ཁྱད་པར་དྲི་བ་ཀུན་ལ་དུས་གཅིག་ཆར་དུ་ལན་འདེབས་པར་བཞེད་པ་དང་ལྔས་ཉན་ཐོས་ལས་ཁྱད་པར་འཕགས་པའོ། །
གསུམ་པ་དེ་ཡི་ནུས་པའི་ཡོན་ཏན་ལ་ངོ་བོ་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། རྣམ་པ་རྒྱ་ཆེ་བ་ཕྱོགས་མཐར་ཁྱབ་པའི་ཡོན་ཏན་དང་། དུས་མི་ཟད་པ་རྟག་པ་རྒྱུན་གྱི་ཡོན་ཏན་དང་གསུམ། དང་པོ་ལ། དངོས་དང་། དེ་ལ་རྩོད་པ་སྤོང་བ་གཉིས།
དང་པོ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ་། །ཞེས། ནུས་པའི་ཁྱད་པར་གྱི་ཡོན་ཏན་ངོ་བོ་རྩོལ་མེད་ལྷུན་གྱིས་གྲུབ་པ་ནི། ཇི་སྐད་དུ། ཞི་སྐུ་དཔག་བསམ་ཞིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །ཅེས་སོགས་ཀྱིས་བསྟན་པ་ལྟར། རྒྱུ་ཡི་ཁྱད་པར་སྔོན་གྱི་སྨོན་ལམ་དང་ཚོགས་རྫོགས་པའི་སྟོབས་ཡོངས་སུ་སྨིན་པར་གྱུར་ནས། གདུལ་བྱ་ཡུལ་གྱི་ཁྱད་པར་གང་དང་གང་ལ་ནི། འདུལ་བྱེད་ཐབས་ཀྱི་ཁྱད་པར་གང་དང་གང་ནི། དུས་གང་གི་ཚེ་གདུལ་བར་བྱ་བའི་དུས་ལ་བབ་པ་ན། འབྲས་བུའི་ཁྱད་པར་གང་དང་གང་གིས་ཕན་པར་གྱུར་པ་ཡི་དངོས་པོ་དེ་ནི། གནས་སྐབས་དེ་དང་དེ་ལ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དེ་ལྟར་ཡོངས་སུ་སྣང་ངོ་། །
གཉིས་པ་དེ་ལ་རྩོད་པ་སྤོང་བ་ནི། ལྷ་ཡི་རྒྱལ་པོས་ཆར་ཕབས་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས། རྩོད་པའི་ཁྱད་པར་དེ་ལྟར་སངས་རྒྱས་ལ་གདུལ་བྱ་འདུལ་བའི་ནུས་པ་རྩོལ་མེད་ལྷུན་གྱིས་གྲུབ་པ་མངའ་ན། གདུལ་བྱ་སེམས་ཅན་ཐམས་ཅད་ཅིག་ཅར་འདུལ་བར་ཐལ། ཞེས་པ་ལ། ལན་གྱི་ཁྱད་པར། དེ་ལྟར་ཁྱབ་པ་མེད་དེ། དཔེར་ན། ལྷ་ཡི་རྒྱལ་པོས་ཆར་ཕབས་སུ་ཟིན་ཀྱང་ས་བོན་མེས་ཚིག་པ་ལ་སོགས་ལ་སྨིན་དུ་མི་ཏུང་བ་རྣམས་ལ་མྱུ་གུ་མི་འཁྲུངས་པ་ལྟར། སངས་རྒྱས་རྣམས་ནི་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཚུལ་དུ་འཇིག་རྟེན་གྱི་ཁམས་སུ་བྱུང་བར་གྱུར་ཀྱང་། རེ་ཞིག་སྐལ་བ་མེད་པའི་སེམས་ཅན་རྣམས་ཀྱིས་ཆོས་ཉན་པའི་སྒོ་ནས་རྒྱུད་སྨིན་པ་སོགས་ཀྱི་ཁྱད་པར་བཟང་པོ་ཉམས་སུ་མྱོང་བར་མི་འགྱུར་རོ། །
གཉིས་པ་ཡུལ་ཕྱོགས་མཐར་ཁྱབ་པའི་ཡོན་ཏན་ནི། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །ཅེས། དེ་ལྟར་རྩོལ་མེད་ལྷུན་གྱིས་གྲུབ་པའི་སྒོ་ནས་ཕྱོགས་དང་རིས་སུ་མ་ཆད་པར་ཡུལ་ཕྱོགས་མཐར་ཁྱབ་པའི་མཛད་པ་རྒྱ་ཆེ་བའི་ཕྱིར་ན་སངས་རྒྱས་ཀྱི་མཛད་པ་ནི་ཕྱོགས་ཀུན་ཏུ་ཁྱབ་པ་ཞེས་ཀྱང་ངེས་པར་བརྗོད་དོ། །
གསུམ་པ་དུས་རྟག་པ་རྒྱུན་གྱི་ཡོན་ཏན་ནི། དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས། དེ་ལྟ་བུའི་མཛད་པ་དེ་ཉིད་དུས་འཁོར་བ་ཇི་སྲིད་དུ་འགྲོ་དོན་རྒྱུན་ཆད་པའི་ཟད་པ་མེད་པར་སྣང་བའི་ཕྱིར་ན། དུས་རྟག་པ་རྒྱུན་གྱི་འཁོར་ལོ་ཞེས་ཀྱང་ཡོངས་སུ་བརྗོད་པ་ཡིན་ནོ། །
གཉིས་པ་ལོངས་སྐུ་ལ། ལོངས་སྐུ་ངེས་པ་ལྔ་ལྡན་གྱི་ངོ་བོ་སྤྱིར་བསྟན་པ་དང་། སྐུ་མཚན་དཔེའི་ཡོན་ཏན་རྒྱས་པར་བཤད་པ་གཉིས། དང་པོ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས། ངོ་བོ་གཞན་དོན་གཟུགས་སྐུ་མཐར་ཐུག་ངེས་པ་ལྔ་ལྡན་ཏེ། ཇི་ལྟར་ན། གནས་ངེས་པ་འོག་མིན་ཁོ་ནར། སྐུ་ངེས་པ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་གྱི་ལོངས་སྐུ་འདི་ཉིད་ནི། འཁོར་ངེས་པ་ས་བཅུའི་བྱང་སེམས་རྣམས་ལ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་ཁོ་ན། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཉེ་བར་སྟོན་པའི་སྒོ་ནས་ལོངས་སྤྱོད་པའི་ཕྱིར་ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུར་མདོ་ལས་བཞེད་དོ། །
གཉིས་པ་ལ། ཁྱད་གཞི་མཚན་གྱི་ཡོན་ཏན་དང་། ཁྱད་ཆོས་དཔེ་བྱད་ཀྱི་ཡོན་ཏན་བཤད་པ་གཉིས། དང་པོ་ལ། འབྲས་བུ་མཚན་གྱི་ཡོན་ཏན་དང་། འགྲུབ་བྱེད་རྒྱུ་ཡི་ཁྱད་པར་བསྟན་པ་གཉིས། དང་པོ་ལ། བཅུ་ཚན་གསུམ་དང་གཉིས་ལས། དང་པོ། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །ཞེས། སྐྱེས་བུ་དམ་པར་མཚོན་པར་བྱེད་པའི་མཚན་ནི་སུམ་ཅུ་རྩ་གཉིས་ཏེ། བླ་མ་སྐྱེལ་བསུ་ལ་སོགས་པའི་རྒྱུས་ཕྱག་ཞབས་ཀྱི་མཐིལ་ན་རྩིབས་སྟོང་ལྡན་པའི་འཁོར་ལོས་མཚན་པ་དང་། སྡོམ་པ་མི་ཉམས་བརྟན་པས་ཞབས་མཐིལ་གཉིས་རུས་སྦལ་གྱི་ལྟོ་བ་ལྟར་ཁོད་མཉམ་པ་དང་། བསྡུ་དངོས་བཞི་ལ་བསྟེན་པས་ཕྱག་ཞབས་ཀྱི་སོར་མོ་མཛེས་པའི་དྲ་བས་འབྲེལ་བ་དང་། བཟའ་བཅའ་གྱ་ནོམ་པ་སྦྱིན་པས་མཛེས་པས་ཕྱག་ནི་ཞབས་དང་བཅས་པ་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བཏུང་བ་གྱ་ནོམ་པ་སྦྱིན་པས་སྐུ་ཡི་གནས་བདུན་པོ་དག་མཛེས་པའི་རྣམ་པས་མཐོ་བ་དང་། སྐུ་ཡི་གནས་བདུན་ནི་ཕྱག་ཞབས་ཀྱི་རྒྱབ་བཞི་དང་ཕྲག་པའི་སྟེང་གཉིས་ལྟག་པ་དང་བདུན་ནོ། །གསད་བྱ་བཅིངས་པ་ལས་ཐར་པར་བྱས་པས་ཕྱག་ཞབས་ཀྱི་སོར་མོ་རིང་ཞིང་མཛེས་པ་དང་། གཞན་ལ་ཕན་པ་བསྒྲུབས་པས་ཞབས་ཀྱི་རྟིང་པ་ཕྱིར་ཡངས་ཤིང་མཛེས་པ་དང་། ལུས་ཀྱི་སྲོག་གཅོད་སྤངས་པས་མི་ཕལ་པ་ལས་ཁྲུ་བདུན་ཙམ་དུ་སྐུ་ཆེ་ཞིང་དྲང་བ་དང་། དགེ་ཆོས་ཡང་དག་པར་བླངས་པས་ཞབས་ཀྱི་ལོང་བུ་ཕྱིར་འབུར་དུ་མི་མངོན་པ་དང་། དགེ་ཆོས་གཞན་ལ་སྤེལ་བས་སྐུ་ཡི་བ་སྤུའི་རྣམ་པ་གྱེན་དུ་མཛེས་པས་ཕྱོགས་པ་དང་། བཅུ་ཚན་གཉིས་པ། བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །ཞེས། བཟོ་དང་གསོ་བ་སོགས་རིག་པ་སྦྱིན་པས་བྱིན་པ་རི་དྭགས་ཨེ་ན་ཡའི་བྱིན་པ་དང་འདྲ་བར་ཟླུམ་ལ་རྒྱས་པ་དང་། སློང་བའི་སྐྱེ་བོ་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་དང་། དབྱེ་བ་སྡུམ་པར་བྱས་པས་འདོམས་ཀྱི་སྦ་བྱའི་གསང་བ་སྦུབས་སུ་ནུབ་པ་མཆོག་དང་། གདིང་བ་གྱ་ནོམ་པ་སྦྱིན་པས་པགས་པ་གསེར་གྱི་མདོག་ལྟར་དྭངས་པ་ཉིད་དང་། ཁང་བཟང་དམ་པ་སྦྱིན་པས་པགས་འཇམ་ཞིང་སྲབ་པ་དང་། འདུ་འཛི་དང་རྣམ་གཡེང་སྤངས་པས་བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་ལེགས་པར་འཁྲུངས་པ་དང་། སྐྱེ་བོ་བླ་མའི་གནས་ལ་རིམ་གྲོ་བསྒྲུབས་པས་ཞལ་གྱི་སྨིན་མཚམས་སུ་མཉེན་འཇམ་དཀར་བའི་མཛོད་སྤུས་བརྒྱན་པ་དང་། ཁ་དྲག་གི་ཚིག་སྤངས་པས་རོ་སྟོད་སེང་གེ་དང་འདྲ་བར་འཕེལ་ཀ་ཆེ་བ་དང་། སྙན་པ་དང་ལེགས་པར་སྨྲ་བའི་རྗེས་སུ་བྱས་པས་དཔུང་མགོ་གསེར་གྱི་བུམ་པ་ལྟར་ཟླུམ་ཞིང་མཛེས་པ་དང་། འཚོ་བའི་སྨན་སོགས་སྦྱིན་པས་ཕྲག་པའི་ཐལ་གོང་གང་ཞིང་རྒྱས་པ་དང་། སྡེ་ཚན་གསུམ་པ། འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེདྒེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །ཞེས། སྐྱེ་བོའི་ནད་གཡོག་བྱས་པས་གཞན་སྣང་རོ་མི་ཞིམ་པའང་རོ་བྲོ་བའི་མཆོག་ཏུ་སྣང་བ་ཉིད་དང་། ནགས་ཚལ་དང་ཀུན་དགའ་ར་བ་སོགས་བྱེད་པ་ལེན་དུ་བཅུག་པས་སྐུ་ནྱ་གྲོ་ཏ་ལྟར་ཆུ་ཞེང་ཚད་གབ་ཅིང་འཚམས་པ་དང་། གཙུག་ལག་ཁང་ལ་སོགས་པ་སྦྱིན་པས་གཙུག་ཏོར་བལྟར་མི་མངོན་པ་དབུར་ལྡན་པ་དང་། འཇམ་ཞིང་སྙན་པར་སྨྲས་པས་ཞལ་གྱི་དཀྱིལ་འཁོར་ཁེབ་པ་ཙམ་གྱི་ལྗགས་རིང་ཞིང་མཛེས་པ་དང་། འགྲོ་དྲུག་གི་སྐད་དང་མཐུན་པར་ཆོས་བསྟན་པས་གསུང་ཚངས་པའི་དབྱངས་དང་ལྡན་པ་དང་། ངག་འཁྱལ་གྱི་་ཚིག་སྤངས་པས་ཞལ་འགྲམ་སེང་གེའི་འགྲམ་པ་དང་འདྲ་བར་ཟླུམ་ལ་རྒྱས་པ་དང་། སྐྱེ་བོ་ཀུན་གྱི་ཡོན་ཏན་ལ་བསྔགས་པས་ཚེམས་ཀྱི་མདོག་ཤིན་ཏུ་དཀར་བ་ཉིད་དང་། ལོག་པའི་འཚོ་བ་སྤངས་པས་ཚེམས་རིང་ཐུང་མེད་པར་ཚད་མཉམ་པ་ཉིད་དང་། ཚིག་བདེན་པར་སྨྲ་བས་ཚེམས་ཐགས་ཤིན་ཏུ་བཟང་བ་ཉིད་དང་། ཕྲན་མའི་ཚིག་སྤངས་པས་གྲངས་བཞི་བཅུ་ཚང་བ་ཉིད་དང་། གཉིས་པ་ནི། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས། འགྲོ་ལ་བྱམས་པར་བལྟས་པས་སྤྱན་ནི་ནོར་བུ་མཐོན་མཐིང་ལྟར་སྤྱན་འབྲས་དབུས་མ་མཐིང་ལ་སྣུམ་པ་དང་། ཆགས་སྡང་གི་རྟོག་ཚོགས་སྤངས་པས་སྤྱན་གྱི་རྫི་མ་བ་མཆོག་གི་རྫི་མ་འདྲ་བར་གཞོལ་ཞིང་མ་འདྲེས་པ་དང་། དེ་ལྟར་བཅུ་ཚན་གསུམ་དང་གཉིས་བཅས་སུམ་ཅུ་རྩ་གཉིས་ནི་མཚན་བཟང་སོ་གཉིས་སོ། །
གཉིས་པ་དེ་འགྲུབ་པར་བྱེད་པའི་རྒྱུ་ནི། འདི་ལ་མཚན་ནི་གང་གང་གིས། །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །ཅེས། དེ་ལ་གཙོ་ཆེ་བའི་སྒོ་ནས་མཚན་དེ་དག་ནི་རྒྱུ་ཡི་ཁྱད་པར་གང་དང་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པས། འབྲས་བུ་མཚན་གྱི་ཁྱད་པར་ནི་འདི་དག་ཡང་དག་པར་འགྲུབ་པ་ཡིན་ནོ། །
དེ་ལ་རྒྱུ་ཡི་ཁྱད་པར་ནི། བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་པ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས། དེ་དག་གི་དོན་མདོ་ལས་ཇི་སྐད་བྱུང་བ་བཞིན་གོང་དུ་བཤད་མ་ཐག་པའི་ཚུལ་གྱིས་ཤེས་པར་བྱའོ། །
གཉིས་པ་དཔེ་བྱད་ལ། སྡེ་ཚན་བརྒྱད་ལས། དང་པོ། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །ཞེས། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བས་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་ཉིད་དང་། ལྷག་པའི་བསམ་པ་དག་པས་སེན་མོའི་མདོག་སྣུམ་པ་ཉིད་དང་། རིགས་ཀྱི་མཆོག་ལས་སྐྱེས་པས་སེན་མོ་དབུས་མཐོ་བའི་རྣམ་པ་ཉིད་དང་། ཚུལ་ཁ་ན་མ་ཐོ་བ་མེད་པས་སོར་མོ་རྣམས་དབྱིབས་ཟླུམ་པ་ཉིད་དང་། དགེ་བའི་རྩ་བ་རྒྱས་པས་སོར་མོ་རྣམས་རྒྱས་པའི་རྣམ་པ་ཉིད་དང་། ལམ་ལ་མཐར་གྱིས་ཞུགས་པས་སོར་མོ་བྱིན་གྱིས་ཕྲ་བ་ཉིད་དང་། ལོག་པའི་འཚོ་བ་སོགས་བསྲུངས་པས་རྩའི་རྣམ་པ་ཕྱིར་མི་མངོན་པ་ཉིད་དང་། ཉོན་མོངས་པའི་མདུད་པ་སྤངས་པས་རྩ་ལམ་མདུད་པ་མེད་པ་ཉིད་དང་། ལམ་རྟགས་སོགས་ཤིན་ཏུ་སྦས་པའི་ཆོས་ཀྱིས་ལོང་བུ་ཆུང་ནང་དུ་མི་མངོན་པ་ཉིད་དང་། བགྲོད་དཀའི་གནས་ལས་སྐྱེ་བོ་གྲོལ་བས་ཞབས་རིང་ཐུང་མཉམ་པ་ཉིད་དང་།
གཉིས་པ། སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲངས་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་མཚམས། །ཞེས། མི་ཟིལ་གྱིས་གནོན་པར་མཁས་པས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། ཀླུ་ཟིལ་གྱིས་གནོན་པར་མཁས་པས་གླང་ཆེན་གྱི་སྟབས་སུ་གཤེགས་པ་ཉིད་དང་། ནམ་མཁའ་ནས་གཤེགས་པར་མཁས་པས་ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། སྐྱེས་བུའི་ཁྱུ་འདྲེན་པར་མཁས་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། སྐོར་ཕྱོགས་དང་མཐུན་པར་གཤེགས་པས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། གཤེགས་སྟབས་ཤིན་ཏུ་ལེགས་པས་མཛེས་པར་གཤེགས་པ་ཉིད་དང་། སྤྱོད་ཚུལ་གྱ་གྱུ་མེད་པས་དྲངས་པོར་གཤེགས་པ་ཉིད་དང་། གཞན་གྱི་ཡོན་ཏན་བརྗོད་པས་སྐུ་ལ་འཁྲིལ་བག་ཆགས་པ་ཉིད་དང་། སྡིག་པའི་ཆོས་ཀྱིས་མ་གོས་པས་སྐུ་བྱི་དོར་བྱས་པ་དང་འདྲ་བར་གཙང་བ་ཉིད་དང་། ཆོས་གདུལ་བྱ་དང་མཚམས་པར་བསྟན་པས་སྐུའི་ཆ་ཚད་རིམ་པར་མཚམས་པ་ཉིད་དང་།
གསུམ་པ། གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཞེས། སྤྱོད་པ་རྣམ་པར་དག་པས་སྐུ་ཤིན་ཏུ་གཙང་བ་ཉིད་དང་། ཐུགས་རྗེའི་ཐབས་དང་ལྡན་པས་སྐུ་ཤིན་ཏུ་འཇམ་པ་ཉིད་དང་། ཐུགས་རྣམ་པར་དག་པས་རྣམ་པར་དག་པའི་སྐུ་དང་ལྡན་པ་ཉིད་དང་། རྒྱུད་འདུལ་བའི་བསླབ་པ་དག་པས་མཚན་གྱི་ཆ་ཤས་ཡོངས་སུ་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པར་གྱུར་པས་སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང་། འགྲོ་བ་ལ་ཐུགས་སྙོམས་པས་གོམ་པ་ཆེ་ཆུང་སྙོམས་པ་ཉིད་དང་། རྣམ་པར་དག་པའི་ཆོས་སྟོན་པས་སྤྱན་རབ་རིབ་མེད་པས་དག་པ་ཉིད་དང་། ཆོས་གོ་སླ་བར་སྟོན་པས་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ཐུགས་ཞུམ་པ་མེད་པས་སྐུ་ཤ་ཞུམ་པ་མེད་པ་ཉིད་དང་། དགེ་རྩ་འཇིག་རྟེན་ལས་འཕགས་པས་སྐུ་ཤ་རྒྱས་པ་ཉིད་དང་།
བཞི་པ། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་དྲི་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཞེས། སྲིད་པ་ཉེ་བར་ཟད་པས་ཤིན་ཏུ་གྲིམས་པའི་སྐུ་ཅན་ཉིད་དང་། རྟེན་འབྲེལ་གྱི་རྣམ་དབྱེ་སྟོན་པས་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། ཚིག་དོན་དག་པར་སྟོན་པས་གཟིགས་པ་དྲི་མ་མེད་པས་དག་པ་ཉིད་དང་། སློབ་མ་ཚུལ་ཁྲིམས་རྫོགས་པར་མཛད་པས་དཀུ་སྟ་ཟུར་ཟླུམ་པ་ཉིད་དང་། འཁོར་བའི་སྐྱོན་དང་བྲལ་བས་དཀུ་སྐབས་མཚམས་པར་ཕྱིན་པ་ཉིད་དང་། ང་རྒྱལ་གྱི་འགྱིང་བག་བཅོམ་པས་དཀུ་ཧ་ཅང་རིང་བར་མ་རྙོངས་པ་ཉིད་དང་། ཆོས་མི་ཟད་པར་སྟོན་པས་སྐུའི་ལྟོ་བ་མཐོ་དམན་མེད་པར་ཕྱང་ངེ་བ་ཉིད་དང་། ཆོས་ཟབ་མོ་རྟོགས་པས་ལྟེ་བ་གཏིང་ཟབ་པ་ཉིད་དང་། སློབ་མ་དང་མཐུན་པར་རྗེས་སུ་འཛིན་པས་ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། འཁོར་རྣམས་ཀུན་སྤྱོད་མཛེས་པར་མཛད་པས་ཀུན་ནས་བལྟ་ན་སྡུག་པ་ཉིད་དང་།
ལྔ་པ། ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨྲེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །ཞེས། ཐུགས་རྣམ་པར་དག་པས་ཀུན་སྤྱོད་གཙང་བ་ཉིད་དང་། དུས་མིན་དུ་ཆོས་མི་སྟོན་པས་སྐུ་ལ་སྨྲེ་བ་དང་གནག་བག་མེད་པ་ཉིད་དང་། སྒོ་གསུམ་ཟོ་མདོག་བདེ་བའི་རྒྱུ་ཆོས་སྟོན་པས་ཕྱག་ཤིང་བལ་ལྟར་འཇམ་པ་ཉིད་དང་། དགེ་སྦྱོང་གི་སྤྱོད་པ་རྫོགས་པས་ཕྱག་རིས་གསལ་བའི་མདངས་ཡོད་པ་ཉིད་དང་། ཆོས་ཟབ་མོ་ལ་གནས་པས་ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཡུན་དུ་བདེ་བའི་ཆོས་སྟོན་པས་ཕྱག་གི་རི་མོ་རྗེས་སུ་རིང་བ་ཉིད་དང་། བསླབ་པའི་རིམ་པ་སྟོན་པས་ཞལ་ཧ་ཅང་མི་རིང་བར་མཛེས་པ་ཉིད་དང་། ཆོས་ཐམས་ཅད་གཟུགས་བརྙན་ལྟར་རྟོགས་པས་མཆུ་བིམ་པ་ལྟར་དམར་བའི་མདངས་དང་ལྡན་པ་ཉིད་དང་། ཚིག་འཇམ་པོས་འདུལ་བས་ལྗགས་མཉེན་པ་ཉིད་དང་། ཡོན་ཏན་འཐད་པ་མང་པོས་སྟོན་པས་ལྗགས་སྲབ་པར་གྱུར་པ་ཉིད་དང་།
དྲུག་པ། དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །ཞེས། ཟབ་ཅིང་གཏིང་དཔག་དཀའ་བའི་ཆོས་སྟོན་པས་ལྗགས་དམར་བ་ཉིད་དང་། འཇིགས་པའི་གནས་མེད་པས་གསུང་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། ཆོས་སྙན་པར་གསུངས་པས་གསུང་སྙན་པ་མཉེན་ཅིང་འཇམ་པ་ཉིད་དང་། སྲིད་པར་ཀུན་ཏུ་སྦྱོར་བ་བསྡམས་པས་ཚེམས་ཀྱི་མཆེ་བ་ཟླུམ་པ་ཉིད་དང་། འདུལ་དཀའི་གདུལ་བྱ་འདུལ་བས་མཆེ་བ་མཛེས་པར་རྣོ་བ་ཉིད་དང་། ཆོས་རྣམ་པར་དཀར་བ་སྟོན་པས་ཚེམས་ཀྱི་མཆེ་བ་དཀར་ལ་འཚེར་བ་ཉིད་དང་། མཉམ་པའི་ས་ལ་གནས་པས་མཆེ་བ་མཉམ་པ་ཉིད་དང་། མངོན་རྟོགས་ཀྱི་ལམ་རིམ་མཐར་གྱིས་སྟོན་པས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤེས་རབ་མཆོག་ལ་གནས་པས་ཤངས་གཟེངས་མཐོ་བ་ཉིད་དང་། གདུལ་བྱའི་རྒྱུད་དག་པར་མཛད་པས་ཤངས་མཆོག་ཏུ་དག་ཅིང་གཙང་བ་ཉིད་དང་།
བདུན་པ། སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །ཞེས། ཆོས་ཤིན་ཏུ་རྒྱ་ཆེ་བས་སྤྱན་དཀྱུས་ཨུཏྤ་ལའི་འདབ་ལྟར་རིང་ཞིང་ཡངས་པ་ཉིད་དང་། སེམས་ཅན་གྱི་ཚོགས་དྲངས་པས་སྤྱན་གྱི་རྫི་མ་སྟུག་པ་ཉིད་དང་། འགྲོ་བ་གཞོན་ནུ་མ་རྣམས་མགུ་ཞིང་རངས་པས་སྤྱན་དཀར་ནག་གི་མཚམས་ཕྱེས་པ་པདྨའི་འདབ་མ་འདྲ་བར་རྫོགས་པ་ཉིད་དང་། མ་འོངས་པར་རྗེས་སུ་གཟིགས་པས་སྨིན་ཚུགས་རིང་བ་ཉིད་དང་། འདུལ་བའི་ཐབས་འཇམ་པས་སྨིན་མ་འཇམ་པ་ཉིད་དང་། ཐུགས་རྒྱུད་དགེ་བས་བརླན་པས་སྨིན་མ་སྣུམ་པ་ཉིད་དང་། སྤང་བྱའི་སྐྱོན་ལ་གཟིགས་པས་སྨིན་མའི་སྤུ་ནི་མཉམ་པ་ཉིད་དང་། མཆོག་ཏུ་གནོད་པ་བཟློགས་པས་ཕྱག་རིང་ཞིང་རྒྱས་པ་ཉིད་དང་། ཆགས་སོགས་ཀྱི་གཡུལ་ལས་རྒྱལ་བས་སྙན་རིང་ཐུང་མཉམ་པ་ཉིད་དང་། གདུལ་བྱའི་དོན་ལས་མ་ཉམས་པས་སྙན་གྱི་དབང་པོ་ཉམས་པ་རྣམ་པར་སྤངས་པ་ཉིད་དང་། བརྒྱད་པ།
དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས། ལྟ་བས་ཐུགས་མི་གཡོ་བས་དཔྲལ་བའི་སྐྲ་མཚམས་ལེགས་པར་འབྱེས་པ་ཉིད་དང་། ལོག་པར་སྨྲ་བ་འཇོམས་པས་དཔྲལ་བའི་དབྱེས་ཡངས་ཤིང་ཆེ་བ་ཉིད་དང་། སྨོན་ལམ་མཆོག་ཏུ་རྫོགས་པས་དབུ་གདུགས་ལྟར་རྒྱས་པ་ཉིད་དང་། ཡུལ་ལ་སྲེད་ཞེན་ཟློག་པས་དབུ་སྐྲ་བུང་བའི་མདོ་ལྟར་གནག་པ་ཉིད་དང་། སྒྲིབ་གཉིས་ཀྱི་བག་ཉལ་ཟད་པས་དབུ་སྐྲ་སྟུག་པ་ཉིད་དང་། བསྟན་པ་བློ་གྲོས་འཇམ་པོས་རྟོགས་པས་དབུ་སྐྲ་འཇམ་པ་ཉིད་དང་། ཐུགས་ཉོན་མོངས་པས་མ་འཁྲུགས་པས་དབུ་སྐྲ་མ་འཛིངས་པ་ཉིད་དང་། རྟག་ཏུ་ཚིག་རྩུབ་སྤངས་པས་དབུ་སྐྲ་རྩུབ་ཅིང་མི་གཤོར་བ་ཉིད་དང་། བྱང་ཆུབ་ཡན་ལག་གི་མེ་ཏོག་བཀྲམ་པས་དབུ་སྐྲ་དྲི་ཞིམ་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པས་དཔལ་བེའུ་དང་གཞན་ཡང་བཀྲ་ཤིས་པའི་རི་མོས་མཛེས་པར་བརྒྱན་པ་སྟེ། ཆོས་དེ་དག་རྣམས་ནི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་དུ་མདོ་ལས་ཡོངས་སུ་བཞེད་དོ། །
གསུམ་པ་སྤྲུལ་སྐུ་ལ། སྤྲུལ་སྐུ་ཁྱད་པར་ལྔ་ལྡན་གྱི་ངོ་བོ་ངོས་བཟུང་བ་དང་། མཛད་པ་ཕྲིན་ལས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་གཉིས།
དང་པོ་ནི། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས། ངོ་བོ་གང་འདུལ་སྤྲུལ་པ་སྣ་ཚོགས་ཁྱད་པར་ལྔ་ལྡན་ཏེ། གཟུགས་སྐུའི་ཁྱད་པར་སངས་རྒྱས་མཆོག་གི་སྤྲུལ་སྐུ་ལ་སོགས་པའི་སྤྲུལ་པ་གང་གིས། དུས་ཀྱི་ཁྱད་པར་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། ཡུལ་གྱི་ཁྱད་པར་ཕྱོགས་བཅུའི་ཞིང་གི་འགྲོ་བ་སྣ་ཚོགས་པ་རྣམས་ལ། འབྲས་བུའི་ཁྱད་པར་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་པ་སྣ་ཚོགས་པ་དག །མཛད་པའི་ཁྱད་པར་རིས་སུ་མ་ཆད་པར་རྩོལ་མེད་ལྷུན་གྱིས་གྲུབ་པའི་སྒོ་ནས་གདུལ་བྱ་འདུལ་བའི་ཕྲིན་ལས་མཉམ་དུ་མཛད་པའི་སྐུ་དེ་ནི་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་གང་འདུལ་སྤྲུལ་པ་སྐུའི་རྣམ་རོལ་རྒྱུན་མི་ཆད་པའི་བདག་ཉིད་དུ་བཞེད་དོ། །
གཉིས་པ་ཕྲིན་ལས་ལ་ངོ་བོ་མདོར་བསྟན་པ་དང་། རབ་དབྱེ་རྒྱས་པར་བཤད་པ། གྲངས་ཀྱི་དོན་བསྡུ་བ་གསུམ།
དང་པོ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས། སྐབས་བརྒྱད་པ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་གསུམ་པོ་དེ་བཞིན་དུ་བཞི་པ་མཛད་པ་ཕྲིན་ལས་ཀྱི་ངོ་བོ་ནི། གདུལ་བྱ་ཐབས་ཀྱིས་འདུལ་བའི་མཛད་པ་རྒྱུན་མི་ཆད་པ་སྟེ། དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་མཐར་འབྲས་ཆོས་ཀྱི་སྐུ་འདི་ཡི་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་བདག་ཉིད་དུ་འདོད་པ་ཡིན་ནོ། །
གཉིས་པ་ལ། ལམ་གྱི་རྟེན་དང་། ལམ་གྱི་ངོ་བོ་དང་། ལམ་གྱི་འབྲས་བུ་ལ་འགོད་ཚུལ་གསུམ།
དང་པོ། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས། འགྲོ་བ་གང་དག་ངན་སོང་གསུམ་དུ་གཞོལ་བ་རྣམས་སྡུག་བསྔལ་དེ་དག་ཞི་བའི་བདེ་བ་ལམ་གྱི་རྟེན་མངོན་མཐོ་ལྷ་མིའི་རྟེན་ལ་འགོད་པའི་ལས་མཛད་པ་དང་ནི། གཉིས་པ་ལམ་གྱི་ངོ་བོ་ལ། ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ་དང་། སྒོམ་པའི་ལམ་ལ་འགོད་ཚུལ་བཞི་ལས།
དང་པོ། བསྡུ་རྣམ་བཞི་ལ་འགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་། ཞེས། ཚོགས་ལམ་ལ་འགོད་པའི་ཁྱད་པར། ལམ་གྱི་དཔུང་གྲོགས་བསྡུ་བ་རྣམ་པ་བཞི་ལ་འགོད་པ་དང་། ལམ་གྱི་ངོ་བོ་ཀུན་ཉོན་དང་རྣམ་བྱང་རྒྱུ་འབྲས་ཀྱིས་བསྡུས་པའི་བདེན་བཞིའི་དོན་རྟོགས་པ་ལ་འགོད་པ་དང་། བསམ་པའི་ཁྱད་པར་སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་སྒྲུབ་པའི་སེམས་བསྐྱེད་ཚད་མེད་སོགས་ཀྱི་དོན་ལ་འགོད་པ་དང་། སྦྱོར་བའི་ཁྱད་པར་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་འགོད་པ་དང་། བཞི་རྟེན་གྱི་ཁྱད་པར་ངེས་ལེགས་སངས་རྒྱས་ཀྱི་ལམ་དགེ་བཅུ་སོགས་ཀྱི་སྡོམ་པའི་ཚུལ་དང་ལྡན་པར་འགོད་པ་དང་། གཉིས་པ།
རང་བཞིན་གྱི། །སྟོང་པ་ཉིད་དང་། ཞེས། སྦྱོར་ལམ་ལ་འགོད་ཚུལ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་གནས་ལུགས་ཟབ་མོ་རྗེས་སུ་མཐུན་པར་སྒོམ་པ་ལ་འགོད་པ་དང་། གསུམ་པ་མཐོང་ལམ། གཉིས་ཟད་དང་། །ཞེས། སྦྱིན་པའི་ཕར་་ཕྱིན་ལྷག་པ་ས་དང་པོའི་རང་བཞིན་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མངོན་སུམ་མཐོང་བ་ལ་འགོད་པ་དང་། བཞི་པ་སྒོམ་ལམ་ལ། མ་དག་ས་བདུན་དང་། དག་པ་ས་གསུམ་ལ་འགོད་ཚུལ་གཉིས་ལས། དང་པོ། བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །ཞེས། སྒོམ་ལམ་གྱི་ཁྱད་པར་ཚུལ་ཁྲིམས་ལ་སོགས་པ་ལྷག་པར་གྱུར་པ་ས་གཉིས་པ་ནས་ལྔ་པའི་བར་དུ་ཆོས་ཐམས་ཅད་བརྡ་ཙམ་བཏགས་པའི་ངོ་བོར་རྟོགས་པ་ལ་འགོད་པ་དང་། ཤེས་རབ་ཀྱི་ཕར་ཕྱིན་ལྷག་པ་ས་དྲུག་པའི་ཁྱད་པར་ཆོས་ཐམས་ཅད་དམིགས་པ་མེད་པར་རྟོགས་པའི་ངོ་བོ་ལ་འགོད་པ་དང་། ཐབས་ཀྱི་ཕར་ཕྱིན་ལྷག་པ་ས་བདུན་པར་ལུས་ཅན་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པ་དང་། གཉིས་པ་དག་ས་ལ། ས་བརྒྱད་པ་དང་། དགུ་པ་དང་། བཅུ་པར་འགོད་ཚུལ་གསུམ་ལས།
དང་པོ། བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང་། །ཞེས། སྟོབས་ཀྱི་ཕར་ཕྱིན་ལྷག་པ་ས་བརྒྱད་པའི་ཁྱད་པར་ཐུན་མོང་ཉན་རང་གི་སྤངས་རྟོགས་རྫོགས་ཟིན་པས། གཉེན་པོ་རྟོགས་པའི་ཁྱད་པར་ཐེག་ཆེན་ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པ་དང་། སྤང་བྱ་སྤོང་བའི་ཁྱད་པར་ཆོས་ཐམས་ཅད་ལ་མངོན་པར་ཞེན་པའི་ཤེས་སྒྲིབ་བཟློག་པ་ལ་འགོད་པ་དང་། གཉིས་པ། བྱང་ཆུབ་ཐོབ་དང་། ཞེས། སྨོན་ལམ་གྱི་ཕར་ཕྱིན་ལྷག་པ་ས་དགུ་པའི་ཁྱད་པར་སྨོན་ལམ་གྱི་མཆོག་རྫོགས་པའི་བྱང་ཆུབ་འཐོབ་པར་བྱེད་པའི་ཚུལ་ལ་འགོད་པ་དང་། གསུམ་པ་ས་བཅུ་པ་ལ། སྤྱི་དང་། སྲིད་པ་ཐ་མ་པའི་ཁྱད་པར་འགོད་ཚུལ་གཉིས། དང་པོ་ལ། སློབ་ལམ་གྱི་དག་རྫོགས་སྨིན་པ་མཐར་ཐུག་པའི་ཁྱད་པར་དང་། ས་དེའི་ཡོན་ཏན་གྱི་ཆོས་ལ་དབང་འབྱོར་བའི་ཁྱད་པར། ལམ་གྱི་ངོ་པོ་སྤང་གཉེན་གྱི་ཁྱད་པར་ལ་འགོད་ཚུལ་དང་གསུམ་ལས། དང་པོ། སངས་རྒྱས་ཤིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །ཞེས། ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པ་ས་བཅུ་པར། སློབ་ལམ་གྱི་ཞིང་དག་པ་མཐར་ཐུག་གི་ཁྱད་པར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམ་པར་དག་པ་ལ་འགོད་པ་དང་། ཚོགས་རྫོགས་པ་མཐར་ཐུག་པའི་ཁྱད་པར་ཚོགས་ཡོངས་སུ་རྫོགས་པས་འཚང་རྒྱ་བར་སྐྱེ་བ་གཅག་གིས་ཐོགས་པར་ངེས་པ་ལ་འགོད་པ་དང་། སེམས་ཅད་སྨིན་པའི་ཁྱད་པར་ཕྱོགས་བཅུའི་ཞིང་གི་སེམས་ཅན་གྱི་དོན་ཚད་མེད་པར་སྒྲུབ་པ་ལ་འགོད་པ་དང་། གཉིས་པ་ཡོན་ཏན་གྱི་ཁྱད་པར། སངས་རྒྱས་བསྟེན་སོགས་ཡོན་ཏན་དང་། །ཞེས། སེམས་ཀྱི་སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅིག་ཆར་རྫུ་འཕྲུལ་རྣམ་པར་འཕྲུལ་པས་འགྲོ་ཞིང་སངས་རྒྱས་བསྟེན་པ་སོགས་ཡོན་ཏན་ཚད་མེད་པར་དབང་འབྱོར་པ་ལ་འགོད་པ་དང་། གསུམ་པ་ཁྱད་པར་ས་དེའི་ལམ་དང་འབྲས་བུའི་ཆོས་ལ་འགོད་ཚུལ་ནི། བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤངས་པ་དང་། །ཞེས། ལམ་གྱི་ངོ་བོའི་ཁྱད་པར་རྫོགས་བྱང་གི་རྒྱུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པ་ལ་འགོད་པ་དང་། ལམ་གྱི་བྱེད་པའི་ཁྱད་པར་རྒྱུ་ཚོགས་གཉིས་ཀྱི་ངོ་བོའི་ལས་ནི་འབྲས་བུ་རྫོགས་བྱང་དང་འབྲེལ་བའི་ཆུད་མི་ཟ་བའི་རང་བཞིན་ལ་འགོད་པ་དང་། ལམ་གྱི་སྤང་གཉེན་གྱི་རང་བཞིན། གཉེན་པོའི་ཁྱད་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པའི་བདེན་པ་ཇི་ལྟ་བ་བཞིན་མཐོང་བ་རྫོགས་པའི་ཡེ་ཤེས་ལ་འགོད་པ་དང་། སྤང་བའི་ཁྱད་པར་སྤང་བྱ་ཕྱིན་ཅི་ལོག་ཐམས་ཅད་ཡོངས་སྤངས་པའི་རང་བཞིན་ལ་འགོད་པ་དང་། གཉིས་པ་སྲིད་པ་ཐ་མ་པའི་ཁྱད་པར་ལ་འགོད་པ་ནི། དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་། །ཞེས། གནས་སྐབས་ལམ་གྱི་སྤངས་རྟོགས་ལ་འགོད་པའི་ཁྱད་པར། རྟོགས་པའི་ཁྱད་པར་ཕྱིན་ཅི་ལོག་དེ་དག་གི་མཚན་མའི་གཞི་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་ཚུལ་ལ་འགོད་པ་དང་། སྤང་བའི་ཁྱད་པར་གང་སྤང་བར་བྱ་བ་མཐའ་དག་རྣམ་པར་བྱང་བའི་ཚུལ་ལ་འགོད་པ་དང་། མཐར་ཐུག་འབྲས་བུའི་སྤངས་རྟོགས་ཀྱི་དངོས་རྒྱུ་སྒྲུབ་པའི་ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སྤང་བ་ངོ་བོ་ཉིད་སྐུ་རྫོགས་བྱེད་གཉེན་པོའི་ཚོགས་མཐར་ཐུག་པ་ལ་འགོད་པ་དང་། སྲིད་ཞི་མཉམ་ཉིད་རྟོགས་པའི་རྟོགས་པ་ཡེ་ཤེས་ཆོས་སྐུ་རྫོགས་བྱེད་སྣང་སྟོང་དབྱེར་མེད་ཀྱི་རྟོགས་པ་མཐར་ཐུག་པ་ལ་འགོད་པ་དང་། གསུམ་པ་ལམ་གྱི་འབྲས་བུ་ལ་འགོད་པ་ནི། མྱ་ངན་འདུས་ལ་འགོད་པ་སྟེ། །ཞེས། ལམ་གྱི་འབྲས་བུ་མཐར་ཐུག་སྲིད་ཞིར་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་མཛད་པའོ། །
གསུམ་པ་དོན་བསྡུ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས། དེ་ལྟར་སྐབས་བརྒྱད་པ་ཆོས་སྐུ་མཚོན་པར་བྱེད་པའི་ཆོས་མཛད་པ་ཕྲིན་ལས་ནི་རྣམ་པ་ཉི་ཤུ་རྩ་བདུན་དུ་ངེས་དོན་གྱི་མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྟོན་པ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་བཞེད་པ་ཡིན་ནོ། །
རྣམ་ཐར་གསུམ་ལྡན་མཁྱེན་གསུམ་ཆུ་གཏེར་ཆེ། །ཏིང་འཛིན་གསུམ་རྫོགས་སྦྱོར་བཞིས་སྒྲུབ་པའི་འབྲས། །སྐུ་གསུམ་དཀྱིལ་འཁོར་ཡོངས་རྫོགས་ཆོས་ཀྱི་སྐུ། །མཛད་ཕྲིན་གཟི་འོད་འབུམ་བརྡལ་མཁྱེན་པར་མཛོད། །བསྡུ་བའི་ཚིགས་སུ་བཅད་པའོ། །
ལེའུའི་མཚན་ནི། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བརྒྱད་པའི་ཚིག་དོན་བཤད་པའོ།། །།
དེ་ལྟར་རྒྱས་པ་ལ་དགའ་བའི་གདུལ་བྱ་ལ་ཕན་གདགས་པའི་ཕྱིར་མངོན་པར་རྟོགས་པ་བརྒྱད་དུ་བསྟན་པ་དེ་དག་ཀྱང་། རྩ་བའི་ས་བཅད་གསུམ་པ་དེ་ལྟར་བསྟན་པའི་དོན་བསྡུ་བ་ལ། མངོན་པར་རྟོགས་པ་དྲུག་ཏུ་བསྡུ་བ་དང་། དེ་གསུམ་དུ་བསྡུ་བ་གཉིས།
དང་པོ། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམ་དང་། །དེ་མཐར་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས། དེ་ལ་མཁྱེན་གསུམ་ནི་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་ངོ་བོར་གྱུར་པའི་མཚན་ཉིད་ཀྱི་མངོན་རྟོགས་དང་། རྣམ་རྫོགས་སྦྱོར་བ་ནི། མཁྱེན་གསུམ་དེ་ཡི་རྣམ་པའི་སྦྱོར་བ་རྫོགས་པར་སྒོམ་པའི་གནས་སྐབས་ཀྱི་མངོན་པར་རྟོགས་པ་དང་། རྩེ་སྦྱོར་ནི། མཁྱེན་གསུམ་གྱི་རྣམ་པ་དེ་དག་སྐབས་སོ་སོར་གོམས་པར་རབ་ཏུ་གྱུར་པའི་གནས་སྐབས་ཀྱི་མངོན་རྟོགས་དང་། མཐར་གྱིས་པ་ནི། མཁྱེན་གསུམ་གྱི་རྣམ་པ་དེ་དག་སོ་སོ་བ་དང་བསྡུས་པའི་སྒོ་ནས་གོ་རིམ་ངེས་ཅན་དུ་སྒོམ་པའི་གནས་སྐབས་ཀྱི་མངོན་རྟོགས་དང་། སྐད་ཅིག་མ་ནི། མཁྱེན་གསུམ་གྱི་རྣམ་པ་དེ་དག་སྒོམ་པ་མཐར་ཕྱིན་པ་སྐད་ཅིག་མ་རྫོགས་ཏེ་བྱང་ཆུབ་པའི་གནས་སྐབས་ཀྱི་མངོན་རྟོགས་དང་། ཆོས་སྐུ་ནི། མཁྱེན་གསུམ་གྱི་རྣམ་པ་དེ་དག་སྦྱོར་བ་རྫོགས་པའི་རྣམ་སྨིན་ལྟ་བུར་གྱུར་པའི་མངོན་པར་རྟོགས་པ་དང་། དེ་ལྟར་བར་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བཞེད་དེ། མཁྱེན་གསུམ་གཅིག་ཏུ་བྱས་ཏེ་མངོན་པར་རྟོགས་པའི་དོན་བསྡུས་གཞན་རྣམ་པ་དྲུག་གོ །དེ་ལྟར་མངོན་པར་རྟོགས་པ་དྲུག་ཏུ་བསྟན་པ་དེ་དག་ཀྱང་མདོར་བསྡུས་ན། ས་བཅད་གཉིས་པ་དེ་གསུམ་དུ་བསྡུ་བ་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས། ཡུལ་གཞི་ལམ་རྣམ་པའི་གནས་ལུགས་རྟོགས་ཚུལ་ལས་ཕྱེ་བའི་ཡུལ་གྱི་མངོན་རྟོགས་མཁྱེན་པ་གསུམ་པོ་ནི་རྒྱུ་ཡི་ཁྱད་པར་གྱི་མངོན་རྟོགས་དང་། ཡུལ་ཅན་མཁྱེན་པ་གསུམ་གྱི་རྣམ་པ་སྒོམ་ཚུལ་ལས་ཕྱེ་བའི་ཡུལ་ཅན་གྱི་མངོན་རྟོགས་སྦྱོར་བ་བཞི་ནི། སྦྱོར་བའི་གནས་སྐབས་ཀྱི་མངོན་རྟོགས་དང་། དེ་ལྟར་རྒྱུ་མཁྱེན་པ་གསུམ་གྱི་སྦྱོར་བ་སྒོམ་པ་ལས་ཐོབ་པའི་མཐར་འབྲས་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པའི་འབྲས་བུའི་བདག་ཉིད་ཀྱི་མངོན་པར་རྟོགས་པ་སྟེ། དེ་ལྟར་བསྡུས་པ་ལ་དགའ་བའི་འགྲོ་བ་ལ་ཕན་གདགས་པར་བཞེད་དེ་མངོན་པར་རྟོགས་པ་གསུམ་དུ་བཞག་པ་ནི། དོན་བསྡུས་གཞན་ཏེ་རྣམ་པ་གསུམ་མོ། །
དེ་ལྟར་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ནས་སྡུད་པའི་བར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོནམངོན་པར་རྟོགས་པའི་རིམ་པ་མཐའ་དག་རྫོགས་པར་བཀྲལ་བའི་མན་ངག་གི་བསྟན་བཅོས་ཆེན་པོ་འདི་ལ་གུས་རྟག་གི་བརྩོན་པས་འཇུག་པར་བྱ་དགོས་ཏེ། དེ་བཞིན་གཤེགས་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་ཁྱོད་ལ་ཇི་སྐད་བསྟན་པའི་ཆོས་ཀུན་བརྗེད་ཅིང་ཉམས་པར་འགྱུར་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་ཟུར་ཙམ་ཡང་ཉམས་པར་མི་རུང་བས། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་དྲིན་དུ་དྲན་པའི་ཡིད་ཀྱིས་ཤེར་ཕྱིན་འདི་མ་ཉམས་པར་ཟུངས་ཤིག་ཅེས་སོགས་ཀྱིས་གདམས་པར་མཛད་པ་ལྟར་དོན་ཆེ་བའི་ཕྱིར་རོ། །
གསུམ་པ་བརྩམ་པ་རྫོགས་པ་མཇུག་གི་དོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་རྗེ་བཙུན་བྱམས་པ་མགོན་པོས་མཛད་པ་རྫོགས་སོ།། །།
བཞི་པ་མཇུག་གི་དོན་བསྒྱུར་བྱང་ནི། བསྟན་པ་སྔ་དར་གྱི་དུས་སུ་རྒྱ་གར་གྱི་མཁན་པོ་བིརྱ་ཀ་ར་པྲ་བྷ་སྟེ་རིག་པའི་འབྱུང་གནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཟིན་པ་ལས། སླད་ཀྱི་པཎྜི་ཏ་གོ་མི་འཆི་མེད་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཀྱང་ཞུས་དག་ཀྱི་ལེགས་པར་གཏན་ལ་ཕབ་པའོ། །
སྨྲས་པ། གཞུང་མང་རྣམ་བཤད་ངག་གི་འཇའ་འཕྲོ་ཡང་། །དོན་བྲལ་མི་སྲུན་གྲོགས་ཀྱི་སྣང་ཤས་དེས། །འཆད་རྩོད་རྩོམ་པའི་ངལ་འབྲས་སྐབས་རྙེད་ཅི། །བརྗོད་བྲལ་བརྟུལ་ཞུགས་བརྟེན་པས་འཚེངས་པར་འཚལ། །འོན་ཀྱང་གཞུང་དོན་སྙིང་པོའི་ཉི་མ་གང་། །སྤྲོས་བཤད་ཡན་ལག་སྤྲིན་གྱིས་སྒྲིབ་མིན་པར། །ལུང་རིགས་མན་ངག་རྟ་བདུན་ཤིང་རྟ་ཡིས། །ཐུབ་བསྟན་གླིང་བཞི་མཛེས་པའི་རྒྱན་དུ་བྱས། །ཚུལ་འདིས་ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཆེ། །རིས་མེད་བཤད་སྒྲུབ་ཉི་ཟླའི་དཀྱིལ་འཁོར་མཆོག །འཆད་རྩོད་རྩོམ་པའི་འོད་སྣང་ཕྱོགས་མཐར་ཁྱབ། །འགྲོ་ཀུན་ཕན་བདེའི་དཔལ་གྱིས་འཚོ་གྱུར་ཅིག །བདག་ཀྱང་འདི་ནས་ཉིང་མཚམས་སྦྱར་མ་ཐག །དགའ་ལྡན་ཞིང་གི་མགོན་པོ་མ་ཕམ་རྗེའི། །ཞབས་རྡུལ་སྤྱི་བོས་ལེན་པའི་ལྷ་གྲལ་དེར། །སླར་ཡང་སྐལ་མཉམ་ཆོས་ཀྱི་དཔལ་ཐོབ་ཤོག །
དེ་ལྟར་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་དོན་གནད་ཀྱི་མན་ངག་ཉུང་ངུའི་ངག་གིས་བཀོད་པ་འདི་ཡང་ཤར་ཕྱོགས་དྭགས་པོའི་རྒྱུད་དུ་བྱུང་བ་ཤཱཀྱའི་དགེ་སློང་མདོ་སྔགས་བསྟན་པའི་ཉི་མས་དཔལ་ཆོས་ཀྱི་དབང་པོའི་སྒྲུབ་གནས་རྫ་དཀར་ཆུང་རི་ཁྲོད་དུ་སྦྱར་བ་རྫོགས་སོ།། །།
ཤེས་རབ་ཕ་རོལ་ཕྱིན་པའི་མན་ངག་མཆོག །སྦས་དོན་མངོན་པར་རྟོགས་པའི་གསལ་བྱེད་རྒྱན། །མ༵་ཕ༵མ་དཔའ་བོའི་ཞ༵ལ་ལུ༵ང་ཁོ་ན་ལས། །ཡུམ་དོན་ཟབ་རྒྱའི་དགོངས་པ་སུ་ཡིས་འགྲེལ། །ལུང་རྟོགས་བསྟ༵ན་པ༵འི་དེ་ཉིད་སྣང་བྱེད་གཏེར། །མཁྱེན་རབ་རྡོ་རྗེ་རྣོན་པོའི་ཉི༵་མ༵་ཡིས། །ལེགས་བཤད་པདྨོའི་འདབ་སྟོང་བཞད་པ་དང་། །ལྟ་ངན་སྙིགས་མའི་མུན་པ་དེང་འདིར་གཞིལ། །ཐུན་མོང་མ་ཡིན་ཕ་རོལ་ཕྱིན་པའི་མདོ། །ཇི་བཞིན་མ་ཡིན་དངོས་བརྒྱད་དོན་བདུན་ཅུ། །གབ་སྦས་མ་ཡིན་རྒྱས་འབྲིང་བསྡུས་པའི་སྒོ། །ཐེ་ཚོམ་མ་ཡིན་ལུང་རིགས་ཚད་མས་འབྱེད། །བཀའ་དང་དགོངས་འགྲེལ་ཡོངས་རྫོགས་སྔ་འགྱུར་པའི། །ཚད་ཐུབ་མཁས་པའི་སྒྲོས་བཞིན་འཆད་པ་གང་། །ཐུབ་བསྟན་སྲོག་ཤིང་བསྐལ་བརྒྱར་བརྟན་ཕྱིར་དུ། །ཆོས་སྦྱིན་མི་ཟད་སྤར་གྱི་ཕྱི་མོར་བསྐྲུན། །དགེ་བས་མཁའ་མཉམ་སྲིད་པའི་སྡུག་བསྔལ་ལ། །དམིགས་མེད་སྙིང་རྗེའི་གོམས་པ་ངང་བརྟན་ནས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་སོགས། །མ་རྒན་འགྲོ་བའི་ཟུག་རྔུ་འཇོམས་གྱུར་ཅིག །མེ་ཚོགས་སྤུ་གྲིའི་ཐང་ཡང་བརྒལ་ནས་ནི། །རབ་འབྱམས་ཞིང་དུ་དམ་ཆོས་ཡོངས་འཚོལ་ཏེ། །ཟབ་རྒྱས་ཆོས་མཛོད་འཛིན་པའི་ངང་ཚུལ་གྱིས། །སྲས་བཅས་རྒྱལ་བའི་དགོངས་པ་རྫོགས་གྱུར་ཅིག །ཁྱད་པར་རྒྱལ་བསྟན་སྙིགས་མའི་གཞན་དབང་གིས། །ཆོས་མིན་ཆོས་ལྟར་འཆོས་པའི་ཆོས་བརྒྱད་དཔུང་། །གཟུངས་སྤོབས་གནམ་ལྕགས་འབར་བའི་འཁོར་ལོ་ཡིས། །ཕྱོགས་ལས་རྣམ་རྒྱལ་རྒྱལ་རྔ་བརྡུང་གྱུར་ཅིག །དགེའོ། །
ཤེར་ཕྱིན་གྱི་ཟིན་བྲིས།
༄༅། །ཤེར་ཕྱིན་གྱི་ཟིན་བྲིས་བཞུགས།
ན་མོ་མཉྫུ་ཤྲཱི་ཡེ། མཆོད་བརྗོད་ཀྱི་བསྟན་ཚུལ། སྤྱིར་ཤེར་ཕྱིན་གྱི་ཆེ་བའི་ཡོན་ཏན་བརྗོད་དེ་དེ་སྟོན་པ་པོ་རིགས་ཅན་གསུམ་གྱི་ཚོགས་བཅས་ཀྱི་སངས་རྒྱས་ཀྱི་རིགས་སུ་མཐར་ཐུག་འབྲས་བུའི་ཤེར་ཕྱིན་ལ་མཆོད་པར་བརྗོད་དེ། དེ་ཤེར་ཕྱིན་མཚན་ཉིད་པ་ཡིན་པའི་ཕྱིར། དེས་ན་ཀླུ་སྒྲུབ་ཀྱིས་དངོས་བསྟན་ཡུམ་མཚན་ཉིད་པ་གཞི་དབུ་མའི་ཆེ་བ་བརྗོད་དེ་དེ་སྟོན་པ་པོ་སངས་རྒྱས་ཕྱག་གི་ཡུལ་དུ་མཛད། བྱམས་པ་སྦས་དོན་དེ་ཤེར་ཕྱིན་མཚན་ཉིད་པ་འབྲས་ཡུམ་ཕྱག་གི་ཡུལ་དུ་མཛད་དོ།། མདོར་ན་སྤྱིར་ཤེར་ཕྱིན་གྱི་ཆེ་བ་བརྗོད་དེ་ཆེ་བ་དེ་ལྡན་གྱི་ཤེར་ཕྱིན་མཐར་ཐུག་འབྲས་ཡུམ་ལ་ཕྱག་མཛད་པའོ། །
རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་སོགས་ཀྱི་སྐབས། གཞུང་རྩ་བའི་དངོས་བསྟན་ལྟར། འཕགས་གྲོལ་གྱིས། བསྟན་བཅོས་རྩོམ་པའི་དགོས་པ་ཙམ་དུ་འཆད། སེང་གེ་བཟང་པོས། བསྟན་བཅོས་ཀྱི་ཤུགས་བསྟན་དགོས་སོགས་ཆོས་བཞི་དང་སྦྱར་རོ།། གང་ལྟར་ཡང་། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི་མདོ་དོན་སོགས་ཀྱི་དོན་ཡི་གེ་འབྲི་མཆོད་སོགས་ཀྱིས་ཉམས་སུ་ལེན་པར་བྱ་བའི་བདག་ཉིད་ཅན་གྱི་རྗོད་བྱེད་ཤེར་ཕྱིན་གྱི་མདོའི་བརྗོད་བྱའི་དོན་སེམས་བསྐྱེད་དང་གདམས་ངག་ལ་སོགས་པ་དོན་བཅུའི་རང་བཞིན་སྐབས་བརྒྱད་ཀྱི་དབྱེ་བས་ཕྱེ་བ་ཞེས་འཆད་པ་ནི་རྩ་བའི་དགོངས་པ་དང་། ཤནྟི་པའི་འགྲེལ་པ་དང་འགྲེལ་ཆེན་གཉིས་ཀྱི་དགོངས་པ་གནད་གཅིག་ཏུ་འབབ་བོ། གཞི་ལམ་འབྲས་གསུམ་གཅིག་ཐ་དད་ཀྱི་དོན་ནི་ལམ་འབྲས་གཉིས་གཞིས་བསྡུས་སམ་མ་བསྡུས། བསྡུས་ན་གཞི་ལམ་འབྲས་གསུམ་གྱི་ཟླས་ཕྱེ་བའི་ལམ་འབྲས་ཀྱི་རྣམ་གཞག་འཇོག་དཀའ་ཞིང་། མ་བསྡུས་ན་གཞི་བདེན་གཉིས་ཀྱི་ཁོངས་སུ་ཤེས་བྱ་མ་འདུས་པར་ཐལ་ཞེ་ན། སྤྱིར་གཟུགས་ནས་རྣམ་མཁྱེན་བར་གྱི་ཤེས་བྱ་ཐམས་ཅད་ལ། སྣང་ཚད་ཀུན་རྫོབ། དེའི་སྟོང་ཉིད་དོན་དམ་དུ་བཞག་ཚེ་གཞི་བདེན་གཉིས་ཀྱིས་མ་བསྡུས་པའི་ཤེས་བྱ་མེད་ལ། དེའི་དབང་དུ་ན་ལམ་འབྲས་གཉིས་ཀྱང་དེས་བསྡུས་མོད། འོན་ཀྱང་བརྗོད་འདོད་ཀྱི་དབྱེ་བས། ཤེར་ཕྱིན་སོགས་ལས་སྤྱིར་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་གཞི་དང་། བདེན་བཞི་སོགས་ལམ་དང་། སྟོབས་སོགས་འབྲས་བུར་འཇོག་པར་མཛད། བསྡུ་བ་དཔྱད་ན། ཕྱི་མ་ཕྱི་མ་སྔ་མ་སྔ་མའི་བྱེ་བྲག་ཏུ་འགྱུར་བ་སོགས་ཀྱི་རྣམ་དབྱེ་ལ་མཁས་དགོས་པར་སེམས་སོ།།
སྐབས་དང་པོར་རྣམ་མཁྱེན་ཞེས་བརྗོད་པ་ནི་འབྲས་བུའི་རྣམ་པ་སྐྱེ་མེད་དུ་ཤེས་པའི་མངོན་རྟོགས་ལ་རྣམ་མཁྱེན་ཞེས་བརྗོད་ཀྱི་སྐབས་བརྒྱད་པར་བསྟན་པའི་རྣམ་མཁྱེན་ཡེ་ཤེས་ཆོས་སྐུ་དང་གཅིག་ཏུ་འཁྲུལ་པར་མི་བྱ་སྟེ། སྐབས་དང་པོར་བསྟན་པའི་རྣམ་མཁྱེན་རྒྱུ་དང་། སྐབས་བརྒྱད་པར་བསྟན་པའི་རྣམ་མཁྱེན་འབྲས་བུ་ཡིན་པའི་ཕྱིར་ཏེ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ།། སྦྱོར་བ་བཞི་ཡི་བདག་ཉིད་དང་།། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི།། དོན་བསྡུས་གཞན་ཏེ་རྣམ་པ་གསུམ། ། ཞེས་གསུངས་པའི་ཕྱིར། གལ་ཏེ་ཡུལ་མཁྱེན་གསུམ་དང་། རྒྱུ་སྦྱོར་བཞི་དང་། འབྲས་བུ་ཆོས་སྐུ་ཞེས་བརྗོད་དོ་ཞེ་ན། གཞུང་རྩ་བར། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ།། ཞེས་གསུངས་ཀྱི།། ཡུལ་ནི་རྣམ་པ་གསུམ་དང་རྒྱུ་ཞེས་མ་གསུངས་པས། ཚིག་དོན་ལ་མི་འབྱོར་བའོ།། སློབ་དཔོན་གྱིས་སྦྱོར་བཞི་རྒྱུར་གསུངས་པ་ནི་སྐབས་བརྒྱད་ཀྱི་དོན་ཡོངས་རྫོགས་རྒྱུ་འབྲས་གཉིས་སུ་བསྡུས་ཚེ། སྦྱོར་བཞི་ཡང་རྒྱུས་བསྡུས་པར་གསུངས་ཀྱི། མཁྱེན་གསུམ་རྒྱུ་མིན་པར་བསྟན་པ་ག་ལ་ཡིན། གལ་ཏེ་ཡིན་ན། གཞུང་རྩ་བ་དང་མི་མཐུན་ཞིང་། འཕགས་སེང་དགོངས་པ་འགལ་བར་ཐལ་ལོ།། འོ་ན་སྐབས་དང་པོར་རྣམ་མཁྱེན་ཞེས་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། སྒྲ་བཤད་འཇུག་གི་དབང་ལས་སྐབས་དང་པོ་གསུམ་ཀར་ཡང་ཐམས་ཅད་མཁྱེན་པ་ཞེས་བརྗོད་དེ། ཐམས་ཅད་མཁྱེན་པ་གསུམ་ཡོངས་སུ་ཤེས་པ་ནི་ཞེས་སོགས་གསུངས་པའི་ཕྱིར། སེམས་བསྐྱེད་ལ། མཚན་ཉིད། མཚན་གཞི། ས་མཚམས། བསྟན་ཚུལ་སོགས་ལས། མཚན་ཉིད་ནི། ཐེག་ཆེན་གྱི་སེམས་བསྐྱེད་མཐའ་དག་གི་མཚན་ཉིད་དུ་གོ་བར་བྱའོ།།
མཚན་གཞི་ནི། བྱམས་པ་དང་ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་དུ་
བསྟན་པས་གཙོ་སེམས་དེ་མཚན་གཞི་མིན་ནམ་སྙམ་པའི་དོགས་པ་བཟློག་ཕྱིར་འཕགས་སེང་གཉིས་ཀྱིས་གྲོགས་དེས་ཟིན་པས་གྲོགས་ཅན་གཙོ་སེམས་ཀྱང་དེའི་མཚན་གཞིར་བསྟན་པས། སློབ་དཔོན་དེ་དག་དགོངས་པ་གཅིག་ཏུ་འབབ་ཀྱི། གཞན་དུ་ན། འཕགས་སེང་གཉིས་ཀྱིས་བྱམས་མགོན་གྱི་བཞེད་པ་མི་སྒྲུབ་པར་དགག་པར་འགྱུར་རོ།། དེས་ན་ཀུན་མཁྱེན་གྱིས།། ཡིད་བཞིན་མཛོད་སོགས་ལས། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་བསྐྱེད།། ཅེས་གསུངས། མདོར་ན་སེམས་སེམས་བྱུང་དམིགས་པ་སོགས་མཚུངས་པ་ལྔ་མཚུངས་ཀྱི་དོན་རྟོགས་པར་བྱའོ།། ས་མཚམས། སེམས་བསྐྱེད་ཀྱི་དབྱེ་བ་ཉེར་གཉིས་ཀྱིས་མ་བསྡུས་པའི་སེམས་བསྐྱེད་མེད་ཅིང་། སངས་རྒྱས་ས་ཡི་སེམས་བསྐྱེད་ཀྱང་སེང་གེ་བཟང་པོའི་དགོངས་པ་ལྟར་སེམས་བསྐྱེད་ཐ་མ་གསུམ་གྱིས་བསྡུས་པར་ཤེས་པར་བྱའོ།། འོ་ན་མདོ་རྒྱན་སོགས་ལས་བསྟན་པ་ནི་སེམས་བསྐྱེད་ཉེར་གཉིས་རྫོགས་པར་བྱང་སེམས་ཀྱིས་ཉམས་སུ་ལེན་ཞིང་། དེའི་དབང་དུ་ན་ཐ་མ་གསུམ་གྱི་ཐོག་པའི་ས་མཚམས་ཀྱང་བྱང་སེམས་ས་བཅུ་པ་ནས་འཇོག་གོ། བསྟན་ཚུལ། ས་ལྟ་བུའི་སེམས་བསྐྱེད་ཀྱིས་དོན་གཉིས་མདོར་བསྟན། དེ་ནས་མེ་ལྟ་བུའི་བར་གྱིས་བྱང་ཆུབ་རྒྱས་པར་བཤད། དེ་མན་གྱིས་གཞན་དོན་རྒྱས་པར་བསྟན་ཟེར། འོ་ན་རྒྱས་བཤད་དེ་གཉིས་ཀྱི་མཚོན་བྱ་མ་ཡིན་པར་ཐལ། མཚན་ཉིད་དེ་མ་ཡིན་པའི་ཕྱིར། དེར་ཐལ། ཟུར་གཉིས་མ་ཚང་བའི་ཕྱིར་ཏེ། དོན་གཉིས་ཕྱོགས་རེ་བ་སོ་སོར་བསྟན་པའི་ཕྱིར་རོ།།
དེས་ན་བཤད་མ་ཐག་པའི་མཚན་ཉིད་ཀྱི་སྒོ་ནས་མདོར་བསྟན་དེ་དང་། མཚན་གཞི་དཔེ་ཡི་སྒོ་ནས་རྒྱས་པར་བཤད་པ་དེ་ནི་མདོའི་དོན་ཇི་ལྟ་བ་བཞིན་དུ། བསྡུས་པ་དང་རྒྱས་པའི་སྒོ་ནས་བཤད་དོ།། ཞེས་གསུངས། མདོར་ན་སེམས་བསྐྱེད་ཀྱི་མཚན་ཉིད་ཟུར་གཉིས་ཚང་བ་དེ་མཚན་གཞིའི་དབྱེ་བའི་སྒོ་ནས་ཉེར་གཉིས་སུ་བསྟན། མཚན་གཞི་ས་ཚང་བ་ནི་སེམས་བསྐྱེད་མཚན་ཉིད་པར་འཇོག་དགོས་ཀྱི། དབྱེ་བ་གསེར་སོགས་གསུམ་བྱང་ཆུབ་དང་། གཏེར་སོགས་ཀྱི་སེམས་བསྐྱེད་གཞན་དོན་རྒྱས་བཤད་དུ་བཞག་ཚེ། ཚོགས་སྦྱོར་དུ་བྱང་ཆུབ་ལ་དམིགས་པ་ཙམ་དང་ས་དང་པོ་ཡན་གཞན་དོན་ལ་དམིགས་པ་ཙམ་ལས་དེ་གཉིས་ཟུང་དུ་མ་ཚོགས་པར་སེམས་བསྐྱེད་མཚན་ཉིད་པར་འཇོག་པར་དཀའ་འོ།། སློབ་དཔོན་འཕགས་པའི་བཞེད་པ་ནི། སོ་སྐྱེའི་སྐབས་བྱང་ཆུབ་དང་། འཕགས་པ་ཐོབ་ནས་གཞན་དོན་ལ་དམིགས་པ་གཙོ་ཆེ་བས་དེར་བསྟན་པ་ཙམ་མོ། གདམས་ངག་སྐབས། ཤེས་བྱ་བདེན་གཉིས་སུ་གཏན་ལ་ཕབ་སྟེ། དེ་གཉིས་འགལ་མེད་དུ་རྟོགས་པའི་སྒོ་ནས། མངོན་རྟོགས་ཀྱི་ངོ་བོ་བདེན་གཉིས་ཀྱི་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་རྣམ་པ་ཅན་དུ་སྒྲུབ་པར་འདོམས་པའོ། ། དེ་ལྟར་སྒྲུབ་པའི་ངོ་བོ་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས། རྟེན་མཆོག་གསུམ་ལ་སྐྱབས་སུ་བརྟེན་ཏེ། དམིགས་ཡུལ་བདེན་པ་བཞི་ལ་དམིགས་ཤིང་། ལམ་གྱི་འགལ་རྐྱེན་ལེ་ལོ་གསུམ་གྱི་གཉེན་པོར་བརྩོན་འགྲུས་གསུམ་ལ་གནས་པས་རང་གཞན་གྱི་དོན་གཉིས་རླབས་པོ་ཆེ་སྒྲུབ་པའི་གྲོགས་སྤྱན་དང་མངོན་ཤེས་མངའ་བས། ལམ་གྱི་དངོས་གཞི་མཐོང་སྒོམ་མངོན་དུ་བྱེད་པར་འདོམས་པའོ།།
སྦྱོར་ལམ་སྐབས། གཟུགས་སོགས་ཀྱིས་མཚོན་ཏེ་བསྟན་པ་ནི། གཟུགས་སོགས་གཞི་དང་། རྣམ་ཐར་སོགས་ལམ་དང་། སྟོབས་སོགས་འབྲས་བུའི་རྣམ་པ་སྟེ། རྣམ་པ་བརྒྱ་དོན་གསུམ་བདེན་གཞིའི་རྣམ་པར་བསྡུས་ཏེ་མཉམ་གཞག་ཏུ་སྤྲོས་བྲལ་སྒྲོ་འདོགས་སོ་གཉིས་དང་བྲལ་བར་བསྒོམ་པ་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་དང་། རྗེས་ཐོབ་ཏུ་བདེན་བཞིའི་རྣམ་པ་བརྒྱ་བདུན་ཅུར་ཕྱེ་བ་རྣམས་མི་གནས་མི་སྦྱོར་བའི་ཚུལ་གྱིས་རིམ་བཞིན་ཕར་ཕྱིན་དྲུག་ལྡན་དུ་བསྒོམ་པ་ཐབས་རྒྱ་ཆེ་བ་ཕར་ཕྱིན་དྲུག་གི་མཐར་གྱིས་པའི་ཚུལ་གྱིས་ཉམས་སུ་ལེན་ཚུལ་ཤེས་པར་བྱའོ།། མདོར་ན་སྔ་མའི་རྣམ་པ་ཕྱི་མའི་དམིགས་པར་བྱེད་པ་ལྟ་བུའི་སྒོ་ནས་སྤྲོས་པ་མཐའ་དག་དང་བྲལ་བར་བསྒོམ་པའོ།། རྟོག་པ་ལ་གཟུང་འཛིན་གཉིས། དང་པོར་ཀུན་བྱང་གཉིས། གཉིས་པར་རྫས་བཏགས་གཉིས་ཏེ་བཞི། གཟུང་འཛིན་དེ་གཉིས་ཀྱི་ཁྱད་པར་ལ། བདག་དང་བདག་གི་བའི་སྒོ་ནས་འཇོག་པ་ནི་འཇིག་ལྟར་འདུས་སོ།། དེས་ན་གཞུང་རྩ་བའི་དངོས་བསྟན་ལྟར། དང་པོ་ཆོས་ཀྱི་བདག་འཛིན་དང་། གཉིས་པ་གང་ཟག་གི་བདག་འཛིན་ཏེ་དེ་གཉིས་ཀྱི་ཁྱད་པར་དུ་བྱས་པར་ཤེས་པར་བྱའོ།། དེ་ལྟར་ཕྱེ་བའི་དགོས་པ། དེ་གཉིས་ལོངས་སྤྱད་བྱ་དང་སྤྱོད་བྱེད་དུ་རྟོག་པར་བྱེད་པ་ཕྱི་རོལ་བའི་འདོད་པ་སུན་འབྱིན་པ་དང་། དེས་མཚོན་ནས། འཁོར་གསུམ་རྣམ་པར་རྟོག་པ་གང་། ། དེ་ནི་ཤེས་བྱའི་སྒྲིབ་པར་འདོད།། ཅེས་དང་། འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་ནི་སོགས་གསུངས་པ་ལྟར་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་སྤང་བྱར་ཤེས་པའི་ཕྱིར་དང་། དེ་གཉིས་ལ་གཟུང་འཛིན་གྱི་སྒྲ་སྦྱར་བའི་ཁྱད་པར་འཐད་པ་ནི་མདོ་ཙམ་དུ་མ་ཟད་སྔགས་སུའང་འབྱུང་ངོ་། །
དེ་ལྟར་ན་སྤང་བྱ་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གཉིས་དང་། གཉེན་པོ་རྟོགས་པའི་ཡོན་ཏན་གྱི་བྱེ་བྲག་ཐམས་ཅད་ཀྱི་རྩ་བ་བདག་མེད་གཉིས་སུ་འདུས་ཤིང་། དེའི་དབང་གིས་ཐེག་ཆེན་གྱི་སྦྱོར་ལམ་ཐེག་གསུམ་གྱི་རྟོགས་རིགས་ཚང་བར་བསྐྱེད་པའི་རྒྱུའི་ནུས་པ་ཚང་བ། ཐེག་གསུམ་གྱི་སྤང་བའི་རིགས་རྫོགས་པར་སྤོང་བའི་སུན་འབྱིན་གྱི་གཉེན་པོ་ཡིན་ཞིང་། དེའི་དངོས་འབྲས་མཐོང་ལམ་ལ་ཐེག་གསུམ་གྱི་མཐོང་ལམ་སྤངས་རྟོགས་ཀྱི་བྱེད་པ་ཚང་བ་སྟེ། དེས་ན་ཉི་སྣང་ལས། བཟོད་པའི་བྱེད་པ་སོགས་བརྒྱུད་ནས་གནས་སྐབས་ཀྱི་འབྲས་བུ་སྒོམ་ལམ་ལ་ཐེག་གསུམ་གྱི་རྣམ་དག་ཚང་བ་དང་། འབྲས་བུ་སྒོམ་ལམ་ལ་ཐེག་གསུམ་གྱི་རྣམ་དག་ཚང་བ་དང་། འབྲས་བུ་རིན་ཆེན་རྣམ་དྲུག་བྱིན་པའི་བྱེད་པ་རྫོགས་པ་སོགས་དང་། མཐའ་འབྲས་སངས་རྒྱས་ཀྱི་སར་ཐེག་གསུམ་གྱི་སྤངས་རྟོགས་རྫོགས་པ་སོགས་ལམ་གནད་ཐམས་ཅད་ཚང་བར་བཞེད་དོ།། དགག་རྟོག་དང་སྒྲུབ་རྟོག་གི་ཁྱད་པར་ནི། འཛིན་སྟངས་དགག་པའི་རྣམ་ཅན་དང་སྒྲུབ་པའི་རྣམ་ཅན་དུ་ཤེས་པར་བྱའོ།། དེས་ན་སྐབས་འདིར་བསྟན་པའི་གཟུང་འཛིན་རྫས་བཏགས་ཀྱི་རྟོག་པ་ཐམས་ཅད་སྒྲུབ་རྟོག་ལས་མ་འདས་པར་ཤེས་པར་བྱའོ། །སྦྱོར་ལམ་གྱི་ངོ་བོ་སྒྲོ་འདོགས་སོ་གཉིས་ཀྱི་འཛིན་སྟངས་དང་བྲལ་བར་བཞེད་པས། སྐབས་འདིའི་སྤང་བྱའི་རྟོག་པ་ག་ལ་ཡིན། ཉོན་ཤེས་གང་ཡིན་ནི། གཟུང་རྟོག་ཆོས་ཀྱི་བདག་འཛིན་ནི་ཤེས་སྒྲིབ་ཐམས་ཅད་ཀྱི་རྩ་བ་དང་། འཛིནརྟོག་གང་ཟག་གིབདག་འཛིན་ནི་ཉོན་སྒྲིབ་ཐམས་ཅད་ཀྱི་རྩ་བར་ལུང་རིགས་གཉིས་ཀྱིས་གྲུབ་པས་དེ་གཉིས་སྤངས་པས་སྒྲིབ་གཉིས་མ་ལུས་པ་སྤངས་པ་དང་། རྩ་བ་དེ་གཉིས་རང་གི་ངོ་བོ་ནི་ཉོན་ཤེས་གཉིས་སུ་འདུས་ཤིང་། སྦྱོར་ལམ་གྱི་ཁྱད་ཆོས་སུ་འགྲོ་བ་ནི།དེའི་སྤང་བྱ་ལ་ཐེག་གསུམ་གྱི་སྤང་བྱའི་རིགས་འདུས་པའི་དོནཡིན་གྱི། ཤེས་སྒྲིབ་ཡན་གར་ཁོ་ན་སྤོང་བའི་སྒོ་ནས་ཁྱད་ཆོས་སུ་འཇོག་པ་ནི་གནད་མ་གོ་བའོ།། དེས་ན་རྟོག་པ་འཕར་མ་མ་བྱས་ཚེ། རྫས་འཛིན་རྟོག་པ་ཉོན་སྒྲིབ་ལས་མ་འདས་པས་ཤེས་སྒྲིབ་ཁོ་ན་ཁྱད་ཆོས་སུ་བྱེད་པ་དང་འགལ་བས། རྟོག་པ་འཕར་མ་བྱེད་པ་སོགས་གཞུང་རྩ་བའི་དོན་ལས་བརྒལ་བའི་རྣམ་གཞག་སྣ་ཚོགས་བྱེད་པའི་འགག་རང་གྲོལ་དུ་འགྱུར་རོ།།
སྐབས་འདིརབསྟན་པའི་རྟོག་པ་ལ། མངོན་གྱུར་དང་ས་བོན་གཉིས་དང་པོ་སྦྱོར་ལམ་གྱིས་སྤོང་ཞིང་། གཉིས་པར་ཀུན་ལྷན་གཉིས་དང་མཐོང་སྤང་དང་། གཉིས་པར་ས་བོན་དང་དེའི་བག་ཉལ་ཤིན་ཏུ་ཕྲ་བ་གཉིས། དང་པོ་ལ་སྒོམ་སྤང་སྐོར་དགུ་དང་། གཉིས་པ་སློབ་ལམ་ཕལ་གྱིས་སྤང་མི་ནུས་པའི། སངས་རྒྱས་ཉིད་ཀྱི་བར་མེད་དེ།། ཞེས་བར་ཆད་མེད་ལམ་གྱི་སྤང་བྱ་ཤིན་ཏུ་ཕྲ་བར་བཞེད། ཤེས་སྒྲིབ་ཆུང་ངུ་ལ་ཕྲ་རགས་གཉིས་སུ་ཕྱེ་སྟེ་འཇོག་པ་སོགས་འདི་ལས་མ་འདས་མོད་རྣམ་གཞག་འདི་ཉིད་བདེ་བར་མངོན་ནོ།། དེས་ན་ལང་གཤེགས་དང་། འཇུག་པ་སོགས་ཀྱི་བསྟན་དོན་ལྟར། རྫས་འཛིན་རྟོག་པ་ས་བདུན་པའི་བར་ཡོད་ཀྱང་ས་བོན་ཙམ་ལས་བདེན་འཛིན་མངོན་གྱུར་པ་ས་དང་པོ་ནས་མེད། དེས་ན་རྒྱན་སྦྱར་ལས་བདེན་གྲུབ་ཏུ་འཛིན་པ་ནི་རྗེས་ཐོབ་ངེས་པའི་ངོར་ཡང་ལྡོག་པར་གསུངས་སོ།། སྤང་བྱ་སྤོང་ཚུལག་གྱི་ཁྱད་པར་ལ། དགེ་ཕྱོགས་རྣམས་ས་བདུན་པ་མན་ཉོན་སྒྲིབ་ཁོ་ན་དང་དེ་ཡན་ཤེས་སྒྲིབ་ཁོ་ན་སྤོང་བར་བཞེད། ས་སྐྱ་བ་ཁ་ཅིག་ས་དང་པོར་ཉོན་ཤེས་གཉིས་ཀ་སྤོང་བ་དང་། དེ་ཡན་ཤེས་སྒྲིབ་ཁོ་ན་སྤོང་བར་བཞེད། རང་ལུགས་མི་ཕམ་ཆོས་རྗེས་སྤྱིར་སྤང་བྱ་སྤོང་ཚུལ་ལ་ཤིང་རྟ་གཉིས་དགོངས་པའི་གནད་གཅིག་ཡིན་པ་ཤེར་འགྲེལ་དང་རྒྱན་འགྲེལ་ལས་གསུངས། དེ་ཡང་ས་དང་པོར་སྒྲིབ་པ་གཉིས་ཀ་ཀུན་བཏགས་ཀྱི་ཆ་དང་དེ་ནས་ས་བདུན་པའི་བར་ཉོན་ཤེས་གཉིས་ཀ་ལྷན་སྐྱེས་ཀྱི་ཆ་སྤོང་ཞིང་དེ་ཡན་ཤེས་སྒྲིབ་འབའ་ཞིག་སྤོང་བར་བཞེད། གོ་རམས་པ་སེམས་ཙམ་པས་ཉོན་ཡིད་བཞེད་པས་ས་བདུན་པར་དེ་གནས་འགྱུར་དགོས་པས་དེ་ཡི་ལུགས་ལ་འཐད་ཀྱི། དབུ་མ་པ་ཚོགས་དྲུག་ཁོ་ནར་བཞེད་པ་རྣམས་ཀྱིས་ས་བདུན་པར་ཉོན་ཡིད་གནས་གྱུར་མི་བཞེད་པས་ཉོན་སྒྲིབ་ས་དང་པོ་ནས་སྤངས་ཟིན་པར་བཞེད་ཅིང་། ཉན་རང་དགྲ་བཅོམ་པའི་སྤངས་རྟོགས་ས་དང་པོ་ནས་རྫོགས་པར་ཉི་སྣང་གི་ལུང་གིས་སྒྲུབ་པར་བྱེད་དོ།། འོན་ཀྱང་ཉི་སྣང་གི་ལུང་དོན་ནི། བཟོད་པའི་བྱེད་པར་ཉན་རང་གི་མཐོང་ལམ་གྱི་བྱེད་པ་མ་ལུས་པ་འདུས་པའི་དོན་ཡིན་གྱི། མཐོང་སྒོམ་གྱི་བྱེད་པ་མཐའ་དག་འདུས་པའི་དོན་མིན་ནོ།།
དེས་ན་དབུ་མ་འཇུག་པ་ལས་བསྟན་པ་ལྟར་ཉན་རང་གི་སྤངས་རྟོགས་ས་བདུན་པ་ནས་རྫོགས་པར་འདོད་དེ། དེར་ཇོན་སྒྲིབ་མཐའ་དག་རྫོགས་པར་སྤང་བའི་ཕྱིར། ཉོན་སྒྲིབ་སྐོར་དགུའི་དྲིལ་ཚུལ་གྱི་རྣམ་གཞག་མ་མཛད། འོན་ཀྱང་ས་བདུན་པར་ཉོན་སྒྲིབ་སྤོང་བར་བཞེད་པའི་ལུགས་དང་གཞུང་ལུགས་ཡོངས་གྲགས་དང་ཀུན་མཁྱེན་ཡབ་སྲས་ཀྱིས་ཉོན་སྒྲིབ་ཆུང་སྐོར་གསུམ་དག་ས་གསུམ་དུ་ཡོད་པར་བཞེད་པ་གཉིས་གནད་གཅིག་ཏུ་འབབ་པར་བཞེད་པས་དེས་ན་ཉོན་སྒྲིབ་ཆུང་སྐོར་གསུམ་ཉོན་སྒྲིབ་ཀྱི་བག་ཉལ་ཙམ་ལས་ས་བདུན་པར་གང་ཟག་གི་བདག་འཛིན་སྤངས་ཟིན་པས་དེའི་རྒྱུ་ཅན་གྱི་ཐར་པ་ལ་བར་དུ་གཅོད་པའི་ཉོན་སྒྲིབ་མཚན་ཉིད་པ་མིན་པ་དང་དེའི་བག་ཉལ་ཙམ་ལ་ཉོན་མོངས་པའི་མིང་གིས་བཏགས་པའི་ཉོན་སྒྲིབ་བཏགས་པ་བ་གཉིས་བརྗོད་ཚུལ་ཙམ་ལས་གནད་གཅིག་ཏུ་འབབ་བོ།། དེས་ན་མདོ་དང་བསྟན་བཅོས་རྣམས་ལས། ས་བདུན་པ་ནས་ཉོན་སྒྲིབ་སྤངས་ཟིན་པར་བསྟན་པ་དང་། ཡང་སྒྲིབ་གཉིས་ཅིག་ཆར་རྒྱུན་མཐར་སྤོང་བར་བཤད་པ་དང་། མདོ་བསྟན་པ་དུ་མ་དང་། ཟླ་བས་ཉོན་མོངས་པའི་མིང་གིས་བསྟན་པ་དུ་མ་དང་། ཟླ་བས་ཇོན་མོངས་པའི་བག་ཉལ་ཤེས་སྒྲིབ་ཏུ་བཞེད་པ་དང་། ཟླ་བས་ཉོན་མོངས་པའི་བག་ཉལ་ཤེས་སྒྲིབ་ཏུ་བཞེད་པ་དང་། ཡང་འཇུག་པ་དང་རྒྱུད་བླ་ལང་གཤེགས་སོགས་ལས་ཉོན་སྒྲིབ་ཀྱི་བག་ཉལ་ལ་མི་ལྟོས་པའི་ཆོས་བདག་གི་རྒྱུ་ཅན་འཁོར་གསུམ་རྣམ་རྟོག་གིས་བསྡུས་པའི་ཤེས་སྒྲིབ་བུ་མ་ཡོད་པར་གསུངས་པ་རྣམས་འགལ་མེད་དུ་ཤེས་པར་བྱའོ།། རིགས་ཀྱི་སྐབས། རྩོད་སྤང་ལ། འཕགས་སེང་གཉིས་དང་གཞུང་རྩ་བ་བཅས་དགོངས་པ་གཅིག་ཏུ་འབབ་ཚུལ་དངོས་ཤུགས་ཀྱིས་དབང་གིས། ཆོས་དབྱིངས་རང་བཞིན་གནས་རིགས་སུ་འདོད་ན། སེམས་ཅན་ཐམས་ཅད་རིགས་ལ་གནས་པར་ཐལ་ཞེས་པར། ཆོས་དབྱིངས་དམིགས་མ་དམིགས་ལས་སོ་སོར་འཇོག་པར། འོ་ན་ཐེག་གསུམ་གྱི་རིགས་གསུམ་དུ་འཇོག་པ་མི་འཐད་དེ། ཆོས་དབྱིངས་དམིགས་པ་ལ་ཁྱད་མེད་པའི་ཕྱིར་ཞེས་པར། བརྟེན་པའི་ཆོས་ཀྱི་རྟོགས་རིགས་སོ་སོའི་རྟེན་ཆོས་ཀྱི་དབྱེ་བས་གསུམ་དུ་འཐད་པར་གྲུབ། འོ་ན་ཐེག་ཆེན་ལ་རྟོགས་རིགས་སོགས་མེད་པས་རིགས་བཅུ་གསུམ་གྱི་དབྱེ་བ་མི་འཐད་པར་བརྒལ་བ་ལ། རྟེན་ཆོས་ཀྱི་བྱེ་བྲག་སོ་སོའི་དབང་ལས་ལྡོག་པ་སོ་སོར་འཇོག་པར་བྱེད་དོ།།
ཚོགས་སྒྲུབ་ཀྱི་སྐབས། སའི་ཚོགས་ལ་སའི་ཡོངས་སྦྱོང་འདི་དག་ས་མ་ཐོབ་པ་འཐོབ་པར་བྱེད་པའམ་ཐོབ་ཟིན་སྦྱོང་བ་གང་ཡིན་ཞེ་ན། གཞན་དག་ཕྱོགས་རེར་འཆད་ཀྱང་། ཁོ་བོ་ཅག་མདོ་དང་བསྟན་བཅོས་དགོངས་པ་འགལ་མེད་ཟུང་དུ་ཚོགས་པར། མདོའི་དངོས་བསྟན་ལ། རབ་འབྱོར་བྱ་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱོང་བ་བཅུ་འདི་ལྟ་སྟེ་ཞེས་སོགས་གསུངས་པ་ལྟར་ས་ཐོབ་ཟིན་ཁྱད་པར་དུ་བྱེད་པ་དང་། དའི་སྦས་དོན་གཞུང་རྩ་བར། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས།། ས་ནི་དང་པོ་འཐོབ་འགྱུར་ཏེ།། ཞེས་གསུངས་པ་ལྟར། མ་ཐོབ་པ་འཐོབ་པར་བྱེད་པ་སྟེ་གཉིས་ཀ་ཡིན་པར་འཆད་དོ།། ས་ཡོངས་སུ་སྦྱོང་ཚུལ། འདི་དག་རང་བཞིན་མི་དམིགས་པས།། ཡོངས་སུ་སྦྱོང་བར་ཤེས་པར་བྱ།། ཞེས་གསུངས་པ་ལྟར། སྦྱང་བྱ་ཐབས་རྒྱ་ཆེ་བའི་རང་བཞིན་ས་སོ་སོའི་ཡོངས་སྦྱོང་དེ་དག་སྦྱོང་བྱེད་ཤེས་རབ་ཟབ་མོ་འཁོར་གསུམ་དམིགས་མེད་དུ་རྟོགས་པ་སྟེ། དེ་གཉིས་ཟུང་དུ་འཇུག་པ་རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་རྩལ་རྫོགས་པའི་སྒོ་ནས་ཏེ། དེའི་རྒྱུ་མཚན་འཇུག་པ་སོགས་ལས་གསུམ་དུ་དམིགས་པ་ཡོད་ན་འཇིག་རྟེན་པའི་ཕར་ཕྱིན་ཙམ་དང་། འཁོར་གསུམ་དམིགས་མེད་ཀྱིས་ཟིན་ན་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་ཚུལ་སོགས་གསུངས་པ་དང་། རིམ་བཞིན་ཤེས་སྒྲིབ་ཀྱི་བསླད་པ་ཡོད་མེད་དུ་བཤད་པས་དེ་དག་སོ་སོར་སྦྱངས་པས་ཕར་ཕྱིན་རྫོགས་པ་དང་ས་རྫོགས་པ་སོགས་རྣམ་གཞག་མང་ཞིག་ཤེས་པར་བྱའོ།།
ཡོངས་སྦྱོང་སྐབས། ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པ་ནི། འདིའི་ཆེད་དུ་བྱ་བ་བྱང་སེམས་རྣམས་སྤྲོ་བ་བསྐྱེད་ཕྱིར་བསྟན། ས་བཅུ་པའི་ངོ་སྐལ་གྱི་ཡོངས་སྦྱོང་མངལ་དུ་འཇུག་པ་མཆོག་སོགས་ས་དགུ་པ་དང་ཐུན་མོང་དུ་བཤད་དོ། ། དེ་ལ་ས་དགུ་འདས་ནས་སོགས་ཀྱི་དོན། དམན་ལམ་ས་བརྒྱད་དང་བྱང་སེམས་ཀྱི་ས་དགུ་པ་མན་ཆད་ལས་འདས་པ་ཡིན་ལ། དམན་ལམ་ཉན་རང་གི་ས་ལས་འདས་ཚུལ། སྦྱོར་ལམ་སྐབས། དམིགས་པ་དང་ནི་རྣམ་པ་དང་། ། སོགས། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ།། ཞེས་གསུངས་པ་ལྟར། བྱང་སེམས་ཀྱི་སྦྱོར་ལམ་སོགས་སུ་སྤང་བ་དང་རྟོགས་པའི་རིགས་འདུས་ཤིང་། དེ་ལས་འདས་པའི་ས་མཚམས། ཁ་ཅིག །ས་དང་པོ་ནས་འཇོག་ཀྱངམི་འཐད་པས། ས་བདུན་པ་ནས་ཉན་རང་གི་སྤངས་རྟོགས་རྫོགས་ཏེ་དེ་ནས་ས་བརྒྱད་པ་ལ། ཉོན་མོངས་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་།། ཞེས་སོགས་དང་། ས་བདུན་པའི་ཡོངས་སྦྱོང་གི་སྤང་གཉེན་བསྟན་ཚུལ་སོགས་སུ་མཐུན་པར་དེ་ནས་ཉན་རང་གི་ས་ལས་འདས་ཤིང་། དེས་ན་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར།། ཞེས་སོགས་དཀའ་གནད་མང་ཞིག་རང་གྲོལ་དུ་འགྱུར་རོ།།
ལམ་ཤེས་སྐབས་ལམ་ཐམས་ཅད་ཤེས་པར་བྱ་ཞིང་ལམ་ཐམས་ཅད་བསྐྱེད་པར་བྱ། ལམ་ཐམས་ཅད་ལས་འདའ་བར་བྱ་ཞེས་གསུངས་པ་ལྟར་ཉན་རང་བྱང་སེམས་ཀྱི་ལམ་གསུམ་ནི་ཤེས་བྱའི་ལམ་ཡིན་ཞིང་། དེ་འདྲའི་ལམ་གསུམ་སྐྱེ་མེད་དམ་དམིགས་མེད་དུ་རྟོགས་པའི་ལམ་ཤེས་བསྐྱེད་པར་བྱ་བའི་ལམ་དང་། རྟོགས་རིགས་ཉི་ཚེ་བའི་ལམ་དང་ལམ་སྔ་མ་སྔ་མ་རྣམས་ཆུ་བརྒལ་བའི་་གཟིངས་ལྟར་འདའ་བྱའི་ལམ་སྟེ་གསུམ་ཡོད། དེས་ན་མཁྱེན་གསུམ་གྱི་ཟླས་ཕྱེ་བའི་ལམ་ཤེས་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་ལྡོག་ཆ་གསུམ་དུ་ཡོད་པས། དང་པོ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ། འཕགས་པའི་བདེན་པ་བཞི་དག་གི། རྣམ་པ་མི་དམིགས་སྒོ་ནས་ནི། ། ཞེས་གསུངས་པ་ལྟར། ཤེས་བྱ་ཉན་ཐོས་ཀྱི་ལམ་བདེན་བཞི་མི་རྟག་བཅུ་དྲུག་གི་རྣམ་པ་རྣམས་མི་དམིགས་པའི་སྒོ་ནས་སྒྲོ་འདོགས་སོ་གཉིས་དང་བྲལ་བར་བསྒོམ་པ་འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཏེ། དེ་ལྟར་ན་རྟག་པ་སོགས་བཅུ་དྲུག་སྒྲོ་འདོགས་དང་བྲལ་བར་བདེན་བཞི་མི་རྟག་སོགས་བཅུ་དྲུག་སྒྲོ་འདོགས་དང་བྲལ་བར་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཤེས་བྱའི་ལམ་དང་། དེ་མི་དམིགས་པར་རྟོགས་པའི་རྣམ་པའམ་མི་རྟག་སོགས་ཀྱི་སྒྲོ་འདོགས་ལས་གྲོལ་བའི་ལམ་བསྐྱེད་བྱའི་ལམ་དུ་གྲུབ་ཅིང་། དེའི་དབང་གིས་ལམ་ཉི་ཚེ་བ་ཉན་ཐོས་ཀྱི་ལམ་གྱི་རྟོགས་རིགས་ཤེས་བྱའི་ལམ་དང་། དེ་མི་དམིགས་པར་རྟོགས་པའི་ཚུལ་གྱིས་དེ་ལས་འདའ་བས་འདའ་བྱའི་ལམ་དུ་གྲུབ་ཅིང་། ཉན་ཐོས་ཀྱི་རྟོགས་རིགས་ཀྱང་འདུས་པའི་མི་དམིགས་པའི་རྣམ་ཅན་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ལམ་ཤེས་བསྐྱེད་བྱའི་ལམ་དུ་གྲུབ་བོ།།
དེས་མཚོན་ཏེ། རང་རྒྱལ་གྱི་ལམ་ལ་དངོས་བསྟན་ཤེས་བྱའི་ལམ་ངོས་བཟུང་ཞིང་། དེ་མི་དམིགས་པར་རྟོགས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སུ་འཇོག་པ་སོགས་སྔ་མ་དག་ལས་དཔག་སྟེ་ཤེས་པར་བྱ་སྟེ། དཔེར་ན་ས་དང་པོའི་ཡོངས་སྦྱོང་། དེ་དག་རང་བཞིན་མི་དམིགས་པས།། ཡོངས་སུ་སྦྱོང་བ་ཤེས་པར་བྱ།། ཞེས་དངོས་སུ་བསྟན་ནས་ལྷག་མ་རྣམས་ཀྱང་མཚོན་པར་བྱེད་སོགས་ལྟར་རོ།། མཐོང་ལམ་སྐབས། གཞི་སྡུག་ཀུན། ལམ་འཕགས་གསུམ་གྱི་ལམ། འབྲས་བུ་འགོག་བདེན་ཏེ་མདོར་ན་གཞི་ལམ་འབྲས་གསུམ་སྐྱེ་མེད་དུ་མཁྱེན་པའི་མངོན་རྟོགས་ལ་ལྡོག་ཆ་ནས་བརྗོད་པ་བཞིན་ནོ།། བསྒོམ་ལམ་ལ། མཉམ་གཞག་ཟག་མེད་དང་རྗེས་ཐོབ་ཟག་བཅས་གཉིས་ལས། རྗེས་ཐོབ་མོས་བསྔོ་ཡི་རང་གསུམ་གྱི་སྒོ་ནས་སྟོན་པའི་རྒྱུ་མཚན་ནི། སྤྱིར་རྗེས་ཐོབ་ཀྱི་ཉམས་ལེན་ལ། ཕར་ཕྱིན་དང་ཚད་མེད་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ཚད་མེད་པ་ཡོད་ཀྱང་འདི་གསུམ་གྱི་སྒོ་ནས་བསྟན་པ་ནི། མོས་པས་རང་རྒྱུད་ལ་ཕར་ཕྱིན་སོགས་རྗེས་ཐོབ་ཀྱི་ལམ་མཐའ་དག་སྡུད་པར་བྱེད་པའི་སྒོ་ནས་ལམ་མ་སྐྱེས་པ་སྐྱེ་བར་བྱེད་པ་དང་། བསྔོ་བས་ལམ་མཐའ་དག་རྣམ་མཁྱེན་དུ་བསྔོས་ཏེ་སྐྱེས་པའ་མི་ཉམས་པར་བྱེད་པ་དང་། ཡི་རང་གིས་གཞན་གྱི་དགེ་རྩ་དང་བཅས་ཏེ་མི་ཉམས་པ་རྣམ་མཁྱེན་གྱི་རྒྱུར་སྤེལ་བར་བྱེད་པའི་སྒོ་ནས་རྗེས་ཐོབ་ཀྱི་ཚོག་མཐའ་དག་སོགས་པར་བྱེད་དོ།། བྱང་སེམས་ཀྱི་སྒོ་མ་ཚུལ་བཞི་ནི། ངོ་བོ་ཇི་ལྟར་བ་དང་། རྗེས་སུ་མཐུན་པ་དང་། མཚན་ཉིད་རྗེས་སུ་དཔྱོད་པ་དང་། སྨོན་ལམ་གྱི་རྣམ་པས་སྒོམ་པའོ།། བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་ཚུལ་གཉིས་ཏེ། སྙིང་པོའི་དོན་ཡིད་ལ་བྱེད་པ་དང་། མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་ཚུལ་ལོ།།
གཞི་ཤེས་ལ། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང་། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་གཉིས་ཀྱི་ངོ་བོ་ངོས་བཟུང་སྟེ། དེའི་རྒྱུ་མཚན་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་ཕྱིར་ཞེས་བསྟན། དེ་ལྟ་བུའི་གཞི་ཤེས་དེ་ནི་མཚན་མར་དམིགས་མ་དམིགས་ཀྱི་སྒོ་ནས་འབྲས་ཡུམ་ལ་ཉེ་རིང་དུ་འགྱུར་བར་བསྟན། དེའི་དབང་གིས་སྤང་གཉེན་དུ་འགྱུར་བས་སྤང་བྱ་ལ། གཞི་དོན་དམ་པ་དང་ཀུན་རྫོབ་ལ། ལམ་ཕར་ཕྱིན་ལ་སྤྱོད་པ་པོ་ངའོ་སྙམ་པའི་འདུ་ཤེས་ཏེ་འདི་ཐད་ཀྱི་མདོར། ཀོོའུ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སེསམ་འདུ་ཤེས་པ་སོགས་གསུངས་པའི་ཕྱིར་རོ།། སྐབས་གསུམ་པར་གཞི་ཤེས་ཀྱི་མངོན་རྟོགས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་མཐོང་ལམ་བསྟན་པའི་མཇུག་ཏུ། དེ་མཐོང་ཟིན་རྒྱུན་ལྡན་དུ་བསྒོམ་པའི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་འཆད་དགོས་ཀྱི། ཉན་ཐོས་ཀྱི་རྟོགས་རིགས་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་མི་བྱེད་པའི་ཕྱིར་སོགས་འཆད་པ་ནི་ཁ་ཁྲལ་འཇལ་བར་ཟད་དོ།། དེས་ན་འཕགས་སེང་གཉིས་ཀྱི་ལུང་དོན་ནི་སྐབས་གསུམ་པར་བསྟན་པའི་གཞི་ཤེས་ལ་རྟོགས་རིགས་ཀྱི་དབང་དུ་གསུམ་དུ་ཡོད་པ་ལས། ཉན་རང་གི་རྟོགས་རིགས་ཉི་ཚེ་བ་རྒྱུན་ལྡན་དུ་མི་བསྒོམ་པས་དེ་མ་བསྟན་པ་དང་ཐེག་ཆེན་ཐུན་མིན་གྱི་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྟོགས་རིགས་ལམ་ཤེས་ཀྱི་ཤུགས་ལ་རྟོགས་པས་མ་བསྟན་པར་བཞེད་དོ།།
ཡང་གཞི་ཤེས་སྐབས། ཉན་ཐོས་ལ་སོགས་མཐོང་བའི་ལམ། ཞེས་པ་ནི་ཉན་ཐོས་སོགས་ཀྱི་རྟོགས་རིགས་ཡོངས་སུ་རྫོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྒྲོ་འདོགས་སོ་གཉིས་དང་བྲལ་བ་དངོས་སུ་སྟོན་པའི་དོན་ཡིན་གྱི་ཉན་ཐོས་རང་ལམ་དངོས་སུ་སྟོན་པའི་དོན་མིན་ནོ།། གཞི་ཤེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་གསུངས་པ་སྤྱིར་སྨོས་པ་སྟེ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་།། སོགས་ཀྱི་དོན་ལྟར་བཞི་གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་ཀྱི་རྟོགས་རིགས་སོགས་གསུམ་དུ་དབྱེ་བ་ནི། གཞི་ཤེས་རྟོགས་ཚུལ་རྫོགས་མ་རྫོགས་ཀྱི་སྒོ་ནས་འཕགས་གསུམ་གྱི་རྟོགས་རིགས་ཀྱི་ཁྱད་པར་ཕྱེ་བ་ཁོ་ན་ཡིན་གྱི། ལམ་ཤེས་རྫོགས་མ་རྫོགས་ཀྱི་སྒོ་ནས་ཕྱེ་བ་མིན་པར་ཤེས་པར་བྱ་སྟེ། ལམ་ཤེས་ཉན་རང་ལ་གཏན་ནས་མེད་པའི་ཕྱིར་རོ།། མཁྱེན་གསུམ་རྫོགས་པའི་མཇུག་སྡུད་ནི། མདོའི་དངོས་བསྟན་ལྟར། འཕགས་པས། དེ་ལྟར་འདི་དང་སོགས་ཀྱི་དོན་རིམ་བཞིན་གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་གསུམ་ལ་སྦྱོར་བར་མཛད། དེའི་རྒྱུ་མཚན་རྣམ་རྫོགས་སྦྱོར་བ་དང་མཚམས་སྦྱར་ཏེ་མཁྱེན་གསུམ་གྱི་རྣམ་པ་བསྡུ་བའི་ཆེད་ཡིན་པ་སོགས་སོ།།
སློབ་དཔོན་གྱིས་དེ་གསུམ་རིམ་བཞིན། རྣམ་མཁྱེན་དང་། ལམ་ཤེས། གཞི་ཤེས་གསུམ་དང་སྦྱར་བ་ནི་སྐབས་གསུམ་གྱི་གོ་རིམ་དང་མཐུན་པར་སྦྱར་བ་ཙམ་མོ།། །། རྣམ་རྫོགས་སྦྱོར་བ་ཡུལ་དངོས་བསྟན་གཞི་ལམ་འབྲས་བུའི་སྟོང་ཉིད་གསུམ་རྟོགས་པའི་མཁྱེན་གསུམ་གྱི་མཚན་ཉིད་སྐབས་གསུམ་དུ་སོ་སོར་བསྟན་པའི་རྣམ་པ་རྣམས་བསྡུས་ཏེ་སྒོམ་པའི་ཡུལ་ཅན་གྱི་སྦྱོར་བ་ཇི་ལྟར་སྒོམ་ཚུལ་གྱི་རྣམ་པའི་ངོ་བོ་མདོར་བསྟན་ནི།གཞི་བདེན་བཞི་ཤེས་པའི་མངོན་རྟོགས་ཀྱི་བྱེ་བྲག་རྣམ་པའི་མཚན་ཉིད་དུ་བསྟན་ཅིང་།དེ་ལ་བསྡུ་བྱ་སྐབས་དང་པོ་གསུམ་དུ་བསྟན་པའི་ཀུན་མཁྱེན་རྣམ་པ་གསུམ་གྱི་ཕྱིར་གཞི་ཤེས་ཀྱི་རྣམ་པ་སོགས་གསུམ་དུ་ཡོད་པར་བསྟན་ཏོ།། སྦྱོར་བ་ཉི་ཤུའི་རང་བཞིན་སྒོམ་ཚུལ་ནི། རྣམ་པ་བརྒྱ་དོན་གསུམ་མི་གནས་མི་སྦྱོར་བའི་ཚུལ་དུ་སྒོམ་པ་སྟེ། དེ་ཡང་ཤེས་རབ་ཟབ་མོས་ཡུལ་མཐའ་གང་ལའང་མི་གནས་པ་མངོན་དུ་རྟོགས་ཤིང་།བྱང་སེམས་ཐབས་ལ་མཁས་པས་ཡུལ་ཅན་གྱིས་ཀྱང་སྤྲོས་མཐའ་ཉི་ཚེ་བ་གང་དུ་ཡང་མི་སྦྱོར་བ་སྟེ། མདོར་ན་རྣམ་པ་བརྒྱ་དོན་གསུམ་ཐབས་ཤེས་ཡ་མ་བྲལ་བའི་སྒོ་ནས་ཡུལ་ཡུལ་ཅན་གཉིས་མེད་དུ་སྒོམ་པ་ཡིན་ཞིང་། དེ་ལ་ལྡོག་ཆས་གཞིའི་རང་བཞིན་ཟབ་པ་དང་། ལམ་གྱི་རྣམ་པ་གཏིང་དཔག་དཀའ་བ། འབྲས་བུའི་རྣམ་པ་ཚད་མེད་པ་གསུམ་མི་གནས་མི་སྦྱོར་བའི་ཚུལ་དུ་སྒོམ་པའི་སྦྱོར་བ་ལ། ཡུལ་གྱི་མིང་ཡུལ་ཅན་སྦྱོར་བ་ལ་བཏགས་ཏེ་བསྟན་པའོ།། དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། ཚོགས་ལམ་དུ་རྣམ་པ་བརྒྱ་དོན་གསུམ་མི་གནས་མི་སྦྱོར་བའི་ཚུལ་གྱིས་སྒོམ་པའི་སྦྱོར་བ་ལ་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཞེས་བྱ་ཞིང་། དེ་ཡང་དབང་རྟུལ་མཚོན་པ་ཙམ་སྟེ། སྡུད་པ་རྒྱན་སྦྱར་གྱི་དགོངས་དོན་ལྟར་ཚོགས་ལམ་པ་སྤྱི་ལ་འཇོག་པ་གནད་ཀྱི་དོན་ནོ།།
དེ་བཞིན་ཏུ་སྦྱོར་ལམ་དྲོད་ཀྱི་གནས་སྐབས་རྣམ་པ་བརྒྱ་དོན་གསུམ་མི་གནས་མི་སྦྱོར་བའི་ཚུལ་དུ་སྒོམ་པའི་སྟོབས་ཀྱིས་ལུང་བསྟན་ཐོབ་པའི་ཕྱིར་ལུང་བསྟན་ཐོབ་པའི་སྦྱོར་བ་སོགས་འགྲེའོ།། སྦྱོར་བའི་མཚན་ཉིད་སྐབས། སྤྱིར་ཐབས་དང་ཤེས་རབ་ཁྱད་པར་ཅན་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད། དེ་ལ་ལྡོག་ཆས་དབྱེ་ན། ཤེས་ཁྱད་བྱེད་པའི་མཚན་ཉིད་གསུམ། མཚན་གཞི་ནི་ངོ་བོ་ཉིད་མཚན་ཡིན་ཞིང་། དེས་ན་མདོར་བསྟན་དུ། གང་གིས་མཚོན་ཏེ་མཚན་་ཡིན་ཞིང་། དེས་ན་མདོར་བསྟན་དུ། གང་གིས་མཚོན་ཏེ་མཚན་ཉིད་དང་། ། ཤེས་བྱ་དེ་ཡང་རྣམ་པ་གསུམ། ། ཞེས་གསུམ་དུ་ངེས་པར་མཛད། འོ་ན་རྒྱས་བཤད་སྐབས། མཚན་ཉིད་བཞི་པར་བཞེད་པ་ཡིན།། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེའི་དོན་ནི་མཚན་མཚོན་གཞི་གསུམ་གྱི་གསུམ་གྱི་ཟླས་ཕྱེ་བའི་མཚན་ཉིད་ལ་བཞི་ཡོད་པར་སྟོན་པའི་དོན་མིན་གྱི། ཤེས་བྱ་མཚན་ཉིད་འཆད་པའི་སྐབས་འདིར་མཚན་ཉིད་ཀྱི་ཆོས་གསུམ་དང་། མཚན་གཞིའི་ཆོས་ངོ་བོ་ཉིད་མཚན་བཅས་ཆོས་བཞིར་བཞེད་ཅེས་པའི་དོན་ཡིན་གྱི། གཞན་དུ་ན་མདོར་བསྟན་དུ་གསུམ་དུ་བཞེད་པ་དང་འགལ་ལོ།། དེ་ལ་གཞི་ཤེས་ཟབ་པའི་སྦྱོར་བ་སྒོམ་པའི་སྟོབས་ཀྱིས་གཞི་ཤེས་འདི་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་དང་། དེ་བཞིན་སྦྱོར་བ་སྒོམ་པའི་སྟོབས་ཀྱིས་ཡུལ་ཕུང་པོ་ལྔ་སོགས་གཞིའི་ཆོས་ཐམས་ཅད་དོན་དམ་དུ་མཐའ་བྲལ་དང་། ཀུན་རྫོབ་ཏུ་ཕུང་ལྔ་དང་སེམས་ཀྱི་སྤྱོད་པ་སོགས་རྗེས་ཐོབ་སྣང་བཅས་ཀྱིས་ཇི་བཞིན་མཁྱེན་ཅིང་ཤེས་པའི་ལྡོག་ཆ་ནས་ཤེས་མཚན་བཅུ་དྲུག་ཏུ་འཇོག་གོ། དེ་ཡང་ཚོགས་ལམ་ནས་རྒྱུན་མཐའི་བར་སྦྱོར་བ་སྒོམ་པའི་སྟོབས་སམ་རྩལ་མཁྱེན་བརྩེ་ནུས་པའི་ཡོན་ཏན་གོང་འཕེལ་དུ་གྱུར་པའི་སྟོབས་ཀྱིས་སྦྱོར་བ་ཉི་ཤུའི་མཚན་ཉིད་ཀྱང་གོང་འཕེལ་དུ་གྱུར་པའི་སྟོབས་ཀྱིས་སྦྱོར་བ་ཉི་ཤུའི་མཚན་ཉིད་ཀྱང་གོང་འཕེལ་དུ་འགྱུར་བ་སོགས་སོ།། འོན་ཀྱང་སངས་རྒྱས་ལ་ལྟོས་ནས་ཡུལ་ཉི་ཚེ་བ་དང་། ངོ་བོའང་རྗེས་ཐོབ་ཡེ་ཤེས་སྣང་བཅས་ཀྱི་གཟིགས་ཚུལ་ཙམ་ལས་མཉམ་རྗེས་དབྱེར་མེད་དུ་གཟིགས་པ་མིན་ནོ།།
གཞི་ལམ་འབྲས་བུའི་སྦྱོར་བའི་ཤེས་མཚན་གསུམ་གྱི་ཁྱད་པར་ཡུལ་གྱི་སྒོ་ནས་འཇོག་སྟེ། ཕུང་ཁམས་སོགས་གཞིའི་ཆོས་དང་། རྣམ་ཐར་སོགས་ལམ་གྱི་ཆོས་དང་། སྟོབས་སོགས་སངས་རྒྱས་ཉིད་ཀྱི་ཆོས་ཀྱི་རང་བཞིན་ཤེས་ཤིང་མཁྱེན་པའི་ཆ་ནས་སོ་སོར་འཇོག་གོ། གཞི་བདེན་གཉིས་དང་དེའི་བྱེ་བྲག་ཤེས་ཚུལ་དང་། ལམ་རྣམ་ཐར་གསུམ་དང་དེའི་བྱེ་བྲག་ཤེས་ཚུལ་དང་། འབྲས་བུ་སངས་རྒྱས་ཉིད་ཀྱི་ཆོས་སྟོབས་བཅུ་དང་དེའི་བྱེ་བྲག་དོན་གཉིས་ཀྱི་ཡོན་ཏན་མཁྱེན་ཚུལ་ལས་རྣམ་མཁྱེན་གྱི་ཤེས་མཚན་འཇོག་གོ། རྣམ་མཁྱེན་གྱི་ཤེས་མཚན་ལ་བཅུ་དྲུག་ཡོད་པ་སངས་རྒྱས་ཀྱི་ཆོས་སྟོབས་སོགས་སྲིད་ཞིར་མི་གནས་པའི་གནས་སུ་ཤེས་པས་རང་དོན་ཆོས་སྡུ་བརྙེས་ཚུལ་ཤེས་པ་སྤྱིར་བསྟན།དེ་ནས་གཉིས་དོན་གུས་པར་བྱ་བའི་ཡུལ་དུ་ཤེས་པ་སོགས་བཞི་ཆོས་ཅན་གྱི་ཆེ་བ་དང་། དེ་དོན་དམ་པར་དེ་ལྟར་བྱེད་པ་མེད་པར་ཤེས་པ་དང། དེ་ལྟར་སྣང་འདུ་འབྲལ་མེད་པའི་རྣམ་མཁྱེན་གྱི་སྟོབས་ཀྱིས་ཤེས་བྱ་མཁྱེན་ཚུལ་ཤེས་པ་དང་། དེའི་དབང་གིས་གཞི་བདེན་གཉིས་དང་། ལམ་ཞི་བའི་རང་བཞིན་དང་། འབྲས་བུ་ཕུང་ལྔ་འགོག་པ་སྲིད་ཞིར་ཞེན་པའི་འདུ་ཤེས་འགོག་པ་མི་གནས་པའི་མྱང་འདས་སྟོན་པ་ཤེས་པའོ།། ཁྱད་མཚན་སྐབས། རྣམ་པ་བརྒྱ་དོན་གསུམ་མི་གསན་མི་སྦྱོར་བའི་ཚུལ་གྱིས་སྒོམ་ཚུལ་ཐམས་ཅད། གཞི་ཤེས་པ་ཡི་བྱེ་བྲག་རྣམས།། རྣམ་པ་ཞེས་བྱ་མཚན་ཉིད་དེ། ། ཞེས་གསུངས་པ་ལྟར། བདེན་བཞིའི་རྣམ་པ་སྒོམ་པར་འདུས་པས། ཐེག་ཆེན་གྱི་ཤེས་བཟོད་བཅུ་དྲུག་ཉི་ཚེ་བ་ཙམ་ལས་འཕགས་ཏེ། རིམ་བཞིན་ཐེག་ཆེན་གྱི་སྡུག་བདེན་གྱི་རྣམ་པ་མཐོང་བའི་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་ནི་དམན་ལམ་དེ་ལས་ཀྱད་པར་འཕགས་ཏེ། བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པའི་ཕྱིར་སོགས་འགྲེའོ།།
ཁྱད་མཚན་བཤད་པའི་སྐབས་འདིར། སྤྱིར་སྦྱོར་བ་ཉི་ཤུ་ཡོད་ཀྱང་ཁྱད་མཚན་མཐོང་ལམ་ལ་སྦྱོར་བ་ནི་ཚོགས་སྦྱོར་གཉིས་དེའི་རྒྱུའམ་འཁོར་དང་། སྒོམ་ལམ་འབྲས་བུ་ཡིན་པས་དེ་དག་གི་ཁྱད་མཚན་དུ་དོན་གྱིས་འགྱུར་རོ།། ཁྱད་མཚན་མཐོང་ལམ་ལ་སྦྱར་བའི་རྒྱུ་མཚན་བྱང་སེམས་སྐྱེ་འཕགས་གཉིས་ལས་སོ་སྐྱེ་ཚོགས་ལམ་མ་ངེས་པའི་ཕྱིར་མ་བཤད་ལ། སྦྱོར་ལམ་གྱི་ཁྱད་པར་སྐབས་དང་པོར་བཤད་ན། འཕགས་ལམ་གྱི་ཆོས་ཁྱད་པར་འཕགས་ཚུལ་ཇི་ལྟར་སྙམ་ན་དེ་སྟོན་ཕྱིར་ཁྱད་མཚན་མཐོང་ལམ་ལ་སྦྱར་བར་མཛད་དོ།། དེའི་ཤུགས་ཀྱིས་སྒོམ་ལམ་ཡང་མཚོན་པའོ།། བྱེད་མཚན་སྐབས། བྱེད་མཚན་དང་པོ་གསུམ་གཞི་ཤེས་ཟབ་པའི་སྦྱོར་བའི་བྱེད་པ་ཡིན་པའི་རྒྱུ་མཚན་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་སོགས་ཀྱི་དོན་ལྟར་བདག་མེད་གཉིས་ཀྱི་མཁྱེན་པས་འབྲས་བུ་མྱང་འདས་གསུམ་ཅི་རིགས་ལ་འགོད་པར་བྱེད་པའི་སྒོ་ནས་ཕན་བདེ་སྐྱབས་གསུམ་བྱེད་པའོ།། ལམ་ཤེས་ཀྱི་བྱེད་མཚན་ཀྱང་། འགྲོ་ལ་ཕན་པར་བྱེད་རྣམས་སོགས་ཀྱིས་བསྟན་པ་ལྟར་ལམ་ཤེས་གཏིང་དཔག་དཀའ་བའི་སྦྱོར་བས་སྐྱབས་དང་གནས་དང་དཔུང་གཉེན་སོགས་འཇིག་རྟེན་གྱི་དོན་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྫོགས་སྨིན་མ་སྦྱངས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པའི་བྱེད་པ་ཅན་ནོ།།
རྣམ་མཁྱེན་ཚད་མེད་པའི་སྦྱོར་བའི་བྱེད་མཚན། གང་དང་ཡང་དག་ལྡན་པས་ཐུབ་རྣམས་ཞེས་སོགས་ལྟར་ཆོས་འཁོར་རྣམ་པ་གསུམ་བསྐོར་བའི་རྟེན་ནམ་བདག་རྐྱེན་མཛད་པའི་བྱེད་པ་ཅན་ནོ།། དེ་ཡང་གཞི་ཤེས་ཟབ་པའི་སྦྱོར་བས་མྱང་འདས་གསུམ་དུ་འགོད་ཚུལ་ནི། ཉན་རང་གི་མྱང་འདས་གཉིས་ཀྱི་རྟོགས་རིགས་གཞན་ལ་བསྟན་པས་དང་ཐེག་ཆེན་གྱི་མྱང་འདས་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པས་སྒྲིབ་གཉིས་རྫོགས་པར་སྤངས་ཏེ། སྲིད་ཞིར་མི་གནས་པའི་མྱང་འདས་འགྲུབ་པར་བྱེད་པའོ།། རྣམ་མཁྱེན་གྱི་རྟེན་གྱི་བྱེད་པ་ཐེག་ཆེན་གྱི་སྦྱོར་བ་དངོས་ལ་རྗེས་མཐུན་དང་སྦྱོར་བ་མཐར་ཕྱིན་པའི་སྟོབས་ཀྱིས་བྱེད་པ་དེ་སྒྲུབ་ནུས་སུ་བྱེད་པའོ།། ངོ་བོ་ཉིད་མཚན་ལ་གཞི་ཤེས་ཟབ་པའི་སྦྱོར་བ་སྒྲིབ་གཉིས་ཀྱིས་དབེན་པའི་རང་བཞིན་ནམ་ངོ་བོ་མཚན་གཞི། ཐེག་ཆེན་གྱི་སྦྱོར་བ་ཡིན་མཚོན། མཚན་ཉིད་གང་གིས་ན། ཤེས་ཁྱད་བྱེད་གསུམ་གྱིས་སོ།། དེས་ན་ངོ་བོ་ཉིད་མཚན་ནི། མཚན་གཞི་ལྟ་བུར་མཚོན་པས་ན།། མཚན་ཉིད་བཞི་པར་བཞེད་པ་ཡིན།། ཞེས་གསུངས་པ་ལྟར་ངོ་བོ་ཉིད་མཚན་ལས་སྒྲུབ་ཀྱི་མཚན་ཉིད་ཡིན་ཏེ། དེས་ན་མཚོན་པར་བྱ་བའི་གཞི་ཡིན་པས་སོ་ཞེས་གཞུང་རྩ་བས་བསྟན་པ་ཉིད་ཚད་མར་བྱའོ།། དེས་ན་མཚོན་པར་བྱ་བའི་གཞི་ཡིན་པའི་རྒྱུ་མཚན་གྱིས་ན། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དུ་བཞེད་པ་ཡིན་ཞེས་པའི་དོན་ནོ།། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས།། སོགས་ཀྱི་དོན། ཐེག་ཆེན་རང་ལ་ཐལ་རང་གི་གདུལ་བྱ་ལྟར་དབང་པོ་རྣོ་རྟུལ་གྱི་དབྱེ་བས་ལམ་རིམ་ཅིག་ཆར་ལྟ་བུ་ཡོད་པ་ཤེས་པར་བྱའོ།།
སྦྱོར་ལམ་ལ། དྲོ་བ་རྣམས་ཀྱི་དམིགས་པ་འདིར།། སེམས་ཅན་ཐམས་ཅན་ཡིན་པར་བསྔགས།། ཞེས་པའི་དོན་ནི་སྐབས་དང་པོ་རྣམས་སུ་མཉམ་གཞག་གི་ལྡོག་པ་ནས་བསྟན་ཟིན་པས། སྐབས་འདིར་རྗེས་ཐོབ་སེམས་ཅན་ལ་དམིགས་ཏེ་སེམས་མཉམ་པ་སོགས་སྒོམ་པའི་དོན་ནོ།། འོ་ན་སྐབས་དང་པོ་རྣམས་སུ་རྗེས་ཐོབ་ཀྱི་ཉམས་ལེན་མི་འཆད་པར་སྐབས་འདིར་སྟོན་པའི་རྒྱུ་མཚན་ནི། རྣམ་རྫོགས་སྦྱོར་བ་གོང་དུ་ཚོགས་ལམ་ནས་རིམ་བཞིན་གནས་སྐབས་སོ་སོར་སྒོམ་པའི་ས་མཚམས་ཀྱི་དོན་བདེ་བླག་ཏུ་རྟོགས་པའི་ཆེད་དོ།། འོན་ཀྱང་མཉམ་གཞག་གི་ལྡོག་ཆ་ནས་བསྟན་ན་སྐབས་དང་པོ་རྣམས་དང་ཟློས་ཕྱིར་འདིར་དེ་ལྟར་བསྟན་ཏོ།། དེས་ན་སྐབས་སྔ་ཕྱིའི་ལམ་འདི་དག་མཚན་བཏགས་ཕྱེས་ཏེ་ཟློས་སྤོང་བྱེད་པ་ནི་གནད་མ་གོ་བའི་རྣམ་འགྱུར་རོ།། ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས། ཁ་ཅིག་རྗེས་ཐོབ་ལུས་ངག་གི་རྟགས་ལས་མཉམ་གཞག་གི་རྟོགས་པ་དཔོག་པ་འབྲས་རྟགས། མཉམ་གཞག་གི་རྟོགས་པ་རྟགས་སུ་བཀོད་དེ་སངས་རྒྱ་ངེས་སྒྲུབ་པ་རང་བཞིན་གྱི་རྟགས་སྦྱོར། སངས་རྒྱས་ངེས་རྟགས་སུ་བཀོད་དེ་ཕྱིར་མི་ལྡོག་པ་སྒྲུབ་པ་མ་དམིགས་པའི་རྟགས་སུ་གསུངས་ཀྱང་། རྩ་བའི་དངོས་བསྟན་ནི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་ཆོས་ཅན་དུ་བཟུང་སྟེ། དེ་ཕྱིར་མི་ལྡོག་པར་སྒྲུབ་པར་བྱེད་ཅིང་། དེའི་སྒྲུབ་བྱེད་ཀྱི་རྟགས་རྩ་བའི་དངོས་བསྟན་རྣམས་འགོད་པར་མཛད་ཀྱི། མ་དམིགས་པའམ་དགག་རྟགས་སུ་གསུངས་པ་མེད་ལ། ཕྱིར་མི་ལྡོག་ཅེས་པའི་མི་མིང་མཐའ་ཡིན་གྱི་དགག་ཚིག་མིན་ཏེ། དཔེར་ན་བུམ་པ་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་སྐབས་མི་དགག་ཚིག་མིན་གྱི་མི་རྟག་ཅེས་པ་འདུས་བྱས་ཀྱི་མིང་གི་རྣམ་གྲངས་ཙམ་ལས་དགག་སྒྲ་མིན་པ་བཞིན། འདིར་ཡང་ཕྱིར་མི་ལྡོག་ཅེས་པ་ཕྱིར་མི་ལྡོག་པའི་གང་ཟག་གི་མིང་ཙམ་ཡིན་གྱི་མི་དགག་ཚིག་ཏུ་སྦྱར་ནས་ལྡོག་པ་དགག་པ་མིན་ནོ།།
དེས་ན་རྩ་བའི་དངོས་བསྟན་གྱི་གཏན་ཚིགས་དེ་དག་གིས། སེམས་དཔའ་ཕ་རོལ་པོ་ཆོས་ཅན་དུ་ཡིན་གྱི་དགག་རྟགས་སུ་སྦྱར་བ་མེད་དོ།། དེས་ན་མདོ་ལས། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་ཅེས་སོགས་གསུངས་པའི་དོན་ལྟར་མེ་ཡི་ཚ་བ་ལྟར་ཡོན་ཏན་གྱི་རྣམ་པ་རྟགས་སུ་བཀོད་དེ་ཕྱིར་མི་ལྡོག་པར་སྒྲུབ་པ་རང་བཞིན་གྱི་རྟགས་སྦྱོར་དང་། དུ་བས་མེ་ལྟར་རྟགས་ལུས་ངག་གི་སྤྱོད་པ་རྟགས་སུ་བཀོད་དེ་དེ་སྒྲུབ་པ་འབྲས་རྟགས་དང་། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། རིགས་ནི་མཚན་མ་དག་ལས་ཤེས།། ཞེས་གསུངས་པ་ལྟར།རྒྱུ་ཡི་མཚན་མ་རྟགས་སུ་བཀོད་དེ་གང་ཟག་ཕྱིར་མི་ལྡོག་པར་སྒྲུབ་པ་རང་བཞིན་གྱི་རྟགས་སྦྱོར་དུ་འདུས་པས། འདིའི་རྟགས་ཐམས་ཅད་ཅི་རིགས་པར་འབྲས་རང་གཉིས་སུ་འདུས་སོ། ། དེས་ན་མཁས་པ་ཁ་ཅིག་གི་ལུགས་གོང་སྨོས་ལྟར་ན་རྟགས་སྦྱོར་སྔ་མ་གཉིས་ཀྱི་སྐབས་མཉམ་གཞག་གི་རྟོགས་པ་དང་སངས་རྒྱས་ངེས་གཉིས་རྟགས་དེ་དག་གི་བསྒྲུབ་བྱར་བྱེད་ཀྱང་གཞུང་རྩ་བའི་ཚིག་ཟིན་ལ་མེད་པ་དང་། རྟགས་སྦྱོར་གསུམ་པའི་སྐབས་སངས་རྒྱ་ངེས་རྟགས་སུ་བཀོད་དེ་ཕྱིར་ལྡོག་དགག་པའི་རྟགས་སྦྱོར་དེ་འདྲ་གཞུང་རྩ་བའི་ཚིག་ཟིན་ལ་མེད་པས་དཔྱད་པར་བྱའོ།།
རྣམ་རྫོགས་སྦྱོར་བའི་སྐབས། དེ་ཡང་སྐབས་འདིའི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ནི་སྐབས་གསུམ་པར་བསྟན་ཁའི་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་གཞི་ཤེས་ཡིན་ལ། དེའི་མེད་པའི་རྣམ་པ་སོགས་རིམ་པར་རྟག་པ་མེད་པ། མི་རྟག་པའི་རྣམ་པའང་མེད་པ། མེད་པའི་རྣམ་པ་སོགས་རིམ་བཞིན་དངོས་བསྟན་བྱང་སེམས་ཀྱི་གཉེན་པོའི་གཞི་ཤེས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རང་བཞིན་ཡིན་ཡང་། དེའི་ངོ་བོར་འཕགས་གསུམ་གྱི་རྟོགས་རིགས་འདུས་པའི་རང་བཞིན་ཅན་ཏེ། རྟག་པའི་སྒྲོ་འདོགས་དང་བྲལ་བ་མི་རྟག་པའི་ལྡོག་པ་སོགས་ཉན་རང་གི་གང་ཟག་གི་བདག་མེད་རྟོགས་པའི་ལྡོག་པ་དང་། མི་རྟག་པ་སོགས་ཆོས་སུ་འཛིན་པའི་སྒྲོ་འདོགས་དང་བྲལ་བའི་ལྡོག་ཆས་ཐེག་ཆེན་གྱི་ཆོས་སུ་འཛིན་པའི་སྒྲོ་འདོགས་དང་བྲལ་བའི་ལྡོག་ཆས་ཐེག་ཆེན་གྱི་ཆོས་ཀྱི་བདག་མེད་རྟོགས་པའི་མངོན་རྟོགས་སུ་འདོད་དོ།། དེས་ན་ལམ་བདེན་གྱི་སྒྱུ་མའི་རྣམ་པ་སོགས་ལྔ་དང་ཀུན་ཉོན་མེད་པའི་རྣམ་པ་སོགས་ལྔ་ཡང་རང་རྒྱལ་གྱི་རྟོགས་རིགས་རྫོགས་པའི་དོན་ཡིན་གྱི་དངོས་བསྟན་བྱང་སེམས་ཀྱི་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་པ་དང་། གཟུང་བ་སྤྲོས་བྲལ་དུ་བསྒོམ་པའི་རྣམ་པ་ཡིན་ནོ།།
གཞི་ཤེས་ལ་ཉོན་མོངས་སོགས་ཀྱིས་དབེན་པའི་གཞི་ཤེས་ཀྱི་ངོ་བོ་མཚན་གཞི། གཞི་ཤེས་ཟབ་པའི་སྦྱོར་བ་ཡིན་པར་མཚོན། ཐབས་ཤེས་ཁྱད་པར་ཅན་གྱི་གཞི་ཤེས་ཀྱི་མངོན་རྟོགས་ཡིན་པ། མཚན་ཉིད་ཀྱི་ཟུར་གཉིས་པ་གྲུབ་སྟེ། གཞི་ཡི་གནས་ལུགས་བདེན་པ་གཉིས་མ་འདྲེས་པར་རྟོགས་པའི་ཕྱིར་དང་དེ་ལ་དབྱེ་བས་བཅུ་དྲུག་ཏུ་ཡོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། དེ་ལྟར་རྟོགས་པའི་ཐབས་ཀྱི་བྱེད་པ་ཕན་བདེ་སྐྱབས་གསུམ་དང་ལྡན་པའི་ཕྱིར། ཟུར་གསུམ་པ་གྲུབ་སྟེ། ཁྱད་ཆོས་བཅུ་དྲུག་གི་སྒོ་ནས་ཉན་རང་གི་སྦྱོར་བ་ལས་ཁྱད་པར་འཕགས་པའི་ཕྱིར། གཉིས་པ་ལམ་ཤེས་ལ་བྱ་དཀའ་སོགས་ཆོས་ལྔ་ལྡན་གྱི་ལམ་ཤེས་ཀྱི་ངོ་བོ་མཚན་གཞི། ལམ་ཤེས་གཏིང་དཔག་དཀའ་བའི་སྦྱོར་བར་མཚོན། ཐབས་ཤེས་ཁྱད་པར་ཅན་གྱི་ལམ་ཤེས་ཡིན་པའི་ཕྱིར། དེ་ཡང་ཤེས་ཁྱད་བྱེད་གསུམ་ལས། ཟུར་གཉིས་པ་གྲུབ་སྟེ། ལམ་གྱི་གནས་ལུགས་རྣམ་ཐར་སྒོ་གསུམ་དུ་རྟོགས་པའི་ཕྱིར་དང་དེ་ལ་དབྱེ་བས་བཅུ་དྲུག་ཏུ་ཡོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། དེ་ལྟར་རྟོགས་པའི་ཐབས་ཀྱི་བྱེད་པ་སྐྱབས་སོགས་གསུམ་དང་ལྡན་བའི་ཕྱིར། ཁྱད་མཚན་འགྲེའོ།།
རྣམ་མཁྱེན་ལ་དམིགས་པ་སོགས་ཆོས་བདུན་ལྡན་གྱི་རྣམ་པའི་ངོ་བོ་མཚན་གཞི། རྣམ་མཁྱེན་ཚད་མེད་པའི་སྦྱོར་བར་མཚོན། ཐབས་ཤེས་ཁྱད་པར་ཅན་གྱི་རྣམ་མཁྱེན་གྱི་མངོན་རྟོགས་ཡིན་པ། ཟུར་གཉིས་པ་གྲུབ་སྟེ། མཐོང་ཆོས་བདེར་གནས་འབྲས་ཆོས་ཀྱི་གནས་ལུགས་ཤེས་པའི་ཕྱིར་དང་དེ་ལ་ལྡོག་ཆས་དབྱེ་བས་བཅུ་དྲུག་ཏུ་ཡོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ།དེའི་སྟོབས་ཀྱིས་ཐབས་ཀྱི་བྱེད་པ་རྟེན་གྱི་མཛད་པ་གཅིག་དང་ལྡན་པའི་ཕྱིར། ཟུར་གསུམ་པ་གྲུབ་སྟེ། ཁྱད་ཆོས་བཅུ་དྲུག་གི་སྒོ་ནས་ཉན་རང་གི་སྦྱོར་བ་ལས་ཁྱད་པར་འཕགས་པའི་ཕྱིར། རྣམ་པའི་དོན་བསྡུ་བའི་སྐབས་ཟག་བཅས་ཟག་མེད་ཀྱི་དོན་ནི། སྤྱིར་རྣམ་པ་བརྒྱ་དོན་གསུམ་ཐམས་ཅད་བྱང་འཕགས་ཀྱིས་མཉམ་གཞག་སྣང་མེད་ཀྱིས་སྐྱེ་མེད་གསུམ་དུ་བསྡུས་ཏེ་སྙིང་པོའི་དོན་སྒོམ་པ་ནི་ཟག་མེད་ཡིན་ལ། རྣམ་པ་བརྒྱ་དོན་གསུམ་ཁྱད་མེད་པར་རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱི་ངོར་མི་གནས་མི་སྦྱོར་བའི་ཚུལ་གྱིས་སྒོམ་པ་ནི་རྗེས་གྱི་རྗེས་ཐོབ་ཟག་བཅས་སུ་འཇོག་པ་ཙམ་ལ་ཁྱད་མེད་ཀྱང་། དེ་དག་གིས་བསྡུས་པའི་རྟོགས་རིགས་ལ། ཉན་ཐོས་ཀྱི་རྒྱུད་ལ་ཡོད་པའི་གཞི་ཤེས་ཀྱི་རྣམ་པ་བཅུ་དྲུག་ཟག་མེད་དང་། རང་རྒྱལ་གྱི་རྒྱུད་ལ་ཡོད་པའི་ལམ་ཤེས་པའི་རྣམ་པ་ལྔ། དེའི་རྗེས་ཐོབ་སྒོམ་ལམ་གྱི་སྐབས་ཡོད་པས་ཟག་བཅས་དང་། ལམ་གསུམ་པའི་རྣམ་པ་དྲུག་རང་རྒྱལ་གྱི་མཐོང་ལམ་ཟག་མེད་དུ་འཇོག་པ་དང། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་རྣམ་པ་རྣམས་ཟག་མེད་ཁོ་ནར་འཇོག་པ་གནད་ཀྱི་དོན་ནོ།། ཤེས་རྣམ་དོན་རྣམ་གང་དུ་འཇོག་པ་ནི། མདོའི་དངོས་བསྟན་ཕལ་ཆེར་དོན་རྣམ་དངོས་བསྟན་དང་ཤེས་རྣམ་སྦས་དོན་གྱི་ཚུལ་དུ་བསྟན་ཅིང་། བསྟན་བཅོས་ཀྱི་དངོས་བསྟན། གཞི་ཤེས་པ་ཡི་བྱེ་བྲག་རྣམས། ། ཞེས་དང་།ཀུན་མཁྱེན་གསུམ་དུ་ཕྱེ་བ་ན་ཤེས་རྣམ་དངོས་སུ་བསྟན་པ་དང་དོན་རྣམ་ཤུགས་བསྟན་ཙམ་མོ།། རྩེ་སྦྱོར་ལ། སྐབས་སོ་སོར་མཐར་ཕྱིན་པའི་དོན་ནི་རྣམ་རྫོགས་ཀྱི་རྣམ་པ་བསྡུས་ཏེ་མཐར་གྱིས་པ་སྒོམ་པའི་མངོན་རྟོགས་སྦྱོར་ལམ་དྲོད་ཀྱི་སྐབས་སུ་མཐར་ཕྱིན་པ་དྲོད་ཀྱི་རྩེ་སྦྱོར་དང་དེ་ནས་དེའི་རྟོགས་པ་རྫོགས་ཏེ་སྔར་བཞིན་བསྒོམ་པ་རབ་ཏུ་གྱུར་པ་རྩེ་མོའི་རྩེ་སྦྱོར་སོགས་སོ།།
མཐར་གྱིས་པའི་སྦྱོར་བ་དྲོད་ཀྱི་གནས་སྐབས་སུ་དྲོད་ཀྱི་རྩེ་སྦྱོར་དུ་འཇོག་པ་མི་འཐད་དེ། ། དྲོད་ཀྱི་རྩེ་སྦྱོར་གྱི་མཇུག་ནས་མཐར་གྱིས་པ་འཇོག་དགོས་པའི་ཕྱིར་ཞེ་ན། སློབ་དཔོན་གྱིས་ས་མཚམས་དེ་ལྟར་མཛད་མོད། འཕགས་པས་ཐེག་ཆེན་ཚོགས་ལམ་ནས་འཇོག་པར་མཛད་དོ།། སློབ་དཔོན་གྱིས་སྦྱོར་བཞི་གོ་རིམ་དང་བསྟུན་ཏེ་དེ་ལྟར་བཤད་པའི་གོ་རིམ་ཙམ་མོ།། དེ་ཡང་སློབ་དཔོན་གྱིས། ། དེ་ཡི་སྦྱོར་བ་དང་། དེ་རབ་དེ་ཡི་གོ་རིམ་དང་། ། སོགས་ཀྱི་ཕྱི་མ་ཕྱི་མའི་དེ་སྒྲ་སྦྱོར་བཞི་སྔ་མས་ལྔ་མར་བསྙེགས་པར་མཛད། འཕགས་པས་དེ་སྒྲ་ཐམས་ཅད་རྣམ་རྫོགས་སྦྱོར་བ་ལ་བསྙེགས་པར་མཛད། བར་ཆད་མེད་རྩེའི་བསལ་བྱ་ལོག་སྒྲུབ་ནི། བར་ཆད་མེད་པའི་རྩེ་མོ་ནི་སྐད་ཅིག་མའི་སྦྱོར་བ་དང་དོན་གཅིག་ཅིང་། དེའི་ཡེ་ཤེས་སྐད་ཅིག་མ་གཅིག་མའི་སྦྱོར་བ་དང་དོན་གཅིག་ཅིང་།དེའི་ཡེ་ཤེས་སྐད་ཅིག་མ་གཅིག་ལ་ལྡོག་པས་སྣང་སྟོང་མཉམ་ཉིད་དུ་རྟོགས་པས་དང་པོ་གཉིས་ཀྱིས་ཚོགས་གཉིས་རེས་འཇོག་མེད་པར་ཅིག་ཆར་དུ་གྲུབ་པའི་ལྡོག་པ་གཉིས་དང་། ཡུལ་མཉམ་ཉིད་དང་ཡུལ་ཅན་གཉིས་སྣང་ནུབ་ཚུལ་གྱི་ལྡོག་པ་ནས་བསྟན་པ་ལ་སྣང་སྟོང་གི་བདེན་གཉིས་འགལ་བར་འཛིན་པས་ཀུན་རྫོབ་དང་དོན་དམ་སྒོ་ཅན་གྱི་ཀླན་ཀ་བརྗོད་པའོ།། དེ་སེལ་བྱེད་བདེན་གཉིས་འགལ་མེད་ཡིན་པའི་གནད་ཀྱིས། དོན་དམ་དུ་དུ་མེད་པས་དོན་དམ་པར་མེད་གོ་ཆོད་ཀྱང་ཀུན་རྫོབ་ཏུ་མི་ཆོད་པར་སྟོང་པ་རྟེན་འབྱུང་དུ་འཆར་བ་དང་། ཀུན་རྫོབ་ཏུ་ཡོད་པས་དེའི་ངོར་ཡོད་གོ་ཆོད་ཀྱང་དོན་དམ་པར་མི་ཆོད་པར་སྣང་བ་རྟེན་འབྲེལ་སྟོང་པ་ཆེན་པོར་གནས་པའི་གནད་ཀྱིས་ཀླན་ཀ་སེལ་བའོ།། དགེའོ།།
ཞེས་པའི་ཟིན་བྲིས་འདི་ཡང་སྔར་ཀླུ་མདོ་ནས་འཁྱུག་བྲིས་ཀྱི་མ་དཔེ་ཞིག་ལས་རང་ཅག་འགས་ལག་བྲིས་བགྱིས་ཏེ་པར་དུ་འཁོད་པ་ལས་སྐྱབས་རྗེ་བླ་མས་ཤེར་ཕྱིན་འགྲེལ་བ་དང་བསྒྲགས་ནས་ལྗགས་ཁྲིད་གནང་སྐབས་ཟིན་བྲིས་འདིའི་སྐབས་སོ་སོའི་གོ་རིམ་བསྒྲིགས་ན་ལེགས་ཚུལ་གྱི་ཞལ་འཕྲོས་དང་ཐེངས་འདིའི་པར་སྐྲུན་གྱི་དགོས་པ་བཅས་ཀྱི་ཆེད་དུ་༧རྗེ་བོད་སྤྲུལ་ཐམས་ཅད་མཁྱེན་པའི་གསུང་སོར་བཞག་གོང་འོག་གི་སྐབས་བསྒྲིག་དང་དག་བཅོས་བཅས་ཡུལ་དབུས་སྔ་འགྱུར་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་ཉིན་བྱེད་གླིང་ནས་༧རྗེ་གང་གི་སློབ་བརྒྱུད་དུ་གཏོགས་པ་གཡུ་ཁོག་ཤེས་བྱ་དེས་རབ་གནས་ཤིང་སྤྲེལ་ལོ་ཟླ་ཚེས་བཟང་པོ་ལའོ།། མངྒ་ལཾ།། །།