← Search

བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་བཀའ་འབུམ།

ཀུན་མཁྱེན་བོད་པ་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ།

དབུ་མ་བཞི་བརྒྱ་བའི་རྣམ་བཤད་ཀླུ་དབང་དགོངས་རྒྱན།

མཆོད་བརྗོད།

༄༅།། དབུ་མ་བཞི་བརྒྱ་པའི་ཚིག་དོན་རྣམ་པར་བཤད་པ་ཀླུ་དབང་དགོངས་རྒྱན་བཞུགས་སོ། །

ན་མོ་མཉྫུ་ཤྲཱི་ཡེ། གང་ཞིག་ཟབ་ཞི་མཐའ་བྲལ་དབུ་མ་ཆེ། །ཇི་བཞིན་རྟོགས་ནས་འགྲོ་ལ་སྟོན་མཛད་པ། །རྒྱལ་དང་རྒྱལ་སྲས་ཚོགས་ལ་ཕྱག་བྱས་ཏེ། །བསྟན་བཅོས་གཞུང་གི་ཚིག་དོན་རབ་བཤད་བྱ། །

དེ་ལ་འདིར་མཐའ་བྲལ་དབུ་མ་ཆེན་པོའི་གནས་ལུགས་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་རྣལ་འབྱོར་དུ་བྱ་བའི་རིམ་པ་སྟོན་པར་བྱེད་པའི་བསྟན་བཅོས་བཞི་བརྒྱ་པ་འདི་ཉིད་འཆད་པར་བྱེད་པ་ལ།

ཀ༡ མཚན་དོན།

མཚན་གྱི་དོན་དང་། འགྱུར་གྱི་ཕྱག །གཞུང་གི་དོན་དང་། མཇུག་གི་དོན་ཏེ་བཞི་ལས།

དང་པོ་ནི། རྒྱ་གར་སྐད་དུ། ཙ་ཏུཿཤ་ཏ་ཀ་ཤཱསྟྲ་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། སྐད་གཉིས་ཤན་སྦྱར་ན། ཙ་ཏུཿཤཏཀ །བཞི་བརྒྱ་པ། ཤཱསྟྲ། བསྟན་བཅོས། ཀཱ་རི་ཀཱ །ཚིག་ལེའུར་བྱས་པ། ནཱ་མ། ཞེས་བྱ་བའི། ཞེས་སྦྱོར།

དེ་དག་གི་དོན་ནི། ཡོད་མེད་ཀྱི་མཐར་འཛིན་པའི་འཛིན་པ་སྣ་ཚོགས་ཕྱིར་འཆོས་པས་ན་བསྟན་བཅོས། ཚིག་ཤོ་ལོ་ཀ་བཞི་བརྒྱར་གྲངས་ངེས་པས་ན་བཞི་བརྒྱ་པ། ཞེས་བྱ་བ་ནི་མིང་སྨྲོས་པ། ཚིགས་སུ་བཅད་པའི་དོན་གྱིས་ན་ཚིག་ལེའུར་བྱས་པ་ཞེས་སྨྲོས་ཏེ། ཟླ་བའི་འགྲེལ་ཆེན་ལས། བཞི་སྒྲ་མི་མངོན་བྱས་ཕྱིར་དང་། །རྟོག་རྣམས་སེལ་བར་བྱེད་པའི་ཕྱིར། །བརྒྱ་པ་ཞེས་བྱར་བརྗོད་པ་སྟེ། །འཛིན་པ་བཅོས་ཕྱིར་བསྟན་བཅོས་སོ། །ཞེས་གསུངས། འདི་ལ་བཞི་སྒྲ་མི་མངོན་བྱས་པ་དང་ཞེས་པའི་དོན། རེད་མདའ་བས། བསྟན་བཅོས་རྩ་བའི་གླེགས་བམ་དུ། ཤཏཀ་ཤཱསྟྲ་ཞེས། བསྟན་བཅོས་བརྒྱ་བ་ཞེས་འབྱུང་པས། དང་པོའི་སྒྲ་ཙ་ཏུཿམི་མངོན་པར་བྱས་པའི་དོན་དུ་བཤད་དོ། །དེ་ལ་བསྟན་བཅོས་ལུས་ལ་འཇུག་པའི་ཐོག་མར་སྟོན་པ་ལ་མཆོད་པར་བརྗོད་དགོས་པ། མ་བརྗོད་པས་དམ་པའི་མན་ངག་དང་བྲལ་བར་འགྱུར་རོ་ཞེ་ན། དེའི་ལན་དུ། ཟླ་བའི་འགྲེལ་ཆེན་ལས། སྔོན་གྱི་སློབ་དཔོན་རྣམས་ཀྱིས་དབུ་མ་རྩ་བར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །སོགས་ཀྱིས་སྟོན་པ་བཅོམ་ལྡན་འདས་ལ་མཆོད་པར་བརྗོད་ཟིན་པས། བསྟན་བཅོས་འདི་ཡང་དེའི་ཁོངས་སུ་གཏོགས་པ་ཉིད་ཀྱིས་མཆོད་བརྗོད་ཟུར་དུ་མ་བཀོད་པར་འཆད་པའི་ལན་མཛད་པ་དེ་ཉིད་འཐད་པར་བསྟན་ཏོ། །

ཀ༢ འགྱུར་གྱི་ཕྱག

གཉིས་པ་འགྱུར་ཕྱག་ནི། རྗེ་བཙུན་ས་བཅུའི་དབང་ཕྱུག་ཆེན་པོ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཞེས་རྒྱལ་པོའི་བཀས་བཅད་དང་མཐུན་པར་སྡེ་སྣོད་ངོས་འཛིན་གྱི་ཚུལ་དུ། ལོ་ཙཱ་བས་བསྟན་བཅོས་བོད་དུ་འགྱུར་བའི་ཐོག་མར་ཕྱག་འཚལ་བའི་ཚིག་བཀོད་པའོ། །

ཀ༣ གཞུང་དོན།

ཁ༡ སྤྱི་དོན་བཤད་བྱའི་ཡན་ལག་བཤད་པ།

གསུམ་པ་གཞུང་གི་དོན་ལ། སྤྱི་དོན་བཤད་བྱའི་ཡན་ལག་བཤད་པ་དང་། བཤད་བྱ་གཞུང་དོན་དངོས་བཤད་པ་གཉིས།

དང་པོ་ནི། སྔོན་གྱི་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཔལ་ན་ལེནྜའི་པཎྜི་ཏ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པར་མཛད་པས། དེ་དག་རྣམས་ཀྱི་རྗེས་སུ་མཐུན་པར་བསྟན་བཅོས་ཆེན་པོ་འདི་རྩིས་འགོ་ཡན་ལག་ལྔའི་ཚུལ་གྱིས་འཆད་པ་ལ། དང་པོ་མཛད་པ་པོ་སློབ་དཔོན་ནི། པདྨ་ལས་འཁྲུངས་ལུས་མཆོག་རྙེད། །སོགས་གཞུང་འགའ་ཞིག་ལས་བརྫུས་ཏེ་སྐུ་འཁྲུངས་པར་ཡང་བཤད་མོད་ཀྱི། འདིར་ནི་ཟླ་བའི་འགྲེལ་ཆེན་ལས། འདི་ལྟར་སློབ་དཔོན་འཕགས་པ་ལྷ་འདི་ནི་སིངྒ་ལའི་གླིང་དུ་འཁྲུངས་པ། སིངྒ་ལའི་རྒྱལ་པོའི་སྲས་ཤིག་སྟེ། ཞེས་སོགས་ཀྱིས་བསྟན་པ་ལྟར། སིངྒ་ལའི་གླིང་གི་རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ། མཁས་བཙུན་གྲུབ་པའི་རྣམ་ཐར་གྱི་ཡང་རྩེར་སོན་ཞིང་། སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡོངས་ཀྱི་ཐུ་བོར་གྱུར་པ། ཟབ་མོ་དབུ་མའི་རྒྱན་གཅིག་དཔལ་འཕགས་པ་ལྷ་དེ་ཉིད་ཀྱིས་མཛད།

གཉིས་པ་སུའི་ཆེད་དུ་མཛད་པ་ནི། གཟུར་གནས་བློ་ལྡན་དོན་གཉེར་པ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་ལྟར། གཟུར་གནས་བློ་དང་ལྡན་པའི་གང་ཟག་གང་ཞིག་ཐ་སྙད་དང་དོན་དམ་པའི་དེ་ཁོ་ན་ཉིད་རིགས་པས་གཏན་ལ་ཕབ་པའི་དོན་ཇི་ལྟར་སྒོམ་པས་ཉམས་སུ་ལེན་པའི་རྣལ་འབྱོར་གྱི་རིམ་པ་དོན་དུ་གཉེར་བ་དག་གི་ཆེད་དུ་མཛད། གསུམ་པ་ཕྱོགས་གང་དུ་གཏོགས་པ་ནི། གཞུང་འདི་ལས་ཐ་སྙད་དང་དེ་ཁོ་ན་ཉིད་ཀྱི་དོན་སློབ་དཔོན་གྱི་དབུ་མའི་བསྟན་བཅོས་ལས་ཇི་ལྟར་འབྱུང་བ་ལྟར་འཆད་པར་མཛད་པས་ཟབ་མོ་དབུ་མའི་ཕྱོགས་སུ་གཏོགས་པ་སྟེ། འདིའི་འགྲེལ་ཆེན་ལས། གང་གི་ཕྱིར་ན་སློབ་དཔོན་འཕགས་པ་ལྷ་འདི་ནི། །སློབ་དཔོན་ཀླུ་སྒྲུབ་སློབ་མར་གནང་བར་འདོད་གྱུར་པ། །དེ་ཕྱིར་འདི་ཡི་དེ་ཉིད་ལུགས་ལས་ལུགས་གཞན་མིན། །སོགས་ཀྱིས་བཙུན་པ་ཆོས་སྐྱོང་གིས་རྣམ་རིག་པའི་ཕྱོགས་སུ་བཀྲལ་བ་བཀག་ནས་ཟབ་མོ་དབུ་མའི་གཞུང་དུ་བཞེད་པའི་ཕྱིར་རོ། །བཞི་པ་དབུ་ནས་ཞབས་སུ་བསྡུས་པའི་དོན་ནི། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པའི་དོན་ལྟར། ཐབས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་རིམ་པ་དང་། ཐབས་བྱུང་དོན་དམ་པའི་དེ་ཁོ་ན་ཉིད་ཇི་ལྟར་རྣལ་འབྱོར་དུ་བྱ་བའི་རིམ་པ་སྟོན་པ་སྟེ། འགྲེལ་ཆེན་ལས་ཟླ་བས། གཞུང་འདིའི་ཚིག་དང་དོན་གྱི་ཆ་ལ་ལོག་པར་རྟོག་པ་བཀག་ནས། རང་བཞེད་ཐུན་མོང་མ་ཡིན་པ་རྒྱ་ཆེར་བསྒྲུབས་པར་མཛད་པའི་ཕྱིར་ཏེ། དེ་ཉིད་ལས། ད་ལྟའི་སྙན་ངག་མཁན་གྱིས་རྣམ་གཉིས་བྱས། །ཞེས་སོགས་ཀྱིས། སྙན་ངག་མཁན་བཙུན་པ་ཆོས་སྐྱོང་གིས་རྗོད་བྱེད་གཞུང་ལ་ལོག་པར་རྟོག་པ། རབ་བྱེད་བརྒྱད་པ་ཡན་ལ་ཆོས་བརྒྱ་བ་དང་། དེ་མན་གྱི་རབ་བྱེད་རྣམས་ལ་རྩོད་པ་བརྒྱ་བའི་ཐ་སྙད་སྦྱར་ཏེ་བསྟན་བཅོས་ཀྱི་ལུས་གཉིས་སུ་བྱས་པ་དང་། བརྗོད་བྱ་དོན་ལ་ལོག་པར་རྟོག་པ། རྣམ་རིག་སེམས་ཙམ་པའི་ཕྱོགས་སུ་བཀྲལ་བ་དག་བཀག་ནས། རང་ལུགས་རྣམ་པར་བཞག་པ་ཡང་། དེ་ཉིད་ལས། བསྟན་བཅོས་ཀྱི་རབ་ཏུ་བྱེད་པ་བཅུ་དྲུག་གི་ཚིག་ལེའུར་བྱས་པའི་དོན་འགྲེལ་པ་གཅིག་གིས་རྣམ་པར་དབྱེ་བར་འདོད་པས། དེའི་སྤྱི་དོན་ཉེ་བར་བསྟན་པའི་སྤྱིར་བཤད་པ། གང་ལས་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་བཞིན་རྣམ་པར་ཕྱེ་ནས་རིམ་གྱིས་དོན་དམ་སྟོན་གྱུར་པ། ཞེས་སོགས་ཀྱིས་བསྟན་བཅོས་ཀྱི་ལུང་ཡོངས་རྫོགས་གཅིག་ཏུ་བྱས་ཏེ། ཟབ་མོ་དབུ་མ་ཆེན་པོའི་ཐ་སྙད་དང་དོན་དམ་པའི་དེ་ཁོ་ན་ཉིད་སྒོམ་པའི་རིམ་པ་རབ་བྱེད་བཅུ་དྲུག་གི་བསྡུས་དོན་དང་བཅས་གསུངས་པའི་ཕྱིར་རོ། །

ལྔ་པ་དགོས་པ་ནི། གནས་སྐབས་དང་མཐར་ཐུག་གི་དགོས་པ་གཉིས་ཏེ། རེ་ཞིག་སློབ་དཔོན་གྱི་དབུ་མའི་བསྟན་བཅོས་ལས་རིགས་པས་རྣམ་དཔྱད་རྒྱ་ཆེར་མཛད་དེ། དེ་ཁོ་ན་ཉིད་གཏན་ལ་ཕབ་པ་ན། མ་རྟོགས་པ་ཁ་ཅིག་གིས་རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་ཙམ་དུ་བས་སོ་སྙམ་པ་ལ། འདིར་དབུ་མའི་བསྟན་བཅོས་ལས་ཇི་སྐད་བསྟན་པའི་དོན་ཉམས་སུ་ལེན་པའི་རིགས་པ་རྣམས་བསྟན་པས། ལོག་པར་རྟོག་པ་བཟློག་པའི་སྒོ་ནས་གནས་སྐབས་སུ་དབུ་མའི་བསྟན་བཅོས་ལ་འཇུག་པའི་དགོས་པ་དང་། མཐར་ཐུག་གི་དགོས་པ་ནི་སློབ་དཔོན་གྱིས། དོན་དམ་གཟིགས་པར་བགྱི་སླད་དངོས་པོ་རྣམས། །ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །ཅེས་གསུངས་པ་ལྟར། ཐབས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་ལམ་གྱི་རིམ་པ་རྣམས་ཉམས་སུ་བླངས་པས། ཐབས་བྱུང་དོན་དམ་པའི་དེ་ཁོ་ན་ཉིད་མངོན་དུ་རྟོགས་ཏེ་རྣམ་མཁྱེན་ཐོབ་པའི་དགོས་པ་དང་བཅས་པའི་ཕྱིར་རོ། །

ཁ༢ གཞུང་དོན་དངོས་བཤད་པ།

ག༡ རབ་བྱེད་དང་པོ་རྟག་པར་འཛིན་པ་སྤོང་བའི་ཐབས་བསྟན་པ།

གཉིས་པ་གཞུང་དོན་དངོས་ལ། ཐབས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་རྣལ་འབྱོར་གྱི་རིམ་པ་དང་། ཐབས་བྱུང་དོན་དམ་པའི་དེ་ཁོ་ན་སྒོམ་པའི་རྣལ་འབྱོར་བཤད་པ་གཉིས། དང་པོ་ལ། ཤེས་བྱ་ཚུལ་མིན་ཕྱོགས་སྤོང་པའི་ཐབས་ཀྱི་རྣལ་འབྱོར་དང་། བླང་བྱ་རྣམ་བྱང་ཕྱོགས་རྟོགས་པའི་ཐབས་ཀྱི་རྣལ་འབྱོར། སྤང་བྱ་ཀུན་ཉོན་ཕྱོགས་སྤོང་པའི་ཐབས་ཀྱི་རྣལ་འབྱོར། ཐབས་བྱུང་ཟབ་མོའི་ཕྱོགས་ཉན་པའི་སྣོད་སྦྱོང་ཚུལ་བཞི། དང་པོ་ལ། རྟག་པར་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་ཀྱི་རྣལ་འབྱོར་དང་། བདེ་བར་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་ཀྱི་རྣལ་འབྱོར། གཙང་བར་འཛིན་པ་ཕྱིན་ཅི་ལོག་སྤོང་པའི་ཐབས་ཀྱི་རྣལ་འབྱོར། བདག་ཏུ་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་ཀྱི་རྣལ་འབྱོར་དང་བཞི། དང་པོ་ལ། འདུ་བྱེད་མི་རྟག་འཆི་བའི་རང་བཞིན་དུ་བསྟན་པ་དང་། དེ་ཇི་ལྟར་སྒོམ་ཚུལ་རྒྱས་པར་བཤད་པ། དེ་ལྟར་མི་རྟག་རྗེས་སུ་དྲན་པའི་ཕན་ཡོན་བསྟན་པ་སྟེ་གསུམ།

དང་པོ། གང་ཞིག་འཕགས་པའི་ལམ་རྒྱུད་ལ་མ་སྐྱེས་ཤིང་དངོས་པོ་རྣམས་ལ་དེ་ཁོ་ན་ཉིད་དུ་བདེན་པར་མངོན་པར་ཞེན་པའམ་ཁམས་གསུམ་གྱི་འཆིང་བ་ལས་མ་གྲོལ་བ་གང་ལ། འགྲེལ་ཆེན་ལས། དེ་ལ་ཕུང་པོ་ལྔ་རྒྱུར་བྱས་ནས་གདགས་པའི་གང་ཟག་ནི། སྐྱེས་པའི་གནས་དེ་དང་དེར་འཇིག་ཅིང་རབ་ཏུ་འཇིག་པའི་འཇིག་རྟེན་ནོ་སོགས་དང་། འཆི་བདག་ནི་ཇི་ལྟར་འདོད་པ་བཞིན་བྱ་བ་ལ་མངའ་བཙན་པའི་ཕྱིར་ན་འཇིག་རྟེན་གསུམ་པོ་འདིའི་མངའ་བདག་གོ་ཞེས་སོགས་ཀྱིས་བསྟན་པ་ལྟར། འཇིག་རྟེན་གསུམ་གྱི་མངའ་བདག་ཏུ་གྱུར་པ་རང་ཉིད་འཆི་བདག་གི་རྒྱལ་པོ་གཞན་གྱིས་མ་སྦྱར་བ་དང་། གཞན་རབ་ཏུ་སྦྱོར་བ་པོ་མ་ཡིན་པས་ན་བྱེད་པ་པོ་གཞན་མེད་པ་དང་། རང་ཉིད་ཀྱིས་ཆད་པ་གཅོད་པར་བྱེད་པ། སྐྱེས་བུའི་བྱེད་པ་གཞན་གྱིས་བཟློག་ཏུ་མེད་པ། གཤེད་མ་རལ་གྲི་གདེངས་པ་ལྟར་སྲོག་གཅོད་པའི་ཕྱིར་ཞུགས་ཡོད་པ་དང་། གསོན་པའི་འཇིག་རྟེན་དེ་ལ་རག་ལས་པ་དེས་ན་མྱུར་བ་ཉིད་དུ་བག་ཡོད་པར་བྱ་སྟེ། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །ཞེས་གསུངས་པ་ལྟར་བག་ཡོད་པར་བྱ་སྟེ། འཆི་བ་ཟློག་པའི་ཐབས་འཕགས་པའི་ལམ་རྒྱུད་ལ་སྐྱེད་པར་མི་བྱེད་པར། འཆི་བདག་གི་དཀྱིལ་ན་གནས་བཞིན་དུ་ཡང་བྱ་བ་བྱས་པ་ལྟར་འཆོས་ཤིང་རྣལ་མ་སོས་དལ་བཞིན་དུ་གཉིད་ལོག་ན་ནི། དེ་ལས་མ་རུང་བ་གཞན་ཅི་ཞིག་ཡོད། དེ་བས་ན། ཟླ་བའི་འགྲེལ་ཆེན་ལས། དེ་བཞིན་དུ་གཞན་དག་གིས་ཀྱང་བག་ཡོད་པ་ལ་གནས་ཏེ། ཇི་ལྟར་འཆི་བདག་གི་རྒྱལ་པོས་གནོད་པ་བྱེད་པར་མི་འགྱུར་བ་དེ་ལྟར་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པར་བྱའོ། །

གཉིས་པ། སྐྱེས་མཐའ་འཆི་བའི་ཆོས་ཅན་ལ་བསམས་ཏེ་མི་རྟག་པ་སྒོམ་པ་དང་། མཐོ་མཐའ་ལྷུང་བའི་ཆོས་ཅན་ལ་བསམས་ཏེ་མི་རྟག་པ་སྒོམ་པ། བསགས་མཐའ་མཛད་པའི་ཆོས་ཅན་ལ་བསམས་ཏེ་མི་རྟག་པ་སྒོམ་པ། འདུས་མཐའ་འབྲལ་བའི་ཆོས་ཅན་ལ་བསམས་ཏེ་མི་རྟག་པ་སྒོམ་པ་དང་བཞི། དང་པོ་ལ། དངོས་དང་། དེའི་ཚུལ་རྒྱས་པར་བསྟན་པ་གཉིས།

དང་པོ་ནི། དེ་ལྟར་འཆི་བ་ཡོད་མོད་ཀྱི། འོན་ཀྱང་དེའི་སྔ་རོལ་དུ་གསོན་པ་ཡོད་པས་རེ་ཞིག་དེ་ལ་མི་འཇིགས་སོ་སྙམ་ན། དང་པོར་སྐྱེ་བ་ཉིད་ན་ཡང་འཆི་བར་བྱ་བའི་ཕྱིར་སྐྱེས་པར་གྱུར་ཅིང་། བར་དུ་གནས་པ་ན་ཡང་རྒ་བ་དང་། ན་བ་དང་། རྒུད་པའི་གཞན་དབང་དུ་གྱུར་ཅིང་། མཐར་འཆི་བདག་གི་མདུན་ཁོ་ནར་འགྲོ་བའི་ངང་ཚུལ་ཅན་དེ་ལ་བརྟགས་ན། འབྲས་བུ་འཆི་བར་བྱ་བ་ཁོ་ནའི་ཕྱིར་སྐྱེས་པ་ལྟར་སྣང་སྟེ་གསོན་པར་བྱ་བའི་ཕྱིར་དུ་སྐྱེས་པ་མིན་པ་ལྟར་སྣང་བར་འགྱུར་རོ། །གང་སྐྱེས་པའི་མཐའ་མ་འཆི་བའི་རང་བཞིན་ལ་ལ་བསམ་ཏེ་མི་རྟག་པ་བསྒོམ་པར་བྱའོ། །

གཉིས་པ་ལ་ལྔ་ལས། དང་པོ་ཚེ་ཚད་ངེས་མེད་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ནི། བདག་ད་ལྟ་ན་ཚོད་གཞོན་པས་རེ་ཞིག་ཡུལ་གྱི་བདེ་བ་མྱོངས་ནས་གཟོད་འཆི་བ་ཟློག་པའི་ཐབས་ལ་འབད་པར་བྱའོ་སྙམས་ན། ཁྱེད་ཀྱིས་སྔར་འདས་པའི་དུས་ཐུང་ངུ་ལྟར་མཐོང་ཞིང་མ་འོངས་པ་དེ་ལས་གཞན་དུ་དུས་རིང་པོ་ལྟར་སྣང་ན་ཡང་། ཁྱོད་ཀྱིས་དེ་ལྟར་མཉམ་པ་དང་མི་མཉམ་པ་ལྟར་སེམས་པ་དེ་ནི། ཆེས་གསལ་བར་འཆི་བ་ལ་འཇིགས་པའི་འོ་དོད་འབོད་པ་དང་འདྲ་བས། ཚེ་ཚད་ངེས་མེད་ལ་བསམས་ཏེ་མི་རྟག་པ་བསྒོམ་པར་བྱའོ། །

གཉིས་པ་ཐམས་ཅད་འཆི་བའི་རང་བཞིན་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ནི། འཆི་བ་ནི་སེམས་ཅན་ཀུན་གྱི་ཐུན་མོང་ཡིན་པས་ཁོ་བོ་གཅིག་པུ་འཇིགས་མི་དགོས་སོ་སྙམ་ན། སེམས་ཅན་གཞན་དག་ལའང་སྤྱི་མཐུན་དུ་གྱུར་བའི་ཕྱིར་ཁྱོད་ལ་འཆི་བའི་སྡུག་བསྔལ་གྱི་འཇིགས་པ་མེད་ན། ཁྱོད་གཅིག་ཏུ་ལ་གནོད་པ་གང་ཡིན་པ་དེ་ཙམ་ལ་ཡང་ཕྲག་དོག་གི་སྒོ་ནས་སྡུག་བསྔལ་བླ་ལྷག་ཏུ་བསྐྱེད་པར་འགྱུར་རམ་ཅི། འཆི་བ་ཀུན་དང་ཐུན་མོང་ཡིན་པ་དེ་བས་ན། ཐམས་ཅད་འཆི་བའི་རང་བཞིན་ལ་བསམས་ཏེ་མི་རྟག་པ་བསྒོམ་པར་བྱའོ། །

གསུམ་པ་ཐབས་ཀྱིས་ཟློག་ཏུ་མེད་པ་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ནི། གསོ་དཔྱད་དང་བཅུད་ལེན་སོགས་ཀྱིས་ལུས་ཀྱི་ནད་དང་རྒ་བ་རེ་ཞིག་བཅོས་སུ་ཡོད་པས་འཆི་བ་ལ་མི་འཇིགས་སོ་ཞེ་ན། ནད་གསོ་དཔྱད་ཀྱིས་བཅོས་སུ་ཡོད་པ་དང་། རྒ་བ་རེ་ཞིག་བཅུད་ལེན་གྱིས་གསོ་བར་བྱར་ཡོད་པའི་རྒྱུ་མཚན་དེས། དེ་དག་ལ་ཁྱོད་མི་འཇིགས་མོད། ཆད་པ་ཕྱི་མ་འཆི་བ་འདི་ནི་ཐབས་གང་གིས་ཀྱང་ཕྱིར་བཅོས་སུ་མེད་པས། ཁྱོད་ནི་ཆེས་གསལ་བར་འཆི་ཟློག་ཏུ་མེད་པ་དེ་ལ་འཇིགས་པར་རིགས་སོ། །

བཞི་པ་འཆི་བ་མཐོང་ཆོས་སུ་གྱུར་བ་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ནི། ད་ལྟ་འཆི་བ་མངོན་དུ་མ་གྱུར་བས་རེ་ཞིག་དེ་ལ་མི་འཇིགས་སོ་སྙམ་ན། དཔེར་ན་གང་གསད་པར་བྱ་བའི་ཕྱུགས་རྣམས་སྔ་མ་སྔ་མ་རྣམས་རིམ་བཞིན་གསོད་པ་ཕྱི་མ་རྣམས་ལ་མངོན་དུ་གྱུར་ཀྱང་མི་ཤེས་པ་ལྟར། སྤྱིར་འཆི་བ་ནི་ན་དང་མི་ན་བ་ཀུན་གྱི་ཐུན་མོང་ཡིན་ཞིང་། གཞན་དང་གཞན་ཡང་འཆི་བར་མཐོང་ཆོས་སུ་སྣང་བར་གྱུར་ན། ཁྱོད་ལ་འཆི་བདག་གི་འཇིགས་པ་རྒྱུ་མཚན་ཅིས་མེད་དེ་འཇིགས་པར་རིགས་སོ། །

ལྔ་པ་ནམ་འཆི་ངེས་མེད་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ནི། འཆི་བ་མཐོང་ཆོས་སུ་གྱུར་མོད་ཀྱི་དུས་ནམ་འཆི་མ་ངེས་པས་མི་འཇིགས་སོ་སྙམ་ན། འཆི་བའི་དུས་ལ་ངེས་པ་མེད་པའི་ཕྱིར་བདག་རེ་ཞིག་མི་འཆི་བར་རྟག་གོ་སྙམ་དུ་སེམས་ན་ནི་ཆེས་བླུན་པའི་ཐ་ཚིག་སྟེ། འཆི་བའི་དུས་ལ་ངེས་པ་ཅི་ཡང་མེད་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ནམ་ཞིག་གི་དུས་ན་གདོན་མི་ཟ་བར་འཆི་བདག་གིས་ཁྱོད་ལ་གནོད་པ་བྱེད་ངེས་པར་འགྱུར་བས། ནམ་འཆི་ཆ་མེད་ལ་བསམས་ཏེ་མི་རྟག་པ་བསྒོམ་པར་བྱའོ། །

གཉིས་པ་མཐོ་མཐའ་ལྷུང་བའི་རང་བཞིན་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ནི། འཆི་བའི་འཇིགས་པ་ནི་སྡར་མ་ཁོ་ན་ལ་ཡོད་ཀྱི་དཔའ་བོ་སོགས་རྙེད་བཀུར་དང་མངའ་ཐང་ཅན་ནི་དེ་ལ་མི་འཇིགས་པས། རེ་ཞིག་དེའི་ཆེད་དུ་རྙེད་བཀུར་དང་མངའ་ཐང་སོགས་བསྒྲུབ་པར་བྱའོ་ཞེ་ན། ཚེ་འདིར་མ་འོངས་པ་ཡི་དོན་རྙེད་བཀུར་དང་མངའ་ཐང་སོགས་ཐོབ་པ་ལ་གཅིག་ཏུ་ལྟ་ཞིང་། རང་གི་གསོན་པའི་ཚེ་ཟད་པར་འགྱུར་བ་ལ་ལྟ་བ་མ་ཡིན་ནི། རྙེད་བཀུར་སོགས་མཐོན་པོའི་མཐའ་མ་ལྷུང་བའི་ཆོས་ཅན་གྱི་མངའ་ཐང་སོགས་ཀྱི་ཆེད་དུ་བདག་ཉིད་ཀྱི་གསོན་པའི་ཚེ་འདི་ཟད་པར་བྱས་ཏེ་འཚོང་བར་བྱེད་པ་དང་འདྲ་བའི་སྤྱོད་པ་ལ། བདག་ཉིད་ནི་རྣམ་དཔྱོད་དང་ལྡན་ནོ་ཞེས་སུ་ཞིག་གིས་སྨྲ་བར་བྱེད། དེ་བས་ན་མཐོན་པོའི་མཐའ་མ་ལྷུང་བའི་རང་བཞིན་ལ་བསམ་ཏེ་མི་རྟག་པ་སྒོམ་པར་བྱའོ། །

གསུམ་པ་བསགས་མཐའ་འཛད་པའི་རང་བཞིན་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ལ། དངོས་དང་། ཚུལ་དེས་རྟག་འཛིན་ཕྱིན་ཅི་ལོག་ཏུ་དོན་བསྡུ་བ་གཉིས།

དང་པོ་ནི། འོ་ན་སྲོག་བསྲུང་བར་བྱ་བའི་ཆེད་དུ་ནོར་ལོངས་སྤྱོད་བསགས་ཏེ་སྡིག་པ་ལ་ཡང་སྤྱད་པར་འོས་སོ་ཞེ་ན། བསགས་པ་འཛད་པའི་ཆོས་ཅན་གྱི་ཚེ་འདིའི་ལོངས་སྤྱོད་ཙམ་གྱི་ཆེད་དུ་བདག་རང་ཉིད་ཕྱི་མ་རྣམ་སྨིན་སྡུག་བསྔལ་གྱི་གཏའ་མར་བཞག་པར་བྱས་ཏེ་དེའི་རྒྱུ་སྡིག་པ་མི་དགེ་བའི་ལས་རྒྱུ་མཚན་ཅི་ཡི་ཕྱིར་ན་བྱེད། དེ་བས་ན་ངེས་པར་ཁྱོད་ནི་མཁས་པ་དགྲ་བཅོམ་པ་རྣམས་ལྟར་བདག་རང་ཉིད་ལ་འདོད་ཆགས་དང་བྲལ་བར་ཟད་དོ། །དེས་ན་བསགས་པ་འཛད་པའི་ཆོས་ཅན་ལ་བསམས་ཏེ་མི་རྟག་པ་བསྒོམ་པར་བྱའོ། །

གཉིས་པ་ལ། ཕྲ་བ་སེམས་ཀྱི་སྐད་ཅིག་མ་ཕྱིན་ཅི་ལོག་ཏུ་རྟོག་ཚུལ་དང་། རགས་པ་རྒྱུན་གྱི་སྣང་བ་ལ་ཕྱིན་ཅི་ལོག་པར་རྟོག་པར་བསྟན་པ་གཉིས། དང་པོ། སེམས་ཅན་སུ་ལའང་གསོན་པ་ཞེས་བྱ་བ་ནི་ཕྲ་བ་སེམས་ཀྱི་སྐད་ཅིག་མ་གཅིག་ཙམ་ལས་རྟག་པ་ཞེས་བྱ་བ་གཞན་ཅི་ཡང་མེད་མོད་ཀྱི། འོན་ཀྱང་སོ་སོའི་སྐྱེ་བོའི་རྗེས་དཔག་གིས་དེ་མ་ངེས་ཤིང་མངོན་སུམ་དུ་མི་རིག་པ་དེས་ན་རྟག་པར་ཕྱིན་ཅི་ལོག་ཏུ་རྟོག་པ་ལས་ཇི་ལྟར་མི་རྟག་པའི་བདག་ཉིད་དུ་ཤེས་པ་དཀོན་པར་སྣང་ངོ་། །

གཉིས་པ་ནི། གསོན་པ་སྐད་ཅིག་མའི་ཆོས་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྒྱུན་མི་ཆད་པའི་ཚེ་རིང་བ་ཉིད་ངེས་པར་ཡོད་པས་དེ་ལ་ཞེན་པར་རིགས་སོ་ཞེ་ན། ཁྱོད་ནི་ཚེ་ཡུན་རིང་དུ་གསོན་པ་ལ་དགའ་ཞིང་། གཉེར་མ་དང་མགོ་སྐྱ་བ་སོགས་ན་ཚོད་མི་རྟག་པར་འགྱུར་བའི་རྒན་པོར་གྱུར་བ་ཉིད་ལ་ཁྱོད་མི་དགའ་ན་ཡང་། ཨེ་མ་ཁྱོད་ཀྱི་སྤྱོད་པ་རྟག་འཛིན་ཕྱིན་ཅི་ལོག་ཏུ་གྱུར་བ་འདི་སྐྱེ་བོ་ནི་ཁྱོད་དང་འདྲ་བ་ཁོ་ན་ལ་དམ་པ་ལྟ་བུར་སྣང་གི། འཕགས་པའི་སྐྱེ་བོ་གཞན་གྱིས་གཟིགས་ན་ནི་རྟག་པར་ཕྱིན་ཅི་ལོག་ཏུ་རྟོག་པར་ཟད་དོ། །

བཞི་པ་འདུས་མཐའ་འབྲལ་བའི་རང་བཞིན་ལ་བསམས་ཏེ་མི་རྟག་པ་སྒོམ་པ་ལ། འབྲལ་བ་མི་རྟག་པའི་ཆོས་ཅན་ལ་མྱ་ངན་སྤོང་བའི་ཐབས་དང་། འདུས་པ་མི་རྟག་པའི་ཆོས་ཅན་ལ་ཞེན་པ་སྤོང་བའི་ཐབས་དང་། དེ་ལྟར་ཞེན་པ་སྤངས་ཏེ་དབེན་པ་བསྟེན་པར་གདམས་པ་དང་གསུམ། དང་པོ། དེ་ལ་འཇིག་རྟེན་པ་རྣམས་རང་ཉིད་འཆི་བའི་འཇིགས་པ་ལ་མི་སེམས་པར་བུ་ལ་སོགས་པའི་ཆེད་དུ་མྱ་ངན་བྱེད་པ་དེ་ཡང་མི་རིགས་པར་བསྟན་པ། ཇི་ལྟར་རྒ་ཤིའི་དབང་གིས་མི་འདོད་བཞིན་དུ་བུ་སོགས་དང་བྲལ་བ་ནི་མི་བཟོད་པས་ངེས་པར་མྱ་ངན་བྱ་བར་འོས་ཀྱི། རང་ལ་ནི་དེ་ལྟར་མ་ཡིན་ནོ་སྙམ་ན། ཁྱོད་རང་ཉིད་འཆི་བའི་གཞན་དབང་དུ་གྱུར་པ་ལ་མྱ་ངན་བྱ་བར་འོས་ན། གཞན་བུ་ལ་སོགས་པ་མི་རྟག་འབྲལ་བའི་ཆོས་ཅན་གྱི་མཛའ་བཤེས་རྣམས་ཀྱི་ཕྱིར་ཅི་སྟེ་མྱ་ངན་བྱ་བ་ཡིན་ཏེ། རང་ཉིད་འཆི་བ་ལས་འདས་པས་ནི་གཞན་འཆི་བའི་གཞན་དབང་དུ་གྱུར་པ་ལ་མྱ་ངན་བྱ་བར་རིགས་ཀྱི། སྐྱོན་མཚུངས་པས་རང་ཉིད་སྤྱོ་བྱ་མྱ་ངན་གྱི་གནས་ལ་མྱ་ངན་མི་བྱ་བར། གཞན་གྱི་ཕྱིར་དུ་མྱ་ངན་བྱེད་དགོས་པར་སྨྲ་བ་པོ་ཁྱོད་ནི་ཇི་ལྟ་བུར་ན་སྐྱེ་བོ་དམ་པས་སྨད་པར་ཅིའི་ཕྱིར་མི་འགྱུར། དེ་བས་ན་འབྲལ་བ་རང་བཞིན་གྱིས་མི་རྟག་པས་གཞན་གྱི་ཆེད་དུ་མྱ་ངན་བྱ་བར་མི་འོས་སོ། །

དེ་ལྟར་ན་ཡང་བུ་ཉིད་ཀྱིས་མ་དྲིས་པར་གློ་བུར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་མྱ་ངན་བྱེད་དོ་སྙམ་ན། དུས་གང་གི་ཚེ་ཡུལ་སེམས་ཅན་འགའ་ཞིག་ཐོག་མར་ཡང་མ་དྲིས་མ་བཅོལ་བར་རང་ཉིད་ཀྱི་བུར་གྱུར་པ་དེ་ཡི་ཚེ། ཐ་མར་ཡང་མ་དྲིས་པ་ཁོ་ན་ཉིད་དུ་དེ་ཉིད་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་རིགས་པར་མི་འགྱུར་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་མ་དྲིས་པར་འགྲོ་བ་ཡང་མ་ཡིན་ཏེ། དེས་ཚིག་ཏུ་བརྗོད་པ་མེད་པར་བརྡའམ་རྣམ་པ་ཙམ་གྱིས་འཇིག་རྟེན་གཞན་དུ་འགྲོ་བར་བསྟན་མོད་ཀྱི། ཁྱོད་རང་ཉིད་གཏི་མུག་ཆེ་བའི་ཕྱིར་ན། བུ་ཡི་ནི་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་བརྡ་ཡི་རྣམ་པ་བསྟན་པ་དེ་ཁྱོད་ཀྱིས་རྟོགས་པ་མེད་པར་ཟད་དོ། །འདི་ཡང་ཟླ་བའི་འགྲེལ་ཆེན་གྱི་བབས་དང་བསྟུན་ཏེ་སྨྲས་པ་ལགས་སོ། །

འོ་ན་རྣམ་པའི་སྒོ་ནས་སྐལ་བ་བགོས་པ་དེ་གང་ཞེ་ན། ཁྱོད་ཀྱི་བུ་འདི་ཡི་འཇིག་རྟེན་གཞན་དུ་འགྲོ་བར་སྤྲོ་བ་ཉིད་ཀྱི་རྣམ་པ་རྒྱུན་འགྱུར་བའི་རྒས་པས་ཁྱོད་ལ་སྟོན་པར་བྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱི་བུ་ལ་ཆེས་ཆགས་པའི་དབང་གིས་མྱ་ངན་བཟོད་བརླག་མེད་དོ་ཞེ་ན། ཇི་ལྟར་ཕ་ལ་ནི་བུ་དེ་སྙིང་དུ་སྡུག་པ་ཡི་སྒོ་ནས་ཆགས་པར་བྱེད་མོད་ཀྱི། དེ་ལྟར་བུ་དེ་ལ་ནི་ཕ་སྙིང་དུ་སྡུག་པའི་བློ་སྐྱེ་བ་མ་ཡིན་པས། དོན་མེད་པའི་སྲེད་པའི་དབང་གིས་འཇིག་རྟེན་འདི་ནི་འོག་ནས་འོག་ཏུ་འགྲོ་བ་དེའི་ཕྱིར་ཐར་བ་ལྟ་ཅི་མཐོ་རིས་ཀྱང་རྙེད་པར་དཀའ་བ་ཡིན་ནོ། །འོན་ཏེ་ཕ་དང་རྗེས་སུ་མཐུན་པའི་བུ་དག་ཀྱང་ཡོད་དོ་ཞེ་ན། རྗེས་སུ་མི་མཐུན་པའམ་མཐུན་པར་གྱུར་བ་གང་ལྟར་ཡང་ཆགས་པར་མི་རིགས་པར་བསྟན་པ། རྣམ་པར་དཔྱད་པ་གང་གི་ཚེ་རང་དང་རྗེས་སུ་མི་མཐུན་པའི་བུ་འགའ་ལ་ཡང་སྙིང་དུ་སྡུག་ཅེས་བྱ་བ་ཡོད་པ་མིན་ཏེ། ཆགས་པའི་གནས་མ་ཡིན་པའི་ཕྱིར། རྗེས་སུ་མཐུན་པར་གྱུར་བ་དེའི་ཚེ་ཡང་དེ་ལ་ཆགས་པར་མི་རིགས་ཏེ། ཚུར་རང་ལ་རྗེས་སུ་མཐུན་པའི་ལན་དུ་སླར་ཡང་ཕར་རྗེས་སུ་ཆགས་པ་ནི་ཕན་ཚུན་བརྗེ་བའི་ཚོང་དང་ནི་འདྲ་བའི་ཞེན་པ་འབའ་ཞིག་སྐྱེ་བར་ཟད་པས་སྙིང་པོ་ཅི་ཡང་མེད་དོ། །བུ་ལ་དེ་ལྟར་སྙིང་དུ་སྡུག་པའི་ཆགས་པ་ནི་དེ་ལྟར་ཕུན་ཚུན་ལྟོས་ནས་མ་ཡིན་གྱི་རང་བཞིན་གྱིས་བརྟན་པ་ཉིད་དུ་ཡོད་དོ་ཞེ་ན། བུ་སྡུག་པ་དང་བྲལ་བས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་ནི། མི་རྣམས་ཀྱི་སྙིང་ལས་ཡུན་རིང་དུ་མི་གནས་པར་མྱུར་དུ་ལྡོག་པར་མཐོང་སྟེ། དེའི་ཕྱིར་དེའི་རྒྱུ་ཆགས་པ་ལའང་འབྲས་བུ་སྡུག་བསྔལ་མི་བརྟན་པར་བྲལ་བ་ཡིས་མཚོན་པའི་རྒྱུ་ཆགས་པའང་མི་བརྟན་པ་ཉིད་དུ་ལྟོས་ཤིག་ཅེས་གསུངས་སོ། །དེ་ལྟར་བདེན་མོད་ཀྱི་བུ་ཡི་དོན་དུ་མྱ་ངན་བྱ་བ་འདི་འཇིག་རྟེན་གྱི་ཚུལ་ལུགས་ཡིན་པས་དེ་ལྟར་དགོས་སོ་ཞེ་ན། དེ་ལྟར་འཇིག་རྟེན་གྱི་ཚུལ་ལུགས་དང་བསྟུན་ནས་སྐྲ་འབལ་བ་སོགས་ཀྱི་གནོད་པས་རང་ལ་ཅི་ཙམ་གཟིར་བར་བྱས་སུ་ཟིན་ཀྱང་། རང་གཞན་ལ་འདི་དང་ཕྱི་མར་ཕན་པའི་ཡོན་ཏན་ཅི་ཡང་མེད་སྙམ་དུ་ཤེས་བཞིན་དུ་ཡང་། ཁྱོད་ནི་བདག་ཉིད་རང་ཉིད་ལ་སྡུག་བསྔལ་ལྟར་སྟོན་པའི་ཕྱིར་དུ་སྐྲ་འབལ་བ་སོགས་ལུས་ཀྱི་ཚུལ་འཆོས་པར་འགྱུར་བས་དེ་ཡང་བདག་ལ་བྱེད་པར་མི་རིགས་སོ། །

དེ་ལྟར་གཟིར་བ་སོགས་ལ་ཡོན་ཏན་མེད་མོད་ཀྱི་སྡུག་པ་དང་འབྲེལ་བ་ཐོབ་པར་འདོད་པས་དེ་དང་འབྲལ་བའི་སྡུག་བསྔལ་ཡང་སྤང་དུ་མེད་དོ་ཞེ་ན། དེ་ལྟར་ཇི་ཙམ་སྡུག་པ་དང་འབྲེལ་བ་ཐོབ་པར་འདོད་པ་དེ་ཙམ་དུ་འབྲལ་བ་ཡོད་པས་ན། དེ་དང་འབྲལ་བའི་སྡུག་བསྔལ་ཡང་ཆེས་ཆེར་རྣམ་པར་འགེད་པ་ལྟ་བུར་ཡང་ནས་ཡང་དུ་འཇིག་རྟེན་འདི་ནི་ཡོངས་སུ་འཁྱམས་པར་གྱུར་ཏོ། །དེ་ལྟར་རང་ཉིད་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པའི་སྐྱེ་བོ་ལ། སླར་ཡང་གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ་འགྱེད་ཅིང་འགེད་པས་ཅི་ཞིག་བྱ་སྟེ་དོན་མེད་པ་ཁོ་ནའོ། །

གཉིས་པ་འདུས་པ་མི་རྟག་པའི་ཆོས་ཅན་ལ་ཞེན་པ་སྤོང་བའི་ཐབས་ལ་གསུམ་ལས། དང་པོ་འདུས་པ་འབྲལ་བའི་ཆོས་ཅན་ལ་བསམ་ཏེ་ཞེན་པ་སྤོང་བ་ནི། དེ་ལྟར་འབྲལ་བའི་ཆོས་ཅན་ལ་མྱ་ངན་མི་འོས་མོད་ཀྱི་འདུས་པ་ནི་བདེ་བའི་རྒྱུ་ཡིན་པས་དགའ་བར་རིགས་སོ་སྙམ་ན། གང་གི་ལྟར་ན་འདུ་བ་དགའ་བའི་རྒྱུ་ཡིན་པ་དེའི་འབྲལ་བ་ལ་ཡང་ཇི་ལྟར་ན་དགའ་བ་མ་ཡིན་ཏེ། གང་འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་པས། འདུ་བ་དང་ནི་འབྲལ་བ་དག་ལྷན་ཅིག་ཏུ་རྒྱུ་བར་སྣང་བ་མིན་ནམ་ཅི། འགྲེལ་ཆེན་ལས། བཀྲ་ཤིས་མ་དང་རྣ་ནག་མ་འཇུག་པ་བཞིན་དང་། ཁ་ཟས་དུག་ཅན་དང་མཆིལ་བའི་ཟས་བཞིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ་རབ་བྱེད་བརྒྱད་པ་ཡན་ལ་ཚིགས་སུ་བཅད་པ་རེ་རེ་བཞིན་དཔེ་དང་བཅས་ཏེ་བསྟན་ཏོ། །

གཉིས་པ་འབྲལ་བ་ཐོག་མཐའ་མེད་པ་ལ་བསམས་ཏེ་ཞེན་པ་སྤོང་བ་ནི། ནམ་ཞིག་འབྲལ་བར་ངེས་མོད་ཀྱི། འདུ་བ་ཡུན་རིང་དུ་འགྲོགས་པའི་སྣང་བ་ལ་ཞེན་པ་སྤོང་དཀའ་འོ་སྙམ་ན། མ་རིག་པ་དང་ལྡན་པའི་གང་ཟག་གི་འཁོར་བ་འདིའི་འདས་པ་ལ་ཐོག་མ་ཡོད་པ་མིན་ལ། མ་འོངས་པ་ལའང་ཐ་མ་ཡོད་པ་མིན་ན། རྒྱུ་ཅི་ཞིག་གིས་ན་ཁྱོད་ཀྱིས་ད་ལྟར་སྐྱེས་པའི་འདུ་བ་སྐད་ཅིག་མའི་སྣང་བ་ཙམ་ལ་རིང་དུ་མཐོང་ཞིང་། ཐོག་མཐའ་མེད་པའི་བར་དུ་འབྲལ་བ་ཤིན་ཏུ་ཡུན་རིང་པོར་གྱུར་ཀྱང་དེ་ལྟར་བྲལ་བ་ཡུན་རིང་དུ་མཐོང་བ་མིན། དེ་བས་ན་འབྲལ་བ་ཡུན་རིང་བའི་ཆོས་ལ་བསམས་ཏེ་ཞེན་པར་མི་བྱའོ། །

གསུམ་པ་འདུ་བ་སྐད་ཅིག་གིས་འཇིག་པའི་ཆོས་ཅན་ལ་བསམས་ཏེཞེན་པ་སྤོང་བ་ནི། འབྲལ་བ་ཡུན་རིང་དུ་གྱུར་མོད་དུས་ཚིགས་ཕན་ཚུན་གསོན་པའི་རང་བཞིན་གྱི་འདུ་བ་ལ་ཞེན་པར་འོས་སོ་སྙམ་ན། སྐད་ཅིག་དང་ཐང་ཅིག་ལ་སོགས་པའི་དུས་དེ་རྣམས་ཀྱི་གསོན་པའི་ཚེ་ཟད་པར་བྱེད་པས་ངེས་པར་སྲོག་འཕྲོག་པར་བྱེད་པའི་དགྲ་དང་འདྲ་བར་འགྱུར་ཏེ། དེས་ན་དགྲ་དང་མཚུངས་པར་གྱུར་པའི་འདུ་བ་སྐད་ཅིག་ཙམ་གྱི་སྣང་བ་དེ་དག་ལ་རྣམ་པ་ཀུན་ཏུ་ཁྱོད་ཀྱིས་འདོད་ཅིང་ཆགས་པར་མི་བྱའོ། །ཞེས་གསུངས་སོ། །

གསུམ་པ་དེ་ལྟར་ཞེན་པ་སྤང་སྟེ་དཔེན་པ་བསྟེན་པའི་ཐབས་ནི། དེ་ལྟར་ཞེན་པ་སྤངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་དབེན་པ་བསྟེན་དགོས་ཀྱི། གལ་ཏེ་བློ་ངན་ཁྱོད་ཀྱིས་ད་དུང་ཡང་མཛའ་བཤེས་གཉེན་འདུན་དང་བྲལ་བའི་འཇིགས་པ་ཡིས་ཁྱིམ་ནས་ཁྱིམ་མེད་པར་ངེས་པར་མི་འབྱུང་ན། མཁས་པ་སུ་ཞིག་ནམ་ཞིག་ངེས་པར་ནི་འབྲལ་བར་བྱ་དགོས་ན་ད་ལྟ་རང་དབང་གིས་མི་བྱེད་པར་འཆི་བདག་གི་ཆད་པའི་ལས་ཀྱིས་འབྲལ་བར་བྱེད་འཇུག་པར་འགྱུར་རམ་ཅི། དེ་བས་ན་རང་དབང་དང་བཅས་པའི་དུས་འདིར་ངེས་པར་བྱུང་སྟེ་དབེན་པ་བསྟེན་པར་བྱ་དགོས་སོ། །བདེན་མོད་ཀྱི་རེ་ཞིག་བདག་གིས་བུ་བསྐྱེད་དེ་ཁྱིམ་གྱི་ཁུར་བཀལ་ནས་གཟོད་ནགས་སུ་འགྲོའོ་སྙམ་ན། ཁྱོད་ཀྱིས་ད་ལྟ་བྱ་བའི་འཕྲོ་འདི་དང་འདི་ལྟ་བུ་བྱས་ནས་ནམ་ཞིག་གསལ་བར་ནི་ནགས་སུ་འགྲོ་བར་བྱ་སྙམ་དུ་སེམས་ན། གང་གི་དོན་དུ་བྱ་བ་གང་ཞིག་བྱས་ཀྱང་གདོན་མི་ཟ་བར་གཏང་བར་བྱ་བ་དེ་ད་ལྟ་དེ་བྱས་པ་ལ་ཡོན་ཏན་ཅི་ཞིག་ཡོད། དེ་བས་ལེ་ལོ་དང་ཕྱི་བཤོལ་སྤངས་ཏེ་དབེན་པ་བསྟེན་པར་བྱའོ། །

གསུམ་པ་ཕན་ཡོན་ནི། དེ་ལྟར་ཐབས་སྣ་ཚོགས་ལ་བརྟེན་ཏེ་བདག་ནི་ངེས་པར་འཆི་འོ་སྙམ་དུ་སེམས་པ་མི་རྟག་པ་རྗེས་སུ་དྲན་པ་འདི་སྐྱེ་བོ་གང་གི་རྒྱུད་ལ་ངེས་པར་ཡོད་པར་གྱུར་བའི་སྐྱེ་བོ་དེ་ནི་རིང་པོར་མི་ཐོགས་པར་བདག་དང་བདག་གིར་འཛིན་པའི་ཆགས་པ་ཡོངས་སུ་གཏང་བའི་ཕྱིར། ནམ་ཞིག་འཆི་བདག་ལ་ཡང་ག་ལ་འཇིགས་ཏེ་ཐར་བ་མྱང་འདས་ལ་གཞོལ་བར་འགྱུར་རོ། །

ལེའུའི་མཚན་ནི། བྱང་ཆུབ་སེམས་ཀྱི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བ་ལས་རྟག་པར་འཛིན་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་དང་པོའི་འགྲེལ་བའོ། །

ག༢ རབ་བྱེད་གཉིས་པ་བདེ་བར་འཛིན་པ་སྤོང་བའི་ཐབས་བསྟན་པ།

གཉིས་པ་བདེ་བར་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་ཀྱི་རྣལ་འབྱོར་ལ། རྟེན་དལ་འབྱོར་གྱི་ལུས་ལ་གནོད་པའི་མཐའ་སྤོང་བ་དང་། དེ་ལ་ཧ་ཅང་ཞེན་པ་ཆགས་པའི་མཐའ་སྤོང་བའི་ཚུལ་གཉིས། དང་པོ། དེ་ལྟར་མི་རྟག་པ་ཉིད་ཀྱིས་ལུས་ནི་སྡུག་བསྔལ་གྱི་འབྱུང་གནས་སུ་གྱུར་བའི་ཕྱིར་དང་། གླགས་སུ་བསྣུན་པའི་ཕྱིར་དང་། བསྟེན་པར་དཀའ་བའི་རྒྱུ་མཚན་གསུམ་གྱིས་ཕྱིར་འཕགས་པ་རྣམས་ཀྱིས་དགྲ་ལྟར་མཐོང་མོད་ཀྱི། དེ་ལྟར་ན་ཡང་དེ་ལ་གནོད་པར་མི་འགྱུར་བར་བསྲུང་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་ཞིང་ཡུན་རིང་དུ་འཚོ་བར་འགྱུར་བ་ནི། ལུས་རྟེན་དེ་ལས་བསོད་ནམས་ཆེན་པོ་བྱེད་པའི་ཕྱིར་དང་། རྣམ་པ་གཅིག་ཏུ་ན་བཤད་མ་ཐག་པའི་མི་རྟག་པའི་གཏམ་གྱིས་ལུས་མི་རྟག་པ་སྙིང་པོ་མེད་པ་འདིས་ཅི་བྱ་སྙམ་དུ་དོན་མ་ཡིན་པར་འདྲེན་པ་སྤོང་བའི་ཕྱིར་ལུས་ནི་དགྲ་ལྟར་སོགས་ཏེ། དེ་ལྟར་འགྲེལ་ཆེན་ལས་འཆད་ཚུལ་གཉིས་སུ་མཛད་དོ། །

གཉིས་པ་དེ་ལ་ཧ་ཅང་ཞེན་པ་ཆགས་པའི་མཐའ་སྤོང་བའི་ཚུལ་ལ། ཟག་བཅས་སྡུག་བསྔལ་གྱི་རང་བཞིན་དུ་སྤྱིར་བསམ་པ་དང་། ཟག་བཅས་སྡུག་བསྔལ་གྱི་ཆོས་གསུམ་བྱེ་བྲག་ཏུ་བསམ་པ་གཉིས། དང་པོ་ལ། ལུས་སྡུག་བསྔལ་གྱི་འབྱུང་གནས་སུ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བསྟན་པ། དེ་དག་གི་རྒྱུ་འབྲས་རྐྱེན་གསུམ་གྱི་ཆོས་ལ་བསམ་པས་དོན་བསྡུ་བ་གསུམ། དང་པོ་ལ། ལུས་སྡུག་བསྔལ་གྱི་རང་བཞིན་དུ་བསྟན་པ་དང་། བདེ་བ་ལུས་ཀྱི་རང་བཞིན་མ་ཡིན་པར་བསྟན་པ་གཉིས།

དང་པོ་ནི། དེ་ལྟར་ལུས་ལ་གནོད་པའི་མཐའ་སྤོང་དགོས་མོད་ཀྱི། འོན་ཀྱང་དེ་ལ་ཧ་ཅང་ཞེན་པ་མི་བྱ་སྟེ། ཇི་ལྟར་ན་མི་རྣམས་ལ་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཇི་སྙེད་པ་ནི་ལུས་འདི་ཉིད་ལས་སྐྱེས་ཤིང་བདེ་བ་གང་ཇི་སྙེད་པ་ཐམས་ཅད་ནི་རྐྱེན་གཞན་ཟས་གོས་སོགས་ལས་འབྱུང་བས་ན། སྡུག་བསྔལ་ཀུན་གྱི་སྣོད་དུ་གྱུར་པའི་ཁོག་པ་འདི་ལ་ཁྱོད་ཅི་སྟེ་གུས་པར་བྱེད། དེ་བས་ན་ལུས་སྡུག་བསྔལ་གྱི་འབྱུང་གནས་སུ་བསམས་ཏེ་ཞེན་པ་སྤང་བར་བྱའོ། །

གཉིས་པ་ནི། བདེ་བའི་ཚོགས་ཆས་ནི་ཆེས་མང་ཞིང་། དེས་བསྐྱེད་པའི་བདེ་བ་ཤས་ཆེ་ལ་སྡུག་བསྔལ་ནི་དེ་ལྟར་མ་ཡིན་ནོ་སྙམ་ན། རྣམ་པར་དཔྱད་པ་གང་གི་ཚེ་བདེ་བ་ནི་རྐྱེན་ལ་ལྟོས་པས་སྡུག་བསྔལ་ལྟར་ཤས་ཆེར་མི་རྣམས་ལ་མི་འབྱུང་ན། དེ་ལྟར་ལུས་ཀྱི་རང་བཞིན་སྐྱེ་རྒ་ན་འཆི་ལ་སོགས་པ་སྡུག་བསྔལ་ཆེས་ཆེན་པོ་བཟོད་པར་དཀའ་བ་དེ་ལ་ཆུང་ངོ་སྙམ་དུ་སེམས་པར་བྱེད་དམ་ཅི། དེ་བས་ན་འཇིག་རྟེན་རྣམས་ནི་བདེ་བ་ལ་གཅིག་ཏུ་མངོན་པར་ཕྱོགས་ཤིང་ཞེན་ནའང་། བདེ་བར་གྱུར་བ་དག་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། དེས་ན་སྐྱེ་བོ་འཇིག་པའི་ཆོས་ཅན་འདི་ལ་སྡུག་བསྔལ་ནི་ལུས་ཀྱི་རང་བཞིན་ཡིན་པས་ལུས་དང་གྲིབ་མ་ལྟར་རྗེས་སུ་བསྙེགས་པ་དང་འདྲའོ། །དེ་བས་ན་མི་རྣམས་ཀྱི་སྡུག་བསྔལ་ནི་རྟག་ཏུ་འདོད་པ་ཙམ་གྱིས་རྙེད་པར་འགྱུར་གྱི། དེ་ལས་ལྡོག་པ་འདོད་པ་ཙམ་གྱིས་བདེ་བ་ནི་རྙེད་སླ་བ་ག་ལ་ཡིན། དེས་ན་ཁྱོད་རྒྱུ་མཚན་ཅི་ཞིག་གིས་བདེ་བ་འབྱུང་བར་དཀོན་པའི་ལུས་ལ་གཅིག་ཏུ་ཞེན་པས་གུས་ཤིང་། སྡུག་བསྔལ་ཤིན་ཏུ་མོད་པའི་རང་བཞིན་གྱི་ལུས་དེ་ལ་ཅི་སྟེ་ཁྱོད་མི་འཇིགས། དེ་ལྟར་སྡུག་བསྔལ་ལ་བདེ་བར་ཞེན་པ་ནི་ཕྱིན་ཅི་ལོག་འབའ་ཞིག་སྟེ། བདེ་བ་ལྟར་སྣང་བར་གྱུར་པའི་ལུས་པོ་དེ་ཡི་རང་བཞིན་ནི་སྡུག་བསྔལ་གྱི་སྣོད་དུ་གྱུར་བ་ཁོ་ན་སྟེ། དེ་བས་ན་རང་གི་ལུས་ལ་གུས་པ་དང་། གཞན་དགྲ་ལ་གུས་པ་དེ་དག་གཉིས་ནི་མཚུངས་པར་སྣང་སྟེ། སྡུག་བསྔལ་བསྐྱེད་པ་ལ་དེ་གཉིས་ཁྱད་པར་མེད་པའི་ཕྱིར་རོ། །

གཉིས་པ་ནི། ལུས་ནི་བདེ་བའི་རྐྱེན་ཟས་གོས་སོགས་དང་ལྷན་ཅིག་ཡུན་ཤིན་ཏུ་འགོར་བས་ཀྱང་བདེ་བའི་བདག་ཉིད་དག་ཏུ་མི་འགྱུར་ཏེ། སྡུག་བསྔལ་ལུས་ཀྱི་རང་བཞིན་ཡིན་པ་ལ་དེའི་རང་བཞིན་མ་ཡིན་པའི་བདེ་བ་གཞན་གྱིས་ཟིལ་གྱིས་གནོན་ཅེས་བྱ་བ་འདི་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་བདེ་བ་ལུས་ཀྱི་རང་བཞིན་དུ་མཐོང་སྟེ་སེམས་ཅན་འགའ་ཞིག་སྐྱེས་ནས་མ་ཤིའི་བར་བདེ་བ་ཁོ་ནར་གནས་པ་དང་། སེམས་ཅན་མཆོག་རྣམས་ལ་ནི་གཞི་ཆེན་པོ་ལ་སྤྱོད་པའི་བདེ་བ་དག་ཀྱང་སྣང་ངོ་ཞེ་ན། འདི་ཡང་ལེགས་པར་བརྟགས་ན་གཞི་ཆེན་པོ་ལ་དབང་བའི་སེམས་ཅན་མཆོག་རྣམས་ལ་ཡིད་ཀྱི་སྡུག་བསྔལ་ཏེ་འདོད་པ་མི་རྙེད་པ་སོགས་དང་། སེམས་ཅན་ཐ་མ་རྣམས་ལ་བཀྲེས་པ་དང་ངལ་བ་སོགས་པ་ལུས་ཀྱི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས་སོ། །དེ་བས་ན་ལུས་སྡུག་བསྔལ་བ་དང་སེམས་ཡིད་མི་བདེ་བ་སྟེ། སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི་དག་ཉིན་རེ་ཉིན་རེ་བཞིན་འཇོམས་པར་བྱེད་པས་ན་བདེ་བ་ནི་ལུས་རང་བཞིན་མ་ཡིན་པ་ཁོ་ནའོ། །དེས་ན་སྡུག་བསྔལ་གྱི་རང་བཞིན་ལ་བདེ་བར་རློམས་པ་ནི་རྟོག་པའི་དབང་དུ་གྱུར་ཅིང་། རྟོག་པ་དེ་ཡང་ནམ་ཞིག་ནི་སྡུག་བསྔལ་གྱི་གཞན་དབང་དུ་གྱུར་བ་སྟེ་ཇི་ལྟར་ན་རེ་ཞིག་ལོངས་སྤྱོད་སོགས་དང་ལྡན་པའི་ཚེ་བདག་ནི་འདི་དང་འདི་ལྟ་བུའོ་སྙམ་དུ་བདེ་བར་རློམ་འཕྲོ་ལ་དབུལ་པོར་གྱུར་ཏེ་སྡུག་བསྔལ་གྱི་གཞན་དབང་དུ་གྱུར་བ་ལྟ་བུའོ། །དེའི་ཕྱིར་འཇིག་རྟེན་ཀུན་ན་སྡུག་བསྔལ་ལས་ཤིན་ཏུ་སྟོབས་དང་ལྡན་པའི་བདེ་བའི་རང་བཞིན་ནི་ཅི་ཡང་མེད་དོ། །

མདོར་ན་ཇི་ལྟ་ཇི་ལྟར་བྱིས་པ་ནས་གཞོན་ནུའི་དུས་དང་། དེ་ནས་རྒན་པོའི་བར་དུས་ཇི་ཙམ་འགྲོ་བ་དེ་ལྟ་དེ་ལྟར་ཡང་ལང་ཚོ་རྒས་པའི་སྡུག་བསྔལ་ཇེ་ཆེར་འཕེལ་ཞིང་། བདེ་བ་འགྲིབ་པར་འགྱུར་བ་དེ་ཡི་ཕྱིར་བདེ་བ་ནི་ལུས་འདི་ཡི་རང་བཞིན་མ་ཡིན་པ་གཞན་པོ་ལྟ་བུར་སྣང་བར་འགྱུར་ཏེ། དེའི་རང་བཞིན་ཡིན་ན་ལུས་ཅི་ཙམ་འཕེལ་བ་དེ་ཙམ་དུ་བདེ་བ་དག་ཀྱང་འཕེལ་བར་རིགས་ཀྱི་དེ་འགྲིབ་པར་མི་འོས་པའི་ཕྱིར་རོ། །དེ་བས་ན་བདེ་བ་ལུས་ཀྱི་རང་བཞིན་མིན་པ་ལ་བསམས་ཏེ་ཞེན་པ་སྤོང་བར་བྱའོ། །

གསུམ་པ་དེ་དག་གི་རྒྱུ་འབྲས་རྐྱེན་གསུམ་གྱི་ཆོས་ལ་བསམ་པས་དོན་བསྡུ་བ་ནི། མདོར་ན་བདེ་སྡུག་གི་རྒྱུ་ལ་བརྟགས་པས་ཀྱང་ལུས་སྡུག་བསྔལ་གྱི་རང་བཞིན་ལས་བདེ་བའི་རང་བཞིན་མིན་པར་ངེས་ཏེ། མི་རྣམས་ལ་སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་མང་པོ་ནང་གི་འབྱུང་བ་ཆ་མ་སྙོམས་པའི་ནད་རྣམས་དང་། དེ་ལས་གཞན་ཕྱི་རོལ་གྱི་མེ་ཆུ་སོགས་སྡུག་བསྔལ་གྱི་རྒྱུ་སྣ་ཚོགས་པ་སྣང་བར་གྱུར་བ་དེ་སྙེད་དུ་མི་རྣམས་ལ་བདེ་བའི་རྒྱུ་དག་ནི་དེ་ལྟར་སྣང་བ་མ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་བདེ་སྡུག་གི་འཕེལ་སྟོབས་ལ་བརྟགས་ཀྱང་བདེ་བ་ལུས་ཀྱི་རང་བཞིན་མ་ཡིན་པར་ལུས་སྡུག་བསྔལ་གྱི་འབྱུང་གནས་སུ་གསལ་བར་ངེས་ཏེ། ཇི་ལྟར་ན་འབྲས་བུ་འཕེལ་བཞིན་པ་ཡི་བདེ་བ་དག་ལས་ཇི་ལྟར་ན་རྐྱེན་གྱིས་གློ་བུར་དུ་བཟློག་པ་མཐོང་ བར་གྱུར་པ་དེ་ལྟར་འབྲས་བུ་སྡུག་བསྔལ་ནི་འཕེལ་བཞིན་པ་ལས་རྣམ་པ་ཐམས་ཅད་དུ་བཟློག་པ་ཡོད་པ་མ་ཡིན་ནོ། །

བདེ་སྡུག་འཕེལ་བའི་རྐྱེན་ལ་བརྟགས་ཀྱང་སྡུག་བསྔལ་ལས་བདེ་བ་ལུས་ཀྱི་རང་བཞིན་མིན་པར་མཐོང་སྟེ། རྐྱེན་དྲོ་བ་དང་བསིལ་བའི་རེག་བྱ་སོགས་བདེ་བའི་རྐྱེན་དུ་རློམས་པ་རྣམས་དང་ལྷན་ཅིག་ཧ་ཅང་ཡུན་རིང་བསྟེན་ན་བདེ་བ་དེ་ལས་བཟློག་པར་མཐོང་གི། སྡུག་བསྔལ་ལ་ནི་རྐྱེན་རྣམས་ཉིད་དང་ལྷན་ཅིག་ཏུ་ཅི་ཙམ་བརྟེན་པ་དེ་ཙམ་དུ་སླར་ཡང་འཕེལ་བ་ལས་བཟློག་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་བདེ་བ་མེད་ན་ལྷས་སྦྱིན་བདེ་བ་དང་ལྡན་ནོ་ཞེས་པའི་ཐ་སྙད་ཇི་ལྟར་རུང་། དེ་བས་བདེ་བ་ནི་ཡོད་དོ་ཞེ་ན། མདོར་ན་འདུས་བྱས་སྐད་ཅིག་མའི་ཆོས་ཡིན་པས་ཁྱོད་ནི་སྐད་ཅིག་རེ་རེ་སོང་ཞིང་འཆི་བ་ལ་ཇེ་ཉེར་སོང་བས་འཆི་བཞིན་པའི་ཆོས་ཅན་ཡིན་ལ། དེ་ཡང་དུས་འདས་པ་སོང་ཞིང་། ད་ལྟ་བ་འགྲོ་བ་དང་ནི་མ་འོངས་པ་འགྲོ་བར་འགྱུར་ན། འཆི་བཞིན་པ་ནི་བདེ་བར་འགྱུར་རོ་ཞེས་སྨྲ་བ་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་ཟག་བཅས་སྡུག་བསྔལ་གྱི་ཆོས་གསུམ་བྱེ་བྲག་ཏུ་བསམ་པ་ལ། ཟག་བཅས་སྡུག་བསྔལ་གྱི་སྡུག་བསྔལ་ལ་བསམ་པ་དང་། ཟག་བཅས་འགྱུར་བའི་སྡུག་བསྔལ་ལ་བསམ་པ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པ་གསུམ།

དང་པོ་ནི། དེ་ལྟར་སྐྱེ་རྒ་ན་འཆིའི་རང་བཞིན་གྱིས་སྡུག་བསྔལ་བའི་ལུས་ཅན་རྣམས་ལ་སླར་ཡང་བཀྲེས་སྐོམ་ཚ་གྲང་སོགས་ཀྱི་གནོད་པ་རྟག་ཏུ་ཡོད་པར་གྱུར་ན། སྡུག་བསྔལ་གྱི་རྣམ་གྲངས་དུ་མས་གནོད་བཞིན་པ་དེ་དག་གིས་ནི་བདག་བདེའོ་ཞེས་རྣམ་པ་ཀུན་ཏུ་རྗོད་རིགས་པ་མ་ཡིན་ནོ། །དེ་ལྟར་སྡུག་བསྔལ་ཡོད་མོད་ཀྱི་རྒྱུ་རྐྱེན་གྱི་ཚོགས་པའི་སྒོ་ནས་བདེ་བར་བཅོས་སུ་ཡོད་དོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། བདེ་སྡུག་ནི་ལས་ལ་རགས་ལས་ཤིང་། ལས་ཀྱང་བྱུང་བཞིའི་ཚོགས་པ་ལ་རག་ལས་པས། རྒྱུ་འབྱུང་བཞི་རེ་རེ་ལ་ལུས་གྲུབ་པའི་ནུས་པ་མེད་པས་འབྱུང་བ་ཀུན་ལ་ལྷན་ཅིག་ཏུ་ཚོགས་པ་ཞེས་བྱ་བ་སྐྱེ་བར་འགྱུར་ཏེ། དེ་ལ་ལུས་སུ་བརྟགས་མོད་ཀྱི། རྒྱུ་འབྱུང་བཞི་མཚན་ཉིད་མི་མཐུན་པའི་འགལ་བ་རྣམས་ལྷན་ཅིག་ཏུ་ཚོགས་པ་ལ་འབྲས་བུ་བདེའོ་ཞེས་རྣམ་པ་ཀུན་ཏུ་མི་རིགས་སོ། །དེ་ལ་རྒྱུ་འབྱུང་བའི་ཁམས་ས་ཆུ་མེ་རླུང་བཞིའི་མཚན་ཉིད་ནི་རིམ་བཞིན། འཛིན་པ་དང་། སྡུད་པ་དང་། སྨིན་པ་དང་། འཕེལ་བའི་བྱེད་ལས་ཅན་ཡིན་པ་དེའི་ཚེ། སའི་ཁམས་ཀྱིས་རླུང་གི་འགྲོས་སྡུད་པར་བྱེད་པ་དང་། རླུང་གི་ཁམས་ཀྱིས་ཀྱང་སའི་ཁམས་འཐོར་བར་བྱེད་པ་དང་། ཆུའི་ཁམས་ཀྱིས་ནི་མེའི་ཁམས་ལ་གནོད་པ་དང་། མེའི་ཁམས་ཀྱིས་ཀྱང་དེ་ཉིད་ཉམས་པར་བྱ་བ་ལ་ཞུགས་པའི་ཕྱིར། རྒྱུ་འབྱུང་བཞི་དེ་དག་ཆ་མ་སྙོམས་པ་ལས་ལུས་ལས་ནི་ནད་སོག་ས་སྡུག་བསྔལ་སྣ་ཚོགས་པ་འབྱུང་བ་ལས་བདེ་བའི་གོ་སྐབས་མེད་དོ། །

དེ་ལྟར་ཡིན་མོད་ཀྱི་འབྱུང་འཁྲུགས་ཀྱི་ནད་དེ་དག་ཕྱིར་བཅོས་སུ་ཡོད་པས་བདེ་བ་དག་ཀྱང་ཡོད་དོ་ཞེ་ན། རེ་ཞིག་གྲང་བ་དང་ནད་ལ་སོགས་པའི་སྡུག་བསྔལ་རྣམས་ལ་གཏན་དུ་མི་འབྱུང་བར་ཕྱིར་འཆོས་པ་ཡི་ཐབས་ནི་དུས་རྟག་དུ་ཡོད་པ་མ་ཡིན་ན། ལན་གཅིག་ཙམ་ཕྱིར་བཅོས་ཀྱང་ཡང་ནས་ཡང་དུ་ཟག་བཅས་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་རླག་བཞིན་པ་དེ་ནི་བདེའོ་ཞེས་དུས་དང་རྣམ་པ་ཀུན་ཏུ་རྗོད་མི་རིགས་པ་མ་ཡིན་ནོ། །དེར་མ་ཟད་འཇིག་རྟེན་ན་ལྷས་སྦྱིན་བདེ་བར་ཉལ་བ་དང་འགྲོ་བ་སོགས་ཐ་སྙད་བྱེད་མོད་ཀྱི། དེ་དག་ཀྱང་ཟག་བཅས་སྡུག་བསྔལ་གྱི་རང་བཞིན་ལ་བདེ་བར་རློམ་པ་སྟེ། གང་འབད་རྩོལ་མེད་པར་བདེ་བར་ཉལ་བ་སོགས་ཀྱི་སྤྱོད་པ་ཞེས་བྱ་བ་འགའ་ཡང་སའི་སྟེང་ན་ཡོད་པ་མིན་པའི་ཕྱིར་ན། འབད་རྩོལ་གྱིས་ངལ་བའི་ལས་སྣ་ཚོགས་བྱེད་བཞིན་པའི་སྤྱོད་ལམ་རྣམས་ནི་བདེ་བ་ཡིན་ནོ་ཞེས་དེ་ལ་རྣམ་པ་ཀུན་ཏུ་བདེ་བར་འཛིན་མི་རིགས་སོ། །རྒྱུ་མཚན་དེའི་ཕྱིར་ན་འབྲས་བུ་སྡུག་བསྔལ་སྤོང་བར་འདོད་པས་འཇིག་རྟེན་འདི་དང་འཇིག་རྟེན་གཞན་དུའང་བདག་ཉིད་ནི་དུས་རྟག་ཏུ་ཚེ་འདིའི་བདེ་བ་ཙམ་གྱི་ཆེད་དུ་སྲོག་གཅོད་པ་སོགས་རྒྱུ་སྡིག་པའི་ལས་རྣམས་བསྲུང་བར་བྱ་སྟེ། དེ་ལྟར་རྒྱུ་སྡིག་པའི་ལས་བསྲུང་བར་མ་བྱས་ན་དེའི་འབྲས་སུ་ཕྱི་མར་གདོན་མི་ཟ་བར་ངན་འགྲོར་འགྲོ་བ་ཡོད་ན་དེ་ལ་བདེ་བ་ཞེས་བྱ་བ་ནི་རྣམ་པ་ཀུན་ཏུའང་རིགས་པ་མ་ཡིན་ནོ། །

གཉིས་པ་ཟག་བཅས་འགྱུར་བའི་སྡུག་བསྔལ་ལ་བསམ་པ་ནི། ཡང་བདེ་བ་ནི་ཡོད་དེ། རྐང་པས་འགྲོ་བ་ལ་སྡུག་བསྔལ་དུ་མཐོང་བའི་ཚེ་རྟ་དང་གླང་པོ་སོགས་བཞོན་པ་ལ་བརྟེན་པ་ན་བདེ་བ་ཡོད་པའི་ཕྱིར་རོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། བདེ་བའི་ཕྱིར་བཞོན་པ་ལ་སོགས་པ་དེ་དག་ལ་བརྟེན་ཀྱང་མི་རྣམས་ཀྱི་བདེ་བ་ནི་རྟག་ཏུ་ཡོད་པ་མིན་ཏེ། ཟག་བཅས་ཀྱི་བདེ་བ་ནི་འགྱུར་བའི་རང་བཞིན་ཡིན་པས་ཡུན་དུ་བརྟེན་ན་སྡུག་བསྔལ་དུ་འགྱུར་བ་དེའི་ཕྱིར་དང་པོར་གང་ལ་སྡུག་བསྔལ་གྱི་རྒྱུ་རྩོམ་པ་མེད་པ་ཡིན་ན། དེ་ལ་བརྟེན་ནས་མཐར་འབྲས་བུ་སྡུག་བསྔལ་འཕེལ་བར་འགྱུར་བ་ག་ལ་ཡོད། དེའི་ཕྱིར་ན་ཟག་བཅས་འགྱུར་བའི་སྡུག་བསྔལ་ལ་བདེ་བར་རློམས་པ་ནི། དཔེར་ན་བྲན་མོ་འགའ་ཞིག་སའི་སྣོད་དུ་སྐྱུག་པ་མཐོང་ནས། རྗེ་བོ་རང་ཉིད་གསེར་གྱི་སྣོད་དུ་སྐྱུག་པ་ལ་ཇི་ལྟར་ན་མི་འགའ་ཞིག་བདག་དབང་ཐང་ཕུན་སུམ་ཚོགས་པའོ་སྙམ་དུ་དགའ་བར་འགྱུར་བ་དེ་བཞིན་དུ། སྡུག་བསྔལ་ཕྱིར་བཅོས་པ་ཙམ་ལ་བདེའོ་སྙམ་དུ་སེམས་པར་བྱེད་པ་ནི་ཕྱིན་ཅི་ལོག་འབའ་ཞིག་ཏུ་ཟད་དོ། །

གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་བསམ་པ་ནི། ཟག་བཅས་ཀྱི་སྡུག་བསྔལ་ཆུང་ངུ་ཙམ་སྐྱེ་བར་རྩོམ་པས་རེ་ཞིག་སྡུག་བསྔལ་རགས་པ་པ་ཆེན་པོར་སྐྱེས་པ་བཟློག་པར་འགྱུར་བ་ཙམ་ལ་བདེ་བར་རློམ་ན་ཡང་། དོན་ལ་སྡུག་བསྔལ་ཆུང་ངུ་སྐྱེ་བར་རྩོམ་པའང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འབའ་ཞིག་ལས་བདེ་བ་ཞེས་བྱ་བ་ཅི་ཞིག་ཡོད། དེས་ན་སྡུག་བསྔལ་འབའ་ཞིག་སྐྱེ་བཞིན་འགགས་པ་ཙམ་ལ་བདེ་བར་རློམ་པར་ཟད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཐུབ་པས་མདོ་ལས། ཀཏྱའི་བུ། སྐྱེ་བ་ན་ན་ཡང་སྡུག་བསྔལ་ཁོ་ན་སྐྱེའོ། །འགགས་པ་ན་ཡང་སྡུག་བསྔལ་ཁོ་ན་འགག་གོ །ཞེས་ཟག་བཅས་སྐྱེ་ཞིང་འཇིག་པའི་ཆོས་ཅན་དག་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཞེས་གསུངས་པ་ཡིན་ནོ་སྙམ་མོ་ཞེས་གསུངས་སོ། །དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཟག་བཅས་འདུ་བྱེད་ཀྱི་སྡུག་བསྔལ་ལ་ནི་བདེ་བས་གཡོགས་པ་ལྟར་ཕྱིན་ཅི་ལོག་ཏུ་ཞེན་པས་སྡུག་བསྔལ་དུ་མི་མཐོང་ན་ཡང་། རྣམ་པར་བརྟགས་ན་རྒྱུ་གང་གིས་སྡུག་བསྔལ་བསྒྲིབ་པར་འགྱུར་བའི་བདེ་བ་ཞེས་བྱ་བ་ཡང་ཅི་ཞིག་ཡོད་དེ་ཅི་ཡང་མེད་དོ། །དེ་ལྟར་འདུ་བྱེད་རང་བཞིན་གྱི་སྡུག་བསྔལ་བའི་བདག་ཉིད་ཡིན་ནའང་། དེ་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་དེ། ཉི་ཚན་དྲོའོ་ཞེས་བརྗོད་པ་མཛེས་པ་མ་ཡིན་པ་བཞིན་ནོ་ཞེ་ན། ཁྱོད་རྨོངས་པའི་དབང་གིས་སྡུག་བསྔལ་ལ་བདེ་བར་ཞེན་པས་ན་ཟག་བཅས་སྡུག་བསྔལ་གྱི་ཆོས་ལ་འདོད་ཆགས་དང་བྲལ་བ་མེད་དོ། །ཞེས་སོ་སོའི་སྐྱེ་བོ་སྡུག་བསྔལ་ལ་བདེ་བར་ཞེན་པ་རྣམས་ལ་རྨོངས་པ་ཟློག་པའི་ཐབས་སུ་བསྟན་པར་བྱ་དགོས་པ་དེས་ན། ངེས་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་གཏི་མུག་ནི་ཟློག་པའི་ཐབས་སུ་གསུངས་ཏེ། མདོ་ལས། ཆེ་ཞེ་འདི་ནི་སྒྲིབ་པ་རྣམས་ཀྱི་མཆོག་སྟེ། གང་འདི་མ་རིག་པའི་སྒྲིབ་པའོ། །ཞེས་གཏི་མུག་ནི་སྒྲིབ་པ་ཀུན་གྱི་ཐ་མར་གསུངས་པའི་ཕྱིར་རོ། །

མདོར་ན་ཟག་བཅས་མི་རྟག་པ་ལ་ངེས་པར་གནོད་པ་ཡོད་པས་ན་གང་ལ་གནོད་པ་ཡོད་པའི་ཆོས་དེ་ནི་བདེ་བ་མིན་པ་དེ་ཉིད་ཀྱི་ཕྱིར་ན་མི་རྟག་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་མདོ་ལས། སྐྱེ་བ་སྡུག་བསྔལ་ལོ། །རྒ་བ་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་ལོ། །གང་འདོད་པ་བཙལ་ནས་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་

ལོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདེ་བར་འཛིན་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།

ག༣ རབ་བྱེད་གསུམ་པ་གཙང་བར་འཛིན་པ་སྤོང་བའི་ཐབས་བསྟན་པ།

གསུམ་པ་གཙང་བར་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་ཀྱི་རྣལ་འབྱོར་ལ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། སྤང་གཉེན་སྤྱིའི་དོན་བསྡུ་བ་གསུམ། དང་པོ། ཟག་བཅས་སྡུག་བསྔལ་གྱི་རང་བཞིན་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་ཡུལ་ལ་ལོངས་སྤྱོད་པ་ལས་དེའི་རྐྱེན་གྱིས་བདེ་བར་འགྱུར་རོ་ཞེ་ན། ཡུན་ནི་ཇི་ལྟར་ཤིན་ཏུ་རིང་པོས་ཀྱང་ཡུལ་ལ་ཆོག་ཤེས་ཀྱི་མུ་མཐར་ཐུག་པ་ཡོད་པ་མིན་ཏེ། དཔེར་ན་གསོ་དཔྱད་ཇི་བཞིན་མི་ཤེས་པའི་སྨན་པ་ངན་པ་ལ་ཇི་ཙམ་བསྟེན་ཀྱང་ནད་ཉེ་བར་འཚོ་བའི་འདི་བ་ཐོབ་ཏུ་མེད་པ་ལྟར། ཁྱོད་འདོད་པའི་ཡུལ་ལ་ཅི་ཙམ་སྤྱད་ཀྱང་སླར་ཡང་སྲེད་པ་འཕེལ་བའི་ངལ་བ་འབའ་ཞིག་ལས་དོན་དང་འབྲས་བུ་ཅི་ཡང་མེད་པ་ཁོ་ན་འབྱུང་ངོ་། །

ཡང་ཡུལ་རྣམས་ནི་དེ་ལྟར་ཡིན་མོད་ཀྱི་ཡུལ་ཅན་འདོད་པ་དག་ནི་དེ་ལྟར་མ་ཡིན་ཏེ། དཔེ་ཇི་ལྟར་ན་ཆུ་དག་གིས་ངོམས་པར་གྱུར་པ་ན་སྐོམ་པ་དང་བྲལ་བ་བཞིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་སའི་ཟས་ལ་བསྟེན་པར་བྱེད་པའི་སྲོག་ཆག་འགའ་ཞིག་ལ། ས་ཟ་འདོད་ཀྱི་སྲེད་པ་ལྡོག་པ་མེད་པ་ཇི་ལྟ་བ་དེ་བཞིན་དུ། ཡུལ་ཅན་འདོད་པ་དག་ལ་བསྟེན་བཞིན་པ་ཡི་སྐབས་སུ་ད་དུང་མི་རྣམས་ལ་འདོད་པའི་རེ་བའི་སྲེད་པ་ནི་ཇེ་ཆེར་འཕེལ་བའང་དེ་བཞིན་ནོ། །དེ་ལྟར་ཡུལ་གྱི་ལོངས་སྤྱོད་དང་ཡུལ་ཅན་འདོད་པ་དག་གི་ཉེས་དམིགས་ཤེས་པའི་ཚུལ་གྱིས་དེ་སྤོང་བའི་ཚུལ་མདོར་བསྟན་ནས།

གཉིས་པ་རྒྱས་བཤད་ལ། ཡུལ་བུད་མེད་ལ་ཞེན་པ་སྤོང་བ་དང་། ཡུལ་ཅན་འདོད་པའི་ཉེས་དམིགས་བསྟན་པ། གཉེན་པོ་མི་གཙང་བར་རྟོགས་པའི་ཐབས་བསྟན་པ་དང་གསུམ། དང་པོ་ལ། ཡུལ་བུད་མེད་ཀྱི་གཟུགས་ལ་ཞེན་པ་སྤོང་བ་དང་། དེ་ལ་ཡོན་ཏན་དུ་རྟོག་པའི་ཞེན་པ་སྤོང་བ། དེ་ཉིད་བདེ་བའི་རྒྱུར་རྟོག་པའི་

ཞེན་པ་སྤོང་བ་དང་གསུམ།

དང་པོ་ནི། གང་དག་གཟུགས་ཕུན་སུམ་ཚོགས་པ་སྙིང་དང་མིག་ཏུ་སྡུག་པ་ཡན་ལག་ཐམས་ཅད་ཆགས་པའི་འོས་སུ་གྱུར་པ་དག་ལ་ཞེན་པ་ཟློག་པར་མི་ནུས་སོ་སྙམ་ན། བུད་མེད་མཆོག་དམན་ཀུན་ལ་འཁྲིག་པ་སྤྱོད་པའི་ཡུལ་ལ་ཁྱད་པར་ཐ་དད་ཅུང་ཟད་ཀྱང་ཡོད་པ་མིན་ཞིང་། གཟུགས་ནི་གཞན་གྱིས་ཀྱང་ཐུན་མོང་དུ་

ལོངས་སྤྱོད་པར་བྱེད་ན་ཁྱོད་ལ་མི་མོ་དེ་ཁོ་ན་མཆོག་ཏུ་རློམ་ཞིང་བདག་གིར་ཞེན་པ་དག་གིས་ཅི་ཞིག་བྱེད། རྣམ་པ་གཅིག་ཏུ་ན་བུད་མེད་གང་ཞིག་མཆོག་ཏུ་རློམ་པ་ཡང་། དེ་ལ་དེར་ཞེན་པའི་དབང་གིས་རེ་ཞིག་སྐྱེ་བོ་ཆགས་ཅན་གང་ལ་ནི་ཡུལ་བུད་མེད་གང་ཞིག་གཟུགས་ཡིད་དུ་འོང་བར་འགྱུར་བ་ཉིད་དུ་མཐོང་བའི་སྐྱེ་བོ་

དེ་ཉིད་ལ་ནི་བུད་མེད་དེ་ཡིས་འཚེངས་པར་རློམ་པ་ཙམ་དུ་ཟད་ཀྱི། བུད་མེད་རང་བཞིན་གྱིས་གཟུགས་མཛེས་པའི་སྟོབས་ཀྱིས་ནི་མ་ཡིན་ཏེ། དཔེར་ན་ཁྱི་དང་བོང་བུ་ལ་སོགས་པ་རྣམས་ལའང་ཐུན་མོང་དུ་དེ་ལྟར་ཆགས་པའི་དབང་གིས་རང་ཡུལ་དེ་དག་ཉིད་ལ་འདོད་བྱ་ཡིད་འོང་ལྟར་མཐོང་བས་ན། དེ་དང་མཚུངས་པར་བློ་གྲོས་ངན་པ་ཁྱོད་ཅི་སྟེ་གཟུགས་མཆོག་ཏུ་ཞེན་པས་ཆགས་པར་བྱེད། དེ་ལྟར་ཡིན་མོད་ཀྱི་འཇིག་རྟེན་ན་བུད་མེད་ཡན་ལག་གིས་ཡིད་འཕྲོག་པ་རྙེད་པར་དཀའ་འོ་ཞེ་ན། ཁྱོད་ལ་ཡན་ལག་ཀུན་ནས་མཛེས་མོ་ལྟར་ཞེན་པའི་བུད་མེད་གང་ཡིན་པ་དེ་སྔར་ནི་ཀུན་གྱི་ཐུན་མོང་དུ་གྱུར་ན། ད་ལྟ་དེ་རྙེད་པ་ལ་བདག་གིར་ཞེན་པ་ནི། དཔེར་ན་ཀུན་གྱིས་ཐུན་མོང་དུ་ལོངས་སྤྱོད་པའི་ཆོལ་ཟངས་དེ་རྙེད་པས་ཁྱོད་ལ་ངོ་མཚར་སྐྱེས་པ་ལྟར་ཇི་ལྟར་ཡང་ནི་འགྱུར་བ་མིན་ནམ་ཅི་ཞེས་གསུངས་སོ། །

གཉིས་པ་དེ་ལ་ཡོན་ཏན་དུ་རྟོག་པའི་ཞེན་པ་སྤོང་བ་ནི། དེ་ལྟར་ན་ཡང་ཆགས་པའི་རྒྱུ་བུད་མེད་ཚིག་དང་སྤྱོད་ལམ་སོགས་ཡོན་ཏན་དང་ལྡན་པ་སྤོང་དཀའ་འོ་ཞེ་ན། བུད་མེད་གཅིག་ལ་ཡང་རེ་འགའ་ཡོན་ཏན་དང་ལྡན་པའི་སྙིང་དུ་སྡུག་པ་དང་། རེ་འགའ་དེ་ལས་ལྡོག་པ་སྐྱོན་དུ་སྣང་བ་ལ་ནི་གོང་ལས་བཟློག་པ་ཞེ་སྡང་བའི་རྒྱུར་མཐོང་ན། བུད་མེད་ཀྱི་སྤྱོད་པ་ནི་གཅིག་ཏུ་རྣམ་པར་གནས་པ་མེད་པས་ན་སྔ་མ་ཡོན་ཏན་དང་ལྡན་པའམ་ཅིག་ཤོས་སྐྱོན་དང་ལྡན་པ་ལས་ནི་གང་ཞིག་བདེན། དེ་བས་ན་ཡིད་རྟོན་མེད་པའི་བུད་མེད་ལ་ཡོན་ཏན་དང་ལྡན་ནོ་ཞེས་གཅིག་ཏུ་ཞེན་པ་སྤང་བར་བྱའོ། །རྣམ་པ་གཅིག་ཏུ་ན་བུད་མེད་ཡོན་ཏན་དང་ལྡན་པ་འདོད་ཆགས་ཀྱི་རྒྱུ་ཡིན་ནོ་ཞེས་པའང་ངེས་པར་མ་མཐོང་སྟེ། བླུན་པོའི་འདོད་ཆགས་ནི་ཡོན་ཏན་དང་ལྡན་པ་འབའ་ཞིག་ལ་མི་སྐྱེ་སྟེ། རྒྱུ་ཡོན་ཏན་སྔོན་དུ་འགྲོ་བ་མེད་པ་ལས་འབྲས་བུ་འདོད་ཆགས་འཇུག་པ་མཐོང་བས་ནམ་ཞིག་དེ་རྣམས་ཀྱི་རྒྱུད་ཀྱི་འདོད་ཆགས་དེ་ལྡོག་པ་ཡང་ནི་རྒྱུ་ཡོན་ཏན་ལྡོག་པ་ལས་ག་ལ་ཞིག་སྟེ། བུད་མེད་རྣམས་ཀྱི་སྐྱོན་ལ་མ་བརྟེན་པར་བྱས་ཀྱང་ད་དུང་དེ་ལ་འདོད་ཆགས་སྐྱེ་བར་མཐོང་བའི་ཕྱིར་རོ། །རྣམ་པར་བརྟགས་ན་ཡོན་ཏན་ལྡན་པ་ཡང་དཀའ་བར་གནས་ཏེ། ཇི་སྲིད་སྐྱེས་པ་གཞན་བཤེས་ཤིང་མཛའ་བར་མ་གྱུར་པ་དེ་སྲིད་དུ་བུད་མེད་དེ་ནི་ཁྱོ་ལ་སྡུག་ཅིང་ཡོན་ཏན་དང་ལྡན་པ་ལྟར་སྣང་ཡང་། ནམ་ཞིག་སྐྱེས་པ་གཞན་གྱི་རོ་མྱངས་པ་དེའི་ཚེ་གཡེམ་མ་སྐྱོན་ཅན་དུ་མཐོང་བས། ནད་ངན་པ་དང་མཚུངས་པའི་བུད་མེད་ནི་རྟག་ཏུ་རྐྱེན་སྐྱེས་པ་གཞན་ལས་བསྲུང་བར་བྱ་དགོས་པས་སྐྱོན་དང་ལྡན་པ་ཁོ་ནོའོ། །

དེ་ལྟར་ཡུལ་ལ་ཞེན་པ་སྤངས་པའི་ཕན་ཡོན་ནི། དང་པོ་ན་ཚོད་གཞོན་ཞིང་དར་མར་གྱུར་པའི་ཚེ་རང་གིས་ངོ་ཚ་མེད་པའི་བྱ་བ་བྱས་པ་གང་ཡིན་པ་དེ་ནི་ནམ་ཞིག་རྒན་པོར་གྱུར་པའི་ཚེ་མི་འདོད་ཅིང་སེམས་འགྱོད་པས་གདུང་བར་གྱུར་ནའང་དེ་ཚེ་ཕན་པ་མེད་ལ། ཇི་ལྟ་བུར་ན་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཐོབ་པ་རྣམས་ཀྱིས་ནི་འདོད་པ་དེ་ལ་ཉེས་དམིགས་སུ་ཤེས་པས་སྔར་ནས་ཤིན་ཏུ་སྤངས་ཟིན་པའི་ཕྱིར་སེསམ་གདུང་བར་ཡང་མི་འགྱུར་རོ། །

གསུམ་པ་དེ་ཉིད་བདེ་བའི་རྒྱུར་རྟོག་པའི་ཞེན་པ་སྤོང་བ་ནི། འདོད་ཁམས་ཀྱི་བདེ་བ་ཐམས་ཅད་ཀྱི་མཆོག་ནི་བུད་མེད་ལས་བྱུང་བས་དེ་སྤོང་དཀའ་འོ་སྙམ་ན། བུད་མེད་ནི་བདེ་བའི་རྒྱུ་མ་ཡིན་ཏེ། མ་ཆགས་པ་ལ་བུད་མེད་དང་ཕྲད་པའི་བདེ་བ་མེད་ཅིང་། ཆགས་པའི་དབང་གིས་བདེ་བ་ལྟར་ཞེན་པ་དེས་ན་བདེ་བའི་རྒྱུ་ནི་འདོད་ཆགས་ཡིན་ལ། དེ་ཡི་རྒྱུ་ཡང་ཡུལ་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་རྨོངས་པ་ཁོ་ན་ཡིན་ཞིང་། དེ་ཡང་བླུན་པོ་མིན་པ་ལ་མེད་པའི་ཕྱིར་ན། རྨོངས་པ་གང་གི་ཡིད་འཕྲུལ་འཁོར་གྱིས་རྨོངས་པར་བྱས་པའི་མི་ལྟར་ཡུལ་ཚུལ་བཞིན་ཡང་དག་པར་མཐོང་བ་ལས་རྟག་ཏུ་ཕྱིར་ཕྱོགས་པའི་ཆགས་ཅན་དེ་ཡི་བདེ་བ་ནི་ཅི་འདྲ་ཞིག་སྟེ། ཕྱིན་ཅི་ལོག་གི་རྟོག་པ་ཙམ་ཞིག་ལས་བདེ་བ་ཅུང་ཟད་ཀྱང་མེད་དོ། །འདི་ཡང་ཟླ་བའི་འགྲེལ་ཆེན་ལས། འདིར་འདོད་པའི་ཁམས་བུད་མེད་ཀྱི་བདེ་བ་གང་ཡིན་པ་སོགས་དང་། རང་གི་རྣམ་པར་རྟོག་པ་བློ་འཕྲོག་པ་འཕྲུལ་འཁོར་གྱི་མི་ལྟར་ཀུན་ཏུ་རྨོངས་པར་བྱས་པའི་ཡུལ་གྱི་རང་གི་ངོ་བོ་ལ་སེམས་གཏད་དེ། དེ་ལས་གཞན་དུ་སེམས་གཡེངས་པས་ནི་ཡང་དག་པ་ཇི་ལྟ་བ་འགའ་ཡང་མི་ཤེས་ཏེ། མི་ཤེས་པ་དེས་ནི་བདེ་བ་སོ་སོ་ཡང་དག་པར་རིག་པར་མི་འགྱུར་རོ། །ཞེས་སོགས་ཀྱི་དགོངས་པ་ཇི་བཞིན་དུ་བྲིས་པའོ། །

དེ་ལྟར་རྣམ་པར་དཔྱད་པའི་ཚེ་བདེ་བ་ཅི་ཡང་མེད་བཞིན་དུ་དེའི་རྒྱུ་བུད་མེད་ཡིན་པར་རློམ་ནས་ཁྱོད་ལ་བློ་ཕྱིན་ཅི་ཞིག་ཏུ་གྱུར་པས་ཉིན་མཚན་རྒྱུན་ཆགས་སུ་དེ་ལ་ཞེན་པས་གུས་བཞིན་དུ་ཡང་རེ་འགའ་ཙམ་ལས་རྟག་པར་ནི་མི་མོ་དེ་དང་ལྷན་ཅིག་འཕྲད་པ་མེད་ཀྱང་། འདི་ང་ཡི་བུད་མེད་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བདག་གིར་ཡོངས་སུ་འཛིན་པ་འདི་ཀོ་རྒྱུ་མཚན་ཅི་ཞིག་ཡིན། རྣམ་པ་གཅིག་ཏུ་ན་གལ་ཏེ་འདོད་ཆགས་ཉིད་བདེ་བ་ཡིན་པར་གྱུར་ན་ནི། ཁྱོད་བུད་མེད་དག་གིས་དགོས་པ་མེད་པར་འགྱུར་ཏེ། བུད་མེད་དང་ལྷན་ཅིག་སྤྱོད་པ་གང་གི་ཚེ་རེ་ཞིག་འདོད་ཆགས་དང་འབྲལ་བར་སྣང་བས། ནམ་དུ་ཡང་བདེ་བ་དེ་དོར་བྱ་ཡིན་ནོ་ཞེས་བྱ་བར་ནི་ཇི་ལྟར་ཡང་ནི་རིགས་པར་མ་མཐོང་ངོ་། །མདོར་ན་བུད་མེད་དང་ལྷན་ཅིག་སྦྱོར་ན་ཡང་བདེ་བ་ནི་གཞན་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ངན་པ་ལས་སྐྱེ་བར་འགྱུར་ན། བདེ་བ་དེའི་རྒྱུ་མཛའ་ན་མོ་ཉིད་ཡིན་ནོ་ཞེས་ཁྱོད་དང་འདྲ་བའི་བླུན་པོ་མིན་པ་སུ་ཞིག་གིས་འཛིན། དེ་བས་ན་བུད་མེད་ནི་བདེ་བའི་རྒྱུར་རྟོག་པར་མི་བྱའོ་ཞེས་གསུངས་སོ། །

གཉིས་པ་ཡུལ་ཅན་འདོད་པའི་ཉེས་དམིགས་བསྟན་པ་ནི། འཇིག་རྟེན་རྣམས་འདོད་པ་ཡང་ཡང་བསྟེན་པར་བྱེད་པས་དེ་ལ་བདེ་བ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་མཛེ་པོ་རྣམས་གཡན་པ་ཡང་ཡང་འཕྲུག་པ་ན་ཁྲག་ཟག་པ་སོགས་སྐྱོན་ཅི་ཙམ་ཡོད་ཀྱང་མི་མཐོང་བ་བཞིན་དུ། སྐྱེ་བོ་འདོད་ཆགས་ཀྱིས་གདུང་པས་ཀྱང་འདོད་པའི་སྐྱོན་མི་མཐོང་བར་དེ་ལ་ཡང་ཡང་བརྟེན་པར་བྱེད་དོ། །དེའི་ཕྱིར་འཕགས་པ་འདོད་ཆགས་དང་བྲལ་བ་རྣམས་ལ་ནི། དཔེར་ན་མཛེ་པོ་རྣམས་ལྟར་ཆགས་ཅན་རྣམས་ནི་ཤིན་ཏུ་སྡུག་བསྔལ་དང་ལྡན་པར་སྣང་ངོ་། །སྐྱེ་བོ་འདོད་པའི་གཞན་དབང་དུ་གྱུར་པ་རྣམས་ནི་དཔེར་ན་མགོན་མེད་བཀྲེས་པས་ཉེན་པ་རྣམས་ལ་མུ་གེ་བྱུང་བ་ན་ཟས་ངན་ཙམ་གྱི་ཆེད་དུ་འབྱོར་ལྡན་རྣམས་ལས་བརྙས་དམོད་ཀྱི་བྱ་བ་གང་འབྱུང་བ་ཐམས་ཅད་བཟོད་པར་བྱེད་པ་ལྟར། ཆགས་ཅན་དེ་ནི་བུད་མེད་དང་ཕྲད་པར་གྱུར་པའི་ཚེ་ཆགས་ཅན་ཀུན་གྱི་སེམས་འདོད་པའི་གཞན་དབང་དུ་གྱུར་པའི་སྐྱོན་གྱི་གཡོ་བ་སྣ་ཚོགས་པ་དང་ལྡན་པ་ཡང་ཡིན་ནོ། །དེ་ལྟར་འདོད་པའི་གཞན་དབང་དུ་གྱུར་པ་ལ་ནི་ཆགས་སྡང་གི་སྐྱོན་མི་བཟད་པ་གཞན་དག་ཀྱང་འབྱུང་སྟེ། དཔེར་ན་དྲེགས་པ་ཡིས་ནི་མི་ཁ་ཅིག་ལ་མི་གཙང་བའི་སྣོད་བཤང་ཁང་ལ་ཡང་ཆགས་པ་སྐྱེས་ཤིང་། གཞན་ལ་ཕྲག་དོག་གི་སྒོ་ནས་ཞེ་སྡང་འབྱུང་བ་ལྟར། རང་གིས་བདག་ཏུ་བཟུང་བའི་བུད་མེད་ལ་ལ་ལ་ཆགས་པ་སྐྱེས་ཤིང་དེ་ལྟ་བུའི་སྐྱེ་བོ་ཆགས་ཅན་འགའ་ཞིག་སྐྱེ་བོ་གཞན་འགའ་ཞིག་ལ་ཕྲག་དོག་གི་སྒོ་ནས་ཞེ་སྡང་བར་བྱེད་དོ། །

གསུམ་པ་གཉེན་པོ་མི་གཙང་བར་རྟོགས་པའི་ཐབས་ལ། ལུས་མི་གཙང་བའི་འཕྲུལ་འཁོར་དུ་མདོར་བསྟན་པ་དང་། དེའི་ཚུལ་རྒྱས་པར་བསྟན་པ། དེ་ལྟར་རྣལ་འབྱོར་སྒོམ་པའི་བྱེད་ལས་དང་གསུམ།

དང་པོ་ནི། རྣམ་པར་དཔྱད་ན་བུད་མེད་ཀྱི་ལུས་ཤིན་ཏུ་མི་གཙང་བའི་འཕྲུལ་འཁོར་ཡིན་ཏེ། འགྲེལ་ཆེན་ལས། ཁ་ནི་ཁ་ཆུ་རུལ་བ་དང་། །སོ་སྐྱག་མི་གཙང་སྣོད་ཡིན་ཏེ། །སྣ་ནི་རྣག་སྣབས་སྣ་ཆུའི་སྣོད། །མིག་གཉིས་མིག་རུལ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤང་གཅི་དང་། །གློ་བ་མཆིན་པའི་སྣོད་ཡིན་པར། །རྨོངས་པས་བུད་མེད་པ་མཐོང་བས། །དེ་ཡི་ལུས་ལ་ཆགས་པར་བྱེད། །ཅེས་སོགས་ཀྱི་ལུང་དང་། རེ་ཞིག་བུད་མེད་ཐམས་ཅད་ཀྱི་མི་གཙང་བའི་ཕྱོགས། དབང་པོའི་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན་རང་གི་ངང་གིས་དྲི་ང་ཞིང་རྟག་ཏུ་ཁྲག་འཛག་པ་མི་གཙང་བའི་ལུས་ཀྱི་གྲོང་ཁྱེར་གྱི་མི་གཙང་བའི་སྟོར་ཁུང་དུ་གྱུར་པ། བཤང་ཁང་ལྟར་སྐྱེ་བོ་མང་པོས་བླུགས་པའི་མི་གཙང་བ་ནོད་པ། བཤང་ཁང་ལྟར་མུན་ནག་གི་མི་གཙང་བ་དྲི་ཚབས་ཆེར་ང་བའི་སྲིན་བུའི་ཚོགས་འཁྲིགས་ཆགས་པ། བཤང་ཁུང་ཅུང་ཟད་རིད་ཅིང་གས་པ་ལྟར་ནད་མྱགས་ཤིང་། མྱགས་པ་དེས་གས་པའི་པགས་པ་ཙམ་གྱིས་ཕྱི་བཏུམས་པ་སོགས་ཀྱིས་རྒྱ་ཆེར་བསྟན་པ་ལྟར། བུད་མེད་ཀྱི་ལུས་མི་གཙང་བ་ཡི་རང་བཞིན་ཅན་དེ་ལ་རྨོངས་པའི་གཏི་མུག་ནི་འབྱུང་ཞིང་དེ་ལ་ཁྲོ་བ་ཡང་འབྱུང་རིགས་མོད་ཀྱི། རྗེས་སུ་མི་མཐུན་པའི་ལུས་དེ་ལ་རྣམ་པ་ཀུན་ཏུ་འདོད་ཆགས་ནི་འབྱུང་བར་རིགས་པ་མ་ཡིན་ནོ་ཞེས་གསུངས་སོ། །

གཉིས་པ་ལ་ལུས་མི་གཙང་བའི་རྒྱུར་བསྟན་པ་དང་། འབྲས་བུར་བསྟན་པ་དང་། རང་བཞིན་དུ་བསྟན་པ་གསུམ། དང་པོ་ནི། ཇི་ལྟར་མི་གཙང་བའི་ཚུལ་རྒྱས་པར་བསྟན་པ་ལ། ལུས་ནི་མི་གཙང་བ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའང་ཡིན་ཏེ། མི་རྣམས་ཀྱི་ལུས་མ་གཏོགས་དེ་ལས་གཞན་ཆོལ་ཟངས་སོགས་མི་གཙང་བའི་སྣོད་ལ་ནི་སྨད་པར་འབྱུང་བར་འགྱུར་ན། ལུས་གང་ལས་འབྲས་བུ་མི་གཙང་བ་དུ་མ་འབྱུང་བར་འགྱུར་བ་ཡི་རྒྱུར་གྱུར་པའི་ལུས་དེ་ནི་སྨད་པར་བྱ་བའི་གནས་སུ་ཅིས་མི་སེམས། གཞན་ཡང་དངོས་པོ་གཙང་བ་ཨ་ཀ་རུ་དང་དྲི་བཟང་ལ་སོགས་པ་ཐམས་ཅད་ཀྱི་ཐ་མ་ནི་བུད་མེད་ཀྱི་ལུས་དང་ཕྲད་པའི་རྐྱེན་གྱིས་མི་གཙང་བའི་རང་བཞིན་གང་དུ་དམིགས་པར་གྱུར་པ་ཡི་རྒྱུ་བུད་མེད་ཀྱི་ལུས་དེ་ལ་གཙང་བ་ཡོད་དོ་ཞེས་བློ་དང་ལྡན་པའི་མི་ནི་སུ་ཞིག་གིས་སྨྲ་བར་བྱེད། དེས་ན་ལུས་མི་གཙང་བའི་འབྱུང་གནས་ལ་བསམས་ཏེ་གཙང་བར་ཞེན་པར་བཟློག་པར་བྱའོ། །

གཉིས་པ་ནི། ལུས་མི་གཙང་བའི་འབྲས་བུར་གྱུར་པའང་ཡིན་ཏེ། ལུས་གང་ཞིག་ཐོག་མར་བཤང་ཁང་ཤིན་ཏུ་སྟུག་པོ་མངལ་གནས་ཀྱི་ནང་དུ་འདུག་ཅིང་། དེ་མེད་པར་ནི་མི་གནས་པར་མི་གཙང་བའི་གནས་ནས་བྱུང་བ་ཡི་སྲིན་བུ་དང་མཚུངས་པའི་ལུས་དེ་ལ། ཤིན་ཏུ་རྨོངས་པས་གཙང་བར་ཞེན་པའི་དྲེགས་པ་སྐྱེ་བར་ཟད་དོ། །

གསུམ་པ་ནི། ལུས་མི་གཙང་བའི་རང་བཞིན་དུ་གྱུར་པའང་ཡིན་ཏེ། ཁྲུས་དང་བྱུགས་པ་སོགས་ཐབས་གང་གིས་ཀྱང་ལུས་ཀྱི་ནི་ནང་ཕུགས་གཙང་བར་མི་འགྱུར་བའི་ཕྱིར་ན། ཁྱོད་ནི་ནང་གི་མི་གཙང་བ་དག་པར་བྱེད་པའི་ཐབས་ལ་འབད་པར་བྱེད་དགོས་པ་ལ། དེ་ལྟར་མི་བྱེད་པར་ཕྱི་རོལ་ལ་འབད་རིགས་པ་མ་ཡིན་ནོ་ཞེས་གསུངས་སོ། །འདི་ལ་ནང་གི་ལུས་དག་པའི་ཕྱིར་འབད་པར་བྱེད་པ་དེ་ལྟར་ཕྱི་རོལ་གྱི་མི་གཙང་བ་དག་པར་བྱེད་པ་ལ་འབད་པར་བྱེད་པ་མ་ཡིན་ནོ་ཞེས་དང་། ནང་དག་པ་ལ་འབད་རིགས་ཀྱི་ཕྱི་རོལ་ལ་འབད་དགོས་པ་མ་ཡིན་ནོ་སོགས་འགྲེལ་ཚུལ་སྣ་ཚོགས་བྱེད་པར་སྣང་ངོ་། །དེ་ལྟར་བུད་མེད་ཀྱི་ལུས་མི་གཙང་བའི་རང་བཞིན་ཡིན་ན་དྲང་སྲོང་དཀའ་ཐུབ་ཅན་རྣམས་བུད་མེད་མི་སྤོང་བའི་རྒྱུ་མཚན་ཅི་ཞིག་ཡིན་སྙམ་ན། དེ་ནི་སྐྱོན་མཚུངས་པས་ཡིན་ཏེ། གལ་ཏེ་མཛེ་ཅན་ཇི་ལྟ་བ་བཞིན་དུ་དེ་ལྟར་གཅིན་ཅན་གྱི་སྐྱོན་ཡང་ཀུན་ལ་མཚུངས་པར་ཡོད་པ་མིན་ན་ནི། མཛེ་ནད་ཅན་ནི་ཀུན་གྱིས་སྤོང་བར་བྱེད་པ་ཇི་ལྟ་བ་བཞིན་གཅིན་ཅན་གྱི་བུད་མེད་དེ་ཡང་དེ་ལྟར་མི་ཀུན་གྱིས་སྤོང་བར་འགྱུར་ནའང་། དྲང་སྲོང་དེ་དག་རང་ཉིད་ཀྱང་གཅིན་ཅན་གྱི་སྐྱོན་གནས་ཤིང་འདོད་ཆགས་དང་མ་བྲལ་བའི་དབང་གིས་སྐྱོན་ལ་སྐྱོན་དུ་མ་མཐོང་བར་ཟད་དོ། །བུད་མེད་ཀྱི་ལུས་དེ་ལྟར་གྱུར་ཀྱང་ལང་ཚོ་ལ་བབ་ཅིང་རྒྱན་ཕུན་སུམ་ཚོགས་པས་བརྒྱན་པ་ནི་བསྟེན་པར་འོས་སོ་ཞེ་ན། དཔེར་ན་ཡན་ལག་ཉམས་པ་ཡི་སྣ་རྡུམ་འགའ་ཞིག་ལ་ནི་བཅོས་མའི་སྣ་བསྲེལ་ཏེ་བརྒྱན་པ་ན། སྣ་ཡི་ཚབ་མས་བླུན་པོ་འགའ་ཞིག་དགའ་བར་འགྱུར་བ་ལྟར། ལུས་མི་གཙང་བའི་རང་བཞིན་ཕྱིར་འཆོས་པའི་ཕྱིར་མེ་ཏོག་ལ་སོགས་པ་དག་གིས་བརྒྱན་པའི་ལུས་ལ་འདོད་ཅིང་ཆགས་པ་ཡང་དེ་བཞིན་དུ་ཕྱིན་ཅི་ལོག་ཏུ་རྟོག་པར་འདོད་དོ། །

གསུམ་པ་དེ་ལྟར་རྣལ་འབྱོར་སྒོམ་པའི་བྱེད་ལས་ནི། ཡུལ་དུས་གང་དུ་གཙང་བ་ཕྱིན་ཅི་ལོག་སྤོང་བའི་ཐབས་བསྒོམས་པའི་སྟོབས་ཀྱིས་འདོད་ཆགས་དང་བྲལ་བ་སྐྱེ་བ་དེའི་ཚེ། ལུས་དེ་ཉིད་ལ་གཙང་བ་ཕྱིན་ཅི་ལོག་ཏུ་རྟོག་པ་ཞེས་བྱ་བ་བཟུང་བར་མི་རིགས་ལ། དེའི་ཕྱིར་ངེས་པར་འདོད་ཆགས་ཀྱི་རྒྱུར་གྱུར་པའི་དངོས་པོ་དེ་གང་ནའང་ཡོད་པ་མ་ཡིན་པར་རྟོགས་ཏེ་འདོད་ཆགས་དང་བྲལ་བར་འགྱུར་རོ། །

གསུམ་པ་སྤང་གཉེན་སྤྱིའི་དོན་བསྡུ་བ་ནི། དེ་ལྟར་ཡོངས་སུ་བཤད་ཟིན་དང་འཆད་འགྱུར་གྱི་སྤང་བྱ་ཕྱིན་ཅི་ལོག་བཞིའི་གཉེན་པོ་ནི། མདོར་བསྡུས་ན། གང་འདུས་བྱས་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་སྐད་ཅིག་མ་ཉིད་ཀྱི་ཕྱིར་མི་རྟག་པ་དང་། གང་མི་རྟག་པ་དེ་ནི་སྐྱོ་བ་སྐྱེ་བ་ཉིད་ཀྱི་ཕྱིར་མི་གཙང་བ་དང་། གང་མི་གཙང་བ་དེ་ནི་གནོད་པར་བྱེད་པའི་ཕྱིར་སྡུག་བསྔལ་བ་དང་། གང་སྡུག་བསྔལ་བ་དེ་ནི་རང་དབང་མ་ཡིན་པ་ཉིད་ཀྱི་ཕྱིར་བདག་མེད་པ་ཉིད་ཅེས་བྱ་བ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་བཞི་པོ་འདི་དག་ཉིད་དོ། །འདི་དག་ཀྱང་སྤང་བྱ་དེ་དག་མངོན་གྱུར་མགོ་གནོན་པའི་གཉེན་པོ་ཉིད་དུ་རྒྱ་བོད་ཀྱི་མཁས་དབང་རྣམས་བཞེད་དོ། །དེ་ལྟར་ཐ་སྙད་དུ་གང་གཙང་བ་དང་བདེ་བ་སོགས་སུ་བཞག་པ་ནི་ཐ་སྙད་རང་གི་སྣང་ཚུལ་གྱི་དབང་དུ་དང་། མི་རྟག་སོགས་ཆོས་བཞིར་བསྟན་པ་ནི་ཐ་སྙད་རང་གི་གནས་ཚུལ་ཕྱིན་ཅི་མ་ལོག་པ་ཡིན་པས། ཆོས་བཞི་པོ་དེ་དག་ནང་ཕན་ཚུན་འགལ་བ་མ་ཡིན་པར་དེ་ཐམས་ཅད་ནི་ཟག་བཅས་སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་ལྟ་བུ་ཆོས་གཅིག་ཉིད་ལ་ནི་སྲིད་པར་འགྱུར་བས། དེ་ལྟར་སྒོམ་པའི་ཐབས་ཀྱི་རྣལ་འབྱོར་རྣམས་ཀྱང་གཅིག་གྲོགས་སུ་གཅིག་ཤར་བའི་སྒོ་ནས་སྤང་བྱ་ཕྱིན་ཅི་ལོག་ལས་གྲོལ་བར་འགྱུར་བ་ནི་གནད་ཀྱི་དོན་དུ་སྣང་ངོ་། །

ལེའུའི་མཚན་ནི། བྱང་ཆུབ་སེམས་ཀྱི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། གཙང་བར་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།

ག༤ རབ་བྱེད་བཞི་པ་བདག་ཏུ་འཛིན་པ་སྤོང་བའི་ཐབས་བསྟན་པ།

བཞི་པ་བདག་ཏུ་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་ཀྱི་རྣལ་འབྱོར་ལ། རང་བཞིན་མདོར་བསྟན་པ་དང་། དེའི་ཚུལ་རྒྱས་པར་བཤད་པ། སྤང་གཉེན་གྱི་དོན་བསྡུ་བ་གསུམ། དང་པོ་ནི། དེ་ལྟར་ཕྱིན་ཅི་ལོག་གསུམ་སྤོང་བའི་ཐབས་བསྟན་ཟིན་ནས། ད་ནི་བདག་ཏུ་རྨོངས་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་སྟོན་པ་ལ། སྤྱིར་སྤང་བྱ་ལ་བདག་ཏུ་ལྟ་བ་དང་བདག་ཏུ་ང་རྒྱལ་བ་གཉིས་སུ་ཡོད་དེ། སྔ་མ་ནི་ལྟ་བ་ལྔའི་ཡ་གྱལ་དང་། ཕྱི་མ་ལྟ་མིན་ལྔའི་ནང་ཚན་ཡིན་ཞིང་། དེ་སྤོང་བྱེད་གཉེན་པོ་ལ། ས་བོན་དྲུང་འབྱིན་གྱི་གཉེན་པོ་དང་། མངོན་གྱུར་མགོ་ནོན་གྱི་གཉེན་པོ་གཉིས་སུ་ཡོད་པ་ལས། བདག་ལྟའི་ས་བོན་དྲུང་འབྱིན་གྱི་གཉེན་པོ་རབ་བྱེད་བཅུ་པས་འཆད་པར་འགྱུར་བ་ལ་དགོངས་ཏེ། འདིར་ཐ་སྙད་ཀྱི་དེ་ཁོ་ན་ཉིད་སྒོམ་པ་ལ་བརྟེན་ནས། བདག་ཏུ་རློམ་པ་རེ་ཞིག་སྤོང་བའི་ཐབས་སྟོན་པར་བཞེད་ཅིང་། དེ་ལ་བདག་དང་བདག་གིར་རློམ་པའི་དྲེགས་པ་ནི་རྒྱལ་པོ་ལ་ཤས་ཆེ་བས་དེ་སྤོང་བའི་ཐབས་བསྟན་པ་ན། དེའི་ཚུལ་གྱིས་བདག་དང་བདག་གིར་རློམ་པ་ཐམས་ཅད་སྤོང་ནུས་པས། རེ་ཞིག་བདག་ནི་འཇིག་རྟེན་འདི་ཡི་མངའ་བདག་གོ་སྙམ་དུ་བདག་ཏུ་རློམ་པ་དག་གམ། ཡུལ་འདི་དག་ནི་བདག་གི་ཡིན་ནོ་སྙམ་དུ་རློམ་པའི་དྲེགས་པ་འདི་དག་མི་བླུན་པོ་འགའ་ཞིག་ལས་སྲིད་པར་དམ་པ་སུ་ཞིག་ལ་འབྱུང་བར་འགྱུར་ཏེ། རྒྱུ་མཚན་གང་གི་ཕྱིར་ན་ལུས་ཅན་ཐམས་ཅད་ལ་ཡུལ་རྣམས་ནི་ཐམས་ཅད་དབང་དུ་བྱ་བར་མཚུངས་པར་སྣང་སྟེ། སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པའི་ཕྱིར་རོ། །

གཉིས་པ་ལ། འཇིག་རྟེན་གྱི་མངའ་བདག་ཏུ་རློམ་པ་སྤོང་བ་དང་། ཆོས་སྲིད་ཀྱི་དབང་ཕྱུག་ཏུ་རློམ་པ་སྤོང་བ་དང་། རིགས་ཀྱི་མཆོག་ཏུ་རློམ་པ་སྤོང་བ་དང་གསུམ།

དང་པོ། རྒྱལ་པོ་ནི་འཇིག་རྟེན་གྱི་མངའ་བདག་ཡིན་ཏེ། རྩོམ་པ་ཐམས་ཅད་རྒྱལ་པོ་ལ་དབང་བའི་ཕྱིར་སྙམ་ན། སྔོན་གྱི་སྐྱེ་བོའི་ཚོགས་ཀྱིས་ཞིང་སྲུང་བའི་བྲན་དུ་བསྐོས་ཏེ། དྲུག་ཆས་གླ་རྔན་བསྟབས་པར་གྱུར་པ་ཙམ་ལ་ང་ནི་འཇིག་རྟེན་གྱི་མངའ་བདག་གོ་སྙམ་དུ་ཁྱོད་ཀྱི་རྒྱུད་ལ་དྲེགས་པ་ཅི་ཞིག་སྐྱེ་བ་ཡིན། ཡུལ་དུས་གང་ངམ་དེ་རུ་སྔོན་གྱི་སྐྱེ་བོའི་ཚོགས་ཀྱི་ཞིང་སྲུང་བའི་བྱ་བ་ནི་བྱེད་པའི་བྲན་དུ་ཁྱོད་རང་ཉིད་དབང་དུ་བྱས་པ་ལ་རག་ལས་པར་འགྱུར་གྱི། རང་དབང་ཅན་གྱི་རྒྱལ་པོ་ཞེས་བྱ་བ་ཅི་ཡང་མེད་དོ། །ཡང་རྒྱལ་པོ་ནི་འཇིག་རྟེན་གྱི་མངའ་བདག་སྟེ། ནོར་རྣམས་གཏོང་བ་དང་སྡུད་པ་ལ་དབང་བའི་ཕྱིར་ཞེ་ན། ཇི་ལྟར་ན་གསོ་བྱ་ཞབས་འབྲིང་བ་སོགས་ཀྱིས་འཐོབ་བྱ་ནོར་རྣམས་ཐོབ་པ་དང་རྗེ་བོ་ལ་གཏོང་བ་པོར་སེམས་པ་དེ་བཞིན་དུ་གཏོང་བ་པོ་རྗེ་བོ་ཡང་སྦྱིན་བྱ་ནོར་རྣམས་སྦྱིན་པར་བྱས་ནས་བདག་ནི་གཏོང་བ་ཡིན་ནོ་སྙམ་དུ་ཕན་ཚུན་ལྟོས་པའི་སྒོ་ནས་རློམ་པར་ཟད་ཀྱི། གཏོང་བ་པོ་རང་དབང་ཅན་ནི་ཅི་ཡང་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་དེས་ན། གཞན་རྣམས་ཀྱི་ངོར་ནི་བྲན་དུ་གྱུར་པའི་སྡུག་བསྔལ་གྱི་གནས་ཡིན་བཞིན་དུ། ཁྱོད་ལ་ཕྱིན་ཅི་ལོག་ཏུ་བདེ་བར་དྲན་ཏེ། གཞན་གྱི་ལས་ཀྱིས་རྟག་ཏུ་འཚོ་དགོས་པ་ཁྱོད་ཀྱི་དགའ་བ་དེ་རྒྱུ་གང་གིས་བསྐྱེད་པར་འགྱུར་ཞེས་གསུངས་སོ། །

གཉིས་པ་ལ། སྤྱིར་འཇིག་རྟེན་སྲུང་བའི་དབང་ཕྱུག་ཏུ་རློམ་པ་སྤོང་བ། བྱེ་བྲག་ཆོས་ཀྱི་དབང་ཕྱུག་ཏུ་རློམ་པ་སྤོང་བ། ཁྱད་པར་དཔའ་བོའི་དབང་ཕྱུག་ཏུ་རློམ་པ་སྤོང་བ་གསུམ། དང་པོ་ལ། དངོས་དང་། དེ་ཕྱིར་བསོད་ནམས་མིན་པ་སྤོང་བའི་ཐབས་བསྟན་པ་གཉིས།

དང་པོ། རྒྱལ་པོ་ནི་འཇིག་རྟེན་སྲུང་བའི་དབང་ཕྱུག་ཆེན་པོ་ཡིན་ཏེ། དེ་མེད་ན་འཇིག་རྟེན་གྱི་ཚུལ་ལུགས་ཉམས་པས་སྐྱེ་རྒུ་རྣམས་བརླག་པར་འགྱུར་རོ་སྙམ་ན། མངའ་འབངས་རྣམས་ལ་ལྟོས་ནས་ཁྱོད་འཇིག་རྟེན་རྣམས་ཀྱི་ནི་སྲུང་བ་པོ་ལྟ་བུར་གྱུར་པ་དང་། སྡེ་འབངས་རྣམས་ཀྱི་བསྲུང་བྱར་ཡང་ས་བདག་རང་ཉིད་སྣང་བར་གྱུར་ན། ཅི་སྟེ་གཅིག་གིས་དྲེགས་པ་ཡོད་ཅིང་ཅི་སྟེ་གཞན་གྱི་དྲེགས་པ་དང་བྲལ་བ་ཇི་ལྟར་མིན། དེ་བས་ན་དྲེགས་པའི་དབང་གིས་འཇིག་རྟེན་སྲུང་བར་རློམ་ཡང་། དེང་སང་སྙིགས་མའི་དུས་འདིར་རིགས་ཀུན་གྱི་ནང་ནས་རྒྱལ་པོ་རྣམས་རང་ལས་ལ་མི་དགེ་དང་མ་འདྲེས་པར་དགའ་བས་འཚོ་བ་རྣམས་ནི་རྙེད་པར་དཀའ་ལ། གལ་ཏེ་ཁྱོད་ལ་སྡིག་གྲོགས་དང་འགྲོགས་པ་སོགས་ཀྱིས་མི་དགེ་བར་འགྱུར་བའི་ཕྱིར། དེས་ན་ཁྱོད་ལ་ཕྱི་མ་འགྲོ་བ་བཟང་པོ་ཙམ་ཡང་དཀོན་པར་སྣང་ངོ་། མདོར་ན་རང་དབང་ཅུང་ཟད་ཙམ་ཡང་མེད་པར་གཞན་གྱིས་བསྐུལ་ཏེ་ཞིང་སྲུང་བ་སོགས་ལས་སྣ་ཚོགས་བྱེད་དགོས་པའི་བྲན་དུ་གྱུར་པ་གང་ཡིན་པ་དེ་ནི་ས་ཡི་སྟེང་ན་བླུན་པོ་ཞེས་བྱ་བར་ངེས་སོ། །དེའི་ཕྱིར་ཁྱོད་དང་མཚུངས་པའི་གཞན་དབང་ཅན་གཞན་འགའ་ཡང་ཡོད་པ་མ་ཡིན་ནོ། །

གཉིས་པ་ནི། བཤད་མ་ཐག་པའི་རྒྱུ་མཚན་དེའི་ཕྱིར་འཇིག་རྟེན་སྲུང་བ་པོ་ང་ལ་རག་ལས་པ་ཡིན་ནོ་ཞེས་མཆོག་ཏུ་དྲེགས་པའི་དབང་གིས་འཇིག་རྟེན་པ་རྣམས་ལ་ནི་འབྲུ་ཡི་དྲུག་ཆའི་གླ་ལེན་ཞིང་། དེར་མ་ཟད་རང་ཉིད་ཀྱིས་ཀྱང་ཆད་པ་དྲག་པོ་གཅོད་པ་སོགས་སྡིག་པའི་ལས་སྣ་ཚོགས་བྱེད་ན། དེ་དང་མཚུངས་པའི་བརྩེ་བ་མེད་པའི་སྡིག་ཅན་སུ་ཞིག་ཡོད། དེ་ལྟར་མོད་ཀྱི། རྐུན་ཁྲམ་བྱེད་པ་སོགས་སྐྱེ་བོ་སྡིག་ཏོ་བྱེད་པ་རྣམས་ལ་གལ་ཏེ་བརྩེ་བར་བྱ་བ་མིན་པས། དེ་ལ་ཆད་པ་དྲག་པོས་ཚར་གཅད་དགོས་པར་སྨྲ་ན། འོ་ན་ཁྱོད་དང་བཅས་པའི་བྱིས་པ་སོ་སོའི་སྐྱེ་བོ་ནི་ཐམས་ཅད་ཀྱང་ཁྱོད་ཀྱིས་བསྲུང་བྱར་མི་འགྱུར་རོ། །བདེན་མོད་ཀྱི། འོན་ཀྱང་སྐྱེ་བོ་ཤིན་ཏུ་མི་སྲུན་པ་གང་དག་འཇིག་རྟེན་པ་རྣམས་བསྲུང་བའི་ཕྱིར་ཆད་པ་དྲག་པོ་བཅད་ཀྱང་སྡིག་པར་མི་འགྱུར་བར་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས་སྔོན་གྱི་སྐྱེ་རྒུའི་བདག་པོ་རྣམས་ཀྱིས་བཤད་པ་མ་ཡིན་ནམ་ཞེ་ན། གང་གིས་མི་དགེ་བའི་ལས་བསགས་པ་ལ་བདག་ཉིད་འགྱོད་པ་མེད་པར་སླར་ཡང་དགའ་བ་སྐྱེད་པ་ཡི་ཐབས་སམ་རྒྱུ་མཚན་ལྟར་སྣང་བ་དེ་དང་འདྲ་བ་ནི་གང་དུ་ཡང་མེད་པར་མི་འགྱུར་ཏེ། ཉ་བ་དང་ཕག་གསོད་པ་པོ་རྣམས་ཀྱང་སྲོག་ཆགས་གསོད་པའི་ལས་ཀྱིས་འཚོ་བ་འདི་ནི་ཁོ་བོ་ཅག་གི་རིགས་ལས་འབྱུང་ཞིང་སྐྱེ་རྒུའི་བདག་པོས་འཚོ་བར་གནང་བའི་ཆོས་མ་ཡིན་པ་མེད་དོ། །ཞེས་སྨྲ་བ་ལྟར། ཁྱོད་ཀྱང་དེ་ལྟར་སྨྲ་བར་ཟད་ཀྱི། ལུང་ལ་སོགས་པའི་རྒྱུ་མཚན་རྣམས་ཀྱིས་བསོད་ནམས་མིན་པའང་འཇིག་ནུས་པ་ཡོད་པ་མིན་པས་དུས་རྟག་ཏུ་སྡིག་པ་སྤོང་བའི་ཐབས་ལ་འབད་པར་བྱའོ། །

གཉིས་པ་བྱེ་བྲག་ཆོས་ཀྱི་དབང་ཕྱུག་ཏུ་རློམ་པ་སྤོང་བ་ནི། གལ་ཏེ་འཇིག་རྟེན་ཡང་དག་པར་སྲུང་བར་བྱེད་ཅེས་བྱ་བ་དེ་ལས་རྒྱལ་པོ་རྣམས་མཐོ་རིས་སུ་འགྲོ་བར་བཤད་པས་དེ་ནི་གལ་ཏེ་ས་བདག་རྣམས་ཀྱི་ཆོས་ཡིན་ནོ་ཞེ་ན། འོ་ན་ངལ་དུབ་ཀྱིས་ཉོན་མོངས་པའི་སྒོ་ནས་གྲོང་ཁྱེར་བསྲུང་བའི་ཕྱིར་འོབ་འབྲུ་བ་སོགས་དང་། མཚོན་ཆ་མགར་བ་སོགས་བཟོ་མཁན་རྣམས་ལ་ཡང་ཅི་སྟེ་ཆོས་སུ་འགྱུར་བ་མ་ཡིན་ཏེ། དེ་དག་ཀྱང་ཆོས་སུ་འགྱུར་རོ། །དེ་ལ་སྤྱིར་འཇིག་རྟེན་ཡང་དག་པར་སྲུང་བ་ས་བདག་རྒྱལ་པོ་ལ་རག་ལས་མོད་ཀྱི། ས་བདག་དེ་ལ་ནི་ཆོས་པ་ཙམ་དུ་མ་ཟད། སྨད་པའི་གནས་ཉིད་དེ། འཇིག་རྟེན་སྲུང་བ་པོ་ཡིན་ཀྱང་ཆད་པ་དྲག་པོའི་ལས་ཀྱིས་གནོད་པར་ཞུགས་པའི་ཕྱིར། དཔེར་ན་དམ་པས་གཟིགས་ན་ཟག་བཅས་འཇིག་རྟེན་ཀུན་གྱི་མ་ལྟ་བུར་གྱུར་པ་སྲིད་པ་ཡི་ནི་སྲེད་པ་དེ་ཡིས་འཇིག་རྟེན་པ་རྣམས་སྲིད་པའི་སྡུག་བསྔལ་ལ་སྦྱོར་བ་བཞིན་ནོ། །མདོར་ན་རྒྱལ་པོ་རྣམས་ནི་ཆོས་དང་ལྡན་པར་དཀའ་བར་གནས་ཏེ། བླུན་པོ་མིན་པར་གྲགས་པ་དང་བག་མེད་པའི་གཞིར་གྱུར་པའི་རྒྱལ་སྲིད་དོན་དུ་མི་གཉེར་བས་མི་ཐོབ་ལ། བླུན་པོ་འདོད་ཆེན་ཅན་རྣམས་ལ་ནི་བརྩེ་བ་ཡོད་པ་མིན་ན། བརྩེ་བ་མེད་པའི་རྒྱལ་པོ་ནི་སྲུང་བ་པོ་ལྟར་སྣང་བ་ཡིན་ཡང་། དེ་ལྟ་བུའི་མི་ཡི་བདག་པོ་བརྩེ་བ་མེད་པ་དེ་ལ་ཆོས་དགེ་བ་ག་ལ་གནས་ཏེ་མི་གནས་སོ། །དྲང་སྲོང་གིས་བྱས་པའི་རྒྱལ་རིགས་ཀྱི་ཆོས་ཀྱི་འཚེ་བ་ལ་ཆོས་མ་ཡིན་པ་མེད་དོ་ཞེ་ན། དྲང་སྲོང་རྣམས་ཀྱི་སྤྱོད་པ་ཀུན་ནི་མཁས་པས་རྗེས་སུ་སློབ་པར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་ན་དེ་དག་ལ་སྤྱོད་པ་ཆོས་དང་ཆོས་མིན་པ་སྣ་ཚོགས་ཡོད་པའི་ཕྱིར་ཏེ། ཇི་ལྟར་ན། འཚེ་བ་ཆོས་སུ་སྨྲ་བ་དམན་པའི་སྤྱོད་པ་དང་། དེ་ལ་ཐེ་ཚོམ་ཟ་བ་འབྲིང་དང་། དེ་ཉིད་ཆོས་མིན་དུ་བསྟན་པ་ཁྱད་པར་འཕགས་པའི་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར་རོ། །དེས་ན་འཚེ་བ་ཆོས་སུ་སྨྲ་བ་ནི་ཆོས་མིན་གྱི་སྤྱོད་པ་ཁོ་ནའོ། །

དེའི་ཕྱིར་བསྐལ་པ་རྫོགས་ལྡན་གྱི་དུས་ལྟ་བུ་སྔར་གྱི་ས་བདག་དགེ་བ་འཁོར་ལོས་བསྒྱུར་བ་རྣམས་ཀྱིས་དགེ་བཅུའི་ཁྲིམས་ཀྱིས་འཇིག་རྟེན་རྣམས་བུ་ལྟར་བསྐྱངས་པ་སྟེ། རྩོད་དུས་སྙིགས་མ་ལྔའི་ཆོས་ལ་བརྟེན་པའི་སྡིག་རྒྱལ་སྙིང་རྗེ་མེད་པ་འཚེ་བ་ཆོས་སུ་སྨྲ་བའི་བསྟན་བཅོས་ཚད་མར་བྱེད་པ་རྣམས་ཀྱིས་དེང་སང་གི་དུས་འདིར་འཁྲུགས་རྩོད་སོགས་མི་དགེ་བའི་ལས་ཐབས་ཁོ་ནའི་སྒོ་ནས་རི་དྭགས་ཙམ་རྒྱུ་བའི་གནས་དབེན་པའི་དགོན་པ་ལྟར་བརླགས་པར་བྱས་སོ། །

གསུམ་པ་ཁྱད་པར་དཔའ་བོའི་དབང་ཕྱུག་ཏུ་རློམ་པ་སྤོང་བ་ནི། རྒྱལ་པོ་དཔའ་བོའི་སྟོབས་ཅན་གང་གིས་གླགས་སུ་བབ་ན་དགྲ་བོ་ལ་མཚོན་གྱིས་བསྣུན་པའི་དཔའ་བོའི་དབང་ཕྱུག་རྒྱལ་པོ་དེ་ལ་གལ་ཏེ་སྡིག་པ་ཡོད་པ་མིན་པར་སྨྲ་ན། དེ་ལྟར་ན་རྒྱལ་པོ་མ་ཡིན་ཀྱང་རྐུན་པོ་སོགས་མི་དགེ་བ་བྱེད་པ་པོ་གཞན་རྣམས་ལ་ཡང་སྡིག་པ་དེ་དང་པོ་ཉིད་དུ་ཡོད་པ་མ་ཡིན་པར་འགྱུར་ཏེ། བདག་པོ་ལ་གླགས་སུ་བབ་པ་ན་རྐུ་བ་སོགས་བྱེད་པའི་ཕྱིར་རོ། །རྒྱལ་པོ་དཔའ་བོའི་དབང་ཕྱུག་གང་དག་གཡུལ་ངོར་སྲོག་ཀྱང་ཡོངས་སུ་གཏོང་བ་དེ་ནི་བསོད་ནམས་དང་ལྡན་ཞིང་མཐོ་རིས་སུ་འགྲོ་བར་བཤད་དེ། བསད་ན་མཐོ་རིས་ཐོབ་པའམ། །ཕབ་སྟེ་ས་བདག་སྤྱོད་འགྱུར་གྱིས། །དེ་ཡི་ཕྱིར་ན་ཀོན་རིའི་བུ། །འགྱེད་ལ་ངེས་བྱས་ལོངས་པར་བྱོས། །ཞེས་བཤད་པས་སོ་ཞེ་ན། ཆང་དང་རྒྱན་པོ་སྨད་འཚོང་ལ་སོགས་པ་དག་ལ་བདོག་པ་ཀུན་ཡོངས་སུ་གཏོང་བ་མཆོད་པ་མ་ཡིན་ན། གཡུལ་ངོར་བདག་ཀྱང་ཡོངས་སུ་གཏོང་བ་དེ་ནི་མཆོད་པ་ཞེས་བྱ་བའི་བསོད་ནམས་ཡིན་སྙམ་དུ་སེམས་སམ་ཅི་སྟེ་བ་བསོད་ནམས་མ་ཡིན་པའི་གནས་ཡིན་པའི་ཕྱིར་རོ། །བདེན་མོད་ཀྱི་གཡུལ་ངོར་དཔའ་བ་སོགས་ཀྱིས་འཇིག་རྟེན་གྱི་མགོན་དུ་གྱུར་པ་ནི་དགའ་བའི་གནས་མ་ཡིན་ནམ་སྙམ་ན། རྒྱལ་པོ་འཇིག་རྟེན་གྱི་མགོན་བྱེད་པ་པོ་ཁྱོད་རང་ཉིད་ལ་ནི་མགོན་དུ་གྱུར་པ་འགའ་ཡང་ཡོད་པ་མ་ཡིན་ན། མགོན་མེད་པ་ནི་རྒུད་པའི་གནས་ཡིན་པས་དེ་ལྟ་བུའི་མགོན་ཉིད་དེ་ཡིས་འཇིག་རྟེན་ས་བདག་ཉིད་ནི་མ་བཏང་ན་ཡང་སུ་ཞིག་དགའ་བར་འགྱུར། རྒྱལ་པོ་ཤིན་ཏུ་དཔའ་བ་གང་དག་ཤི་ཡང་འཇིག་རྟེན་ན་གྲགས་པ་རྗེས་སུ་སྒྲོག་པས་ན་ཆད་པ་དྲག་པོ་ཅན་དུ་བྱ་དགོས་སོ་ཞེ་ན། གང་གི་ཚེ་རྒྱལ་པོ་ཤི་བར་གྱུར་པ་ལའང་གྲགས་པས་ནི་ཡོན་ཏན་འགའ་ཡང་མི་འབྱུང་བས་ན་ཁྱོད་རང་ཉིད་ལ་ནི་ཡོན་ཏན་ཅི་ཡང་ཐོབ་ཏུ་མེད་པ་དང་། གྲགས་པ་ཙམ་ནི་ཁྱི་འཚེད་པས་འཚོ་བ་ལ་ཡང་གྲགས་པ་ཆེན་པོ་ཅི་སྟེ་མེད། དེས་ན་དེ་ཙམ་གྱི་ཆེད་དུ་དྲེགས་པའི་དབང་གིས་བསོད་ནམས་མིན་པའི་ལས་ལ་འཇུག་པར་མི་བྱའོ། །

གསུམ་པ་རིགས་ཀྱི་མཆོག་ཏུ་རློམ་པ་སྤོང་བ་ལ། དངོས་དང་། རིགས་ཀྱིས་དྲེགས་པའི་སྡིག་པ་སྤོང་བར་གདམས་པ་གཉིས། དང་པོ། རིགས་ཕུན་སུམ་ཚོགས་པའི་རྒྱལ་པོ་ནི་རྒྱལ་ཐབས་འོས་པས་དེ་ལ་རྒྱགས་པ་འབྱུང་རིགས་སོ་སྙམ་ན། གང་གི་ཚེ་ཀུན་གྱི་དབང་ཕྱུག་ཉིད་དུ་གྱུར་པ་ནི་བསོད་ནམས་ཀྱིས་བསྐྱེད་པ་ཡིན་པ་དེ་ཡི་ཚེ་རྒྱུ་བསོད་ནམས་འདི་ནི་དབང་ཕྱུག་གི་རྟེན་མིན་ནོ་ཞེས་རིགས་ཙམ་རྒྱལ་ཐབས་ཀྱི་དབང་ཕྱུག་ཏུ་འོས་པའི་རྟེན་ཡིན་ནོ་སྙམ་དུ་བརྗོད་པ་རྙེད་པ་མ་ཡིན་ནོ། །དེའི་ཕྱིར་རིསག་ཀྱིས་དྲེགས་པར་མི་འོས་སོ། །རྣམ་པར་བརྟགས་ན་རིགས་ཞེས་པ་བྱ་བའི་སྒོ་ནས་བཏགས་པ་ཙམ་ལས་ཅི་ཡང་མེད་དེ། སྐྱེ་རྒུ་སྐྱོང་པ་དང་། དཀའ་ཐུབ་སྤྱོད་པ་དང་། རྒྱལ་པོའི་བཀའ་བཞིན་བྱེད་པ་དང་། ཞིང་རྨོ་བ་སྟེ། འཚོ་བའི་ཐབས་སོ་ཅོག་ལ་ཡང་བཏགས་པའི་སྒོ་ནས་འཇིག་རྟེན་ན་ནི་རིགས་ཞེས་བསྙད་པ་དེས་ན་སྤྱིར་སེམས་ཅན་ཐམས་ཅད་ལ་རང་གི་ངོ་བོ་ཉིད་ཀྱིས་རིགས་ལས་དབྱེ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །བཏགས་པ་ཙམ་གྱི་རིགས་དེ་ཡང་མ་འཆོལ་བ་ནི་དཀའ་བར་གནས་ཏེ། སྤྱིར་འདས་པའི་དུས་ནི་ཡུན་ཤིན་ཏུ་རིང་བ་ཉིད་ཀྱི་ཕྱིར་དང་། མི་མོ་རྣམས་ཀྱི་ཡིད་ཀྱང་འདོད་ཆགས་ཀྱི་གཡོ་བ་ཆེ་བ་སྟེ། དེ་ཉིད་ཀྱི་ཕྱིར་རྒྱལ་རིགས་ཞེས་བྱ་བ་མང་པོའི་བཀུར་བའི་རྒྱལ་པོའི་རིགས་ལས་བྱུང་བ་ནི་འགའ་ཡང་དེང་སང་གི་དུས་སུ་ཡོད་པ་མ་ཡིན་པས། ཕལ་ཆེར་དམངས་རིགས་ཀྱི་སྐྱེ་གནས་ཅན་རྣམས་རྒྱལ་རིགས་སུ་དྲེགས་པར་ཟད་དོ། །དེ་ལྟར་ན་སྐྱེ་རྒུ་སྐྱོང་བའི་ལས་ཀྱིས་རྒྱལ་རིགས་སུ་འགྱུར་རོ་སྙམ་ན། གལ་ཏེ་སྐྱེ་རྒུ་སྐྱོང་བའི་ལས་ཀྱིས་དམངས་རིགས་ཀྱང་རྒྱལ་རིགས་ཞེས་བྱ་བར་འགྱུར་ན་ནི། གསང་སྔགས་འདོན་པ་སོགས་ཀྱི་ལས་ཀྱིས་དམངས་རིགས་རྣམས་ཀྱང་བྲམ་ཟེར་ནི་རྒྱུ་གང་གིས་འགྱུར་བ་མིན་པར་སེམས་སམ་ཅི། དེ་བས་ན་རིགས་ཀྱིས་མཆོག་ཏུ་དྲེགས་པ་སྤང་བར་བྱའོ། །

གཉིས་པ་ནི། རྒྱལ་པོ་ཞེས་བོས་ནས། ཁྱོད་ནི་རྟག་ཏུ་བག་ཡོད་པར་གནས་པར་བྱ་སྟེ། སྡིག་པ་འདི་ལ་ནི་དབང་ཕྱུག་ལྟར་གཞན་ལ་འགེད་པ་ཡོད་པ་མ་ཡིན་ན། སྡེ་འབངས་གཞན་ལ་ཕན་པ་ཅུང་ཟད་ཙམ་གྱི་དོན་དུ་བླང་དོར་ལ་མཁས་པ་ནི་སུ་ཞིག་རང་ཉིད་འཇིག་རྟེན་ཕྱི་མར་འཇོམས་པར་བྱེད། དེས་ན་སྡིག་པ་སྤོང་བའི་ཐབས་ལ་འབད་པར་བྱའོ། །

གསུམ་པ་ནི། དེ་ལྟར་དབང་ཕྱུག་གིས་བསྐྱེད་པའི་ང་རྒྱལ་གྱི་གཉེན་པོར་ནི། རང་དང་མཉམ་པ་དང་། རང་ལས་ཁྱད་པར་འཕགས་པ་ཡི་ཕ་རོལ་པོ་ནུས་པ་དང་ལྡན་པ་རྣམས་ལ་བལྟ་བར་བྱ་སྟེ། དེ་ལྟ་ན་ནི་དབང་ཕྱུག་གིས་དྲེགས་པའི་ང་རྒྱལ་ནི་དམ་པའི་སྙིང་ལ་མི་གནས་སོ་ཞེས་གསུངས་སོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདག་ཏུ་འཛིན་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །།

ག༥ རབ་བྱེད་ལྔ་པ་བྱང་ཆུབ་སེམས་ཀྱི་སྤྱོད་པ་བསྟན་པ།

གཉིས་པ་བླང་བྱ་རྣམ་བྱང་ཕྱོགས་རྟོགས་པའི་ཐབས་ཀྱི་རྣལ་འབྱོར་ལ། མཐར་འབྲས་མྱང་འདས་ཀྱི་ཡོན་ཏན་བསྟན་པ་དང་། རྒྱུ་ཐེག་ཆེན་ལམ་གྱི་རང་བཞིན་བཤད་པ་གཉིས། དང་པོ་ལ། ཐབས་ཐུགས་རྗེ་ཆེན་པོ་བྱེད་ལས་ཀྱི་སྒོ་ནས་བསྟན་པ། ཐབས་བྱུང་ནུས་པའི་ཡོན་ཏན་སྟོབས་ཀྱི་སྒོ་ནས་བསྟན་པ། ངོ་བོ་རྣམ་མཁྱེན་གྱི་ཡེ་ཤེས་རྩོད་སྤང་གི་སྒོ་ནས་བསྟན་པ་དང་གསུམ།

དང་པོ་ནི། ཤེས་བྱ་སྡུག་བདེན་གྱི་དེ་ཁོ་ན་ཉིད་ཀྱི་རིམ་པ་དེ་ལྟར་ཡིན་མོད་ཀྱི། དེ་སྤངས་པའི་འབྲས་བུ་མྱང་འདས་ཀྱི་དེ་ཁོ་ན་ཉིད་དེ་ཇི་ལྟ་བུ་ཞེ་ན། ཞི་བ་མྱ་ངན་ལས་འདས་པའི་ཆོས་ནི་མདོར་ན་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལ་བཤད་མ་ཐག་པའི་ཤེས་བྱའི་དེ་ཁོ་ན་ཉིད་ཉི་ལྟར་གནས་པ་བཞིན་སྟོན་པའི་བདག་རྐྱེན་དངོས་ནི་ཐབས་ཐུགས་རྗེ་ཆེན་པོ་ལ་རག་ལས་པས་ཐོག་མར་དེ་བསྟན་པ་ནི། ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བའི་དོན་མཐའ་ཡས་པ་ལྟ་བུར་མཛད་པ་སྟེ། སངས་རྒྱས་རྣམས་ཀྱི་གསང་བ་གསུམ་གྱི་ཆོ་འཕྲུལ་རྣམ་པར་གཡོ་བ་ནི་སེམས་ཅན་ལ་ཕན་པའི་རྒྱུ་མེད་པ་འགའ་ཡང་ཡོད་པ་མིན་ཏེ། དབུགས་ཀྱང་སེམས་ཅན་རྣམས་ལ་ནི་སྨན་པའི་སླད་ཁོ་ནར་ཡང་དག་པར་འབྱུང་སྟེ། ཏིང་འཛིན་རྒྱལ་པོ་ལས། འོད་ཟེར་བརྒྱ་སྟོང་དཔག་ཏུ་མེད་པ་དག །ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་མཐིལ་ནས་བྱུང་། །སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་གྱུར། །སྡུག་བསྔལ་མེད་པར་བྱས་ནས་བདེ་བ་མྱོང་། །ཞེས་དང་། འགྲེལ་ཆེན་ལས། རང་གི་ངང་གིས་འབྱུང་བའི་དབུགས་ཀྱང་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་ཏུ་སྨན་པའི་སླད་ཁོ་ནར་ཡང་དག་པར་འབྱུང་སྟེ། སོགས་ཀྱིས་བསྟན་པ་ལྟར་རོ། །

གཉིས་པ་ནི། ཐབས་དེ་ལས་བྱུང་བའི་ཐབས་བྱུང་ནུས་པའི་ཡོན་ཏན་ཀྱང་། དཔེར་ན་འཇིག་རྟེན་པ་ཀུན་ལ་འཆི་བདག་གི་སྒྲ་ཐོས་པས་ཇི་ལྟར་འཇིགས་པ་བསྐྱེད་པར་འགྱུར་བ་དེ་བཞིན་དུ། ཀུན་མཁྱེན་ཞེས་པའི་སྒྲ་འདི་ནི་འཆི་བདག་གི་བདུད་ལ་ཡང་འཇིགས་པ་བསྐྱེད་པར་འགྱུར་བ་སོགས་བདུད་བཞིའི་དཔུང་འཇོམས་པའི་སྟོབས་ཚད་མེད་པ་དང་ལྡན་པ་དག་གོ །

གསུམ་པ་ནི། ཐུགས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བ་ཉིད་ཀྱི་ཕྱིར་ན་ཐམས་ཅད་མཁྱེན་པ་ཉིད་དོ། །གལ་ཏེ་ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་ཇི་ལྟར་དྲིས་པ་བཞིན་དུ་ལུང་སྟོན་པར་མ་མཛད་པས་ཐམས་ཅད་མཁྱེན་པ་མིན་པར་འགྱུར་རོ་ཞེས་ན། ཐུབ་པ་རྫོགས་པའི་སངས་རྒྱས་ལ་ནི་གདུལ་བྱ་འདུལ་བའི་མཛད་པ་དང་མཛད་པ་མིན་པ་ཇི་བཞིན་སྟོན་པ་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། གསུང་བྱ་དང་གསུང་བྱ་མིན་པ་མངའ་བ་གསུང་རྗེས་བུ་བསྟན་པའི་ཆོ་འཕྲུལ་ཏེ། དེ་དག་གི་རང་བཞིན་གནས་དང་གནས་མིན་པའི་ཚུལ་ཐོགས་མེད་དུ་མཁྱེན་པ་ཐུགས་ཀུན་ཏུ་བརྗོད་པའི་སྟོབས་མངའ་བ། དེས་ན་ཀུན་མཁྱེན་རྫོགས་པའི་སངས་རྒྱས་གང་ཞིག་ཀུན་མཁྱེན་ནི་མིན་ཞེས་བྱ་བ་ལ་རྒྱུ་མཚན་ཅི་ཞིག་ཡོད། དེ་ལྟར་ལུང་དུ་མི་སྟོན་པའི་ལྟ་བ་བཅུ་བཞི་ལྟ་བུ་གསུང་བྱ་མིན་པར་ཇི་བཞིན་མཁྱེན་ཏེ། ལུང་དུ་མ་བསྟན་པ་དེ་ཉིད་ཀྱི་ཕྱིར་ན་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་བོ། །

གཉིས་པ་རྒྱུ་ཐེག་ཆེན་ལམ་གྱི་རང་བཞིན་ལ། བསམ་པ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ། སྦྱོར་བ་རྣམ་མཁྱེན་ལམ་གྱི་རང་བཞིན་བཤད་པ། དེ་ལྟར་བསམ་སྦྱོར་ཆོས་ཀྱི་བྱེད་ལས་བསྟན་པ་དང་གསུམ། དང་པོ་ལ། སྤྱིར་བསམ་པ་སྟོབས་ཆེ་བའི་ཡོན་ཏན། བྱེ་བྲག་བྱང་ཆུབ་སེམས་སྟོབས་ཀྱི་ཡོན་ཏན། ཁྱད་པར་དོན་དམ་སེམས་བསྐྱེད་ཀྱི་ཆེ་བ་བསྟན་པ་དང་གསུམ།

དང་པོ་ནི། དེ་ལྟ་བུའི་འཐོབ་བྱ་རྣམ་མཁྱེན་དོན་དུ་གཉེར་བས་དེའི་རྒྱུ་ཐེག་པ་ཆེན་པོའི་ལམ་ལ་ཇི་ལྟར་བསླབ་པའི་ཚུལ་ལ་སྤྱིར། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པ་ལྟར། དགེ་བ་ཆེ་ཕྲ་གང་ལ་ཡང་གཙོ་བོ་སེམས་ཀྱི་ཀུན་སློང་མ་གཏོགས་པ་ལུས་སྐོར་བར་འགྲོ་བ་དང་། ངག་ཁ་ཏོན་སྨྲ་བ་སོགས་ཀྱི་བྱ་བ་དག་ལ། གང་གི་ཕྱིར་བསོད་ནམས་ལ་སོགས་པ་ཇི་བཞིན་ཡོད་པར་མ་མཐོང་བ་དེའི་ཕྱིར། ལུས་ངག་གི་དགེ་བའི་ལས་ཀུན་ལ་ཡིད་ནི་དོན་པོར་ཏེ་གཙོ་བོར་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །

གཉིས་པ་ནི། དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་བྱབ་ཆུབ་ཏུ་སེམས་བསྐྱེད་པའི་བསམ་པའི་ཆེ་བས་རྟེན་བྱང་ཆུབ་སེམས་དཔའ་ལ་དགེ་བའམ། འོན་ཏེ་མི་དགེ་བའང་རུང་སྟེ། ལུས་ངག་གི་བྱ་བ་ཐམས་ཅད་དགེ་ལེགས་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་ན་ཡིད་དགེ་བ་བྱང་ཆུབ་ཀྱི་སེམས་དེའི་དབང་དུ་གྱུར་པའི་ཕྱིར་རོ། །

གསུམ་པ་ནི། དེ་ལས་ཀྱང་ཁྱད་པར་ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པའི་ཆེ་བའི་ཡོན་ཏན་ནི། སའི་སྟེང་གི་སྐྱེ་བོ་ཇི་སྙེད་ཐམས་ཅད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་འགྱུར་བ་དེ་དག་གི་བསོད་ནམས་ལས་ཆེས་ཁྱད་པར་དུ་འཕགས་སོ། །

གཉིས་པ་སྦྱོར་བ་ལ། ཐབས་ཀྱིས་གཞན་དོན་སྒྲུབ་པའི་ཚུལ་དང་། སྦྱོར་བ་ཕར་ཕྱིན་ལ་འཇུག་པའི་ཚུལ་གཉིས། དང་པོ་ལ། ཐབས་ཀྱིས་གཞན་དོན་སྒྲུབ་པའི་ཆེ་བ་བརྗོད་པ་དང་། གཞན་དོན་ཐབས་ལ་མཁས་པའི་རང་བཞིན་བཤད་པ། དེ་ལྟར་ཐབས་མཁས་ཡོད་མེད་ཀྱི་སྐྱོན་ཡོན་བསྟན་པ་གསུམ།

དང་པོ་ནི། འདི་ལྟར་རིན་ཆེན་སྣ་ཚོགས་པའི་རང་བཞིན་ལས་གྲུབ་པ་ཡི་དེ་བཞིན་གཤེགས་པའི་རིང་སྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནི། འོག་མིན་གྱི་འཇིག་རྟེན་སྙེད་ཀྱི་གཏོས་དང་མཉམ་པར་མཐོ་བ་སྐྱེ་བོ་འགས་བྱས་ཏེ་མཆོད་པར་བྱེད་པ་དེ་བས་ཀྱང་། སེམས་ཅན་གཅིག་ཙམ་གྱི་རྒྱུད་འདུལ་བ་པོ་དེ་བསོད་ནམས་ཆེས་མཆོག་ཏུ་བཀྲབས་པར་མདོ་ལས་བརྗོད་པ་ཡིན་ནོ། །

གཉིས་པ་ལ། ཐབས་ཀྱིས་གདུལ་བྱ་སྐྱོང་བའི་ཚུལ་དང་། དེ་ཉིད་ལམ་ལ་དཀྲི་བའི་ཚུལ། དེ་ལྟར་གཞན་དོན་སྒྲུབ་པའི་ཐབས་མཁས་དངོས་དང་གསུམ།

དང་པོ་ནི། དེས་ན་གདུལ་བར་བྱ་བའི་ཡུལ་དེ་དག་ལ་ཕན་པར་འདོད་པའི་བླ་མ་ཡིས་སློབ་མ་ལ་ནི་སྲི་ཞུ་བྱ་སྟེ། གང་གི་ཕྱིར་ན་གདུལ་བྱ་དེས་རང་ལ་ཕན་པའི་བླང་དོར་སྒྲུབ་མི་ཤེས་པ་ལ་རྗེས་སུ་བསྟན་དགོས་པ་དེ་ཡི་ཕྱིར་སློབ་མ་ཞེས་བྱ་འོ། །དེའི་ཕྱིར་དཔེར་ན་ཇི་ལྟར་ཁྲོ་ཡང་འབྱུང་པོས་བཟུང་བ་ཡི་ནད་པ་ལ་སྨན་པ་དེ་ཁོང་འཁྲུག་པ་མིན་པ་ལྟར། ཐུབ་པ་སངས་རྒྱས་ཀྱིས་ཀྱང་ཉོན་མོངས་པ་དགྲར་གཟིགས་མོད་ཀྱི། ཉོན་མོངས་པ་དང་འབྲེལ་བའི་གང་ཟག་ལ་དེ་ལྟར་མིན་པ་ལྟར། སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་ཁོ་ན་ལྟར་རྗེས་སུ་བསླབ་པར་བྱའོ། །

གཉིས་པ་ནི། དེ་ལྟར་ན་དེ་ཉིད་ལམ་ལ་དཀྲི་བའི་ཚུལ་ཀྱང་གདུལ་བར་བྱ་བའི་སློབ་མ་གང་ཞིག་ལམ་གང་དང་གང་ལ་དགའ་བ་དེ་ཡི་སྒོ་ནས། མཐོ་རིས་འདོད་པ་ལ་ཚུལ་ཁྲིམས་ཀྱི་གཏམ་སོགས་དེ་དང་དེ་སྔར་དཔྱད་པར་བྱ་དགོས་ཀྱི། གཞན་དུ་རྒྱུད་ཉམས་པར་གྱུར་པ་ནི་དམ་པའི་ཆོས་ཀྱི་སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །འདིར་ཡི་གེ་མ་དག་པ་སྣ་ཚོགས་སྣང་ངོ་། །

གསུམ་པ་ཐབས་མཁས་སྒྲུབ་པའི་རང་བཞིན་ནི། དཔེ་ཇི་ལྟར་ན་མ་ནི་གཞན་ལས་ཁྱད་པར་དུ་ནད་ཀྱིས་ཐེབས་པའི་བུ་ལ་བརྩེ་བས་གདུང་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་བརྩེ་བ་ཡང་དམ་པ་མིན་པ་རྣམས་ལ་ཁྱད་པར་དུ་འབྱུང་བའོ། །དེ་ལྟ་བུའི་ཐབས་མཁས་ཀྱི་རྩ་བ་སྙིང་རྗེ་ཆེན་པོའི་སྒོ་ནས་གདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པ་དང་རྗེས་སུ་མཐུན་པར་གང་ཟག་ང་རྒྱལ་ཅན་གདུལ་བའི་ཆེད་ལྟ་བུ་ལ་ལ་ལའི་སློབ་མར་འགྱུར་བ་སྟེ། དེ་བཞིན་དུ་གདུལ་བྱ་རྒྱུད་དག་པ་ལ་ལ་ཡི་ནི་བླ་མར་འགྱུར་བ་སོགས་ཐབས་རིགས་རྣམ་པ་སྣ་ཚོགས་པའི་ཐབས་ཀྱིས་ནི་མ་རྟོགས་པའི་སེམས་ཅན་རྣམས་ལ་དེ་ཁོ་ན་ཉིད་རྟོགས་པར་བྱེད་དོ། །དེ་ལྟར་ཐབས་ལ་མཁས་པའི་སྟོབས་ཀྱིས་ནི། དཔེ་ཇི་ལྟར་ན་སྨན་པ་ཤིན་ཏུ་མཁས་པར་གྱུར་པས་ནད་པ་གསོ་བའི་ཐབས་སྒྲུབ་ཏུ་མེད་པར་ཡལ་བར་དོར་དགོས་པ་དཀོན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྟོབས་རྙེད་ནས་དེས་གདུལ་བར་བྱ་བ་མ་ཡིན་པ་ཤིན་ཏུ་དཀོན་པའོ། །ཞེས་གསུངས་སོ། །

གསུམ་པ་སྐྱོན་ཡོན་ལ། དེ་ལྟར་ཐབས་དང་བྲལ་བའི་སྐྱོན་བསྟན་པ་དང་། ཐབས་མཁས་ལྡན་པའི་ཡོན་ཏན་བསྟན་པ་གཉིས། དང་པོ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་གདུལ་བར་བྱ་བའི་སྤྱོད་ཡུལ་དུ་ནི་གལ་ཏེ་སེམས་ཅན་འགའ་ཞིག་འགྱུར་བཞིན་དུ་ཐབས་ཀྱིས་མ་བསྐུལ་བས། དེ་ངན་སོང་དུ་འགྲོ་བར་འགྱུར་བ་ན་དེ་ལྟ་བུའི་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་བློ་ལྡན་རྒྱལ་བའི་སྲས་པོ་གཞན་གྱིས་ཤིན་ཏུ་སྨད་བྱར་ཡང་འགྱུར་རོ། །དེ་ལྟར་བསམ་པ་སྙིང་རྗེའི་ཐབས་དང་བྲལ་བའི་སྐྱོན་གྱིས་སྦྱོར་བ་སྦྱིན་སོགས་ཕར་ཕྱིན་ལ་ཡང་འཇུག་པར་མི་ནུས་ཏེ། ལས་དང་པོ་པ་གང་ཞིག་སྡུག་བསྔལ་གྱིས་ཉེན་པ་ཡི་སེམས་ཅན་གཞན་དག་ལ་སྙིང་བརྩེ་བ་ལེགས་སོ་ཞེས་མི་འདོད་པ་དེ་ལ་དེའི་རྗེས་སུ་བརྩེ་བས་མགོན་མེད་པའི་སློང་མོ་པ་དག་ལ་ཇི་ལྟར་སྦྱིན་པ་གཏོང་། དེ་བས་ན་སྦྱིན་སོགས་ཕར་ཕྱིན་ལ་ཡང་འཇུག་པར་མི་འགྱུར་རོ། །

གཉིས་པ་ཡོན་ཏན་ལ། ཐབས་དང་ལྡན་པའི་རྟེན་གང་ཟག་གི་ཆེ་བ་དང་། རྟེན་དེས་བྱ་དཀའ་བའི་སྤྱོད་པའི་ཁྱད་པར། དེ་ལྟར་ཐབས་ལ་མཁས་པའི་ཡོན་ཏན་དངོས་དང་གསུམ། དང་པོ་ནི། ཐབས་སྙིང་རྗེ་ཆེན་པོས་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་དུ་ཡུལ་སེམས་ཅན་གྱི་ཁམས་གང་ཞིག་ལ་དུས་འཇིག་རྟེན་སྲིད་དུ་གནས་པའི་སྙིང་སྟོབས་ཡོད་པ་དེ་ལ་གུས་པའི་རིམ་གྲོ་མི་བྱེད་པར། རང་གར་སོར་གནས་བྱེད་པ་དག་ཀྱང་ཕངས་པར་གྱུར་ན། དེ་ལ་ཞེ་སྡང་བར་གྱུར་པ་ལ་ནི་དེ་ལས་བསམ་ཐག་གཞན་ཅི་ཞིག་ཡོད། དེ་བས་བར་མར་གནས་པའང་སྤངས་ཏེ་གུས་པས་བསྟེན་པར་བྱའོ། །

གཉིས་པ་ནི། དེ་ལྟར་ཆེ་བའི་ཡོན་ཏན་དང་ལྡན་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པའི་སྤྱོད་པ་གཞན་ལས་མཆོག་ཏུ་བྱ་དཀའ་བའི་མཛད་པ་དེ་ཇི་ལྟ་བུ་ཞེ་ན། ཚོགས་གཉིས་ཀྱི་སྟོབས་དང་ལྡན་པའི་སེམས་དཔའ་གང་ལ་སྐྱེ་བ་ཐམས་ཅད་དུ་བཟོད་པ་ཐོབ་ཅིང་། མངོན་པར་ཤེས་པ་ལྔ་ཆར་ཡང་མ་ཉམས་པར་ཡོད་པ་དེ་ཡིས་མ་དག་པའི་ཞིང་དམན་པར་བྱ་དང་རི་དྭགས་ལ་སོགས་པ་དམན་པ་ལྟ་བུའི་ལུས་ཀྱི་དངོས་པོ་བསྟན་ཏེ་སེམས་ཅན་སྨིན་པར་མཛད་པ་འདི་ནི་ཆེས་ཤིན་ཏུ་ཏུ་བྱས་དཀའ་བའོ། །

གསུམ་པ་ནི། དེ་ལྟར་ཐབས་ལ་མཁས་པའི་སྟོབས་ཀྱིས་དུས་ཀུན་གྱི་ཚེ་བསོད་ནམས་གང་དག་གྲངས་མེད་ཤིན་ཏུ་ཡུན་རིང་པོར་བསགས་པ་དེ་ཡི་ཕན་ཡོན་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞལ་བྱ་ཡང་མིན་ནོ་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། ཁྱིམ་པའི་སྐྱེ་བོའི་འཁོར་བ་མཐའ་ཡས་པ་ལྟར། བྱང་ཆུབ་སེམས་དཔའི་དགེ་རྩ་མཐའ་ཡས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་དང་། དུས་མཐའ་ཡས་པའི་ཕྱིར་དང་། ཐབས་མཐའ་ཡས་པའི་ཕྱིར་དང་། སེམས་ཅན་མཐའ་ཡས་པའི་ཕྱིར་རོ། །

གཉིས་པ་སྦྱོར་བ་ཕར་ཕྱིན་ལ། དང་པོར་སྦྱིན་པའི་ཕར་ཕྱིན་ལ་འཇུག་ཚུལ་དང་། རིམ་གྱིས་ཕར་ཕྱིན་མཐའ་དག་སྒྲུབ་པའི་ཚུལ་གཉིས། དང་པོ་ལ། དངོས་དང་། དེ་ཡི་མི་མཐུན་པའི་ཕྱོགས་ཀྱི་སྐྱོན་བསྟན་པ་གཉིས།

དང་པོ་ནི། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་བཅུ་ལས་ཆེས་ཐོག་མར་སྦྱིན་པའི་ཕར་ཕྱིན་ལ་འཇུག་སྟེ། ཇི་ལྟར་ན། སྦྱིན་པའི་སྒྲ་ཙམ་ཐོས་པས་ཀྱང་ཆེས་ལྷག་པར་དེ་ལ་གུས་པས་འཇུག་པའི་ཚུལ་སྐྱེས་པའི་རབས་རྣམས་ལས་ཇི་སྐད་འབྱུང་བ་ལྟར་རོ། །དེ་ལ་སྦྱིན་པའི་སྒྲ་ཙམ་ཐོས་པས་ཀྱང་གུས་པ་སྐྱེ་བའི་ཚུལ་ནི། འཆི་བ་དང་། ཆོས་དང་། སྲིད་པ་གཞན་དང་གསུམ་སྦྱིན་པའི་སྒྲ་ཡིས་གསལ་བར་བྱེད་པ་ཉིད་དེ། དེ་ཡི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པའི་སྒྲ་ནི་རྟག་ཏུ་སྙན་ཏེ། ཇི་ལྟར་ན། སྦྱིན་པའི་སྒྲ་ཡི་བྱེ་བྲག་གསུམ་སྟེ། དོ་ནི་གཏུབ་པ་ལའོ། །ད་ནི་རྔ་བ་ལའོ། །ཞེས་པའི་སྒྲའི་བྱེ་བྲག་གིས་ནི་སྐྱོ་བ་དང་རྗེས་སུ་མཐུན་པའི་འཆི་བ་གསལ་བར་བྱེད་པ་དང་། ཡང་ན། ད་ནཱ་ནི་སྦྱིན་པ་ལའོ། །ཊུ་ད་ཉ་ནི་སྦྱིན་པ་ལའོ། །ཞེས་པའི་སྒྲའི་བྱེ་བྲག་གིས་ནི་སྐྱོ་དང་རྗེས་སུ་མཐུན་པའི་འཆི་བ་གསལ་བར་བྱེད་པ་དང་། དེ་ང་ནི་སྲུང་བ་ལའོ། །དེ་བ་ནི་སྦྱོང་བ་ལའོ། །(འདིར་དཔེ་མི་འདྲ་བ་འགའ་བྱུང་བས་གང་ཡིན་ཞིབ་ཏུ་དཔྱད་པར་བྱའོ། །མཆན།)ཞེས་པའི་སྒྲའི་བྱེ་བྲག་གིས་ལུས་ངག་ཡིད་གསུམ་སྲུང་བ་དང་། ཡོངས་སུ་སྦྱོང་བའི་སྒོ་ནས་གང་འདོད་པར་སྲིད་པ་གཞན་གསལ་བར་བྱེད་པ་སྟེ། སྒྲ་ཡི་བྱེ་བྲག་གསུམ་གྱིས་དོན་གསུམ་གསལ་བར་བྱེད་པས་ན་སྦྱིན་པའི་སྒྲ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་སྙན་པ་ཡིན་ཏེ། དེ་ལྟ་བུའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་འཇུག་པར་བྱེད་པའོ། །

གཉིས་པ་ནི། གལ་ཏེ་འདིར་གཞན་ལ་ཡོངས་སུ་སྦྱིན་པ་ཡི་སྦྱིན་པ་དེ་ལས་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་ཞེས་ལན་དང་རྣམ་སྨིན་ལ་རེ་བའི་སྒོ་ནས་ཡོངས་སུ་གཏོང་བ་ནི། དཔེར་ན་བུན་ཚོང་ཁེ་སྤོག་བྱེད་པ་བཞིན་དུ་སྨད་པར་འགྱུར་བ་ཁོ་ནའོ། །

གཉིས་པ་རིམ་གྱིས་ཕར་ཕྱིན་མཐའ་དག་སྒྲུབ་པའི་ཚུལ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་གང་ལ་སྔར་བྱས་པའི་སྡིག་པ་ཆུང་ངུ་ཡང་ཡོད་པ་ཉིད་ཡོད་པ་མ་ཡིན་པ་དགེ་བའིལས་ཅན་དེ་ལ་ནི། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་མཐའ་དག་བསྒྲུབ་པར་བྱ་བ་མིན་པ་ཞེས་བྱ་བ་ཅི་ཡང་ཡོད་པ་མ་ཡིན་པ་དེས་ན་རིམ་གྱིས་ས་ནས་སར་ནོན་ཅིང་ཕར་ཕྱིན་མཐའ་དག་ཡོངས་སུ་རྫོགས་པར་འགྱུར་རོ། །

གསུམ་པ་བསམ་སྦྱོར་ཆོས་ཀྱི་བྱེད་པ་ཕན་ཡོན་ལ། གནས་སྐབས་ཀྱི་ཡོན་ཏན་དང་། མཐར་ཐུག་གི་ཡོན་ཏན་གཉིས།

དང་པོ་ནི། དེ་ལྟར་བསམ་སྦྱོར་རྨད་དུ་བྱུང་བའི་རླབས་ཆེན་གྱི་ཡིད་ཅན་རྒྱལ་བའི་སྲས་པོ་དེ་ལ་ནི་སྤང་བའི་ཡོན་ཏན་འཁོར་བ་འདི་ནའང་སྡུག་བསྔལ་གྱི་གནོད་པ་ཡོད་པ་མིན་ཏེ། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར་རོ། །དེས་ན་སེམས་དཔའ་ཆེན་པོ་དེ་ལ་རྟོགས་པའི་ཡོན་ཏན་སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་འདས་པ་ལ་ཁྱད་པར་མེད་པར་རྟོགས་པའི་སྒོ་ནས་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པར་མཛད་དོ། །

གཉིས་པ་ལ། དངོས་དང་། དེའི་ཚུལ་སྒྲུབ་གཉིས། དང་པོ་ནི། དེ་ལྟར་རྒྱལ་བའི་སྲས་པོ་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་ལྡན་པ་གང་ལ། དུས་ཀུན་གྱི་ཚེ་སེམས་རྫོགས་སྨིན་སྦྱངས་གསུམ་ལ་དབང་ནི་འབྱོར་པ་ཉིད་ལས་སྤངས་རྟོགས་རྫོགས་པའི་ཡོན་ཏན་སྐྱེ་བ་ཡོད་པར་གྱུར་པ་དེ་ཀོ །རྒྱུ་མཚན་ཅིས་ན་འཇིག་རྟེན་ནི་ཀུན་གྱི་མངའ་བདག་ཏུ་ཇི་ལྟར་འགྱུར་བ་མ་ཡིན་ཏེ་མངོན་པར་བྱང་ཆུབ་པར་འགྱུར་རོ། །

གཉིས་པ་ལ། རྣམ་མཁྱེན་དག་པའི་ཚད་མ་ཕུལ་བྱུང་དུ་སྒྲུབ་པ་དང་། དེ་ཚུར་མཐོང་ཚད་མས་རྟོགས་དཀའ་བར་བསྟན་པ་གཉིས།

དང་པོ་ནི། རིགས་ཀྱི་ཕུལ་དུ་བྱུང་བ་བྲམ་ཟེ་ལ་ཐུག་པ་དང་། སྐྱེ་བའི་གནས་ཀྱི་ཕུལ་དུ་བྱུང་བ་སྲིད་རྩེའི་སྐྱེ་མཆེད་ལ་ཐུག་པ་དང་། རིའི་ཕུལ་དུ་བྱུང་བ་ལྷུན་པོ་ལ་ཐུག་པ་དང་། རྒྱལ་པོའི་ཕུལ་དུ་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཐུག་གི་བར་དུ་ཕུལ་དུ་འགྲོ་བ་ལས་ཆེས་ཕུལ་དུ་འགྲོ་བ་འགའ་ཞིག་ནི་འཇིག་རྟེན་འདིར་ཡང་སྣང་བ་བཞིན་དུ། ཤེས་པའི་ཕུལ་དུ་བྱུང་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཐར་ཐུག་པ་དེས་ན་བསམ་གྱིས་མི་ཁྱབ་པའི་མཐུ་ཡང་ངེས་པར་ཡོད་ཅེས་རྟོགས་པར་གྱིས་ཤིག་ཅེས་གསུངས་སོ། །འགྲེལ་ཆེན་ལས། རིགས་ཀྱི་ཕུལ་དུ་བྱུང་བ་བྲམ་ཟེ་ལ་ཐུག་པ་དང་། ཞེས་སོགས་དང་། དེ་ལྟར་ན་འཇིག་རྟེན་ན་ཕུལ་དུ་འགྲོ་བ་བས་ཆེས་ཕུལ་དུ་འགྲོ་བ་མཐོང་ངོ་། །རྗེས་སུ་དཔག་པ་འདི་ནི་གང་ཞིག་བསམ་གྱིས་མི་ཁྱབ་པའི་མཐུ་སྟོབས་ཁྱད་པར་དུ་གྱུར་པ་དེ་འགའ་ཞིག་ཡོད་ཅེས་བྱ་བར་རྟོགས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །

གཉིས་པ་ནི། དེ་ལྟ་བུའི་རང་བཞིན་རྟོགས་པར་དཀའ་བའི་ཚུལ་བླུན་པོ་རྣམས་ལ་ཤིན་ཏུ་ཟབ་པ་དོན་དམ་རྣམ་ཐར་གསུམ་ལྡན་གྱི་ཆོས་ཁོང་དུ་མ་ཆུད་པར་དེ་ལ་སྐྲག་པ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ། ཚུར་མཐོང་ཁོ་ན་ལ་བརྟེན་པའི་བློ་གྲོས་ཞན་པ་རྣམས་ལ་ཤིན་ཏུ་ནི་རྒྱ་ཆེ་བ་དག་པའི་རྣམ་མཁྱེན་ཚད་མ་སོགས་རྨད་དུ་བྱུང་བའི་ཆོས་ལ་སྐྲག་པ་སྐྱེའོ། །དེ་བས་ན་རྟོན་པ་བཞི་གོ་ལྡོག་ཏུ་མ་སོང་བར་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པར་བྱའོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བྱང་ཆུབ་སེམས་ཀྱི་སྤྱོད་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་ལྔ་པའི་འགྲེལ་པའོ།། །།

ག༦ རབ་བྱེད་དྲུག་པ་ཉོན་མོངས་པ་སྤོང་བའི་ཐབས་བསྟན་པ།

གསུམ་པ་སྤང་བྱ་ཀུན་འབྱུང་ཕྱོགས་སྤོང་བའི་ཐབས་ཀྱི་རྣལ་འབྱོར་ལ། ཉོན་མོངས་པའི་ཀུན་འབྱུང་སྤོང་བའི་ཐབས་ཀྱི་རྣལ་འབྱོར་དང་། ལས་ཀྱི་ཀུན་འབྱུང་སྤོང་བའི་ཐབས་ཀྱི་རྣལ་འབྱོར་གཉིས། དང་པོ་ལ། སྤང་གཉེན་གྱི་ངོ་བོ་མདོར་བསྟན་པ་དང་། དེ་དག་གི་རབ་དབྱེ་རྒྱས་པར་བཤད་པ། དེ་ལྟར་བསྟན་པའི་དོན་བསྡུ་བ་གསུམ།

དང་པོ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤང་བྱ་ཉོན་མོངས་པ་ཇི་ལྟར་སྤོང་བའི་ཐབས་བསྟན་པ་ནི། གཞན་དག་ཉོན་མོངས་པ་སྤོང་བའི་ཐབས་ནི་དཀའ་ཐུབ་ཁོ་ན་ལ་བརྟེན་དགོས་པར་འདོད་ཀྱང་། དེ་ནི་མ་ཡིན་ཏེ། ལུས་ཀྱི་སྤྱོད་ལམ་བདེ་བས་འདོད་ཆགས་འཕེལ་བར་འགྱུར་ཞིང་། སྡུག་བསྔལ་བས་ཁྲོ་བ་འཕེལ་བར་འགྱུར་ན། དེ་གཉིས་མཚུངས་བཞིན་དུ་རྒྱུ་མཚན་ཅིས་ན་བདེ་བར་གནས་པ་དཀའ་ཐུབ་ཅན་དུ་འདོད་པ་མིན་ཞིང་། སྡུག་བསྔལ་བའི་སྤྱོད་པ་ཁོ་ན་དཀའ་ཐུབ་ཅན་དུ་རྒྱུ་ཅིས་འདོད་པ་ཡིན། དེ་བས་ན་མཐའ་གཅིག་ཏུ་མི་བཟུང་བར་གང་ཟག་འདོད་ཆགས་ལ་སྤྱོད་པའི་གཉེན་པོར་སྦྱངས་པའི་ཡོན་ཏན་ལ་གནས་པ་སོགས་རེ་འགའ་གདུང་བའི་སྤྱོད་པ་དང་། ཡང་ཞེ་སྡང་ཤས་ཆེ་བའི་གང་ཟག་གི་གཉེན་པོར་ནི་གནས་མལ་སོགས་བདེ་བའི་སྤྱོད་ལམ་བསྟེན་པར་མདོ་ལས་ཇི་སྐད་བསྟན་པའི་ཚུལ་གྱིས་ཉོན་མོངས་པ་སྤོང་བའི་ཐབས་ལ་འབད་པར་བྱའོ། །

གཉིས་པ་ལ། སྤང་བྱ་ཉོན་མོངས་པའི་མཚན་ཉིད་ངོས་བཟུང་། སྤང་གཉེན་ཇི་ལྟར་སྦྱོར་བའི་རབ་དབྱེ་བསྟན་པ། སྤང་བྱ་དུག་གསུམ་སྤོང་ཚུལ་ཕྱེ་སྟེ་བསྟན་པ་དང་གསུམ།

དང་པོ་ནི། ཆགས་སོགས་ཉོན་མོངས་རྣམས་སྤོང་བ་ལ་དེ་དག་གི་མཚན་ཉིད་ངེས་པ་སྔོན་དུ་འགྲོ་དགོས་པས་ཆགས་སོགས་ཀྱི་བྱེད་ལས་ནི། འདོད་ཆགས་ཀྱི་ལས་ནི་སྡུད་པ་སྟེ་བདེ་བའི་ལོངས་སྤྱོད་སྡུད་པར་བྱེད་པ་དང་། ཁྲོ་བའི་ལས་ནི་འཐབ་ཅིང་རྩོད་པའོ། །དཔེར་ན་འབྱུང་བ་ཀུན་ལ་རླུང་གིས་མེ་འབར་བ་སོགས་གསོས་འདེབས་པ་བཞིན་དུ་གཏི་མུག་གི་ལས་ནི་ཆགས་སྡང་གཉིས་ལ་གསོས་འདེབས་སོ། །སྐབས་འདིར་འགྲེལ་ཆེན་ལས། འདོད་ཆགས་ཀྱི་གཉེན་པོར་འཁོར་འདས་སྤོང་བ་སོགས་བསྟན་པ་ནི། དེ་ལྟར་བྱེད་ལས་རྟོགས་པའི་སྒོ་ནས་འོག་ནས་འབྱུང་བའི་གཉེན་པོ་དང་སྦྱར་ཚུལ་རྟོགས་པ་ལ་དགོངས་སོ། །དེ་བཞིན་དུ་ཉོན་མོངས་པ་དེ་དག་གི་འབྲས་བུ་ཡང་། ཡུལ་དང་མ་ཕྲད་པ་ལས་འདོད་ཆགས་ཀྱིས་ནི་སྡུག་བསྔལ་བ་དང་། དཔུང་མེད་པ་ལ་ཁྲོ་བས་སྡུག་བསྔལ་བ་དང་། བླང་དོར་གྱི་ཚུལ་ཡོངས་སུ་མི་ཤེས་པ་ལས་གཏི་མུག་སྟེ་རྨོངས་པའི་སྐྱོན་དེ་དག་གིས་བླང་དོར་གྱི་གནས་དེ་དག་ཡོངས་སུ་མི་རྟོགས་པས་ཆེར་སྡུག་བསྔལ་བར་འགྱུར་རོ། །ངོ་བོ་མཚུངས་ལྡན་ཡིན་མིན་གྱི་མཚན་ཉིད་ཀྱང་། དཔེ་ཇི་ལྟར་ན་ཆུའི་ཁམས་ཀྱི་བད་ཀན་ལ། མེའི་ཁམས་ཀྱི་མཁྲིས་པ་དང་ལྷན་ཅིག་ཕྲད་པ་མེད་པ་མཐོང་བ་དེ་བཞིན་དུ་ཁྲོ་བ་ལཡང་འདོད་ཆགས་དང་ལྷན་ཅིག་ཏུ་ཕྲད་པ་མེད་པར་མཐོང་ངོ་། །

གཉིས་པ་ནི། དེ་ལྟར་ཉོན་མོངས་པའི་བྱེད་ལས་སོགས་མཚན་ཉིད་རྣམ་པར་རིག་པའི་སྒོ་ནས་སློབ་མ་འཆོས་པའི་སློབ་དཔོན་གྱིས་འདོད་ཆགས་ཅན་ནི་བྲན་བཞིན་དུ་བཀོལ་བར་བྱ་སྟེ། གང་གི་ཕྱིར་མི་འཕངས་པར་བཀོལ་བ་ནི་དེའི་སྨན་ཡིན་པའི་ཕྱིར་རོ། །ཁྲོ་བ་ཅན་ལ་ནི་རྗེ་བོ་བཞིན་དུ་ལྟ་ཞིང་རིམ་གྲོ་བྱ་སྟེ་དེའི་སྨན་ནི་འཕངས་པ་ཡིན་པའི་ཕྱིར་རོ། །གཏི་མུག་ཅན་གྱི་སྨན་ནི་འཕངས་མི་འཕངས་གཉིས་ཀ་ཡིན་པར་འགྲེལ་ཆེན་ལས་བཤད་དོ། །དེ་ཡང་ཉོན་མོངས་སྐྱེ་བའི་དུས་ཀྱི་རིམ་པ་ངེས་པར་བྱས་ཏེ་གཉེན་པོ་ལ་ལྷག་པར་སྤྱོད་དགོས་པས། དེ་ལ་དང་པོ་ནང་པར་གྱི་དུས་སུ་གཉིད་འཕྲོ་ལུས་པ་སོགས་ཀྱིས་གཏི་མུག་ཤས་ཆེར་ཡང་དག་པར་འབྱུང་བ་དང་། བར་དུ་ཉིན་གུང་གི་དུས་སུ་བྱ་བ་སྣ་ཚོགས་ཀྱིས་དུབ་པས་ཁྲོ་བ་ཤས་ཆེར་འབྱུང་བར་འགྱུར་ཞིང་། ཕྱིས་སུ་ནི་ཟས་དང་སྤྱོད་ལམ་གྱིས་དུབ་པ་དང་བྲལ་བ་ན་ནི་འདོད་ཆགས་འབྱུང་བ་སྟེ། ཉིན་གཅིག་ལ་རིམ་པ་གསུམ་དུ་སྐྱེ་བའི་ཚུལ་དེ་ལྟར་ངེས་པར་བྱས་ཏེ་གཉེན་པོ་བསྟེན་པར་བྱའོ། །དེ་བཞིན་དུ་ཉོན་མོངས་ཇི་ལྟར་སྐྱེ་བའི་ཚུལ་རྣམས་རིག་པའི་སྒོ་ནས་སྤོང་བའི་ཚུལ་ཡང་། འདོད་ཆགས་ནི་མཛའ་བོ་མིན་ཡང་མཛའ་བོ་དང་འདྲ་བའི་ཟོལ་གྱིས་སྐྱེ་བར་འགྱུར་བ་དེས་ན་དེ་ལ་ཁྱོད་ཅིའི་ཕྱིར་མི་འཇིགས་ཏེ། མི་ཕན་པར་འདོད་པའི་དགྲ་བོ་མཛའ་བོའི་དུ་སྣང་བ་དེ་ཁྱད་པར་དུ་ཡང་སྐྱེས་བུས་སྤང་བར་བྱ་བ་མིན་ནམ་ཅི། དེའི་ཚུལ་གྱིས་ཞེ་སྣང་མི་མཛའ་བའི་ཚུལ་ཅན་དང་། གཏི་མུག་བར་མའི་ཚུལ་དུ་འབྱུང་བ་ངོས་ཟིན་པའི་ཚུལ་གྱིས་སྤང་དགོས་པར་བསྟན་ཏོ། །གཞན་ཡང་ཉོན་མོངས་པའི་རྒྱུའི་མཚན་ཉིད་རིག་པའི་སྒོ་ནས་ཀྱང་དེ་དག་གི་གཉེན་པོའི་ཐབས་བསྟེན་དགོས་ཏེ། འདོད་ཆགས་ནི་ཚེ་རབས་སྔོན་གྱི་རྒྱུ་མཐུན་ལས་འབྱུང་བ་ལྟ་བུ་འགའ་ཞིག་རྒྱུ་ལས་སྐྱེ་བར་འགྱུར་ཞིང་། ཚེ་འདིར་ཡུལ་རྐྱེན་གྱིས་གློ་བུར་དུ་འབྱུང་བ་ལྟ་བུ་རྐྱེན་ལས་ཀྱང་ནི་སྐྱེ་བ་སྟེ། དེ་ལྟ་བུའི་འདོད་ཆགས་རྐྱེན་ལས་སྐྱེ་བ་གང་ཡིན་པ་དེ་ནི་གཉེན་པོས་སྒྲུབ་སླ་ཞིང་། ཅིག་ཤོས་རྒྱུ་ལས་སྐྱེ་བ་དེ་ནི་སྤང་སླ་བ་མིན་པས་དེ་སྤོང་བའི་ཐབས་ལ་ཆེར་འབད་པར་བྱའོ། །དེ་བཞིན་དུ་ཁྲོ་བ་ནི་ཤིན་ཏུ་བརྟན་ཅིང་ངེས་པར་ནི་མཚམས་མེད་སོགས་མི་དགེ་བའི་ཉེས་པ་ཆེན་པོ་བྱེད་པ་སྟེ། དེ་ལྟར་རྣམ་པ་ཀུན་ཏུ་ཉོན་མོངས་པའི་གཞི་དང་ཉེས་དམིགས་སོགས་ཀྱི་མཚན་ཉིད་དང་། དེ་ཇི་ལྟར་སྤོང་བའི་ཐབས་ཀྱི་རབ་དབྱེ་ཤེས་པས་ནི་ཉོན་མོངས་པ་འདི་དག་རྣམ་པར་མཐར་བྱེད་པར་འགྱུར་རོ། །

གསུམ་པ་དུག་གསུམ་སྤོང་ཚུལ་ཕྱེ་སྟེ་བསྟན་པ་ལ། ཐུན་མོང་གི་ཡུལ་ལ་གཏི་མུག་སྤོང་བའི་ཐབས་དང་། མཐུན་པའི་ཡུལ་ལ་འདོད་ཆགས་སྤོང་བའི་ཐབས། མི་མཐུན་པའི་ཡུལ་ལ་ཞེ་སྣང་སྤོང་བའི་ཐབས་དང་གསུམ། དང་པོ་ལ། སྤང་བྱ་གཏི་མུག་གི་འཇུག་པ་བསྟན་པ་དང་། གཉེན་པོ་རྟེན་འབྲེལ་གྱི་དེ་ཉིད་བཤད་པ་གཉིས། དང་པོ་ནི། དཔེར་ན་ལུས་ལ་བྱེ་བྲག་མེད་པར་ལུས་དབང་གིས་ཁྱབ་པ་ཇི་བཞིན་དུ། གཏི་མུག་ཀྱང་ཡུལ་ཀུན་ལ་བྱེ་བྲག་མེད་པར་གནས་པར་འགྱུར་ཏེ། དེ་ལྟར་རྨོངས་པའི་དབང་གིས། ཇི་ལྟར་ན་མིག་ལ་སོགས་པའི་དངོས་པོ་ལུས་ཀྱི་དབང་པོ་ལས་ཐ་མི་དད་པར་འཇུག་པ་རྣམས་ལུས་ཀྱི་དབང་པོ་ཁོ་ན་ལ་བརྟེན་ནས་འབྱུང་བ་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་གཏི་མུག་ལ་བརྟེན་ནས་འབྱུང་བ་དེ་ཉིད་ཀྱི་ཕྱིར། ཉོན་མོངས་པ་ཐམས་ཅད་ཀྱང་གཏི་མུག་བཅོམ་པས་བཅོམ་པར་འགྱུར་རོ། །དེ་ལྟར་རྩ་འགྲེལ་སྟབས་གཅིག་ཏུ་འཆད་དགོས་ཀྱི། སྤྲེའུ་ལྟར་ཡལ་གའི་རྩེ་མོར་སོན་ཏེ་རྩ་བ་བོར་བ་དག་ཀྱང་སྣང་ངོ་། །དེ་ལ་སྤྱིར་སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ནི་བདེན་པར་འཛིན་པའི་རྨོངས་པ་ཡིན་ཞིང་། བྱེ་བྲག་དབྱེ་ན་གང་ཟག་ཏུ་བདེན་པར་འཛིན་པའི་རྨོངས་པ་ནི་ཉོན་སྒྲིབ་ཀྱི་རྩ་བར་གྱུར་པ་དང་། ཆོས་སུ་བདེན་པར་འཛིན་པའི་རྨོངས་པ་ནི་ཤེས་སྒྲིབ་ཀྱི་རྩ་བར་འཇོག་པའི་ཚུལ་གཞུང་ལུགས་ཆེན་པོའི་དགོངས་པ་ཡིན་པས་དེས་ཆོག་པར་སེམས་སོ། །

གཉིས་པ་ནི ། ཕྱི་དང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཡང་དག་པར་མཐོང་ན་གཏི་མུག་འབྱུང་བར་མི་འགྱུར་བས། དེ་ཕྱིར་འབད་པས་བསྟན་བཅོས་བཞི་བརྒྱ་པས་འཆད་པར་འགྱུར་བའི་གཞུང་ཀུན་གྱིས་འདིར་རྟེན་འབྱུང་གི་གཏམ་དེ་ཁོ་ན་བསྙད་པར་བྱའོ། །དེ་ལ་སྐབས་འདིར་སྤང་གཉེན་གྱི་སྐབས་སུ་འགྲེལ་ཆེན་ལས། འདིར་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་རང་བཞིན་གྱིས་རྣམ་པར་དབེན་པའི་ཕྱིར་སྟོང་པ་ཉིད་ལ། གཏི་མུག་ནི་དེ་རྣམས་ལ་ཇི་ལྟར་བདེན་པར་རྟོགས་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར་དངོས་པོ་བདེན་པའི་རང་གི་ངོ་བོ་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ་ཞེས་སྤང་བྱ་གཏི་མུག་དང་། མྱུ་གུ་དང་འདུ་བྱེད་ལ་སོགས་པ་འདི་རྣམས་ནི་མ་རིག་པ་དང་ས་བོན་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཟུགས་བརྙན་དང་སྤྲུལ་པ་བཞིན་དུ་རང་བཞིན་མེད་པ་ཡིན་ལ། རང་བཞིན་དང་བྲལ་བ་ཉིད་ཀྱིས་ཀྱང་སྟོང་པའོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པར་མཐོང་ན་གཏི་མུག་སྤོང་བར་འགྱུར་ལ། དེ་སྤངས་བས་དེ་ལ་བརྟེན་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱང་སྤོང་བར་འགྱུར་རོ། །ཞེས་པའི་ལུང་དོན་འཆད་པ་ཁ་ཅིག་སྤྱིར་འཁོར་རྩ་བདེན་འཛིན་དུ་བཞེད་ཅིང་། བདེན་འཛིན་ལ་ཉོན་སྒྲིབ་ཀྱིས་ཁྱབ་པ་དང་། དེ་ཡིན་ན་འཁོར་རྩ་ཡིན་པས་ཁྱབ་པར་བཞེད་པ་དང་། འཁོར་བ་བཟློག་པ་ལ་སྤྱིར་གང་ཟག་བདེན་མེད་དུ་རྟོགས་དགོས་པ་དང་། དེ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པས་ཁྱབ་པར་བཞེད་པ་སོགས་ལུགས་སྣ་ཚོགས་སྣང་ཡང་། གཞུང་འདིའི་རབ་བྱེད་བརྒྱད་པར། བསོད་ནམས་མིན་པ་དང་པོར་བཟློག། བར་དུ་བདག་ནི་བཟློག་པ་དང་། །ཕྱིས་ནས་ལྟ་བ་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་པའི་ལམ་རིམ་དང་། དེའི་ཐད་ཀྱི་འགྲེལ་ཆེན་ལས། དེ་ལ་འདིར་རེ་ཞིག་བསོད་ནམས་མ་ཡིན་པའི་ཕྱོགས་ཐམས་ཅད་བཟློག་པ་ནི་དང་པོར་བྱ་སྟེ་སོགས་དང་། སྡིག་པ་བཟློག་པས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་རྣམ་པ་ལྔར་ཡང་མི་སྲིད་པའི་ཕྱིར་བདག་ཏུ་ལྟ་བ་ཆ་ཉི་ཤུ་དོར་བར་བྱའོ། །ཕྱིས་ནས་བདག་ལ་ཆགས་པ་ཡང་དག་པར་སྟོན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་ཆགས་པ་ཡང་ཡོངས་སུ་གཏོང་བའི་བྱ་བའི་ཕྱིར་དངོས་པོ་ཐམས་ཅད་བཟློག་པར་བྱའོ། །ཞེས་རྩ་འགྲེལ་གཉིས་ཆར་ལས་ཆོས་ཀྱི་བདག་མེད་མ་རྟོགས་པའི་སྔོན་དུ་གང་ཟག་གི་བདག་མེད་རྟོགས་པར་བསྟན་པ་སོགས་བཀའ་དང་དགོངས་འགྲེལ་ཐམས་ཅད་ལས་སྤྱིར་སྟོང་ཉིད་ཞི་སྒོ་གཉིས་སུ་མེད་པའི་ལམ་དུ་བསྟན་ཅིང་། བྱེ་བྲག་བདག་མེད་གཉིས་ཀྱི་རིམ་པས་ཐེག་པ་གསུམ་གྱི་ལམ་རིམ་བསྟན་པ་རྣམས་གཡག་ཞར་གྱིས་རྩྭ་ལྟར་བྱེད་པར་མི་སེམས་སོ། །

གཉིས་པ་ལ། སྤང་བྱ་འདོད་པའི་མཚན་ཉིད་བསྟན་པ་དང་། གཉེན་པོ་ཆགས་བྲལ་གྱི་ཐབས་བསྟན་པ་གཉིས།

དང་པོ་ནི། རྟག་ཏུ་ས་འཛིན་པའི་གར་དང་བཞད་གད་དང་འཇོ་སྒེག་སོགས་ཀྱིས་དགའ་ལ། གཏོང་བ་པོ་དང་། ཟ་བ་པོ་དང་། གཙང་སྦྲ་བྱ་ཞིང་གནས་པར་འགྱུར་བ་དེ་འདྲ་ལ་སོགས་པ་མཚན་ཉིད་རྣམས་ནི་འདོད་ཆགས་ཅན་གྱི་མི་ལ་སྣང་ངོ་། །

གཉིས་པ་ནི། དེ་ལྟ་བུའི་འདོད་ཆགས་ཀྱི་གཉེན་པོར་སངས་རྒྱས་རྣམས་ཀྱིས་ཆགས་ཅན་རྣམས་ལ་ཟས་དང་། ཆོས་གོས་དང་། གཙུག་ལག་ཁང་དང་། མལ་སྟན་སོགས་ལ་ཞེན་པའི་གཉེན་པོར་དགེ་ལེགས་ཀྱི་དངོས་པོ་སྤངས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་དགོས་པར་གསུངས་པ་ཐམས་ཅད་དེ། གཙུག་ལག་ཁང་ལ་ཞེན་པའི་གཉེན་པོར་དགོན་པ་པ་དང་། ཤིང་དྲུང་པ་དང་། དུར་ཁྲོད་པ་དང་། བླ་གབ་མེད་པ་དག་དང་། མལ་སྟན་ལ་ཞེན་པའི་གཉེན་པོར། ཙོག་པུ་པ་དང་། གཞི་ཇི་བཞིན་པའོ། །ཟས་ལ་ཞེན་པའི་གཉེན་པོར། བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པའོ། །ཆོས་གོས་ལ་ཞེན་པའི་གཉེན་པོར། ཆོས་གོས་གསུམ་པ་དང་། ཕྱག་དར་ཁྲོད་པ་དང་། ཕྱིང་པ་པ་སྟེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པར་བྱ་བ་དང་། དུས་རྟག་ཏུ་རྟེན་གྱི་ཁྱད་པར་བླ་མའི་ཐད་དུ་གནས་པར་གསུངས་སོ། །

གསུམ་པ་ལ། སྤང་བྱ་ཁོང་ཁྲོའི་སྐྱོན་ལ་བསམ་པ་དང་། གཉེན་པོ་བཟོད་པའི་ཡོན་ཏན་ལ་བསམས་ཏེ་སྤོང་བའི་ཐབས་གཉིས།

དང་པོ་ནི། འདི་ལྟར་ཁོང་ཁྲོ་བའི་ཉེས་དམིགས་ནི། ཕ་རོལ་པོ་སྟོབས་དང་ལྡན་ཞིང་གནོད་ལན་དུ་གནོད་པར་བྱ་ནུས་པ་མེད་པའི་ཡུལ་ཁྲོས་ན་ནི། བདག་ཉིད་ལ་མདོག་མི་སྡུག་པ་འབའ་ཞིག་སྟོན་པར་བྱེད་པ་ཙམ་དུ་ཟད་ཅིང་། གནོད་པ་བྱ་ནུས་པའི་ཡུལ་རང་ལས་དམན་པ་གང་ལའང་བརྩེ་བ་མེད་པར་ཁྲོས་པ་དེ་ནི་ཤིན་ཏུ་ཐ་ཆད་པའི་གང་ཟག་ཆེས་བྱ་བར་བརྗོད་དོ། །གཞན་ཡང་ཚིག་རྩུབ་སོགས་ཡིད་དུ་མི་འོང་བ་ཡི་སྒྲས་རང་གིས་སྔར་བྱས་པའི་སྡིག་པ་དེ་ཟད་ཅིང་མཐར་བྱེད་པར་བརྗོད་པས་བླང་དོར་ལ་རྨོངས་ཤིང་དམ་པ་མ་ཡིན་པ་ཁྱོད་ནི་བདག་ཉིད་ཀྱི་སྡིག་པ་རྣམ་པར་དག་པར་ཅིའི་ཕྱིར་མི་འདོད། དེ་ལྟ་བུའི་མཉན་པ་ཡིད་དུ་མི་འོང་བ་ཡང་ངོ་བོ་ཉིད་ཀྱིས་གནོད་པར་མི་བྱེད་པ་དེའི་ཕྱིར་རང་གི་རྣམ་རྟོག་ལས་བྱུང་བ་དེ་ཙམ་ལ་གཞན་ལས་བྱུང་བ་ཡིན་ནོ་སྙམ་དུ་རློམ་པར་ཟད་དོ། །གལ་ཏེ་ལུགས་ཀྱི་བསྟན་བཅོས་ལས་གཤེ་བ་པོ་ལ་ཆད་པ་གཅད་པར་བཤད་པས་ན་དེ་ལ་ཁྲོ་བ་རིགས་སོ་སྙམ་ན། རྒྱུ་མཚན་ཇི་ལྟར་གཤེ་བ་པོ་ལ་ཆད་པ་གཅད་པར་བྱ་བར་མངོན་པར་བརྗོད་པ་དེ་བཞིན་དུ། འོ་ན་སྙན་པར་སྨྲ་བ་པོ་ལ་ཡང་མཆོད་པར་བྱ་བ་ཉིད་དུ་ཅིས་མི་འགྱུར། དེ་བཞིན་དུ་སྐྱོན་སྣ་ཚོགས་བརྗོད་དེ་མཚང་བྲུ་བ་ལ་ཡང་ཁྲོ་ན་རིགས་ཏེ། ཁྱོད་ཀྱི་སྨད་པར་བྱ་བའི་སྐྱོན་དེ་དག་གང་སུ་ཞིག་གིས་མ་སྨྲས་ཀྱང་། གལ་ཏེ་གཞན་གྱིས་ཤེས་པར་གྱུར་ན་ནི་སྨྲ་བ་པོ་ལ་ཁྲོ་བར་མི་རིགས་ན། སྐྱོན་དེ་དག་ཡང་དག་པ་མིན་པར་རྫུན་དུ་སྨྲ་བ་ལ་ནི་མི་རིགས་པ་ལྟ་ཅི་སྨོས། དེས་ན་ལེགས་པར་བརྟགས་ན་དམན་པ་རྣམས་ལས་ནི་ཚིག་མི་སྙན་པ་བརྗོད་པ་ཞེས་བྱ་བ་འདི་ཙམ་ཁོ་ན་ངེས་པར་འབྱུང་བ་མ་ཡིན་ཏེ། དོན་མ་ཡིན་པ་ཐམས་ཅད་འབྱུང་བ་དེ་ཉིད་ཀྱི་ཕྱིར་དམན་པ་ལས་བྱུང་བ་མི་སྙན་པ་དེ་ཙམ་ནི་ཡན་གར་ཉུང་ཟད་ལྟ་བུར་སྣང་བས་དང་དུ་བླང་བར་བྱའོ། །

གཞན་ཡང་རྡེག་པ་སོགས་གནོད་ལན་དུ་གཞན་ལ་གནོད་པར་བྱས་པས་ཀྱང་བདག་ལ་ནི་ཡོན་ཏན་ཅུང་ཟད་ཀྱང་ཐོབ་ཏུ་མེད་ན། ཁྱོད་ཁྲོ་བ་ཡོན་ཏན་མེད་པ་ལ་གུས་པ་དེ་ནི་ཞེན་པ་རྐྱང་བར་ཟད་དོ། །དེ་བས་ན་ཁོང་ཁྲོའི་ཉེས་དམིགས་ལ་བསམས་ཏེ་དེ་སྤོང་བའི་ཐབས་དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱའོ། །

གཉིས་པ་གཉེན་པོ་བཟོད་པའི་ཡོན་ཏན་ལ་བསམས་ཏེ་སྤོང་བའི་ཐབས་ནི། གལ་ཏེ་བཟོད་པས་ནི་འབད་རྩོལ་མེད་པར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཐོབ་པར་འགྱུར་ན། གང་ཞིག་བསོད་ནམས་ཆེན་པོའི་རྒྱུ་དེ་ལ་རང་ཉིད་ཀྱིས་གེགས་བྱེད་པ་དེ་དང་མཚུངས་པའི་བླུན་པོ་གཞན་སུ་ཞིག་ཡོད། དེ་ལ་མི་བཟོད་པའི་སྐྱོན་གྱི་ཁྲོ་བ་ཞེས་བྱ་བ་དེ་ཡང་རང་ལས་ཆེས་ཁྱད་པར་དུ་འཕགས་པའི་སྟོབས་དང་ལྡན་པ་དག་ལ་ནི་སྐྱེ་བར་མི་འགྱུར་བ་དེས་ན། རང་ལས་གཞན་པ་རྣམས་ལ་འཇོམས་པར་འདོད་པ་ཙམ་གྱི་ཁྲོ་བ་ལ་ཅི་ནས་ཁྱོད་གུས་པར་གྱུར་ཏ་རེ། དེ་བས་ན་སྐྱེས་བུ་གང་ཞིག་ཁྲོ་བའི་གནས་ལ་བརྟེན་ནས་བཟོད་པར་བྱེད་པ་དེ་ལ་ནི་བྱམས་པའི་ཏིང་ངེ་འཛིན་སྒོམ་པ་རབ་ཏུ་སྐྱེ་བར་འགྱུར་ཞིང་། དེ་ལྟར་བྱམས་པའི་ཏིང་ངེ་འཛིན་ཐ་ན་བ་འཇོ་བའི་ཡུན་ཙམ་དུ་བསྒོམས་པས་ཀྱང་ཡོན་ཏན་བརྒྱད་འདྲེན་པར་འགྱུར་ཏེ། འདི་ལྟར། ལྷ་དང་མི་རྣམས་ལ་སྡུག་པར་འགྱུར་བ་དང་། དེ་རྣམས་ཀྱིས་སྲུང་བར་ཡང་འགྱུར་རོ། །བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །མཚོན་གྱི་མི་ཚུགས་སོ། །དེའི་ནོར་རྣམས་འབད་པ་མེད་པར་རྒྱས་པར་འགྱུར་རོ། །ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས། ཡོན་ཏན་གྱི་གནས་དེ་ལ་འཇིགས་སོག་ཞེས་པ་སྨྲ་བ་པོ་ཁྱོད་ཀྱི་སྤྱོད་ཚུལ་འདི་ཤིན་ཏུ་བླུན་པ་འབའ་ཞིག་ཡིན་ནོ། །དེ་བས་ན་བློ་དང་ལྡན་པ་སུ་ཞིག་ཚེ་འདིར་གཞན་གྱིས་ཁྱད་དུ་བསད་པ་ལས་ཐར་པར་བྱས་ནས་གནོད་ལན་དུ་གནོད་པ་བྱེད་པ་སོགས་སྡིག་པ་དང་བཅས་པའི་སྒོ་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཡོད། དེའི་ཕྱིར་བདག་གིས་ནི་ཕྱི་མ་ངན་སོང་གི་རྒྱུ་སྡིག་པ་གསོག་པ་བས་ཚེ་འདིར་གཞན་གྱིས་བརྙས་པ་བཟོད་པར་བྱས་ན་ལེགས་སོ་སྙམ་དུ་སེམས་སོ་ཞེས་གསུངས་སོ། །

གསུམ་པ་དེ་ལྟར་བསྟན་པའི་དོན་བསྡུ་བ་ནི། མདོར་ན་བློ་དང་ལྡན་པ་གང་གིས་སྤང་བྱ་ཉོན་མོངས་པ་སྤོང་བའི་གཉེན་པོ་ཐམས་ཅད་ཀྱི་རྩ་བ་སེམས་རྣམ་པར་ཤེས་པའི་གནས་ལུགས་བར་དུ་གནས་པ་དང་། མཐར་འཇིག་པ་ཐོག་མར་སྐྱེ་བ་ལ་སོགས་པའི་ཆོས་གསུམ་པོ་ཡང་དག་ཏུ་ན་རང་བཞིན་མེད་པའི་དོན་རྣམ་པར་ཤེས་པའི་ཐབས་ཀྱི་དམ་པ་དེ་ཡོད་ན་ནི་ཉོན་མོངས་པ་རྣམས་དུས་ནམ་དུ་ཡང་བློ་གྲོས་ལ་ཡོངས་སུ་མི་གནས་ཏེ། ཟླ་བའི་འགྲེལ་ཆེན་ལས། དེའི་ཕྱིར་དེ་ལྟར་རྣམ་པར་ཤེས་པའི་ཆོས་གནས་པ་ལ་སོགས་པའི་རང་གི་ངོ་བོ་སོ་སོར་རྟོག་པར་བྱེད་ཅིང་། སྒྱུ་མ་གཟུགས་བརྙན་གྱི་ཆོས་ཉིད་ལ་ཞུགས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ལྡན་པ་ལ་ཕྱིན་ཅི་ལོག་ཏུ་མཐོང་བས་ཀུན་ནས་བསླངས་པའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་རྣམས་ངེས་པར་ལྡོག་པར་འགྱུར་ཏེ། དེ་ལྟར་ན་སྒོམ་པ་འདི་ཉིད་ལེགས་སོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་སྒོམ་པ་ལ་མངོན་པར་བརྩོན་པ་ལ་ནམ་ཡང་ཉོན་མོངས་པ་ཐམས་ཅད་མི་གནས་སོ། །ཞེས་གསུངས་སོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ཉོན་མོངས་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་དྲུག་པའི་འགྲེལ་པའོ།། །།

ག༧ རབ་བྱེད་བདུན་པ་མི་ཉིད་ཀྱི་འདོད་པའི་ལོངས་སྤྱོད་ལ་ཞེན་པ་སྤོང་བའི་ཐབས་བསྟན་པ།

གཉིས་པ་ཟག་བཅས་ལས་ཀྱི་ཀུན་འབྱུང་སྤོང་བའི་ཐབས་ཀྱི་རྣལ་འབྱོར་ལ། ཟག་བཅས་ལས་ཀྱི་འཁྲུལ་འཁོར་སྤོང་བར་གདམས་པ་དང་། དེ་ཇི་ལྟར་སྤོང་བའི་ཐབས་བསྟན་པ། དེ་ལྟར་ཡོངས་སུ་སྤངས་པའི་འབྲས་བུ་བསྟན་པ་དང་གསུམ། དང་པོ་ལ། དངོས་དང་། འཕྲོས་དོན་འཁོར་བའི་མཐའ་ལས་དཔྱད་པ་གཉིས།

དང་པོ། ཟག་བཅས་ལས་ཀྱི་འབྲས་བུ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་རྒྱ་མཚོ་ལྟ་བུ་འདི་ལ་མཐའ་རྣམ་པ་ཀུན་ཏུ་ཡོད་པ་མིན་ན། བྱིས་པའི་སྐྱེ་བོ་ཁྱོད་སྡུག་བསྔལ་གྱི་གནས་འདིར་ནི་བྱིང་བ་ལ་ཤིན་ཏུ་འཇིགས་པའི་བློ་ཞིག་རྒྱུ་མཚན་ཅིས་ན་སྐྱེ་བར་མི་འགྱུར། དེ་བས་ན་འབྲས་བུ་འཁོར་བའི་སྡུག་བསྔལ་ལ་བསམས་ཏེ་ཟག་བཅས་ལས་ཀྱི་ཀུན་འབྱུང་སྤོང་བ་ལ་བརྩོན་པར་བྱའོ། །སྐྱེ་འཆི་བར་མེད་ལ་བསམས་ཏེ་སྤོང་བར་གདམས་པ་ཡང་། ད་ལྟ་ཚེ་འདིའི་ལང་ཚོ་ཡོལ་ཏེ་རྒྱབ་ཏུ་བྱུང་བར་གྱུར་ནས་འཆི་བར་འགྱུར་བ་དང་། ཤི་ནས་མེད་དུ་མི་འགྲོ་སྟེ་ཟག་བཅས་ཀྱི་ལས་ཀྱི་དབང་གིས་སླར་ཡང་ཕྱི་མའི་སྣང་བ་མདུན་དུ་འབྱུང་བར་འགྱུར་བས། འཁོར་བར་ཇི་ཙམ་གནས་ཀྱང་འཇིག་རྟེན་འདི་ལ་ནི་སྐྱེ་འཆིའི་སྡུག་བསྔལ་བར་མཚམས་མེད་པར་འགྲོས་ཀྱིས་འགྲན་པ་ལྟ་བུར་མངོན་པར་གྱུར་པའོ། །ཐམས་ཅད་ལས་ཀྱི་རང་བཞིན་དུ་བསམས་ཏེ་དེ་སྤོང་བར་བསྟན་པ་ཡང་། སྲིད་པ་འདིར་ཐམས་ཅད་ལས་ཀྱི་གཞན་དབང་དུ་གྱུར་པས་ཁྱོད་ལ་ཡང་འདོད་ཀྱིས་འགྲོ་བ་གཞར་ཡང་སྟེ་དུས་ནམ་དུ་ཡང་ཡོད་པ་མིན་ན། ལས་གཞན་གྱི་དབང་དུ་གྱུར་པ་དང་དེ་ལ་འཇིགས་པ་མེད་པ་གཉིས་ཀ་བློ་དང་ལྡན་པ་སུ་ཞིག་ལ་ཡོད་པར་འགྱུར། རྒྱུ་མཚན་དེ་དག་གི་ཕྱིར་མ་འོངས་པའི་འཁོར་བ་ལ་ཐ་མ་ཡོད་པ་མིན་ཞིང་། དེ་དག་ཀུན་གྱི་ཚེ་ནའང་བའང་ཁྱོད་ནི་འཆིང་བ་ཀུན་ལྡན་གྱི་སོ་སོའི་སྐྱེ་བོ་ཉིད་དུ་གྱུར་པ་སྟེ། དེ་བས་ན་ཁྱོད་འདས་པའི་དུས་རྣམས་སུ་ཇི་ལྟར་དོན་སྟོར་བར་གྱུར་པ་དེ་བཞིན་དུ། ཕྱི་མ་མ་འོངས་པའི་དུས་དེ་ཡང་དོན་མེད་པར་མི་འགྱུར་བར་ཟག་བཅས་ལས་ཀྱི་ཀུན་འབྱུང་སྤོང་བའི་ཐབས་ལ་དེ་ལྟར་བརྩོན་པར་བྱོས་ཤིག་ཅེས་གསུངས་སོ། །

གཉིས་པ་ནི། མ་འོངས་ཐ་མ་ཡོད་མིན་ཞིང་། །ཞེས་བཤད་ན། ཅི་འཁོར་བ་འདི་ལ་མཐའ་ཡོད་དམ་མེད་ཅེ་ན། དེ་ནི་མཐའ་གཅིག་ཏུ་ངེས་པར་བཟུང་མི་ནུས་ཏེ། ཉན་པ་པོ་རྟེན་གྱི་ཁྱད་པར་དང་། མཉན་བྱ་བདེན་པ་བཞིའི་དོན་སྟོན་པ་དང་། འཆད་པ་པོ་དེ་བཞིན་གཤེགས་པ་རྣམས་འབྱུང་བར་ཤིན་ཏུ་རྙེད་པར་དཀའ་སྟེ། དེས་ན་མདོར་ན་འཁོར་བ་ནི་མཐའ་མེད་པ་ཡང་མ་ཡིན་ཏེ། དེ་ལྟ་བུའི་རྒྱུ་ཚོགས་གྲངས་ཚང་བའི་སྟོབས་ལས་མྱང་འདས་སུ་འགྱུར་བའི་ཕྱིར་དང་། མཐའ་དང་བཅས་པའང་མིན་ཏེ། དེ་ལྟ་བུའི་རྒྱུ་ཚོགས་ཚང་བ་རྙེད་དཀའ་བའི་ཕྱིར་རོ། །འོ་ན་སངས་རྒྱས་མ་བྱོན་པའི་ཞིང་ལྟ་བུར་སྐྱེས་ན་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཞིང་དེའི་བསྟན་པ་གནས་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་དང་འཕྲད་པ་ལས་ངེས་པར་འབྱུང་བར་འགྱུར་རོ་སྙམ་ན། དེ་ཡང་དཀའ་བར་གནས་ཏེ། ད་ལྟ་མྱུར་དུ་འབད་པར་མ་བྱས་ན་སངས་རྒྱས་འབྱུང་བ་དང་ཕྲད་པ་ཡང་དཀའ་སྟེ། འདི་ལྟར་ཕལ་མོ་ཆེ་ན་མི་རྣམས་ནི་དམ་པ་མ་ཡིན་པའི་ཕྱོགས་ཡོངས་སུ་འཛིན་པ་དེས་ན་སོ་སོའི་སྐྱེ་བོ་རྣམས་ཕལ་ཆེར་ངེས་པར་ངན་འགྲོར་འགྲོ་བར་འགྱུརབས། བདེ་འགྲོའི་རྟེན་ཙམ་རྙེད་པ་ཡང་དཀའ་ན་གཞན་ལྟ་ཅི་སྨོས་ཞེས་གསུངས་སོ། །

གཉིས་པ་དེ་ཇི་ལྟར་སྤོང་བའི་ཐབས་ལ། ཟག་པ་མི་དགེ་བའི་ལས་སྤོང་བའི་ཐབས་དང་། ཟག་བཅས་དགེ་བའི་ལས་སྤོང་བའི་ཐབས་བསྟན་པ་གཉིས། དང་པོ་ལ། ཕྱི་མ་སྡུག་བསྔལ་གྱི་རྣམ་སྨིན་ལ་བསམས་ཏེ་མི་དགེབ་སྤོང་ཚུལ་དང་། གནས་སྐབས་ཀྱི་འབད་པ་དོན་མེད་པ་ལ་བསམས་ཏེ་མི་དགེ་བ་སྤོང་ཚུལ་གཉིས།

དང་པོ་ནི། གང་དག་ས་སྟེང་མཐོ་རིས་འཇིག་རྟེན་དུ་སྐྱེས་པ་རྣམས་ཀྱང་སྡིག་པ་གང་བྱས་པའི་རྣམ་པར་སྨིན་པ་ནི་ཕྱི་མ་ངན་སོང་གི་གནས་སུ་སྡུག་བསྔལ་མི་བཟད་པས་ཅོ་འདྲི་བ་ཁོ་ན་ཡིན་པར་མཐོང་བ་དེས་ན་སྲིད་པ་འདི་ནི་གསོད་གནས་དང་མཚུངས་པར་དམ་པ་རྣམས་ལ་སྣང་ངོ་། །དེ་ལྟར་མི་ཤེས་པར་ད་དུང་དེའི་རྒྱུ་མི་དགེ་བ་ཁོ་ན་ལ་བག་མེད་པར་སྤྱོད་པ་ནི་གཏི་མུག་གིས་སྨྱོས་པར་གྱུར་པའི་ཐ་ཚིག་སྟེ། གང་དག་རྣམ་པར་ཤེས་པ་རྣལ་དུ་གནས་པ་མེད་པ་ལས་གལ་ཏེ་སྨྱོན་པ་ཞེས་བརྗོད་པར་འགྱུར་ན་ནི། སྲིད་པར་གནས་པའི་སེམས་ཅན་རྣམས་ནི་སྨྱོན་པ་མ་ཡིན་ནོ་ཞེས་མཁས་པ་སུ་ཞིག་སྨྲ་བར་འགྱུར། དེ་བས་ན་སེམས་ཅན་རྣམས་ནི་ཕྱི་མ་ངན་སོང་དུ་འགྲོ་བ་ལ་སོགས་པའི་སྡུག་བསྔལ་རྒྱུ་འབྲས་དག་ཟློག་པའི་ཐབས་ལ་ཉམས་པ་མཐོང་བར་འགྱུར་ཏེ། དེས་ན་སྡིག་པ་མི་དགེ་བའི་ལས་ཀུན་ཟད་པ་ཡི་ཐབས་ལ་བློ་གྲོས་དང་ལྡན་པས་བློ་བསྐྱེད་དོ། །དེ་ལྟར་སྡིག་པ་སྤངས་པར་མ་བྱས་ན་དུས་གང་གི་ཚེ་འབྲས་བུ་གཅིག་གི་ཡང་སྔོན་གྱི་ཐོག་མའི་རྒྱུ་ནི་མཐར་ཐུག་པ་སྣང་བར་ནུས་པ་མིན་པ་དེ་ཡི་ཚེ། རྒྱུ་གཅིག་ལ་ཡང་མཐའ་མེད་ཀྱི་བར་དུ་སླར་ཡང་རྒྱས་པར་མཐོང་ནས་གང་ལ་ཅིའི་ཕྱིར་འཇིགས་པ་མི་འབྱུང་སྟེ། ངེས་པར་འཇིགས་པའི་སྒོ་ནས་སྤང་བར་བྱའོ། །

གཉིས་པ་ནི། ཚེ་འདིར་སྡིག་པའི་ལས་ཐབས་སྣ་ཚོགས་པ་ལ་ཇི་ལྟར་འབད་ཀྱང་འབྲས་བུ་གནས་ཁང་དང་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཐོག་མར་ངེས་པར་ནི་འགྲུབ་པར་འགྱུར་བ་ཡང་མ་ཡིན་ཞིང་། གལ་ཏེ་ཅུང་ཟད་གྲུབ་པ་ལ་ཡང་ངེས་པར་མཐར་འཇིག་པར་འགྱུར་ན་དེ་ཡི་དོན་དུ་མི་དགེ་བ་བསགས་ཏེ་རང་ཉིད་ཅི་སྟེ་འཇོམས་པར་བྱེད། དེར་མ་ཟད་བྱ་བའི་ལས་ནི་ཐོག་མར་སྒྲུབ་པའི་དུས་སུ་ནི་ཤིན་ཏུ་འབད་པ་ཆེན་པོས་བྱེད་པར་འགྱུར་ཞིང་། དེ་ལྟར་འབད་པས་བྱས་ཟིན་པའི་གནས་ཁང་སོགས་དངོས་པོ་རྣམས་ནི་འབད་པ་མེད་པར་ངང་གིས་འཇིག་པའི་ཆོས་ཅན་དུ་ངེས་པས། དེ་ལྟར་གྱུར་ཀྱང་ད་དུང་ཁྱོད་ལ་ཀོ་འབད་པ་དོན་མེད་ཀྱི་ལས་དེ་དག་ལ་འདོད་ཆགས་དང་བྲལ་བ་འགའ་ཡང་ཡོད་པ་མིན་པ་འདི་ཅིའི་ཐ་ཚིག་ཡིན། ལེགས་པར་བརྟགས་ན་བྱ་བ་འགའ་ཞིག་རེ་ཞིག་གྲུབ་ཟིན་པར་གྱུར་ཀྱང་། དེ་ལ་ལོངས་སྤྱོད་པ་པོའི་རྣམ་པར་ཤེས་པ་འགགས་ཟིན་པའི་འདས་པ་ལ་ནི་བདེ་བ་ཐོབ་ཏུ་ཡོད་པ་མིན་ཞིང་། མ་སྐྱེས་པའི་མ་འོངས་པ་ལའང་ཡོད་པ་མིན་ལ། ད་ལྟར་བྱུང་བའང་སྐད་ཅིག་ཀྱང་མི་གནས་པར་འགྲོ་བ་ཉིད་དེ་རྒྱུ་མཚན་དེའི་ཕྱིར་ཁྱོད་ཀྱི་ངལ་བ་སྣ་ཚོགས་པའི་སྒོ་ནས་སྡིག་པ་འབའ་ཞིག་ལ་སྤྱོད་པ་འདི་གང་གི་ཕྱིར་དུ་ཡིན། དེ་ལྟར་ལེགས་པར་བརྟགས་ཏེ་སྡིག་པ་སྤོང་བའི་ཐབས་ལ་འབད་པར་བྱའོ། །

གཉིས་པ་ལ། འབྲས་བུ་མངོན་མཐོའི་རང་བཞིན་སྡུག་བསྔལ་དུ་བསམ་པ་དང་། དགེ་བ་རྒྱུ་འབྲས་ཀྱི་ཆོས་བྱེ་བྲག་པ་ལ་བསམ་པ་གཉིས། དང་པོ་ནི། དེ་ལྟར་མོད་ཀྱི་མཐོ་རིས་ཀྱི་དོན་དུ་དགེ་བའི་ལས་དག་བསྒྲུབ་པར་བྱའོ་སྙམ་ན། བཤད་པ། སྲིད་པ་ལས་ངེས་པར་འབྱུང་འདོད་ཀྱི་མཁས་པ་རྣམས་ལ་ནི་སྲིད་པ་གཞན་ལྟ་ཅི། མཐོ་རིས་ཀྱང་སྡུག་བསྔལ་གྱི་རྒྱུ་འདོད་པའི་མེ་འབར་བ་དང་། ཟག་བཅས་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་དང་། རྨོངས་པའི་གཞན་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་དམྱལ་བའི་གནས་དང་མཚུངས་པར་འཇིགས་པ་བསྐྱེད་པར་འགྱུར་བ་དེའི་ཕྱིར། རྣམ་པ་ཀུན་ཏུ་མཁས་པ་དེ་རྣམས་ལ་ནི་སྲིད་པའི་གནས་གང་ལ་ཡང་འཇིགས་པ་མི་སྐྱེད་པའི་གནས་དེ་ནི་ཤིན་ཏུ་དཀོན་པ་ཡིན་ནོ། །གལ་ཏེ་འཕགས་པ་རྣམས་ཀྱིས་ཇི་ལྟར་གཟིགས་པ་ལྟར་བྱིས་པའང་རྣམ་པ་ཀུན་ཏུ་ཟག་བཅས་འཁོར་བའི་སྡུག་བསྔལ་གྱི་ཚུལ་འདི་ཤེས་པར་གྱུར་ན་སྐད་ཅིག་དེ་ལ་ནི་སེམས་དང་ནི་ལྷན་ཅིག་ཏུ་ལུས་ནི་རྡུལ་ཕྲ་རབ་ཏུ་གཏན་དུ་འཇིག་པར་འགྱུར་རོ། །དེ་ལ་ལན་གཅིག་ཙམ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་ཀྱང་སེམས་ཅན་རྣམས་ནི་བདེ་བ་ཅུང་ཟད་ཙམ་གྱིས་རློམ་པ་ཅན་མིན་པ་ནི་དཀོན་ཞིང་། དེ་ལྟ་བུའི་རློམ་པ་ཅན་ལ་སྙིང་རྗེ་ལྡན་པ་མེད་ཅིང་སྡིག་པ་ལ་སྤྱོད་པ་དེས་ན་སྣང་བ་ནས་སྣང་བར་ནི་འགྲོ་བ་ཤིན་ཏུ་རྙེད་དཀའ་བར་མདོ་ལས་གསུངས་སོ། །

གཉིས་པ་ནི། འདི་ན་རྒྱུ་ཟག་བཅས་ཀྱི་དགེ་བ་འདོད་པའི་ཡུལ་རྣམས་ལ་ཞེན་པ་ལོག་པར་གྱུར་པའི་སྒོ་ནས་ཚངས་པར་སྤྱོད་པ་ལའང་དེའི་འབྲས་བུ་ལྷ་མིའི་གནས་སུ་འདོད་པའི་ཡུལ་ནི་ཡིད་དུ་འོང་བ་དག་དམིགས་ཤིང་ལོངས་སྤྱོད་པར་གྲགས་པར་གྱུར་ཏེ། དེ་བས་ན་རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས་དེ་ལྟ་བུ་རྒྱུ་མཚན་ཅི་ཞིག་གིས་ཡང་དག་པར་འདོད་པར་བྱེད། གཞན་ཡང་བསོད་ནམས་ཀྱི་འབྲས་བུ་ནི་ལོངས་སྤྱོད་ཕྱུག་པ་སྟེ་དེ་ཡང་དགྲ་རྐུན་སོགས་གཞན་ལས་ཡོངས་སུ་བསྲུང་བར་བྱ་དགོས་ན། དེ་ལྟར་རྟག་ཏུ་གཞན་ལས་བསྲུང་བར་བྱ་དགོས་པ་གང་ཡིན་པ་དེ་ནི་ཇི་ལྟར་ན་བདག་གིར་ཡོངས་སུ་ལོངས་སྤྱོད་པར་འགྱུར། དེ་ལྟར་ཟག་བཅས་ཀྱི་དགེ་བ་དག་ཀྱང་རེ་ཞིག་དོར་བར་བྱ་ན་འཇིག་རྟེན་གྱི་ཚུལ་ལུགས་སྐྱོང་བའི་ཆོས་ཀྱིས་ཅི་ཞིག་བྱ་སྟེ། འཇིག་རྟེན་གྱི་ཚུལ་ལུགས་རིགས་རུས་དང་བུ་མོ་རྫོང་བ་སོགས་གང་དང་གང་དག་ཡུལ་དུས་ཀྱི་དབང་ལས་མི་མཐུན་པ་སྣ་ཚོགས་པ་དེ་དང་དེ་ལ་ཆོས་ཞེས་རྗེས་སུ་འཇུག་པ་དེ་ཡི་ཕྱིར་ན་ཆོས་པས་ཀྱང་འཇིག་རྟེན་ཉིད་སྟོབས་དང་ལྡན་པ་ལྟ་བུར་སྣང་ངོ་། །དེ་བཞིན་དུ་ཕྱི་མ་ཡུལ་ཕུན་སུམ་ཚོགས་པའི་བདེ་འབྲས་ལ་སྤྱོད་པའི་ཕྱིར་དགེ་བ་བྱེད་པ་དག་ཀྱང་རིགས་པར་མ་མཐོང་སྟེ། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་དེ་དག་ནི་དགེ་བ་བྱས་པས་ཡིད་དུ་འོང་བ་ཐོབ་པར་འདོད་ན་ཡང་ཡུལ་དེའང་ཐར་འདོད་རྣམས་ཀྱིས་སྤང་བར་བྱའི་ཆོས་ཅན་ངན་པར་བརྩི་བ་ཡིན་པས། ཡུལ་གང་ཞིག་ནམ་ཞིག་སྤངས་ཏེ་བཏང་བ་མཆོག་ཏུ་ཤིས་པར་གྱུར་པ་དེ་ནི་ད་ལྟ་གྲུབ་པ་ཡིས་ཅི་ཞིག་དགོས། གཞན་ཡང་འགའ་ཞིག་དགེ་བཅུའི་ཁྲིམས་སྲུང་བ་སོགས་རྒྱལ་པོའི་བཀའ་ལུང་གི་རྗེས་སུ་འཇུག་པ་དག་ཀྱང་སྣང་མོད། ཐར་པ་དོན་དུ་གཉེར་བའི་གང་ཟག་གང་ལ་རྒྱལ་པོའི་བཀའ་ལུང་གིས་དགོས་པ་མེད་པ་དེ་ལ་ནི་རྒྱལ་པོ་དེ་ཙམ་གུས་པར་བྱེད་པའི་རྒྱུ་ཆོས་སྒྲུབ་པ་དོན་མེད་པར་འགྱུར་ཞིང་། གང་ཡང་རང་གིས་ཆོས་ཚུལ་བཞིན་མི་སྒྲུབ་པར་རྒྱལ་པོའི་བཀའ་ལུང་དོན་དུ་གཉེར་བའི་སྒོ་ནས་དགེ་བ་ཙམ་བྱེད་པ་ཉིད་དེ་ནི་སྐྱེ་བོའི་ནང་ནས་ཤིན་ཏུ་བླུན་པ་ཞེས་བྱའོ། །གལ་ཏེ་འགའ་ཞིག་མ་འོངས་པ་ཡི་བདེ་འབྲས་ལ་ལོངས་སྤྱོད་པར་མཐོང་ནས་ཆོས་ཟག་བཅས་ཀྱི་དགེ་བ་སྒྲུབ་པར་འདོད་ཅིང་ཆགས་པས་ཁྱོད་ཆགས་ན་ནི། མ་འོངས་པ་ན་དགེ་འབྲས་བདེ་བའི་ལོངས་སྤྱོད་ཉམས་སུ་མྱོང་བའི་མཐར་ངན་སོང་དུ་ལྷུང་བ་སོགས་མཐའ་ཉིད་མཐོང་བར་གྱུར་ན་དེ་ལ་འཇིགས་པ་མེད་དམ་ཅི། དེ་བས་ན་དེ་བསྒྲུབས་པར་བྱས་པས་ཅི་ཞིག་བྱེད། མདོར་ན་རྣམ་སྨིན་བདེ་བའི་ཕྱིར་དུ་དགེ་བ་འདོད་པ་ནི་དཔེར་ན་གླ་ལེན་པ་ལྟ་བུའི་སྐྱེ་བོ་དག་ད་ལྟ་བསོད་ནམས་བྱེད་པ་ནི་རྣམ་པ་ཀུན་ཏུ་མ་འོངས་པ་ན་རྔན་པ་དང་མཚུངས་པའི་འབྲས་བུ་ཙམ་ཐོབ་པར་འགྱུར་བར་ཟད་དོ། །དེའི་ཕྱིར་ཟག་བཅས་དགེ་བའི་ལས་དག་ཀྱང་སྤོང་བའི་ཐབས་ལ་འབད་པར་བྱའོ། །

གསུམ་པ་དེ་ལྟར་ཡོངས་སུ་སྤངས་པའི་འབྲས་བུ་བསྟན་པ་ནི། བློ་ལྡན་ཐར་པ་འདོད་པའི་སྐྱེ་བོ་གང་དག་རྣམ་སྨིན་འཁོར་བའི་རྒྱུར་གྱུར་པའི་དགེ་བའང་མི་འདོད་པ་དེ་དག་གིས་ངན་སོང་གི་རྒྱུ་མི་དགེ་བ་ཇི་ལྟར་སྒྲུབ་པར་བྱེད། དེ་ལྟར་ཡོངས་སུ་སྤོང་བའི་ཐབས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པར་བྱའོ། །དེ་ལྟར་ཉམས་སུ་ལེན་པའི་རྒྱལ་བའི་སྲས་པོ་གང་གིས་འགྲོ་བ་རྣམས་ལས་ཀྱི་དབང་གིས་འཕྲུལ་འཁོར་གྱི་ཚོགས་དང་འདྲ་བའི་ཚུལ་རིག་ཅིང་མ་རིག་པའི་རིག་སྔགས་ཀྱིས་བསླད་པ་སྒྱུ་མའི་སྐྱེས་བུ་ལྟར་མཐོང་བར་གྱུར་པ་དེ་དག་ཆེས་གསལ་བར་གོ་འཕང་ཞི་བ་དམ་པའི་མཐར་ཐུག་པར་འགྲོ་བར་འགྱུར་རོ། །དེ་ལྟར་རྒྱུ་ལས་ལ་ཞེན་པ་བཟློག་པ་ལྟར་འབྲས་བུ་སྡུག་བདེན་གྱི་ཆོས་ལ་ཞེན་པ་དག་ཀྱང་སྤོང་བར་འགྱུར་ཏེ། ཆོས་ཀྱི་རང་བཞིན་ལ་མཁས་པའི་སྐྱེས་བུ་གང་དག་ལ་ནི་འཁོར་བ་ན་ལྷའི་དཔལ་འབྱོར་ལྟ་བུའི་ཡུལ་རྣམས་ཀྱིས་ཀྱང་དགའ་བ་མེད་པ་དེ་དག་ལ་འདིར་སྡུག་བསྔལ་དུ་མས་གཙེས་པའི་འཁོར་བའི་ཆོས་ལ་རྣམ་པ་ཀུན་ཏུ་དགའ་བར་འཐད་པ་མ་ཡིན་པ་ཉིད་དོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། མི་ཉིད་ཀྱི་འདོད་པའི་ལོངས་སྤྱོད་ལ་ཞེན་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་བདུད་པའི་འགྲེལ་པའོ།། །།

ག༨ རབ་བྱེད་བརྒྱད་པ་སློབ་མ་ཡོངས་སུ་སྦྱོང་བ་བསྟན་པ།

བཞི་པ་ཐབས་བྱུང་ཟབ་མོའི་ཕྱོགས་ཉན་པའི་སྣོད་སྦྱོང་ཚུལ་ལ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ། དེ་ལྟར་བསྟན་པའི་དོན་བསྡུ་བ་གསུམ། དང་པོ་ནི། ཚུལ་ཇི་ལྟར་ན་རང་དང་རྗེས་སུ་མི་མཐུན་པའི་མི་རྣམས་ལ་ནི་མཛའ་བ་ཡུན་རིང་དུ་མི་གནས་པ་དེ་བཞིན་དུ། གོང་དུ་ཇི་སྐད་བསྟན་པའི་ཚུལ་གྱིས་ཕྱི་དང་ནང་གི་ཡུལ་རྣམས་ཀུན་ལ་སྐྱོན་ཤེས་ཤིང་གཉེན་པོས་ཡོངས་སུ་སྦྱོང་བའི་རྟེན་གྱི་གང་ཟག་དེ་ལ་འདོད་ཆགས་ཡུན་རིང་དུ་མི་གནས་སོ། །

གཉིས་པ་ལ། སྤང་བྱ་རྣམ་པར་སྦྱོང་བའི་ཚུལ་བསྟན་པ་དང་། གཉེན་པོ་ཡོངས་སུ་དག་པའི་ཐབས་བསྟན་པ་གཉིས།

དང་པོ་ནི། སྤྱིར་ཉོན་མོངས་སྤོང་བའི་ཐབས་ཀྱི་རིམ་པ་སྔར་ཡང་རྒྱ་ཆེར་བསྟན་ཟིན་མོད། སྐབས་འདིར་རྟེན་གྱི་གང་ཟག་ཡོངས་སུ་སྦྱོང་བའི་ཚུལ་སྤངས་རྟོགས་གཉིས་ཀྱི་སྒོ་ནས་འཆད་དགོས་པས་སྤང་བྱ་ཉོན་མོངས་སྦྱོང་ཚུལ་མདོ་ཙམ་བསྟན་པ་ལ། སྤང་བྱ་ཉོན་མོངས་པའི་དམིགས་རྐྱེན་ལ་བརྟགས་ན་ཡང་ཆགས་སོགས་ཉོན་མོངས་པ་དོན་དུ་མ་གྲུབ་སྟེ། ཡུལ་གཅིག་ལ་ཡང་ལ་ལ་དེ་ཉིད་ལ་ཆགས་ཏེ་འདོད་ཆགས་འབྱུང་བ་དང་། ལ་ལ་དེ་ཉིད་ལ་སྡང་ཞིང་ཞེ་སྡང་འབྱུང་བ་དང་། ལ་ལ་དེ་ཉིད་ལ་རྨོངས་པའི་གཏི་མུག་འབྱུང་བ་དེའི་ཕྱིར་འདོད་ཆགས་ཀྱི་དམིགས་པ་རང་དབང་གིས་གྲུབ་པ་མེད་པས་ཀྱང་འདོད་པ་ཉོན་མོངས་པ་དེ་དག་དོན་ལ་གྲུབ་པ་མེད་པ་ཁོ་ནའོ། །དེ་བཞིན་དུ་དེ་དག་གི་རྒྱུའི་རྐྱེན་ཚུལ་མིན་ཡིད་བྱེད་ལ་བརྟགས་ཀྱང་། ཉོན་མོངས་པ་དེ་དག་མ་གྲུབ་སྟེ། རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པར་འབྲས་བུ་འདོད་ཆགས་ལ་སོགས་ལ་ངོ་བོ་ཡོད་པ་ཉིད་གནས་སྐབས་ཐམས་ཅད་དུ་ཡོད་པ་མིན་ན། རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་རྣམས་ནི་ཡུལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་རྟོག་པ་ཙམ་ལས་གྲུབ་པ་མེད་དེ། ཡང་དག་པའི་དོན་ལ་གྲུབ་ན་དེ་ལ་ཚུལ་བཞིན་མིན་པར་རྟོག་པ་ཞེས་བློ་དང་ལྡན་པ་སུ་ཞིག་འཛིན་པར་བྱེད། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་རྣམས་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་སྤང་བྱ་ཉོན་མོངས་པའི་འཆིང་བ་ཞེས་བྱ་བའང་ངོ་བོས་གྲུབ་པ་མེད་དེ། སེམས་ཀྱི་རང་བཞིན་འོད་གསལ་བ། དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་ལྟར། དྲི་མ་སེམས་ཀྱི་གཤིས་ལ་མ་ཞུགས་པར་འབྲལ་རུང་གློ་བུར་བའི་ཆོས་ཡིན་པས། གང་ཟག་འགའ་ལའང་ཡུལ་གང་དང་ལྷན་ཅིག་ཏུ་འབྲལ་མི་ཤེས་པར་ཉོན་མོངས་པའི་སྟོབས་ཀྱིས་འཁོར་བར་བཅིངས་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་མིན་ན་གཞན་དང་ལྷན་ཅིག་ཏུ་བཅིངས་པ་ལ་མཐར་གཉེན་པོ་སྤང་བྱ་དང་བྲལ་བ་ཉིད་ཀྱང་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་དང་གང་ཟག་གི་བདག་འཛིན་གྱི་རྩ་བ་ཅན་གྱི་སྒྲིབ་པ་མཐའ་དག་ཉོན་ཤེས་གཉིས་སུ་བསྡུས་ཏེ། དེ་དག་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སུ་དབྱེ་ཞིང་ཉོན་ཤེས་གཉིས་ལ་ཀུན་བཏགས་ཀྱི་ཆ་ས་དང་པོར་སྤོང་ཞིང་། དེ་གཉིས་ལ་ལྷན་སྐྱེས་ཀྱི་ཆ་སྒོམ་ལམ་ས་གཉིས་པ་ནས་རིམ་བཞིན་སྤངས་ཏེ། ཉོན་སྒྲིབ་མཚན་ཉིད་པ་སྤངས་པའི་སྤང་བ་ས་བདུན་པར་རྫོགས་པ་དང་། ད་དུང་ཤེས་སྒྲིབ་ཀྱི་ལྷག་མ་ཆུང་སྐོར་གསུམ་དག་པ་ས་གསུམ་ལ་རིམ་བཞིན་སྤངས་ཏེ་ས་བཅུ་པའི་རྣམ་གྲོལ་ལམ་དུ་ཤེར་ཕྱིན་ལས་བསྟན་པའི་རྣམ་དག་སྒོམ་ལམ་དགུ་པ་ཐོབ་པ་དང་། དེ་ནས་དེ་དག་གི་བག་ཉལ་ཤིན་ཏུ་ཕྲ་བ་སངས་རྒྱས་ཀྱི་ས་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པ་ཤིན་ཏུ་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤངས་ཏེ། ཤེས་སྒྲིབ་སྤངས་པའི་སྤང་བ་རྫོགས་ཏེ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བ་སོགས་ཀྱི་རབ་དབྱེ་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱི་དགོངས་པ་ཇི་བཞིན་དུ་འཆད་དགོས་ཀྱི། ཉོན་སྒྲིབ་ཏུ་གྱུར་པའི་ཐེག་ཆེན་སྒོམ་སྤང་མེད་པ་དང་། ཤེས་སྒྲིབ་ཏུ་གྱུར་པའི་ཐེག་ཆེན་གྱི་མཐོང་སྤང་མེད་པ་སོགས་ལུགས་འདིའི་ཁྱད་ཆོས་སུ་སྨྲ་བ་ནི་གཞུང་ལུགས་ཆེན་པོ་རྣམས་དང་འབྲེལ་འགྲིག་དཀའ་བས། སྔ་འགྱུར་མཁས་པའི་དབང་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བ་ལྟར། སྔ་འགྱུར་པ་ཡིན་ན་དེ་དག་གི་དགོངས་པ་གཞུང་ལུགས་སྣ་ཚོགས་དང་བསྲེས་བསླད་མེད་པར་འཆད་དགོས་པར་སྣང་ངོ་། །འོན་ཀྱང་དེང་སང་ནི། ས་པཎ་གྱིས། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་ལ་ནི་ཕྱི་བར་བྱེད། །ཅེས་གསུངས་པ་ཉིད་ཐུགས་མད་པར་གྱུར་ཏོ། །

གཉིས་པ་ལ། གཉེན་པོ་སྟོང་ཉིད་རྟོགས་པའི་ཆེ་བ་བརྗོད་པ་དང་། དེ་ལ་ཇི་ལྟར་འཇུག་པའི་རིམ་པ་བསྟན་པ། དེ་ལྟར་ཡོངས་སུ་ཞུགས་པའི་གྲུབ་འབྲས་བསྟན་པ་དང་གསུམ། དང་པོ་ལ། གནས་སྐབས་དངོས་འཛིན་འཇིག་པའི་ཆེ་བ་བརྗོད་པ་དང་། མཐར་ཐུག་མྱང་འདས་འགྲུབ་པའི་ཆེ་བ་བརྗོད་པ་གཉིས།

དང་པོ་ནི། ཟབ་མོའི་དོན་ལ་མོས་པ་མེད་པའི་གང་ཟག་བསོད་ནམས་ཆུང་ངུ་རྣམས་ཀྱིས་ཆོས་སྟོང་པ་ཉིད་ཟབ་མོའི་དོན་འདི་ལ་ཐེ་ཚོམ་ཙམ་ཟ་བར་ཡང་མི་འགྱུར་ཞིང་། གལ་ཏེ་ཐེ་ཚོམ་ཟ་བ་ཙམ་ཞིག་གིས་ཀྱང་དངོས་འཛིན་མགོ་ནོན་ཞིང་སྲིད་པ་ཧྲུལ་པོར་བྱས་པར་འགྱུར་རོ། །དེ་ལྟ་བུའི་རྟེན་འབྱུང་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་གང་ཞིག་ལ་ཐུབ་པ་རྫོགས་པའི་སངས་རྒྱས་དེ་ཡིས་ཚོགས་ལམ་དུ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན། སྦྱོར་ལམ་དུ་ཆོས་ལ་མཐུན་པའི་བཟོད་པའི་སྒོ་ནས་རྗེས་སུ་མཐུན་པར་ཉམས་སུ་བླངས་པས་ས་དང་པོ་མཐོང་ལམ་དུ་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་པོར་ཐོབ་པ་ནས་བཟུང་སྟེ་གློ་བུར་བྲལ་དག་གི་ཆོས་དབྱིངས་མཐོང་ཚུལ་ལས་སྒོམ་ལམ་ས་གཉིས་པའི་ཡེ་ཤེས་ཆུང་ངུའི་ཆུང་ངུ་ནས། རྟོགས་པ་རིམ་གྱིས་རྫོགས་ཏེ་ས་བདུན་པར་གང་ཟག་གི་བདག་མེད་ཀྱི་རྟོགས་པ་ཡོངས་སུ་རྫོགས་ཤིང་། རིམ་གྱིས་ཆོས་ཀྱི་བདག་མེད་དང་བཅས་པའི་རྟོགས་པ་རྫོགས་ཏེ་ཐར་པ་ཆེན་པོ་སངས་རྒྱས་ཀྱི་སའི་བར་དུ་སྦྱིན་སོགས་ཐབས་ཀྱི་རྣམ་པ་རྣམས་ཀྱང་ཤེས་རབ་ཀྱི་ཕར་ཕྱིན་གྱིས་ཡོངས་སུ་ཟིན་པའི་སྒོ་ནས་མི་ཉམས་པར་འཕེལ་བ་ཉིད་དུ་མདོ་ལས་གསུངས་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་མ་བརླབས་པའི་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ནི། དམུས་ལོང་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་མི་ནུས་པ་དང་། དེས་ཡོངས་སུ་ཟིན་པས་དགེ་རྩ་ཐབས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མི་ཉམས་པར་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་གསུངས་སོ། །དེང་སང་ནི་དེ་དག་གོ་ལྡོག་ཏུ་འཆད་པར་སྣང་ངོ་། །དེ་ལ་གཞན་དག་ཆོས་ཀྱི་བདག་མེད་ཀྱི་རྟོགས་པ་ཐེག་ཆེན་གྱི་ས་དང་པོ་མ་ཐོབ་གོང་དུ་རྫོགས་པའི་གང་ཟག་ཡོད་པར་འདོད་པ་དང་། གང་ཟག་གི་བདག་མེད་རྒྱུན་ལྡན་དུ་སྒོམ་པའི་ཐེག་ཆེན་སྒོམ་ལམ་མེད་པར་བཞེད་པ་སོགས་ཀྱང་སྣང་ངོ་། །དེ་ལྟ་བུའི་སྟོང་ཉིད་ཟབ་མོ་མཆོག་གི་དོན་དེར་གང་ཟག་གང་ལ་གུས་པ་མེད་པ་དེ་ནི་ཆེས་གསལ་བར་བློ་དང་ལྡན་པ་མིན་པས། མཁས་པ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་དོན་ལ་མཆོག་ཏུ་གུས་པར་རིགས་སོ། །

གཉིས་པ་ལ། སྟོང་ཉིད་སྟོབས་ཀྱིས་རྣམ་བྱང་འགྲུབ་ཚུལ་དང་། དེ་ལ་མོས་མེད་སྲིད་མཐར་འཇུག་ཚུལ་གཉིས། དང་པོ་ལ། སྟོང་ཉིད་ཡུལ་གྱི་གནས་ཚུལ་མཆོག་ཏུ་སྒྲུབ། དེ་ཡི་སྟོབས་ཀྱིས་འཁོར་འདས་འཇུག་ལྡོག་བསྟན། དེ་ལ་རྩོད་པ་སྤངས་ཏེ་གྲུབ་དོན་བསྡུ་བ་གསུམ།

དང་པོ་ནི། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཆེན་པོར་གནས་པས་ན་གཞི་ལྟ་བ་གཏན་ལ་འབེབས་པའི་དུས་སུ་ཡང་རང་བཞིན་སྟོང་པ་ཆེན་པོ་མཐའ་ཀུན་དང་བྲལ་བར་གནས་ཀྱི། དེ་ལྟར་མ་ཡིན་པར་ལམ་སྒོམ་པའི་གནས་སྐབས་སུ་ཆོས་ཐམས་ཅད་བདག་མེད་པར་སྒོམ་པའི་ལམ་འདིས་བདག་ནི་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གཞི་གཏན་ལ་འབེབས་པའི་དུས་སུ་གཟུགས་སོགས་སྟོང་ཉིད་མིན་པ་ལ། ལམ་སྒོམ་པས་ཉམས་སུ་ལེན་པའི་དུས་སུ་གཟུང་འཛིན་དབྱིངས་སུ་ནུབ་སྟེ་སྟོང་པ་ལྟར་མཐོང་བ་མིན་ཏེ། ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པའི་ལོག་ལྟས་མྱ་ངན་ལས་མི་འདའ་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཟླ་བའི་འགྲེལ་ཆེན་ལས། དངོས་པོ་རྣམས་གཞན་དུ་གནས་པ་ལས་རྣམ་པ་གཞན་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བའོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་མི་སྟོང་བཞིན་དུ་རང་བཞིན་དུ་སྟོང་ཞེས་མཐོང་ན་ནི་དེའི་ཚེ་ལོག་པར་ལྟ་བ་ཁོ་ན་ལས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཞིག་ན། ལོག་པར་ལྟ་བའི་གང་ཟག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པར་རྣམ་པར་འཇོག་པར་མི་མཛད་དེ། ཡང་དག་པའི་ལྟ་བ་སྔོན་དུ་བཏང་བ་ཁོ་ནས་མྱ་ངན་ལས་འདས་པ་ཇི་ལྟར་འཐོབ་པར་རྣམ་པར་འཇོག་པའི་ཕྱིར་རོ། །ཞེས་གསུངས་སོ། །

གཉིས་པ་ནི། དེ་ཉིད་ཀྱི་ཕྱིར་བདེ་བར་གཤེགས་པའི་གསུང་རབ་གང་ལས་བརྗོད་བྱའི་གཙོ་བོ་འཇིག་རྟེན་རང་དང་སྤྱིའི་མཚན་ཉིད་རྒྱ་ཆེར་བསྟན་ཅིང་འབྱུང་བ་དེ་ལས། རྒྱུ་མེད་པ་དང་། རྒྱུ་གཅིག་པ་དང་། མི་མཐུན་པའི་རྒྱུ་དགག་པའི་ཕྱིར། མ་རིག་པ་དང་འདུ་བྱེད་ལ་སོགས་པ་རྟེན་འབྲེལ་ལུགས་འབྱུང་གི་ཚུལ་དུ་འཁོར་བར་འཇུག་པ་ཡི་རིམ་པ་གསུངས་པ་སྟེ། ཚུལ་འདི་ལ་བརྟེན་ནས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་རྟོགས་པར་འགྱུར་ཞིང་། མདོ་སྡེ་གང་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་གྱིས་སྟོང་པའི་དོན་དམ་བརྗོད་བྱའི་གཙོ་བོར་བསྙད་ཅིང་འབྱུང་བ་དེ་ལས་ལུགས་ལས་ལྡོག་པ་གསུངས་པ་སྟེ། ཚུལ་འདི་ལ་བརྟེན་ནས་འགོག་པ་དང་ལམ་གྱི་བདེན་པ་རྟོགས་པར་འགྱུར་བའོ། །དེ་ལྟར་ན་གང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །གང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །གང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར། སྤྱིར་བདག་མེད་སྟོང་ཉིད་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་འཇུག་ལྡོག་འགྲུབ་པ་དང་། བྱེ་བྲག་གཞི་ཤེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་བཞག་གོ། ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བཞག་གོ། ཞེས་སོགས་དང་། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པའི་རྩ་འགྲེལ་དང་། འདིར་ཡང་། བར་དུ་བདག་ནི་བཟློག་པ་དང་། །ཕྱིས་ནས་ལྟ་བ་ཀུན་བཟློག་པ། །ཞེས་པའི་རྩ་འགྲེལ་རྣམས་ཀྱིས། བདག་མེད་ཀྱི་བྱེ་བྲག་གང་ཟག་བདེན་མེད་དུ་རྟོགས་པ་ལས་ཐེག་དམན་གི་མྱང་འདས་འགྲུབ་པ་དང་། ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་དུ་གསལ་རྒྱས་རྫོགས་པའི་ཚུལ་དུ་རྟོགས་པ་ལས་ཐེག་ཆེན་གྱི་མྱང་འདས་འགྲུབ་པའི་ཚུལ་ཏེ། མདོར་ན་བདག་མེད་སྟོང་ཉིད་སྤྱི་དང་བྱེ་བྲག་གི་ཚུལ་དུ་རྟོགས་པ་དང་མ་རྟོགས་པའི་དབང་ལས་འཁོར་འདས་འཇུག་ལྡོག་གི་ཚུལ་འགྲུབ་པར་གསུངས་སོ། །

གསུམ་པ་ནི། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་དེའི་ཚེ་ལམ་འབད་པ་དོན་མེད་པར་འགྱུར་རོ་ཞེ་ན། ཕྱི་དང་ནང་གི་ཆོས་ཀུན་ཡོད་པ་མ་ཡིན་ན་ལམ་སྒྲུབ་པས་ཅི་བྱ་ཞེས་ཁྱོད་ལ་འཇིགས་པ་སྐྱེ་བར་འགྱུར་གྲང་ན་ཡང་། གལ་ཏེ་བྱ་བ་དང་ལས་དང་བྱེད་པ་སོགས་རང་བཞིན་གྱིས་ཡོད་ན་ནི་ཆོས་ཟབ་མོ་སྟོང་པ་ཉིད་འདི་དེ་དག་ཟློག་བྱེད་ཀྱི་གཉེན་པོར་ཡང་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། རྒྱལ་ཚབ་མ་ཕམ་པས། གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་གསུངས་སོ། །དེ་བས་ན་སྟོང་པ་ཉིད་འདི་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཅེས་པའི་དོན་ལྟར་བསལ་གཞག་དང་བྲལ་བར་རྟོགས་དགོས་ཀྱི། དེ་ལྟར་མ་ཡིན་པར་ཚུར་མཐོང་གི་བློས་གཞལ་ཏེ། ཁྱོད་ལ་གལ་ཏེ་རང་གི་ཕྱོགས་ལ་དངོས་དངོས་མེད་སོགས་དམིགས་གཏད་ཀྱི་ཆགས་པ་ཡོད་ཅིང་དེ་དང་མི་མཐུན་པ་གཞན་གྱི་ཕྱོགས་ལ་མི་དགའ་ན་ནི། མྱ་ངན་ལས་འདས་པར་མི་འགྲོ་སྟེ། ཆགས་སྡང་གཉིས་ལ་སྤྱོད་པ་ནི་ཞི་བར་ཡོངས་སུ་མི་འགྱུར་རོ། །དེས་ན་ཆོས་ཉིད་ཟབ་མོ་དགག་སྒྲུབ་བསལ་བཞག་གི་བྱེད་རྩོལ་མེད་པའི་དོན་ཇི་བཞིན་རྟོགས་པས་མྱ་ངན་ལས་འདའ་བར་འགྱུར་ཞིང་། བླང་དོར་དམིགས་གཏད་ཀྱི་བྱེད་པས་ཡང་སྲིད་ཕྱི་མ་འགྲུབ་པར་འགྱུར་ཏེ། དེས་ན་མཐའ་བཞིའི་དམིགས་གཏད་ཀྱི་བསམ་ཁྲལ་མེད་པས་མྱ་ངན་ལས་འདས་པ་ཐོབ་པར་སླ་ལ། ཅིག་ཤོས་ནི་དེ་ལྟར་མིན་ནོ། །དེ་ཕྱིར་འགྲེལ་ཆེན་ལས། གང་གི་ཕྱིར་བྱ་བ་དེ་ལ་བྱེད་པ་ལོག་ཅིང་བསམ་ཁྲལ་མེད་པས་མྱ་ངན་ལས་འདས་པ་ཐོབ་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་སླ་ཡི། ཞེས་གསུངས་སོ། །

གཉིས་པ་དེ་ལ་མོས་མེད་སྲིད་མཐར་འཇུག་ཚུལ་ནི། གལ་ཏེ་བྱེད་པ་མེད་པས་མྱ་ངན་ལས་འདའ་བར་འགྱུར་ན། འོ་ན་ཁྱོད་ཀྱིས་གོང་དུ་མི་རྟག་སོགས་སྒོམ་པའི་བྱེད་པ་ཅིའི་ཕྱིར་སྟོན་པར་བྱེད་ཅེ་ན། དེ་ནི་དེ་ལྟར་སྒོམ་པའི་ཐབས་ཀྱིས་འཁོར་བ་ལ་ཡོངས་སུ་སྐྱོ་བར་འགྱུར་ཞིང་། དེ་ལས་ཐབས་བྱུང་དོན་དམ་དངོས་ལ་འཇུག་པར་འགྱུར་བའི་ཕྱིར་བསྟན་ཏེ། གལ་ཏེ་དེ་ལྟར་མིན་ན། གང་ལ་འཁོར་བ་འདིར་སྐྱོ་བ་ཡོད་པ་མིན་པ་དེ་ལ་དེ་ལས་ཐར་པའི་ཞི་བ་ལ་གུས་པ་ག་ལ་ཡོད་དེ། དཔེར་ན་རང་ཁྱིམ་ལ་སྙིང་པོ་ཆུང་ཡང་སྤང་དཀའ་བ་བཞིན་དུ་སྲིད་པ་ནི་འདི་ནས་ངེས་པར་འབྱུང་བའང་བྱ་བར་དཀའ་ཞིང་། ལ་ལ་ནི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་ཅིང་མེ་དང་ཆུར་འཇུག་པ་སོགས་འཆི་བར་འདོད་པ་དག་ཀྱང་སྣང་སྟེ། དེ་ལྟར་གྱུར་པ་དེའི་ཚེ་དེ་དག་རྣམས་ནི་བླང་དོར་ལ་རྨོངས་པའི་གཏི་མུག་གིས་ཟིལ་གྱིས་མནན་པའི་ཕྱིར་གོ་འཕང་དམ་པར་གུས་པས་མི་འགྲོ་བར་ཟད་དོ། །

གཉིས་པ་ལམ་རིམ་ལ། ཟབ་མོའི་དོན་ལ་འཇུག་པའི་ལམ་རིམ་དང་། ལམ་གྱི་རིམ་པ་ཉམས་པའི་ཉེས་དམིགས་བཤད། ཚུལ་དེས་མདོ་ཡི་དྲང་ངེས་ཆེ་བ་གསུམ། དང་པོ་ལ ། ལམ་མཆོག་ཟབ་མོའི་དོན་ལ་འཇུག་པར་གདམས། དེ་ལ་ཇི་ལྟར་འཇུག་པའི་ལམ་རིམ་བཤད། ལམ་ཟབ་མཆོག་གི་སྤངས་རྟོགས་རང་བཞིན་གསུམ། དང་པོ་ནི། དེ་ལ་བསོད་ནམས་བྱ་བའི་དངོས་པོ་གསུམ་ལས་བདེ་བར་གཤེགས་པས་སྦྱིན་པ་ནི་ཚུལ་ཁྲིམས་དང་སྒོམ་པའི་སྣོད་དུ་མ་གྱུར་པའི་དམན་པ་ལ་གསུངས་ཤིང་། འབྲིང་ལ་ཚུལ་ཁྲིམས་གསུངས་པ་སྟེ་སྦྱིན་པ་ལ་གནས་ཟིན་པ་དང་། སྒོམ་པ་ལ་འཇུག་མིན་ནུས་པས་དེ་གཉིས་མ་བསྟན་ཅིང་། སྔ་མ་གཉིས་ལ་གནས་ཟིན་པའི་གང་ཟག་མཆོག་རྣམས་ལ་ནི་རྣམ་རྟོག་ཉེ་བར་ཞི་བ་ཡི་ལམ་སྒོམ་པར་གསུངས་པར་གྱུར་པ་དེས་ན་རྟག་ཏུ་མཆོག་ཏུ་བྱོས་ཤིག་ཅེས་སྒོམ་པ་ལ་འཇུག་པར་གདམས་སོ། །

གཉིས་པ་ནི། དེ་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་པ་གསུམ་དུ་ཡོད་པ་ལས། ཆེས་ཐོག་མར་བསོད་ནམས་མིན་པ་མི་དགེ་བ་ནི་དང་པོར་བཟློག་པའི་སྒོ་ནས་སྐྱེས་བུ་ཆུང་ངུའི་ལམ་ལ་འཇུག་པ་དང་། བར་དུ་ཕུང་པོ་འཇིག་པའི་ཚོགས་ཅན་ལ་བདག་ཏུ་འཛིན་པ་ནི་བཟློག་པའི་སྒོ་ནས་སྐྱེས་བུ་འབྲིང་གི་ལམ་ལ་འཇུག་པ་དང་། ཕྱི་ནས་ལྟ་བའི་སྤྲོས་པ་ཀུན་བཟློག་པ་ཆོས་ཀྱི་བདག་མེད་རྟོགས་པའི་སྒོ་ནས་སྐྱེས་བུ་ཆེན་པོའི་ལམ་ལ་འཇུག་པའི་ཚུལ་གང་གིས་ཤེས་པའི་སྐྱེས་བུ་དེ་ནི་མཁས་པ་ཡིན་ནོ། །དེ་ལྟར་ན་ལམ་འདི་འཇུག་པའི་རིམ་པ་ལ་དམན་ལམ་སྔོན་དུ་སོང་བའི་སྒོ་ནས་འཇུག་པའི་རིམ་པ་དང་། དམན་ལམ་སྔོན་དུ་མ་སོང་བ་ལ་ཡང་། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་གསུངས་པ་ལྟར། དབང་པོའི་རིམ་པས་ཚོགས་སྦྱོར་དུ་རྟོགས་རིགས་གཉིས་ལ་འཇུག་ཚུལ་གྱི་རིམ་པ་དུ་མ་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་རྒྱ་ཆེར་བསྟན་པ་ལྟར་རྟོགས་པར་བྱའོ། །

གསུམ་པ་ལ། རྟོགས་པ་ཆོས་ཀྱི་བདག་མེད་རྫོགས་ཚུལ་དང་། སྤང་བ་ཤེས་བྱའི་སྒྲིབ་པ་སྤོང་ཚུལ་གཉིས། དང་པོ་ནི། གལ་ཏེ་ཆོས་གཅིག་ཀྱང་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་སྡུག་བསྔལ་མཐར་བྱེད་པར་ཡང་མི་སྲིད་པར་གསུངས་ན། ཆོས་གཅིག་སྟོང་ཉིད་དུ་རྟོགས་ན་ཆོས་ཐམས་ཅད་སྟོང་པར་རྟོགས་ནུས་སམ་ཅི། དེ་ལྟར་རྟོགས་མི་ནུས་ན་ཤེས་བྱའི་གྲངས་སྙེད་ཀྱི་རིམ་པ་བཞིན་སྟོང་པར་མཐོང་དགོས་ན་སྡུག་བསྔལ་མཐར་བྱེད་པ་དཀའ་བར་གནས་སོ་སྙམ་ན། དེ་ལ་རྣམ་གྲངས་པའི་དོན་དམ་གྱི་དབང་དུ་ན། ཆོས་ཅན་བུམ་པ་མ་སྐྱེས་གོང་དུ་དེའི་སྟེང་གི་སྟོང་ཉིད་མེད་པ་དང་། བུམ་པ་གསར་དུ་གྲུབ་པའི་ཚེ་སྟོང་ཉིད་གསར་དུ་གྲུབ་པ་ལྟར་འཇོག་པ་ལས་འོས་མེད་ཅིང་། དེ་བཞིན་དུ་རྣམ་གྲངས་པའི་ཚད་མས་ཆོས་གཅིག་སྟོང་པར་ངེས་པ་ཙམ་གྱིས་ཆོས་ཐམས་ཅད་སྟོང་པར་ངེས་མི་ནུས་ཏེ། དཔེར་ན་ཚུར་མཐོང་ཚད་མས་འདུས་བྱས་ཀྱི་ཆོས་གློག་སོགས་འགའ་ཞིག་མི་རྟག་པར་ངེས་ཀྱང་། སྒྲ་སོགས་འགའ་ཞིག་མི་རྟག་པར་ངེས་མི་ནུས་པ་བཞིན་ནོ། །རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་དབང་དུ་ན། ཆོས་ཅན་ཀུན་རྫོབ་དང་ཆོས་ཉིད་དོན་དམ་གཉིས་རིས་སུ་མ་ཆད་པར་དབྱེར་མེད་རོ་མཉམ་ཆེན་པོར་གྱུར་པའི་གནད་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་སོགས་དང་། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །སོགས་ཀྱིས་བསྟན་པ་ལྟར། ཡུལ་ཅན་ཚད་མའི་སྒོ་ནས་ཀྱང་གཟུགས་སོགས་དངོས་པོ་གཅིག་གི་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་པོ་གང་ཡིན་པ་དེ་ནི་ཤེས་བྱ་ཀུན་གྱི་རང་བཞིན་ལ་ལྟ་བ་པོར་བཤད་དེ་ཡུལ་ཅན་འཕགས་པའི་ཡེ་ཤེས་ཞེས་བྱ་ལ། དེ་བཞིན་དུ་ཡུལ་གྱི་ངོས་ནས་ཀྱང་། ཕུང་པོ་གཅིག་དང་། སྐྱེ་མཆེད་གཅིག་དང་། ཁམས་གཅིག་གི་སྟོང་ཉིད་གང་ཡིན་པ་དེ་ནི་ཤེས་བྱ་ཀུན་གྱི་སྟོང་པ་ཉིད་ཡིན་ཏེ། འཇུག་པ་ལས། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །ཞེས་སོགས་ཐེག་པ་ཆེན་པོའི་བཀའ་དགོངས་འགྲེལ་དང་བཅས་པ་ལས་རྒྱ་ཆེར་འབྱུང་བ་ལྟར། མཉམ་གཞག་སྣང་བ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐའ་བྲལ་སྟོང་ཆེན་པོར་ཡོངས་སུ་གཟིགས་པའོ། །

གཉིས་པ་ནི། གལ་ཏེ་ཆོས་ཐམས་ཅད་སྟོང་པའི་ཕྱིར་ཆགས་མཐའ་ཕྲ་རགས་ཐམས་ཅད་སྤང་བར་བྱ་ན། འོ་ན་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཀྱི་ཚོགས་ལ་བསྔགས་པ་ཇི་ལྟར་གསུངས་སྙམ་ན། དེ་ལྟར་ཆོས་ལ་ཆགས་པ་དེ་ནི་རེ་ཞིག་དེ་བཞིན་གཤེགས་པ་རྣམས་ཀྱིས་མཐོ་རིས་ཐོབ་པར་འདོད་པ་རྣམས་ལ་གསུངས་ཏེ། ཇི་སྐད་དུ། བསོད་ནམས་དག་ནི་བྱ་འོས་ཏེ། །བསོད་ནམས་མ་བྱས་ཉིད་སྡུག་བསྔལ། །བསོད་ནམས་བྱས་པའི་འཇིག་རྟེན་ནི། །འདི་དང་གཞན་དུ་དགའ་འགྱུར་རོ། །ཞེས་སོགས་གསུངས་པ་ལྟར་རོ། །འོན་ཀྱང་ཐར་པ་མཆོག་གི་གོ་འཕང་ཐོབ་པར་འདོད་པ་རྣམས་ལ་ནི་ཆོས་ལ་ཆགས་པ་དེ་ཉིད་ཀྱང་སྨད་པར་གྱུར་ན་གཞན་དུ་བསོད་ནམས་མ་ཡིན་པ་རྣམས་སྨོས་ཅི་དགོས། དེ་བས་ན་སྡུད་པ་ལས། གལ་ཏེ་མཚན་མར་སྤྱོད་ན་བྱང་ཆུབ་བསྔོ་མ་ཡིན། །སོགས་དང་། རྒྱན་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །སྦྱིན་སོགས་བྱང་ཆུབ་མཆོག་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །སོགས་དང་། འཇུག་པ་ལས། གལ་ཏེ་དེ་ནི་ཁྲིམས་དག་རང་བཞིན་ལྟ། །དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། །དེ་ཕྱིར་དེ་ནི་རྟག་ཏུ་གསུམ་ཆར་ལའང་། །གཉིས་བློའི་རྒྱུ་བ་ཡང་དག་བྲལ་བར་འགྱུར། །ཞེས་སོགས་ཀྱིས་བསྟན་པ་ལྟར། ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་གྱི་ཤེས་བྱའི་སྒྲིབ་པ་ཕྲ་རགས་ཐམས་ཅད་སྤོང་དགོས་ཏེ། དེས་ན། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་གསུངས་པ་ལྟར། འཁོར་གསུམ་བདེན་པར་འཛིན་པ་ནས་གཉིས་སྣང་ཕྲ་བའི་བག་ཆགས་དང་བཅས་པའི་བར་གྱི་སྒྲིབ་པ་ཕྲ་རགས་ཐམས་ཅད་སྤོང་བར་བསྟན་ཏོ། །

གཉིས་པ་ནི། ལམ་གྱི་རིམ་པ་དེ་ལྟར་མ་ཡིན་པར་གང་དག་བསོད་ནམས་ལ་སྦྱོར་བར་འདོད་པས། བརྗོད་བྱ་ཤིན་ཏུ་ཟབ་པའི་སྟོང་པ་ཉིད་དེ་ནི་མ་བརྟགས་པར་དུས་མ་ཡིན་པ་ཀུན་གྱི་ཚེ་བརྗོད་པར་བྱ་བ་ཡང་མིན་ཏེ། ནད་ཀྱི་མཚན་ཉིད་མ་ཤེས་པར་གནས་མིན་པའི་ནད་པ་དེ་ལ་གནས་ལ་སྦྱར་བའི་སྨན་བྱིན་ཀྱང་དུག་ཏུ་འགྱུར་བ་མ་ཡིན་ནམ་ཅི། དཔེ་ཇི་ལྟར་ན་ཀླ་ཀློ་རྣམས་རང་གི་སྐད་ཁོ་ན་མ་གཏོགས་སྐད་གཞན་གྱིས་རྗེས་སུ་གཟུང་བར་མི་ནུས་པ་དེ་བཞིན་དུ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པ་ལྟར། ཆེས་ཐོག་མར་སྐྱེས་བུ་ཆུང་ངུའི་ལམ་ལ་འགོད་པ་སོགས་ཐ་སྙད་འཇིག་རྟེན་པ་ཡི་ཐབས་ལ་བརྟེན་པ་མ་གཏོགས་པ། དམ་པའི་དོན་གྱི་བདེན་པ་བསྟན་ན་འཇིག་རྟེན་དེ་དག་རྗེས་སུ་བཟུང་བར་ནུས་པ་མ་ཡིན་པ་དེའི་ཕྱིར། ཇི་སྐད་དུ། དྲི་བྲལ་གོས་ལ་ཚོན་བཞིན་དུ། །དང་པོ་སྦྱིན་སོགས་གཏམ་རྣམས་ཀྱིས། །སེམས་ལ་ལེགས་པ་ཉིད་བསྐྱེད་དེ། །དེ་ནས་ཆོས་ནི་བསྒོམ་པར་མཛོད། །ཅེས་གསུངས་སོ། །

གསུམ་པ་མདོ་ཡི་དྲང་ངེས་ཀྱི་ཆེ་བ་བསྟན་པ་ནི། དེ་བས་ན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་རྣམས་རྗེས་སུ་བཟུང་བའི་ཐབས་སུ། ཐོག་མར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་ཏེ། མེད་པར་ལྟ་བའི་གཉེན་པོར་ཆོས་ཐམས་ཅད་ཡོད་པ་ཉིད་དུ་གསུངས་པ་དང་། བར་དུ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་ཏེ། དངོས་པོར་ཞེན་པ་སྤང་བའི་ཕྱིར་དུ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མེད་པ་སྟོང་པ་ཉིད་དུ་བསྟན་པ་དང་། མཐར་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཏེ་ཐེག་ཆེན་སེམས་ཙམ་གྱི་རིགས་ཅན་རྣམས་ལ་གཉིས་ཀར་ལྟ་བ་སྤང་བའི་ཕྱིར་དུ་གཞན་དབང་ཡོད་པ་དང་ཀུན་བཏགས་མེད་པར་བསྟན་པ་དང་། ཐེག་མཆོག་དབུ་མའི་རིགས་ཅན་རྣམས་ལ་སྤྲོས་པ་མཐའ་དག་སྤང་བའི་ཕྱིར་དུ་ཡོད་མེད་གཉིས་ཀ་མིན་ནོ་ཞེས་ཀྱང་བསྟན་ཏེ། དེ་ལྟར་དྲང་ངེས་སྣ་ཚོགས་པའི་ཚུལ་དུ་ཇི་སྐད་བསྟན་པ་རྣམས་ཀྱང་གདུལ་བྱ་རྗེས་སུ་འཛིན་པའི་ཐབས་སུ་འགྱུར་བ་ཁོ་ན་སྟེ། དཔེར་ན་ནད་ཀྱི་དབང་གིས་རྫས་ཐམས་ཅད་ཀྱང་སྨན་ཞེས་བྱ་བར་འགྱུར་བ་མིན་ནམ་ཅི་ཞེས་གསུངས་སོ། །སྐབས་འདིའི་དྲང་ངེས་ཀྱི་རྣམ་པར་གཞག་པ་ཅུང་ཟད་གཞན་དུ་བཤད་ཟིན་ཏོ། །

གསུམ་པ་དེ་ལྟར་ཡོངས་སུ་ཞུགས་པའི་གྲུབ་འབྲས་བསྟན་པ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ་ནི། དེ་ལྟར་ལམ་གྱི་རིམ་པ་ལ་ཚུལ་བཞིན་ཞུགས་ནས་མཐར་ཐུག་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཡང་དག་པར་མཐོང་ན་འབྲས་བུ་མཐར་ཐུག་ཕན་བདེ་ཐམས་ཅད་འབྱུང་བའི་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་ཐོབ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཅུང་ཟད་མཐོང་ན་རྒྱུ་འབྲས་ལ་ཡིད་ཆེས་པའི་སྒོ་ནས་བསོད་ནམས་ཉེ་བར་བསགས་ཏེ་ལྷ་མིའི་འགྲོ་བ་བཟང་པོར་འགྲོ་སྟེ། དེ་ཉིད་ཀྱི་ཕྱིར་ནང་གི་བདག་ཉིད་གནས་ལུགས་སྟོང་པ་ཉིད་བསམ་པ་ལ་མཁས་པས་རྟག་ཏུ་བློ་གྲོས་ཀྱིས་འབད་པ་བསྐྱེད་པར་བྱ་སྟེ། ཟླ་བའི་འགྲེལ་ཆེན་ལས། གང་གི་ཕྱིར་ཡེ་ཤེས་མཐོང་བ་རྫོགས་པ་ཡོད་ན་མྱ་ངན་ལས་འདས་པ་ཐོབ་ལ། མ་རྫོགས་ན་བཟང་འགྲོ་ཡིན་པའི་ཕྱིར་མཁས་པས་རྟག་ཏུ་ནང་གི་བདག་ཉིད་བསམ་པ་ལ་བློ་སྦྱང་དགོས་སོ། །ཞེས་གསུངས་སོ། །

གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས།

དང་པོ། འོ་ན་ཚེ་འདིར་དེ་ཁོ་ན་ཉིད་ཤེས་པས་མྱ་ངན་ལས་འདས་པ་མ་ཐོབ་ན་ཅིར་འགྱུར་སྙམ་ན། དེ་ཁོ་ན་ཉིད་ཤེས་པས་གལ་ཏེ་ཚེ་འདིར་མྱ་ངན་ལས་འདས་པ་མ་ཐོབ་ཏུ་ཟིན་ཀྱང་སྐྱེ་བ་ཕྱི་མ་རྣམས་སུ་འབད་པ་མེད་པར་ངེས་པར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དཔེར་ན་ཟག་བཅས་ཀྱི་ལས་འགའ་ཞིག་ཚེ་འདིར་མ་སྨིན་ཀྱང་ལན་གྲངས་གཞན་ལ་མྱོང་ངེས་སུ་འགྱུར་བ་བཞིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་རྫོགས་པར་རྟོགས་པ་རྣམས་མཐར་ཐུག་གི་མྱང་འདས་ཐོབ་པ་སྨོས་ཅི་དགོས། གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ཙམ་རྟོགས་པས་ཀྱང་ནམ་ཞིག་ཐེག་དམན་གྱི་མྱང་འདས་ཐོབ་ངེས་པ་ནི། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སྟོན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་འགྲེལ་ཆེན་དུ་ལུང་དང་བཅས་ཏེ་གསུངས་སོ། །གཞན་དག་ནི་མིག་གིས་མཐོང་བ་ཙམ་དུ་ཟད་དོ། །

གཉིས་པ་ནི། དེ་ཁོ་ན་ཉིད་ཤེས་པས་ཚེ་འདིར་གྲོལ་བའི་ངེས་པ་མི་སྣང་བ་ཅི་ལྟར་སྙམ་ན། དེ་ནི་དཔེར་ན་འཇིག་རྟེན་འདི་ནའང་གང་ཞིག་བསམ་བཞིན་པ་ཉིད་ནའང་གང་འདོད་པའི་བྱ་བ་ནི་ཀུན་ལ་འབྲས་བུ་གྲུབ་པ་ཤིན་ཏུ་དཀོན་ན། མྱ་ངན་ལས་འདའ་བ་སྒྲུབ་དཀའ་བ་སྨོས་ཅི་དགོས། འཇིག་རྟེན་འདི་ནའང་མྱ་ངན་ལས་འདས་པ་ཐོབ་པ་མེད་པ་ནི་མིན་གྱི། འོན་ཀྱང་ཕྱི་ནང་གི་ཡོངས་སུ་འཛིན་པའི་སྦྱོར་བ་དག་རྙེད་པར་དཀའ་བ་དང་། དེ་བཞིན་དུ་གྲོལ་བ་རྣམས་ཀྱང་རྙེད་པར་དཀའ་འོ། །

གསུམ་པ་དེ་ལྟར་བསྟན་པའི་དོན་བསྡུ་བ་ནི། གོང་དུ་ཇི་སྐད་བསྟན་པའི་ཚུལ་གྱིས་ལུས་ལ་ཡོན་ཏན་མེད་པའི་ཚུལ་རྣམས་ཐོས་ནས་སྤང་བྱ་ཉོན་མོངས་པའི་སྐྱོན་གྱི་མཚན་ཉིད་ལ་མཁས་པ་རྣམས་ལ། འདོད་ཆགས་ཀྱིས་མཚོན་པའི་ཉོན་མོངས་པ་ཡུན་རིང་དུ་མི་གནས་ཏེ། དེ་དག་ཇི་ལྟར་སྤོང་པའི་ཐབས་གཉེན་པོ་སྒོམ་པའི་ལམ་གྱི་རིམ་པ་དེ་ཉིད་ཀྱིས་ཉོན་མོངས་ཐམས་ཅད་ཀྱང་ཡོངས་ཟད་པར་འགྱུར་བ་མ་ཡིན་ནམ། རྒྱུ་མཚན་དེའི་ཕྱིར་ཇི་ལྟར་ན་ས་བོན་མེས་ཚིག་པ་ན་མཐའ་ཡོངས་སུ་མཐོང་ཞིང་དེ་ལ་ཐོག་མ་ཡོད་པ་མིན་པ་ལྟར། དེ་བཞིན་དུ་གཉེན་པོ་ཡེ་ཤེས་ཀྱི་མེས་སྤང་བྱའི་ས་བོན་བསྲེགས་པ་ན་འབྲས་བུ་འཁོར་བར་འཇུག་པའི་རྒྱུ་ནི་མ་ཚང་བའི་ཕྱིར་སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་བར་འཇུག་པའི་རྒྱུ་ཡོངས་སུ་སྤངས་ཀྱང་། ཀླུ་སྒྲུབ་ཀྱིས། འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་གསུངས་པ་ལྟར། འགྲེལ་ཆེན་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་དབང་གིས་སྐྱེ་བའོ། །ཞེས་གསུངས་སོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་མ་ཡོངས་སུ་སྦྱོང་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའི་འགྲེལ་པའོ།། །།

ག༩ རབ་བྱེད་དགུ་པ་དངོས་པོ་རྟག་པ་དགག་པ་སྒོམ་པ་བསྟན་པ།

གཉིས་པ་ཐབས་བྱུང་དོན་དམ་པའི་དེ་ཁོ་ན་ཉིད་སྒོམ་པའི་རྣལ་འབྱོར་ལ། ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྤྱིར་བསྟན་པ་དང་། བདག་མེད་སྟོང་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཕྱེས་ཏེ་བསྟན་པ། དེ་ཡི་གནད་དོན་བསྡུས་ཏེ་གཏན་ལ་དབབ་པའི་ཚུལ་དང་གསུམ། དང་པོ་ལ། མདོར་བསྟན་པ་དང་། དེ་ཇི་ལྟར་སྒྲུབ་ཚུལ་རྒྱས་པར་བཤད་པ། དེ་ལྟར་ཡོངས་སུ་བསྟན་པའི་གནད་དོན་བསྡུ་བ་གསུམ། དང་པོ་ནི། དེ་ལྟར་ཐབས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་རྒྱ་ཆེར་བསྟན་ན། ཐབས་བྱུང་དོན་དམ་པའི་དེ་ཁོ་ན་ཉིད་ཇི་ལྟར་སྙམ་ན། དེའི་ཚུལ་བསྟན་པ། ཐ་སྙད་རྟེན་འབྱུང་གི་ཆོས་རྒྱུ་དང་རྐྱེན་གྱི་ཚོགས་པ་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བ་དེས་ན་རྟག་པ་ཞེས་བྱ་བ་འགའ་ཡང་ཡོད་པ་མིན་ནོ། །དེའི་ཕྱིར་ཐུབ་པ་མ་གཏོགས་ཇི་ལྟ་བའི་དངོས་པོ་དེ་བཞིན་དུ་གཤེགས་ཤིང་རྗེས་སུ་སྟོན་པ་གཞན་ཡོད་པ་མ་ཡིན་ནོ། །འདིར་འགྲེལ་ཆེན་ལས། རྟག་པའི་སྒྲ་ནི་རང་མཚན་དང་། བདེན་པ་དང་། སྙིང་པོ་དང་། དངོས་པོ་དང་། རྫས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་ལ། དེ་མེད་པའི་ཕྱིར་འདུས་བྱས་དང་། རང་མཚན་མེད་པ་དང་། མི་བདེན་པ་དང་། སྙིང་པོ་མེད་པ་དང་། དངོས་པོ་མ་ཡིན་པ་དང་། རྫས་མ་ཡིན་པ་དང་། བསླུ་བའི་བདག་ཉིད་ཅན་དང་། བྱིས་པ་འདྲིད་པ་ཡིན་ནོ་ཞེས་བྱ་བར་བཏགས་སོ། །ཞེས་གསུངས་སོ། །དེས་ན་ཇི་སྐད་དུ། ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས། །དེ་ནི་བདག་མེད་ལྟ་རྟེན་ཡིན། །ཞེས་གསུངས་པ་ལྟར། ཐ་སྙད་རྟེན་འབྱུང་གི་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཆོས་མི་རྟག་པ་བཅོས་མ་གཟུགས་བརྙན་ལྟར་སྣང་བ་ཉིད་ཀྱིས་ན། རང་བཞིན་སྟོང་པའི་དེ་ཁོ་ན་ཉིད་དུ་རྟོགས་པར་འགྱུར་བའི་དོན་དུ་འཆད་པར་སྣང་ངོ་། །དེ་ཉིད་ཀྱི་ཕྱིར། འདས་དང་མ་འོངས་ད་ལྟར་བྱུང་། ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད། །ཇི་ལྟར་དེ་བཞིན་གཟིགས་དེས་ན། །དེ་ལ་དེ་བཞིན་གཤེགས་པར་བརྗོད། །ཅེས་གསུངས་སོ། །ཡང་ན། བཅོམ་ལྡན་འདས་ཀྱིས། གང་ཀུན་འབྱུང་བའི་ཆོས་ཅན་དེ་ནི། གདོན་མི་ཟ་བར་འགག་པའི་ཆོས་ཅན་ཏེ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པ་ལྟར། གང་སྐྱེ་བའི་ཆོས་ཐམས་འབྲས་བུ་འཇིག་པའི་དོན་དུ་སྐྱེ་བ་དེས་ན་རྟག་པ་ཡོད་པ་མིན་པའི་ཆོས་ཅན་རྟེན་འབྱུང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་ན། དེ་ཐུགས་སུ་ཆུད་ནས་གཞན་ལ་སྟོན་པར་མཛད་པ་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཞེས་དང་། ཡང་རྣམ་པ་གཅིག་ཏུ་ན། ཕྱི་དང་ནང་གི་དངོས་པོ་ཡུལ་དང་དུས་དང་ལུས་ཀྱི་གནས་སྐབས་ཀྱི་ཚོགས་པ་ཐམས་ཅད་མྱོང་འགྱུར་གྱི་ལས་ཀྱི་འབྲས་བུ་ཚོར་བ་གསུམ་མྱོང་བའི་དོན་དུ་སྐྱེ་བ་དེའི་ཕྱིར། དེ་ལྟ་བུའི་གནས་ལུགས་ཡང་དག་པར་སྟོན་པ། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཞེས་དང་། ཡང་རྣམ་པ་གཞན་དུ་ན། རང་བཞིན་ལྡོག་པ་མེད་པའི་རྟག་པ་མ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པའི་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པ་གཞན་གྱི་ཚིག་གིས་མ་བསྟན་པ་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཞེས་འཆད་ཚུལ་བཞིའི་སྒོ་ནས་འགྲེལ་ཆེན་ལས་འཆད་པར་མཛད་དོ། །

གཉིས་པ་ལ། རྟག་པའི་ཆོས་རྣམས་སྤྱིར་དགག་པ་དང་། དེའི་བྱེ་བྲག་སོ་སོར་དགག་པ་གཉིས།

དང་པོ་ནི། ཆོས་གང་ཞིག་འབྲས་བུའི་དོན་དུ་སྐྱེས་པ་དེ་ནི་རྟག་པ་མ་ཡིན་མོད་ཀྱི། ཆོས་གང་དག་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱི་ཡན་ལག་གཉིས་ཀ་མ་ཚང་བ་ནམ་མཁའ་སོགས་ཡིད་ཀྱི་མུར་ཐུག་པ་དག་དང་། བསྐྱེད་བྱ་འབྲས་བུའི་ཡན་ལག་མ་ཚང་བ་ས་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱི་ཡོད་པ་ཉིད་དང་རྟག་པ་ཉིད་ཐུགས་སུ་མ་ཆུད་པས། བདེ་བར་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་སྙམ་པ་ལ་བཤད་པ། དངོས་པོ་གང་ཞིག་ཡུལ་གང་ན་དུས་ནམ་དུ་ཡང་རང་གི་རྒྱུ་རྐྱེན་ལ་མ་བརྟེན་པར་ནི་ཡོད་པ་ཉིད་མེད་པས་ཁྱབ་པ་དེས་ན་དུས་ནམ་དུ་ཡང་ཡུལ་གང་ཞིག་ཏུའང་། ནམ་མཁའ་ལ་སོགས་པ་རྟག་པའི་རྫས་འགའ་ཡང་ཡོད་པ་མ་ཡིན་པར་གྲུབ་བོ། །འདི་ངག་སྦྱོར་ཡན་ལག་གཉིས་པ་རྗེས་ཁྱབ་སྔོན་འགྲོ་ཅན་ཏེ། གང་རྒྱུ་རྐྱེན་ལ་མ་ལྟོས་པའི་ཆོས་དེ་མེད་པས་ཁྱབ། དཔེར་ན་རི་རྭ་བཞིན། ནམ་མཁའ་སོགས་ཀྱང་རྒྱུ་རྐྱེན་ལ་མ་བརྟེན་པས་སོ། །ཞེས་གསུངས་པའོ། །

གཉིས་པ་ལ། བདག་རྟག་པའི་རང་བཞིན་དགག་པ་དང་། ཆོས་རྟག་པའི་རང་བཞིན་དགག་པ་གཉིས། དང་པོ་ནི། རེ་ཞིག་བྱེ་བྲག་པ་སོགས་ཁ་ཅིག །བདེ་བ་ལ་སོགས་པ་རྣམས་ནི་ཡོད་ལ། བདག་ནི་དེ་རྣམས་ཀྱི་འདུ་བ་ཅན་གྱི་རྒྱུ་ཡིན་པ་དེས་ན་འབྲས་བུ་དམིགས་པའི་ཕྱིར་བདག་ཡོད་ཅིང་། དེ་ཡང་རྒྱུ་དང་མི་ལྡན་པས་རྟག་པའོ་ཞེ་ན། རྒྱུ་མེད་པར་ནི་འདོད་ན་འོ་ན་བདག་རྟག་པ་དེ་དངོས་པ་མེད་པར་གྲུབ་སྟེ། རི་བོང་གི་རྭ་བཞིན་ནོ། །བདག་དེ་རྒྱུ་དང་ལྡན་པའོ་ཞེ་ནའང་། རྒྱུ་དང་ལྡན་ན་ནི་བདག་དེ་རྟག་པ་ཉིད་དུ་ཡོད་པ་མིན་པ་ཉིད་དུ་གྲུབ་སྟེ། རྒྱུ་ལས་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། དེས་ན་རྒྱུ་མེད་པ་ལས་གྲུབ་པའི་ཆོས་ནི་གང་ཡང་དངོས་པོའི་དེ་ཉིད་གཟིགས་པ་ཐམས་ཅད་མཁྱེན་པས་གྲུབ་པ་མིན་པར་གསུངས་ཏེ། མདོ་ལས། མཁས་པ་རྟེན་འབྱུང་ཆོས་ལ་ལྷག་མོས་ཤིང་། །མཐར་ལྟ་བ་ལ་བརྟེན་པར་བྱེད་པའང་མིན། །རྒྱུར་བཅས་རྐྱེན་བཅས་ཆོས་ནི་ཤེས་གྱུར་ཏེ། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། །ཞེས་གསུངས་སོ། །ཁོ་ན་རེ། བུམ་པ་སོགས་བྱས་པའི་དོན་ལ་མི་རྟག་པས་ཁྱབ་ན། འོན་ན་དོན་གྱིས་གོ་བས་བདག་ལ་སོགས་པ་མ་བྱས་པའི་ཆོས་རྟག་པ་ཉིད་དུ་འགྱུར་རོ་སྙམ་ན། །མི་རྟག་པ་ཐམས་ཅད་རྒྱུ་རྐྱེན་གྱིས་བྱས་པར་མཐོང་བར་གྱུར་ནས་དེའི་ལྡོག་ཕྱོགས་རྒྱུ་རྐྱེན་གྱིས་མ་བྱས་པར། གལ་ཏེ་རྟག་པར་ཁས་ལེན་ན་ནི་འོ་ན་རྒྱུ་མཚན་མཚུངས་པའི་ཕྱིར། བྱས་པ་ལ་ཡོད་པ་ཉིད་མཐོང་ནས། དེའི་ལྡོག་ཕྱོགས་མ་བྱས་པའི་རྟག་པ་དེ་ནི་ཡོད་པ་ཉིད་མིན་པར་འགྱུར་རོ། །

གཉིས་པ་ལ། མཁའ་སོགས་རྟག་པའི་ཆོས་དགག་པ་དང་། དུས་རྟག་པའི་རྫས་དགག་པ། རྡུལ་ཕྲན་རྟག་པའི་དངོས་པོ་དགག་པ། ཐར་པ་རྟག་པའི་རང་བཞིན་དགག་པ་དང་བཞི།

དང་པོ་ནི། རང་སྡེ་བྱེ་བྲག་སྨྲ་བ་སོགས་ཀྱིས། ནམ་མཁའ་དང་འགོག་པ་གཉིས་ཏེ་འདུས་མ་བྱས་པའི་ཆོས་གསུམ་ཆོས་མངོན་པ་ལས་འབྱུང་བའི་ཕྱིར། དེ་དག་རྟག་ཅིང་བརྟན་པའི་རྫས་ཡིན་ནོ་ཞེ་ན། ནམ་མཁའ་ལ་སོགས་པ་རྟག་གོ་ཞེས་སོ་སོའི་སྐྱེ་བོ་དག་གིས་ཐོགས་རེག་མེད་པ་ཙམ་ལ་ནམ་མཁར་རྟོག་པར་ཟད་ཀྱི། ཚད་མས་གྲུབ་པ་ནི་མ་ཡིན་ཏེ། མཁས་པ་རྣམས་ཀྱིས་དེ་དག་ལ་བརྟགས་ན་དོན་དཔྱོད་ཚད་མའི་ངོར་མི་གྲུབ་པ་ལྟ་ཅི། འཇིག་རྟེན་ཐ་སྙད་པའི་ཚད་མས་ཀྱང་དོན་ལ་ཡོད་པར་མ་མཐོང་སྟེ། མངོན་རྗེས་ཀྱི་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་ཏེ། དེ་ལ་ནམ་མཁའ་གཟུགས་ཅན་གྱི་དངོས་པོ་མིན་པའི་ཕྱིར། དབང་མངོན་གྱིས་མི་འགྲུབ་ཅིང་དེའི་སྟོབས་ཀྱིས་ཡིད་མངོན་ཀྱང་མི་འཇུག་པ་དང་། ནམ་མཁའ་ཤེས་པའི་ཆོས་མ་ཡིན་པས་རང་རིག་མངོན་སུམ་གྱིས་ཀྱང་མི་འགྲུབ་ཅིང་། དེ་དོན་དམ་པ་མིན་པའི་ཕྱིར་རྣལ་མངོན་གྱིས་ཀྱང་མི་འགྲུབ་པས་མངོན་སུམ་གྱིས་མི་འགྲུབ་ཅིང་། ནམ་མཁའ་ལ་རང་མཚན་མེད་པས་རང་བཞིན་གྱི་རྟགས་དང་། དེ་ལ་འབྲས་བུའི་ཆོས་མེད་པས་འབྲས་རྟགས་ཀྱིས་ཀྱང་མི་འགྲུབ་པའི་ཕྱིར། རྗེས་དཔག་གིས་མི་འགྲུབ་པས་ཐ་སྙད་དུ་ཡང་ནམ་མཁའ་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་ཅི་ཡང་མེད་དོ། །ཁོ་ན་རེ། ནམ་མཁའ་ནི་རྟག་པའི་རྫས་ཁོ་ན་སྟེ། ཁྱབ་པ་ཉིད་ཀྱི་ཕྱིར། གང་མི་རྟག་པ་ལ་ཁྱབ་པ་མེད་དེ་བུམ་པ་བཞིན་ནོ་ཞེ་ན། གཞན་ལ་གྲགས་པའི་རྗེས་དཔག་གི་སྒོ་ནས། ནམ་མཁའི་སྒྲུབ་བྱེད་ཁྱབ་པ་མ་གྲུབ་པར་བཀག་སྟེ་བསྒྲུབ་བྱ་རྟག་པ་ཉིད་་ཀྱང་བསལ་བར་བཞེད་ནས་བཤད་པ། ཕྱོགས་ཞེས་བྱ་བ་ཁྱབ་བྱ་ཤར་ཕྱོགས་ཀྱི་བུམ་པ་ལྟ་བུ་ནི། ཕྱོགས་ཅན་ཞེས་བྱ་བ་ཁྱབ་བྱེད་ཀྱི་ནམ་མཁའ་ནི་ཕྱོགས་ཀུན་ལ་གནས་པ་མ་ཡིན་ཏེ། གལ་ཏེ་གནས་ན་བུམ་པ་ཡང་ཐམས་ཅད་ན་ཡོད་དགོས་པ་ལས། དེ་ལྟར་མ་དམིགས་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཕྱོགས་ཅན་ནམ་མཁའ་ལ་ཤར་ཕྱོགས་ཀྱི་བུམ་པ་ལ་ཁྱབ་པའི་ཆ་ནུབ་ཕྱོགས་ཀྱི་བུམ་པ་ལ་མ་ཁྱབ་པ་སོགས་ཕྱོགས་ཀྱི་ཆ་ནི་སྣ་ཚོགས་པ་གཞན་དང་གཞན་ཡང་ཤིན་ཏུ་གསལ་བར་ཡོད་པས། ཁྱབ་བྱ་ཕྱོགས་ཀྱི་བུམ་པ་བཞིན་དུ་ཕྱོགས་ཅན་ནམ་མཁའ་ཡང་ཀུན་ལ་ཁྱབ་པ་མ་ཡིན་ནོ། །

གཉིས་པ་དུས་དགག་པ་ནི། དུས་རྒྱུར་སྨྲ་བ་བྱེ་བྲག་པ་སོགས་ན་རེ། དུས་གང་ཞིག་ཡོད་ན་འབྲས་བུའི་དངོས་པོ་རྣམས་ལ་འཇུག་པ་དང་ལྡོག་པའང་དམིགས་པར་འགྱུར་བ་དེའི་ཕྱིར། དུས་དེ་ཡོད་པ་ཉིད་དང་རྒྱུ་ལས་མ་བྱུང་བའི་ཕྱིར་རྟག་པའོ་ཞེ་ན། དུས་དེས་འབྲས་བུ་སྐྱེད་པ་རྐྱེན་རྣམས་ལ་ལྟོས་ན་དུས་དེ་ནི་གཞན་གྱི་དབང་དུ་འགྱུར་ཏེ། དེས་ན་དུས་དེ་ཉིད་ཀྱང་རྐྱེན་ལ་ལྟོས་པའི་འབྲས་བུར་ཡང་ཐལ་བར་འགྱུར་རོ། །དེ་བཞིན་དུ་རྒྱུ་འབྲས་ཕན་ཚུན་ལྟོས་པའི་ཆོས་ཡིན་པས་བསྐྱེད་བྱ་འབྲས་བུ་ལ་ལྟོས་པ་མེད་པར་སྐྱེད་བྱེད་ཀྱི་རྒྱུ་ལ་ནི་རྒྱུ་ཉིད་དུ་གྲུབ་པ་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་དེ་ཡི་ཕྱིར་ན་རྒྱུ་རྣམས་ཀུན་ཀྱང་རང་གི་བསྐྱེད་བྱ་ལ་ལྟོས་པའི་འབྲས་བུ་ཉིད་དུ་ཐལ་བར་འགྱུར་བས་དུས་རྟག་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་སྐྱེད་བྱེད་རྒྱུ་ཡི་ཆོས་ས་བོན་ནི་རྣམ་པར་འགྱུར་བ་ན་འབྲས་བུ་མྱུ་གུ་ལྟ་བུ་གཞན་གྱི་རྒྱུ་རུ་འགྱུར་བ་ཉིད་དེ། དེའི་ཕྱིར་དུས་གང་ལ་འབྲས་བུ་བསྐྱེད་པ་ལ་ཕན་འདོགས་པའི་སྒོ་ནས་སྔར་གྱི་གནས་སྐབས་ལས་རྣམ་པར་འགྱུར་བ་ཡོད་པ་དེ་ནི་རྟག་པ་ཉིད་ཅེས་བྱར་ཡོད་པ་མིན་ནོ། །དེ་བཞིན་དུ་ཆོས་རྟག་པ་འབྲས་བུ་གང་གི་རྒྱུ་ཡིན་པའི་དུས་ཀྱི་དངོས་པོ་དེ་རང་ཉིད་རྒྱུ་རྐྱེན་ལས་མ་བྱུང་བ་ལས་སྐྱེ་བར་འདོད་ན་རང་ཉིད་འབྱུང་བར་གྱུར་པ་དེ་ལ་སྐྱེད་བྱེད་ཀྱི་རྒྱུ་ནི་ལོག་པར་འགྱུར་བ་སྟེ་མེད་པ་དེའི་ཕྱིར། གང་རྒྱུ་ལས་མ་བྱུང་བའི་དུས་དེ་ནི་མེད་པ་ཁོ་ནའོ། །མདོར་ན་རྒྱུ་དང་འབྲས་བུ་རྗེས་སུ་མི་མཐུན་པར་ཡང་སྣང་སྟེ། དངོས་པོ་གང་ཞིག་རྒྱུ་རྟག་པ་ལས་སྐྱེས་པ་དེ་ནི་རྒྱུ་མཚན་ཇི་ལྟ་བུར་ན་མི་རྟག་པར་འགྱུར་ཏེ། དུས་ནམ་ཡང་རྒྱུ་དང་འབྲས་བུ་གཉིས་མཚན་ཉིད་མི་མཐུན་པ་ནི་གང་དུ་ཡང་མཐོང་བ་མ་ཡིན་ནོ། །

གསུམ་པ་རྡུལ་ཕྲན་དགག་པ་ལ། དགག་པ་མདོར་བསྟན། བྱེ་བྲག་སོ་སོར་དགག །དེ་ཡི་གྲུབ་དོན་བསྡུ་བ་གསུམ། དང་པོ་ནི། དངོས་པོ་རགས་པ་རྩོམ་པའི་ཚེ་རྡུལ་ཕྲན་གང་གི་ཕྱོགས་འགའ་ཞིག་ཕན་ཚུན་ཕྲད་པའི་ཆ་དེ་རྒྱུ་ཡིན་པར་འགྱུར་ཞིང་། རྒྱབ་ཀྱི་ཆ་ལྟ་བུ་གང་མ་ཕྲད་པའི་ཕྱོགས་འགའ་ཞིག་རྒྱུ་མ་ཡིན་པར་འགྱུར་བ་དེས་ན། རྡུལ་ཕྲན་དེ་ནི་རྒྱུ་ཡིན་མིན་གྱི་ཆ་སྣ་ཚོགས་པར་འགྱུར་ན་ཀོ། གང་སྣ་ཚོགས་སུ་འགྱུར་བའི་ཆོས་དེ་རྟག་པ་ཡིན་པར་རྣམ་པ་ཀུན་ཏུ་མི་རིགས་སོ། །

གཉིས་པ་ལ། རྡུལ་ཕྲན་ཡོད་པའི་ཆོས་སུ་འདོད་པ་དགག་པ་དང་། དེ་རྟག་པའི་ཆོས་སུ་འདོད་པ་དགག་པ་གཉིས། དང་པོ་ལ། ཡུལ་རྡུལ་ཕྲན་གྱི་ངོ་བོ་སྤྱིར་དགག་པ། ཡུལ་ཅན་ཚད་མས་མི་འགྲུབ་པའི་ཚུལ་གྱིས་དགག་པ་གཉིས།

དང་པོ་ནི། ཁོ་ན་རེ། རྒྱུ་རྡུལ་ཕྲན་ལ་ཆ་ཤས་མེད་པས་ཕྲད་མ་ཕྲད་ཀྱི་ཆ་སྣ་ཚོགས་པའི་ཆོས་སུ་མེད་དོ་ཞེ་ན། འོ་ན། རྒྱུ་ཡི་ཆོས་ཆ་ཤས་མེད་པའི་ཟླུམ་པོ་གང་ཡིན་པ་དེ་ནི་འབྲས་བུ་ཤིང་རྟ་ལ་སོགས་པའི་ཆོས་ལ་ཡོད་པ་མིན་པ་དེས་ན་རྒྱུ་ཡི་བདག་ཉིད་ཆ་སོ་སོར་མེད་པར་ཀུན་ནས་སྦྱོར་བ་དེ་འདྲ་བ་རྡུལ་ཕྲན་གྱི་ཆོས་རྣམས་ལ་ནམ་ཡང་ཡོད་པར་མི་འཐད་དོ། །གལ་ཏེ་དེ་ལྟར་འཐད་ན་ནི་རྡུལ་ཕྲན་ཆ་མེད་གཅིག་གི་གནས་ཀྱི་གོ་ས་གང་ཡིན་པ་དེ་ནི་རྡུལ་ཇི་སྙེད་ཡོད་པ་གཞན་གྱི་ཡང་གནས་སུ་ཅིའི་ཕྱིར་མི་འདོད། དེ་ལྟར་ན་གོང་བུ་རི་རབ་ཙམ་འགྲུབ་པའི་རྡུལ་ཡང་ཇེ་ཆེར་རྒྱས་པར་མི་འགྱུར་བར་ཆ་མེད་གཅིག་གི་གོ་ས་ལས་འདའ་མི་ནུས་པ་དེའི་ཕྱིར། ཁྱོད་ཀྱི་ལུགས་ལ་རྒྱུ་ཆ་མེད་དང་འབྲས་བུ་རི་རབ་ཀྱི་གོང་བུ་གཉིས་བོང་ཚད་མཉམ་པར་ཅིའི་ཕྱིར་འདོད་པ་མ་ཡིན་ཏེ། དེ་ལྟར་ཁས་ལེན་པར་རིགས་སོ། །གལ་ཏེ་དེ་ལྟར་མིན་པར་གོང་བུ་རགས་པ་རྩོམ་པའི་ཚེ་དབུས་ཀྱི་རྡུལ་ཕྲན་གཅིག་ལ་ཕྱོགས་སོ་སོ་ནས་བསྐོར་ཏེ་རྡུལ་དུ་མ་ལྷན་དུ་ཚོགས་པའི་ཚེ་དབུས་རྡུལ་གང་ལ་ཤར་གྱི་རྡུལ་ཕྲན་ལ་ཕྱོགས་པའི་ཕྱོགས་ཡོད་པ་ཡིན་ན། རྡུལ་དེ་ལ་ཤར་གྱི་ཆ་ཡང་ཡོད་པར་འགྱུར་ཞིང་། དེ་ལྟར་ན་ནི་གང་གི་རྡུལ་ཕྲན་ལ་ཤར་ལ་སོགས་པའི་ཕྱོགས་ཆ་སོ་སོར་ཡོད་ན། རྒྱུ་མཚན་དེས་ན་ཁྱོད་ཀྱི་རྡུལ་ཕྲན་ནི་མིན་པར་བསྙད་པར་བྱའོ། །དེ་བཞིན་དུ་ཡན་ལག་ཅན་གྱི་རྫས་རྩོམ་པ་ན། ཕྱོགས་སོ་སོ་ནས་རྡུལ་ཕྲན་ལྷན་ཅིག་ཏུ་འདུ་བའི་ཚེ་མདུན་གྱིས་ནི་རང་ལ་ཕྱོགས་པའི་ཆ་ལེན་ཅིང་། རྒྱབ་ཀྱིས་ནི་གཅིག་ཤོས་དོར་ཏེ་གཏོང་བར་འགྱུར་དགོས་ན་ཡང་འདོར་ལེན་གྱི་བྱ་བའི་ཆ་དེ་དག་གཉིས་ནི་རྡུལ་ཕྲན་ཆ་མེད་གང་ལ་ཡོད་པ་མ་ཡིན་པ་དེའི་ཚེ་དེ་ནི་ཚོགས་པ་རྩོམ་པའི་ཕྱིར་ལྷན་ཅིག་འགྲོ་བ་པོར་ཡང་མི་འགྱུར་ཞིང་། དེ་ལྟར་ན་ཡན་ལག་ཅན་གྱི་རྫས་རྩོམ་པ་མི་འཐད་པ་དང་། གལ་ཏེ་འདོར་ལེན་གྱི་ཆ་གཉིས་ཡོད་ན་ནི་རྡུལ་ཆ་བཅས་སུ་ཁས་ལེན་པ་ལས་འོས་མེད་དོ། །

གཉིས་པ་ནི། དེ་ལྟར་རྗེས་དཔག་གིས་མི་འགྲུབ་ཀྱང་མངོན་སུམ་གྱིས་འགྲུབ་སྟེ། རྣལ་འབྱོར་པའི་ལྷའི་མིག་གིས་མཐོང་ངོ་སྙམ་ན། ཆ་མེད་པའི་རྡུལ་ཕྲན་གང་ལ་དང་པོ་མདུན་གྱི་ཆ་ཡོད་པ་མིན་ཞིང་། གང་ཞིག་ལ་དབུས་ཀྱི་དཀྱིལ་ཡང་ཡོད་པ་མིན་ཞིང་། གང་ལ་ཐ་མ་རྒྱབ་ཀྱི་ཆ་ཡང་ཡོད་པ་མིན་པ་ཆ་ཅིར་ཡང་མངོན་དུ་མེད་པ་དེ་ནི་རྣལ་འབྱོར་མངོན་སུམ་ལྟ་བུ་གང་གིས་མཐོང་བར་འགྱུར་ཏེ་ཅི་ཡང་ཡོད་པ་མ་ཡིན་ནོ། །

གཉིས་པ་ནི། ཕྱི་རོལ་པ་ཁ་ཅིག གང་འབྲས་བུ་འབྱུང་བའི་རྒྱུ་རྡུལ་ཕྲན་དེ་ནི་རྟག་པ་ཁོ་ན་སྟེ། རྟག་ཏུ་ཡོད་པའི་ཕྱིར་དང་། རྒྱུ་ལས་མ་སྐྱེས་པའི་ཕྱིར་སྙམ་ན། རྒྱུ་འབྲས་ལྷན་ཅིག་ཏུ་གནས་མི་སྲིད་པའི་ཕྱིར་ན། མྱུ་གུའི་དུས་སུ་ས་བོན་འཇིག་པར་འགྱུར་བ་བཞིན་དུ། འབྲས་བུ་ཡན་ལག་ཅན་གྱི་གོང་བུ་རགས་པ་བརྩམས་པ་དེ་ཡིས་ནི། རྒྱུ་ཕྲ་རབ་ཆ་མེད་ཀྱི་གནས་སྐབས་བཤིག་པར་གྱུར་པ་དེས་ན་རྒྱུ་ཆ་མེད་ཀྱི་རྫས་ནི་རྟག་པ་མ་ཡིན་ནོ། །ཡང་ན་གལ་ཏེ་དེ་ལྟར་མིན་པར་རྒྱུ་ཆ་མེད་ད་དུང་རྟག་པར་ཁས་ལེན་ན་ནི། འོ་ན་གང་ན་རྒྱུ་ཆ་མེད་ད་དུང་རྟག་པར་ཁས་ལེན་ན་ནི། འོ་ན་གང་ན་རྒྱུ་ཆ་མེད་རྟག་པ་མ་ཞིག་པར་ཡོད་པ་དེ་ན་རགས་པ་ཆ་བཅས་ཀྱི་འབྲས་བུ་ཡོད་པ་མ་ཡིན་ཏེ། རྒྱུའི་གནས་སྐབས་མ་བཏང་བའི་ཕྱིར། ས་བོན་གྱི་དུས་སུ་མྱུ་གུ་མེད་པ་བཞིན་ནོ། །

གསུམ་པ་གནད་དོན་བསྡུ་བ་ནི། མདོར་ན་ཐོགས་པ་དང་ལྡན་པ་ནི་དོན་བྱེད་པའི་དངོས་པོ་ཡིན་པའི་ཕྱིར། དེ་དོན་མི་བྱེད་པའི་རྟག་པ་དང་གཞི་མཐུན་ནི་གང་དུའང་སྣང་བ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ན་གང་རྡུལ་ཕྲན་གྱི་དངོས་པོ་ནི་མི་རྟག་པའི་ཆོས་སུ་གྲུབ་པ་དེས་ན། དུས་ནམ་དུ་ཡང་སངས་རྒྱས་རྣམས་ཀྱིས་ནི་རྡུལ་ཕྲན་འདི་དག་རྟག་པ་ཉིད་དུ་མི་གསུང་ངོ་། །དེ་ལ་ཁ་ཅིག་རྡུལ་ཕྲན་ཆ་མེད་ནི་བྱེ་བྲག་སྨྲ་བའི་སྒྲོ་བཏགས་འབའ་ཞིག་སྟེ། དབུ་མ་པའི་ལུགས་ལ་ཆ་བཅས་ཀྱི་རྡུལ་ཁས་ལེན་གྱི། རྡུལ་ཕྲན་ཆ་མེད་ཁས་མི་ལེན་པར་བཞེད་པ་སོགས་སྣ་ཚོགས་སྨྲ་ཡང་། དོན་དཔྱོད་ཚད་མས་གཞལ་ན་ཆ་ཡོད་མེད་གཉིས་ཀ་མ་གྲུབ་པས། ཆ་མེད་བདེན་གྲུབ་མི་བཞེད་ཅེས་པ་ལ་རྣམ་བཅད་མེད་ཅིང་། ཐ་སྙད་ཚད་ངོར་རྒྱུ་ཆ་མེད་ལས་མ་བྱུང་བའི་འབྲས་བུ་ཆ་བཅས་འཐད་དཀའ་བ་དང་། བྱེ་སྨྲའི་སྒྲོ་བཏགས་འབའ་ཞིག་མིན་པར་སྟོང་ཆེན་རབ་འབྱམས་ཀྱི་མདོའི་དགོངས་པར་གནས་པ་སོགས་ཀྱི་རྣམ་གཞག་མི་ཕམ་ཆོས་རྗེའི་གསུང་ལས་རྟོགས་པར་བྱའོ། །

བཞི་པ་ཐར་པ་རྟག་པའི་རང་བཞིན་དགག་པ་ལ། རང་སྡེ་བྱེ་བྲག་སྨྲ་བའི་ལུགས་དགག་པ་དང་། གཞན་སྡེ་གྲངས་ཅན་པའི་ལུགས་དགག་པ་གཉིས།

དང་པོ་ནི། བྱེ་བྲག་སྨྲ་བ་ཁ་ཅིག་ཆུ་འགོག་པའི་ཆུ་ལོན་ལྟར་སྤང་བྱ་བྲལ་བའི་འགོག་པ་མྱ་ངན་ལས་འདས་པ་རྟག་ཅིང་བརྟན་པའི་རྫས་སུ་ཡོད་དོ་ཞེ་ན། འཆིང་བ་ཀུན་འབྱུང་གི་བདེན་པ་དང་། དེས་བཅིངས་པ་སྡུག་བསྔལ་གྱི་བདེན་པ་དང་། དེ་དག་ལྡོག་པའི་ཐབས་ལམ་གྱི་བདེན་པ་ལས་གཞན་དུ་རྟག་པའི་རྫས་སུ་གྱུར་པའི་ཐར་པ་ཞིག་གལ་ཏེ་ཡོད་ན་ནི། དེ་ལས་སྤངས་རྟོགས་ཀྱི་ཡོན་ཏན་ཅི་ཡང་མི་སྐྱེ་སྟེ། དེས་ན་དེ་འདྲ་བ་དེ་ལ་ཐར་པ་ཞེས་ཀྱང་མི་བརྗོད་དོ། །གཞན་ཡང་མྱ་ངན་ལས་འདས་པ་ལ་ནི་ཚུར་མཐོང་ཚད་མས་བཞག་པའི་བེམ་ཤེས་ལྡན་མིན་གྱི་ཆོས་ཀྱི་དངོས་པོ་རྡུལ་ཙམ་མེད་པིའ་ཕྱིར་མྱ་ངན་ལས་འདས་པ་ལ། ཕུང་པོ་རྣམས་ཡོད་པ་མིན་ཞིང་གང་ཟག་ཀྱང་སྲིད་པ་མ་ཡིན་ཏེ། ཇི་སྐད་དུ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །ཞེས་དང་། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། ཞེས་སོགས་དང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོགས་རྒྱ་ཆེར་བསྟན་པ་ལྟར། གང་དུ་མྱ་ངན་ལས་འདས་པའི་རྟེན་དུ་གྱུར་པའི་དངོས་པོ་ཅུང་ཟད་ཀྱང་མ་མཐོང་བ་དེར་རྟག་པའི་རྫས་སུ་གྱུར་པའི་མྱང་འདས་དེ་གང་ཞིག་ཡིན། ཞེས་གསུངས་སོ། །དེ་ལ་སྐབས་འདིར་བྱེ་སྨྲའི་ངོར་དེ་ཙམ་དུ་བསྟན་པས་ཆོག་ཅིང་། ཐེག་ཆེན་ཐུན་མིན་གྱི་རབ་དབྱེ་རྣམས་ནི་སྐབས་འདིར་སྤྲོ་བར་མི་བྱའོ། །

གཉིས་པ་ནི། གྲངས་ཅན་པ་གང་དག་ཐར་པའི་གནས་སྐབས་ན་སྐྱེ་བོ་ཤེས་པ་དང་ལྡན་པའི་རང་བཞིན། གཅིག་པུ་ཡུལ་གྱི་གྲོགས་དང་བྲལ་བ་རྟག་པའི་དངོས་པོར་འདོད་དོ་ཞེ་ན། སྐྱེས་བུ་ཡུལ་ལ་ལོངས་སྤྱོད་འདོད་ཀྱི་སྲེད་པ་དང་བྲལ་བ་ལ་ཐར་པར་གྱུར་པའི་ཚེ་ཡུལ་ལ་ལོངས་སྤྱོད་པ་པོའི་ཤེས་པ་ཡོད་པར་ཁས་བླངས་པ་ལས་ཡོན་ཏན་ཅི་ཞིག་ཡོད། འོ་ན་དེའི་ཚེ་ཤེས་པ་མེད་དོ་ཞེ་ན། ཁྱད་ཆོས་ཤེས་པ་མེད་པ་ཡི་ཁྱད་གཞི་བདག་ཡོད་པར་ཁས་ལེན་པ་ཡང་ཆེས་གསལ་བར་ཡོད་པ་མིན་པ་དང་མཚུངས་ཏེ། དཔེར་ན་ཚ་བ་མེད་པའི་མེ་ཡོད་པར་ཁས་ལེན་པ་བཞིན་ནོ། །གལ་ཏེ་དེའི་ཚེ་ཤེས་པའི་ནུས་པ་ཙམ་ཡོད་དོ་ཞེ་ན། ཐར་པར་གྱུར་པའི་ཚེ་ཁྱད་གཞི་བདག་གཅིག་ཡོད་པར་གྱུར་ན་ནི། དེའི་རྟེན་ཅན་གྱི་ཤེས་པ་ཡོད་པའི་ས་བོན་སྲིད་པ་ཡོད་དུ་ཆུག་ཀྱང་། ཐོག་མར་རྟེན་བདག་དེ་མེད་པའི་ཕྱིར་ན་ནི་བརྟེན་པ་ཤེས་པའི་ས་བོན་སྲིད་པ་ལ་བསམ་པར་བྱ་བའང་ཡོད་པ་མ་ཡིན་ཏེ། རྟེན་མེད་པའི་བརྟེན་པ་སྲིད་པ་མ་ཡིན་ནོ། །མདོར་ན་སྡུག་བསྔལ་རྒྱུ་འབྲས་ལས་ཐར་པར་གྱུར་པའི་མི་རྣམས་ལ་སྲིད་པ་ལས་གཞན་ཐར་པའི་གནས་སྐབས་དག་ལ་བདག་ཅེས་བྱ་བ་རྣམ་པ་ཀུན་ཏུ་ཡོད་པ་མིན་པར་ངེས་པ་དེ་ཉིད་ཀྱི་ཕྱིར། རྣམ་པ་ཀུན་ཏུའང་གྲོལ་བའི་ཚེ་བདག་དང་བདག་གིར་འཛིན་པ་ཡོངས་སུ་ཟད་པ་ཉིད་དུ་ཁས་བླངས་པ་དེ་ལེགས་ཞེས་བྱ་བར་བརྗོད་དོ། །

གསུམ་པ་དེ་ལྟར་ཡོངས་སུ་བསྟན་པའི་གནད་དོན་བསྡུ་བ་ནི། མདོར་ན། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །ཞེས་སོགས་ཀྱིས་བསྟན་པ་བཞིན། ཐ་སྙད་དུ་བརྟེན་ནས་བརྟགས་པའི་སྒོ་ནས། འཇིག་རྟེན་ཀུན་རྫོབ་པ་ཡི་རྣམ་པར་གཞག་པའི་ཆོས་འདི་དག་ཉིད་ནི་ཆེས་རྟོགས་པར་བླ་ཡི། གང་ཟབ་མོ་དོན་དམ་པའི་བདེན་པ་ནི་རྣམ་པ་ཀུན་ཏུ་དེ་ལྟར་རྟོགས་པར་སླ་བ་མ་ཡིན་ཏེ། མདོ་རྒྱ་ཆེར་རོལ་བ་ལས། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་དང་། སློབ་དཔོན་གྱིས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་གསུངས་པ་ལྟར་རོ། །ཇི་ལྟར་ན་འཇིག་རྟེན་ཐ་སྙད་བདེན་པ་ལ་བརྟེན་ན་ནི་རྣལ་འབྱོར་མཁས་པའི་དབང་པོ་ནས་ཕལ་བ་བླུན་པོའི་བར་ལ་གྲགས་ཤིང་གྲུབ་པའི་ཐ་སྙད་ཀྱི་རྣམ་པར་བཞག་པ་ནི། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན། ཞེས་གསུངས་པ་ལྟར། ཐ་སྙད་དུ་རང་གཞན་ལ་མཐུན་པར་སྣང་བའི་དངོས་པོ་ལྟ་བུ་ཅུང་ཟད་ཁས་ལེན་པའི་རྣམ་གཞག་ཀྱང་ཡོད་ཅིང་། ལོག་པའི་ཀུན་རྫོབ་ཏུ་གྱུར་པ་ཟླ་གཉིས་དང་སྐྲ་ཤད་ལ་སོགས་པ་དང་། གཙོ་བོ་དང་བདག་ལ་སོགས་པ་སྒྲོ་བཏགས་པའི་ཆོས་རྣམས་ནི་ལོག་པའི་ཀུན་རྫོབ་ཙམ་ལས་ཐ་སྙད་དུ་ཡང་གྲགས་ཤིང་གྲུབ་པ་མིན་པས། ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག། ཅེས་གསུངས་པ་ལྟར། ཅུང་ཟད་ནི་ཐ་སྙད་བདེན་པའི་ངོར་ཡོད་པར་ཁས་མི་ལེན་ནོ། །སྐབས་འདིར་ཁ་ཅིག་དབུ་མ་བའི་ལུགས་ལ་ཁས་ལེན་གཏན་མེད་དུ་འདོད་པ་དང་། གཞན་དག་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་གྲུབ་མཐས་བློ་མ་བསྒྱུར་བའི་རྒན་པོའི་ངོར་ཁས་ལེན་ཡོད་ཀྱང་། དབུ་མ་པ་རང་ལ་ཁས་ལེན་མེད་པར་འདོད་པ་སོགས་རྣམ་པར་གཞག་པ་མང་ཡང་། འདིར་བཤད་མ་ཐག་པ་ལས་རྟོགས་པར་བྱའོ། །དེ་ལྟར་ཐ་སྙད་བདེན་པའི་ངོར་ཁས་ལེན་པ་དང་། མི་ལེན་པའི་རྣམ་པར་བཞག་པ་ཡོད་མོད་ཀྱི། དམ་པའི་དོན་ལ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་པ་དང་རྗེས་སུ་མཐུན་པར་རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་དང་བྲལ་བས་ན། ཡོད་མེད་ཀྱི་སྤྲོས་པ་ཅི་ཡང་ཁས་ལེན་པར་བྱ་བ་ཡོད་པ་མ་ཡིན་ཏེ། ང་ལ་ཁས་ལེན་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དངོས་པོ་རྟག་པ་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་དགུ་པའི་འགྲེལ་པའོ།། །།

ག༡༠ རབ་བྱེད་བ་བཅུ་པ་བདག་དགག་པ་སྒོམ་པ་བསྟན་པ།

གཉིས་པ་བདག་མེད་སྟོང་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཕྱེས་ཏེ་བསྟན་པ་ལ། གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་། ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བསྟན་པ་གཉིས། དང་པོ་ལ། བདག་ཏུ་རྟོག་པ་རྣམ་པར་དགག་པ་དང་། བདག་མེད་ཀྱི་དོན་ལ་རྩོད་པ་སྤོང་བ། རྟག་ཆད་བྲལ་བར་གྲུབ་དོན་བསྡུ་བ་གསུམ། དང་པོ་ལ། བདག་ལྟའི་འདོད་ཚུལ་སོ་སོར་དགག་པ་དང་། དེ་ལ་བྱེད་པོར་རྟོག་པ་བྱེ་བྲག་ཏུ་དགག་པ། དེ་ཡི་གནད་དོན་བསྡུས་ཏེ་རྣམ་པར་དགག་པ་གསུམ། དང་པོ་ལ། བྱེ་བྲག་པའི་ལུགས་ཀྱི་བདག་དགག་པ་དང་། གྲངས་ཅན་པའི་ལུགས་ཀྱི་བདག་དགག་པ་དང་། རིགས་པ་ཅན་པའི་ལུགས་ཀྱི་བདག་དགག་པ་གསུམ། དང་པོ་ལ། བདག་ལྟའི་འདོད་ཚུལ་སྤྱིར་དགག་པ་དང་། དེའི་སྒྲུབ་བྱེད་སོ་སོར་དགག་པ། སེམས་པ་ལྡན་སོགས་ཁྱད་ཆོས་དགག་པ་གསུམ།

དང་པོ་ནི། བྱེ་བྲག་པ་ན་རེ། འཁོར་འདས་འཆིང་གྲོལ་གྱི་རྟེན་དུ་གྱུར་པའི་བདག་ཡོད་ཅིང་། དེ་ལ་ནང་དང་ཕྱི་ཡི་བདག་གཉིས་ཏེ། ནང་གི་བདག་ལུས་ཀྱི་ནང་ཁོ་ནར་གནས་ཤིང་། དབང་པོ་ཡུལ་ལ་འཇུག་པར་བྱེད་པ་ནང་གི་བྱེད་པས་སྐྱེས་བུ་ངར་འཛིན་པའི་ཡུལ་དུ་གྱུར་པ་དགེ་སྡིག་གི་འབྲས་བུ་ཟ་བ་པོར་གྱུར་པ་དང་། ཕྱིའི་བདག་ནི་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་ནང་གི་བདག་ལ་ཕན་འདོགས་པར་བྱེད་པ་ལ་འདོད་དེ། འགྲེལ་ཆེན་ལས། མུ་སྟེགས་ཅན་རྣམས་ནི་བདག་རྣམ་པ་གཉིས་སྨྲ་བར་བྱེད་དེ། འདི་ལྟ་སྟེ་ནང་གི་བདག་དང་། ཕྱི་ཡི་བདག་གོ། དེ་ལ་ནང་གི་བདག་ཅེས་བྱ་བ་ནི་གང་ཞིག་ལུས་ཀྱི་ནང་ཁོང་ན་རྣམ་པར་གནས་ཤིང་། དེའི་དབང་པོའི་ཚོགས་དེ་དང་དེར་རབ་ཏུ་འཇུག་པར་བྱེད་པའོ་སོགས་དང་། ཕྱིའི་བདག་ནི་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་ནང་གི་བདག་ལ་ཕན་འདོགས་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་གང་གི་ཚེ་ནང་གི་བདག་དེ་བུད་མེད་མིན་ཏེ། ཚེ་གཞན་དུ་བརྗེས་ཀྱང་རང་གི་ངོ་བོ་གཞན་དུ་འགྱུར་དུ་མི་རུང་བའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར། དེ་བཞིན་དུ་སྐྱེས་པ་མིན་ཞིང་མ་ནིང་ཡང་མ་ཡིན་པ་དེ་ཡི་ཚེ་མི་ཤེས་པ་རྨོངས་པ་འབའ་ཞིག་ལས། ཁྱོད་ཀྱིས་བདག་ཕོའོ་སྙམ་དུ་སེམས་པར་ཟད་དོ། །རྣམ་པར་དཔྱད་པ་གང་གི་ཚེ་རྒྱུ་འབྱུང་བ་ཐམས་ཅད་ལ་ཕོ་མོ་མ་ནིང་གང་ཡང་ཡོད་པ་མིན་པ་དེ་ཡི་ཚེ་ཅི་སྟེ་རྒྱུ་དེ་དག་ཉིད་ལ་བརྟེན་ནས་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་གྱི་ཕྱིའི་བདག་གང་ཞིག་ནང་གི་བདག་ལ་ཕན་འདོགས་པར་བྱེད་པ་དེ་ཕོ་མོ་མ་ནིང་དུ་ཇི་ལྟར་གྲུབ་པ་ཡིན། དེ་ཉིད་ཀྱི་ཕྱིར་ན། བཅོམ་ལྡན་འདས་ཀྱིས། བརྟན་པ་མོ་ཞེས་མི་བརྗོད་ཅིང་། །ཕོར་ཡང་རྟོག་པར་མི་བྱེད་དེ། །ཆོས་ཀུན་སྐྱེ་བ་མེད་པའི་ཕྱིར། །བཙལ་ན་མཐོང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་རྣམ་པར་དཔྱད་ན། མེ་དང་ཚ་བ་ལྟར། བདག་ཅེས་བྱ་བ་ངོ་བོས་གྲུབ་པ་ཅི་ཡང་མེད་དེ། ཁྱོད་ཀྱི་ངར་འཛིན་གྱི་རྟེན་བདག་གང་ཞིག་ངའི་བདག་འཛིན་གྱི་རྟེན་མིན་པ་དེས་ན་དེ་རང་གི་ངོ་བོས་གྲུབ་པའི་བདག་མིན་ཏེ། གཅིག་ཏུ་མ་ངེས་པའི་ཕྱིར། རྒྱུ་མཚན་དེས་ན་བདག་ཏུ་གདགས་པའི་རྒྱུ་ཕུང་པོའི་དངོས་པོ་དུ་མ་དང་མི་རྟག་པའི་ཆོས་རྣམས་ལ་དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་ལྟར་གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པ་སྐྱེ་བར་འགྱུར་བ་མིན་ནམ་ཅི། དེ་ལ་བདག་ལྟའི་དམིགས་པ་དང་དེའི་གདགས་གཞི་གཉིས་གཅིག་ཏུ་འཁྲུལ་པར་མི་བྱ་སྟེ། སྔ་མ་བདག་དང་ཕྱི་མ་ཕུང་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བདག་དང་བདག་ལྟ་གཉིས་གཅིག་ཏུ་འཁྲུལ་བར་མི་བྱ་སྟེ། སྔ་མ་དམིགས་པ་དང་ཕྱི་མ་འཛིན་སྟངས་ཡིན་པའི་ཚུལ་རྣམས་ཞིབ་ཏུ་མ་ཤེས་ན་མཁས་པས་བཞད་གད་ཀྱི་གནས་སུ་འགྱུར་རོ། །

གཉིས་པ་བདག་གི་སྒྲུབ་བྱེད་སོ་སོར་དགག་པ་ནི། བདག་ཡོད་དེ་འཁོར་བར་འཇུག་ལྡོག་གི་རྟེན་ཡིན་པའི་ཕྱིར་ཞེ་ན། དེ་འཁོར་བར་འཇུག་ལྡོག་གི་རྟེན་ཡིན་པར་མ་གྲུབ་སྟེ། ཚེ་རབས་རྣམས་སུ་བདག་དེ་ཉིད་ལུས་བདེ་སྡུག་མྱོང་བ་སོགས་ཀྱི་རྗེས་སུ་མི་བྱེད་ན་ལས་འབྲས་མྱོང་བའི་རྟེན་དུ་ཁས་བླངས་པ་ལ་དགོས་པ་མེད་པས་སྐྱེ་དང་སྐྱེ་བར་སྐྱེས་བུ་དེ་ནི། ལུས་བདེ་སྡུག་མྱོང་བ་སོགས་ཁྱད་པར་གྱི་རྗེས་སུ་བྱེད་པར་ཁས་ལེན་ན་ནི་ལུས་བཞིན་དུ་རྣམ་པར་འགྱུར་བའི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། ཁྱོད་ཀྱི་བདག་དེ་ལ་ལུས་ལས་གཞན་དུ་གྱུར་པའི་རྫས་ཉིད་དང་དེ་རྟག་པ་ཉིད་དུ་མི་རིགས་སོ། །ཡང་། བདག་ཡོད་དེ། ལུས་སྐུལ་བྱེད་ཡིན་པའི་ཕྱིར་ཏེ། ཤིང་རྟ་སྐུལ་བ་པོ་ལྷས་སྦྱིན་བཞིན་ནོ་ཞེ་ན། དེ་ཡང་མ་གྲུབ་སྟེ། རེག་པ་དང་མི་ལྡན་པའི་དངོས་པོ་རྟག་པའི་བདག་དེ་ལས། ལུས་ཀྱི་བྱ་བ་བརྐྱང་སྐུམ་སོགས་ལ་བསྐུལ་བ་ཞེས་བྱ་བ་མི་སྐྱེ་སྟེ། དེའི་ཕྱིར་ལུས་ཀྱི་བྱ་བ་མི་རྟག་པའི་གཡོ་བ་སོགས་ཀྱི་ལས་ལ། རྟག་པའི་སྲོག་གམ་བདག་དེ་ནི་བྱེད་པ་པོར་མི་འགྱུར་བ་ཁོ་ནའོ། །བདག་ཡོད་དེ། བདག་སྡུག་བསྔལ་གྱི་འཚེ་བ་མེད་པར་ཐར་པར་འགྱུར་བའི་ཆེད་དུ་ཆོས་ལ་འཇུག་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། མི་འཚེ་བ་ཡི་རྒྱུ་ཆོས་ལ་འཇུག་པ་དང་། བདག་རྟག་པ་འཚེ་བ་མེད་པ་ཡི་འགལ་བ་ཁས་ལེན་པ་འདི་ལ་རྒྱུ་ནི་ཅི་ཞིག་ཡོད་སྙམ་སྟེ། རྣམ་པ་ཀུན་ཏུ་ཤིང་གི་སྲིན་བུའི་འཚེ་བ་ལས་རྡོ་རྗེ་ཕ་ལམ་བསྲུང་བྱ་ཡིན་པར་མི་འགྱུར་བ་ལྟར་རོ། །ཡང་། བདག་ཡོད་དེ། བདག་གིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་ཡོད་པའི་ཕྱིར་ཞེ་ན། འདིའི་སྒྲུབ་བྱེད་ལ་ཁྱབ་པ་མེད་དེ། སྔོན་གྱི་སྐྱེ་བ་དྲན་པ་ཡོད་པའི་ཕྱིར་གལ་ཏེ་ཁྱོད་ཀྱི་བདག་རྟག་པར་ཁས་ལེན་ན། འོ་ན་སྔོན་བྱས་པ་ཡི་རྨ་རྗེས་སུ་དྲན་པར་མཐོང་ནས་ཁྱོད་ཀྱི་ལུས་ཀོ་ཅིས་མི་རྟག་སྟེ། དེ་ཡང་རྟག་པར་ཐལ་ལོ། །

གསུམ་པ་སེམས་པ་ལྡན་སོགས་ཁྱད་ཆོས་དགག་པ་ནི། རྣམ་པར་བརྟགས་ན་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པའང་མེད་དེ། བདག་གི་ངོ་བོ་མི་རྟོག་པ་ཡིན་པའི་ཕྱིར། ཅི་སྟེ་སྐྱེས་བུའི་སེམས་པ་དང་ལྡན་པའི་ཁྱད་པར་ལས་ཚེ་རབས་རྗེས་སུ་དྲན་པ་ཡོད་ཅེ་ན། འདི་ཡང་མི་རིགས་ཏེ། བློ་ལ་སོགས་པའི་སེམས་པ་ཅན་དང་ལྡན་པའི་ཁྱད་པར་ལས། བདག་ཀྱང་གལ་ཏེ་ཤེས་པ་པོ་ཉིད་ཡིན་ནི་ཁྱོད་ཀྱི་ཁས་ལེན་དེ་ཡིས། སེམས་པ་ཅན་དེ་ནི་སེམས་པ་མིན་པར་འགྱུར་ཞིང་། སྐྱེས་བུའང་རྟག་པར་མི་འགྱུར་བར་ཐལ་ལོ། །གཞན་ཡང་བདེ་བ་ལ་སོགས་པ་དང་ལྡན་པའི་སྲོག་དེ། བདེ་བ་ལ་སོགས་པ་བཞིན་དུ་སྣ་ཚོགས་པར་འགྱུར་བར་མཐོང་ཞིང་། དེའི་ཕྱིར་བདེ་བ་ལ་སོགས་པ་མི་རྟག་པ་བཞིན་དུ་བདག་དེ་རྟག་པ་ཉིད་དུའང་མི་རུང་ངོ་། །འང་གི་སྒྲས་ནི། འགྲེལ་ཆེན་ལས་བྱེད་པ་པོ་ཉིད་ཟ་བ་པོ་ཉིད་གཅིག་ཉིད་ལ་སོགས་པ་ཁྱད་ཆོས་ཐམས་ཅད་སེལ་བར་བསྟན་ཏོ། །

གཉིས་པ་གྲངས་ཅན་པའི་ལུགས་ཀྱི་བདག་དགག་པ་ནི། གྲངས་ཅན་པ་ན་རེ། གཞན་དག་སྐྱེས་བུ་སེམས་པ་ཅན་མིན་པར་ཁས་ལེན་པ་ལ་ཉེས་པ་དེར་འགྱུར་གྱི། ཁོ་བོ་ཅག་སྐྱེས་བུ་ཤེས་པའི་རང་བཞིན་དུ་ཁས་ལེན་པས་ཉེས་པ་ཅི་ཡང་མེད་དོ་ཞེས་སྨྲའོ། །འདི་ཡང་མི་རིགས་ཏེ། གལ་ཏེ་བདག་དེ་ཤེས་པ་ཡོད་པའི་རང་བཞིན་དུ་རྟག་པར་པས་ལེན་ན། ཤེས་པའི་རྒྱུ་མིག་ལ་སོགས་པའི་བྱེད་པ་ལོག་པར་འགྱུར་བ་ཉིད་དུ་ཐལ་ཏེ། དགོས་པ་མེད་པའི་ཕྱིར། དཔེར་ན་གལ་ཏེ་འབྲས་བུ་མེ་ནི་དུས་རྟག་ཏུ་འབྱུང་བར་འགྱུར་ན། དེའི་རྒྱུ་བུད་ཤིང་གིས་དོན་དང་དགོས་པ་ཡོད་པར་མི་འགྱུར་བ་བཞིན་ནོ། །གལ་ཏེ་སྐྱེས་བུའི་རང་བཞིན་ཤེས་པ་ཡོད་པའི་ནུས་པའི་ངོ་བོར་གནས་པ་ལ། མིག་ལ་སོགས་པའི་བྱེད་པས་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་ན་སྐྱོན་མེད་དོ་ཞེ་ན། དཔེར་ན་ལྗོན་ཤིང་ལྟ་བུའི་རྫས་ཀྱི་རང་བཞིན་ནི་རྫས་ལ་བརྟེན་པའི་བྱ་བ་གཡོ་འགུལ་སོགས་ནི་རླུང་གི་རྐྱེན་དང་ཕྲད་ཚེ་གཡོ་བར་འགྱུར་ཞིང་། རྐྱེན་དང་བྲལ་བའི་ཚེ་འགག་པ་ཇི་བཞིན་དུ་མི་འགྱུར་བར་བྱ་བ་ཡོད་མེད་གང་ལྟར་ཡང་། རྫས་རང་གི་ངོ་བོ་མཐར་འཇིག་པའི་བར་དུ་གཡོ་བ་མེད་པར་མཐོང་བ་དེས་ན། གང་ཡུལ་ལ་ལོངས་སྤྱོད་པའི་བྱ་བ་དང་བྲལ་བའི་ཚེ་སྐྱེས་བུ་ཡོད་ཅེས་པ་དང་། དེའི་རྫས་ཀྱི་རང་བཞིན་གྱི་ཤེས་པ་ཡོད་པ་མེད་ཅེས་བྱ་བར་མི་རིགས་པ་ཁོ་ན་སྟེ། རྫས་ཀྱི་རང་བཞིན་སྤངས་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་དུས་གཞན་དུ་ཡུལ་མཐོང་བའི་བྱེད་པ་དང་བྲལ་བའི་ཚེ་ཤེས་པ་ཡོད་པའི་ཁམས་ས་བོན་ཙམ་མཐོང་ཞིང་། དེ་ལས་གཞན་དུ་ཡུལ་ལ་ལོངས་སྤྱོད་པའི་བྱེད་པ་དང་ལྡན་པའི་ཚེ་ཤེས་པ་ཡོད་པར་གང་འདོད་པ་དེ་ནི་ངེས་པར་ལྕགས་ཀྱི་ཁུ་བ་ཉིད་བཞིན་དུ་གཞན་དང་གཞན་དུ་འགྱུར་བ་དེའི་ཕྱིར། སྐྱེས་བུ་དེ་ནི་རྣམ་པར་འགྱུར་བའི་མི་རྟག་པར་འགྱུར་རོ། །

གསུམ་པ་རིགས་པ་ཅན་པའི་ལུགས་ཀྱི་བདག་དགག་པ་ནི། རིགས་པ་ཅན་པ་ཁ་ཅིག །སྲོག་ཆགས་སོ་སོའི་རྒྱུད་ཀྱི་ཤེས་པ་ཡོད་པ་ནི་ཡིད་ཙམ་སྟེ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཞིག་བདག་ལ་འབྲེལ་བ་སྟེ། སྐྱེས་བུ་རང་གི་ངོ་བོ་ནི་ནམ་མཁའ་བཞིན་དུ་ཆེ་བས་ཐམས་ཅད་ལ་ཁྱབ་པར་འདོད་དོ་ཞེ་ན། དེ་མི་འཐད་དེ། ཁྱོད་ཀྱི་ཁས་ལེན་དེ་ཉིད་ཀྱི་ཕྱིར་ན་བདག་དེ་ཡི་ངོ་བོ་ནི་ཤེས་པ་ཡོད་པ་ཉིད་མིན་པ་ལྟར་མཐོང་སྟེ། དཔེར་ན་རྡུལ་ཕྲན་ཙམ་གྱི་ལན་ཚྭ་དང་འབྲེལ་བས་གང་གཱའི་ཆུ་ཀླུང་ལན་ཚྭ་དང་བཅས་པར་མི་འགྱུར་བ་བཞིན་ནོ། །གཞན་ཡང་གལ་ཏེ་ཀུན་ལ་ཁྱབ་པའི་བདག་ཡོད་ན་དེ་ལ་ཐ་ད་དད་མེད་པས། གཞན་གྱི་བདག་དེ་ཡང་རྒྱུ་མཚན་ཅིས་ན་རང་གི་བདག་དེར་མི་རྟོག་སྟེ། བདག་ལ་ཁྱད་པར་མེད་པའི་ཕྱིར། རང་གི་བདག་དེ་ཉིད་ཀྱིས་ནི་གཞན་གྱི་བདག་དེ་ཉིད་ལ་སྒྲིབ་པ་ཡིན་ནོ་ཞེས་བྱ་བར་ཡང་མི་འཐད་དོ། །དེའི་རྒྱུ་མཚན་ངོ་བོ་གཅིག་བསྒྲིབ་བྱ་སྒྲིབ་བྱེད་དུ་མི་འཐད་པའི་ཕྱིར་རོ། །དེས་ན་བདག་ལྟའི་རྟེན་ལ་བྱེ་བྲག་མེད་པ་དང་། གཞན་གྱིས་བསགས་པ་གཞན་གྱིས་མྱོང་བར་ཐལ་བ་སོགས་སྐྱོན་མཐའ་ཡས་སོ། །

གཉིས་པ་བྱེད་པ་པོར་རྟོག་པ་དགག་པ་ལ། ཞར་བྱུང་གྲངས་ཅན་ལུགས་ཀྱི་གཙོ་བོ་དགག །དངོས་དོན་གང་ཟག་བྱེད་པོར་འདོད་པ་དགག །

དང་པོ་ནི། གྲངས་ཅན་པ་རྣམས་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པ་པོ་ཁོ་ནར་འདོད་ཀྱི་བྱེད་པ་པོར་མི་འདོད་པས། རྣམ་འགྱུར་རྣམས་ཀྱི་བྱེད་པ་པོ་ནི་རང་བཞིན་རྒྱུའི་གཙོ་བོ་ཞེས་བྱ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་སྣོད་བཅུད་ཀྱི་བྱེད་པ་པོར་གྱུར་ཀྱང་། ཤེས་པ་དང་མི་ལྡན་པས་ལོངས་སྤྱོད་པ་པོར་མི་འདོད་དོ་ཞེ་ན། དེ་ལ་སེར་སྐྱ་པ་གང་གི་ལུགས་ལ་ཡོན་ཏན་གསུམ་གྱི་རང་བཞིན་ཅན་གྱི་བྱེད་པ་པོ་ཡིན་པ་དང་། རྣམ་པ་ཀུན་ཏུ་ཤེས་པ་ཡོད་པ་མ་ཡིན་པར་སྨྲ་བ་དེ་དག་དང་ནི་རྣམ་ཤེས་རྣལ་དུ་མིག་གནས་པའི་སྨྱོན་པ་དག་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་རྣམས་ཀྱིས་རྣམ་པ་ཀུན་ཏུ་ཁྱིམ་ལ་སོགས་པ་དག་བྱེད་པར་ཤེས་ཀྱི། དེ་ལ་ལོངས་སྤྱོད་དེ་ཟ་བ་ནི་རྣམ་པར་མི་ཤེས་པ་འདི་ལས་མི་རིགས་པ་གཞན་ཅི་ཞིག་ཡོད་ཅེས་གསུངས་སོ། །

གཉིས་པ་ནི། བྱེ་བྲག་པ་གང་དག་བདག་ཁོ་ན་ཆོས་དང་ཆོས་མ་ཡིན་པའི་བྱེད་པ་པོ་དང་ཟ་བ་པོར་ཡང་འདོད་དོ་ཞེ་ན། བདག་བྱ་བ་དང་ལྡན་ན་ནི་དེ་རྟག་པ་མེད་པར་ཐལ་ཏེ། དོན་བྱེད་པའི་བྱ་བ་དང་ལྡན་པའི་ཕྱིར་དང་། ཀུན་ཏུ་སོང་བའི་རྟག་པ་ལ་བྱ་བ་ཡང་མེད་དོ། །འོ་ན་བདག་གི་རང་བཞིན་ལ་བྱ་བ་མེད་པར་འདོད་ན་ནི་བྱ་བ་མེད་པ་དེ་ནི་མེད་པ་རི་རྭ་དང་མཚུངས་པ་དེ་ཉིད་ཀྱི་ཕྱིར། དེ་འཁོར་འདས་འཆིང་གྲོལ་གྱི་རྟེན་དུ་ཁས་བླངས་པ་ལ་དགོས་ནུས་ཅི་ཡང་མེད་པས་ན། བདག་མེད་ཟབ་མོའི་དོན་ལ་ཁྱོད་ཅིས་མི་དགའ་སྟེ། དགའ་བར་རིགས་སོ། །

གསུམ་པ་དེ་ཡི་གནད་དོན་བསྡུས་ཏེ་རྣམ་པར་དགག་པ་ལ། བདག་དང་བདག་མེད་འདོད་པའི་རབ་དབྱེ་བསྟན། དེ་ལས་བདག་ཏུ་སྨྲ་བའི་ལོག་རྟོག་དགག་པ་གཉིས། དང་པོ་ནི། བྱེ་བྲག་པ་སོགས་ལ་ལ་ལུས་རེ་རེ་ཞིང་བདག་ཀུན་ཏུ་སོང་བར་མཐོང་བ་དང་། གཅེར་བུ་པ་ལ་ལས་ནི་སྐྱེས་བུ་ལུས་ཇི་ཙམ་པ་དེ་ཙམ་ཞིག་ཏུ་ཞུམ་པ་དང་རྒྱས་པར་སྨྲ་སྟེ། །གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་པ་ལྟར་རོ། །ལ་ལ་ཞིག་ནི་ཞུམ་རྒྱས་སུ་སྨྲ་བ་མི་བཟོད་པས་ན་རྡུལ་ཕྲན་ཙམ་ཞིག་ཏུ་མཐོང་སྟེ་བདག་ཏུ་རྟོག་པར་བྱེད་དེ། འཇུག་པ་ལས། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་གསུངས་པ་ལྟར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་མངོན་པར་ཤེས་པའི་ཤེས་རབ་ཅན་གྱིས་ནི་བདག་མེད་པར་ཡོངས་སུ་མཐོང་ངོ་། །

གཉིས་པ་ནི། ཕྱི་རོལ་པ་གང་དག་བདག་རྟག་པའི་རང་བཞིན་དུ་ཁས་ལེན་པ་དེ་ལ་ནི་ཐར་པ་ཡོད་པ་མ་ཡིན་ཏེ། གང་རྟག་པའི་བདག་ལ་འཁོར་བའི་སྡུག་བསྔལ་གྱིས་གནོད་པར་འགྱུར་བ་ག་ལ་ཡོད་དེ། མེད་པ་དེའི་ཕྱིར་ཐོག་མར་འཁོར་བར་བཅིངས་པའི་གནོད་པ་མེད་པ་དེ་ལ་ཐ་མར་དེ་ལས་ཐར་པའང་ག་ལ་ཡོད། དེས་ན་གང་གི་ལུགས་ལ་བདག་རྟག་པ་ཉིད་དུ་འདོད་པ་དེ་ལ་ཐར་པ་ཡོད་པར་མི་རིགས་སོ། །དེ་ལ་ཡ་མཚན་ཅན་པ་རྣམས་ཀྱིས། བདག་དང་བདག་གིར་འཛིན་པ་ཟད་པར་བྱ་བའི་ཕྱིར་གྲོལ་བ་ཁས་ལེན་མོད་ཀྱི། དེ་ནི་མི་འཐད་དེ། གལ་ཏེ་གྲོལ་བའི་ཚེ་བདག་ཅེས་བྱ་བ་ངེས་པར་ཡོད་ན་བདག་མེད་དོ་སྙམ་པའི་བློ་ཡོད་པར་མི་རིགས་ཤིང་། བདག་དེ་ཉིད་ཀྱི་ཚུལ་རིག་པ་དང་ཇི་བཞིན་ངེས་པ་ལས། བདག་དང་བདག་གིར་འཛིན་པ་སྤངས་ཏེ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བའང་རྫུན་པར་འགྱུར་ཏེ། བདག་ཡོད་པའི་ཕྱིར་རོ། །གལ་ཏེ་ཇི་སྐད་བཤད་པའི་རིགས་པའི་གནོད་པས་ཐར་པའི་ཚེ་བདག་མེད་པར་ཁས་བླངས་ཏེ་གྲོལ་བ་ཡོད་པ་ཉིད་དུ་འདོད་ན་ནི། གང་ཐར་པའི་ཚེ་བདག་མེད་ན་བདག་མེད་དེ་ནི་སྔར་ཡང་མེད་པ་མེད་པར་ཡོད་པར་ཁས་ལེན་དགོས་ཏེ་ཐར་པའི་ཚེ་བདག་དང་བདག་གི་བའི་འབྲེལ་བ་ཅན་གྱི་ཆོས་དང་མི་ལྡན་པ་ལ་དེ་ཁོ་ན་ལྟར། གང་མཐོང་བ་དེ་ནི་རང་བཞིན་མཐོང་བའོ་ཞེས་བྱ་བར་བཤད་པའི་ཕྱིར་རོ། །

གཉིས་པ་བདག་མེད་ཀྱི་དོན་ལ་རྩོད་པ་སྤོང་བ་ནི། འོ་ན་ཁྱོད་ཀྱི་ལུགས་ལ་བདག་མེད་ན་འདུ་བྱེད་རྣམས་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་ཆད་པར་ལྟ་བར་ཐལ་ལོ་ཞེ་ན། གལ་ཏེ་མི་རྟག་པ་ཡིན་པས་ཆད་པར་འགྱུར་ན་ནི། འོ་ན་ད་དུང་དུ་ཡང་བསྐལ་པ་དང་པོ་ནས་ཞུགས་པའི་རྩྭ་དང་ལྗོན་ཤིང་ལ་སོགས་པ་ཅི་སྟེ་ཡོད། གཞན་ཡང་སྨྲ་བ་འདི་ནི་གལ་ཏེ་བདེན་པར་གྱུར་ན་གང་ཟག་སུ་ལའང་གཏི་མུག་དག་ཀྱང་མི་འབྱུང་བར་ཐལ་ཏེ། འདུ་བྱེད་སྐད་ཅིག་མའི་ཆོས་ཡིན་པའི་ཕྱིར། ཀྱང་གི་སྒྲས་ནི་བདེ་བ་དང་འདོད་ཆགས་ལ་སོགས་པ་དག་ཀྱང་བཟུང་བར་བསྟན་ཏོ། །ཅི་སྟེ་ཁོ་བོ་ཅག་ལ་ཐལ་བ་འདིར་མི་འགྱུར་ཏེ། འདུ་བྱེད་མི་རྟག་པ་ཡིན་ཡང་དེ་རྒྱུན་མི་ཆད་པའི་རྟེན་བདག་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱི་ཞེན་པའི་སྒོ་ནས་བདག་ནི་ཡོད་པར་འགྱུར་དུ་ཆུག་ནའང་དེས་ཅི་ཞིག་བྱ་སྟེ། གཟུགས་ལ་སོགས་པའི་འདུས་བྱས་རྣམས་ནི་ཐོག་མར་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ཡང་གཞན་ལས་འབྱུང་བར་སྣང་བར་འགྱུར་ལ། བར་དུ་གནས་པའི་རྐྱེན་ཡང་གཞན་ལས་གནས་པར་སྣང་བར་འགྱུར་ཞིང་། ཐ་མ་རྒྱུ་ལྡོག་པ་ལྟ་བུའང་གཞན་ལས་རྣམ་པར་འཇིག་པར་སྣ་ང་བ་ཡིན་ན་བདག་ནི་དེ་དག་གི་རྟེན་དུ་གྱུར་པ་ཅི་ཡང་མ་མཐོང་བའི་ཕྱིར་རོ། །དེ་ལྟར་གང་ཕྱི་རོལ་པས་སྒྲོ་བཏགས་པའི་བདག་ལྟ་ཀུན་བཏགས་ཀྱི་ཆ་ཐམས་ཅད་རིགས་པས་རྣམ་པར་དཔྱད་པ་ན་དེ་དང་ལྷན་ཅིག་ཏུ་ངར་འཛིན་ལྷན་སྐྱེས་ཀྱི་ཆ་ཡང་ཁེགས་པར་འགྱུར་ཏེ། ངར་འཛིན་ལྷན་སྐྱེས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་ཞེན་ཡུལ་བཙལ་ཏེ་རིགས་པས་དཔྱད་ན་འདི་དག་ལས་འོས་མེད་པའི་ཕྱིར་རོ། །དེ་ལ་ཀུན་བཏགས་སྤངས་པས་ལྷན་སྐྱེས་མི་སྤོང་བའི་ཚུལ་དང་། ཀུན་བཏགས་རིགས་པས་ཁེགས་ན་ལྷན་སྐྱེས་ཀྱང་ཁེགས་པའི་ཚུལ་དང་། དབུ་མ་ཆེན་པོའི་ལུགས་ལ་བདག་བཏགས་ཡོད་ཙམ་དུ་འཇོག་པའི་ཚུལ་སོགས། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཉིད་ལས་མཁྱེན་པར་འཚལ་ལོ། །དེ་ཉིད་ཀྱི་ཕྱིར། སློབ་དཔོན་ཀླུའི་དབང་པོས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །སོགས་ཀྱིས་བསྟན་པ་ལྟར། ཇི་ལྟར་རང་བཞིན་གྱིས་མ་གྲུབ་པའི་ས་བོན་ཉིད་རྒྱུ་རྐྱེན་གྱིས་བྱས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལས། མྱུ་གུ་རྒྱུ་རྐྱེན་གྱིས་བྱས་པ་རང་བཞིན་གྱིས་མ་གྲུབ་པའི་རྟེན་འབྱུང་གི་སྣང་བ་བསླུ་མེད་དུ་སྐྱེ་བར་འགྱུར་བ་དེ་བཞིན་དུ། འདུ་བྱེད་མི་རྟག་པའི་ཆོས་ཐམས་ཅད་ནི་རང་རྒྱུ་མི་རྟག་པ་དག་ལས་རབ་ཏུ་འབྱུང་བར་འགྱུར་རོ། །

གསུམ་པ་རྟག་ཆད་བྲལ་བར་གྲུབ་དོན་བསྡུ་བ་ནི། དེ་ལྟར་རྣམ་པར་དཔྱད་ན་འཁོར་འདས་འཆིང་གྲོལ་གྱི་བདག་མེད་པའི་གནད་ཀྱིས་གང་གི་ཕྱིར་རྒྱུ་དང་འབྲས་བུ་རང་བཞིན་གྱིས་མ་གྲུབ་པས། རྒྱུ་ས་བོན་ལས་འབྲས་བུ་མྱུ་གུའི་དངོས་པོ་འཇུག་པར་འགྱུར་བ་དེས་ན་དངོས་པོ་རྣམས་ཆད་པར་མི་འགྱུར་ཞིང་། གང་གི་ཕྱིར་རྒྱུ་ས་བོན་གྱི་དངོས་པོ་ལྡོག་པར་འགྱུར་བ་དེས་ན་རྟག་པར་ཡང་མི་འགྱུར་རོ། །དེ་ལྟར་ལེགས་པར་དཔྱད་དེ་དོན་དམ་པའི་དེ་ཁོ་ན་ཉིད་རྟེན་འབྱུང་བདག་མེད་པའི་ཚུལ་ལ་འཇུག་པར་བྱ་སྟེ། འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པ་ལྟར་ཉམས་སུ་ལེན་པར་བྱའོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདག་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་པའི་འགྲེལ་པའོ།། །།

ག༡༡ རབ་བྱེད་བཅུ་གཅིག་པ་དུས་དགག་པ་པ་སྒོམ་པ་བསྟན་པ།

གཉིས་པ་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བཤད་པ་ལ། སྤྱིར་དུས་གསུམ་སྟོང་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་། བྱེ་བྲག་ཕྱི་ནང་སྟོང་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་། ཁྱད་པར་ཆོས་མཐའ་བྲལ་སྟོང་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བཤད་པ་གསུམ། དང་པོ་ལ་དུས་གསུམ་སྟོང་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དངོས་དང་། ལྟ་བ་བདག་མེད་ཟབ་མོའི་རྣལ་འབྱོར་དང་། དང་པོ་ལ། དུས་གསུམ་ཆོས་ཀྱི་ངོ་བོ་སྤྱིར་དགག་པ་དང་། མཚན་ཉིད་ཀྱི་ཆོས་ལ་དཔྱད་དེ་སོ་སོར་དགག་པ་གཉིས། དང་པོ་ལ། མ་འོངས་པའི་དུས་ཀྱི་ངོ་བོ་དགག་པ་དང་། ད་ལྟ་བའི་དུས་ཀྱི་ངོ་བོ་དགག་པ་དང་། འདས་པའི་དུས་ཀྱི་ངོ་བོ་དགག་པ་གསུམ།

དང་པོ་ནི། རྣམ་པར་དཔྱད་ན་དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དེ། དེའི་ཚུལ་གཏན་ལ་དབབ་པ་ལ། དངོས་པོའི་ཆོས་ལས་ཐ་དད་པའི་དུས་རྟག་པ་འབྱུང་འཇིག་གི་རྒྱུར་འདོད་པ་ནི། གང་ཞིག་ཡོད་ན་དངོས་པོ་ལ། །འཇུག་དང་ལྡོག་པའང་དམིགས་འགྱུར་བ། །དེ་ནི་གཞན་གྱི་དབང་འགྱུར་ཏེ། །དེས་ནི་འབྲས་བུར་ཡང་འགྱུར་རོ། །ཞེས་པའི་ཚུལ་གྱིས་བཀག་ཟིན་པ་དང་། འདིར་དུས་སུ་གདགས་པའི་གཞི་དུས་གསུམ་གྱི་ཆོས་ཐམས་ཅད་མ་གྲུབ་པར་བསྟན་པའི་སྒོ་ནས་དུས་ཀྱང་མ་གྲུབ་པར་བསྟན་པའི་ཚུལ་ནི། འགྲེལ་ཆེན་ལས་འདིའི་སྔ་འགྲེལ་དུ། འདི་ན་གལ་ཏེ་དུས་ཞེས་བྱ་བ་དངོས་པོ་ལས་ཐ་དད་ཅིང་བདག་ཉིད་ཀྱིས་གྲུབ་པ་ཡོད་ན། སོགས་ནས། ཞེས་པ་ལ་སོགས་པས་བཀག་ཟིན་པའི་ཕྱིར་ལ་སོགས་དང་། དེའི་ཕྱིར་བུམ་པ་ལ་སོགས་པའི་སྒོ་ཁོ་ན་ནས་དེ་དག་གི་ཁྱད་པར་ཡོངས་སུ་གཅོད་པའི་ཕྱིར་དེའི་སྒོ་ནས་དུས་གསུམ་བཀག་པས་དུས་དགག་པར་མཛད་པར་བཞེད་པས། ཞེས་གསུངས་པ་ལྟར། འདིར་དུས་སུ་གདགས་པའི་གཞི་དངོས་པོ་བུམ་པ་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པའི་དེ་ཁོ་ན་ཉིད་དུ་ཇི་ལྟར་གཏན་ལ་དབབ་པའི་ཚུལ་ནི། གང་དག་བུམ་པ་ལ་སོགས་པ་དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དངོས་པོར་ཡོད་པས་ན་དུས་དག་ཀྱང་ཡོད་དོ་སྙམ་པ་ལ་བཤད་པ། དུས་གསུམ་གྱི་ཆོས་ནི་ཕན་ཚུན་ལྟོས་ནས་འཇོག་དགོས་པ་གང་ཞིག ཐོག་མར་མ་འོངས་པའི་བུམ་པ་མ་གྲུབ་སྟེ། མ་འོངས་པའི་བུམ་པ་ལ་དེའི་ལྟོས་གཞི་མ་འོངས་པའི་ས་ན་ད་ལྟར་བའི་བུམ་པ་ཡོད་པ་མ་ཡིན་པ་གང་ཞིག །འདས་པའི་བུམ་པ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ན་དེ་གཉིས་མ་འོངས་པ་ཉིད་དུ་ཐལ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིར་ལྟོས་གཞི་མེད་པའི་ལྟོས་ཆོས་མ་འོངས་པ་ཡོད་པ་མ་ཡིན་པར་གྲུབ་བོ། །གལ་ཏེ་ཞིག་ཟིན་པ་འདས་པའི་བུམ་པ་མ་འོངས་པའི་ངོ་བོར་མ་འོངས་པའི་དུས་ལ་ཡོད་པར་འདོད་ན་ནི། མ་འོངས་པའི་བདག་ཉིད་དུ་ཡོད་པའི་ཆོས་གང་ཡིན་པ་དེ་ནི་ཇི་ལྟར་ན་འདས་པར་འགྱུར་ཏེ་མི་རིགས་སོ། །དེ་ལྟར་ལྟོས་པའི་སྒོ་ནས་བཞག་པ་མ་ཡིན་པར་གང་གི་ཕྱིར་ན་མ་འོངས་པའི་དངོས་པོ་མ་འོངས་པའི་བདག་ཉིད་དག་ཏུ་ངོ་བོས་གནས་པར་འགྱུར་བ་ཉིད་དུ་འདོད་ན་ནི། ད་ལྟར་ཡོད་པ་དེ་ཡི་ཕྱིར་ན་ད་ལྟ་བར་ཐལ་བར་འགྱུར་ཏེ་མ་འོངས་པ་ཉིད་མི་སྲིད་དོ། །

གཉིས་པ་ནི། དེ་ལ་རང་སྡེ་བྱེ་བྲག་སྨྲ་བ་རྣམས་ཀྱིས། ད་ལྟ་བ་ནི་ཡོད་དེ། དུས་གསུམ་གྱི་དངོས་པོ་རྫས་སུ་ཡོད་པ་གང་ཞིག །འདས་མ་འོངས་པ་གཉིས་ལ་ལྟོས་པའི་ད་ལྟ་བ་ཡོད་པའི་ཕྱིར་ཞེ་ན། ཁྱོད་ཀྱི་ལུགས་ལ་མ་འོངས་པའི་དངོས་པོ་ཡང་ཡོད་པ་དང་འདས་པའི་དངོས་པོ་ཡང་ཡོད་ལ་ད་ལྟ་བའི་དངོས་པོ་ཡང་ཡོད་ན་ཅི་ཞིག་མེད་པར་ཁས་ལེན། གང་གིས་དུས་ཀུན་ཏུ་རང་བཞིན་མི་འདོར་བར་ཡོད་པ་ཉིད་དུ་འདོད་པ་དེ་ཡི་ལུགས་ཀྱི་མི་རྟག་པ་ཉིད་གང་ལས་ཡིན་ཏེ་དཀའ་བར་གནས་སོ། །

གསུམ་པ་ནི། ཡང་དུས་འདས་པའི་ཆོས་ནི་ངེས་པར་ཡོད་དེ། ཆོས་འདས་པའི་འདས་པ་སོགས་ཕན་ཚུན་ལྟོས་པའི་སྒོ་ནས་ཡོད་པའི་ཕྱིར་ཞེ་ན། དེ་ལ་དུས་འདས་པའི་འདས་པ་ཉིད་མ་གྲུབ་སྟེ། དུས་འདས་པ་ལས་ནི་སླར་ཡང་འདས་པར་གྱུར་པ་དེ་ཅི་ཡི་ཕྱིར་ན་འདས་པར་འགྱུར་ཏེ། བྱིས་པའི་གནས་སྐབས་ལས་འདས་པ་བྱིས་པ་མ་ཡིན་པ་བཞིན་ནོ། །འདས་པ་ལས་ནི་མ་འདས་པའི་དངོས་པོར་ཡོད་ན་ཡང་། ཅི་ཡི་ཕྱིར་ན་འདས་པར་འགྱུར་ཏེ་ད་ལྟ་བ་བཞིན་ནོ། །

གཉིས་པ་མཚན་ཉིད་ཀྱི་ཆོས་ལ་དཔྱད་དེ་སོ་སོར་དགག་པ་ལ། སྐྱེ་བའི་མཚན་ཉིད་ལ་དཔྱད་དེ་མ་འོངས་པ་དགག་པ། གནས་པའི་མཚན་ཉིད་ལ་དཔྱད་དེ་ད་ལྟ་བ་དགག་པ། འཇིག་པའི་མཚན་ཉིད་ལ་དཔྱད་དེ་འདས་པ་དགག་པ་དང་གསུམ།

དང་པོ་ལ། རྣམ་པར་དཔྱད་པ་མདོར་བསྟན་པ་དང་། དེའི་ཚུལ་རྒྱས་པར་བཤད་པ། གནད་དོན་བསྡུས་ཏེ་དགག་པ་དང་གསུམ། དང་པོ་ནི། ཡང་བྱེ་བྲག་སྨྲ་བ་རྣམས་ཀྱིས། སྐྱེ་བའི་མཚན་ཉིད་ཀྱི་སྒོ་ནས་མ་འོངས་པའི་དངོས་པོ་ཡོད་དེ། གལ་ཏེ་མེད་ན་ད་ལྟ་བའི་སར་སྐྱེ་བ་མི་སྲིད་པའི་ཕྱིར་ཞེ་ན། གལ་ཏེ་མ་འོངས་པའི་དངོས་པོ་དེ་རྒྱུ་རྐྱེན་ལས་སྐྱེ་བའི་ཚུལ་གྱིས་ཡོད་ན་དེ་ཇི་ལྟར་ན་ད་ལྟ་བར་མི་འགྱུར། ཅི་སྟེ་དེ་ལ་སྐྱེས་པ་མེད་པར་འདོད་ན་ནི་འོ་ན་མ་འོངས་པའི་དངོས་པོ་དེ་རྟག་པར་འགྱུར་རམ་ཅི་སྟེ། རྒྱུ་ལས་མ་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། དེ་ལ་མ་འོངས་དངོས་པོ་རང་ཉིད་རྒྱུ་ལས་སྐྱེས་པ་མེད་ཀྱང་རྟག་པར་མི་འགྱུར་ཏེ་ནམ་ཞིག་རྒྱུ་རྐྱེན་ཚོགས་པ་ན་མ་འོངས་པའི་གནས་སྐབས་འཇིག་པ་ལས་ད་ལྟ་བར་འགྱུར་བས་གལ་ཏེ་མ་འོངས་པ་མི་རྟག་པར་འདོད་ན། འོ་ན་འདས་པའི་དངོས་པོ་ལ་མི་རྟག་པའི་འཇིག་པ་ཡོད་པ་མིན་ཏེ། དེ་ད་ལྟ་བའི་སར་སྐྱེ་བ་མེད་པའི་ཕྱིར། དེས་ན་འདས་པའི་དངོས་པོ་དེ་ནི་རྟག་པར་ཅིས་མི་རྟོག་དེ་ལྟར་མ་འོངས་པ་ད་ལྟ་བའི་སར་སྐྱེ་བ་ཡོད་པས་མི་རྟག་པའི་མཚན་ཉིད་དུ་འཇོག་ན། འོ་ན་འདས་པ་དང་ནི་ད་ལྟ་བ་འདི་གཉིས་ནི་མི་རྟག་པར་འགྱུར་བ་མིན་ལ། དུས་དེ་དག་གཉིས་ལས་གཞན་པའི་མི་རྟག་པར་འགྱུར་བའི་རྣམ་པ་ནི་གསུམ་པའང་ལུགས་དེ་ལ་ཡོད་པ་མ་ཡིན་ནོ། །

གཉིས་པ་ལ། མ་འོངས་པའི་ཆོས་ཡོད་པར་འདོད་པའི་ཕྱོགས་དགག་པ་དང་། མ་འོངས་པའི་དངོས་པོ་མེད་པར་འདོད་པའི་ཕྱོགས་དགག་པ་གཉིས། དང་པོ་ནི། མ་འོངས་པའི་དངོས་པོ་ནི་ཡོད་པ་ཁོ་ན་ཉིད་དེ། རྐྱེན་དང་ཕྲད་ན་ད་ལྟ་བའི་སར་སྐྱེ་བ་ཡོད་པའི་ཕྱིར། གང་མེད་པ་ནི་སྐྱེ་མི་སྲིད་དེ་རི་བོང་གི་རྭ་བཞིན་ནོ་ཞེ་ན། དངོས་པོ་གང་ཞིག་ཕྱིས་སུ་རྐྱེན་གྱིས་སྐྱེ་བར་འགྱུར་བ་དེ་ནི་གལ་ཏེ་སྔར་རྒྱུ་རྐྱེན་མ་ཚོགས་པའི་གནས་སྐབས་ན་ཡོད་པར་ཁས་ལེན་དུ་རུང་ན། དེ་ཡི་ཕྱིར་ན་མུ་སྟེགས་ཕྱྭ་སྨྲ་བ་རྣམས་ཀྱི་ཕྱོགས་དངོས་པོ་རྣམས་ནི་སྐྱེས་བུས་བྱེད་པས་སྟོང་པ་གནམ་གྱིས་བཟོས་པར་འདོད་པ་ཡེ་སྲིད་པའི་ལུགས་རྣམས་ནི་ཕྱིན་ཅི་ལོག་པར་མི་འགྱུར་རོ། །གཞན་ཡང་བསྐྱེད་བྱ་འབྲས་བུ་ཞེས་བྱ་བ་ནི་ཆོས་གང་ཞིག་རྒྱུ་རྐྱེན་གྱིས་གསར་དུ་འབྱུང་བར་བྱེད་དགོས་པ་དེ་ནི་སྔར་ནས་ཡོད་ཅེས་བརྗོད་པར་བྱ་མི་རིགས་ཏེ། གལ་ཏེ་སྔར་ནས་ཡོད་པ་དེ་སླར་ཡང་རྒྱུ་རྐྱེན་གྱིས་སྐྱེ་བར་འགྱུར་ན་སྐྱེས་ཟིན་པ་སླར་ཡང་འབྱུང་བར་ཐལ་བར་འགྱུར་རོ། །གལ་ཏེ་ཡང་མ་འོངས་པ་ནི་ཡོད་པ་ཁོ་ན་སྟེ། རྣལ་འབྱོར་པས་མངོན་སུམ་དུ་ཡོད་པར་མཐོང་ནས་དོན་ཇི་ལྟ་བ་བཞིན་དུ་ལུང་བསྟན་པའི་ཕྱིར་ཞེ་ན། མ་འོངས་པ་ཡི་དངོས་པོ་ད་ལྟ་ཡོད་པར་མཐོང་བའི་ཚད་མ་ཡོད་ན་དངོས་པོ་མེད་པ་མོ་གཤམ་གྱི་བུ་སོགས་ཀྱང་ཅིས་མི་མཐོང་སྟེ་མཐོང་བར་ཐལ་ལོ། །

མདོར་ན་གྲུབ་མཐའ་གང་ལ་མ་འོངས་པ་རྫས་སུ་ཡོད་པར་འགྱུར་བ་དེ་ལ་མ་འོངས་པའི་དུས་རིང་མོ་ཞིག་ན་འདི་དང་འདི་ལྟ་བུ་འབྱུང་བར་འགྱུར་རོ་ཞེས་ལུང་སྟོན་པ་སོགས་དུས་རིང་བ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ་ད་ལྟ་བ་བཞིན་ནོ། །གལ་ཏེ་རྐྱེན་ལུས་ངག་གི་མི་དགེ་བ་སྡོམ་པ་སོགས་བྱས་པ་མེད་ཀྱང་སྡོམ་པའི་ཆོས་ཡོད་པར་ཁས་ལེན་ན། འོ་ན་ལུས་ངག་ངེས་པར་སྡོམ་པའི་ངལ་བ་དོན་མེད་པར་འགྱུར་ལ། ཅི་སྟེ་ཁྱད་པར་ཅུང་ཟད་བྱེད་དུ་ཡོད་པར་འདོད་ན་ཡང་། བསྐྱེད་བྱ་འབྲས་བུའི་ཆོས་ད་ལྟ་མ་འོངས་པ་ན་ཡོད་པ་མི་སྲིད་དོ། །མདོར་ན་འདུ་བྱེད་མི་རྟག་པ་ཡིན་པར་ཁས་ལེན་ན་ནི་ཇི་ལྟ་བུར་ན་གང་འབྲས་བུ་རྣམས་སྔར་ནས་རང་བཞིན་མི་འདོར་བའི་ཚུལ་དུ་ཡོད་ཅེས་བྱ་བར་ཇི་ལྟར་འགྱུར་ཏེ། དེའི་རྒྱུ་མཚན་དངོས་པོའི་ཆོས་གང་ལ་ཐོག་མ་དང་མཐའ་མ་གཉིས་སུ་མ་སྐྱེས་པ་དང་འགག་པ་ཡོད་པ་དེ་ནི་འཇིག་རྟེན་ན་མི་རྟག་པ་ཉིད་དུ་བརྗོད་པའི་ཕྱིར་རོ། །

གཉིས་པ་ནི། གང་ཞིག་འབྲས་བུ་དུས་སུ་ཡོད་པར་འདོད་པ་ལ་སྐྱོན་མཐོང་བས་མ་འོངས་པ་ནི་མེད་པའི་ཆོས་ཁོ་ནའོ་ཞེ་ན། འོ་ན་མ་འོངས་པའི་སྐྱེ་བ་ལ་སོགས་པ་སྒྲིབ་པ་ཟད་པའི་ཕྱིར་དུ་ལམ་སྒོམ་པའི་འབད་རྩོལ་གྱིས་བསྒྲིབ་པ་མེད་པར་ཐལ་བར་འགྱུར་ཏེ་གྲོལ་བ་ལ་བར་དུ་གཅོད་པའི་གེགས་ཆགས་སོགས་ཀྱི་སྒྲིབ་པ་མ་འོངས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མ་འོངས་པ་ན་ཆགས་སོགས་ཀྱི་ས་བོན་མེད་ཀྱང་ཐར་པ་ལ་བར་དུ་གཅོད་པའི་སྒྲིབ་པ་སྐྱེ་བ་ཡོད་པ་དེ་ལྟར་ཡིན་ན་ཆགས་བྲལ་རྣམས་ཀྱི་རྒྱུད་ལ་རྟེན་ཆགས་པ་མེད་པར་ཡང་ནི་རྟེན་ཅན་གྱི་འདོད་ཆགས་ཀྱང་ནི་འབྱུང་བར་འགྱུར་རོ། །

གསུམ་པ་ནི། མདོར་ན་གྲངས་ཅན་པ་དང་བྱེ་བྲག་སྨྲ་བ་གང་དག །མ་འོངས་པ་ན་འབྲས་བུ་ཡོད་པ་ཉིད་དུ་གང་འདོད་པའི་ཕྱོགས་དང་། བྱེ་བྲག་པ་དང་། མདོ་སྡེ་པ་དང་། རྣམ་རིག་པ་རྣམས་མ་འོངས་པ་ན་འབྲས་བུ་མེད་པ་ཉིད་དུ་གང་འདོད་པའི་ཕྱོགས་ཏེ་གཉིས་ཀ་ལ་ཡང་། ཁྱིམ་གྱི་དོན་དུ་སྒོ་སྐྱེས་དང་། ཀ་བ་ལ་སོགས་པའི་རྒྱན་ཐམས་ཅད་ནི་དོན་མེད་པར་འགྱུར་ཏེ། ཡོད་པ་སྐྱེ་མི་དགོས་པ་དང་། མེད་པ་སྐྱེ་མི་སྲིད་པའི་ཕྱིར་རོ། །སྐབས་འདིའི་སྔ་རྒོལ་ནི་འགྲེལ་ཆེན་ལས། གྲངས་ཅན་དང་བྱེ་བྲག་སྨྲ་བ་དག་ནི་འབྲས་བུ་ཡོད་པར་སྨྲ་བ་ཉིད་དོ་ཞེས་དང་། བྱེ་བྲག་པ་དང་མདོ་སྡེ་བ་དང་རྣམ་པར་ཤེས་པ་སྨྲ་བ་དག་ནི་འབྲས་བུ་མེད་པར་སྨྲ་བ་དག་སྟེ་ཞེས་སོགས་རྒྱ་ཆེར་བསྟན་ཏོ། །དེ་ལྟར་ན་དབུ་མ་ཆེན་པོའི་ལུགས་སྨྲ་བ་དག་ནི། འགྲེལ་ཆེན་ལས། གང་གི་ལྟར་ན་དངོས་པོ་རྣམས། རང་བཞིན་མེད་པ་ཡིན་པ་དེའི་ལྟར་ན་ནི་རྣམ་པ་ཐམས་ཅད་དུ་དངོས་པོ་ཡོད་པ་ཉིད་མེད་པའི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པའི་རྟོག་པ་དང་། དངོས་པོའི་ཆོས་ཀྱི་རྟེན་ཅན་རྣམས་མི་སྲིད་པས་བཤད་ཟིན་པའི་ཉེས་པའི་གོ་སྐབས་མེད་པ་ཞེས་སོགས་དང་། དེའི་ཕྱིར་དེ་ལྟར་ན་མཁས་པས་མཐའ་གཉིས་སྤངས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་བླང་བར་བྱའོ། །ཞེས་གསུངས་པ་ལྟར། རྒན་པོ་ཨུ་ཚུགས་ཅན་རྣམས་ལྟ་ཅི། གྲུབ་མཐའ་འོག་མ་རྣམས་ཀྱིས་ཀྱང་འཆད་པར་མི་ནུས་པའི་ཐལ་འགྱུར་རང་ལུགས་ཀྱི་ཞལ་བཞེས་ཐུན་མིན་དེ་ལྟ་བུའི་རྗེས་སུ་འབྲངས་ཏེ་ཐ་སྙད་ཀྱི་རྣམ་པར་གཞག་པ་ལ་མཁས་པར་བྱའོ། །

གཉིས་པ་གནས་པའི་མཚན་ཉིད་ལ་དཔྱད་དེ་ད་ལྟ་བ་དགག་པ་ལ། གོང་ལྟར་གསུམ་ལས། དང་པོ་ནི། འདས་པ་དང་མ་འོངས་པའི་དུས་མ་གྲུབ་མོད་ཀྱི་གནས་པའི་མཚན་ཉིད་དང་ལྡན་པའི་ད་ལྟ་བ་ནི་ཡོད་དེ། མངོན་སུམ་ཡིན་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། དངོས་པོ་རྣམས་སྐད་ཅིག་ཙམ་ཡང་མི་གནས་པར་ཡོངས་སུ་འགྱུར་བ་ཡང་ཤིན་ཏུ་མྱུར་བའི་སྟོབས་ཀྱིས་དབང་པོ་གཞན་ལྔས་འཛིན་མི་ནུས་པ་མ་ཟད། ཕྲ་བ་དང་མེད་པ་སོགས་ཀྱང་ཡོངས་སུ་གཅོད་ནུས་པའི་ཡིད་ཀྱིས་ཀྱང་ནི་འཛིན་པར་མི་འགྱུར་མོད་ཀྱི། དེ་ལྟར་ན་ཡང་ད་ལྟ་བའི་ཆོས་སུ་གནས་པ་ཡོད་པར་མི་མཁས་པ་རྣམས་ཀྱིས་རྟོག་པར་བྱེད་དོ། །

གཉིས་པ་ནི། ད་ལྟ་བ་ནི་ཡོད་དེ། དངོས་པོ་རྣམས་གནས་པ་ཡོད་པའི་ཕྱིར་སྙམ་ན། འདི་ཡང་མ་གྲུབ་སྟེ། རྣམ་པར་བརྟགས་ན་མཚན་ཉིད་གནས་པ་མེད་པའི་ཕྱིར་དེས་བཞག་པའི་དངོས་པོ་ཡོད་པ་ག་ལ་ཞིག །ཆོས་ཐམས་ཅད་སྐད་ཅིག་གིས་མི་རྟག་པས་གནས་པ་ག་ལ་ཡོད། གལ་ཏེ་དེ་ལྟར་མིན་པར་དང་པོར་སྐད་ཅིག་ཙམ་དུ་གནས་པར་གྱུར་ན་ནི་ཐ་མར་ཡང་རྙིང་པར་མི་འགྱུར་རོ། །དེ་བཞིན་དུ་ཡུལ་ཅན་ཚད་མའི་སྒོ་ནས་ཀྱང་གནས་པ་ཡོད་པར་མ་མཐོང་སྟེ། ཇི་ལྟར་ན་རྣམ་ཤེས་ནི་སྐད་ཅིག་ཙམ་ཡང་མི་གནས་པར་འཇིག་པའི་ཕྱིར། རྣམ་ཤེས་གཅིག་གིས་ནི་དོན་སྔ་ཕྱི་གཉིས་རྣམ་པར་མི་ཤེས་པ་ཁོ་ནར་འདོད་པ་དེ་བཞིན་དུ། ཡུལ་ཡང་སྐད་ཅིག་གི་གནས་པ་མེད་པའི་ཕྱིར། རྣམ་ཤེས་སྐད་ཅིག་སྔ་ཕྱི་གཉིས་ཀྱིས་ནི་དོན་གཅིག་རྣམ་པར་མི་ཤེས་སོ། །

གསུམ་པ་ནི། མདོར་ན་གལ་ཏེ་ད་ལྟ་བའི་དུས་ལ་དེ་མཚོན་པར་བྱེད་པའི་གནས་པ་ཡོད་པར་འདོད་ན་ནི་གནས་པ་རང་ཉིད་དུས་སུ་མི་འགྱུར་ཏེ། གནས་པ་ལ་གནས་པ་མེད་པའི་ཕྱིར་དང་། ཁྱོད་ཀྱི་ལུགས་ལ་མཚན་མཚོན་ཐ་དད་དུ་འདོད་པའི་ཕྱིར་རོ། །ཅི་སྟེ་དུས་ལ་གནས་པ་མེད་ན་ནི་ཐོག་མར་གནས་པ་མེད་པར་ནི་མཐར་ཡང་འཇིག་པ་ཡོད་པ་མ་ཡིན་ཏེ། འཇིག་པའི་རྒྱུ་གནས་པ་མེད་པའི་ཕྱིར་ད་ལྟ་བའི་ཆོས་རྣམས་ཡོད་པ་མ་ཡིན་ནོ། །

གསུམ་པ་འཇིག་པའི་མཚན་ཉིད་ལ་དཔྱད་དེ་འདས་པ་དགག་པ་ལ། གོང་ལྟར་གསུམ་ལས། དང་པོ་ནི། གལ་ཏེ་དངོས་པོ་ཐམས་ཅད་མཐར་འཇིག་པའི་མི་རྟག་པའི་མཚན་ཉིད་ཀྱི་སྒོ་ནས་དུས་འདས་པ་ནི་ངེས་པར་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལ་མི་རྟག་པ་འགའ་ཞིག་ཡོད་པར་འགྱུར་ན་དེ་ལྟར་མོད་ཀྱི། མི་རྟག་པ་དང་དངོས་པོ་གཅིག་ཐ་དད་དུ་རྣམ་པར་བརྟགས་ན་དེ་དག་མ་གྲུབ་སྟེ། གལ་ཏེ་མི་རྟག་པ་དང་དངོས་པོ་དག་གཞན་ཐ་དད་དུ་གྱུར་ན་ནི་དངོས་པོ་དེ་ཉིད་མི་རྟག་པར་མི་འགྱུར་ཞིང་། ཅི་སྟེ་དེ་གཉིས་གཅིག་ཏུ་འདོད་ན་ནི་མི་རྟག་པ་འཇིག་པ་ཉིད་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་དངོས་པོ་དེ་ཉིད་ག་ལ་གནས་ཏེ་གནས་པ་མི་སྲིད་དོ། །འདི་ལ་འགྲེལ་ཆེན་དུ། དེ་ཉིད་དངོས་དེ་ག་ལ་གནས། །ཞེས་འབྱུང་བ་ལྟར་ཡིན་གྱི། གཞན་དག་ནི་ཡི་གེ་མ་དག་པར་སྣང་ངོ་། །

གཉིས་པ་པ་ནི། གལ་ཏེ་གནས་པའི་དུས་སུ་གནས་པ་ཉིད་སྟོབས་ཆེ་བས་མི་རྟག་པ་སྟོབས་ཆུང་བའོ་ཞེ་ན། ཐོག་མར་མི་རྟག་པ་ཉིད་གང་སྟོབས་ཆུང་བ་དེར་གནས་པ་སྟོབས་ཆུང་བ་མ་ཡིན་ན་ཕྱི་ནས་དེ་དག་གཉིས་ངེས་པར་གོ་བཟློག་པར་ནི་རྒྱུ་ཅི་ཡིས་མཐོང་བར་འགྱུར། གལ་ཏེ་མི་རྟག་པ་སྟོབས་ཆུང་བ་མིན་པ་དངོས་པོ་ཀུན་ལ་ཡོད་ན་ནི་དངོས་པོ་ཀུན་ལ་གནས་པ་མེད་པའམ་མི་རྟག་པ་ཡོད་བཞིན་དུ་ཡང་ན་གནས་པ་སྟོབས་ཆེ་ན་ནི་ཐམས་ཅད་ལ་མི་རྟག་པ་ཡོད་པ་མིན་ནོ། །གཞན་ཡང་མི་རྟག་པ་དང་གནས་པ་དག་རིམ་གྱིས་འབྱུང་བའམ་སྔ་ཕྱི་མེད་པར་ལྷན་ཅིག་བརྟགས་ན། གལ་ཏེ་རིམ་གྱིས་འབྱུང་སྟེ་ཐོག་མར་རྟག་ཏུ་མི་རྟག་ཉིད་ཡོད་ན་ནི་རྟག་ཏུ་གནས་པ་ཡོད་པ་མིན་ཞིང་། ཡང་ན་དང་པོ་གནས་པ་ཡོད་ཅིང་ཕྱིས་སུ་མི་རྟག་པ་ཡོད་ན་ནི། འོ་ན་དང་པོར་རྟག་པར་གྱུར་ཟིན་ནས་ཕྱི་ནས་གཟོད་མི་རྟག་པར་འགྱུར་རོ། །གལ་ཏེ་མཚན་ཉིད་གནས་པ་ནི་མི་རྟག་པ་དང་ལྷན་ཅིག་ཏུ་དངོས་པོ་རྣམས་ལ་ཡོད་པར་འདོད་ན་ནི། ཡང་ན་མི་རྟག་པ་ལོག་པར་འགྱུར་བ་འམ། ཡང་ན་གནས་པ་རྫུན་པར་འགྱུར་ཏེ་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར་རོ། །

གསུམ་པ་ནི། དེ་ལྟར་རྣམ་པར་བརྟགས་ན་འདས་པའི་དུས་ཞེས་བྱ་བ་ཅི་ཡང་མེད་པའི་ཕྱིར་མཐོང་ཟིན་འདས་པའི་དངོས་པོ་ནི་ཅི་ཡང་མི་སྣང་ཞིང་། འགགས་ཟིན་པ་དེ་ལ་སླར་ཡང་ཡུལ་ཅན་གྱི་སེམས་སྐྱེ་བ་མིན་པ་དེས་ན། འཁྲུལ་བའི་དབང་གིས་བདག་འདས་པའི་དུས་སུ་འདི་དང་འདི་ལྟ་བུར་གྱུར་ཏོ་སྙམ་དུ་དྲན་པ་ཞེས་བྱ་བ་ནི་ཡུལ་ཕྱིན་ཅི་ལོག་པ་ཁོ་ན་ཡི་དོན་ལ་ཡུལ་ཅན་ཕྱིན་ཅི་ལོག་པ་ཁོ་ན་འབྱུང་གི་ཡང་དག་པར་རང་བཞིན་གྱིས་གྲུབ་པ་ཅི་ཡང་མེད་དོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དུས་དགག་པར་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའི་འགྲེལ་པའོ།། །།

ག༡༢ རབ་བྱེད་བཅུ་གཉིས་པ་ལྟ་བ་དགག་པ་སྒོམ་པ་བསྟན་པ།

གཉིས་པ་ལྟ་བ་བདག་མེད་ཟབ་མོའི་རྣལ་འབྱོར་ལ། གང་ལ་བསྟན་པར་བྱ་བའི་སྣོད་ཀྱི་ཁྱད་པར་དང་། གང་འཆད་པར་བྱ་བའི་ཆོས་ཀྱི་ཁྱད་པར་གཉིས། དང་པོ་ལ། སྣོད་ལྡན་གང་ཟག་གི་ཆེ་བ་བརྗོད་པ་དང་། སྣོད་མིན་གང་ཟག་གི་ཉེས་སྐྱོན་བཤད་པ། དེ་ལྟར་དབྱེ་བའི་གྲུབ་དོན་བསྡུ་བ་གསུམ། དང་པོ་ནི། སྟོན་པ་བདེ་བར་གཤེགས་པས་བདག་མེད་སྟོང་པ་ཉིད་ཀྱི་དོན་རྒྱ་ཆེར་བསྟན་ཅིང་། ཁྱོད་ཀྱིས་ཀྱང་བདག་མེད་པའི་དོན་ཆེས་གསལ་ཞིང་རྒྱས་པར་བཤད་ན། འོ་ན་འདི་ཉན་པ་པོ་སུ་ཞིག་ལ་བསྟན་པར་བྱ་ཞེ་ན། དེ་ནི་རང་ཕྱོགས་ལ་རྗེས་སུ་ཆགས་པ་དང་གཞན་ཕྱོགས་ལ་ཞེ་སྡང་བ་དང་བྲལ་བའི་གཟུ་བོར་གནས་པ་དང་། ལེགས་བཤད་དང་ཉེས་བཤད་ཀྱི་དོན་ལ་རྣམ་པར་དཔྱོད་པའི་བློ་དང་ལྡན་པ་དང་། ལེགས་བཤད་དོན་དུ་གཉེར་བའི་མོས་པ་དང་ལྡན་པ་སྟེ་ཁྱད་ཆོས་གསུམ་ལྡན་གྱི་གང་ཟག་དེ་ནི་ཉན་པ་པོ་ཆོས་ཀྱི་སྣོད་དུ་གྱུར་པ་ཞེས་བྱ་བར་བཤད་དེ། དེ་ལྟ་བུའི་སྣོད་ཀྱི་ཁྱད་པར་དང་ལྡན་པ་ལ་བཤད་ན་སྨྲ་བ་པོའི་ཡོན་ཏན་ལ་རྣམ་པ་གཞན་དུ་སྐྱོན་དུ་མཐོང་བར་མི་འགྱུར་ཞིང་། ཉན་པ་པོ་ལ་ཡང་ཡོན་ཏན་ཁོ་ན་ལས་གཞན་སྐྱོན་འབྱུང་བ་མིན་ནོ། །

གཉིས་པ་ལ། གཟུ་བོར་མི་གནས་པའི་སྐྱོན་བསྟན་པ་དང་། རྣམ་དཔྱོད་མི་ལྡན་པའི་སྐྱོན་བསྟན་པ། དོན་གཉེར་མི་ལྡན་པའི་ཉེས་སྐྱོན་བསྟན་པ་གསུམ། དང་པོ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ་ནི། དེ་ལ་བཅོམ་ལྡན་འདས་ཀྱིས་ཟག་བཅས་འབྲས་གྱུར་ཀྱི་སྲིད་པ་སྡུག་བསྔལ་གྱི་བདེན་པ་དང་། སྲིད་པའི་ཐབས་རྒྱུ་ཀུན་འབྱུང་གི་བདེན་པ་དང་། འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་གྱི་ཞི་བ་ཡི་ཐབས་ལམ་གྱི་བདེན་པ་དང་། དེ་བཞིན་དུ་སྡུག་ཀུན་ཉེ་བར་ཞི་བ་འགོག་པའི་བདེན་པ་སྟེ་ལམ་འཕགས་པའི་བདེན་པ་བཞི་གསུངས་ཀྱང་། དེ་ལ་འཇིག་རྟེན་པ་རྣམས་བློ་གཟུ་བོར་མི་གནས་པའི་དབང་གིས་བདེན་བཞིའི་དོན་ཟབ་མོ་རང་གིས་ཡོངས་སུ་མི་ཤེས་པའི་སྐྱོན་གང་ཡིན་པ་དེ་ནི། རང་སྐྱོན་དུ་མི་སེམས་པར་ད་དུང་ཐུབ་པས་ཇི་བཞིན་མ་བསྟན་པའི་སྐྱོན་ལྟ་བུར་མངོན་པར་འཛིན་ཏོ། །གལ་ཏེ་བློ་གཟུ་བོར་གནས་ན་ཀུན་ནས་ཉོན་མོངས་པའི་དངོས་པོ་ཐམས་ཅད་བཏང་བས་མྱ་ངན་ལས་འདའ་བར་གྲངས་ཅན་པ་སོགས་ཡ་མཚན་ཅན་ཀུན་གྱིས་འདོད་པས་ནི། སྟོན་པ་སངས་རྒྱས་ཀྱིས་བདག་དང་བདག་གིར་འཛིན་པ་ཀུན་སྟོང་པར་བསྟན་པའི་སྒོ་ནས་ཀུན་ཉོན་ཕྱོགས་སུན་འབྱིན་པར་བྱས་པ་ལ་ཡ་མཚན་ཅན་དེ་དག་ནི་མི་དགའ་བར་འགྱུར་བ་ལ་རྒྱུ་ཅི་ཞིག་ཡོད། འོན་ཀྱང་གཟུ་བོར་མི་གནས་པའི་དབང་ལས་སྐྱོན་དུ་མཐོང་བར་ཟད་དོ། །

གཉིས་པ་ནི། འོ་ན་ཡ་མཚན་ཅན་རྣམས་ཀྱང་དེ་ལྟར་ཁས་ལེན་ན་ཁྱད་པར་ཅི་ཞིག་ཡོད་སྙམ་ན། མུ་སྟེགས་ཅན་གང་ཞིག་ཀུན་ཉོན་ཕྱོགས་སྤོང་བའི་བསམ་པ་ཙམ་ཡོད་ཀྱང་གཏོང་བའི་ཐབས་ཡོངས་སུ་མི་ཤེས་པ་དེ་ནི་ཅི་ཞིག་གཏོང་བར་བྱེད་པར་འགྱུར། དེས་ན་ངེས་པར་ཐུབ་པ་རྫོགས་པའི་སངས་རྒྱས་དེ་ཡིས་ཆོས་འདི་ལས་གཞན་དུ་གྱུར་པ་ལ་ཞི་བ་ཐོབ་པ་མེད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་པ། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཤེས་གྱིས། །ཞེས་གསུངས་སོ། །

གཉིས་པ་ནི། སངས་རྒྱས་ཀྱིས་གསུངས་པའི་བདེན་པ་བཞི་ཡི་དོན་ཟབ་མོ་གཞལ་བྱ་ལྐོག་གྱུར་ཀྱི་དོན་ལ་གང་ཟག་གང་ཞིག་བློ་རྣམ་དཔྱོད་དང་མི་ལྡན་པའི་སྐྱོན་གྱིས་ཇི་བཞིན་མ་རྟོགས་པར་དེ་ལྟར་མིན་ནོ་སྙམ་དུ་ཐེ་ཚོམ་སྐྱེ་བར་འགྱུར་བ་ཡིན་ནོ། །གང་ཚེ་ཐེ་ཚོམ་ཙམ་སྐྱེས་པ་དེ་ཡིས་ནི་སྟོང་པ་ཉིད་ཀྱི་དོན་ལ་བརྟེན་ཏེ་ཤེས་རབ་གསུམ་གྱི་བློ་ཡོངས་སུ་སྦྱངས་ཏེ་འདི་ཉིད་ཁོ་ནར་ངེས་པའི་ཤེས་པ་གཏིང་ཚུགས་པའི་སྒོ་ནས་ཡིད་ཆེས་པར་བྱ་དགོས་སོ། །དེ་ལྟར་མིན་པར་མུ་སྟེགས་བྱེད་གང་གིས་གཞལ་བྱ་མངོན་གྱུར་འཇིག་རྟེན་འདི་ཉིད་ཀྱི་དངོས་པོ་རགས་པ་རྣམས་ཀྱང་ཇི་བཞིན་མཐོང་བར་དཀའ་ན། དེ་ནི་དེ་ལས་གཞན་གཞལ་བྱ་ལྐོག་གྱུར་ཀྱི་དོན་ལ་ཆེས་ཤིན་ཏུ་བླུན་པར་གྱུར་པ་ཉིད་ཁོ་ནའོ། །རྨོངས་པ་གང་དག་བློ་རྣམ་དཔྱོད་དང་བྲལ་བའི་སྐྱོན་གྱིས་དེ་དག་གི་རྗེས་སུ་འགྲོ་བ་དེ་དག་ཤིན་ཏུ་ཡུན་རིང་པོར་ཡ་མཚན་ཅན་དེ་དག་གིས་བསླུས་ཏེ་ཡོངས་སུ་འཁྱམས་པར་འགྱུར་རོ། །

གསུམ་པ་ལ། རྣམ་བྱང་རྒྱུ་འབྲས་ལས་ཉམས་པའི་ཚུལ་དང་། ཀུན་ཉོན་འཁོར་བ་མི་ལྡོག་པའི་སྐྱོན་དང་། ཟབ་མོ་ལྟ་བའི་དོན་ལ་མོས་པར་གདམས་པ་གསུམ། དང་པོ་ལ། འཐོབ་བྱ་འབྲས་བུ་ལས་ཉམས་པའི་སྐྱོན། གཞི་ལྟ་བ་ལས་ཉམས་པའི་སྐྱོན། ལམ་འཇུག་ལྡོག་ལས་ཉམས་པའི་སྐྱོན་བསྟན་པ་གསུམ། དང་པོ་ནི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཅེས་གསུངས་པ་ལྟར་སྟོན་པ་བདེ་བར་གཤེགས་པ་ཉིད་ཀྱིས་གནས་ལུགས་ཟབ་མོའི་དོན་ཐུགས་སུ་ཆུད་དེ་ཞི་བ་མྱ་ངན་ལས་འདས་པར་རང་ཉིད་འགྲོ་བར་མཛད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ངོ་མཚར་བའི་བྱ་དཀའ་བ་བྱས་པ་ཉིད་དོ། །དེ་ལྟར་ན་ཡང་། འདྲེན་པའི་སླད་བཞིན་དུ་ཡང་དམ་པ་ནི་མ་ཡིན་པའི་གང་ཟག་རྣམས་ནི་དོན་གཉེར་གྱི་མོས་པ་མེད་པའི་སྐྱོན་གྱི་ཡིད་འགྲོ་བར་སྤྲོ་བ་མ་ཡིན་ནོ། །

གཉིས་པ་ནི། སྤྱིར་ཟབ་མོ་སྟོང་ཉིད་ཀྱི་དོན་མ་མཐོང་ན་སྐྲག་པ་མི་རྩོམ་སྟེ་ཕྱོགས་ཙམ་ཡང་མ་མཐོང་བའི་ཕྱིར། ཇི་བཞིན་མཐོང་ན་རྣམ་པ་ཀུན་ཏུ་རྒྱུ་མཚན་ཤེས་པའི་སྒོ་ནས་སྐྲག་པ་དེ་ལྡོག་པར་འགྱུར་བ་དེས་ན་ངེས་པར་ཅུང་ཟད་ཅིག་ནི་ཤེས་ལ་མོས་པ་མེད་པའི་གང་ཟག་རྣམས་ནི་སྐྲག་པ་སྐྱེ་བར་བརྗོད་པར་བྱའོ། །

གསུམ་པ་ནི། བྱིས་པའི་སྐྱེ་བོ་རྣམས་ནི་ངེས་པ་ཁོ་ནར་ནི་བདག་ཏུ་འཛིན་པ་སོགས་འཁོར་བར་འཇུག་བྱེད་ཀྱི་ཆོས་ལ་ཤིན་ཏུ་གོམས་པ་སྟེ། དེའི་ཕྱིར་དེ་དག་དུས་ནམ་ཡང་བདག་མེད་པའི་དོན་ལ་གོམས་པ་མེད་པ་ཡིས་འཁོར་བ་ལྡོག་བྱེད་ཀྱི་ཆོས་བདག་མེད་པར་རྟོགས་པའི་དོན་ལ་མོས་པ་མེད་པར་འཇིགས་ཤིང་སྐྲག་པར་འགྱུར་རོ། །

གཉིས་པ་འཁོར་བ་མི་ལྡོག་པའི་སྐྱོན་ནི། ཟབ་མོའི་དོན་ལ་མོས་པ་དང་བྲལ་བ་གང་ཞིག་གཏི་མུག་འབའ་ཞིག་གིས་རྒྱུད་བསྒྲིབས་ཤིང་དེ་ཁོ་ན་ཉིད་ཉན་པ་སོགས་ལ་གེགས་བྱེད་པ་དེ་ལ་དགེ་ལེགས་ལྷ་མིའི་འགྲོ་བ་ཡང་མེད་ན་ཐར་པར་ལྟ་ག་ལ་ཡོད་དེ་མེད་དོ། །

གསུམ་པ་ཟབ་མོ་ལྟ་བའི་དོན་ལ་མོས་པར་གདམས་པ་ནི། གལ་ཏེ་ཚུལ་ཁྲིམས་ལས་ནི་ཉམས་པར་གྱུར་ན་ངན་སོང་ནི་རྒྱུ་ཙམ་བྱེད་པས་སླ་ཡི། ལྟ་བ་ལས་ནི་ཅིས་ཀྱང་ཉམས་པར་བྱེད་པ་མ་ཡིན་ཏེ། རང་གཞན་གཉིས་ཀ་ཡུན་རིང་དུ་བརླགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལ་ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་འགྲོ་བའི་རྒྱུ་བྱེད་ལ། ལྟ་བས་ནི་རང་གཞན་ཐམས་ཅད་གོ་འཕང་མཆོག་ཏུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་རབ་ཏུ་འགྲོ་བར་འགྱུར་བས། ཟབ་མོ་ལྟ་བ་མཆོག་གི་དོན་ལ་གཅིག་ཏུ་མོས་པའི་སྒོ་ནས་འཇུག་པར་བྱ་དགོས་པར་གདམས་པའོ། །

གསུམ་པ་དེ་ལྟར་དབྱེ་བའི་གྲུབ་དོན་བསྟན་པ་ནི། དེ་ལྟར་སྣོད་ཀྱི་དབྱེ་བ་ངེས་པར་བྱས་ནས། དམ་པ་མིན་པ་རྣམས་ལ་བདག་འཛིན་དང་མི་འགལ་བའི་ཆོས་བསྟན་པ་ནི་མཆོག་ཡིན་གྱི། དང་པོ་ཉིད་དུ་དེ་ལ་བདག་མེད་པའི་དོན་སྟོན་པར་བྱེད་པ་མ་ཡིན་ཏེ། མདོ་ལས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་བས་ན་གཅིག་ཤོས་དམ་པ་མིན་པ་ལ་ནི་སྟོང་པ་ཉིད་བསྟན་ན། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པ་ལྟར། ཕྱིན་ཅི་ལོག་ཏུ་འཛིན་པ་དང་སྤོང་བ་སོགས་ཀྱིས་ངན་འགྲོ་ཉིད་དུ་འགྲོ་ལ། ཐ་མལ་མ་ཡིན་པའི་གང་ཟག་མཆོག་དེ་ལ་སྟོང་པ་ཉིད་བསྟན་པས་ཞི་བ་མཆོག་གི་གོ་འཕང་ཉིད་དུ་འགྲོ་བའོ། །

གཉིས་པ་གང་འཆད་པར་བྱ་བའི་ཆོས་ཀྱི་ཁྱད་པར་ལ། ལྟ་བ་བདག་མེད་སྟོང་པའི་རྣལ་འབྱོར་བསྟན་པ་དང་། ཆོས་དང་ཆོས་མིན་ལམ་གྱི་རབ་དབྱེ་བཤད་པ། ཚུལ་དེས་བླང་དོར་འཇུག་ལྡོག་ལ་གདམས་པ་དང་གསུམ། དང་པོ་ལ། ལྟ་བ་བདག་མེད་སྟོང་པའི་རང་བཞིན་བསྟན། དེ་ཉིད་ཡོངས་སུ་རྟོགས་པའི་བྱེད་ལས་བསྟན་པ་གཉིས། དང་པོ་ནི། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་དང་། མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པ་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་སོགས་ཀྱིས་བསྟན་པ་ལྟར། སྤྱིར་བདག་མེད་སྟོང་པ་ཉིད་ནི་ཞི་བའི་སྒོ་གཉིས་པ་མེད་པའི་ལམ་དུ་གྱུར་པ་དང་། འདིས་ནི་ལྟ་བ་ངན་པ་རྣམས་ཀྱང་འཇིག་པར་བྱེད་ཅིང་སངས་རྒྱས་ཀུན་གྱི་ཡུལ་དུ་གྱུར་པ་དེ་ལ་བདག་མེད་པ་ཅེས་ནི་བྱ་བར་བརྗོད་པ་ཡིན་ནོ། །དེ་ལ་ཞི་སྒོ་གཉིས་སུ་མེད་པ་ཞེས་དང་། སངས་རྒྱས་ཀུན་གྱི་ཡུལ་ཞེས་པ་འདི་དག་གི་དོན་ལ། ཟླ་བའི་འགྲེལ་ཆེན་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་ཞེས་པས་དགག་བྱ་ངོས་བཟུང་། དེ་མེད་པ་ནི་བདག་མེད་པའོ་ཞེས་བདག་མེད་སྤྱིར་བསྟན། དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ་ཞེས་པས་དེ་ལ་བྱེ་བྲག་གི་དབྱེ་བས་བདག་མེད་གཉིས་སུ་ཕྱེ། དེ་ལ་གང་ཟག་ཅེས་བྱ་བ་ནི་གང་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པ་སྟེ་ཞེས་པས་གང་ཟག་བརྟེན་ནས་བཏགས་པར་བསྟན། དེ་ནི་ཕུང་པོ་ལྔ་ལ་རྣམ་པ་ལྔས་བཙལ་བ་ན་མི་རྙེད་དོ་ཞེས་པས་གང་ཟག་གི་བདག་མེད་གཏན་ལ་དབབ་ཚུལ་བསྟན། ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བའི་དངོས་པོ་རྣམས་སོ་ཞེས་པས་ཆོས་ཀྱི་ཁྱད་པར་བྱེ་བྲག་ཏུ་བསྟན། དེའི་ཕྱིར་ཆོས་དེ་རྣམས་དང་གང་ཟག་ལ་བདག་ཉིད་ཇི་ལྟ་བའི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེས་པའི་ཕྱིར་དང་། བརྟེན་ནས་བཏགས་པའི་ཕྱིར་ཞེས་པས་སྤྱིར་ཆོས་དང་གང་ཟག་གཉིས་ཀ་ཡང་བརྟེན་ནས་བཏགས་པའི་ཆོས་ཙམ་དུ་ཁྱད་པར་མེད་པར་བསྟན། བདག་གི་རང་གི་ངོ་བོ་རང་ལ་རག་ལས་ཤིང་གཞན་ལ་རག་མ་ལས་པ་ཡོད་པ་མ་ཡིན་པས་ཞེས་པས་སྤྱིར་ཆོས་ཐམས་ཅད་སྟོང་པར་གཏན་ལ་འབེབས་ཚུལ་བསྟན། གང་ཟག་དང་ཆོས་རྣམས་རང་བཞིན་མེད་པར་རྣམ་པར་གཞག་གོ་ཞེས་པས་སྟོང་ཚུལ་ཆོས་ཅན་གྱི་དབྱེ་བས་བདག་མེད་གཉིས་ཀ་ཡང་སྤྱིར་ཆོས་རང་བཞིན་མེད་པའི་སྟོང་ཉིད་དུ་འདུས་པར་བསྟན། དེ་ལྟར་གཞི་ལྟ་བ་བདག་མེད་གཉིས་སྤྱི་དང་བྱེ་བྲག་གི་ཚུལ་དུ་གཏན་ལ་ཕབ་ནས། རང་བཞིན་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཐོང་བ་རྣམས་ཀྱིས་བསྒོམས་པ་ན་ཞེས་པས་གཉེན་པོ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་བསྟན། ཆོས་དང་གང་ཟག་གཉིས་ལ་ཆགས་པ་ཡོངས་སུ་ཟད་པ་འདྲེན་པར་འགྱུར་རོ་ཞེས་པས་སྤང་བྱ་བདག་འཛིན་གཉིས་སྤོང་བར་བསྟན། ཆགས་པ་ཡོངས་སུ་ཟད་པ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ལ་ཞེས་པས་སྤང་བྱ་དེ་གཉིས་ལས་གྲོལ་བའི་རིམ་པས་ཐེག་པ་ཆེ་ཆུང་གི་མྱང་འདས་གཉིས་ཐོབ་པར་བསྟན་ཏེ། དེ་ཉིད་ཀྱི་ཕྱིར། ཟླ་བས། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་དང་། དེའི་ཐད་ཀྱི་རང་འགྲེལ་ལས། ཉན་ཐོས་ཀྱིས་ཉོན་སྒྲིབ་སྤོང་བའི་ཕྱིར་གང་ཟག་གི་བདག་མེད་པར་བསྟན་པ་དང་། བྱང་སེམས་ལ་ཤེས་སྒྲིབ་སྤོང་བའི་ཕྱིར་ཆོས་ཀྱི་བདག་མེད་བསྟན་པའི་ཚུལ་གསུངས་པ་དང་གནད་གཅིག་པ་ལགས་སོ། །རང་བཞིན་མེད་པར་ལྟ་བ་ལས་མ་གཏོགས་པའི་ཆོས་འགའ་ཞིག་དེ་ལྟར་ཆགས་པ་ཡོངས་སུ་ཟད་པའི་རྒྱུ་ཡོད་པ་མ་ཡིན་ནོ། །ཞེས་པས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་པ་ལྟར། བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་ལས་གཞན་ཉོན་ཤེས་ཀྱི་སྒྲིབ་པ་སྤོང་བའི་གཉེན་པོ་མེད་པར་བསྟན། དེ་ལ་ཆོས་རང་བཞིན་མེད་པར་རྟོགས་པས་ཉོན་མོངས་པའི་སྒྲིབ་པ་སྤོང་ཞེས་འཆད་དགོས་ཀྱི། ཤེས་སྒྲིབ་སྤོང་བར་འཆད་མི་རིགས་ཏེ། ཆགས་པ་ཡོངས་སུ་ཟད་པའི་རྒྱུ། །ཞེས་བཤད་པའི་ཕྱིར་ཞེ་ན། དེ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་སོགས་ཀྱི་གཞུང་མ་མཐོང་བར་ཟད་དོ། །གལ་ཏེ་དེ་ལྟར་མིན་ན། དེ་མ་ཐག་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི་ཞི་སྒོ་གཉིས་པ་མེད་པ་སྟེ་ཞེས་པ་ཇི་ལྟར་འཆད་སོམས་ཤིག་གུ། ལུང་དེ་ཉིད་ཀྱི་མཇུག་ཏུ། དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་པའི་སྒོ་ཡིན་ནོ། །ཞེས་པས། སྤྱིར་ཐེག་པ་ཆེ་ཆུང་གི་མྱང་འདས་གསུམ་ག་བདག་མེད་རྟོགས་པ་ལ་རག་ལས་པས་ན་ཞི་སྒོ་གཉིས་སུ་མེད་པའི་ལམ་དུ་བསྟན་ཏེ། སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་གསུངས་པ་ལྟར་རོ། །

སངས་རྒྱས་ཀུན་གྱི་ཡུལ་ཞེས་པའི་དོན། འགྲེལ་ཆེན་ལས། སངས་རྒྱས་ཀུན་གྱི་ཡུལ་ཞེས་པའི་དོན། འགྲེལ་ཆེན་ལས། སངས་རྒྱས་ཀུན་གྱི་ཡུལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །ཞེས་སྤྱིར་སྲས་འཕགས་བཞིའི་ཡུམ་དུ་བསྟན། དེའི་རྒྱུ་མཚན་ཡང་། ཡེ་ཤེས་ཀྱི་ཁྱད་པར་གྱིས་ཡུལ་ཉིད་དུ་གནས་པའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཡུལ་ཞེས་བྱའོ་ཞེས་བདག་མེད་གསུམ་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་གསུམ་གྱིས་བྱང་ཆུབ་གསུམ་ཐོབ་པར་བསྟན་ཏོ། །ཡང་དེ་ཉིད་ལས། ཡང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལས་ཐ་མི་དད་པར་བཞུགས་པ་ཐམས་ཅད་ཀྱི་ཡུལ་ཡིན་པར་བསྟན་པའི་ཕྱིར་སངས་རྒྱས་ཀུན་གྱི་ཞེས་བཤད་དོ། །ཞེས་མཐར་ཐུག་ཆོས་ཀྱི་བདག་མེད་རྫོགས་པར་ཐུགས་སུ་ཆུད་པ་ལས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཡུམ་དུ་བསྟན་ཏེ། སྡུད་པ་ལས། འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་དང་། ཟླ་བས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བསྟེན་མིན་ཞིང་། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །ཞེས་གསུངས་ལྟར་རོ། །དེ་ལྟར་གཞུང་ལུགས་ཆེན་པོ་རྣམས་ཀྱི་དགོངས་པ་ཇི་བཞིན་འཆད་པ་ལས། གཞན་དང་གཞན་དུ་འཆད་པ་ནི། རྒྱལ་ཚབ་མ་ཕམ་པས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་པའི་རྣམ་པ་དེ་གང་ཞིག །ཅེས་གསུངས་པ་ཐུགས་མད་དོ། །དེ་དག་གི་རྣམ་གཞག་རྒྱས་པར་འཇམ་མགོན་སྨྲ་བའི་སེང་གེས་བརྒལ་ལན་རྣམས་སུ་རྒྱ་ཆེར་བསྟན་ཟིན་པ་ལས་རྟོགས་པར་བྱའོ། །

གཉིས་པ་བདག་མེད་རྟོགས་པའི་བྱེད་ལས་ལ། སྤྱིར་སྟོང་ཉིད་ཟབ་མོ་རྟོགས་དཀའ་བ་དང་། དེ་ཉིད་ཡོངས་སུ་རྟོགས་པའི་བྱེད་ལས་དངོས་དང་གཉིས། དང་པོ་ནི། དེ་ལྟ་བུའི་བདག་མེད་པ་ཞེས་བྱ་བའི་ཆོས་འདི་ཡི་ནི་མིང་ཙམ་ཐོས་པ་ལས་ཀྱང་དམ་པ་མིན་པ་རྣམས་ལ་འཇིགས་པ་སྐྱེ་བར་འགྱུར་ཏེ་བློ་ཞན་པ་རྣམས་ལ་འཇིགས་པ་མི་སྐྱེད་པའི་སྟོབས་ལྡན་ཞེས་བྱ་བ་དེ་ནི་གང་ཞིག་མཐོང་བར་འགྱུར་ཏེ་ཤིན་ཏུ་ཟབ་མོ་སྟོབས་དང་ལྡན་པའི་ཆོས་དེ་ལ་བློ་དང་མི་ལྡན་པ་རྣམས་ནི་སྐྲག་པ་སྐྱེ་བ་ཙམ་ལས་རྟོགས་པར་དཀའ་བ་ཁོ་ནའོ། །

གཉིས་པ་ལ། རང་གི་ཐུན་མིན་གྱི་གནས་ལུགས་རྟོགས་པའི་ཆེ་བ་དང་། གཞན་ལ་སྙིང་རྗེ་རྩོལ་མེད་དུ་འབྱུང་བའི་ཆེ་བ་གཉིས། དང་པོ་ལ། སྤང་བྱ་དངོས་འཛིན་འཇོམས་པའི་ཆེ་བ་དང་། ངེས་ཤེས་ཀྱིས་གཞན་དྲིང་མི་འཇོག་པའི་ཆེ་བ། མི་སྐྲག་པའི་བཟོད་པ་ཐོབ་པའི་ཆེ་བ་གསུམ། དང་པོ་ནི། དེ་ལྟ་བུའི་བདག་མེད་པའི་གནས་ལུགས་ཉི་ཚེ་བ་ཙམ་མ་ཡིན་པར་མཐའ་ཀུན་བྲལ་བའི་སྟོང་པ་ཉིད་ཀྱི་ཆོས་འདི་ནི་སྟོན་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྩོད་པའི་ཆེད་དུ་མ་གསུངས་ཏེ། དེ་ལྟར་ནའང་ཉི་མ་ཤར་བ་ན་མུན་པ་ངང་གིས་སེལ་བར་འགྱུར་བ་ལྟར་སྟོང་པ་ཉིད་ཀྱི་ཆེ་བའི་ཡོན་ཏན་འདིས་ནི། གཞན་གྱིས་ཡོད་མེད་དུ་སྨྲ་བའི་ལོག་པར་རྟོག་པ་རྣམས་ལྷག་མེད་དུ་སྲེག་སྟེ། དཔེར་ན་ཡེ་ཡིས་བུད་ཤིང་བཞིན་ནོ། །

གཉིས་པ་ནི། སྟོང་ཉིད་ཟབ་མོ་བདུད་རྩི་ལྟ་བུའི་ཆོས་འདི་གང་གིས་ཤེས་པར་གྱུར་པ་དེ་ནི་གཞན་གྱི་དྲིང་ལ་རེ་ལྟོས་འཆའ་བ་ལྟ་བུའི་སྒོ་ནས་རྣམ་པར་མི་དགའ་སྟེ། དེས་ན་ཟབ་མོའི་དོན་ལ་ངེས་པ་རྙེད་པའི་སྒོ་ནས་བདག་ལ་སྟོང་ཉིད་ཟབ་མོའི་ཆོས་འདི་ནི་ལྟ་བ་ངན་པའི་སྤྲོས་པ་ཐམས་ཅད་འཇིག་པར་བྱེད་པའི་སྒོ་དང་འདྲ་བར་སྣང་བར་གྱུར་ཏོ་ཞེས་དང་། ཡང་སྡུག་བསྔལ་ཐམས་ཅད་གཏན་དུ་འཇིག་པ་མྱ་ངན་ལས་འདས་པ་ལ་འཇུག་པའི་སྒོ་དང་འདྲ་བ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ་ཞེས་འགྲེལ་ཚུལ་གཉིས་སུ་འགྲེལ་ཆེན་ལས་གསུངས་སོ། །

གསུམ་པ་ནི། དེ་ཁོ་ན་ཉིད་དུ་ཕྱི་དང་ནང་གི་ཆོས་ཐམས་ཅད་བདག་མེད་དོ་སྙམ་དུ་དེ་ལྟར་ཆོས་ཉིད་ཟབ་མོའི་དོན་གང་ལ་བཟོད་པ་ཐོབ་པའི་དགོངས་པ་གནས་པ་ཡི་འཕགས་པ་དེ་ལ་ནི་ཡོད་པར་བསྟན་པས་ཀྱང་ག་ལ་དགའ། ཆོས་ཐམས་ཅད་མེད་པར་ཐོས་པས་འཇིགས་པར་ག་ལ་འགྱུར་ཏེ་མི་སྐྲག་པའི་བཟོད་པ་ཐོབ་པའི་ཕྱིར་རོ། །

གཉིས་པ་གཞན་ལ་སྙིང་རྗེ་རྩོལ་མེད་དུ་འབྱུང་བའི་ཚུལ་ནི། སློབ་དཔོན་གྱིས། གདོད་ནས་སྐྱེ་མེད་སྟོང་པ་ཉིད། །བློ་ཡི་གཏིང་ནས་རྟོགས་གྱུར་ན། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། སྟོང་པ་ཉིད་མངོན་དུ་རྟོགས་པའི་སྟོབས་ཀྱིས། གཞན་དག་འདི་དང་ཕྱི་མའི་དོན་དུ་འགྱུར་བ་མིན་པར་སྡུག་བསྔལ་གྱི་ས་བོན་དུ་གྱུར་པ་ཡི་མུ་སྟེགས་ཅན་མང་པོས་ཆོས་མིན་སྟོན་པར་མཐོང་ནས་ནི་ཆོས་འདོད་པ་ཡི་སྐྱེ་བོ་ལམ་སྒོམ་པར་གྱུར་པ་རྣམས་ལ། སུ་ཞིག་སྙིང་བརྩེ་བ་ཇི་ལྟར་སྐྱེ་བར་མི་འགྱུར་ཏེ་སྙིང་རྗེ་ངང་གིས་འབྱུང་བར་འགྱུར་རོ། །

གཉིས་པ་ཆོས་དང་ཆོས་མིན་ལམ་གྱི་རབ་དབྱེ་བཤད་པ་ལ། ཕྱི་ནང་ཆོས་ཀྱི་ཚུལ་ལུགས་མདོར་བསྟན་པ་དང་། དེ་ཡི་རྣམ་པར་དབྱེ་བ་རྒྱས་པར་བསྟན་པ་གཉིས། དང་པོ་ནི། ཤཱཀྱའི་རྒྱལ་པོའི་རྗེས་སུ་འཇུག་པ་རྣམས་ཀྱི་ལུགས་དང་། གོས་མེད་གཅེར་བུ་པའི་ལུགས་དང་། བྲམ་ཟེ་རྣམས་ཀྱི་ལུགས་ཏེ་གསུམ་པོ་རྣམས་ཀྱིའང་ཆོས་ནི་རིམ་པ་ལྟར། མཉམ་གཞག་སྣང་བ་མེད་པ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པར་བྱེད་པས་གཞན་གྱིས་ཇི་བཞིན་རྟོགས་དཀའ་བས་ཡིད་ཀྱིས་རྟོགས་པར་བྱ་བ་ཙམ་དང་། འགྲེལ་ཆེན་ལས དངོས་པོ་ཐམས་ཅད་རང་བཞིན་མེད་པར་ལྟ་བས་ཉི་མས་སེམས་རྒྱུད་སྣང་བར་བྱས་ཤིང་སོགས་ཀྱིས་སྣང་མེད་དང་། འདུས་བྱས་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མའི་ན་ཆུང་དང་གཟུགས་བརྙན་དང་སྤྲུལ་བ་ལྟར་མཐོང་བ་སོགས་ཀྱིས་སྣང་བཅས་དང་། དེ་ལྟར་མཉམ་པར་བཞག་པ་ཁོ་ནས་མཐོང་བས་ཞེས་ཏིང་ངེ་འཛིན་དུ་བསྟན་ཏོ། །གཅེར་བུ་པ་རྣམས་ནི། གཅེར་བུར་རྒྱུ་བ་དང་། སྐྲ་འབལ་བ་རྐང་པར་དྲིལ་གཡེར་འདོགས་པ་སོགས་བྱེད་པས་མིག་གིས་འཛིན་པར་བྱ་བ་དང་། བྲམ་ཟེ་རྣམས་གསང་སྔགས་འདོན་པ་སྙིང་པོར་བྱེད་པས་རྣ་བ་ཡིས་འཛིན་པར་བྱ་བ་ཡིན་པ་དེའི་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ་ཞིང་ཟབ་པའི་ཆོས་ཡིན་གྱི་གཞན་དག་ནི་ཆོས་ལྟར་སྣང་བ་ཁོ་ནའོ། །དེ་ཡང་འགྲེལ་ཆེན་དུ་བཞུགས་པའི་རྩ་བའི་ཡི་གེ་དག་པ་ལྟར་འབྲུ་འགྲེལ་པར་བྱས་སོ། །

གཉིས་པ་རྒྱས་བཤད་ལ། སྤང་བྱ་ཆོས་མིན་གྱི་ཕྱོགས་བསྟན་པ་དང་། བླང་བྱ་ཆོས་ཀྱི་ཚུལ་བཤད་པ་གཉིས། དང་པོ་ནི། ཆོས་མིན་ཆོས་ལྟར་འཆོས་པའི་ཚུལ་ཇི་ལྟར་ན་བྲམ་ཟེ་རྣམས་ཀྱི་ལུགས་ལ་ནི་ཆོས་ཕལ་ཆེར་རྙེད་བཀུར་གྱི་ཕྱིར་གསང་སྔགས་འདོན་པ་དང་། སྦྱིན་སྲེག་སོགས་ཆོས་ལྟར་སྣང་བ་ཕྱི་ཡི་ཚུལ་འཆོས་ཙམ་ལས་ཐར་པ་འདོད་པ་རྣམས་ཀྱིས་ལེགས་པར་བརྟགས་ན་བླང་བར་བྱ་བའི་ཆོས་མིན་པར་བརྗོད་པ་ལྟར། དེ་བཞིན་དུ་གཅེར་བུ་པ་རྣམས་ཀྱི་ལུགས་ལ་ཡང་ཁྱི་དང་བ་ལང་གི་བརྟུལ་ཞུགས་སོགས་ཆོས་ལྟར་སྣང་བའི་སྤྱོད་པ་ཕལ་ཆེར་བླུན་པ་བརྗོད་པ་ཡིན་གྱི། བརྟེན་པར་བྱ་བའི་ཆོས་མིན་ནོ། །ད་ལྟར་ན་ཡང་འཇིག་རྟེན་པ་རྣམས་རྨོངས་པའི་དབང་ལས་ཇི་ལྟར་ན་གསང་སྔགས་འདོན་པ་སོགས་རིག་པ་བླངས་པ་ལས་སེམས་རངས་པར་གྱུར་ཏེ་བྲམ་ཟེར་གུས་པ་སྐྱེ་བ་ལྟར། དེ་བཞིན་དུ་མེ་ལྔ་བསྟེན་པ་སོགས་ལུས་སྡུག་བསྔལ་གྱིས་ཉོན་མོངས་པའི་དཀའ་ཐུབ་དྲག་པོ་བླངས་པ་ལས་གཅེར་བུ་པ་རྣམས་པ་ལ་བརྩེ་བ་སྐྱེ་བར་འགྱུར་གྱི། ལེགས་པར་བརྟགས་ན་གོས་མེད་གཅེར་བུར་རྒྱུ་བ་སོགས་ལུས་སྡུག་བསྔལ་གྱིས་གདུང་བའི་སྤྱོད་པ་ནི་ལས་ཀྱི་རྣམ་སྨིན་ཙམ་ཡིན་པའི་ཕྱིར། ཇི་ལྟར་ན་ཆོས་སུ་མི་འགྱུར་བ་དེ་བཞིན་དུ། བྲམ་ཟེའི་རིགས་སུ་སྐྱེ་བ་ཡང་ལས་ཀྱི་ནི་རྣམ་པར་སྨིན་པ་ཙམ་ཡིན་པའི་ཕྱིར། གུས་པར་བྱ་བའི་ཆོས་མ་ཡིན་ནོ། །

གཉིས་པ་བླང་བྱ་ཆོས་ཀྱི་རང་བཞིན་ནི། ཆོས་ཞེས་བྱ་བ་ནི་མདོར་བསྡུས་ན་གཞན་གནོད་གཞི་བཅས་སྤོང་བ་སོགས་གཞན་ལ་ཡོངས་སུ་མི་འཚེ་བ་ཉིད་དུ་འདུས་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། གང་ཅུང་ཟད་གཞན་ལ་ཕན་འདོགས་པའི་དགེ་བཅུ་ཁྱད་པར་བ་རྣམས་ཀྱང་མི་འཚེ་བའི་ཁོངས་སུ་འདུས་པར་གསུངས་པ་ལྟ་བུ་དགེ་བ་ཟག་བཅས་ཀྱི་ཆ་དང་། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་མྱ་ངན་འདས་པར་རྟོགས་པ་ལམ་གྱི་བདེན་པ་ལ་བརྟེན་ནས་སྡུག་བསྔལ་ཡོངས་སུ་ཟད་པའི་མྱ་ངན་ལས་འདས་པ་མངོན་དུ་གྱུར་པ་ཟག་མེད་ཀྱི་དགེ་བ་སྟེ་འདིར་ནི་དེ་གཉིས་འབའ་ཞིག་གོ །འདི་ཡང་འགྲེལ་ཆེན་གྱི་དགོངས་པ་ལྟར་བྲིས་སོ། །

གསུམ་པ་བླང་དོར་འཇུག་ལྡོག་གི་ཚུལ་ལ་གདམས་པ་ལ། ཆོས་མིན་ལ་ཞེན་པ་སྤོང་བར་འདོམས་པ་དང་། ལེགས་བཤད་ཟབ་མོའི་ཆོས་ལ་འཇུག་པར་འདོམས་པ་གཉིས། དང་པོ་ནི། འོ་ན་ཕྱི་རོལ་པ་འདི་དག་ཇི་སྐད་བསྟན་པའི་ཆོས་གཉིས་པོ་འདི་ལ་གུས་པས་འཇུག་པར་མི་བྱེད་ཅེ་ན། དེ་ནི་རང་ཕྱོགས་ལ་ཞེན་པའི་དབང་གིས་ཏེ་རང་ཕྱོགས་ནི་སྐྱོན་དང་ལྡན་ཡང་འཇིག་རྟེན་པ་ཐམས་ཅད་ལ་དཔེར་ན་རང་ཉིད་སྐྱེ་བའི་གནས་བཞིན་དུ་སྙིང་དུ་སྡུག་པར་འགྱུར་བའི་ཕྱིར་ན་སྐྱོན་དེ་ཡི་ལྡོག་པར་བྱེད་པའི་རྒྱུ་ནི་རིགས་པ་དང་ལྡན་ཡང་ཁྱོད་ལ་རྒྱུ་མཚན་གང་གིས་སྙིང་དུ་སྡུག་པར་འགྱུར་ཏེ་མི་འགྱུར་བས་ན་རང་ཕྱོགས་ལ་ཞེན་པ་སྤང་བར་བྱའོ། །

གཉིས་པ་ནི། དེ་བས་ན་ཕྱོགས་ལྷུང་སྤངས་ཏེ་རིགས་པའི་དོན་ནི་གཞན་སུ་ལ་ཡོད་པ་དེ་ལས་ཀྱང་ལེགས་བཤད་དང་ཉེས་བཤད་རྣམ་པར་དཔྱོད་པའི་བློ་དང་ལྡན་ཞིང་ལེགས་པ་ཉིད་དུ་འདོད་པས་བླང་བར་བྱ་སྟེ། དཔེར་ན་ཉི་མ་ནི་ས་སྟེང་གི་སྐྱེ་བོ་མིག་དང་ལྡན་པ་རྣམས་ལ་ཀུན་གྱི་སྤྱི་མཐུན་གྱི་དཔལ་དུ་གྱུར་པ་མ་ཡིན་ནམ་ཅི། དེ་བས་ན་རྣམ་པར་དཔྱོད་པའི་མག་ལྡོང་བར་མ་གྱུར་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་དང་དུ་བླང་བར་བྱའོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ལྟ་བ་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་འགྲེལ་པའོ།། །།

ག༡༣ རབ་བྱེད་བཅུ་གསུམ་པ་དབང་པོ་དང་དོན་དགག་པ་སྒོམ་པ་བསྟན་པ།

གཉིས་པ་བྱེ་བྲག་ཕྱི་ནང་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ། དོན་དམ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་བསྟན་པ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་བསྟན་པ་གཉིས། དང་པོ་ལ། སྒྲུབ་བྱེད་མངོན་སུམ་གྱི་ཆོས་དགག་པ་དང་། བསྒྲུབ་བྱ་ཕྱི་ནང་གི་ཆོས་དགག་པ་གཉིས། དང་པོ་ལ། རྣམ་པར་དཔྱད་པ་མདོར་བསྟན་པ་དང་། དེའི་ཚུལ་རྒྱས་པར་བཤད་པ། དེ་ལྟར་བསྟན་པའི་དོན་བསྡུ་བ་གསུམ། དང་པོ་ལ། དངོས་དང་། ཚུལ་དེས་གཞན་ཡང་མཚོན་པར་བསྟན་པ་གཉིས།

དང་པོ་ནི། སྤྱིར་དུས་གསུམ་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་གོང་དུ་བསྟན་ཏེ། དེ་གང་ལ་བསྟན་པར་བྱ་བའི་སྣོད་སོགས་ཀྱི་ཁྱད་པར་རབ་བྱེད་བཅུ་གཉིས་པས་བསྟན་ཅིང་། མཇུག་ཏུ། བློ་ལྡན་ལེགས་པར་འདོད་པས་བླང་། །ཞེས་བསྟན་པ་ན། གང་དངོས་པོར་སྨྲ་བ་རྣམས་ཀྱིས་ཁྱོད་ཀྱིས་དུས་གསུམ་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་མོད་ཀྱི། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་པས་ན་ཆོས་ཐམས་ཅད་རང་བཞིན་མེད་པ་འདི་རིགས་ཤིང་འཐད་པའི་དོན་མིན་ནོ་སྙམ་པ་ལ། སྐབས་འདིར་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་མེད་པའི་དོན་བསྟན་པ་སྟེ། ཟླ་བའི་འགྲེལ་ཆེན་ལས། གང་ཞིག་བློ་དང་ལྡན་པས་བླང་བར་བྱ་བ་རིགས་པའི་དོན་དེ་གང་ཞིག་ཡིན་ཞེ་ན། བཤད་པར་བྱ་སྟེ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་རང་བཞིན་གྱིས་བདག་མེད་པར་མཐོང་བའོ། །ཞེས་སོགས་ཀྱིས་བསྟན་པའི་དགོངས་པ་ཇི་བཞིན་ས་བཅད་སྨོས་པ་སྟེ། འདི་ཙམ་དུ་མ་ཟད་སྐབས་གོང་འོག་གི་ས་བཅད་རྣམས་ཀྱང་གཞུང་རྩ་འགྲེལ་གྱི་དོན་དང་རེ་རེ་བཞིན་སྦྱར་དུ་ཡོད་མོད་ཀྱི། ཡི་གེ་མང་གིས་དོགས་པས་རེ་ཞིག་མ་སྤྲོས་སོ། །སྐབས་འདིར་ཡུལ་སྟོང་རྐྱང་ཙམ་བསྟན་པར་འདོད་པ་དག་གིས། རང་བཞིན་གྱིས་བདག་མེད་པར་མཐོང་བའོ་ཞེས་པའི་དོན་མ་རྟོགས་པར་ཟད་དོ། །དེ་ལ་དངོས་པོར་སྨྲ་བ་རྣམས་ཀྱིས། ཕྱི་དང་ནང་གི་ཆོས་རྣམས་ནི་རང་བཞིན་གྱིས་ཡོད་དེ་མངོན་སུམ་གྱིས་དམིགས་པའི་ཕྱིར་ཞེ་ན། བུམ་པའི་གཟུགས་ཙམ་མཐོང་བའི་ཚེ་ན་བུམ་པ་ནི་ཐམས་ཅད་ཁོ་ན་མངོན་སུམ་གྱིས་མཐོང་བར་མི་འགྱུར་ཏེ། བུམ་རྫས་བརྒྱད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། དེའི་ཕྱིར་བུམ་པ་མངོན་སུམ་མཐོང་ངོ་ཞེས་བྱ་བའང་དེ་ཁོ་ན་ཉིད་རིག་པ་སུ་ཞིག་གིས་སྨྲ་བར་བྱེད་ཅེས་གསུངས་སོ། །

གཉིས་པ་ནི། དེ་ལྟར་གཟུགས་མཐོང་བའི་མངོན་སུམ་ལ་རྣམ་པར་དཔྱད་པའི་ཚུལ་འདི་ཉིད་ཀྱིས་བློ་གྲོས་མཆོག་དང་ལྡན་པས་གཞན་ཡང་སྣས་དྲི་ཞིམ་པ་དང་། ལྕེས་རོ་མངར་བ་དང་། ལུས་ཀྱིས་རེག་བྱ་འཇམ་པ་མངོན་སུམ་དུ་མྱོང་བར་འདོད་པ་ཐམས་ཅད་དག་སོ་སོར་དགག་པར་བྱ་བ་ཡིན་ནོ། །

གཉིས་པ་རྒྱས་བཤད་ནི། སྤྱིར་འཇིག་རྟེན་ལ་གྲགས་པའི་མངོན་སུམ་དང་། རྟོག་གེ་ལ་གྲགས་པའི་མངོན་སུམ་གཉིས་སུ་ཡོད་པ་ལས། སྐབས་འདིར་འཇིག་རྟེན་ལ་གྲགས་པའི་མངོན་སུམ་བཀག་ཅིང་། དེ་ལས་འཕྲོས་ནས་འགྲེལ་ཆེན་ལས་རྟོག་གེ་ལ་གྲགས་པའི་མངོན་སུམ་ཡང་རྒྱ་ཆེར་དགག་པར་མཛད་དོ། །དེ་ལ་སྐབས་འདིར་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་དཔྱད་ན། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །སོགས་ཀྱིས་བསྟན་པ་ལྟར། དབུ་མ་ཆེན་པོའི་ལུགས་ལ་ཚད་མ་ཚད་མིན་གྱི་རབ་དབྱེ་མེད་པར་བཞེད་ཀྱི། ཐ་སྙད་དུ་ཐལ་འགྱུར་པའི་ལུགས་ལ་ཚད་མ་མེད་པར་སྨྲ་བ་ནི་རྣམ་པར་འཁྱམས་ཏེ། ཟླ་བས་ཚིག་གསལ་དུ། མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཉེ་བར་འཇལ་བ་དང་། ལུང་གི་ཚད་མ་སྟེ་ཚད་མ་བཞི་ལ་བརྟེན་ནས་འཇིག་རྟེན་གྱི་དོན་རྟོགས་པ་ཡིན་ནོ་ཞེས། སྤྱིར་ཐ་སྙད་ཀྱི་ཚད་མ་ཞལ་གྱིས་བཞེས་པ་དང་། འཇུག་པའི་རྩ་འགྲེལ་ལས། དོན་དམ་པ་བསམ་པ་ལ་འཕགས་པ་ཁོ་ན་ཚད་མ་ཡིན་ནོ་ཞེས་སོགས་ཀྱིས། དག་པའི་ཐ་སྙད་ཚད་མ་ཞལ་གྱིས་བཞེས་པ་དང་། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་པས། དག་པའི་ཚད་མ་ལ་ལྟོས་ནས་ཚུར་མཐོང་ཚད་མ་ཚད་མ་མིན་པར་བཞེད་པ་སོགས་ཚད་དང་ཚད་མིན་གྱི་རང་དབྱེ་དངོས་སུ་བཞེད་པས། དེ་དག་དང་མི་མཐུན་པ་དག་ནི་ཟླ་བའི་ལུགས་ག་ལ་ཡིན། ཚད་མ་ཁས་བླངས་ན་རང་རྒྱུད་པར་ཁས་ལེན་དགོས་པར་སྨྲ་བ་ཡང་གྲུབ་མཐའ་ཆེན་པོ་འདིའི་གནད་གསང་ཕྲ་བ་མ་མཁྱེན་པར་ཟད་དོ། །དེའི་ཕྱིར་ཐལ་རང་གཉིས་ཀའི་ལུགས་ལ་སྤྱིར་ཚད་མ་དང་ཚད་མིན་གྱི་རབ་དབྱེ་བཞེད་ཀྱང་། ཐ་སྙད་རང་མཚན་གྱིས་གྲུབ་མ་གྲུབ་ཀྱི་ཁྱད་པར་ཆེ་བའི་ཚུལ་ནི་རབ་གསལ་བརྒལ་ལན་ལས་རྟོགས་པར་བྱའོ། །དེས་ན་སྐབས་འདིར་འཇིག་རྟེན་པའི་རྣམ་པར་ཤེས་པ་ལས་ནི་བུམ་པ་ཡང་མངོན་སུམ་ཡིན་ཞིང་། གཟུགས་སོགས་ཀྱང་མངོན་སུམ་ཡིན་ལ། དེའི་ཉེ་བར་ལེན་པ་སྔོན་པོ་ལ་སོགས་པ་རྣམས་ཀྱང་མངོན་སུམ་དུ་འདོད་དོ། །དེ་ལ་གལ་ཏེ་གཟུགས་ཙམ་མཐོང་བ་དེ་ཡིས་མ་མཐོང་ཡང་བུམ་པའི་རྡུལ་རྫས་དེ་ཐམས་ཅད་མཐོང་བར་འགྱུར་ན་ནི། འོ་ན་རྫས་གཞན་མ་མཐོང་བ་ཡིས་གཟུགས་གཅིག་པུ་མཐོང་བ་དེ་ཡང་མཐོང་བ་མིན་པར་ཅིས་མི་འགྱུར། གལ་ཏེ་དྲི་ལ་སོགས་པ་མངོན་སུམ་མིན་ཡང་གཟུགས་མངོན་སུམ་ཡིན་ནོ་ཞེ་ན། གཟུགས་ནི་འབའ་ཞིག་ཁོ་ན་ལའང་། མངོན་སུམ་ཉིད་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་དེ་ལ་ཡང་ཕ་རོལ་གྱི་ཆ་དང་། ཚུ་རོལ་གྱི་ཆ་དང་། དབུས་ཀྱི་ཆ་རྣམས་ཡོད་པའི་ཕྱིར་ན་དེ་དག་རྫོགས་པར་མ་མཐོང་བའི་ཕྱིར་རོ། །

གསུམ་པ་དོན་བསྡུ་ནི། དེ་ལྟར་རྣམ་པར་བརྟགས་ན་རྡུལ་ཕྲ་རབ་ལ་ཡང་མཐོང་མ་མཐོང་གི་ཆ་ཤས་ཡོད་མེད་ཅེས་བརྟགས་པའི་དཔྱད་པ་དེར་ཡང་འཇུག་པར་འགྱུར་བ་དེ་ཡི་ཕྱིར། ཚད་མ་གཞན་གྱིས་གཟོད་བསྒྲུབ་པར་བྱ་བ་ཡི་མངོན་སུམ་དེ་ཡིས། བསྒྲུབ་བྱ་ཕྱི་ནང་གི་དངོས་པོ་རང་མཚན་དང་བཅས་པ་འགྲུབ་པར་མི་འཐད་དོ། །

གཉིས་པ་བསྒྲུབ་བྱ་ཕྱི་ནང་གི་ཆོས་དགག་པ་ལ། ཕྱི་ཡུལ་གྱི་ཆོས་དགག་པ་དང་། ནང་དབང་པོའི་ཆོས་དགག་པ་དང་། གསང་བ་རྣམ་ཤེས་ཀྱི་ཆོས་དགག་པ་དང་། དེ་དག་གི་བྱེད་པ་དགག་པ་བཞི། དང་པོ་ལ། གཟུགས་ཀྱི་མིང་དོན་མ་གྲུབ་པར་མདོར་བསྟན། གཟུགས་ཀྱི་རང་མཚན་དགག་པ་རྒྱས་པར་བཤད། བལྟ་བྱའི་ཡུལ་དུ་མ་གྲུབ་པར་དོན་བསྡུ་བ་གསུམ།

དང་པོ་ནི། དེ་ལ་དབང་པོ་གཟུགས་ཅན་གྱིས་གཟུང་བར་བྱ་བའི་དོན་ལ་ཡོངས་སུ་བརྟགས་ན། གཟུགས་རང་བཞིན་གྱིས་གྲུབ་པ་མེད་དེ། གཟུགས་ཕྲ་རགས་ཀུན་ཀྱང་རང་རང་གི་ཡན་ལག་ཏུ་གྱུར་པ་ལ་ལྟོས་ནས་སླར་ཡང་ཡན་ལག་ཅན་དུ་འགྱུར་བ་ཉིད་ཀྱིས་གཟུགས་མ་གྲུབ་པ་དེ་ཡི་ཕྱིར། རྗོད་བྱེད་ཡི་གེའི་སྒོ་ནས་གཟུགས་ཞེས་མིང་དུ་བརྗོད་པ་ཡང་འདི་ལ་ཡོད་པ་མ་ཡིན་ནོ། །

གཉིས་པ་ལ། འབྲས་བུ་འབྱུང་འགྱུར་གྱི་གཟུགས་དགག་པ་དང་། རྒྱུ་འབྱུང་བའི་གཟུགས་དགག་པ་གཉིས།

དང་པོ་ནི། དེ་ལ་གཟུགས་ཡོད་དེ། དབྱིབས་དང་ཁ་དོག་གི་གཟུགས་གཉིས་སུ་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། གལ་ཏེ་མདོག་སྔོན་པོ་ལ་སོགས་པའི་ཁ་དོག་གི་གཟུགས་ལས་ཟླུམ་པོ་ལ་སོགས་པའི་དབྱིབས་ཀྱི་གཟུགས་གཞན་ཐ་དད་ན། ཇི་ལྟ་བུར་ན་མིག་གཉིས་ཀྱིས་ཁ་དོག་ཉིད་མཐོང་བའི་ཚེ་དབྱིབས་ཇི་ལྟར་འཛིན་པར་འགྱུར་ཏེ། དེ་གཉིས་རྫས་ཐ་དད་པའི་ཕྱིར། མིག་གིས་སྒྲ་མི་འཛིན་པ་བཞིན་ནོ། །འོན་ཏེ་གཞན་མིན་པ་གཅིག་ཏུ་ལྟ་ན་ནི། ལུས་ཀྱིས་དབྱིབས་འཛིན་པའི་ཚེ་མདོག་ཀྱང་ཅི་སྟེ་འཛིན་པར་མི་འགྱུར་ཏེ། དེ་གཉིས་རྫས་གཅིག་ཏུ་འདོད་པའི་ཕྱིར།

གཉིས་པ་ནི། གཟུགས་ཀྱི་སྐྱེ་མཆེད་ནི་ཡོད་པ་ཁོ་ན་སྟེ། དེའི་རྒྱུ་འབྱུང་བ་ཆེན་པོ་བཞི་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། རྣམ་པར་བརྟགས་ན་གཟུགས་མ་གྲུབ་པ་དེའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ནི་ལྟ་ཞིག་མ་གཏོགས་པར་གཟུགས་ཀྱི་རྒྱུ་ཞེས་བྱ་བ་ནི་ཅི་ཡང་མི་སྣང་ངོ་། །འོ་ན་ཐ་མི་དད་པའི་ཚུལ་དུ་ཡོད་དོ་ཞེ་ན། དེ་ལྟར་གཟུགས་དང་གཟུགས་ཀྱི་རྒྱུ་གཉིས་ཀ་ཡང་ནི་མིག་ཉིད་ཀྱིས་འཛིན་པར་ཅི་ཡི་ཕྱིར་མི་འགྱུར་ཏེ། དེ་གཉིས་གཅིག་ཏུ་འདོད་པའི་ཕྱིར། དེ་ནི་སྲིད་པ་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར། ཇི་ལྟར་ན་ས་ཡི་མཚན་ཉིད་ནི་སྲ་ཞིང་བརྟན་པ་ཞེས་བྱ་བར་མཐོང་ལ། དེ་ཡང་རེག་བྱ་ཡིན་ལ། རེག་བྱ་ནི་ལུས་ཀྱིས་འཛིན་པར་འགྱུར་བ་དེས་ན་ལུས་ཀྱི་ཡུལ་དུ་གྱུར་པའི་རེག་བྱ་འབའ་ཞིག་ལ་ནི་ས་འོ་ཞེས་ནི་བྱ་བར་བརྗོད་པས། དེ་མིག་གིས་འཛིན་རིགས་པ་མ་ཡིན་ནོ། །

གསུམ་པ་དོན་བསྡུས་ཏེ་བལྟ་བྱའི་ཡུལ་དགག་པ་ནི། དེ་ལྟར་གཟུགས་མ་གྲུབ་མོད། ད་དུང་བལྟ་བྱ་ཡུལ་དུ་ཞེན་པ་དགག་པ་ནི། མདོར་ན་གཟུགས་དེ་ཉིད་བལྟ་བར་བྱ་བའི་ཡུལ་ཉིད་དུ་འདོད་ན། ཡུལ་ཅན་དང་མ་འཕྲད་པའི་སྔར་བུམ་པའི་གཟུགས་དེ་ཉིད་བལྟ་བྱར་གྱུར་པ་མི་རིགས་པས། སྔར་བལྟ་བྱ་མིན་པ་ལ་ཕྱིས་སུ་བལྟ་བྱར་གསར་དུ་སྐྱེ་བར་འདོད་ན་ནི། ཡུལ་བལྟ་བྱར་གསར་དུ་སྐྱེས་པས་སྔར་གྱི་བུམ་པ་ནི་འདི་ལ་ཡུལ་གྱི་དགོས་ནུས་དང་ཡོན་ཏན་འགའ་ཡང་ཡོད་པར་མི་འགྱུར་བ་དེས་ན། བལྟ་བྱ་ཉིད་སྔར་མེད་པ་གསར་དུ་སྐྱེ་དགོས་པ་ལྟར། བུམ་པ་ཉིད་ཀྱང་སྔར་ནས་ཡོད་པའི་ངོ་བོའང་གྲུབ་པ་ཡོད་པ་མ་ཡིན་ནོ། །

གཉིས་པ་ནང་དབང་པོ་དགག་པ་ནི། གཟུགས་སོགས་ཡུལ་གྱི་ངོ་བོ་ནི་ཡོད་དེ། དེ་འཛིན་པར་བྱེད་པའི་མིག་སོགས་དབང་པོ་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། མིག་ནི་འབྱུང་བ་ལས་གྱུར་ཅིང་། རྣ་བའང་དེ་བཞིན་དུ་འབྱུང་བ་ལས་གྱུར་པས། རྒྱུ་ལ་ཁྱད་པར་མེད་བཞིན་དུ་མིག་གིས་གཟུགས་མཐོང་གི །རྣ་བ་སོགས་དབང་པོ་གཞན་གྱིས་དེ་ལྟར་མཐོང་བ་མིན་པ་དེའི་ཕྱིར་དབང་པོ་ཞེས་བྱ་བ་ཅི་ཡང་མེད་དོ། །དེས་ན། འགྲེལ་ཆེན་ལས། མཁས་པས་འཇིག་རྟེན་པའི་དོན་ལ་ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་དེ་ཁོ་ན་ཉིད་མཐོང་བ་དང་རྗེས་སུ་མཐུན་པར་མ་བཅུག་པར་ལས་རྣམས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཁས་བླངས་ཏེ་སྤྲུལ་པ་ལས་སྤྲུལ་པ་འབྱུང་བའི་ཚུལ་དུ་འཇིག་རྟེན་ཐམས་ཅད་ཁས་བླང་བར་བྱའོ། །ཞེས་སོགས་ཀྱིས་བསྟན་པ་ལྟར། གནས་ལུགས་དེ་ཁོ་ན་ཉིད་མཐོང་བའི་མཉམ་གཞག་ཡེ་ཤེས་དང་རྗེས་སུ་མཐུན་པར། ཆོས་ཐམས་ཅད་དོན་དམ་སྟོང་ཉིད་དུ་འཇལ་བྱེད་ཀྱི་ཚད་མས་མ་དཔྱད་པར། ཐ་སྙད་སྒྱུ་མ་དང་སྤྲུལ་པ་ཙམ་གྱི་ཚུལ་དུ་ངེས་པར་ལས་ཚུལ་བསམ་གྱིས་མི་ཁྱབ་པའི་དབང་ལས་དེ་ལྟར་འབྱུང་བ་ནི་རང་བཞིན་གྱིས་མ་གྲུབ་པའི་དབང་གིས་ཏེ། གལ་ཏེ་རང་བཞིན་གྱིས་གྲུབ་ན་ནི། འགྲེལ་ཆེན་ལས། གལ་ཏེ་རང་གི་ངོ་བོས་གྲུབ་པར་གྱུར་ན་ནི་དེའི་ཚེ་དུས་ཐམས་ཅད་དུ་རྣམ་པར་མི་འཆད་པར་འགྱུར་ཞིང་། རྣམ་པར་སྨིན་པ་བྱུང་ཟིན་པ་ལས་ཀྱང་རྣམ་པར་སྨིན་པར་འགྱུར་བའམ་ཡང་ན་ནི་སྨིན་པར་མི་འགྱུར་བ་ཉིད་དོ། །ཞེས་གསུངས་པ་ལྟར། ལས་འབྲས་ཀྱི་རྣམ་གཞག་འཇོག་པར་དཀའ་ཡང་རང་བཞིན་མ་གྲུབ་པའི་གནད་ཀྱིས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ནི་ཐུབ་པས་བསམ་གྱིས་མི་ཁྱབ་པར་གསུངས་ཏེ། འགྲེལ་ཆེན་ལས། ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་རིགས་པ་བཅུག་ནས་བསམ་པར་མི་ནུས་ཏེ། རེ་ཞིག་ལས་དེ་ཉིད་རང་གིས་ངོ་བོས་མ་གྲུབ་པའི་ཕྱིར་རོ། །ཞེས་སོགས་རྒྱ་ཆེར་བསྟན་པ་ལྟར་རོ། །

གསུམ་པ་གསང་བ་རྣམ་ཤེས་དགག་པ་ནི། མིག་ལ་སོགས་པའི་དབང་པོ་རྣམས་ནི་ཡོད་པ་ཉིད་དེ། དེའི་འབྲས་བུ་རྣམ་ཤེས་མཐོང་བའི་ཕྱིར་ཞེ་ན། བདག་པོའི་རྐྱེན་མ་ཚང་བའི་ཕྱིར་ནང་མིག་གི་རྣམ་པར་ཤེས་པ་ནི་མིག་གིས་ལྟ་བའི་སྔ་རོལ་ཏུ་ཡོད་པ་མ་ཡིན་ཞིང་། འོན་ཏེ་ལྟ་བའི་ཕྱིས་སུ་ཡོད་ན་ཡང་ཤེས་པ་དེ་སྐྱེ་བ་དོན་མེད་དོ། །རྟོག་པ་གསུམ་པ་དབང་ཤེས་གཉིས་ཅིག་ཆར་འབྱུང་བར་འདོད་ན་ཡང་ཤེས་པ་སྐྱེ་བ་ལ་དབང་པོའི་བྱེད་པ་དོན་མེད་པར་འགྱུར་ཏེ། བ་ལང་གི་རྭ་གཡས་གཡོན་ལྟར་འགྱུར་བའི་ཕྱིར་རོ། །

བཞི་པ་ཤེས་པའི་བྱ་བ་དགག་པ་ལ། དབང་པོའི་བྱ་བ་དགག་པ་དང་། ཤེས་པའི་བྱ་བ་དགག་པ་གཉིས། དང་པོ་ལ། མིག་དབང་གི་བྱ་བ་དགག་པ་དང་། རྣ་བས་སྒྲ་འཛིན་པའི་བྱ་བ་དགག་པ་གཉིས། དང་པོ་ལ། དགག་པ་རྒྱས་པར་བསྟན་པ་དང་། དོན་བསྡུས་ཏེ་དགག་པ་གཉིས།

དང་པོ་ནི། མིག་ནི་ཡོད་དེ། གཟུགས་ལ་བལྟ་བའི་བྱ་བ་བྱེད་པ་པོ་ཡིན་པའི་ཕྱིར་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། མིག་གིས་གཟུགས་ལ་བལྟ་བའི་ཚེ་དབང་ཡུལ་གཉིས་ཕྲད་མ་ཕྲད་གང་རུང་གི་ཚུལ་གཉིས་ལས་མི་འདའ་བས། དང་པོ་ལྟར་ན་དབང་པོ་ཡུལ་གྱི་མདུན་དུ་མ་སོང་བར་འཕྲད་པ་མི་སྲིད་པས། མིག་དེ་ཡུལ་བལྟ་བའི་ཕྱིར་ཡུལ་གྱི་མདུན་དུ་འགྲོ་བའི་འགྲོས་དང་ལྡན་པར་གྱུར་ན། ཡུལ་ཐག་རིང་པོ་ན་གནས་པ་རྣམས་དུས་ཡུན་རིང་མོ་ཞིག་གིས་མཐོང་བར་འགྱུར་བ་དང་། ནམ་ཞིག་གི་ཚེ་ཡུལ་མཐོང་བ་ན་ཡང་ཧ་ཅང་ཉེ་བ་ན་གནས་པ་དང་། ཆེས་ཐག་རིང་དུ་གནས་པའི་གཟུགས་དེ་གཉིས་ལ་ཁྱད་མེད་པར་གསལ་བར་མཐོང་བ་ཅི་སྟེ་མིན་ཏེ། ཉེ་རིང་གི་ཁྱད་པར་མེད་པའི་ཕྱིར་རོ། །རྣམ་པར་བརྟགས་ན་གཟུགས་བལྟ་བའི་ཕྱིར་འགྲོ་བ་ཡང་མི་སྲིད་དེ། གལ་ཏེ་དང་པོ་གཟུགས་མཐོང་ནས་ད་དུང་མིག་དེ་ཉིད་འགྲོ་ན་ནི། གཟུགས་སྔར་ནས་མཐོང་ཟིན་པའི་ཕྱིར་དེ་སོང་བས་ཡོན་ཏན་ལྷག་པ་འགལ་ཡང་མེད་ན་ཅི་ཞིག་བྱེད་འགྲོ། ཡང་ན་གཟུགས་མ་མཐོང་བཞིན་དུ་ཡུལ་བལྟ་བར་བྱ་བར་འགྲོ་བར་འདོད་པ་ཡིན་ན་ནི། ཡུལ་གྱི་ཕྱོགས་ངེས་པ་ཞེས་བྱ་བ་ཡང་རྫུན་པར་འགྱུར་ན་གང་དུ་འགྲོ། ཕྱོགས་གཉིས་པ་ལྟར་མིག་མ་སོང་བར་ཡུལ་དབང་མ་ཕྲད་བཞིན་དུ་གཟུགས་འཛིན་པར་འདོད་ན་ནི། འགྲོ་བ་འདི་དག་ཀུན་ཅིག་ཅར་མཐོང་བར་འགྱུར་ཏེ། དབང་པོ་གང་ལ་ཡུལ་གྱི་དྲུང་དུ་འགྲོ་བ་ཡོད་པ་མིན་པ་དེ་ལ་ཡུལ་ཐག་རིང་བས་མིག་གསལ་བ་མེད་ཅིང་། ཡུལ་གཞན་གྱིས་བར་ཆོད་པས་བསྒྲིབས་པའང་མེད་དེ་ཡུལ་དང་མ་ཕྲད་བཞིན་དུ་གཟུགས་མཐོང་བར་འདོད་པའི་ཕྱིར་རོ། །དེ་ལྟ་བུའི་དཔྱད་པ་མི་འཇུག་སྟེ། མར་མེའི་ངོ་བོས་གསལ་བ་ཡིན་པས་མུན་པ་སེལ་བ་ལྟར། མིག་བལྟ་བའི་རང་བཞིན་ཡིན་པས་ཡུལ་མཐོང་བར་འདོད་དོ་ཞེ་ན། འོ་ན་གང་དངོས་པོ་ཀུན་གྱི་རང་བཞིན་ནི་མེ་དང་ཚ་བ་ལྟར་དང་པོར་བདག་ལ་སྣང་བར་འགྱུར་བའི་ཕྱིར་ན། མིག་ནི་མིག་ཉིད་ཀྱིས་འཛིན་པར་ཡང་ཅི་ཡི་ཕྱིར་ན་འགྱུར་བ་མ་ཡིན་ཏེ། ཐོག་མར་མིག་རང་ཉིད་ཀྱིས་རང་ཉིད་མཐོང་བར་ཐལ་ལོ། །

གཉིས་པ་ནི། དེ་ལྟར་ན་ཡང་ཡུལ་དབང་ཤེས་གསུམ་ཚོགས་པའི་སྟོབས་ཀྱིས་ཡུལ་མཐོང་བའི་བྱ་བ་ཡོད་དོ་ཞེ་ན། མིག་བེམ་པོའི་རང་བཞིན་ལ་ནི་རྣམ་པར་ཤེས་པ་ཡོད་པ་མིན་ཞིང་། རྣམ་ཤེས་ལ་ཡང་དབང་པོ་མེད་པས་ལྟ་བའི་བྱ་བ་མེད་ལ། དེ་གཉིས་ཀ་ཡུལ་གཟུགས་ལ་ཡོད་པ་མིན་ན་ཕན་ཚུན་ཆོས་མི་མཐུན་པ་དེ་དག་གིས་གཟུགས་ཇི་ལྟར་མཐོང་སྟེ། ཅི་ཡང་མཐོང་བ་མེད་དེ་ལོང་བའི་ཚོགས་བཞིན་ནོ། །

གཉིས་པ་རྣ་བས་སྒྲ་འཛིན་པའི་བྱ་བ་དགག་པ་ནི། དེ་བཞིན་དུ་རྣ་བས་སྒྲ་འཛིན་པའི་བྱ་བའང་་རྣམ་པར་བརྟགས་ན་མ་གྲུབ་སྟེ། སྒྲ་དབང་པོའི་ཡུལ་དུ་མ་སོང་བར་སྒྲ་འཛིན་པར་མི་རིགས་པས། སྒྲ་དབང་པོའི་ཡུལ་དུ་ཕྱིན་པར་གྱུར་ན། སྒྲ་འབྱིན་ཞིང་འགྲོའམ་སྒྲ་མེད་པར་འགྲོ། གལ་ཏེ་དང་པོ་ལྟར་སྒྲ་འབྱིན་ཞིང་སྒྲ་དེ་རྣ་བའི་ཡུལ་དུ་འགྲོ་ན་ནི། གང་གིས་ན་སྒྲ་དེ་ཉིད་སྨྲ་བ་པོར་མི་འགྱུར། འོན་ཏེ་མི་སྨྲ་བར་རྣ་བའི་ཡུལ་དུ་འགྲོ་བར་འདོད་ནའང་། གང་གིས་སྒྲ་དེ་ལ་དེ་འཛིན་པའི་ཤེས་པ་སྐྱེ་བར་འགྱུར། གལ་ཏེ་སྒྲ་རྣ་བའི་ཡུལ་དུ་སོང་ཞིང་ཕྲད་དེ་སྒྲ་འཛིན་ན་ཡང་། སྒྲ་ཡི་སྐད་ཅིག་དང་པོ་དེ་རྣ་བ་དང་མ་ཕྲད་པས་གང་གིས་འཛིན་པར་འགྱུར། དེ་བཞིན་དུ་སྒྲ་ནི་རྫས་དགུའི་བདག་ཉིད་ཅན་ཡིན་པས། སྒྲ་རྡུལ་རྐྱང་པར་མི་འོང་ན་རེང་བུ་ཡན་གར་བ་ཞིག་ཇི་ལྟར་འཛིན་པར་འགྱུར། ཇི་ལྟར་སྐད་ཅིག་དང་པོ་སོགས་སུ་ཇི་སྲིད་སྒྲ་དེ་རྣ་བས་ཐོས་པར་མ་གྱུར་པ་དེ་ཡི་བར་དུ་ནི་སྒྲ་ཡིན་པར་ཡང་མི་འགྱུར་ལ། དེ་ལྟར་དང་པོ་སྒྲ་ཡི་མཚན་ཉིད་མེད་པར་ཡང་མཐར་རྣ་བ་དང་ཕྲད་ཚེ་སྒྲ་ཉིད་དུ་འགྱུར་ན་དེ་ནི་མི་རིགས་སོ། །

གཉིས་པ་ཡུལ་ཅན་ཤེས་པའི་བྱ་དགག་པ་ལ། དབང་མངོན་རྟོག་མེད་ཀྱི་བྱ་བ་དགག་པ་དང་། ཡིད་ཤེས་རྟོག་བཅས་ཀྱི་བྱ་བ་དགག་པ་གཉིས། དང་པོ་ནི། མདོ་སྡེ་པ་སོགས་ཀྱིས་ཡུལ་མཐོང་བ་ནི་ཤེས་པའི་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། དབང་པོ་རྣམས་དང་བྲལ་བའི་སེམས་ཀྱིས་ཀྱང་ཡུལ་གྱི་ཡུལ་དུ་སོང་སྟེའང་ཅི་ཞིག་བྱེད་པར་འགྱུར་ཏེ། ཡུལ་འཛིན་པའི་ནུས་པ་དང་བྲལ་བའི་ཕྱིར། དེ་ལྟར་སྐྱོན་གནས་པ་ཡིན་པ་དང་། གཞན་ཡང་སྲོག་ལྡན་གྱི་ཡུལ་འདི་ནི་རྟག་ཏུ་ཡིད་མེད་པའི་བེམ་པོར་འགྱུར་བ་ཅི་སྟེ་མིན་ཞེས་གསུངས་སོ། །

གཉིས་པ་ནི། དེ་ལྟར་ན་དངོས་པོ་རྣམས་ཡོངས་སུ་གཅོད་པར་བྱེད་པའི་འདུ་ཤེས་མེད་དམ་ཞེ་ན། དེ་ནི་སྔར་མིག་གིས་མཐོང་བ་ཡི་དོན་གང་ཞིག་ཕྱིས་སུ་ཡིད་ཀྱིས་སྨིག་རྒྱུ་ལ་ཆུར་འཁྲུལ་པ་ལྟར་འཛིན་པ་དེ་ནི་ཐ་སྙད་ཀྱི་ཆོས་ཀུན་གྱི་རྣམ་གཞག་འཇོག་པ་ལ་འཇོག་བྱེད་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱའོ། །དེའི་ཕྱིར་མིག་གི་དབང་པོ་དང་གཟུགས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྒྱུ་མ་བཞིན་དུ་སྐྱེ་བར་འགྱུར་བ་ཙམ་སྟེ། དེའི་ཕྱིར་གང་ལ་རང་བཞིན་གྱིས་ཡོད་པ་ཉིད་ཀྱིས་དངོས་པོ་ཡོད་པ་དེ་ནི་སྒྱུ་མ་ཞེས་བྱ་བར་བརྗོད་པར་མི་རིགས་སོ། །

གཉིས་པ་ཀུན་རྫོབ་སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་བསྟན་པ་ལ། ཐ་སྙད་ངོ་མཚར་སྒྱུ་མའི་ཆོས་སུ་བསྟན་པ་དང་། ཚུལ་དེ་མཚོན་བྱེད་དཔེ་ཡི་རྣམ་གྲངས་བསྟན་པ་གཉིས།

དང་པོ་ནི། དེ་ལྟར་རྣམ་པར་དཔྱད་ན་མིག་གིས་གཟུགས་མཐོང་བ་སོགས་རྣམ་པར་མ་གྲུབ་ཀྱང་། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་པར་སྣང་བ་འདི་ནི་ངོ་མཚར་བ་ཞིག་གོ་སྙམ་ན། དེ་ཙམ་དུ་མ་ཟད་ཕྱི་ཡི་རྟེན་ཅིང་འབྲེལ་བར་འབྱུང་བ་འགག་བཞིན་པའི་ས་བོན་ལས་མྱུ་གུ་འབྱུང་བ་དང་། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འགགས་ནས་ཡུན་རིང་པོར་ལོན་པ་ལས་རྣམ་པར་སྨིན་པ་འབྱུང་བ་སོགས་ངོ་མཚར་སྒྱུ་མའི་སྣང་བ་ཅིར་ཡང་འཆར་བ་དེའི་ཕྱིར། གང་གི་ཚེ་མཁས་པ་རྣམས་ལ་ས་ཡི་སྟེང་ན་ཕྱི་དང་ནང་གི་ཆོས་ཐམས་ཅད་སྒྱུ་མ་དང་མིག་འཕྲུལ་གྱི་སྣང་བ་ལྟར་ངོ་མཚར་སྐྱེ་བའི་གནས་མིན་པ་འགའ་ཡང་མེད་པ་དེ་ཡི་ཚེ། དབང་པོས་ཡུལ་རྟོགས་ཚུལ་དེ་འདྲ་བ་ཙམ་ཁོ་ན་ལ་ཡ་མཚན་དུ་གྱུར་པ་ཞེས་བྱ་བ་ཅི་ཞིག་ཡོད། དེ་ལྟར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མ་བརྟགས་རྟེན་འབྱུང་སྒྱུ་མ་ཉམས་དགའ་བའི་ཚུལ་དུ་གྲུབ་བོ། །

གཉིས་པ་ནི། དེ་ལྟར་ཀུན་རྫོབ་སྣང་བའི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ། མགལ་མེའི་འཁོར་ལོ་དང་ཏིང་ངེ་འཛིན་གྱིས་སྤྲུལ་པ་དང་། རྨི་ལམ་གྱི་སྣང་བ་དང་། སྒྱུ་མའི་སྐྱེ་བོ་དང་། ཆུ་ཡི་ཟླ་བ་དང་། ཁུག་སྣ་དུ་བ་ལྟར་འཁྲིགས་པ་དང་། རི་བྲག་ཆེན་པོའི་ནང་གི་བྲག་ཅ་དང་། སྨིག་རྒྱུ་ལ་ཆུར་འཁྲུལ་པ་དང་། རྒྱང་རིང་པོའི་སྤྲིན་རི་བོར་འཁྲུལ་པ་དང་། སྲིད་པ་ཡི་སྣང་བ་འདི་དག་མཚུངས་པར་གྱུར་པ་ཁོ་ནའོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དབང་པོ་དང་དོན་དགག་པ་སྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའི་འགྲེལ་པའོ།། །།

ག༡༤ རབ་བྱེད་བཅུ་བཞི་པ་མཐར་འཛིན་པ་དགག་པ་སྒོམ་པ་བསྟན་པ།

གསུམ་པ་ཁྱད་པར་མཐའ་བྲལ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ། དངོས་དང་། བྱེ་བྲག་འདུས་བྱས་སྐྱེས་མཐའ་བྲལ་བའི་དེ་ཁོ་ན་ཉིད་བཤད་པ་གཉིས། དང་པོ་ལ། ངོ་བོ་མདོར་བསྟན་པ་དང་། གཏན་ཚིགས་ཀྱིས་རྒྱས་པར་བཤད་པ་གཉིས།

དང་པོ་ནི། འོ་ན་རང་བཞིན་དང་བཅས་པའི་དངོས་པོ་ཅི་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། གལ་ཏེ་དངོས་པོའི་ཆོས་གང་ཞིག་རྒྱུ་རྐྱེན་གཞན་འགའ་ལའང་རག་ལས་པར་ནི་མི་འགྱུར་ན་ནི། དེ་ཡི་བདག་ཉིད་རང་བཞིན་གྱིས་འགྲུབ་པར་འགྱུར་ན་ཡང་། དེ་ནི་གང་ནའང་ཡོད་པ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པ། ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ལ། ངོ་བོ་ལ་དཔྱོད་པ་གཅིག་ཏུ་བྲལ་གྱི་གཏན་ཚིགས་བཤད་པ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་བཤད་པ། ཀུན་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་བཤད་པ་གསུམ། དང་པོ་ལ། རྣམ་པར་དཔྱད་པ་མདོར་བསྟན་པ་དང་། དེའི་ཚུལ་རྒྱས་པར་བཤད་པ། གནད་དོན་བསྡུས་ཏེ་བསྟན་པ་གསུམ།

དང་པོ་ནི། དེ་ལ་བུམ་པ་ལ་སོགས་པའི་དངོས་པོ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་པར་གྱུར་ན། གཅིག་ཐ་དད་གང་རུང་གི་ཚུལ་དུ་གྲུབ་དགོས་ཀྱང་དེ་ལ་རེ་ཞིག་གཟུགས་དེ་ཉིད་བུམ་པའོ་ཞེས་དེ་གཉིས་གཅིག་མ་ཡིན་ཏེ། གཟུགས་ཙམ་བུམ་པ་མ་ཡིན་པའི་ཕྱིར། ལྷས་སྦྱིན་བ་ལང་དང་ལྡན་པ་ལྟར་གཟུགས་དང་ལྡན་པའི་བུམ་པ་ཞེས་གཞན་དུ་ཡོད་པ་མིན་ལ། ཡོད་ན་གཟུགས་ལ་མ་ལྟོས་པར་བུམ་པ་གཟུང་དུ་ཡོད་པར་འགྱུར་རོ། །དེ་ལྟར་གཞན་ཐ་དད་དུ་གྲུབ་པ་དེའི་ཕྱིར། མཁར་གཞོང་ལ་རྒྱ་ཤུགས་ལྟར་བུམ་པ་ལ་གཟུགས་ཡོད་པ་མིན་ཞིང་། རེ་སྡེ་ལ་ལྷ་སྦྱིན་ལྟར་གཟུགས་ལ་བུམ་པ་ཡོད་པ་མ་ཡིན་ནོ། །དེའི་ཚུལ་གྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་བྱའོ། །

གཉིས་པ་ལ། སྤྱི་དང་བྱེ་བྲག་གི་རང་བཞིན་དགག་པ། ཡོན་ཏན་དང་ཡོན་ཏན་ཅན་གྱི་ཁྱད་པར་དགག་པ། མཚན་ཉིད་དང་མཚན་གཞིའི་རབ་དབྱེ་དགག་པ། ཡན་ལག་དང་ཡན་ལག་ཅན་གྱི་ངོ་བོ་དགག་པ། གདགས་གཞི་དང་བཏགས་ཆོས་ཀྱི་རྣམ་གཞག་དགག་པ། ཚོགས་དང་ཚོགས་ཅན་གྱི་རང་བཞིན་དགག་པ་དང་དྲུག

དང་པོ་ནི། གང་ཞིག་གཟུགས་དང་བུམ་པ་གཞན་དུ་མ་གྲུབ་མོད་ཀྱི། ཡོད་པ་ཞེས་པའི་དངོས་པོ་ནི་སྤྱི་ཡིན་ཞིང་། བུམ་པ་དེའི་བྱེ་བྲག་གམ་ཁྱད་པར་གྱི་རྫས་ཡིན་པས་ན་དངོས་པོ་སྤྱི་དེ་ལས་བུམ་པ་གཞན་དུ་གྲུབ་བོ་ཞེ་ན། སྤྱི་དངོས་པོ་དང་ཁྱད་པར་བུམ་པ་གཉིས་མཚན་ཉིད་མི་མཐུན་པར་མཐོང་ནས་ནི། གལ་ཏེ་སྤྱི་དངོས་པོ་ལས་བུམ་པ་གཞན་དུ་འདོད་ན། དེ་ནི་མ་ཡིན་ཏེ། དེ་ལྟར་ན་སྤྱི་དངོས་པོ་དེ་ཡང་བྱེ་བྲག་བུམ་པ་ལས་གཞན་དུ་ཅིས་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར།

གཉིས་པ་ནི། གལ་ཏེ་གཅིག་ལ་སོགས་པའི་གྲངས་ནི་ཡོན་ཏན་ཡིན་ལ། དེ་ཡོན་ཏན་ཅན་གྱི་རྫས་བུམ་པ་ལ་བརྟེན་པས་ན་ཡོན་ཏན་གྱི་རྟེན་བུམ་པའི་རྫས་ནི་ཡོད་པ་ཁོ་ནའོ་ཞེ་ན། གལ་ཏེ་ཚིག་གི་དོན་ཐ་དད་པས་གཅིག་བུམ་ཞེས་མི་བརྗོད་པས་ན་གཅིག་ལ་སོགས་པའི་ཡོན་ཏན་ནི་བུམ་པའི་རྫས་ཡིན་པར་མི་འདོད་ན་བུམ་པའང་གཅིག་དག་ཏུ་མི་འགྱུར་རོ། །འདི་ཡང་འགྲེལ་ཆེན་གྱི་རྩ་བ་ལྟར་བཟུང་ངོ་། །གལ་ཏེ་ཡོན་ཏན་རྣམས་རྫས་ལ་བརྟེན་པས་བུམ་པ་ཁོ་ན་གཅིག་ཏུ་འགྱུར་ཏེ་བུམ་པ་གཅིག་སོགས་རྗོད་པར་བྱེད་ཀྱི། གཅིག་ཉིད་ནི་བུམ་པར་མི་འགྱུར་ཏེ། གཅིག་བུམ་པ་སོགས་མི་རྗོད་པའི་ཕྱིར་སྙམ་ན། བུམ་པ་ཡོན་ཏན་དང་ལྡན་པ་ཞེས་པ་འདི་དུང་དང་དཀར་ཟླུམ་ལྟར་མཚུངས་པའང་མ་ཡིན་པར། བུམ་པ་གཅིག་དང་ལྡན་ཡང་གཅིག་བུམ་པ་དང་མི་ལྡན་པ་དེས་ཀྱང་བུམ་པ་གཅིག་དག་ཏུ་མི་འགྱུར་ཏེ། ཕན་ཚུན་ཆོས་མི་མཚུངས་པའི་ཕྱིར་རོ། །ཅི་སྟེ་དེ་ལྟར་ནའང་བུམ་པ་གཅིག་ཡིན་གྱི་གཅིག་བུམ་པ་མིན་ཏེ། ཡོན་ཏན་རྫས་ལ་བརྟེན་ཀྱང་རྫས་ཡོན་ཏན་ལ་མི་བརྟེན་པ་དང་ཡོན་ཏན་ཀྱང་ཡོན་ཏན་ལ་མི་བརྟེན་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། ཁྱོད་ཀྱི་ལུགས་ལ་བུམ་པ་རྫས་ཡིན་པ་དང་། གཟུགས་དང་དབྱིབས་ཕྲ་རགས་སོགས་ཡོན་ཏན་དུ་འདོད་པ་གང་གི་ཚེ་བུམ་པའི་རྫས་ཅི་ཙམ་ཡིན་པ་དེ་ཙམ་དུ་ཡོན་ཏན་གཟུགས་ཀྱིས་ཁྱབ་པས་ན། དེ་ཡི་ཚེ་གཟུགས་ཆེན་པོ་དང་ཆུང་ངུ་ལྟ་བུའི་སྒོ་ནས་ཡོན་ཏན་ལ་ཡོན་ཏན་ཀྱང་ཅི་སྟེ་བརྟེན་པ་མིན། དེ་ལྟར་གྱུར་མོད་ཀྱི། ཡོན་ཏན་ལ་ཡོན་ཏན་མི་བརྟེན་པ་འདི་ཁོ་བོ་ཅག་གི་གཞུང་ལུགས་ལས་བཤད་པའི་ཕྱིར་དེ་དང་འགལ་བར་མི་བྱའོ་ཞེ་ན། གལ་ཏེ་ཕྱིར་རྒོལ་ཁྱོད་རང་གི་སྡེ་ཚན་ལས་གཞན་མིན་ན་རང་གིས་ཁས་བླངས་པའི་གཞུང་ལུགསདང་འགལ་བ་བསྙད་པར་བྱ་བར་འགྱུར་ན་ཡང་། ཕྱིར་རྒོལ་ནི་སུན་འབྱིན་བརྗོད་པར་ཁས་ལེན་པའི་རྒོལ་བ་ཡིན་པའི་ཕྱིར་ཁྱོད་ཀྱི་ཡིད་ཆད་འབའ་ཞིག་གོ།

གསུམ་པ་ལ། དངོས་དང་། ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ་ནི། དེ་ལ་མཚན་གཞི་བུམ་པ་ནི་ཡོད་པ་ཁོ་ན་སྟེ། དེའི་མཚན་ཉིད་ཡོད་པའི་ཕྱིར་ཞེ་ན། གྲངས་ལ་སོགས་པའི་མཚན་ཉིད་ཀྱིས་ཀྱང་མཚན་གཞི་བུམ་པ་དེ་ནི་གང་དུའང་གྲུབ་པ་ཡོད་པ་མིན་པ་དེར་ནི་གྲངས་ལ་སོགས་པ་མཚན་ཉིད་འདི་རྣམས་དང་ཐ་དད་པར་མཚན་གཞིའི་དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མཚན་ཉིད་དང་མཚན་གཞི་གཅིག་ཏུ་འདོད་ན་ནི། མཚན་ཉིད་ཀྱི་ཆོས་དུ་མ་རྣམས་དང་མཚན་གཞི་སོ་སོ་ནི་མིན་པར་གཅིག་ཏུ་འདོད་པའི་ཕྱིར། མཚན་གཞི་བུམ་པ་ཡང་གཅིག་མ་ཡིན་པར་འགྱུར་རོ། །འོ་ན་མང་པོ་ཉིད་དུ་འདོད་དོ་ཞེ་ན། གཟུགས་ལ་སོགས་པ་རེ་རེའི་ངོ་བོར་གྱུར་པའི་བུམ་པ་མེད་ན་ནི། དེ་མང་པོ་ཉིད་ཀྱང་འཐད་པར་མི་འགྱུར་རོ། །

གཉིས་པ་ནི། དེ་རྣམས་ཕན་ཚུན་སྦྱོར་བ་ལས་བུམ་པ་གཅིག་ཏུ་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ལུས་ངག་གིས་གཟུང་བར་བྱ་བའི་རེག་པ་དང་ལྡན་པ་ནི་རེག་པ་དང་མི་ལྡན་པ་རྣམས་དང་ལྷན་ཅིག་ཏུ་སྦྱོར་བ་ཞེས་བྱ་བ་མེད་པ་དེ་ཡི་ཕྱིར། གཟུགས་ལ་སོགས་པ་ཆོས་ཐ་དད་པ་རྣམས་ངོ་བོ་གཅིག་ཏུ་སྦྱོར་བ་ནི་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ནོ། །

བཞི་པ་ཡན་ལག་དང་ཡན་ལག་ཅན་གྱི་ངོ་བོ་དགག་པ་ནི། ཕྲད་པ་མེད་ཀྱང་སླ་ཡི། གཟུགས་སོགས་ཡན་ལག་ལ་བརྟེན་ནས་ཡན་ལག་ཅན་གྱི་བུམ་པ་གཅིག་ཏུ་འཇོག་གོ་ཞེ་ན། བུམ་པའི་གཟུགས་ལ་སོགས་པ་ནི་རེ་རེ་ཞིང་བུམ་པའི་ཡན་ལག་སྟེ། དེས་ན་རེ་ཞིག་ཡན་ལག་དེ་དག་ནི་བུམ་པ་མིན་ཞིང་། ཡན་ལག་དེ་དག་མ་གཏོགས་པར་གང་གི་ཕྱིར་ཡན་ལག་ཅན་གྱི་བུམ་པ་མེད་པ་དེས་ན། དེའི་ཡན་ལག་རྣམས་ཀྱང་ཡོད་པ་མིན་ནོ། །

ལྔ་བ་གདགས་གཞི་དང་བཏགས་ཆོས་ཀྱི་རྣམ་གཞག་དགག་པ་ནི། གལ་ཏེ་གདགས་གཞི་གཟུགས་སོགས་ལྷན་ཅིག་ཚོགས་པ་ལས་བཏགས་ཆོས་བུམ་པ་ངོ་བོས་ཡོད་དོ་ཞེ་ན། གདགས་གཞི་བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་རྣམས་ཀུན་ལ་གཟུགས་ཙམ་ཉིད་ཀྱི་ནི་མཚན་ཉིད་མི་མཐུན་པ་ཅི་ཡང་ཡོད་པ་མ་ཡིན་ན། ལྟོ་ལྡིར་གྱི་གོང་བུ་ལྟ་བུ་གཅིག་ལ་བུམ་པ་ཡོད་པར་འགྱུར་ཞིང་། སྣམ་བུ་སོགས་གཞན་དག་ལ་བཏགས་ཆོས་བུམ་པ་ཡོད་པ་མིན་པ་འདི་རྒྱུ་ཅི་ཞིག་ཡིན་ཏེ། ཐམས་ཅད་ཀྱང་བུམ་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་བུམ་པའི་གདགས་གཞི་རོ་སོགས་དག་ལས་གཟུགས་གཞན་ཡིན་ཞིང་། གདགས་ཆོས་བུམ་པ་ལས་ཐ་དད་མིན་ནོ་ཞེས་ཁྱོད་འདོད་ན། རོ་དང་གཟུགས་ལ་སོགས་པ་དེ་རྣམས་མེད་པར་རང་གི་ངོ་བོ་མེད་པའི་དངོས་མེད་གང་ཡིན་པ་དེ་གཟུགས་ལས་དོན་གཞན་དུ་གྱུར་པ་ཇི་ལྟར་མིན་ཏེ། དེའི་ཕྱིར་བུམ་པ་ལས་གཟུགས་གཞན་དུ་འགྱུར་རོ། །འདིར་འགྲེལ་ཆེན་ན། དེ་རྣམས་མ་གཏོགས་རང་མེད་གང་། གང་དེ་གཟུགས་གཞན་ཇི་ལྟར་མིན། །ཞེས་འབྱུང་ཞིང་། དེའི་དོན་འགྲེལ་པར། གལ་ཏེ་དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་གཟུགས་རོ་ལ་སོགས་པ་དག་ལས་གཞན་དུ་རྣམ་པར་འཇོག་ན་ནི། གཟུགས་དེ་བུམ་པ་ལས་གཞན་དུ་རྣམ་པར་འཇོག་ན་ནི་གཟུགས་དེ་བུམ་པ་ལས་གཞན་ཡིན་ནོ་ཞེས་བྱ་བར་ཅི་སྟེ་མ་བཞག་ཅེས་གསུངས་སོ། །མདོར་ན་བཏགས་ཆོས་བུམ་པ་མ་གྲུབ་པའི་ཕྱིར་གདགས་གཞིའི་གཟུགས་ཀྱང་བུམ་པའི་གཟུགས་ཡིན་པར་མ་གྲུབ་ཅེས་པའི་དོན་ཏོ། །དེ་ལྟར་རྣམ་པར་བརྟགས་པ་གང་གི་ཚེ་བུམ་པ་ལ་ནི་གདགས་གཞིའི་རྒྱུ་ཡོད་པ་མིན་ན་བུམ་པ་རང་ཉིད་བཏགས་ཆོས་འབྲས་བུར་མི་འགྱུར་ཏེ། དེའི་ཕྱིར་གཟུགས་སོགས་ལས་གཞན་དུ་བུམ་པ་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །མདོར་ན་གདགས་གཞི་བུམ་པ་ཡི་གཟུགས་ཉིད་ཀྱང་རང་ཉིད་རྒྱུ་གྱོ་མོ་ལས་གྲུབ་དགོས་པར་འགྱུར་ཞིང་། རྒྱུ་དེ་ནི་གཞན་གསེག་མ་ལས་གྲུབ་པར་འགྱུར་ན། ཐོག་མར་ཆོས་གང་ལ་རང་གི་ངོ་བོ་ནས་གྲུབ་པ་མེད་པ་དེ་ཡིས་བུམ་པ་ལྟ་བུའི་ཆོས་གཞན་པོ་ཇི་ལྟར་སྐྱེད་པར་བྱེད་དེ། མི་རིགས་པ་ཁོ་ནའོ། །

དྲུག་པ་ཚོགས་དང་ཚོགས་ཅན་གྱི་རང་བཞིན་དགག་པ་ལ། འབྲས་བུ་འབྱུང་འགྱུར་རགས་པའི་ཚོགས་པ་དགག་པ་དང་། རྒྱུ་འབྱུང་བའི་ཚོགས་པ་ལ་བརྟགས་ཏེ་བསྲེག་བྱ་སྲེག་བྱེད་དགག་པ་གཉིས།

དང་པོ་ནི། གཟུགས་སོགས་ཚོགས་པ་ལ་བརྟེན་ནས་བུམ་པར་བཏགས་ཀྱང་བུམ་པ་དུ་མར་མི་འགྱུར་ཏེ། གཟུགས་སོགས་དེ་དག་འཕྲོད་པ་འདུས་པས་ཐ་མི་དད་པའི་ཚོགས་པ་གཅིག་ཏུ་བྱས་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། འཕྲོད་པ་འདུས་པར་གྱུར་ཏུ་ཆུག་ཀྱང་། གཟུགས་ནི་དྲི་ཉིད་དུ་ནི་འགྱུར་བ་མི་འཐད་དེ། དེ་དག་མཚན་ཉིད་ཐ་དད་པའི་ཕྱིར། དེས་ན་གོང་དུ་མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་བུམ་པ་གཅིག་མ་ཡིན། །ཞེས་བུམ་པ་གཅིག་ཏུ་མ་གྲུབ་པར་བསྟན་པ་བཞིན་དུ་ཚོགས་པ་ཞེས་བྱ་བའང་གཅིག་ཉིད་དུ་ནི་མི་རིགས་སོ། །ཇི་ལྟར་ན་གཟུགས་ལ་སོགས་པ་མ་གཏོགས་པར་བུམ་པ་ཞེས་བྱ་བ་ཅི་ཡང་ཡོད་པ་མ་ཡིན་པར་བསྟན་པ་དེ་བཞིན་དུ་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ནི་མ་གཏོགས་པར་དེ་དག་ཚོགས་པའི་གཟུགས་ཞེས་བྱ་བ་དག་ཀྱང་ཡོད་པ་མ་ཡིན་ནོ། །

གཉིས་པ་ནི། རྒྱུ་འབྱུང་བ་དག་ཀྱང་ལྷན་ཅིག་ཏུ་ཚོགས་པ་མེད་དེ། བསྲེག་བྱ་བུད་ཤིང་དང་སྲེག་བྱེད་མེ་ལྷན་ཅིག་ཏུ་ཚོགས་པས་བུད་ཤིང་སྲེག་པར་བྱེད་ན། བུད་ཤིང་ཉིད་ཚ་བའི་ངོ་བོར་གྱུར་ན་ནི་ཚ་བའི་མཚན་ཉིད་དང་ལྡན་པའིཕྱིར་མེ་ཉིད་དུ་གྱུར་ཏེ་བསྲེག་བྱར་མི་འཐད་ཅིང་། ཚ་བ་མིན་པར་གྱུར་པའི་བུད་ཤིང་ཇི་ལྟར་སྲེག །དེས་ན་བསྲེག་བྱ་བུད་ཤིང་ཞེས་བྱ་བ་ཡོད་པ་མིན་ཞིང་། དེ་མེད་པར་སྲེག་བྱེད་མེ་ཉིད་ཀྱང་ཡོད་པ་མིན་ནོ། །གལ་ཏེ་སྲ་བའི་མཚན་ཉིད་ཅན་གྱི་བུད་ཤིང་ནི་མེས་ཟིལ་གྱིས་མནན་ཏེ་ཚ་བ་ཉིད་དུ་འགྱུར་བར་འདོད་ན་ཡང་ཚ་བའི་རང་བཞིན་དུ་གྱུར་པ་དེ་ཡང་ཅི་སྟེ་མེ་ཡིན་པར་མི་འགྱུར་ཏེ་བུད་ཤིང་ཉིད་མེ་ཡིན་པར་ཐལ་ལོ། །འོན་ཏེ་མེས་ཟིལ་གྱིས་མནན་ཀྱང་བུད་ཤིང་མི་ཚ་བར་འདོད་ན། ཚ་བ་མ་ཡིན་པའི་དངོས་པོ་གཞན་ཞིག་མེ་ལ་ཡོད་ཅེས་བྱ་བ་འདི་ཡང་མི་རུང་ངོ་། །དེ་བཞིན་དུ་གལ་ཏེ་མེའི་རྫས་ཀྱི་རྡུལ་ཕྲ་རབ་ལ་ཤིང་མེད་པར་འདོད་ན་རྒྱུ་མཚན་དེས་ན་བུད་ཤིང་མེད་པའི་མེ་ཡོད་པར་འགྱུར་ཡང་མི་སྲིད་དོ། །གལ་ཏེ་དེ་ལ་ཤིང་ཡོད་པར་འདོད་ན་ནི་མེ་རྡུལ་ཕྲ་རབ་གཅིག་གི་བདག་ཉིད་ཅན་གྱི་རྡུལ་ཡོད་པ་མིན་པར་འགྱུར་རོ། །

གསུམ་པ་གཅིག་དུ་བྲལ་གྱི་རིགས་པའི་གནད་དོན་བསྡུས་ཏེ་བསྟན་པ་ལ། དངོས་དང་། ཚུལ་དེས་གཞན་ཡང་ཁེགས་པའི་ཚུལ་གཉིས།

དང་པོ་ནི། དེ་ལྟར་སྤྱི་དང་བྱེ་བྲག་ལ་སོགས་པ་ཕྱི་ནང་གི་དངོས་པོ་གང་དང་གང་གི་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་རིགས་པས་ཡོངས་སུ་བརྟགས་པ་ན། དངོས་པོ་དེ་ད་ངདེ་ལ་གཅིག་ཉིད་མེད་པས་གང་གིས་ཆོས་གང་ལ་གཅིག་ཀྱང་ཡོད་པ་མིན་པ་དེས་ན། དུ་མ་དག་ཀྱང་གྲུབ་པ་མེད་པར་བརྟེན་ནས་འབྱུང་བ་སྟོང་པ་ཆེན་པོའི་ཚུལ་དུ་གྲུབ་སྟེ། འཇུག་པ་ལས། ཡན་ལག་ཡོན་ཏན་འདོད་ཆགས་མཚན་ཉིད་དང་ནི་བུད་ཤིང་ལ་སོགས་དང་། །ཡོན་ཏན་ཅན་ཡན་ལག་ཅན་ཆགས་དང་མཚན་གཞི་མེ་ལ་སོགས་དོན་དག། དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང་། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ནི། གལ་ཏེ་གཅིག་དུ་བྲལ་གྱི་སྒོ་ནས་བརྒལ་བ་འདི་རང་གི་སྡེ་བ་ལ་འཐད་ཀྱང་ཕ་རོལ་པོ་དག་ལ་འཇུག་པ་མ་ཡིན་ནོ་ཞེ་ན། གལ་ཏེ་ཡུལ་གང་ན་རྡུལ་རྫས་ཀྱི་དངོས་པོ་གཞན་ས་རྡུལ་སོགས་དེ་རྣམས་མེད་པར་དེར་མེ་རྡུལ་གཅིག་པུ་ཡན་གར་བ་ཡོད་ཅེས་འདོད་ན། རྫས་རྡུལ་ཕྲ་རབ་དེ་ལ་ཡང་རྒྱུ་མཚན་གང་གིས་རྫས་ཉིད་དང་། ཡོད་པ་ཉིད་དང་། གཅིག་ཉིད་ལ་སོགས་པ་ཆོས་གསུམ་དུ་ཡོད་པར་འདོད་པ་དང་། དེ་བཞིན་ཡོན་ཏན་ལ་ཡང་ཡོན་ཏན་ཉིད་དང་། ཡོད་པ་ཉིད་དང་། གཅིག་ཉིད་ཅེས་བྱ་བའི་སྒོ་ནས་དངོས་པོ་ཀུན་ལ་ཆོས་གསུམ་ཉིད་ཡོད་པར་འདོད་པ་དེས་ན་གཅིག་ཉིད་དུ་གྲུབ་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་བཤད་པ་ནི། གང་བསྐྱེད་བྱ་འབྲས་བུ་ཡོད་པ་ཉིད་དུ་འདོད་པ་དང་། མེད་པ་དང་། ཡོད་མེད་གཉིས་ཀ་དང་། ཡོད་མེད་གཉིས་ཀ་མིན་ཞེས་བྱ་བའི་ཚུལ་བཞི་པོ་འདི་དག་ནི་མཁས་པས་རིམ་པ་ལྟར། རྒྱུ་དང་འབྲས་བུ་གཅིག་ཉིད་དང་སོགས་ཀྱིས་གཞན་ཉིད་དང་། བདག་གཞན་གཉིས་ཀ་དང་། བདག་གཞན་གཉིས་ཀ་མིན་པ་ལས་སྐྱེ་བར་འདོད་པའི་ཕྱོགས་དག་ལ་རྟག་ཏུ་སྦྱར་བར་བྱ་སྟེ། ཇི་ལྟར་ན། དང་པོ་འབྲས་བུ་ཡོད་པར་སྨྲ་བ་རྒྱུ་འབྲས་གཅིག་ཏུ་འདོད་པའི་ཕྱོགས་ལ། འབྲས་བུ་ཡོད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །སོགས་དང་། གཉིས་པ་འབྲས་བུ་མེད་པར་སྨྲ་བ་རྒྱུ་དང་འབྲས་བུ་གཞན་ཉིད་དུ་འདོད་པའི་ཕྱོགས་ལ། འབྲས་བུ་མེད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་བརྗོད་པར་བྱ་ཞིང་། གསུམ་པ་ཡོད་མེད་གཉིས་ཀར་སྨྲ་བ་རྒྱུ་འབྲས་བདག་གཞན་གཉིས་ཀར་འདོད་པའི་ཕྱོགས་ལ། འབྲས་བུ་ཡོད་ཉིད་གང་འདོད་དང་། །འབྲས་བུ་མེད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་ཡོད་མེད་གཉིས་ཀའི་སྐྱོན་བརྗོད་པར་བྱ་ཞིང་། བཞི་པ་ཡོད་མེད་གཉིས་ཀ་མིན་པར་སྨྲ་བ་རྒྱུ་འབྲས་བདག་གཞན་གཉིས་ཀ་མིན་པའི་ཕྱོགས་ལ། ཡོད་པ་ལས་བཟློག་པས་མེད་པའི་སྐྱོན་དང་། མེད་པ་ལས་བཟློགས་པས་ཡོད་པ་ཉིད་ཀྱི་སྐྱོན་དག་བརྗོད་པར་བྱ་སྟེ། འབྲས་བུ་ཡོད་ཉིད་གང་འདོད་དང་། །འབྲས་བུ་མེད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་གཉིས་ཀ་མིན་པར་སྨྲ་བ་ལ་ཡང་བཟློགས་པའི་སྒོ་ནས་སྐྱོན་བརྗོད་པར་གསུངས་སོ། །

གསུམ་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ལ། རྟེན་འབྱུང་དོན་ལ་རྨོངས་པའི་ཉེས་དམིགས་བསྟན་པ་དང་། དེ་ཕྱིར་རྟེན་འབྲེལ་ཆེན་མོའི་རིགས་པ་བཤད་པ་གཉིས། དང་པོ་ནི། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་མེད་སྣང་སྟོང་པའི་གཟུགས་བརྙན་མདང་གི་རྨི་ལམ་གྱི་སྣང་བ་དང་མགོ་མཉམ་པའི་ཚུལ་དུ་རྟོགས་པར་མ་གྱུར་པར། ཇི་ལྟར་འདུ་བྱེད་སྐད་ཅིག་མའི་རྒྱུན་ལ་བལྟ་ཉེས་ན་དངོས་པོ་རྟག་པ་ཉིད་དུ་ཡོད་ཅེས་བྱ་བར་རྟོག་པར་འགྱུར་བ་དང་། དེ་བཞིན་དུ་རྒྱུ་རྐྱེན་གྱི་ཚོགས་པ་ལ་བལྟ་ཉེས་ན་དངོས་པོ་རང་བཞིན་གྱིས་ཡོད་ཅེས་བྱ་བར་ལོག་པར་རྟོག་པའི་སྐྱོན་རྣམས་འབྱུང་བར་འགྱུར་རོ། །འགྲེལ་ཆེན་ན་བཞུགས་པའི་རྩ་བ་ལྟར་དག་པར་བྲིས་སོ། །

གཉིས་པ་དེ་ཕྱིར་རྟེན་འབྲེལ་ཆེན་མོའི་རིགས་པ་བཤད་པ་ལ། ཆོས་རྣམས་རྟེན་འབྱུང་ཚུལ་གྱིས་སྤྲོས་མཐའ་འགོག་པ་དང་། གང་ཟག་རྟེན་འབྱུང་ཚུལ་གྱིས་སྲིད་མཐའ་འགོག་ཚུལ་གཉིས།

དང་པོ་ནི། འགྲེལ་ཆེན་ལས། ཁྱོད་ཀྱང་དངོས་པོ་ཁས་མི་ལེན་ན་དངོས་པོ་མེད་པར་བལྟ་བར་འགྱུར་ན་དེ་ཡང་ཤིན་ཏུ་མི་རིགས་ཏེ། མཐོང་བ་དང་མ་མཐོང་བ་དང་འགལ་བའི་ཕྱིར་རོ་ཞེས་པའི་ལན་དུ། བདག་ནི་དངོས་པོ་མེད་པར་སྨྲ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་པའི་ཕྱིར་རོ། །ཅི་ཁྱོད་དངོས་པོར་སྨྲ་བ་ཞིག་གམ་ཞེ་ན། མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁྱོད་ཅི་འདྲ་བ་ཞིག་ཅེ་ན། རྟེན་ཅིང་འབྲེལ་བར་འབྱུང་བར་སྨྲ་བའོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གང་ཞིག་ཅེ་ན། རང་བཞིན་མེད་པའི་དོན་ཏེ། རང་བཞིན་མ་སྐྱེས་པའི་དོན་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་དང་། རྨི་ལམ་དང་། མཚུངས་པའི་རང་བཞིན་ཅན་གྱི་འབྲས་བུ་འབྱུང་བའི་དོན་དང་སྟོང་པ་ཉིད་བདག་མེད་པའི་དོན་ཏོ། །ཞེས་གསུངས་པ་ལྟར། རྟོག་གེ་ཚུར་མཐོང་ཚད་མས་རྟོགས་པར་དཀའ་བའི་གནད་གསང་ཟབ་མོ་རྟེན་འབྱུང་གི་ཚུལ་ནི། ཇི་ལྟར་ན་ཆོས་གང་ལ་བཅོས་མ་གཟུགས་བརྙན་གྱི་ཚུལ་དུ་གང་ལ་བརྟེན་ནས་གང་འབྱུང་བ་ཡོད་པ་དེ་ནི། རང་གི་ངོ་བོ་དང་། རང་བཞིན་དང་། གཞན་ལ་རག་མ་ལས་པ་དང་། རང་དབང་རྣམས་ཡོད་པར་མི་འགྱུར་རོ། །དེའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་ཀུན་རྐྱེན་ལ་རག་ལས་པ་རང་དབང་མེད་པ་སྟེ། མེད་སྣང་སྟོང་པའི་གཟུགས་བརྙན་དུ་གྱུར་པ་དེས་ན་ཆོས་ཀྱི་བདག་ཏུ་གྱུར་པའི་ཡོད་མེད་དངོས་འཛིན་གྱི་སྤྲོས་པ་ཕྲ་རགས་ཐམས་ཅད་ནི་ཡོད་པ་མ་ཡིན་ནོ། །གང་རྟེན་ནས་འབྱུང་བ་འབྲས་བུའི་ཆོས་རྣམས་འབྱུང་བ་མེད་པར་རྒྱུ་དང་རྐྱེན་གྱི་དངོས་པོ་ནི་ཀུན་ལ་འདུ་བ་ཡོད་པ་མ་ཡིན་པར་སྒྱུ་མ་དང་རྨི་ལམ་གྱི་ཚུལ་ལྟར་འབྲས་བུའི་དོན་དུ་འདུ་བ་གང་ཡིན་པ་དེ་ནི། ཟླ་བས། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པ་ལྟར། སྣང་བ་མེད་པའི་སྤྱོད་ཡུལ་མངའ་བའི་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་གཟིགས་པ་ལ་ཅིར་ཡང་མ་འདུས་པ་བཅོས་མ་གཟུགས་བརྙན་ཙམ་དུ་སྣང་བའོ། །

གཉིས་པ་ནི། འདིའི་སྔ་འགྲེལ་དུ་འགྲེལ་ཆེན་ལས། དེ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་དངོས་པོའི་རང་གི་ངོ་བོ་ལྷག་པར་སྒྲོ་འདོགས་པར་བྱེད་པ་ཉོན་མོངས་པ་ཅན་གྱི་མི་ཤེས་པའི་དབང་གིས་དངོས་པོ་རྣམས་ལ་ཆགས་པ་དང་ལྡན་ཞིང་འཁོར་བར་འཇུག་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་འགགས་པ་ལས་འཁོར་བ་ལྡོག་པ་རྣམ་པར་གཞག་གོ་ཞེས་བསྟན་པའི་ཕྱིར་བཤད་པ། ཞེས་འཁོར་བར་འཇུག་པའི་ས་བོན་བདག་དང་བདག་གིར་སྒྲོ་འདོགས་པའི་རྨོངས་པ་ལྡོག་པ་ལས་འཁོར་བ་འགག་པར་བསྟན་པ་ལྟར། སྲིད་པའི་ས་བོན་དུ་གྱུར་པ་ཕུང་པོ་འཇིག་པའི་ཚོགས་ཅན་ལ་བདག་ཏུ་ལྟ་བའི་རྣམ་པར་ཤེས་པ་སྟེ། ཟླ་བས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེ་བ། །ཞེས་གསུངས་པ་ལྟར་རོ། །བདག་དང་བདག་གིར་འཛིན་པའི་ཡུལ་རྣམས་ནི་འཇིག་ཚོགས་ལ་ལྟ་བ་དེ་ཡི་སྤྱོད་ཡུལ་ལོ། །དེའི་ཚུལ་ནི་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་དང་། རང་འགྲེལ་ལས། བདག་ལྟའི་དམིགས་པ་ནི་བདག་ཁོ་ནའོ། །ཞེས་གསུངས་པ་དང་གནད་གཅིག་ཏུ་གྱུར་ཀྱི། །དམིགས་པ་དང་གདགས་གཞི་ནོར་ནས་བདག་ལྟའི་དམིགས་ཡུལ་ཕུང་པོ་སོགས་སུ་ཁས་ལེན་པ་ནི། མང་བཀུར་སྡེ་བའི་ལུགས་ཟླ་བ་ཉིད་ཀྱིས་བཀག་ཟིན་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བདག་ལྟའི་དམིགས་ཡུལ་གང་ཟག་གི་བདག་ལ་རྟེན་འབྱུང་གི་རིགས་པས་བཏགས་ཙམ་རྟེན་འབྱུང་གི་ཚུལ་ལས་གང་ཟག་གི་བདག་མེད་པར་མཐོང་ན་ནི་སྲིད་པའི་ས་བོན་ཡོངས་སུ་འགག་པར་འགྱུར་རོ། །ཟླ་བའི་འགྲེལ་ཆེན་ལས། ཇི་སྐད་བཤད་པའི་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་རྣམ་པར་ཤེས་པ་སྲིད་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་ལོག་པ་ལས། ཉན་ཐོས་དང་། རང་སངས་རྒྱས་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ལྡོག་པ་རྣམ་པར་གཞག་གོ། ཞེས་སྤྱིར་རྟོགས་པ་གང་ཟག་གི་བདག་མེད་རྟོགས་པའི་ལམ་བདེན་ལ་བརྟེན་ནས། སྤང་བ་ཉོན་སྒྲིབ་ཟད་པའི་འགོག་པ་ཐོབ་པ་ལས་འཁོར་བ་ལྡོག་པར་བསྟན། དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་ས་བོན་བྱང་ཆུབ་ཀྱི་སེམས་དེ་ནི་དེ་རྣམས་ལ་མི་ལྡོག་སྟེ། ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་རྙེད་པ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །ཞེས་ས་བདུན་པར་ཉན་རང་གི་སྤངས་རྟོགས་རྫོགས་ཤིང་། ས་བརྒྱད་པར་མི་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་འཁོར་བ་ཡོངས་སུ་ལྡོག་ཟིན་ཀྱང་། ད་དུང་རྟོགས་པ་ཆོས་ཀྱི་བདག་མེད་ཀྱི་ལམ་བདེན་རྫོགས་པ་ཡེ་ཤེས་ཆོས་སྐུ་དང་སྤང་བ་ཤེས་སྒྲིབ་བྲལ་བའི་འགོག་པ་མཐར་ཐུག་ངོ་བོ་ཉིད་སྐུ་མ་ཐོབ་པས། ནང་གི་ཡོངས་འཛིན་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་ལྡོག་པའི་སྒོ་ནས་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པར་བྱས་ཏེ་རྣམ་མཁྱེན་ཆོས་སྐུ་ཐོབ་པར་བསྟན། །ཡང་གང་དག་གིས་བྱང་ཆུབ་ཀྱི་སེམས་རྣམ་པ་དེ་ལྟ་བུ་མ་བསྐྱེད་པ་དག་གིས་ཀྱང་ཕྱིས་གདོན་མི་ཟ་བར་བསྐྱེད་ནས་བྱང་ཆུབ་སེམས་ཀྱི་སྤྱོད་པས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བ་ཁོ་ན་སྟེ། འདི་ནི་འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་ལས་བཙལ་བར་བྱའོ། །ཞེས་དམ་ཆོས་པདྨ་དཀར་པོའི་མདོ་སྡེ་ལས་འབྱུང་བ་ལྟར། ཉན་རང་རྣམས་ཀྱིས་ཐེག་ཆེན་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྔར་མ་ཐོབ་པའི་རྟོགས་པ་ཆོས་ཀྱི་བདག་མེད་ཀྱི་ལམ་བདེན་མངོན་དུ་བྱས་ཏེ་མཐར་ཐུག་རྟོགས་པ་རྫོགས་པ་ཡེ་ཤེས་ཆོས་སྐུ་དང་། སྤང་བ་ཤེས་སྒྲིབ་བྲལ་བའི་འགོག་བདེན་རྫོགས་པའི་སྒོ་ནས་ངོ་བོ་ཉིད་སྐུ་མངོན་དུ་བྱས་ཏེ་མཐར་ཐུག་ཐེག་གཅིག་ཏུ་གཞོལ་བར་བསྟན་ཏོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཁོར་བ་ལྡོག་པར་གསུངས་པའི་ས་མཚམས་ལ། ཁ་ཅིག་ས་དང་པོ་ནས་ཉན་རང་གི་སྤངས་རྟོགས་རྫོགས་པར་བཞེད་པ་སོགས་ཡོད་ཀྱང་། འཇུག་པ་ལས། ས་བརྒྱད་པའི་སྐབས་སུ། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་། །ཉོན་མོངས་ཟད་ཅིང་ས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་འཐོབ་པར་ནུས་མ་ཡིན། ། འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་གྱུར་ཅིང་དེ་དག་གིས། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ས་བདུན་པར་ངར་འཛིན་གྱི་རྒྱུ་བ་ཤིན་ཏུ་ཕྲ་བའང་ལྡོག་པའི་སྒོ་ནས་ཉན་རང་གི་སྤངས་རྟོགས་རྫོགས་པའི་སྟོབས་ཀྱིས་ས་བརྒྱད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ནི་འཁོར་བ་ཡོངས་སུ་ལྡོག་ཟིན་ཏེ་ས་གསུམ་གྱི་བླ་མར་གྱུར་ཀྱང་། ད་དུང་ཆོས་ཀྱི་བདག་མེད་ཀྱི་སྤངས་རྟོགས་ཡོངས་སུ་མ་རྫོགས་པས་དག་པ་ས་གསུམ་དུ་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པར་བྱས་ཏེ་མི་གནས་པའི་མྱང་འདས་མངོན་དུ་བྱེད་པར་གསུངས་པའི་དགོངས་པ་ལྟར་འཆད་པར་བྱའོ། །དེས་ན་འཁོར་བ་ཙམ་ལྡོག་པ་ལ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པར་རྟོགས་དགོས་པར་མ་གསུངས་ཏེ། རང་བཞིན་རྣམ་དག་ཙམ་ས་དང་པོ་ནས་རྟོགས་ཀྱང་འཁོར་བ་ལྡོག་པར་མ་གསུངས་ཤིང་། ས་བདུན་པར་ཉན་རང་གི་སྤངས་རྟོགས་རྫོགས་པས་ས་བརྒྱད་པར་འཁོར་བ་ལྡོག་ཟིན་པར་བསྟན་ཀྱང་། ད་དུང་ཆོས་ཀྱི་བདག་མེད་ཀྱི་རྟོགས་པ་རྫོགས་པ་མེད་པའི་ཕྱིར་རོ།

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། མཐར་འཛིན་པ་དགག་པ་སྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའི་འགྲེལ་པའོ།། །།

ག༡༥ རབ་བྱེད་བཅོ་ལྔ་པ་འདུས་བྱས་ཀྱི་དོན་དགག་པ་སྒོམ་པ་བསྟན་པ།

གཉིས་པ་འདུས་བྱས་སྐྱེས་མཐའ་བྲལ་བའི་དེ་ཁོ་ན་ཉིད་ལ། རྒྱུ་འབྲས་ངོ་བོའི་ཆོས་གསུམ་སྤྱིར་དགག་པ། སྐྱེ་བཞིན་ད་ལྟར་བའི་ཆོས་བྱེ་བྲག་ཏུ་དགག་པ། རྒྱུ་འབྲས་སྐྱེ་འགག་བྲལ་བར་གནད་དོན་བསྡུ་བ་གསུམ། དང་པོ་ལ། རྒྱུ་ཆོས་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་དང་། ངོ་བོ་མཚན་ཉིད་མེད་པའི་དེ་ཁོ་ན་ཉིད་བསྟན་པ། འབྲས་བུ་རང་བཞིན་མེད་པའི་དེ་ཁོ་ན་ཉིད་བསྟན་པ་གསུམ། དང་པོ་ལ། རྣམ་པར་དཔྱད་པ་མདོར་བསྟན་དང་། དེའི་ཚུལ་རྒྱས་པར་བསྟན་པ། སྐྱེ་འགག་འགྲོ་འོང་བྲལ་བར་གནད་དོན་བསྡུ་བ་གསུམ། དང་པོ་ལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱིས་བསྟན་པ་དང་། འདུ་བྱེད་སྐྱེ་བ་ཡོད་པའི་སྒྲུབ་བྱེད་དགག་པ་གཉིས།

དང་པོ་ནི། འདུས་བྱས་རྣམས་ནི་རང་བཞིན་གྱིས་ཡོད་དེ། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་ཞེ་ན། དེ་ལ་རྒྱུ་ས་བོན་ལས་མྱུ་གུ་སྐྱེ་བ་ན་འབྲས་བུ་ཡོད་པ་དང་མེད་པ་ཇི་ལྟར་སྐྱེ་གྲང་ན། འབྲས་བུ་མེད་པ་སྐྱེ་བར་འདོད་པ་རྣམས་ཀྱིས་རྒྱུ་ས་བོན་འགག་པའི་ཐ་མར་སྔར་མེད་པ་ཡི་འབྲས་བུ་གསར་དུ་སྐྱེ་བར་འགྱུར་ན་ནི། འབྲས་བུ་མེད་པར་འདོད་པ་དེས་ན་མེད་པ་ནི་རྒྱུ་ལས་ག་ལ་སྐྱེ་སྟེ། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་། །དངོས་པོ་མེད་པ་བསྒྱུར་དུ་མེད། །ཅེས་གསུངས་པ་ལྟར་རོ། །འབྲས་བུ་ཡོད་པ་ནི་གདོད་ནས་སྐྱེས་པར་གྱུར་པ་དེས་ན་ཡོད་པ་ཡང་ག་ལ་སྐྱེ་སྟེ། སྐྱེ་མི་དགོས་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་སྐྱེ་བཞིན་པ་ཡིས་ནི་རྒྱུ་ས་བོན་བཤིག་པ་དེས་ན་མྱུ་གུ་མེད་པ་ནི་ས་བོན་ལས་སྐྱེ་བར་མི་འགྱུར་རོ། །མྱུ་གུ་གྲུབ་ཟིན་པ་ལས་སླར་ཡང་སྒྲུབ་ཏུ་ཡོད་པ་མ་ཡིན་པ་དེ་ཡི་ཕྱིར་ཡོད་པ་ནི་སླར་ཡང་མི་སྐྱེའོ། །སྐྱེ་བའི་དུས་མི་སྲིད་པའི་ཕྱིར་ཡང་སྐྱེ་བ་ཡོད་པ་མ་ཡིན་ཏེ། མྱུ་གུའི་ངོ་བོར་མ་གྲུབ་པའི་ཚེ་ཡང་སྐྱེ་བ་ཡོད་པ་མིན་ཞིང་། གཞན་དུ་དུ་མྱུ་གུའི་ངོ་བོར་མ་གྲུབ་པའི་ཚེ་ཡང་སྐྱེ་བ་ཡོད་པ་མ་ཡིན་ཞིང་། དེ་ཚེ་དང་གཞན་ཚེ་གཉིས་ཀའི་ཚེ་ཡང་མི་སྐྱེ་ན་དུས་ནམ་ཞིག་སྐྱེ་བ་ཡོད་པར་འགྱུར་ཏེ། གང་དུ་སྐྱེ་བའི་དུས་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་དེ་ལ་འབྲས་བུ་དེ་རྒྱུ་དེ་ཡི་དངོས་པོ་རུ་གྱུར་པའི་སྒོ་ནས་བདག་ལས་བདག་ཇི་ལྟར་སྐྱེ་བ་ཡོད་པ་མིན་པ་ལྟར། དེ་བཞིན་དུ་རྒྱུ་ལས་འབྲས་བུ་གཞན་གྱི་དངོས་པོར་གྱུར་པ་ཡང་དེ་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ། །འདི་ལས་ཀྱང་འདུས་བྱས་ཀྱིས་སྐྱེ་བ་མེད་དེ། འབྲས་བུ་སྐྱེ་བའི་སྔ་རོལ་ཏུ་དངོས་པོ་མེད་པས་ཐོག་མ་ཉིད་དུ་སྐྱེ་བ་དང་བར་དུ་གནས་པ་དང་ཐ་མ་འཇིག་པ་རྣམས་སྐྱེ་བའི་སྔ་རོལ་དུ་སྲིད་པ་མ་ཡིན་པས། དངོས་མེད་ཀྱི་གནས་སྐབས་ལས་འབྲས་བུ་མྱུ་གུ་འབྱུང་བ་མི་སྲིད་དོ། །ཅི་སྟེ་སྐྱེ་བའི་སྔ་རོལ་ཏུ་སྐྱེ་བ་ཡིན་ལ་གཞན་གཉིས་ཀྱང་དེ་ལྟར་དུ་འདོད་པས་དུས་གསུམ་གྱི་གནས་སྐབས་རྣམས་འདུས་བྱས་ཡིན་པར་གྲུབ་བོ་སྙམ་ན། གནས་འཇིག་གཉིས་དང་སྐྱེ་འཇིག་གཉིས་ལྟ་བུ་དག་ནི་མེད་པ་རུ་ཇི་ལྟར་སྐྱེ་བ་དང་གནས་པ་སོགས་རེ་རེ་ཁོ་ན་རྩོམ་པར་འགྱུར་ཏེ་མི་སྲིད་དོ། །མདོར་ན། འདུས་བྱས་ཀྱི་སྐྱེ་བ་མི་རིགས་ཏེ། གཞན་གྱི་དངོས་པོ་གྱོ་མོ་ལྟ་བུ་མེད་པར་ནི་བདག་གི་དངོས་པོ་བུམ་པ་ལྟ་བུ་འབྱུང་བ་མེད་པ་དེ་ཡི་ཕྱིར་ན། བདག་གཞན་ནི་གཉིས་ཀ་ལས་ཀྱང་འབྱུང་བ་ཡོད་པ་མ་ཡིན་ནོ། །

གཉིས་པ་སྒྲུབ་བྱེད་དགག་པ་ནི། འདུས་བྱས་རང་བཞིན་གྱིས་སྐྱེ་བ་ཡོད་དེ། བུམ་པ་མ་འོངས་པའི་ས་ནས་སྐྱེ་བ་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། བསྐྱེད་བྱ་བུམ་པའི་སྔོན་རོལ་དང་ཕྱིས་དང་ཅིག་ཅར་སྐྱེ་བའི་བྱ་བ་ཡོད་ཅེས་བརྗོད་པ་ཉིད་དུ་མི་ནུས་པ་དེ་ཡི་ཕྱིར་ན། སྐྱེད་བྱེད་སྐྱེ་བ་དང་བསྐྱེད་བྱ་བུམ་པ་ལ་ཅིག་ཅར་སྐྱེ་བ་འབྱུང་བ་ཡོད་པ་མ་ཡིན་ནོ། །ཡང་བུམ་པའི་སྐྱེ་བ་ཡོད་དེ། སྐྱེ་བ་ལ་བརྟེན་ནས་དེ་རྙིང་པའི་འཇིག་པ་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། སྔར་སྐྱེས་པའི་དངོས་པོ་ནི་དུས་དེར་གསར་དུ་སྐྱེས་པ་ཡི་ཕྱིར་ན་ནི་སྔར་སྐྱེས་པའི་བུམ་པ་ཡང་རྙིང་པར་མི་འགྱུར་ཞིང་། ཕྱི་ནས་ཀུན་ཏུ་སྐྱེས་པ་ཡི་དངོས་པོ་ཡང་ཕྱི་ནས་གསར་དུ་སྐྱེས་པར་གྱུར་པའི་ཕྱིར་རྙིང་པར་མི་འགྱུར་རོ། །ཡང་སྐྱེ་བ་ཡོད་དེ། འདུས་བྱས་ཀྱི་དངོས་པོ་ནི་དུས་ཐམས་ཅད་དུ་སྐྱེ་བ་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། ད་ལྟ་བ་ཡི་དངོས་པོ་ནི་རྒྱུ་འབྲས་ཅིག་ཅར་དུ་མི་འབྱུང་བས་ད་ལྟ་བ་དེ་ཉིད་ལས་འབྱུང་བ་ཡོད་པ་མ་ཡིན་ཞིང་། མ་འོངས་པ་མ་སྐྱེས་ཏེ། མེད་པའི་ཕྱིར་ན་མ་འོངས་པ་ལས་ཀྱང་སྐྱེ་བ་འབྱུང་བ་ཡོད་པ་མིན་ལ། འདས་པ་ཞིག་ཟིན་པའི་ཕྱིར་འདས་པ་ལས་ཀྱང་འབྱུང་བ་ཡོད་པ་མ་ཡིན་ནོ། །

གསུམ་པ་སྐྱེ་འགག་འགྲོ་འོང་མེད་པར་དོན་བསྡུ་བ་ནི། དེ་ལྟར་རྣམ་པར་དཔྱད་པའི་ཚེ་སྐྱེས་པ་ལ་ནི་གཞན་ནས་འོང་བ་དང་། དེ་བཞིན་དུ་འགགས་པ་ལ་གཞན་དུ་འགྲོ་བ་མེད་པ་དེ་ལྟར་ཡིན་པའི་ཕྱིར་ན། ཇི་ལྟ་བུར་ན་སྲིད་པ་འདི་སྒྱུ་མ་དང་འདྲ་བ་མ་ཡིན་ཏེ། ཆོས་ཐམས་ཅད་རྟེན་འབྱུང་སྒྱུ་མ་ལྟ་བུའི་རང་བཞིན་དུ་སྣང་བའོ། །

གཉིས་པ་ངོ་བོ་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ནི། འདུས་བྱས་རང་བཞིན་གྱིས་ཡོད་དེ། དེའི་མཚན་ཉིད་རྣམས་ཡོད་པའི་ཕྱིར་ཞེ་ན། འདུས་བྱས་ཀྱི་མཚན་ཉིད་དུ་གྲགས་པ་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཕན་ཚུནའགལ་བས་ཅིག་ཅར་འབྱུང་བ་ཡོད་པ་མིན་ཞིང་། འདུས་བྱས་སྐད་ཅིག་མའི་ཆོས་མཚན་ཉིད་དེ་རྣམས་རིམ་གྱིས་འབྱུང་བའང་ཡོད་པ་མིན་ན། མཚན་གཞི་འདུས་བྱས་ཀྱི་ཆོས་ལ་མཚན་ཉིད་ཀྱི་ངོ་བོ་འདི་དག་ནམ་ཞིག་འབྱུང་བ་ཡོད་པར་འགྱུར་རྣམ་པར་བརྟགས་ན་སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་ཀྱང་འདུས་བྱས་ཡིན་པའི་ཕྱིར། དེ་དག་ཐམས་ཅད་ལ་སླར་ཡང་མཚན་ཉིད་སྐྱེ་བ་ལ་སོགས་པ་ཐམས་ཅད་འབྱུང་བ་སྟེ། དེ་ཡི་ཕྱིར་འཇིག་པ་ཉིད་སྐྱེ་བ་དང་འདྲ་ཞིང་གནས་པ་འཇིག་པ་དང་འདྲ་བར་སྣང་བས་ཕན་ཚུན་འཆོལ་བར་འགྱུར་རོ། །གལ་ཏེ་མཚན་མཚོན་གཅིག་ཏུ་འདོད་ན་དེ་ལྟར་གྱུར་ཀྱང་། མཚན་ཉིད་ལས་མཚན་གཞི་གཞན་དུ་འདོད་དོ་ཞེ་ན། འོ་ན་མཚན་གཞི་དེ་མི་རྟག་པ་ཉིད་དུ་རྒྱུ་མཚན་གང་ལས་འགྱུར་ཏེ། མི་རྟག་པ་མཚན་གཞི་ལས་ཐ་དད་པའི་ཕྱིར། ཡང་ན་གཅིག་ཏུ་འདོད་ན་ཡང་། མཚན་ཉིད་གསུམ་དང་མཚན་གཞི་སྟེ་ཆོས་བཞི་གའང་ཡོད་པ་ཡི་ངོ་བོར་གསལ་བར་ཡོད་པ་མ་ཡིན་ཏེ། མཚན་མཚོན་སོ་སོར་དབྱེ་མི་ནུས་པའི་ཕྱིར་རོ། །

གསུམ་པ་འབྲས་བུ་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ལ། གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གིས་བསྟན་པ་དང་། འབྲས་བུ་འབྱུང་འཇིག་བརྟགས་པའི་རིགས་པ་གཉིས།

དང་པོ་ནི། འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་གྱིས་ཡོད་དེ། རྒྱུ་རྐྱེན་གྱི་ཚོགས་པ་ལ་བརྟེན་ཏེ་འབྲས་བུ་འབྱུང་བའི་ཕྱིར་ཞེ་ན། རྣམ་པར་བརྟགས་ན་འདུས་བྱས་འབྲས་བུའི་ཆོས་རྣམས་རང་བཞིན་གྱིས་མེད་དེ། བསྐྱེད་བྱ་འབྲས་བུའི་དངོས་པོ་རྒྱུ་དངོས་པོ་ལས་མི་སྐྱེ་སྟེ། རྒྱུའི་དངོས་པོ་མ་དོར་བཞིན་འབྲས་བུའི་ངོ་བོར་འགྱུར་མི་སྲིད་པའི་ཕྱིར། དེ་བཞིན་དུ་འབྲས་བུའི་དངོས་པོ་རྒྱུ་དངོས་མེད་ལས་མི་སྐྱེ་སྟེ། དངོས་མེད་དངོས་པོར་འགྱུར་བ་མི་སྲིད་པའི་ཕྱིར། འབྲས་བུ་དངོས་མེད་རྒྱུ་དངོས་མེད་ལས་མི་སྐྱེ་སྟེ། དངོས་མེད་ལ་བསྐྱེད་བྱ་སྐྱེད་བྱེད་མི་འཐད་པའི་ཕྱིར། འབྲས་བུ་དངོས་མེད་རྒྱུ་དངོས་པོ་ལས་མི་སྐྱེ་སྟེ། དངོས་མེད་དངོས་པོའི་འབྲས་བུར་མི་རུང་བའི་ཕྱིར་ནའོ། །

གཉིས་པ་ནི། གཞན་ཡང་ཆོས་གང་ཡང་བདག་ཉིད་ཀྱིས་དངོས་པོར་གྲུབ་ཟིན་པ་ནི་སླར་ཡང་དངོས་པོར་མི་འགྱུར་ཏེ། ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར། བདག་ཉིད་ཀྱིས་དངོས་པོར་མ་གྲུབ་པའི་དངོས་མེད་ཀྱང་དངོས་པོ་སྐྱེ་བར་མི་འགྱུར་ཏེ། རི་རྭ་དངོས་པོར་འགྱུར་མི་སྲིད་པ་བཞིན་ནོ། །དངོས་པོ་མེད་པ་ནི་སླར་ཡང་དངོས་མེད་དུ་མི་འགྱུར་ཏེ། དངོས་མེད་དུ་འགྱུར་བའི་ཆོས་མེད་པའི་ཕྱིར། དངོས་པོ་ཡོད་པ་དག་ཀྱང་དངོས་མེད་དུ་འཇིག་པར་མི་འགྱུར་ཏེ། ཕན་ཚུན་ཆོས་འགལ་བའི་ཕྱིར་རོ། །

གཉིས་པ་སྐྱེ་བཞིན་ད་ལྟ་བ་བྱེ་བྲག་ཏུ་དགག་པ་ལ། ངོ་བོ་ལ་བརྟགས་ཏེ་དགག་པ་དང་། དུས་ལ་བརྟགས་ཏེ་དགག་པ་དང་། བྱ་བ་ལ་བརྟགས་ཏེ་དགག་པ་གསུམ།

དང་པོ་ནི། འདུས་བྱས་ཀྱི་ཆོས་ལ་སྐྱེ་བ་ཡོད་དེ། སྐྱེ་བཞིན་ད་ལྟ་བ་ལ་སྐྱེ་བ་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། སྐྱེ་བཞིན་པ་ཞེས་བྱ་བ་ནི་ཕྱེད་སྐྱེས་ལ་ཕྱེད་མ་སྐྱེས་པ་ལ་འདོད་པའི་ཕྱིར། དེ་གཉིས་ཀྱི་བར་ན་སྐྱེ་བཞིན་པ་མ་གྲུབ་པས་སྐྱེ་བཞིན་པ་དེ་ནི་སྐྱེ་བར་མི་འགྱུར་རོ། །ཡང་ན་དེ་ལྟར་མ་ཡིན་པར་སྐྱེ་དང་སྐྱེ་འགྱུར་ཐམས་ཅད་ཀྱང་སྐྱེ་བཞིན་པ་ཉིད་ནི་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟར་རྣམ་པར་དཔྱད་ན་སྐྱེ་བཞིན་པ་མ་གྲུབ་མོད་ཀྱི། སྐྱེ་བཞིན་པའི་ངོ་བོ་ཙམ་ནི་ཡོད་དོ་ཞེ་ན། ཅི་སྐྱེ་བཞིན་པའི་ངོ་བོ་ཞེས་པ་དེ་དེའི་བདག་ཉིད་དུ་གྱུར་པའམ། དེའི་བདག་ཉིད་དུ་གྱུར་པའམ་དེའི་བདག་ཉིད་དུ་མི་བྱ་བ་ཞིག་ཡིན། དང་པོ་ལྟར་ན་དངོས་པོ་གང་ཞིག་སྐྱེ་བཞིན་པ་ཡི་བདག་ཉིད་དུ་བྱ་བ་དེ་ནི་སླར་ཡང་སྐྱེ་བཞིན་པར་མི་འགྱུར་ཏེ། དེའི་བདག་ཉིད་དུ་གནས་ཟིན་པའི་ཕྱིར། གཉིས་པ་ལྟར་ན་སྐྱེ་བཞིན་པ་ཡི་བདག་ཉིད་དུ་མི་བྱ་བའང་སྐྱེ་བཞིན་པར་མི་འགྱུར་ཏེ། སྐྱེ་བཞིན་པའི་དངོས་པ་མ་ཐོབ་པའི་ཕྱིར་རོ། །

གཉིས་པ་ལ། སྐྱེ་བཞིན་ད་ལྟ་བའི་ཆོས་ལ་སྐྱེ་བཞིན་དགག་པ་དང་། སྐྱེས་ཟིན་འདས་པའི་ཆོས་ལ་སྐྱེ་བཞིན་དགག་པ་དང་། མ་སྐྱེས་པ་མ་འོངས་པའི་ཆོས་ལ་སྐྱེ་བཞིན་དགག་པ་གསུམ། དང་པོ་ནི། སྐྱེ་བཞིན་པའི་དོན་ནི་ཡོད་པ་ཁོ་ན་སྟེ། འདས་མ་འོངས་གཉིས་ཀྱི་བར་སྐྱེ་བཞིན་ད་ལྟ་བ་ཡོད་པའི་ཕྱིར་ཞེ་ན། རྒོལ་བ་གང་གི་ལུགས་ལ་འདས་མ་འོངས་གཉིས་པོ་ནི། དེ་གཉིས་ཀྱི་བར་ན་གནས་པ་སྐྱེ་བཞིན་པ་མེད་པར་སྲིད་པ་ཡོད་པ་མ་ཡིན་པ་དེ་ལ་རྣམ་པར་བརྟགས་ན་འདས་མ་འོངས་གཉིས་ཀྱི་ལྟོས་གཞི་སྐྱེ་བཞིན་པ་མེད་དེ། གང་གི་ཕྱིར་ན་སྐྱེ་བཞིན་པ་དེ་ལའང་འདས་མ་འོངས་གཉིས་ཀྱི་བར་དུ་ཡོད་པ་ད་ལྟ་བ་ཞེས་ལྟོས་པའི་སྒོ་ནས་འཇོག་དགོས་པའི་ཕྱིར་རོ། །

གཉིས་པ་ནི ། གང་གི་ཕྱིར་ན་སྐྱེ་བཞིན་པ་མ་འོངས་པ་འགགས་པས་སྐྱེས་པ་ཡི་དངོས་པོ་སྐྱེ་བར་འགྱུར་བ་དེ་ཡི་ཕྱིར་ན། སྐྱེས་པའི་དངོས་པོ་ལ་སྐྱེ་བཞིན་པ་གཞན་ཡང་ཡོད་པའི་ངོ་བོར་སྣང་ངོ་ཞེ་ན། དུས་གང་གི་ཚེ་བསྐྱེད་པར་བྱ་བའི་དངོས་པོ་སྐྱེས་ཟིན་པ་དེ་ཡི་ཚེ་ནི་སྐྱེ་བཞིན་པ་ལ་སྐྱེ་བ་སྲིད་པ་མེད་དོ། །རྣམ་པར་དཔྱད་པ་གང་གི་ཚེ་སྔར་སྐྱེས་ཟིན་པ་དེ་ད་དུང་སྐྱེ་བཞིན་པ་ཡིན་ན། སྔར་སྐྱེས་ཟིན་པ་དེ་ཡི་ཚེ་ཅི་ཡི་ཕྱིར་ན་སླར་ཡང་སྐྱེ་བར་འགྱུར། དེའི་ཕྱིར་སྐྱེས་ཟིན་འདས་པའི་ཆོས་ལ་སྐྱེ་བཞིན་པ་མེད་དོ། །

གསུམ་པ་ནི། སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པའི་ཆོས་ལ་སྐྱེ་བཞིན་པ་ཡོད་དོ་ཞེ་ན། སྐྱེ་བཞིན་པ་ནི་མ་སྐྱེས་པ་མ་འོངས་པའི་ཆོས་ཁོ་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་སྒོ་ནས་སྐྱེ་བ་ཡིན་ནོ་ཞེས་བྱ་བར་གྲག་གོ། དེ་ལྟར་ན་སྐྱེ་བ་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རྒྱུ་མཚན་དེ་ཡི་ཚེ་བུམ་པ་དེ་ཡང་མེད་པར་ཅིས་མི་རྟོག །དེ་ཕྱིར་མ་སྐྱེས་པ་མ་འོངས་པ་ལ་སྐྱེ་བ་མེད་པར་གྲུབ་བོ། །

གསུམ་པ་ནི། གལ་ཏེ་སྐྱེ་བའི་བྱ་བ་མ་རྫོགས་པ་གང་ཞིག་མ་སྐྱེས་པ་ལས་ཕྱི་རོལ་ཏུ་གྱུར་པ་དེ་སྐྱེ་བཞིན་པ་ཡིན་ནོ་ཞེ་ན། སྐྱེ་བཞིན་པ་ནི་སྐྱེ་བའི་བྱ་བ་མ་རྫོགས་ཀྱང་གཏན་མ་སྐྱེས་པ་ལས་ཕྱི་རོལ་ཏུ་གྱུར་པས་སྐྱེ་བའི་བྱ་བ་ཡོད་པར་འདོད་ན། འོ་ན་དེ་ལྟའང་གང་གི་ཕྱིར་སྐྱེ་བའི་བྱ་བ་མ་རྫོགས་པ་དེ་སྐྱེས་པ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་མ་སྐྱེས་པ་ཁོ་ན་སྟེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །སྐྱེ་བཞིན་པ་ཡོད་དེ། སྔར་མེད་པའི་ཆོས་སྐྱེ་བའི་བྱ་བ་ལ་བརྟེན་ནས་ཕྱིས་སུ་ཡོད་པར་འགྱུར་བའི་ཕྱིར་ཞེ་ན། སྐྱེ་བཞིན་པ་དེ་ནི་སྔར་མ་བྱུང་ཡང་ཕྱིས་ནས་ཀུན་ཏུ་ཡོད་པ་ཡིན་པར་གྲག་གོ། རྒྱུ་མཚན་དེས་ཀྱང་མ་སྐྱེས་པ་ཕྱིས་སུ་ཇི་ལྟར་སྐྱེ་སྟེ་སྔར་མ་སྐྱེས་ཤིང་མ་བྱུང་བ་ཞེས་བྱ་བ་དེ་ནི་ཕྱིས་སུ་སྐྱེ་བ་མ་ཡིན་ནོ། །མདོར་ན་སྐྱེ་བའི་བྱ་བ་རྫོགས་པ་ཞེས་བྱ་བ་དེ་ནི་ཡོད་ཅེས་བྱ་བར་འགྱུར་ལ། མ་བྱས་ཤིང་མ་རྫོགས་པ་ཞེས་བྱ་བ་དེ་ནི་མེད་ཅེས་བྱ་བར་བརྗོད་པ་གང་གི་ཚེ་ན་དེ་གཉིས་མ་ཡིན་པའི་སྐྱེ་བཞིན་པ་མེད་པ་དེ་ཡི་ཚེ་བྱ་བ་གང་ལ་སྐྱེ་བཞིན་པ་དེར་བརྗོད་དེ། ཅི་ཡང་མ་གྲུབ་པ་ཁོ་ནའོ། །

གསུམ་པ་རྒྱུ་འབྲས་སྐྱེ་འགག་བྲལ་བར་གནད་དོན་བསྡུ་བ་ནི། དེ་ལྟར་རྣམ་པར་དཔྱད་པ་གང་གི་ཚེ་ཆོས་གང་ལ་སྐྱེད་བྱེད་ཀྱི་རྒྱུ་ནི་མ་གཏོགས་པར་བསྐྱེད་བྱ་འབྲས་བུའི་ཆོས་ཡོད་པ་མ་ཡིན་པ་དེ་ཡི་ཚེ་ན་རྟེན་མེད་པས་འབྲས་བུ་འཇིག་པ་སྐྱེ་བ་དང་། རྒྱུ་ལྡོག་ཅིང་འཇིག་པ་འཐད་པ་ཉིད་དུ་མི་འགྱུར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སེམས་ཅན་མི་དང་ཤེད་སྐྱེས་ཀྱང་རུང་སྟེ། །འདིར་སྐྱེས་ཤི་བ་འགའ་ཡང་སྐྱེ་མི་འགྱུར། །ཆོས་ཀུན་རང་བཞིན་སྒྱུ་འདྲ་སྟོང་པ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། འདུས་བྱས་ཀྱི་དོན་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའི་འགྲེལ་པའོ།། །།

ག༢༦ རབ་བྱེད་བཅུ་དྲུག་པ་སློབ་དཔོན་དང་སློབ་མ་རྣམ་པར་གཏན་ལ་དབབ་པ་བསྟན་པ།

གསུམ་པ་གནད་དོན་བསྡུས་ཏེ་གཏན་ལ་དབབ་ཚུལ་ལ། རྗོད་བྱེད་གཞུང་གི་བསྟན་དོན་བསྡུ་བ་དང་། བརྗོད་བྱ་དོན་གྱི་གནད་དོན་བསྡུ་བ་གཉིས།

དང་པོ་ནི། དེ་ལྟར་ཡོངས་སུ་བསྟན་པའི་རབ་ཏུ་བྱེད་པ་བཅོ་ལྔས་ནི་གང་དག་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་གིས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་ནས་རང་བཞིན་གྱིས་སྟོང་པ་ཡིན་ཡང་། དེ་ལྟར་མ་རྟོགས་པར་སྟོང་པ་མིན་པ་ལྟ་བུར་སྣང་བའི་དངོས་པོར་འཛིན་པ་འབྱུང་བས་དེ་ཟློག་པའི་ཐབས་སུ་ཇི་སྐད་བསྟན་པའི་རབ་ཏུ་བྱེད་པ་ཐམས་ཅད་ཀྱིས་ཕྱིན་ཅི་ལོག་གི་རྟོག་པ་འདི་རྣམས་ནི་སོ་སོར་འགོག་པར་བྱེད་དེ། གང་མི་རྟག་པ་ལ་རྟག་པར་འཛིན་པ་ཟློག་པའི་ཕྱིར་དུ་རབ་ཏུ་བྱེད་པ་དང་པོ་བསྟན་པ་སོགས་ནས་རབ་བྱེད་བཅོ་ལྔ་པའི་བར་གྱིས། ལྟ་བ་ཆོས་ཀྱི་སྡོམ་བཞིའི་དོན་རྣམས། ལམ་བདེན་པ་བཞིའི་ཚུལ་གྱིས། མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་རྣམ་པ་རྣམས་རགས་པ་དང་ཕྲ་བའི་སྒོ་ནས་ཐབས་དང་ཐབས་བྱུང་གི་ཚུལ་དུ་བསྟན་པར་མཛད་པའོ། །

གཉིས་པ་ལ། བརྗོད་བྱའི་གནད་དོན་བསྡུས་ཏེ་རྩོད་བྲལ་དུ་བསྟན་པ་དང་། དེ་ཡི་རྣམ་པར་གཞག་པ་རྒྱས་པར་བཤད་པ། དེ་ལྟར་ཡོངས་སུ་བསྟན་པའི་གྲུབ་དོན་བསྡུ་བ་གསུམ།

དང་པོ་ནི། དེ་ལྟར་རབ་ཏུ་བྱེད་པ་དེ་དག་གིས་སྟོང་པ་ཉིད་བསྟན་པ་གང་གི་ཚེ་དེ་སྨྲ་བ་པོའི་གང་ཟག་དང་། བརྗོད་བྱ་སྟོང་པ་ཉིད་དང་། རྗོད་བྱེད་རབ་ཏུ་བྱེད་པའི་ཚིག་རྣམས་ཀྱིས་བརྗོད་པར་བྱ་ནའང་ཆོས་དེ་དག་ཡོད་པའི་ཕྱིར། བརྗོད་བྱ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་ཞེས་བྱར་མི་རུང་ངོ་ཞེ་ན། གང་ཞིག་སྨྲ་བ་པོ་དང་བརྗོད་པར་བྱ་བ་དང་། རྗོད་བྱེད་ཀྱི་ཚིག་དག་ཀྱང་རྟེན་ནས་ཀུན་འབྱུང་བ་དེའི་ཕྱིར་དེ་ནི་གསུམ་ཆར་ལའང་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཡིན་ན་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་མེད་པ་བོང་བུའི་རྭ་ལྟར་འགྱུར་རོ་ཞེས་སྟོང་པའི་ཉེས་པ་བརྗོད་པ་ཡིས་སྟོང་པ་མ་ཡིན་པར་འགྲུབ་པར་འགྱུར་ན། འོ་ན་རང་བཞིན་མི་སྟོང་པ་ལ་གོང་དུ་ཇི་སྐད་བརྗོད་པའི་ཉེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཅི་སྟེ་འགྲུབ་པར་འགྱུར་བ་མ་ཡིན། དེ་ལྟར་སྟོང་པ་ཉིད་ཇི་སྐད་བསྟན་པའི་དོན་ལ་གནོད་པ་མེད་ཅིང་སྒྲུབ་བྱེད་ཡོད་པར་བསྟན་ཏེ། གང་དངོས་པོར་སྨྲ་བའི་ཕྱོགས་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཚུལ་ཡང་། ཕྱོགས་གཞན་ཁས་བླངས་པའི་རྒོལ་བས་ནི་གཞན་གྱི་ཕྱོགས་ནི་སུན་འབྱིན་གྱི་རིགས་པས་བཟློག་པ་དང་། རང་གི་ཕྱོགས་ནི་སྒྲུབ་བྱེད་ཀྱི་རིགས་པས་སྒྲུབ་པ་སྟེ། དགག་སྒྲུབ་ཀྱི་ཚུལ་གཉིས་ཀ་དགོས་ཀྱང་། གལ་ཏེ་དངོས་པོར་སྨྲ་བ་ཁྱོད་ནི་རིགས་པ་མེད་པར་གཞན་དབུ་མར་སྨྲ་བ་སུན་འབྱིན་པར་བྱེད་པའི་ཕྱོགས་གཅིག་ལ་དགའ་ན། ཁྱོད་རང་ཉིད་ཀྱི་ཕྱོགས་སྒྲུབ་པར་བྱེད་པ་ལ་རྒྱུ་ཅིས་དགའ་བ་མིན། སྒྲུབ་བྱེད་མེད་པར་དམ་བཅའ་བ་ཙམ་གྱིས་ཅི་ཞིག་འགྲུབ། གལ་ཏེ་སྟོང་པར་སྨྲ་བའི་ཕྱོགས་ནི་རིགས་པས་བརྟགས་ན་ཡོད་པ་མ་ཡིན་པས། དེ་མེད་པར་གྲུབ་ན་དངོས་པོ་ཡོད་པའི་ཕྱོགས་འགྲུབ་པར་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོངས་སུ་བརྟགས་པ་ན་རང་བཞིན་མེད་པ་ཞེས་པ་གང་ཡིན་པ་དེ་ཙམ་དུའང་མ་གྲུབ་པས། རང་བཞིན་མེད་པ་ཞེས་པའི་ཕྱོགས་ཡོད་པར་མི་འགྱུར་ན་ནི། རྒྱུ་མཚན་དེས་ན་དེ་བཞིན་དུ་རྣམ་པར་བརྟགས་ན་གཞན་ཡང་རྒོལ་བ་རྣམས་ཀྱིས་གཅིག་ཉིད་དང་ལ་སོགས་པ་གཞན་ཉིད་དང་བརྗོད་དུ་མེད་པའི་ཕྱོགས་གསུམ་པོ་ཀུན་ཀྱང་མ་གྲུབ་པས་ཕྱོགས་ཡོད་པ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་རྣམ་པར་བརྟགས་ན་ཕྱོགས་ཐམས་ཅད་ཡོད་པ་མ་ཡིན་པས་ཁྱོད་ཀྱིས་ཕྱོགས་སུ་འཛིན་པ་དོར་བར་བྱའོ། །

གཉིས་པ་ལ། སྟོང་པའི་ཕྱོགས་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པའི་ཚུལ་དང་། དངོས་སྨྲའི་ཕྱོགས་ལ་གནོད་བྱེད་ཡོད་ཅིང་སྒྲུབ་བྱེད་མེད་པར་བསྟན་པ་གཉིས། དང་པོ་ལ། སྒྲུབ་བྱེད་གཏན་ཚིགས་ཀྱི་ཚུལ་རྣམ་པར་གཞག་པ་དང་། བསྒྲུབ་བྱ་སྟོང་པ་ཉིད་ཀྱི་ཚུལ་ཡོངས་སུ་བརྗོད་པ། གཉིས་མེད་དོན་དམ་ཆེན་པོར་གཏན་ལ་དབབ་པ་གསུམ།

དང་པོ་ནི། གང་དུ་མངོན་སུམ་གྱིས་གྲུབ་པའི་བུམ་པ་དེར་མངོན་སུམ་དང་འགལ་བ་སྟོང་པར་བརྗོད་པའི་གཏན་ཚིགས་ཐམས་ཅད་དོན་མེད་པར་འགྱུར་རོ་ཞེ་ན། གང་དབུ་མ་ཆེན་པོའི་ལམ་འདིར་དོན་དམ་སྟོང་ཉིད་གཏན་ལ་འབེབས་པའི་སྐབས་འདི་ན་གཞུང་ལུགས་ལས་བྱུང་བའི་གཏན་ཚིགས་ཡོད་པ་མིན་ཡང་། དེ་ལས་གཞན་ཐ་སྙད་དུ་ཡོད་པ་ཉིད་དོ། །

གཉིས་པ་ནི། གལ་ཏེ་ཁྱོད་ཀྱི་གཉེན་པོ་སྟོང་ཉིད་སྨྲ་བར་བྱེད་པས་ན་དེའི་ལྡོག་ཕྱོགས་དངོས་པོ་དག་ཀྱང་ཡོད་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་མི་སྟོང་པ་ཞེས་བྱ་བའི་དངོས་པོ་ཅི་ཡང་མེད་པར་གྱུར་པ་དེའི་ཚེ་དེའི་ལྡོག་ཕྱོགས་སྟོང་པ་དངོས་མེད་ནི་གང་ལས་འབྱུང་བ་ཉིད་དུ་འགྱུར་ཏེ། ཇི་ལྟ་བུར་ན་ཅིག་ཤོས་མི་སྟོང་པའི་དངོས་པོ་ནི་མེད་པར་དེའི་གཉེན་པོ་དངོས་མེད་སྟོང་པ་ཉིད་ནི་གང་ལས་འབྱུང་བར་འགྱུར། ཕྱོགས་མེད་པ་ཉིད་ཕྱོགས་སུ་ཁས་བླངས་པ་མ་ཡིན་ནམ། དེ་ལྟར་ན་དེའི་མི་མཐུན་ཕྱོགས་ཀྱང་ཡོད་པར་འགྱུར་རོ་ཞེ་ན། གལ་ཏེ་ཕྱོགས་ཤིག་ཁས་བླངས་པ་ཉིད་དུ་གྱུར་ན་ནི་ཕྱོགས་མེད་པ་དེ་ཡང་ཕྱོགས་ཀྱི་ངོ་བོར་འགྱུར་དུ་ཆུག་ཀྱང་། དེ་ལྟར་ཕྱོགས་མེད་པ་ཉིད་ཀྱང་ཕྱོགས་སུ་ཁས་བླངས་པ་ཅུང་ཟད་ཙམ་ཡང་མེད་ན། གང་ཞིག་དེ་ཡི་མི་མཐུན་པའི་ཕྱོགས་སུ་འགྱུར་ཏེ། ཁས་ལེན་གྱི་སྤྲོས་པ་ཅི་ཡང་མེད་པའི་ཕྱོགས་བྲལ་ཆེན་པོར་གྲུབ་བོ། །གལ་ཏེ་དངོས་པོ་ཅི་ཡང་ཡོད་པ་མིན་ན་མེ་ཡི་རང་བཞིན་ནི་ཚ་བ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། ཚ་བ་དང་མེ་ཡང་ཡོད་པ་མིན་ནོ་ཞེས་གོང་ཉིད་དུ་ནི། ཚ་བ་མེ་ཉིད་དུ་འགྱུར་ཏེ། །ཚ་བ་མིན་པ་ཇི་ལྟར་སྲེག །ཅེས་སོགས་ཀྱིས་བཟློགས་པར་བྱས་ཟིན་ཏོ། །གཞན་ཡང་མེ་ལ་སོགས་པའི་དངོས་པོ་ཡོད་པར་མཐོང་ནས་དངོས་པོ་ནི་མེད་པ་ཞེས་བྱ་བ་དེ་བཟློག་པར་འགྱུར་ན་རིགས་པ་ཉིད་དེ་ཕྱོགས་ཀུན་དང་བྲལ་བའི་ཕྱིར་རོ། །དེ་ལྟར་རྣམ་པར་དཔྱད་ན་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱོགས་ནི་བཞི་ཆར་གང་དུ་ཁས་ལེན་པ་ལ་ཡང་ཉེས་པ་སྤངས་པ་གང་ཞིག་མཐོང་སྟེ། སྔར། ཡོད་དང་མེད་དང་ཡོད་མེད་དང་། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །ཞེས་བསྟན་ཟིན་པ་ལྟར་རོ། །

དེ་ལྟར་བཞི་ཀ་ལ་ཡང་སྐྱོན་མཐོང་བའི་ཕྱིར་ཕྱོགས་འགའ་ཡང་ཡོངས་སུ་བཟུང་བར་མི་རིགས་ཏེ། ཇི་སྐད་དུ། སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར་ཐུབ་པས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྣམ་པར་དཔྱད་པ་ན་དངོས་པོ་ཤིན་ཏུ་ཕྲ་བ་རྡུལ་ཕྲན་ཙམ་ལ་ཡང་ཡོད་པའི་དངོས་པོ་གང་དུ་ཡང་མེད་ན་ནི་དེར་ཇི་ལྟར་འབྱུང་བར་འགྱུར། དེའི་ཕྱིར་སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེད་པ་ཉིད་ཀྱང་སྤྲོས་པ་ཀུན་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་ན་མ་འབྲེལ་བའོ། །

གསུམ་པ་གཉིས་མེད་དོན་དམ་ཆེན་པོར་གཏན་ལ་དབབ་པ་ནི། གལ་ཏེ་དེ་ལྟར་གཟུགས་ནས་རྣམ་མཁྱེན་བར་གྱི་དངོས་པོ་ཀུན་ལ་ཡོད་པ་དང་མེད་པ་ལ་སོགས་པའི་གཉིས་ཆོས་ཀྱི་སྤྲོས་པ་ཅི་ཡང་ཡོད་པ་མིན་ན། རྣམ་པར་དཔྱོད་བཞིན་པ་ཡི་དོན་གཞན་གང་ཞིག་ལ་ཡོད་པ་དང་མེད་པ་ལ་སོགས་པའི་གཉིས་ཆོས་ཀྱི་དངོས་པོ་ཡོད་པར་འགྱུར། གལ་ཏེ་ཁྱོད་ལའང་མཐའ་གཉིས་སྤངས་པ་དེ་ཇི་སྐད་བསྟན་པའི་འཐད་པས་རིགས་ཤིང་འཐད་པར་གྲུབ་ན་དེ་ལྟར་ཁས་ལེན་པར་རིགས་ཀྱི་ད་དུང་དུ་ཡང་ཕྱོགས་ཞེན་གྱིས་བརྒལ་བ་གཞན་པོ་ཅི་སྟེ་བྱེད་ཅེས་གསུངས་སོ། །འགྲེལ་ཆེན་ལས། འོན་ཏེ་ཇི་སྐད་བཤད་པའི་དོན་དང་འགལ་བའི་འཐད་པ་གང་ཞིག་ཀྱང་བརྗོད་པར་མི་ནུས་ན། དེའི་ཚེ་ཁོ་བོ་ཅག་གིས་བཤད་པའི་འཐད་པ་ཁོ་ནས་ཁྱོད་ལ་ཡང་མཐའ་གཉིས་སྤངས་པ་དེ་རིགས་ན་ཅིའི་ཕྱིར་རྩོད་པ་གཞན་བྱེད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་ཀུན་གྱི་རང་བཞིན་སྤྲོས་པའི་དངོས་པོ་མེད་པ་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལ་རྣམ་པར་དབྱེ་བ་ཅུང་ཟད་ཀྱང་མི་རིགས་ཏེ། འགྲེལ་ཆེན་ལས། དངོས་པོ་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རྒྱུ་མེད་པ་ཅན་ཁོ་ན་ཡིན་ལ། རྒྱུ་མེད་པ་ལ་ཡང་ཡོད་པ་ཉིད་མི་སྲིད་པས་མེད་པར་དགག་པ་ལ་བརྟེན་ནས་དངོས་པོ་མེད་པ་ཁོ་ན་རང་བཞིན་ཡིན་ཏེ། དངོས་པོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་འདི་ཐམས་ཅད་ལ་དབྱེར་མེད་པའི་ངོ་བོ་ཡིན་པའི་ཕྱིར། དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རང་གི་ངོ་བོ་གཅིག་པ་སྟེ་འདི་ལྟ་སྟེ། དངོས་པོ་མེད་པའི་རང་བཞིན་གྱི་ངོ་བོའོ་ཞེས་གསུངས་པ་ལྟར། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་སོགས་གཏན་ཚིགས་མེད་དགག་ལ་བརྟེན་ནས། ལྟ་བ་སྤྲོས་པའི་དངོས་པོ་ཅི་ཡང་མེད་པའི་གནས་ལུགས་ཆོས་ཀུན་གྱི་རང་བཞིན་དུ་དབྱེར་མེད་ཆེན་པོར་བསྟན་པ་བཞིན་ནོ། །དེ་ལྟར་མིན་པར་སྔར་གོང་དུ་དངོས་དངོས་མེད་གཉིས་ཀ་དང་བྲལ་བར་རྒྱ་ཆེར་བསྟན་ནས་འདིར་དངོས་མེད་དུ་བསྟན་པ་ག་ལ་ཡིན། །དེ་ཡང་ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་ཡོད་མིན་ལྟར། །ཞེས་གསུངས་ལྟར། དཔེར་ན་སྣོད་ལ་སོགས་པའི་རྫས་རྣམས་ཀུན་ལ་གང་མཐོང་བ་ཡི་ནམ་མཁའ་དེ་ནི་རྣམ་པར་དབྱེར་ཡོད་པར་མི་འགྱུར་བ་ལྟར་རོ། །

གཉིས་པ་དངོས་སྨྲའི་ཕྱོགས་ལ་གནོད་བྱེད་ཡོད་ཅི་སྒྲུབ་བྱེད་མེད་པར་བསྟན་པ་ལ། སུན་འབྱིན་དང་སྒྲུབ་བྱེད་མེད་ཚུལ་སྤྱིར་བསྟན་པ། རང་ཕྱོགས་སྒྲུབ་བྱེད་མེད་ཚུལ་བྱེ་བྲག་ཏུ་བསྟན་པ་གཉིས།

དང་པོ་ནི། གང་ཅུང་ཟད་ཁས་ལེན་པའི་ཕྱོགས་ལ་ལན་གདབ་པར་རིགས་ཀྱི། དངོས་པོ་གང་ཁས་མི་ལེན་པ་འདི་ལ་ཇི་ལྟར་ལན་གདབ་པར་བྱ་ཞེ་ན། ཁས་ལེན་མེད་པའི་ཕྱིར་གཞན་གྱི་ཕྱོགས་ངོ་བོ་ཉིད་མེད་པར་སྨྲ་བ་ལ་ལན་བརྗོད་པར་བྱ་བ་མིན་པར་གྲགས་ན་ནི། གཞན་ཕྱོགས་སུན་འབྱིན་པའི་རིགས་པ་ཁྱོད་ལ་མེད་མོད་ཀྱི། ཁྱོད་ཀྱི་གྲུབ་མཐའ་དབུ་མའི་གཏན་ཚིགས་ཀྱིས་བཟློགས་པར་བྱས་པ་ལ་ལན་གདབ་འི་སྒོ་ནས་ཁྱོད་རང་ཉིད་ཀྱི་ཕྱོགས་ཀྱང་ཅི་ཡི་ཕྱིར་ན་སྒྲུབ་པར་མི་འགྱུར། དེའི་ཕྱིར་ཁྱོད་ལ་རང་ཕྱོགས་ཉིད་སྒྲུབ་བྱེད་མེད་ཅིང་དེ་ཙམ་དུ་མ་ཟད། གང་ཡང་གཞན་ཕྱོགས་སུན་འབྱིན་པར་བྱེད་པའི་གཏན་ཚིགས་ནི་རྙེད་པར་སླ་ཞེས་འཇིག་རྟེན་ན་རྗོད་པར་བྱེད་ན་ཡང་། ཁྱོད་ཀྱིས་གཞན་གྱི་ཕྱོགས་ལ་སུན་འབྱིན་གྱི་རིགས་པས་སྐྱོན་བརྗོད་པ་ཉིད་དུ་ཅི་ཡི་ཕྱིར་མི་ནུས་པ་ཡིན། དེའི་ཕྱིར་ཁྱོད་ལ་ནི་གཞན་ཕྱོགས་སུན་འབྱིན་པའི་རིགས་པ་དག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཁྱོད་ཀྱིས་དངོས་པོའི་ཕྱོགས་སྒྲུབ་མི་ནུས་ཤིང་། སྟོང་པའི་ཕྱོགས་སུན་འབྱིན་མི་ནུས་པ་དེའི་ཕྱིར། སྟོན་པས་ཀྱང་། ཇི་ལྟར་མི་གཡོ་རི་རབ་ཆེན་པོ་ནི། །གྲོག་མ་ཀུན་གྱིས་བསྐྱོད་པར་མི་ནུས་ལྟར། །དེ་བཞིན་ཡང་དག་ཚུལ་ལ་ལེགས་བསླབས་པའི། མཁས་དེ་ལྷ་ཡི་གཟུགས་ཀྱིས་ཀྱང་མི་བསྐྱོད། །ཅེས་ཀྱང་གསུངས་སོ། །

གཉིས་པ་དངོས་སྨྲའི་ཕྱོགས་སྒྲུབ་བྱེད་མེད་པར་བྱེ་བྲག་ཏུ་བསྟན་པ་ནི། རྣམ་པར་བརྟགས་ན་ཁྱོད་དངོས་པོར་སྨྲ་བའི་ཕྱོགས་ལ་སྒྲུབ་བྱེད་ཅི་ཡང་ཡོད་པར་མ་མཐོང་སྟེ། ཁྱོད་ཀྱིས་ཡོད་ཅེས་བྱ་བ་དམ་བཅའ་བ་ཙམ་ཞིག་གིས་གལ་ཏེ་དེ་ཁོ་ན་ཉིད་དུ་དངོས་པོ་ཡོད་པར་གྲུབ་ན། འོ་ན་ཁོ་བོས་མེད་ཅེས་བྱ་བ་དམ་བཅའ་བ་ཙམ་ཞིག་གིས་དེ་ཁོ་ན་ཉིད་དུ་དངོས་པོ་མེད་པར་ཡང་ནི་རྒྱུ་ཅིས་འགྲུབ་པར་མི་འགྱུར། ཡང་རྗོད་བྱེད་ཀྱི་སྒོ་ནས་གང་གི་ཕྱིར་ཡོད་ཅིང་བདོག་པ་ཞེས་དངོས་པོ་ཡོད་པར་མིང་བཏགས་པ་དེའི་ཕྱིར་མེད་པར་མི་འགྱུར་བར་ཡོད་པར་འགྲུབ་བོ་ཞེ་ན། དཔེར་ན་ཚེ་ཐུང་བ་ལ་ཚེ་རིང་སོགས་དོན་དང་འགལ་བའི་མིང་གིས་ཅི་ཡང་མི་འགྲུབ་པ་བཞིན་དུ། གང་གི་ཕྱིར་ཡོད་ཅེས་མིང་འདོགས་པར་བྱས་པ་དེ་ཕྱིར་དངོས་པོ་ཡོད་པར་མི་འགྱུར་ཏེ། མོ་གཤམ་གྱི་བུ་ཡོད་ཅེས་མིང་བཏགས་པས་ཅི་ཡང་མི་འགྲུབ་པ་ལྟར་རོ། །གལ་ཏེ་མིང་ཙམ་ལས་གྲུབ་ན། དངོས་པོ་མེད་ཅེས་མིང་བཏགས་པས་ཀྱང་ཆོས་ཐམས་ཅད་ངོ་བོ་མེད་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ཡང་གལ་ཏེ་བརྗོད་བྱའི་སྒོ་ནས་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་འཇིག་རྟེན་པས་ཡོད་པར་བརྗོད་པས་རང་གི་ངོ་བོ་འཇིག་རྟེན་པ་ཉིད་ཡོད་པར་གྱུར་ན། དངོས་པོའི་ཆོས་གང་ཞིག་དེ་ཁོ་ན་ཉིད་དུ་དོན་དམ་པར་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་འཇིག་རྟེན་ཀུན་རྫོབ་པར་རྒྱུ་ཅིས་ཡིན་པར་འགྱུར། དེས་ན་ཀུན་རྫོབ་ཐ་སྙད་ཙམ་དུ་ཡོད་པ་དེ་ཉིད་ཀྱི་ཕྱིར་ན་དེ་ཁོ་ན་ཉིད་དུ་སྒྲུབ་པར་མི་འགྱུར་རོ། །

གསུམ་པ་དེ་ཡི་གནད་དོན་བསྡུས་ཏེ་བསྟན་པ་ལ། སྟོང་པ་མཐའ་བྲལ་ཆེན་པོར་དོན་བསྡུ་བ་དང་། མཐའ་བྲལ་དབུ་མའི་དོན་ལ་ཀླན་ཀ་བྲལ་བར་བསྟན་པ་གཉིས། དང་པོ་ལ། བསྒྲུབ་བྱ་མཐའ་བྲལ་དུ་བསྟན་པ་དང་། སྒྲུབ་བྱེད་རང་བཞིན་མེད་པར་བསྟན་པ། དགག་བྱ་སྤྲོས་མཐའ་འགོག་པར་བསྟན་པ་གསུམ།

དང་པོ་ནི། ཁྱོད་ཀྱིས་དངོས་པོ་བསལ་བས་དངོས་པོ་མེད་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་དངོས་པོ་ཀུན་མེད་པའི་ཕྱིར་བསྒྲུབ་བྱ་དངོས་པོ་མེད་པ་ཉིད་དུ་འགྱུར་ན་ནི། དེ་ལྟར་ཡིན་ན་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱོགས་རྣམས་ཀུན་སྤྲོས་པའི་དངོས་པོ་མེད་པར་ཡང་མི་རིགས་སོ། །དེ་བས་ན། བརྟེན་བྱའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་གསལ་བར་རྫུན། །ཞེས་གསུངས་པ་ལྟར། གནས་ལུགས་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་ཆེན་པོའི་ངོར་ཡོད་པ་དངོས་པོའི་སྤྲོས་པ་རྡུལ་ཙམ་མེད་པའི་ཕྱིར། དེའི་ལྡོག་ཕྱོགས་དངོས་པོ་མེད་པ་ལ་ནི་ཅི་ཡང་སྲིད་པ་ཡོད་པར་མི་འགྱུར་རོ། །དེ་ཇི་ལྟར་ན། རྟེན་དངོས་པོ་མེད་པར་ནི་དེ་བཀག་པའི་དངོས་པོ་ནི་མེད་པ་ཡང་རྒྱུ་གང་ལས་འགྲུབ་པར་འགྱུར།

གཉིས་པ་ལ། གཏན་ཚིགས་རང་བཞིན་མེད་པར་དོན་བསྡུ་བ་དང་། མཐུན་དཔེ་རང་བཞིན་མེད་པར་དོན་བསྡུ་བ་གཉིས། དང་པོ་ནི། སྟོང་ཉིད་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡོད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་མི་འགྲུབ་བོ་སྙམ་ན། དེ་ཡང་མ་ཡིན་ཏེ། བསྒྲུབ་བྱ་སྟོང་པ་ཉིད་དེ་སྒྲུབ་བྱེད་གཏན་ཚིགས་ལས་འགྲུབ་པར་འགྱུར་བ་དེ་ཡི་ཕྱིར་སྟོང་པར་མི་འགྱུར་བར་སྨྲ་ན། དམ་བཅའ་རང་བཞིན་མེད་པ་ནི་གཏན་ཚིགས་ལས་གཞན་ཐ་དད་ནི་ཡོད་པ་མ་ཡིན་པ་དེས་ན། གཏན་ཚིགས་ཀྱང་རང་བཞིན་གྱིས་གྲུབ་པ་ཅི་ཡང་མེད་དོ། །

གཉིས་པ་ནི། གང་གི་ཕྱིར་སྟོང་ཉིད་སྟོན་པའི་མཐུན་དཔེ་ཡོད་པ་དེས་ན་ཆོས་ཐམས་ཅད་སྟོང་པར་མི་འགྱུར་རོ་ཞེ་ན་ནི། བསྒྲུབ་བྱ་དང་མཐུན་དཔེ་ཆོས་མཚུངས་པ་འབྲེལ་བ་ཅན་གྱི་དཔེ་ནི་སྔར་གཏན་ཚིགས་ལྟར་རང་བཞིན་མེད་པའི་ཁོངས་སུ་གཏོགས་ཤིང་། ཆོས་མི་མཚུངས་པའི་དཔེ་ལས་དོན་སྒྲུབ་པ་ནི། བྱ་རོག་ཇི་ལྟ་བ་དེ་བཞིན་དུ་བདག་ཀྱང་ནག་ཅེས་བརྗོད་པར་ནུས་སམ་ཅི། དེ་བས་མཚོན་བྱ་རང་བཞིན་མེད་པའི་དོན་མཚོན་བྱེད་ཀྱི་དཔེ་དག་ཀྱང་རང་བཞིན་མེད་པ་ཁོ་ན་ཉིད་དུ་རྟོགས་པར་བྱའོ། །

གསུམ་པ་ལ། དངོས་དང་། ཡོད་མེད་ཕྱོགས་རེར་སྨྲ་བའི་སྤྲོས་མཐའ་དགག་པ་གཉིས།

དང་པོ་ནི། གལ་ཏེ་དེ་ལྟར་མ་ཡིན་པར་རང་བཞིན་གྱིས་དངོས་པོའི་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དོན་ལ་ཡོད་པར་འགྱུར་ན་ནི། སྟོང་པ་ཉིད་དུ་མཐོང་བ་ལ་ཡོན་ཏན་ཅི་ཞིག་ཡོད། དེ་བས་ན་མདོ་ལས། འདི་ན་གང་གི་རང་བཞིན་གྱིས་སྟོང་ཞིང་། །རང་བཞིན་རྣམ་དག་བདག་མེད་ཆོས་ཤེས་པ། །དེ་ལ་ནམ་ཡང་སྡོམ་མིན་མི་འབྱུང་སྟེ། །འདི་ལྟར་ཡང་དག་ངེས་ལ་དེས་བསླབས་ཕྱིར། །ཞེས་གསུངས་པ་ལྟར། གནས་ཚུལ་ལ་ཅི་ཡང་མ་གྲུབ་བཞིན་དུ་རྟོག་པས་སྤྲོས་ཆོས་སྣ་ཚོགས་པ་ཡོད་པར་མཐོང་བ་ནི་ཤིན་ཏུ་འཆིང་བ་ཆེན་པོ་སྟེ། དེའི་ཕྱིར་གང་མེད་པ་ལ་ཡོད་པར་རྟོག་པའི་སྤྲོས་མཐའ་ཕྲ་བ་དང་བཅས་པ་དེ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཆེན་པོར་གཏན་ལ་འབེབས་པའི་སྐབས་འདི་རུ་དགག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་ཟླ་བས། སོ་སོའི་སྐྱེ་བོ་རྣམས་ནི་རྟོགས་པས་བཅིང་། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་གསུངས་སོ། །

གཉིས་པ་ནི། རྒྱུ་མཚན་དེས་ན་དོན་དམ་སྟོང་པ་ཆེན་པོར་གཏན་ལ་འབེབས་པའི་སྐབས་སུ་ནི། དགག་བྱ་སྤྲོས་མཐའ་ཕྲ་རགས་ཐམས་ཅད་དགག་དགོས་ཀྱི། གང་དག་ཇི་ལྟར་གནས་པའི་གསུང་རབ་ཀྱི་དོན་ཇི་ལྟ་བ་བཞིན་མ་རྟོགས་པར་དངོས་པོ་གང་ཡང་རུང་བ་གཅིག་ནི་ཡོད་ལ་གཅིག་ནི་མེད་ཅེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱང་མིན་ཞིང་འཇིག་རྟེན་ཀུན་རྫོབ་པ་ཡང་མིན་ཏེ། འགྲེལ་ཆེན་ལས། གང་གི་ཚེ་འཇིག་རྟེན་པའི་དངོས་པོ་བཤད་པར་འདོད་པ་དེའི་ཚེ་ཕྱི་དང་ནང་གི་དོན་གྱི་དབྱེ་བས་ཕུང་པོ་ལྔ་ཆར་ཡང་འཇིག་རྟེན་པའི་རྟོག་པ་ཚད་མར་བྱས་ཏེ་ཁས་བླང་བར་བྱ་ལ། ཞེས་ཐ་སྙད་ཚད་མའི་ངོར་ཆོས་ཐམས་ཅད་ཡོད་མཉམ་དུ་བསྟན་ཅིང་། གང་གི་ཚེ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་དུ་བཤད་པར་འདོད་པ་དེའི་ཚེ་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ཕུང་པོ་ལྔ་ཆར་ཡང་རང་བཞིན་གྱིས་སྟོང་པར་བཤད་པར་བྱའོ། །ཞེས་དོན་དཔྱོད་ཚད་མའི་ངོར་མེད་མཉམ་དུ་བསྟན་ཅིང་། དེ་ལས་གཞན་གང་རུང་གཅིག་འདོད་ཅིང་གང་རུང་གཅིག་མི་འདོད་པའི་རྒོལ་བས་ནི་དེ་ཁོ་ན་ཉིད་དང་འཇིག་རྟེན་པ་ཡང་བཤད་པར་མི་འགྱུར་རོ། །ཞེས་ཚད་མ་གཉིས་སྲ་བསྲེ་གྱུར་ཏེ་བདེན་གཉིས་ཤན་མ་ཕྱེ་བར་ཡོད་མེད་ཕྱོགས་རེར་སྨྲ་བ་རྣམས་བདེན་གཉིས་ལས་ཉམས་པར་བསྟན་ཏོ། །དེས་ན་དོན་དམ་དཔྱོད་པའི་ཚད་མས་སྟོང་ཉིད་གཏན་ལ་འབེབས་པའི་སྐབས་སུ་སེམས་དང་སེམས་ལས་བྱུང་བ་ལྟ་བུ་འདི་ནི་ཡོད་ལ། བུམ་པ་ལ་སོགས་པ་འདི་ནི་མེད་ཅེས་བརྗོད་པ་ཉིད་དུ་ནུས་པ་མ་ཡིན་ནོ། །

གཉིས་པ་མཐའ་བྲལ་དབུ་མའི་དོན་ལ་ཀླན་ཀ་བྲལ་བར་བསྟན་པ་ནི། བདག་གིས་ཁྱོད་ལ་ལན་གདབ་པར་མི་ནུས་མོད་ཀྱི། བདེ་བར་གཤེགས་པའི་བསྟན་པ་ལ་མངོན་པར་བརྩོན་པ་དག་རིམ་པར་འབྱུང་བས་དེ་དག་གིས་ལན་ལྡོན་པར་འགྱུར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པ་ལྟར། སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་ལྟར་དབུ་མའི་འཆར་རིམ་བཞིའི་ཚུལ་གྱིས་སྤྲོས་མཐའ་བཞི་དང་བྲལ་བར་གཏན་ལ་འབེབས་པ་སྟེ། ཇི་ལྟར་ན། གཟུགས་སྟོང་པའོ་ཞེས་གསུངས་པ་ལྟར། གཅིག་དུ་བྲལ་སོགས་ཀྱིས་སྣང་བ་སྟོང་པར་གཏན་ལ་ཕབ་པས་ཡོད་པའི་སྤྲོས་མཐའ་ལས་གྲོལ་བ་དང་། སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པ་ལྟར། ཐ་སྙད་རྟེན་འབྱུང་གི་རིགས་པས་སྟོང་པ་རྟེན་འབྱུང་དུ་གཏན་ལ་ཕབ་པས་མེད་པའི་སྤྲོས་མཐའ་ལས་གྲོལ་བ་དང་། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་གསུངས་པ་ལྟར། སྟོང་རྟེན་འབྱུང་ཟུང་འཇུག་ཏུ་གཏན་ལ་ཕབ་པས་ཡོད་མེད་གཉིས་ཀའི་སྤྲོས་མཐའ་ལས་གྲོལ་བ་དང་། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་པ་ལྟར། ཟུང་འཇུག་མཉམ་ཉིད་དུ་གཏན་ལ་ཕབ་པས་གཉིས་མིན་གྱི་སྤྲོས་མཐའ་ལས་གྲོལ་བ་ཞེས་ཟབ་མོ་དབུ་མ་ཆེན་པོའི་དོན་གང་ལ་ཡོད་མེད་ཀྱི་ཕྱོགས་ནི་ཡོད་པ་མིན་པ་དེ་ལ་ཡུན་ནི་ཤིན་ཏུ་རིང་པོ་ནའང་ཀླན་ཀ་བརྗོད་པར་ནུས་པ་མ་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་ཡུལ་གྱི་གནས་ཚུལ་དང་མཐུན་པར་གཏན་ལ་དབབ་པའི་དོན་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་གྲུབ་པའི་ཕྱིར་ཏེ། མདོ་ལས། ཆོས་ཐམས་ཅད་ནི་སྟོང་པ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ། །ཆོས་ཐམས་ཅད་མཚན་མ་མེད་པ་སྟེ་མཚན་མ་མེད་པ་ཉེ་བར་བཟུང་ནས་སོ། །ཆོས་ཐམས་ཅད་སྨོན་པ་མེད་པ་སྟེ་མཚན་མ་མེད་པ་ཉེ་བར་བཟུང་ནས་སོ། །ཆོས་ཐམས་ཅད་སྨོན་པ་མེད་པ་སྟེ་མི་སྨོན་པའི་ཚུལ་གྱིས་སོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་སོ། །ཞེས་གསུངས་པ་ལྟར་རོ། །འདི་དག་གི་ཚུལ་ལ་སྤྱིར་དབུ་མ་ཐལ་རང་གཉིས་ཀྱིས་རིམ་དང་ཅིག་ཅར་གྱི་སྒོ་ནས་མཐའ་བཞིའི་སྤྲོས་པ་གཅོད་པའི་ཚུལ་དང་། ཁྱད་པར་ཐལ་འགྱུར་ཆེན་པོའི་ལུགས་ཀྱི་སྤྲོས་མཐའ་བྲལ་ཚུལ་རྣམས། མི་ཕམ་འཇམ་མགོན་ཆོས་རྗེའི་ལེགས་བཤད་རྣམས་ལས་དགག་བཞག་སྤོང་གསུམ་གྱི་སྒོ་ནས་རྒྱ་ཆེར་འབྱུང་བ་དེ་དག་ལས་རྟོགས་པར་བྱའོ། །

ལེའུའི་མཚན་ནི། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་དཔོན་དང་སློབ་མ་རྣམ་པར་གཏན་ལ་དབབ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་འགྲེལ་པའོ། །

ཀ༤ མཇུག་གི་དོན་བཤད་པ།

ཁ༡ སློབ་དཔོན་གང་གིས་མཛད་པའི་མཛད་བྱང་།

བཞི་པ་མཇུག་གི་དོན་ལ་སློབ་དཔོན་གང་གིས་མཛད་པའི་མཛད་བྱང་དང་། ཞར་བྱུང་དེ་ཉིད་བོད་དུ་བསྒྱུར་བའི་འགྱུར་བྱང་གཉིས་ལས། དང་པོ་ནི། སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ་རྫོགས་སོ། །

ཁ༢ ཞར་བྱུང་དེ་ཉིད་བོད་དུ་བསྒྱུར་བའི་འགྱུར་བྱང་།

གཉིས་པ་ནི། གཞུང་འདི་སྔོན་གྱི་བཀའ་ཐེམས་རྣམས་ལས་འབྱུང་བ་ལྟར་སྔ་འགྱུར་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་བསྒྱུར་ཟིན་པ་ཉིད། ཕྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང་རིན་ཆེན་སྦས་པའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པོ་སུ་སྨྲ་ཛཱ་ན་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་སླར་ཡང་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

སླར་སྨྲས་པ། མཚུངས་མེད་སྟོན་པ་ཤཱཀྱ་སེངྒེ་ཡི། །ལེགས་གསུང་འཁོར་ལོ་བར་བ་ཤེར་ཕྱིན་གྱི། །བརྗོད་བྱ་དངོས་བསྟན་ཟབ་མོ་དབུ་མ་ཆེའི། །དགོངས་འགྲེལ་ཤིང་རྟ་ཆེན་པོའི་གཞུང་ལུགས་མཆོག། དེ་སྲས་འཕགས་པ་ལྷ་དང་ཟླ་བ་ཡི། །ལེགས་བཤད་ཉི་ཟླའི་སྣང་བས་གསལ་བར་བྱས། །ཚུལ་དེས་དབུ་མ་རྩ་འཇུག་བཞི་གསུམ་དང་། །དེ་ཡི་དགོངས་འགྲེལ་འགྲེལ་ཆེན་གསུམ་ཞེས་གྲགས། །དེ་ཕྱིར་འཕགས་པ་མཆོག་གི་གཞུང་ལུགས་ནི། །ཟླ་བའི་འགྲེལ་ཆེན་དགོངས་དོན་ཇི་བཞིན་དུ། །ཚིག་ཉུང་དོན་བསྡུས་གོ་བདེའི་ངག་གིས་བཀོད། །གཟུར་གནས་དཔྱོད་ལྡན་དགའ་བའི་གསོས་སུ་བྱས། །དགེ་དེས་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན། །རྒྱལ་བསྟན་བཤད་སྒྲུབ་འཁོར་ལོའི་སྣང་བས་ཁྱབ། །ཚུལ་གནས་གསན་བསམ་སྒོམ་པའི་ཕ་རོལ་སོན། །འཆད་རྩོད་རྩོམ་པས་ཐུབ་བསྟན་འཛིན་གྱུར་ཅིག །

དེ་ལྟར་ཚིག་འགྲེལ་ས་བཅད་དང་བཅས་པ་ཉུང་ངུའི་ངག་གིས་བཀོད་པ་འདི་ཡང་། རང་ཅག་སྔ་འགྱུར་ཡོངས་ཀྱི་བསྟན་པའི་སྤྱི་གཟུགས་ཆེན་པོ་ཆོས་རྗེ་སྨིན་གླིང་ཡབ་སྲས་ཀྱི་རིང་ལུགས་གཙང་མར་འཛིན་པའི་ཆོས་སྡེ་ཆེན་པོ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གདན་ས་མཆོག་ནས། མཁས་ཤིང་གྲུབ་པའི་དབང་ཕྱུག་ཀོང་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་གཉིས་པ༧པདྨ་དྲི་མེད་ལེགས་པའི་བློ་གྲོས་མཆོག་གིས་བཀྲ་ཤིས་པའི་ལྷ་རེག་དང་། སྣང་སྟོང་བདེན་གཉིས་ཟུང་འབྲེལ་མཚོན་བྱེད་རྟེན་རྫས་བཅས་བཀའ་སྩལ་ཕེབས་པར་བརྟེན། གཞུང་རྩ་བ་དང་། འགྲེལ་ཆེན་གྱི་དགོངས་པ་ཇི་བཞིན་དུ། ཤར་ཕྱོགས་དྭགས་པོའི་རྒྱུད་དུ་བྱུང་བ་ཤཱཀྱའི་དགེ་སློང་མདོ་སྔགས་བསྟན་པའི་ཉི་མས་ཤར་མར་སྦྱར་བའི་ཡི་གེ་པ་ནི་བསླབ་གསུམ་ནོར་བུའི་མཛོད་འཛིན་རང་སློབ་ཐུབ་བསྟན་སྨོན་ལམ་མཆོག་ནས་བགྱིས་པའོ།། །།མངྒ་ལམ། དགེའོ། །

རྣམ་དག་བདེ་ཆེན་ཞིང་སྨོན་གྱི་ཁྲིད་ཡིག་བདེ་ཆེན་མྱུར་ལམ།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

༄༅། །རྣམ་དག་བདེ་ཆེན་ཞིང་སྨོན་གྱི་ཁྲིད་ཡིག་བདེ་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །

རབ་འབྱམས་མཆོག་གསུམ་རྒྱ་མཚོའི་ངོ་བོ་ཉིད། །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་སྣང་མཐའ་ཡས། །མཚུངས་མེད་ཐུགས་རྗེའི་གཏེར་ཆེན་བླ་མ་ལྷར། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །

དེ་ལ་འདིར་རྣམ་དག་བདེ་ཆེན་ཞིང་སྨོན་གྱི་ཁྲིད་ཡིག་དཔལ་ཆོས་ཀྱི་དབང་པོའི་ཞལ་རྒྱུན་ལྟར་སྤྱི་དོན་ཉུང་ངུའི་ངག་གིས་བྲི་བ་ལ། ཐོག་མར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས་མཆོད་པར་བརྗོད་རྗེས། གང་དག་ཕྱོགས་བཅུ་སོགས་དང་། ལྷ་ཡི་སྐད་དང་སོགས་ཆོས་བསྐུལ་མཐར། དེ་ཡང་སྟོན་མཆོག་ཐུབ་པའི་དབང་པོའི་ཞལ་ནས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་གསུངས་པ་ལྟར། ཆོས་ཉན་པ་བས་ཀྱང་ཉན་པའི་ཚུལ་གཙོ། དེ་བས་ཀྱང་བསམ་པའི་ཀུན་སློང་འདི་གཙོ་ཆེ་སྟེ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར། ཆོས་ཉན་པ་དང་། བསམ་པ། སྒོམ་པ་དང་། སྒྲུབ་པ་སོགས་གང་གི་གནས་སྐབས་ཀྱང་། བསམ་པ་རྣམ་པར་དག་ན་ཆོས་དགེ་བ་ཡིན། བསམ་པ་རྣམ་པར་མ་དག་པར་ཆགས་སྡང་རྨོངས་གསུམ་སྤྱི་དང་ཁྱད་པར་རྐུ་འདོད་དང་། གནོག་འདོད་སོགས་བསམ་པ་རྣམ་པར་མ་དག་ན་ལྟར་སྣང་ཇི་ལྟར་བཟང་ཡང་དོན་དུ་མི་དགེ་བ་ཡིན། དེས་ན་སློབ་དཔོན་ཨརྱ་དེ་ཝས། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་འམ་འོན་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་གྱུར་ཕྱིར། །ཞེས་གསུངས་པ་ལྟར། བསམ་པ་རྣམ་པར་དག་ན་ལུས་ངག་གི་སྤྱོད་པ་ཐམས་ཅད་དགེ་བ་རྣམ་པར་དག་པའི་ཆོས་སུ་འགྱུར་ཏེ། དེའི་ཕྱིར་ཇི་སྐད་དུ། སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད། །ཅེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་ཐོག་མར་གལ་ཆེ་བ་སྦྱོར་བ་སེམས་བསྐྱེད་དམ་པ། བར་དུ་གལ་ཆེ་བ་དངོས་བཞི་དམིགས་མེད་དམ་པ། ཐ་མར་གལ་ཆེ་བ་རྗེས་བསྔོ་བ་དམ་པ་སྟེ། དམ་པ་གསུམ་གྱིས་རྩིས་ཟིན་པ་ནི་ཤིན་ཏུ་གལ་ཆེ་བས།

ཀ༡ ཐོག་མར་སྦྱོར་བ་སེམས་བསྐྱེད་དམ་པའི་ཁྲིད།

དེ་ལ་དང་པོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་རང་རེ་རྣམས་སྔོན་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟ་འདི་ལ་མ་ཐུག་གི་བར་དུ་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་ཇི་ལྟ་བ་བཞིན་དུ་ཟས་ཀྱི་ཕུད་བྱིན་གོས་ཀྱི་རྩེས་གཡོགས་ཏེ་ཤིན་ཏུ་བྱམས་བརྩེས་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན། དེ་རྣམས་ཐམས་ཅད་སྙིང་རེ་རྗེ། བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་འདི་ཉན་ནས་ཉམས་སུ་བླངས་ཏེ་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་སྙམ་པ་ནི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན། དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་བསམ་པ་རྣམ་པར་དག་པའི་སྒོ་ནས་ཆོས་ཉན་པའི་ཚུལ་ཡང་། ཆོས་ཉན་པ་བས་ཀྱང་ཉན་པའི་ཚུལ་གཙོ་ཟེར་བ་ལྟར་ཆོས་ཉན་པའི་དུས་སུ་ཡང་། ལུས་ཆོས་གྲལ་དུ་ཡོད་ཀྱང་སེམས་ཕྱི་རོལ་དུ་གཡེངས་ཏེ། ཁ་ཡེངས་དང་མིག་གཡེངས། སྐད་ཆ་དང་ཁ་ཏ། རྩེ་འཇོ་དང་བཞད་གད་སོགས་ཀྱིས་རང་གཞན་གཉིས་ཀའི་ཆོས་ཀྱི་བར་ཆད་དུ་འགྱུར་ཏེ། རང་ཕུང་རོགས་བརླགས་འདི་ཕྱི་གཉིས་མེད། ཆོས་ཆོས་བཞིན་དུ་མ་བྱས་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཟེར་བའི་དཔེ་ལྟར་མི་བྱེད་པར། སྣོད་ཀྱི་སྐྱོན་གསུམ་དུ་གྱུར་པ། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན་ཏེ། ཆོས་ཉན་ཚུལ་མ་ཤེས་པའི་སྐྱོན་གསུམ་པོ་སྤངས་ནས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །མ་ཡེངས་བླ་མའི་གདམས་ངག་ཉན། །ཞེས་གསུངས་པ་ལྟར་དུས་དང་གནས་སྐབས་ཀུན་ཏུ་བསམ་པ་རྣམ་པར་དག་པའི་སྒོ་ནས་ལུས་ངག་ཡིད་གསུམ་དགེ་བའི་ལམ་དུ་བཞག་སྟེ་ཉན་དགོས། བླ་མས་སློབ་མར་ཆོས་འཆད་པ་དེ། ཆོས་ཉན་ཚུལ་དང་སྒྲུབ་ཚུལ་སྡིག་པ་སྤང་ཚུལ་དང་དགེ་བ་སྒྲུབ་ཚུལ་སློབ་མས་མི་ཤེས་པ་རྣམས་བླ་མས་བླང་དོར་གྱི་གནས་སྟོན་པར་བྱེད་པ་ཡིན་ཏེ། གང་ཕྱིར་དེས་ཕན་མི་ཤེས་པ། །དེ་ཕྱིར་སློབ་མ་ཞེས་བྱ་འོ། །ཞེས་གསུངས་པ་ལྟར་ཡིན་པས། བླ་མས་ཇི་ལྟར་གསུངས་པའི་ཚིག་དོན་རྣམས་སློབ་མས་ཀྱང་ལེགས་པར་ཉན་ནས་ཉམས་སུ་ལེན་དགོས། དེ་ལྟ་བུའི་སྒོ་ནས་དམ་པའི་ཆོས་ཚུལ་བཞིན་ཉན་ན་ཆོས་ཀྱི་སྒྲ་ཙམ་ཐོས་པའི་ཕན་ཡོན་ཡང་། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཀྱིས་མདོ་ལས། ཀུན་དགའ་བོ་གང་ཟག་གཉིས་ཀྱིས་ནི་བསོད་ནམས་ཆེན་པོ་བསགས་པ་ཡིན་ཏེ། གང་ཞེ་ན། གང་ཞིག་གུས་པས་ཆོས་འཆད་པ་དང་། ཆོས་ཉན་པའོ། །ཞེས་རྒྱ་ཆེར་གསུངས་ཤིང་། དེ་ཙམ་དུ་མ་ཟད་ཆོས་འཆད་པའི་ཕྱིར་རྔ་བརྡ་ཙམ་ཐོས་པའི་ཕན་ཡོན་ཡང་། གནྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །ངའམ་ཡང་ན་གནྜིའི་སྒྲ། །ཐོས་པས་ཐར་པ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། ཐོས་པས་ཆོས་ལ་འཇུག་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ལུས་ངག་ཡིད་གསུམ་དག་པ་ཡིས། །དེ་ཕྱིར་ཐོས་པ་མཆོག་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར་དད་པའི་སྒོ་ནས་ཆོས་ཉན་ན་སྨོས་ཅི་དགོས། ཐ་ན་དུད་འགྲོའི་རྣ་ལམ་དུ་ཆོས་ཀྱི་སྒྲ་ཙམ་ཐོས་པའི་ཕན་ཡོན་ཡང་སྔོན་རྒྱ་གར་དུ་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཞལ་འདོན་མཛད་པའི་སྐབས་ཤིག །ཕུག་རོན་གཅིག་གིས་ཆོས་ཀྱི་སྒྲ་ཙམ་ཐོས་པའི་ཕན་ཡོན་ཡང་སྐྱེ་བ་དེ་ཡི་འོག་ཏུ་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པར་གྱུར་པ་དང་། སྔོན་བཅོམ་ལྡན་འདས་ཀྱིས་ཚལ་སྔོན་པོ་ཞིག་ཏུ་ཆོས་གསུངས་པའི་སྒྲ་ཙམ་བྱ་ངང་བ་ལྔ་བརྒྱས་ཐོས་པའི་ཕན་ཡོན་གྱིས་དེ་དག་ཚེ་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ལྷའི་བུ་ལྔ་བརྒྱར་སྐྱེ་བ་བླངས་པ་སོགས་ལོ་རྒྱུས་མང་དུ་ཡོད།

དེས་ན་ད་རེས་ཀྱི་སྐབས་སུ་དལ་འབྱོར་གྱི་མི་ལུས་རེ་ཐོབ། སྟོན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་གྱི་ཁམས་སུ་བྱོན་ཏེ། དམ་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཅིང་། རྒྱལ་བསྟན་ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་གནས་ཚད་ཀྱང་མ་རྫོགས། མཐུན་རྐྱེན་དགེ་བའི་བཤེས་གཉེན་དང་མཇལ་ཏེ། དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་ལེན་དུ་ཡོད་པའི་སྐབས་འདིར་དམ་པའི་ཆོས་ཤིག་མ་བསྒྲུབས་ན། ཕྱིས་སུ་ནི་མིའི་ལུས་རྟེན་འདི་ལྟ་བུ་ནི། ངོ་བོ་དལ་བ། ཁྱད་པར་གྱི་ཆོས་འབྱོར་པ། རྙེད་དཀའི་དཔེ། གྲངས་ཀྱི་ཁྱད་པར་སོགས་གང་ལ་བསམས་ཀྱང་འདི་ལྟ་བུ་ཤིན་ཏུ་ཐོབ་པར་དཀའ་སྟེ། རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས། དེ་ལྟར་མི་ལུས་ཞིག་མ་ཐོབ་ན་ཕྱི་མ་ངན་སོང་གསུམ་སོགས་གང་དུ་སྐྱེས་ཀྱང་ཆོས་སྒྲུབ་པའི་ཚུལ་མི་ཤེས་པས། ད་ལྟ་མ་ཤི་གསོན་པའི་ཚེ་འདིར་འདི་དང་ཕྱི་མ་ཕན་པ་དམ་པའི་ཆོས་ཤིག་སྒྲུབ་དགོས། རྒྱ་ཆེན་པོ་ཞིག་མ་འགྲུབ་ཀྱང་མ་ཎི་འབྲུ་གཅིག་ཡན་ཆད་ཆེ་འགྲུབ་ཆུང་འགྲུབ་རེ་མ་བསྒྲུབས་ན་དོན་མེད་མི་ཚེ་འདིའི་བྱ་བ་ཁོ་ནས་མ་ཚོར་ཡེངས་མ་ལམ་གྱི་ངང་དུ་མི་ཚེ་ཟད་དེ་འཆི་དགོས། རྟག་བརྟན་སྙིང་པོ་ནི་སུ་ལའང་མེད་དེ། ཕྱི་སྣོད་འཇིག་རྟེན་གྱི་ཁམས། ནང་བཅུད་སེམས་ཅན་གྱི་ཚེ། དབྱར་རྒུན་སྟོན་དཔྱིད་ཀྱི་དུས། ཚངས་དབང་འཁོར་ལོས་སྒྱུར་བ་སོགས་སྐྱེ་དགུའི་བདག་པོ། རྒྱལ་དང་རྒྱལ་སྲས་སོགས་དམ་པའི་སྐྱེས་བུ་རྣམས་ཀྱང་མི་རྟག་པའི་ངང་ཚུལ་འདི་ལ་ལྟོས་དང་། རང་རེ་རྣམས་འཆི་ངེས་པ་རེད། ན་སོ་ལ་རྒན་གཞོན་མེད། ལར་སུ་ལའང་ནམ་འཆི་དང་འདིར་འཆིའི་ངེས་པ་མེད། ལ་ལ་མའི་མངལ་དུ་འཆི་བའང་ཡོད། ལ་ལ་སྐྱེས་ཙམ་ནས་འཆི་བ་དང་། ལ་ལ་གཞོན་ནུའི་དུས་སུ་འཆི་བ་དང་། ལ་ལ་དར་ལ་བབ་པའི་དུས་སུ་གློ་བུར་དུ་འཆི་བ་སོགས་གྲངས་ཀྱིས་མི་ཆོད་པ་མཐོང་ཆོས་མངོན་གྱུར་དུ་ཡོད། འཕགས་པ་ལྷས། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །ཞེས་གསུངས་པ་ལྟར། ནད་དང་མཚོན་སོགས་འཆི་བའི་རྐྱེན་ནི་གྲངས་མང་། འཚོ་བའི་རྐྱེན་ནི་གྲངས་ཉུང་བས་ངེས་པར་འཆི་དགོས། དེ་ཙམ་དུ་མ་ཟད་འདུག་པའི་གནས་མི་རྟག་སྟེ། མི་འདོད་བཞིན་དུ་འཆི་བའི་ཚེ་ཤུལ་དུ་བསྐྱུར་ཏེ་གཤིན་རྗེའི་གྲོང་སྒོར་འགྲོ་དགོས། ཟ་བའི་ཟས་མི་རྟག་སྟེ་ཞིམ་མངར་གྱི་ཁ་ཟས་སྤངས་ཏེ་ནམ་ཞིག་གསུར་རྫས་ཀྱི་དྲི་ཙམ་ལ་སྤྱོད་དགོས། འགྲོ་བའི་ལམ་མི་རྟག་སྟེ་མི་ཡུལ་ཡངས་པའི་ལམ་ནས་བབས་ཏེ། བར་དོའི་འཕྲང་རིང་ཆེན་པོར་དབང་མེད་དུ་འགྲོ་དགོས། བརྩེ་བའི་གཉེན་མི་རྟག་སྟེ་བར་དོ་གཉེན་མེད་བཤེས་མེད་ཀྱི་ཡུལ་དུ་རང་གཅིག་པུར་འཁྱམས་དགོས། བསྐྱང་བའི་འཁོར་མི་རྟག་སྟེ་གཡོག་ངན་གཅིག་ཀྱང་ཁྲིད་དབང་མེད་པར་འཇིག་རྟེན་ཕྱི་མར་འགྲོ་དགོས། བགོ་བའི་གོས་མི་རྟག་སྟེ། གོས་མེད་གཅེར་བུར་གཤིན་རྗེའི་མདུན་སར་འགྲོ་དགོས། ཐམས་ཅད་མི་རྟག་པའི་རང་བཞིན་ཡིན།

དེས་ན་སྤྱོད་འཇུག་ལས། བསགས་དང་བསྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཐོབ་མངའ་ཐང་རྒྱུ་རྫས་ལོངས་སྤྱོད་སོགས་ཀྱི་ཆེད་དུ་ཇི་ཙམ་བརྩོན་ཀྱང་སྙིང་པོ་མེད་དེ། བརྩིགས་ཚད་འགྱེལ་བའི་ཆོས་ཅན་ཡིན་པས་གནས་ཁང་ལ་སྙིང་པོ་མེད། འདུས་ཚད་འབྲལ་བའི་ཆོས་ཅན་ཡིན་པས་གཉེན་འདུན་ལ་སྙིང་པོ་མེད། བསགས་ཚད་འཛད་པའི་ཆོས་ཅན་ཡིན་པས་རྒྱུ་རྫས་ལོངས་སྤྱོད་ལ་སྙིང་པོ་མེད། མཐོ་ཚད་ལྷུང་བའི་ཆོས་ཅན་ཡིན་པས་མངའ་ཐང་ལ་སྙིང་པོ་མེད། སྐྱེས་ཚད་འཆི་བའི་ཆོས་ཅན་ཡིན་པས་ཚེ་འདིར་སྣང་ལ་སྙིང་པོ་མེད། གློ་བུར་དུ་འཆི་དགོས། དེའི་ཚེ་དམ་པའི་ལྷ་ཆོས་རེ་འགྲུབ་ཡོད་ན་མ་གཏོགས་ད་ལྟ་སྡུག་དཀའ་ལས་ཀྱིས་ཅི་ཙམ་བསྐྱངས་ཀྱང་དེ་དུས་མཛའ་བཤེས་ཀྱིས་ཕན་པ་མེད་དེ། ཞི་བ་ལྷས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་འཆད་པ་ཡི་ཚོར་བ་དག། བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར། འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་ནི་རང་ཉིད་གཅིག་པུས་མྱོང་བ་ལས་གཉེན་ཉེ་རིང་འཁོར་མངའ་རིས་སོགས་ཇི་ཙམ་ཡོད་ཀྱང་སྐལ་བ་བགོ་ས་མེད།

དེའི་དུས་ན། ཇི་སྐད་དུ། གཤིན་རྗེའི་ཕོ་ཉ་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། འཇིགས་སྐྲག་འཁྲུལ་སྣང་གི་རང་གཟུགས་སྣ་ཚོགས། འཇིགས་རུང་མུན་ནག་གིས་མདུན་ནས་བསུ་ཞིང་། ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད་དེ། འཇིགས་རུང་གཤིན་རྗེའི་སྐྱེས་བུས་ཁྲོ་གཉེར་སྡང་མིག་གཡོ་ཞིང་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་ཏེ། སོ་ཨཾ་གཙིགས་སུ་བསྡམས་ཤིང་འཆི་བདག་གི་ཞགས་པས་རྐེ་ནས་བསྡམས་ཏེ་ཚེ་འདི་ནས་ཕྱི་མའི་ཡུལ་དུ་སྐྱེས་ཆེན་པོ་འདེགས་ཤིང་རྒྱུས་མེད་བར་དོའི་འཕྲང་རིང་འགྲིམས་ཏེ་གཤིན་རྗེའི་སྐྱེས་བུའི་མདུན་སར་འགྲོ་དགོས་པའི་དུས་ལ་བབས་ཚེ། རྒྱལ་སྲས་ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་བཟུང་བ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་གསུངས་པ་ལྟར། གཉེན་འདུན་མཛའ་བཤེས་གང་གིས་ཀྱང་སྐྱོབ་མི་ནུས་པར་འཆི་དགོས་པའི་དུས་ལ་བབས་ཚེ། སྤྱོད་འཇུག་ལས། སུ་ཞིག་འཇིགས་ཆེན་འདི་ལས་བདག། ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བསྒྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་གསུངས་པ་ལྟར། དེའི་ཚེ་དེའི་དུས་ན་རེ་ས་དང་སྐྱབས་གནས་དམ་པའི་ལྷ་ཆོས་ལས་མེད་ཀྱང་དམ་པའི་ཆོས་རང་བྱས་ཤིག་མེད་ན་དེའི་དུས་སུ་འབྱོར་ཀྱང་ནོར་གྱིས་ཉོ་རྒྱུ་ནི་མེད། མང་ཡང་དཔུང་གིས་ལེན་རྒྱུ་ནི་མེད། མཐོ་ཡང་བཙན་ཤེད་ཀྱིས་འཕྲོག་རྒྱུ་ནི་མེད་ན། ད་ག་རེ་ང་རང་འཆི་བའི་དུས་ལ་བབས་པས་སྔོན་དུ་སོང་བ་ཅི་འདུག །རྗེས་ནས་ཡོང་བ་ཅི་ཡོད་སྙམ་ཚེ་སྡིག་པའི་ཕུང་པོ་རི་རབ་ཙམ་ཞིག་སྔོན་ལ་སོང་ཚར། དགེ་བ་ནི་ཏིལ་འབྲུ་ཙམ་ཡང་རྗེས་སུ་འབྲང་རྒྱུ་མེད། མཚན་ལྡན་གྱི་བླ་མ་རེ་མཇལ་ཡང་ཟབ་དགུའི་གདམས་པ་ནི་མ་ཞུས། ཟབ་མོའི་དམ་ཆོས་རེ་ཐོབ་རུང་ཉམས་སུ་ནི་མ་ལོན། དལ་འབྱོར་གྱི་མི་ལུས་ཤིག་ཐོབ་ཀྱང་དེ་ལ་སྙིང་པོ་ནི་མ་ལོན། མི་རྟག་འཆི་བར་ཤེས་ཀྱང་འཆི་ཁ་ཕན་པའི་ཆོས་ནི་མ་འགྲུབ། རྒྱུ་འབྲས་ཀྱི་བླང་དོར་རེ་ཐོས་ཀྱང་། དེ་ལ་སྤང་བླང་ནི་མ་ནུས། འཁོར་བ་སྡུག་བསྔལ་དུ་གསུངས་ཀྱང་དེ་ལ་སྐྱོ་ཤས་ནི་མ་སྐྱེས་པར་མ་ཚོར་ཡེངས་མ་ལམ་གྱི་ངང་དུ་མི་ཚེ་ཟད་དེ་འཆི་དགོས་པ་འདི་ང་རེ་འགྱོད་སྙམ་དུ་སེམས་འགྱོད་དུང་ངེ་། མིག་མཆི་མས་གང་། བྲང་སེན་རྗེས་ཀྱིས་བཀང་སྟེ་གཅིར་བུ་ལག་སྟོང་མཆན་དུ་བཅུག་ནས། འཇིག་རྟེན་ཕྱི་མའི་ལམ་པོ་ཆེར་འགྲོ་དགོས་པའི་དུས་ལ་མ་བབས་གོང་དུ་ད་ལྟ་གསོན་པའི་ཚེ་འདིར་འཆི་ཁར་ཕན་པ་དམ་པའི་ཆོས་རེ་སྒྲུབ་དགོས་མ་གཏོགས་ཤི་ནས་མེད་དུ་མི་འགྲོ་སྟེ། ཨརྱ་དེ་ཝས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིའི་ཕྱིར་སྐྱེ་མི་འགྱུར། །ཞེས་གསུངས་པ་ལྟར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་པའི་དུས་སྐབས་མེད། འདི་ལས་མ་ཐར་ན་ནི་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེ་ཡི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གདུག་པའི་ཚང་དང་འདྲ་བར་བདེ་བའི་གོ་སྐབས་མེད་དེ། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟ་སོགས་ཀྱི་སྡུག་བསྔལ། མི་རྣམས་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མིན་རྣམས་ལ་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་རྣམས་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་སོགས་གྲངས་ཀྱིས་མི་ཆོད། དེ་ལྟ་བུའི་འབྲས་བུ་སྡུག་བསྔལ་ཇི་སྙེད་པ་རྣམས་ཀྱང་རྒྱུ་སྡིག་པའི་ལས་ཀྱི་འབྲས་བུ་ཡིན་པར་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཏེ། དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་རོ། །

སྤྱིར་ཡང་འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་དགེ་སྡིག་གི་ལས་ལས་བྱུང་ཞིང་། དེ་ཡང་མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་རྒྱུ་འབྲས་བསླུ་མེད་ཀྱི་དབང་གིས་ལས་ཆུད་མི་ཟ་བར་རྣམ་སྨིན་མྱོང་དགོས་པ་དང་། དེ་ཡང་གཞན་ལ་བགོ་བཤའ་བྱ་རྒྱུ་མེད་པར་རང་གིས་གང་བསགས་པའི་ལས་ཀྱི་རྣམ་སྨིན་རང་གིས་མྱོང་དགོས་ཏེ། སྐྱོབ་པ་རྫོགས་པའི་སངས་རྒྱས་ཀྱིས། ལས་ཀྱི་རྣམ་པར་སྨིན་པ་ནི། ས་ལ་མི་སྨིན་རྡོ་ལ་མི་སྨིན། ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་སྔོན་སྟོན་པ་རྫོགས་པའི་སངས་རྒྱས་དང་། འཁོར་དགྲ་བཅོམ་ཆེན་པོ་རྣམས་ཀྱང་ལས་འབྲས་བདག་གིར་བཞེས་པའི་ཚུལ་བསྟན་ན་རང་ཅག་རྣམས་སྨོས་ཅི་དགོས། དེས་ན་ཐམས་ཅད་ལས་ཀྱི་རང་བཞིན་ཡིན་པས་འབྲས་བུ་བདེ་བར་འདོད་ན་དེའི་རྒྱུ་ཆོས་དགེ་བ་སྒྲུབ་དགོས། འབྲས་བུ་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་མི་དགེ་བ་སྤང་དགོས་མ་གཏོགས། རྒྱལ་སྲས་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེབ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར། ཞེ་འདོད་དང་ལག་ལེན་འགལ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་སྤངས་ཏེ། དམ་པའི་ཆོས་སྒྲུབ་དགོས། དེ་ལ་རྒྱལ་བའི་བཀའ་མདོ་རྒྱུད་རྣམས་སུ་དམ་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་གྲངས་མང་ཞིག་གསུངས་ཀྱང་། ལ་ཁའི་ཆར་པས་ལུང་ཁུང་ལ་མི་ཕན་པའི་དཔེ་ལྟར་སྐྱེ་བོ་ཕལ་པ་མི་སྐྱ་ཕོ་མོ་ཞིག་གིས་ཉམས་སུ་ལེན་དཀའ། འདི་ཡན་ཆད་གང་ལ་སྦྱར་ཀྱང་ཆོག་པར་གསུངས། མཆན། དེ་བས་ན་བདེ་ཆེན་ཞིང་ཁྲིད་འདི་ལྟ་བུའི་ཆོས་ནི་སྒྲུབ་ཀྱང་སླ་ཞིང་མདོ་ཡི་མྱུར་ལམ་གྱི་གདམས་པ་ཟབ་མོ་ཡིན། འདི་ཉམས་སུ་བླངས་པས། སངས་རྒྱས་ཀྱི་སྨོན་ལམ་རྫོགས་པའི་སྟོབས་དང་། རྒྱུ་རང་གི་ཚོགས་བསགས་སྒྲིབ་སྦྱང་གཉིས་གང་འཛོམས་པའི་སྟོབས་ཀྱིས། རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ན། ཞིང་བདེ་བ་ཅན་དུ་སྐྱེ་ངེས་པ་ཡིན་གསུངས་སོ། །

དེ་ཡན་ཆད་ཀྱིས་སྦྱོར་བ་སེམས་བསྐྱེད་དམ་པ་ཆོས་ཉན་པའི་ཡན་ལག་དང་བཅས་པ་བཤད་གྲུབ་ཅིང་། དེས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ནང་ཚན་ཤིན་ཏུ་གལ་ཆེ་བ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་དེའི་ཁོངས་སུ་འདུས་པ་ཡིན་ནོ། །

ཀ༢ བར་དུ་དངོས་གཞི་དམིགས་མེད་དམ་པའི་ཁྲིད།

ཁ༡ རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ།

ད་ནི་གཉིས་པ་བར་དུ་གལ་ཆེ་བ་དངོས་གཞི་དམིགས་མེད་དམ་པའི་ཁྲིད་ལ། སྐབས་འདིར་རྟེན་ཚོགས་ཞིང་གསལ་འདེབས་པ་དང་། རྒྱུ་ཚོགས་བསགས་སྒྲིབ་སྦྱང་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྩེ་གཅིག་ཏུ་བརྩོན་པ་དེ་ཡིན། དེ་ལ་སྤྱིར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ནི། རྟེན་ཚོགས་ཞིང་གསལ་འདེབས་པ། རྒྱུ་ཚོགས་བསགས་སྒྲིབ་སྦྱང་། གྲོགས་བྱང་ཆུབ་ཏུ་སེམས་བསྐྱེད་པ། རྐྱེན་སྨོན་ལམ་རྣམ་པར་དག་པ་དང་བཞི་ཡིན། དེ་ཡང་འོད་མདོ་ལས། ཀུན་དགའ་བོ་སེམས་ཅན་གང་ཞིག་དེ་བཞིན་གཤེགས་པའི་རྣམ་པ་ཡང་ཡང་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡོངས་སུ་བསྔོས་ཏེ་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ། དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །

དེ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ། རྟེན་ཚོགས་ཞིང་གསལ་འདེབས་པ་ནི། ཨེ་མ་ཧོ་སོགས་ནས། སེར་ལྟེམ་མེ། ཞེས་པའི་བར་ཡིན། དེ་ཡང་ཇི་ལྟར་ན་ཞིང་འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན་སྣོད་བཅུད་ཐམས་ཅད་རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དབྱིབས་དང་བཀོད་པ་རྒྱན་གྱི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡོད། ཞིང་མཆོག་དེ་ན་སུ་བཞུགས་ན། མགོན་པོ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་མཉམ་གཞག་གི་སྟེང་ན་ལྷུང་གཟེད་བདུད་རྩིས་གང་བ་འཛིན་པ། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས་སྐུ་མཚན་དཔེས་བརྒྱན་པ་ལ། རབ་ཏུ་བྱུང་བའི་རྟགས་ཆོས་གོས་རྣམ་གསུམ་གསོལ་ཞིང་མེ་ཏོག་པདྨ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཟླ་བའི་གདན་ལ་སྐུ་རྡོ་རྗེ་སྐྱིལ་ཀྲུང་གིས་པདྨོ་སྣང་བ་ཞེས་བྱ་བའི་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་བརྟེན་པར་མཛད་དེ་ད་ལྟ་དངོས་སུ་བཞུགས་ཡོད། དེའི་གཡས་སུ་འཁོར་གྱི་གཙོ་བོ་ཐུགས་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཕྱག་གཡོན་པའི་མཐེབ་མཛུབ་ཀྱིས་པདྨ་དཀར་པོ་འཛིན་ཅིང་སྙན་གྱི་ཐད་དུ་ཁ་བྱེ་བ། འོད་དཔག་མེད་ཀྱི་གཡོན་དུ་མཐུ་སྟོབས་ནུས་པའི་མངའ་བདག་སེམས་དཔའ་མཐུ་ཆེན་ཐོབ་སྐུ་མདོག་སྔོན་པོ་ཕྱག་གཡོན་རྡོ་རྗེས་མཚན་པའི་པདྨའི་ཡུ་བ་ཐུགས་ཀར་འཛིན་ཅིང་། སེམས་དཔའ་ཆེན་པོ་དེ་གཉིས་ཀྱི་ཕྱག་གཡས་གཉིས་སྐུའི་སྟ་ཟུར་ནས་བརྐྱངས་ཏེ་སྐྱབས་སྦྱིན་གྱི་ཕྱག་རྒྱ་བདག་ལ་བསྟན་ཏེ་བཞུགས་ཡོད། དེ་ལྟ་བུའི་གཙོ་བོ་གསུམ་པོ་ནི་དཔེར་ན་རི་རྒྱལ་ལྷུན་པོ་རི་ཕྲན་ཐམས་ཅད་ཀྱི་དབུས་ན་མངོན་པར་འཕགས་པ་ལྟར། སྐུ་མཚན་དཔེའི་གཟི་བྱིན་ལྷང་ངེར་བཞུགས་ཤིང་། གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒྲ་ལྷན་ནེར་སྒྲོག་པ། ཐུགས་རྣམ་མཁྱེན་གྱིས་ཤེས་བྱ་ཐམས་ཅད་ལྷམ་མེར་གཟིགས་ཏེ་བཞུགས་པ། དེ་དག་གི་འཁོར་དུ་བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ་ཕྲག་མང་པོས་བསྐོར་བ་ཐམས་ཅད་ཀྱང་སྐུ་ལུས་ཁྱད་མེད་གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན་པ་ལ་ཆོས་གོས་རྣམ་པ་གསུམ་གསོལ་ཏེ་དཔེར་ན་ཡང་གསེར་གྱི་ས་གཞི་ལ་ཉི་འོད་ཕོག་པ་ལྟར་སེར་ལྟེམ་གྱིས་བཞུགས་ཡོད་སྙམ་དུ་རྣམ་པ་ཡང་ཡང་ཡིད་ལ་བསམ་དགོས། བདེ་བ་ཅན་ནི་མ་བཀོད་རང་བྱུང་གི་ཞིང་ཁམས་ཡིན་པས་བསྐྱེད་རིམ་བསྒོམ་པ་སོགས་དང་མི་འདྲ་སྟེ། ཇི་བཞིན་གསལ་མི་ནུས་ཀྱང་ཡང་ཡང་ཡིད་ལ་བྱས་ཏེ་མོས་པ་ཙམ་གྱིས་ཀྱང་རྟེན་ཚོགས་ཞིང་གསལ་འདེབས་པའི་གོ་ཆོད་གསུངས། དེ་ལྟར་གསལ་འདེབས་པ་ནི་སངས་རྒྱས་རྗེས་སུ་དྲན་པའང་ཡིན། དེ་ལྟར་ཡང་ཡང་ཡིད་ལ་བྱས་པས་མཚན་མོ་རྨི་ལམ་དུ་དྲན་ཐུབ། དེ་ཐུབ་ན་ཕྱི་མ་བར་དོའི་སྐབས་སུ་དྲན་ཐུབ། དེ་ཐུབ་ན་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ་ཏེ་བདེ་བ་ཅན་དུ་སྐྱེ་ངེས་པ་ཡིན་ཏེ། སྔོན་རྫ་སྟོད་དུ་བླ་མ་མཚམས་པ་བཞུགས་སྐབས། སངས་རྒྱས་འོད་དཔག་མེད་ཀྱིས་སྐུ་མདོག་ཙམ་ཡང་མི་ཤེས་པར་སྔོ་སྐྱ་ལོས་ཡིན་ཟེར་བའི་རྒད་པོ་ཞིག་གིས་འོད་དཔག་མེད་ཀྱི་མཚན་ཁོ་ན་བཏོན་པས་འཆི་ཁར་འོད་དཔག་མེད་ཀྱི་ཞལ་མཇལ་བ་སོགས་ལོ་རྒྱུས་མང་དུ་ཡོད། དེའི་ཕྱིར་དེ་ལྟར་ཡང་མོས་པས་ཡིད་ལ་བྱེད་ནུས་ན། ཏིང་འཛིན་རྒྱལ་པོ་ལས། གང་ཞིག་ཐུབ་པའི་དབང་པོ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར། འོད་དཔག་མེད་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་། ལྷའི་སྙན་གྱིས་གསན། མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས། རྫུ་འཕྲུལ་གྱི་ཞབས་ཀྱིས་བཅག་སྟེ་བྱིན་གྱིས་རློབ་ངེས་པ་ནི། ཇི་སྐད་དུ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །དབང་སྐུར་བྱིན་གྱིས་རློབ་པར་འགྱུར། །ཞེས་གསུངས། སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོས་མཐའ་འཁོབ་ཀྱི་ཡུལ་ནས་སངས་རྒྱས་འཁོར་བཅས་ཡིད་ལ་བྱས་པས། སངས་རྒྱས་འཁོར་བཅས་དངོས་སུ་བྱོན་པ་སོགས་ལོ་རྒྱུས་མང་དུ་ཡོད། རྟེན་ཚོགས་ཞིང་ཡིད་ལ་བྱེད་པ་ཁོ་ནས་ཀྱང་བདེ་བ་ཅན་དུ་སྐྱེ་ངེས་པ་ནི། འོད་མདོ་ལས། འོད་དཔག་མེད་ཀྱི་མཚན་ཐོས་ནས་དེ་ཞག་བདུན་དུ་དད་པ་རྩེ་གཅིག་པའི་སེམས་ཀྱིས་ཡིད་ལ་བྱེད་ན་དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་ལ་དད་པའི་སེམས་ཀྱིས་ཤི་འཕོས་ནས་འོད་དཔག་མེད་འཁོར་བཅས་མཐོང་སྟེ་དེའི་ཞིང་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་རྟེན་ཚོགས་ཞིང་གསལ་འདེབས་པ་འདི་ནི། རྒྱུ་ཚོགས་བསགས་སྒྲིབ་སྦྱང་གི་རྟེན་དང་། སེམས་བསྐྱེད་དང་སྨོན་ལམ་འགྲུབ་པའི་དཔང་པོ་ཡིན་པས་ནུབ་བདེ་བ་ཅན་ན་སངས་རྒྱས་འོད་དཔག་མེད་འཁོར་བཅས་བཞུགས་ཡོད་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། ཨེ་མ་ཧོ། སོགས་ནས། སེར་ལྟེམ་མེ། ཞེས་པའི་བར་དུ་འདོན།

ཁ༢ རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱང་།

ད་ནི་གཉིས་པ་རྒྱུ་ཚོགས་བསགས་སྒྲིབ་སྦྱང་ལ། ཕྱག་འཚལ་བའི་ཡན་ལག་སོགས་ཡན་ལག་བདུན་དུ་ཡོད་པ་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཡུལ་གང་ལ་ཕྱག་འཚལ་ན་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ། ཚུལ་ཇི་ལྟར་ན་སེམས་གུས་པའི་སྒོ་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཡོན་ཏན་དྲན་བཞིན་པའི་དད་པའི་སེམས་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་དང་། ངག་གུས་པའི་སྒོ་ནས་གསོལ་འདེབས་ཀྱི་ཚིག་བརྗོད་དེ་ཕྱག་འཚལ་བ་ཡིན། དེ་ཡང་ཕྱག་འཚལ་བའི་ཡུལ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུ་ན། སྐུ་རྫུ་འཕྲུལ་གྱི་ཡོན་ཏན། འོད་དཔག་མེད་ཀྱི་ཕྱག་གཡས་ཀྱི་འོད་ཟེར་ལས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དང་། དེའི་ཡང་སྤྲུལ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ་དང་། ཕྱག་གཡོན་གྱི་འོད་ཟེར་ལས་རྗེ་བཙུན་སྒྲོལ་མ་དང་། དེའི་ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་དང་། ཐུགས་ཀྱི་འོད་ཟེར་གྱི་རྩེ་ལས་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་། དེའི་ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱར་འགྱེད་པ་སོགས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཐམས་ཅད་ཀྱི་སྤྲུལ་གཞི་ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ་སྙམ་དུ་ཕྱག་འཚལ་བ་དང་། ཐུགས་མཁྱེན་བརྩེའི་ཡོན་ཏན། འགྲོ་བའི་ཁམས་ལ་ཉིན་མཚན་དུས་དྲུག་ཏུ་སུ་ནི་དར་སུ་ནི་རྒུད་སུ་ཞིག་ནི་མཐོ་རིས་སུ་འགྲོ། སུ་ཞིག་ནི་ངན་སོང་དུ་གཞོལ་སྙམ་དུ་ཐུགས་བརྩེ་བ་ཆེན་པོས་དུས་རྟག་ཏུ་གཟིགས་པ་བརྩེ་བའི་ཡོན་ཏན་མངའ་ཞིང་། མཁྱེན་པའི་ཡོན་ཏན་འགྲོ་བ་མཐའ་དག་གི་སེམས་ཀྱི་རྣམ་རྟོག་ཕྲ་རགས་ཐམས་ཅད་མངོན་པར་ཤེས་པའི་ཐུགས་ཀྱིས་མཁྱེན་ཅིང་། འགྲོ་བའི་སྒྲ་སྐད་ཐམས་ཅད་ལྷའི་སྙན་གྱིས་གསན་པ་སོགས་ཐུགས་མཁྱེན་བརྩེའི་འོད་ཟེར་ཚད་མེད་པ་མངའ་བའི་ཀུན་མཁྱེན་འོད་དཔག་མེད་ཀྱི་ཡོན་ཏན་དྲན་བཞིན་དུ་ཕྱག་འཚལ་བ་དང་། སྟོབས་ནུས་པའི་ཡོན་ཏན་ཀྱང་སེམས་ཅན་འགའ་ཞིག་དམ་པའི་ཆོས་སྤངས་པ་དང་། ཕ་མ་དང་དགྲ་བཅོམ་བསད་པ་སོགས་མཚམས་མེད་པའི་ལས་ངན་བསགས་པ་རྣམས་མ་གཏོགས། འོད་དཔག་མེད་ལ་དད་ཅིང་གསོལ་བ་འདེབས་ཚད་བདེ་བ་ཅན་དུ་འདྲེན་པའི་ནུས་པ་མངའ་བ་སྟེ། འོད་མདོ་ལས། སེམས་ཅན་གང་དག་ང་ཡི་མིང་ཐོས་པས། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །ཞེས་གསུངས་པ་ལྟར། འགྲོ་བ་ཡོངས་སུ་འདྲེན་པའི་ནུས་པ་མངའ་བའི་འདྲེན་པ་འོད་དཔག་མེད་ལ་གུས་པས་ཕྱག་འཚལ་བ་དང་། གཞན་ཡང་སྔོན་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ། གློ་བུར་གྱི་བར་ཆད་ཀྱི་དབང་གིས་འཆི་བར་སྣང་བ་རྣམས་ཀྱང་སངས་རྒྱས་འོད་དཔག་མེད་ལ་རྩེ་གཅིག་ཏུ་དད་པའི་སྒོ་ནས་གསོལ་བ་བཏབ་ན། དུས་མིན་དུ་འཆི་བའི་ཚེ་ཡི་བར་ཆད་ཐམས་ཅད་བཟློག་པའི་ནུས་པ་མངའ་བའི་མགོན་པོ་ཚེ་དཔག་མེད་ཀྱི་ཡོན་ཏན་དྲན་བཞིན་དུ་ཕྱག་འཚལ་བ་དང་། གཞན་ཡང་སྟོང་གསུམ་འཇིག་རྟེན་གྱི་ཞིང་གྲངས་མེད་པ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་དབུལ་ཕོངས་ལ་སྦྱིན་པ་བྱིན་པའི་བསོད་ནམས་བས་ཀྱང་སངས་རྒྱས་འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་ཐོས་ནས་དད་པས་ཐལ་མོ་སྦྱར་བར་བྱས་ན། དེ་ནི་དེ་བས་ཆེས་བསོད་ནམས་ལྷག་པ་ཐོབ་པར་གསུངས་ཏེ། འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིགས་ཤིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་རྣམས་ཀྱི་ཁམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་འོད་དཔག་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱབ་པར་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་དེ་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟར་ཕན་ཡོན་ཐོས་ནས་ཡིད་གཉིས་སེལ། །ཅེས་གསུངས།

དེའི་ཕྱིར་མཚན་ཐོས་ནས་དད་པ་ཙམ་གྱིས་གནས་སྐབས་སུ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་འཕེལ་བའི་ནུས་པ་མངའ་བའི་ཡོན་ཏན་དྲན་བཞིན་དུ་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བ་དང་། གཞན་ཡང་སེམས་ཅན་གང་དག་གིས་འོད་དཔག་མེད་པའི་མཚན་ཐོས་ནས་ཁ་ཞེ་མེད་པར་སྙིང་ནས་དད་པ་ལན་གཅིག་ཙམ་སྐྱེས་ན་མཐར་ཐུག་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། འོད་མདོ་ལས། སེམས་ཅན་གང་དག་ཁ་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་མཚན་ཐོས་ལ། ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཞིག་གིས་བསམ་པ་ཐག་པ་ནས་དད་པ་དང་དགའ་བ་སྐྱེས་པ་དེ་དག་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། གང་གིས་སྟོབས་ཀྱིས་ཕྱིར་མི་ལྡོག་ཏུ་འགྱུར་བའི་ནུས་པའི་སྟོབས་མངའ་བའི་ཡོན་ཏན་དྲན་ཏེ་ཕྱག་འཚལ་དགོས་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་ཚེ་རབས་ཐམས་ཆད་དུ་བུད་མེད་ཀྱི་དངོས་པོར་མི་འགྱུར་ཞིང་རིགས་བཟང་པོར་སྐྱེས་ཏེ་རབ་ཏུ་བྱུང་བའི་དངོས་པོར་འགྱུར་བ་སྟེ། དེ་ལྟ་བུའི་ཡོན་ཏན་མངའ་བའི་བདེ་གཤེགས་འོད་དཔག་མེད་ཀྱི་ཡོན་ཏན་རྣམས་དྲན་བཞིན་དུ་ལུས་གུས་པའི་སྒོ་ནས་གཡས་ལྟ་གཡོན་ལྟ་སོགས་མི་བྱེད་པར་ཕྱག་མཚལ་བ་དང་། ངག་གུས་པའི་སྒོ་ནས་སྐད་ཆ་སོགས་མི་བཤད་པར་ཕྱག་འཚལ་བའི་ཚིག་རྣམས་འདོན་ཞིང་། ཡིད་གུས་པའི་སྒོ་ནས་ཆགས་སྡང་གི་རྟོག་ངན་སྣ་ཚོགས་སྤངས་ཏེ་རྩེ་གཅིག་གིས་ཕྱག་འཚལ་བའི་ལས་ལ་འཇུག་པ་འདི་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། བཅོམ་ལྡན་འདས་སོགས། མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཞེས་བརྒྱ་རྩ་སོགས་བརྗོད། དེ་བཞིན་དུ་སྨན་གྱི་བླ་བེེཌཱུརྱའི་འོད་ཀྱི་རྒྱལ་པོའི་མཚན་དང་། དཔལ་རྒྱལ་ཤཱཀྱ་ཐུབ་པའི་མཚན་ཀྱང་ལན་བདུན་རེ་ཙམ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཞེས་ལན་བདུན་ཙམ་དང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ལན་བདུན་སོགས་ཀྱི་མཐར། གཞུང་གི །མོས་གུས་ཕྱག་ལ་ཉེ་རིང་སོགས་ནས། བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་འདོན། དེ་དག་གི་གྲངས་མང་ཉུང་ཉི་ཚོད་དང་བསྟུན་ཏེ་ཅི་རིགས་འདོན། དེ་ནས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲཱི་སོགས་འགྱུར་སྔགས་ལན་བདུན་གདོན་པར་བྱའོ། །

གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ལ། དང་པོ་དངོས་སུ་འབྱོར་བའི་མཆོད་པ་ནི། བདག་གིས་གཅེས་པར་བསྐྱངས་པའི་ལུས་དང་། དཀའ་བས་བསགས་པའི་ལོངས་སྤྱོད། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་དང་བཅས་པ། དངོས་སུ་འབྱོར་པའི་མཆོད་པ་རྣམས་ཡོད་པོས་ཡོད་ཚོད་དང་བསྟུན། མེད་པོས་མེད་ཚོད་དང་བསྟུན་ཏེ། ཞིང་རྣམ་པར་དག་པ་སངས་རྒྱས་འོད་དཔག་མེད་འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ། བསམ་པ་རྣམ་པར་དག་པ་སེར་སྣ་དང་ང་རྒྱལ་ངོམ་ཆོས་སོགས་མེད་པའི་སེམས་ཀྱིས། དངོས་པོ་རྣམ་པར་དག་པ་ཐུད་ཀྱི་སྔོ་ས་དང་། ལོ་མའི་སེར་ས། མར་གྱི་ཁ་ས་ལྟ་བུ་མ་ཡིན་པར། དཀོན་མཆོག་མཆོད་པའི་ཡོ་བྱེད་རབ་གསེར་དངུལ་སོགས་དང་། དེ་ལྟར་མིན་ཡང་མར་མེ་ཀོང་བུ་གང་དང་། ཆུ་མཆོད་བདུན་ཚར་གང་། ནས་སྤར་གང་ཡན་ཆད་ཆེ་འབྱོར་ཆུང་འབྱོར་དང་། མཆོད་པའི་རྫས་གཞན་ཅི་ཡང་མེད་ན་ཐ་ན་ས་རྡོ་ཡན་ཆད་བསམ་པ་དག་པས་ཕུལ་ན་ཚོགས་རྫོགས་པའི་ལོ་རྒྱུས་ཡོད་དེ། སྔོན་ཁྱེའུ་གཉིས་ཀྱིས་ས་རྡུལ་སྤུངས་ཏེ་རིན་པོ་ཆེ་ཡིན་ཟེར་ཏེ་རྩེ་བར་བྱེད་པའི་སྐབས་ན་སངས་རྒྱས་བྱོན་པ་མཇལ་ཏེ་ས་རྡུལ་སྤར་གང་ལྷུང་བཟེད་དུ་ཕུལ་བས། གཅིག་ཆོས་རྒྱལ་མྱ་ངན་མེད་དང་། གཅིག་ཤོས་དེའི་བློན་པོར་གྱུར་ཏེ་འཛམ་བུའི་གླིང་དུ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཉིན་གཅིག་ལ་བྱེད་ནུས་པར་གྱུར་པ་ལྟ་བུ་ཡིན། གཞན་ཡང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་མེ་ལོང་ལ་སོགས་བྱིན་གྱིས་བརླབས་པའི་རྫས་བརྒྱད་དང་། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་སོགས་བཀྲ་ཤིས་པའི་རྟགས་བརྒྱད། དཔུང་གི་སྣ་འདྲེན་པའི་འཁོར་ལོ་རིན་པོ་ཆེ་སོགས་རྒྱལ་སྲིད་སྣ་བདུན་ཏེ་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པར་ཡིད་ཀྱིས་སྤྲུལ་ཏེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྣམ་རོལ་བཞིན་དུ་འབུལ་བར་དམིགས་པ་དང་། གཞན་ཡང་ཡིད་ཀྱིས་སྤྲུལ་པ་ལ་མ་ལྟོས་པར་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གདོད་ནས་གྲུབ་པ་གླིང་བཞི་རི་རབ་ཉི་ཟླ་བྱེ་བ་ཕྲག་བརྒྱའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་རྣམས་དང་། གཞན་ཡང་མ་བཀོད་རང་བྱུང་གི་རྣམ་ལྔ། ཤར་ཉི་ཟླ་གསལ་བའི་སྒྲོན་མེ། ལྷོ་ཙནྡན་ནགས་ཀྱི་བདུག་སྤོས། ནུབ་གངས་དཀར་མར་གྱི་ལྷ་བཤོས། བྱང་རྫ་ཆབ་སྔོན་མོའི་དྲི་ཆབ། འོག་ས་གཞི་མཛེས་པའི་མེ་ཏོག སྟེང་གཡུ་འབྲུག་སྙན་པའི་རོལ་མོ་སོགས་དང་། གཞན་ཡང་སྟེང་ལྷ་ཡུལ་གྱི་ལོངས་སྤྱོད། འོག་ཀླུ་ཡི་ལོངས་སྤྱོད། བར་མི་ཡི་ལོངས་སྤྱོད་རྣམས་ཀྱང་བློ་ཡིས་བླངས་ཏེ་ཡོངས་སུ་འབུལ་ན། སྤྱོད་འཇུག་ལས། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །ཞེས་གསུངས་པ་ལྟར། བདག་གི་མཆོད་པའི་དངོས་པོ་འདི་དག་ཐུགས་བརྩེས་བདག་གིར་བཞེས་ཏེ། རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་རྐྱེན་སྨོན་ལམ་ཡོངས་སུ་འགྲུབ་པ་དང་། འབྲས་བུ་བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། ཨོཾ་བཛྲ་བྷུ་མི་སོགས་དང་། སྟོང་གསུམ་འཇིག་རྟེན་སོགས། ས་གཞི་སྤོས་ཆུས་སོགས། མཉེས་བྱེད་མཎྜལ་སོགས་དང་། གཞུང་གི །བདག་གི་ལུས་དང་སོགས་ནས། སྟོབས་ཀྱིས་བཞེས། །བར་དང་། མཆོད་པའི་སྤྲིན་གཟུངས་བཅས་འདོན།

གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ལ། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་དགོས་པས། དང་པོ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། ལུས་ཀྱི་སྒོ་ནས་སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་། གཞན་གྱི་ནོར་བརྐུས་ཏེ་མ་བྱིན་པར་བླངས་པ། ཉེ་དུ་དང་གཞན་གྱི་ཆུང་མ་སོགས་ལ་མི་ཚངས་པར་སྤྱད་དེ་འདོད་པས་ལོག་པར་གཡེམ་པ་སྟེ་ལུས་ཀྱི་མི་དགེ་བ་གསུམ། ངག་གི་སྒོ་ནས་མི་བདེན་པའི་རྫུན་སྨྲ་བ། མི་ཕན་ཚུན་མི་མཐུན་པར་དབྱེ་བའི་དབྱེན་གྱི་སྒོ་ནས་ཕྲ་མ་བྱེད་པ། གཞན་ལ་མི་སྙན་པའི་ཚིག་རྩུབ་སྨྲ་བ། དོན་མེད་ཀྱི་ངག་འཆལ་སྣ་ཚོགས་སྨྲ་བ་དང་བཞི། ཡིད་ཀྱི་སྒོ་ནས་གཞན་གྱི་ནོར་རྫས་ལ་བརྣབ་སེམས་སྐྱེས་པ། གཞན་ལ་ཞེ་སྡང་གི་སྒོ་ནས་གནོད་སེམས་སྐྱེས་པ། ལས་རྒྱུ་འབྲས་སོགས་མི་བདེན་སྙམ་དུ་ལོག་པར་ལྟ་བ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་དང་བཅས། དེ་ལྟ་བུའི་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་པོ་ཐོག་མ་མེད་པའི་དུས་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བྱས་ཤིང་བསགས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ་སྙམ་དུ་ཞེ་ཐག་པ་ནས་བཤགས་ཤིང་། གཞན་ཡང་ལུས་ངག་ཡིད་ཀྱི་མི་དགེ་བ་ཤིན་ཏུ་ཚབ་ཆེན་པོ་ཕ་དང་མ་བསད་པ། སློབ་དཔོན་དང་དགྲ་བཅོམ་པ་བསད་པ། རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་སྟེ། དེ་ལྔ་པོ་གང་བྱས་ཤིང་བསགས་ཀྱང་སྐྱེ་བ་གཞན་གྱི་བར་མཚམས་མེད་པར་དམྱལ་བར་སྐྱེ་ངེས་པས་ན། དེ་ལྟ་བུའི་མཚམས་མེད་ལྔ་ཡི་ལས་ངན་བསགས་པ་ཐམས་ཅད་སྙིང་ནས་བཤགས་དགོས་པ་དང་། དེ་ཙམ་དུ་མ་ཟད་མཚམས་མེད་དེ་དང་ཆ་འདྲ་བའི་ཉེས་པ་ཚབས་ཆེན་པོ། དགེ་སློང་དང་དགེ་ཚུལ་བསད་པ་དང་། དགེ་ཚུལ་མ་སོགས་བཙུན་མ་རྣམས་དཀའ་ཕབ་པ་དང་། སྐུ་གཟུགས་དང་མཆོད་རྟེན་ལྷ་ཁང་བཤིག་པ་རྣམས་ནི་ཉེ་བའི་མཚམས་མེད་པ་ལྔ་སྟེ། ཉེས་པ་ཤིན་ཏུ་ཆེན་པོ། དཔེར་ན་སྔོན་མི་ཞིག་གིས་སྐུ་གཟུགས་ཕྱག་མཛུབ་མེད་པ་གཅིག་ལ་བལྟས་ཏེ། སངས་རྒྱས་མཛུབ་ཆད་དོ་ཞེས་བརྗོད་པས། དེ་མ་ཐག་ཏུ་ཁོ་རང་གི་མཛུབ་མོ་ཆད་སོང་བ་ལྟ་བུ་ཡིན།

དེས་ན་དེ་ལྟ་བུའི་མི་དགེ་བའི་ལས་གང་བསགས་པ་ཐམས་ཅད་སྙིང་ཐག་པ་ནས་བཤགས་སོ་སྙམ་དུ་བཤགས་དགོས་ཀྱི། དེ་ལྟར་མ་བཤགས་ན་ནི་ལས་དེ་དག་རེ་རེས་ཀྱང་རྣམས་སྨིན་ཤིན་ཏུ་མི་ཟད་པ་མྱོང་དགོས་པའི་ཚུལ་གྱི་གཏམ་རྒྱུད་མང་དུ་ཡོད། ཁྱད་པར་ཆོས་སྤོང་གི་ལས་མི་དགེ་བ་ཆེས་ཚབས་ཆེན་པོ། དཀོན་མཆོག་གསུམ་དཔང་པོར་བཞག་སྟེ་ཚད་མནའ་རྡོག་གཏོད་བྱེད་པ་དང་། གཞན་ཡང་དགེ་འདུན་འདུན་པའི་གཙུག་ལག་ཁང་དང་རྒྱལ་བའི་གསུང་རབ་བཀའ་དང་བསྟན་བཅོས་སོགས་རྟེན་གསུམ་ཁྱད་པར་ཅན་རྣམས་ལ་ཚད་བཙུགས་ཏེ་མནའ་ཟོས་པ་སོགས། ཆོས་སྤོང་གི་མི་དགེ་བའི་ལས་བྱས་ཤིང་བསགས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་སྙམ་དུ་བཤགས་དགོས། དེ་བཞིན་དུ་ངག་གི་ཉེས་པ་ཤིན་ཏུ་ཚབས་ཆེ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ་ན་ནི། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བསད་པ་བས་ཀྱང་སྡིག་པ་ཆེ་བར་མདོ་ལས་གསུངས་པ་ཡིན། དེའི་ཕྱིར་དོན་ཅི་ཡང་མེད་པར་སྡིག་པ་ཆེན་པོ་རི་རབ་ཙམ་བསགས་པ་རྣམས་དང་། ཡིད་ཀྱི་མི་དགེ་བ་ལས་རྒྱུ་འབྲས་མེད་པར་ལྟ་བའི་ལོག་ལྟ་འདི་ཤིན་ཏུ་ཚབས་ཆེ་སྟེ། ཆོས་དགེ་བའི་ཕན་ཡོན། སྡིག་པ་མི་དགེ་བའི་ཉེས་དམིགས་སོགས་ཅི་ཙམ་ཐོས་ཀྱང་དེ་ཙམ་མི་བདེན། ཁ་མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བའི་དཔེ་ལྟར་བཤད་ཚོད་ཙམ་ཡིན་བསམ་པ་ནི། མཚམས་མེད་པ་ལྔ་བསགས་པའི་ཉེས་པ་བས་ཀྱང་ཚབས་ཆེ་བ་ཡིན་ཏེ། དཔེར་ན་སྔོན་དགེ་སློང་ལྷས་བྱིན་ལོག་ལྟའི་དབང་གིས་མཚམས་མེད་པའི་ལས་བསགས་ནས་དངོས་སུ་དམྱལ་བར་སྐྱེས་པ་སོགས་ལོ་རྒྱུས་ཚད་མེད་པ་ཡོད། དེས་ན་དེ་ལྟ་བུའི་ཐར་མེད་ཀྱི་ལས་ངན་བསགས་པ་ཐམས་ཅད་ངོ་ཚ་དང་འཇིགས་སྐྲག་གནོང་འགྱོད་དྲག་པོའི་སྒོ་ནས་བཤགས་པར་བྱའོ། །

དེ་ལྟར་ལུས་ངག་ཡིད་ཀྱི་མི་དགེ་བ་སྤྱི་དང་བྱེ་བྲག་གི་ཚུལ་དུ་བཤགས་ཏེ། ད་ནི་བཅས་པའི་ཁ་ན་མ་ཐོ་བ་ཕྱི་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་ཡོངས་སུ་བཤགས་ཏེ། ཇི་ལྟར་ན་ཕྱི་སོ་ཐར་གྱི་བསླབ་བྱ། རྩ་བའི་ཕམ་པ་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ལྟུང་བ་སྡེ་ལྔས་བསྡུས་པའི་ཕྱི་སོ་སོར་ཐར་པའི་སྡོམ་པ་ཉམས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། མཆོད་འོས་བསླུ་བ། འགྱོད་མེད་ལ་འགྱོད་པ་བསྐྱེད་དུ་འཇུག་པ། དམ་པ་ལ་སྐུར་པ་འདེབས་པ། འགྲོ་བ་ལ་གཡོ་སྒྱུ་བྱེད་པ་སྟེ་ནག་པོའི་ཆོས་བཞི་དང་། དེ་བཞིན་དུ་བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ། དཀོན་མཆོག་གི་དཀོར་འཕྲོག་པ། དམ་པའི་ཆོས་སྤོང་བ། སྡོམ་ལྡན་ལ་ཆད་པས་གཅོད་པ། མཚམས་མེད་ལྔ་དང་། ལོག་པར་ལྟ་བ་སྟེ་ལྔ་དང་། བྱང་ཆུབ་སེམས་དཔའ་བློན་པོ་ལ་འབྱུང་ཉེ་བ། བཤད་མ་ཐག་པའི་ལྟུང་བ་དང་པོ་བཞིའི་སྟེང་དུ་གྲོང་། ལྗོངས། 〖གྲོང་ཁྱེར〗གྲོང་བརྡལ། ཡུལ་འཁོར་རྣམས་སུ་དམག་སྣ་དྲངས་ཏེ་འཇོམས་པ་དང་ལྔ། བྱང་སེམས་ཕལ་པ་ལ་འབྱུང་ཉེ་བ་རྒྱུད་མ་སྨིན་པའི་སྣོད་ལ་སྟོང་ཉིད་སྟོན་པ། ཐེག་ཆེན་པ་ཐེག་དམན་དུ་འཇུག་པ། ཐེག་དམན་གྱི་གང་ཟག་ཐེག་ཆེན་དུ་འཇུག་པ། ཉན་ཐོས་ཐེག་པ་ལ་ཐར་ལམ་མེད་པར་སྨྲ་བ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ། བཀུར་སྟིའི་ཆེད་དུ་སྟོང་ཉིད་རྟོགས་པར་སྨྲ་བ། དགེ་སློང་ལ་ཆད་པ་གཅོད་དུ་འཇུག་པ། སྤོང་བ་བསམ་གཏན་པའི་འཚོ་བ་ཀློག་པ་ཐོས་བསམ་པ་ལ་བསྒྱུར་ཏེ་སྦྱིན་པ་དང་བརྒྱད། དེ་དག་གི་སྟེང་དུ་སྨོན་འཇུག་གཉིས་སྤོང་བ་སྟེ་ལྟུང་བ་ཉི་ཤུ་པོ་གང་ཡང་རུང་བས་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཏུ་གྱུར་པ། རྡོ་རྗེ་སློབ་དཔོན་སྨད་པ། རྒྱལ་བའི་བཀའ་ལས་འགལ་བ། མཆེད་གྲོགས་ལ་འཁོན་འཛིན་གྱིས་འཁུ་བ། བྱང་སེམས་སྤོང་བ། ཀུནྡ་འདོར་བ། གྲུབ་མཐའ་སྨོད་པ། གསང་བ་སྒྲོག་པ། ཕུང་ལྔ་ལ་མཚན་མར་འཛིན་པ། ཏིང་འཛིན་དག་པ་ལ་ཐེ་ཚོམ་ཟ་བ། ཞིང་བཅུ་ཚང་བ་མི་སྒྲོལ་བ། ཆོས་ཉིད་ཟབ་མོ་རྟོག་གེས་འཇལ་བ། སྐལ་ལྡན་ཡལ་བར་འདོར་བ། དམ་རྫས་དུས་སུ་མི་བརྟེན་པ། ཤེས་རབ་མ་ལ་སྨོད་ཅིང་སྤོང་བ་སྟེ་བཅུ་བཞི་དང་། མཚན་ཉིད་མི་ལྡན་པའི་རིག་མ་བསྟེན་པ། ཚོགས་འཁོར་གྱི་དུས་སུ་ལུས་ངག་རྩོད་པ། རིགས་ངན་མ་ལས་བདུད་རྩི་ལེན་པ། སྣོད་ལྡན་ལ་གསང་སྔགས་མི་སྟོན་པ། དད་པས་ཆོས་འདྲི་བ་ལ་ཚུལ་བཞིན་མི་སྟོན་པ། སྔགས་ལ་མི་དད་པའི་ནང་དུ་ཞག་བདུན་སོགས་སུ་འདུག་པ། རྟོགས་པའི་ཡེ་ཤེས་མི་ལྡན་ཡང་སྔགས་པར་རློམ་པ། སྣོད་མིན་ལ་གསང་སྔགས་སྟོན་པ་སྟེ་ཡན་ལག་གི་སྦོམ་པོ་བརྒྱད་ལ་སོགས་པའི་ལྟུང་བས་གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས་སོ་སྙམ་དུ་བཤགས་ཤིང་། གཞན་ཡང་རང་བཞིན་གྱི་མི་དགེ་བ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་མ་བླངས་ཀྱང་མི་དགེ་བ་བཅུའི་ལས་བསགས་པ་དང་། ཁྱད་པར་ཉེ་དུ་སོགས་ལ་མི་ཚངས་པ་སྤྱད་པའི་སྒོ་ནས་ལོག་པར་གཡེམ་པ་དང་། དྲན་པ་དང་ཤེས་བཞིན་ཉམས་ཏེ་བག་མེད་དུ་གྱུར་པའི་རྒྱུའི་གཙོ་བོ་ཆང་འཐུང་བ་སྟེ། མདོ་དང་བསྟན་བཅོས་རྣམས་སུ་ཆང་གི་ཉེས་པ་ཚད་མེད་པར་གསུངས་ཤིང་། ཆང་གི་རྒྱུས་ཉེས་པ་འབྱུང་བའི་ལོ་རྒྱུས་ཀྱང་མང་དུ་ཡོད། ཁྱད་པར་ཁ་དུད་སྣ་དུད་ཀྱི་དུག་རྫས་མི་དགེ་བ་ལ་ལོངས་སྤྱད་པའི་ཉེས་དམིགས་ཀྱང་། བཅོམ་ལྡན་འདས་ཀྱིས་འདུལ་བ་ལས། ཁ་དང་སྣར་རྔུབ་པའི་ལོག་འཚོའི་ཉེས་པ་བསམ་གྱིས་མི་ཁྱབ་པར་བཀའ་བསྩལ་པ་དང་། གཏེར་སྟོན་ཚད་ལྡན་རྣམས་ཀྱི་ལུང་རྣམས་སུ་ཡང་ཉེས་པ་མང་དུ་གསུངས་པ་སོགས་ཚད་མེད་པ་ཡོད། དེ་ལ་སོགས་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་གང་དང་གང་བསགས་པ་ཐམས་ཅད་དང་། གཞན་ཡང་ཁྱིམ་པ་ཕོ་མོ་སོགས་ནས་ཀྱང་སྐྱབས་སྡོམ་དང་དབང་བསྐུར་ལ་སོགས་པ་ཇི་ཙམ་ཐོབ་ཀྱང་དེ་ཡི་བསྲུང་བྱ་སྡོམ་པ་དང་དམ་ཚིག་གི་རིམ་པ་རྣམས་ནི་སྲུང་མ་ཤེས་པའི་དབང་གིས་བཅས་པའི་ལྟུང་བ་མ་ཚོར་ཤུགས་ཀྱིས་ཕོག་པ་ཐམས་ཅད་སྙིང་ནས་ངོ་ཚ་དང་འཇིགས་སྐྲག་འགྱོད་པ་དྲག་པོའི་སྒོ་ནས་མཐོལ་ཞིང་བཤགས་ན་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་བཤགས་པ་དང་།

གཉིས་པ་སུན་འབྱིན་པའི་སྟོབས། སེམས་ལ་འགྱོད་པ་ཞིག་མེད་ན། ཁ་ཙམ་གྱིས་ཇི་ཙམ་བཤགས་མདོག་བྱས་ཀྱང་སྡིག་པ་མི་དགེ་བ་འདགས་མི་ནུས་པས། སྔོན་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་གང་བྱས་ཤིང་བསགས་པའི་ལས་ལ་དཔེར་ན་ཡང་ཁོང་དུ་དུག་སོང་བ་ལྟར་རང་ངོར་ལྟོས་ཏེ་ངོ་ཚ་བ་དང་། ཕྱི་མ་རྣམ་སྨིན་སོགས་ལ་འཇིགས་ཤིང་སྐྲག་པའི་སྒོ་ནས་འགྱོད་པ་ཆེན་པོའི་སེམས་ཀྱིས་བཤགས་དགོས་པ་ཡིན་ནོ། །

གསུམ་པ་སོར་ཆུད་པ་ཉེས་སྤྱོད་སྡོམ་པའི་སྟོབས་ནི། ད་ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་ཞིག་མེད་ན་གནས་སྐབས་བཤགས་མདོག་བྱས་ཀྱང་སྡིག་པ་འདགས་མི་ནུས་པས། ད་ཕྱིན་ཆད་ནི་འཆི་བ་སྲོག་ལ་བབས་ཀྱང་སྡིག་པ་མི་དགེ་བའི་ལས་གང་ཡང་མི་བྱེད་སྙམ་དུ་དམ་བཅའ་དང་ཁས་ལེན་བྱེད་དགོས། དེ་ལྟ་བུའི་ཁས་ལེན་དེ་ཡང་། ཇི་སྐད་དུ། དམ་པས་ཁས་འཆེ་མང་པོ་མི་བྱ་སྟེ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ནམ་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་སྐྱེ་བོ་ཡ་རབས་ཀྱི་དམ་བཅའ་དེ་རྡོ་ལ་རི་མོ་བྲིས་པ་ལྟར་ཤི་ཡང་གཞན་དུ་མི་འགྱུར་བ་ཞིག་དགོས་མ་གཏོགས། ཕོ་ངན་གྱི་དམ་བཅའ་ཆུ་ལ་རི་མོ་བྲིས་པ་ལྟར་མ་བྱེད་གསུངས།

བཞི་པ་རྟེན་གྱི་སྟོབས་ནི། བདེ་བར་གཤེགས་པ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་སྤྱན་སྔར་མཁྱེན་པ་གསོལ་ཞིང་བཤགས་ན། བདག་གི་རྒྱུ་སྡིག་པ་མི་དགེ་བའི་ཚོགས་འདི་ལས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། སྙམ་དུ་བཤགས་ན་བཤགས་ནུས་ཏེ། བཤགས་ན་འདགས་པ་སྡིག་པའི་ཡོན་ཏན་ཟེར་བ་ལྟར། མདོ་སྡེ་ལས་རྣམ་འབྱེད་ལས། ཤིན་ཏུ་མི་ཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨད་པས་སྲབ་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩད་ནས་བཏོན་པ་བཞིན། །ཞེས་གསུངས་པ་དེའི་ཕྱིར་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པའི་ལས་ལ་འཇུག་པར་ཞུ་ཞེས་བསྐུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟག་པར་བླ་མ་སོགས་ཕྱག་དང་བཅས་ཏེ་ལྟུང་བཤགས་དང་། སྤྱི་བཤགས་གཉིས་ཚར་གསུམ་རེ་དང་། དེ་ནས་གཞུང་གི །ཕ་མས་ཐོག་དྲངས། སོགས་ནས། བྱིན་གྱིས་རློབས། །བར་འདོན། ལུས་ཀྱི་ལས་ནི་སོགས་དང་། ཚུལ་ཁྲིམས་རྣམ་དག་གི་གཟུངས་ཚར་བདུན་གྱི་རྗེས། ཁྲིམས་ཀྱི་ཚུལ་ཁྲིམས་སོགས་དང་། གཞན་གནོད་གཞིར་བཅས་སོགས་ཀྱང་འདོན།

བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། གཞན་དག་གིས་དགེ་བ་བྱེད་པ་མཐོང་བ་དང་ཐོས་པ་སོགས་ལ་ཁ་ཙམ་མིན་པར་སེམས་དགའ་སྤྲོ་དང་བཅས་ཏེ་རྗེས་སུ་ཡི་རང་བར་བྱས་ན། དེ་ཡི་དགེ་བ་ཚད་མེད་པར་ཐོབ་པ་མདོ་ལས་གསུངས་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན། །ཞེས་གསུངས་པ་ལྟར། ཡུལ་གང་ལ་རྗེས་སུ་ཡི་རང་བར་བྱེད་ན་འཕགས་པའི་སྐྱེ་བོ་རྣམས་དང་། སོ་སོའི་སྐྱེ་བོ་དང་བཅས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལམ་དང་འབྲས་བུས་བསྡུས་པ་གང་བསྒྲུབས་པ་ཀུན་ལ་སྙིང་ནས་དགའ་བས་རྗེས་སུ་ཡི་རངས་ཤིང་། ཁྱད་པར་ལུས་ངག་གི་དགེ་བཅུ་ཁྱད་པར་བས་བསྡུས་པ། ལུས་ཀྱི་སྒོ་ནས་སྲོག་གཅོད་སྤངས་ཏེ་གཞན་གྱི་སྲོག་སྐྱོབ་པ་དང་། མ་བྱིན་ལེན་སྤངས་ཏེ་དབུལ་ཕོངས་ལ་སྦྱིན་པ་གཏོང་བ། ལོག་གཡེམ་སྤངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་སྡོམ་པ་སྲུང་བ་དང་། ངག་གི་སྒོ་ནས་རྫུན་སྤངས་ཏེ་བདེན་པར་སྨྲ་བ། ཕྲ་མ་སྤངས་ཏེ་ཕན་ཚུན་འཁོན་པ་སྡུམ་པ། ཚིག་རྩུབ་སྤངས་ཏེ་གཏམ་ཐམས་ཅད་ཞི་དུལ་དྲང་པོར་སྨྲ་བ། ངག་འཆལ་སྤངས་ཏེ་འདི་ཕྱིར་དོན་དང་ལྡན་པའི་ཆོས་ཀྱི་གཏམ་བརྗོད་པ། ཡིད་ཀྱི་སྒོ་ནས་བརྣབ་སེམས་སྤངས་ཏེ་རྒྱུ་རྫས་ལ་འདོད་པ་ཆུང་ཞིང་ཆོག་ཤེས་པ། གནོད་སེམས་སྤངས་ཏེ་བྱམས་པ་དང་སྙིང་རྗེ་སྒོམ་པ། ལོག་ལྟ་སྤངས་ཏེ་རྒྱུ་འབྲས་ཟབ་མོའི་ཆོས་ལ་སྤྱོད་པ་སྟེ། དེ་ལྟ་བུའི་དགེ་བ་གང་བསྒྲུབས་པ་དེ་རྣམས་ཀུན་ལ་མི་དགའ་བའི་ཕྲག་དོག་སྤངས་ཏེ་སྙིང་ནས་དགའ་བས་རྗེས་སུ་ཡི་རང་བ་ནི། དཔེར་ན་སྔོན་དབུལ་མོ་གྲོང་ཉུལ་མས་རྒྱལ་པོ་གསལ་རྒྱལ་གྱི་དགེ་རྩ་ལ་ཡི་རང་བ་ལྟར་དང་།

ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཞིང་གང་ན་རྒྱལ་བ་གང་དག་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་ཆོས་མི་གསུང་བའི་ཚུལ་གྱིས་བཞུགས་པ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་མཛད་དུ་གསོལ་ཞེས་བསྐུལ་ཞིང་གསོལ་བ་འདེབས་ན། མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས་ཏེ་ཞལ་གྱིས་བཞེས་པར་མཛད་དུ་གསོལ་ཞེས། དཔེར་ན་སྔོན་སྟོན་མཆོག་ཐུབ་པའི་དབང་པོར་ཚངས་པ་དང་བརྒྱ་བྱིན་གྱིས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་དང་།

དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། སྔོན་སྟོན་པ་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདའ་བར་བཞེད་པ་ལ་དགེ་བསྙེན་ཙུན་དྷས་བཞུགས་པར་གསོལ་བ་བཏབ་པ་ལྟར། འཇིག་རྟེན་གྱི་ཁམས་གང་ན་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་དང་། སྲས་བྱང་ཆུབ་སེམས་དཔའ་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་དགེ་བའི་བཤེས་གཉེན་གྱི་ཚོགས་དང་བཅས་པ་གང་དག་རེ་ཞིག་སྐུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ལ། བསྐལ་པ་གྲངས་མེད་པའི་བར་དུ་བཞུགས་པར་གསོལ་བའོ། །

ཚོགས་བསགས་པའི་ཡན་ལག་བདུན་པ་བསྔོ་བའི་ཡན་ལག་ནི། གང་བསྔོ་རྒྱུའི་དགེ་རྩ་ནི་ད་ལྟ་ཡོངས་སུ་བསྒྲུབས་པར་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད། གང་གི་ཆེད་དུ་བསྔོ་ན་འགྲོ་བ་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་སྟེ། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག་ཞེས་མཐར་ཐུག་རྫོགས་བྱང་ཐོབ་པར་བསྔོ་བ་དང་། གནས་སྐབས་སུ་ཡང་དེ་ལྟ་བུའི་དགེ་བ་བདག་གི་རྒྱུད་ལ་ཡོངས་སུ་སྨིན་ཏེ། ཚེ་འདིར་ཡང་དུས་མིན་གྱི་འཆི་བ་བཅོ་བརྒྱད་ཡོངས་སུ་ཞི་ནས་ཚེ་རིང་ཞིང་ནད་མེད་པར་འདོད་དགུའི་དཔལ་འབྱོར་རབ་ཏུ་རྒྱས་ཏེ། བདུད་དགྲའི་འཚེ་བ་མེད་པར་དམ་པའི་ཆོས་ལ་ཐོས་བསམ་སྒོམ་པས་ཡོངས་སུ་སྤྱོད་ཅིང་བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་སྟེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། དེའི་སྟོབས་ཀྱིས་འགྲོ་བ་སེམས་ཅན་ཀུན་ཀྱང་གནས་སྐབས་ཕན་པ་ལྷ་དང་མིའི་དཔལ་འབྱོར་དང་། མཐར་ཐུག་བདེ་བ་བྱང་ཆུབ་ཆེན་པོར་འགོད་པ་སོགས་ཀྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་སྟེ། མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག་ཅིག་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། གཞན་གྱི་དགེ་བ་བྱེད་པ། སོགས་ནས། མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །ཅེས་པའི་བར་གདོན་པར་བྱའོ། །

ཁ༣ རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

རྒྱུ་གསུམ་པ་གྲོགས་བྱང་ཆུང་ཏུ་སེམས་བསྐྱེད་པ་ནི་སྔར་སྦྱོར་བ་སེམས་བསྐྱེད་དམ་པའི་ཁོངས་སུ་འདུས་སོ། །

ཀ༣ ཐ་མར་དགེ་བ་མཇུག་གི་དོན།

ཁ༡ རྒྱུ་བཞི་བ་བསྔོ་བ་སྨོན་ལམ།

ཐ་མར་དགེ་བ་མཇུག་གི་དོན། རྒྱུ་བཞི་པ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པ་ནི། དེ་ལྟར་གྲོགས་བྱང་ཆུབ་སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ། རྟེན་ཚོགས་ཞིང་གསལ་བཏབ་ཅིང་། རྒྱུ་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་པའི་དགེ་བའི་སྟོབས་ཀྱིས་བདག་དང་བདག་ལ་འབྲེལ་བ་ཐོགས་ཚད་ནམ་ཞིག་འདི་ནས་ཚེ་འཕོས་མ་ཐག་ཏུ་སྤྲུལ་པའི་སངས་རྒྱས་འོད་དཔག་མེད་དགེ་སློང་གི་དགེ་འདུན་གྱི་འཁོར་གྱིས་བསྐོར་ནས་མདུན་དུ་མངོན་སུམ་དུ་བྱོན་ཏེ་བསུ་བའི་སྣང་བ་ཤར་ཞིང་དེ་མཐོང་བའི་མོད་ལ། ཡིད་དགའ་ཡ་ལེ། སྣང་བ་སྐྱིད་དུང་ངེ། རིག་པ་སྤྲོ་སང་ངེར་གྱུར་ཏེ་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་ཞི་ནས། བར་དོའི་སྡུག་བསྔལ། ཕྱི་མ་ངན་འགྲོའི་སྡུག་བསྔལ་སྤུ་ཙམ་མེད་པར་གྲོགས་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་པོ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁའ་ཡངས་པའི་ལམ་ནས་འབྱོན་པར་མཛད་པ་དག་དང་འགྲོགས་ཏེ་སོང་ནས་ཞིང་མཆོག་བདེ་བ་ཅན་དུ་འགྲོ་བའི་ལམ་སྟོན་ཅིང་ལམ་སྣ་འདྲེན་པར་ཤོག་ཅེས་སྨོན་པ་དང་། དེ་ལྟར་བདེ་བ་ཅན་དུ་སྐྱེ་བའི་བར་ཆད་དུ་གྱུར་པ་ཆགས་ཞེན་གྱི་འཁྲི་བ་གཅོད་དགོས་པས། བཟོད་བླགས་མེད་པ་ངན་སོང་གསུམ་གྱི་སྡུག་བསྔལ་དང་། རྟག་བརྟན་མེད་པ་ལྷ་མིའི་བདེ་སྐྱིད་ལ་ཞེན་པ་སྦུ་ཙམ་མེད་པར་ཤིན་ཏུ་སྐྲག་པའི་བློ་སྐྱེས་ཏེ། ཡུན་རིང་འཁོར་བའི་སྡུག་བསྔལ་ཐོག་མཐའ་མེད་པ་འདི་ལ་སྐྱོ་བའི་སེམས་ཀྱིས་ཞེན་པ་ལོག་ཅིང་། ཁྱད་པར་ལྷ་མིའི་ལུས་རྟེན་ཙམ་ཐོབ་ཀྱང་དེང་སང་དུས་ངན་སྙིགས་མའི་མཐའ་ལ་ཐུག་པས་བདེ་བའི་གོ་སྐབས་མེད་ཅིང་རེ་ཞིག་བདེ་བ་ལྟར་སྣང་ཡང་། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ལ་ལོངས་སྤྱོད་པ་བཞིན་དུ་མཐར་ཐུག་སྡུག་བསྔལ་གྱི་རྒྱུར་གྱུར་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དུ་ཤེས་ཏེ། འདོད་པ་སྤུ་ཕམ་མེད་པ་དང་། ཉེ་དུ་དང་ཟས་ནོར་མཐུན་གྲོགས་རྣམས་ཀྱང་འདུས་མཐའ་བྲལ་བའི་ཆོས་ཅན། བསགས་མཐའ་འཛད་པའི་ཆོས་ཅན་གྱི་མི་རྟག་སྒྱུ་མའི་ངང་ཚུལ་དུ་ཤེས་ཏེ་ཆགས་ཞེན་སྤུ་ཙམ་མེད་པ་དང་། ས་ཆ་དང་ཡུལ་རིས་ཁང་ཁྱིམ་རྣམས་ཀྱང་འདུག་པའི་གནས་མི་རྟག་སྟེ་ཤུལ་དུ་ལུས་པའི་ཆོས་ཅན། བརྩིགས་པའི་མཁར་མི་རྟག་པར་གྱང་རལ་དུ་འཇིག་པའི་ཆོས་ཅན་ཏེ། དཔེར་ན་ཡང་རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར་ཅི་ལ་ཡང་བདེན་མེད་དུ་ཤེས་ཤིང་། གང་ལ་ཡང་དགོས་མེད་དུ་ཤེས་ཏེ། ཐར་པའི་དུས་མེད་པ་འཁོར་བའི་བཙོན་དོང་ཆེན་པོ་འདི་ལས་དཔེར་ན་ཡང་ཉེས་ཆེན་གྱི་མི་བཙོན་ཁང་ནས་ཐར་པ་ལྟར་ཆགས་ཞེན་ཐམས་ཅད་སྤོང་དགོས་མ་གཏོགས། སྔོན་དགེ་ཚུལ་ཞིག་ལྷུང་བཟེད་ལ་ཆགས་པས་དེའི་ནང་དུ་སྦྲུལ་དུ་སྐྱེས་པ་དང་། བླ་མ་གཅིག་ཞིང་ཁམས་སུ་བྱོན་ཚེ་ཤུལ་དུ་གྲྭ་སློབ་རྣམས་ཀྱིས་རོལ་མོ་བརྡུངས་པའི་སྒྲས་ཆགས་ཞེན་མ་ཆོད་པར་བར་དོར་འོ་བརྒྱལ་གཟིགས་པ་སོགས་ལོ་རྒྱུས་མང་དུ་ཡོད། དེས་ན་བྱ་རྒོད་རྙི་ལས་ཐར་པ་བཞིན་རྣམ་ཤེ་ཐོགས་མེད་རླུང་གི་ཤུགས་ཅན། དགེ་བའི་རླུང་གིས་བསྐྱོད། སྨོན་ལམ་གྱིས་མདུན་བསུས། དད་སྤྲོའི་ཤུགས་ཕྱུང་སྟེ་བྱ་ངང་བའི་རྒྱལ་པོ་འཕུར་ལྡིང་གཡོ་བ་ལྟར་དུ། འདི་ནས་ནུབ་ཀྱི་ཕྱོགས་རོལ་གྱི་ནམ་མཁའ་ཡངས་པའི་ལམ་ནས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་མྱུར་ཞིང་རིངས་པའི་ཚུལ་གྱིས་སྐད་ཅིག་ཡུད་ཙམ་ལ་བགྲོད་པར་བྱས་ནས་ཞིང་མཆོག་བདེ་བ་ཅན་དུ་ཕྱིན་པར་ཤོག་ཅིག །ཕྱིན་ནས་ཀྱང་སྐྱེ་གནས་བཞི་ཡི་མཆོག་ཏུ་གྱུར་པ་མེ་ཏོག་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེས་ཤིང་། སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་ཕྱེས་ཏེ། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མཚན་དཔེའི་ཞལ་མཇལ། གསུང་ཚངས་པའི་དབྱངས་ཉན། ཐུགས་མཁྱེན་བརྩེའི་སྟོབས་ཀྱིས་དགོངས་ནས་དབུགས་དབྱུང་གསུང་གི་ལུང་བསྟན་ཐོབ་སྟེ་ཟབ་ཅིང་རྒྱ་ཆེའི་ཆོས་ཀྱིས་རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག་ཅིག །

གཞན་ཡང་ཉི་མ་རེ་རེ་བཞིན་དུ་ཞིང་རབ་འབྱམས་གཞན་དང་གཞན་ནས་སངས་རྒྱས་དང་བྱང་སེམས་གྲངས་མེད་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་བལྟ་ཞིང་མཆོད་པའི་ཕྱིར་བྱོན་པ་དེ་དག་ལ་ཡང་བསྙེན་ཅིང་བཀུར་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་རྒྱ་ཆེན་པོ་ཐོབ་པ་དང་། གཞན་ཡང་དག་པའི་ཞིང་གཞན་དུ་འགྲོ་བར་སྨོན་པ་ནི། རྫུ་འཕྲུལ་ཐོགས་པ་མེད་པའི་སྟོབས་ཀྱིས་སྔ་དྲོའི་ཆ་ལ་ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་དང་། ལྷོ་ན་དཔལ་དང་ལྡན་པའི་ཞིང་། བྱང་ལས་རབ་རྫོགས་པའི་ཞིང་། དབུས་སྟུག་པོ་བཀོད་པའི་ཞིང་རྣམས་སུ་སོང་སྟེ། ཞིང་དེ་དག་ན་བཞུགས་པའི་སངས་རྒྱས་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན། དོན་ཡོན་གྲུབ་པ་དང་། རྣམ་པར་སྣང་མཛད་དེ་རིགས་ལྔའི་སངས་རྒྱས་རྣམས་ལས་དབང་དང་བྱིན་རླབས་ཟབ་མོ་ཞུ་ཞིང་མཆོད་སྤྲིན་དུ་མས་མཆོད་པར་བྱས་ཏེ། ཕྱི་དྲོའི་ཆར་ཉེ་བ་ན་རང་གནས་བདེ་བ་ཅན་དུ་དཀའ་ཚེགས་མེད་པར་སླེབས་པ་དང་། དེ་བཞིན་དུ་ལྷོ་ཕྱོགས་པོ་ཊ་ལ་དང་། བྱང་ཤར་ན་ལྕང་ལོ་ཅན། ལྷོ་ནུབ་ཏུ་རྔ་ཡབ་དཔལ་རི། ནུབ་ཕྱོགས་ན་ཨོ་རྒྱན་མཁའ་འགྲོའི་ཡུལ་སོགས་སྤྲུལ་པའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རྣམས་སུ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ། ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་། རྡོ་རྗེ་རྣལ་འབྱོར་མ་སོགས་སྤྲུལ་པའི་རྣམ་རོལ་བྱེ་བ་ཕྲག་བརྒྱ་སོགས་མཇལ་ཞིང་། མཆོད་པ་རྒྱ་མཚོས་མཆོད་ནས་དབང་དང་གདམས་པ་ཟབ་མོ་ཞུས་ཏེ་མྱུར་དུ་རང་གནས་བདེ་བ་ཆེན་པོའི་ཞིང་དུ་ཐོགས་པ་མེད་པར་ཕྱིན་པར་ཤོག་ཅིག །དེ་ཡང་འོད་མདོ་ལས། རྫུ་འཕྲུལ་སྟོབས་ཀྱིས་ཞིང་མང་སོང་ནས་ནི། །སངས་རྒྱས་བྱེ་བ་མང་ལ་མཆོད་བྱས་ཏེ། །བདེ་བར་གཤེགས་ལ་མཆོད་པ་བྱས་ནས་ནི། །དྲོ་ཁར་བདེ་བ་ཅན་དུ་སླར་ཡང་འོང་། །ཞེས་གསུངས་པ་ལྟར་རོ། །

གཞན་ཡང་མ་དག་པའི་ཞིང་གི་གདུལ་བྱ་རྗེས་སུ་འཛིན་པར་སྨོན་པ་ནི་རང་གི་ཤུལ་གྱི་ཉེ་དུ་དང་གྲྭ་སློབ་སོགས་ཀྱང་ལྷ་ཡི་མིག་གིས་གསལ་བར་མཐོང་ནས་ཚེ་འདིར་སྲུང་སྐྱོབ་དང་བྱིན་གྱིས་རློབ་ཅིང་། དེ་དག་འཆི་བའི་དུས་ཀྱི་ཚེ་ལམ་སྟོན་ལམ་སྣ་དྲངས་ཏེ་རང་གནས་བདེ་བ་ཆེན་པོའི་ཞིང་དེར་ཁྲིད་ནུས་པར་ཤོག་ཅིག །དེ་ལྟ་བུའི་ཚུལ་གྱིས་བདེ་བ་ཅན་གྱི་བསྐལ་པ་གྲངས་མེད་པའི་བར་དུ་ཞིང་དེར་རྟག་ཏུ་གནས་ཤིང་སྐབས་སྐབས་སུ་འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་བ་བྱམས་པ་མགོན་པོ་ནས་བཟུང་སྟེ་སངས་རྒྱས་མོས་པའི་བར་དུ་བསྐལ་པ་བཟང་པོ་འདི་ཡི་སངས་རྒྱས་རྣམས་ནམ་བྱོན་པའི་དུས་ཀྱི་ཚེ་རང་ཉིད་ཀྱང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཞིང་འདིར་འོང་སྟེ། སངས་རྒྱས་དེ་དག་རྣམས་ཀྱི་མཚན་དཔེའི་ཞལ་མཇལ་ཞིང་ཚངས་པའི་གསུང་གི་ཆོས་ཉན་ཏེ། སླར་ཡང་རང་གནས་བདེ་བ་ཆེན་པོའི་ཞིང་དེར་རྫུ་འཕྲུལ་ཐོགས་པ་མེད་པའི་སྟོབས་ཀྱིས་འགྲོ་ནུས་པར་ཤོག་ཅིག་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། བདག་དང་བདག་ལ། སོགས་ནས། ཐོགས་པ་མེད་པར་འགྲོ་བར་ཤོག །ཅེས་པའི་བར་འདོན།

གཞན་ཡང་ཞིང་གི་བཀོད་པའི་ཡོན་ཏན་ཡིད་ལ་བྱས་ཏེ་སྤྱིར་སྨོན་པ་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་གི་ཡོན་ཏན་དང་བཀོད་པ་ཐམས་ཅད་གཅིག་ཏུ་བསྡོམས་པ་བས་ཀྱང་ཆེས་ལྷག་པའི་ཞིང་ཁམས་བདེ་བ་ཅན་གྱི་ཡོན་ཏན་གྱི་ཁྱད་པར་ནི་བསམ་ལས་འདས་ཀྱང་། རེ་ཞིག་མདོར་མཚོན་ཙམ་བརྗོད་ན། ཞིང་ཁམས་དེ་ཡི་ས་གཞིའི་ཁྱད་པར་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་བཟང་པོ་མེ་ལོང་གི་ངོས་ལྟར་ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བ། གསལ་ཞིང་འོད་ཟེར་འཕྲོ་བ། མནན་ན་ནེམ་ཞིང་བཏེག་ན་འཕར་པར་བྱེད་པ་དང་། ཤིང་གི་ཁྱད་པར་ཡང་རྩ་བ་གསེར་ལས་བྱས་ཤིང་སྡོང་པོ་དངུལ་ལས་གྲུབ་པ། ཡལ་ག་བེེཌཱུརྱ་ལ་སོགས་པ་རིན་པོ་ཆེའི་རིགས་དུ་མ་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་དང་ལོ་འདབ་རྣམས་ལ་དར་ཟབ་ཀྱི་ཅོད་པན་དང་། འབྲས་བུ་ལ་རིན་པོ་ཆེ་སྣ་ཚོགས་པའི་དྲྭ་བ་དང་དྲྭ་ཕྱེད་གཡེར་ཁ་དང་དྲིལ་བུའི་འཕྱང་འཕྲུལ་གྱིས་བརྒྱན་པའི་སྟེང་དུ་ནེ་ཙོ་མི་སྐད་སྨྲ་བ་སོགས་བྱ་རིགས་སྣ་ཚོགས་པ་གཡུ་ཡི་མདོག་ལྟར་སྔོ་བ། བྱི་རུའི་མདོག་ལྟར་དམར་བ། དུང་གི་མདོག་ལྟར་དཀར་བ་སོགས་ཀྱི་མགྲིན་པའི་ལམ་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྙན་པར་སྒྲོག་པས་གང་བ་དང་། ཞིང་དེ་ཡི་ཆུ་དང་མེ་ཏོག་གི་བཀོད་པའི་ཁྱད་པར་ཡང་དྲི་ཞིམ་སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་གྱིས་གང་བའི་མཚོ་དང་རྫིང་བུ་ལྡིང་ཀ་དང་དལ་གྱིས་བབས་པའི་ཆུ་བོ་དང་། བདུད་རྩིའི་རང་བཞིན་ཅན་གྱི་ཁྲུས་ཀྱི་རྫིང་བུ་ཡིད་དུ་འོང་བར་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཐེམ་སྐས་དང་ཕ་གུས་མཛེས་པ་ལ་ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་སྟོང་ལྡན། ཀུ་མུ་ད་སོགས་དྲི་ཞིམ་གྱི་འབྲས་བུར་ལྡན་ཞིང་། པདྨའི་རྩེ་ལས་འོད་དང་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོ་བ། འོད་ཟེར་རེ་རེའི་རྩེ་ལས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་འཕྲོ་བ་སོགས་ཡ་མཚན་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། བཅུད་ཀྱི་ཁྱད་པར་ནི། ཞིང་མཆོག་དེ་ན་མི་ཁོམ་བརྒྱད་པོ་དང་། ངན་སོང་གསུམ་དང་དུག་ལྔ་དུག་གསུམ་ནད་གདོན་དབུལ་ཕོངས་སོགས་ཀྱི་མིང་ཙམ་མི་གྲགས་པ་དང་། རྟེན་དམན་པ་བུད་མེད་ཀྱི་རིགས་མེད་པ། ཀུན་ཀྱང་པདྨའི་སྦུབས་ནས་བརྫུས་ཏེ་སྡུ་འཁྲུངས་ཤིང་ཐམས་ཅད་ཀྱང་སྐུ་ལུས་ཁྱད་མེད་གསེར་ཀྱི་མདོག་ཅན་དབུ་ལ་གཙུག་ཏོར་སོགས་མཚན་དཔེས་བརྒྱན་པ། ཐུགས་ལ་མངོན་པར་ཤེས་པ་ལྔ་དང་སྤྱན་ལྔ་ལྡན་པ་ཤ་སྟག་སྟེ། ངོ་མཚར་བའི་ཡོན་ཏན་དང་ལྡན་པ་དང་།

ཞིང་དེ་ཡི་གནས་ཁང་སོགས་ལོངས་སྤྱོད་ཀྱི་ཁྱད་པར་ཡང་མ་བྱས་རང་བྱུང་གི་གཞལ་མེད་ཁང་རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་རྒྱན་བཀོད་ཕུན་སུམ་ཚོགས་པ་དང་། གོས་རྒྱན་སོགས་ཡོ་བྱད་ཕུན་སུམ་ཚོགས་པ་རྩོལ་སྒྲུབ་ལ་མ་ལྟོས་པར་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་ང་ཁྱོད་ཀྱི་བདག་འཛིན་མེད་པ། གང་འདོད་ཀྱི་མཆོད་སྤྲིན་རབ་འབྱམས་བསམ་པ་ཙམ་གྱིས་ལག་པའི་མཐིལ་ནས་འབྱུང་ཞིང་། ཐམས་ཅད་ཀྱང་བླ་མེད་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་སོགས་བདེ་སྐྱིད་ཀུན་འབྱུང་གི་ཞིང་ཁམས་ཆེན་པོ་དེ་ཡི་ཕྱོགས་དང་ཕྱོགས་མཚམས་རྣམས་ནས་དྲི་ཞིམ་པོའི་རླུང་གིས་བསྐྱོད་པའི་མེ་ཏོག་གི་ཆར་པ་སིབ་སིབ་ཏུ་འབབ་པ། གཞན་ཡང་ཐ་མལ་གྱི་བུད་མེད་མེད་ཀྱང་ཤིང་དང་པདྨ་ཆུ་ཀླུང་སོགས་ལས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་གཟུགས་སོགས་ཡིད་འོང་གི་མཆོད་སྤྲིན་དུ་མས་རྟག་ཏུ་མཆོད་པ། གཞན་ཡང་གནས་མལ་གྱི་ཁྱད་པར་ཡང་འདུག་པར་འདོད་ཚེ་རིན་པོ་ཆེའི་གཞལ་ཡས་ཁང་དང་། ཉལ་བར་འདོད་ཚེ་རིན་པོ་ཆེ་ལས་གྲུབ་པའི་མལ་ཁྲི་བཟང་པོ་ལ། དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས་པ་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་ཞིང་། དེ་བཞིན་དུ་ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཁྱད་པར་ཡང་ཞིང་དེ་ན་སྤྲུལ་པའི་བྱ་དང་ལྗོན་ཤིང་ཆུ་ཀླུང་དང་རོལ་མོ་སོགས་ལས་ཀྱང་ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་ལྷང་ལྷང་སྒྲོག་ཅིང་། ཏིང་འཛིན་ལ་འཇུག་པའི་སྐབས་སོགས་སུ་མི་འདོད་ཚེ་ན་སྒྲ་ཙམ་ཡང་རྣ་བར་མི་སྒྲོག་པ་དང་། གཞན་ཡང་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་དང་ཆུ་ཀླུང་དེ་དག་རྣམས་ཀྱང་དྲོ་གྲང་གང་འདོད་ཐམས་ཅད་ཡིད་ལ་བསམ་པ་ཕམ་གྱིས་འབྱུང་བ་སོགས། ཡོན་ཏན་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཞིང་མཆོག་བདེ་བ་ཅན་དེ་རུ་ད་ལྟ་འདི་ནས་ཚེ་འཕོས་མ་ཐག་ཏུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་སྐྱེ་བར་ཤོག་ཅིག་སྙམ་དུ། ཚེ་འདིའི་ཆགས་ཞེན་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་དེ་ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་འདུན་པ་དང་སྨོན་ལམ་རྣམ་པར་དག་པ་འདི་དུས་དང་གནས་སྐབས་ཐམས་ཅད་དུ་གལ་ཆེ། ད་ལྟའི་དུས་འདིར་གང་ལའང་མི་ཆགས་པ་དང་ཅིས་ཀྱང་དགོས་མེད་དུ་ཤེས་པ་ཞིག་མ་བྱུང་ཚེ། མི་འགའ་ཞིག་གིས་འཆི་ཁར་མི་ཆགས་ཟེར་ཡང་ཤིན་ཏུ་དཀའ་སྟེ་ད་ལྟ་བས་ཀྱང་འཆི་ཁ། འཆི་ཁ་བས་ཀྱང་བར་དོའི་རིག་པ་དགུ་འགྱུར་གྱིས་གསལ་བས་དེ་དུས་རྟོག་ངན་སྐད་ཅིག་ཙམ་གྱིས་ཀྱང་ལུས་ངན་རེ་བླངས་ཏེ་སྡུག་བསྔལ་མི་ཟད་པ་མྱོང་དགོས་པའི་ཚུལ་གྱི་ལོ་རྒྱུས་མང་དུ་ཡོད། དེ་བཞིན་དུ་དགེ་བ་ཆེ་ཕྲ་ཅི་ཞིག་བསྒྲུབས་ཀྱང་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པ་འདི་ཤིན་ཏུ་གལ་ཆེ་སྟེ། ད་ལྟར་ནས་བསྔོ་སྨོན་གྱིས་མཚམས་མ་སྦྱར་ན་དགེ་བ་ཅི་ཙམ་བསྒྲུབས་པའི་གང་ཟག་ཡིན་ཡང་འཆི་ཁར་ལོག་སྨོན་རེས་མཚམས་སྦྱར་ནས་ལུས་ངན་མི་ཟད་པ་བླངས་སོང་བའི་ལོ་རྒྱུས་ཀྱང་མང་། དེས་ན་མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་ཉམས་སུ་བླངས་ན། ཞི་བ་ལྷས། ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། །ཞེས་གསུངས་པ་ལྟར་རོ། །

ད་ནི་ཞིང་གི་ཡོན་ཏན་གཙོ་བོར་གྱུར་པ་བསྟན་པ་འཛིན་ཅིང་ཞབས་འབྲིང་དང་བསྙེན་བཀུར་བྱེད་པར་སྨོན་པ་ནི། ཞིང་དེར་ད་ལྟ་དངོས་སུ་བཞུགས་པའི་སངས་རྒྱས་འོད་དཔག་མེད་དང་། ནམ་ཞིག་དེ་ཡི་རྒྱལ་ཚབ་སྤྱན་རས་གཟིགས་དང་། དེ་ཉིད་མངོན་པར་སངས་རྒྱས་ཏེ་རྫོགས་པའི་སངས་རྒྱས་འོད་ཟེར་གྱིས་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་དང་། དེའི་རྒྱལ་ཚབ་དམ་པ་མཐུ་ཆེན་ཐོབ་དང་མཐར་དེ་ཉིད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བར་གྱུར་པ་སྟེ། དེ་དང་དེ་དག་རྣམས་ཀྱི་ཚེ་བསྟན་པ་ཡོངས་སུ་འཛིན་ཅིང་ཞབས་འབྲིང་དང་བསྙེན་བཀུར་ཡོངས་སུ་བྱེད་པར་ཤོག་ཅིག །ཅེས་དང་། དེ་ནས་མཐར་ཐུག་རང་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་སྨོན་པ་ནི། དེ་ནས་ནམ་ཞིག་བདག་རང་ཉིད་ཀྱང་ཞིང་དེ་ནས་ཚེ་བརྗེས་མ་ཐག་ཏུ་དག་པའི་ཞིང་ཁམས་དེའམ་དག་པའི་ཞིང་མཆོག་གཞན་ཞིག་ཏུ་མངོན་པར་སངས་རྒྱས་ནས་མགོན་པོ་འོད་དཔག་མེད་ཇི་ལྟ་བ་བཞིན་དུ་གྱུར་ཏེ། མཚན་ཐོས་པ་ཙམ་གྱིས་ཀྱང་འགྲོ་བ་ཀུན་སྨིན་ཅིང་གྲོལ་ནུས་ཤིང་སྤྲུལ་པ་གྲངས་མེད་པ་སྤྲོས་ཏེ་འགྲོ་བ་འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བ་དང་། གནས་སྐབས་སུ་ཡང་ཆོས་སྐུ་སྣང་བ་མཐའ་ཡས་དང་འོད་དཔག་མེད་སོགས་མཚན་གྱི་རྣམ་གྲངས་རྣམས་འཛིན་ཅིང་གསོལ་བ་བཏབ་པས་མེ་ཆུ་དུག་མཚོན་སོགས་འཇིགས་པ་ཆེན་པོ་བརྒྱད་ལས་གྲོལ་ནུས་པར་ཇི་སྐད་གསུངས་པའི་བདེན་འབྲས་བསླུ་མེད་མངོན་དུ་འགྱུར་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་སྨོན་ལམ་གྱིས་རྒྱས་འདེབས་དགོས། དེ་ལ་སངས་རྒྱས་འོད་དཔག་མེད་ཀྱི་མཚན་བཟུང་བ་ཙམ་གྱིས་གནས་སྐབས་དང་མཐར་ཐུག་ཕན་བདེ་འབྱུང་བའི་ཡོན་ཏན་ཚད་མེད་པ་ཡོད་པར་འཆི་མེད་རྔ་སྒྲ་དང་། ཚེ་མདོ་སོགས་མདོ་སྡེ་དུ་མ་ནས་ཡང་ནས་ཡང་དུ་རྒྱ་ཆེར་གསུངས་པས་ཞིང་ཁྲིད་རེ་ཐོབ་པའི་དོན་པོ་རེ། དུས་རྒྱུན་དུ་ཉི་མ་རེ་རེ་བཞིན་འོད་དཔག་མེད་ཀྱི་མཚན་ཉུང་མཐའ་ཡང་བརྒྱ་རྩ་རེ་ཙམ་མ་ཆགས་པར་འདོན་པ་དང་། དེ་ལྟར་རང་དོན་དུ་མི་ངོ་མི་གཅོག་པར་ཁས་ལེན་རེ་བྱས་ན་རང་དྲིན་རང་ལ་ཆེ་བ་ཡིན། མདོར་ན་མདོ་ལས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡིས་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་འོད་དཔག་མེད་པའི་མཚན་བཟུང་ཞིང་རྒྱུ་བཞི་ཡོངས་སུ་གྲུབ་པའི་སྟོབས་ཀྱིས་བདག་གཞན་སེམས་ཅན་ཐམས་ཅད་ཞིང་མཆོག་བདེ་བ་ཅན་དུ་སྐྱེས་ཏེ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་བརྩེས་རྗེས་སུ་བཟུང་བའི་སྟོབས་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས། སྒྲིབ་གཉིས་རྣམ་པར་བྱང་སྟེ་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་བྱང་ཆུབ་མཆོག་གི་གོ་འཕང་མངོན་དུ་འགྱུར་བར་ཤོག་ཅིག་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག །སོགས་དང་། སངས་རྒྱས་སྐུ་གསུམ། སོགས་སྨོན་ལམ་འགྲུབ་པའི་མཐུན་འགྱུར་བདེན་ཚིག་དང་། དཀོན་མཆོག་གསུམ་ལ་སོགས་གཟུངས་སྔགས། གཞན་ཡང་ཕྱག་གི་འགྱུར་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲཱི་ཡེ། སོགས་གདོན་པར་བྱའོ།། །།

འདིར་སྨྲས་པ། ལྗོངས་འདིའི་སྐལ་བཟང་འགྲོ་བའི་མགྲོན་ཆེན་ལ། །རྨད་བྱུང་བདེ་ཆེན་ལམ་བཟང་གསལ་བའི་གཉེན། །བདེ་ཆེན་ཞིང་ཁྲིད་ཉི་ཟླའི་དཀྱིལ་འཁོར་ཆེ། །ཐོག་མར་འདྲེན་པའི་ཤིང་རྟ་ཆོས་ཀྱི་དབང་། །གང་གི་གསུང་སྒྲོས་ཞལ་ནས་རྣ་བ་རུ། །མཉན་པའི་ཚུལ་ལུགས་དེ་འདྲ་མ་འཚལ་ཡང་། འཁྲུལ་བྲལ་ཞལ་རྒྱུན་ཇི་བཞིན་པ་ཡི་ཚུལ། །མ་ཉམས་དྲན་དབང་རྒན་པོར་ངེས་ཇི་བཞིན། །ཤཱཀྱའི་དགེ་སློང་ཤར་ཕྱོགས་དྭགས་པོ་པ། །མདོ་སྔགས་བསྟན་པའི་ཉི་མར་མངྒ་ལས། །གསུང་བསྐུལ་མ་བཟློགས་ཙམ་དུ་བྲིས་པའི་དགེས། །འགྲོ་ཀུན་བདེ་ཆེན་ཞིང་དེར་མངོན་གྱུར་ཅིག། སརྦ་མངྒ་ལཾ།། །།

རྣམ་གྲོལ་བདེ༷་ཆེ༷ན་བགྲོད་ལ་མྱུར་བའི་ལམ། །མེད་ཐབས་བྲལ་བའི་ཞིང་ཁྲིད་གནད་བསྡུས་འདི། །པདྨ༷་འོ༷ད་གས༷ལ་པར་དུ་བསྒྲུབས་པའི་དགེ། འགྲོ་རྣམས་ཞིང་མཆོག་དེ་རུ་སྐྱེ་ཕྱིར་བསྔོ། །དགེའོ། །དགེའོ། །དགེའོ། །

སུམ་རྟགས་ཀྱི་སྡོམ་སྡོམ་བྱང་།

༄༅། །སུམ་རྟགས་སྡོམ་བྱང་བཞུགས་སོ། །

ཤེས་རབ་སྟོང་དང་ཐབས་སྣང་བ། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཀཱ་ལིར་མིང་གཞི་སྔོན་རྗེས་གསུམ། །མིང་གཞི་ཀ་ནས་ཨ་ཡི་བར། །ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་། །ལྷག་མ་མོ་འོ་ནང་གིས་དབྱེ། །སྔོན་འཇུག་ག་ད་བ་མ་འ། །ག་ད་མ་ནིང་བ་ཡིག་ཕོ། །འ་མོ་མ་ནི་ཤིན་ཏུ་མོ། །མ་ནིང་གཉིས་ཀ་ད་ལྟར་ཆེད། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མོ་ནི་བདག་ད་མ་འོངས་པ། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །རྗེས་འཇུག་ག་ང་ད་ན་དང་། །བ་མ་འ་ར་ལ་ས་བཅུ། །ག་ད་བ་ས་ཕོ་ང་མ། །འ་མོ་མ་ནིང་ན་ར་ལ། །

དོན་གྱི་འཇུག་ཚུལ་སྔོན་འཇུག་བཞིན། །ཕོ་ཡིས་ཕོ་སོགས་མིང་མཐའ་འམ། །བརྗོད་བདེས་རྣམ་དབྱེ་ལ་སོགས་དྲང་། །རྣམ་དབྱེ་བརྒྱད་ནི་ངོ་བོ་ལས། །བྱེད་པ་ཆེད་དོན་འབྱུང་ཁུངས་དང་། །འབྲེལ་སྒྲ་རྟེན་གནས་བོད་པ་འོ། །གཞན་དབང་ཅན་གྱི་ཚིག་ཕྲད་བརྒྱད། །སླར་བསྡུ་ལ་དོན་ཨི་ལྡན་དང་། །རྒྱན་སྡུད་ལྷག་བཅས་འབྱེད་སྡུད་དང་། །འབྱུང་ཁུངས་བོད་པ་རིམ་བཞིན་དུ། །གོ་སོགས་བཅུ་དང་ད་དྲག་མཐར། །ཏོ་སྦྱར་བ་ནི་སླར་བསྡུ་འོ། །སུ་ར་རུ་དུ་ཏུ་ན་ལ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལྔ་ལ་འཇུག། ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། འ་དང་མཐའ་མེད་མཐར་རའམ་རུ། །གི་ཀྱི་གྱི་འི་ཡི་འབྲེལ་སྒྲ། །དེ་ལ་ས་སྦྱར་བྱེད་སྒྲ་འོ། །ད་བ་ས་དང་ད་དྲག་ཀྱི། །ན་མ་ར་ལ་གྱི་ག་ང་། །གི་དང་མཐའ་མེད་འི་འམ་ཡི། །ཀྱང་འང་ཡང་གསུམ་རྒྱན་སྡུད་དེ། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ག་ད་བ་ས་ད་དྲག་ཀྱང་། །སྐབས་འགར་ན་ཡི་རྗེས་སུའང་ཀྱང་། །ང་འ་ན་མ་ར་ལ་ཡང་། །མཐའ་རྟེན་མེད་མཐར་འང་ངམ་ཡང་། །ས་སྟེ་ཏེ་རྐྱང་དེ་ལྷག་བཅས། །མཚམས་སྦྱོར་དམ་བཅའ་གཞན་འདྲེན་ནོ། །ན་ར་ལ་ས་ད་དྲག་ཏེ། །ད་དེ་ག་ང་བ་མ་འ། །མཐའ་རྟེན་མེད་མཐར་ས་སྟེ་སྦྱར། །གམ་སོགས་བཅུ་དང་ད་དྲག་མཐར། །ཏམ་སྦྱར་འབྱེད་དང་སྡུད་པར་འགྱུར། །ནས་དང་ལས་ནི་འབྱུང་ཁུངས་ས། །དགར་དང་སྡུད་པའང་དེ་བཞིན་ནོ། །ཀྱེ་དང་ཀ་ཡེ་བོད་པ་འོ། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་ན་མ་འ་ར་ལ་དང་། །མཐའ་རྟེན་མེད་མཐར་ཞིང་སོགས་ལྔ། །ས་མཐར་ཞེས་དང་ཤིང་ཤེ་འོ། །ཤེ་ན་ཤིག་ཅེས་སྦྱར་བར་བྱ། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་ཡང་། །གཞན་ལ་པ་ཉིད་སྦྱར་བར་བྱ། །བདེ་འོ་ལ་སོགས་འོ་ཉིད་དང་། །སྤྱི་བོ་ལ་སོགས་བོ་ཉིད་དོ། །

རང་དབང་ཅན་གྱི་ཚིག་ཕྲད་ནི། །ནི་སྒྲ་དང་སྒྲ་དེ་སྒྲ་དང་། །སྤྱི་སྒྲ་བདག་སྒྲ་དགག་སྒྲ་དྲུག། ནི་སྒྲ་དགར་དང་བརྣན་པར་འགྱུར། །དང་སྒྲ་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལའོ། །དེ་སྒྲ་ཐ་སྙད་དབང་དུ་གསུམ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །སྤྱི་སྒྲ་གང་དང་སུ་སོགས་སོ། །བདག་པོའི་སྒྲ་ནི་པ་དང་པོ། །དགག་སྒྲ་མ་དང་མི་སོགས་སོ། །དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་དོན་ལས་ཤེས། །འདྲ་ནོར་ས་མཐར་ཡོད་མེད་སོགས། །ཚད་ལྡན་གཞུང་ལས་ཤེས་པར་བྱ། །དེ་སྐད་ཤར་ཕྱོགས་དྭགས་པོ་པ། །མདོ་སྔགས་བསྟན་པའི་ཉི་མས་བྲིས། །མངྒ་ལམ།། །།

སུམ་རྟགས་ཀྱི་ཚིག་འགྲེལ་ཉུང་བསྡུས་དབྱངས་ཅན་སྒྲ་དབྱངས།

༄༅། །བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་འཇུག་ཉུང་ངུའི་ཚིག་འགྲེལ་དབྱངས་ཅན་སྒྲ་དབྱངས་བཞུགས་སོ། །

སྲིད་དང་ཞི་བའི་སྒྲ་དབྱངས་ཇི་སྙེད་ཀུན། །བེེ་ཌཱུར་རྒྱུད་མངས་བསྒྲེངས་དང་ཆབས་ཅིག་པར། །དབྱངས་སུ་ལེན་མཁས་ངང་བའི་བུ་མོ་ཁྱོད། །ཁོ་བོའི་མགྲིན་པ་འོ་མའི་མཚོར་རོལ། །འདི་ན་ལེགས་བཤད་པད་ཚལ་ཡངས་པ་ལས། །དོན་ཟབ་སྙིང་པོའི་ཟིལ་མངར་བདུད་རྩིའི་བཅུད། གཅིག་བསྡུས་བདུད་རྩིའི་མཆོད་སྤྲིན་འདི་སྤྲོ་ཡིས། །བློ་གསལ་རྐང་དྲུག་ཚོགས་རྣམས་དགྱེས་པར་རོལ། །

དེ་ལ་འདིར་བོད་ཀྱི་བརྡ་སྤྲོད་སྙིང་པོར་བསྡུས་པ་འདི་ཉིད་འཆད་པ་ལ། གཞུང་དོན་དངོས་དང་། མཇུག་གི་དོན་ཏེ་གཉིས། དང་པོ་ལ། ཡི་གེའི་སྦྱོར་བ་སྤྱིར་བསྟན་པ་དང་། རྣམ་དབྱེ་དང་ཚིག་ཕྲད་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། བོད་ཀྱི་དབྱངས་གསལ་ཀྱི་ཡི་གེ་ངོས་བཟུང་བ་དང་། དེ་ལས་མིང་གཞི་སྔོན་རྗེས་ཀྱི་རྣམ་པར་གཞག་པ་གཉིས། དང་པོ་སྤྱིར་བོད་ཀྱི་ཡི་གེ་ལ། ཤེས་རབ་སྟོང་པ་ཉིད་དང་ཐབས་སྣང་བའི་ཆ་མཚོན་བྱེད་ཀྱི་ཡི་གེ་དབྱངས་མོ་ཡིག་ལ་ཨཱ་ལི་བཞི་སྟེ། ཨི་གི་གུ། ཨུ་ཞབས་ཀྱུ། ཨུ་འགྲེང་བུ། ཨོ་ན་རོ་རྣམས་དང་། གསལ་བྱེད་ཕོ་ཡིག་ཀཱ་ལི་སུམ་ཅུ་སྟེ། ཀ་ནས་ཨ་ཡི་བར་ཏེ་དབྱངས་གསལ་གཉིས་སོ། །

གཉིས་པ་ལ། མིང་གཞི། སྔོན་འཇུག །རྗེས་འཇུག་བཤད་པ་གསུམ། དང་པོ། སྤྱིར་ཀ་ལིར་ནང་གསེས་མིང་གཞི་དང་སྔོན་འཇུག་རྗེས་འཇུག་གསུམ་ལས། སྔོན་རྗེས་འཇུག་ཡུལ་གྱི་མིང་གཞི་ཀ་ནས་ཨ་ཡི་བར་སུམ་ཅུ་ཡིན་ཞིང་། དེ་ལ་ཡང་སྒྲ་དྲག་ཞན་གྱིས། ཀ་ཅ་ཏ་པ་ཙ་རྣམས་ཕོའི་ཡི་གེ་དང་། ཁ་ཆ་ཐ་ཕ་ཚ་རྣམས་མ༷་ནིང་གི་ཡི་གེ་དང་། དེའི་ལྷག་མ་ཉི་ཤུ་མོའི་ཡི་གེ་ཡིན་ཞིང་། དེ་ལ་ནང་གསེས་མོ་ཙམ་དང་། མོ་གཤམ། ཤིན་ཏུ་མོའི་དབྱེ་བ་ཤེས་པར་བྱའོ། །

གཉིས་པ་ནི། མིང་གཞིའི་སྔོན་དུ་འཇུག་པའི་ཡི་གེ་ག་ད་བ་མ་འ་ལྔ་སྟེ། དེ་ལ་མིང་གཞིར་འཇུག་པ་ན། སྒྲ་དྲག་ཞན་བར་མའི་དབང་གིས་ག་ད་གཉིས་མ་ནིང་། བ་ཡིག་ཕོ། འ་ཡིག་མོ་དང་། མ་ཡིག་ཤིན་ཏུ་མོའི་ཡི་གེ་ཡིན་ཞིང་། དེ་ཡང་གང་ལ་འཇུག་པར་བྱེད་ན་མིང་གཞིའི་ཡི་གེ་ཅི་རིགས་པ་ལ་འཇུག་ཅིང་། གང་གིས་འཇུག་ན་སྔོན་འཇུག་ལྔ་པོས། ཇི་ལྟར་འཇུག་ན་སྒྲ་དྲག་ཞན་བར་མའི་ཚུལ་གྱིས། ཅིའི་ཕྱིར་འཇུག་ན་སྤྱིར་བྱེད་པ་པོ་དངོས་དང་། དེ་དང་འབྲེལ་བའི་བྱ་བ་དང་བཅས་པ་ལ་བདག་ཅེས་བྱ་ཞིང་། བྱ་བའི་ཡུལ་བྱ་བ་བཅས་ལ་གཞན་ལས་སུ་བྱ་བའི་ཡུལ་ཞེས་བྱ་ཞིང་། བྱ་བ་འགགས་ཟིན་པ་འདས་པ། བྱེད་བཞིན་པ་ད་ལྟ་བ། བྱེད་པར་འགྱུར་བ་མ་འོངས་པ་སྟེ་དུས་གསུམ་ལས། མ་ནིང་ག་ད་གཉིས་ཀ་བདག་གཞན་གཉིས་ཀ་དང་དུས་ད་ལྟར་གྱི་ཆེད་དུ་འཇུག་སྟེ། དཔེར་ན་གཅོད་པ་པོ། གཅོད་བྱེད། དཀྲི་བ་པོ། དཀྲི་བྱེད་ལྟ་བུ་བདག་བྱེད་པ་པོ། གཅོད་པར་བྱེད། གཅོད་དོ། །དཀྲི་བར་བྱེད་དང་དཀྲིའོ་ལྟ་བུ་བྱེད་པ་པོའི་བྱ་བ་ལ་འཇུག་པ་དང་། གཅོད་བཞིན་པ། དཀྲི་བཞིན་པ་ལྟ་བུ་ད་ལྟ་བ་ལ་འཇུག་པ། གཅད་བྱ། དཀྲི་བར་བྱ། དཀྲིའོ་ལྟ་བུ་ཡུལ་གྱི་བྱ་བ་ལ་འཇུག་པ་དང་། དང་།

ཕོ་བ་ཡིག་ནི་བསྒྲུབས་སོ། །བསྟན་ཏོ་ལྟ་བུ་དུས་འདས་པ་དང་། བསྒྲུབ་བྱ། བསྟན་བྱ་ལྟ་བུ་གཞན་བྱ་བའི་ཡུལ་བསྒྲུབ་པའི་ཕྱིར་འཇུག་པ་དང་། མོ་འ་ཡིག་ནི་འཆད་པ་པོ་ལྟ་བུ་བདག་བྱེད་པ་པོ་དང་། འཆད་བཞིན་པ་ལྟ་བུ་དུས་ད་ལྟ་བ་དང་། འཆད་པར་འགྱུར་རོ་ལྟ་བུ་དུས་མ་འོངས་པར་འཇུག་གོ །ཤིན་ཏུ་མོ་མ་ཡིག་ནི་མཁས་པ། མཁས་བྱ། མཁས་སོ། །མཁས་བཞིན་པ། མཁས་པར་འགྱུར་རོ་ལྟ་བུ། བདག་གཞན་དུས་གསུམ་ལ་མཉམ་པར་འཇུག་པའི་ཕྱིར་རོ། །

གསུམ་པ་ནི། མིང་གཞིའི་རྗེས་སུ་འཇུག་པའི་ཡི་གེ་ག་ང་ད་ན་དང་། བ་མ་འ་ར་ལ་ས་སྟེ་བཅུ་དང་། དེ་ལ་ཡང་མིང་གཞིར་འཇུག་པ་ན་སྒྲ་དྲག་ཞན་བར་མའི་དབང་གིས། ག་ད་བ་ས་བཞི་ཕོ་ཡིག་དང་། ང་མ་འ་མོ་ཡིག །མ་ནིང་ན་ར་ལ་གསུམ་ཡིན་ཞིང་། བདག་གཞན་སོགས་དོན་གྱི་འཇུག་ཚུལ་སྔོན་འཇུག་བཞིན་དང་། མིང་མཐའ་འདྲེན་ཚུལ་དཔྱིད་ཀ་ལྟ་བུ་ཕོ་ཡིས་ཕོ་དང་སོགས་ཀྱིས་གདུང་མ་ལྟ་བུ་མོ་ཡིས་མོ་དང་། རལ་ཁ་ལྟ་བུ་མ་ནིང་ནིས་མ་ནིང་མིང་མཐའ་འམ། ཡང་ན་དམ་པ། རིམ་པ་ལྟ་བུ་བརྗོད་བདེའི་སྒོ་ནས་འཆད་འགྱུར་གྱི་རྣམ་དབྱེ་ལ་སོགས་པ་དྲང་བར་བྱའོ། །

གཉིས་པ་རྣམ་དབྱེ་དང་ཚིག་ཕྲད་བྱེ་བྲག་ཏུ་འཆད་པ་ལ། རྣམ་དབྱེ་བརྒྱད་བཤད་པ་དང་། ཚིག་ཕྲད་བཤད་པ་གཉིས། འདིར་མ་བཤད་པ་གཞན་དུ་ཁ་འཕང་བ་དང་གསུམ། དང་པོ་རྣམས་དབྱེ་བརྒྱད་བཤད་པ་ནི། སངས་རྒྱས། སངས་རྒྱས་དག །སངས་རྒྱས་རྣམས་ལྟ་བུ་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། སངས་རྒྱས་ལ་ཕྱག་འཚལ་ལྟ་བུ་གཉིས་པ་ལས་སུ་བྱ་བ། སངས་རྒྱས་ཀྱིས་གསུངས་སོ་ལྟ་བུ་གསུམ་པ་བྱེད་པ་པོ། སངས་རྒྱས་ལ་ཕུལ་ཞིག་ལྟ་བུ་བཞི་པ་དགོས་ཆེད་དམ་ཆེད་དོན། སངས་རྒྱས་ལས་ཆོས་བྱུང་ལྟ་བུ་ལྔ་པ་འབྱུང་ཁུངས་དང་། སངས་རྒྱས་ཀྱི་སྐུ་ལྟ་བུ་དྲུག་པ་འབྲེལ་སྒྲ། སངས་རྒྱས་ལ་ཡོན་ཏན་ཡོད་ལྟ་བུ་བདུན་པ་རྟེན་གནས་སམ་གནས་གཞི། ཀྱེ་སངས་རྒྱས་ལྟ་བུ་བོད་པའི་རྣམ་དབྱེ་སྟེ་བརྒྱད་དོ། །

གཉིས་པ་ལ་གཞན་དབང་ཅན་གྱི་ཚིག་ཕྲད་དང་། རང་དབང་ཅན་བཤད་པ་གཉིས། དང་པོ་ལ། དངོས་དང་ཞར་བྱུང་གཉིས། དང་པོ་རྗེས་འཇུག་ལ་ལྟོས་པའི་གཞན་དབང་ཅན་གྱི་ཚིག་ཕྲད་ནི་བརྒྱད་དེ། སླར་བསྡུ། ལ་དོན། ཨི་ལྡན་དང་། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་དང་། འབྱུང་ཁུངས། བོད་པ་བརྒྱད་པོ་རིམ་བཞིན་དུ། དང་པོ་སླར་བསྡུ་ནི་གོ་དང་སོགས་ཀྱིས་ལོ་སོའི་བར་བཅུ་དང་། ད་དྲག་ཐོབ་པའི་མཐར་ཏོ་སྦྱར་བ་ནི། མཆོག་གོ །རྫོགས་སོ། །ཕྱིན་ཏོ་ལྟ་བུ་རྫོགས་ཚིག་སྟེ། བརྗོད་དོན་སླར་རྫོགས་པར་བསྡུ་བའོ། །

གཉིས་པ་ལ་དོན་ནི། སུ་ར་རུ་ཏུ་དུ་ན་ལ་སྟེ་བདུན་ནོ། །ཤར་ཕྱོགས་སུ་འགྲོ་ལྟ་བུ་ལས་སུ་བྱ་བ་དང་། དབུལ་ཕོངས་ལ་སྦྱིན་ལྟ་བུ་དགོས་ཆེད་དང་། ཤིང་ལ་བྱ་གནས་ལྟ་བུ་རྟེན་གནས་དང་། ལྷ་རུ་གསལ་ལྟ་བུ་ལས་དང་བྱ་བ་དེ་ཉིད་ཐ་མི་དད་པ་གཅིག་ཏུ་སྟོན་པ་དང་། ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་དུས་ཀྱི་ཚེ་སྐབས་ལྔ་ལ་འཇུག་ཅིང་། དེ་ཡང་ཕྱོགས་སུ་ལྟ་བུ་ས་མཐར་སུ་དང་། མཆོག་ཏུ། རྒྱབ་ཏུ། ཕ་རོལ་ཏུ་ལྟ་བུ། ག་བ་དང་ད་དྲག་ཅན་གྱི་མཐར་ཏུ་དང་། གང་དུ། སྟོད་དུ། རྒྱུན་དུ། ནམ་དུ། བར་དུ། གསལ་དུ་ལྟ་བུ་ང་ད་ན་མ་ར་ལའི་རྗེས་སུ་དུ་དང་། མཐར། མཐའ་རུ། ལྷར། ལྷ་རུ་ལྟ་བུ་འ་མཐའ་ཅན་དང་མཐའ་རྟེན་མེད་པའི་མཐར་རའམ་རུ་སྦྱོར། གསུམ་པ་ཨི་ལྡན་ནི་གི་ཀྱི་གྱི་འི་ཡི་རྣམས། བདག་གི་གོས་ལྟ་བུ་འབྲེལ་སྒྲ་ཡིན་ཞིང་། དེ་རྣམས་ལ་ས་མཐའ་སྦྱར་བས། གིས་ཀྱིས་གྱིས་འིས་ཡིས་ཞེས་གྲུབ་པ། བདག་གིས་གྱོན། ལྷས་བསྐྱབས། རྒྱུས་བསྐྱེད་ལྟ་བུ་བྱེད་པ་པོ་སྟོན་པའི་སྒྲའོ། །དེ་ཡང་ཁྱོད་ཀྱི། རྒྱབ་ཀྱི། གཡས་ཀྱི། ཕ་རོལ་ཀྱི་ལྟ་བུ། ད་བ་ས་རྣམས་དང་། ད་དྲག་ཐོབ་མཐར་ཀྱི་དང་། རྒྱན་གྱི། བསམ་གྱི། བར་གྱི། དཔལ་གྱི་ལྟ་བུ་ན་མ་ར་ལའི་རྗེས་སུ་གྱི་དང་། བདག་གི །གང་གི་ལྟ་བུ་ག་ངའི་རྗེས་སུ་གི་དང་། ལྷའི། ལྷ་ཡི་ལྟ་བུ་མཐའ་རྟེན་ནམ་རྗེས་འཇུག་དངོས་སུ་མེད་མཐར་འི་འམ་རྐང་བ་སྐོང་ཚེ་ཡི་ཞེས་སྦྱར་རོ། །

བཞི་པ་རྒྱན་སྡུད་ནི། ཀྱང་འང་ཡང་གསུམ་པོ་རྒྱན་སྡུད་ཉིད་དེ། གསལ་ཡང་གསལ་ལྟ་བུ་མཐུན་པ་དང་། བཏུད་ཀྱང་ཁྲོ་ལྟ་བུ་མི་མཐུན་པ་སྟེ་ཚིག་རྒྱན་གཉིས་དང་། མིར་མ་ཟད་ལྷས་ཀྱང་བསྟོད་ལྟ་བུ་སྡུད་པའི་སྒྲར་འགྱུར་རོ། །བདག་ཀྱང་། མཆོད་ཀྱང་། བསྒྲུབ་ཀྱང་། བྱས་ཀྱང་། བཙལ་ཀྱང་ལྟ་བུ་ག་ད་བ་ས་ད་དྲག་ཅན་གྱི་མཐར་ཀྱང་དང་། འོན་ཀྱང་ལྟ་བུ་སྐབས་འགར་ན་ཡི་རྗེས་སུའང་ཀྱང་བྲི་ཞིང་། གང་ཡང་། མཐའ་ཡང་། གསན་ཡང་། ནམ་ཡང་། བསྐོར་ཡང་། གསལ་ཡང་ལྟ་བུ་ང་འ་ན་མ་ར་ལའི་རྗེས་སུ་ཡང་དང་། མིའང་། མི་ཡང་ལྟ་བུ་མཐའ་རྟེན་མེད་པའི་མཐར་འང་ངམ་རྐང་བ་སྐོང་ཚེ་ཡང་སྦྱར་རོ། །

ལྔ་པ་ལྷག་བཅས་ནི། ས་སྟེ་དང་ཏེ་རྐྱང་དེ་རྣམས་ལྷག་བཅས་ཀྱི་སྒྲ་སྟེ། ཕྱག་འཚལ་ཏེ་འགྲོ་ལྟ་བུ་ཚིག་སྔ་ཕྱི་མཚམས་སྦྱོར་བ། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ལྟ་བུ་དམ་བཅའ་འདྲེན་པ། ལྷའི་བུ་ཉི་མ་ནམ་མཁའ་ལ་གནས་ཏེ་ཟླ་བ་ཡང་དེ་བཞིན་ནོ་ལྟ་བུ་ཚིག་ལྷག་མ་གཞན་འདྲེན་པ་ཡིན་ནོ། །དེ་ཡང་དཀོན་ཏེ། འབར་ཏེ། དཔལ་ཏེ། གསོས་ཏེ། བཀའ་སྩལ་ཏེ་ལྟ་བུ་ན་ར་ལ་ས་རྣམས་དང་། ད་དྲག་ལ་ཏེ་རྐྱང་དང་། མཆོད་དེ་ལྟ་བུ་ད་མཐར་དེ་དང་། བདག་སྟེ། གང་སྟེ། རབ་སྟེ། བསམ་སྟེ། མཐའ་སྟེ། ལྷ་སྟེ་ལྟ་བུ་ག་ང་བ་མ་འ་རྣམས་དང་། མཐའ་རྟེན་མེད་པའི་མཐར་ས་སྟེ་སྦྱར་བའོ། །

དྲུག་པ་འབྱེད་སྡུད་ནི། རྟུག་གམ། གང་ངམ་ལྟ་བུ་རྗེས་འཇུག་ག་སོགས་ཀྱི་མཐར་གམ་སོགས་བཅུ་སྟེ། ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་རྣམས་དང་། བཀའ་སྩལ་ཏམ་ལྟ་བུ་ད་དྲག་ཅན་མཐར་ཏམ་སྦྱར་བ་ནི། བསླབ་པ་ནི་ཚུལ་ཁྲིམས་སམ། ཏིང་ངེ་འཛིན་ནམ། ཤེས་རབ་བོ་ལྟ་བུ་དབྱེ་གཞི་གཅིག་ལས་མང་པོ་འབྱེད་པ་དང་། ཀུན་རྫོབ་བམ་དོན་དམ་ནི་བདེན་པའོ་ལྟ་བུ་གཞི་གཅིག་ཏུ་སྡུད་པར་འགྱུར་རོ། །

བདུན་པ་འབྱུང་ཁུངས་ནི། ནས་དང་ལས་གཉིས་ནི་ནམ་མཁའ་ནས་ཆར། རྒྱ་མཚོ་ལས་ནོར་བུ་ལྟ་བུ་འབྱུང་ཁུངས་དངོས་དང་། སྐས་ནས་བབས། རྟག་ལས་ལྷུང་ལྟ་བུ་འབྱུང་ཁུངས་ཆ་འདྲ་བའི་སའོ། །ཡང་དུ་བ་ལས་མེར་ཤེས་ལྟ་བུ་རྒྱུ་མཚན་ཤས་ཆེ་བ་ཡང་ཡོད་དོ། །མི་ལས་ལྷ་ཐ་དད་དོ་ལྟ་བུ་ཐ་དད་པར་དགར་བ་དང་། གཟུགས་ནས་རྣམ་མཁྱེན་བར་ལྟ་བུ་སྡུད་པའང་དེ་བཞིན་ནོ། །

བརྒྱད་པ་བོད་པའི་སྒྲ་ནི། ཀྱེ་སངས་རྒྱས་ཞེས་པ་ལྟ་བུ་དང་། ཀ་ཡེ་གྲོགས་དག་ལྟ་བུ་བོད་པའམ་བོད་པའི་སྒྲའོ། །གཉིས་པ་རྗེས་འཇུག་ག་ད་བ་རྣམས་དང་། ད་དྲག་གི་མཐར་ཅིང་ཅེས་ཅེའོ་ཅེ་ན་ཅིག་ཅེས་སྦྱར་ཏེ། དཔེར་ན། དཔག་ཅིང་། མཆོག་ཅེས། བདག་ཅེའོ། །བཀག་ཅེ་ན། ཤོག་ཅིག་ལྟ་བུ་གཞན་ལ་ཡང་སྦྱར་བར་ཤེས་པར་བྱའོ། །ང་ན་མ་འ་ར་ལ་རྣམས་དང་མཐའ་རྟེན་མེད་པའི་མཐར་ཞིང་སོགས་ཀྱིས་ཞེས་ཞེ་འོ་ཞེ་ན་ཞིག་ལྔ་སྦྱར་ཏེ། དཔེར་ན། །མང་ཞིང་། མང་ཞེས། མང་ཞེའོ། །མང་ཞེ་ན། མང་ཞིག་ཡོད་སོགས་སྦྱར་ཞིང་། ས་མཐར་ཞེས་དང་། ཤིང་ཤེའོ་ཤེ་ན་ཤིག་ཅེས་སྦྱར་བར་བྱ་སྟེ། དཔེར་ན། སངས་རྒྱས་ཞེས། སངས་རྒྱས་ཤིང་། སངས་རྒྱས་ཤེའོ། སངས་རྒྱས་ཤེ་ན། སངས་རྒྱས་ཤིག་གོ་ལྟ་བུའོ། །

མིང་མཐར་པ་དང་བ་སྦྱར་ཚུལ་ནི། ཟག་པ། མཆོད་པ། དཀོན་པ། ཟབ་པ། བསམ་པ། རྒྱས་པ། སྩལ་པ་ལྟ་བུ། ག་ད་ན་བ་མ་ས་རྣམས་དང་ད་དྲག་ཅན་གྱི་མཐར་པ་སྦྱར་བ་དང་ནི། རྐང་བ། མདའ་བ། བར་བ། རལ་བ། ལྷ་བ་ལྟ་བུ། ང་འ་ར་ལ་རྣམས་དང་མཐའ་རྟེན་མེད་མཐར། གསང་བ། མང་བ་ལྟ་བུ་བ་ཕྱེད་ཝར་འབོད་པ་རྣམས་ལ་བ་དང་། གཞན་ལ་པ་ཉིད་སྦྱར་བར་བྱའོ། །བདེའོ། །ལྷའོ། །ལ་སོགས་ལ་འོ་ཉིད་དང་། སྤྱི་བོ། དཔའ་བོ། ལ་སོགས་པ་ལ་བོ་སྦྱར་བ་ཉིད་དོ། །

གཉིས་པ། རང་དབང་ཅན་གྱི་ཚིག་ཕྲད་ནི། ནི་སྒྲ་དང་སྒྲ་དེ་སྒྲ་རྣམས་དང་སྤྱི་སྒྲ་བདག་སྒྲ་དགག་སྒྲ་དྲུག་པོ་རིམ་པར། དང་པོ་ནི་སྒྲ་ནི། བརྒྱ་བྱིན་ནི་ལྷ་རྣམས་ལས་མཆོག་གོ་ལྟ་བུ་དགར་གཞི་ལས་མཆོག་ཏུའམ། ལྐུགས་པ་ནི་མི་ལས་ཐ་ཆད་དོ་ལྟ་བུ་དམན་པའམ། ཤཱ་རིའི་བུ་ནི་མོའུ་འགལ་བུ་ལས་ཐ་དད་དོ་ལྟ་བུ་ཐ་དད་ཙམ་དུ་དགར་བ་སྟེ་གསུམ་དང་། གསལ་ནི་གསལ། ཁྱོད་ནི་གཉེན་དང་ཁྱོད་ནི་བཤེས་ལྟ་བུ་བརྣན་པར་འགྱུར་རོ། །

གཉིས་པ་དང་སྒྲ་ནི། འདུས་བྱས་དང་འདུས་མ་བྱས་ནི་ཆོས་སོ་ལྟ་བུ་ཆོས་དུ་མ་གཞི་གཅིག་ཏུ་སྡུད་པ་དང་། ཆོས་ནི་འདུས་བྱས་དང་འདུས་མ་བྱས་སོ་ལྟ་བུ་དབྱེ་གཞི་གཅིག་ལས་དུ་མ་འབྱེད་པ་དང་། ཉི་མ་ཤར་བ་དང་མུན་པ་སངས་ལྟ་བུ་རྒྱུ་མཚན་དང་། ཉི་མ་ཤར་བ་དང་ཤོག་ལྟ་བུ་དུས་སམ་ཚེ་སྐབས་སྟོན་པ་དང་། ཁ་ཏོན་གྱིས་དང་ལྟ་བུ་གདམས་ངག་ལྔ་ལ་འཇུག་པའོ།

གསུམ་པ་དེ་སྒྲ་ཐ་སྙད་ཀྱི་དབང་དུ། དེ་བཞིན་གཤེགས་པ་ལྟ་བུ་རྣམ་གྲངས་གཞན་སྦྱོར་དང་། ཡོད་དེ་ལྟ་བུ་ལྷག་བཅས་དང་། ན་ནིང་གི་དུས་དེ་ཉིད་ལྟ་བུ་ཐ་སྙད་འདས་མ་ཐག་པ་སྟེ་གསུམ་དང་། དངོས་པོའི་དབང་དུ་བྱས་ན། ཁྱོད་ཀྱི་དེ་ལྟ་བུ་གསང་ཚིག །བདག་གི་ནོར་དེ་ལྟ་བདག་གི་བ། ཁྱོད་ཀྱི་རྫས་དེ་ལྟ་བུ་ཕ་རོལ་བོའི་དངོས་པོ་བརྗོད་པ། དེ་ཁོ་ན་ཉིད་དོ་ལྟ་བུ་བདེན་པའི་དངོས་པོ་བརྗོད་པ་སྟེ་བཞི་རུ་འགྱུར་ཞིང་། དུས་ཀྱི་དབང་དུ་སྔོན་འཕགས་ཡུལ་དུ་སངས་རྒྱས་བྱོན་པའི་དུས་དེ་ན་ལྟ་བུ་འདས་པ་དང་། མ་འོངས་པའི་དུས་དེ་ན་ལྟ་བུ་མ་འོངས་པ་སྟེ་གཉིས་ལ་འཇུག་ཡིན་ནོ། །

བཞི་པ་སྤྱི་ལ་འཇུག་པའི་སྒྲ་སངས་རྒྱས་གང་དག་དང་སེམས་ཅན་སུ་དག་ལྟ་བུ་སྦྱར་བས་སྤྱི་ལ་གོ་བ་སོགས་སོ། །

ལྔ་པ་བདག་པོའི་སྒྲ་ནི། པ་དང་པོ་སྟེ། དཔེར་ན། རྟ་པ། སྒྲུབ་པ་པོ་ལྟ་བུ་བདག་པོའམ་བྱེད་པ་པོ་གོ་བའི་སྒྲའོ། །

དྲུག་པ་དགག་སྒྲ་མ་དང་མི་སྟེ། དཔེར་ན་ཡིན་ལྟ་བུ་ལ་དགག་སྒྲ་མ་སྔོན་དུ་སྦྱར་བས་མ་ཡིན་ཞེས་དང་། དེ་བཞིན་མི་འགྱུར་སོགས་སོ། །

རྣམ་དབྱེ་དང་ཚིག་འཕྲད་དེ་དག་ནང་གསེས་གང་འཇུག་པ་ནི་མིང་སྔོན་དེའི་མཐར་སྦྱར་བའི་ཚིག་འོག་མའི་དོན་ལས་ཤེས་པར་བྱའོ། །

གསུམ་པ་འདིར་མ་བཤད་པ་གཞན་དུ་ཁ་འཕང་བ་ནི། དཀའ། བཀའ། སྒ། ལྒ། རྒ་སོགས་འདྲ་ནོར་དང་། གཟིགས་གཟིག་ལྟ་བུ་ས་མཐའ་ཡོད་མེད་སོགས་ཚད་ལྡན་མཁས་པའི་གཞུང་ལས་ཤེས་པར་བྱའོ། །

གཉིས་པ་མཇུག་བྱང་ནི། དེ་སྐད་ཅེས་བོད་ཀྱི་བརྡ་སྤྲོད་ཉུང་ངུ་འདི་ཡང་ཤར་ཕྱོགས་དྭགས་པོ་པ་མདོ་སྔགས་བསྟན་པའི་ཉི་མས་བྲིས། དགེའོ། །མངྒ་ལམ། ཞེས་སྦྱར་བྱང་སྨྲོས་པའོ། །

ཞེས་པའི་ཚིག་འགྲེལ་འདི་ཡང་སྤྲུལ་བའི་སྐུ་མཆོག་འཇིགས་མེད་མཚན་ཅན་གྱིས་བཀའ་སྩལ་ཕེབས་པར་བརྟེན་ནས། མདོ་སྔགས་བསྟན་པའི་ཉི་མས་ཤར་མར་བྲིས་པ་དགེ་བར་གྱུར་ཅིག། མངྒ་ལམ།། །།

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག

༄༅། །དཔལ་ལྡན་བླ་མ་ཆོས་ཀྱི་གྲགས་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་བཞུགས་སོ། །

སྐྱབས་སེམས་སྔོན་དུ་འགྲོ་བས། ཨ། རང་རིག་འོད་གསལ་ངང་ལས་སྐད་ཅིག་གིས། །རང་སྣང་དག་པ་རབ་འབྱམས་ཞིང་གི་དབུས། །བདག་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི། །སྤྱི་གཙུག་ཉི་ཟླ་པད་མའི་གདན་སྟེང་ན། །ཕྱི་ལྟར་སྡེ་སྣོད་མངའ་བདག་པཎྜི་ཏ། །ནང་ལྟར་རྣལ་འབྱོར་དབང་ཕྱུག་ཧེ་རུ་ཀ །གསང་མཆོག་འོད་གསལ་ཆོས་སྐུའི་བླ་མ་རྗེ། །དབྱེར་མེད་བཀའ་དྲིན་གསུམ་ལྡན་ཆོས་ཀྱི་གྲགས། །གསང་གསུམ་ཡོན་ཏན་མ་ལུས་རྫོགས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་ཆོས་འཆད་གླེགས་བམ་ཅན། །ཆོས་གོས་གསུམ་གསོལ་པཎྜི་ཏ་ཡི་ཆས། །འཇའ་ཟེར་འོད་ཕུང་ཐིག་ལེའི་ཀློང་ན་བཞུགས། །སྟེང་ཕྱོགས་བརྒྱུད་གསུམ་རིག་འཛིན་བླ་མ་དང་། །མཐའ་སྐོར་ཡི་དམ་ཌཱཀྐི་ཆོས་སྐྱོང་སོགས། །རྩ་གསུམ་དམ་ཅན་རྒྱ་མཚོ་སྤྲིན་ལྟར་འཁྲིགས། །གནས་གསུམ་ཡིག་འབྲུས་མཚན་པའི་འོད་ཟེར་གྱིས། །གར་བཞུགས་དག་པ་དབྱིངས་ཀྱི་གཞལ་ཡས་ནས། །རང་རིག་ཆོས་སྐུའི་བླ་མ་ཀུན་ཏུ་བཟང་། །ཐུགས་རྗེའི་ཐུགས་དམ་དབང་གིས་འདིར་གཤེགས་ལ། །སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །བདག་ཅག་སྒོ་གསུམ་དད་བརྒྱས་ཕྱག་འཚལ་ཞིང་། །ཀུན་བཟང་མཆོད་འབུལ་སྡིག་ལྟུང་མ་ལུས་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །

ཅེས་པའི་མཐར་ཐུགས་དམ་རྒྱུད་བསྐུལ་གྱི་མཚན་སྔགས་བཟླ་བ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་ངྷརྨ་ཀིརྟི་ཛྙཱ་ན་སིངྔྷི་ཕ་ལ་ཧཱུྃ།ཅི་ནུས་སུ་བཟླས་པའི་མཐར། སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་རྗེའི། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི། །རང་བཞིན་ཡིག་འབྲུ་གསུམ་གྱིས་མཚན་པ་ལས། །ཡེ་ཤེས་འོད་ཟེར་དཀར་དམར་མཐིང་ག་ཡི། །རྣམ་པར་འཕྲོས་ཏེ་བདག་ལ་ཐིམ་པའི་མོད། །དབང་བཞི་ཐོབ་ཅིང་རིམ་བཞིའི་སྣོད་དུ་གྱུར། །སྒྲིབ་བཞི་དག་ནས་རིག་འཛིན་རྣམ་པ་བཞིའི། །ས་ལམ་ཡོངས་བགྲོད་སྐུ་བཞི་ཐོབ་པར་དམིགས། །ཟབ་ཞི་སྤྲོས་བྲལ་འོད་གསལ་དབུ་མའི་དོན། །གཉུག་མ་བདེ་ཆེན་ལྷན་སྐྱེས་ཕྱག་རྒྱ་ཆེ། །རིག་སྟོང་རྫོགས་པ་ཆེན་པོའི་ངང་དུ་ཨ། །

ཞེས་རིག་པ་མ་བཅོས་པའི་ངང་དུ་ཅི་གནས་སུ་བཞག་གོ། དེ་ནས། དཔལ་ལྡན་རྩ་བའི་བླ་མ་སོགས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས། དཔལ་ལྡན་བླ་མ་ཁྱེད་ཀྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།

ཅེས་པའང་རྒྱལ་བ་འབྲི་གུང་པའི་ཁྲི་ཚབ་མཆོག་སྤྲུལ་རིན་པོ་ཆེས་བཀྲ་ཤིས་ལྷ་རེག་དང་རིན་ཆེན་གཉིས་པའི་སྐྱེས་བཅས་བཀའ་སྩལ་སྤྱི་བོར་ཕེབས་པར་ཐུབ་བསྟན་མདོ་སྔགས་བསྟན་པའི་ཉི་མར་འབོད་པས་སྤེལ་བ་དགེ་ལེགས་འཕེལ། ཨོཾ་སྐུ་ཨཱཿགསུང་ཧཱུྃ་ཐུགས་གུ་རུ་བླ་མ་ངྷརྨ་ཀིརྟི་ཆོས་ཀྱི་གྲགས་པས་ཛྙཱ་ན་ཡེ་ཤེས་སིངྔྷི་དངོས་གྲུབ་ཕ་ལ་ཧཱུཾ་སྩོལ་ཅིག་ཅེས་པ་བསྐུལ་བའི་དོན་ནོ།། །།

གུ་རུའི་གསོལ་འདེབས་ཚིག་བདུན་མའི་འགྲེལ་བ།

༄༅། །གསོལ་འདེབས་ཚིག་བདུན་མའི་འགྲེལ་པ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཚིག་བདུན་མ་ཁ་ཏོན་བྱེད་དུས་ཀྱི་དམིགས་རིམ་ཤིན་ཏུ་ཉུང་ལ་གོ་སླ་བར་བརྗོད་ན། འགྲུབ་ན་གུ་རུ་རིན་པོ་ཆེའི་སྣང་བརྙན་སོགས་རྟེན་གསུམ་གྱི་དྲུང་དུ་མཆོད་པ་ཅི་འབྱོར་བཤམ། ཞལ་ལྷོ་ནུབ་ཏུ་བལྟས་ཏེ། ལེའུ་བདུན་མར། ཁྱེའུས་ཕ་མར་འབོད་འདྲའི་གདུང་དབྱངས་ལཿ པི་ཝཾ་གླིང་བུའི་སོགས་གསོལ་བ་ཐོབཿ ཅེས་གསུངས་པ་ལྟར་སེམས་རྩེ་གཅིག་ཏུ་གཏད་དེ། གདུང་བའི་དབྱངས་སུ་འདོན་པར་བྱའོ། །

དེའང་ཚིག་བདུན་ཉིད་ཀྱི་འབྲུ་ནོན་རགས་རིམ་ཞིག་བྱས་ན་སྐབས་དོན་འགྲུབ་པས་དེ་ལ། ཧཱུྃཿཞེས་པས་གསོལ་འདེབས་ཀྱི་དབྱངས་དྲངས་ཏེ་སྙན་གསན་ཕབ་ལ། ཨོ་རྒྱན་གྱི་ཡུལ་གྱི་ནུབ་བྱང་མཚམས་ན་ངྷ་ན་ཀོ་ཤའི་མཚོ་ཆེན་པོའི་གླིང་དུ་མེ་ཏོག་པདྨ་ཆེན་པོའི་གེ་སར་ཏེ་ཟེའུ་འབྲུ་ཤིན་ཏུ་རྒྱས་པའི་སྡོང་པོ་ལ་བརྫུས་ཏེ་འཁྲུངས་ཤིང་། འཁྲུངས་དུས་ཉིད་ནས་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་བསྟོད་ཕུལ་བ་ལ་སོགས་པའི་ཡ་མཚན་པ་སྟེ་ངོ་མཚར་དང་ལྡན་པ། སྔར་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོར་མཆོག་གི་དངོས་གྲུབ་བརྙེས་པ་ཐོབ་ཟིན་ནས་འཛམ་བུའི་གླིང་མཐའ་དབུས་ཀྱི་གདུལ་བྱ་འདུལ་བའི་ཆེད་དུ་བསྟན་པའི་བདག་པོ་སྤྲུལ་པའི་སྐུ་པདྨའི་རིགས་ཡིན་པ་དང་། པདྨ་ལས་འཁྲུངས་པའི་ཆ་ནས་པདྨ་འབྱུང་གནས་ཞེས་སུ་དཔའ་བོ་མཁའ་འགྲོའི་ཞིང་ཁམས་ཐམས་ཅད་ན་ཡོངས་སུ་གྲགས་པ་དེས། དང་པོར་རྒྱ་གར་གྱི་ཡུལ་དུ་ཨིནྡྲ་བྷོ་སོགས་རྒྱལ་ཆེན་མང་པོ་དང་། རྗེ་བཙུན་དམ་པ་སངས་རྒྱས་སོགས་དང་། ཛོ་གི་ལྷ་ལྕམ་མན་ངྷ་ར་བ་སོགས་རིགས་ལྡན་གྱི་བུད་མེད་ལ་སོགས་པ་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད། བར་དུ་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་པའི་རྩ་བ་ཐོག་མར་བཙུགས་ཤིང་མི་དང་མི་མིན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། སྙིགས་དུས་ཀྱི་རྒུད་པ་ཞི་བའི་ཆེད་དུ་གཏེར་ཁ་བྱེ་བ་ཕྲག་བརྒྱ་སོགས་བསམ་གྱིས་མི་ཁྱབ་པ་སྦས། ཐ་མ་འགྲོ་ལྡིང་གི་ཡུལ་དུ་རྫུ་འཕྲུལ་དང་གདམས་ངག་གི་སྒོ་ནས་ཕྲ་མེན་རྣམས་དམ་ལ་བཏགས་ཤིང་མིའི་འགྲོ་བ་མང་པོའི་དོན་མཛད་དེ་མཐར་རྔ་ཡབ་སྲིན་པོའི་གླིང་གི་ལྟེ་བ་མཐིང་ཞུན་གྱི་རྒྱ་མཚོའི་དབུས་ཟངས་མདོག་དཔལ་གྱི་རི་བོའི་རྩེ། དག་པའི་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ནང་། པདྨ་འོད་ཀྱི་གཞལ་མེད་ཁང་ཕྲ་ཕུང་ངེ་བ་ན་འཁོར་དུ་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་སྟེ། དཔའ་བོ་དང་མཁའ་འགྲོ་མ་མང་པོས་བསྐོར་ནས་རྡོ་རྗེ་ལྟ་བུའི་སྐུ་ད་ལྟ་ཡང་སྐྱེ་འཆི་བགྲེས་རྒུད་དང་བྲལ་བར་བཞུགས་ཡོད་ཚུལ་ཞིབ་ཏུ་བསམས་ནས། ཆེ་བའི་ཡོན་ཏན་གྱིས་ཡིད་རང་དབང་མེད་པར་འཕྲོག་པའི་དད་པ་འདྲེན་ངེས་བྱ། དེ་ནས་གུ་རུ་རིན་པོ་ཆེ་ཁྱེད་ཀྱི་རྗེས་སུ་བདག་ཞུགས་ནས་བསྐྱེད་རྫོགས་ལམ་མཐོན་པོའི་ཆ་རེ་ཞིག་ཉམས་སུ་མ་ལོན་ཡང་། གསོལ་འདེབས་དང་མོས་གུས་ཀྱི་གདུང་བ་དྲག་པོས་རྩེ་གཅིག་ཏུ་སྒྲུབ་པར་བྱེད་ཀྱི། གུ་རུའི་སྐུ་སྲིན་ཡུལ་ན་བཞུགས་ཀྱང་ཐུགས་རྗེ་ཉེ་རིང་མེད་ཅིང་མཁྱེན་པ་ཆགས་ཐོགས་མི་མངའ་བར་འཇུག་པས་ན། བདག་ཅག་གི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་སོགས་མངོན་མཐོ་དང་ངེས་ལེགས་ཀྱི་ཕུན་ཚོགས་ལ་བར་དུ་གཅོད་པ་ཐམས་ཅད་སྐད་ཅིག་ཉིད་ལ་ཞི་བ་དང་། ཚེ་བསོད་དཔལ་འབྱོར་ལུང་དང་རྟོགས་པའི་ཡོན་ཏན་མཐུན་པའི་རྐྱེན་དང་བཅས་པ་ཐམས་ཅད་འབད་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་པའི་ཕྱིར་དུ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོའི་སྟབས་སུ་གཤེགས་སུ་གསོལ་ལོ། །ཞེས་འདོད་དོན་ལ་ཐུགས་རྗེ་བསྐུལ་ཞིང་སྤྱན་འདྲེན་པའི་གསོལ་འདེབས་ཕུར་ཚུགས་སུ་བྱ་ཞིང་། གསོལ་འདེབས་ཀྱི་དོན་བསྡུས་པ་བླ་ན་མེད་པའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་གུ་རུ་སྟེ་བླ་མར་བྱ་བའི་ཁྱད་ཆོས་ཅན་པདྨའི་རིགས་གཙོ་བོ་པདྨ་ལས་འཁྲུངས་པའི་མཚན་ཡང་པདྨ་ཞེས་བོས་ཏེ་བདག་ལ་མཆོག་དང་ཐུན་མོང་གི་སིངྔྷི་སྟེ་དངོས་གྲུབ་མ་ལུས་པ་ཧཱུྃཿཞེས་སྩོལ་ཅིག་པར་བསྐུལ་བའི་སྔགས་ཀྱང་སྦྲེལ། ཐུན་རེ་རེར་སྟོང་ཕྲག་ལེགས་པར་དག་ཅིང་གསལ་བའི་ངག་གིས་མི་ཚིག་དང་མ་འདྲེས་པར་འདོན་ནོ། །ཨོ་རྒྱན་རིན་པོ་ཆེ་ཟངས་མདོག་དཔལ་རི་ན་བཞུགས་པའི་ད་ལྟའི་གནས་ཚོད་དེ་ཉིད་ཚོགས་ཞིང་དུ་བྱས་ནས་གསོལ་བ་འདེབས་པ་ཡིན་པས། རྗེས་ལ་བསྡུ་རིམ་ལ་སོགས་མི་དགོས། ཐུན་མཐར་བསམ་པ་མྱུར་འགྲུབ་དང་དགེ་བསྔོ་བྱ།

དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ཡང་གཏེར་གཞུང་ཉིད་ལས། འདི་ལྟར་གསོལ་བ་འདེབས་པའི་བུ། །ང་ཡིས་སྐྱོབ་པར་སྨོས་ཅི་དགོས། །དུས་གསུམ་རྒྱལ་བའི་སྲས་སུ་འགྱུར། །ཞེས་གསུངས་ཏེ། གུ་རུས་ནམ་ཡང་རྫུན་མི་གསུངས་པ་ལ་ངེས་ཤེས་བསྐྱེད་དེ་ཐེ་ཚོམ་མེད་པའི་ཡིད་ཀྱིས་ཉམས་སུ་ལེན་པ་གཅེས་སོ། །ཞེས་པའང་རང་དབོན་བསོད་ནམས་དཔལ་ལྡན་གྱི་བརྗེད་ཐོར་བསྟན་པའི་ཉི་མས་སྨྲས་པ་རིམ་བཞིན་མ་ཏི་བྷ་ཏྲས་བྲིས་པ་དགེའོ། །དགེའོ། །

སྨན་བཙུན་རྡོ་རྗེ་ཆོས་སྒྲོན་གྱི་གསོལ་བསྡུས།

༄༅། །སྨན་བཙུན་རྡོ་རྗེ་ཆོས་སྒྲོན་གྱི་གསོལ་བསྡུས་བཞུགས་སོ། །ཀྱེེཿགནས་ཡུལ་ཌཱཀྐི་ཡོངས་ཀྱི་གཙོ། །ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ། །སྨན་བཙུན་ཨ་ཕྱི་ཆོས་ཀྱི་སྒྲོན། །སྐུ་མདོག་དཀར་ལ་མཛེས་མཛུམ་འཕྲོ། །ཕྱག་གཡས་ཅང་ཏེའུ་སྙན་ཅིང་འཁྲོལ། །རྡོ་རྗེའི་བརྡ་གླུ་ཅིར་ཡང་བསྒྱུར། །གཡོན་པ་རཏྣའི་ཐོད་བུམ་འཛིན། །ཚེ་གཡང་འདོད་དགུའི་དངོས་གྲུབ་སྟེར། །སྐུ་ལ་དེ་ནི་རིན་ཆེན་དང་། །སྣ་ཚོགས་དར་གྱི་ན་བཟས་བརྒྱན། །གཡེར་ཁ་དྲྭ་བའི་འཕྱང་འཕྲུལ་ཅན། །འཇའ་སྤྲིན་མེ་ཏོག་ཀློང་དཀྱིལ་དུ། །དབུ་སྐྲ་ལན་ཚར་ལྡེམས་སེ་ལྡེམ། །མགུལ་རྒྱན་སྙན་ཆ་ཀྱི་ལི་ལི། །ཕྱག་ཞབས་སོར་གདུབ་སི་ལི་ལི། །རྡོ་རྗེའི་གར་སྟབས་འཁྱུགས་སེ་ཁྱུག། མཁའ་སྤྱོད་དག་པའི་གནས་མཆོག་སོགས། །གར་བཞུགས་གནས་ནས་སྤྱན་འདྲེན་གྱིས། །འཁོར་དང་ཡང་འཁོར་ཚོགས་དང་བཅས། །སྐད་ཅིག་དེ་ནི་ཡུད་ཀྱིས་གཤེགས། །ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །རྟེན་རྫས་སྒྲུབ་རྫས་བསྐང་རྫས་ཀྱིས། །རྡོ་རྗེ་ཆོས་ཀྱི་སྒྲོན་མ་སོགས། །གཙོ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང་། །དྲི་ཞིམ་བསང་དང་གསེར་སྐྱེམས་བཞེས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། །བསྟན་སྲུང་གཙོ་མོར་མངའ་གསོལ་ལོ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །མི་མཐུན་ཞི་ཞིང་ཚེ་བསོད་རྒྱས། །སྣོད་བཅུད་དཔལ་གྱི་ཕྱྭ་གཡང་ཁུག། དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད། །ཅེས་པའང་སྣང་ཉམས་ཀྱི་སྒྱུར་འཕྲུལ་ལ་བརྟེན་ཏེ་མདོ་སྔགས་བསྟན་པའི་ཉི་མས་དགའ་སྤྲོ་ཁང་གསར་དུ་སྤེལ་བ་དགེ་ལེགས་འཕེལ། དགེའོ། །མངྒ་ལཾ།། །།འདི་ལྟར་ཆོས་སྦྱིན་སྤར་གྱི་འཕྲུལ། །དགའ་སྤྲོ་ཁང་གསར་སྐུ་ངོས་རྗེ། །ཐུབ་བསྟན་འཇམ་དཔལ་མཆོག་གིས་བསྐྲུན། །དགེ་དེས་རྒྱལ་བསྟན་དར་གྱུར་ཅིག། སྤར་འདི་ཉི་ལྕང་ཆོས་སྡེར་བཞུགས་སོ། །

ཧཱུྃཿབྷྱོཿ ཀ་དག་ཆོས་སྐུ།

༄༅། །ཧཱུྃཿབྷྱོཿ ཀ་དག་ཆོས་སྐུ་ཞི་བའི་ངང་ཉིད་ལས། །ཁ་སྦྱོར་ལོངས་སྐུའི་རྣམ་རོལ་ཆོས་སྐྱོང་ཚོགས། །ག་ལེར་བཏང་སྙོམས་ངང་དུ་མ་བཞུགས་པར། །ང་ཡི་སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས། །ཅ་ཅོ་ཚིག་གིས་མཚོན་མིན་སྨན་རག་དང་། །ཆ་ཤས་དཔལ་གྱི་བཅུད་ལྡན་བ་ལིང་ཏ། །ཇ་ཆང་གསེར་སྐྱེམས་ཁྲག་གི་ཨརྒྷཾ་བཅས། །ཉ་རྒྱས་ཟླ་ཞལ་ངོམ་བཞིན་དགྱེས་པར་རོལ། །ཏ་ཐཱ་ག་ཏའི་བཀའ་སྡོད་དམ་ཅན་ཚོགས། །ཐ་མལ་དྲེགས་པ་མ་ཡིན་ཡེ་ཤེས་ཆེ། །ད་ལྟ་ཆོས་སྐྱོང་ཆེན་པོའི་སྐུར་བཞེངས་པ། །ན་ཐཱ་ཕོ་རྒྱུད་མ་མོའི་ཚོགས་བཅས་བསྟོད། །པ་ཎི་པཎ་གྲུབ་ཚོགས་ཀྱང་གསོད་བྱེད་པའི། །ཕ་རོལ་མི་དང་མི་མིན་འབྱུང་པོའི་ཚོགས། །བ་གླང་མི་ཐོད་ཅན་གྱི་ཀླ་ཀློའི་དཔུང་། །མ་ལུས་ལྷག་མེད་འཇོམས་པར་མངའ་གསོལ་ལོ། །ཙཱ་རི་ཏྲ་སོགས་གནས་ཡུལ་དུར་ཁྲོད་ནས། །ཚམ་ཚོམ་མེད་པར་དྲག་པོའི་སྐུར་བཞེངས་ལ། །ཛ་བྷྱོཿ དཔལ་གྱི་མངོན་སྤྱོད་སེང་ཆེན་སྒྲས། །ཝ་སྐྱེས་བདུད་དཔུང་འཇོམས་པར་མངའ་གསོལ་ལོ། །ཞྭ་མོའི་ཏོག་ལྟར་མཐོ་བའི་རྒྱལ་ཕྲན་འགས། །ཟ་འདོད་ཆོམ་རྐུན་བཞིན་དུ་ལྷགས་པའི་ཚེ། །འ་འོལ་བཏང་སྙོམས་ངང་དུ་མ་བཞག་པར། ཡ་ལད་དབལ་གྱིས་འཇོམས་པར་མངའ་གསོལ་ལོ། །ར་གན་གསེར་དུ་རྫུ་འདྲའི་གཡོ་ཐབས་ཀྱིས། །ལ་ལུང་སྐྱེ་འགྲོའི་བདེ་སྐྱིད་འཇོམས་པ་ཡི། །ཤ་ཁྲག་ཟན་དུ་རོལ་ལ་སྲོག་རྩ་གཅོད། །ས་སྟེང་བསྟན་དགྲ་འཇོམས་པར་མངའ་གསོལ་ལོ། །ཧ་ཅང་བསྟན་འགྲོར་འཚེ་ཡང་མི་སྒྲོལ་ན། །ཨ་ཧེ་ཆོས་སྐྱོང་ཚོགས་ཀྱིས་ཅི་ཞིག་བགྱི། །ཧ་ཅང་ཤོལ་འགྱང་ངང་དུ་མ་བཞག་པར། །ཨ་ཧོ་མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོད། །ས་མ་ཡ་རྒྱ་རྒྱ་རྒྱཿ

ཚོགས་གླུ་རྩ་གསུམ་མཆོད་སྤྲིན།

༄༅། །ཚོགས་གླུ་རྩ་གསུམ་མཆོད་སྤྲིན་བཞུགས་སོ། །གནས་སྤྱི་གཙུག་བདེ་ཆེན་འཁོར་ལོ་ཡི་ཞིང་ན། །ཕ་བཀའ་དྲིན་གསུམ་ལྡན་དྲིན་ཅན་གྱི་བླ་མ། །སྐྱབས་བརྒྱུད་གསུམ་རིག་འཛིན་བླ་མ་ཡི་ཚོགས་བཅས། །གནས་མཁའ་སྤྱོད་སྐུ་ཡི་ཚོགས་གྲལ་འདིར་བཞུགས་མཛོད། །ལུས་རྩ་ཁམས་རྣམ་དག་ལྷ་སྐུ་ཡི་ཕྱག་རྒྱ། །ལམ་བསྐྱེད་རིམ་རྫོགས་པའི་མཆོད་སྤྲིན་འདི་བཞེས་ལ། །སྐུ་རྡོ་རྗེའི་བྱིན་རླབས་རྩ་ཁམས་འདིར་བཞུགས་ཏེ། །ལུས་སྤྲུལ་སྐུ་འགྲུབ་པའི་རྟེན་འབྲེལ་ཞིག་ཞུ་འོ། །གནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི་ཞིང་ན། །མ་མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཡི་རྣལ་འབྱོར། །འཁོར་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཡི་ཚོགས་བཅས། །གནས་ས་སྤྱོད་གསུང་གི་ཚོགས་གྲལ་འདིར་བཞུགས་མཛོད། །ངག་རླུང་ཁམས་རྣམ་དག་གསང་སྔགས་ཀྱི་རང་སྒྲ། །ལམ་བདེ་སྟོང་རྫོགས་པའི་མཆོད་སྤྲིན་འདི་བཞེས་ལ། །གསུང་རྡོ་རྗེའི་བྱིན་རླབས་རླུང་ཁམས་འདིར་བཞུགས་ཏེ། །ངག་ལོངས་སྐུ་འགྲུབ་པའི་རྟེན་འབྲེལ་ཞིག་ཞུ་འོ། །གནས་སྙིང་ག་ཆོས་ཀྱི་འཁོར་ལོ་ཡི་ཞིང་ན། །ལྷ་ཡི་དམ་གཙོ་མཆོག་ཨོ་རྒྱན་གྱི་རྒྱལ་པོ། །འཁོར་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཀྱི་ཚོགས་བཅས། །གནས་ས་འོག་ཐུགས་ཀྱི་ཚོགས་གྲལ་འདིར་བཞུགས་མཛོད། །ཡིད་ཆོས་ཁམས་རྣམ་དག་བདེ་ཆེན་གྱི་ཡེ་ཤེས། །ལམ་རིག་སྟོང་རྫོགས་པའི་མཆོད་སྤྲིན་འདི་བཞེས་ལ། །ཐུགས་རྡོ་རྗེའི་བྱིན་རླབས་སྙིང་དབུས་འདིར་བཞུགས་ཏེ། །ཡིད་ཆོས་སྐུ་འགྲུབ་པའི་རྟེན་འབྲེལ་ཞིག་ཞུ་འོ། །

ཞེས་པའང་འབྲུག་སྤྲུལ་པའི་སྐུ་མཆོག་འཇིགས་མེད་བསྐལ་བཟང་རྒྱ་མཚོའི་ངོར་མདོ་སྔགས་བསྟན་པའི་ཉི་མས་དགའ་སྤྲོ་ཁང་གསར་དུ་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། ། །

ལྷ་མོ་འོད་ཟེར་ཅན་མའི་བསང་།

༄༅། །ལྷ་མོ་འོད་ཟེར་ཅན་མའི་བསང་མཆོད། རཾ་ཡཾ་ཁཾ ཨོཾ་ཨཱ་ཧཱུྃ། ལན་གསུམ་གྱིས་བྱིན་རླབས། དུས་གསུམ་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་མ། །ལྷ་མོ་འོད་ཟེར་ཅན་མ་གཙོ་འཁོར་བཅས། །ཟག་མེད་བདུད་རྩིའི་བསང་མཆོད་འདི་བཞེས་ལ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་མཛད་གསོལ། །ཅེས་པ་འདིའང་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་མཛད་པའོ། །

Pecha page