བདེ་བར་གཤེགས་པའི་བསྟན་བའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ།
ཀླད་ཀྱི་དོན།
བདེ་བར་གཤེགས་པའི་བསྟན་བའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ།།
བདེ་བར་གཤེགས་པའི་བསྟན་བའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །
གང་ཞིག་ཐུགས་བསྐྱེད་དགེ་ཚོགས་བདུད་རྩིའི་ཟས་ཅན་ལས་བྱུང་བརྣག་དཀའི་བཟོད་པས་གཟི་དཔལ་འབར་བ། །སྐུ་གསུམ་མཐར་ཕྱིན་རིན་ཆེན་རང་བཞིན་དཔག་ཡས་སྨོན་ལམ་མྱུར་འགྲོ་བདུན་ལྡན་གཟུང་འཛིན་གོས་བྲལ་བས། །སྒྲིབ་གཉིས་ཆུ་འཛིན་བྲལ་བའི་བྱ་ལམ་ཡངས་པར་ཁྲིད་ཅིང་འཆར་ནུབ་བགྲོད་ཚུལ་སྣ་ཚོགས་གཞན་དོན་ཅན། །དྲི་མེད་གསུང་ཟེར་ཚ་ཟེར་བྱེད་པའི་འོད་ཟེར་བྱེ་བ་བརྒྱ་ཕྲག་སྟོང་ལྡན་ཕྱོགས་ཕྱོགས་འཕྲོས་པ་ལས། །རབ་བྱུང་སྦྱིན་དགྲ་ཡིད་ཀྱི་སྲུབས་ཤིང་གཙུག་ན་ཟླ་བ་ལོག་འདྲེན་སྐེམ་བྱེད་མིག་སྟོང་འཚོ་བྱེད་སོགས། །སྲིད་གསུམ་འདི་ན་སྟོན་པར་ཁས་འཆེ་ཆེ་བར་མངོན་རློམ་འོད་ལྡན་གཟའ་ཚོགས་གཟི་བརྗིད་ཀུན་འཇོམས་པ། །ཐུབ་པ་སེར་སྐྱ་རྐང་མིག་པ་དང་རིག་བྱེད་གཞུང་འཛིན་ནམ་མཁའི་གོས་ཅན་ཚུ་རོལ་མཛེས་པ་བ། །རྒྱས་པ་རྔ་བོང་གྲོག་མཁར་བ་སོགས་འབྱུང་པོའི་བྱ་ཚོགས་འདྲེན་བྱེད་ཉམས་བྱེད་རྒྱུ་བ་ཀུན་གཅོད་ཅིང་། །གང་དུ་ཤར་བས་བལྟ་བར་འདོད་དང་དྲི་བསུང་དོན་གཉེར་དབང་པོ་ཚིམ་བྱེད་སྦྲང་རྩིའི་མཆོག་འདོད་པའི། །མངོན་མཐོའི་སྣོད་གྱུར་ཉན་ཐོས་རང་རྒྱལ་རྒྱལ་སྲས་བུང་བ་དྲེགས་པས་མྱོས་པའི་དར་དིར་སྒྲོག་རྣམས་ལ། །མཐོ་རིས་ཟེ་འབྲུའི་ཕྲེང་ལྡན་ཁ་ཕྱེ་ཉེར་ཞིའི་དྲི་བསུང་ཕྱོགས་བཅུར་འཕྲོས་པས་མྱོས་པའི་རྐང་དྲུག་འཁྲིགས། །དོན་གཉིས་མཐར་ཕྱིན་ཀུན་མཁྱེན་སྦྲམ་རྩི་ཀུན་ནས་སྐྲུན་བྱེད་ནམ་མཁའི་ནོར་བུ་རྒྱལ་བ་རྒྱལ་གྱུར་ཅིག །གང་ཞིག་འཁྲུལ་བ་མཐའ་དག་སྤངས་ཀྱང་རྟག་ཆད་སྨྲ་བའི་ལྟ་བ་ངན་པ་གཞོམ་པ་དང་། །བསྟོད་སྨད་ལ་སོགས་ཆོས་བརྒྱད་སྤངས་ཀྱང་དཀར་ཕྱོགས་ལྷ་རྣམས་འཕྱ་བ་སྤང་བར་བྱ་བ་དང་། །རྗེས་སུ་ཆགས་པ་མཐའ་དག་སྤངས་ཀྱང་འགྲོ་ལ་ཆགས་པས་བསྟན་པ་ཡུན་དུ་གནས་བྱའི་ཕྱིར། །ཆོས་རྣམས་ངག་གི་ཡུལ་ལས་འདས་ཀྱང་ངག་གི་ཕྲེང་བས་ཆོས་རྣམས་སྡུད་མཛད་སྤྱི་བོས་མཆོད། །རྒྱལ་བ་མཆོག་གིས་མཆོག་ཏུ་ལུང་བསྟན་བསྟན་པ་དར་མཛད་མཛད་པ་དྲི་མེད་མངའ། །མངའ་བདག་དམ་པའི་དམ་པའི་ཆོས་ཀུན་ཀུན་ཏུ་གཟུང་ཕྱིར་ཐེག་པ་གསུམ་གྱི་ཚུལ། །ཚུལ་བཞིན་རབ་སྟོན་སྟོན་པའི་གསུང་རབ་རབ་ཏུ་གསལ་བྱེད་བློ་མཆོག་མངའ་བའི་ཐུགས། །ཐུགས་རྗེས་དགོངས་འགྲེལ་འགྲེལ་བཤད་བཤད་པ་མ་ནོར་སྟོན་པ་འཕགས་པའི་ཚོགས་ལའང་འདུད། །
ཀུན་མཁྱེན་རྒྱལ་བའི་གངས་རི་ལས་འོངས་ཤིང་། །སྡུད་བྱེད་དམ་པའི་གསུང་རྒྱུན་རབ་བལྟམས་པས། །འགྲེལ་བཤད་འདབ་སྟོང་ལྡན་པས་བརྒྱན་པའི་མཚོ། །ལེགས་བསྒྱུར་ལོ་པཎ་སྐྱེས་མཆོག་གཙུག་གིས་མཆོད། །བསླབ་གསུམ་གསེར་གྱི་དྲ་བས་ལེགས་གཡོགས་ཤིང་། །བསྡུ་བཞིའི་ཡན་ལག་ལེགས་སྐྱེས་མཆེ་བ་བརྟན། །འཆད་རྩོད་རྩོམ་པས་ཕས་རྒོལ་གཡུལ་ལས་རྒྱལ། །ལག་ལྡན་བོད་ཀྱི་མཁས་མཆོག་རྣམས་ལ་འདུད། །གསུང་རབ་རིན་ཆེན་ཁམས་ལས་ལེགས་གྲུབ་ཅིང་། །རྣམ་དཔྱོད་ལྟ་བའི་བྱིན་ཟས་ལེགས་སྦྱངས་ཏེ། །བརྡ་སྤྲོད་ཚིག་གི་དར་གྱིས་རབ་བརྒྱན་ནས། །བདག་བློའི་ཐེ་ཚོམ་དྲ་བ་གཅོད་མཛད་པའི། །རལ་གྲི་རིན་ཆེན་ལྟ་བུའི་བླ་མའི་ཚོགས། །ཡོན་ཏན་ཁུར་གྱིས་ལྕི་བ་བཅུ་ཕྲག་གཉིས། །ཁྱད་པར་བཀའ་དྲིན་ཆེ་བའི་སློབ་དཔོན་དྲུག །རྒྱུན་དུ་དད་པའི་ཡིད་ཀྱིས་སྐྱབས་སུ་མཆི། །མ་ལྟར་བརྩེ་བའི་བླ་མས་ལེགས་བསྐྱངས་ཤིང་། །མི་ཡི་སེང་གེའི་གསུང་རབ་པདྨོའི་ཚལ། །མེ་ཏོག་ལ་དགའི་བུང་བ་ལྟར་བསྟེན་པས། །མུ་མཐའ་ཡས་པའི་ཆོས་ལ་བློ་གྲོས་རྒྱས། །དེ་ལྟས་བདག་ཀྱང་ཤཱཀྱའི་གསུང་རབ་མཚོ། །གཏིང་མཐའ་ཡས་པར་བརྒལ་བར་འདོད་པ་ཡིན། །དེ་ཡི་གཏིང་མཐའ་རྟོགས་པར་མ་ནུས་ཀྱང་། །ངོ་མཚར་དོན་གྱི་རིན་ཆེན་ཅིས་མི་རྙེད། །རྙེད་ཀྱང་དབུལ་པོའི་ལག་གི་རིན་ཆེན་ལྟར། །བདག་གི་ལེགས་བཤད་དྲི་མ་མེད་པ་འདི། །འགྲན་འདོད་ཕྲག་དོག་སྡང་སེམས་ཀྱིས་བསྒྲིབས་ནས། །གཟུར་གནས་ཡིད་ཆེས་གནས་སུ་སུ་ཞིག་ལེན། །ལེན་པ་མེད་ཀྱང་དམ་ཆོས་བདུད་རྩི་ཡིས། །རང་གི་ཡིད་ཀྱི་ཟུག་རྔུ་ཅིས་མི་སེལ། །གལ་ཏེ་འགའ་ཞིག་ལེན་ན་དེ་དག་གི །གདུང་བའི་རིམས་ནད་འཇོམས་པར་མི་འགྱུར་རམ། །དེ་ཕྱིར་རང་བློའི་དབུལ་བ་བསལ་བ་དང་། །ཆོས་ལྡན་དོན་གཉེར་སྐྱེ་བོ་རྣམས་ལ་ཡང་། །རྒྱ་ཆེན་ཆོས་ཀྱི་དགའ་སྟོན་སྤེལ་སླད་དུ། །གསུང་རབ་རིན་ཆེན་མཛོད་ཀྱི་སྒོ་དབྱེའོ། །འདི་ནས་ཐེག་པ་ཆེ་ཆུང་སྣ་ཚོགས་ཀྱི། །དགོངས་པ་ནོར་བུ་མཆོག་དམན་སྣ་ཚོགས་འབྱུང་། །དེ་དག་ཁྱེད་ལ་གེགས་མེད་བྱིན་ཟིན་གྱིས། །དགའ་བའི་ཡིད་ཀྱིས་ཅི་འདོད་བླང་བར་གྱིས། །
ཆོས་འཆད་ཉན་ལ་འཇུག་པའི་ཚུལ་དང་ཕན་ཡོན།
འདིར་བདག་ཅག་གི་བླ་མ་ཤཱཀྱའི་རྒྱལ་པོ་རྫུ་འཕྲུལ་གྱི་རྐང་པའི་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པས། ཆུ་སྲིན་རྒྱལ་མཚན་ཅན་གྱི་གཡུལ་ངོ་ཕམ་པར་མཛད་ནས། བསྡུ་བ་བཞིས་གདུལ་བྱ་སྨིན་གྲོལ་གྱི་ཞིང་དུ་བསྡུས་ནས། ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེའི་ཆོས་སྲིད་ཁྱད་པར་དུ་འཕགས་པའི་རྒྱལ་ཚབ་ཆེན་པོ་རྣམས་ཀྱིས་ཡང་དག་པར་ལེགས་པར་བསྐྱངས་པའི་སྲོལ་བཟང་པོ་འདི། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་གཞིར་གྱུར་པ་ཡིན་པས། དེའི་ཚུལ་གཅེས་པར་འཛིན་པར་རིགས་ཤིང་། དེ་ཡང་བཤད་སྒྲུབ་གཉིས་ལས་གཞན་པའི་ཐབས་ཀྱིས་མ་ཡིན་པའི་ཕྱིར་དང་། སྒྲུབ་པའང་འཆད་ཉན་སྔོན་དུ་འགྲོ་བ་ཅན་ཡིན་པས། འཆད་ཉན་ལ་འཇུག་པའི་ཚུལ་ངེས་པར་བྱའོ། །འདི་ལ་བཞི་སྟེ། དམ་པའི་ཆོས་མཉན་པ་དང་བཤད་པའི་ཕན་ཡོན་རིག་པར་བྱ་བ་དང་། གང་མཉན་པ་དང་བཤད་པར་བྱ་བའི་ཆོས་ངོས་གཟུང་བ་དང་། དེ་ལ་ཉན་བཤད་ཚུལ་ཇི་ལྟར་སྒྲུབ་ཅིང་ཉམས་སུ་བླང་བ་དང་། བསྒྲུབ་བྱའི་ཆོས་ཇི་ལྟར་བྱུང་བའི་ཚུལ་ལོ། །
སྤྱི་དོན་དང་པོ། དམ་པའི་ཆོས་མཉན་པ་དང་བཤད་པའི་ཕན་ཡོན།
དང་པོ་ལ། སྤྱིར་དམ་པའི་ཆོས་ཉན་བཤད་ཀྱི་ཕན་ཡོན་དང་། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཉན་བཤད་ཀྱི་ཕན་ཡོན་གཉིས་ལས། དང་པོ་ལ། མཉན་པ་དང་། བཤད་པ་དང་། གཉིས་ཀའི་ཕན་ཡོན་གསུམ། དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་ལ། དེའི་དོན་རྣམ་བཤད་རིགས་པར། དེ་ལ་རྐང་པ་བཞི་པོ་འདིས་ནི་རིམ་པ་ལྟར་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་གནས་ཤེས་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཉེས་སྤྱོད་ལས་ལྡོག་པ་དང་། སེམས་ཀྱི་བསླབ་པ་ཐོབ་ནས་དོན་མེད་པའི་འདོད་པ་སྤོང་བ་དང་། ཤེས་རབ་ཀྱི་བསླབ་པ་ཐོབ་ནས་དེ་ལ་བརྟེན་ནས་ཟག་ཟད་མངོན་དུ་བྱས་ཏེ་མྱང་འདས་ཐོབ་པ་སྟེ་བཞི་འམ། ཡང་དག་པའི་ལྟ་བ་རྙེད་པ་དང་། ལས་དང་ཉོན་མོངས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་ལས་བརྒལ་བ་སྟེ་བཞི་དང་། ཆོས་འདུས་བ་ལ་དད་པ་རྙེད་པ་དང་། རབ་ཏུ་འབྱུང་བ་དང་། དབང་པོའི་སྒོ་བསྲུངས་པས་འདོད་པ་ལས་འདོད་ཆགས་དང་བྲལ་བས་གནོད་པ་སྤོང་བ་དང་། བདེན་པ་རྟོགས་ནས་མྱང་འདས་ཐོབ་པ་སྟེ། བཞི་ལ་བཤད་དོ། །རྣམ་བཤད་རིགས་པར། བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ལ་ཕན་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོར་རྟོགས་པར་འགྱུར་བའོ། །ཞེས་སོ། །དེའི་དོན་རྒྱ་ཆེར་ཐོས་པ་དང་། གསལ་ཞིང་དྲི་མ་མེད་པར་བྱེད་པ་དང་། ངེས་པ་འཐོབ་པ་དང་། ཡང་དག་པར་རྟོགས་པ་དང་། བདེན་པ་རྟོགས་པ་སྟེ་ལྔའོ། །དང་པོ་གཉིས་ཀྱིས་ཐོས་པའི་ཤེས་རབ་ཡོངས་སུ་དག །བར་པ་གཉིས་ཀྱིས་བསམ་པའི་ཤེས་རབ་ཡོངས་སུ་དག །ཐམས་སྒོམ་པའི་ཤེས་རབ་ཡོངས་སུ་དག་པར་འགྱུར་བར་བསྟན་ནོ། །ཡང་དམ་པའི་ཆོས་མཉན་པ་ལ་ཕན་ཡོན་རྣམ་པ་ལྔ་ཡོད་དེ། རྣམ་པར་མི་ཤེས་པ་རྣམ་པར་ཤེས་པར་བྱེད་པ་དང་། ཉེས་པར་གཟུང་བ་འདོར་བ་དང་། ཐེ་ཚོམ་ཟོས་པ་ངེས་པར་བྱེད་པ་དང་། ངེས་པར་བྱས་པ་སྙིང་པོར་བྱེད་པ་དང་། འཕགས་པའི་ཤེས་རབ་ཀྱི་མིག་སྦྱོང་བར་བྱེད་པའོ། །ཞེས་སོ། །ཡང་ཆུས་ནི་ཕན་པ་རྣམ་པ་ལྔ་བྱེད་དེ། འབྲས་ཐུག་པོ་ཆེ་ལ་སོགས་པ་སྦང་པར་བྱ་བ་རྣམས་འབངས་པར་བྱེད་པ་དང་། ལུས་དང་གོས་དང་སྣོད་དག་གི་དྲི་མ་སེལ་བ་དང་། སོས་ཀའི་ལུས་ཀྱི་ཡོངས་སུ་གདུང་བ་སེལ་བ་དང་། སྐོམ་དད་ཆེ་བ་ཞི་བར་བྱེད་པ་དང་། རྩྭ་དང་འབྲུ་དང་ནགས་ཚལ་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་དད་པ་བསྐྱེད་པས། གདུང་བའི་རྒྱུད་འབངས་པར་བྱེད་པ་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་དང་། འདོད་པའི་ཡོངས་སུ་གདུང་བ་སེལ་བ་དང་། ཡང་འབྱུང་བའི་སྲིད་པའི་སྐོམ་པ་ཞི་བར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་གྱི་རྩ་བ་དང་། འབྲུ་དང་ནགས་ཚལ་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །ཕན་པ་ལྔ་པོ་དེ་ཡང་དད་པ་རྙེད་པ་དང་། ལས་དང་བཅས་པ་བསླབ་པ་གསུམ་ལས་བརྩམས་པ་རིག་པར་བྱའོ། །དེ་ལྟ་བས་ན་ཕན་པ་ལྔ་པོ་དེ་འདོད་པས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །མེས་བྱ་བ་བཞི་བྱེད་དེ། བསྲེག་པ་དང་། ཚོས་པར་བྱེད་པ་དང་། དྲོ་བར་བྱེད་པ་དང་། གསལ་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་མེས་ཀྱང་རྒྱུད་སྨིན་པ་རྣམས་ལ་ཉོན་མོངས་པ་རྣམས་བསྲེག་པ་དང་། རྒྱུད་མ་སྨིན་པ་རྣམས་ལ་དགེ་བའི་རྩ་བ་རྣམས་སྨིན་པར་བྱེད་པ་དང་། སྲིད་པ་ལ་མངོན་པར་དགའ་བ་རྣམས་སྐྱོ་བར་བྱེད་པའི་ཕྱིར་གདུང་བར་བྱེད་པ་དང་། སྐྱོ་བར་གྱུར་པ་རྣམས་དང་ཐེ་ཚོམ་ཟོས་པ་དང་ལམ་ངན་པར་ཞུགས་པ་རྣམས་ལ་ལམ་དང་ལམ་མ་ཡིན་པ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་གུས་པས་ཆོས་མཉན་པར་བྱའོ། །གཞི་ལྔ་དག་གིས་འཇུག་ངོགས་བདེ་བ་ལ་བརྟེན་པར་བྱ་སྟེ། དྲི་མ་མེད་པར་བྱ་བའི་ཕྱིར་དང་། ཚ་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། སྐོམ་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང་། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་གསུང་འཇུག་ངོགས་བདེ་བ་ལའང་དེ་བཞིན་ཏེ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པར་བྱ་བའི་ཕྱིར་དང་། འདོད་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། ཡང་འབྱུང་བའི་སྲིད་པ་ཞི་བར་བྱ་བའི་ཕྱིར་དང་། བསམ་གཏམ་དང་མངོན་པར་ཤེས་པ་དང་ཚད་མེད་པ་དང་། རྣམ་པར་ཐར་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་གྱི་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང་། ཚུ་རོལ་གྱི་འགྲམ་འཇིག་ཚོགས་ནས་ཕ་རོལ་གྱི་འགྲམ་མྱ་ངན་ལས་འདས་པར་འགྲོ་བར་བྱ་བའི་ཕྱིར་རོ། །དེ་ལྟ་བས་ན། འཇུག་ངོགས་བདེ་བ་ལ་བརྟེན་པའི་ཡོན་ཏན་འདོད་པ་རྣམས་ཀྱིས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །ཞེས་གསུངས་སོ། །
གཉིས་པ་ལ། སྟོན་པ་སངས་རྒྱས་ལ་མཆོད་པ་བླ་ན་མེད་པར་འགྱུར་བ་དང་། ཟང་ཟིང་གི་སྦྱིན་པ་ལས་མཆོག་ཏུ་གྱུར་ཅིང་། ཕན་འདོགས་པའི་མཆོག་ཡིན་པ་དང་། གཟུངས་དང་རིག་པ་ཐོབ་པ་དང་། བསོད་ནམས་འཕེལ་བས་བྱང་ཆུབ་ཐོབ་པ་དང་བཞིའོ། །དང་པོ་ནི། ཇི་སྐད་དུ། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་སོ། །གཉིས་པ་ནི། བྱམས་པ་སེང་གེ་སྒྲའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལས་བསམ་དུ་ག་ལ་ཡོད། །ཅེས་པ་དང་། གངྒཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས། །བཀའ་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་ཇི་འདྲ་དེ་ལ་མེད། །ཅེས་སོ། །
གསུམ་པ་ནི། སེང་གེས་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་བྱིན་པས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཞེས་སོ། །རིན་ཆེན་ཕྲེང་བར་ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང་། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་སོ། །
བཞི་པ་ནི། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱམས་པ་གང་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་སྲུང་བ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིན་པ་དེ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པའི་ཕན་ཡོན་ཉི་ཤུ་པོ་དེ་དག་གོ། ཞེས་པ་དང་། བསླབ་བཏུས་ལས། ཆོས་གྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་སོ། །
གསུམ་པ་ལ། ཐེག་པ་གསུམ་གྱིས་ཁམས་བརྟས་པ། མཁས་པར་གྱུར་པས་ཀུན་གྱིས་བཀུར་བ། བསྟན་པ་གཟུང་བས་བྱང་ཆུབ་ཐོབ་པའོ། །དང་པོ་རྣམ་བཤད་རིགས་པར། དད་པས་མཉན་པ་གང་གིས་ན། །མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གིས་མྱ་ངན་འདས་ཐོས་པའི། །ཤེས་རབ་ས་བོན་རྟས་པར་འགྱུར། །ཞེས་པ་དང་། ཁམས་རྟས་བྱེད་དང་ཞེས་པའི་འགྲེལ་པར། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡིད་ལ་བྱེད་པའི་ཁམས་རྟས་པར་འགྱུར་རོ་ཞེས་སོ། །དེ་ཐོས་པའི་ཕན་ཡོན་ཡིན་གྱི། བཤད་པའི་ཕན་ཡོན་དུ་མི་རིགས་ཏེ། ཐོས་པ་དང་བཤད་པ་ཐ་དད་དོ་སྙམ་ན་མ་ཡིན་ཏེ། ཀུན་ལས་བཏུས་སུ། འཛིན་པ་དང་ཁ་ཏོན་བྱེད་པ་དང་བཤད་པས་ཐོས་པ་ལས་བྱུང་བར་བལྟའོ། །ཞེས་གསུངས་སོ། །
གཉིས་པ་ནི། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་རྣམ་པ་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ་ཞེས་སོ། །སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་པ་དང་། གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་འདྲ། །ཞེས་པ་དང་། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་བསྒོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡི། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པའི་རྗེས་འཇུག་སྒྲུབ་ལ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །
གསུམ་པ་ནི། བཤད་ཉན་ནི། བསྟན་པའམ་ཆོས་འཛིན་པར་འགྱུར་ཏེ། །མཛོད་ལས། དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་སོ། །ཆོས་འཛིན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐའ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤགས་པའི་དམ་པའི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར། །ལྷ་དང་གླུ་དང་མིའམ་ཅི་རྣམས་དང་། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་། ཞེས་པ་ནས་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་། །འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། །བདེ་དང་ཡིད་བདེ་བྱང་ཆུབ་དེ་འཚང་རྒྱ། །ཞེས་པ་ལ་སོགས་པ་ཕན་ཡོན་མང་པོ་གསུངས་སོ། །
གཉིས་པ། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཉན་བཤད་ཀྱི་ཕན་ཡོན།
གཉིས་པ་ཐེག་ཆེན་གྱི་ཆོས་ཀྱི་བཤད་ཉན་གྱི་ཕན་ཡོན་ནི། གཞིའི་དུས་སུ་ཐེག་དམན་གྱི་དགེ་བ་ཟིལ་གྱིས་གནོན་ཅིང་རིགས་གསོས་ཐེབས་པ་དང་། ལམ་གྱི་དུས་སུ་སྒྲིབ་པ་མ་ལུས་པར་སྤོང་བས་བསོད་ནམས་གཞན་ལས་ལྷག་པ་དང་། འབྲས་བུའི་དུས་སུ་རྣམ་མཁྱེན་ཐོབ་པར་ངེས་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ལ། དགྲ་བཅོམ་པ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ་ཀུན་དགའ་པོ་འདི་ཇི་སྙམ་དུ་སེམས། བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ཀྱང་སུ་ཞིག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་ན་ཉིན་གཅིག་བཏོན་ན། དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེའོ། །ཞེས་པ་ནས། ཀུན་དགའ་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་བ་ཐམས་ཅད་དང་། རང་སངས་རྒྱས་ཀྱི་ཐེག་པ་བའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཞེས་གསུངས་སོ། །
གཉིས་པ་ནི། རྒྱུད་བླ་མར། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་འདི་ལ་ཚིག་ཙམ་ཐོས་ནས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ནི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་སྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་སོ། །
གསུམ་པ་ནི། མདོ་སྡེ་རྒྱན་ལས། གང་ཞིག་ཚིག་གམ་དོན་གོ་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོང་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་རྟས་པ་དང་། །འཆི་བའི་ཚེ་ན་རབ་དགའ་ཐོབ། །ཇི་ལྟར་འདོད་པར་སྐྱེ་བ་དང་། །ཀུན་ཏུ་ཚེ་རབས་དྲན་པ་དང་། །སངས་རྒྱས་རྣམས་དང་འཕྲད་པ་དང་། །དེ་ལ་ཐེག་མཆོག་ཐོས་པ་དང་། །མོས་པ་བློ་དང་བཅས་པ་དང་། །སྒོ་གཉིས་བྱང་ཆུབ་མྱུར་ཐོབ་པའོ། །ཞེས་གསུངས་ཤིང་། གཞན་ལས་ཀྱང་མང་དུ་གསུང་མོད་ཀྱི། མང་བས་འཇིགས་པས་མ་བྲིས་སོ། །དེ་དག་ཀྱང་རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པ་བཞིན་ཡིན་ནོ། །
སྤྱི་དོན་གཉིས་པ། གང་མཉན་པ་དང་བཤད་པར་བྱ་བའི་ཆོས་ངོས་བཟུང་བ།
ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ།
གཉིས་པ་ལ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ་དང་། ཆོས་ཀྱི་སྒྲ་དོན་དང་། མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་བཞིའོ། །དང་པོ་ནི། ཆོས་ཞེས་པའི་སྒྲ་དེ་དོན་བཅུ་ལ་འཇུག་སྟེ། རྣམ་བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པས། ཆོས་གང་ལ་འདུས་བྱས་སམ་འདུས་མ་བྱས་སམ་ཞེས་པ་ཤེས་བྱ་དང་། ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ་ཞེས་པ་ལྟར་ལམ་དང་། ཆོས་ལ་སྐྱབས་སུ་སོང་བ་ཞེས་པ་མྱང་འདས་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ཡིད་ཡུལ་དང་། བཙུན་མོའི་འཁོར་དང་གཞོན་ནུ་རྣམས་དང་ལྷན་ཅིག་ཆོས་སྤྱོད་ཅེས་པ་བསོད་ནམས་དང་། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན་ཞེས་པ་ཚེ་དང་། ཆོས་ཞེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་ཞེས་པ་ལྟ་བུ་གསུང་རབ་དང་། ལུས་འདི་རྒ་བའི་ཆོས་ཡིན་ནོ་ཞེས་པ་འབྱུང་འགྱུར་དང་། དགེ་སློང་གི་ཆོས་བཞི་ཞེས་པ་ལྟ་བུ་ངེས་པ་དང་། ཡུལ་ཆོས་རིགས་ཆོས་ཞེས་པ་ཆོས་ལུགས་ཏེ་བཅུ་ལ་འཇུག་གོ། དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ཀྱི། དེར་འདུས་པ་མ་ཡིན་ཏེ། ཆོས་ཀྱིས་ཆོས་ཚོལ་བར་བྱེད་དེ། ཆོས་མ་ཡིན་པས་མ་ཡིན་ནོ། །ཞེས་པ་ལྟ་བུ་རིགས་པ་ལ་ཆོས་དང་། བསྒྲུབ་བྱའི་ཆོས། དགག་བྱའི་ཆོས། ཞེས་པ་ལ་སོགས་པ་ལའང་འཇུག་པས་སོ། །
གཉིས་པ། ཆོས་ཀྱི་སྒྲ་དོན།
གཉིས་པ་ནི། དྷརྨ་ཞེས་པ་ཆོས་ཡིན་ལ། དེའི་ཁམས་ནི་དྷྲི་དྷ་ར་ཎེ་ཞེས་པ་འཛིན་པས་ན་ཆོས་ཞེས་བྱ་ལ། དེ་ལའང་ཤེས་བྱ་ནི་མཚན་ཉིད་འཛིན་པས་ཆོས་ཏེ། གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་འཛིན་པ་ནས། རྣམ་མཁྱེན་གྱི་མཚན་ཉིད་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པའི་བར་རང་རང་གི་མཚན་ཉིད་འཛིན་པ་དང་། སྤྱིའི་མཚན་ཉིད་འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་ཞེས་པའི་སྤྱིའི་མཚན་ཉིད་འཛིན་པས་སོ། །ཡིད་ཀྱི་ཡུལ་ནི་རང་གི་མཚན་ཉིད་འཛིན་པའམ། ཡིད་འཛིན་པས་ཆོས་སོ། །ཚེ་ནི་ལུས་འཛིན་པའམ་རིགས་མཐུན་འཛིན་པས་ཆོས་སོ། །གསུང་རབ་ནི། རྣམ་བཤད་རིགས་པར། ཆོས་ནི་མདོ་ལ་སོགས་པ་སྟེ། རིགས་པ་སྟོན་པའི་དོན་དང་དོན་ཕྱིན་ཅི་མ་ལོག་པར་ངེས་པར་འཛིན་པའི་དོན་གྱིས་སོ། །ཞེས་སོ། །འབྱུང་འགྱུར་འཛིན་པ་དང་ངེས་པར་བྱ་དགོས་པའི་བྱ་བ་བྱེད་པས་འཛིན་པ་དང་། ཡུལ་དང་རིགས་ཀྱི་སྤྱོད་པ་འཛིན་པས་ཡུལ་ཆོས་ལ་སོགས་པའོ། །ལམ་དང་མྱ་ངན་ལས་འདས་པ་དང་བསོད་ནམས་གསུམ་ནི། ལྟུང་བ་ལས་འཛིན་པས་ཆོས་ཡིན་ལ། དེ་ལ་ངན་འགྲོར་ལྟུང་བ་ལས་འཛིན་པ་དང་། འཁོར་བར་ལྟུང་བ་ལས་འཛིན་པ་གཉིས་སོ། །དང་པོ་ནི། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །ཞེས་པ་ལྟ་བུ་ལས་འབྲས་ལ་ཡིད་ཆེས་པའི་དད་པའམ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་བརྟེན་ནས། དགེ་བ་བཅུ་སྤྱོད་བའམ། འཇིག་རྟེན་པའི་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལྟ་བུ། དེ་དག་གིས་ངན་སོང་དུ་ལྟུང་བ་ལས་འཛིན་པའི་ཕྱིར་ཆོས་ཞེས་བྱ་ལ། ཕྱི་རོལ་པ་ཁ་ཅིག་ལའང་ཡོད་དོ། །འཁོར་བར་ལྟུང་བ་ལས་འཛིན་པ་ནི། ནང་པའི་སྐྱབས་གནས་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ཞེས་པ་མྱང་འདས་དང་། དེ་ཐོབ་བྱེད་ལམ་བདེན་འཁོར་དང་བཅས་པའོ། །ཐེག་ཆེན་གྱི་ལམ་དང་མྱང་འདས་དང་གསུང་རབ་ནི་ཐེག་དམན་དུ་ལྟུང་བ་ལས་འཛིན་པ་སྟེ། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བརྩེ་བ་དང་སྙིང་རྗེ་ཆེན་པོ་སོགས་ཟུང་དུ་འབྲེལ་བས་སྲིད་ཞིར་ལྟུང་བ་ལས་འཛིན་པ་ཡིན་ནོ། །བྱེ་བྲག་ཏུ་དམ་པའི་ཆོས་ཀྱི་སྒྲ་དོན་ནི། དམ་པ་རྫོགས་པའི་སངས་རྒྱས་ཡིན་ལ། དེས་བསྟན་པའི་ཆོས་ཡིན་པས་དམ་པའི་ཆོས་ཞེས་སམ། དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་ཏེ་གཞི་མཐུན་པའོ། །ཡང་ན་སྐྱེས་བུ་དམ་པས་སྤྱད་པར་བྱ་བས་དམ་པའི་ཆོས་ཏེ། དགེ་སློང་གི་ཆོས་བཞི་བཞིན་ནོ། །
གསུམ་པ། མཚན་ཉིད།
གསུམ་པ་ནི། འདིར་གཏན་ལ་དབབ་པར་བྱ་བ་ནི། བསོད་ནམས་དང་ལམ་དང་མྱང་འདས་བརྗོད་བྱའི་གཙོ་བོར་བྱས་ལ། གསུང་རབ་རྗོད་བྱེད་དུ་བྱས་པ་དམ་པའི་ཆོས་ཡིན་ལ། དེའི་མཚན་ཉིད་ནི་གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་འགྱུར་བ་སྟེ། ཇི་སྐད་དུ་སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་གསུངས་སོ། །
དེ་ལ་དབྱེ་ན། རྟོགས་པའི་ཆོས་དང་ལུང་གི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པས་རྟོགས་པའི་ཆོས་ཀྱི་མཚན་ཉིད་གང་ཞིག་གང་གིས་འདོད་ཆགས་དང་བྲལ་བ་སྟེ། གང་ཞིག་གང་གིས་ཆགས་བྲལ་བ། །གང་ཞིག་འདོད་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་རྒྱུད་བླར་བཤད་དོ། །དེ་ལ་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་བདེན་དང་། གང་གིས་འདོད་ཆགས་དང་བྲལ་བྱེད་ལམ་བདེན་གཉིས་ལས། འགོག་བདེན་གྱི་མཚན་ཉིད་དེ་བཞིན་ཉིད་ལ་དམིགས་པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགགས་པ་སྟེ། ཀུན་བཏུས་སུ། དེ་བཞིན་ཉིད་ལ་དམིགས་པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགག་པ་དེ། འགོག་པའི་མཚན་ཉིད་དོ། །ཞེས་སོ། །དེ་ཡང་སློབ་མི་སློབ་ཀྱི་སྤངས་པ་དང་། ལྷག་མེད་ཀྱི་མྱང་འདས་དང་། ཐེག་ཆེན་ལུགས་ཀྱི་སངས་རྒྱས་ཀྱི་ཆོས་སྐུའོ། །ལམ་བདེན་གྱི་མཚན་ཉིད་ཟག་མེད་ཡེ་ཤེས་འཁོར་བཅས་འགོག་པ་མངོན་དུ་བྱེད་པའི་ཐབས་ཏེ། མཛོད་དུ། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་པའམ། རྒྱུད་བླར། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །ཞེས་སོ། །དེ་ཡང་མཐོང་སྒོམ་མི་སློབ་ལམ་གསུམ་ཟག་མེད་དམ། ཐེག་ཆེན་གྱི་ལམ་བདེན་ནི། རྒྱུད་བླར་མཐོང་སྒོམ་གཉིས་ལ་འདོད་དོ། །ཚོགས་སྦྱོར་གཉིས་ནི་ལམ་བདེན་གྱི་འཁོར་ཡིན་ནོ། །ལུང་གི་ཆོས་ཀྱི་མཚན་ཉིད་ནི། རྟོགས་པའི་ཆོས་ལ་འཇུག་པའི་རྗོད་བྱེད་དོ། །དེ་ལ་སྤྲོས་པ་ལས་བྱུང་བའི་བག་ཆགས་དང་། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་མངོན་བརྗོད་དོ། །དང་པོ་ནི། རྟ་དང་གླང་པོ་ལ་སོགས་པའི་གཏམ་སྣ་ཚོགས་པ་སྟེ་འཁོར་བ་དང་ཆོས་མཐུན་པས། འཇིག་རྟེན་པའི་མངོན་རྗོད་ཅེས་ཀྱང་བྱའོ། །
གཉིས་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེ་ཡང་ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་མཐུན་ནམ། ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་ལས་བྱུང་བས་དེར་བརྗོད་དེ། རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། ཞེས་དབུས་མཐར་བྱུང་ཞིང་། དོན་གསལ་འགྲེལ་པར། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་གྱུར་པ་ཞེས་སོ། །པཎྜི་ཏ་སུ་ནྱ་ཤྲཱིའི་ཞལ་སྔ་ནས། ཆོས་ཐམས་ཅད་སྟོང་ཉིད་རྟོགས་པའི་རྩ་བ་ཅན་ཡིན་ཏེ། བྱ་ཆུང་འབྲིང་ཆེ་གསུམ་ནམ་མཁའ་ལ་འཕུར་བ་ལྟར། བྱང་ཆུབ་གསུམ་གང་ཟག་གི་བདག་མེད་དང་གཟུང་བ་བདག་མེད་པ་དང་། བདག་མེད་གཉིས་ཀ་རྟོགས་པས་འཐོབ་བོ་ཞེས་གསུངས་སོ། །དེ་མྱང་འདས་དང་ཆོས་མཐུན་པས་འཇིག་རྟེན་ལས་འདས་པའི་མངོན་བརྗོད་ཅེས་བྱ་སྟེ། མྱང་འདས་ལས་ཆུ་བོ་ཆེན་པོ་བཞི་རྒྱ་མཚོར་བབ། འབབ་གཞོལ་བ་དེ་བཞིན་དུ་ཆོས་ཐམས་ཅད་མྱ་ངན་འདས་པར་བབ། འབབ་གཞོལ་ཞེས་གསུངས་སོ། །
བཞི་པ། རབ་ཏུ་དབྱེ་བ།
བཞི་བ་དབྱེ་བ་ལ། རྟོགས་པ་དང་། ལུང་ངམ། ཡང་ན་འབྲས་བུའི་ཆོས། སྒྲུབ་པའི་ཆོས། བཤད་པའི་ཆོས་གསུམ་མོ། །དང་པོ་ནི། མྱ་ངན་ལས་འདས་པ་སྟེ་རྒྱུ་དང་བཅས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་མཚན་ཉིད་དོ། །དེ་ཡང་ཞི་བ་བདུན་ཏེ། སྐྱེ་བ། རྒ་བ། འཆི་བ། ཕྲད་པ། བྲལ་བ། འདོད་པ་མ་འབྱོར་བ། ཕུང་པོའི་སྡུག་བསྔལ་ཞི་བ་ཉིད་དོ། །ཡང་ན་མི་རྟག་པ་བཞི་སྟེ་བསགས་པ་དག་ནི་མཐར་ཟད་འགྱུར། །ལུས་ནི་ཐ་མར་འཇིག་པར་འགྱུར། །འདུ་བའི་མཐའ་ནི་འབྲལ་བར་འགྱུར། །སྲོག་ནི་ཐ་མར་འཆི་བར་འགྱུར། །ཞེས་མི་རྟག་པ་བཞི་ལས་ཟློག་པའོ། །སྒྲུབ་པའི་ཆོས་ནི། ལམ་སྟེ་འབྲས་བུའི་ཆོས་དེ་ཐོབ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །དེ་ཡང་ཕུན་སུམ་ཚོགས་པ་བཞི་ལྡན་ཏེ། འདིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པ་ཡིན་གྱི། འཁོར་བའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པ་མ་ཡིན་པས་ཡོད་པ་མ་ཡིན་པ་དང་། མྱང་འདས་དང་འབྲེལ་བས་བར་མ་ཆོད་ཅིང་མི་འགྱུར་བས་རྒྱུན་མི་འཆད་པ་དང་། འདོད་ཆགས་ལ་སོགས་པའི་ཆོམ་པོས་མི་འཕྲོག་པས་གནོད་པ་མེད་པ་དང་། ཆོས་ལ་དགའ་བའི་ཟས་དང་ལྡན་པས་ཉེ་བར་སྟོན་པ་ཕུན་སུམ་ཚོགས་པ་དང་བཞིའོ། །བཤད་པའི་ཆོས་ནི། ལམ་གྱི་ཆོས་གསལ་བར་བྱེད་པ་ཕུན་སུམ་ཚོགས་པ་སྟེ། དེ་ཡང་བྱ་བ་བཞི་ལྡན་ཏེ། འདི་ནི་ལམ་ཡིན་ནོ་ཞེས་ཉེ་བར་ཉན་པ་ཉིད་དང་། འདི་ཉིད་ལམ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཞེས་ངེས་པར་བྱེད་པ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འདི་ནི་ལམ་གྱི་རྒྱུ་ཡིན་ནོ། །ཞེས་དེའི་ཚོགས་གསལ་བར་བྱེད་པ་དང་། ཉོན་མོངས་པ་དང་། ལས་དང་། ཚེའི་སྒྲིབ་པ་འདི་ནི་ལམ་གྱི་གེགས་བྱེད་པ་ཡིན་ནོ། །ཞེས་སྒྲིབ་པ་རབ་ཏུ་ཉེ་བར་སྟོན་པ་དང་བཞི་པའོ། །དེ་དག་རྟེན་འབྲེལ་འགྲེལ་བཤད་ལས་བཤད་དོ། །དེའི་བཤད་པའི་ཆོས་ལ་དབྱེ་ན་གཉིས་ཏེ། བཀའ་དང་བསྟན་བཅོས་ཏེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ཏེ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་སོ། །
བཀའ།
ཐོག་མ་བཀའ་ལ། མཚན་ཉིད། སྒྲ་དོན་དབྱེ་བ་གསུམ་ལས། དང་པོ་ནི། གླེང་གཞི་བཤད་བྱའི་ཆོས་མཐུན་འགྱུར་རྗེས་སུ་ཡི་རང་སྟེ། ཚིག་དོན་ཕུན་སུམ་ཚོགས་པའོ་ཞེས་མཆིམས་པ་ཁ་ཅིག་ཟེར་རོ། །བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པའི་རྗོད་བྱེད་བདག་རྐྱེན་གྱི་གཙོ་བོ་སངས་རྒྱས་ཀྱིས་མཛད་ནས་བྱུང་བ་སྟེ། རྒྱུད་བླར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། ཞེས་སོ། །
གཉིས་པ་སྒྲ་དོན་ནི། སཾ་སྐྲྀ་ཏའི་སྐད་ལ། སུ་བྷཱ་ཥི་ཏ་ཞེས་པས་སུ་ཞེས་པ་དོན་ལྔ་ལ་འཇུག་ཀྱང་། ལེགས་པ། བྷཱ་ཥི་ཏ་ཞེས་པ་གསུང་པ་སྟེ། ལེགས་པར་གསུངས་པས་ན་བཀའོ། །ཇི་ལྟར་ལེགས་པར་གསུངས་སྙམ་ན། རྣམ་པ་བཅུས་ལེགས་པར་གསུངས་ཏེ། རྣམ་བཤད་རིགས་པར། ཇི་ལྟར་ན་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ཡང་དག་པར་བླང་བ་ཉིད་ཀྱིས་དང་། དབང་དུ་མཛད་པ་ཉིད་ཀྱིས་དང་། འཇུག་པ་ཉིད་ཀྱིས་དང་། རབ་ཏུ་ལྡན་པ་ཉིད་ཀྱིས་དང་། རབ་ཏུ་དབྱེ་བ་ཉིད་ཀྱིས་དང་། རྟེན་ཉིད་ཀྱིས་དང་། གོ་བར་མཛད་པ་ཉིད་ཀྱིས་དང་། གདགས་པ་ཉིད་ཀྱིས་དང་། དུས་ཉིད་ཀྱིས་དང་། ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཞེས་སོ། །དེའི་དོན་རིམ་པ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་དང་། རེས་འགའ་རེས་འགའ་མ་ཡིན་གྱི། ཡང་དང་ཡང་དུ་རྒྱུན་དུ་གསུངས་པའི་ཕྱིར་དང་། སློབ་དཔོན་གྱིས་དཔེ་མཁྱུད་ཀྱིས་འགའ་ལ་ཡང་བར་ཆད་མ་བྱས་པར་ཡང་དག་པར་གསུངས་པའི་ཕྱིར་དང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་གསུངས་པའི་ཕྱིར་དང་། དབྱངས་ཡན་ལག་ལྔ་དང་ལྡན་པར་ཡང་དག་པར་གསུངས་པའི་ཕྱིར་དང་། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པར་གསུངས་པའི་ཕྱིར་དང་། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པ་ལ་གོ་བར་མཛད་པར་ཡང་དག་པར་གསུངས་པའི་ཕྱིར་དང་། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་དང་། གདུལ་བྱ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་དང་། གསུང་ཡན་ལག་རྣམ་པ་དྲུག་ཅུ་དང་ལྡན་པར་གསུངས་པའི་ཕྱིར་རོ། །འོ་ན་གསུང་ཡན་ལག་དྲུག་ཅུ་གང་ཞེ་ན། སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་ཉེ་བར་པར་མཛད་པའི་ཕྱིར་མཉེན་པའོ། །མཐོང་བའི་ཆོས་ཉིད་ལ་བདེ་བ་ལ་རེག་པའི་ཕྱིར་འཇམ་པའོ། །དོན་བཟང་བའི་ཕྱིར་ཡིད་དུ་འོང་བའོ། །ཡི་གེ་བཟང་བའི་ཕྱིར་ཡིད་དུ་འཐད་པའོ། །འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལས་ཐོབ་པའི་ཕྱིར་དག་པའོ། །ཉོན་མོངས་པའི་བག་ལ་ཉལ་གྱི་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རབ་ཏུ་གསལ་བའོ། །མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་སྙན་ཅིང་འཇེབས་པའོ། །སྒྲུབ་པས་ངེས་པར་འབྱུང་བ་དང་ལྡན་པའི་ཕྱིར་མཉན་པར་འོས་པའོ། །ཕ་རོལ་གྱི་རྒོལ་པ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་མི་ཚུགས་པའོ། །ཐམས་ཅད་དགའ་བར་བྱེད་པའི་ཕྱིར་སྙན་པའོ། །འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་དུལ་བའོ། །བསླབ་པ་བཅའ་བའི་ཐབས་བདེ་བའི་ཕྱིར་མི་རྩུབ་པའོ། །དེ་ལས་འདས་ནས་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་མི་བརླིང་བའོ། །ཐེག་པ་གསུམ་ཆར་གྱི་འདུལ་བ་སྟོན་པའི་ཕྱིར་རབ་ཏུ་དུལ་བའོ། །རྣམ་པར་གཡེང་བའི་གཉེན་པོའི་ཕྱིར་རྣ་བར་སྙན་པའོ། །ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་ལུས་ཚིམ་པར་བྱེད་པའོ། །ལྷག་མཐོང་གི་རབ་ཏུ་དགའ་བ་བསྐྱེད་པར་མཛད་པའི་ཕྱིར་སེམས་སིམ་པར་བྱེད་པའོ། །ཐེ་ཚོམ་གཅོད་པར་མཛད་པའི་ཕྱིར་སྙིང་དགའ་བར་བྱེད་པའོ། །ལོག་པ་དང་མ་ངེས་པ་སེལ་བར་བྱེད་པའི་ཕྱིར་དགའ་བ་དང་བདེ་བ་སྐྱེད་པའོ། །སྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ། །ཐོས་པ་ལས་བྱུང་བ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་ཀུན་ཤེས་པར་བྱ་བའོ། །བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རྣམ་པར་རིག་པར་བྱ་བའོ། །སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བར་ཆོས་སྟོན་པར་མཛད་པའི་ཕྱིར་རྣམ་པར་གསལ་བའོ། །རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་དགའ་བར་བྱེད་པའོ། །རང་གི་དོན་མ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་མངོན་པར་དགའ་བར་བྱ་བའོ། །བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཀུན་ཤེས་པའོ། །བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རྣམ་པར་རིག་པར་བྱ་བའོ། །ཚད་མ་དང་ནི་མི་འགལ་བའི་ཕྱིར་རིགས་པའོ། །གདུལ་བྱ་རྣམས་ལ་ཇི་ལྟར་རིགས་པར་སྟོན་པར་མཛད་པའི་ཕྱིར་འབྲེལ་བའོ། །དོན་མེད་མི་གསུང་བའི་ཕྱིར་ཟློས་པའི་སྐྱོན་མེད་པའོ། །མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་སེང་གེའི་སྒྲའི་ཤུགས་སོ། །གསུང་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་གླང་པོ་ཆེའི་སྒྲ་སྐད་དོ། །ཟབ་པ་ཉིད་ཀྱི་ཕྱིར་འབྲུག་གི་སྒྲ་དབྱངས་སོ། །གཟུང་བར་འོས་པའི་ཕྱིར་ཀླུའི་དབང་པོའི་སྒྲའོ། །སྒྲ་དབྱངས་ཤིང་ཏུ་སྙན་པའི་ཕྱིར་དྲི་ཟའི་ཀླུ་དབྱངས་སོ། །རྣོ་བ་དང་འཇིག་པའི་ཕྱིར་ཀ་ལ་པིང་ཀའི་སྒྲ་དབྱངས་སོ། །ཐག་རིང་དུ་གྲག་པའི་ཕྱིར་ཚངས་པའི་སྒྲ་དབྱངས་བསྒྲགས་པའོ། །གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཤིས་པ་ཡིན་པའི་ཕྱིར་ཤང་ཤང་ཏེའུའི་སྒྲ་དབྱངས་གྲག་པའོ། །དེ་ལ་སྒྲ་སྨོས་པ་ནི། དེ་དང་དེའི་བརྡ་གོ་བར་བྱེད་པའི་དོན་ཏོ། །དབྱངས་སྨོས་པ་ནི་དོན་སྟོན་པའི་མཚན་ཉིད་ཀྱི་སྒྲ་ཡིན་པར་གོ་བར་བྱེད་བའི་དོན་ཏོ། །གྲགས་པ་སྨོས་པ་ནི། སྒྲ་དེ་དང་དེའི་བརྡ་རྗེས་སུ་སྒྲོག་པར་བྱེད་པའི་དོན་ཡིན་ནོ། །འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ལྷའི་དབང་པོའི་དབྱངས་ལྟར་སྙན་པའོ། །བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བའི་ཕྱིར་རྔའི་སྒྲའོ། །བསྟོད་པས་ཀུན་ནས་ཉོན་མོངས་པ་མི་མངའ་བའི་ཕྱིར་མ་ཁེངས་པའོ། སྨད་པས་ཞུམ་པ་མི་མངའ་བའི་ཕྱིར་མི་དམའ་བའོ། །སྒྲའི་བསྟན་བཅོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་མཚན་ཉིད་ཀྱིས་རྗེས་སུ་ཞུགས་པ་ཉིད་ཡིན་པའི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའོ། །བསྙེལ་ཏེ་གསུང་བ་མི་མངའ་བའི་ཕྱིར་ཟུར་ཆག་པ་མེད་པའོ། །གདུལ་བྱ་རྣམས་ཀྱི་བྱ་བ་དུས་ཐམས་ཅད་དུ་ཉེ་བར་གནས་པར་མཛད་པའི་ཕྱིར་མ་ཚང་བ་མེད་པའོ། །རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་མ་ཞུམ་པའོ། །བསྙེངས་པ་དང་བྲལ་བའི་ཕྱིར་མི་ཞན་པའོ། །སྐྱོ་བ་མེད་པའི་ཕྱིར་རབ་ཏུ་དགའ་བའོ། །རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་ཁྱབ་པའོ། །སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་ཐ་བ་མེད་པའོ། །རྒྱུད་ཆད་པ་མེད་པའི་ཕྱིར་རྒྱུན་ཆགས་པའོ། །རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་བརྗིད་པའོ། །གསུང་གཅིག་ལ་སྒྲའི་རྣམ་པ་དུ་མར་གནས་པའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེད་པའོ། །གཅིག་ལས་དོན་དུ་མའི་རྣམ་པར་རིག་པར་ཉེ་བར་གནས་པའི་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པའོ། །ཇི་ལྟར་དམ་བཅས་པ་བཞིན་དུ་མཛད་པའི་ཕྱིར་མ་སྨད་པའོ། །ཐོབ་པའི་དུས་སུ་རབ་ཏུ་སྦྱོར་བའི་ཕྱིར་མི་འགྱུར་བའོ། །རྟབ་རྟབ་པོར་མི་གསུང་བའི་ཕྱིར་མ་རྟབས་པའོ། །འཁོར་ཐག་རིང་པོ་དང་ཉེ་བས་མཚུངས་པར་ཐོས་པའི་ཕྱིར་འཁོར་ཀུན་ཏུ་གྲགས་པའོ། །འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཞེས་འཕགས་པ་ཐོགས་མེད་གསུང་ངོ་ཞེས་ཉི་ཁྲི་སྣང་བར་བཤད་དོ། །འགྱུར་གཞན་ལས་ཐ་བ་མེད་པ་ལ་ཆུབ་པ་ཞེས་དང་། བརྗོད་པ་ལ་འབེལ་བ་ཞེས་འབྱུང་ཞིང་ཡན་ལག་དྲུག་ཅུའི་བཤད་པ་ནི། ས་སྡེ་དང་འབུམ་ཏིག་དང་མདོ་སྡེ་རྒྱན་གྱི་འགྲེལ་པ་དང་རྣམ་བཤད་རིགས་པ་རྣམས་མཐུན་པར་སྣང་ངོ་། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞིར་མཛད་དེ། འཁོར་ཀུན་ཏུ་གྲགས་པའི་རྗེས་སུ་འདོད་ཆགས་ཞི་བར་བྱེད་བ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པ་དང་། ཞེས་འབྱུང་ལ། བྱམས་པས། ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ཅེས་འབྱུང་ཞིང་། འཕགས་པ་ཐོགས་མེད་དང་གྲོལ་སྡེ་དང་དབྱིག་གཉེན་ལ་སོགས་པ་གསུང་རབ་ལ་ཚད་མར་གྱུར་པ་རྣམས་ཀྱིས་མདོ་དེ་ཉིད་ལས་ཡན་ལག་དྲུག་ཅུར་བཤད་ཅེས་འབྱུང་བས་ཚིག་ལྷད་བཅུག་པ་ཡིན་མིན་དཔྱད་པར་རིགས་སོ། །
གསུམ་པ་དབྱེ་བ་ལ་དྲུག་སྟེ། དུས་དང་། བརྗོད་བྱ་དང་། རྗོད་བྱེད་དང་། གཉེན་པོ་དང་། གདུལ་བྱ་དང་། བདག་རྐྱེན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ། དུས་དང་པོར་གསུངས་པ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། བར་དུ་གསུངས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། མཐའ་མར་གསུངས་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་སྟེ་གསུམ་དུ་དགོངས་པ་ངེས་འགྲེལ་དུ་བཤད་དོ། །
གཉིས་པ་ནི། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། བདེན་པ་གཉིས་ལ་ཡང་དག་བརྟེན། ཞེས་པས། ཀུན་རྫོབ་རིགས་པས་མི་གནས་པ་སྟོན་པ་དྲང་དོན་དང་། དོན་དམ་རིགས་པས་འཐད་པ་སྟོན་པ་ངེས་པའི་དོན་གཉིས་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ཀུན་རྫོབ་བསྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ཏོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ཏོ། །ཞེས་སོ། །གང་དག་མདོ་ཐམས་ཅད་སངས་རྒྱས་ལ་ལྟོས་ཏེ་དྲང་དོན། གདུལ་བྱ་ལ་བལྟོས་ཏེ་ངེས་དོན་དུ་འདོད་པ་ནི་རྣམ་པར་འཁྱམས་སོ། །གསུམ་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་པ་སྙིང་པོའི་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་སོ། །དེ་ལ་མདོའི་སྡེ་ནི། གང་བཞེད་པའི་དོན་སྨོས་པའི་ཚུལ་གྱིས་རྐྱང་བར་གསུངས་པའོ། །ཅིའི་ཕྱིར་ཕྱེ་སྟེ་མ་གསུངས་ཤེ་ན། ཀུན་བཏུས་སུ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ་རྣམ་པར་གཞག་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་སོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི། མདོ་སྡེ་དེ་ཉིད་དུ་དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའམ། དྲང་བའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་ནི། ཉན་ཐོས་འདས་ཏེ་ཤི་བའི་དུས་བྱས་པ་དང་འབྱུང་བ་ལུང་སྟོན་པ་དམ་པའི་ཆོས་པད་མ་དཀར་པོ་ལྟ་བུའམ། ཡང་ན་ངེས་པའི་དོན་གྱི་མདོ་སྡེ་ནི་དེས་རྣམ་པར་ཕྱེ་ནས་དགོངས་པ་ལུང་སྟོན་པའི་ཕྱིར་ལུང་དུ་བསྟན་པའི་སྡེའོ། །ཚིགས་སུ་བཅད་པའི་སྡེ་ནི། ཚིགས་བཅད་དུ་སྦྱར་ནས་གསུངས་པ་སྟེ། དེ་ནི་རྩ་བ་གཉིས་པ། དགེ་སློང་འདི་ནི་སྟོན་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་པ་ལྟ་བུ་དང་། རྩ་བ་གསུམ་པ། འདི་ན་བདག་གམ་སེམས་ཅན་མེད། །སྲོག་ཀྱང་ཡོད་པ་མ་ཡིན་ཏེ། །ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ཞེས་པ་ལྟ་བུ་དང་། རྩ་བ་བཞི་པ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ལྟ་བུ་དང་། རྩ་བ་ལྔ་པ་དང་། རྩ་བ་དྲུག་པ། འདི་དག་འཁྲུལ་བའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་མུན་པའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །དེ་ཡི་ཕྱིར་ན་འགའ་ཞིག་ལ། །བློ་སྐྱེ་མེད་པས་སངས་རྒྱས་ཡིན། ཞེས་པ་ལྟ་བུའོ། །ཆེད་དུ་བརྗོད་པའི་སྡེ་ནི། རྣམ་བཤད་རིགས་པར། གང་ཟག་གི་ཆེད་དུ་གསུངས་པ་མ་ཡིན་གྱི། བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་བཤད་པ་གང་ཡིན་པ་སྟེ་ཞེས་སོ། །གང་ཡི་རངས་ནས་བརྗོད་པ་སྟེ། དཔེར་ན་ཐུབ་པས་སྣོད་བཅུད་ཀྱི་ཞིང་སྦྱངས་པ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དུལ་བ་ནི་ལེགས་སོ་ཞི་བ་ནི་ལེགས་སོ་ཞེས་སོགས་གསུངས་པ་ལྟ་བུའོ། །གླེང་གཞིའི་སྡེ་ནི་གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་དང་བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པ་སྟེ། ནོར་ཅན་ལ་མ་བྱིན་ལེན་གྱི་བསླབ་པ་བཅོས་པ་ལྟ་བུའོ། །རྟོགས་པ་བརྗོད་པའི་སྡེ་ནི། དཔེ་དང་བཅས་པར་གསུངས་པ་སྟེ། དེས་དོན་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བུ་བྱུང་བའི་སྡེ་ནི། སྔོན་གྱི་སྦྱོར་བ་དང་ལྡན་པ་སྟེ། སྐེམ་མོ་གཽ་ཏ་མའི་གཏམ་རྒྱུད་ལྟ་བུའོ། །སྐྱེས་པ་རབས་ཀྱི་སྡེ་ནི། བྱང་ཆུབ་སེམས་དཔེའི་སྤྱོད་པ་སྟོན་པ་སྟེ། ཐམས་ཅད་སྒྲོལ་གྱི་རྣམ་ཐར་ལྟ་བུའོ། །ཤིན་ཏུ་རྒྱས་པའི་སྡེ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང་རྒྱས་པ་དང་རྒྱ་ཆེ་བ་དང་ཟབ་པའི་རྣམ་པར་ཆོས་སྟོན་པའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པས་རྣམ་པར་འཐག་པ་ཞེས་བྱའོ། །གཞན་དང་མཚུངས་པ་མེད་པས་མཚུངས་བྲལ་ཞེས་བྱའོ། །ཆེན་པོ་བདུན་དང་ལྡན་པས་ཐེག་པ་ཆེན་པོ་ཞེས་བྱའོ། །རྨད་དུ་བྱུང་བའི་སྡེ་ནི། ཉན་ཐོས་དང་བྱང་སེམས་དང་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི། གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པས་མདོ་ལ་སོགས་པའི་དོན་བཤད་པའོ། །
བཞི་པ་ནི། སྡེ་སྣོད་གསུམ་སྟེ། འདི་ལ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུ་བ་དང་། སྡེ་སྣོད་ཀྱི་ངེས་ཚིག་དང་། སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་དང་། སྡེ་སྣོད་སོ་སོའི་ངེས་ཚིག་གོ། དང་པོ་ལ། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་བཅད་ཆེད་བརྗོད་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །གླེང་གཞིའི་སྡེ་ནི། བྱུང་བ་བཅས་པའི་བསླབ་པ་གསུངས་པ་འདུལ་བའི་སྡེ་སྣོད་ཀྱི་གཙོ་བོ་ཡིན་ལ། རྟོགས་བརྗོད་དེ་ལྟ་བུ་བྱུང་བ་སྐྱེས་རབས་བསུམ་ནི། དེའི་འཁོར་ཡིན་པས་དེ་ལྟར་བཞི་ནི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་སྡེ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དེ། བྱང་སེམས་དང་སངས་རྒྱས་དེ་དག་གི་ཁྱད་པར་གྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཕྱིར་རྨད་དུ་བྱུང་བ་ཡང་བྱང་སེམས་ཀྱི་མདོ་སྡེར་བསྡུའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི། ཐེག་ཆེན་དང་ཉན་ཐོས་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། །སྡུད་ཚུལ་འདི་ཀུན་ལས་བཏུས་ཀྱི་ལུགས་ཡིན་ནོ། །གཞན་དུ་གཞན་བཤད་པའང་ཡོད་དོ། །
གཉིས་པ་ནི། སཾ་སྐྲྀ་ཏ་ལ་པི་ཊ་ཀ་ཞེས་འབྱུང་ཞིང་། པཎྜི་ཏ་ཞེས་སྒྱུར་ན་གོང་བུའམ་བསྡུས་པ་སྟེ། དོན་མང་པོ་བརྗོད་བྱར་བསྡུས་པའམ་ཤེས་བྱ་ཐམས་ཅད་བརྗོད་བྱར་བསྡུས་པས་སྡེ་སྣོད་དོ། །ཡང་ན་པི་ཊ་ཀ་ཞེས་པ་ཡུལ་དབུས་ཀྱི་བྲེ་བོ་ཆེའི་མིང་ཡིན་ལ། བྲེ་བོ་ཆེའི་ནང་དུ་བྲེའུ་ཆུང་མང་པོ་འདུས་པ་བཞིན་དུ། འདི་དག་གི་ནང་དུ་བརྗོད་བྱ་བསླབ་བྱ་མང་པོ་འདུས་པས་སྡེ་སྣོད་དོ། །
གསུམ་པ་ནི། རྒྱུ་དགུས་སྡེ་སྣོད་གསུམ་དུ་བཞག་སྟེ། སྤང་བྱ་ལ་ལྟོས་ནས་གསུམ་དང་། བསླབ་བྱ་ལ་ལྟོས་ནས་གསུམ་དང་། ཤེས་བྱ་ལ་ལྟོས་ནས་གསུམ་དུ་བཞག་པའོ། །དང་པོ་ནི། ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་མདོ་སྡེའི་སྡེ་སྣོད་བཞག་སྟེ། གདུལ་བྱ་རྣམས་ཀྱི་བདེན་པ་དང་དཀོན་མཆོག་སོགས་ལ་སོམ་ཉི་བྱུང་བ་བཅད་པའི་ཆེད་དུ་མདོའི་སྡེ་ལ་སོགས་པ་བཤད་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོར་འདུལ་བའི་སྡེ་སྣོད་བཞག་སྟེ། འདོད་པ་བསོད་ཉམས་ཀྱི་མཐའ་ཆགས་ཤིང་ཞེན་པས་གསོག་འཇོག་ལ་སྤྱོད་པའི་གཉེན་པོར་གསོག་འཇོག་ཅུང་ཟད་ཙམ་ཡང་བཀག་ཅིང་། ཚུལ་ཁྲིམས་དག་པས་ཞེན་མེད་དུ་ལྷག་པར་རྙེད་ན་ཁང་པ་བརྩེགས་པ་ལྔ་བརྒྱ་པའམ། ཁ་ཟས་རོ་བརྒྱ་པའམ། ཀརྵ་པ་ནི་བརྒྱ་སྟོང་རི་བའི་གོས་ལ་སོགས་པའང་གནང་བས། ངལ་ཞིང་དུབ་པའི་མཐའ་སྤོང་བའོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཉེ་ཉོན་གྱི་གཉེན་པོར་མངོན་པའི་སྡེ་སྣོད་བཞག་སྟེ། དེར་ཆོས་ཀྱི་མཚན་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །
གཉིས་པ་ནི། བསླབ་པ་གསུམ་བརྗོད་པའི་ཕྱིར་མདོ་སྡེ་སྟེ་དེ་ལས་བསླབ་པ་གསུམ་རྒྱས་པར་བརྗོད་པས། གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་དོ། །ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པ་བསྒྲུབ་པའི་ཕྱིར་འདུལ་བ་སྟེ། སོ་སོ་ཐར་པའི་སྡོམ་པའི་བསླབ་པ་ལ་བརྟེན་ནས། དངོས་སུ་ཚུལ་ཁྲིམས་ཡོངས་སུ་སྦྱོང་ཞིང་དེ་དག་པས་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཤེས་རབ་ཀྱི་བསླབ་པ་བསྒྲུབ་པའི་ཕྱིར་མངོན་པ་སྟེ། དེར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །
གསུམ་པ་ནི། ཆོས་དང་དོན་བརྗོད་པའི་ཕྱིར་མདོ་སྡེ་སྟེ། དེས་ཚིག་དོན་ལ་བྱང་བར་བྱེད་དོ། ཆོས་དང་དོན་མངོན་དུ་བྱ་བའི་གཞིའི་གནས་ཀྱི་ཕྱིར་འདུལ་བ་སྟེ། དེས་འདུལ་བའི་སྡེ་སྣོད་ནི་བསླབ་པ་སྒྲུབ་པས་རབ་ཏུ་ཕྱེ་བས་ཚུལ་ཁྲིམས་དག་པས་ཏིང་ངེ་འཛིན་སྐྱེ། དེས་ཉོན་མོངས་པ་འདུལ་བས་ཆོས་དང་དོན་མངོན་དུ་བྱེད་དོ། །མངོན་པ་ལ་བརྟེན་ནས་ཕན་ཚུལ་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལས་གྱུར་པའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་བ་ལ་རེག་པར་གནས་པར་འགྱུར་ཏེ་དེར་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ལ་སོགས་པའི་ཆོས་ཉིད་ལ་བྱང་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་སྡེ་སྣོད་གསུམ་ལ་ཐོས་པ་བྱས་པས་བག་ཆགས་འཇོག་གོ། བསམས་པས་དོན་རྟོགས་པར་བྱེད་དོ། །བསྒོམས་པས་ཞི་གནས་ཀྱིས་སེམས་ཀྱི་ཉོན་མོངས་པ་ཞི་བར་བྱེད་ལ། ལྷག་མཐོང་གིས་ཆོས་ཉིད་རབ་ཏུ་རྟོགས་པས་ས་བོན་ལས་གྲོལ་བར་བྱེད་དོ། །དེ་དག་ལ་དགོངས་ནས་མདོ་སྡེ་རྒྱན་ནས། སྡེ་སྣོད་དག་ནི་གསུམ་མཾ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ། །དེ་ཡི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་སོ། །
བཞི་པ་ནི། མདོ་སྡེ་རྒྱན་ནས། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཅེས་པས་དོན་ཞེས་པ་སྒྲ་དོན་ནམ་ངེས་ཚིག་ཡིན་གྱི། མཚན་ཉིད་དུ་འཆད་པ་ནོར་བ་ཡིན་ནོ། །བློ་དང་ལྡན་པ་བྱང་སེམས་ཀྱིས་སྡེ་སྣོད་གསུམ་མ་ལུས་པ་ཤེས་པས་རྣམ་མཁྱེན་ཐོབ་བོ། །ཉན་ཐོས་ཚིགས་བཅད་གཅིག་གི་དོན་ཤེས་པས་འབྲས་བུ་འཐོབ་སྟེ་ཤཱ་རིའི་བུའམ་ལམ་ཕྲན་བརྟན་བཞིན་ནོ། །དེ་ལ་མདོའི་སཾ་སྐྲྀ་ཏ་ལ་སཱུ་ཏྲ་ཞེས་པ་མགོ་སྨོས་པར་འགྱུར་ཏེ། རྒྱལ་པོའི་ཁབ་ན་ཞེས་པ་ལྟ་བུ་གནས་སྨོས་པ་དང་། སའི་མཚན་ཉིད་ནི་སྲ་བའོ་ཞེས་པ་ལྟ་བུ་མཚན་ཉིད་སྨོས་པ་དང་། ཆོས་ཀྱི་ཚིག་སྨོས་པ་དང་། དོན་སྨོས་པས་མདོ། དེ་འདྲའི་ཚོགས་སུ་གྱུར་པས་སྡེའོ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་སོ། །མངོན་པ་ལ། སཾ་སྐྲྀ་ཏ་ལ་ཨ་བྷི་ཞེས་བའི་ཨ་བྷི་མུ་ཁྱ་ཞེས་པ་མངོན་དུ་གྱུར་པ་སྟེ། དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པས་མངོན་པ་སྟེ། མངོན་པ་མཚན་ཉིད་པའོ། །ཨ་བྷི་ཀྵ་ན་ཞེས་པ་ཡང་ཡང་སྟེ་ཕུང་ཁམས་སྐྱེ་མཆེད་རྫས་ཡོད་བཏགས་ཡོད་ལ་སོགས་སྒོ་དུ་མ་ནས་ཡང་ཡང་སྟོན་པས་མངོན་པ་སྟེ་གཞུང་ལུགས་སོ། །ཨ་བྷི་བྷཱུ་ཞེས་པ་ཟིལ་གནོན་ཏེ། དེ་ལས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ལུས་པ་ཤེས་པས་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་གཞན་ཟིལ་གྱིས་གནོན་པའམ། སྨྲ་བ་ངན་པ་རྣམས་ཟིལ་གྱིས་གནོན་པའོ། །ཨ་བྷི་ས་མ་ཡ་ཞེས་པ་རྟོགས་པ་སྟེ། ཤེས་བྱ་ཇི་སྙེད་པ་རྫས་བཏགས་སོགས་རྟོགས་པས་མངོན་པའོ། །མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །འདུལ་བ་ལ་བི་ན་ཡ་ཞེས་པའི་བི་བིཏྟི་ཞེས་པ་རྣམ་པར་ལྟུང་བ་སྟེ། ལྟུང་བ་སྟོན་ཅིང་ངེས་པར་བྱེད་པས་འདུལ་བ་ཞེས་པ་ལ་སོགས་པའམ། བི་ནི་ཤྩ་ཡ་ཞེས་པ་རྣམ་པར་ངེས་པས་འདུལ་བ་ཞེས་སོགས་བཞི་ཚན་གཉིས་གསུངས་ཏེ། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་སོ། །ལྔ་པ་ནི། རྒྱན་ལས། གཉིས་ཀྱང་རུང་ཞེས་པས་དམན་པ་ལ་མོས་པ་ལ་ཉན་ཐོས་ཀྱི་སྡེ་སྣོད་དང་། རྒྱ་ཆེན་པོ་ལ་མོས་པ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་དོ། །ཐེག་པ་ཆེ་ཆུང་གི་ཁྱད་པར་ནི་ཆེན་པོ་བདུན་དང་ལྡན་པས་སམ། ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། ཞེས་པ་ལྟར་རོ། །དེས་ན་ཉན་ཐོས་ཀྱི་ལུགས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ནི་མདོ་སྡེ་ལེའུའི་གྲངས་ཤིན་ཏུ་མང་ཞིང་རྒྱས་པ་འདོད་དོ། །ཐེག་ཆེན་ལུགས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ནི་ངེས་པའི་ཚིག་གི་ཚུལ་གྱིས་ཐེག་པ་རྒྱས་པས་ན་ཤིན་ཏུ་རྒྱས་པ་སྟེ། སྟོང་ཕྲག་བརྒྱ་པ་ལ་སོགས་པ་དང་ལྡན་པས་ཆོས་ཆེན་པོ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་སེམས་བསྐྱེད་པ་ཆེན་པོ་དང་། ཆོས་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པས་མོས་པ་ཆེ་བ་དང་། བདག་གཞན་མཉམ་པའི་བསམ་པ་ཐོབ་པས་བསམ་པ་རྒྱ་ཆེན་པོ་དང་། སར་ཆུད་ནས་སྐད་ཅིག་རེ་རེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་གསོག་པས་ཚོགས་ཆེན་པོ་དང་། བསྐལ་པ་གྲངས་མེད་གསུམ་དུ་བརྩོན་པས་དུས་ཆེན་པོ་དང་། སེམས་ཅན་ཐམས་ཅད་དང་མི་མཉམ་པའི་སངས་རྒྱས་ཀྱི་སྐུ་འགྲུབ་པས་ཡང་དག་པར་འགྲུབ་པ་ཆེན་པོ་སྟེ། ཆེན་པོ་བདུན་དང་ལྡན་པས་ཐེག་ཆེན་ནོ། །མདོ་སྡེ་རྒྱན་ལས་ཆེན་པོ་བདུན་འདི་ལས་ཅུང་ཟད་མི་འདྲ་བར་འབྱུང་ངོ་། །ཡང་དབང་པོ་རྟུལ་པོ་རྒྱུ་ལ་མོས་པས་རྒྱུ་ལམ་དུ་བྱེད་པ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པ་ལ་འབྲས་བུ་ལམ་དུ་བྱེད་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཡིན་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པ་དང་། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉི་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་སོ། །སྔགས་མཚན་ཉིད་ཀྱི་ཁྱད་པར་ནི། སློབ་དཔོན་ཏྲི་པི་ཏ་ཀ་མ་ལའི་ཚུལ་གསུམ་གྱི་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་པས་ཕྱིའི་ཐབས་སྨད་ནས། ནང་ཏིང་ངེ་འཛིན་གྱི་ཕར་ཕྱིན་དྲུག་སྒྲུབ་པས་ཐབས་ལ་མ་རྨོངས་པ་དང་། ཤིན་ཏུ་ཕྲ་བ་སེམས་སེམས་བྱུང་དང་ཕྲ་བ་ངག་ཡེ་གེ་དང་། རགས་པ་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ཐུགས་གསུང་སྐུའི་ཏིང་ངེ་འཛིན་དང་། ཡང་དག་པའི་དོན་སྟོན་པས་ཐབས་མང་བ་དང་། གདུལ་བྱ་གང་འདོད་ལ་སྦྱར་ནས་འདོད་དོན་ཐོབ་པར་མཛད་པ་ཐབས་སླ་བ་ཕྱག་རྒྱ་བཞི་ལ་སོགས་པ་སྟོན་པས་དཀའ་བ་མེད་པ་དང་། དབང་པོ་རྣོན་པོས་བསྒྲུབ་པར་བྱ་བ་དང་། གཞན་གྱིས་བྱས་ན་ངན་འགྲོར་འགྲོ་བའི་ལས་ཀྱིས་ཀྱང་རྣམ་པར་དག་པར་འགྱུར་བ་བཞིས་ཁྱད་པར་འཕགས་ལ། དེའང་། ཨརྱ་དེ་ཝས་རིགས་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་བཞི་པར་གསུངས་ལ། སློབ་དཔོན་ཤཱནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་ན་མདོ་སྡེ་ཡིན་ནོ་གསུང་། སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟ་ནི་བསླབ་པ་གསུམ་ག་སྟོན་པས་སྡེ་སྣོད་གསུམ་གའོ་ཞེས་བཞེད་དོ། །
དྲུག་པ་བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། ཞལ་ནས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བའི་བཀའོ། །དང་པོ་ནི། འཕགས་པ་སྡུད་པ་ལྟ་བུའོ། །
གཉིས་པ་ལ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་གསུམ་དུ་བརྒྱད་སྟོང་འགྲེལ་པར་བཤད་དོ། །དང་པོ་ནི། ས་བཅུ་པའི་མདོ་ལྡ་བུའོ། །གཉིས་པ་ནི། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུའོ། །གསུམ་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་སྟོན་པའི་མདོ་ལྟ་བུའོ། །མཁས་པ་འགའ་ཞིག་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལ་གསུམ་དུ་འབྱེད་དེ། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་དང་། ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབས་པའོ། །དང་པོ་ནི། ཤེས་རབ་སྙིང་པོ་ལྟ་བུའོ། །
གཉིས་པ་ནི་གནོད་སྦྱིན་ལ་སོགས་པས་སྨྲས་པའི་སྔགས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལྟ་བུའོ། །གསུམ་པ་ནི་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ནམ་མཁའ་དང་འོད་ཟེར་དང་རོལ་མོ་ལས་ཆོས་ཀྱི་སྒྲ་བྱུང་བལྟ་བུའོ། །
གསུམ་པ་ནི། གླེང་གཞི་དང་མཚམས་སྦྱོར་དང་། མཐུན་འགྱུར་ཡི་རང་རྣམས་ཏེ། ཆོས་ཡང་དག་པར་སྡུད་པ་ལས། དགེ་སློང་དག །འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་ཆོས་བསྡུ་བར་བྱའོ། །ཞེས་དང་། འབྲེལ་དང་གོ་རིམས་ཀྱང་བསྟན་པར་བྱའོ། །ཞེས་རྗེས་སུ་གནང་བའི་ཕྱིར་རོ། །
བསྟན་བཅོས།
གཉིས་པ་བསྟན་བཅོས་ནི། མཚན་ཉིད། ངེས་ཚིག །དབྱེ་བ་གསུམ་གྱིས་ངེས་པར་བྱ་པ་ལས། དང་པོ་ནི། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་ཅིང་ཐར་བ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་སྟེ། རྒྱུད་བླ་མར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་པོས་བླང་། །ཞེས་སོ། །
གཉིས་པ་ནི། སཾ་སྐྲི་ཏ་ལས། ཤཱ་སྟྲ་ཞེས་པའི་ཤཱ་ས་ན་ཞེས་པ་འཆོས་པ་སྟེ། རྒྱུ་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏཱ་ཡི་ཞེས་པའམ། ཏ་ར་ཎ་ཞེས་པ་སྐྱོབ་པ་སྟེ། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། ངེས་ཚིག་འདི་བཀའ་ལའང་གནས་སོ། །རྣམ་བཤད་རིགས་པར། སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ། །ངེས་པའི་ཚིག་ཏུ་ན་འཆོས་པ་དང་སྐྱོབ་པར་བྱེད་པས་དེའི་ཕྱིར་བསྟན་བཅོས་སོ། །ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས། འཆོས་པ་དང་སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་གཟུང་བ་ལ་འབད་པ་དང་ལྡན་པར་བྱའོ། །ཞེས་གསུངས་སོ། །
གསུམ་པ་ལ། མཆོག་དམན་གྱི་སྒོ་ནས་དང་། བྱེད་པ་ལས་ཀྱི་སྒོ་ནས་དང་། བརྗོད་བྱ་དོན་གྱི་སྒོ་ནས་དང་། བཤད་བྱ་བཀའི་སྒོ་ནས་དབྱེ་བ། བསྟན་བཅོས་ཀྱི་རིགས་བསྡུ་བ་དང་ལྔའོ། །དང་པོ་ནི། དགུར་ས་སྡེར་གསུངས་ཏེ། དོན་མེད་པའི་དང་། དོན་ལོག་པའི་དང་། དོན་ལྡན་པའི་བསྟན་བཅོས་ཏེ་གསུམ་དང་། ངན་གཡོའི་དང་། སྙིང་བརྩེ་མེད་པའི་དང་། སྡུག་བསྔལ་སྤོང་བའི་བསྟན་བཅོས་ཏེ་གསུམ་དང་། ཐོས་པ་ལྷུར་ལེན་པའི་དང་། རྩོད་པ་ལྷུར་ལེན་པའི་དང་། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་གསུམ་སྟེ་དགུ་ལས་ཕྱི་མ་རེ་རེ་མཆོག་ཡིན་ལ། སྔ་མ་གཉིས་གཉིས་དམན་པ་ཡིན་ནོ། །ཁ་ཅིག་ཐོས་རྩོད་ལྷུར་ལེན་གཉིས་ཏེ། ལྔ་མཆོག་ཏུ་འདོད་པ་མི་འཐད་དོ། །བསྡུ་བ་རྣམ་པར་གཏན་ལ་དབབ་པར། དེ་གཉིས་མུ་སྟེགས་ཀྱི་བསྟན་བཅོས་སུ་གསུངས་པའི་ཕྱིར་རོ། །དེས་ན་ཕྱི་མ་རེ་རེ་མཆོག་ཡིན་ཏེ། སངས་རྒྱལ་ཀྱི་བཀར་བཤད་པའི་ཕྱིར་རོ། །
གཉིས་པ་ནི། བཀའ་རྒྱ་ཆེན་པོ་སྡུད་པ་དང་། ཟབ་མོ་རྣམ་པར་འབྱེད་པ་དང་། འཁྲུགས་པ་བསྡེབ་པའི་བསྟན་བཅོས་གསུམ་མོ། །དང་པོ་འདུལ་བའི་མདོ་ལྟ་བུ། གཉིས་པ་མངོན་རྟོགས་རྒྱན་ལྟ་བུ། གསུམ་པ་མདོ་སྡེ་རྒྱན་ནམ་བསླབ་བཏུས་ལྟ་བུའོ། །
གསུམ་པ་ལ་གསུམ་སྟེ། ཤེས་བྱ་ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པ་དང་གསུམ་མོ། །དང་པོ་ལ་ཕལ་བ་དང་། ཁྱད་པར་ཅན་གཉིས་ལས། དང་པོ་ནི། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་བརྟག་པ་བཅོ་བརྒྱད་ལ་སོགས་པ་སྟེ། ཤེས་རབ་བརྒྱ་པ་དང་། སྐྱེ་བོ་གསོ་ཐིགས་དང་། ཚིགས་སུ་བཅད་པའི་མཛོད་ལ་སོགས་པ་སྟེ། དེ་དག་ཀྱང་མངོན་མཐོའི་རྒྱུ་ཡིན་ཞིང་། ཐར་པའི་རྟེན་དུ་འགྲོ་སྲིད་དེ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག་ཅེས་ཤེས་རབ་བརྒྱ་པར་འབྱུང་བས་སོ། །དེའི་ཕྱོགས་མཐུན་མི་བརྟག་པ་རྟ་བརྟག་པ། གླང་པོ་བརྟག་པ་ལ་སོགས་པ་རྣམས་སོ། །
གཉིས་པ་ནི། གཙོ་བོ་རིག་པའི་གནས་ཀྱི་བསྟན་བཅོས་ཏེ། མདོ་སྡེ་རྒྱན་ནས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཞེས་བྱ་བ་ཕྱིར་དེ་ལ་དེ་བརྩོན་བྱེད། ཅེས་པས་གཞན་ཚར་གཅོད་པ་གཏན་ཚིགས་རིག་པ་དང་སྒྲ་རིག་པ་གཉིས། རྗེས་སུ་འཛིན་པ་གསོ་བ་རིག་པ་དང་བཟོ་རིག་པ་གཉིས། བདག་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པའོ། །གཏན་ཚིགས་རིག་པ་ལ་མངོན་སུམ་རང་དོན་རྗེས་དཔག་གཞན་དོན་རྗེས་དཔག་གཞན་སེལ་དཔེ་ལྟག་ཆོད་བརྟག་པ་སྟེ། དྲུག་ཏུ་བསྡུས་ནས་སྟོན་པ་ཚད་མའི་མདོ་ལྟ་བུའམ། དེའི་དགོངས་འགྲེལ་རབ་ཏུ་བྱེད་པ་སྟེ་བདུན་ལྟ་བུའམ། བརྟག་པ་སྡེ་བདུན་ནམ། གྲུབ་པ་སྡེ་བརྒྱད་དམ། རྗེས་འབྲང་བདུན་ལ་སོགས་པའོ། །རབ་ཏུ་བྱེད་པ་སྡེ་བདུན་ནི། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གྱེས་པ་ཡན་ལག་དང་འདྲ་པའི་བསྟན་བཅོས་བཞིའོ། །དང་པོ་ནི། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་ཡང་དག་པའི་ཤེས་པ་བདེ་བླག་ཏུ་རྟོགས་པའི་ཐབས་སྟོན་པ་རིགས་ཐིགས་རྣམ་ངེས་རྣམ་འགྲེལ་གསུམ་མོ། །ཁ་ཆེ་ཛྙཱ་ན་ཤྲཱི་རྣམ་ངེས་ཚད་མའི་མདོའི་དགོངས་འགྲེལ་དུ་མི་འདོད་ཀྱང་དེ་ཡི་ལུགས་ནི་གསལ་བར་བྱ། ཞེས་འབྱུང་ཞིང་། སློབ་དཔོན་ཆོས་མཆོག་གིས་མདོའི་དགོངས་འགྲེལ་དུ་མཛད་པ་ཉིད་འཐད་དོ། །ཡན་ལག་གི་བསྟན་བཅོས་བཞི་ནི་མངོན་སུམ་ལེའུ་ལས་འཕྲོས་པ་ནི་མེད། རང་དོན་རྗེས་དཔག་ལས་འཕྲོས་པ་གཉིས་ཏེ། ཕྱོགས་ཆོས་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ་དང་། རྟོགས་དཀའ་བ་ཁྱབ་པའམ་རྟགས་ཆོས་ཀྱི་འབྲེལ་བ་གཏན་ལ་འབེབས་པས་འབྲེལ་བ་བརྟག་པ་སྟེ་གཉིས། གཞན་དོན་ལེའུ་ལས་འཕྲོས་པ་རྒོལ་ཕྱིར་རྒོལ་རྩོད་པ་དང་རྒྱལ་ཕམ་ཚར་གཅད་ཀྱི་གནས་སྟོན་པ་རྩོད་པའི་རིགས་པ་དང་། ངག་ལས་གཞན་བློ་རྟོགས་པ་ཐ་སྙད་དུ་སེམས་ཙམ་ལའང་མི་འགལ་བར་སྟོན་པ། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །སེམས་ཙམ་ལ་ཡང་ཚུལ་འདི་མཚུངས། ཞེས་སྟོན་པ་རྒྱུད་གཞན་གྲུབ་པ་དང་བདུན་ནོ། །དེ་དག་ལ་སོགས་པ་རྟོག་གེའི་བསྟན་བཅོས་རྣམས་བོད་རྣམས་མངོན་པའི་སྡེ་སྣོད་དུ་སྨྲ་བ་ནི་མི་འཐད་དེ། རྟོག་གེ་གཏན་ཚིགས་རིགས་པའི་བསྟན་བཅོས་ཡིན་ལ། མངོན་པ་ནི་ནང་རིག་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །རྣམ་བཤད་རིགས་པར། དེ་ཡི་ཕྱིར་རྟག་རྟོག་ཕྱིར་དང་། །སྔོན་གོམས་ཕྱིར་སྔོན་མ་བྱས་ཕྱིར། །ལུང་ལ་མི་བརྟེན་ཉིད་ཕྱིར་དང་། །བརྩོན་ཕྱིར་ཡིད་ལ་བྱེད་ཕྱིར་དང་། །སྔོན་ཕངས་ཕྱིར་དང་ཡོངས་གཟུང་ཕྱིར། །ཡོངས་སུ་བྱ་བ་བྱས་པའི་ཕྱིར། །རྟོག་གེ་ཕུན་སུམ་རྣམ་ལྔར་འདོད། ཅེས་ལུང་ལ་མི་བརྟེན་པར་བཤད་པའི་ཕྱིར་དང་། མདོ་སྡེ་རྒྱན་ནས། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། ཅེས་འབྱུང་ཞིང་། མངོན་པ་ནི་མ་མོ་ཡིན་པས་དེ་ལྟར་འགལ་བའི་ཕྱིར་རོ། །ཚད་མ་ཀུན་ལས་བཏུས་པར་ཡང་། ཚད་མ་དང་གཞལ་བྱ་ཉེ་བར་བརྗོད་པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོ་མེད་པའི་ཕྱིར། དེར་ཞེན་པ་རྣམས་ལྡོག་པའི་དོན་དུ་འདི་བརྩམས་པ་ཡིན་གྱི། འདི་ཙམ་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ། དེའི་ཆོས་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ། །ལྡོག་པ་ལས་ནི་སྟོན་པའི་ཆོས་ཉིད་ཐོས་ནས་འབད་པ་མེད་པར་རྟོགས་པར་འགྱུར་ཏེ། བར་དུ་མ་བསྐལ་བའི་ཕྱིར་རོ། །ཞེས་བྱ་བ་དང་། དེ་ཉིད་ལས་གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་ན། །ཐུབ་པའི་བསྟན་ལས་ཆེར་བསྲིངས་ཉམས་པར་བྱས་པ་ཡིན། །དེ་ལྟ་ན་ཡང་དེ་བཞིན་གཤེགས་པའི་ཆོས་མཚན་ཉིད། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས། །ཞེས་འབྱུང་བས་སོ། །
སྒྲ་རིག་པའི་བསྟན་བཅོས་ནི། རང་བཞིན་དང་རྐྱེན་དང་རྣམ་འགྱུར་གསུམ་དུ་བསྡུས་ནས་སྟོན་པ་ལ། སྒྲའི་མདོ་ཡན་ལག་དང་བཅས་པ་སྟེ། རང་བཞིན་ནི་བྱིངས་དང་མིང་། རྐྱེན་ལ་བྱིངས་ལས་མིང་བསྒྲུབ་པ་བྱེད་ལྡན་གྱི་རྐྱེན། མིང་ལས་མིང་གཞན་སྒྲུབ་པ་དེ་ཕན་གྱི་རྐྱེན། དེ་ལའང་སྤྱི་དང་གྲངས་མེད་དང་དངོས་པོའི་རྐྱེན་གསུམ་མོ། །བྱིངས་ལས་ཚིག་བསྒྲུབ་ཅིང་དུས་རྣམ་པར་འབྱེད་པ་ཏིང་དང་། མིང་ལས་ཚིག་བསྒྲུབ་ཅིང་དོན་རྣམ་པར་འབྱེད་པ་སུ་པ་དང་། རང་བཞིན་དང་རྐྱེན་གྱི་བར་དུ་གཞུག་པ་ཨ་ག་མ་དང་། བྱིངས་གཞན་དུ་སྒྱུར་བའི་ཉེར་སྒྱུར་རྣམས་སོ། །ཉེར་བསྒྱུར་ནི་རང་བཞིན་དུ་རིགས་སོ། །རྣམ་འགྱུར་ནི་མཚམས་སྦྱོར་ལ་སོགས་པའི་དབང་གིས་ཡི་གེ་དབྱི་བ་དང་བསྒྱུར་བ་ལ་སོགས་དང་ཚིག་གི་བསྡུ་བ་རྣམས་སོ། །དེ་དག་གི་སྒྲའི་བརྗོད་བྱ་བསྡུས་པའམ། ཡང་ན་མཚམས་སྦྱོར་དང་མིང་དང་ཀུན་བཤད་པ་དང་། ཀྲྀཏ་དང་བཞིས་མདོའི་དོན་རྩ་བ་བསྟན་ལ། བྱིངས་ཉེ་བསྒྱུར་ཨུ་ཎ་ལ་སོགས་ཡན་ལག་སྟེ། དེ་དག་གིས་འཆད་པ་ཀ་ལཱ་པ་ལྟ་བུའམ། ཡི་གེའི་ཚོགས། མིང་གི་ཚོགས། ཚིག་གི་ཚོགས་གསུམ་དུ་བསྡུས་ནས་འཆད་པ་སྨྲ་སྒོ་ལྟ་བུ་རྣམས་སོ། །དེ་དག་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའི་རྒྱུར་བསླབ་པར་བྱའི་སྡེ་སྣོད་གསུམ་གང་ཡང་མིན་ནོ། །དེ་དག་དང་འབྲེལ་བ་ཡི་གེ་ལྕེ་ཡང་གི་བྱེ་བྲག་གི་སྦྱོར་ཚུལ་དང་། པྲ་སྟཱ་ར་དགོད་པ་སྟོན་པ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལྟ་བུ་དང་། མིང་གི་རྣམ་གྲངས་དང་རྟགས་གསུམ་གྱི་དབྱེ་བ་དང་། མིང་གཅིག་དོན་མང་པོ་ལ་འཇུག་པའི་ཚུལ་ལ་སོགས་པ་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ལྟ་བུ་དང་། སྙན་དངགས་ཀྱི་བསྟན་བཅོས་ལ་སྙན་དངགས་ཀྱི་མཚན་ཉིད་དང་སྙན་དངགས་ཀྱི་གྲུབ་མཐའ་འདོད་ཚུལ་མི་འདྲ་བའི་ཚུལ་དང་། རྒྱན་སུམ་ཅུ་རྩ་ལྔ་དང་། བྱ་དཀའ་དང་། གབ་ཚིག་ལ་སོགས་པ་སྟོན་པ་མེ་ལོང་ལྟ་བུའམ། དེ་སྦྱར་ནས་སྟོན་པ་ཟློས་གར་ལ་སོགས་པའོ། །སྙན་དངགས་ལ་སོགས་པ་འདི་དག་སྒྲའི་ཡན་ལག་གམ། ཡང་ན་རིག་བྱེད་ཀྱི་ཡན་ལག་སྟེ། འཆི་མེད་མཛོད་ལས། སྙན་དངགས་ངེས་བརྗོད་མཆོད་སྦྱིན་ཏེ། །འདི་གསུམ་རིག་བྱེད་གསུམ་པ་ཡིན་ཞེས་སོ། །གསོ་པ་རིག་པའི་བསྟན་བཅོས་ནི། ནད་དང་ནད་ཀྱི་གཞི་དང་ནད་ཀྱི་གཉེན་པོ་སྨན་དང་དེས་གསོ་བའི་སྤྱོད་ལམ་དང་བཞི་སྟོན་པའམ། ཡང་ན། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་རྩ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་པས་སྦྲུམ་མ་དང་། བུ་ཆུང་དང་། དེའི་གདོན་ནད་དང་ལུས་ཏེ། བྱང་ཁོག་གམ་འདུ་བ་དང་སྟོད་དེ་མགོ་པོ་དང་མཚོན་གྱིས་རྨས་པ་དང་། མཆེ་བས་རྨས་པ་དང་། དཔྱད་དང་བརྒྱད་དུ་བསྡུས་ནས་སྟོན་པ་ཡན་ལག་བརྒྱད་པ་ལྟ་བུའོ། །བཟོ་རིག་པའི་བསྟན་བཅོས་ནི་གསར་འགྱུར་དང་། སྐུ་གཟུགས་ཀྱི་ཚད་ལ་སོགས་པའི་བསྟན་བཅོས་སོ། །ནང་རིག་པའི་ཡང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དམ། དེའི་དབྱེ་བའམ། བྱེ་བྲག་སྟོན་པ་རྣམས་ཇི་སྙེད་པ་སྟོན་པ་སྟེ། མངོན་པ་ཀུན་བཏུས་སམ། མཚན་ཉིད་ཀུན་ལས་བཏུས་ལྟ་བུའོ། །
གཉིས་པ་ཇི་ལྟ་བ་སྟོན་པ་ནི། བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་སྟོན་པའམ། གཟུང་འཛིན་གཉིས་མེད་ཀྱི་དོན་སྟོན་པ་དང་། རང་བཞིན་མེད་པའི་དོན་སྟོན་པ་བདེན་པ་རྣམ་ངེས་སམ་སུམ་ཅུ་པའམ། དབུ་མ་རྒྱན་ལྟ་བུའོ། །གསུམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་ནི། བྱང་ས་ཉན་སའམ། སྤྱོད་འཇུག་ལ་སོགས་པའོ། །ཁ་ཅིག་ན་རེ། དེ་དག་རེ་རེ་ཙམ་སྟོན་པ་རབ་ཏུ་བྱེད་པ་ཡིན་ལ། མ་ལུས་པར་སྟོན་པ་བསྟན་བཅོས་ཆེན་པོ་སྟེ། ཀུན་ལས་བཏུས་སམ། མཛོད་ལྟ་བུའོ། །ཟེར་རོ། །
བཞི་པ་ལ། བཀའ་སྤྱི་དང་བྱེ་བྲག་གི་དགོངས་འགྲེལ་ལོ། །དང་པོ་ནི། བཀའ་སྤྱིའི་ཚིག་གི་ཆ་གསལ་བར་བྱེད་པ་བརྡ་སྤྲོད་པ་སྒྲའི་བསྟན་བཅོས་སམ། དོན་གྱི་ཆ་གསལ་བར་བྱེད་པ་ཏར་ཀ་རིག་པའི་བསྟན་བཅོས་གཉིས་སོ་ཞེས་གསུངས་སོ། །ཁོ་བོ་ནི་གཞན་དུ་སེམས་སོ། །གཉིས་པ་བྱེ་བྲག་གི་དགོངས་འགྲེལ་ལ་གསུམ། བཀའ་དང་པོའི་དགོངས་འགྲེལ་ལ་ལྟ་བའི་ཆ་གསལ་བར་བྱེད་པ་དང་། སྤྱོད་པའི་ཆ་གསལ་བར་བྱེད་པ་གཉིས་སོ། །དང་པོ་ནི། མངོན་པ་སྡེ་བདུན་ཏེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོ་གལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀཱ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲག །ཅེས་པ་ལྟར་རོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། བདུན་པོ་འདི་བཀའ་ཡིན་ཏེ། སྟོན་པས་ཡུལ་དུས་གང་ཟག་ཐ་དད་ལ་ཐོར་བུར་གསུངས་པ་རྣམས་ཉན་ཐོས་དགྲ་བཅོམ་པས་བསྡུས་པ་ཡིན་ཏེ། དཔེར་ན། ཆེད་དུ་བརྗོད་པའི་ཚོམས་བཞིན་ནོ། །དེ་ལྟ་མིན་ན་བཀའ་ལ་སྡེ་སྣོད་པ་གསུམ་མ་ཚང་བར་འགྱུར་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ན་རེ། མ་མོ་ནི། མདོ་སྡེ་འདུལ་བ་གཉིས་ཀར་སྤྱི་ཁྱབ་བམ། གསེབ་ཚང་ནས་བསྟན་པས་སྐྱོན་མེད་ལ། བདུན་པོ་བསྟན་བཅོས་སུ་འདོད་དོ། །བདུན་པོ་དེའི་དོན་བསྡུས་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ། དེའི་དོན་བསྡུས་པ་མངོན་པ་མཛོད་ལ་སོགས་པའོ། །
གཉིས་པ་ནི། ལུང་གཞི་བཅུ་བདུན་རབ་བྱུང་གི་གཞི་དང་པོར་བསྟན། དེ་ནས་རྣམ་འབྱེད་གཉིས་དང་གཞི་བཅུ་དྲུག་བསྟན་པ་གཞིར་བྱས་པ་ལ། གཞུང་དམ་པའི་ཞུ་བ་འདུལ་བྱེད་ལ་སོགས་པ་དང་ཕྲན་ཚོགས་ཀྱི་སྐབས་ནས་འབྱུང་བ་རྣམས་ཇི་ལྟར་རིགས་པར་སྦྱར་ནས་འཆད་པ་མདོ་རྩ་དང་། རྣམ་འབྱེད་གཞིར་བྱས་ནས། གཞན་ཇི་ལྟར་རིགས་པར་སྦྱར་ནས་འཆད་པ་མེ་ཏོག་ཕྲེང་རྒྱུད་དམ། སུམ་བརྒྱ་པ་ལྟ་བུའོ། །
གཉིས་པ་བཀའ་བར་པའི་དགོངས་འགྲེལ་ལ་ལྟ་བའི་ཆ་དང་སྤྱོད་པའི་ཆ་གསལ་བར་བྱེད་པ་གཉིས་སོ། །དང་པོ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། མདོས་དངོས་སུ་བརྗོད་པའི་དོན་ནམ། སྙིང་པོའི་དོན་སྟོན་པ་དབུ་མ་རིག་པའི་ཚོགས་དྲུག་སྟེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་སྟོང་ཉིད་བདུན་ཅུ་པ། དེ་ལས་གཞན་སྐྱེ་བ་ལ་སོགས་པར་བདེན་པ་འགོག་པ་རྩ་བ་ཤེས་རབ་སྟེ། གཉིས་པོ་རྩ་བའམ་གཙོ་བོའོ། །དེ་རིགས་པས་སྒྲུབ་པ་རིགས་པ་དྲུག་ཅུ་པ། དེ་ལ་གཞན་གྱིས་རྩོད་པའི་སྐྱོན་སྤོང་བ་རྩོད་པ་བཟློག་པ། གཞན་རྟོག་གེ་པ་དང་རྩོད་པའི་ཚུལ་སྟོན་པ་ཞིབ་མོ་རྣམ་འཐག །དོན་དམ་པར་རབ་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུངས་སོ། །ཤུགས་ལ་བསྟན་པའི་དོན་ནམ་མངོན་པར་རྟོགས་པའི་དོན་གཙོ་བོར་སྟོན་པ་མངོན་རྟགས་རྒྱན་ཏེ། རྣམ་མཁྱེན་ལམ་ཤེས་གཞི་ཤེས་ཏེ་འཇུག་ཡུལ་མཁྱེན་གསུམ། རྣམ་ཀུན་མངོན་རྫོགས་དང་རྩེ་མོ་དང་མཐར་གྱིས་པ་དང་། སྐད་ཅིག་མ་སྟེ་འཇུག་པ་སྦྱོར་བ་བཞི། ཞུགས་འབྲས་ཆོས་ཀྱི་སྐུ་སྟེ་བརྒྱད་དུ་འདུས་པར་སྟོན་པའོ། །དེ་དག་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་བརྒྱད་སྟོང་དོན་བསྡུས་ཏེ། དེ་ཉིད་ལས། རྟེན་དང་དབང་དུ་བྱ་བ་དང་། །ལས་དང་བསྒོམ་པ་དང་བཅས་དང་། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་ཡང་དག་བརྗོད། །ཅེས་པས་རྟེན་སྟོན་པ་སངས་རྒྱས་དང་། དབང་དུ་བྱ་བ་འཁོར་དང་། ལས་ཡུམ་ལ་ཆོས་སྤྱོད་བཅུས་ཇི་ལྟར་སྤྱོད་པ་དང་། སྒོམ་པ་ལ་དངོས་མེད་དངོས་པོ་སྒྲོ་འདོགས་སྐུར་འདེབས་གཅིག་དང་ཐ་དད་ངོ་བོ་དང་ཁྱད་པར་མིང་ཇི་ལྟ་བ་བཞིན་དུ་དོན་དང་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྟོག་པ་སྟེ་རྣམ་གཡེང་བཅུའི་གཉེན་པོར་བསྒོམ་པ་བཅུ་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར། རབ་ཏུ་དབྱེ་བ་སྟོང་ཉིད་བཅུ་དྲུག་དང་། རྟགས་ལ་བདུད་ལས་ཀྱི་རྟགས་དང་ཕྱིར་མི་ལྡོག་གི་རྟགས་གཉིས་དང་། ཤེར་ཕྱིན་སྤངས་ན་རྣམ་སྨིན་ངན་སོང་དུ་ལྟུང་བ་དང་། སྟོང་གསུམ་ལ་སོགས་པ་རིན་པོ་ཆེས་བཀང་ནས་སྦྱིན་པ་བྱས་པ་བས་ཤེར་ཕྱིན་ལ་སྤྱད་ན་བསོད་ནམས་ཆེ་བ་ལ་སོགས་པའི་ཕན་ཡོན་དང་པོ་གཉིས་ཀྱིས་ཐམས་ཅད་བསྡུས་ཤིང་དེ་ཉིད་དགོས་པའི་དབང་གིས་ཟླས་ཏེ་བཤད་པར་འདོད་དོ། །སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྟན་པ་འབུམ་ཏཱིག་སྟེ་དེ་ལ་རྒྱལ་བའི་ཡུམ་ཐོག་མར་གླེང་གཞིས་སྐབས་ཕྱེ་ནས་གདུལ་བྱ་དབང་པོ་རྣོན་པོ་ལ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པ་གང་ཟག་གང་གིས་གང་གི་ཕྱིར་དུ་གང་ལ་བསླབ་ཚུལ་བཞིས་དོན་ཐམས་ཅད་བསྡུས་ཏེ་བསྟན་པའི་སྒོ་དེ་ནས་སྐབས་དང་པོའི་བར་ལ་འབྲིང་དུ་བསྟན་པའི་སྒོ། དེ་ནས་མཇུག་རྫོགས་ཀྱི་བར་ལ་རྒྱས་པར་བསྟན་པའི་སྒོ་སྟེ་གསུམ་མོ། །རྣམ་གྲངས་བཅུ་གཅིག་ནི་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ་དང་། དེ་ནས་རབ་འབྱོར་གྱིས་བཤད་པ་གཅིག་དང་། དེ་ནས་བརྒྱ་བྱིན་ལ་བཀའ་སྩལ་པ་གཉིས་དང་། རབ་འབྱོར་ལ་བཀའ་སྩལ་པ་བཞི་དང་། བྱམས་པ་ལ་བཀའ་སྩལ་པ་གཉིས་དང་། ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པ་སྟེ་བཅུ་གཅིག་གོ། འདི་དཾ་ཥྚ་སེ་ནས་བྱས་ཟེར་ཀྱང་དབྱིག་གཉེན་གྱི་གཞུང་འགྲེལ་དུ་རིགས་ཤིང་འདི་དང་བརྒྱད་སྟོང་དོན་བསྡུས་གཉིས་ཀྱིས་སེམས་ཙམ་དུ་བསྟན་ནོ། །
གཉིས་པ་ནི། བསླབ་བཏུས་སམ། མདོ་བཏུས་སམ་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་སྤྱོད་འཇུག་གམ་སྒོམ་རིམ་རྣམ་གསུམ་ལ་སོགས་པའོ། །གསུམ་པ་བཀའ་མཐའ་མའི་དགོངས་འགྲེལ་ལ་ལྟ་བ་དང་སྤྱོད་པའི་ཆ་གསལ་བྱེད་གཉིས་ཀྱི། དང་པོ་ནི་འཕགས་པ་བྱམས་པས་མཛད་པའི་མདོ་སྡེ་རྒྱན། དབུས་དང་མཐའ་རྣམ་འབྱེད་ཆོས་དང་ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ་སྟེ་བཞིའི་དང་པོ་གཉིས་མངོན་པའི་སྡེ་སྣོད། ཐ་མ་གཉིས་མདོ་སྡེའི་སྡེ་སྣོད། མངོན་རྟོགས་རྒྱན་འདུལ་བའི་སྡེ་སྣོད་ཅེས་ཁ་ཅིག་འཆད་ཀྱང་ཤེས་བྱེད་མ་མཐོང་ངོ་། །མདོ་སྡེ་རྒྱན་ནི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་དོན་ལྔར་བསྡུས་ཏེ་སྟོན་པ་ཡིན་ཏེ། གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པར་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟར། །ཆོས་དེ་འདིར་བཤད་པས་ཀྱང་དགའ་བའི་མཆོག་བསྐྱེད་དོ། །ཞེས་པའི་དོན་བསྟན་ནོ། །དབུས་དང་མཐའ་རྣམ་འབྱེད་ནི། མཐའ་ཞེས་པ་ཡོད་མེད་དམ་ལྟག་ཆད་ཀྱི་ལྟ་བ། དབུས་ཞེས་པ་དེ་ཉིད་སྤངས་པ་དབུ་མའི་ལམ། དེ་དག་རྣམ་པར་འབྱེད་པས་ན་དབུས་མཐའ་རྣམ་འབྱེད་ཅེས་བྱ་ལ། དེ་ཡང་མཚན་ཉིད་སྒྲིབ་པ་དེ་ཁོ་ན། །གཉེན་པོ་དང་ནི་བསྒོམ་པ་དང་། །དེ་ཡི་གནས་དང་འབྲས་བུ་ཐོབ། །ཐེག་པ་བླ་ན་མེད་པ་ཡིན། ཞེས་དོན་བདུན་གྱིས་བསྟན་པ་ཡིན་ནོ། །ཆོས་དང་ཆོས་ཉིད་རྣམ་འབྱེད་ནི། ཆོས་ཞེས་པ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་སོ། །ཆོས་ཉིད་མྱ་ངན་ལས་འདས་པའི་ཆོས་དེ་གཉིས་ཀྱི་རྣམ་པར་དབྱེ་བ་སྟོན་པས། ཆོས་དང་ཆོས་ཉིད་རྣམ་འབྱེད་ཅེས་བྱའོ། །རྒྱུད་བླ་མ་ནི་ཐེག་པ་ཆེན་པོའི་རྒྱུད་དམ། རྒྱུན་ཆགས་པའི་ཆོས་རྣམས་ཀྱི་བླ་མ་སྟེ། ཆོས་རྣམས་ཀྱི་གོང་མར་གྱུར་པས་དེ་སྐད་ཅེས་བྱའོ། །ཡང་ན་ཨུཏ་ཏ་ར་ནི་ཕྱི་མ་སྟེ། ཐེག་པ་ཆེན་པོའི་རྒྱུད་ཕྱི་མའི་དགོངས་པ་འགྲེལ་པས་དེ་སྐད་ཅེས་བྱ་ཞིང་དེ་ཡང་། དཀོན་མཆོག་གསུམ་དང་དེའི་ཁམས་དང་འབྲས་བུ་བྱང་ཆུབ་དང་སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་། འཕྲིན་ལས་ཏེ་བདུན་སྟོན་པ་སྟེ། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ། ཞེས་སོ། །དེའི་སྟེང་དུ་མངོན་རྟོགས་རྒྱན་བསྣན་པ་ལ། བྱམས་པའི་ཆོས་ལྔའོ། །དེའི་རྗེས་སུ་འབྲང་བ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། བསྡུས་པའི་བསྟན་བཅོས་སྡོམ་རྣམ་པ་གཉིས་དང་། དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པའོ། །དེ་ལ་ས་སྡེ་ལྔ་ནི་རྩ་བ་ལྟ་བུ། སའི་དངོས་གཞི་ནི་ས་བཅུ་བདུན་དུ་བསྡུས་ནས་སྟོན་པ་དེ་་ཉིད་ལས། སྡོམ་ནི། རྣམ་ཤེས་ལྔ་དང་ལྡན་པའི་ས། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང་། །ཏིང་འཛིན་བཅས་དང་མ་ཡིན་དང་། །སེམས་ཡོད་པ་དང་སེམས་མེད་དང་། །ཐོས་དང་བསམ་དང་སྒོམ་ལྡན་དང་། །དེ་བཞིན་ཐེག་པ་གསུམ་ལྡན་དང་། །ཕུང་པོར་བཅས་དང་ཕུང་མེད་གཞན། ཞེས་སོ། །བཅུ་བདུན་པོ་དེ་ཡང་རྟེན་དང་དཔྱོད་པ་དང་འབྲས་བུ་གསུམ་གྱི་དབང་དུ་མཛད་ནས་བསྟན་ལ། དེ་ལའང་གསུམ་སྟེ། རྣམ་ཤེས་ལྔ་ལྡན་གྱི་ས་དང་ཡིད་ཀྱི་ས་གཉིས་རྟེན་གྱི་རང་བཞིན་ནོ། །རྟོག་བཅས་དཔྱོད་བཅས་དང་། རྟོག་མེད་དཔྱོད་བཅས་དང་། རྟག་མེད་དཔྱོད་མེད་ཀྱི་ས་སྟེ། གསུམ་རྟེན་གྱི་འཇུག་ཚུལ་ལོ། །མཉམ་པར་བཞག་མ་བཞག་དང་། སེམས་ཡོད་མེད་ཀྱི་ས་སྟེ་བཞི་རྟེན་གྱི་གནས་སྐབས་སོ། །སྤྱོད་པའི་དབང་དུ་བྱས་པ་ཐོས་བསམ་སྒོམ་གསུམ་གྱི་ས་གསུམ་མོ། །འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ཉན་ས་བྱང་ས་རང་ས་གསུམ། མཐར་ཐུག་གི་འབྲས་བུ་ཕུང་པོ་ལྷག་བཅས་ལྷག་མེད་དོ། །དེའི་འགྲེལ་པ་ལྟ་བུ་རྣམ་པར་གཏན་ལ་དབབ་པར་བསྡུ་བ་སྟེ། སའི་དངོས་གཞིའི་ཚིག་དོན་གཉིས་ཀ་མུ་བཞི་ལ་སོགས་པར་གཏན་ལ་དབབ་པར་བསྟན་ལ། རང་སངས་རྒྱས་ཀྱི་ས་མ་གཏོགས་པ་ལ་བསྡུ་བ་གཏན་ལ་དབབ་པ་ཡོད་དོ། །དེ་གཉིས་ཀྱིས་གསུང་རབ་རྣམས་ཀྱི་དོན་བསྟན་ནོ། །གཞི་བསྡུ་བ་ནི་སྔར་གྱི་གཞུང་དེ་དག་སྡེ་སྣོད་གསུམ་དུ་སྡུད་ཚུལ་ཏེ། འདིའི་མདོར་བསྟན་དུ་སྡེ་སྣོད་གསུམ་ག་བསྡུ་བ་སྨོས་ནས་རྒྱས་བཤད་དུ་མདོ་སྡེ་དང་འདུལ་བ་བསྡུ་བ་གཉིས་ལས་མ་བཤད་པ་ནི། མ་མོ་བསྡུ་བ་ས་སྡེ་ལྔ་པོ་ཉིད་ཡིན་པས་ལོགས་སུ་མ་བཤད་དེ། ཐོས་པའི་ས་གཏན་ལ་དབབ་པ་བསྡུ་བར། དེ་ལ་མ་མོ་བསྡུ་བ་ནི་ས་བཅུ་བདུན་དང་བསྡུ་བ་བཞིའོ། །ཞེས་འབྱུང་བས་སོ། །རྣམ་གྲངས་བསྡུ་བ་ནི། རྗོད་བྱེད་མིང་གི་རྣམ་གྲངས་བསྟན་པའམ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྣམ་གྲངས་བྱེ་བྲག་ཏུ་འཆད་པའོ། །དེ་གཉིས་གཞུང་ངོ་། །རྣམ་པར་བཤད་པའི་སྒོ་བསྡུ་བ་ནི་དེ་དག་འཆད་ཚུལ་སྟོན་པ་སྟེ། དེ་ལྟར་གསུང་རབ་ཀྱི་དོན་དང་གཞུང་དང་བཤད་ཚུལ་གྱི་དབང་གིས་ས་སྡེ་ལྔའོ། །སྡོམ་རྣམ་པ་གཉིས་ཀྱི་ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་ནི་མཚན་ཉིད་ཀུན་ལས་བཏུས་པ་དང་བདེན་པ་རྣམ་ངེས། ཆོས་རྣམ་ངེས། ཐོབ་པ་རྣམ་ངེས། འབེལ་གཏམ་རྣམ་ངེས་ཏེ་ལྔར་བསྡུས་ནས་སྟོན་པའོ། །ཐེག་པ་ཆེན་པོའི་སྡོམ་ཐེག་ཆེན་བསྡུས་པ་ནི། ཤེས་བྱའི་གནས་ལ་སོགས་པ་དོན་བཅུས་ཐེག་ཆེན་བསྡུས་ནས་སྟོན་པའོ། །དབྱིག་གཉེན་གྱི་རབ་ཏུ་བྱེད་པ་སྟེ་བརྒྱད་ནི། ཆོས་ཐམས་ཅད་སེམས་ཙམ་དུ་སྟོན་པ་སུམ་ཅུ་པ། དེ་རིགས་པས་སྒྲུབ་པ་ཉི་ཤུ་པ། དེའི་གཞི་ཕུང་པོ་ལྔ་འཐད་པར་སྟོན་པ་ཕུང་པོ་ལྔ་པ། དེ་ལྟར་ཡིན་ཡང་བཤད་ཉན་འཐད་པར་སྟོན་པ་རྣམ་བཤད་རིགས་པ། སྒོ་གསུམ་གྱི་ལས་འཐད་པར་སྟོན་པ་ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔ། ཕྱིན་དྲུག་སོགས་སྤྱོད་པ་རྒྱ་ཆེན་དང་། རྟེན་འབྲེལ་བཅུ་གཉིས་དང་། མཚན་ཉིད་གསུམ་འཐད་པར་སྟོན་པ་མདོ་སྡེ་རྒྱན། རྟེན་འབྲེལ་གྱི་མདོ། དབུས་དང་མཐའ་རྣམ་འབྱེད་གསུམ་གྱི་འགྲེལ་པ་སྟེ། གཞན་འགྲེལ་དུ་བརྩམས་པ་གསུམ་སྟེ་བརྒྱད་དོ། །ཞེས་གསུངས་སོ། །ཁ་ཅིག་སློབ་དཔོན་འདིས་ས་བཅུ་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་པས། སྡེ་བརྒྱད་ངེས་པ་མེད་ཅིང་། བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་གྲངས་ངེས་མེད་ཟེར་རོ། གྲངས་ངེས་མཛད་པ་རྣམས་ནི་ས་སྡེ་ལྔ་སྡོམ་གཉིས་བྱམས་ཆོས་ལྔ། རབ་ཏུ་བྱེད་པ་སྡེ་བརྒྱད་དེ་དེ་དག་ལ་འདོད་དོ། །གཉིས་པ་ནི། སྡོམ་པ་ཉི་ཤུ་པ་ལ་སོགས་པའོ། །
ལྔ་པ་ནི། བསྟན་བཅོས་ཀྱི་རིགས་བསྡུ་ན་བཀའ་ལ་མི་བརྟེན་པ་དང་། བརྟེན་པ་གཉིས། མི་བརྟེན་པ་ལ་བཀའ་ཉིད་ལ་འགྲེལ་པར་བཏབ་པ་དང་བཀའི་དོན་རང་རྒྱུད་དུ་བརྩམས་པ་གཉིས། དང་པོ་ལའང་ཚིག་དོན་གཉིས་ཀ་རྒྱ་ཆར་འགྲེལ་པ་སོ་སོ་ཐར་པའི་འགྲེལ་པ། བམ་པོ་ལྔ་བཅུ་པ་ལྟ་བུ་རྒྱ་ཆེར་འགྲེལ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལྟ་བུ་ཚིག་གི་འགྲེལ་པ། གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་གཉིས་ལྟ་བུ་དཀའ་འགྲེལ། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུས་དྲི་མེད་བཤེས་གཉེན་གྱིས་མཛད་པ་ལྟ་བུ་བསྡུས་དོན་གྱི་འགྲེལ་པ། ངག་གི་དོན་དྲིལ་ནས་སྟོན་པ་ངག་དོན་ཙམ་གྱི་འགྲེལ་པ་སྟེ་ལྔའོ། །
གཉིས་པ་ལ་བཀའ་གཅིག་གི་དོན་རྫོགས་པར་སྟོན་པ་དང་། ཐོར་བུར་སྟོན་པ་དང་། བཀའ་མང་པོའི་དོན་སྟོན་པ་གསུམ་མོ། །དང་པོ་ནི། མངོན་རྟོགས་རྒྱན་ནམ་མདོ་རྩ་ལྟ་བུའོ། །གཉིས་པ་ནི། དགེ་ཚུལ་གྱི་ཀཱ་རི་ཀཱ་ལྟ་བུའོ། །གསུམ་པ་ནི། བསླབ་བཏུས་སམ། བཤེས་འཕྲིན་ལ་སོགས་པའོ། །སྤྱིར་འགྲེལ་པ་ལ་འགྲེལ་པ་དང་བཤད་པ་དང་རྣམ་པར་བཤད་པ་དང་། བཤད་སྦྱར་དང་། དོན་བསྡུས་དང་། དཀའ་འགྲེལ་དང་། རྒྱ་ཆེར་འགྲེལ་དང་། ལེགས་པར་སྦྱར་བ་དང་། རྣམ་པར་ཕྱེ་བ་ལ་སོགས་པ་མིང་མང་པོ་འབྱུང་ངོ་། །དེ་ལྟར་བསྟན་བཅོས་ཀྱི་དབྱེ་བ་ནི་བློ་གྲོས་འཕེལ་བར་བྱ་བའི་ཕྱིར། བསྟན་བཅོས་ཙམ་གྱི་དབྱེ་བ་ཡིན་ལ། སྔར་གྱི་མཚན་ཉིད་དང་ངེས་ཚིག་ནི། བསྟན་བཅོས་ཁྱད་པར་ཅན་གྱི་ཡིན་པས་འགལ་བར་མི་བསམ་མོ། །
སྤྱི་དོན་གསུམ་པ། ཆོས་ལ་ཉན་བཤད་ཚུལ་ཇི་ལྟར་སྒྲུབ་ཅིང་ཉམས་སུ་བླང་བ།
དང་པོ། བཤད་བྱ་ཆོས་ཀྱི་ཁྱད་པར།
གསུམ་པ་ལ་བཞི་སྟེ། བཤད་བྱ་ཆོས་ཀྱི་ཁྱད་པར། སློབ་དཔོན་གྱི་འཆད་ཚུལ་གྱི་ཁྱད་པར། སློབ་མས་མཉན་ཚུལ་གྱི་ཁྱད་པར། གཉིས་ཀས་ཆོས་ཀྱི་དོན་བསྒྲུབ་པར་གདམས་པའོ། །
དང་པོ་ནི། སྤྱིར་ཤེས་བྱ་ལ་མཁས་པར་བྱ་བའི་ཕྱིར་བསྟན་བཅོས་སྣ་ཚོགས་ལ་བསླབ་དགོས་ཏེ། འདུལ་བ་ལས་ཀྱང་། ཕྱི་རོལ་པའི་བསྟན་བཅོས་ལ་སོགས་པའང་བསླབ་པར་གསུངས་ཤིང་། བྱང་སེམས་ཀྱིས་ནི་ཁྱད་པར་དུ་ཐམས་ཅད་ལ་བསླབ་པར་གསུངས་སོ། །འོན་ཀྱང་གཙོ་བོ་ལམ་དུ་འགྲོ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་བཤད་ཉན་བྱེད་དགོས་ལ། བསྟན་པའི་ངོས་འཛིན་ནི། འོད་ལྡན་ནས། བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། ཞེས་བསྒྲུབ་བྱ་བསླབ་པ་གསུམ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་གསུམ་སྟེ། ཆོས་ཐམས་ཅད་བདག་མེད། འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་སྟེ། གསུམ་སྟོན་ཅིང་ངོ་བོ་ཐོག་མཐའ་བར་གསུམ་དུ་དགེ་བ་ལ་བཤད་དོ། །སོ་སོ་ཐར་པར། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་སོ། །མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཞེས་གསུངས་ཤིང་། ཐོག་མཐའ་བར་གསུམ་དུ་དགེ་བ་ནི། ཐོགས་མེད་ལ་སོགས་པས་ཐོས་བསམ་སྒོམ་གསུམ་ལ་བཤད། ཁ་ཅིག་མདོའི་མགོར་གླེང་གཞི། བར་དུ་མདོ་དངོས། མཐར་མཐུན་འགྱུར་ཡི་རང་སྟེ་གསུམ་ལ་འཆད། སློབ་དཔོན་དགེ་བའི་ལྷས་བསྟན་བཅོས་ཀྱི་ཐོག་མར་མཆོད་བརྗོད་བར་དུ་བསྟན་བཅོས་ཀྱི་ལུས། ཐ་མར་བསྡོ་བ་གསུམ་ལ་བཤད་དོ། །འདིར་རྣམ་བཤད་རིགས་པ་ལྟར་བཤད་ན། ཐོག་མ་དང་། བར་དང་། མཐའ་མ་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་ཉམས་པ་མེད་པས་དགེ་བའོ། །དོན་བཟང་པོ་ནི་ཕྱིན་ཅི་མ་ལོག་པས་བརྗོད་པར་བྱ་བ་ཕུན་སུམ་ཚོགས་པའོ། །ཚིག་འབྲུ་བཟང་པོ་ནི་གོ་བར་བྱེད་པས་རྗོད་པར་བྱེད་པ་ཕུན་སུམ་ཚོགས་པའོ། །མ་འདྲེས་པ་ནི་གཞན་དང་ཐུན་མོང་མ་ཡིན་པའོ། །ཡོངས་སུ་རྫོགས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱིར་རོ། །ཡོངས་སུ་དག་པ་ནི་རང་གི་ས་པའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་ངོ་བོ་ཉིད་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་བ་ནི་ས་གཞན་གྱི་ཉོན་མོངས་ཀྱི་བག་ལ་ཉལ་སྤངས་པས་རྒྱུད་རྣམ་པར་གྲོལ་བའོ། །དེ་དག་དང་ལྡན་པ་ནི་དམ་པའི་ཆོས་སུ་རྟོགས་པར་བྱའོ། །མདོར་ན་སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ནི་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག །ཉོན་མོངས་པ་འདུལ་བ་ལ་སྣང་། རྟེན་འབྲེལ་གྱི་ཆོས་ཉིད་དང་མི་འགལ་བ་ཞིག་ཡིན་པར་ཐེག་པ་ཐུག་མོང་བའི་ལུགས་ཡིན་ཅིང་། ཐེག་ཆེན་གྱི་ལུགས་ཀྱི་རྒྱུད་བླ་མར་སྔར་བཤད་པ་བཞིན་ནམ། མདོ་སྡེ་རྒྱན་ནས། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམས་གཉིས་ལྡན་གཟུང་སླ་དང་། །ཡོན་ཏན་བཞི་ཅན་ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང་། །ངོ་བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། ཅེས་པ་ལྟར་རོ། །ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི། ཇི་སྐད་དུ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་སེམས་ནི་རབ་སྒོམ་བྱེད། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་པས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སངས་རྒྱས་ཀྱི་བསྟན་པར་བཤད་དོ། །དེ་ལྟ་བུའི་བསྟན་པ་བཀའ་འམ་བསྟན་བཅོས་ཁྱད་པར་ཅན་དེ་ཡང་ཚིག་དང་དོན་གྱིས་གཉིས་སུ་དུས་ཏེ། མདོ་སྡེ་རྒྱན་ནས། ཇི་ལྟར་བསྣམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་གསུངས་སོ། །དོན་ཕུན་སུམ་ཚོགས་པ་ཚངས་སྤྱོད་ཡོན་ཏན་བཞི་ལྡན་ལ་སོགས་པའོ། །ཡི་གེ་ཕུན་སུམ་ཚོགས་པ་ནི་མདོ་སྡེ་རྒྱན་ནས། བསྟན་དང་དེ་བཞིན་བཤད་པ་དང་། །ཐེག་དང་མཐུན་དང་བདེ་བ་དང་། །གྲགས་པ་དང་ནི་ཅི་རིགས་དང་། །ངེས་པར་འབྱུང་དང་མཐུན་པའི་ཕྱིར། །དེ་མདོར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་ཚོགས་ཡིན་ཞེས་བྱ་ཞེས་སོ། །རྣམ་པར་བཤད་པ་བསྡུ་བ་ལས་ཀྱང་། མདོ་སྡེའི་ལུས་ནི་རྣམ་པ་གཉིས་ཏེ། ཚིག་འབྲུ་དང་དོན་ཏོ་ཞེས་སོ། །དེ་ལ་ཚིག་འབྲུ་ནི་གནས་ཡིན་ལ། དོན་ནི་དེ་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་གཉིས་ཀས་བསྡུས་པ་ནི་ཤེས་པར་བྱ་བ་ཡིན་ནོ། །ཞེས་པ་དང་། ཆོས་མཆོག་ཆུང་ངུར་ཡང་། རབ་ཏུ་བྱེད་པའི་ལུས་ནི་རྣམ་པ་གཉིས་ཏེ། སྒྲ་དང་དོན་ཏོ། །ཞེས་སོ། །དེས་ན་བཤད་བྱའི་ཆོས་ནི་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། མཁས་གྲུབ་རྣམས་ཀྱིས་བཀྲལ། ལོ་པཎ་སྐྱེས་མཆོག་རྣམས་ཀྱིས་བསྒྱུར། བླ་མ་བརྒྱུད་པའི་མན་ངག་དང་ལུང་དང་ལྡན་པའི་རྒྱུད་སྡེའམ། མདོ་སྡེ་བཀའ་འམ་བསྟན་བཅོས་མདོ་སྡེ་མངོན་པ་འདུལ་བའི་སྡེ་སྣོད་གང་ཡིན་པ་འདི་དང་འདི་འཆད་ཅེས་བྱའོ། །
གཉིས་པ། སློབ་དཔོན་གྱི་འཆད་ཚུལ་གྱི་ཁྱད་པར།
གཉིས་པ་ལ། གང་གིས་འཆད་པ་སློབ་དཔོན་གྱི་མཚན་ཉིད། གང་ལ་བརྟེན་ནས་བཤད་པའི་ཐབས། ཇི་ལྟར་བཤད་པའི་ཚུལ་དང་གསུམ་མོ། །དང་པོ་ལ། གཞུང་སོ་སོར་སློབ་དཔོན་གྱི་མཚན་ཉིད་མི་འདྲ་བ་དུ་མ་གསུངས་ཏེ། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དད་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས་ཞེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་བའི་བཤེས་གཉེན་དེ་དག་གི། མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་ལ་ནི་ཁྱེད་བརྟེན་ན། །ཁྱེད་ཀྱིས་མཁྱེན་གྱི་གུས་པར་མཛོད། །ཅེས་དང་། ཞི་བ་ལྷས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། ཞེས་པ་དང་། ཙནྡྲ་གོ་མིས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། ཞེས་གསུངས་ཤིང་། མདོ་སྡེ་རྒྱན་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་ཚུལ་ཁྲིམས་དང་ལྡན་པས་དུལ་བ་དང་། ཏིང་ངེ་འཛིན་དང་ལྡན་པས་ཞི་བ་དང་། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཉེར་ཞི་དང་། ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པས་ལྷག་པ་དང་། གཞན་དོན་ལ་ལེ་ལོ་མེད་པས་བརྩོན་འགྲུས་དང་བཅས་པ་དང་། ཐོས་པ་ཆེ་བས་ལུང་གིས་ཕྱུག་པ་དང་། ཤེས་པར་བྱ་བའི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་དང་། ཚིག་སྨྲ་མཁས་པ་དང་། ཟང་ཟིང་ལ་མི་བལྟ་བས་བརྩེ་བ་དང་། ཆོས་སྟོན་པ་ལ་སྐྱོ་བ་མེད་པ་སྟེ། ཆོས་བཅུ་ལྡན་དང་། བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་ལུང་གི་ཡོན་ཏན་ཐོས་པ་མང་བ། རྟོགས་པའི་ཡོན་ཏན་བདེན་པ་མཐོང་བ། ཚིག་སྨྲ་མཁས་པ། བསམ་པ་ཟང་ཟིང་ལ་མི་ལྟ་བས་བརྩེ་བ་ཅན། བསམ་སྦྱོར་སྙོམ་ལས་མེད་པས་སྐྱོ་མེད་དེ་ཆོས་ལྔ་ལྡན་ནམ། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་མང་དུ་ཐོས་པས་ཐོས་པ་རྒྱ་ཆེ་བ། ཤེས་རབ་ཆེ་བས་གདུལ་བྱའི་ཐེ་ཚོམ་སྤོང་བ། སྒོ་གསུམ་དགེ་བས་བླ་མར་གཟུང་འོས་པ། ཉོན་མོངས་དང་རྣམ་བྱང་གི་དེ་ཁོ་ན་ཉིད་གཉིས་སྟོན་པ་སྟེ་ཆོས་བཞི་ལྡན་ལ་བཤད་དོ། །དེ་དག་ཀྱང་ཕལ་ཆེར་འཕགས་པའི་ཆོས་ཡིན་པས་ལྡན་པར་དགའ་ཡང་མེད་ཁ་མེད་ཀྱི་ཡན་ལག་ཏུ་དགོས་པ་ནི། གསུམ་སྟེ། མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བ་བཟོད་པ་དང་ལྡན་པ་གསུམ་མོ། །དང་པོ་ལ་གསུམ་སྟེ། བཤད་བྱ་ལ་མཁས་པ་དང་། འཆད་བྱེད་ལ་མཁས་པ་དང་། ཀུན་སྤྱོད་ལ་མཁས་པའོ། །དང་པོ་ནི། ཤེས་བྱའམ་སྡེ་སྣོད་ཀུན་ལ་མཁས་ནའང་ལེགས་མོད་ཀྱི་འདིར་གང་འཆད་པ་དེའི་ཚིག་དོན་ལ་ལུང་རིགས་མན་ངག་དང་ལྡན་པས་མཁས་པ་ཞིག་དགོས་ཏེ། དེས་གདུལ་བྱའི་ཐེ་ཚོམ་གཅོད་ནུས་པས་སོ། །
གཉིས་པ་ནི། རྗོད་བྱེད་ཀྱི་བརྡ་དག་པ་དང་། གང་ནས་བཤད་ཀྱང་འབྲེལ། ཇི་ཙམ་བཤད་ཀྱང་རན། ཇི་ལྟར་བཤད་ཀྱང་འཐད་པ་གསུམ་གྱི་ངག་འབྲེལ། གཞན་དགའ་བར་ནུས་པའི་དབྱངས་སྙན་པ་དང་གསུམ་ལ་འཆད་དོ། །ཡང་ན་མདོ་སྡེ་རྒྱན་ནས། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མ་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །འཁོར་གསུམ་གྱིས་ནི་དག་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །ལེ་ལོ་དང་ནི་མི་གོ་དང་། །སྐབས་མི་འབྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་གཅོད་དང་། །དེ་དང་བྲལ་བར་བསྟན་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །ཞེས། གཏམ་གྱི་ཉེས་པ་བརྒྱད་དང་བྲལ་བས་འཁོར་གསུམ་དག་པའི་བཤད་པའམ། རྣམ་བཤད་རིགས་པར། བརྗོད་པའི་སྐྱོན་བཅུ་གཅིག་གི་གཉེན་པོར་ཆོས་ཀྱི་གཏམ་རྣམ་པ་ཉི་ཤུ་དང་ལྡན་པར་གསུངས་ཏེ། སྤྱོད་ལམ་མི་སྡུག་པར་འདུག་པས་སྣོད་མ་ཡིན་པ་ལ་བརྗོད་པའི་སྐྱོན་གྱི་གཉེན་པོར་ཉན་འདོད་པ་ཉིད་དང་། བཤད་པའི་འོས་སུ་གྱུར་པ་ཉིད་དུ་ཤེས་ནས་སྨྲ་བས་དུས་སུ་སྨྲ་བའོ། །བདག་གི་བཤད་ཉན་འདི་ལྟ་བུ་ལ་དེ་མ་ཚང་བས། སྙིང་པོ་མེད་ཅིང་ལམ་དུ་འགྲོ་བར་མ་མཐོང་ངོ་། །བརྗོད་པ་ཡོངས་སུ་མ་རྫོགས་པའི་སྐྱོན་གྱི་གཉེན་པོར་བརྙས་པ་མེད་པར་སྒྲིམ་པས་སྨྲ་བའོ། །
བརྗོད་པ་བར་ཆད་པའི་སྐྱོན་གྱི་གཉེན་པོར་གསུམ་སྟེ། གོ་རིམ་དུ་སྨྲ་བ་སྟེ་དུས་སྔར་བྱ་བ་སྦྱིན་པ་ལ་སོགས་པ་དང་ཡང་དག་ཕུལ་གྱི་གཏམ་ལས་བརྩམས་ནས་སྨྲ་བ་སྟེ་བསྟན་པའོ། །མདོ་སྡེ་རྣམ་པར་བཤད་པ་ལས་བརྩམས་ནས་བརྒལ་བའི་ཚིག་རྒོད་སྨྲ་བ་མཚམས་སྦྱར་བར་སྨྲ་བའོ། །རྗེས་སུ་མཐུན་པར་སྨྲ་བ་ནི་འདྲི་བའི་ལན་ལུང་བསྟན་པ་ལས་བརྩམས་ཏེ་མགོ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པ་རྣམས་ལ་དེ་བཞིན་དུ་ལུང་སྟོན་པའོ། །བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་གྱི་གཉེན་པོར་གསུམ་སྟེ། དད་པ་ཅན་རྣམས་ལ་དགའ་བར་བྱ་བ་དང་། སྔར་གནས་པ་དང་ཞེ་འགྲས་པ་རྣམས་ལ་འདོད་པར་བྱ་བ་དང་། བར་ལ་གནས་པ་ཐེ་ཚོམ་ཅན་རྣམས་ལ་མགུ་བར་བྱ་བའོ། །བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་གྱི་གཉེན་པོར་གཉིས་ཏེ། སྡིག་པའི་ལས་ཅན་སྤྲོ་བ་བསྐྱེད་པའི་འོས་མ་ཡིན་པས་སྤྲོ་བ་མི་བསྐྱེད་པ་དང་། སྨད་ན་སྙིང་ན་རུ་འོང་བས་མི་སྨད་པའོ། །དོན་འཐད་པ་མེད་པར་བརྗོད་པའི་སྐྱོན་གྱི་གཉེན་པོར་རིགས་པ་སྟེ། ཚད་མ་དང་མི་འགལ་བའོ། །དོན་ཟབ་མོའི་སྤྱོད་ཡུལ་མ་ཡིན་པ་དབང་པོ་ཐ་མ་ལ་ཟབ་མོ་བརྗོད་པའི་སྐྱོན་གྱི་གཉེན་པོར་འབྲེལ་བ་སྟེ་སྔ་ཕྱི་འབྲེལ་བའོ། །རྣམ་པར་གཡེངས་ནས་བརྗོད་པའི་སྐྱོན་གྱི་གཉེན་པོར་མ་འདྲེས་པ་སྟེ། གཏམ་གཞན་དུ་འཕྲོ་པ་སྤངས་པའོ། །དོན་མེད་པ་བརྗོད་པའི་སྐྱོན་གྱི་གཉེན་པོར་ཆོས་དང་ལྡན་པ་སྟེ་དགེ་བ་དང་མཐུན་པའོ། །མི་འཚམས་པར་བརྗོད་པའི་སྐྱོན་གྱི་གཉེན་པོར་འཁོར་ཇི་ལྟ་བ་བཞིན་ཏེ་གདུལ་བྱ་དང་འཚམ་པའོ། །ཉོན་མོངས་པ་ཅན་གྱི་བསམ་པས་བརྗོད་པའི་སྐྱོན་གྱི་གཉེན་པོར་ལྷག་མ་ལྔའོ། །ཉོན་མོངས་པ་ཅན་གྱི་བསམ་པ་ནི་གསུམ་སྟེ། བདག་བཟང་པོར་ཡིད་ཆེས་པར་བྱ་བའི་བསམ་པ་དང་། དད་ནས་བཀུར་སྟི་བྱེད་པར་འདོད་པའི་བསམ་པ་དང་། ཕྲག་དོག་གི་བསམ་པའོ། །དང་པོ་ནི་གཉེན་པོར་གསུམ་སྟེ། བྱམས་པའི་སེམས། ཕན་པའི་སེམས་སྙིང་བརྩེ་བའི་སེམས། གསུམ་ནི་ཉན་པ་པོ་བདེ་བ་དང་ཉོན་མོངས་པ་མེད་པ་དང་། སྡུག་བསྔལ་མེད་པར་སྨོན་པ་གསུམ་མམ། དགེ་བ་དང་མི་དགེ་བ་ལ་ཕྱོགས་པ་དང་ཐ་མལ་པ་དག་ལ་བྱམས་སོགས་རིམ་པ་བཞིན་ནམ། མྱ་ངན་ལས་འདས་པ་དང་། དེའི་ལམ་རྟོགས་པར་བྱ་བ་དང་། བཤད་པའི་དོན་ཁོང་དུ་ཆུད་པའི་བསམ་པས་སོ། །གཉིས་པའི་གཉེན་པོར་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་སྟེ། དེ་དག་འདོད་པ་སྤངས་པའོ། །གསུམ་པའི་གཉེན་པོར་བདག་ལ་བསྟོད་པར་མི་བྱ་ཞིང་། གཞན་ལ་སྨད་པར་མི་བྱ་བ་སྟེ། ཕྲག་དོག་དང་། བདག་ལ་ལྷག་པར་ཡིད་ཆེས་པར་འདོད་པ་སྤངས་པའོ། །ཉི་ཤུ་པོ་འདིའི་ལྔ་ལྔ་རིམ་པ་བཞིན། ཇི་ལྟ་བུར་དང་། གང་གི་དོན་དུ་དང་། གང་འདྲ་བའི་དང་། གང་འདྲ་བས་གཏམ་བྱ་བ་དང་། ཡང་གཏམ་གྱི་སྦྱོར་བ་དང་། གཏམ་གྱི་ལས་དང་། གཏམ་གྱི་ཡོན་ཏན་དང་། སྨྲ་བ་པོའི་ཡོན་ཏན་བསྟན་ཅིང་སྐྱོན་དང་བྲལ་བ་ནི་འཆད་བྱེད་ལ་མཁས་པའོ། །གསུམ་བ་ནི། སྒོ་གསུམ་དགེ་བས་ཀུན་གྱིས་བཀུར་བར་འོས་པས་རང་གི་ཀུན་སྤྱོད་ལ་མཁས་པ་དང་། གདུལ་བྱའི་ཀུན་སྤྱོད་ལ་མཁས་པ་ནི་དབང་པོ་དང་ཁམས་དང་བག་ལ་ཉལ་ཤེས་པས་དེ་དང་མཐུན་པའི་ཆོས་བསྟན་པས་དོན་དུ་འགྱུར་གྱི། སའི་སྙིང་པོ་འཁོལ་ལོ་བཅུ་པར། བྱིས་པ་དབང་པོ་ཞན་ཅིང་ལེ་ལོ་ཞན། །ཐེག་པ་གཉིས་ལ་ནན་ཏན་མི་བྱེད་པར། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་ཆེན་ཐེག་ཆེན་སྣོད་མ་ཡིན། ཞེས་པའམ། དེ་བཞིན་སྣོད་མིན་ཉན་ཐོས་ཐེག་པ་དག །ཐེག་ཆེན་བཤད་པ་ཐོས་ནས་རྨོངས་འགྱུར་ཞིང་། །ཆད་པར་ལྟ་ལ་ངན་སོང་ལྟུང་འགྱུར་བས། །དེས་ན་དབང་པོ་བརྟགས་ཏེ་ཆོས་བསྟན་ཏོ། །ཞེས་གསུངས་ཤིང་། ཡང་རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་པ་དང་། དམན་ལ་ཟབ་དང་རྒྱ་ཆེ་དང་། །ཞེས་གསུངས་པས། སྣོད་ཀྱི་ཀུན་སྤྱོད་དམ་མཚན་ཉིད་ལ་མཁས་དགོས་སོ། །
གཉིས་པ་ལ། རབ་སེམས་ཅན་ཐབས་ཅད་བྱང་ཆུབ་ཆེན་པོ་ལ་གཞག་འདོད་ཀྱི་སྙིང་རྗེ། དེ་མེད་ན་གང་འཆད་པའི་དོན་དེ་ལེགས་པར་ཤེས་ཤིང་ཕན་འདོད་ཀྱིས་ཟང་ཟིང་ལ་ལྟོས་མེད་དུ་འཆད་པའི་སྙིང་རྗེ་ངེས་པར་དགོས་ཏེ། དེས་རང་གི་བཤད་པ་ལམ་དུ་འགྱུར་རོ། །མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ནི་སྲོག་དང་ལོངས་སྤྱོད་ཚེགས་ཆེན་རྙེད་ཅིང་སྙིང་པོ་མེད་པ་དག །རབ་དགའི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང་བ། །ཆོས་ཡང་སྐྱེ་དགུ་རྣམས་ལ་རྣམ་པ་ཀུན་ཏུ་ཕན་བྱེད་ཚགས་ཆེན་རྙེད་མིན་ཞིང་། །ཤིན་ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ་ལན་གཅིག་མ་ཡིན་སྨོས་ཅི་དགོས་ཞེས་སོ། །དེ་ལྟ་མིན་ན་ཆོས་འཚོང་བའི་ཉེས་པར་འགྱུར་ཏེ། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས་ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་ནི་བདུད་ཀྱི་ལས་སོ་ཞེས་པ་དང་། མང་དུ་ཐོས་ཀྱང་གཞན་གྱིས་ཤེས་གྱིས་དོགས་ཏེ་ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པ་ཡང་བདུད་ཀྱི་ལས་སོ་ཞེས་པ་དང་། དགོངས་པ་ངེས་འགྲེལ་ལས། འདོད་ཕྱིར་སུ་དག་དམ་ཆོས་སྟོན་བྱེད་པ། །དེ་དག་འདོད་པ་བཏང་བ་ཕྱིར་ལེན་ཏེ། །མྱོས་པ་དེ་དག་ཐང་མེད་རིན་ཆེན་ཆོས། །ཐོབ་པར་གྱུར་ཀྱང་སྤྲང་པོ་རྒྱུ་བར་བྱེད། །ཅེས་སོ། །
གསུམ་པ་ལ། འཆད་དུས་ཀྱི་ངལ་དུབ་དང་དཀའ་ལས་ལ་སྐྱོ་བ་མེད་པའི་བཟོད་པ། སློབ་མས་དྲི་བར་བཟོད་པ། གཞན་གྱིས་བརྩད་པར་བཟོད་ཅིང་ལན་འདེབས་ནུས་པ་གསུམ་གྱིས། གདུལ་བྱ་རྗེས་སུ་འཛིན་ནུས་པར་འགྱུར་རོ། །འཁོར་གྱི་ལོག་སྒྲུབ་བཟོད་པ་དགོས་གསུང་སྟེ། ཕ་རོལ་ལ་ཕན་ངེས་པར་ཤེས་པའི་མངོན་ཤེས་དང་ལྡན་ན་དེ་ལྟར་བྱ་སྟེ། དེ་ལྟ་མིན་པར། མ་གུས་པ་ལ་ཆོས་མི་བཤད་ལ་སོགས་པ་དང་། དོ་ཀེར་ཅན་ལ་སོགས་པ་ལྔ་ལ་སོགས་པ་མང་པོ་དང་འགལ་བས་ཧ་ཅང་བློ་སྣ་རིངས་པའི་གཏམ་ཡིན་གྱིས། ཆགས་སྡང་གིས་ལོག་པར་བསྒྲུབ་པའི་བཤད་ཉན་གྱིས་མངོན་མཐོ་འམ་ངེས་ལེགས་ཅི་ཞིག་ལ་ཕན། དེ་ལྟར་ཆོས་དེ་དག་ཚང་བས་བཤད་ན། འཁོར་གྱི་སྐྱེ་བོ་ལ་འཇེབས་ཤིང་མཛེས་ལ་ལམ་དུ་འགྱུར་ཏེ། མདོ་སྡེ་རྒྱན་ནས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡིས། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ་ཞེས་སོ། །
གཉིས་པ་ལ། མངོན་པ་ཀུན་ལས་བཏུས་སུ་རྣམ་པར་བཤད་པའི་སྒོ་བཅུ་བཞི་དང་དྲུག་གསུངས་ཏེ། ཇི་སྐད་དུ། རྣམ་པར་བཤད་པའི་གཏན་ལ་དབབ་པ་གང་ཡང་ཞེ་ན། གང་གིས་མདོ་སྡེ་རྣམས་རྣམ་པར་བཤད་པར་བྱེད་པ་སྟེ། དེའང་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པར་བྱ་བའི་རྒྱུ་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་དང་། དེས་རབ་ཏུ་ཤེས་པའོ། །ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། རྣམ་པར་བཤད་པ་བསྡུ་བའི་སྒོ་དང་། དངོས་པོ་བསྡུ་བའི་སྒོ་དང་། ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་དང་། གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་སྒོ་དང་། སྤོང་བའི་སྒོ་དང་། ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་དང་། ཆུད་ཟ་བ་དང་མི་ཟ་བའི་སྒོ་དང་། གང་ཟག་རྣམ་པར་བཞག་པའི་སྒོ་དང་། རབ་ཏུ་དབྱེ་བ་རྣམ་པར་བཞག་པའི་སྒོ་དང་། ཚུལ་གྱི་སྒོ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་དང་། སྟོབས་དང་སྟོབས་མ་ཡིན་པའི་སྒོ་དང་། བཟླས་ཏེ་བརྗོད་པའི་སྒོ་དང་། མངོན་པར་བསྒྲུབ་པའི་སྒོའོ། །ཞེས་གསུངས་སོ། །གཞུང་ཁ་ཅིག་ལས། དགོས་དོན་བསྡུས་དོན་ཚིག་དོན་གསུམ་གྱིས་འཆད་ཅིང་། ལ་ལར་སྤྱི་དང་ཡན་ལག་གི་དོན་གཉིས་ཀྱིས་འཆད་དོ། །མཆིམས་པ་ནི། དོན་བསྟན་པ་དང་། གཞུང་བཤད་པ་དང་དེ་དག་ངེས་པར་བྱ་བའོ། །དང་པོ་ནི། གཞུང་གི་ངག་དོན་སྐམ་ཕོགས་སུ་བསྟན་ཏེ། གང་ལས་འོངས་པའི་འབྲེལ། ཅིའི་ཕྱིར་བཀོད་པའི་དགོས་པ། ཅི་ཞིག་བསྟན་པའི་བརྗོད་བྱ་གསུམ་གྱིས་ངེས་པར་བྱེད་པ་སྟེ། དེས་སློབ་མ་ཆོས་ཀྱི་དོན་བཟང་བར་འགྱུར་རོ། །
གཉིས་པ་ནི། དཀྱུས་ཀྱི་ཐེམ་སྦྱོར་གྱིས་ཁྱད་པར་གྱི་གཞི་ངོས་བཟུང་སྟེ། དོགས་སྤང་གི་ཚུལ་གྱིས་ཁྱད་པར་དུ་བྱེད་པའི་ཆོས་བཤད་ནས། དེས་དངོས་ཤུགས་ལ་ཇི་ལྟར་བསྟན། དཔྱོད་པ་སྟེ། དེས་སློབ་མ་ཚིག་ལ་མཁས་པར་བྱེད་དོ། །གསུམ་པ་ནི། དེ་དག་གིས་གཞུང་དོན་རྟོགས་ཀྱང་། གཞན་གྱི་རྒོལ་བ་མི་ཟློག་པ་སྲིད་པས་བཤད་ཟིན་པ་དེ་ཉིད་ལ་འགལ་ཟློས་མ་འབྲེལ་ལོ་ཞེས་བསམ་པ་མ་རྟོགས་པའི་རྒོལ་བ་བཀོད་ནས། དེའི་བསམ་པ་བསལ་བྱེད་ཀྱི་ལན་གདབ་པ་དང་། ལུང་རིགས་གཞན་གྱི་ལན་དོན་དགོངས་པ་ཅན་དུ་དོགས་པ་སྤངས་པ་སྟེ། དེས་སློབ་མ་གཞུང་དོན་ལ་ངེས་པ་ཐོབ་པར་འགྱུར་རོ། །རྣམ་བཤད་རིགས་པར། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། བརྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི། བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ་ཞེས་པས། ཐོག་མར་མདོ་ལ་སོགས་པའི་དགོས་པ་ཐོས་ནས། ཉན་པ་དང་འཛིན་ལ་འབད་པར་འགྱུར་བས་དགོས་པ་བཤད། དེ་བསྡུས་དོན་ལས་རྟོགས་པས་བསྡུས་པའི་དོན་མདོའམ་བསྟན་བཅོས་ཀྱི་ལུས་སྒྲ་དང་དོན་གཉིས་སམ། བརྗོད་བྱའི་དོན་དྲིལ་ནས་སྟོན་པའོ། །དེ་ཚིག་དོན་ལས་རྟོགས་པས་ཚིག་གི་དོན་བཤད་གཞིར་བཞག་ནས། ཁྱད་པར་གྱི་ཆོས་ལ་དོགས་པ་བསུ་བའི་སྒོ་ནས་དྲི་ཚིག་དང་ལན་གྱི་མཐའ་དཔྱད་ནས་འཆད་པའམ། དོན་གཅིག་ལ་མིང་མང་པོ་དང་མིང་གཅིག་དོན་མང་པོ་ལ་འཇུག་པ་དང་། སྒྲའི་ཟུར་གཅིག་ལ་དྲངས་ཏེ་འཆད་པ་དང་། ཡི་གེ་བསྒྱུར་ནས་འཆད་པ་དང་། དགག་པའི་སྒྲ་ཁོང་ནས་ཕྱུང་སྟེ། ཚིག་བསྒྱུར་ནས་འཆད་པ་ལ་སོགས་པའོ། །ཡང་རྣམ་བཤད་རིགས་པར། རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ། རྣམ་གྲངས་ཀྱིས་དང་། མཚན་ཉིད་ཀྱིས་དང་། ངེས་པའི་ཚིག་གིས་དང་། རབ་ཏུ་དབྱེ་བས་སོ། །དེ་ལ་རྣམ་གྲངས་ནི་མིང་གཞན་ནོ། །མཚན་ཉིད་ནི་དོན་གང་ལ་མིང་དེ་ཡོད་པའོ། །ངེས་པའི་ཚིག་ནི་མིང་གི་རྒྱུ་མཚན་བརྗོད་པའོ། །ཞེས་པ་ལྟར་རོ། །ཁ་ཅིག་ངེས་ཚིག་སྒྲའི་བཤད་པ་མིན་པར་འདོད་པ་མི་འཐད་དེ། ཨ་པྲ་ཤི་ཁ་ལ་སོགས་པ་སྒྲའི་བཤད་པར་གནས་བརྒྱད་དུ་བཤད་པས་སོ། །མཚམས་སྦྱར་ནི། དོན་སྔ་ཕྱི་འབྲེལ་བ་དང་། གོ་རིམས་སྔ་ཕྱི་འབྲེལ་བའི་མཚམས་སྦྱོར་བས་ཚིག་དོན་གྱི་རིམས་མི་འགལ་བར་ཤེས་སོ། །རིགས་པ་དང་མི་འགལ་བ་དང་སྔ་ཕྱི་མི་འགལ་བ་ནི་བརྒལ་ལན་ལས་ཤེས་པས། སྒྲ་ལ་བརྒལ་བ་དང་དོན་ལ་རྒོལ་བའི་རྒོལ་བ་བཀོད་ནས་དེའི་དོན་ལན་གྱིས་ངེས་པར་བྱས་ཏེ་འཆད་པའོ། །གསུམ་པ་ནི། གདུལ་བྱའི་དབང་གིས་དང་། དགོས་པའི་དབང་གིས་དང་། འཇུག་པའི་དབང་གིས་བཤད་པའོ། །དང་པོ་ལ། དབང་པོ་རྣོ་འབྲིང་བརྟུལ་གསུམ་ལ་བསྡུས་འབྲིང་རྒྱས་པར་འཆད་པ་སྟེ། མདོ་རྒྱས་འབྲིང་བསྡུས་གསུམ་གསུངས་པ་བཞིན་དང་། རིགས་ཀྱི་བྱེ་བྲག་གིས་ཐེག་པ་ཆེ་ཆུང་གི་ཆོས་དང་། དོན་གཉེར་གྱི་བྱེ་བྲག་གིས་བཤད་བྱ་ཅི་རིགས་པར་སྟོན་པའོ། །ཏིང་ངེ་འཛིན་རྒྱལ་པོར། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །དེ་དག་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །འཁོར་ནི་མང་པོ་འཁོད་ནང་དུ། །གལ་ཏེ་ངན་ཚུལ་ངན་མཐོང་ན། །ཁྱོད་ཀྱི་ཡོ་བྱད་བསྙུངས་མི་བཤད། །སྦྱིན་པའི་བསྔགས་པ་བརྗོད་པར་བྱ། །གལ་ཏེ་འདོད་པ་ཆུང་ཞིག་སྟེ། །ཚུལ་ཁྲིམས་དག་པར་གནས་ཡིན་ན། །ཁྱོད་ཀྱིས་བྱམས་པའི་སེམས་བསྐྱེད་ལ། །ཡོ་བྱད་བསྙུངས་པའི་གཏམ་གྱིས་ཤིག །གལ་ཏེ་སྡིག་འདོད་ཆུང་གྱུར་ཅིང་། །ཚུལ་ཁྲིམས་ལྡན་པ་མང་གྱུར་ལ། །གཉེན་པོ་རྙེད་པ་དེ་ཡི་ཚེ། །ཚུལ་ཁྲིམས་བསྔགས་པ་བརྗོད་པར་བྱ། །ཞེས་བཤད་པ་བཞིན་ནོ། །
གཉིས་པ་ནི། དགོས་པ་དོན་དུ་གཉེར་བའི་བྱེ་བྲག་གི་མཚན་ཉིད་གཏན་ལ་དབབ་པ་དང་། སྒྲུབ་པ་ཉམས་ལེན་ཅི་རིགས་པར་འཆད་པའོ། །གསུམ་པ་ལ། སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལ་བཀོད་པ་བཤམས་པ་དང་། དཀོན་མཆོག་ལ་གསོལ་བ་གདབ་པ་དང་། བདུད་ཚར་བཅད་ཅིང་འཁོར་ལ་བྱམས་པས་ཁྱབ་པར་བྱ་བ་གསུམ་མོ། །དམ་པའི་ཆོས་པདྨ་དཀར་པོ་ལས། མཁས་པ་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད། །མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར། །བདེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན། །གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་པ། །ཆོས་གོས་གཙང་མ་དེས་ནི་རབ་བགོས་ནས། །རྔུལ་གཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཛེགས་ནས། །གདོང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང་། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་ཡང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །དགེ་སློང་དག་དང་དགེ་སློང་མ་དག་དང་། །དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང་། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང་། །མཁས་དེས་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤངས། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་ཆོས་མཆོག་རབ་ཏུ་བསྒོམ། །མཁས་པ་དེས་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང་། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་སླང་ངོ་། །གཞན་དུ་མཁས་པས་རྟག་ཏུ་བདག་ཉིད་དང་། །སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་སེམས། །ཞེས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཏདྱ་ཐཱ། ཤ་མེ་ཤ་མེ་ཝ་ཏི། ཤ་མི་ཏ་ཤ་ཏྲུཾ། ཨཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ་ཀ་དེ་ཡུ། ཀེ་ཡཱུ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡ་ནི། བི་ཤ་ཐ་ནིརྨ་ལེ་མ་ལཱ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནེ། ཨོཾ་མུ་ཁི། པ་རཾ་མུ་ཁི། ཨ་མུ་ཁི། ཤ་མི་ཏྭ་ནི། སརྦ་གྲ་ཧ་བྷནྡྷ་ནཱ་ནེ། ནི་གྲི་ཧི་ཏྭ། སརྦ་པཱ་ར་པྲ་ཝཱ་དི་ན། བི་མུཀྟ་མཱ་ར་པྲ་ཤ། སྠཱ་བི་ཏྭ། བུདྡྷ་མུ་དྲ། ཨཱ་ནུ་ཏ་གྷ་ཏི་ཏཱ། སརྦ་མཱ་རེ། སུ་ཙ་རི་ཏ་པ་རི་ཤུདྡྷེ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ། འདི་དག་ནི་བདུད་ཚར་བཅད་པའི་ཚིག་ཉོན་མོངས་པ་བསལ་བའི་ཚིག་སྟེ། དེ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ། ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ་སྨན་པར་འདུ་ཤེས་བསྐྱེད་དེ། ཆོས་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་སྔོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མིག་བསྒྱུར་བའི་ལས་ཀྱིས་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །ཞེས་པ་དང་། ཆོས་སྨྲ་བས་གཙང་སྦྲ་དང་ཀུན་ཏུ་སྤྱོད་པས་གཙང་བ་དང་ལེགས་པར་བཀྲུས་པ་དང་ལེགས་པར་གོས་བགོ་བར་བྱའོ། །ཞེས་གསུངས་སོ། །
གཉིས་པ་དངོས་གཞི་ནི་ཕར་ཕྱིན་དྲུག་ལྡན་ཏེ། རང་གིས་རྟོགས་པའི་ཚིག་དོན་སྟེར་བ་དང་། སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་དང་། ཚ་གྲང་ལ་སོགས་པ་གནོད་པ་སྲོན་པ་དང་། བཤད་པ་ལ་སྤྲོ་བ་དང་། དེ་ལ་སེམས་རྩེ་གཅིག་ཏུ་གནས་པ་དང་། ཚིག་དོན་གྱི་འགལ་འབྲེལ་དཔྱོད་ཅིང་འཆད་པ་དེ་དྲུག་གམ། ཡང་ན་སློབ་དཔོན་སེང་གེ་བཟང་པོས། ཆོས་ཀྱི་སྦྱིན་པ་ལ་སོགས་སྦྱིན་པ་ན་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་སྤོང་བ་དང་། སྐྱེ་བོ་ཐམས་ཅད་མི་སྙན་པར་སྨྲ་བ་ལ་སོགས་བཟོད་པ་དང་། འདུན་པ་སྐྱེད་པ་དང་། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་མི་དམིགས་པའི་གོ་ཆ་ཉིད་ཀྱིས་བྱེད་པ་དང་། ཞེས་པ་ལྟར་རོ། །གསུམ་པ་རྗེས་ལ། ནོངས་པ་བཟོད་པར་གསོལ་བ་དང་། དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང་། སྟོང་པའི་རྒྱས་གདབ་པའོ། །
གསུམ་པ། སློབ་མས་མཉན་ཚུལ་གྱི་ཁྱད་པར།
གསུམ་པ་ལ། གང་གིས་ཉན་པའི་གང་ཟག །གང་ལ་བརྟེན་ནས་ཉན་པའི་ཐབས། ཇི་ལྟར་ཉན་པའི་ཚུལ་གསུམ་མོ། །དང་པོ་ལ། ཉན་པ་པོ་རབ་འབྲིང་ཐ་གསུམ་ལས། དང་པོ་ལ་རྣམ་བཅད་ལ་ཉན་པ་པོའི་སྐྱོན་སྤང་བ་དང་། བསྒྲུབ་བྱ་ཉན་པ་པོའི་མཚན་ཉིད་བསྟན་པའོ། །དང་པོ་ལ་སྐྱོན་བཅུ་གསུམ་དང་། དྲུག་དང་། གསུམ་སྤོང་བའོ། །དང་པོ་ནི། རྣམ་བཤད་རིགས་པར། སྐྱོན་བཅུ་གསུམ་གྱི་གཉེན་པོར་རྣམ་པ་བཅུ་དྲུག་གིས་ཆོས་མཉན་པར་གསུངས་ཤིང་། བཅུ་གསུམ་ནི་ནང་དུ་ཡང་དག་པར་འཇོག་པའི་ཚེ་སྨྲ་བ་པོ་ལ་བདག་ཉིད་ཀྱིས་བསྐྱོད་པ་དང་། སྤྱོད་ལམ་མི་སྡུག་པའི་སྐྱོན་དང་། རིགས་མཐོ་བ་ལ་སོགས་པའི་ང་རྒྱལ་གྱིས་འགྱིང་བའི་སྐྱོན་དང་། དོན་དུ་མི་གཉེར་བའི་སྐྱོན་དང་། གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་དང་། མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་དང་། སུན་ཅི་ཕྱིན་དུ་བརྒལ་བའི་བསམ་པའི་སྐྱོན་དང་། ཆོས་དང་ཆོས་སྨྲ་བ་ལ་ཡོན་ཏན་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མི་བྱེད་པའི་སྐྱོན་དང་། ཆོས་ལ་ཚིག་དང་ཡི་གེ་འབྲུ་མ་འབྲེལ་བའི་ཆོས་སྨྲ་བ་ལ་ཚུལ་ཁྲིམས་དང་རིགས་དང་བྱད་གཟུགས་དང་ཚིག་འབྱིན་པ་མ་ཚང་བ་ལ་སོགས་པའི་སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན་དང་། སྨོད་པའི་སྐྱོན་དང་། རྙེད་པ་དང་བཀུར་སྟི་འདོད་པའི་སྐྱོན་དང་། སེམས་རྣམ་པར་གཡེངས་པ་དང་གཉིད་རྨུགས་ཀྱིས་བསྡུས་པས་མི་ཉན་པའི་སྐྱོན་དང་། དགོངས་པ་དང་ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་རྟོག་པས་ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན་དང་། འདུན་པ་དང་འཇུག་པ་ཞན་པ་ཉིད་ཀྱིས་རབ་ཏུ་ཡིད་ལ་མི་བྱེད་པའི་སྐྱོན་ནོ། །
གཉིས་པ་ནི། རྣམ་བཤད་རིགས་པར། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་བསྡུས་དང་། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་པ་ལྟར་རམ། ཡང་ན་ལས་ཀྱི་སྐྱོན་དང་། མོས་པ་མེད་པའི་སྐྱོན་དང་། མཆོད་པར་མི་འགྱུར་བའི་སྐྱོན་དང་། བསམ་པའི་སྐྱོན་དང་། མི་མཐུན་པའི་སྐྱོན་དང་། འཛིན་པའི་སྐྱོན་ནོ། །ལས་ཀྱི་སྐྱོན་ལ། ལུས་ཀྱི་ལས་སྤྱོད་ལམ་མི་སྡུག་པ་དང་། ལུས་ངག་གཉིས་ཀའི་ལས་དེ་གཉིས་ཀྱིས་སྐུལ་བར་མི་བྱེད་པ་དང་། ཡིད་ཀྱི་ལས་ཉན་པར་མི་འདོད་པའོ། །བསམ་པའི་སྐྱོན་ནི་གཞན་ལ་ཀླན་ཀ་བཙལ་བ་དང་། འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་པར་བྱ་བའི་བསམ་པའོ། །མི་མཐུན་པའི་སྐྱོན་ལྔ་སྟེ། ཆོས་ལ་ངེས་འབྱིན་གྱི་ལམ་མིན་པར་གོ་ནས་མི་གུས་པ་དང་། ཚིག་དང་ཡི་གེ་མ་འབྲེལ་བས་བསྙད་པ་དང་། གང་ཟག་དང་། ཚུལ་ཁྲིམས་དང་། ཚིག་འབྱིན་པའི་སྐྱོན་གྱིས་གུས་པ་མེད་པ་དང་། རིགས་ཀྱི་སྐྱོན་གྱིས་བརྙས་པའོ། །ཁོང་དུ་ཆུད་པ་དང་སྒྲུབ་པའི་ནུས་པ་མི་འབྱུང་སྙམ་པ་བདག་ལ་བརྙས་པའོ། །འཛིན་པའི་སྐྱོན་ལྔ་སྟེ། ལོག་པར་འཛིན་པ་དང་། དོན་མི་འཛིན་པ་དང་། ཚིག་འབྲུ་མི་འཛིན་པ་དང་། བརྡ་མ་ཕྲད་པར་འཛིན་པ་དང་། མ་ལུས་པར་མི་འཛིན་པའོ། །གསུམ་པ་ལ། དཔེར་ན་ཆར་བབ་ཀྱང་ཆུའི་བྱ་བ་མི་བྱེད་པའི་སྣོད་ཀྱི་སྐྱོན་གསུམ་འབྱུང་སྟེ། ཁ་བུབ་བམ་བཅད་པས་མི་འབབ་པ་དང་། མི་གཙང་བས་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང་། བུ་ག་དང་བཅས་པས་བབ་ཀྱང་མི་གནས་པའོ། །དེ་བཞིན་དུ་ཆོས་ཀྱི་ཆར་བབ་ཀྱང་ཆོས་ཀྱི་ཆུའི་བྱ་བ་མི་བྱེད་པའི་སྐྱོན་གསུམ་སྟེ། རྣམ་གཡེང་དང་གཉིད་རྨུགས་ཀྱིས་མི་ཉན་པས་མི་འབབ་པ་དང་། ཚུལ་བཞིན་ཡིད་ལ་མི་བྱེད་པས་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང་། དྲན་པ་བརྗེད་ངེས་པའི་ཕྱིར་མི་གནས་པའོ། །དེའི་གཉེན་པོར། བཅོམ་ལྡན་འདས་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ཞེས་གསུངས་སོ། །གཞན་ཡང་ནད་པ་སྨན་པའི་ལུང་མ་ཤེས་པ་དང་། ལོག་པར་ཤེས་པ་དང་། ལེགས་པར་ཤེས་ཀྱང་སྨན་ཆུད་གསན་པ་དང་འདྲ་བ་དང་། ནད་པ་ཟས་མི་ཟ་བ་དང་། མི་འཕྲོད་པ་ཟ་བ་དང་། འཕྲོད་པ་ཟོས་པ་སྐྱུག་པ་གསུམ་རིམ་པ་བཞིན་ནོ། །དེས་ན་འཆད་པ་པོ་སྣོད་ལ་མཁས་པས་ཉན་པོ་རྣམ་པར་གཡེངས་ན། མི་རྣམས་ཚེ་ནི་ལོ་བརྒྱ་ལ། །མཚན་མོ་ཉལ་བས་ཕྱེད་དུ་བྱས། །དེ་ནི་ཉིན་པར་ཡང་ཉལ་བས། །དེ་ཡི་ཕྱེད་ཀྱང་དུམ་བུར་བྱས། །ཞེས་པ་ལ་སོགས་པ་སྐྱོ་བའི་གཏམ་བྱ། གཉིད་རྨུགས་ཅན་ལ་སེམས་གསལ་བར་བྱ་བའི་ཕྱིར་ཡ་མཚན་གྱི་གཏམ་དང་། བོང་བུ་དང་རྟེའུ་འམ། སེང་གེ་དང་ཝའམ། རྒན་ཞུགས་དང་བུད་མེད་དམ། རྒན་མོ་དང་རྐུན་མོ་དང་། ལུས་སྐྱེས་ངུས་པའི་གཏམ་རྒྱུད་བཤད་ལ། དགའ་བའི་གཏམ་བྱའོ། །
གཉིས་པ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་པས། རྟོགས་པར་ནུས་པའི་བློ་གྲོས་དང་། དོན་དུ་གཉེར་བའི་འདུན་པ་དང་། ང་རྒྱལ་མེད་པའི་གུས་པའོ། །དང་པོ་ནི། ཐོས་པ་ཉོན་མོངས་ཀྱི་གཉེན་པོར་འགྲོ་ཞིང་། ཐར་པའི་རྒྱུར་འགྲོ་བ་ལ། དོན་རྟོགས་དགོས་ཏེ། དབྱིག་གཉེན་གྱིས། རྒྱུ་གསུམ་དག་གིས་པགས་པ་ལས་སུ་རུང་བར་འགྱུར་ཏེ། སྣུམ་བསྐུ་བ་དང་། མཉེ་བ་དང་། བསྲོ་བ་རྣམས་ཀྱིས་སོ། །དེ་བཞིན་དུ་སེམས་ཀྱང་ཐོས་པ་དང་བསམ་པ་དང་སྒོམ་པ་རྣམས་ཀྱིས་སོ། །དེ་ལྟ་བས་ན་སེམས་ལས་སུ་རུང་བ་ཉིད་དུ་བྱ་བའི་ཕྱིར་ཐོས་པ་ལ་སོགས་པ་དག་ལ་བརྩོན་འགྲུས་བྱའོ། །
གསུམ་པོ་དེ་དག་གི་སྟོབས་ཀྱིས་ལམ་དུ་འགྲོ་བ་རྣམས་འབྲོག་དགོན་པའི་ལམ་ལས་བདེ་བར་བརྒལ་བར་འགྱུར་ཏེ། ལམ་བརྒྱགས་ཀྱི་སྟོབས་དང་། བཞོན་པའི་སྟོབས་དང་། སྟོན་པ་པོའི་སྟོབས་ཀྱིས་སོ། །དེ་བཞིན་དུ་འཁོར་བའི་འབྲོག་དགོན་པའི་ལམ་ལས་བདེ་བའི་ལམ་དུ་འགྲོ་བ་རྣམས་སྦྱིན་པ་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་སོ། །འདིར་གསུམ་ཆར་ཡང་ཐོས་པ་ལ་རག་ལུས་སོ། །ཞེས་སོ། །
གཉིས་པ་ནི། མདོ་ལས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་ཡོངས་སུ་ཚོལ་བ་སྟེ། བཅུ་གང་ཞེ་ན། གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པས་ཆོས་ཡོངས་སུ་ཚོལ་བ་དང་ཞེས་སོགས་སོ། །གསུམ་པ་ནི། འགྲེལ་ཆེན་དུ། ལྷག་པའི་བསམ་པས་མཉན་པར་བྱ་ཞེས་བྱ་བ་ནི། ཐོད་ལ་སོགས་པ་བོར་ལ། སྟན་དམའ་བ་ལ་འདུག་སྟེ། རྣམ་པར་གཡེང་བའི་ཉེས་པ་བསལ་ཏེ། ཐར་པ་འདོད་པའི་བསམ་པས་དམ་པའི་ཆོས་མཉན་པར་བྱའོ། །ཞེས་སོ། །
གཉིས་པ་ནི། དེ་ལྟ་བུའི་མཚན་ཉིད་མ་ཚང་ཡང་དོན་གོ་བར་ནུས་པ་མཉན་ན་ཕན་ཡོན་ཆེན་པོ་ཡོད་དེ། རྣམ་བཤད་རིགས་པར། རྒྱུ་བསགས་པ་རྣམས་ནི་ཅུང་ཟད་མཉན་པས་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་ཏེ། དཔེར་ན་འཕགས་པ་ཤཱ་རིའི་བུས་བསྙེན་པར་རྫོགས་པར་བྱ་བ་ལ་རྗེས་སུ་བསྟན་པ་བྲམ་ཟེ་ཞིག་གིས་ཐོས་ནས། གབ་སྟེ་འདུག་ནས། རབ་ཏུ་བྱུང་པ་ཚུལ་ཁྲིམས་ཉམས་པ་ལ་སྡུག་བསྔལ་རྣམ་པ་བཅུ་གཉིས་འབྱུང་ངོ་། །ཞེས་ཐོས་ནས་འཆལ་བའི་ཚུལ་ཁྲིམས་བྱ་བ་ལ་མངོན་དུ་ཕྱོགས་པ་ལས་ལྡོག་པ་ལྟ་བུའོ། །ཞེས་གསུངས་སོ། །གཞན་ཡང་དགེ་འདུན་བསྲུངས་ཀྱིས་ཆོས་བསྟན་པ་ལ་དྲང་སྲོང་རྣམས་ཀྱིས་ཕག་ཉན་བྱས་པས་འབྲས་བུ་ཐོབ་པ་ཡིན་ནོ། །གསུམ་པ་ནི། དོན་མི་གོ་ཡང་ཆོས་ལ་དད་ནས་མཉན་ན་བསོད་ནམས་ཆེ་སྟེ། ཇི་སྐད་དུ། བརྡ་མི་ཕྲད་པས་ཀྱང་སངས་རྒྱས་ཀྱི་གསུང་གུས་པས་མཉན་པར་བྱ་སྟེ། འདི་ལྟར་དད་པ་ཙམ་གྱིས་ཀྱང་ཉན་ན་བསོད་ནམས་ཆེན་པོ་ཉིད་དང་ལྡན་པ་དང་། ཤེས་རབ་ཀྱི་ཁམས་རྟས་པར་འགྱུར་ན་དོན་རྟོགས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བ་ལང་རྫི་དགའ་བོས་སྦལ་བ་འཁར་བས་མནན་པའི་རྟོགས་པ་བརྗོད་པ་དཔེར་བྱའོ། །ཞེས་པ་དང་། ཆོས་དགའ་ཆུ་སྲིན་དུ་གྱུར་པ་ན་སངས་རྒྱས་ཀྱི་སྒྲ་ཙམ་ཞིག་ཐོས་པ་ལས་སྔོན་ཕྱག་འཚལ་ཙམ་ལ་གོམས་པའི་ཕྱིར། ཁ་བཙུམས་ཏེ་འདུག་པ་ཡིན་ནོ། །དེ་ལྟ་བས་ན་ཅུང་ཟད་ཅིག་ཐོས་པས་ཀྱང་རྒྱུ་བསགས་པ་རྣམས་ཀྱིས་དགེ་བ་རབ་ཏུ་རྒྱས་པའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ། །ཞེས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །གང་གིས་སེམས་ཅན་དག་འགྱུར་བའི། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལ་རྗེས་སུ་མཐུན་སྒྲ་དང་། །ནང་དུ་ཚུལ་བཞིན་ལྟ་བའོ། །ཞེས་གསུངས་པས་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཅིང་འཚོ་བའི་ཡོ་བྱད་བསགས་པ་དང་། ནང་གི་མཐུན་རྐྱེན་རྣ་བ་བླགས་ཏེ་མཉན་ཅིང་། ཐོས་པའི་དོན་བསམ་པ་དང་། མདོ་བསྟན་བཅོས་བལྟ་བ་དང་མཁས་པ་ལ་དྲི་བས་བསྐྱང་བར་བྱ་ཞིང་། དེས་ཐོས་བྱུང་མཐར་ཕྱིན་པར་འགྱུར་ཞིང་། དེ་ནས་བསམ་སྒོམ་ལ་འབད་པར་བྱའོ། །རྣམ་བཤད་རིགས་པར། རྡོ་ཐལ་གྱི་རྡོ་མེས་བསྲེགས་ཆུས་འཇིག་པར་བྱེད་པ་དང་འདྲ་བར་ཉོན་མོངས་པའི་བག་ལ་ཉལ་གྱི་རྡོ་ཤེས་རབ་ཀྱི་མེས་ཡོངས་སུ་བསྲེགས་པས་ཏིང་ངེ་འཛིན་གྱི་ཆུས་ཡོངས་སུ་སྦངས་ན་འཇིག་གོ། ཤེས་རབ་དེའང་དམ་པའི་ཆོས་མཉན་པ་མེད་པར་ནི་མ་ཡིན་པས་དེ་ལྟ་བས་ན། གུས་པས་ཆོས་མཉན་པར་བྱའོ། །ཚིག་གི་ཁུར་ཐོགས་ཀྱང་དོན་མངོན་པར་མི་ཤེས་ན་དེའི་དོན་མི་འཐོབ་སྟེ། ཁྱེའུའི་མགུལ་དུ་གཏེར་གྱི་ཁ་ཆེམས་ཀྱི་ཡི་གེ་བཏགས་པ་དང་འདྲའོ། །དེ་ལྟ་བས་ན་མང་དུ་ཐོས་པས་ཀྱང་། དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་མདོ་སྡེའི་དོན་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ། །མེལ་ཚེ་བ་སོ་སོར་མི་རྟོག་པ་ནི་མ་ཉལ་ཞེས་ཟེར་བཞིན་དུ་ཆོམ་པོ་རྣམས་ཀྱིས་བཅོམ་མོ། །དེ་བཞིན་དུ་སྒྲ་ཙམ་ལ་བརྩོན་པའི་མང་དུ་ཐོས་པ་སོ་སོར་མི་རྟོག་པ་ཡང་ཉོན་མོངས་པའི་དགྲ་རྣམས་ཀྱིས་འཇོམས་སོ། །སོ་སོར་རྟོག་པ་དེ་ཡང་དོན་ཤེས་པ་ཉིད་མེད་ན་མེད་པས། དེ་ལྟ་བས་ན། དོན་བཟུང་བ་ནི་འབད་པ་དང་ལྡན་པར་བྱའོ། །དེ་བཞིན་དུ་རོལ་མོ་མཁན་རྐུན་པོས་འཇིགས་ནས། མི་ཉལ་བར་བྱ་བའི་ཕྱིར་གླུ་ལེན་བཞིན་དུ་བཅོམ་མོ་ཞེས་བྱ་བ་ཡང་དཔེར་བརྗོད་པར་བྱའོ། །ཇི་ལྟར་ལོང་བ་མར་མེ་འཛིན་པ་ནི་གཞན་དག་ལ་ཕན་པར་འགྱུར་བ་དང་འདྲ་བར། དོན་མངོན་པར་མི་ཤེས་པའི་ཐོས་པ་འཛིན་པ་ཡང་དེ་ལྟ་བུ་ཡིན་པས་དེ་ལྟ་བས་ན་དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དོན་མཉན་པ་ལ་འབད་པར་བྱའོ། །ཞེས་སོ། །གསུམ་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ་གསུམ་ལས། དང་པོ་ཆོས་བསྒྲུབ་པའི་བསམ་པ་སྟེ། ཇི་སྐད་དུ། ཐོས་པའི་རྗེས་འཇུག་སྒྲུབ་པ་གཙོ་བོར་བྱེད། །ཅེས་སོ། །གཉིས་པ་གུས་པའི་སྤྱོད་ལམ་སྟེ་སྒོ་གསུམ་འདུད་པའོ། །སྐྱེས་རབས་སུ། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པས་བསྐྱེད་དེ་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་མཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་སོ། །གསུམ་པ་རྐྱེན་ཚོགས་པ་དགའ་བ་བསྒོམ་པ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པར། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚེགས་ཀྱིས་རྙེད་པ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་པ་དང་། རྒྱ་ཆེ་རོལ་པར། མི་དང་སངས་རྒྱས་འབྱུང་རྙེད་དཀའ། །དད་པའང་ཤིན་ཏུ་རྙེད་པར་དཀའ། །མི་ཁོམ་བརྒྱད་སྤངས་རྙེད་པར་དཀའ། །ཆོས་ཉན་པ་ནི་གཙོ་བོ་ཡིན། །སངས་རྒྱས་འབྱུང་དང་དལ་བ་དང་། །དད་དང་ཆོས་ཉན་དམ་པ་དང་། །དེ་དག་ཐམས་ཅད་ད་རྙེད་ཀྱིས། །བག་མེད་མ་ལུས་རྣམ་པར་སྤོངས། །གལ་ཏེ་བསྐལ་པ་ཁྲག་ཁྲིག་ཏུ། །ཆོས་ཐོས་མི་འགྱུར་སྲིད་པ་དེ། །ཁྱེད་ཀྱིས་དེ་རིང་རྙེད་ཟིན་གྱི། །བག་མེད་མ་ལུས་རྣམ་པར་སྤོངས། །ཞེས་པ་དང་། རྣམ་བཤད་རིགས་པར། གསུང་དང་རྣ་བ་ཉིད་དང་ནི། །འདོད་དང་ཤེས་རབ་བགེགས་མེད་པ། །ལྔ་ནི་གང་ཕྱིར་རྙེད་དཀའ་བས། །དེ་ཕྱིར་ཐུབ་པའི་གསུང་མཉན་བྱ། །ཞེས་པ་དང་། ལུས་ཅན་འདི་ནས་ཤི་ན་ཡང་། །དམ་ཆོས་དཀོན་མཆོག་འཕྲད་འགྱུར་རམ། །མི་འགྱུར་རྣ་བར་ཐོས་པ་དང་། །སུ་ཞིག་དམ་ཆོས་འཆད་འགྱུར་བ། །དེ་ནི་སུས་ཀྱང་མི་ཤེས་པས། །དེ་ཕྱིར་ཁྱེད་ཀྱིས་འབད་པ་ཡིས། །སྟོན་པའི་གསུང་ནི་མཉན་པར་བྱ། །ཞེས་པ་དང་། སྲིད་པ་ཡོད་ན་གདོན་མི་ཟ་བར་ཚེ་ཐོབ་ལ། །དེ་ཡང་ཕལ་ཆེར་དོན་མེད་པར་ནི་ཟད་པར་འགྱུར། །ལེགས་པར་གསུངས་པའང་ས་སྟེང་འགའ་ན་ལན་འགའ་ཞིག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་སྣང་བ་ཡིན། །ཞེས་སོ། །གཉིས་པ་ནི། ཕར་ཕྱིན་དྲུག་ལྡན་ཏེ། སྒོ་གསུམ་ཆོས་ཀྱི་ཕྱིར་གཏོང་བ་དང་། ཉེས་སྤྱོད་སྡོམ་ཞིང་སྣོད་ཀྱི་སྐྱོན་རྣམས་སྤོང་བ་དང་། གནོད་པ་བཟོད་པ་དང་ཉན་པ་ལ་སྤྲོ་བ་དང་། སྒྲ་དང་དོན་ལ་སེམས་རྩེ་གཅིག་པ་དང་། རབ་རྟོགས་པ་ལྷག་པ་རྙེད་པའམ། འབྲིང་སྒྲའི་རྗེས་སུ་འབྲང་པས་འཛིན་སྐྱོང་དོན་ལ་དཔྱོད་པའོ། །ཐ་མ་ལ་ཚད་མེད་དོ། །གསུམ་པ་རྗེས་ལ། ནོངས་པ་བཟོད་པར་གསོལ་ཞིང་དགེ་བ་བསྔོས་ལ་གཏང་རག་གི་ཕྱག་བྱའོ། །
བཞི་པ། གཉིས་ཀས་ཆོས་ཀྱི་དོན་བསྒྲུབ་པར་གདམས་པ།
བཞི་པ་ནི། དེ་ལྟ་བུའི་ཐོས་བསམ་ལམ་དུ་འགྲོ་བ་ལ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས་ཚུལ་ཁྲིམས་དག་པ་རྟེན་དུ་དགོས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་སྙེད་ཆོས་ཀྱི་རྣམ་པར་བྱང་ཆུབ་ཀྱང་། །ཐོས་པས་རྒྱགས་ཤིང་ཚུལ་ཁྲིམས་མི་སྲུང་ན། །ཚུལ་ཁྲིམས་འཆལ་བ་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་བསྐྱབ་མི་ནུས། །ཞེས་གསུངས་སོ། །མང་ཐོས་ཚུལ་གནས་ཀྱང་། བསམ་སྒོམ་དང་འབྲེལ་དགོས་ཏེ། བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་བྱ་བའི་མདོ་ལས། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཐོས་པ་དང་སེམས་པ་ལ་མ་བརྟེན་པར་སྒོམ་པ་ལ་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉིས་ཀ་ལ་བརྟེན་ཏེ་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། དེ་ལྟར་རྣལ་འབྱོར་ཅན་གྱི་བསྒོམ་པ་གང་ཡིན་དེ་ཡང་དོན་མེད་མིན། །དེ་ཡང་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་བསྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་གསུངས་སོ། །དེས་ན་ཐོག་མར་སྡུག་བསྔལ་མང་པོའི་གཞིའམ་རྒྱུ་འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོར་ཚུལ་ཁྲིམས་བསྲུང་ཞིང་། དེ་ནས་ཉོན་མོངས་པ་རྣམ་པར་སྦྱང་བ་ལ་འབད་པར་བྱའོ། །དེའི་རིམ་པ་ནི་ཞི་བ་ལྷས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་སོ། །དེ་ལ་ཐོག་མར་བཟོད་པ་དགོས་ཏེ། དེ་མེད་ན་སྐྱོ་བ་ལ་ཇི་མི་སྙམ་པ་མེད་པས་ཐོས་པས་མི་འཇུག་པས་སོ། །ཐོས་པ་མེད་ན་ཉོན་མོངས་སྤོང་བའི་བསམ་གཏན་གྱི་ཐབས་མི་ཤེས་པས་ཐོས་པ་བཙལ་ལོ། །ཐོས་པས་ཆོས་ཤེས་སུ་ཟིན་ཀྱང་ལང་། ལོང་ཅན་དུ་སྤྱོད་ན་ཏིང་ངེ་འཛིན་མི་སྐྱེ་བས། ཆོས་དང་མཐུན་པའི་ཚིག་གིས་སྨྲས་གྱུར་ཀྱང་། །ཁྲོ་དང་ཞེ་སྡང་ཡིད་མི་ཆེས་པ་དག །རབ་ཏུ་སྨྲས་སྟེ་འདི་ནི་བྱིས་པའི་ཆོས། །དོན་དེ་རྣམ་པར་ཤེས་ན་ཡིད་མི་རྟོན། ཞེས་ཟླ་བ་སྒྲོན་མེ་ལས་འབྱུང་བ་བཞིན། རྙེད་བཀུར་འདོད་སྲེད་བྱིས་པ་དང་འགྲོགས་པ་སྤངས་ཏེ། ནགས་ན་རི་དྭགས་བྱ་རྣམས་དང་། །ཤིང་རྣམས་མི་སྙན་སྒྲོག་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་གནས་པར་འགྱུར། །ཞེས་པའི་ནགས་དབེན་པ་བསྟན་ནོ། །དེ་ནས་རྣམ་གཡེང་སྤོང་བ་ལ་མི་བརྩོན་ན། མཉམ་པར་འཇོག་པར་མི་འགྱུར་བས། མཉམ་གཞག་ལ་བརྩོན་དགོས་ལ། དེའི་འབྲས་བུ་ཉོན་མོངས་པ་སྦྱོང་བ་ཡིན་པས། མི་སྡུག་པ་ལ་སོགས་པ་བསྒོམ་པར་བྱའོ། །མང་དུ་ཐོས་ཀྱང་སྒྲུབ་པ་དང་བྲལ་བ་ནི་ཉེས་པ་ཆེན་པོ་སྟེ། དྲག་ཤུལ་ཅན་གྱིས་ཞུས་པར། གལ་ཏེ་ཐོས་པ་དང་ལྡན་པ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས། རྙེད་པ་ལ་སོགས་པ་ལ་ཆགས་པའི་སེམས་མི་སྦྱོང་ན་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུ་བ་གཅིག་པུར་འགྱུར་རོ་ཞེས་པ་དང་། དཀོན་བརྩེགས་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་རྒྱ་མཚོའི་ཆུ་ཆེན་པོས་ཁྱེར་བ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ། འོད་སྲུངས་འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བསླབས་ཏེ་ཀུན་ཆུབ་པར་བྱས་ཀྱང་། འདོད་ཆགས་ལ་སྲེད་པ་མི་སེལ། ཞེ་སྡང་ལ་སྲེད་པ་མི་སེལ། གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག་ཆོས་ཀྱི་རྒྱ་མཚོས་ཁྱེར་ལ། ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་འགྱུར་རོ། །ཞེས་སོ། །དེས་ན་བདག་ལྟ་བུ་ཁ་བཤད་ལ་སོང་ནས་ལག་ལེན་མེད་པ་ལ་སྙིང་པོ་མེད་པས། དོན་སེམས་ཤིང་ལག་ལེན་གལ་ཆེ་སྟེ། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འགྱེད་པའི་སྨྲ་བ་རྣམས་ལ་ཆགས། །བརྗོད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། ནང་གི་སེམས་ལས་ཤིན་ཏུ་རིང་བར་འགྱུར། །ལུས་དང་སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར། །ཁེངས་པ་དང་ནི་མདུད་པ་མང་པོར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་མཉེན་ཤིན་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། རྟག་ཏུ་བླ་མ་དག་ལ་གུས་པ་མེད། །སྦགས་པའི་གཏམ་དག་ལ་ནི་དགའ་བ་བསྐྱེད། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། དེ་ནི་ལྷ་ཚོགས་རྣམས་ཀྱིས་མི་བཀུར་ཞིང་། །དེ་ཚེ་དེ་ལའང་འདོད་པ་མི་བསྐྱེད་ལ། །སོ་སོ་ཡང་དག་རིག་ལས་ཉམས་གྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། གང་དག་ལུས་ནི་མངོན་སུམ་མང་ཡོད་པ། །མཁས་པ་དེ་དག་གིས་ནི་སྤྱོ་བར་འགྱུར། །དེ་ཡི་སྲོག་ནི་དོན་མེད་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། རྩྭ་བསྐྱོད་བཞིན་དུ་འགུལ་ཞིང་གཡོ་བ་སྟེ། །དེ་ནི་དེ་ལྟར་ཐེ་ཚོམ་འགྱུར་དུ་ངེས། །དེ་ནི་ནམ་ཡང་བློ་བརྟན་མི་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། གར་ལ་དགའ་བའི་ཁྲོད་ན་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། དེ་ནི་གཡོ་ལྡན་ཡང་ཞིང་རེ་འཆད་འགྱུར། །ཕྱི་ཕྱིར་ཞིང་ནི་རྣམ་པར་འགྱེད་པ་རྩོམ། །འཕགས་པའི་དམ་པའི་ཆོས་ལས་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། མཐུ་ཆུང་བསྟི་སྟང་གིས་ནི་དགའ་འགྱུར་ཏེ། །མི་ཤེས་ལྡན་པ་གཡོ་ཞིང་འགྱུར་བ་ཡི། །སྤྲེའུ་ལྟར་དེ་ཡི་སེམས་ནི་གཡོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། རང་གི་བློ་ཡི་ཤེས་པ་དམའ་བའི་ཕྱིར། །རྨོངས་པ་དེ་ནི་གཞན་གྱི་དྲིང་ལ་འཇོག །དེ་ནི་ཉོན་མོངས་ཕྱོགས་ཀྱི་དབང་དུ་འགྲོ། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། མིག་ཀྱང་འཁྲུལ་ཞིང་དེ་བཞིན་རྣ་བའང་འཁྲུལ། །སྣ་ཡང་འཁྲུལ་ཞིང་དེ་བཞིན་ལྕེ་ཡང་འཁྲུལ། །ལུས་ཀྱང་འཁྲུལ་ཞིང་ཡིད་ཀྱང་འཁྲུལ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། དེ་ཡི་སེམས་ནི་རྣ་བའི་རྣམ་ཤེས་ལ། །རབ་ཏུ་ཆགས་ཤིང་སྒྲས་རྒྱགས་ཤེས་རབ་ཉམས། །ལོག་པར་སེམས་ཤིང་ལམ་ངན་འགྲོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། ཞེས་པ་ལ་སོགས་པ་གསུངས་ནས། ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེ་ནི་བདག་ཉིད་དགའ་བ་མི་ཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་ཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་གསུངས་སོ། །ཚུལ་འདི་མང་ཐོས་བསྒྲུབ་པ་དང་བྲལ་བ། །ཚོགས་མ་བསགས་ཀྱི་བུ་སྟོན་ཁ་ཆེས་བྲིས། །དགེ་བས་མྱུར་དུ་ཤི་འཕོས་དགའ་ལྡན་དུ། །མི་ཕམ་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག །ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ལས། འཆད་ཉན་ལ་འཇུག་ཚུལ་ངེས་པར་བསྟན་པའི་ལེའུ་སྟེ། དང་པོ་རྫོགས་སོ།། །།
སྤྱི་དོན་བཞི་པ། བསྒྲུབ་བྱའི་ཆོས་ཇི་ལྟར་བྱུང་ཚུལ།
སྤྱིར་འཇིག་རྟེན་དུ་ཆོས་ཇི་ལྟར་བྱུང་ཚུལ།
སྤྱི་དོན་བཞི་པ། བསྒྲུབ་བྱའི་ཆོས་ཇི་ལྟར་བྱུང་ཚུལ་ལ་གཉིས་ཏེ། སྤྱིར་འཇིག་རྟེན་དུ་ཆོས་ཇི་ལྟར་བྱུང་ཚུལ། ཁྱད་པར་བོད་ཡུལ་དུ་ཇི་ལྟར་བྱུང་ཚུལ་ལོ། །
དང་པོ་ལ། སྤྱིར་བྱང་སེམས་ཚོགས་སམ་སྨོན་ལམ་རྫོགས་པ་དང་། སངས་རྒྱས་ཀྱི་ཞིང་དག་པ་དང་། འདུལ་བྱ་དགེ་བའི་རྩ་བ་སྨིན་པ་ན་སངས་རྒྱས་འབྱུང་བ་ཡིན་ཞིང་དེས་དམ་པའི་ཆོས་སྟོན་པ་ཡིན་པ་ལ། འདི་ལ་གསུམ་སྟེ། སྤྱིར་བསྐལ་པ་གང་ལ་སངས་རྒྱས་བྱོན་ཚུལ། ཁྱད་པར་དུ་བསྐལ་པ་བཟང་པོའི་སངས་རྒྱས་འབྱོན་ཚུལ། ཁྱད་པར་དུ་མི་མཇེད་འཇིག་རྟེན་དུ་ཐུབ་པའི་དབང་པོ་འབྱོན་ཚུལ་ལོ། །དང་པོ་ལ། སྤྱིར་བསྐལ་པ་ལ་སྒྲོན་མའི་བསྐལ་པ་དང་མུན་པའི་བསྐལ་པ་གཉིས་ལས་སྒྲོན་བསྐལ་ལ་སངས་རྒྱས་འབྱུང་གི་མུན་བསྐལ་ལ་སངས་རྒྱས་མི་འབྱུང་ངོ་། །སྒྲོན་བསྐལ་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་ངམ་སྟོང་དང་ལྔ། དེ་ནས་མུན་བསྐལ་བསྐལ་པ་ཆེན་པོ་དྲུག་ཅུ། དེ་ནས་སྒྲོན་བསྐལ་བསྐལ་པ་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི། དེ་ནས་མུན་བསྐལ་ཁྲི་འདས་པ་དང་། བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་བརྒྱད་ཁྲི། དེ་ནས་མུན་བསྐལ་སུམ་བརྒྱ། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་བསྐལ་བཟང་ནས་བཤད་དོ། །གཉིས་པ་ལ་གཉིས་ཏེ། སྙིང་རྗེ་པད་མ་དཀར་པོའི་རྗེས་སུ་འབྲངས་ཏེ་སངས་རྒྱས་སྟོང་དང་ལྔ་འབྱོན་ཚུལ་དང་། གསང་བ་བསམ་གྱི་མི་ཁྱབ་པ་ལ་སོགས་པའི་རྗེས་སུ་འབྲངས་ཏེ་སངས་རྒྱས་སྟོང་འབྱོན་ཚུལ་ལོ། །དང་པོ་ནི། སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་འདིར། བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ། གླིང་བཞི་པ་འདི་ཉིད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་བྱུང་ངོ་། །དེ་ལ་སྲས་རྒྱལ་བུ་མིག་མི་འཛུམ་པ་ལ་སོགས་པ་སྟོང་དང་། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་མངའོ། །དེའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་སྲས་བརྒྱད་ཅུ་དང་། སློབ་མ་བྲམ་ཟེ་སྟོང་དང་བཅས་པ་ཡོད་དོ། །དེའི་སྲས་བྲམ་ཟེ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་རིན་ཆེན་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཟླ་བ་གསུམ་དུ་སངས་རྒྱས་ལ་བསྙེན་བཀུར་བྱས་སོ། །དེ་ནས་དེའི་སྲས་རྒྱལ་བུ་སྟོང་གིས་ཟླ་བ་གསུམ་གསུམ་བསྙེན་བཀུར་བྱས་ཏེ། ལོ་ཉིས་བརྒྱ་ལྔ་བཅུ་དང་ཟླ་བ་གསུམ་འདས་པ་དང་། ཡབ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་དུ་བསྙེན་བཀུར་བྱས། ཆོས་མཉན་ནས་རྨི་ལམ་བརྟགས་པས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་སྲོག་ཆགས་མང་པོ་ཟ་བ་དང་། སྟག་ལ་སོགས་པ་གཅན་གཟན་གདུག་པ་ཅན་གྱིས། རྒྱལ་པོ་དེ་ཡང་གསོད་པར་འགྱུར་བ་དང་། བློན་པོ་ཁ་ཅིག་ཤིང་རྟ་བདེ་བ་ལ་ཞོན་ནས་ལམ་གོལ་བར་འདོང་བ་ལ་སོགས་པ་རྨིས་ཏེ། སངས་རྒྱས་ལ་ཞུས་པས། རྒྱལ་པོ་རྒྱལ་སྲིད་ལ་ཆགས་ཤིང་མི་དགེ་བ་སྤྱད་པས་ངན་སོང་དང་འཁོར་བར་ལུང་བསྟན། བློན་པོ་དེ་དག་ཉན་རང་དུ་ལུང་བསྟན། གཞན་མང་པོ་བྱང་ཆུབ་ཆེན་པོར་འགྱུར་རོ། །ཞེས་རྨི་ལྟས་ལུང་བསྟན་ནོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་ལ། རྒྱལ་པོ་ཆེན་པོ་མིར་གྱུར་པ་ཡང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དམ་པའི་ཆོས་ཉན་པའང་རྙེད་པར་དཀའ་ཡིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག །ཅེས་བསྐུལ་བས། རྒྱལ་པོ་ན་རེ། ཁོ་བོ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱ་བར་མི་འདོད་དོ། །ཞེས་རྒྱུ་མཚན་དང་བཅས་པ་སྨྲ་ཞིང་། སེམས་བསྐྱེད་དུ་མ་འདོད་པ་ལ། བྲམ་ཟེས་ལན་གཉིས་ལན་གསུམ་གྱི་བར་དུ་བསྐུལ་བས། སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་བཟང་པོ་འབྱུང་ན་བསྐྱེད་དོ་ཞེས་ཁས་བླངས་སོ། །དེ་ནས་སངས་རྒྱས་རིན་ཆེན་སྙིང་པོས་མེ་ལོང་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་ནས། གང་བཟང་བ་ལ་འདམ་དུ་བཅུག་བས། རྒྱལ་པོའང་དད་དེ་རང་གི་སངས་རྒྱས་ཀྱི་ཞིང་གཟུང་བའི་ཕྱིར་ཁབ་ཏུ་ཞུགས་ནས། སྐྱེ་བོའི་འགྲུལ་བཅད་དེ་སེམས་པར་བྱེད་དོ། །དེའི་རྒྱལ་བུ་སྟོང་ཡང་རང་རང་གི་སངས་རྒྱས་ཀྱི་ཞིང་གཟུང་བའི་ཕྱིར། ཁང་པར་ཞུགས་ཏེ་སེམས་པར་བྱེད་དོ། །དེའི་བར་ལ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྲོག་ཆགས་མང་པོ་དགེ་བ་རྒྱ་ཆེན་པོ་ལ་བཀོད་དོ། །དེ་ལྟར་ལོ་བདུན་འདས་པ་དང་། རྒྱལ་པོ་འཁོར་བཅས་ལྷས་བསྐུལ་ནས་ལངས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་རང་གི་སངས་རྒྱས་ཀྱི་ཞིང་བཟུང་ཞིང་སེམས་བསྐྱེད་པས། རྒྱལ་པོ་ཆེན་པོ་བདེ་བ་ཅན་གྱི་འཇིག་རྟེན་དུ་སངས་རྒྱས་ཚེ་དཔག་མེད་དུ་ལུང་བསྟན་ནོ། །བུ་ཐུ་བོ་མིག་མི་འཛུམས་ནི་ཚེ་དཔག་མེད་མྱ་ངན་ལས་འདས་ནས་སྲོད་ལ་ཆོས་ནུབ་པའི་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་པའོ། །དེ་མྱ་ངན་ལས་འདས་པའི་རྗེས་སུ་བུ་གཉིས་པ་ནི། མཐུ་ཆེན་ཐོབ་སྟེ་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་པར་ལུང་བསྟན་ནོ། །བུ་གསུམ་པ་ནི་འཇམ་དཔལ་ཏེ། སངས་རྒྱས་ཀྱི་ཞིང་དག་པ་རྡུལ་བྲལ་ཡང་དག་བརྩེགས་སུ་སངས་རྒྱས་ཀུན་ཏུ་གཟིགས་སུ་ལུང་བསྟན་ནོ། །བུ་བཞི་པ་ནི་ཀུན་ཏུ་བཟང་པོར་རོ། །ལྔ་པ་ནི་པདྨ་དམ་པར་རོ། །དྲུག་པ་ནི་དབང་སྒྱུར་དབང་ཕྱུག་རྒྱལ་པོར་རོ། །བདུན་པ་ནི་སྣང་བ་རྡུལ་བྲལ་སྤོས་མཐོ་དབང་ཕྱུག་རྒྱལ་པོར་རོ། །བརྒྱད་པ་ནི་ཡེ་ཤེས་རྡོ་རྗེ་རྣམ་པར་བསྒྱིངས་བའི་དབང་ཕྱུག་ཏུའོ། །དེ་ནས་བར་སྐབས་འདིར་སྲོག་ཆགས་ཁྲི་སངས་རྒྱས་སུ་ལུང་བསྟན་ནས་དེ་ནས་བུ་དགུ་པ་མི་འཁྲུགས་པར་ལུང་བསྟན་ནོ། །བཅུ་པ་གསེར་གྱི་མེ་ཏོག་ཏུའོ། །བཅུ་གཅིག་པ་རྒྱལ་པོའི་ཟླ་བར་རོ། །དེ་བཞིན་དུ་རྒྱལ་བུ་སྟོང་ཚང་བར་ལུང་བསྟན་ནོ། །དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་དང་། དེ་ནས་རྒྱ་མཚོའི་རྡུལ་གྱི་སྲས་བརྒྱད་ཅུ་དང་། དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སློབ་མ་བྲམ་ཟེ་སྟོང་ཕྲག་གཅིག་དང་། དེ་ནས་བྲམ་ཟེ་བྱེ་བ་ཕྲག་གསུམ་ལུང་བསྟན་པས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་ཀྱི་བར་དུ་འགྱུར་རོ། །དེ་ནས་བྲམ་ཟེ་རིག་བྱེད་ཀློག་པ་སྟོང་གི་དང་པོ་ལུང་བསྟན་ནོ། །དེའི་རྗེས་ལ་རིག་བྱེད་ཀློག་པ་སྟོང་གི་གཉིས་པ་སྐར་མ་སྐྱོང་ནི་བསྐལ་པ་བཟང་པོའི་སངས་རྒྱས་དང་པོ་འཁོར་བ་འཇིག་གོ། གསུམ་པ་ཏམ་བུ་ར་ནི་གསེར་ཐུབ་ཏུ་ལུང་བསྟན་ནོ། །བཞི་པ་ཀུན་གྱིས་སྲུངས་ནི་སངས་རྒྱས་འོད་སྲུངས་སུའོ། །ལྔ་པ་དྲི་མེད་འོད་ནི་བྱམས་པའོ། །དེ་བཞིན་དུ་དགུ་བརྒྱ་དགུ་བཅུ་གོ་དགུའི་བར་དུ་ལུང་བསྟན་ནོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རིག་བྱེད་ཀློག་པ་སྟོང་གི་ཐ་མ་ལ་ཞིང་ཟུང་སེམས་སྐྱེད་ཅིག་ཅེས་བསྒོས་པས། ཅུང་ཟད་བསམ་ལོང་ཡོད་དོ་ཞེས་ཟེར་ནས། དེ་ནས་རྒྱ་མཚོའི་རྡུལ་གྱི་བསྙེན་བཀུར་པ་ལྔས། ཞིང་བཟུང་སེམས་བསྐྱེད་པས་བསྐལ་པ་བཟང་པོའི་སངས་རྒྱས་སུ་ལུང་བསྟན་ནོ། །དེ་ནས་ཐ་མས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་བསྐལ་པ་བཟང་པོ་དེ་ལ་ཐུབ་པ་ཉི་མ་དུ་མཆི་པར་འགྱུར། །བཀའ་སྩལ་པ། ཐུབ་པ་ཉི་མ་སྟོང་དང་བཞི་འབྱུང་བར་འགྱུར་རོ། །གསོལ་པ། ཐུབ་པ་ཉི་མ་སྟོང་དང་བཞི་པོ་དེ་དག་གི་སྐུ་ཚེའི་ཚད་དང་གདུལ་བྱ་ལ་སོགས་པ་ཇི་ཙམ་པ་དེ་ཙམ་དུ་གྱུར་ཅིག །སྨོན་ལམ་བཏབ་པས། ལེགས་སོ་གནང་སྟེ་སངས་རྒྱས་གསལ་མཛད་ཅེས་པར་ལུང་བསྟན་ནོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དགོངས་པར། རྒྱལ་པོ་ཆེན་པོ་ལ་སོགས་པ་སྲོག་ཆགས་མང་པོས་སེམས་བསྐྱེད་ཅིང་སངས་རྒྱས་ཀྱི་ཞིང་དག་པ་ཡང་བཟུང་ཟིན་གྱིས། ད་ནི་བདག་གིས་སེམས་བསྐྱེད་པར་བྱའོ་སྙམ་དུ་དགོངས་ཏེ། ཞིང་མ་དག་པ་མི་མཇེད་ཀྱི་ཞིང་སེམས་ཅན་མ་རུངས་པ་མི་དགེ་བ་བཅུ་ཚང་བར་སྤྱོད་པ། མཚམས་མེད་པ་ལྔ་བྱེད་པ། ཤིན་ཏུ་གདུལ་དཀའ་བ་རྣམས་ལ་ཐུགས་རྗེས་ལྷག་པར་གཟིགས་ནས། སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་སྟེ་བདེན་པའི་སྟོབས་བརྗོད་པས། སངས་རྒྱས་རིན་ཆེན་སྙིང་པོས་ལེགས་སོ་གནང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམས་པ་ནི་བཞི་སྟེ། སངས་རྒྱས་ཀྱི་ཞིང་མ་དག་པར་སྨོན་པ་དང་ཞེས་པ་ལ་སོགས་པ་དང་། ཁྱོད་ནི་པད་མ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའོ། །གཞན་ནི་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་དཔའོ། །ཞེས་བྱ་བ་ལ་སོགས་པ་བསྔགས་པ་བསམ་གྱི་མི་ཁྱབ་པ་བརྗོད་དེ། བསྐལ་པ་བཟང་པོའི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པར་ལུང་བསྟན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྐྱེས་བསྐུར། ལྷ་དང་མིའི་སྐྱེ་དགུ་ཐམས་ཅད་ཀྱིས་མཆོད་དོ། །དེ་ནས་སངས་རྒྱས་རིན་ཆེན་སྙིང་པོ་མྱ་ངན་ལས་འདས་ནས། སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་ལོ་བྱེ་ཕྲག་སུམ་ཅུ་རྩ་དྲུག་ཏུ་མཆོད་པའང་བྱས་སོ། །བྲམ་ཟེ་རྒྱ་མཚོའི་རྡུལ་ཡང་རབ་ཏུ་བྱུང་ནས་ལོ་ཉི་ཁྲིའི་བར་དུ་ཚངས་པར་སྤྱོད་དོ། །དེ་ལྟར་ན་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་ལྔ་འབྱུང་བར་ཤེས་པར་བྱའོ། །
གཉིས་པ་ནི། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་མཛེས་པར་སྣང་བ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར། སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། །དེའི་ཚེ་ཕོ་བྲང་རྣམ་པར་དག་པ་ཅན་དུ་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་བསྲུང་ཞེས་བྱ་བ་བཙུན་མོ་བདུན་འབུམ་དང་སྲས་སྟོང་དུ་ཚང་བ་ཡོད་དོ། །དེའི་ཚེ་རྒྱལ་པོ་དེས་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལོ་བྱེ་བ་ཚང་བར་བསྙེན་བཀུར་ཏེ། དགེ་སློང་རེ་རེ་ལའང་གཡོག་གསུམ་གསུམ་ཕུལ་ལོ། །དེའི་ཚེ་རྒྱལ་བུ་དེ་དག །སངས་རྒྱས་འབྱུང་བ་བརྒྱ་ལམ་རྙེད་པར་འགྱུར། །མིར་སྐྱེ་བ་ཡང་ཤིན་ཏུ་དཀའ་བ་རྙེད། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་སྨྲ་ཞིང་། ཙན་དན་སྤྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པའི་ནང་དུ། རྒྱལ་པོ་སྲས་དང་བཙུན་མོར་བཅས་པ་ཞུགས་ཏེ། ནམ་མཁའ་ལ་ཕྱིན་ཏེ་སངས་རྒྱས་ཀྱི་སྤྱན་སྔར་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་དད་པ་ནི་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ་ཞེས་པ་ལ་སོགས་པའི་ཆོས་བསྟན་པ་མཉན་ནས་རང་གི་ཁྱིམ་དུ་ཕྱིན་པ་དང་། ཟླ་བ་ཉ་ལ་བབ་པ་དང་། བཙུན་མོ་མ་སྨད་པའི་པང་བར་ཁྱེའུ་ཆོས་སེམས་དང་། དཔེ་མེ་པའི་པང་བར་ཆོས་ཀྱི་བློ་གྲོས་གཉིས་རྫུས་ཏེ་བྱུང་ངོ་། །དེ་གཉིས་དང་བཅས་ཏེ་སངས་རྒྱས་ལ་ཆོས་མཉན་ནོ། །དེའི་ཚེ་རྒྱལ་པོ་འདི་སྙམ་དུ། རྒྱལ་བུ་འདི་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་ཡིན་ན། གང་ཐོག་མར་སངས་རྒྱ་བརྟག་པར་བྱའོ་སྙམ་སྟེ། གཞོན་ནུ་དེ་ཐམས་ཅད་ཀྱི་མིང་བྲིས་ནས་རིན་པོ་ཆེ་སྣ་བདུན་གྱི་བུམ་པར་བཅུག་སྟེ། ཞག་བདུན་དུ་མཆོད་པ་བྱས་ཏེ། བཙུན་མོའི་འཁོར་དང་སྲས་སྟོང་དང་གཞོན་ནུ་གཉིས་ཀྱི་མདུན་དུ་ནང་མིས་བུམ་པའི་ནང་ནས་མིང་རྣམས་ཕྱུང་ངོ་། །ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་བས། ས་གཡོས་ཤིང་རོལ་མོའི་སྒྲ་བྱུང་སྟེ། དེ་ནི་འཁོར་བ་འཇིག་གོ། དེ་ནས་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་གསེར་ཐུབ་བོ། །དབང་པོ་ཞི་བ་འོད་སྲུངས་སོ། །དོན་ཐམས་ཅད་དུ་གྲུབ་པ་ནི་ཤཱཀྱ་ཐུབ་པའོ། །སྐ་རགས་ཅན་ནི་བྱམས་པའོ། །མཆོག་གི་བློ་གྲོས་ནི་སེང་གེའོ། །གློག་གི་ལྷ་ནི་ཏོག་ཅེས་བྱ་བའོ། །བཟང་པོ་ནི་མེ་ཏོག་དམ་པའོ། །འོད་ཀྱི་དཔལ་ནི་མེ་ཏོག་གོ། རྣམ་པར་སྣང་བའི་པད་མ་ནི་སྐར་རྒྱལ་ལོ། །དྲི་མ་མེད་པའི་འོད་ནི་སྤྱན་ལེགས་སོ། །རྡུལ་མེད་ནི་ལག་བཟང་ངོ་། །བློ་གྲོས་རྒྱལ་པོ་ནི་འོད་དོ། །དགེ་བ་བཀོད་པའི་རྒྱལ་པོ་ནི་སྐར་མ་ལ་དགའ་བའོ། །ཕྱོགས་འབྱོར་པ་ནི་མངོན་པར་འཕགས་པ་གཤེགས་པའོ། །རྣམ་པར་དག་པ་བཀོད་པའི་རྒྱལ་པོ་ནི་ཡོན་ཏན་གྱི་མངའ་བའོ། །དཔལ་སྦས་ནི་ནོར་དཔལ་ལོ། །ལུས་ཤིན་ཏུ་རྣམ་པར་འབྱེད་པ་ནི་ཡེ་ཤེས་འབྱུང་གནས་སོ། །དྲག་ཤུལ་ཅན་ནི་རིན་པོ་ཆེའི་འབྱུང་གནས་སོ། །རིན་ཆེན་གྲགས་ནི་ཀུན་ཏུ་སྣང་བའོ། །དེ་བཞིན་དུ་རྒྱ་ཆེར་བྱས་ཏེ། བུ་སྟོང་གི་ནང་ནས་གཅིག་བཞག་པ་ཅོད་པན་བརྒྱན་པའི་བར་དུ་བྱུང་སྟེ། དེ་ནི་སངས་རྒྱས་ཡོན་ཏན་མཐའ་ཡས་གྲགས་པའོ། །དེ་ནས་ཐ་ཆུང་བློ་མཐའ་ཡས་ཀྱི་མིང་བྱུང་བ་དང་། སྣག་གི་གཉེན་མཚམས་དང་སྤུན་རྣམས་ན་རེ། བདག་ཅག་གིས་སེམས་ཅན་ཐམས་ཅད་སྨིན་པར་བྱས་སངས་རྒྱས་ཀྱི་མཛད་པ་བྱས་པའི་འོག་ཏུ་ཁྱོད་ཀྱིས་ཅི་བྱར་ཡོད། ཅེས་སྤྱོས་པ་དང་། དེས་སྨྲས་པ་སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས་ཤིང་འདྲ། །བདག་གི་ཡིད་ལ་སེམས་ཅན་ཟད་པ་མེད་སྙམ་བགྱིད། །ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་འདིར་དག་འགྱུར། །བདག་གི་སྨོན་ལམ་ཅི་འདྲར་ཐམས་ཅད་འདིར་གསོན་ཅིག །ཁྱེད་ཀྱི་ཚེ་ཚད་ཇི་ཙམ་པ་དང་སྡོམ་པ་དག །ཚོགས་ཀྱི་རྒྱལ་པོ་ཇི་སྙེད་དེ་དག་ཀུན་བསྡོམས་པ། །ཐམས་ཅད་བསྡོམས་པ་དེ་སྙེད་བདག་གི་ཚེར་འགྱུར་ཏེ། །བདག་གི་དགེ་སློང་ཚོགས་ཀྱང་དེ་ཀུན་མ་ལུས་སྙེད་ཅེས་པ་ལ་སོགས་པ་སྨྲས་ཏེ། དེ་ནི་སྟོང་གི་ཐ་མ་པ་མོས་པ་ཞེས་བྱ་བར་འགྱུར་ཏེ། སངས་རྒྱས་དགུ་བརྒྱ་བཅུ་གོ་དགུའི་ཚེ་ཚད་དང་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པ་དེ་སྙེད་དུ་འགྱུར་ཞིང་། བདག་ཉིད་དེ་ལྟར་མོས་པས་མོས་པ་ཞེས་བྱ་བའོ། །དེ་ནས་རྒྱལ་བུ་སྟོང་གིས་ཁྱེའུ་ཆོས་སེམས་དང་ཆོས་ཀྱི་བློ་གྲོས་ལ་ཁྱེད་གཉིས་སྨོན་ལམ་ཇི་ལྟར་འདེབས་ཞེས་དྲིས་པས། ཆོས་སེམས་ནི་ང་ཁྱེད་ཐམས་ཅད་ཀྱི་ལག་ན་རྡོ་རྗེར་གྱུར་ཏེ། ནང་ན་སྤྱོད་ཅིང་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས་ཕྱི་རོལ་ཏུ་མ་གྱུར་ལ། ཕྱི་ནང་གི་ཆོས་ཐམས་ཅད་ཉན་མོས་རྟོགས་པར་སྨོན་ལམ་བཏབ་སྟེ། དེ་ནི་ཕྱག་ན་རྡོ་རྗེ་སྟེ། སངས་རྒྱས་སྟོང་གི་བཀའ་སྡུད་པ་པོ་ཡིན་ཅིང་། མ་འོངས་པ་ན་བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པར་སངས་རྒྱས་རྡོ་རྗེས་རྣམ་པར་གནོན་པར་ལུང་བསྟན་ནོ། །ཆོས་ཀྱི་བློ་གྲོས་ཀྱིས་ཁྱེད་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་གསོལ་བ་འདེབས་པར་སྨོན་ལམ་བཏབ་སྟེ། དེ་ནི་ཚངས་པ་གཙུག་ཕུད་ཅན་ནོ། །ཡུལ་འཁོར་སྲུངས་ནི་མར་མེ་མཛད་དོ། །དེས་ན་སངས་རྒྱས་སྟོང་ཡིན་གྱི་སྟོང་རྩ་གཉིས་ཞེས་པ་དང་། ཕྱག་རྡོར་མོས་པའོ་ཞེས་ཟེར་བ་ནི་བླུན་པོའི་ཁ་ལ་མ་རྒྱུག་ཅིག །འོ་ན་བསྐལ་པ་བཟང་པོ་ཞེས་བརྗོད་པ་ཅི་ཞེ་ན། འཇིག་རྟེན་འདི་ཆུས་འཇིག་པའི་ཚེ་མཚོ་ནས་གསེར་གྱི་པད་མ་སྟོང་བྱུང་བར་གྱུར་ཏོ། །དེ་ལ་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ་ཀྱེ་མ་བསྐལ་པ་འདི་ནི་བཟང་པོའོ་ཞེས་བརྗོད་པས། བསྐལ་པ་བཟང་པོ་ཞེས་གྲགས་པར་གྱུར་ཏོ། །ཞེས་སྙིང་རྗེ་ཆེན་པོ་པད་དཀར་ལས་བཤད་ལ། ཡེ་ཤེས་རྒྱས་པའི་མདོ་ལས། བསྐལ་པ་བཟང་པོའི་མིང་བསྐལ་པ་པད་མ་སྟོང་མཐོང་ཞེས་བཏགས་པ་ཡོད་དོ། །དེ་ལ་སངས་རྒྱས་སྟོང་འབྱུང་བ་ལ་གནས་བསྐལ་གྱི་མར་འགྲིབ་ཀྱི་བརྒྱད་ཁྲི་པ་ནས་བརྒྱ་པའི་བར་ལ་འབྱུང་ངོ་། །བརྒྱད་ཁྲི་བས་སྔ་བར་མི་འབྱུང་སྟེ། སྐྱོ་བ་ཤས་ཆུང་བས་ཆོས་དོན་དུ་མི་གཉེར་བས་སོ། །བརྒྱ་པ་བས་འཕྱི་བར་མི་འབྱུང་སྟེ། ཚེ་དང་སེམས་ཅན་དང་ཉོན་མོངས་པ་དང་། ལྟ་བ་དང་། དུས་ཀྱི་སྙིགས་མ་ལྔ་བདོ་བས་སོ། །ཡར་འཕེལ་ལ་མི་འབྱུང་སྟེ། མི་དགེ་བ་ངང་གིས་སྤོང་ཞིང་། དངོས་པོ་རྣམས་འཕེལ་བས་སྐྱོ་བ་མི་སྐྱེ་བས་སོ། །ཇི་སྐད་དུ། མར་ནི་བསྐལ་པ་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །ཞེས་པས་སོ། །དེ་དག་ཀྱང་བསྐལ་པ་བཟང་པོ་འདིའི་རྣམ་གཞག་ལ་དགོངས་ཀྱི། ཐམས་ཅད་དུ་མི་བསམ་སྟེ། སྙིང་རྗེ་པད་མ་དཀར་པོར། འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ན་ཚེ་ལོ་བཅུ་པའི་དུས་སུ་མི་མཐེ་བོང་ཙམ་གྱི་ནང་དུ་སངས་རྒྱས་སྐར་མ་ལ་དགའ་བ་ཞེས་བྱ་བ་སྐུ་ཁྲུ་གང་བ་སོར་བདུན་གྱི་ཚད་ཙམ་པ་ཡོད་པར་བཤད་ཅིང་། བརྒྱད་ཁྲི་བས་སྔ་བའི་སངས་རྒྱས་མང་པོ་བཤད་པས་སོ། །འདིའི་ཚེ་ལོ་བཞི་ཁྲིའི་དུས་སུ་འཁོར་བ་འཇིག །སུམ་ཁྲིའི་དུས་སུ་གསེར་ཐུབ། ཉི་ཁྲིའི་དུས་སུ་འོད་སྲུངས། བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པ། བརྒྱད་ཁྲི་པའི་དུས་སུ་བྱམས་པ་འབྱུང་ངོ་། །མདོ་བསྐལ་བཟང་དུ་སངས་རྒྱས་རེ་རེའི་ཡུལ་དང་རིགས་དང་འོད་དང་ཡབ་ཡུམ་དང་སྲས་དང་རིམ་གྲོ་པ་དང་ཤེས་རབ་ཅན་དང་། རྫུ་འཕྲུལ་ཅན་གྱི་མཆོག་གཉིས་དང་། འཁོར་འདུས་པ་དང་། ཚེ་ཚད་དང་། བསྟན་པ་གནས་པའི་ཚད་དང་། སྐུ་གདུང་སྟེ། མཆོག་ཟུང་སོ་སོར་བགྲངས་པའི་དོན་བཅུ་གསུམ་བཅུ་གསུམ་གྱིས་བསྟན་ཅིང་། ཁ་ཅིག་གིས་གདུང་སྨོས་ཏེ་བཅུ་བཞིའོ། །འཁོར་འདུས་པའང་ཁ་ཅིག་ལ་རེ་རེ་དང་། ཁ་ཅིག་ལ་མང་པོ་དང་སྐུ་གདུང་ལ་རྒྱས་པར་འགྱུར་བ་དང་། རིལ་པོ་གཅིག་ཏུ་འདུག་པ་གཉིས་སོ། །སྟོན་པ་འདི་ལ་དཔེར་བརྗོད་ན། མཆོག་ཏུ་དགའ་བའི་རྒྱལ་པོ་ང་སྐྱེ་བའི་ཡུལ་ནི་སེར་སྐྱ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གོའུ་ཏ་མའོ། །འོད་ནི་འདོམ་གང་ངོ་། །ཡབ་ནི་ཟས་གཙང་མ་ཞེས་བྱའོ། །ཡུམ་ནི་སྒྱུ་འཕྲུལ་ཞེས་བྱའོ། །སྲས་ནི་སྒྲ་གཅན་འཛིན་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་དགའ་བོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉེ་རྒྱལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པང་ནས་སྐྱེས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །འོ་ན་སངས་རྒྱས་མོས་པ་འབྱོན་པའི་དུས་ན། མི་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པར་བཤད་པ་དང་འགལ་ཏེ། མི་ཚེ་ལོ་བརྒྱད་ཁྲི་བས་སྔ་བར་མི་འབྱུང་བས་སོ་ཞེ་ན། བདེན་ཏེ། དེ་ནི་སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས་ཡིན་པས་བསམ་གྱི་མི་ཁྱབ་བོ། །ཡང་སངས་རྒྱས་སྟོང་དུ་ངེས་ན། བརྒྱད་སྟོང་པར། དགེ་སློང་ཁྲི་བསྐལ་པ་བཟང་པོ་འདི་ལ་མངོན་པར་རྫོགས་པར་སངས་རྒྱ་བར་བཤད་པ་དང་འགལ་ལོ་ཞེ་ན། བདེན་ཏེ། བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་དུ་གྲགས་པས་དེ་གཙོ་བོར་སྨོས་ཀྱི་གཞན་མ་བཀག་གོ་ཞེས་འཕགས་པ་གྲོལ་སྡེ་གསུང་སྟེ། ཉི་ཁྲི་སྣང་བར་གྲངས་སྟོང་གི་ངེས་པ་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་བསྐལ་པ་བཟང་པོ་ལ་གྲངས་སྟོང་དུ་གྲགས་པའི་འདི་ཉིད་ཀྱིས་ཐབས་ལ་མཁས་པས་གཞན་བསྒྲུབ་པ་དང་དགག་པ་མེད་པར་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །ཞེས་གསུངས་སོ། །ཡང་ན་འཇིག་རྟེན་འདི་ཞིག་པའི་རྗེས་སུ་འདིར་ཆགས་པ་ལ་སངས་རྒྱ་བ་འདིར་སངས་རྒྱ་ཞེས་དགོངས་ཏེ། བསྐལ་པ་འཛིན་པ་ཞིག་པའི་ཤུལ་དུ། འདིར་ཆགས་པ་ལ་འཇིག་རྟེན་གྱི་ཁམས་འདིར་བསྐལ་པ་ཆེན་པོ་འཛིན་པ་ཞེས་འབྱུང་བ་བཞིན་ནོ། །ཡང་ན་སྟོང་ངམ་སྟོང་དང་ལྔ་བཤད་པ་ནི། སངས་རྒྱས་མཛད་པ་བཅུ་གཉིས་འདིར་དངོས་སུ་སྟོན་པའི་དབང་དུ་བྱས་ལ། སངས་རྒྱས་མང་པོ་བཤད་པ་ནི་དེ་དག་བསྐལ་པ་བཟང་པོའི་རིང་ལ་བྱང་ཆུབ་འཐོབ་པའམ། ཡང་ན་སྤྲུལ་པའི་དབང་དུ་བྱས་པ་སྟེ། བྲམ་ཟེ་ཁྱེའུ་བླ་མ་ནས་སངས་རྒྱས་སུ་བཤད་པ་བཞིན་ནོ། །དེ་ལྟ་ནའང་བསྟན་པ་གཅིག་ལ་སྟོན་པ་གཉིས་སུ་མི་འགྱུར་ཏེ། སངས་རྒྱས་ཞེས་ཚུལ་བཟུང་ནས་ཆོས་མི་སྟོན་པས་སོ། །བསྐལ་པ་འདི་ལ་སྔར་སངས་རྒྱས་བཞི་ལས་མ་སོང་ན། དུས་ཀྱི་འཁོར་ལོ་ལས། བསྐལ་པ་བཟང་པོའི་སངས་རྒྱས་རྣམ་པར་གཟིགས་ལ་སོགས་པ་ཤཱཀྱ་ཐུབ་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པ་བདུན་ཞེས་པ་དང་། འཇིག་རྟེན་ནའང་འདས་པའི་སངས་རྒྱས་རབས་བདུན་ཞེས་གྲགས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཞིང་འདིར་བྱུང་བའི་སངས་རྒྱས་ཡིན་ཞིང་འདས་པའང་ཡིན་པས་དེ་ཙམ་ལ་དགོངས་པར་ཟད་དོ། །ཡང་མདོ་ཐ་དད་ནས་སངས་རྒྱས་སྟོང་ལ་མཚན་མི་མཐུན་པ་ཏོག་ལ་རབ་གསལ་དང་། མོས་པ་ལ་སྣང་མཛད་དམ་གསལ་མཛད་ཅེས་འབྱུང་བ་ནི། མཚན་གྱི་རྣམ་གྲངས་ཡིན་ལ། འགའ་ཞིག་འགྱུར་ཁྱད་ཡིན་པས་ཐེ་ཚོམ་མི་བྱའོ། །
མི་མཇེད་འཇིག་རྟེན་དུ་ཐུབ་པའི་དབང་པོ་འབྱོན་ཚུལ།
གསུམ་པ་ལ་ཞིང་འདི་ལ་མི་མཇེད་ཅེས་ཟེར་བ་ནི། མི་མཇེད་ནི་བཟོད་པའི་མིང་སྟེ་ཉོན་མོངས་པ་དུག་གསུམ་གྱིས་མི་འཕྲོགས་ཤིང་བཟོད་ལ། དེ་ལ་སེམས་བསྲན་ཐུབ་པས་མི་མཇེད་དེ། སྙིང་རྗེ་པད་དཀར་ལས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱ་ཞེ་ན། སེམས་ཅན་དེ་དག་འདོད་ཆགས་ལ་མི་མཇེད་པ་དང་། ཞེ་སྡང་ལ་མི་མཇེད་པ་དང་། གཏི་མུག་ལ་མི་མཇེད་པ་དང་། ཉོན་མོངས་པའི་འཆིང་བ་རྣམས་ལ་མི་མཇེད་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱའོ། །འཇིག་རྟེན་གྱི་ཁམས་མི་མཇེད་དེར་བསྐལ་པ་ཆེན་པོ་བཟང་པོ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་བཟང་པོ་ཞེས་བྱ་ཞེ་ན། བསྐལ་པ་ཆེན་པོ་བཟང་པོ་དེ་ལ་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་ཏི་མུག་ལ་སྤྱོད་པ་རྣམས་ཀྱི་ནང་དུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོང་འབྱུང་བར་འགྱུར་བའི་ཕྱིར་ཏེ། ཞེས་གསུངས་སོ། །དེ་ཡང་ཞིང་དེའི་བྱང་སེམས་རྣམས་ལ་དེ་ལྟ་བུའི་ཡོན་ཏན་ཡོད་པས་དེའི་མིང་གིས་བཏགས་པའམ། ཡང་ན་སངས་རྒྱས་ལ་བཟོད་པ་དེ་མངའ་བས་དེའི་མིང་གིས་བཏགས་ཏེ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པར། བྱང་ཆུབ་སེམས་དཔའི་ཐེག་པ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་བཟོད་པ་དང་དུལ་བ་དང་དེས་པ་དང་ལྡན་པ་དག་ཡོད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་སྤྱོས་བསྡིགས་མཚོན་གྱིས་བཏབ་ཀྱང་ཇི་སྙམ་མི་མཇེད་དེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱིས་མི་འཕྲོག་གོ། རིགས་ཀྱི་བུ་སྐྱེས་བུ་དམ་པ་དེ་དག་གི་མིང་གིས་འཇིག་རྟེན་གྱི་ཁམས་དེ་མི་མཇེད་ཅེས་བརྗོད་དོ་ཞེས་གསུངས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་མཚན་ལ་གདགས་ཚུལ་ཡང་གསུངས་སོ། །དེ་ལྟ་བུའི་ཞིང་འདིར་ཐུབ་པ་འབྱོན་ཚུལ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཛོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པས། དང་པོར་ཐུགས་བསྐྱེད་ཚུལ། བར་དུ་ཚོགས་བསགས་ཚུལ། མཐར་སངས་རྒྱས་ཚུལ་ལ་ལུགས་གཉིས་ཏེ། ཉན་ཐོས་ཀྱི་ལུགས་དང་། ཐེག་ཆེན་གྱི་ལུགས་སོ། །དང་པོ་ལ་གསུམ་ལས། དང་པོ་སེམས་བསྐྱེད་ཚུལ་ནི། སྔོན་བྱུང་བ་འདས་པའི་དུས་སུ། རྒྱལ་པོ་གསལ་གྲགས་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་འཁོར་གླང་པོ་ཆེའི་འདུལ་སྦྱོང་ཤེས་པ་ཞིག་ལ་གླང་པོ་ཆེ་ཞིག་འདུལ་སྦྱོང་བྱེད་དུ་བཅུག་པས། དེས་གླང་པོ་ཆེའི་འདུལ་སྦྱོང་ལེགས་པར་བྱས་ཏེ། གྱལ་པོ་ལ་གསོལ་བ་དང་། རྒྱལ་པོ་ན་རེ། ཁྲིད་ཤོག་གསུངས་ནས་ཁྲིད་ཕྱིན་པ་དང་རྒྱལ་པོས་ཞོན་ཏེ་ཕྱིན་པས། གླང་པོ་ཆེ་བ་གླང་མོ་འདོད་ཆགས་སྐྱེས་པའི་དྲི་ཚོར་ཏེ། གཅོང་རོང་དང་ནགས་ཚལ་ཐམས་ཅད་ལ་ཐོགས་པ་མེད་པར་རྒྱུགས་པས། རྒྱལ་པོ་སྐྲག་སྟེ་གླང་རྫི་ལ་ཅི་བྱ་དྲིས་པ་དང་། གླང་རྫི་ན་རེ། ཤིང་གི་ཡལ་ག་ལ་འཇུས་ཤིག་ཟེར་ནས་འཇུས་སོ། །དེ་ནས་ལྷུང་སྟེ་བརྒྱལ་བ་ལ། གླང་རྫིས་བརྒྱལ་བ་སངས་པར་བྱས་པ་དང་། རྒྱལ་པོ་ཁྲོས་ཏེ་གླང་པོ་ཆེ་མ་ཐུལ་བཞིན་དུ་ཐུལ་ཟེར་བ་འདི་བཙོན་རར་ཆུག་ཅིག་ཟེར་བ་དང་། གླང་རྫིས་སྨྲས་པ། བདག་གིས་གླང་པོ་ཆེའི་ལུས་ཐུལ་ཡང་སེམས་མ་ཐུལ་བ་ལགས་སོ་ཞེས་སྨྲས་སོ། །རྒྱལ་པོ་ན་རེ། ཁྱོད་ཀྱིས་ལུས་ཐུལ་བའི་རྒྱུ་མཚན་ཅི་ཡོད། དེས་སྨྲས་པ། ད་ཞག་བདུན་ནས་གླང་པོ་ཆེ་ལོག་ནས་འབྱུང་། དེ་ནས་ཤེས་པར་འགྱུར་རོ་ཞེས་སྨྲས་ནས། ཞག་བདུན་ལོན་པ་ན་གླང་པོ་ཆེ་བྱུང་བ་ལ་ལྕགས་ཀྱི་ཐོ་ལུམ་བསྲེགས་ཏེ་རབ་ཏུ་འབར་བ་མདུན་དུ་བཞག་ནས་གླང་རྫི་དེས་ཁ་ཁ་ཞེས་བརྗོད་པ་དང་། གླང་པོ་ཆེ་དེ་མི་བཟོད་བཞིན་དུ་ཟ་བར་རྩོམ་མོ། །དེ་རྒྱལ་པོ་ལ་བསྟན་ཏེ། བདག་གིས་འདིའི་སེམས་མ་ཐུལ་ལོ་ཞེས་སྨྲས་པས། རྒྱལ་པོ་ཡིད་ཆེས་ཏེ། སེམས་སྐྱེད་ཅིང་སྨོན་ལམ་བཏབ་པ། སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་ཏེ། །ཡོན་ཏན་རིགས་རུས་མཉམ་པའི་སངས་རྒྱས་ཉིད་གྱུར་ཏེ། །ཚངས་པའི་བར་གྱི་ཉམ་ཐག་འཆིང་བ་རྣམས། །ཞི་བ་རྒྱ་ཆེན་འཇིགས་མེད་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་དོ། །གཉིས་པ་ནི། དེ་ནས་བཟུང་སྟེ་སངས་རྒྱས་ཡུལ་འཁོར་སྐྱོང་གི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་ཞིང་བསྐལ་པ་གྲངས་མེད་པར་ཚོགས་བསགས་ཏེ་གྲངས་མེད་དང་པོ་རྫོགས་ཏེ། ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །དེ་ནས་སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། དབང་པོ་རྒྱལ་མཚན་གྱི་བར་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་ཞིང་གྲངས་མེད་གཉིས་པ་རྫོགས་པར་བྱས་སོ། །ལུང་ལས། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །དེ་ནས་མར་མེ་མཛད་ནས། འོད་སྲུངས་ཀྱི་བར་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ཞིང་གྲངས་མེད་གསུམ་པ་རྫོགས་པར་བྱས་ཏེ། ལུང་ལས། སངས་རྒྱས་མར་མེད་མཛད་ནས་ནི། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །མཛོད་ནས། རིན་ཆེན་གཙུག་ཏོར་ཅན་ཡན་ཆད་ཀྱིས་གྲངས་མེད་དང་པོ་རྫོགས་སོ། །དེ་ནས་མར་མེ་མཛད་ཡན་ཆད་ཀྱིས་གཉིས་པ་རྫོགས་སོ། །དེ་ནས་རྣམ་པར་གཟིགས་ཡན་ཆད་ཀྱིས་གསུམ་པ་རྫོགས་པར་བཤད་དོ། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། །དེ་ནས་བསྐལ་པ་ཆེན་པོ་བརྒྱར། མཚན་བཟང་པོའི་རྒྱུ་སྒྲུབ་པར་བྱེད་པ་ལ། བྱང་ཆུབ་སེམས་དཔའ་ངེས་གནས་ཞེས་བྱ་བ་ཟེར་བ་ཡིན་ནོ། །དེ་ནས་བསྐལ་བ་བརྒྱ་ལུས་པ་སངས་རྒྱས་སྐར་རྒྱལ་ལ་ཞག་བདུན་དུ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་ཅིང་བསྐོར་བ་བར་མ་ཆད་པར་བྱས་པའི་བརྩོན་འགྲུས་ཀྱིས་བསྐལ་པ་ཆེན་པོ་དགུའི་ཚོགས་འདུམས་ཏེ། དེ་ནས་བསྐལ་པ་ཆེན་པོ་དགུ་བཅུ་རྩ་གཅིག་འདས་པ་ན་གྲོང་ཁྱེར་ཉེར་ལྡན་དུ་སངས་རྒྱས་འོད་སྲུངས་བྱོན་པའི་ཚེ་བྲམ་ཟེ་ཁྱེའུ་བླ་མར་གྱུར་པ་ཡན་ཆད་ཀྱིས་མཚན་གྱི་རྒྱུ་རྫོགས་སོ། །དེ་ནས་དམ་པ་ཏོག་དཀར་ཏུ་འཁྲུངས་པ་ལ་སོགས་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ཞིབ་ཏུ། ལུང་དང་། མངོན་པར་འབྱུང་བའི་མདོ་ལས་ཤེས་པར་བྱ་ཞིང་། ཁྱད་ཆོས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་པས་སོ་སོའི་སྐྱེ་བོ་གྲངས་མེད་གསུམ་དུ་ཐར་པ་ཆ་མཐུན་བསགས་པ་གཅིག་གིས་སྲོད་ལ་བདུད་བཏུལ། གུང་ལ་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་སྦྱོར་ལམ་ཡན་ཆད་རྒྱུད་ལ་བསྐྱེད་ནས། ཐོ་རངས་སྐྱ་རེངས་འཆར་ཀའི་སྐད་ཅིག་གཅིག་ཡན་ཆད་ལ་ཕྱིན་དྲུག་རྫོགས་ཏེ། ཇི་སྐད་དུ། ཀུན་ལ་ཐམས་ཅད་སྙིང་རྗེ་བས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ལ་ཏིང་འཛིན་བློ། །ཞེས་པས་ཕྱིན་དྲུག་རྫོགས་ཏེ་སངས་རྒྱས་ཏེ། ཆོས་དང་གཟུགས་སྐུའི་བདག་ཉིད་ཅན་དུ་གྱུར་ནས། ཀུན་ཤེས་ནས་རབ་བཟང་གི་བར་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ལྷག་མེད་དུ་མྱ་ངན་ལས་འདས་པར་འདོད་དོ། །གཉིས་པ་ཐེག་ཆེན་གྱི་ལུགས་ལ་གསུམ་སྟེ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ། བར་དུ་བསྐལ་པ་གྲངས་མེད་པར་ཚོགས་བསགས་ཚུལ་མཐར་བདུད་བཞི་བཅོམ་ནས་སངས་རྒྱས་ཚུལ་ལོ། །
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ།
དང་པོ་ལ་སེམས་བསྐྱེད་ཀྱི་ངོ་བོ། རྒྱུ་ཕན་ཡོན། དབྱེ་བ་ཇི་ལྟར་བསྐྱེད་པའི་ཚུལ་དང་ལྔའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གྲོགས་གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་དང་ལྡན་པ། འབྲས་བུ་རང་གཞན་གྱི་དོན་འགྲུབ་ཅིང་བྱང་ཆུབ་ཆེན་པོ་འབྱུང་བ། དམིགས་ཡུལ་བྱང་ཆུབ་ཆེན་པོ་དང་སེམས་ཅན་གྱི་དོན་ལ་དམིགས་པའི་སེམས་པ་འབྱུང་བ་སེམས་བསྐྱེད་ཀྱི་མཚན་ཉིད་དུ་བཤད་དོ། །མངོན་རྟོགས་རྒྱན་ནས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་གསུངས་ཤིང་དེའི་འགྲེལ་བ་དག་ལྡན་དུ། གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་ནི་སེམས་བསྐྱེད་པའི་མཚན་ཉིད་དོ་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པའམ། བྱང་སེམས་ཀྱི་ཆོ་འཕྲུལ་མཐོང་བའམ་གཞན་ལས་ཐོས་པ་ཐེག་ཆེན་གྱི་སྡེ་སྣོད་ཐོས་པ། བྱང་སེམས་ཀྱི་ཆོས་ནུབ་ཏུ་ཉེ་བ་མཐོང་བ། སྙིགས་མའི་སེམས་ཅན་ཉོན་མོངས་པར་མཐོང་བ་སྟེ་རྐྱོན་བཞི་དང་། རིགས་ཕུན་སུམ་ཚོགས་པ། དགེ་བའི་བཤེས་གཉེན་གྱིས་ཟིན་པ། སྙིང་རྗེ་ཆེ་བ། འཁོར་བའི་དུ་ཁས་མི་འཇིགས་པ་སྟེ་རྒྱུ་བཞི་དང་། རང་དང་གཞན་དང་རྒྱུ་དང་སྦྱོར་བའི་སྟོབས་ཏེ་སྟོབས་བཞི་སྟེ་བཅུ་གཉིས་སོ་སོའམ། ཚོགས་པ་ལ་བརྟེན་ནས་སྐྱེ་བར་བཤད་དོ། །བྱང་ས་ལས། རྒྱུ་བཞི། རྐྱེན་བཞི། སྟོབས་བཞི་ལས་སྐྱེ་བར་བཤད་ཅིང་། མདོ་སྡེ་རྒྱན་དུ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་ཀུན་རྫོབ་སེམས་བསྐྱེད་ཀྱི་རྒྱུ་དང་། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་དོན་དམ་སེམས་སྐྱེད་ཀྱི་རྒྱུ་བཤད་དོ། །བསྡུ་ན་ཇི་སྐད་དུ། དེ་ལ་ཐོག་མར་རིགས་ནུས་པས། །སྙིང་རྗེའི་ས་བོན་རབ་སད་ཅིང་། །སྦྱོར་དང་བསམ་པ་ཕུན་ཚོགས་ལས། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང་། །ཞེས་པ་ལྟར་རོ། །གསུམ་ནི། སྐྱེས་ཐོབ་ཀྱི་འབྲས་བུ་ངོ་མཚར། བར་སྐབས་ཀྱི་འབྲས་བུ་ཡིད་བཞིན་གྱི་ནོར་བུ་སེམས་ལ་རྙེད་པས་དགོས་འདོད་ཆར་བཞིན་དུ་འབབ། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཡོད་དེ། དཔལ་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །
བཞི་པ་ལ་ངོ་བོའི་སྒོ་ནས་དབྱེ་ན་སྨོན་འཇུག་གཉིས། ཕྲ་རགས་ཀྱི་སྒོ་ནས་ཕྱེ་ན་བརྡ་དང་ཆོས་ཉིད་ཀྱིས་ཐོས་པ་གཉིས། ཡུལ་གྱི་སྒོ་ནས་དབྱེ་ན་ཀུན་རྫོབ་དང་དོན་དམ་གཉིས། ས་མཚམས་ཀྱི་ཕྱེ་ན་སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་བའོ། །ཞེས་པ་ལྟར་བཞི་དང་། གྲོགས་དང་དཔེས་ཕྱེ་བ་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་པའམ། བསྐྱེད་པ་ས་དང་འདྲ་པར་འདོད་ཅེས་པ་ལྟར་རོ། །བསྡུ་བ་རྣམ་པར་གཏན་ལ་དབབ་པར་ནི་བཅུ་གསུངས་ཏེ། སེམས་བསྐྱེད་པ་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང་ཆོས་ཉིད་ཀྱིས་ཐོབ་པ་དང་། མ་ངེས་པ་དང་། ངེས་པ་དང་། ཡོངས་སུ་མ་དག་པ་དང་། ཡོངས་སུ་དག་པ་དང་། སྟོབས་ཆུང་བ་དང་། སྟོབས་དང་ལྡན་པ་དང་། འབྲས་བུ་ཡོངས་སུ་མ་གྲུབ་པ་དང་། འབྲས་བུ་ཡོངས་སུ་གྲུབ་པའོ། །དེ་ལ་ཡང་དག་པར་བླངས་པ་བརྡ་ལས་བྱུང་པ་ནི། བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ་ཐམས་ཅད་ཀྱིའོ། །དེ་ལ་ཆོས་ཉིད་ཀྱིས་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་རྣམས་དང་། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་བསྡོས་པ་རྣམས་ཀྱིའོ། །མ་ངེས་པ་ནི་དེའི་རིགས་ཅན་མ་ཡིན་པ་རྣམས་དང་དེའི་རིགས་ཅན་སེམས་བསྐྱེད་པ་ལས་ཕྱིར་བཟློག་པའི་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ། །སེམས་བསྐྱེད་པ་ངེས་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་ཡོངས་སུ་མ་དག་པ་ནི་འདི་ལྟར་འདི་ན་ལ་ལ་གཞན་གྱི་རྗེས་སུ་ཞུགས་པའམ། རྒྱལ་པོས་འཇིགས་པའམ། རྐུན་པོས་འཇིགས་པའམ། འཛིན་ཁྲིས་འཇིགས་པའམ། ཆུ་ཀླུང་གིས་འཇིགས་པའམ། འཚོ་བའི་ཕྱིར་རམ། རྙེད་པ་དང་བཀུར་སྟིའི་ཕྱིར་རམ། ཁ་གསག་དང་གཞོགས་སློངས་ཀྱི་ཕྱིར་ངེས་པར་མ་བརྟགས་ཡོངས་སུ་མ་བརྟགས་པར་གཟུ་ལུམས་སུ་སེམས་སྐྱེད་པར་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པར་སེམས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་ཡོངས་སུ་མ་དག་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་དག་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་སྟོབས་ཆུང་བ་ནི་འདི་ལྟར་འདི་ན་བྱང་ཆུབ་སེམས་དཔའ་ལ་ལ་སེམས་བསྐྱེད་པ་ལས་འདོད་ཆགས་དང་ཞེ་ལྡང་དང་གཏི་མུག་གི་ཀུན་ནས་དཀྲིས་པ་དག་གིས་ཟིལ་གྱིས་གནོན་པར་བྱེད་ཅིང་། ཡང་དག་པའི་སྒྲུབ་པ་ལས་ཡོངས་སུ་ཉམས་པར་བྱས་ནས། ལོག་པའི་སྒྲུབ་པ་ལ་ཀུན་ཏུ་སྦྱོར་བར་བྱེད་པའོ། །སྟོབས་དང་ལྡན་པ་ནི་དེ་ལས་ལྡོག་པ་ལས་རིག་པར་བྱའོ། །དེ་ལ་འབྲས་བུ་ཡོངས་སུ་མ་གྲུབ་པ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ་ས་བཅུ་པའི་བར་གྱིའོ། །དེ་ལ་འབྲས་བུ་ཡོངས་སུ་གྲུབ་པ་ནི་དེ་བཞིན་གཤེགས་པའི་ས་ལས་ཏེ། བཅོམ་ལྡན་འདས་ཀྱིས་ང་ནི་དཀའ་བ་སྤྱོད་པ་དེ་ལས་ཐར་ཅིང་བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་དང་བྱང་ཆུབ་དམ་པ་ཡང་ཐོབ་པ་ཡིན་ནོ། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ་ཞེས་གསུངས་སོ། །
ལྔ་པ་ནི་སྙིང་རྗེ་པད་དཀར་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སེམས་དང་པོ་བསྐྱེད་པར་བཤད་དོ། །བསྐལ་བཟངས་སུ། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་ལ། དྲིན་ལན་བསབས་པ་ལྟར་ན། སྟོན་པ་འདི་སྔོན་རིགས་ལ་གནས་པའི་དུས་ན་ལས་ཀྱི་ནུས་པས་དམྱལ་བའི་ལྕགས་བསྲེགས་ཀྱི་ས་གཞི་ལ་ཤིང་རྟ་འདྲེན་པའི་གྱད་ཅིག་ཏུ་སྐྱེས་སོ། །དེའི་ཚེ་ཟླ་བོ་སྟོབས་ཆུང་བ་ལ་སྲུངས་མ་ཨ་ཝང་གིས་ཡང་ཡང་བསྣུན་པས་ཤིན་ཏུ་བརྩེ་བ་སྐྱེས་ཏེ། དེའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཨ་ཝང་ལ་འདི་ལ་སྙིང་རྗེའི་སེམས་ཅུང་ཟད་སྐྱེད་ཅིག་ཅེས་སྨྲས་པས། དེ་རབ་ཏུ་ཁྲོས་ནས་མདུང་རྩེ་གསུམ་པ་བསྣུན་པས་ཚེའི་དུས་བྱས་ཏེ། མེའི་ཤིང་རྟ་འདྲེན་པའི་དམྱལ་བ་ལས་ཐར་ཏེ། བསྐལ་པ་བརྒྱད་ཀྱི་སྡིག་པ་བྱང་བར་གྱུར་ཏོ། ཞེས་འབྱུང་ལ། ཕུང་པོ་གསུམ་པ་ལྟར་ན། སྟོན་པ་འདི་ཚོང་དཔོན་གྱི་བུ་མངོན་དགར་གྱུར་པ་ན། དེ་བཞིན་གཤེགས་པ་མཛེས་ཆེན་ལ་དང་པོར་སེམས་བསྐྱེད་པར་བཤད་དོ། །ཡང་ན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཁམ་པའི་བུམ་པ་གཅིག་འགྲོན་བུ་ལྔ་མཆིལ་ལྷམ་ཟུང་གཅིག་གདུགས་གཅིག་རྣམས་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །དེ་བཞིན་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་དོ། །
ཚོགས་བསགས་ཚུལ།
གཉིས་པ་ཚོགས་བསགས་ཚུལ་ལ་གསུམ་སྟེ། གང་བསག་བྱའི་ཚོགས་ངོས་གཟུང་། ཇི་ཙམ་བསགས་པའི་དུས། ཇི་ལྟར་བསགས་པའི་ཚུལ་དང་གསུམ་མོ། །
དང་པོ་ལ་ཚོགས་ཀྱི་རང་བཞིན། དེ་ཕར་ཕྱིན་ལ་སྦྱར་བ། ངེས་ཚིག །ལས། སྒྲུབ་ཚུལ། འབྲས་བུ། དམིགས་ཡུལ། རྣམ་གྲངས་ཀྱི་སྒོ་ནས་དབྱེ་བ་དང་བརྒྱད་དོ། །དང་པོ་ནི། མདོ་སྡེ་རྒྱན་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །ཞེས་པས་མངོན་མཐོ་ངེས་ལེགས་ཀྱི་རྒྱུར་གྱུར་པའི་དགེ་བ་ཟག་བཅས་ཟག་མེད་རྣམས་ནི་ཚོགས་ཀྱི་རང་བཞིན་ནོ། །གཉིས་པ་ནི། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེ་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་སོ། །གསུམ་པ་ནི། རྒྱུན་དུ་བསྒོམ་པ་ཐོབ་ནས་ནི། །དགེ་བ་ཡང་དང་ཡང་དུ་བསྒྲུབ། །ཅེས་པས། སཾ་སྐྲི་ཏ་ལ་སཾ་བྷ་ར་ཞེས་པ་ཚོགས་ཡིན་པས། སཾ་ཏ་ན་རྒྱུན་དུ་བྷ་ཝ་ན་ཞེས་པ་བསྒོམ་པ། ར་ཏི་ནི་ཡང་ནས་ཡང་དུ་སྟེ། རྒྱུན་མི་ཆད་པར་ཡང་ཡང་བསྒོམ་པ་ཐོབ་པས། ཚོགས་སོ། །བཞི་པ་ནི། བརྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་པར་བྱེད་པ་ཡིན། །ཞེས་སོ། །ལྔ་པ་ནི། འཇུག་དང་མཚན་མ་མེད་པ་དང་། །ལྷུན་གྱིས་གྲུབ་པར་བྱ་བ་དང་། །དབང་བསྐུར་མཐར་ཐུག་བྱ་བའི་ཕྱིར། །བརྟན་རྣམས་ཚོགས་ནི་སྒྲུབ་པར་བྱེད། །ཅེས་པས། མོས་པས་སྤྱོད་པ་དང་། ས་དང་པོ་ནས་དྲུག་པའི་བར་དང་། ས་བདུན་པ་དང་། ས་བརྒྱད་དགུ་གཉིས་དང་། ས་བཅུ་པའི་ཚོགས་རྣམས་ནི་གྲངས་བཞིན་དུ། ས་ལ་འཇུག་པ་དང་། ས་བདུན་པར་མཚན་མ་མེད་པ་དང་། བརྒྱད་པར་ལྷུན་གྱིས་གྲུབ་པ་དང་། བཅུ་པར་དབང་བསྐུར་བ་དང་། སངས་རྒྱས་ཀྱི་ས་ལ་མཐར་ཐུག་པར་བྱ་བའི་ཕྱིར་སྒྲུབ་བོ། །དྲུག་པ་ནི། རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་དང་། རིགས་པ་དྲུག་ཅུ་པར། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པས་སོ། །དེ་ཡང་རྒྱུའི་གཙོ་བོའི་སྒོ་ནས་བསྟན་པ་སྟེ། ཕལ་པའི་ཚུལ་གྱིས་གཉིས་ཀ་ཡང་ཚོགས་གཉིས་ཀའི་འབྲས་བུ་ཡིན་ནོ། །བདུན་པ་ནི། བསོད་ནམས་ཚོགས་ཀྱི་དམིགས་ཡུལ་ཀུན་རྫོབ་བམ། ཇི་སྙེད་པ་ཡེ་ཤེས་ཚོགས་ཀྱི་དམིགས་ཡུལ་དོན་དམ་མམ་ཇི་ལྟ་བའོ། །བརྒྱད་པ་ལ། དབྱེ་སྒོ་བཅུ་གཉིས་ཙམ་དུ་མཛད་དེ། དང་པོ་ཐེག་ཆེན་གྱི་ལུགས་ལ། ཐབས་ཤེས་རབ་གཉིས་ཏེ་མཚན་མར་འཛིན་པ་གཅོད་པ་ཤེས་རབ་དང་། དགེ་བའི་རྩ་བ་སྡུད་པས་ཐབས་སོ། །ག་ཡ་གོ་རིའི་མདོ་ལས། ཐབས་ནི་སྡུད་པ་ཤེས་པའོ། །ཤེས་རབ་ནི་དཔྱོད་པ་ཤེས་པའོ། །ཞེས་སོ། །དེ་ཉིད་ཤེས་རབ་ཀྱིས་སྟོང་པ་ཉིད་ལ་དམིགས་ཤིང་རྟོགས། ཐབས་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་བཤད་དོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དགེ་ཆོས་ཐམས་ཅད་བསྡུས་ཤིང་སངས་རྒྱས་ཀྱི་ཆོས་ཡོངས་སོ་རྫོགས་པར་བྱེད་པ་ཡིན་དེ། དཀར་པོའོ་ཆོས་ཀུན་རྣམ་པར་གཡེངས་པ་དང་། །མཉམ་པར་བཞག་དང་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་པ་གཉིས་དང་གཉིས། །གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན། །ཞེས་པ་དང་། ལོངས་སྤྱོད་མངོན་པར་མི་དགའ་དང་། །རབ་གུས་གཉིས་ལ་མི་སྐྱོ་དང་། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་ཐེག་ཆེན་ཐམས་ཅད་ཕྱིན་དྲུག་གིས་བསྡུས་པར་གསུངས་སོ། །འོ་ན་ཉན་རང་ལ་ཕྱིན་དྲུག་མེད་དམ་ཞེ་ན། མེད་དེ། ཐེག་བསྡུས་འགྲེལ་པར། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་སོ། །འོ་ན་ཉན་ཐོས་ཀྱི་སྡེ་སྣོད་དུའང་ཕྱིན་དྲུག་ལ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་བསྟན་པས་གསལ་ཞེ་ན། དེ་ནི་ཅུང་ཟད་ཙམ་ཞིག་བསྟན་པ་ཡིན་གྱི་ཡོངས་སུ་རྫོགས་པ་ལྟ་ག་ལ་སྟེ། རིན་ཆེན་ཕྲེང་བར། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། མ་ཚང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཞེས་པས་སོ། །
གསུམ་པ་སའི་སྒོ་ནས་དབྱེ་བ་ནི། རིན་ཆེན་ཕྲེང་བར། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་པའམ། སྐྱབས་གསུམ་བདུན་ཅུ་པར། ཇི་ལྟར་དགྲ་བཅོམ་ཟད་ཡེ་ཤེས། །ས་བདུན་སྔོན་དུ་འགྲོ་བ་ཅན། །དེ་བཞིན་རྫོགས་སངས་རྒྱས་ཡེ་ཤེས། །ས་བཅུ་སྔོན་དུ་འགྲོ་བ་ཡིན། །ཞེས་པས། ཉན་ཐོས་ལ་དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་སྟེ་བརྒྱད་ཡོད་པ་ལྟར། ཐེག་ཆེན་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་རེ་རེ་གཙོ་ཆེ་ལ། གཞན་ཕལ་བའི་ཚུལ་དུ་སྤྱོད་པས་དག་པར་བཤད་དོ། །དེ་སའི་གཙོ་བོ་ཡིན་གྱི་ཕལ་པ་ནི། དད་པའི་ས་ལ་གནས་པ་ཡིས། །ཞེས་པ་ལྟར་ཚོགས་ལམ་ལ་དད་པའི་ས་དང་། ས་ཐོབ་པ་ནི་མོས་པ་དང་། །ཞེས་པ་ལྟར་སྦྱོར་ལམ་མན་ཆད་མོས་སྤྱོད་ཀྱི་སའང་ཡོད་དོ། །ཡང་བྱང་སར་ས་བདུན་དུ་བཤད་པའང་ཡོད་དེ། རིགས་ཀྱི་ས་དང་མོས་པས་སྤྱོད་པའི་ས་དང་། ལྷག་པའི་བསམ་པ་དག་པའི་ས་དང་། ངེས་པའི་ས་དང་། སྤྱོད་པའི་ས་དང་། སྤྱོད་པ་ངེས་པའི་ས་དང་། མཐར་ཐུག་པར་འགྲོ་བའི་སའོ། །ཞེས་སོ། །
བཞི་པ་བསྡུ་བ་བཞིར་དབྱེ་ན། རྒྱན་ནས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་པས་སྤྱིན་པའི་ཕར་ཕྱིན་དང་མཚུངས་པའི་སྦྱིན་པ་དང་། གཞན་ལ་ཕྱིན་དྲུག་སྟོན་པའི་སྙན་པར་སྨྲ་བ་དང་། གཞན་དག་ཕྱིན་དྲུག་ལེན་དུ་འཇུག་པའི་དོན་སྤྱོད་པ་དང་། རང་ཉིད་ཀྱང་ཕྱིན་དྲུག་ལ་འཇུག་པ་དོན་མཐུན་པ་སྟེ་བསྡུ་བ་བཞིའོ། །ལྔ་པ་སྤྱོད་པ་བཞིར་དབྱེ་ན། རྒྱན་ནས། ལུས་ཅན་ཐེག་པ་ཆེན་པོ་དང་། །ཐེག་པ་དམན་ལ་མོས་པ་དང་། །གཉིས་ཀ་འདུན་བར་བྱ་བ་དང་། །གདུལ་བའི་ཕྱིར་ན་བརྟན་རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲངས་ནས་བཤད་པ་ཡིན། ཞེས་པས་ཐེག་ཆེན་ལ་མོས་པ་རྣམས་ཀྱི་ཕྱིར། ཕར་ཕྱིན་བཅུའི་ངོ་བོར་གྱུར་པ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཐེག་དམན་མོས་པ་རྣམས་ཀྱི་ཕྱིར། བྱང་ཕྱོགས་སོ་བདུན་གྱི་བདག་ཉིད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ། གཉིས་ཀ་ལ་མོས་པ་རྣམས་མཐུས་འདུན་པར་བྱ་བའི་ཕྱིར་མངོན་ཤེས་དྲུག་གི་རང་བཞིན་མངོན་ཤེས་ཀྱི་སྤྱོད་པ། ཐེག་པ་གསུམ་ཀའི་གདུལ་བྱ་སྨིན་པའི་ཕྱིར། གདུལ་བྱ་སྨིན་པའི་ཐབས་དཔག་ཏུ་མེད་པ་སྟོན་པ་སེམས་ཅན་ཡོངས་སུ་སྨིན་པའི་སྤྱོད་པ་སྟེ་བཞི། གཙུག་ན་རིན་ཆེན་གྱི་མདོ་བཞིན་དུ་བཤད་དོ། །བྱང་ས་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བཞིས་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ། ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་སོ། །
དྲུག་པ་མི་ཟད་པ་བརྒྱད་ཅུར་དབྱེ་ན་དག་ལྡན་ལས། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང་། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ཤེས་དང་བསྡུ་དངོས་བཞི། །སོ་སོར་རིག་སྟོན་ཚོགས་གཉིས་དང་། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་སོགས་ཆོས་ཀྱི་མདོ་བཤད་དང་། བགྲོད་གཅིག་ཐབས་ལ་མཁས་པའོ། །ཞེས་པས་སེམས་བསྐྱེད་པ་དང་། །བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞི་དང་། མངོན་ཤེས་ལྔ་དང་། བསྡུ་བ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན། ངེས་དོན་ལ་རྟོན་གྱི་དྲང་དོན་ལ་མི་རྟོན། ཡེ་ཤེས་ལ་རྟོན་གྱི་རྣམ་ཤེས་ལ་མི་རྟོན་པ་བཞི་དང་། ཚོགས་གཉིས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དང་། ཞི་གནས་ལྷག་མཐོང་གཉིས་དང་། གཟུངས་དང་སྤོབས་པ་གཉིས་དང་། འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད། མྱང་འདས་ཐམས་ཅད་ཞི་བ་སྟེ། ཆོས་ཀྱི་མདོ་བཞི་དང་། བགྲོད་པ་གཅིག་པ་དང་། ཐམས་ལ་མཁས་པ་སྟེ་བརྒྱད་ཅུ་བློ་གྲོས་མི་ཟད་པ་བསྟན་པའི་མདོ་ལས་བཤད་ཅིང་། ཐུབ་པ་དགོངས་རྒྱན་དུ་དེ་དག་གིས་ཐེག་ཆེན་གྱི་ལམ་ཐམས་ཅད་བསྡུས་པར་ཡང་བཤད་དོ། །
བདུན་པ་སེམས་བསྐྱེད་ཉི་ཤུ་རྩ་གཉིས་སུ་དབྱེ་ན། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལ་དཔེ་དེ་དག་གིས་མཚོན་པའི་དོན་འཕགས་པ་རྣམ་གྲོལ་སྡེ་དང་། སློབ་དཔོན་སེང་བཟང་ལྟར་ན། གྲོགས་འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་དང་། སྦྱོར་བ་དང་། ཕར་ཕྱིན་བཅུ་རེ་རེ་དང་། མངོན་ཤེས་དྲུག་དང་ཚོགས་གཉིས་དང་། བྱང་ཕྱོགས་སོ་བདུན་དང་། སྙིང་རྗེ་ལྷག་མཐོང་དང་། གཟུངས་སྤོབས་དང་། ཆོས་ཀྱི་དགའ་སྟོན་དང་། བགྲོད་གཅིག་ལམ་ལྡན་དང་། ཆོས་ཀྱི་སྐུ་ལྡན་ཏེ་གྲོགས་དེ་དག་དང་ལྡན་པར་འདོད་ལ། མདོ་རྒྱན་གྱི་འགྲེལ་པ་དང་དག་ལྡན་དང་ཐུབ་དགོངས་སུ་མི་ཟད་པ་བརྒྱད་ཅུའི་ཕྱིན་དྲུག་རེ་རེར་བགྲངས་པ་གཞན་སྡེ་ཚན་རེ་རེ་བགྲངས་པ་དང་གོ་རིམ་བཞིན་སྦྱར་རོ། །དེ་ལྟ་བུའི་སེམས་སྐྱེད་ཉེར་གཉིས་ཀྱིས་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་བསྡུས་པར། སློབ་དཔོན་སེང་གེ་བཟང་པོ་དང་འཇིགས་མེད་ལ་སོགས་པ་མང་པོས་བཞེད་ལ། ཁ་ཅིག་སློབ་ལམ་བསྡུས་པར་བཞེད་དོ། །
བརྒྱད་པ་སྦྱོར་བ་བཞིར་དབྱེ་ན། རྣམ་ཀུན་མངོན་རྫོགས་དང་རྩེ་མོའི་སྦྱོར་བ་དང་། མཐར་གྱིས་པའི་སྦྱོར་བ་དང་། སྐད་ཅིག་མའི་སྦྱོར་བའོ། །རྒྱུ། སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཞེས་སོ། །ཡང་ན་གོ་ཆའི་སྒྲུབ་པ། འཇུག་པའི་སྒྲུབ་པ། ཚོགས་ཀྱི་སྒྲུབ་པ། ངེས་འབྱུང་སྒྲུབ་པ་སྟེ། སྒྲུབ་པ་བཞིའོ། །
དགུ་པ་ཐེག་པ་ཐུན་མོང་གི་སྐད་དང་བསྟུན་ནས་ལམ་བཞིར་དབྱེ་ན། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་སྒོམ་ལམ་སྟེ་བཞིའོ། །མཐར་ཕྱིན་པའི་ལམ་ནི་འབྲས་བུ་ཡིན་པས་མ་གཏོགས་སོ། །ཚོགས་སྦྱོར་གཉིས་ནི་དེ་ཁོ་ན་ཉིད་མོས་པས་སྤྱོད་པ་ཙམ་ཡིན་གྱི། མངོན་སུམ་དུ་མ་མཐོང་བས་མོས་པས་སྤྱོད་པའི་ས་ཡིན་ལ། མཐོང་ལམ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་དེ་ཉིད་མངོན་སུམ་དུ་མཐོང་བས་མངོན་པར་རྟོགས་པའོ། །དང་པོ་གཉིས་ནི། ཟག་བཅས་ཀུན་རྫོབ་ཤེས་པ་ཡིན་པས་ལམ་བདེན་དངོས་མིན་ནོ། །འོ་ན་བསྡུ་བར་ལམ་གྱི་བདེན་པ་གང་ཞེ་ན། ཚོགས་ཀྱི་ལམ་གང་ཡིན་པ་དང་། སྦྱོར་བའི་ལམ་གང་ཡིན་པ་དང་། རྣམ་པར་དག་པའི་ལམ་གང་ཡིན་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལམ་གྱི་བདེན་པ་ཞེས་བྱའོ་ཞེས་པ་དང་། ཀུན་ལས་བཏུས་སུའང་ལམ་ལྔ་ལམ་བདེན་དུ་བཤད་དོ་ཞེ་ན། སྐྱོན་མེད་དེ་ལམ་བདེན་གྱི་འཁོར་ཡིན་པའམ། ལམ་བདེན་རྗེས་མཐུན་པ་ཡིན་པ་ལ་དགོངས་ཏེ། ཀུན་བཏུས་འགྲེལ་པར། ལམ་རྣམ་པ་ལྔ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་ལྔའི་སྐབས་ཀྱིས་སོ། །རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ་ཞེས་ལམ་གྱི་བདེན་པའི་འཁོར་དུ་བཤད་ལ། བསྡུ་བར་ཡང་། འཇིག་རྟེན་པའི་ཆོས་གང་དག་ཡང་འབྱུང་བའི་སྲིད་པ་སུན་འབྱིན་ཅིང་། དེ་ལ་མི་ཕྱོགས་པ། འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་དེ་དག་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་ཞེ་ན། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི་སྲིད་པ་ལ་མི་ཕྱོགས་པ་ཡིན་མོད་ཀྱི། འོན་ཀྱང་ཡང་འབྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་རྗེས་སུ་མཐུན་པ་ཡིན་པས་དེའི་ཕྱིར་དེ་དག་ཀྱང་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པར་རིག་པར་བྱའོ། །ཞེས་སོ། །ཚོགས་སྦྱོར་གྱི་རང་ལྡོག་ཟག་མེད་ཡིན་ལ། །ལམ་བདེན་མཚན་ཉིད་པའོ་ཞེ་ན། དེ་མི་འཐད་དེ་བསྡུ་བར། ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དྲན་པ་ཉེ་བར་གཞག་པ་དག་ལ་བརྩོན་པར་བྱེད་པ་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་དེ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་བ་བསྒོམས་པ་ལས་བྱུང་བའི་དྲན་པ་ཉེ་བར་གཞག་པ་དེ་དག་ལ་བརྩོན་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་དེ་ལ་བརྟེན་ནས་མཐོང་བའི་ལམ་གྱི་སྦྱོར་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་དེ་དག་ལ་བརྩོན་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་དེ་ལ་བརྟེན་ནས་མཐོང་བའི་ལམ་གྱི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་འཇིག་རྟེན་པའི་ཆོས་ཀྱི་མཆོག་སྐྱེད་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །ཞེས་དེ་དག་ཟག་བཅས་སུ་བཤད་དོ། །
བཅུ་པ་བསླབ་པ་གསུམ་དུ་ཕྱེ་ན། ལྷག་པའི་ཚུལ་ཁྲིམས། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པའི། །རྒྱན་ལས་ཀྱང་བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །མཐའ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཅར་ལ་ཡང་རྟོགས། །ཞེས་སོ། །
བཅུ་གཅིག་པ་ནི། བསོད་ནམས་བྱ་བའི་དངོས་པོ་གསུམ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་སྟེ་གསུམ་མོ། །དང་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གཉིས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསུམ་པ་ནི་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཕར་ཕྱིན་རྣམས་སོ། །
བཅུ་གཉིས་པ་ལམ་བདུན་ནམ་བྱང་ཕྱོགས་སུམ་ཅུ་སོ་བདུན་དུ་དབྱེ་བ་ནི་གྲགས་པ་ཉིད་དོ། །དེ་ལྟ་བུའི་ཚུལ་གྱིས་སྟོན་པའི་གསུང་རབ་ཐམས་ཅད་ཀྱང་བཤད་པར་ནུས་གསུངས་སོ། །
དུས་ཇི་ཙམ་དུ་བསགས་པ།
གཉིས་པ་དུས་ཇི་ཙམ་དུ་བསགས་པའི་དུས་ནི། གསུང་རབ་ནས་མི་འདྲ་བ་མང་དུ་འབྱུང་སྟེ། བསྐལ་པ་གྲངས་མེད་གསུམ་དང་། བདུན་དང་། བཅུ་དང་། སུམ་ཅུ་རྩ་གསུམ་ལ་སོགས་པ་བཤད་ལ། བཅུ་གསུམ་དུ་བཤད་པའང་ཡོད་གསུང་ངོ་། །དེ་ལ་གྲངས་མེད་གསུམ་ནི་གསུང་རབ་ཕལ་ཆེར་ལས་འབྱུང་ཞིང་། གྲངས་མེད་ཀྱི་དོན་ཡང་། མངོན་པ་མཛོད་ཀྱི་འགྲེལ་པ་དང་ཐུབ་པ་དགོངས་རྒྱན་ལ་སོགས་པ་མང་པོ་ནས། བགྲང་བ་ལས་འདས་པའི་གྲངས་མེད་མ་ཡིན་གྱི། གྲངས་ཀྱི་གནས་གཞན་དྲུག་ཅུར་ཕྱིན་པའི་གྲངས་མེད་ལ་བཞེད་ལ། གྲངས་ནི། གཅིག་བཅུ། བརྒྱ་སྟོང་། ཁྲི་འབུམ། ས་ཡ། བྱེ་བ། དུང་ཕྱུར། ཐེར་འབུམ། ཐེར་འབུམ་ཆེན་པོ། ཁྲག་ཁྲིག །ཁྲག་ཁྲིག་ཆེན་པོ། རབ་བཀྲམ་རབ་བཀྲམ་ཆེན་པོ། གཏམས་གཏམས་ཆེན་པོ། དཀྲིགས་དཀྲིགས་ཆེན་པོ། མི་འཁྲུགས་པ་མི་འཁྲུགས་པ་ཆེན་པོ། ཁྱད་ཕྱིན། ཁྱད་ཕྱིན་ཆེན་པོ། པང་སྟེང་པང་སྟེང་ཆེན་པོ། དེད་འདྲེན། དེད་འདྲེན་ཆེན་པོ། མཐའ་སྣང་། མཐའ་སྣང་ཆེན་པོ། རྒྱུ་རིག་རྒྱུ་རིག་ཆེན་པོ། འོད་མཛེས། འོད་མཛེས་ཆེན་པོ། དབང་པོ་དབང་ཆེན། ལེགས་ཕྱིན། ལེགས་ཕྱིན་ཆེན་པོ། རྟོག་འགྲོ། རྟོག་འགྲོ་ཆེན་པོ། འབྱིང་རྡུལ། འབྱིང་རྡུལ་ཆེན་པོ། རྒྱ་རྟགས། རྒྱ་རྟགས་ཆེན་པོ། སྟོབས་འཁོར། སྟོབས་འཁོར་ཆེན་པོ། བརྡ་ཤེས། བརྡ་ཤེས་ཆེན་པོ། རྣམ་འབྱུང་། རྣམ་འབྱུང་ཆེན་པོ། སྟོབས་མིག །སྟོབས་མིག་ཆེན་པོ། གྲངས་མེད་པ་སྟེ། བར་ནས་གྲངས་ཀྱི་གནས་གཞན་བརྒྱད་ཆད་ཅེས་གསུང་ངོ་། །བྱང་ཆུབ་སེམས་དཔའི་ས་ལས། བསྐལ་པ་ཆེན་པོ་གྲངས་མེད་པ་བགྲང་བའི་ཚུལ་གཉིས་ཏེ། བསྐལ་པ་ཆེན་པོ་རེ་རེ་ལའང་། ལོ་དང་། ཟླ་བ་དང་སྐད་ཅིག་ལ་སོགས་པ་གྲངས་མེད་པས། བསྐལ་པ་ཆེན་པོ་གྲངས་མེད་པ་ཞེས་བྱ་བ་དང་། བསྐལ་པ་ཆེན་པོ་བགྲང་བ་ལས་འདས་པའི་གྲངས་མེད་པ་ལ། བསྐལ་པ་ཆེན་པོ་གྲངས་མེད་པ་ཞེས་བྱ་བ་གཉིས་ལས། འཚང་རྒྱ་བ་ལ་གྲངས་མེད་མང་པོ་དགོས་པར་བཤད་པ་ལྟར་ན་གྲངས་མེད་དང་པོ་བཟུང་ལ། གྲངས་མེད་གསུམ་གྱིས་ཆོག་པ་ལྟར་ན། གྲངས་མེད་ཀྱི་ལུགས་ཕྱི་མ་འཛིན་པར་བཞེད་དོ། །འདི་ལྟར་བྱས་ན་མདོ་དག་ལས། བསྐལ་པ་ཆེན་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ཞེས་པ་དང་མཐུན་པར་སྣང་ངོ་། །བརྒྱད་སྟོང་འགྲེལ་པར་གྲངས་མེད་གསུམ་དུ་བཤད་པ་དགོངས་པ་ཅན་ཡིན་གྱི། ངེས་དོན་དུ་གྲངས་མེད་སུམ་ཅུ་རྩ་གསུམ་དུ་བཞེད་དེ། ཇི་སྐད་དུ། འདི་ལྟར་བསྐལ་པ་གྲངས་མེད་པ་དང་པོས་ནི་ཚོགས་ཀྱི་ས་ནས་བརྩམས་ཏེ་ས་དང་པོའི་བར་དུ་རྫོགས་པར་འགྱུར་རོ། །གཉིས་པས་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུའོ། །ཡང་བསྐལ་པ་གྲངས་མེད་པ་གསུམ་པས་ནི་ས་མི་གཡོ་བ་ནས་བཟུང་ནས། སངས་རྒྱས་ཀྱི་སའི་བར་དུའོ། །ཞེས་སོ། །དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་པས་ན་སྒྲ་ཇི་བཞིན་པ་ཉིད་ཀྱི་མདོ་དང་འགལ་ལོ་ཞེ་ན། གསུམ་ཚན་དུ་མཚུངས་པས་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཤེས་གསུངས་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེས་ན་འདི་ལྟར་དྲང་པའི་དོན་གྱི་མདོ་བཤད་པ་ནི་ཤིན་ཏུ་འགལ་བ་ཁོ་ནའོ། །འདི་ལྟར་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས། ཚོགས་ཀྱི་ས་ཀུན་ཏུ་རྫོགས་པར་བྱེད་པ་ལ་བསྐལ་པ་གྲངས་མེད་པ་གཅིག་འདའ་བར་བྱེད་དོ། །དེའི་འོག་ཏུ་མོས་པས་སྤྱོད་པའི་ས་རྫོགས་པར་བྱེད་པ་ན་བསྐལ་པ་གྲངས་མེད་པ་གཉིས་འདའ་བར་བྱེད་དོ། །དེའི་འོག་ཏུ་ས་རབ་ཏུ་དགའ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་གྱི་བར་ཡང་སོ་སོར་བསྐལ་པ་གྲངས་མེད་པ་གསུམ་གསུམ་གྱིས་བྱང་ཆུབ་སེམས་དཔའི་ས་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པ་ཡིན་ནོ་ཞེས་བཤད་དོ་ཞེས་སོ། །རྒྱ་ཆེར་རོལ་པར། བསྐལ་པ་གྲངས་མེད་པ་བདུན་དུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པ་ཞེས་བདུན་དུ་བཤད་དོ། །ཉན་ཐོས་སྡེ་པ་ཁ་ཅིག་གྲངས་མེད་བཅུར་འདོད་པར་དུལ་ལྷའི་སྡེ་པ་ཐ་དད་བཀླག་པར་བཤད་དོ། །དེས་ན་ལུགས་མང་པོ་སྣང་ཡང་མང་པོས་འདོད་ཅིང་གྲགས་པ་དང་བྱམས་པས། ས་ནི་དང་པོ་ཡིན་པར་འདོད། །འདི་དེ་བསྐལ་པ་དཔག་མེད་ཀྱིས། །ཞེས་པ་དང་། གྲངས་མེད་གསུམ་ནི་རྫོགས་པ་ཡིས། །སྒོམ་པའི་ལམ་ནི་ཚར་ཕྱིན་ཏོ། །ཞེས་པས་གྲངས་མེད་གསུམ་དུ་བཤད་པར་བྱའོ། །དེ་ཡང་སེམས་སྐྱེད་བྱས་མ་ཐག་གྲངས་མེད་རྩོམ་པ་ལ་མ་ཞུགས་ཏེ། ཇི་སྐད་དུ། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་བསྐལ་པ་གྲངས་མེད་པ་དུ་མས་ཡང་དག་པར་གྲུབ་བ་ཡིན་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་དཔག་པ་དང་། བསམ་པ་དང་། བརྟག་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་བསྐལ་པ་གྲངས་མ་མཆིས་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་འགྲུབ་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡུལ་བསྒྲུབ་པར་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་མི་ནུས་ཀྱི། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ཏེ། བསྐལ་པ་བགྲང་བར་བྱ་ཡིས། ཐོག་མའི་སེམས་ནས་བརྩམས་ཏེ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང་། །སེམས་བརྟན་ཁྱད་པར་འགྲོ་པ་ཡིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་པའི་འགྲེལ་པར། བཟང་པོ་ནི་དགེ་བ་སྟེ་དེ་སྟོབས་དང་ལྡན་པར་གྱུར་པ་ནི་བཟང་པོའི་སྟོབས་ཅན་ཏེ། དེ་དེ་ལ་དེ་ཡོད་པཔའི་ཕྱིར་རོ། །སྨོན་པ་ནི་འདིར་སྨོན་ལམ་དུ་འདོད་དེ་དེ་ལ་དེ་ཡོད་པས་སྨོན་ལམ་གྱི་སྟོབས་ཅན་ནོ། །དེ་ལ་དགེ་བའི་རྩ་བའི་སྟོབས་ཅན་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཅན་ནི་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པའི་ཕྱིར་རོ། །སེམས་བརྟན་པ་ཉིད་ནི་མི་དགེ་བའི་གྲོགས་པོས་མོས་པ་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཁྱད་པར་དུ་འགྲོ་བ་ནི་མཐོང་བའི་ཆོས་དང་ཚེ་རབས་ཕྱི་མ་ལ་དགེ་བའི་ཆོས་འཕེལ་བ་དང་ཡོངས་སུ་མི་ཉམས་པའི་ཕྱིར་རོ། །དེ་ལྟར་གང་གི་ཚེ་དགེ་བའི་རྩ་བ་དང་སྨོན་ལམ་གྱི་སྟོབས་ཅན་དང་སེམས་བརྟན་ཏེ་བར་མ་དོར་མི་ལྡོག་པ་དང་། ཁྱད་པར་དུ་འགྲོ་བ་སྟེ། ཡོན་ཏན་ཅུང་ཟད་ཀྱིས་ཆོག་པར་མི་འཛིན་པ་དེ་ནས་བརྩམས་ཏེ། གྲངས་མེད་པ་གསུམ་བརྩམས་སོ། །ཞེས་སོ། །ཁ་ཅིག་ན་རེ། གྲངས་མེད་ཀྱི་འགོ་སྦྱོར་ལམ་ནས་རྩོམ་སྟེ། བྱང་ས་ལས་བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོས་ནི། མོས་པས་སྤྱོད་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་ས་རབ་ཏུ་དགའ་བ་ལ་གནས་པ་ཐོབ་སྟེ། ཞེས་པ་དང་། དེའི་འགྲེལ་པར། བརྩོན་འགྲུས་འབར་བ་རྒྱུན་མི་ཆད་པར་དགེ་བའི་རྩ་བ་ལ་གནས་པས་ནི་མོས་པ་ལ་སྤྱོད་པའི་ས་ནས་གྲངས་མེད་པ་ཡིན་པར་བསྟན་པའི་ཕྱིར། ཞེས་བཤད་པས་སོ་ཞེས་ཟེར་རོ། །འདི་དཔྱད་པར་བྱ་སྟེ། མོས་པས་སྤྱོད་པའི་ས་ནས་རྩོམ་པར་བཤད་པས་སྦྱོར་ལམ་ཁོ་ན་ནས་བརྩོན་པར་མི་འགྲུབ་སྟེ། བྱང་ས་ནས་ཀྱང་མོས་པས་སྤྱོད་པ་སེམས་དང་པོ་བསྐྱེད་པ་ཡན་ཆད་ལ་བཤད་ཅིང་ཀུན་ལས་བཏུས་ཀྱི་འགྲེལ་པར་ཡང་། མོས་པས་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་རིགས་ལ་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་ནས། རབ་ཏུ་དགའ་བའི་ས་ལ་མ་ཞུགས་པའི་བར་དུ་སྟེ། སོ་སོ་རང་གིས་འཇིག་རྟེན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ་ཞེས་པས་སོ། །དེ་ལྟར་མིན་ན་སྔར་གྱི་ལུང་དང་། ཨ་བྷ་ཡཱ་ཀ་ར་གུཔྟས་བསྐལ་པ་གྲངས་མེད་པ་དང་པོས་ནི་ཚོགས་ཀྱི་ལམ་ནས་བརྩམས་ནས་ས་དང་པོ་རྫོགས་ཀྱི་བར་དུའོ། །ཞེས་པ་དང་། ཇི་ལྟར་མི་འགལ། དེས་ན་ཚོགས་ལམ་དུ་བཟང་པོའི་སྟོབས་ཅན་ལ་སོགས་པ་ནམ་གྲུབ་པ་ནས་གྲངས་མེད་རྩོམ་མོ། །ཡང་བསྡུ་བར། ཇི་ལྟར་སྐྱེ་བ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བསྒྲུབ་ཏུ་རུང་སྟེ། དགྲ་བཅོམ་པ་ལ་ནི་རེ་ཞིག་སྐྱེ་བ་གཅིག་ཀྱང་མེད་ན་སྐྱེ་བའི་རྒྱུན་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན། སྨྲས་པ། ཚེའི་འདུ་བྱེད་བསྲིངས་ནས་མངོན་པར་སྒྲུབ་པར་བྱེད་དོ། །ཞེས་བཤད་དོ། །དབུ་མ་པ་ཆོས་ཀྱི་བཤེས་གཉེན་ནི། བྱང་ཆུབ་སེམས་དཔའི་དབང་པོ་དང་བརྩོན་འགྲུས་ལ་སོགས་པའི་དབང་གིས་གྲངས་མེད་གསུམ་གྱི་ངེས་པ་མེད་གསུངས་སོ། །
ཇི་ལྟར་བསགས་པའི་ཚུལ།
གསུམ་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་བཞིན་དུ་བཤད་ན། དང་པོ་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ་རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ནས། བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས། ས་དང་པོ་ཐོབ་པར་གྱུར་ཏོ། །དེ་ནས་གྲོང་ཁྱེར་འཛམ་བུ་ཆུ་བོའི་གསེར་དུ་རྒྱལ་པོ་མཛེས་པར་སྣང་བའི་སྣང་ཆེན་པ། ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ། བསྙེན་བཀུར་ཞིང་རྗེས་སུ་བསྟན་པ་མནོས་པ་ནས་བཟུང་སྟེ། གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་ནོན་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པས་བྲམ་ཟེ་རིན་པོ་ཆེ་ལ་རིག་བྱེད་བསླབ་ནས་བསྙེན་བཀུར་བྱ་བའི་རྒྱུ་བཙལ་བའི་ཕྱིར། ཡུལ་དབུས་ཀྱི་གྲོང་ཁྱེར་དག་ཏུ་ལྗོངས་རྒྱུར་སོང་སྟེ། མཐར་གྱིས་རྒྱལ་པོ་དགྲ་ཐུལ་གྱི་ཕོ་བྲང་པད་མ་ཅན་ཞེས་བྱ་བའི་ཚོང་འདུས་ཀྱི་དབུས་སུ་ཕྱིན་ཏོ། །དེའི་ཚེ་བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་ནས་ནམ་མཁའ་ལ་ལྷ་རྣམས་མེ་ཏོག་དང་རོལ་མོ་སིལ་སྙན་གླུ་དབྱངས་དང་བཅས་ཏེ། བཞུགས་པ་མཐོང་ནས། ཁྱེད་ཅི་ཞིག་བྱེད་དྲིས་པས་ཁྱེད་ཀྱིས་མི་ཤེས་སམ། འདི་ན་སངས་རྒྱས་མར་མེ་མཛད་བཞུགས་སོ་ཞེས་ཟེར་རོ། །དེ་སྐྱི་བུང་ཞེས་བྱེད་ཅིང་ཀྱེ་མ་སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའ་བས། བདག་གིས་སློབ་དཔོན་གྱི་ཡོན་ནི་ཕྱིས་བསབ་པར་བྱ་སྟེ། ཀར་ཤ་པ་ཎ་ལྔ་བརྒྱ་པོ་འདིས་སངས་རྒྱས་ལ་མཆོད་པར་བྱའོ། །སྙམ་དུ་དགོངས་ནས་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་ལ་རྔན་པར་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ཏུ་ཁས་བླངས་ཤིང་། ཨུཏྤ་ལ་ལྔ་ཉོས་ནས་སངས་རྒྱས་ལ་གཏོར་ཏེ། ཀྲྀཥྜ་ས་རའི་པགས་པ་བཏིང་ནས། མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་སྤྱན་བདག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་པར་མཛོད་ལ། རི་དགས་ཀྱི་པགས་པ་འདི་ལ་ཞབས་བཞག་པར་མཛོད་ཅིག་ཅེས་པ་དང་། དེས་བྱོན་པས་མཉེས་པར་བྱས་ཏེ། རལ་བ་གསེར་གྱི་མདོག་ཅན་སྟན་དུ་བཏིང་ནས། མར་མེར་མཛད་ཀུན་ནས་སྤྱན་འདི་ལ་ཞབས་མི་འཇོག་གམ། ལུང་མི་སྟོན་ན་འདི་ཉིད་དུ་ལུས་བསྐམ་པར་བྱའོ་ཞེས་ཡི་དམ་བརྟན་པོར་བཅས་པ་དང་། སྟོན་པས་ཞབས་བཞག་སྟེ། དགེ་སློང་དག །ཁྱེད་ཀྱིས་ཁྱེའུ་འདིའི་སྐྲ་ལ་རྡོག་པ་མ་འཇོག་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་ཡིན་ཏེ། མ་འོངས་པའི་དུས་སུ། ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དང་། དགའ་ཆེས་ཏེ་ཤིང་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ནས་ཏིང་ངེ་འཛིན་བརྒྱ་སྟོང་ཡང་མངོན་དུ་བྱས་ནས་ས་བརྒྱད་པ་ཐོབ་སྟེ། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏ་པ་ལ་ལྔས། །གཏོར་ཏེ་རལ་བ་སྟན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། ཞེས་པ་དང་། ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཅེས་སོ། །དེ་ནས་བཟུང་སྟེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས། ས་བཅུ་རྫོགས་སོ། །མཆིམས་པ་ནི། གྲངས་མེད་གསུམ་པའི་མཐའ་མ་དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ཡིན་པར་མངོན་ཞིང་། དེའི་ཚེ་ཚོགས་རྫོགས་མོད་ཀྱི། རྣམ་པ་ཐམས་ཅད་དུ་མ་རྫོགས་པས་བསྐལ་པ་འདིའི་ཚེ་ལོ་ཉི་ཁྲི་པ་ལ་གྲོང་ཁྱེར་ཉེར་ལྡན་དུ་སངས་རྒྱས་འོད་སྲུངས་བྱོན་པའི་ཚེ་བྲམ་ཟེའི་ཁྱེའུ་བླ་མར་གྱུར་པའི་བར་དུ་ཚོགས་བསགས་གསུང་ངོ་། །དེ་དག་གི་སྐབས་སུའང་སངས་རྒྱས་གྲངས་མེད་པ་བསྙེན་བཀུར་ཞིང་ཆོས་གསན་ཏེ། ཟླ་བ་སྒྲོན་མར། སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་དང་། །དེ་ལས་ལྷག་པ་གངྒཱའི་བྱེ་མ་སྙེད། །ཀུན་ཀྱང་བྱ་རྒོད་ཕུང་པོ་འདིར་བཞུགས་ཏེ། །མི་དབང་དེ་ཀུན་ང་ཡིས་བཀུར་སྟི་བྱས། །ཞེས་གསུང་སོ། །
མངོན་པར་རྫོགས་པར་སངས་རྒྱས་ཚུལ།
གསུམ་པ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་ལ། སངས་རྒྱས་ཀྱི་རང་བཞིན་ངོས་གཟུང་། ཐུབ་པའི་མཛད་པ་ཁྱད་པར་དུ་བཤད། ཆོས་ཀྱི་འཁོར་ལོའི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །
དང་པོ་ལ། སངས་རྒྱས་ཀྱི་ས་ཐམས་ཅད་རྟེན་སྐུ་བརྟེན་པ་ཡེ་ཤེས་མཛད་པ་ཕྲིན་ལས་གསུམ་དུ་འཆད་པ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འཆད་པ་དང་། སྤངས་རྟོགས་འཕྲིན་ལས་གསུམ་དུ་འཆད་པ་དང་། ཕུན་སུམ་ཚོགས་པ་གཉིས་སམ་གསུམ་དུ་འཆད་པ་ལ་སོགས་པ་བཤད་ཚུལ་མང་པོ་གསུངས་ལ། སངས་རྒྱས་སའི་མདོ་ལས་ཤིན་ཏུ་འདུས་ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་ལ། སྐུ་གསུམ་མམ་བཞིར་ཡང་གསུངས་པས། འདི་ལ་ལྔ། སྐུ་གསུམ་གྱི་ངོ་བོ། ངེས་ཚིག །གྲངས་ངེས། གང་གི་ཡུལ་ཡིན་པ་དང་། དབྱེ་བ་དང་ལྔའོ། །དང་པོ་ནི། རྒྱན་ལས། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང་། །སྤྲུལ་པ་དག་གིས་ཐ་དད་འཇུག །འདི་ནི་སངས་རྒྱས་རྣམས་དག་གི། ཆོས་དབྱིངས་རྣམ་པར་དག་པར་བཤད། །སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །ཞེས་པས། རང་བཞིན་གྱི་སྐུ་དང་། ངོ་བོ་ཉིད་སྐུ་དང་། ཆོས་སྐུ་ཞེས་པ་རྣམ་གྲངས་ཡིན་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་སྐུའོ། །རྒྱུ་བདག་གཞན་མཉམ་པར་བསྒོམས་པའི་འབྲས་བུ་མི་གནས་པའི་མྱང་འདས་ལ་བཞུགས་པ་མཉམ་ཉིད་ཡེ་ཤེས་དང་། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པའི་སོ་སོར་ཀུན་རྟོག་གི་ཡེ་ཤེས་གཉིས་ལོངས་སྐུའོ། །སྣ་ཚོགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་སྒྲུབ་པ་བྱ་གྲུབ་ཡེ་ཤེས་ནི་སྤྲུལ་པའི་སྐུའོ། །རྒྱན་ལས། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་གཉིས་ལ་གནས། ཞེས་སོ། །
གཉིས་པ་ནི། དྷརྨ་ཀཱ་ཡ་ཞེས་པ་ཆོས་སྐུ་སྟེ། ཀཱ་ཡའི་བྱིངས་ནི་ཙི་ཙ་ཡེ་ཞེས་པ་བསགས་པ་སྟེ། ཟག་མེད་ཀྱི་ཆོས་བསགས་པ་སྐུ་ཞེས་པའམ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིག་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། ཞེས་པ་ལྟར་ཁྱབ་པ་དང་རྟེན་བྱེད་པ་དང་། ངོ་བོ་ཉིད་དུ་གྲུབ་པས་ཆོས་སྐུའོ། །སཾ་བྷོ་ག་ཀཱ་ཡ། ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཐེག་པ་ཆེན་པོའི་ཆོས་ལ་ཡོངས་སུ་རྫོགས་པར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་སྐུ་སྟེ། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །ཅེས་སམ། འདི་དེ་ཆོས་རྫོགས་ལོངས་སྤྱོད་པས། །ཞེས་པ་དང་། ཆོས་ལ་རྫོགས་ལོངས་སྤྱོད་དོན་ཕྱིར། །ཞེས་སོ། །ནིར་མཱ་ཎ་ཀ་ཡ་ཞེས་པ་སྤྲུལ་སྐུ་སྟེ། ངེས་པར་འགྱུར་བའམ། རྒྱུན་མི་བརྟན་པའམ། ངེས་པར་གཞན་དུ་སྤྲུལ་ཞིང་བསྒྱུར་བས་སྤྲུལ་སྐུ་སྟེ། དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པའོ། །ཞེས་སོ། །
གསུམ་པ་ནི། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། ཞེས་པས་ལོངས་སྐུ་རང་དོན། སྤྲུལ་སྐུ་གཞན་དོན་དེ་གཉིས་ཀའི་རྟེན་ཆོས་སྐུར་ངེས་སོ། །
བཞི་པ་ནི། ཆོས་སྐུ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཁོ་ནའི་ཡུལ། རྗེས་མཐུན་པ་ས་བརྒྱད་པའམ་ས་དང་པོ་ཐོབ་པས་ཀྱང་མངོན་དུ་བྱེད་ནུས་ལ། མོས་སྤྱོད་པས་ཀྱང་དོན་སྤྱི་ཙམ་ཡུལ་དུ་བྱེད་དོ། །ལོངས་སྐུ་ནི་བྱང་སེམས་ས་བཅུ་པ་ཡན་ཆད་ཐོབ་པ་ཁོ་ནའི་ཡུལ་དུ་འདོད་པ་དང་། ས་ཐོབ་པ་ཐམས་ཅད་ཀྱི་ཡུལ་དུ་འདོད་པས་ལུགས་གཉིས་སུའོ། །དང་པོ་ནི་རིན་ཆེན་ཕྲེང་བར། བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ། །ཞེས་པའམ། དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་ལོངས་སྐུ་མཚན་ཉིད་པ་ས་བཅུ་པ་ཐོབ་པའི་ཡུལ་དུ་བཤད་དོ། །འདོད་ཚུལ་གཉིས་པ་ནི། སྐྱབས་གསུམ་བདུན་ཅུ་པར། བསོད་ནམས་ཚོགས་ནི་ཚད་མེད་ལས། །འཁྲུངས་པ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱི། །མཐོང་བར་གྱུར་པ་སྐུ་དེ་ཡིས། །ཆོས་ཀྱི་རྫོགས་ལོངས་སྤྱོད་འདི་ནི། །རྒྱལ་སྲས་རྣམས་ནི་སྤྱོད་པ་ཡིན། ཞེས་སམ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཅེས་པས་སོ། །སྤྲུལ་སྐུ་ལ་མཆོག་གི་སྤྲུལ་སྐུ་ནི་དྲོད་ཡན་ཆད་ནས་ནམ་འདོད་དུ་མཐོང་ཞིང་ཚོགས་ལམ་ཆེན་པོ་ནས་ཕལ་ཆེར་མཐོང་སྟེ། རྒྱན་ནས། དེ་ལྟར་མཐོང་དཀའི་ཐུབ་པ་རྟག་མཐོང་ཞིང་། །ཞེས་པས་སོ། །དེ་མན་ཆད་དུའང་མཐོང་བ་སྲིད། །ཅེས་འབྱུང་ངོ་། །སྐྱེ་བའི་སྤྲུལ་པ་ལ་སོགས་པ་ནི། །གང་ལ་གང་འདུལ་ལ་སྣང་སྟེ། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་སོ། །གདུལ་བྱ་མིན་པའམ། མི་སྣང་བས། གདུལ་བྱ་རྣམས་ལ་མི་སྣང་སྟེ། །རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅད་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་སོ། །
ལྔ་པ་དབྱེ་བ་ལ། ཆོས་སྐུ་ལ། གསེར་འོད་ལས། དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ་ཞེས་པས། ཆོས་ཅན་ཆོས་ཉིད་དམ་དབྱིངས་ཡེ་ཤེས་སམ། འདུས་བྱས་འདུས་མ་བྱས་གཉིས་སོ། །ལོངས་སྐུ་ལ་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས། ལོངས་སྤྱོད་རྫོགས་པ་ཆེན་པོ་ས་བཅུ་པ་ཐོབ་པ་ཡན་ཆད་ཀྱི་ཡུལ་དང་། ས་དང་པོ་ཐོབ་པའི་བྱང་སེམས་ཡན་ཆད་ཀྱི་ཡུལ་སྤྲུལ་སྐུ་ཁྱད་པར་ཅན་ལ་ལོངས་སྐུར་བཏགས་པ་གཉིས་སོ། །ཞེས་གསུངས་སོ། །དང་པོ་ནི་ངེས་པ་ལྔ་ལྡན་ཏེ། གནས་ངེས་པ་འོག་མིན་ནི་བཀས་བཅད་བར་པར་འོག་མིན་གཙང་མའི་གནས་ཀྱི་ལོགས་ཤིག་ན་ཡོད་པར་བཤད། ལང་ཀར་གཤེགས་པར། རིན་ཆེན་སྣ་ཚོགས་མཛེས་པ་ཡིས། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ནས། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་དེ་འདིར་འཚང་རྒྱ། ཞེས་པ་དང་། རྒྱུད་ལས་ཀྱང་། གཙང་མའི་གནས་ནི་སྤངས་པ་ན། །ཞེས་པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས། འོག་མིན་ཞེས་བྱ་བ་ནི་ལྷ་དག་སྟེ། །དེ་དག་གི་ཕྱོགས་གཅིག་ན་གནས་གཙང་མའི་རིགས་ཀྱི་ལྷ་རྣམས་ཡོད་དོ། །དེར་འཕགས་པ་ཉིད་འབའ་ཞིག་གནས་སོ། །དེ་དག་གི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བའི་གནས་ཡོད་དེ། དེར་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བ་ཁོ་ན་སྐྱེ་བ་བཞེས་པ་ཡིན་ལ། འདིར་ནི་དེ་ལྟ་བུའི་སྤྲུལ་པ་དམིགས་པ་ཡིན་ནོ། །ཞེས་བྱ་བའི་ལུང་ཡིན་ནོ། །ཞེས་པས་འོག་མིན་ཕལ་པའི་སྟེང་ན་ཡོད་པར་བཤད་པས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཉིད་ལོངས་སྐུའི་ཞིང་དུ་ཆོས་ཀྱི་བཤེས་གཉེན་བཞེད་དོ། །གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་མཚམས་སྦྱོར་བ་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་སྟེ་རྣམ་སྣང་གི་ཞིང་། དེའང་རྣམ་སྣང་གང་ཅན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲན་གཅིག་ལ་གནས་ཤིང་རྣམ་སྣང་དེ་ལོངས་སྐུར་འདོད་དོ། །ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། འཁོར་ངེས་པ་ས་བཅུ་པའི་བྱང་སེམས། ལོངས་སྤྱོད་ངེས་པ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ། དུས་ངེས་པ་རྒྱུན་མི་ཆད་པའོ། །སྤྲུལ་སྐུ་ལ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་པས། དང་པོ་ལས་ཐམས་ཅད་པའམ་དྲི་ཟར་སྤྲུལ་པ་དང་། གཉིས་པ་བྱ་ལ་སོགས་པར་སྟོན་པ་དང་། གསུམ་པ་ཤཱཀྱ་ཐུབ་པ་ལྟ་བུའམ། བཞི་པ་མྱང་འདས་ཏེ་བཞིའམ། ཆོས་ཀྱི་བཤེས་གཉེན་གྱིས་རྣམ་པར་སྨིན་པ་ཡིན་མིན་གཉིས་སོ། །ཞེས་གསུངས་སོ། །དེ་ལྟར་བྱང་སེམས་དུ་མ་སངས་རྒྱས་པ་རྣམས་གཅིག་ཀྱང་མིན་ལ་མང་པོའང་མིན་ཞིང་གཅིག་དང་ཐ་དད་གང་དུའང་མ་གྲུབ་སྟེ། རྒྱན་ལས། ཟག་མེད་དབྱིངས་ནས་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང་། །སྔོན་གྱི་ལུས་རྗེས་འབྲངས་པའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་དང་། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོགས་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའང་མིན། །ཞེས་སོ། །
ཐུབ་པའི་མཛད་པ་ཁྱད་པར་དུ་བཤད་པ།
གཉིས་པ་ནི། ཐུབ་པ་ལ་མཛད་པ་བསམ་གྱིས་མི་ཁྱབ་ཀྱང་གྲངས་ལ་དགའ་བ་རྗེས་སུ་བཟུང་བ་དང་གཙོ་བོ་ཉེ་བར་བཟུང་ནས། མཁས་པ་རྣམས་ཀྱིས་མཛད་པ་བཅུ་གཉིས་སུ་ཐ་སྙད་མཛད་དེ། པད་མའི་ངང་ཚུལ་གྱིས། སངས་རྒྱས་ཀྱི་སྐུའམ། མཛད་པ་བཅུ་གཉིས་ལ་སོགས་པ་བསམ་ལ་བྱིང་བ་ཞི་བར་བྱའོ་ཞེས་དང་། ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་། དགའ་ལྡན་གྱི་གནས་ནས་བབས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱིས་གདུལ་བྱ་སྨིན་པར་མཛད་པ་ཞེས་བཤད་པ་ཡིན་ནོ། །དེ་ལའང་རིན་ཆེན་ཕྲེང་བར། སྙིང་རྗེའི་དབང་དུ་གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་པ་དང་། །ཁབ་ནས་འབྱུང་དང་དཀའ་སྤྱོད་དང་། །བྱང་ཆུབ་ཆེད་དུ་བདུད་སྡེ་འཇོམས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ལྷ་རྣམས་ཀུན་ནས་བབས་པ་དང་། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། ཞེས་པ་ལ་སོགས་པ་ལྷ་ལས་བབས་པའི་མཛད་པ་ཞེས་གཅིག་ཏུ་བགྲང་སྟེ། དེའང་རྒྱ་གར་གྱི་གྲོང་ཁྱེར་སྒྲ་ཅན་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོར། བཅོམ་ལྡན་འདས་ཀྱིས། སུམ་ཅུ་རྩ་གསུམ་དུ་ཡུམ་འདུལ་བ་ལ་བྱོན་ནས། དེ་ནས་མར་ལམ། བཻ་ཌཱུཪྻའི་སྐས་ལ་བྱོན་པ་ལ། ལྷ་ལས་བབས་པ་ཞེས་ཟེར་རོ། །ཐབས་ལ་མཁས་པ་ཞེས་པ་ལ་སོགས་པའི་མདོ་ལས། དམ་པའི་ཆོས་ནུབ་པ་ལ་མཁས་པ་ཞེས་ཆོས་ནུབ་པའང་མཛད་པ་གཅིག་ཏུ་གསུངས་ཏེ། ཆོས་དོན་དུ་མི་འགྱུར་བ་ན་ནུབ་པར་བསྟན་ནས། སེམས་ཅན་ལ་ཆོས་སྤོང་གི་ལས་མི་འབྱུང་བར་བྱ་བའི་ཕྱིར་ཡིན་ཏེ། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། ཞེས་སོ། །
ཁ་ཅིག་ན་རེ། དགའ་ལྡན་ནས་འཕོ་བ་ཞེས་གཅིག་ཏུ་བྱེད་པ་ལ་གཞན་དག་ན་རེ། དེ་མི་རིགས་ཏེ། མདོ་སྡེ་རྒྱན་གྱི་འགྲེལ་པར་ཡང་། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས། ཞེས་པ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་པར་ཡང་། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་། ཞེས་པ་དང་། རྒྱུད་བླར། སྐྱེ་བ་མངོན་པར་སྐྱེ་བ་དང་། ཞེས་དགའ་ལྡན་ན་གནས་པ་མཛད་པའི་ཐོག་མར་བཤད་པས་སོ། །ཞེས་གསུངས་སོ། །འོན་ཀྱང་དགོངས་པ་ངེས་འགྲེལ་གྱི་འགྲེལ་ཆེན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པའི་སྐུས་དང་པོ་དགའ་ལྡན་གྱི་གནས་ནས་བབས་པ་ནས། ཐ་མ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་གྱི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལ་སོགས་པ་ཅིག་ཅར་སྟོན། ཞེས་པ་དང་མཐུན་པར་སྣང་ངོ་། །
འོ་ན་མཛད་པ་འདི་དག་སངས་རྒྱས་སམ་བྱང་སེམས་གང་གི་མཛད་པ་ཡིན་ཞེ་ན། མདོ་ཡབ་སྲས་མཇལ་བར། ཐུབ་པའི་དབང་པོ་འདི་སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ཤིང་། ད་དུང་སངས་རྒྱ་བ་དང་བྱང་ཆུབ་སེམས་དཔའི་ཚུལ་གྱིས་གཞན་དོན་བྱེད་པས་སྤྲུལ་པར་བཤད་དེ། ཇི་སྐད་དུ། བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་བསལ། །བྱང་ཆུབ་མཆོག་ཏུ་ཐུགས་ཀྱང་འཇུག །སྟོང་གསུམ་དྲུག་ཅུ་རྩ་གཅིག་གི། སངས་རྒྱས་ཞིང་རྣམས་དག་གྱུར་པས། །ཇི་ལྟར་ཐུབ་པ་ཐབས་མཁས་པས། །རྒྱལ་བ་ཁྱོད་ནི་ཀུན་གྱིས་འཚལ། །ད་དུང་དང་པོ་ཐུགས་བསྐྱེད་པར། །དེ་དང་དེར་ནི་ཡོངས་བསྟན་ཏེ། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་སོ། །དམ་པའི་ཆོས་པད་མ་དཀར་པོ་ལས་ཀྱང་། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་སྔར་དུ་སངས་རྒྱས་པར་གསུངས་སོ། །དེ་མཉམ་པ་ཉིད་ལ་དགོངས་པ་ཡིན་དུ་ཆུག་ནའང་། གྲུབ་མཐའི་འདོད་ཚུལ་གསུམ་ལས། ཉན་ཐོས་ཀྱི་ལུགས་གོང་དུ་བསྟན་ཅིང་།
མཛད་པ་བཅུ་གཉིས།
ཐེག་ཆེན་གྱི་ལུགས་ཀྱིས་སངས་རྒྱས་རྣམས་འོག་མིན་དུ་སངས་རྒྱས་ནས་འདོད་ཁམས་སུ་མཛད་པ་བཅུ་གཉིས་སྟོན་པར་གསུངས་ཏེ། ལང་ཀར་གཤེགས་པར། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་པ་དང་། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་དང་། རྒྱུད་བླ་མར་ཡང་། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་ནས་ནི་འཕོ་བ་དང་། ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སྤྲུལ་སྐུར་བཤད་པ་དང་། རྣམ་བཤད་རིགས་པར་ཡང་། བྲམ་ཟེའི་ཁྱེའུ་བླ་མ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་འདས་པ་ཆེན་པོའི་བར་དུ་སྤྲུལ་པ་ཙམ་ཞིག་ཡིན་པར་བསྟན་པ་དེ་ལ་དགོས་པ་ཅི་ཡོད་ཅེ་ན། ཞེས་པའི་འགྲེལ་པར། བཅོམ་ལྡན་འདས་འོད་སྲུངས་ཀྱི་དུས་ན་བྲམ་ཟེའི་ཁྱེའུ་བླ་མ་ཚངས་པར་སྤྱོད་པ་ལ་གནས་པ་སྤྲུལ་པ་ཡིན་པར་བསྟན་ནོ། །དེ་ནས་དགའ་ལྡན་དུ་ཏོག་དཀར་པོར་སྐྱེས་པ་དང་། དེ་ནས་ཟས་གཙང་གི་སྲས་དོན་ཐམས་ཅད་གྲུབ་པར་བསྟན་པ་དང་། ཁབ་ན་བཞུགས་པ་དང་། ཁབ་ནས་ངེས་པར་བྱུང་ནས་རིང་འཕུར་ལ་སོགས་པ་ལ་བྱང་ཆུབ་ཀྱི་ལམ་ཚོལ་བ་ལ་ཞུགས་པ་དང་། རིམ་གྱིས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ནས་རིམ་གྱིས་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ། སྤྲུལ་པ་ཙམ་ཞིག་ཡིན་པར་བསྟན་ནོ། །ཞེས་འབྱུང་ཞིང་། ངག་གི་དབང་ཕྱུག་གྲགས་པས་ཀྱང་། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང་། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་གང་། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །ཅེས་པ་ལ་སོགས་པ་མང་པོའི་བཞེད་པས། ཚོགས་རྫོགས་ནས་ས་བཅུ་པའི་སྲིད་པ་ཐ་མ་པའི་རྟེན་ལ་འོག་མིན་དུ་སངས་རྒྱས་ནས། གདོད་འདོད་ཁམས་སུ་མཛད་པ་བཅུ་གཉིས་སྟོན་པས། ཐམས་ཅད་སངས་རྒྱས་ཀྱི་མཛད་པར་འཆད་དོ། །ཤཱཀྱ་བཤེས་གཉེན་ལ་སོགས་པ་གསང་བ་འདུས་པའི་ལུགས་ཀྱིས། དཀའ་བ་སྤྱོད་པའི་དུས་སུ་རྣམ་སྨིན་གྱི་ལུས་ཆུ་བོ་ནེ་རན་ཛཱ་ན་རའི་འགྲམ་དུ་བཞག་ནས། ཡེ་ཤེས་ཀྱི་ལུས་འོག་མིན་དུ་ཕྱིན་ནས། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས། སླར་ཡེ་ཤེས་དཀའ་བ་སྤྱོད་པའི་ལུས་ལ་ཞུགས་ཏེ། བྱང་ཆུབ་སྙིང་པོར་གཤེགས་པ་ལ་སོགས་པ་མཛད་པས། དཀའ་བ་སྤྱོད་པ་མན་ཆད་བྱང་སེམས། ཡན་ཆད་སངས་རྒྱས་སུ་འདོད་ལ། ལོ་ཙྪ་བ་ཆེན་པོ་སྤྲུལ་པའི་སྐུ་རིན་ཆེན་བཟང་པོས་ཀྱང་། སྔགས་ལོག་སུན་འབྱིན་དུ་དེ་ལྟར་བཤད་དོ། །དབུ་མ་པ་ཆོས་ཀྱི་བཤེས་གཉེན་ན་རེ། འོག་མིན་དུ་སངས་རྒྱས་ནས་འདིར་མཛད་པ་སྟོན་པ་ཐུབ་པ་འདི་ལྟ་བུ་དང་། འདོད་ཁམས་ཉིད་དུ་མཛད་པ་བཅུ་གཉིས་སྟོན་ཅིང་། སངས་རྒྱས་མངོན་དུ་བྱེད་པ་གཉིས་ཡོད་གསུང་ངོ་། །ཐེག་པ་ཐུན་མོང་བའི་ལུགས་ཀྱིས་མངོན་པ་ཀུན་ལས་བཏུས་སུ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་གང་ཞེ་ན། གང་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྤྱོད་པ་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ། ཞེས་པའི་འགྲེལ་པར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཅེས་བྱ་བ་ནི། དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། བདུད་ལས་རྒྱལ་བའི་བར་དུའོ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུའོ། །ཞེས་སྒྲ་ཇི་བཞིན་པར་འཆད་དོ། །འདིར་རྒྱུད་བླའི་ཚིགས་བཅད་བཞིན་དུ་བཤད་པར་བྱ་སྟེ། བྲམ་ཟེའི་ཁྱེའུ་བླ་མ་དེ་ཚེ་འཕོས་ནས་དགའ་ལྡན་དུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏེ། ལྷ་རྣམས་ལ་ཆོས་སྟོན་ཏོ། །དེའི་ཚེ་ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང་། སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ལྷའི་རོལ་མོའི་སྒྲ་དག་ལས། བསོད་ནམས་རྒྱ་ཆེ་ཚོགས་མངའ་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །སྐྱེས་མཆོག་ཁྱེད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། །ཐུགས་རྗེའི་རྒྱལ་མཚན་དག་ཏུ་ཆར་བ་ཕོབ། །ཅེས་པ་ནས། འདི་ནི་དུས་ལགས་བཏང་སྙོམས་མ་མཛད་ཅེས། །སྙིང་རྗེའི་ཡིད་དང་ལྡན་པས་སྐུལ་བར་བྱེད། །ཅེས་པ་ལ་སོགས་པས་བསྐུལ་ལོ། །དེའི་ཚེ་གནས་གཙང་མའི་ལྷའི་བུ་རྣམས་བྱང་ཆུབ་སེམས་དཔའ་མངལ་དུ་འཇུག་པའི་ལོ་བཅུ་གཉིས་ཀྱི་གོང་ནས་བྲམ་ཟེར་སྤྲུལ་ཏེ། འོག་ནས་འཆད་པའི་རྣམ་པས་མངལ་དུ་ཞུགས་པར་གྱུར་ན། མཚན་དཔེ་དང་ལྡན་ཏེ་འཁོར་ལོས་བསྒྱུར་རྒྱལ་ལམ། སངས་རྒྱས་སུ་འགྱུར་རོ་ཞེས་འདོན་དུ་འཇུག་ཅིང་། རང་སངས་རྒྱས་རྣམས་ལ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ལྷུམས་སུ་འཇུག་གིས། ཞིང་འདི་བོར་ཅིག་ཅེས་ཟེར་ཞིང་དེ་རྒྱལ་པོའི་ཁབ་ཀྱི་མཇུག་མ་བསྒྱུར་བའི་རི་ལ་རང་རྒྱལ་གླང་པོ་ཞེས་པས་ཐོས་ཏེ། རྡོ་ལ་རྐང་རྗེས་བཞག་སྟེ་འདས་སོ། །ཝཱ་ར་ཎ་སིར་རང་རྒྱལ་ལྔ་བརྒྱ་མེའི་ཁམས་ལ་ཞུགས་ཏེ་འདས་ནས་རིང་བསྲེལ་ལྷུང་བས་དྲང་སྲོང་ལྷུང་བར་གྲགས་སོ། །དེ་ནས་བསྐུལ་བའི་དོན་རྗེས་སུ་དགོངས་ཏེ། དུས་ཚེ་ལོ་བརྒྱ་པ་དང་། གླིང་འཛམ་བུའི་གླིང་དང་། ཡུལ་དབུས་དང་། རིགས་རྒྱལ་རིགས་ཏེ་བཞི་ལ་གཟིགས་པའམ། ལུང་ལྟར་ན། རིགས་དང་། དུས་དང་། ཡུལ་དང་། རུས་དང་། བུད་མེད་ལ་གཟིགས་པ་དང་ལྔས། འཇིག་རྟེན་ལ་གཟིགས་ཏེ་མིའི་ཡུལ་དུ་གཤེགས་པར་རྩོམ་པ་ན། ལྷ་རྣམས་ལ་གྲོགས་པོ་དག་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་པོ་འདི་དག་ནི། རྒྱལ་སྲས་འཆི་འཕོ་བའི་ཚེ་བསྟན་པར་བྱའོ། །གྲོགས་པོ་དག །དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ། །དང་བ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་རྙོག་མ་ཅན་དང་བར་འགྱུར་བའི་ཕྱིར་རོ། །ཞེས་པ་ནས། དབང་བསྐུར་བའི་ས་ནི་ཆོས་སྣང་བའི་སྒོ་སྟེ། མངལ་དུ་འཇུག་པ་ནས་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་དུ་འགྱུར་རོ། །ཞེས་པའི་བར་དུ་གསུངས་ནས། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོའི་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲས་པ་ནི། །གྲོགས་དག་བག་མེད་སྤྱོད་པ་སྤང་བར་གྱིས། །ཞེས་པ་ལ་སོགས་པ་གསུངས་ཤིང་རིན་པོ་ཆེའི་ཅོད་པན་མ་ཕམ་པའི་དབུ་ལ་བཅིངས་ནས་གྲོགས་པོ་དག །ཁོ་བོ་ནི་འཛམ་བུའི་གླིང་དུ་འཚང་རྒྱར་འགྲོ་སྟེ། ཁྱེད་ལ་མ་ཕམ་པས་ཆོས་སྟོན་ཏོ། །ཞེས་གསུངས་པས་ལྷ་རྣམས་མི་དགའ་བར་གྱུར་ནས། སྐྱེས་བུ་དམ་པ་ཁྱེད་ནི་མི་བཞུགས་ན། །དགའ་ལྡན་གནས་འདི་མཛེས་པར་མི་འགྱུར་རོ། །ཞེས་ཟེར་ཞིང་། བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་དེ་ནི་དིང་སང་འོད་སྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལྭ་བ་ཅན་དང་། ཀ་ཏྱ་འི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་སྟེ། རྟོག་གེ་པ་དྲུག་དང་། བྲམ་ཟེ་རྒྱུས་རྒྱལ་དང་། བྲམ་ཟེ་རྣས་རྡེག་དང་། བྲམ་ཟེ་བཟང་ལྡན་དང་། བྲམ་ཟེ་ཚངས་པའི་ཚེ་དང་། བྲམ་ཟེ་པདྨའི་སྙིང་པོ་དང་། བྲམ་ཟེ་དམར་པོ་སྟེ་རྗེས་སུ་སྒྲོགས་པ་དྲུག་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། ཀུན་ཏུ་རྒྱུ་རབ་བཟང་དང་། བྲམ་ཟེའི་ཁྱེའུ་ཀུན་རྒྱལ་དང་། དྲང་སྲོང་ཉོན་མོངས་མེད་དང་། སྟེང་རྒྱས་འོད་སྲུངས་རལ་བ་ཅན་ཏེ་སྙོམས་འཇུག་པ་དྲུག་སྟེ། སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱིས་མ་རུངས་པར་བགྱིས་པས། གཤེགས་པའི་སྐབས་མ་ལགས་སོ། །ཞེས་གསོལ་བས། དུང་གི་སྒྲ་དང་རོལ་མོའི་སྒྲ་གཞན་མི་འདྲེ་བ་དང་། ཉི་མའི་འོད་ཀྱིས་འོད་གཞན་ལྟར། དེ་དག་གི་ཆོས་དང་མི་འདྲེ་ཞིང་། དེ་དག་ང་ཉིད་ཀྱིས་ཟིལ་གྱིས་མནན་ནུས་སོ། །སེང་གེ་གཅིག་གིས་གཅན་གཟན་ཚོགས་རྣམས་དུ་མ་རྣམ་པར་སྐྲག །རྡོ་རྗེ་གཅིག་གིས་བྲག་གི་རྩེ་མོ་དུ་མ་རྣམ་པར་འཇིག །བརྒྱ་བྱིན་གཅིག་གིས་ལྷ་མ་ཡིན་དཔུང་དུ་མ་རྣམ་པར་འཇོམས། །ཉི་མ་གཅིག་གིས་མུན་པའི་ཚོགས་རྣམས་དུ་མ་རྣམ་པར་སེལ། །ཞེས་གསུངས་ནས། ཁོ་བོ་ཇི་ལྟ་བུའི་གཟུགས་ཀྱིས་འགྲོ་བར་བྱ། ཞེས་དྲིས་པས། ལ་ལ་ཚངས་པའི་གཟུགས་ཀྱིས། ལ་ལ་བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱིས། རིགས་སོ་ཟེར་ཡང་། ལྷའི་བུ་གཟི་བརྗིད་དམ་པ་ན་རེ། རིག་བྱེད་ནས་འབྱུང་བ་བཞིན་གླང་པོ་ཆེའི་གཟུགས་ཀྱིས་རིགས་སོ། །ཟེར་ནས། བྱང་ཆུབ་སེམས་དཔའ་ཆས་པ་དང་། རྒྱལ་པོ་ཟས་གཙང་གི་ཁྱིམ་དུ་ལྟས་བཅོ་བརྒྱད་བྱུང་ངོ་། །དེ་ནས་དགུན་འདས་ཏེ། དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ། སྐར་མ་རྒྱལ་གྱི་དུས་སུ། ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་བར། གླང་པོ་ཆེའི་རྣམ་པས་ལྷུམས་སུ་ཞུགས་ཏེ། གསེར་གྱི་དྲ་བས་ལེགས་གཡོགས་སྤྱི་གཙུག་དམར། །ཐལ་ཀར་མཆེ་བ་དྲུག་དང་རབ་ལྡན་ཞིང་། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །སྔོན་ཆད་མཐོང་ཐོས་མྱོང་བར་མ་གྱུར་པའི། །གྱ་ནོམ་བདེ་བས་ཤིན་ཏུ་བདེར་གྱུར་ཏེ། །བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར། །ཅེས་སོ། །རྨི་ལྟས་དེ་བྲམ་ཟེ་རྣམས་ལ་དྲིས་པས། སྲས་ཁྱད་པར་ཅན་ཞིག་འབྱུང་སྟེ། ཁབ་ཏུ་བཞུགས་ན་འཁོར་ལོས་སྒྱུར་རྒྱལ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ནོ། །དེ་ནས་ཡུམ་གྱི་ལྷུམས་རྒྱལ་སྲས་ཀྱི་ཉེ་བར་སྤྱད་པ་རིན་པོ་ཆེ་བཀོད་པ་ཞེས་པར་བྱིན་གྱིས་བརླབས་ནས། ཟླ་བ་བཅུར་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱད་ནས། ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སྨིན་པར་བྱས་སོ། །དེ་ནས་མེ་ཏོག་ཁ་འབུས་ཤིང་རྒྱས་པར་གྱུར་པ་ལ་སོགས་པ་ལྟས་སུམ་ཅུ་རྩ་གཉིས་བྱུང་བ་དང་། ལུམྦི་ནིའི་ཚལ་དུ་ཡུམ་གྱི་ཕྱག་ཤིང་པླཀྵ་ལ་འཇུས་ཏེ། ཡུམ་གྱི་གློ་གཡས་པ་ནས་ཡུམ་ལ་གནོད་པ་མེད་པར་ན་བཟའ་དང་བཅས་ནས་བལྟམས་པ་ན། ལྷས་མེ་ཏོག་གཏོར། ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱིས་བླངས། དགའ་བོ་ཉེར་དགའ་གཉིས་ཀྱིས་སྐུ་ཁྲུས་གསོལ་བ་དང་། ཀཽ་ཤི་ཀ་ང་ཐོང་གསུང་སྟེ། ཤར་དུ་དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ། །ལྷོར་ལྷ་མི་རྣམས་ཀྱི་སྦྱིན་གནས་སུ་འགྱུར་བར་བྱའོ། །ནུབ་ཏུ་ང་ནི་འཇིག་རྟེན་འདི་ན་ཕུལ་དུ་ཕྱིན་པའོ། །འདི་ནི་ངའི་སྐྱེ་བའི་ཐ་མ་སྟེ། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་མཐར་དབྱུང་ངོ་། །བྱང་དུ་སེམས་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པར་བྱའོ། །འོག་ཏུ་བདུད་དང་བདུད་ཀྱི་སྡེ་གཞོམ་པར་བྱའོ། །སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་མེ་གསོད་པའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་ཕབ་སྟེ། དེ་དག་བདེ་བས་ཚིམ་པར་བྱའོ། །སྟེང་དུ་སེམས་ཅན་ཐམས་ཅད་ཀྱིས་གྱེན་དུ་ལྟ་བར་འགྱུར་བར་བྱའོ་ཞེས་གསུངས་ཏེ། གོམ་པ་བདུན་བདུན་བོར་བ་དང་པདྨ་བྱུང་ངོ་། །དེའི་ཚེ་བཀྲ་ཤིས་པའི་ལྟས་ཕྱོགས་ཐམས་ཅད་སྣང་བས་གང་བ་དང་། ཡུལ་ཆེན་པོ་བཞིར་རྒྱལ་ཕྲན་བཞི་བཙས། ཡ་རབས་ཀྱི་རིགས་ལྔ་བརྒྱ། གྲགས་ལྡན་མ་ལ་སོགས་པ་བརྒྱད་བརྒྱ། འདུན་པ་ལ་སོགས་པ་བྲན་ལྔ་བརྒྱ། སྔགས་ལྡན་ལ་སོགས་རྟེའུ་ཁྲི། རྟེའུ་མོ་ཁྲི་དང་། བ་ལང་ཁྲི་ཡང་བཙས། གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས། སྐྱེད་ཚལ་ལྔ་བརྒྱ་དང་། གཏེར་ཁ་ལྔ་བརྒྱ་ཡང་བྱུང་སྟེ། རྒྱལ་བུ་དོན་ཐམས་ཅད་གྲུབ་པར་བཏགས་སོ། །དེ་ནས་རིགས་ཀྱི་ལྷ་མཆོད་པའི་སར་ཕྱིན་ཏེ། ཤཱཀྱ་མུ་ཅོར་སྨྲ་བ་རྣམས་ཐུབ་པ་བཞིན་འདུག་པས། ཤཱཀྱ་ཐུབ་པར་བཏགས། ཤཱཀྱ་འཕེལ་གྱིས་ཕྱག་བཙལ་བའམ། ལྷ་རྣམས་ཀྱིས་ཕྱག་བཙལ་བས་ལྷའི་ལྷར་བཏགས་སོ། །ཞག་བདུན་ནས་ཡུམ་ཚེའི་དུས་བྱས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །དེ་བྱང་ཆུབ་སེམས་དཔས་ནོངས་པ་མིན་གྱི། སྲས་མངོན་པར་འབྱུང་བ་གཟིགས་ན། ཡུམ་སྙིང་འགས་པར་འགྱུར་བས་ཚེ་ཚད་མཐར་ཐུག་པའི་ཕྱིར་རོ། །མདོ་གཞན་ནས་རི་བོ་ཀུན་འཛིན་ལ་གནས་པའི་དྲང་སྲོང་ཉོན་མོངས་མེད་ཀྱི་ཚ་བོ་མེས་བྱིན་གྱི་བུས་ཤེས་ཏེ། མཁན་པོ་འདིར་ནི་ཉི་མ་ཐམས་ཅད་དག །ཅིག་ཅར་བྱུང་བར་གྱུར་ཏམ་ཅི། །འདི་ལྟར་རི་ནི་ཕུག་བཅས་པ། །འོད་གཅིག་གིས་ནི་གསལ་བར་གྱུར། །ཞེས་དྲིས་པས། ལན་དུ། ཉི་མའི་འོད་ནི་རྒྱུན་དུ་རྣོ། །བུ་གཅིག་སྣང་བའི་འོད་འདི་དག །ཡན་ལག་རེག་ན་འོད་བསིལ་བས། །ངེས་པར་ཐུབ་པ་དེ་ཡི་འོད་ཅེས་སོ། །དེ་ནས་ཉོན་མོངས་མེད་སེར་སྐྱར་ཞུགས་ཏེ། །རྒྱལ་ཆེན་བདག་ཅག་འདིར་མཆིས་པ། །ཁྱེད་ཀྱི་སྲས་ནི་མཐོང་བར་འཚལ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་དེ་ནི་བལྟ་བར་འཚལ། །ཞེས་པ་དང་། མནལ་དུ་སོང་བ་ནའང་། སྤྱན་གཟིགས་པས་སྨྲས་པ། རིགས་དང་ལྡན་པའི་རྟ་རྣམས་ནི། །མཚན་མོའི་བཞི་ཆ་ཉལ་བ་ལྟར། །དགོས་པ་དོན་གཉེར་རྣམས་ཀྱི་གཉིད། །མིག་ལ་ཡུན་རིང་མི་གནས་སོ། །ཞེས་སོ། །མཚན་མཁན་དག་འཁོར་ལོས་བསྒྱུར་བར་ལུང་སྟོན་ན་ཅིར་འགྱུར། །ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་སུ་འཁོར་ལོས་བསྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་བརྒལ་སངས་རྒྱས་ཉིད་དུ་འགྱུར། ཞེས་སོ། །གཞོན་ནུ་སྐྱེ་དགུའི་བདག་མོ་ལ་གཏད་དེ། པང་ན་འཚོ་བའི་མ་མ་བརྒྱད། ནུ་མ་བསྣུན་པ་བརྒྱད། རྩེན་བའི་མ་མ་བརྒྱད། དྲི་མ་འཕྱི་བ་བརྒྱད་དེ། སོ་གཉིས་ལ་གཏད་དེ་བསྐྱེད་བསྲིངས་སོ། །དེ་ལྟ་བུའི་ཆོ་འཕྲུལ་དེ་རི་བོ་གངས་ཅན་ན་གནས་པ་དྲང་སྲོང་ནག་པོ་ཞེས་པ་མངོན་ཤེས་ལྔ་དང་ལྡན་པ་ཞིག་གིས་ཚོར་ནས། སྣག་ཚ་མེས་བྱིན་དང་བཅས་པས་རྫུ་འཕྲུལ་གྱིས་སེར་སྐྱའི་གྲོང་ཁྱེར་དུ་ཕྱིན་ཏེ། དེའི་མཚན་བལྟས་པས། དེ་ཅིར་འགྱུར་བ་ཤེས་ཏེ། ངོ་མཚར་དང་མྱ་ངན་སྐྱེས་ནས་དེའི་ཞབས་ལ་ཕྱག་འཚལ་ཞིང་། སྐོར་བ་བྱས་ནས་གདོང་མཆི་མ་དང་བཅས་ཏེ་ལུང་བསྟན་པ། བཙས་གྱུར་གཞོན་ནུ་འདི་ཡི་མཚན་ལྟས་ནི། །སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པར་མཐོང་། །འདི་ནི་གཉིས་སུ་འགྱུར་གྱི་གཞན་དུ་མིན། །ཁྱིམ་ན་གནས་ན་འཁོར་ལོས་བསྒྱུར་རྒྱལ་ལམ། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན། །འདྲེན་པ་གཞན་གྱི་དྲིང་ལ་མི་འཇོག་པར། །འཇིག་རྟེན་འདིར་ནི་མངོན་རྫོགས་བྱང་ཆུབ་འགྱུར། །གསང་བའི་གནས་མཆོག་སྦུབས་སུ་ནུབ་པ་དང་། །སྤྱི་གཙུག་འགྲོ་བ་ཀུན་གྱིས་མི་མཐོང་བས། །ཁབ་ཏུ་ཡང་ནི་བཞུགས་པར་མི་འགྱུར་ཞིང་། །ཞེས་ལུང་ཡང་བསྟན། ཞེས་སོ། །འོ་ན་ཁྱོད་ངུ་བའི་རྒྱུ་ཅི། ལྷ། བདག་ནི་ཆོས་མཛོད་སྐྱེས་བུ་མཆོག་འདི་དང་། །ཕྲད་ནས་དོན་མ་གྲུབ་པར་འཆི་འགྱུར་ཏེ། །ཞི་བ་མ་ཐོབ་རང་གི་ཉེས་མཐོང་ནས། །ཡིད་ལ་གདུང་བ་སྐྱེས་ནས་ངུ་བ་ཡིན། ཞེས་སོ། །དེ་ནས་རང་གི་གནས་སུ་སོང་ངོ་། །དེ་ནས་ཡར་སྐྱེས་ནས་ཤཱཀྱའི་ཁྱེའུ་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ། ཡི་གེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱི་གྲྭར་བྱོན་ཏོ། །ཀྱེ་སློབ་དཔོན་ཚངས་པའི་ཡི་གེ་ལ་སོགས་པ་དྲུག་ཅུ་རྩ་བཞི་ལས། བདག་གང་ལ་བསླབ། སློབ་དཔོན་ངོ་མཚར་ཏེ། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ནི་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་སྨྲས་སོ། །དེ་ནས་གཞོན་ནུ་ནགས་རྒྱུར་སོང་ཞིང་། འཛམ་བུའི་གྲིབ་མ་ལ་བསམ་གཏན་དང་པོ་ནས་བཞི་པའི་བར་ལ་མཉམ་པར་བཞག་པས་ཕྱི་རོལ་པའི་དྲང་སྲོང་རྫུ་འཕྲུལ་ཅན་ལྔས་ནམ་མཁའ་ལ་འགྲོ་མ་ནུས་པར། ཕྱག་དང་བསྐོར་བ་བྱས་སོ། །དེའི་ཚེ་ཤིང་གཞན་གྱི་གྲིབ་མ་འཕོས་ཀྱང་། དེའི་མ་འཕོས་པས་ཡབ་ངོ་མཚར་ཏེ། ཐུབ་པ་གང་ཚེ་བལྟམས་པ་དང་། །གང་ཚེ་འོད་ལྡན་བསམ་གཏན་མཛད། །འདྲེན་པ་འདི་ལྟར་ལན་གཉིས་སུ། །མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་སོ། །དེ་ནས་ཤཱཀྱ་རྒན་རབས་དག་གིས་རྒྱལ་པོ་ལ། ལྷ། ལྟས་མཁན་དག་གཞོན་ནུ་འདིས་ཁབ་བཞེས་ན། འཁོར་ལོས་བསྒྱུར་བར་འགྱུར་རོ་ཞེས་ལུང་སྟོན་ན། བཙུན་མོ་བླང་བར་བགྱིའོ། །རྒྱལ་པོས་གཞོན་ནུའི་ཚུལ་དང་མཐུན་པའི་བུ་མོ་གང་ཡོད་ལྟོས་ཤིག །དེ་ནས་ཤཱཀྱ་ལྔ་བརྒྱ་ཙམ་ངེད་ཀྱི་བུ་མོ་མཐུན་ནོ་ཟེར་རོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཉིད་ལ་དྲིས་ཤིག་ཟེར་ནས་དྲིས་པས། དགུང་བདུན་ན་ལན་བྱའོ་གསུང་སྟེ། བསམ་པས། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག །འཐབ་མོ་མཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །ཡང་དེས་བརྟགས་ནས། ཐབས་མཁས་པ་དང་སྙིང་རྗེས། འདམ་དང་ལྕག་ལྕིག་ཁྲོད་ན་པདྨ་རྣམ་པར་འཕེལ། །མི་རྣམས་གང་བའི་ནང་ན་རྒྱལ་པོ་མཆོད་པ་ཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །དེ་ཚེ་སེམས་ཅན་བྱ་བ་ཁྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །སྙམ་སྟེ། སྡེ་བུད་མེད་ཀྱི་ཡོན་ཏན་ཡི་གེ་ལ་བྲིས་ཏེ། འདི་འདྲ་བ་བདག་ལ་གསོལ། ཞེས་པ་དང་། རྒྱལ་པོས་མདུན་ན་འདོན་ལ་ཁྱོད་སོང་ལ། གང་ན་ཡོན་ཏན་འདི་དག་ཡོད་པའི་བུ་མོ་དེ་འོན་ཅིག །རྒྱལ་རིགས་བྲམ་ཟེའི་བུ་མོ་དང་། །རྗེའུ་རིགས་དམངས་རིགས་དེ་བཞིན་ཏེ། །སུ་ལ་ཡོན་ཏན་འདི་ཡོད་པའི། །བུ་མོ་དེ་ནི་འདིར་འོན་ཅིག །ང་ཡི་བུ་འདི་རིགས་དག་དང་། །རུས་དང་ངོ་མཚར་འཛིན་མ་ཡིན། །ཡོན་ཏན་བདེན་པ་ཆོས་ཀྱི་རྣམས། །དེ་ལ་འདི་ཡི་ཡིད་དགའ་འོ། །ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་དེས་ཡུལ་ཀུན་ཏུ་སོང་སོང་བས། ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་མཐོང་ནས། ཡི་གེ་དེ་བྱིན་པ་དང་། བཞིན་འཛུམ་སྟེ། བྲམ་ཟེ་ཡོན་ཏན་འདི་དག་བདག་ལ་ཀུན་ཚང་གིས། དེས་པའི་གཟུགས་ཅན་དེ་ནི་བདག་གི་ཁྱིམ་ཐབ་འོས། །གལ་ཏེ་གཞོན་ནུ་བཞེས་ན་ཕྱི་བཤོལ་མ་མཛད་གསུངས། །བརྒྱ་ལ་སྐྱེ་བོ་ཕལ་དང་བཞུགས་པར་གྱུར་ཀྱང་གདའ། །ཞེས་སྨྲས་སོ། །དེ་མདུན་ན་འདོན་གྱིས། རྒྱལ་པོ་ལ་གསོལ་པས། རྒྱལ་པོས། བུད་མེད་འདི་རྫུན་ཆེ་བས་ཡིད་མ་ཆེས་ཏེ། ཞག་བདུན་ན་བུ་མོ་ཐམས་ཅད་འདུན་ཁང་དུ་ཤོག་ཅིག །གཞོན་ནུས་ཡིད་དུ་འོང་བའི་ཡོ་བྱད་དག་སྦྱིན་ནོ། །ཞེས་སྨྲས་ཏེ། དགུང་བདུན་ནས་གཞོན་ནུས་འདུན་ཁང་དུ་སོང་བ་ལ། བུ་མོ་རྣམས་ཇི་ལྟར་འོངས་བཞིན་ཡོ་བྱད་དག་བྱིན་ཞིང་དེ་དག་གིས་ཀྱང་གཟི་བརྗིད་མ་བཟོད་པར་མྱུར་དུ་སོང་ངོ་། །དེ་ནས་ས་འཚོ་མ་འོངས་པ་དང་ཡོ་བྱད་ཟད་དེ་དེས་འཛུམ་དམུལ་ཏེ། བདག་གིས་ནོངས་པ་ཅི་བགྱིས་ནས། བདག་ལ་རྔན་སྡང་མཛད། གཞོན་ནུས། རྔན་སྡང་མིན་གྱི་ཁྱེད་འཕྱིས་པས་ལན་ནོ། །གསུངས་ནས་སོར་གདུབ་སྲང་བརྒྱ་སྟོང་རི་བ་དེ་བྱིན་ནོ། །དེ་ནས་དེ་སོང་བ་དང་བྱ་ར་བ་དག་གིས་རྒྱལ་པོ་ལ། གཞོན་ནུ་ས་འཚོ་མ་ལ་སྤྱན་ཆགས་ཏེ། བཀའ་མཆིད་ཀྱང་ཅུང་ཟད་བགྱིས་སོ། །ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་ཤཱཀྱ་ལག་ན་བེ་ཅོན་ཅན་ལ་ཁྱེད་ཀྱི་བུ་མོ་གཞོན་ནུ་ལ་བྱིན་ཅིག་ཅེས་ཕོ་ཉ་བཏང་བས། དེ་ན་རེ་གཞོན་ནུ་ཕོ་བྲང་ན་སྐྱིད་དེ་བར་འཁྲུངས་པས་སྒྱུ་རྩལ་མི་ཤེས་ན། བདག་གི་རིགས་ཆོས་ལ་བུ་མོ་སྒྱུ་རྩལ་ཤེས་པ་ལ་གཏོང་པ་ལགས་ན། སྒྱུ་རྩལ་མི་ཤེས་པ་ལ་ཇི་ལྟར་སྦྱིན། ཞེས་ཟེར་རོ། །དེ་བཟླས་པས། ང་ལ་འདིས་འདི་དང་ལན་གཉིས་སུ་ངོར་བལྟས་ཏེ་བརྙས་སོ་སྙམ་སྟེ་རྒྱལ་པོ་སེམས་ཤིང་འདུག་གོ། དེ་ནས་གཞོན་ནུས་དེ་ཐོས་ནས་རྒྱལ་པོ་ལ་ཅི་ནོངས། འདི་བཀའ་མི་སྩལ་དུ་མི་རུང་ངོ་། །ཞེས་སྨྲས་པས། རྒྱལ་པོས་དོན་དེ་བསྙད་དོ། །དེ་ནས་གཞོན་ནུས་སྒྱུ་རྩལ་གྱིས་འགྲན་པར་ཁས་བླངས་པས། རྒྱལ་པོ་མཉེས་ཏེ་སྒྱུ་རྩལ་འགྲན་པར་དྲིལ་བསྒྲགས་སོ། །དེ་ནས་ཞག་བདུན་ན་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་ཚོགས་ཏེ། ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། རལ་གྲིའི་ཐབས་དང་། འཕོང་དང་། གྱད་ཀྱི་འཛིན་སྟངས་རྒྱལ་བས་ཁྱེར་ཅིག །ཅེས་དམ་བཅས་སོ། །དེ་ནས་ཐོག་མར་ལྷ་སྦྱིན་འོངས་པ་དང་། གླང་པོ་ཆེ་ཁྲིད་པ་དང་ཕྲད་དེ། པ་ཕྲག་དོག་དང་ང་རྒྱལ་གྱིས་ཐལ་མོ་ལན་ཅིག་བསྣུན་ཏེ་བསད་དོ། །དེ་ནས་མཛེས་དགའ་བོས་གྲོང་ཁྱེར་གྱི་སྒོ་ནས་གུད་དུ་བོར་རོ། །དེ་ནས་བྱང་ཆུབ་སེམས་དཔས་རྐང་པའི་མཐེ་བོས་བླངས་ནས། ར་བ་བདུན། འོབས་བདུན་གྱི་ཕྱི་རྒྱང་གྲགས་གཅིག་ཙམ་དུ་འཕངས་ཏེ། གཤོང་ཆེན་པོར་གྱུར་ནས་གླང་པོའི་གཤོང་ཞེས་གྲགས་སོ། །དེ་ནས་སློབ་དཔོན་ཀུན་གྱི་བཤེས་གཉེན་དཔང་དུ་བཙུགས་ཏེ། ཡི་གེ་འགྲན་པས་བྱང་ཆུབ་སེམས་དཔའ་རྒྱལ་པོ། དེ་ནས་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་བརྩིས་པས། བྱང་ཆུབ་སེམས་དཔའ་རྒྱལ་ཏེ། སྲིད་སྒྲུབ་ཀྱིས་ཀྱང་མི་འཁྲུགས་པ་ཡན་ཆད་ལས་མ་ཤེས། བྱང་ཆུབ་སེམས་དཔས་སྙིང་པོ་མཆོག་གི་བར་ཤེས་སོ། །དེ་ནས་མཆོང་པ་དང་། རྐྱལ་དང་བང་ཡང་། བྱང་ཆུབ་སེམས་དཔའ་ལྷག་གོ། དེ་ནས་དགའ་བོ་ཀུན་དགའ་བོ་གཉིས་ཀྱིས་སྟོབས་བརྒལ་བའི་ཕྱིར། དྲུང་དུ་ཕྱིན་པས་དེའི་ལག་པ་རེག་མ་ཐག་འགྱེལ་ལོ། །དེ་ནས་ལྷས་སྦྱིན་གྱིས་ཕྱིན་པས་བྱང་ཆུབ་སེམས་དཔས་ཕྱག་གཡས་པས་བཏེག་སྟེ་ནམ་མཁའ་ལ་བསྐོར་ནས་ས་ལ་བོར་ཡང་ལུས་ལ་མི་གནོད་པར་བྱས་སོ། །དེ་ནས་ཤཱཀྱ་གཞོན་ནུ་ཐམས་ཅད་རུབ་པ་དང་། བྱང་ཆུབ་སེམས་དཔས་རེག་མ་ཐག་འགྱེལ་ལོ། །དེ་ནས་འཕོང་འགྲན་པར་བྱེད་དེ། ཀུན་དགའ་བོས་རྒྱང་གྲགས་གཉིས། ལྷ་སྦྱིན་གྱིས་རྒྱང་གྲགས་བཞི། མཛེས་དགའ་བོས་རྒྱང་གྲགས་དྲུག །བེ་ཅོན་ཅན་གྱིས་དཔག་ཚད་གཉིས་ཀྱི་ཕ་རོལ་དུ་ལྕགས་རྔ་རེ་འབེན་དུ་བཙུགས་པ་ལ་རང་རང་གི་ལ་ཕོག་གི། དེ་ཕན་ཆད་ལ་མ་ཕོག་གོ། བྱང་ཆུབ་སེམས་དཔས་རྒྱང་གྲངས་བཅུའི་ཕ་རོལ་དུ་ལྕགས་རྔ་གཅིག །དེའི་དྲུང་དུ་ཤིང་ཏ་ལ་བདུན་དངར། དེའི་ཕ་རོལ་དུ་ལྕགས་ཀྱི་ཕག་རྒོད་གཅིག་བཙུགས་ཏེ། ལྷ་ཁང་ནས་མེས་སེང་གེའི་ཟ་འགྲམ་གྱི་གནམ་རུ་བླངས་ཏེ། ཕྱེད་ཀྲུང་དུ་འདུག་པས་བདུངས་ཏེ། མདའ་འཕངས་པས། ལྕགས་རྔ་གཅིག་ཤིང་ཏ་ལ་བདུན། ཕག་རྒོད་རྣམས་ཕུག་སྟེ། ས་ལ་ཟུག་ནས་མི་སྣང་བར་གྱུར་ནས། ཁྲོན་པ་ལྟ་བུ་བྱུང་བས་མདའི་ཁྲོན་པ་ཞེས་གྲགས་སོ། །དེ་ནས་ལག་རྩིས་དང་། གླང་པོ་ཆེའི་གཉར་ཞོན་ནས། སྤོས་སྦྱོར་གྱི་བར། སྒྱུ་རྩལ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ལྷག་པར་གྱུར་པ་དང་། བེ་ཅོན་ཅན་གྱིས་བུ་མོ་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར། བུད་མེད་བརྒྱད་ཁྲི་བཞི་སྟོང་གི་མཆོག་ཏུ་ས་འཚོ་མ་དབང་བསྐུར་ཏེ། དེ་དག་དང་རྩེ་དགའ་ལ་ལོངས་སུ་སྤྱོད་དོ། །དེ་ནས་ལྷ་ཀླུ་ཁ་ཅིག་མ་ལ་སྐྱེས་བུ་དམ་པ་འདི་ནི་བཙུན་མོའི་འཁོར་དུ་ཡུན་རིང་དུ་བཞུགས་ན། སྣོད་དུ་གྱུར་པའི་སེམས་ཅན་རྣམས་མེད་པར་འགྱུར་ཞིང་། དེ་ནས་མངོན་པར་འབྱུང་བར་མི་འགྱུར་གྲང་སྙམ་ཞིང་། གུས་པ་དང་བཅས་པས་མངོན་པར་འབྱུང་ཞིང་སངས་རྒྱས་ནས་ཆོས་གསུང་སྙམ་ཞིང་འདུག་གོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སིལ་སྙན་གྱི་སྒྲ་ལས་སྐུལ་བའི་ཚིགས་སུ་བཅད་པ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་ལམ་དྲན་པར་བྱོས། །འདི་ནི་ཁྱོད་ཀྱི་དུས་དང་ཚོད་ཡིན་གྱིས། །དྲང་སྲོང་མཆོག་རབ་ཁྱིམ་ནས་འབྱུང་བར་བྱོས། ཞེས་སོགས་ཀྱིས་བསྐུལ་ཞིང་། བཙུན་མོ་རྣམས་ཀྱིས་རོལ་མོའི་སྒྲ་ལས་ཀྱང་། སྔོན་གྱི་སྐྱེས་རབས་དག་གླེང་ཏེ། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེ་རབ་འབར་འདི་ནི་མགོན་མེད་པ། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། ཞེས་སོགས་ནས། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། །གཏི་མུག་མ་རིག་མུན་པས་བསྒྲིབས་པ་ཡི། །འགྲོ་ལ་ཤེས་རབ་དམ་པ་འོད་བཟང་བ། །ཆོས་མིག་དྲི་མེད་ཉོན་མོངས་མེད་པ་བྱིན། ཞེས་པའི་སྒྲ་ཐོས་ནས་བྱང་ཆུབ་སེམས་དཔའ་ཡང་རྒྱགས་པའི་སེམས་སྤངས་ཏེ་བྱང་ཆུབ་ཏུ་སེམས་གཏད་དོ། །ལྷའི་བུ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་། འཆི་འཕོ་བ་ནི་ཤིན་ཏུ་བསྟན། །སྐྱེས་བུ་སེང་གེས་ཚེ་ཡང་བསྟན། །བཙུན་མོའི་འཁོར་ཡང་བསྟན་པ་མཛད། །ཁྱོད་ཀྱིས་འཇིག་རྟེན་རྗེས་མཐུན་མཛད། །འཇིག་རྟེན་ཆོས་ནི་རྗེས་ཐོབ་པས། །ལྷ་མི་མང་པོ་ཡོངས་སྨིན་མཛད། །མངོན་པར་འབྱུང་བའི་བློ་དགོངས་པའི། །དེ་ཡི་དུས་ལ་ད་དབབ་བོ། །ཞེས་སོགས་ནས། དབྱངས་སྙན་ཅིང་ནི་དབྱངས་འཇམ་པ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས། །ཡང་དག་དེ་བཞིན་མ་ནོར་བར། །རྒྱལ་བའི་སྒྲ་དབྱངས་བསྒྲག་ཏུ་གསོལ། །ཞེས་བསྐུལ་ལོ། །དེའི་ཚེ་རྒྱལ་པོའི་རྨི་ལམ་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རྨིས་ཏེ། ཉུག་རུམ་ལ་བྱང་ཆུབ་སེམས་དཔའ་འདུག་གམ་དྲིས་པས་འདུག་ཟེར་རོ། །དེ་ནས་རྒྱལ་པོས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་ལྟས་སོ་སྙམ་སྟེ། བྱང་ཆུབ་སེམས་དཔའ་ཆགས་པར་བྱ་བའི་ཕྱིར། དཔྱིད་བསིལ། དབྱར་རན། དགུན་དྲོ་བའི་ཁང་བཟང་གསུམ། རེ་རེའང་གྲུ་སྐས་མི་ལྔ་བརྒྱ་ལྔ་བརྒྱས་འཛུགས་ཤིང་འབེབས་པའི་ཚེ། གཞོན་ནུ་སུས་ཀྱང་མ་ཚོར་བར་མངོན་པར་འབྱུང་དུ་འོང་ངོ་། །ཞེས་པའི་སྒྲ་དཔག་ཚད་ཕྱེད་དུ་བྱུང་ངོ་། །ལྟས་མཁན་ཀུན་གྱིས་ཀྱང་བཀྲ་ཤིས་ཀྱི་ཆབ་སྒོ་ནས་མངོན་པར་འབྱུང་བར་འགྱུར་རོ། །ཞེས་བསྟན་ནོ། །དེ་ནས་རྒྱལ་པོས་སྒོ་འཕར་ཆེན་པོ་སྒྲ་དཔག་ཚད་ཕྱེད་དུ་གྲགས་པ་མི་ལྔ་བརྒྱ་ལྔ་བརྒྱས་འབྱེད་ཅིང་གཅོད་པ་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས། འདུན་པ་ལ་སྐྱེད་མོས་ཚལ་དུ་འགྲོ་བའི་ཤིང་རྟ་སྦྱོར་ཅིག །འདུན་པས་ཀྱང་རྒྱལ་པོ་ལ་དོན་དེ་གསོལ་ཏེ། རྒྱལ་པོས་གཞོན་ནུའི་ཡིད་དུ་མི་འོང་བ་མི་མཐོང་བར་བྱས་ཏེ། ཉམས་དགའ་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤར་སྒོ་ནས་འཐོན་པ་དང་། ཉིད་ཀྱི་མཐུས། ལྷས་སྤྲུལ་པའི་རྒས་པའི་སྡུག་བསྔལ་གྱིས་ཉེན་པ་གཟིགས་ཏེ། འདུན་པ་ལ། ཁ་ལོ་སྒྱུར་བ་མི་རིད་ཉམ་ཆུང་ཞིང་། །ཤ་ཁྲག་བསྐམ་ལ་རྒྱུས་ལྤགས་ཉི་ཚེས་དཀྲིས། །མགོ་དཀར་སོ་རྣལ་ལུས་ནི་རབ་བསྐེམ་ལ། འཁར་བ་བརྟེན་ཅིང་མི་བདེ་འཁྱོར་འགྲོ་སུ། །དེས་སྨྲས་པ། ལྷ་གཅིག་མི་འདི་རྒ་བས་ཟིལ་གྱིས་ནོན། །དབང་པོ་ཉམས་ཤིང་སྡུག་བསྔལ་བརྩོན་སྟོབས་ཉམས། གཉེན་གྱི་སྐྱེ་བོས་བརྙས་ཤིང་མགོན་མེད་གྱུར། །དོན་བགྱིད་མི་ནུས་ནགས་ཁྲོད་ཤིང་ལྟར་བོར། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ཡི་ཆོས་འདི་རིགས་ཀྱི་ཡིན་ནམ་འོན་ཏམ་ནི། །འགྲོ་བ་འདི་ཀུན་ལ་ཡང་འདི་སྲིད་དེ་སྨྲོས་ཤིག །ཚིག་འདི་ཡང་དག་ཇི་བཞིན་མྱུར་དུ་སྨྲོས་ཤིག་དང་། །ཐོས་ནས་དེ་བཞིན་དོན་ལ་འདིར་ནི་ཚུལ་བཞིན་བསམ། །དེས་སྨྲས་པ། ལྷ་འདི་རིགས་ཆོས་མ་ཡིན་ཡུལ་འཁོར་ཆོས་མ་ལགས། །སྐྱེ་བོ་ཀུན་གྱི་དར་ལ་བབ་པ་རྒ་བས་འཇོམས། །ཁྱོད་ཀྱི་ཡབ་དང་ཡུམ་དང་ཉེ་དུ་གཉེན་ཚོགས་ཀྱང་། །རྒ་ལས་མ་ཐར་འགྲོས་པའི་ཐབས་ནི་གཞན་མ་མཆིས། །བྱང་ཆུབ་སེམས་དཔས་སྨྲས་པ། ཁ་ལོ་བསྒྱུར་བ་བྱིས་པའི་སྐྱེ་བོ་མི་མཁས་པའི། །བློ་ངན་གཞོན་པས་རྒྱགས་ཤིང་མྱོས་པས་རྒས་མ་མཐོང་། །ང་ནི་སླར་འགྲོ་ང་ཡི་ཤིང་རྟ་མྱུར་དུ་སྒྱུར། །ང་ཡང་རྒས་ལ་གནས་པས་རྩེ་དགས་ཅི་ཞིག་བྱ། །ཞེས་གསུངས་ནས་ནང་དུ་ལོག་གོ། ཡང་ལྷོ་སྒོར་འཐོན་པས། ན་བ་གཟིགས་ཏེ་སྨྲས་པ། ཁ་ལོ་བསྒྱུར་བ་མི་རྩུབ་ལུས་ཀྱང་མདོག་ངན་ལ། །དབང་པོ་ཐམས་ཅད་ཉམས་ཤིང་དབུགས་དབྱུང་རབ་ཏུ་དཀའ། །ཡན་ལག་ཀུན་བསྐམས་ལྟོ་བས་དཀྲུགས་ཤིང་ཉམ་ཐག་གྱུར། །རང་གི་གཅིན་རྟུག་སྨད་པའི་གནས་ན་འདུག་འདི་སུ། དེས་སྨྲས་པ། ལྷ་གཅིག་མི་འདི་ཤིན་ཏུ་ནད་ཀྱིས་བཏབ་པ་སྟེ། །ནད་ཀྱི་འཇིགས་པ་ཉེ་བར་མཆིས་པས་འགུམ་ལ་ཐུག །ནད་མེད་གཟི་བརྗིད་མ་མཆིས་སྟོབས་ཀྱང་རྣམ་པར་ཉམས། །མགོན་དང་སྐྱབས་དང་གླིང་དང་དཔུང་གཉེན་མ་མཆིས་ལགས། །བྱང་ཆུབ་སེམས་དཔས་སྨྲས་པ། ནད་མེད་པ་ཡང་རྨི་ལམ་ན་ནི་རྩེ་དང་མཚུངས། །ནད་ཀྱིས་འཇིགས་པ་འདི་དག་ཤིན་ཏུ་མི་བཟད་པ། །སྐྱེས་བུ་མཁས་པས་ནད་འདི་མཐོང་ནས་ཇི་ལྟ་བུར། །རྩེ་ལ་དགའ་དང་སྡུག་པའི་འདུ་ཤེས་བསྐྱེད་པར་འགྱུར། །ཡང་། ནུབ་ཏུ་ཤི་བ་གཟིགས་ཏེ་སྨྲས་པ། ཁ་ལོ་བསྒྱུར་བ་མི་འདི་ཁྱོགས་ལ་བླངས་ནས་ནི། །འདི་དག་སྐྲ་བཤིག་མགོ་ལ་ས་ཡིས་འཐོར་བྱེད་ཅིང་། །སྣ་ཚོགས་ངག་གི་ཚིག་ནི་བརྗོད་ལ་བྲང་བརྡུང་བས། །ཀུན་ནས་སྐོར་བ་བྱས་ཏེ་འཁྱེར་བ་སུ་ཞིག་ཡིན། དེས་སྨྲས་པ། ལྷ་གཅིག་མི་འདི་འཛམ་བུ་གླིང་དུ་གུམ་པ་སྟེ། །སླན་ཆད་ཕ་མ་མཆིས་བྲང་བུ་རྣམས་མཐོང་མི་འགྱུར། །ལོངས་སྤྱོད་ཁྱིམ་དང་མཛའ་གཉེན་ཚོགས་རྣམས་སྤངས་ནས་ནི། །འཇིག་རྟེན་ཕ་རོལ་མཆིས་ཏེ་སླན་ཆད་གཉེན་མི་མཐོང་། །བྱང་ཆུབ་སེམས་དཔས་སྨྲས་པ། རྒ་བས་གནོད་པར་འགྱུར་བའི་གཞོན་པ་ཅིར་མི་རུང་། །སྣ་ཚོགས་ནད་ཀྱིས་གནོད་འགྱུར་ནད་མེད་ཅིར་མི་རུང་། །རིང་དུ་མི་གནས་གསོན་པ་མཁས་ལ་ཅིར་མི་རུང་། དགའ་ལ་ཆགས་པ་སྐྱེས་བུ་མཁས་ལ་ཅིར་མི་རུང་། །གལ་ཏེ་རྒ་མེད་ན་མེད་འཆི་བ་མེད་གྱུར་ཀྱང་། །འོན་ཀྱང་ཕུང་པོ་ལྔ་འཛིན་སྡུག་བསྔལ་ཆེ་ཡིན་ན། །རྒ་ན་འཆི་བ་རྟག་ཏུ་འབྲང་བ་སྨོས་ཅི་དགོས། །ལེགས་པར་སླར་ལོག་རབ་ཏུ་ཐར་བར་བྱ་བར་བསམ། །ཡང་། བྱང་སྒོར་དགེ་སློང་གཟིགས་ཏེ་སྨྲས་པ། ཁ་ལོ་བསྒྱུར་བ་སྐྱེས་བུ་སེམས་ཞི་རབ་ཞི་ཞིང་། །མིག་ཕབ་འགྲོ་ལ་གཉའ་ཤིང་གང་ཙམ་ལྟ་བྱེད་ཅིང་། །ངུར་སྨྲིག་གོས་གྱོན་ཤིན་ཏུ་རབ་ཏུ་ཞི་བར་སྤྱོད། །ལྷུང་བཟེད་ཐོགས་ནས་མི་རྒོད་མ་ཁེངས་སུ་ཞིག་ཡིན། དེས་སྨྲས་པ། ལྷ་གཅིག་མི་འདི་དགེ་སློང་ཞེས་ནི་བགྱི་བ་ལགས། །འདོད་པའི་དགའ་བ་སྤངས་ཤིང་ཤིན་ཏུ་དུལ་བར་སྤྱོད། །བདག་ཉིད་ཞི་བ་ཚོལ་ཞིང་རབ་ཏུ་བྱུང་བར་གྱུར། །འདོད་ཆགས་ཞེ་སྡང་བྲལ་བར་བསོད་སྙོམས་སྤྱོད་ཅིང་རྒྱུ། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ནི་དགེ་བར་ལེགས་སྨྲས་ང་ཡང་འདོད་པ་སྟེ། །རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། །དེ་ནི་བདག་ལ་ཕན་ཞིང་སེམས་ཅན་གཞན་ལའང་ཕན། །འཚོ་བ་བདེ་ཞིང་ཉམས་མཐུན་འཆི་མེད་འབྲས་བུར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ནང་དུ་ཞུགས་སོ། །རྒྱལ་པོས་ཀྱང་དེ་དག་མཐོང་ཐོས་པས། བསྲུང་བའི་ཕྱིར། ར་བ་དང་། འོབས་དང་། སྒོ་བརྟན་པོ་བཙུགས། གྲོང་ཁྱེར་གྱི་བཞི་མདོར་བསྲུང་བའི་དཔུང་བཞག །བཙུན་མོ་རྣམས་ཀྱང་གླུ་དབྱངས་དང་རྩེ་དགའ་སྦྱོར་དུ་བཅུག་གོ། དེའི་ཚེ་བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་བའི་ལྟས་སུ། བྱ་སྐད་མི་འབྱིན། པདྨ་རྙིངས། ཤིང་ལ་མེ་ཏོག་མི་འཆགས། །གླིང་བུ་དང་པི་ཝང་རྒྱུད་ཚད། རྫ་རྔ་ལ་སོགས་བརྡུངས་ཀྱང་། སྒྲ་མེད་པར་གྱུར་པས། རྒྱལ་པོ་ཡང་སེམས་ཁོང་དུ་ཆུད་ཅིང་འདུག་གོ། ས་འཚོ་མ་ལ་ཡང་རྨི་ལམ་དུ་ས་གཡོས་པ་ལ་སོགས་པ་རྨིས་སོ། །བྱང་ཆུབ་སེམས་དཔའི་རྨི་ལམ་དུ་རྐང་ལག་གིས་རྒྱ་མཚོ་དཀྲུགས་པ་དང་། ས་མལ་ཆར་གྱུར། རི་རབ་སྔས་སུ་བཅུག །འོད་ཀྱིས་མུན་པ་བསལ། ས་ལས་གདུགས་ཤིག་བྱུང་བས། འཇིག་རྟེན་གསུམ་ཁྱབ། སྲོག་ཆགས་དཀར་ནག་བཞི་དང་། བྱ་ཁ་དོག་བཞི་པ་འོངས་ནས། ཁ་དོག་གཅིག་ཏུ་གྱུར་པ་དང་། ངན་སྐྱུག་གི་རི་ལ་འཛེགས་ཀྱང་མ་གོས་པ་དང་། ཆུས་ཁྱེར་བ་བཏོན་པ་དང་། ནད་པ་གསོས་པ་དང་། རི་རབ་ཀྱི་ངོས་ལ་སེང་གེའི་ཁྲི་ལ་འདུག་པ་ལ། ལྷ་རྣམས་ཀྱིས་ཕྱག་འཚལ་བ་རྨིས་སོ། །དེ་ནས་བྱང་ཆུབ་སེམས་དཔས། ཕས་མ་གནང་བར་རབ་ཏུ་འབྱུང་བར་མི་རིགས་སོ་སྙམ་སྟེ། ཕའི་དྲུང་དུ་སོང་སྟེ་སྨྲས་པ། བདག་མངོན་པར་འབྱུང་བའི་དུས་ལ་བབ་ཀྱིས། གེགས་དང་མི་དགྱེས་པ་མ་མཛད་ཅིག །རྒྱལ་པོས། ཁྱོད་ཅི་འདོད་པའི་མཆོག་སྦྱིན་གྱིས། ཁབ་ཏུ་བཞུགས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། རྒ་ན་འཆི་རྒུད་མེད་པ་བཞི་སྩོལ་ཅིག །དེས་སྨྲས་པ། དེ་སྦྱིན་པའི་མཐུ་མེད་དོ། །གཞན་སློངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། རྒ་ན་འཆི་བའི་འཇིགས་དང་རྒུད་པར་མི་འགྱུར་བ། །ལྷ་གཅིག་གལ་ཏེ་མཆོག་བཞི་འདི་དག་མི་སྩལ་ན། །གཞན་ཡང་མཆོག་ཅིག་གསོལ་གྱིས་རྒྱལ་པོ་གསན་དུ་གསོལ། །འདི་ནས་ཤི་འཕོས་ཉིང་མཚམས་སྦྱོར་བར་མི་འགྱུར་མཛོད། །དེ་ནས་རྒྱལ་པོས་ཁྱེད་ཀྱིས་བསམ་པ་རྫོགས་པར་གྱུར་ཅིག །ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རང་གི་གནས་སུ་སོང་ངོ་། །རྒྱལ་པོས་ཀྱང་དོན་དེ་ཤཱཀྱ་རྣམས་ལ་བསྙད་པས་སྲུང་ངོ་། །ཞེས་བགྲོས་ཏེ། སྒོ་བཞི་རེ་རེར་ཤཱཀྱ་གཞོན་ནུ་ལྔ་བརྒྱ་རེ་རེའང་ཤིང་རྟ་ལྔ་བརྒྱ། ཤིང་རྟ་རེ་རེའང་དཔུང་བུ་ཆུང་ལྔ་བརྒྱ་དང་བཅས་པ་བཀོད་དོ། །ཤཱཀྱ་རྒན་རབས་རྣམས་ལམ་གྱི་བཞི་མདོ་དང་སུམ་མདོར་འཁོད་དོ། །རྒྱལ་པོའང་མེལ་ཚེ་བྱེད་དོ། །དེའི་ཚེ་གནོད་སྦྱིན་རྣམས་དང་འཕྲོག་མའི་བུ་ལྔ་བརྒྱ་རྣམས་ཀྱང་། དོ་ནུབ་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་གིས། མཆོད་པའི་ལས་ལ་བརྩོན་ནོ། །རྒྱལ་པོ་སྡེ་བཞི་ཡང་ཆིབས་པ་འདེགས་པར་སེམས་སོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱང་མཆོད་པའི་ལས་བྱེད་དོ། །བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་བཞི་མངོན་དུ་བྱེད་དོ། །ལྷའི་བུ་ཆོས་སྤྱོད་ལ་སོགས་པས་བཙུན་མོའི་འཁོར་མི་སྡུག་པར་བསྒྱུར་བ་ལ་གཟིགས་པས་དུར་ཁྲོད་ཀྱི་འདུ་ཤེས་བསྐྱེད་དེ། ཨེ་མ་སྐྱེ་དགུ་དག་ནི་སྡུག་བསྔལ་འགྱུར། །སྲིན་མོའི་ཚོགས་ལ་དགའ་བ་ཇི་ལྟར་རྙེད། །འདོད་པའི་ཡོན་ཏན་ཡོད་མིན་ཡོན་ཏན་འཛིན། །གཏི་མུག་མུན་པས་རབ་བསྒྲིབས་བློ་གྲོས་ངན། །དཔེར་ན་བྱ་ནི་བྱ་རྒྱར་ཆུད་པ་བཞིན། །ནམ་ཡང་འབྱུང་བ་རྙེད་པར་འགྱུར་མ་ཡིན། །ཞེས་གསུངས་ཏེ། རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བརྟགས་ནས་མི་སྡུག་པར་བསྒོམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ་བལྟས་པས། བརྒྱ་བྱིན་དང་། རྒྱལ་པོ་སྡེ་བཞི་དང་། ཉི་ཟླ་གཉིས་ཀྱང་ཕྱག་འཚལ་ཞིང་འདུག་པར་མཐོང་ངོ་། །སྐར་མ་རྒྱལ་ཡང་ཤར་བར་མཐོང་ནས་འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། །དོ་ནུབ་གདོན་མི་ཟ་བར་དོན་གྲུབ་ཀྱིས། །འདུན་པ་ཕྱི་བཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པ་ང་ལ་བྱིན། །དེས་སྨྲས་པ། གང་དུ་བཞུད་སྨྲས་པ། མངོན་པར་འབྱུང་བའོ། །དེ་ནས་འདུན་པས་ལན་མང་དུ་བཟློག་ཀྱང་། །འདོད་པའི་ཉེས་དམིགས་མང་དུ་གསུངས་ཏེ་མ་ཟློག་པ་དང་། ལྷའི་བུ་ཞི་བའི་བློ་གྲོས་དང་། བརྩེ་བ་བཀོད་པས། སེར་སྐྱ་བ་རྣམ་གཉིད་ལོག་ཅིང་། སྒྲ་མི་གྲག་པར་བྱས་སོ། །བྱང་ཆུབ་སེམས་དཔས་ཀྱང་། འདུན་པ་ལ་རྟ་བྱིན་ཅིག་ཅེས་སྨྲས་སོ། །དེའི་ཚེ་ལྷའི་དབང་པོ་དང་རྒྱལ་ཆེན་བཞི་ཡང་སེར་སྐྱར་ལྷགས་སོ། །འདུན་པས་དུས་མ་ལགས་སོ། །ཞེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་སྨྲས་པ། སེམས་ཅན་རྣམས་ཀྱི་དོན་ནི་ཚོལ་བ་ལ། །བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་ནས། །འགྲོ་བ་སྒྲོལ་ཞེས་ང་ཡིས་ཡུན་རིང་ནས། །སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབ། །ཅེས་སྨྲས་པ་དང་། ལྷའི་བུ་ཡང་དག་སྐུལ་པོས་བསྐུལ་བ། སྟོབས་དང་བརྩོན་འགྲུས་འཕགས་པ་མྱུར་དུ་བཞེངས། །སྡུག་བསྔལ་ཉེན་པའི་སེམས་ཅན་ཐམས་ཅད་སྒྲོལ། །ད་ནི་མངོན་པར་འབྱུང་བའི་དུས་ལ་བབ། ཅེས་བསྐུལ་ལོ། །དེ་ནས་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་སྒོ་ཕྱེ། འདུན་པས་རྟ་སྔགས་ལྡན་བརྒྱན་ཏེ་ཕུལ་བ་ལ་ཆིབས་ཏེ། རྒྱལ་ཆེན་བཞིས་བཏེག་ནས་ནམ་མཁའ་ལ་བྱོན་ཏེ། ཚངས་པ་བརྒྱ་བྱིན་གྱིས་ལམ་བསྟན། འོད་ཀྱིས་མུན་པ་བསལ། །མཆོད་པ་དང་། རོལ་མོ་སྣ་ཚོགས་དང་བཅས་ཏེ། གྱད་ཀྱི་ཡུལ་འདས་ཏེ། མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་པ་དང་། རྟ་དང་རྒྱན། འདུན་པ་ལ་བྱིན་ཏེ། སླར་བཟློག་ཅིང་། དེར་མཆོད་རྟེན་བརྩིགས་པས། འདུན་པ་སླར་ལོག་པའི་མཆོད་རྟེན་ཟེར་རོ། །དེ་ནས་མཆོད་རྟེན་རྣམ་དག་གི་རྩར། ཉིད་ཀྱི་གཙུག་ཕུད་བཅད་པ། ལྷ་རྣམས་ཀྱིས་གདན་དྲངས་ཏེ་མཆོད་རྟེན་བརྩིགས་པས། གཙུག་ཕུད་ཀྱི་མཆོད་རྟེན་ཞེས་ཟེར་རོ། །དེ་ནས་རབ་ཏུ་བྱུང་བའི་ཚུལ་དང་ཀ་ཤི་ཀའི་གོས་མི་མཐུན་པས། རབ་བྱུང་གི་ཚུལ་དང་མཐུན་པའི་གོས་ཤིག་རྙེད་ན་རུང་སྙམ་པ་དང་། གནས་གཙང་མའི་ལྷ་རྔོན་པའི་གཟུགས་སུ་སྤྲུལ་པས། གོས་ངུར་སྨྲིག་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་། ཀ་ཤི་ཀའི་གོས་རྣམས་དེ་ལ་བྱིན་ནོ། །དེས་ཀྱང་ལག་པ་གཉིས་ཀས་བླངས་ཏེ། སྤྱི་བོར་བཞག་ནས་མཆོད་པའི་ཕྱིར་ལྷའི་འཇིག་རྟེན་དུ་སོང་ངོ་། །དེ་འདུན་པས་མཐོང་ནས་མཆོད་རྟེན་བརྩིགས་པས། ངུར་སྨྲིག་བླངས་པའི་མཆོད་རྟེན་ཟེར་རོ། །དེའི་ཚེ་དོན་གྲུབ་རབ་ཏུ་བྱུང་ངོ་ཞེས་པའི་སྒྲ་འོག་མིན་གྱི་བར་དུ་གྲག་གོ། འདུན་པས་ཀྱང་རྟ་དང་རྒྱན་ཁྱེར་ཏེ། རྒྱལ་པོ་དང་བཙུན་མོའི་འཁོར་གྱི་མྱ་ངན་བསལ་ལོ། །དེ་ནས་བྱང་ཆུབ་སེམས་དཔས། གཙུག་ཕུད་བཅད། ངུར་སྨྲིག་བགོས་ཏེ་རབ་ཏུ་བྱུང་ནས། བྲམ་ཟེ་རིགས་ལྡན་ལ་སོགས་པའི་གནས་སུ་སོང་ནས་ཡངས་པ་ཅན་དུ་བྱོན་པ་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་སློབ་མ་སུམ་བརྒྱ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་སྟོན་པ་དེའི་དྲུང་དུ་ཕྱིན་ཏེ། སློབ་མར་ཁས་བླངས་ཏེ་བསླབས་པས་ཅི་ཡང་མེད་པའི་སེམས་མངོན་དུ་གྱུར་ཏེ། རིང་འཕུར་ལ་ཁྱོད་ཀྱིས་ཆོས་འདི་ཙམ་ཞིག་ཁོང་དུ་ཆུད་དམ་སྨྲས་པ། དེ་བཞིན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ཁོ་བོས་ཀྱང་ཁོང་དུ་ཆུད་དོ། །སྨྲས་པ། ངས་གང་ཤེས་པ་ཁྱེད་ཀྱིས་ཤེས། ཁྱེད་ཀྱིས་གང་ཤེས་པ་ངས་ཤེས་ཀྱིས། གཉིས་ཀས་སློབ་མའི་ཚོགས་ལ་བསྟན་ནོ། །ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔས་ཆོས་འདིས་ངེས་པར་འབྱུང་བར་མི་འགྱུར་གྱིས། དེ་བས་ལྷག་པ་ཞིག་བཙལ་ལོ་སྙམ་སྟེ། རིམ་གྱིས་མ་ག་དྷར་སོང་སྟེ་རི་སྐྱ་བོར་བཞུགས་སོ། །དེ་ནས་ཆུ་དྲོན་ཅན་གྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཞུགས་སོ། །དེའི་ཚེ་གྲོང་ཁྱེར་པ་རྣམས་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ཤིན་ཏུ་དད་དེ་རྒྱལ་སྲིད་ཀྱི་ཤས་ཕུལ་བ་ཡང་མ་བཞེས་སོ། །དེ་ནས་རེངས་བྱེད་ཀྱི་བུ་ལྷག་སྤྱོད་སློབ་མ་བདུན་བརྒྱ་ལ་སྲིད་རྩེའི་སེམས་སྟོན་པ་མཐོང་ནས། བདག་འདི་ལྟ་བུའི་བརྟུལ་ཞུགས་དང་དཀའ་ཐུབ་བརྩམས་ནས། བདག་ཁྱད་པར་དུ་འཕགས་པའི་འདུ་ཤེས་བསྐྱེད་ཅིང་། ཟག་བཅས་ཀྱི་བསམ་གཏན་སུན་དབྱུང་ངོ་སྙམ་སྟེ། དེའི་སློབ་མར་ཁས་བླངས་ནས། མྱུར་དུ་སྲིད་རྩེའི་སེམས་ཁོང་དུ་ཆུད་ནས་སྔར་བཞིན་བརྗོད་ནས། འདིས་ནི་མྱང་འདས་སུ་འགྱུར་བ་མ་ཡིན་ནོ་ཞེས་སུན་ཕྱུང་སྟེ་སོང་ངོ་། །དེའི་ཚེ་ལྔ་སྡེ་ཡང་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲངས་ཏེ་རིམ་གྱིས་རི་ག་ཡའི་རྩེ་མོར། སྔར་མ་ཤེས་པའི་དཔེ་གསུམ་མངོན་དུ་གྱུར་ཏེ། ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ཕྱིན་ནས། བདག་སྙིགས་མ་ལྔའི་དུས་དམན་པ་ལ་མོས་པ། བརྟུལ་ཞུགས་ངན་པས་དག་པར་འཛིན་པ་སུན་དབྱུང་བའི་ཕྱིར། བརྟུལ་ཞུགས་དང་དཀའ་ཐུབ་བརྩམ་མོ་སྙམ་སྟེ། ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་བཞག་སྟེ། ཏིལ་འབྲུ་གཅིག་དང་། རྒྱ་ཤུག་འབྲུ་གཅིག་དང་། འབྲས་འབྲུ་གཅིག་གིས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ། དབུགས་རྒྱུ་བ་བཅད་དེ་བཞུགས་སོ། །དེའི་ཚེ་ལྷའི་བུ་ཁ་ཅིག་གིས་ལྷ་མོ་སྒྱུ་འཕྲུལ་ལ་གཞོན་ནུ་ཤིའོ་ཞེས་བརྗོད་པས། ལྷ་མོས་འོངས་པ་དང་། བྱང་ཆུབ་སེམས་དཔའི་ལུས་བསྐམས་པ་དང་། ཤི་བ་དང་འདྲ་བ་མཐོང་ནས། བལྟམས་མ་ཐག་ཏུ་ངའི་སྐྱེ་བའི་མཐའ་མ་འདིའོ་ཞེས་པའི་དམ་བཅའ་ཡང་མ་རྫོགས་དྲང་སྲོང་ནག་པོའི་ལུང་བསྟན་ཡང་མི་བདེན་ནོ། །ཞེས་སྨྲེ་སྔགས་འདོན་པ་ལ། བྱང་ཆུབ་སེམས་དཔས་སྨྲས་པ། ཉི་ཟླ་སྐར་ཚོགས་ས་ལ་ལྟུང་འགྱུར་སྲིད། །སོ་སོ་སྐྱེ་བོ་ཡིན་ཡང་ང་མི་འཆི། །དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང་། །ཞེས་སྨྲས་པས་དགའ་སྟེ་གནས་སུ་སོང་ངོ་། །གྲོང་གི་བ་ལང་རྫི་ལ་སོགས་པས་ཀྱང་རྣ་བར་ཤིང་བལ་བཅུག་ནས། སྣར་འབྱིན་པ་ལ་སོགས་བྱེད་དོ། །བདུད་ཀྱང་སྲོག་གཅེས་པར་གྱིས་ཤིག་ཅེས་པ་ལ་སོགས་སྙན་པར་སྨྲས་ཤིང་། གླགས་བཙལ་ཡང་མ་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་དཀའ་ཐུབ་ཀྱིས་གྲོལ་བར་འཛིན་པ་དགག་པའི་ཕྱིར། ཟས་རགས་པ་ཟོས་ལ་བྱང་ཆུབ་སྙིང་པོར་འགྲོའོ་སྙམ་སྟེ། ཟས་རགས་པ་བཟའོ་ཞེས་བརྗོད་པས་ལྔ་སྡེ་མ་དད་ནས་བཱ་ར་ཎ་སིར་སོང་ངོ་། །བྱང་ཆུབ་སེམས་དཔས་ལེགས་སྐྱེས་མའི་བྲན་མོ་གྲུམ་མ་ཞེས་པའི་རོ་གསོ་རས་ཀྱིས་དཀྲིས་པ་དེ་བླངས་ཏེ། ལྷས་ལག་པ་བརྡབས་པའི་རྫིང་དུ་བརྒྱ་བྱིན་གྱིས་བཞག་པའི་རྡོ་ལེབ་ལ་བཀྲུས་སོ། །དེ་ངལ་ཏེ་རྫིང་ནས་འབྱུང་སྙམ་པ་ལ་བདུད་ཀྱིས་གད་པ་མཐོན་པོར་སྤྲུལ་པ་ལ། །ཤིང་གི་ལྷ་མོས་ཡལ་ག་སྨད་པ་ལ་འཇུས་ཏེ་བྱུང་ནས། ཤིང་སྒྲུབ་བྱེད་ཀྱི་དྲུད་དུ་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་བསྒྲུབས་ཤིང་གནས་གཙང་མའི་ལྷས་ཀྱང་། གོས་ངུར་སྨྲིག་ཕུལ་བ་བཞེས་ཏེ་སྤྱོད་ཡུལ་གྱི་གྲོང་དུ་ཞུགས་སོ། །དེ་ནས་ལྷས་སྦྲན་ཏེ། ལེགས་སྐྱེས་མས་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པ་དང་། འབྲས་དང་འབྲུ་གསར་པ་བླུགས་ཏེ་བཙོས་པས། དེའི་ནང་དུ་དཔལ་བེའུ་ལ་སོགས་པའི་བཀྲ་ཤིས་པ་དག་སྣང་བས་དགའ་སྟེ། མཚན་མཁན་གྱིས་ཀྱང་བདུད་རྩི་ཐོབ་པར་ལུང་བསྟན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་མགྲོན་དུ་བོས་ནས་འོ་ཐུག་སྦྲང་རྩི་ཅན་གྱིས་གསེར་སྣོད་བཀང་སྟེ་ཕུལ་བས་བཞེས་ནས། ནེ་རཉྫ་ནའི་འགྲམ་དུ་སོང་སྟེ། ཟས་དང་ཆོས་གོས་བཞག་ནས་ཁྲུས་མཛད་པས། ལྷས་མཆོད་ཅིང་། ཁྲུས་ཆུ་ལྷས་ཁྱེར་ལ། སྐྲ་དང་། ཨག་ཚོམས་ལེགས་སྐྱེས་མས་ཁྱེར་ཏེ། ཆུ་དེའི་ཀླུ་མོས་ཕུལ་བའི་སེང་ཁྲི་ལ་བཞུགས་ཏེ། འོ་ཐུག་གསོལ་ནས། གསེར་སྣོད་ཆུར་བོར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་ཁྱེར་བ་ལ་བརྒྱ་བྱིན་གྱིས་བླངས་ནས། སུམ་ཅུ་རྩ་གསུམ་དུ་ཁྱེར་ནས། ལོ་རེ་བཞིན་སྣོད་ཀྱི་དུས་སྟོན་བྱེད་དོ། །བྱང་ཆུབ་སེམས་དཔས་ཁྲུས་བྱས། ཟས་ཟོས་པས། ལུས་མཐུ་དང་ལྡན་པས་བདུད་ལས་རྒྱལ་བའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱེས་བུ་ཆེན་པོའི་སྟོབས་ཀྱིས་ཆས་སོ། །རླུང་དང་ཆར་གྱིས་ལམ་ཕྱགས་ཤིང་ཆག་ཆག་གདབ། །རི་ཤིང་ཐམས་ཅད་དང་། བུ་ཆུང་བཙས་མ་ཐག་ཐམས་ཅད་ཀྱང་མགོ་དེ་ཕྱོགས་སུ་སྟོན་ནོ། །སྟོང་གསུམ་གྱི་བདག་པོ་ཚངས་པ་དབང་བསྒྱུར་གྱིས་འཁོར་ལ་བྱང་ཆུབ་སེམས་དཔའ་དོ་ནུབ་བྱང་ཆུབ་སྙིང་པོར་འགྲོ་ཡིས། མཆོད་པའི་ལས་གྱིས་ཤིག་ཅེས་བསྒོས་ནས། མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ལོ། །བྱང་ཆུབ་སེམས་དཔས་འོད་བཀྱེ་སྟེ། ཉོན་མོངས་དང་སྡུག་བསྔལ་ཞི་ཞིང་སྣོད་དག་པར་སྦྱངས་ཏེ། ཀླུ་ནག་པོས་བསྟོད་དོ། །དེ་ནས་ལམ་གྱི་གཡས་ན་རྩྭ་འཚོང་བཀྲ་ཤིས་རྩྭ་བརྔ་བ་ལ། བཀྲ་ཤིས་རྩྭ་ནི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །ཞེས་གསུངས་པ་དང་། དེས་ཀྱང་རྩྭ་སྔོ་འཇམ་ཡིད་དུ་འོང་བ་ཕུལ་ཏེ། ཁྱེར་ནས་བྱང་ཆུབ་ཤིང་ལ་ལན་གསུམ་བསྐོར་ཏེ། རྩྭ་རྩེ་མོ་ནང་དུ་བསྟན་ནས་རྩ་བ་ཕྱིར་བསྟན་པ་ལ། ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་ལུས་དྲང་པོར་བསྲངས། དྲན་པ་མངོན་དུ་བཞག་ནས། སྟན་འདིར་བདག་གི་ལུས་ནི་བསྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་ཡིད་དམ་བརྟན་པོ་བྱས་སོ། །དེའི་ཚེ། ལྷ་རྣམས་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་ཕྱོགས་བཅུར་འཁོད་དོ། །བྱང་ཆུབ་སེམས་དཔས་ཀྱང་། བྱང་ཆུབ་སེམས་དཔའ་བསྐུལ་བ་ཞེས་བྱ་བའི་འོད་བཀྱེ་སྟེ། ཞིང་དཔག་མེད་སྣང་བར་བྱས་ནས། བྱང་ཆུབ་སེམས་དཔའ་མང་པོ་བསྡུས་ནས་མཆོད་པ་བྱེད་དོ། །དེ་ནས་བདུད་ལ་མ་སྦྲན་པར། འཚང་རྒྱ་བར་མི་རིགས་སོ་སྙམ་སྟེ། སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བའི་འོད་ཟེར་བཀྱེ་བས་བདུད་ཀྱི་གནས་ཐམས་ཅད་སྣང་ཞིང་གཡོས། མོག་མོག་པོར་བྱས་ཏེ། སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ། །ཟས་གཙང་སྲས་པོ་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང་། །བྱང་ཆུབ་ཤིང་དྲུང་འོང་གིས་དེ་རིང་སྒྲིམ་པར་གྱིས། །ཞེས་པ་ལ་སོགས་པའི་སྒྲ་བྱུང་ཞིང་། བདུད་སྡིག་ཅན་ལའང་རང་གནས་མུན་པས་ཁྱབ་པ་ལ་སོགས་པའི་རྨི་ལམ་སོ་གཉིས་རྨིས་ཏེ། རང་གི་འཁོར་ལ་སྦྲན་པ་དང་། བུ་དེད་དཔོན་གྱིས་བཟློག་ཀྱང་མ་ཟློག་པར། གནོད་སྦྱིན་གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་གཟུགས། །སྲིན་པོ་ཡི་དྭགས་ཤ་ཟའི་གཟུགས་དང་བཅས། །འཇིགས་བྱེད་མི་སྡུག་དྲག་གཟུགས་ཇི་སྙེད་པ། །ཐམས་ཅད་སྒྱུ་ཡིས་དེར་ནི་སྤྲུལ་པ་བྱས། །ཞེས་པ་ལ་སོགས་པ་རྣམ་འགྱུར་དུ་མ་མཐོང་ཡང་། ཤཱཀྱའི་སྲས་པོ་ཆོས་རྣམས་རྟེན་འབྱུང་བ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ཏུ་ལྡན། །དཔུང་བཅས་གཡོ་སྒྱུ་མཐོང་ཡང་མྱོས་པ་མེད། །དེ་ནས་བདུད་ཀྱི་གཡས་ནས་བྱང་ཆུབ་སེམས་དཔའ་ལ་དགའ་བ་རྣམས་ཀྱིས་བཟློག །གཡོན་ནས་མི་དགའ་བ་རྣམས་ཀྱིས་བསྐུལ་ཏེ་མཚོན་ཆ་སྣ་ཚོགས་པ་འཕངས་པས། མེ་ཏོག་ཏུ་གྱུར་ཏོ། །དེ་ནས་བདུད་ཀྱིས། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པས་འདོད་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་པ་ཡིན། ངས་གཏན་པ་མེད་པའི་མཆོད་སྦྱིན་དུ་མ་བྱས་སོ་ཞེས་བརྗོད་པ་དང་། བདུད་ཀྱིས། སྔོན་ཆད་ཁོ་བོས་མཆོད་སྦྱིན་ཁ་ན་མ་ཐོ་མེད། །གཏན་པ་མེད་པར་བྱས་པ་ཁྱོད་འདིར་དཔང་དུ་ཡོད། །ཁྱོད་ལ་འདིར་ནི་དཔང་པོ་གང་ཡང་ཡོད་མིན་པས། །སྨྲས་ཀྱང་ཕན་པ་ཅི་ཡོད་ཁྱོད་ནི་ཕམ་པར་གྱུར། །བྱང་ཆུབ་སེམས་དཔས་སྨྲས་པ། ས་འདི་ང་ཡི་དཔང་ཡིན་ནོ་གསུང་ཏེ། ཕྱག་གཡས་པ་ས་ལ་བརྡབས་ཏེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་བརྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །ཅེས་གསུངས་པས། ས་རྣམ་པ་དྲག་ཏུ་གཡོས་པའི་གསེབ་ནས། སའི་ལྷ་མོ་བརྟན་མ་ལུས་ཕྱེད་ཕྱུང་ནས། ཐལ་མོ་སྦྱར་ཏེ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །འོན་ཀྱང་བཅོམ་ལྡན་འདས་ཉིད་ལྷ་དང་བཅས་པའི་འཇིག་རྟེན་གྱི་དཔང་དུ་གྱུར་པ་ལགས་སོ། །ཞེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། །གཡོ་ཅན་དཔུང་བཅས་ས་སྒྲ་དེ་ཐོས་ནས། །ནགས་སུ་སེང་གེས་སྒྲ་བསྒྲགས་ཝས་ཐོས་དང་། །བྱ་རོག་རྡོ་འཕངས་ནོད་ལ་བྱེར་བ་བཞིན། །སྔངས་སྐྲག་སྙིང་གས་ཐམས་ཅད་རབ་ཏུ་བྱེར། །དེ་ནས་སྡིག་ཅན་ཡིད་མ་བདེ་ནས། །རང་གི་བུ་མོ་རྣམས་སད་དུ་བཏང་སྟེ། དེ་དག་གིས་ཀྱང་བཞིན་ཕྱེད་འགེབས་པ་ལ་སོགས་པ། གཡོ་སྒྱུ་སོ་གཉིས་བསྟན་ཀྱང་བསླུར་མ་ཚུགས་པས་སྡིག་ཅན་ཡིད་མི་དགའོ། །དེའི་ཚེ་ཤིང་གི་ལྷ་མོ་དཔལ་ལྡན་ལ་སོགས་བརྒྱད་ཀྱིས། བྱང་ཆུབ་སེམས་དཔའ་ལ་ཁྱོད་ནི་དགུང་ཟླ་ཡར་གྱི་ངོ་ལྟར་མཛེས་པའོ། །ཞེས་སོགས་བཅུ་དྲུག་གིས་བསྟོད་དོ། །གནས་གཙང་མའི་ལྷས་བདུད་ལ་སྡིག་ཅན་ཁྱོད་ནི་གླང་རྒན་འདམ་དུ་བྱིང་བ་ལྟར་ཉམ་ཆུང་བའོ། །ཞེས་སོགས་བཅུ་དྲུག་གིས་སྨད་ཅིང་། ལྷ་རྣམས་ཀྱི་བཅུ་དྲུག་གིས་བཟློག་ཀྱང་། མི་སྡོག་པར། མཚོན་ཆ་སྣ་ཚོགས་འཕངས་ཤིང་ཆོ་འཕྲུལ་སྣ་ཚོགས་བསྟན་ཡང་གླགས་མ་རྙེད་ཅིང་བདུད་དཔུང་མི་འཁྲུགས་པ་ཡང་འཐོར་ཏེ་ཞག་བདུན་དུ་མ་ཕྲད་དོ། །བདུད་མང་པོས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་བསམ་གཏན་བཞི་བསྐྱེད། རིག་པ་གསུམ་བསྐྱེད་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཁ་རྔ་བརྡུང་བའི་ཚོད་ཙམ་ན། རྟེན་འབྲེལ་བཅུ་གཉིས་དང་བདེན་བཞི་ཤེས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་སངས་རྒྱས་སོ། །དེ་ནས་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ཏེ། ལམ་གྱི་རྒྱུད་ནི་ཆད་དོ་ཞེས་པ་ལ་སོགས་པ་ཆེད་དུ་བརྗོད་པ་བརྗོད་དོ། །ལྷ་རྣམས་ཀྱིས་ཀྱང་མེ་ཏོག་པུས་ནུབ་ཙམ་གཏོར་ཏེ་མཆོད་དོ། །འཇིག་རྟེན་སྣང་བར་བྱས། ས་གཡོས། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཆོས་ཀྱི་དགའ་བ་བསྐུར། ཕྱག་བརྐྱངས་ཏེ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་གྱི་སྙིང་ཁུ་མཚུངས་འདྲ་བཞིན། ཞེས་གསུངས་ཤིང་། ལྷའི་བུ་མོ་རྣམས་ཀྱིས་བསྟོད་དོ། །སྟོན་པས་ཀྱང་། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་ཆེད་དུ་བརྗོད་དོ། །ལྷ་རྣམས་ཀྱིས་རྒྱ་ཆེར་བསྟོད་ནས་སྐྱིལ་ཀྲུང་མ་བཤིག་པར་ཞག་བདུན་དུ་བྱང་ཆུབ་ཤིང་ལ་གཟིགས་སོ། །ཞག་བདུན་པ་གཉིས་པ་ལ། །སྟོང་གསུམ་རྒྱང་རིང་དུ་འཆག་གོ།
གསུམ་པ་ལ། ངས་འདིར་སྡུག་བསྔལ་མཐར་ཕྱུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམས་པར་གཟིགས་སོ། །བཞི་པ་ལ་ཤར་ནུབ་ཀྱི་བར་དུ་རྒྱང་མི་རིང་བར་འཆག་གོ། དེ་ནས་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་ཀྱང་། །གདུལ་བྱའི་དོན་བྱས་ཟིན་གྱི་བར་དུ་མི་འདའ་བར་ཞལ་ཀྱིས་བཞེས་ཏེ། མྱ་ངན་དུ་གྱུར་ཅིང་བུ་མོ་དགའ་མ་ལ་སོགས་པའང་དྲུང་དུ་སོང་བ་ན་རྒན་མོར་མཛད་དོ། །ཞག་བདུན་པ་ལྔ་པ་ལ་ཡུལ་ངན་ཆེན་པོ་བྱུང་སྟེ། ཀླུ་བཏང་བཟུང་གི་གནས་ན་བཞུགས་སོ། །དྲུག་པ་ལ་ཤིང་ནྱ་གྲོ་དྷར་ར་སྐྱོང་དུ་བཞུད་དེ། ཀུན་ཏུ་རྒྱུ་རྣམས་ལ། ཆོས་ཐོས་པ་དང་མཐོང་བ་དང་། །དབེན་པར་དགའ་པ་བདེ་བ་ཡིན། །སྲོག་ཆགས་འབྱུང་པོ་རྣམས་ལ་བསྡམས། །གནོད་པ་མི་བྱེད་འཇིག་རྟེན་བདེ། །ཞེས་སོགས་གསུངས་སོ། །བདུན་པ་ལ། ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་ཏེ། ཚོང་པ་ག་གོན་དང་བཟང་པོས། སྤྲང་རྩི་དང་སྐྱོ་མ་དང་། བུ་རམ་ཤིང་བཤུས་པ་དག་ཕུལ་བ་དང་། ལག་པས་བླངས་ན་མ་ལེགས། སྔོན་གྱི་སངས་རྒྱས་ཀྱིས་སྣོད་ཇི་ལྟ་བུར་བཞེས་སྙམ་པ་དང་། རྒྱལ་ཆེན་བཞིས་གསེར་ལ་སོགས་པའི་ལྷུང་བཟེད་ཕུལ་བ་མ་བཞེས་པས། རྣམ་སྲས་ལ་སྔོན་པོའི་རིས་ཀྱི་ལྷས་བྱིན་པའི་རྡོའི་ལྷུང་བཟེད་བཞི་ཡོད་པ་རེ་རེས་བཟུང་སྟེ། མེ་ཏོག་གིས་བཀང་སྟེ་ཕུལ་བས། ཕྱག་བརྐྱངས་ཏེ། བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་ཅིག་དང་། ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར། །ང་འདྲ་དག་ལ་ལྷུང་བཟེད་ཕུལ་བ་ནི། །དྲན་དང་བློ་གྲོས་ནམ་ཡང་ཉམས་མི་འགྱུར། །ཞེས་གསུངས་ཏེ་བཞེས་ནས། གཅིག་ཏུ་བྱིན་གྱིས་བརླབས་ཏེ་དེར་བླངས་སོ། །དེ་ནས་ག་གོན་དང་བཟང་པོས་བ་སྟོང་གི་འོ་མའི་ཉིང་ཁུའི་སྤྲིས་མ་བཞམས་ཏེ། རིན་པོ་ཆེའི་གཞོང་པར་བླུགས་ཏེ་ཕུལ་བ་གསོལ་ཏེ། གཞོང་པ་བོར་བ་ཚངས་པས་ཁྱེར་རོ། །སྟོན་པས་ཀྱང་། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་པ་ལ་སོགས་པའི་ཤིས་པ་བརྗོད་དེ། སྦྲང་རྩི་འབྱུང་བ་ཞེས་པའི་རྒྱལ་བར་ལུང་བསྟན་ནོ། །དེ་ནས་སྟོན་པ་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཅིང་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབས་གནས་པར་བྱའོ་སྙམ། །ཞེས་དགོངས་ཤིང་། འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ཡས་ང་། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྡོད། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །སྙམ་སྟེ་འོད་བཀྱེ་བས། སྟོང་གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ནས། གྲོགས་སྦྲན་ཏེ་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པས་ཐལ་མོ་སྦྱར་ཏེ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་པ་ལ་སོགས་པས་བསྐུལ་བས། ཅང་མི་གསུང་གནང་སྟེ་སོང་ངོ་། །སྟོན་པ་ཡང་ཐུགས་ལས་ཆུང་བ་ལ་གཞོལ་བ་དང་། དེས་བརྒྱ་བྱིན་སྦྲན་ཏེ། བརྒྱ་བྱིན་གྱིས། ཟླ་བ་ཉ་བ་གཟའ་ལས་ཐར་པ་ལྟར། །ཁྱེད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་གསོལ་བས་ཅང་མི་གསུང་བ་དང་། ཚངས་པས། ཀུན་ཏུ་འཚལ་བར་འགྱུར་བ་མཆིས་ལགས་ཀྱི། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་པ་དང་། སྟོན་པས། སྐྱེ་དགུ་འདོད་པ་རྣམས་ལ་བཅིངས། །རྒྱུན་གྱིས་རབ་ཏུ་བརྟས་པ་ཡིན། །ངས་ནི་ཚེགས་ནི་ཆེན་པོས་རྟོགས། །དེ་ལྟ་བས་ན་བསྟན་མི་ཕན། །ཞེས་གསུངས་སོ། །ཡང་སྟོན་པ་ཐུགས་ལས་ཆུང་བ་ལ་ཐུགས་བཏུད་པ་དང་། མི་དགེ་བའི་ལྟས་མེ་མི་འབར་བ་ལ་སོགས་པ་བྱུང་བས། གཙུག་ཕུད་ཅན་གྱིས། མ་ག་དྷར་འདིར་སྔོན་ཆོས་མ་དག་པ། །དྲི་མ་བཅས་པར་སེམས་དཔའི་སྨྲ་བ་བྱུང་། །དེ་སླད་ཐུབ་པ་བདུད་རྩིའི་སྒོ་དབྱེ་གསོལ། །དྲི་མེད་སངས་རྒྱས་ཆོས་ནི་ཉན་ཅིང་མཆིས། །ཞེས་ནན་ཏན་དུ་གསོལ་བས། བཅོམ་ལྡན་འདས་ཀྱིས་མ་ངེས་པའི་སེམས་ཅན་ལ་གཟིགས་ནས། ཚངས་པ་མ་ག་དྷར་ཡི་སེམས་ཅན་གང་། །རྣ་བ་ལྡན་ཞིང་དད་དང་ལྡན་གྱུར་པ། །མི་ཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེ་འོ། །ཞེས་ཞལ་གྱིས་བཞེས་སོ། །དེ་ནས་བྱང་ཆུབ་ཤིང་གི་ལྷ་ཆོས་སྲེད་ལ་སོགས་པས། སྟོན་པ་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། བཱ་ར་ཎ་སི་རུའོ། །དེ་ནི་སྐྱེ་བོ་ཉུང་ཞིང་གྲིབ་མ་ཆུང་བས། གཞན་དུ་རིགས་སོ་ཞེས་གསོལ་པས། བཀའ་སྩལ་པ། བཞིན་བཟངས་དག །དེ་སྐད་མ་ཟེར་ཅིག་གསུངས་ཏེ། ཐོག་མར་གདུལ་སླ་བ་སུ་ལ་ཆོས་སྟོན་སྙམ་པ་དང་། ལྷག་སྤྱོད་འདས་ཏེ་ཞག་བདུན་ལོན། རིང་འཕུར་འདས་ཏེ་ཞག་གསུམ་ལོན་པར་རིག་ནས། ལྔ་སྡེ་ལ་བསྟན་པར་བྱའོ་ཞེས་དགོངས་ཏེ། མ་ག་དྷར་ནས་གསལ་ལྡན་དུ་སོང་བ་དང་། འཚོ་བ་པ་ཞིག་དང་ཕྲད་དེ། གཏམ་མང་པོ་བྱས་ཏེ། འཚོ་བ་པས། ཁྱེད་དབང་པོ་ནི་གསལ། པགས་པ་ནི་དག་ན། སུ་ལས་ཚངས་པར་སྤྱད། བཀའ་སྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུར་རྫོགས་སངས་རྒྱས། །བསིལ་གྱུར་ཟག་པ་མེད་པ་ཡིན། །དེས་སྨྲས་པ། དགྲ་བཅོམ་པར་ཞལ་གྱིས་འཆེའམ། བཀའ་བསྩལ་པ། ང་ནི་འཇིག་རྟེན་དགྲ་བཅོམ་པ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ང་ཡི་དོ་ཟླའི་གང་ཟག་མེད། །དེས་སྨྲས་པ། རྒྱལ་བར་ཞལ་གྱིས་འཆེའམ། བཀའ་སྩལ་པ། གང་དག་ཟག་པ་ཟད་བརྙེས་པ། །ང་འདྲ་རྒྱལ་བར་ཤེས་པར་བྱ། །ང་ནི་སྡིག་པའི་ཆོས་ལས་རྒྱལ། །དེ་བས་ཉེ་འགྲོ་ང་རྒྱལ་ཡིན། །དེས་སྨྲས་པ། གར་བཞུད། བཀའ་སྩལ་པ། ང་ནི་བཱ་ར་ཎ་སིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་འཇིག་རྟེན་ལ། །མཚུངས་པ་མེད་པའི་འོད་བྱའོ། །ཞེས་སོགས་གསུངས་པས། དེ་བཞིན་དུ་འགྱུར་རོ། ཟེར་ཏེ། ལྷོར་སོང་ངོ་། །སྟོན་པ་བྱང་དུ་རི་ག་ཡ་དང་ལྟེང་རྒྱས་དང་ཙན་དན་ལར་དང་། གྲོང་ཁྱེར་ཁ་ལོ་བསྒྱུར་ནས། གངྒཱའི་འགྲམ་དུ་གཤེགས་སོ། །གངྒཱའི་མཉན་པས་གྲུ་བཙས་བླངས་པས། ང་ལ་གྲུ་བཙས་མེད་གསུངས་ཏེ་ནམ་མཁའ་ལ་གཤེགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཐོས་ནས། ཕྱིས་རབ་བྱུང་ལ་གྲུ་བཙས་མི་འདོད་པར་བྱས་སོ། །
ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ།
དེ་ནས་བཱ་ར་ཎ་སི་ལ་བྱོན་ནས། བསོད་སྙོམས་བཞེས་ཏེ། ཟས་ཀྱི་བྱ་བ་བྱས་ཏེ། དྲང་སྲོང་ལྷུང་བར་གཤེགས་སོ། །ལྔ་སྡེས་སྟོན་པ་འབྱོན་པ་མཐོང་སྟེ། དགེ་སྦྱོང་གོའུ་ཏ་མ། ལྷོད་པ་མང་དུ་ཟ་བ་སྤོང་བ་ལས་ཉམས་པ་འདི་འོང་གིས། །སུས་ཀྱང་བསུ་བར་མི་བྱ། ལྡང་བར་མི་བྱ། ཆོས་གོས་དང་ལྷུང་བཟེད་བླང་བར་མི་བྱ། སྟན་ལྷག་པ་འདི་ལ་འདོད་ན་འདུག་ཅིག་ཟེར་བའི་འོག་ཁྲིམས་བཅས་ཏེ། ཀུན་ཤེས་ཀྱིས་སེམས་ཀྱིས་ཁས་མ་བླངས་སོ། །དེ་ལྟར་སྟོན་པ་བྱོན་པ་དང་ལྔ་སྡེས་མ་བཟོད་ནས། ཁྲིམས་དྲལ་ཏེ་སྟན་ལས་ལངས་ཏེ། ལ་ལས་བསུ། ལ་ལས་གདན་གཏིང་། ལ་ལས་ཞབས་བཀྲུ་བའི་ཆུ་བཤམས་ནས། ཁྱོད་ལེགས་པར་བྱོན་ཏོ། །གདན་འདི་ལ་བཞུགས་སུ་གསོལ་ཞེས་གསོལ་པ་དང་། སྟོན་པས་གདན་ལ་བཞུགས་ནས་ལྔ་སྡེ། མགུ་བར་བྱ་བའི་ཕྱིར་གཏམ་མང་པོ་བྱས་ཏེ། ལྔ་སྡེས། ཚེ་དང་ལྡན་པ་གཽ་ཏ་མ། དབང་པོ་གསལ་ལ། པགས་པ་ནི་ཡོངས་སུ་དག་ན། ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ། བཀའ་སྩལ་པ། ཁྱོད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་མ་ཟེར་ཅིག །ཡུན་རིང་པོར་མི་བདེ་བར་གྱུར་ཏ་རེ། ངས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཁྱེད་ཅག་གིས་འོག་ཁྲིམས་འདི་ལྟར་མ་བཅས་སམ། ཞེས་བཀའ་སྩལ་པས་དེ་དག་དགེ་སློང་དུ་གྱུར་ཏེ། སྟོན་པའི་ཞབས་ལ་གཏུགས་ཏེ་ཉེས་པ་བཤགས་ནས་གུས་པ་བསྐྱེད་དོ། །སྟོན་པས་སྐུ་བསིལ་ནས། གང་དུ་ཆོས་འཁོར་བསྐོར་སྙམ་པ་དང་། ཕྱོགས་དེར་རིན་ཆེན་སྣ་བདུན་གྱི་ཁྲི་སྟོང་བྱུང་བའི་གསུམ་ལ་སྐོར་བ་བྱས་ཏེ། བཞི་པ་ལ་བཞུགས་ནས། འོད་ཀྱིས་སྟོང་གསུམ་སྣང་བར་གྱུར་ཅིང་། ས་གཡོས། སེམས་ཅན་རྣམས་དག་པར་བྱས་སོ། །དེ་ནས་ལྷ་རྣམས་ཀྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་པ་དང་། ནམ་གྱི་ཆ་སྟོད་ལ་ཅང་མི་གསུང་བ་དང་། གུང་ཐུན་ལ་ཡང་དག་པར་འཆག་པའི་གཏམ་དང་། ཆ་སྨད་ལ་ལྔ་སྡེ་ལ་བཀའ་སྩལ་པ། དགེ་སློང་དག །མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བའི་འཇུག་པར་བྱ་བ་མ་ཡིན་ཏེ། འདོད་པ་བསོད་ཉམས་དང་། ངལ་ཞིང་དུབ་པའི་མཐའོ། །མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱིས་དེ་བཞིན་གཤེགས་པ་ཆོས་སྟོན་ཏེ། འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པོ། དགེ་སློང་དག་འདི་ནི་བདེན་པ་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ། །ཞེས་སོགས་དང་། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་ནི་སྤང་བར་བྱའོ། །ཞེས་སོགས་དང་། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །ཞེས་སོགས་ཏེ། བདེན་པ་བཞི་ལན་གསུམ་བཟླས་པས། རྣམ་པ་བཅུ་གཉིས་ཀྱིས་འཁོར་ལོ་བསྐོར་བས། ཀཽ་ཎྜི་ནྱས་དགྲ་བཅོམ་སྟེ་དཀོན་མཆོག་གསུམ་གྲུབ་བོ། །དེ་ལྟར་རྣམ་པ་བཅུ་གཉིས་ཀྱིས། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཀཽ་ཎྜི་ནྱ་ཀུན་ཤེས་ཏེ། །དཀོན་མཆོག་གསུམ་ནི་མངོན་པར་གྲུབ། །ཅེས་སོ། །ཆོས་ཀྱི་འཁོར་ལོ་འདི་ལའང་། གནས། དུས། འཁོར། ཆོས། དགོས་པ་སྟེ། ལྔ་ལྔས་འཆད་གསུང་བས། དང་པོ་ཁོར་མོ་འཇིག་གོ། དུས། ཁ་ཅིག་ལོ་དྲུག་ཟླ་དྲུག་གོ་ཟེར་རོ། །མཆིམས་པ་ན་རེ་ལོ་བདུན་ཟེར་རོ། །ཆག་ན་རེ་ལོ་བདུན་དུ་ཟླ་བ་གཉིས་ཀྱིས་མ་ཚང་བའོ་ཞེས་ཟེར་རོ། །འཁོར་ནི་ཀཽ་ཎྜི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ཏེ་མི་ལྔ། ལྷའི་འཁོར་མང་པོའོ། །ཆོས་བདེན་པ་བཞི་ལན་གསུམ་བཟླས་པ། རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་སྟེ། མཛོད་ལས། ཆོས་དཀྱིལ་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཤེས་ཏེ་མཐོང་ལམ་ནི་འཁོར་ལོ་དང་མྱུར་དུ་འགྲོ་བ་དང་། འདོར་བ་དང་། འཇུག་པའི་ཕྱིར་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་རྣལ་དུ་འགོད་པའི་ཕྱིར་དང་། འཕར་བ་དང་འབབ་པའི་ཕྱིར་ཆོས་མཐུན་པས་ཆོས་ཀྱི་འཁོར་ལོའོ། །བཙུན་པ་དབྱངས་སྒྲོག་ན་རེ། འཕགས་ལམ་ཡན་ལག་བརྒྱད་ཀྱི་ལྟ་བ་རྟོག་པ་རྩོལ་བ་དྲན་པ་རྣམས་རྩིབས། ངག །ལས་མཐའ། འཚོ་བ་གསུམ་ལྟེ་བ། ཏིང་ངེ་འཛིན་མུ་ཁྱུད་དང་ཆོས་མཐུན་པས་འཁོར་ལོའོ། །མཐོང་ལམ་ཆོས་ཀྱི་འཁོར་ལོ་ཡིན་ཏེ། ཀཽ་ཎྜི་ནྱ་ལ་དེ་སྐྱེས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་གསུངས་སོ། །ལན་གསུམ་དུ་བཟླས་པ་ནི་འདི་ནི་སྡུག་བསྔལ་ལོ་ཞེས་སོགས་དང་། དེ་ཡོངས་སུ་ཤེས་པར་བྱའོ་ཞེས་དང་། དེ་ཡོངས་སུ་ཤེས་སོ་ཞེས་པའོ། །བཟླས་པ་རེ་རེར་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །ཞེས་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་གྲོལ་དང་། ཁྱད་པར་གྱི་ལམ་སྐྱེས་པར་བསྟན་པ་ནི་རྣམ་པ་བཅུ་གཉིས་སོ། །འོ་ན་བཟླས་པ་བཅུ་གཉིས་དང་རྣམ་པ་དྲུག་ཅུ་རྩ་བཞིར་འགྱུར་རོ་ཞེ་ན། གསུམ་ཚན་དང་བཅུ་གཉིས་ཚན་དུ་ཆོས་མཐུན་པའི་ཕྱིར་སྐྱོན་མེད་དོ། །བཟླས་པ་གསུམ་པོས་མཐོང་བསྒོམ་མི་སློབ་པ་གསུམ་བསྟན་ནོ་ཞེས་བྱེ་བྲག་དུ་སྨྲ་བ་ཟེར་རོ། །དེ་ལྟར་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་བཟླས་པ་དང་རྣམ་པ་བཅུ་གཉིས་མ་ཡིན་པར་འགྱུར་ཏེ། མཐོང་ལམ་ཁོ་ན་ལན་གསུམ་བཟླས་པ་དང་རྣམ་པ་བཅུ་གཉིས་མ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡིན་ཏེ་ལན་གསུམ་དུ་བཟླས་པ་ནི་བདེན་པ་རྣམས་ལན་གསུམ་དུ་བཟླས་པའོ། །རྣམ་པ་བཅུ་གཉིས་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་མོ་ཞེས་པ་དང་། ཡོངས་སུ་ཤེས་པར་བྱ། སྤང་བར་བྱ། མངོན་དུ་བྱ། བསྒོམ་པར་བྱ། ཞེས་བྱ་བ་དང་། ཡོངས་སུ་ཤེས། སྤངས། མངོན་དུ་བྱས། བསྒོམས། ཞེས་པའོ། །བསྐོར་བ་ནི་གཞན་གྱི་རྒྱུད་ལ་གོ་བར་བྱེད་པའམ། ཤེས་པར་བྱེད་པའི་ཕྱིར་རོ། །དགོས་པ་ནི། བཟླས་པ་དང་པོ་ལ་ཀཽ་ཎྜི་ནྱ་དང་ལྷ་མང་པོ་ལ་མཐོང་ལམ་སྐྱེས། གཉིས་པ་ལ་ཀཽ་ཎྜི་ནྱས་དགྲ་བཅོམ། གཞན་བཞིས་མཐོང་ལམ་སྐྱེས། གསུམ་པ་ལ་ནི། བཞི་པོས་ཀྱང་དགྲ་བཅོམ་སྟེ་དངོས་ཀྱི་དགོས་པའོ། །བརྒྱུད་པའམ་ཁྱད་པར་གྱི་དགོས་པ་གདུལ་བྱ་གང་ཟག་ཏུ་འཛིན་པ་ལས་བཟློག་ནས། འབྲས་བུ་བཞི་ལ་འགོད་པའོ། །
བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོ།
བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོ་ནི་གནས་བྱ་རྒོད་ཕུང་པོའི་རི་ལ། དུས་ཁྲོ་ལོ་ན་རེ་ལོ་སུམ་ཅུ་ཟེར་རོ། །མཆིམས་པ་ལོ་ཉི་ཤུ་རྩ་བདུན་ནོ་ཟེར་རོ། །ཆག་ན་རེ་སོ་གཅིག་ཟེར་རོ། །ཁ་ཅིག་ལོ་བཅུ་གཉིས་སོ་ཞེས་ཟེར་རོ། །འཁོར་ནི། སྟོང་ཉིད་བརྒྱ་ལྔ་བཅུའམ། ལྔ་སྟོང་གི་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་ཕ་མ་དང་། བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལའོ། །ཆོས་ནི་མཚན་ཉིད་མེད་པའི་འཁོར་ལོ་སྟེ། ཤེར་ཕྱིན་དང་བཀའ་བར་པར་གཏོགས་པ་རྣམས་སོ། །ཤེར་ཕྱིན་ལ་ཆོས་ཀྱི་བཤེས་གཉེན་ན་རེ། སྙིང་པོའི་དོན་སྟོན་པ་དང་། མངོན་པར་རྟོགས་པའི་དོན་སྟོན་པ་གཉིས་སོ། །དང་པོ་དོན་དམ་སྟོང་པ་ཉིད་དམ་རྣམ་ཐར་སྒོ་གསུམ་སྟོན་པ་སྟེ་ཤེར་སྙིང་ལ་སོགས་པའོ། །
གཉིས་པ་ནི་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་། འབྲིང་གི་རྒྱས་པ་ཉི་ཁྲི་ལྔ་སྟོང་པ་དང་། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་པ། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་པའོ། །བསྡུས་པའི་རྒྱས་པ་བརྒྱད་སྟོང་པ་དང་། བསྡུས་པའི་བསྡུས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའོ། །དེ་དག་དོན་མངོན་རྟོགས་བརྒྱད་སྟོན་པར་ཁྱད་མེད། ཚིག་རྒྱས་བསྡུས་ཀྱི་ཁྱད་ཁོ་ནར་ཟད་དོ་ཞེས། དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་པའི་འགྲེལ་པར་འབྱུང་ངོ་། །དེ་ལ་དང་པོ་ལྔ་ཅིག་ཅར་གསུངས་པ་ཡིན་ཏེ། ཞུ་བ་པོ་ཐམས་ཅད་མཐུན་པར་བྱུང་ཞིང་ཞིང་དག་སྦྱོར་དུ་གངྒཱའི་ལྷ་མོ་ལུང་བསྟན་པར་མཚུངས་པས་སོ། །ཁྱབ་པ་ཡོད་དེ། སངས་རྒྱས་གཅིག་གིས་གང་ཟག་གཅིག་ཡང་ཡང་བྱང་ཆུབ་ཏུ་ལུང་སྟོན་པར་མི་རིགས་སོ། །འོ་ན་ཀླུ་སྒྲུབ་ལུང་བསྟན་དུ་མ་བྱུང་བ་དང་འགལ་ཟེར་ན། དེ་ནི་ལུང་བསྟན་ཐ་དད་དེ། ཁ་ཅིག་ཏུ་བསྟན་པ་གསལ་བྱེད་དུ་བསྟན་ལ། ཁ་ཅིག་ཏུ་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །གངྒཱའི་ལྷ་མོ་ནི་བྱང་ཆུབ་ཏུ་ལུང་བསྟན་པར་ཁྱད་པར་མེད་པས་སོ། །འོ་ན་གླེང་གཞིར་འཁོར་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་དང་ལྔ་སྟོང་ཞེས་གྲངས་མང་ཉུང་འབྱུང་བ་དང་འགལ་ཞེ་ན། དགེ་འདུན་བགྲངས་པ་དང་། གང་ཟག་བགྲངས་པའི་ཁྱད་དོ་ཞེས་ཟེར་རོ། །སྟོང་ཕྲག་བརྒྱ་པར་བྱམས་རྟག་ཆོས་འཕགས། མཇུག་སྡུད་བཞི་མེད་པ་ནི། ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་གདན་མ་འདྲོངས་པ་ཡིན་ནོ། །འོན་ཀྱང་། གསུང་གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་རིག །ཅེས་པའམ། གསུང་ནི་གཅིག་གཅིག་གསུང་མཛད་ལ། །དུ་མ་ཉིད་དུ་རིག་འགྱུར་ཏེ། །དེ་ནི་བདག་གི་ཆེད་དུའོ་ཞེས། །ཐམས་ཅད་ཀྱིས་ནི་རྟོགས་ཕྱིར་རོ། །ཞེས་པ་བཞིན་དུ། རང་གི་བློ་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱིས་ཚིག་རྒྱས་འབྲིང་བསྡུས་གསུམ་དུ་གོ་བ་བཞིན་དུ། སྡུད་པ་པོས་ཀྱང་བསྡུས་པ་ཡིན་ནོ། །སྡུད་པ་པོས་དེ་ལྟར་སྡུད་མི་ནུས་པའི་སྐྱོན་མེད་དེ། སངས་རྒྱས་ཉིད་ཀྱི་བྱིན་རླབས་སམ་རྣམ་འཕྲུལ་ཡིན་པས་སོ། །ཞེས་འབུམ་ཕྲག་གསུམ་པ་གསུང་ཞེས་ཁྲོ་ཕུ་ལོ་ཙྪ་བ་དང་། ཆག་ལོ་ཙྪ་བ་རྣམས་གསུང་ངོ་། །སྡུད་པ་ནི་རྗེས་ལ་འཁོར་རྣམས་བཞི་དགའ་བར་བྱ་བའི་ཕྱིར། མ་ག་དྷའི་སྐད་ཀྱིས་གསུངས་སོ་ཞེས་འགྲེལ་པར་འབྱུང་ངོ་། །དགོས་པ་ནི་གདུལ་བྱ་རྣམས་ལྟ་བར་སོང་བ་ཐམས་ཅད་བཟློག་ནས། བགྲོད་པ་གཅིག་པའི་ལམ་སྟོང་པ་ཉིད་དུ་ཚུལ་གཅིག་པ་ལ་འགོད་པའོ། །རྒྱ་ཚེར་རོལ་པར། ཀུན་གཞི་མེད་ཅིང་སྤྲོས་པ་མེད། །སྐྱེ་འགག་མེད་ཅིང་བླང་དོར་མེད། །སྟོང་པ་ཉིད་དུ་ཚུལ་གཅིག་པའི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་རོ། །ཞེས་སོ། །དེ་དག་འཁོར་ལོ་བར་པ་ཡིན་པར་ཡང་ཤེས་ཕྱིན་ནས། ལྷ་རྣམས་ཀྱིས་ནམ་མཁའ་ལ་ལྷུང་ལྷུང་འདེགས་ཀྱི་སྒྲ་ཕྱུང་སྟེ། ཀྱེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་ཡང་མཐོང་ངོ་ཞེས་པས་སོ། །
དོན་དམ་རྣམ་པར་ངེས་པའི་འཁོར་ལོ།
གསུམ་པ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་ནི། གནས་ནི་རི་མ་ལ་ཡ་དང་ཡངས་པ་ཅན་ལ་སོགས་པར་རོ། །འཁོར་ཐེག་པ་སྣ་ཚོགས་ལ་མོས་པ་ཞེས་གསུང་ཡང་། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་སེམས་སུ་རིགས་སོ། །དུས་ནི་མཆིམས་པ་ལོ་བཅུ་ཟེར་རོ། །ཁྲོ་ལོ་ན་རེ་ལོ་བཅུ་གཉིས་ཟེར་རོ། །ཆག་ན་རེ། ལོ་བདུན་ནམ་དགུ་ཟེར་རོ། །ཁ་ཅིག་ལོ་ཉི་ཤུ་རྩ་དྲུག་གམ་རྩ་བརྒྱད་ཟེར་རོ། །དུས་ཀྱི་ངེས་པ་འདི་རྣམས་ཀྱི་ཁུངས་གསལ་བ་ཁོ་བོས་མ་མཐོང་ངོ་། །ཆོས་ནི་དོན་དམ་རྣམ་པར་ངེས་པའི་ཆོས་སྔར་འཁོར་ལོ་དང་པོས་མེད་པར་ལྟ་བ་བཟློག་པས། ཡོད་རྟོག་ཤེས་ཆེར་གྱུར་པ་ལ་འཁོར་ལོ་བར་པས། མེད་པར་ལྟ་བ་ཤས་ཆེར་གྱུར་པ་ལ། འདིས་ཀུན་བཏགས་མེད། གཞན་དབང་ཀུན་རྫོབ་ཏུ་ཡོད། ཡོངས་གྲུབ་གཉིས་དོན་དམ་དུ་ཡོད་པར་བསྟན་པས། མཐའ་གཉིས་སུ་འཛིན་པ་ཟློག་པ་ངེས་དོན་རྩོད་མེད་ཡིན། དང་པོ་གཉིས་དྲང་དོན་རྩོད་པ་ཅན་ཡིན་ནོ། །ཞེས་སེམས་ཙམ་པ་འདོད་དོ། །དགོངས་པ་ངེས་འགྲེལ་ལས། དེ་ནས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་བཱ་ར་ཎ་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་སོ། །དགོས་པ་མཐའ་གཉིས་སུ་དོགས་པ་བསལ་ནས་དབུ་མའི་ལམ་ལ་འགོད་པའོ། །དབུ་མ་པ་རྣམས་བཀའ་དང་པོ་དང་ཐ་མ་གཉིས་དགོངས་པ་ཅན། བར་པ་ངེས་དོན་དུ་འདོད་དོ། །སྔར་གྱི་ལུང་ནི་དགོངས་པ་ཅན་དུ་འཆད་དོ། །ཁ་ཅིག་བཀའ་དང་པོ་གཉིས་ཀྱི་འགལ་སྤོང་དུ་འཆད་དེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དེས་ན་དངོས་པོ་གཅིག་ཉིད་ལ། །ཡོད་དང་མེད་པ་ཇི་ལྟར་འགལ། །ཞེས་ལང་ཀར་གཤེགས་པར་གསུངས་སོ། །ཟེར་ཏེ། དེ་ནི་དབུ་མའི་བཞེད་གཞུང་ཡིན་གྱི། སེམས་ཙམ་གྱི་མིན་ཏེ། དོན་དམ་དུ་བདེན་པ་གཅིག་ཀྱང་མེད་པ་སེམས་ཙམ་པས་མི་འདོད་དོ། །ཉན་ཐོས་དང་དབུ་མའི་ལྟ་བའི་འགལ་བ་སེམས་ཙམ་གྱིས་སྤང་མི་ནུས་སོ། །ཁ་ཅིག་དང་པོ་བདེན་པ་བཞིའི་འཁོར་ལོ། །གཉིས་པ་བདེན་པ་གཉིས་ཀྱི་འཁོར་ལོ། །ཐ་མ་བདེན་པ་མ་བཞག་པའི་འཁོར་ལོ་ཟེར་ཏེ། ཐ་མར་བདེན་བཞིའམ། བདེན་གཉིས་རྣམ་པར་བཞག་པ་ཚད་མས་གྲུབ་བོ། །ཁ་ཅིག་ཐ་མ་ཐེག་པ་སྣ་ཚོགས་བསྟན་པས་ཐེག་པ་སྣ་ཚོགས་ཀྱི་འཁོར་ལོ་སྟེ། རྒྱ་ཆེ་རོལ་པར། ཇི་ལྟར་སྒྱུ་མ་སྨིག་སྒྱུ་དང་། །རྨི་ལམ་ཆུ་ཟླ་བྲག་ཅ་དང་། །འདྲ་བའི་ཆོས་ཚུལ་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར། །ཞེས་པས་སོ་ཟེར་རོ། །པཎྜི་ཏ་གཞན་ཕན་བཟང་པོ་ན་རེ། རིགས་མེད་པ་ལ་མངོན་མཐོའི་འཁོར་ལོ་བསྐོར་གསུང་ངོ་། །སད་ཛ་ན་ན་རེ། རང་སངས་རྒྱས་ཀྱི་རིགས་ཅན་ལ་རང་རྒྱལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་གསུང་བ་ལ། ཆག་ན་རེ། འཁོར་ལོ་གསུམ་དུ་བཤད་པ་དང་འགལ་ཞིང་། དེ་ལྟ་བུའི་སྡེ་སྣོད་ལོགས་པ་མི་སྣང་བས་གསལ་ཟེར་རོ། །དེ་ལྟར་བདེ་བར་གཤེགས་པས་ངག་ཀུན་ནས་སློང་བའི་བག་ཆགས་སྤངས་པས། ངག་གིས་སྟོན་པ་མེད་པས་སངས་རྒྱས་ནས། མྱ་ངན་ལས་མ་འདས་བར་དུ་ཡི་གེ་གཅིག་ཀྱང་། མ་གསུངས་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས་སྣ་ཚོགས་སུ་སྟོན་ཏེ། འཕྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐྱོད་པས་སྒྲ་འབྱིན་ཅིང་། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ན་ཡང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱངས་པའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བས་སངས་རྒྱས་གསུང་འབྱུང་ངོ་། །དེ་ལ་འདིར་རྟོག་ཡོང་མི་མངའ། །ཞེས་གསང་བ་བསམ་གྱིས་མི་ཁྱབ་པ་ལས་འབྱུང་ངོ་། །དེ་ལྟར་སྟོན་པས། སེམས་ཅན་མ་རིག་པའི་ལིང་ཏོག་གིས་ནི་གཡོགས། བདག་ལྟའི་མདུད་པས་ནི་བཅིངས། ང་རྒྱལ་གྱི་རི་བོས་ནི་ནོན། འདོད་ཆགས་ཀྱི་མེས་ནི་གདུངས། ཞེ་སྡང་གི་མཚོན་གྱིས་ནི་རྨས། འཁོར་བའི་དགོན་པར་ནི་ཞུགས། སྐྱེ་རྒ་ན་འཆིའི་ཆུ་བོ་ལས་མ་བརྒལ་ཏེ། སྡུག་བསྔལ་བར་གཟིགས་ནས། དེ་ལས་ཐར་བར་བྱ་བའི་ཕྱིར་དཔལ་གྱི་མགུར་དུང་གི་ཚེམས་བར་ནས། འཕྲུལ་གྱི་ལྗགས་བརྐྱངས་ཏེ། ཚངས་པའི་གསུང་ཕྱུང་སྟེ་ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་རོ། །
མྱ་ངན་ལས་འདས་པའི་མཛད་པ།
དེ་ནས་མྱ་ངན་ལས་འདས་པའི་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་མྱ་ངན་ལས་མི་འདས་བར་གསོལ་བར་བསྐུལ་བའི་ཕྱིར་དུ། ཀུན་དགའ་བོ་གང་སུ་ཡང་རུང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་བསྒོམས་མང་དུ་བྱས་པ་དེ་འདོད་ན། བསྐལ་པའམ་བསྐལ་པ་ལས་ལྷག་གི་བར་དུ་ཡང་འདུག་གོ། དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་བསྒོམས་མང་དུ་བྱས་པས་ན། དེ་བཞིན་གཤེགས་པ་བཞེད་ན། བསྐལ་པའམ་བསྐལ་པ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ། །ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་བསྐུལ་ཡང་། ཀུན་དགའ་བོ་བདུད་ཀྱིས་ཁེབས་པས་ཅང་མི་ཟེར་རོ། །དེ་ནས་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པས། ཟླ་བ་གསུམ་ནས་འདའ་བར་ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ཚེའི་འདུ་བྱེད་ནི་སྤངས་སོ། །དེའི་ཚེ་ས་གཡོས་སྐར་མདའ་ལྷུང་། ཕྱོགས་ཚིག །བར་སྣང་གི་ལྷ་རྣམས་རྔ་བརྡུང་བར་གྱུར་ཏོ། །དེའི་རྒྱུ་ཞུས་པས། ས་གཡོ་བའི་རྒྱུ་བརྒྱད་གསུངས་པས། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་སྤངས་པར་རིག་ནས། གསོལ་བ་བཏབ་ཀྱང་མ་གནང་ངོ་། །དེ་ནས་ཙ་བ་ལིའི་དགེ་འདུན་རྣམས་ལ་གདམས་པ་གསུངས་ནས། ཡངས་པ་ཅན་ནས་བྱོན་ཏེ། གཡས་ཕྱོགས་ཀྱིས་གཟིགས་ཏེ། བྲི་ཛིའི་གྲོང་གི་བྱང་གི་ཤིང་ཤ་བའི་ཚལ་དུ་བྱོན་ནོ། །དེར་དགེ་སློང་རྣམས་ལ་བསླབ་པ་གསུམ་གསུངས་ནས་རིམ་གྱིས་ལོངས་སྤྱོད་ཀྱི་གྲོང་གི་བྱང་། ཤིང་ཤ་བའི་ཚལ་དུ་བྱོན་ཞིང་། ས་གཡོས་པ་མྱུར་དུ་མྱ་ངན་ལས་འདའ་བའི་རྒྱུར་བསྟན་ནས། མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་ཆོས་སུ་གཟུང་ལ། དེ་ལྟ་མིན་ན་མི་གཟུང་ངོ་ཞེས་བཀའ་སྩལ་ཏོ། །དེ་ནས་ས་པའི་གྲོང་དུ་མགར་བའི་བུ་ཙུན་ད་ལས་བསོད་སྙོམས་ཀྱི་ཐ་མ་བཞེས་ཏེ། ཆོས་བསྟན་ནས། གྲོང་ཁྱེར་རྩྭ་ཅན་དུ་སོང་སྟེ། སྡིག་པ་ཅན་དང་། ཆུ་བོ་དབྱིག་ལྡན་གྱི་བར་དུ་གཟིམས་ཤིང་ཀུན་དགའ་བོས་ཆུ་བོ་ཀ་ཀུ་ཏ་ལས་ཆུ་རྙོག་མ་ཅན་བླངས་ཏེ་དྲངས་པས། ཞལ་བཤལ། ཞབས་བཀྲུས་པས། བདེ་བར་གྱུར་ནས་བཞེངས་ཏེ། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་དད་པར་མཛད་ནས་གཡུང་པོ་ལས་རས་བཅོས་བུ་གསེར་ལྟར་སེར་བ་ཟུང་གཅིག་བཞེས་ཏེ། ཁ་ཚར་བཅད་ནས་གསོལ་བས་སྐུའི་ཁ་དོག་ཤིན་ཏུ་གསལ་བར་སྣང་ནས། དེའི་རྒྱུ་ཞུས་པས། དོ་ནུབ་མྱ་ངན་ལས་འདའ་བའི་རྒྱུར་གསུངས་ནས། ཆུ་བོ་དབྱིག་ལྡན་དུ་ཁྲུས་མཛད་དེ། ཙུན་དའི་འགྱོད་པ་སེལ་བའི་ཐབས་གང་གིས་བསོད་སྙོམས་གསོལ་ནས། སངས་རྒྱས་པ་དང་། མྱ་ངན་འདས་པར་གྱུར་པ་གཉིས་བསོད་ནམས་མཉམ་པར་གསུངས་སོ། །ཀུན་དགའ་བོས་འདུན་པ་ཇི་ལྟར་གདུལ་ཞུས་པས་ཚངས་པའི་ཆད་པས་བསྡིགས། དེ་ནས་སྐྱོ་བར་བྱ། དེ་ནས་ཀཱ་ཏྱ་་ཡ་ན་ལ་ལུང་ནོད་དུ་གཞུག་གོ། ཞེས་གསུངས་ནས་རྩྭ་ཅན་དུ་གཤེགས་པའི་ལམ་དུ་བསྙུང་སྟེ་གཟིམས་སོ། །དེ་ནས་ཀུན་དགའ་བོས་བྱང་ཆུབ་ཀྱི་ཡན་ལག་སྨྲས་པས་བཞེངས་ཏེ། གྲོང་ཁྱེར་རྩྭ་ཅན་གྱད་གྱི་ཡུལ་དང་ཉེ་བར། ཤིང་སཱ་ལ་ཟུང་གི་བར་དུ་ཁྲི་བཅས་ཕངས་བྱང་དུ་བསྟན་པ་ལ་གློ་གཡས་པ་ཕབ། ཞབས་ཀྱི་སྟེང་དུ་ཞབས་བཞག་ནས། སྣང་བའི་འདུ་ཤེས་དང་དྲན་ཤེས་བཞིན་དང་མྱ་ངན་ལས་འདའ་བའི་འདུ་ཤེས་མཛད་ནས་གཟིམས་སོ། །ཀུན་དགའ་བོ་ནི་ཁྲི་ལ་འཇུས་ཏེ་ངུ་ཞིང་སྨྲེ་སྔགས་འདོན་པ་ལ། ངོ་མཚལ་བའི་ཆོས་བཞིས་མྱ་ངན་བསལ་ལོ། །ཀུན་དགའ་བོས་ཡུལ་འདིར་འདའ་བའི་རྒྱུ་ཞུས་པས། སྔར་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་སོགས་པ་འཁོར་ལོས་སྒྱུར་བ་དྲུག་འདིར་འདས། སངས་རྒྱས་དང་བདུན་འདའོ་ཞེས་གསུང་ངོ་། །དེའི་ཚེ་དགེ་སློང་དཔེ་ཅན་གྱི་གཟི་བརྗིད་ལྷ་རྣམས་ཀྱིས་མི་བཟོད་པས་བསྐྲད་དོ། །ཀུན་དགའ་བོས། སྐུ་གདུང་ལ་མཆོད་པ་ཇི་ལྟར་བགྱི་ཞུས་པས། འཁོར་ལོས་བསྒྱུར་རྒྱལ་ལ་བྱེད་པ་བཞིན་དུ། ལུས་ཤིང་བལ་གྱི་ལྭ་བས་དཀྲིས། རས་ཟུང་ལྔ་བརྒྱས་གཡོགས། ལྕགས་ཀྱི་སྒྲོམ་དུ་བཅུག་ནས། འབྲུ་མར་གྱིས་བཀང་། སྟེང་ནས་ལྕགས་ཁེབ་གཉིས་ཀྱིས་བཀབ་ནས་དྲི་ཞིམ་པོའི་ཤིང་སྤུངས་ཏེ་བསྲེགས་ནས། མེ་འོ་མས་བསད་དེ། རུས་པ་གསེར་གྱི་བུམ་པར་བཅུག་ནས། བཞི་མདོར་མཆོད་རྟེན་བརྩིགས་ནས། མཆོད་ཅིང་དུས་སྟོན་བྱེད་པ་བཞིན་དུ་བྱའོ། །ཞེས་གསུངས་སོ། །དེ་ནས་རྩྭ་ཅན་གྱི་གྱད་རྣམས་ལ། དེ་བཞིན་གཤེགས་པ་དོ་ནུབ་འདའོ་ཞེས་སྦྲན་པས། གྱད་རྣམས་འདུས་ཏེ་སྤྱན་སྔར་ཕྱིན་པས། ཆོས་བསྟན། དེ་དག་ལ། ཀུན་དགའ་བོས་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་སོང་ངོ་། །དེ་ནས་སྟོན་པས་སྐུ་དངོས་ཀྱི་གདུལ་བྱ། རབ་བཟང་དང་། རབ་དགའ་གཉིས་ལས་པ་ལ། རབ་དགའ་འདུལ་བའི་ཕྱིར་པི་ཝང་རྒྱུད་སྟོང་པ་ཁོག་པ་བཻཌཱུརྱ་ལས་བྱས་པ་བསྣམས་ཏེ། དྲི་ཟར་སྤྲུལ་ཏེ། རབ་དགའི་སྒོ་དྲུང་དུ་ཕྱིན་པ་དང་། དེ་དང་གླུ་དབྱངས་འགྲན་ཅིང་། རྒྱུད་རིམ་གྱིས་གཅིག་མ་གཏོགས་པ་བཅད་ཀྱང་། སྒྲ་གདངས་ཁྱད་མེད་དོ། །དེ་ནས་སྟོན་པས་རྒྱུད་གཅིག་ཀྱང་བཅད་དེ། ནམ་མཁའ་ཁོ་ན་ལ། སྒྲ་གདངས་སྔར་བཞིན་དུ་གྱུར་པ་དང་། རབ་དགའ་ང་རྒྱལ་ཆག་སྟེ་ངོ་མཚར་སྐྱེས་པ་དང་། སྟོན་པས་སྐུ་མངོན་སུམ་དུ་བསྟན་ཏེ། དེ་ལ་རབ་དགའ་དད་ནས་ཕྱག་བྱས་ཏེ་ཆོས་ཉན་པའི་ཕྱིར་འདུག་པ་ལ་ཆོས་བསྟན་ཏེ་བདེན་པ་མཐོང་ངོ་། །དེའི་ཚེ་རྩྭ་ཅན་ན་ཀུན་ཏུ་རྒྱུ་རབ་བཟངས་ལོ་བརྒྱ་ཉི་ཤུ་ལོན་པ་དགྲ་བཅོམ་པར་གྲགས་པ་ཞིག་ཡོད་པས། རྫིང་བུ་དལ་འབབ་ཀྱི་འགྲམ། ཨུ་དུམ་ཝཱ་རའི་ཚལ་གྱི་མེ་ཏོག་རྙིངས་པ་དང་། སྟོན་པ་མྱ་ངན་ལས་འདའོ་ཞེས་ཐོས་པའི་རྒྱུས། བདག་གི་ཐེ་ཚོམ་སེལ་བར་འགྱུར་སྲིད་སྙམ་སྟེ་སོང་ནས་ཀུན་དགའ་བོ་ལ་ལན་གསུམ་ཞུས་པས་མ་གནང་བ་སྟོན་པས་མཁྱེན་ནས། ང་དང་མུ་སྟེགས་ཅན་གཏམ་གླེང་བའི་ཐ་མ་འདི་ཡིན་གྱིས། ཐོང་གསུངས་ནས། རབ་བཟངས་ལ་དགའ་བར་བྱ་བའི་གཏམ་མང་པོ་མཛད་ནས། རབ་བཟངས་ང་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ། རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་ཅིག་ཏུ། །དགེ་བ་གང་ཡིན་ཅི་ཞིག་བྱས་གྱུར་ཀྱང་། རབ་བཟངས་ཆོས་འདུལ་བ་གང་ལ་འཕགས་ལམ་ཡན་ལག་བརྒྱད་མེད་པ་དེ་ལ་དགེ་སྦྱོང་གི་འབྲས་བུ་བཞི་མེད་ལ། ཡན་ལག་བརྒྱད་ཡོད་ན་ཡོད་དེ། འདི་ལས་ཕྱི་རོལ་ན་དགེ་སྦྱོང་མེད་ཅེས་སོགས་གསུངས་པས་བདེན་པ་མཐོང་། ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་ཐོབ་སྟེ། སྟོན་པ་མྱ་ངན་ལས་འདའ་བ་བལྟ་བར་མི་བྱའོ། །སྙམ་ནས་གནས་ལྔ་བྱིན་གྱིས་བརླབས་ནས། མྱ་ངན་ལས་འདས་སོ། །དེ་ནས་སྟོན་པས་མུ་སྟེགས་ཅན་ཤཱཀྱ་དང་མེ་པ་རལ་བ་ཅན་མ་གཏོགས་པ་རབ་ཏུ་མི་དབྱུང་། འཁོར་རྣམ་བཞིས་ཕན་བདེར་འགྱུར་བའི་གསུང་རབ་བཅུ་གཉིས་བཀླག །སྟོན་པ་སོ་ཐར་ལ་གྱིས། རྒན་པས་གཞོན་པ་རྣམས་ཡོ་བྱད་ཀྱིས་བསྡུ། གཞོན་པས་རྒན་པའི་མིང་འབོད་མི་བྱ། དད་པ་ཅན་ལ་སྟོན་པ་འཁྲུངས་པ། སངས་རྒྱས་པ་ཆོས་གསུངས་པ། མྱ་ངན་ལས་འདས་པའི་ཕྱོགས་བཞི་བསྟན་པར་བྱའོ། །དགེ་སློང་དག །དཀོན་མཆོག་གསུམ་དང་བདེན་པ་བཞི་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག །དེ་ནས་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག །དེ་བཞིན་གཤེགས་པ་ལྟ་བ་ནི་རྙེད་པར་དཀའ་ཡིས། དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག །དགེ་སློང་དག །རེ་ཞིག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ་ཞེས་གསུངས་ནས། བསམ་གཏན་བཞི། གཟུགས་མེད་བཞི། འགོག་སྙོམས་ལ། ལུགས་འབྱུང་ལུགས་ཟློག་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་ལ་ཞུགས་ཏེ། རབ་མཐའ་ལས་མྱ་ངན་ལས་འདས་སོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས། ཕྲན་ཚེགས་འགྲེལ་པ་ལས། ཁ་ཆེ་བ་དང་བསྟུན་ནས། རབ་མཐའི་རྗེས་ལ་ལུང་མ་བསྟན་གྱི། སེམས་ལས་མྱ་ངན་ལས་འདས་པ་ཡིན་ཡང་། རབ་མཐའ་དང་ཉེ་བས་རབ་མཐའ་ཞེས་བརྗོད་པར་བཤད་དོ། །དེ་མ་ཐག །ས་གཡོས། སྐར་མདའ་ལྷུང་། ཕྱོགས་ཚིག །ལྷའི་རོལ་མོའི་སྒྲ་གྲག་གོ། དེའི་ཚེ་འོད་སྲུངས་ཆེན་པོ་རྒྱལ་པོ་རྒྱལ་པའི་ཁབ་ན་གནས་པས། སྟོན་པ་འདས་པར་ཤེས་ཏེ། འདུས་བྱས་ཀྱི་ཆོས་ཉིད་འདི་འདྲའོ་སྙམ་སྟེ། དེ་མ་སྐྱེས་དགྲས་ཐོས་ན་འཆི་བར་འགྱུར་བས། དེའི་ཐབས་ཤིག་བྱའོ་སྙམ་སྟེ། བྲམ་ཟེ་དབྱར་བྱེད་ལ། ཁྱོད་མྱུར་དུ་སྐྱེད་ཚལ་དུ་སོང་ལ། སྟོན་པ་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ་དང་། འཁོར་ལོ་བསྐོར་བ་དང་། མཉན་ཡོད་དུ་ཆོ་འཕྲུལ་བསྟན་པ་དང་། གྲོང་ཁྱེར་སྐྲ་ཅན་དུ་ལྷ་ལས་བབས་པ་དང་། རྩྭ་ཅན་དུ་ཐ་མའི་གཟིམས་མལ་དུ་གཤེགས་པ་རྣམས་བྲིས། གཞོང་རིངས་མར་སར་གྱིས་བཀང་བ་བདུན། བརྒྱད་པ་ཙན་དན་གོ་ཤིཪྵས་བཀང་བ་རྣམས་ཞོག་ལ། རིམ་གྱིས་སྟོན་ལ། དེ་ནས་བརྒྱལ་བ་དང་། གཞོང་རིངས་བདུན་དང་། བརྒྱད་པར་བཅུག་པས་སོས་སོ། །ཞེས་བསླབས་པ་བཞིན། དབྱར་བྱེད་ཀྱིས་བྱས་ཏེ། རིམ་པ་བཞིན་བསྟན་ཏེ། འདི་ནི་རྩྭ་ཅན་དུ་སྟོན་པ་ཐ་མའི་གཟིམས་མལ་དུ་གཤེགས་པའོ། །རྒྱལ་པོས་སྨྲས་པ། ཅི་སྟོན་པ་འདས་སམ། ཅང་མི་ཟེར་རོ། །དེ་ནས་རྒྱལ་པོ་འགྱེལ་ཞིང་བརྒྱལ་བ་ལ་སྔར་བསླབས་པ་བཞིན་བྱས་པས་གསོ་སོ། །དེའི་ཚེ་དགེ་སློང་ཞིག་གིས། སཱ་ལ་ཟུང་ནི་རབ་མཛེས་པའི། །ལྗོན་ཤིང་མཆོག་གི་ཚལ་དུ་འདིར། །སྟོན་པ་མྱ་ངན་འདས་པ་ལ། །མེ་ཏོག་དག་གིས་རབ་ཏུ་གཏོར། །བརྒྱ་བྱིན་གྱིས། ཀྱེ་མ་འདུས་བྱས་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཚངས་པས། འབྱུང་པོ་ཀུན་གྱིས་འཇིག་རྟེན་འདིར་ནི་བསགས་པའི་མཐའ། །འདོད་འགྱུར་འཇིག་རྟེན་འདི་ན་གང་ཟག་ཟླ་མེད་ཅིག །དེ་བཞིན་གཤེགས་པ་སྟོབས་རྣམས་བརྙེས་པ་སྤྱན་ལྡན་པ། །སྟོན་པ་འདི་ལྟ་བུ་ཡང་ཡོངས་སུ་མྱ་ངན་འདས། །མ་འགག་པས། བརྟན་པའི་ཐུགས་ཀྱིས་སྐྱོབ་མཛད་ཅིང་། །མི་གཡོ་ཞི་བ་བརྙེས་གྱུར་པ། །དབུགས་དབྱུང་བ་དང་དབུགས་འགགས་ནས། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །དེའི་ཚེ་དགེ་སློང་ཁ་ཅིག་ས་ལ་འགྲེ་ལྡོག །ཁ་ཅིག་ཀུ་ཅོ་འདོན། ཁ་ཅིག་སྡུག་བསྔལ་གཟིར་ཅིང་འདུག །ཁ་ཅིག་ཆོས་ཉིད་ལ་བརྟེན་ནས་རྟོག་ཅིང་གནས་སོ། །སང་ནང་པར་ཀུན་དགའ་བོས། རྩྭ་ཅན་གྱི་གྱད་རྣམས་ལ་སྦྲན་ཏེ། གྱད་རྣམས་ཀྱིས་ཉི་མ་བདུན་གྱི་བར་ལ་སྟ་གོན་བྱས་ནས། བདུན་པ་ལ། གྱད་ཀྱི་ཆུང་མ་དང་། བུ་མོ་རྣམས་ཀྱིས་བླ་རེ་བྲེས། གྱད་གཞོན་ནུ་དག་གིས་ཁྱོགས་བཟུང་། ལྷ་རྣམས་ཀྱིས་དྲི་དང་ཕྲེང་བ་དང་བདུག་པ་ལ་སོགས་པས་བཀུར་སྟིར་བྱས་ཏེ། རྩྭ་ཅན་གྱི་ནུབ་སྒོ་ནས་དབུས་ལ་ཞུགས། ཤར་སྒོ་ནས་འཐོན་དབྱིག་ལྡན་རྒལ་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ཏེ། ལྷ་རྣམས་ཀྱིས་མེ་ཏོག་པུས་ནུབ་ཙམ་གཏོར་རོ། །དེའི་ཚེ། འཚོ་བ་པ་ཞིག་གིས་མེ་ཏོག་མང་པོ་བླངས་ཏེ། སྡིག་པ་ཅན་གྱི་གྲོང་དུ་སོང་བ་དང་། འོད་སྲུངས་ཆེན་པོ་གདུང་མ་ཉམས་པ་ལ་ཕྱག་འཚལ་འདོད་ནས་འོངས་པ་དང་ཕྲད་དེ། སྟོན་པ་འདས་པའི་གཏམ་བསྙད་པས། རྒན་ཞུགས་ཤིག་འདི་སྐད་དུ། ཀྱེ་དགེ་སློང་དག་འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་པའོ། །ཞེས་སྨྲ་བ་ལས་ཐར་རོ། །ད་ནི་ནུས་པ་བྱ། མི་ནུས་པ་མི་བྱའོ། །ཞེས་སྨྲས་པ་དེ། ལྷས་བསྒྲིབས་ཏེ། འོད་སྲུངས་མ་གཏོགས་པས་མི་ཐོས་པ་བྱས་སོ། །འོད་སྲུངས་ཀྱིས་དགེ་འདུན་རྣམས་མྱུར་དུ་སྐུ་གདུང་མ་ཉམས་པ་ལ་བལྟ་བའི་ཕྱིར་རིངས་པར་འགྲོའོ་ཞེས་བསྐུལ་ལོ། །དེའི་ཚེ་གྱད་རྣམས་ཀྱིས། །གདུང་འཁོར་ལོས་བསྒྱུར་རྒྱལ་ལ་བྱ་བ་ལྟར་བྱས་ཏེ། ཞུགས་ལ་ཞེན་པར་འདོད་ཀྱང་མེ་མ་འབར་བ། མ་འགག་པས། འོད་སྲུངས་མ་སླེབ་པ་ཡིན་པར་ཤེས་ཏེ། སྨྲས་པ་དང་། འོད་སྲུངས་སླེབ་སྟེ། སྒྲོམ་ཕྱེ་རས་དང་ཤིང་བལ་བསལ་ཏེ། སྐུ་མ་ཉམས་པ་ལ་ཕྱག་བྱས་སོ། །དེའི་ཚེ་ཉན་ཐོས་ཆེན་པོ་ཀུན་ཤེས། སྐུལ་བྱེད། སྟོབས་བཅུ་འོད་སྲུངས། འོད་སྲུངས་ཆེན་པོ་སྟེ་བཞི་ལས། ཡེ་ཤེས་ལྡན་ཞིང་བསོད་ནམས་ཆེ་བ་འོད་སྲུངས་ཆེན་པོས། ཤིང་བལ་གྱི་འདབ་མ་གཞན་དང་རས་ཟུང་ལྔ་བརྒྱ་གཞན་གྱིས་ཀྱང་དཀྲིས། ལྕགས་ཀྱི་སྒྲོམ་དུ་བཅུག །འབྲུ་མར་གྱིས་བཀང་། ལྕགས་ཁེབས་གཉིས་ཀྱིས་བཀབ་སྟེ། དྲི་ཞིམ་པའི་ཤིང་ཐམས་ཅད་སྤུངས་པས། མི་རང་འབར་དུ་གྱུར་ཏེ། ཀུན་དགའ་བོས་སྨྲས་པ། རྣམ་པར་འདྲེན་པ་རིན་ཆེན་སྐུ་མངའ་བ། །རྫུ་འཕྲུལ་ཆེན་པོ་ཚངས་པའི་འཇིག་རྟེན་གཤེགས། །སངས་རྒྱས་སྐུ་ལ་རས་ཟུང་ལྔ་བརྒྱ་དང་། །ཆོས་གོས་སྟོང་སྙེད་ཀུན་ཏུ་དཀྲིས་གྱུར་པ། །ཉིད་ཀྱི་གཟི་བརྗིད་ཀྱིས་ནི་སྐུ་གདུང་དང་། །ཤིན་ཏུ་དཀྲིས་པ་རབ་ཏུ་ཚིག་པར་གྱུར། །དེ་ལ་ཆོས་གོས་གཉིས་ནི་མ་ཚིག་པ། །ནང་རིམ་དང་ནི་ཕྱི་རིམ་འདི་རྣམ་གཉིས། །ཞེས་སོ། །དེ་ནས་གྱད་རྣམས་ཀྱིས་མེ་འོ་མས་བསད་དེ། འོ་མ་ལས་གསེར་ཅན། སེར་སྐྱ། རྟ་དོན། ཨུ་དུམ་ཝཱ་ར་སྟེ་བཞི་སྐྱེས་སོ། །སྐུ་གདུང་རྣམས་གསེར་གྱི་བུམ་པར་བཅུག་སྟེ། གྲོང་ཁྱེར་གྱི་དབུས་སུ་བཞུགས་ནས། མཆོད་པ་བྱས་སོ། །དེ་ནས་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ཀྱིས། སྟོན་པ་འདས་ནས་ཞག་བདུན་ལོན་པར་ཐོས་ཏེ། དཔུང་ཡན་ལག་བཞི་གོ་བསྐོན་ནས་རྩྭ་ཅན་གྱི་གྱད་རྣམས་ལ་སྨྲས་པ། སྟོན་པ་འདི་ངེད་ལ་ཡུན་རིང་པོ་ནས་ཕངས་ཤིང་སྡུག་པ་ཡིན་ཏེ། ཁྱེད་ཀྱི་གྲོང་གི་ཉེ་འཁོར་དུ་འདས་པ། གདུང་ཤ་རི་རམ་གྱི་སྐལ་བ་ངེད་ལ་བྱིན་ཅིག །སྡིག་པ་ཅན་དུ་མཆོད་རྟེན་བརྩིགས་ནས་མཆོད་པ་དང་། དུས་སྟོན་བྱའོ། །མི་སྟེར་ན་དམག་གིས་དབྲོག་གོ། དེ་དག་གིས་སྨྲས་པ། དེ་བཞིན་བྱའོ། །དེ་བཞིན་དུ་ཡུལ་རྟོགས་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་དང་། སྒྲ་སྒྲོག་གི་གྲོ་དྷ་བ་དང་། ཁྱབ་འཇུག་གླིང་གི་བྲམ་ཟེ་དང་། སེར་སྐྱའི་ཤཱཀྱ་དང་། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ལའང་སྦྱར་རོ། །མ་ག་དྷའི་མ་སྐྱེས་དགྲས་ཀྱང་དེ་རྣམས་སྐུ་གདུང་གི་སྐལ་བ་ལེན་དུ་སོང་ཞེས་ཐོས་ནས། ཆས་ཏེ། གླང་པོ་ཆེ་ལ་ཞོན་པ་དང་། སྟོན་པའི་ཡོན་ཏན་དྲན་ཏེ་བརྒྱལ་ལོ། །དེ་ནས་དབྱར་བྱེད་བཏང་སྟེ། ངའི་བཀས་གྱད་རྣམས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་ལ་རེག་པར་གནས་སམ། ཞེས་དྲིས་ལ། སྟོན་པ་ནི་ངེད་ལ་ཡུན་རིང་པོ་ནས་ཕངས་ཤིང་། བླ་མར་གྱུར་པ་ཡིན་ཏེ། དེ་ཁྱོད་ཀྱི་གྲོང་གི་ཉེ་འཁོར་དུ་འདས་པས། གདུང་གི་སྐལ་པ་ངེད་ལ་བྱིན་ཅིག །རྒྱལ་པོའི་ཁབ་ཏུ་མཆོད་རྟེན་བརྩིགས་ནས་མཆོད་པ་དང་། དུས་སྟོན་བྱའོ་ཞེས་སྨྲས་ཤིག །དེ་ནས་དབྱར་བྱེད་ཀྱིས། དེ་བཞིན་བྱས་པ་དང་། གྱད་རྣམས་ན་རེ། ངེད་ཀྱང་དེ་བཞིན་བྱེད་ཟེར་རོ། །འོ་ན་དམག་གིས་དབྲོག་གོ་ཞེས་བྱས་པས། དེ་བཞིན་བྱའོ་ཟེར་ཏེ། གྱད་ཀྱི་ཆུང་མ་དང་གཞོན་ནུ་རྣམས་ཀྱིས་ཀྱང་འཕོངས་བསླབས་ཏེ། གཞན་གྱི་དཔུང་ཡན་ལག་བཞི་དང་འཐབ་པའི་ཕྱིར། གྱད་རྣམས་ཡན་ལག་བཞི་གོ་བསྐོན་ཏེ་ཕྱིར་བྱུང་ངོ་། །དེའི་ཚེ། བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པས་དེ་དག་འཐབ་ན། གཅིག་འཆི་བར་རིག་ནས། རྩྭ་ཅན་གྱི་གྱད་རྣམས་ལ་སྨྲས་པ། སྟོན་པ་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་པ། བཟོད་པའི་བསྔགས་པ་བརྗོད་པ་ཡིན་པ་ལ། སྐུ་གདུང་གི་ཕྱིར། གཅིག་གིས་གཅིག་གསོད་པར་མི་རིགས་ཀྱིས། བདག་གིས་སྐུ་གདུང་ཆ་བརྒྱད་དུ་བགོས་ལ་སྦྱིན་བུམ་པ་ལ་ཁོ་བོས་མཆོད་པ་བྱའོ། །ཞེས་སྨྲས་པས། གྱད་ན་རེ་དེ་བཞིན་བྱའོ་ཟེར་རོ། །དེ་ནས་སྡིག་ཅན་གྱི་གྱད་ནས་དབྱར་བྱེད་ཀྱི་བར་ལ་དེ་བཞིན་སྨྲས་པས། དེ་བཞིན་བྱའོ་ཞེས་ཟེར་ནས། སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ། རྩྭ་ཅན་གྱི་གྱད་ནས་དབྱར་བྱེད་ཀྱི་བར་ལ་བྱིན་པས། དེ་དག་གི་རང་རང་གི་ཡུལ་དུ་མཆོད་རྟེན་བརྩིགས་ནས་མཆོད་པ་དང་དུས་སྟོན་ཆེན་པོ་བྱས་སོ། །སྒྲ་སྒྲོགས་པའི་སྐལ་བ་ཀླུས་ཕྲོགས་ཏེ་ཀླུས་མཆོད་དོ། །གདུང་བཅུག་པའི་བུམ་པ་བྲེ་བོ་དང་མཉམ་པ་ལ་བྱིན་པས། བྲེ་བོ་དང་མཉམ་པའི་གྲོང་ཁྱེར་དུ་མཆོད་རྟེན་བརྩིགས་སོ། །ནྱ་གྲོ་དྷ་སྐྱེས་ལ་སྐུ་གདུང་གི་སོལ་བ་བྱིན་པས། བྲམ་ཟེའི་ཁྱེའུ་དེས། ནྱ་གྲོ་དྷའི་ཡུལ་དུ་མཆོད་རྟེན་བརྩིགས་ཏེ། མཆོད་པ་དང་དུས་སྟོན་ཆེན་པོ་བྱས་ཏེ། དེའི་ཚེ་མཆོད་རྟེན་བཅུར་གྱུར། ཚེམས་མཆེ་བ་བཞི་དང་བཅུ་བཞིའོ། །སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུའི་གླིང་པའི་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་ནར་བུར་གནས་པས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡི་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། །མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །རབ་མཁྱེན་ཐུགས་རྗེར་ལྡན་པ་སྟོབས་མངའ་བ། །ཤཱཀ་འཁྲུངས་མ་ག་དྷར་ནི་བྱང་ཆུབ་སྟེ། །ཀ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ནས། །གྲོང་ཁྱེར་རྩྭ་ཅན་བརྟེན་ནས་མྱ་ངན་འདས། ཞེས་གསུངས་སོ། །དེ་ལ་མྱ་ངན་ལས་འདས་པའི་དོན་ནི་ཉན་ཐོས་ལྟར་ན་བུད་ཤིང་ཟད་པའི་མེ་བཞིན་དུ། བེམ་རིག་ཐམས་ཅད་གཏན་རྒྱུན་ཆད་ནས། མྱ་ངན་ལས་འདས་པར་འདོད་དོ། །ཐེག་ཆེན་པ་ཁ་ཅིག་ལོངས་སྤྱོད་རྫོགས་པའི་སྐུ་ནི་མྱ་ངན་ལས་འདའ་ཀྱང་འཁོར་སུས་ཀྱང་འདས་པར་མི་ཤེས་ཏེ། དཔེར་ན་བརྒྱ་བྱིན་ནི་གཅིག་ཤི་ནས་གཅིག་སྐྱེས་ཀྱང་། འཁོར་གྱི་ལྷས་མི་ཤེས་པ་བཞིན་ནོ། །ཟེར་ཏེ། དེ་ནི་མི་འཐད་དེ། ལོངས་སྐུ་རྒྱུན་མི་ཆད་པའི་རྟག་པར་གསུངས་པའི་ཕྱིར་རོ། །
ཚེ་རིང་བའི་རྒྱུ་གཉིས་ཏེ། སྲོག་གཅོད་པ་སྤངས་པ་དང་། གཞན་ལ་ཟས་བྱིན་པའོ། །ཞེས་གསུངས་ཤིང་དེ་གཉིས་མཐར་ཕྱིན་པའི་ཚོགས་གཉིས་བསགས་པའི་ཕྱིར་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་བསྒོམས་མང་དུ་བྱས་ན། འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་གནས་སོ། །ཞེས་གསུངས་པའི་ཕྱིར་རོ། །སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ཀྱི་འགྲེལ་པར། སྤྲུལ་པའི་སྐུ་ནི་མྱ་ངན་ལས་འདའ་བར་བརྗོད་ཀྱི་ཅིག་ཤོས་མིན། །གཏན་དུ་གནས་པའི་རྒྱུ་ལྡན་པ། །མྱ་ངན་འདའ་བར་ཡང་མི་རིགས། ཞེས་སོ། །དེས་ན་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་གྱི། ལོངས་སྐུ་ནི་མ་ཡིན་ནོ། །སྤྲུལ་སྐུ་ཡང་མྱ་ངན་ལས་འདའ་བའི་ཚུལ་སྟོན་གྱི། གཏན་རྒྱུན་ཆད་པ་མ་ཡིན་ཏེ། དམ་ཆོས་པད་དཀར་དུ། སྨན་པ་མཁས་པའི་བུ་སྨན་མི་འཐུང་བ་ལ། སྨན་སྦྱར་ནས་ཡོད་པས་འཐུངས་ཤིག །ང་ནི་འཆིའོ་ཞེས་འཆི་བར་བཅོས། བུ་དེས་ཀྱང་། ཕ་སྨན་པ་ནི་ཤི། གཞན་སྨན་ཤེས་པ་ནི་མེད་པས། འཚོ་བའི་ཕྱིར་སྨན་འཐུང་ངོ་། །དེ་ནས་ནད་གསོས་པ་ན། ཕ་ཤི་བ་མིན་པར་ཤེས་ཀྱང་། བརྫུན་གྱི་ཉེས་པར་མི་འགྱུར་བ་བཞིན་དུ་གསུངས་ཤིང་། གསེར་འོད་ལས་ཀྱང་། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བར་སྟོན། ཞེས་པ་དང་། མདོ་སྡེ་རྒྱན་ནས། ཇི་ལྟར་མེ་ནི་གཞན་དུ་འབར། གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སྣང་དང་མི་སྣང་ཤེས་པར་བྱ། ཞེས་གསུངས་ཤིང་། མདོ་སྡེ་རྒྱན་ནས། སྤྲུལ་སྐུ་རྒྱུན་གྱི་རྟག་པར་བྱེད་པའང་། ཡང་ཡང་ཟས་སྦྱིན་པ་ལ། རྟག་ཏུ་ཟས་སྦྱིན་ཞེས་པ་ལྟར་ཡང་ཡང་སྤྲུལ་པ་སྟོན་པས་རྟག་པ་སྟེ། འདིར་མྱ་ངན་ལས་འདས་ཀྱང་། གཞན་ན་མ་འདས་པར་བཞུགས་ཤིང་། འདིར་སངས་རྒྱས་ཀྱི་སྐུར་སྣང་བའི་གདུལ་བྱ་མེད་པས་འདས་ཀྱང་། བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱི་གདུལ་བྱ་རྣམས་ཡོད་པས་མ་འདས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། ད་ལྟ་ཤར་ཕྱོགས་ན། སངས་རྒྱས་ཀྱི་ཞིང་རྣམ་པར་སྤུད་པ་ན་སངས་རྒྱས་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་ཚེ་བསྐལ་པ་གྲངས་མེད་པ་བདུན་བརྒྱ་ཐུབ་པ་དེ། སྟོན་པ་འདི་ཡིན་པར་བཤད་ཅིང་། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ན། ལ་ལར་བལྟམས་པ་དང་། ལ་ལར་སངས་རྒྱས་པ་དང་། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལ་ལར་མྱ་ངན་ལས་འདའ་བར་གསུངས་པས་སོ། །དེས་ན་སྒྲིབ་པ་མ་ལུས་པ་སྤངས་པས། མྱ་ངན་ལས་མ་འདས་པ་མིན། མཛད་པ་མ་རྫོགས་པས་འདས་པའང་མིན་ཏེ། ཐེག་ཆེན་བསྡུས་པར། སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱིར། །མཛད་པ་རྣམས་ཀྱང་མ་རྫོགས་ཕྱིར། །ཞེས་པས་སོ། །འོ་ན། དགུང་ལོ་དུ་ལ་འདས་ཤེ་ན། ཁ་ཅིག་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟ་རབ་དགའ་འདུལ་བ་ལ། ལོ་རེ་རེ་བཞུགས་པའམ། ཙུན་དས་གསོལ་བ་བཏབ་པས། ལོ་གཉིས་ནུར་ཏེ། བརྒྱད་ཅུ་རྩ་གཉིས་ལ་འདས་ཟེར་ཏེ། ཁུངས་མ་མཐོང་ངོ་། །མཆོད་རྟེན་བརྒྱད་ཀྱི་བསྟོད་པར། ཙུན་དས་གསོལ་བཏབ་ཟླ་བ་གསུམ་དུ་བཞུགས། །ཞེས་པ་དང་འགལ་ལོ། །འདུལ་འཛིན་ཁ་ཅིག །ཕྲན་ཚེགས་ལས། བརྒྱད་ཅུ་རྩ་བཞི་ལ་འདས་པར་བཤད་ཟེར་ཏེ། ཕྲན་ཚེགས་མ་མཐོང་བར་ཟད་དེ། ཕྲན་ཚེགས་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ན་ཚོད་བརྒྱད་ཅུ་ལོན་ཏེ། སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ། ཞེས་གསུངས་སོ། །དེས་ན་བརྒྱད་ཅུ་ལ་འདས་པ་ཡིན་ཏེ། གསེར་འོད་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ། ཞེས་པ་དང་། སྙིང་རྗེ་པད་དཀར་ལས། ཚེའི་ལྔ་ཆ་སྟོང་བར་གསུངས་ཤིང་། གཞན་ཡང་མདོ་མང་པོ་ལས་བརྒྱད་ཅུར་བཤད་ལ། བྱེ་བྲག་ཏུ་བཤད་པ་ལས་ཀྱང་། ཆོས་བསྐོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཱམ་བཱི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་བཤད་དོ། །དུས་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། །དཔྱིད་ཟླ་ཐ་ཆུང་ས་གའི་ཟླ་བའི་ཚེས་བཅོ་ལྔའི་མཚན་མོའི་གུང་ཐུན་ལ་འདས་པར་བཤད་ལ། ཕྲན་ཚེགས་ཀྱི་འགྲེལ་པ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པར། །སྟོན་ཟླ་ཐ་ཆུང་སྨིན་དྲུག་གི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་གུང་ཐུན་ལ་འདས་པར་འདོད་དོ། །པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ནམ་གུང་མཉམ་པ་ལ། ཟླ་བ་རི་བོ་ལ་ནུབ་ཚེ། ཐུབ་དབང་ཡོངས་སུ་མྱ་ངན་འདས། ཞེས་གསུང་ངོ་། །དེ་ལ་ཉན་ཐོས་ལྟར་ན་སྲོད་ལ་ལྷའི་བུའི་བདུད་བཏུལ། ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཏུལ། བདུད་ཀྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏང་པས། འཁོར་རྣམ་བཞིའི་དོན་བྱས་མ་ཟིན་གྱི་བར་དུ། མྱ་ངན་ལས་མི་འདའ་བར་གསུངས་པས། འཆི་བདག་གི་བདུད་བཅོམ་ཞེས་ཁ་ཅིག་ཟེར་རོ། །ཁ་ཅིག་དཀའ་བ་སྤྱོད་པའི་དུས་སུ་ཕུང་པོའི་བདུད་བཅོམ་ཟེར་རོ། །ཁ་ཅིག །འཆི་བདག་དང་ཕུང་པོའི་བདུད་གཉིས་མྱ་ངན་ལས་འདས་ནས་བཅོམ་ཟེར་རོ། །འོན་ཀྱང་འོད་མའི་ཚལ་དུ་དབྱར་གནས་མཛད། དེའི་ཚེ་སྙུན་དྲག་པོའི་ཚུལ་བསྟན། དེ་ནས་བདུད་ཀྱིས་བསྐུལ་ནས་ཚེའི་འདུ་བྱེད་བཏང་། འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་པས། རིམ་པ་ལྟར་འཆི་བདག་དང་ཕུང་པོའི་བདུད་གཉིས་བཅོམ་པར་གསལ་ཏེ། ཡེ་ཤེས་སྙིང་པོས་འདི་དག་ལ་སོགས་ཚིག་གིས་ནི། དེ་དག་བྱིན་གྱིས་བརླབས་པར་བསྟན། །དེ་ནི་བདུད་གཉིས་བཅོམ་པ་ཡིས། །གདུལ་བ་ལ་ནི་ཐུགས་བརྩེའི་ཕྱིར། །འཆི་བདག་དང་ཕུང་པོའི་མཚན་ཉིད་ཀྱི་བདུད་གཉིས་བཅོམ་པས། གདུལ་བ་གང་ཡིན་པ་དེ་ལ་ཐུགས་བརྩེ་བའི་ཕྱིར། བྱིན་གྱིས་བརླབས་པ་དེ་མཛད་དོ། །འཆི་བ་ལ་དབང་མངའ་བར་བསྟན་པའི་ཕྱིར་ནི་བཏང་ངོ་། །ཕུང་པོ་ལ་དབང་མངའ་བར་བསྟན་པའི་ཕྱིར་ནི་བྱིན་གྱིས་བརླབས་ཏེ། དེ་ལྟར་ངེས་པར་གཟུང་བར་བྱའོ་ཞེས་གསུངས་སོ། །ཐེག་ཆེན་པ་ལྟར་ན་ཁྱོད་ཀྱིས་བྱང་ཆུབ་པ་དང་དུས་མཉམ་པ་ཁོ་ནར་བདུད་བཞི་བཅོམ་ལགས་སམ། ཞེས་པ་ལྟར་ཅིག་ཅར་དུ་བཅོམ་པར་ཤེས་པར་བྱའོ། །མཛད་པ་བཅུ་གཉིས་འདི་དག་ལ་ལུང་དང་མངོན་བྱུང་དང་རྒྱ་རོལ་རྣམས་ལ་མི་མཐུན་པ་ཅི་རིགས་སུ་འབྱུང་མོད་ཀྱི་འདིར་རྒྱ་རོལ་གྱི་རྗེས་སུ་འབྲངས་ཏེ་བཤད་ཅིང་། མྱ་ངན་ལས་འདས་པའི་ཚུལ་ཕྲན་ཚེགས་བཞིན་བཤད་དོ། །འདི་དག་གི་དགོངས་པ་ལ་སོགས་པ་ཞིབ་ཏུ། ཐབས་ལ་མཁས་པའི་མདོ་ལ་སོགས་པར་ཤེས་པར་བྱའོ། །
ཆོས་ཀྱི་འཁོར་ལོའི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པ།
གསུམ་པ་ཆོས་ཀྱི་འཁོར་ལོའི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པ་ནི་གསུམ་སྟེ། སྡུད་པ་པོས་བསྟན་པ་བསྡུས་ཚུལ། བསྡུས་པའི་བསྟན་པ་གནས་ཚུལ། གནས་པའི་མཐར་འཇིག་ཅིང་ནུབ་པའི་ཚུལ་ལོ། །དང་པོ་ལ་ཉན་ཐོས་ཀྱི་ལུགས་དང་་ཐེག་ཆེན་གྱི་ལུགས་གཉིས་ལས།
བཀའ་བསྡུ་དང་པོ།
དང་པོ་ལ། བསྡུ་བ་རིམ་པ་གསུམ་གྱི་དང་པོ་ནི། དེ་ལྟར་སྐུ་གདུང་གི་མཆོད་རྟེན་ལ་སོགས་པ་གྲུབ་པ་དང་། ཤཱ་རིའི་བུ་འཁོར་བརྒྱད་ཁྲི། མོའུ་གལ་གྱི་བུ་འཁོར་བདུན་ཁྲི། སྟོན་པ་འཁོར་དགེ་སློང་ཁྲི་བརྒྱད་སྟོང་དང་བཅས་པ་འདས་པས། ཚེ་བསྐལ་པ་མང་པོ་ཐུབ་པའི་ལྷ་རྣམས་སྟོན་པའི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ། དགེ་སློང་དབང་ཡོད་པ་དག་ཀྱང་འདས་པས། སྡེ་སྣོད་གསུམ་མི་སྒྲོགས་སོ་ཞེས་འཕྱ་བ་བསལ་བའི་ཕྱིར། འོད་སྲུངས་ཆེན་པོས་དགེ་སློང་བསྡུ་བའི་ཕྱིར། གང་པོ་ལ་དགེ་སློང་སྡུས་ཤིག་ཅེས་བརྗོད་དོ། །གང་པོས་རབ་མཐའི་བསམ་གཏན་ལ་ཞུགས་ཏེ་བལྟས་ནས། གཎྜཱི་བརྡུངས་པས་བ་ལང་བདག་མ་གཏོགས་པ་འདུས་སོ། །གང་པོ་ལ་བ་ལང་བདག་འབོད་པར་བསྒོ་བས། རྫུ་འཕྲུལ་གྱིས་ཤི་རི་ཤ་ཀའི་གཞལ་མེད་ཁང་ན་བ་ལང་བདག་གནས་པར་སོང་ནས་ཕྱག་བྱས་ཏེ། འདི་སྐད་ཅེས། འོད་སྲུངས་ལ་སོགས་པའི་དགེ་སློང་དགེ་འདུན་རྣམས་ཚེ་དང་ལྡན་པ་བ་ལང་བདག་ནད་མེད་པར་གྱུར་ཅིག །དགེ་འདུན་གྱི་བྱ་བ་ཅུང་ཟད་ཡོད་ཀྱིས། མྱུར་དུ་བོས་ཤིག་ཟེར་རོ། །ཞེས་སྨྲས་པ་དང་། དེ་འདོད་ཆགས་དང་བྲལ་བ་ཡིན་ཡང་། བྱམས་པའི་བག་ཆགས་ཀྱིས་བསྒོས་པས་བསྐྱེད་དེ་སྨྲས་པ། ཚེ་དང་ལྡན་པ་གང་པོ། བཅོམ་ལྡན་འདས་གདུལ་བྱའི་དོན་དུ་འཇིག་རྟེན་གཞན་དུ་མ་གཤེགས་སམ། དགེ་འདུན་འཐབ་པ་དང་རྩོད་པ་དང་འགྱེད་པ་དང་། མཚང་འབྲུ་འམ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་མུ་སྟེགས་ཀྱིས་མ་བཟློག་གམ། དེ་དག་འདུས་ནས་ཉན་ཐོས་ཀྱི་དགེ་འདུན་ལ་གནོད་པ་མ་བྱས་སམ། དེ་བཞིན་གཤེགས་པ་ཉི་མ་དང་འདྲ་བ་ལ། ཉོན་མོངས་པས་དཀྲིས་པའི་དབང་དུ་གྱུར་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་བ་དང་། ཀུན་ཏུ་རྒྱུ་དག་གིས་བརྙས་པར་མ་གྱུར་ཏམ། མ་རིག་པའི་མུན་པས་གཡོགས་པའི་བློ་གྲོས་ཅན་དག་གིས་དགེ་འདུན་འདུས་པའི་དབྱེན་མ་བྱས་སམ། དེ་བཞིན་གཤེགས་པའི་ཆོས་དང་འདུལ་བ་ལ། ཆོས་དང་འདྲ་བ་འི་ཚིག་དང་། ཡི་གེ་དང་། ལྟ་བའི་དྲི་མ་མ་བྱུང་ངམ། ཚངས་པ་མཚུངས་པར་སྤྱོད་པ་དག་ཀློག་པ་དང་། འདོན་པ་དང་། ཡིད་ལ་བྱེད་པ་དག་ལས་བློ་བསྒྱུར་ཞིང་འདུས་ནས་གྲེ་མོའི་གཏམ་བྱེད་པར་མ་གྱུར་ཏམ། ཐེ་ཚོམ་དང་ཡིད་གཉིས་ལ་ཞུགས་པའི་སེམས་ཀྱིས་ཆོས་མ་ཡིན་པ་ལ་ཆོས་སུ། ཆོས་ལ་ཆོས་མ་ཡིན་པར། འདུལ་བ་མ་ཡིན་པ་ལ་འདུལ་བར། འདུལ་པ་ལ་ནི་འདུལ་བ་མ་ཡིན་པར་མ་བཤད་དམ། དགེ་སློང་དག་སེར་སྣའི་དྲི་མས་གཡོགས་པས། ཚངས་པ་མཚུངས་པར་སྤྱོད་པ་གློ་བུར་དུ་འོངས་པ་རྣམས་ལ་ཀུན་ཏུ་དགའ་བར་བྱ་བའི་ཆོས་དྲུག་ལ་སོགས་པ་མི་བྱེད་ཅིང་། ཁྱད་དུ་གསོད་པར་མི་བྱེད་དམ། རབ་ཏུ་བྱུང་བ་ངན་པ་དག་གིས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་བསྟན་པ་ལ་མ་དད་པར་བྱས་ནས། མུ་སྟེགས་ལ་བརྟེན་པར་མ་གྱུར་ཏམ། ལོག་པར་འཚོ་བ་ཀུན་ཏུ་སྤྱོད་ཅིང་ཞིང་རྨོ་བ་དང་། ཉོ་ཚོང་བྱེད་པ་དང་། རྒྱལ་པོ་ལ་བརྟེན་ཅིང་འཚོ་བ་ལྟོས་པར་མ་གྱུར་ཏམ། སྦྱངས་པའི་ཡོན་ཏན་བླངས་ནས་བས་མཐའི་གནས་མལ་བརྟེན་པ་ལས། སྦྱངས་པའི་ཡོན་ཏན་བོར་བར་མ་གྱུར་ཏམ། དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཁས་འཆེས་ནས་ཚངས་པ་མཚུངས་པར་སྤྱོད་པ་འཁྲུག་པར་མི་བྱེད་དམ། དེ་ལྟ་མོད་ཀྱི་ཇོ་བོ་གང་པོ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ཞེས་སྨྲ་བར་རིགས་ན། འོད་སྲུངས་ལ་སོགས་པ་ཞེས་སྨྲའམ། ཐུགས་རྗེ་ཆེན་པོ་ལ་གོམས་པར་གནས་པ་ཀུན་ཏུ་སྤྱོད་པ་ལ་ཞུགས་པའི་སྟོན་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མ་ཞུགས་སམ། འགྲོ་བའི་གྲུ་སྐྱ་འཛིན་པ་མེད་ནས་འཇིག་རྟེན་འཁྲུགས་པར་མ་གྱུར་ཏམ། སྟོབས་བཅུ་ལྡན་པ་མི་རྟག་པའི་སྟོབས་ཀྱིས་མ་ནོན་ནམ། སེམས་ཅན་གྱི་སྟོན་པ། བདག་ཅག་སད་པར་བྱེད་པའི་མགོན་པོ་མ་གཟིམས་སམ། སངས་རྒྱས་ཉིན་བྱེད་མ་ནུབ་བམ། ཐུབ་པའི་དབང་པོའི་ཟླ་བ་སྒྲ་གཅན་གྱིས་བཅོམ་ནས་སྣང་བ་མེད་པར་མ་གྱུར་ཏམ། སུམ་ཅུ་རྩ་གསུམ་ན་དབང་ཕྱུག་དཔག་བསམ་གྱི་ཤིང་དྲི་ཞིམ་པ་བྱང་ཆུབ་ཡན་ལག་གི་མེ་ཏོག་གིས་མཛེས་པར་བྱས་པ། དགེ་སྦྱོང་གི་འབྲས་བུ་བཟང་པོ་བཞི་དང་ལྡན་པ། མི་རྟག་པའི་གླང་པོ་ཆེ་སྨྱོན་པས་མ་བཅོམ་མམ། ཡེ་ཤེས་ཀྱི་སྒྲོན་མ་མི་རྟག་པའི་རླུང་གིས་བདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་སམ་ཞེས་དྲིས་པ་དང་། གང་པོས། བློ་ལྡན་བསྟན་པ་གནས་བྱའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། །ཁྱོད་ལ་སྡོད་ཅིང་དེ་བརྩོན་བྱེད། །གྲུ་ཆེན་རྒྱལ་བ་དེ་ཞིག་སྟེ། །ཡེ་ཤེས་རི་ཡང་རྣམ་པར་ཉིལ། །བསྟན་པ་རབ་མཆོག་ལྡན་པ་ཡི། །དགེ་སློང་མང་པོ་རྣམ་པར་ཞི། །གྱི་ན་མ་ལགས་ལེགས་པར་ནི། །བདག་ནི་ཕོ་ཉར་འདིར་འོངས་ནས། །བསྟན་ལ་གནས་པར་བྱ་བའི་ཕྱིར། དེ་བས་ཁྱོད་ནི་ངེས་པར་བཞུད། །དེས་སྨྲས་པ། གང་པོ་ཆོག་གི་འགྲོ་བའི་དུས་མིན་ནོ། །འགྲོ་བའི་སྒྲོན་མེ་མགོན་པོ་བཞུགས་པ་དེར། །བདག་ནི་འགྲོ་བར་བྱ་བའི་བློ་ཡོད་ཀྱང་། །དེ་ནི་ཕ་རོལ་རབ་ཞིར་གཤེགས་གྱུར་ན། །བློ་ལྡན་གང་ཞིག་འཇིག་རྟེན་དེ་དག་འགྲོ། ལྷུང་བཟེད་ཆོས་གོས་རྣམས་གསུམ་མཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་དག་ལ་དབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གི་བསམ་པ་འཕགས་ལ་བཟོད་པར་གསོལ། །ཞེས་སྨྲས་ཏེ། རྫུ་འཕྲུལ་བསྟན་ཏེ་འདས་སོ། །དེའི་ལུས་ལ་རང་བྱུང་བའི་མེས་ཚིག་ཅིང་། དེ་ལས་ཆུ་རྒྱུན་བཞི་བབ་པ་ལས་ཚིགས་སུ་བཅད་པ་བཞི་བྱུང་སྟེ། ད་ལྟ་དུས་རྣམས་ངན་གྱུར་ཏེ། །སེམས་ཅན་རང་གི་ལས་ལ་བརྟེན། །འགྲོ་བའི་སྒྲོན་མ་དེ་འདས་པས། །ཐམས་ཅད་འགྲོ་བར་འཇུག་པར་རྟོགས། །འདུས་བྱས་བསགས་པའི་སྐད་ཅིག་འཇིག་འགྱུར་ཏེ། །སྐྱེ་ལ་སོགས་པ་སྡུག་བསྔལ་ཉོན་མོངས་ལྡན། །སོ་སོ་སྐྱེ་པོ་བདག་ཏུ་ང་རྒྱལ་ཏེ། །དེ་དག་བྱེད་པ་མེད་པར་རིག་པར་བྱ། །མཁས་པས་རྟག་ཏུ་དགོངས་པས་བག་ཡོད་ཅིང་། །བསོད་ནམས་ཡིད་ལ་བྱ་བ་དེ་བརྩོན་བྱ། །འབྱུང་པོའི་ཚོགས་ཀུན་སོང་ཞིང་འཇིག་གྱུར་ཏེ། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་གྱུར། །ཐུབ་པ་དེ་ལ་བློ་མཆོག་ཡང་དག་བཏུད། །རང་གི་དགོངས་པ་མ་ལུས་ཐམས་ཅད་བྱས། །གུས་ཤིང་རབ་ཏུ་དད་པས་བླ་མ་དེའི། །ཕྱི་བཞིན་བ་ལང་བདག་ཀྱང་དེ་ལྟར་སོང་། །དེ་ནས་གང་པོས་རྫུ་འཕྲུལ་གྱིས་དགེ་འདུན་འདུས་པའི་ནང་དུ་ཕྱག་བྱས་ཏེ། ལྷུང་བཟེད་ལ་སོགས་པ་ཕུལ་ནས། མགོན་པོའི་སྐུ་ནི་མེད་པར་དེས་ཐོས་ནས། །བསོད་ནམས་ལས་ཀྱིས་རབ་ཏུ་ཞི་བར་སོང་། །དེ་ཡི་ལྷུང་བཟེད་ཆོས་གོས་འདི་ཡིན་ཏེ། །དེ་བསམ་དགེ་འདུན་དག་ལ་བཟོད་པར་གསོལ། །དེ་ནས་འོད་སྲུངས་ཆེན་པོས། དགེ་སློང་དག་ཉོན་ཅིག །ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདས། །གཞན་གྱིས་དེ་བཞིན་རབ་ཞིར་འགྲོ་མི་བྱ། །དེ་བས་ཇི་སྲིད་དགོས་པའི་དོན་བྱ་ཞིང་། །དབང་ཅན་ཚོགས་ནས་དེ་སྲིད་བགྲོ་བར་བྱ། །ཇི་ལྟར་བསོད་ནམས་ལས་ཀྱི་གཞིར་གྱུར་པ། །ཤིར་ཤ་ཀ་ཡི་སེམས་མཆོག་བ་ལང་བདག །དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་སྟེ། །འགྲོ་དོན་དགོངས་ཕྱིར་ཚོགས་ནས་བློ་གྲོས་བྱ། །ཞེས་ཁྲིམས་སུ་བཅས་ནས་སྨྲས་པ། འདིར་ཆོས་ཀྱི་ཚུལ་བཤད་ན་དགེ་སློང་མང་པོ་འོངས་ན་གཡེང་བར་བྱེད་པས་མ་ག་དྷར་འགྲོའོ། །ལེགས་སོ་ཟེར་ནས་སློབ་པའི་དགེ་སློང་གཞན་བཟློག་ཅིང་། ཀུན་དགའ་བོ་ཆུའི་ཞལ་ཏ་བར་བསྐོས་ནས། ཀུན་དགའ་བོ་དགེ་འདུན་དང་བཅས་པ་ལྗོངས་རྒྱུ་ཞིང་སོང་། འོད་སྲུངས་ཆེན་པོ་དྲང་པོ་ནས་སོང་སྟེ། རྒྱལ་པོའི་ཁབ་ཏུ་སོང་བ་དང་། མ་སྐྱེས་དགྲས་མཐོང་སྟེ། སྟོན་པ་དྲན་ཏེ། གླང་པོ་ཆེ་ལས་ལྷུང་བ་འོད་སྲུངས་ཀྱིས་མཐུས་བཟུང་ནས་ཕྱིས་དེ་ལྟར་མི་བྱེད་པར་བཅས་ཏེ། ལྷའི་གནས་འདིར་ཆོས་ཀྱི་ཚུལ་བགྲོ་བར་འཚལ་ལོ། །དེས་སྨྲས་པ། ལེགས་ཀྱིས་བདག་གིས་ཡོ་བྱད་ཐམས་ཅད་སྦྱོར་ཞེས་སོ། །དེ་ན་འདུས་ཏེ་ཤིང་ནྱ་གྲོ་དྷའི་ཕུག་ཏུ་རྒྱལ་པོས་མལ་སྟན་དང་ཡོ་བྱད་སྦྱར་ཏེ། དབྱར་གནས་པར་ཁས་བླངས་ཏེ། འོད་སྲུངས་ཆེན་པོས་ཀུན་དགའ་བོའི་སེམས་ལ་ཀུན་ཏུ་བལྟས་ནས་མ་འགགས་པ་ལ། འཁོར་འདིར་དེ་བཞིན་གཤེགས་པས་རབ་ཏུ་བསྔགས་པའི་ནང་ན། དགེ་སློང་འདོད་ཆགས་དང་བཅས་པ་ཞེ་སྡང་དང་བཅས་པ་གཏི་མུག་དང་བཅས་པ་སྲེད་པ་དང་བཅས་པ་ལེན་པ་དང་བཅས་པ་སློབ་པ་དག་ཡོད་དོ། །མ་འགགས་པས་མངོན་ཤེས་ཀྱིས་བལྟས་ཏེ། སྨྲས་པ། མཁྱེན་པར་མཛོད་ཅིག །དགེ་སློང་གི་དགེ་འདུན་ནི་སྙིང་པོ་མེད་པ་དང་བྲལ་བ་དག་པ་གཙང་བ་སྙིང་པོ་ཅན་བླ་ན་མེད་པ་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་སྦྱིན་གནས་ཡིན་མོད་ཀྱི། ཀུན་དགའ་བོ་ནི་སྔར་གྱི་དེ་ལྟ་བུ་ཡིན་ནོ། །དེ་ནས་འོད་སྲུངས་ཀྱིས་སྤྱོ་པས་འདུལ་བར་ཤེས་ཏེ། དེས་དེ་ལ་ངེད་ནི་མཆོག་འདུས་པ་ཡིན་ལ། ཁྱོད་དང་ལྷན་ཅིག་ཆོས་བགྲོ་བར་མི་བྱའི། ཁྱོད་སོང་ཞིག །དེ་གནད་དུ་ཕོག་པ་བཞིན་དུ་གཡོས་ཏེ། འོད་སྲུངས་ཆེན་པོ་ཆོག་གོ། བདག་གིས་ཚུལ་ཁྲིམས་ལྟ་བ་སྤྱོད་པ་འཚོ་བ་ཉམས་པར་མ་བྱས། དགེ་འདུན་ལ་ཉེས་པ་ཅུང་ཟད་ཀྱང་མ་བྱས་ཀྱི། བཟོད་པར་མཛོད་ཅིག །འོད་སྲུངས་ཀྱིས་ཁྱོད་སྟོན་པའི་ཞབས་འབྲིང་ན་འདུག་པས། ཉམས་པ་བཞི་མ་བྱས་པ་ངོ་མཚར་ཅི་ཆེ། དགེ་འདུན་ལ་ཉེས་པ་མ་བྱས་ན་ལོངས་ལ་ཚུལ་ཤིང་ཟུངས་ཤིག །ཉེས་པ་བསྟན་པར་བྱའོ། །ཀུན་དགའ་བོ་ལངས་པ་དང་། སྟོང་གསུམ་གཡོས། ལྷ་རྣམས་ངོ་མཚར་དུ་གྱུར་ཏེ། ཀྱེ་མ་འོད་སྲུངས་བདེན་པ་དང་ཕན་པར་སྨྲ་བས་ཐུབ་པ་ལུས་འཕགས་ཀྱི་གནས་འདི་ནས་ཀུན། ཀུན་དགའ་བོ་ལ་དྲག་ཏུ་སྤྱོས་སོ། །ཞེས་ཟེར་རོ། །དེ་ནས་འོད་སྲུངས་ཀྱིས་ཁྱོད་ཀྱིས་བུད་མེད་རབ་ཏུ་དབྱུང་བར་གསོལ་བས། སྟོན་པས་ཀུན་དགའ་བོ་བུད་མེད་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་མའི་དངོས་པོ་ཐོབ་པར་འགྱུར་བར་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཆོས་འདུལ་བ་འདི་ལ་བུད་མེད་རབ་ཏུ་ཕྱུང་ན། ཆོས་འདུལ་བ་ཡུན་རིང་དུ་མི་གནས་ཏེ། དཔེར་ན་འབྲས་སཱ་ལུ་ཕུན་སུམ་ཚོགས་པའི་ཞིང་ལ་སེར་བ་བབ་ན་མེད་པར་འགྱུར་བ་བཞིན་དུ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་ཡུན་རིང་དུ་གནས་པར་མི་འགྱུར་ཞེས་མ་གསུངས་སམ། དེ་ངོ་ཚ་མེད་པ་སོགས་མ་ལགས་ཀྱི། འོན་ཀྱང་། སྲུ་སྐྱེ་དགུའི་བདག་མོ་སྟོན་པའི་ནུ་མ་བསྣུན་པའི་མ་མ་ཡིན་པས་བྱས་བ་གཟོ་བ་དང་འཁོར་རྣམ་བཞི་དང་ལྡན་པའི་ཕྱིར་དུ་ལགས་སོ། །ཁྱོད་ཀྱིས་བྱས་བ་གཟོ་བ་ནི་ཆོས་སྐུ་ལ་གནོད་པ་བྱེད་པ་སྟེ། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བ་བབ་པས། ལོ་སྟོང་ཚང་བར་གནས་པ་ཡུན་ཐུང་ངུར་ལྷག་མ་ཙམ་དུ་བྱས་སོ། །སྔོན་སེམས་ཅན་ཉོན་མོངས་ཆུང་བ་ལ་འཁོར་རྣམ་བཞི་རིགས་ཀྱི། ད་ལྟ་སྟོན་པ་མི་བཞེད་བཞིན་དུ་གསོལ་བ་བཏབ་པས་འདི་ནི་ཉེས་པ་དང་པོ་སྟེ་ཚུལ་ཤིང་ཞོག་ཅིག །ཡང་མྱ་ངན་ལས་མི་འདའ་བར་གསོལ་བ་མ་བཏབ་བོ། །དེ་བདུད་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ཉིད་ཉེས་པས་ཚུལ་ཤིང་ཞོག་ཅིག །ཡང་དྲིས་པའི་ལན་གཞན་དུ་བཏབ་པས་ཚུལ་ཤིང་ཞོག་ཅིག །ཡང་ན་བཟའ་ཕྲུགས་རྐང་པས་བརྫིས་སོ། །དེ་འཐེན་པའི་གྲོགས་མེད་དོ། །དེ་ནམ་མཁར་དོར་ན་ལྷས་འཛིན་ཏེ་ཚུལ་ཤིང་ཞོག་ཅིག །ཡང་རྙོག་ཆུ་དྲངས་སོ། །དེ་ཆུ་བོ་ཀ་ཀུ་ཏ་ལ་ཤིང་རྟ་ལྔ་བརྒྱས་ཕྱིན་ནས་རྙོག་པར་གྱུར་ཏོ། །དེ་ཉིད་ཉེས་ཏེ། ནམ་མཁར་བཟུང་ན་ལྷས་ཆུ་ཡན་ལག་བརྒྱད་ལྡན་ལྡུགས་པས། ཚུལ་ཤིང་ཞོག་ཅིག །ཡང་ཚུལ་ཁྲིམས་ཕྲ་མོ་དང་ཕྲན་ཚེགས་དག་འདོད་ན་དགེ་འདུན་གྱི་ཕྱིར་གློད་ལ། བདེ་བ་ལ་རེག་པར་གནོས་ཤིག་ཅེས་འབྱུང་བ་ན་ཕྲན་ཚེགས་གང་ལགས་ཞེས་མ་ཞུས་སོ། །དེ་ལ་ལྟུང་བ་སྡེ་ལྔ་མན་ཆད་དང་། སོ་སོར་བཤགས་པ་མན་ཆད་དང་། ལྟུང་བྱེད་མན་ཆད་དང་། སྤང་ལྟུང་མན་ཆད་དང་། མ་ངེས་པ་མན་ཆད་ཕྲན་ཚེགས་སུ་གསུངས་པས་དེ་ལ་བརྟེན་ནས་ཁ་ཅིག་ཕམ་པ་བཞི་ལས་མི་བསྲུང་། ཁ་ཅིག་མ་ངེས་པ་མན་ཆད་ལས་མི་བསྲུང་བས། མུ་སྟེགས་ཀྱིས་སྐབས་རྙེད་ཅིང་འཕྱ་བས་ཉེས་སོ། །དེ་སྟོན་པ་དང་བྲལ་བའི་མྱ་ངན་གྱིས་ནོན་ནོ། །དེ་ཉིད་ཉེས་པས་ཚུལ་ཤིང་ཞོག་ཅིག །ཡང་ཁྱིམ་པ་དང་བུད་མེད་ལ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བསྟན་ནོ། །དེ་བུད་མེད་ཀྱི་མཚན་དང་བྲལ་ལམ་སྙམ་པའོ། །དེ་ཉེས་པས་ཚུལ་ཤིང་ཞོག་ཅིག །ཡང་སྐུ་བུད་མེད་ལ་བསྟན་པས་མཆི་མས་དྲི་མ་ཅན་དུ་གྱུར་ཏོ། །དེ་སྐུ་དེ་ལྟ་བུ་དེ་མཐོང་ན། སེམས་ཅན་རྣམས་སེམས་བསྐྱེད་པར་འགྱུར་རམ་སྙམ་མོ། །དེ་ཉིད་ཉེས་པས་ཆགས་པ་ཅུང་ཟད་དང་ལྡན་པས་འདོད་ཆགས་དང་བྲལ་བ་མཆོག་འདུས་པའི་ནང་དུ་མ་འདུག་པར་སོངས་ཤིག །དེ་ནས་ཀུན་དགའ་བོས་ཕྱོགས་བཞིར་བལྟས་ཏེ། སྙིང་རྗེ་བ་དང་སྡུག་བསྔལ་བའི་སེམས་གྱིས་དལ་བུས་སྨྲས་པ། ཀྱེ་མ་ངའི་དུས་ནི་འདི་འདྲ་སྟེ། བདག་དེ་བཞིན་གཤེགས་པས་ནི་སྤངས། མགོན་སྐྱབས་དང་སྣང་བ་ཡང་སུ་ལ་བསྟེན་པར་བྱ། དེའི་ཚེ་ལྷས་ཀྱེ་མ་ལྷ་རྒྱལ། ལྷ་མིན་དམས་བསྟན་པ་རྒྱས་ཏེ་སྟོན་པ་དང་འདྲ་བའི་ཉན་ཐོས་ཀྱིས་སྟོན་པ་དང་འདྲ་བའི་ཉན་ཐོས་ལ་སྤྱོས་སོ་ཞེས་སོ། །དེ་ནས་ཀུན་དགའ་བོས། འོད་སྲུངས་བཟོད་པ་མཛོད་ཅིག །དེ་ལྟར་ཆོས་བཞིན་བགྱིད་ཅིང་སླན་ཆད་མི་བགྱིད་མོད་ཀྱི། སྟོན་པས་བདག་ཁྱོད་ལ་གཏད་དོ། །ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག་ཁྱོད་འོད་སྲུངས་ཆེན་པོ་ལ་གཏད་དོ། །ཁྱོད་ཉེས་པ་ཆུང་ངུ་ལ་མི་བཟོད་པ་མ་བྱེད་པར། བཀའ་བཞིན་བྱོས་ཤིག་གསུང་ངོ་། །དེས་ཀུན་དགའ་བོ་ཁྱོད་མ་ངུ་བར། ཁྱོད་ཀྱི་དགེ་བའི་ཆོས་འཕེལ་བར་འགྱུར་གྱི། འགྲིབ་པར་མི་འགྱུར་རོ། །ངས་ཁྱོད་བསྟན་པ་ལ་བརྩོན་པའི་ཕྱིར། ཆད་པ་བཅད་དོ་ཞེས་སྨྲས་སོ། །དེ་ནས་མ་འགགས་པས་འོད་སྲུངས་ལ། ཀུན་དགའ་བོ་མེད་ན་བཀའ་ཇི་ལྟར་བསྡུ། དེས་ཀུན་དགའ་བོ་ཡོན་ཏན་དང་ལྡན་ཡང་ལྷན་ཅིག་མི་གནས་སོ། །དེ་ནི་འདོད་ཆགས་ལ་སོགས་པ་དང་བཅས་པས་བསླབ་དགོས་ཏེ་ལྷན་ཅིག་བཟླས་པ་མི་བྱའོ། །དེ་ནས་ཀུན་དགའ་བོ་ཁྱོད་སོང་ཞིག །ཁྱོད་བརྩོན་པས་དགྲ་བཅོམ་པར་གྱུར་ན། ལྷན་ཅིག་ཡང་དག་པར་བཟླས་པ་བྱའོ། །དེ་ནས་ཀུན་དགའ་བོ་མིག་མཆི་མས་གང་བཞིན་དུ། སྟོན་པ་དང་བྲལ་བས་ཡིད་མི་དགའ་བཞིན་དེ་ནས་སོང་སྟེ། བྲི་ཛིའི་གྲོང་དུ་སོང་ནས། བྲི་ཛིའི་བུས་གཡོག་བྱས་ཏེ་ཆོས་འཆད་པའི་ཚེ། བྲི་ཛིའི་བུས་མཁན་པོའི་སེམས་ལ་བལྟས་ནས། གོའུ་ཏ་མ་བག་མེད་མ་མཛད་པར། །ཤིང་དྲུང་ཐིབས་པོ་བསྟེན་ན་མྱ་ངན་འདའ། །ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང་། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །དེ་ལྟར་སྤོང་བྱེད་བུ་ཡི་གདམས་ངག་ལས། ཉིན་མོ་དང་མཚན་མོའི་ཐུན་དང་པོ་ལ་འཆག་པ་དང་འདུག་པས་སེམས་ཀྱི་སྒྲིབ་པ་སྦྱངས་ཏེ། གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས། ནང་དུ་གློ་གཡས་པ་ཕབ་སྟེ། སྔས་ལ་མགོ་མ་བཞག་པ་ཁོ་ནར་དགྲ་བཅོམ་སྟེ། སླར་ནྱ་གྲོ་དྷའི་ཕུག་ཏུ་ཕྱིན་ནོ། །དེ་ནས་འོད་སྲུངས་ཀྱིས་ཕྱི་མའི་དུས་ཀྱི་དགེ་སློང་བརྗེད་ངས་པ་རྣམས་ཀྱི་དོན་དུ། སྔ་དྲོ་ཚིགས་བཅད་དང་ཕྱི་དྲོ་ལྷུག་པར་བགྲོ་ཞིང་། དེ་ཡང་སྔར་མདོ་སྡེ་བསྡུ་བར་བགྲོས་པ་དང་། འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་སྤྲོ་བ་དྲིས། གསོལ་གཉིས་ཀྱི་ལས་ཀྱིས་མདོ་སྡེ་བསྡུ་བར་བསྐོས་ནས། སེང་གེའི་ཁྲི་ལ་དགྲ་བཅོམ་པ་ལྔ་བརྒྱས་སྣམ་སྦྱར་བཏིང་སྟེ། དེ་ལ་ཀུན་དགའ་བོ་འདུག་སྟེ། མདོ་སྡེ་བཟུང་བ་ཐམས་ཅད་བཤད་པར་བྱའོ་སྙམ་པ་དང་། ལྷ་རྣམས་ཀྱིས་ཤེས་ནས་གུས་པར་ཉན་ནོ། །དེ་ནས་འོད་སྲུངས་ཀྱིས་སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུང་། །ཞེས་གསོལ་བ་བཏབ་བོ། །དེ་ནས་ཀུན་དགའ་བོས། སྟོན་པའི་ཡོན་ཏན་དྲན་པས་ཁ་བྱང་ཆུབ་སྙིང་པོར་བལྟས་ཐལ་མོ་སྦྱར་ཏེ། སྒྲས་ཁྱབ་པར་བྱས་ཏེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་ར་ཎ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ཚལ་ན་བཞུགས་སོ། །ཞེས་བརྗོད་མ་ཐག་ལྷ་མི་རྣམས་མྱ་ངན་སྐྱེས་ཏེ། ཀྱེ་མ་འཇིག་རྟེན་འདི་དག་ཏུ། །མི་རྟག་པར་ནི་ཁྱད་པར་མེད། །གང་གི་རིན་ཆེན་གཏེར་དེ་ཡི། །ཡོན་ཏན་རྒྱ་མཚོ་དག་ཀྱང་བསྐམས། །གང་ལས་བདག་གིས་སྔོན་ཐོས་པ། །ཆོས་ནི་ཐར་པའི་དབྱེ་བ་བྱེད། །འདི་སྐད་ཐོས་ཞེས་རབ་སྦྱར་ཏེ། །དེ་ཡང་འདི་རིང་བསྒྲགས་པ་ཡིན། །ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སྐོང་ལྔ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། །དགེ་སློང་དག་མ་ཐོས་པའི་ཆོས་འདི་ནི། སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སོགས་མདོ་སྡེ་བཤད་དོ། །དེ་ནས་ཀུན་ཤེས་ཀྱིས་འོད་སྲུངས་ལ། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་སུམ་དུ་ཐོས་ཏེ་བདག་གི་ཁྲག་དང་མཆིལ་མའི་རྒྱ་མཚོ་བསྐམས། རུས་པའི་རི་ལས་བརྒལ། ངན་སོང་གི་སྒོ་ནི་བཅད། མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། འདི་བཤད་པས་བདག་དང་ལྷ་བརྒྱད་ཁྲིས། ཆོས་ཀྱི་མིག་ཐོབ་ན། དི་རིང་འདིར་འདི་སྐད་ཐོས་ནས་བཤད་དེ། ཀྱེ་མ་ཐམས་ཅད་མི་རྟག་པར་ཁྱད་མེད་དོ། །ཞེས་སྨྲས་ནས་སྟན་ལས་བབས་སྟེ་འདུག་གོ། གཞན་རྣམས་ཀྱང་སྟན་ལས་བབས་སྟེ། བདག་ཅག་གི་ཆོས་འཆད་པ་མངོན་སུམ་དུ་མཐོང་བ་ལས། མི་རྟག་པའི་སྟོབས་ཀྱིས་བཅོམ་ལྡན་འདས་དེ་ཡང་ཐོས་པའི་ལམ་དུ་གཤེགས་པར་གྱུར་ཏོ། །དེ་ནས་དགྲ་བཅོམ་པ་རྣམས་ཀྱིས་མངོན་ཤེས་ཀྱིས་བལྟས་ནས་ཀུན་དགའ་པོ་ལ་ཁྱོད་ཀྱི་ལུང་དེ་ཡིན་ནམ། དེས་བདག་ཅག་གི་ལུང་དེ་ལགས་སོ། །ཁྱེད་ཅག་གི་ལུང་དེ་ལྟ་བུ་ལགས་སམ། དེ་ཁོ་ནའོ། །དེ་ནས་འོད་སྲུངས་ཀྱིས། བདག་གིས་མདོ་སྡེ་དང་པོ་བསྡུས་ན་གང་གིས་ཀྱང་མ་ཟློག་པས། ཆོས་སོ་སྙམ་སྟེ། ཀུན་དགའ་བོ་ལ་མདོ་སྡེ་གཉིས་པ་གང་དུ་བཤད། འདི་སྐད་བདག་གིས་ཐོས་ནས། སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་ཞེས་སོགས་སྔར་བཞིན་ནོ། །མདོ་སྡེ་གསུམ་པ་གང་དུ་བཤད། དེས་འདི་སྐད་ཅེས་སོགས་ནས། དགེ་སློང་དག་གཟུགས་ནི་བདག་མིན་ནོ། །ཞེས་སོགས་ཀུན་དགའ་བོས་བཟླས་ནས། དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བས་གཞུང་དུ་བྱས་ཏེ། ཕུང་པོ་དང་ལྡན་པ་ནི་ཕུང་པོར་སྐྱེ་མཆེད་དང་ལྡན་པ་ནི་སྐྱེ་མཆེད་དུ། རྟེན་འབྲེལ་དང་། འཕགས་པའི་བདེན་པ་རིག་པ་དང་ལྡན་པ་ནི་གླེང་གཞི་དང་ལྡན་པར། ཉན་ཐོས་ཀྱི་བཤད་པ་མང་བ་དེ་ནི་ཉན་ཐོས་ཀྱི་བཤད་པར། སངས་རྒྱས་ཀྱི་ནི་སངས་རྒྱས་ཀྱི་བཤད་པར། བྱང་ཕྱོགས་དང་ལྡན་པ་ནི་ལམ་གྱི་ཡན་ལག་ཏུ། བརྗོད་པ་མང་བ་ནི་ཡང་དག་པར་བརྗོད་པའི་སྡེར། ཚིགས་བཅད་མང་བ་ནི་ཡང་དག་པར་ལྡན་པའི་མིང་དུ། ལུང་རིང་པོ་ནི་རིང་པོར། བར་མ་ནི་བར་མར་ཚིག་གཅིག་ལ་སོགས་པ་ནི་གཅིག་ལས་འཕྲོས་པའི་ལུང་ཞེས་བསྡུས་ཏེ་བཞག་གོ། དེ་ནས་འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་ལུང་དེ་སྙེད་ཅིག་གམ། དེ་སྙེད་ཅིག་ལགས་ཏེ་འདི་ལས་ལྷག་པ་མེད་དོ། །ཞེས་སྨྲས་ནས། ཁྲི་ལས་བབས་སྟེ་ས་ལ་འདུག་གོ། དེ་ནས་ཉེ་བར་འཁོར་ལ་སྤྲོ་བ་བྱས་ཏེ། གསོལ་གཉིས་ཀྱི་ལས་ཀྱིས་འདུལ་བ་བསྡུ་བར་བསྐོས་ཏེ། ཉེ་བར་འཁོར་སེང་གེའི་ཁྲི་ལ་བཞག་ནས། བཅོམ་ལྡན་འདས་ཀྱིས་བསླབ་གཞི་དང་པོ་གང་དུ་བཅས་ཝཱ་རཱ་ཎ་སིར་རོ། །གང་གི་དོན་དུ་ན་ལྔ་སྡེའི་དོན་དུ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ་ཞེས་བཅས་སོ། །དེ་ནས་དགྲ་བཅོམ་པ་རྣམས་ཀྱིས་མངོན་ཤེས་ཀྱིས་བལྟས་ཞེས་པ་ནས། ཆོས་སོ་སྙམ་སྟེ་བསླབ་གཞི་གཉིས་པ་གང་དུ་བཅས། ཝཱ་རཱ་ཎ་སིར་ལྔ་སྡེ་ལ་ཆོས་གོས་ཟླུམ་པོར་བགོ་བར་བྱའོ། །ཞེས་སོགས་ནས་སྔར་བཞིན་ནོ། །བསླབ་གཞི་གསུམ་པ་གང་དུ་བཅས། ཀ་ལན་ད་ཀའི་གྲོང་དུ་བཟང་སྦྱིན་ལ་མི་ཚངས་སྤྱོད་ཕམ་པར་བཅས་པ་ནས། ཕམ་པ་དང་། ལྷག་མ་དང་། མ་ངེས་པ་དང་། སྤང་ལྟུང་དང་། ལྟུང་བྱེད་དང་སོ་སོར་བཤགས་པ་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བྱེད་དང་བཅས་པ་དང་། རྗེས་བཅས་དང་། སྤང་གནང་དང་། རབ་བྱུང་དང་། གསོ་སྦྱོང་དང་། དགག་དབྱེ་དང་། ཕྲ་མོ་དང་། གླེང་གཞི་དང་། མོས་པ་ནི་འདིའོ་ཞེས་འདུལ་བ་བསྡུས་ནས། ཉེ་བར་འཁོར་ཁྲི་ལས་བབས་སོ། །དེ་ནས་འོད་སྲུངས་ཀྱིས་མ་འོངས་པའི་གང་ཟག་གི་དོན་དུ། མ་མོ་བསྡུ་བའི་ཕྱིར་གསོལ་བ་གཉིས་ཀྱི་ལས་བྱས་ཏེ། མ་མོ་ཞེས་བྱ་ནི་བདག་ཁོ་ནས་སྨྲ་བར་བྱ་སྟེ། མ་མོ་ལྟ་བུ་ནི་ཤེས་བྱའི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་སྟེ། འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཞེས་སོགས་སྔར་བཞིན་ནོ། །དེ་ནས་ལྷ་རྣམས་ཀྱིས་དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་གསུམ་བསྡུས་པས་ལྷ་འཕེལ་ལྷ་མིན་འགྲིབས་སོ། །ཞེས་སྒྲོགས་ཤིང་ལྔ་བརྒྱས་ཡང་དག་པར་བསྡུས་པ་ཞེས་པའི་མིང་དུ་གྱུར་ཏོ། །དེ་ནས་འོད་སྲུངས་ཆེན་པོས། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། བློ་གྲོས་རབ་རིབ་བས་ལ་བས་སྒྲོན་མར་ཡང་དག་ལྡན། དེ་ནས་འོད་སྲུངས་ཀྱིས་སྟོན་པའི་གསུང་ཅི་ནུས་སུ་བསྒྲུབས་ཤིང་ཕན་གདགས་པ་ཅུང་ཟད་བྱས་ཏེ། མ་ལུས་པར་སུས་ནུས་ང་མྱ་ངན་ལས་འདའ་བར་བྱའོ་སྙམ་སྟེ། བདག་གིས་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག །གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་འགྱུར། །ངོ་ཚ་མེད་རྣམས་ཆད་པས་བཅད། །ངོ་ཚ་བྱེད་ནི་ཡོངས་སུ་བཟུང་། །བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདས་དུས་བབ། །ཀུན་དགའ་བོ་ཤེས་པར་གྱིས་ཤིག །སྟོན་པས་ང་ལ་བསྟན་པ་གཏད་ནས་འདས་སོ། །ང་ཡང་མྱ་ངན་ལས་འདའ་བས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག །ཁྱོད་ཀྱིས་ཀྱང་ཤ་ནའི་གོས་ཅན་ལ་གཏོད་ཅིག །དེ་ནས་འོད་སྲུངས་ཀྱིས་སྐུ་གདུང་གི་མཆོད་རྟེན་བརྒྱད། ཀླུའི་ཡུལ་གྱི་ཚེམས་མཆེ་བ་མཆོད་དེ། སུམ་ཅུ་རྩ་གསུམ་དུ་ཕྱིན་ཏེ། ཚེམས་མཆེ་བ་ལ་མིག་མི་འཛུམ་པར་བལྟས་ནས། སྤྱི་བོ་ལ་བཞག་སྟེ་མཆོད་ནས། ལྷ་རྣམས་ལ་བག་ཡོད་པར་བྱོས་ཤིག །ཅེས་གདམས་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏེ། མ་སྐྱེས་དགྲ་ལ་སྦྲན་པས་གཉིད་དུ་སོང་སྟེ། སད་པ་དང་སྦྲན་ནོ་ཞེས་སྨྲོས་ཤིག །ཅེས་བྱས་ནས། ལྷོ་རི་བྱ་རྐང་གི་རི་ལ་འཛེགས་ཏེ། རི་གསུམ་གྱི་དབུས་སུ་རྩྭ་བཏིང་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ཏེ། བྱམས་པའི་གསུང་རབ་རྒྱས་ཀྱི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷ་རྣམས་ཀྱིས་མཆོད་ནས་རི་གསུམ་བཀབ་སྟེ། སྨྲེ་སྔགས་མང་པོ་བཏོན་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་མ་སྐྱེས་དགྲ། རྒྱལ་རིགས་ཀྱི་ཞང་པོ་རྒྱུད་ཆད་པ་རྨིས་ནས་སད་པ་དང་། འོད་སྲུངས་འདས་པ་ཐོས་ཏེ་བརྒྱལ་ལོ། སངས་པ་དང་བྱ་རྐང་གི་རི་ལ་འཛེགས་པས། གནོད་སྦྱིན་གྱིས་རི་ཕྱེའོ། །དེ་ལ་རྒྱལ་པོས་ཕྱག་མཆོད་བྱས་ཏེ་བསྲེག་པར་བརྩམས་པ་དང་། ཀུན་དགའ་བོས་འདི་ནི་བྱམས་པའི་གསུང་རབ་བྱུང་གི་བར་བྱིན་གྱིས་བརླགས་ཏེ། བྱམས་པའི་ཉན་ཐོས་བྱེ་བ་དགུ་བཅུ་རྩ་དགུས་འོད་སྲུངས་ཀྱི་ལུས་འདི་བཟུང་ནས། འདི་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་འཆང་བའི་མཆོག་སྟེ། དེས་བསྟན་པ་བསྡུས་སོ། །ཞེས་བསྟན་པས། དེ་དག་གི་མི་རྣམས་ཆུང་ཞིང་། སྟོན་པའི་སྐུ་ཆེ་བར་ཤེས་སོ། དེ་ནས་བྱམས་པས་འདི་ཤཱཀྱ་ཐུབ་པའི་སྣམ་སྦྱར་རོ་ཞེས་བསྟན་པས་འཁོར་རྣམས་ཀྱིས་སྦྱངས་པའི་ཡོན་ཏན་ལེན་ཅིང་དགྲ་བཅོམ་པ་ཐོབ་པར་བྱེད་པས། འདི་བསྲེག་མི་ནུས་ཀྱི། མཆོད་རྟེན་བརྩིག་པར་བྱའོ། །དེ་ནས་མཆོད་རྟེན་བརྩིགས་ནས་མཆོད་པ་བྱས་སོ། །དེ་ནས་རི་གསུམ་བཀབ་བོ། །དེ་ནས་ཀུན་དགའ་བོ་མྱ་ངན་ལས་འདའ་བ་མ་སྐྱེས་དགྲ་ལ་སྟོན་པར་ཁས་བླངས་ཏེ། འོད་མའི་ཚལ་དུ་གནས་པའི་ཚེ་ཤ་ནའི་གོས་ཅན་རྒྱ་མཚོ་བདེ་བར་བརྒལ་ཏེ་འོངས་ནས་བདག་ལོ་ལྔའི་དུས་སྟོན་བགྱིད་ན་སྟོན་པ་གང་ན་བཞུགས། དེ་འདས་སོ། །ཞེས་སྨྲས་པས་བརྒྱལ་ལོ། །སངས་པ་དང་ཤཱ་རིའི་བུ་ལ་སོགས་པ་གང་ན་བཞུགས། དེ་དག་ཀྱང་འདས་སོ། །དེ་ནས་ཀུན་དགའ་བོ་དགེ་འདུན་དང་བཅས་པ་ལ་ལོ་ལྔའི་དུས་སྟོན་བྱས་ཏེ། མཐར་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས་སོ། །དེའི་ཚེ་དགེ་སློང་ཞིག་གིས། གང་ན་ལོ་བརྒྱ་འཚོ་བ་ནི། །ངེས་པར་ཆུ་ལ་བྱ་གག་བཞིན། །ཆུ་ལ་བྱ་གག་མཐོང་བ་ལྟར། །བདག་ཉིད་གཅིག་པུའི་འཚོ་བ་དགེ། དེ་ཀུན་དགའ་བོས་ཐོས་ནས། སྟོན་པས་དེ་སྐད་མ་གསུངས་ཀྱི། འོན་ཀྱང་གང་ན་ལོ་བརྒྱ་འཚོ་བ་ནི། །ངེས་པར་སྐྱེ་དང་འཇིག་པ་ཡིན། །གང་ཟག་གཉིས་ལ་སྟོན་པ་ཡིས། །ས་འདིར་བརྟག་པར་བཤད་པ་ནི། །མ་དད་ཞེ་སྡང་བློ་ཅན་དང་། །དད་ལ་ཕྱིན་ཅི་ལོག་གྱུར་པའོ། །མདོ་སྡེ་ལོག་པར་བཟུང་གྱུར་པས། །བ་ལང་འདམ་དུ་སོང་བ་བཞིན། །དེ་ནི་ཉེ་བར་འཇིག་འགྱུར་ཏེ། །རང་གི་འཆི་བློའི་བློ་མེད་པ། །ཐོས་པ་མི་ཤེས་འབྲས་བུ་མེད། །ལོག་པར་ཤེས་པ་དུག་དང་འདྲ། །ཐོས་པ་ཡང་དག་ཉིད་ཤེས་པ། །བྲལ་བ་འབྲས་བུ་བློ་ལྡན་ཡིན། །དེས་དེའི་མཁན་པོ་ལ་སྨྲས་པ། །ཀུན་དགའ་བོ་ནི་རྒས་གྱུར་ཏེ། །དེ་ཡི་དྲན་པའང་ཉམས་པར་གྱུར། །སྨྲས་པ། རྒས་བ་དག་གིས་གཟིར་གྱུར་པ། །ལུས་ཅན་དེ་ནི་དྲན་པ་ཉམས། །ཡང་དག་རྗེས་སུ་མི་དྲན་པ། །དེ་ཡི་བློ་ནི་རྒས་པས་ནོན། །དེ་ཀུན་དགའ་བོས་ཐོས་ནས། དེ་ལ་སྨྲས་ན་འཐབ་མོར་འགྱུར། དེའི་མཁན་པོའི་དྲུང་དུ་བདག་འགྲོ་བར་མི་རིགས་པས་མྱ་ངན་ལས་འདའ་བར་བྱའོ་སྙམ་སྟེ། རྙིང་པ་དག་ཀྱང་སྔར་འདས་ཏེ། །གསར་བུ་དེ་དང་བདག་མི་མཐུན། །བདག་ནི་གཅིག་པུ་བསམ་གཏན་ལ། །སྒོ་ང་ལས་སྐྱེས་བཞིན་དུ་གནས། །བདག་གི་གྲོགས་དང་མཛའ་བོ་ཀུན། །སྔོན་དུ་འདས་ཤིང་སོང་བར་གྱུར། །ཇི་ལྟར་བསམ་གཏན་གནས་དྲན་པ། །དེ་འདྲའི་བཤེས་གཉེན་འདི་ན་མེད། །དེ་ན་ཤ་ནའི་གོས་ཅན་ལ། སྟོན་པས་འོད་སྲུངས་ལ། དེས་ཀྱང་ང་ལ་བསྟན་པ་གཏད་ཏོ། །ངའང་འདའ་བས། བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག །ཡུལ་བཅོམ་བརླག་གི་རི་མུ་རུན་དར། ཚོང་དཔོན་གྱི་བུ་ནཱ་ཏ་དང་ཕ་ཏས་གཙུག་ལག་ཁང་བརྩིགས་ནས། སྦྱིན་བདག་བྱེད་པར་ལུང་བསྟན་ནོ། །དེར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་རབ་ཏུ་ཕྱུང་ཞིག །ང་འདས་ནས་ལོ་བརྒྱ་ན་དེ་མཚན་མེད་པའི་སངས་རྒྱས་སུ་འགྱུར་ཏེ། སངས་རྒྱས་ཀྱི་བྱ་བ་བྱེད་དོ། །ཞེས་སྟོན་པས་ལུང་བསྟན་ནོ། །དེས་དེ་བཞིན་བྱའོ་ཞེས་སོ། །དེ་ནས་མ་སྐྱེས་དགྲ་ལ་སྦྲན་ཏེ་གངྒཱའི་དབུས་སུ་སོང་ངོ་། །རྒྱལ་པོས་གདུགས་ཀྱི་ཡུ་བ་ཆག་པ་རྨིས་ནས། སད་པ་དང་སྦྲན་པ་ཐོས་ཏེ་བརྒྱལ་ལོ། །སངས་པ་དང་དཔུང་དང་བཅས་ཏེ་གང་གཱར་སོང་ངོ་། །དེའི་ཚེ་ལྷས་ཡངས་པ་ཅན་པ་ལ། འཕགས་པ་ཀུན་དགའ་བོ་འགྲོ་བའི་སྒྲོན་མ་ནི། །སྐྱེ་བོ་ཕལ་པོ་ཆེ་ལ་ཐུགས་རྗེ་མཛད། །ཐུབ་པ་འདིས་ནི་མྱ་ངན་མུན་བསལ་ནས། །རབ་ཞི་བསྟན་པར་ཡངས་པ་ཅན་དུ་གཤེགས། དེ་ནས་ལི་ཙ་བྱི་རྣམས་ཀྱང་གང་གཱར་སོང་ངོ་། །དེའི་ཚེ་དྲང་སྲོང་ཞིག་འཁོར་ལྔ་བརྒྱས་བསྐོར་ཏེ། རབ་ཏུ་འབྱུང་བར་ཞུས་པས། ཀུན་དགའ་བོས་གངྒཱའི་དབུས་སུ་གླིང་སྤྲུལ་ཏེ། དེར་བསྙེན་པར་རྫོགས་པས་དགྲ་བཅོམ་པར་གྱུར་ནས། དུས་དང་གནས་ཀྱི་དབང་གིས་ཉི་མ་གུང་པའམ་ཆུ་དབུས་པ་ཞེས་གྲགས་སོ། །ཀུན་དགའ་བོའི་སྔོན་ལ་འདའ་བར་ཞུས་པས། ཁ་ཆེ་ནི་བསམ་གཏན་དང་མཐུན་པ་དང་གནས་མལ་གྱི་མཆོག་ཏུ་དང་། ང་འདས་ནས་ལོ་བརྒྱ་ན་དགེ་སློང་ཉི་མའི་གུང་ཞེས་པས་བསྟན་པ་འཇོག་གོ། ཞེས་ལུང་བསྟན་པས། དེ་བཞིན་གྱིས་ཤིག །དེས་དེ་བཞིན་བགྱིའོ་ཞེས་སོ། །དེ་ནས་ཀུན་དགའ་བོས་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་མྱ་ངན་ལས་འདས་ཏེ། ལུས་ཕྱེད་ཡངས་པ་ཅན་པས། ཕྱེད་མ་སྐྱེས་དགྲས་ཐོབ་སྟེ། ཡེ་ཤེས་རྡོ་རྗེ་རྣོན་པོ་ཡིས། །རང་གི་ལུས་ཀྱི་རི་བཅོམ་སྟེ། །ཕྱེད་ནི་མི་ཡི་དབང་པོར་བྱིན། །ཕྱེད་ནི་ཐུབ་པའི་ཚོགས་ལ་བྱིན། །དེ་ནས་ཡུལ་ཡངས་པ་ཅན་དང་སྐྱ་ནར་བུར་མཆོད་རྟེན་བརྩིགས་སོ། །དེ་ནས་ཉི་མའི་གུང་པས་སྟོན་པའི་ལུང་བསྟན་དང་མཁན་པོའི་གསུང་བསྒྲུབ་པའི་ཕྱིར། ཁ་ཆེར་སོང་སྟེ། སྐྱིལ་ཀྲུང་བཅས་ཏེ་མཉམ་པར་བཞག་པས། ཀླུ་འཁྲུགས་ཏེ། ས་གཡོས་རྫི་ཆར་དྲག་པོ་ཕབ་ཀྱང་། ཆོས་གོས་ཀྱི་མཐའ་ཡང་མ་གཡོས། མདའ་མཚོན་གྱི་ཆར་ཕབ་པ། མེ་ཏོག་ཏུ་བསྒྱུར་བས། ཀླུ་རྣམས་ངོ་མཚར་ཏེ། བཀའ་ཅི་སྩལ་ཟེར་བ་དང་། སྟོན་པས་ལུང་བསྟན་པས། གནས་འདི་ང་ཡི་ཡིན་ནོ། །གསུང་སྟེ་སྐྱིལ་ཀྲུང་གཅིག་གིས་ལུང་པ་དགུའི་མདོ་ནོན་པའི་ས་དེ་ཕུལ་ཏེ། འཁོར་ཇི་སྙེད་མངའ། དགྲ་བཅོམ་པ་ལྔ་བརྒྱའོ། །དེས་དེ་ལ་གཅིག་གིས་མ་ཚང་ན་ཡང་གནས་དབྲོག་གོ། གནས་བརྟན་གྱིས། དེ་ལྟ་མོད་ཀྱི་སྦྱིན་བདག་གནས་པར་ལེན་པ་ཡོད་པས། ཁྱིམ་བདག་ཀྱང་གཞུག་པར་བྱའོ། །དེ་ནས་སྐྱེ་བོའི་ཚོགས་བཅུག་ཅིང་། དེ་དག་སྤེལ་བའི་ཕྱིར། རི་སྤོས་ཀྱི་ངད་ལྡན་དུ་ཕྱིན་ནས་གུར་ཀུམ་བཏོན་ནས། ཀླུ་རྣམས་འཁྲུགས་པ་དང་དེ་དག་བཏུལ་བ་དང་། ཀླུ་རྣམས་ཀྱིས་བསྟན་པ་ཇི་སྲིད་གནས། གནས་བརྟན་གྱིས་ལོ་སྟོང་ངོ་། །དེ་དག་གིས་སྟོན་པའི་བསྟན་པ་གནས་ཀྱི་བར་གནང་ངོ་། །གནས་བརྟན་གྱིས་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །དེ་ལྟར་ཁ་ཆེར་བསྟན་པ་བཞག་སྟེ་མྱ་ངན་ལས་འདས་སོ། །ཤ་ནའི་གོས་ཅན་གྱིས་ཉེར་སྦས་ལ། དེས་དྷི་དྷི་ཀ་ལ། དེས་ནག་པོ་ལ། དེས་ལེགས་མཐོང་ལ་བསྟན་པ་གཏད་དེ། མྱ་ངན་ལས་འདས་སོ། །
བཀའ་བསྡུ་གཉིས་པ།
བསྡུ་བ་གཉིས་པ་ནི། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ། ཨ་ལ་ལ་དང་རྗེས་སུ་ཡི་རང་སྤྱོད་པ་དང་། བརྟགས་པ་དང་ནི་ལན་ཚ་དག་དང་ལམ་དང་ནི། །སོར་མོ་གཉིས་ཀྱིས་རུང་དང་དཀྲུགས་དང་གདིང་བ་དང་། །གསེར་དངུལ་བྱས་པ་འདི་ནི་བར་སྡོམས་ཡང་དག་བསྡུས། ཞེས་པ་དེ་དག་ཀུན་ཏུ་སྤྱོད་དོ། །དེའི་ཚེ་ཡངས་པ་ཅན་ན་དགྲ་བཅོམ་པ་ཐམས་ཅད་འདོད་ཅེས་པ་རྣམ་ཐར་བརྒྱད་ལྡན་ཞིག་སྙིང་ལས་ཆུང་ངུར་འདུག་གོ། གྲོང་ཁྱེར་ནོར་ཅན་ན་དགྲ་བཅོམ་པ་གྲགས་པ་འཁོར་ལྔ་བརྒྱ་དང་བཅས་པ་ལྗོངས་རྒྱུ་ཞིང་ཡངས་པ་ཅན་དུ་ཕྱིན་ནས་རྙེད་པ་བགོད་པ་དང་ཐུག་སྟེ། རྙེད་པའི་སྐལ་བ་ཆེན་པོ་བྱུང་སྟེ། དྲིས་པས་རུང་བ་མ་ཡིན་པའི་གཞི་བཅུ་སྤྱོད་པར་རིག་ནས། ཐམས་ཅད་འདོད་ཅན་ཕྱིན་ཏེ། ཨ་ལ་ལའི་རུང་བ་བགྱིད་པར་རུང་ངམ། དེ་ཅི་ཡིན། ཡངས་པ་ཅན་གྱི་དགེ་སློང་རྣམས་ལྟ་སྤྱོད་མི་མཐུན་པས། ཆོས་མིན་དང་མཐུན་པས་ཆོས་ཀྱི་ལས་བྱས་ནས་ཨ་ལ་ལ་ཞེས་བྱ་བས་རུང་བར་བྱེད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས་ཙམ་པར་རོ། །གང་ལ་བརྟེན་ཏེ་བཅས། དྲུག་སྡེ་ལའོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སུའོ། །གནས་བརྟན་འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་བ་སྟེ། དེ་ལ་རུང་བར་སྟོན་ཅིང་སྤྱོད་ན། དེ་བཏང་སྙོམས་སུ་བཞག་གམ། དེ་ཅང་མི་སྨྲ་བར་འདུག་གོ། གནས་བརྟན་དེ་ནི་དེར་བས་ན། འདི་ཞུ་བར་བགྱི་སྟེ། རྗེས་སུ་ཡི་རང་གིས་རུང་བ་རུང་ངམ། ལྔར་བཞིན་སྦྱར་ལ། སྔར་ལྟ་བུའི་ལས་བྱས་ནས་ཉེ་འཁོར་གྱི་དགེ་སློང་རྣམས་རྗེས་སུ་ཡི་རང་བ་བྱེད་དུ་འཇུག་ཅིང་། དེས་རུང་བར་བྱེད་དོ། །མི་རུང་སྟེ་ཙམ་པར། དྲུག་སྡེ་ལ་ཉེས་བྱས་སོ། །ཀུན་སྤྱོད་ནི་རང་གི་ལག་གིས་ས་བརྐོས་ནས་ཀུན་ཏུ་སྤྱོད་པས་རུང་བར་བྱེད་དེ། མཉན་ཡོད་དུ། དྲུག་སྡེ་ལ་ལྟུང་བྱེད་དུའོ། །ཚྭ་ནི། ཇི་སྲིད་འཚོའི་བར་དུ་དུས་རུང་དང་བསྲེས་ནས་སྤྱོད་ཅིང་དུས་རུང་དུ་བྱེད་དེ། རྒྱལ་པོའི་ཁབ་ཏུ་ཤཱ་རིའི་བུ་ལ་ལྟུང་བྱེད་དུའོ། །ལམ་གྱིས་རུང་བ་ནི་དཔག་ཚད་དང་དཔག་ཚད་ཕྱེད་དུ་སོང་ན། འདུས་ཤིང་ཟན་ཟོས་ནས་ལམ་གྱིས་རུང་བར་བྱེད་དོ། །རྒྱལ་པོའི་ཁབ་ཏུ་ལྷ་སྦྱིན་ལ་ལྟུང་བྱེད་དུའོ། །སོར་མོ་གཉིས་ནི་ལྷག་པོར་མ་བྱས་པའི་བཟའ་བཅའ་སོར་མོ་གཉིས་ཀྱིས་རུང་བར་བྱས་ཏེ་ཟ་སྟེ། མཉན་ཡོད་དུ་མང་པོ་ལ་ལྟུང་བྱེད་དུའོ། །ནད་པས་ནི་སྲིན་བུ་པད་མ་བཞིན་དུ་ཆང་བཞིབས་ཏེ། འཐུངས་ནས་ནད་པས་རུང་བར་བྱེད་དེ། མཉན་ཡོད་དུ་ལེགས་འོངས་ལ་ལྟུང་བྱེད་དུའོ། །བསྲེས་པས་རུང་བ་ནི་འོ་མ་བྲེ་གང་དང་། ཞོ་བྲེ་གང་དཀྲུགས་ནས་དུས་མིན་དུ་ཟོས་ནས་རུང་བར་བྱེད་དེ། དེ་མཉན་ཡོད་དུ་མང་པོ་ལ་ལྟུང་བྱེད་དུའོ། །གདིང་བ་ནི་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་འཁོར་བས་སར་པ་ལ་མ་གླན་པར་སྤྱོད་དེ། མཉན་ཡོད་དུ་མང་པོ་ལ་ལྟུང་བྱེད་དུའོ། །གསེར་དངུལ་ནི་ལྷུང་བཟེད་དྲི་ཞིམ་པོས་བསྐུས་ཏེ་དགེ་སྦྱོང་གི་མགོའི་སྟེང་དུ། ཁྲིའུ་སྟན་དང་བཅས་པའི་སྟེང་དུ་བཞག་ནས། ལམ་སྲང་དང་བཞི་མདོར་ལྷུང་བཟེད་འདི་ནི་བཟང་སྟེ་འདིར་བྱིན་ནམ་བླུག་ན་འབྲས་བུ་ཆེན་པོར་འགྱུར་རོ། །ཞེས་བྱས་པས་གཞན་གྱིས་དེར་གསེར་དངུལ་བླུག་པ་ལོངས་སྤྱོད་དེ། དྲུག་སྡེ་ལ་སོགས་པ་ལ་སྤང་ལྟུང་དུ་བཅས་སོ། །དེ་ནས་ཐམས་ཅད་འདོད་ན་རེ། ཁྱོད་སོང་ལ་ཕྱོགས་ཚོལ་ཅིག །ངས་ཆོས་བཞིན་གྲོགས་བྱའོ། །དེ་ནས་གྲགས་པས་གྲོང་ཁྱེར་ནོར་ཅན་གྱི་གཡོ་ལྡན་དང་། སང་ཀ་ཤའི་ནོར་ཅན་དང་། དམར་བུ་ཅན་གྱི་ཟླ་སྒུར་འགོག་སྙོམས་མཛད་པས་ཡིད་དགའ་ལ་དང་། སུག་ན་ན་མ་ཕམ་པ་དང་། མ་ཧེ་ལྡན་ན་ཡང་དག་སྐྱེས་དང་། ལྷན་ཅིག་སྐྱེས་ན་ནམ་གྲུ་གནས་པ་ལ། སྔར་བཞིན་བརྗོད་པས། དེས་ཁྱོད་ངལ་སོས་ལ། ངས་ཕྱོགས་བཙལ་ལོ་ཞེས་ཏེ་ཕྱོགས་ཚོལ་དུ་སོང་སོ། །དེ་ནས་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གྲགས་པའི་སློབ་མ་ལ་མཁན་པོ་གར་སོང་དྲིས་པས། ཁྱེད་ཅག་གནས་ནས་དབྱུང་བའི་ལས་བྱེད་པའི་ཕྱོགས་འཚོལ་ལོ། །དེ་དག་གིས་སྨྲས་པ། དེ་ལེགས་པ་མ་ཡིན་པ་བྱེད་དེ། སྟོན་པ་འདས་པའི་གསུང་རབ་ལ། རྣམ་པ་དེ་དང་དེ་དག་གིས་འཚོ་བ་རུང་ན་ངེད་རྣམས་ལ་ཅིའི་ཕྱིར་མཐོ་འཚམ། གཞན་ཞིག་གིས་སྨྲས་པ། ཁྱེད་རུང་བ་མ་ཡིན་པ་སྤྱོད་ཅིང་། བསྟན་པ་ལ་ཆུ་བུར་བསྐྱེད་པས་ངེས་པར་གནས་ནས་དབྱུང་བའི་ལས་བྱེད་དོ། །ཞེས་སྨྲས་པས་སྐྲག་སྟེ། གྲགས་པའི་སློབ་མ་ལ་སྣམ་སྦྱར་དང་ཆོས་གོས་ལ་སོགས་པ་བྱིན་ནས། བར་བཅོལ་ལོ། །དེ་ནས་གྲགས་པས་ཕྱོགས་བཙལ་ཏེ། སླར་འོངས་པ་དང་སློབ་མ་དེ་དག་གིས། མཁན་པོ་ཐུགས་འདི་ལྟ་བུ་བཟློག་པར་རིགས་ཏེ། སྟོན་པ་འདས་པའི་གསུང་རབ་ལ་རྣམ་པ་དེ་དང་དེ་དག་གིས་འཚོ་བར་རུང་ན། ཅིའི་སླད་དུ་དེ་དག་ལ་གནོད་པའི་ལས་བགྱི། ཞེས་སྨྲས་པས། དེ་དག་གིས་སུག་བླངས་པར་ཤེས་ནས་དེ་དག་བཤད་དེ། གང་གིས་བཤོལ་བར་བྱ་བ་རིངས་བྱེད་རིངས་པ་བཤོལ་བྱེད་པ། །ཚུལ་བཞིན་བྱ་བ་རབ་སྤངས་བྱིས་པ་དེ་ནི་སྡུག་བསྔལ་འགྲོ། །དེ་ནི་གྲགས་པ་མེད་པས་སྐལ་ལྡན་གྲོགས་ཀྱིས་རྣམ་པར་སྤངས། །དེ་ཡེ་དོན་ནི་མི་འཕེལ་མར་གྱི་ངོ་ཡི་ཟླ་བ་བཞིན། །གང་གིས་དགོངས་པ་དེ་བཞིན་རིངས་བྱེད་བློ་ལྡན་མི་བཤོལ་བ། །ཚུལ་བཞིན་མ་ཡིན་རབ་སྤངས་མཁས་པ་དེ་ནི་བདེ་བ་ཐོབ། །དེ་ནི་གྲགས་པ་སྐལ་ལྡན་གྲགས་པོ་རྣམས་ཀྱིས་སྤངས་མི་འགྱུར། །དེ་ཡི་དོན་ནི་འཕེལ་བ་ཡར་གྱི་ངོ་ཡི་ཟླ་བ་བཞིན། །དེ་ནས་གྲགས་པ་འཁོར་གྱི་ཁྱམས་སུ་ཞུགས་ཏེ་སྨོན་ནས་ཤེས་པ་བརྟགས་ཏེ། གཎྜཱི་བརྡུངས་པས་དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་འདུས་ཏེ། ཀུན་དགའ་བོའི་སློབ་མ་ཤ་སྟག་གོ། ཟླ་སྒུར་འགོག་སྙོམས་ལ་ཞུགས་པས་མ་ཐོས་སོ། །དེ་ནས་གྲགས་པས་མིང་ཕྱུང་སྟེ་བཟླས་ན་འཁྲུག་པ་ཆེན་པོར་འགྱུར་བས། མིང་མི་དབྱུང་བར་བརྗོད་པར་བྱའོ་སྙམ་སྟེ། རྒན་པའི་མཐའ་ལོགས་སུ་ཐལ་མོ་སྦྱར་ཏེ་འདུག་གོ། དེའི་ཚེ་ཟླ་སྒུར་འགོག་པ་ལས་ལངས་པ་ལ། ལྷ་ཞིག །ཁྱེད་དང་མཁན་པོ་གཅིག་པའི་དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་བསྟན་པ་སྡུད་པས། རིངས་པར་བཞུད་ཅིག །དེས་རྫུ་འཕྲུལ་གྱིས་ཁྱམས་ཀྱི་སྒོར་འདུག་སྟེ་སྒོ་བརྡུངས་པས། ཁྱོད་སུ་ཡིན་འདྲི་བ་ལ། གང་དག་དམར་བུ་ཅན་ན་གནས་པ་ཡི། །དགེ་སྦྱོང་མང་དུ་ཐོས་པ་འདུལ་བ་འཛིན། །དེ་དག་ལས་ནི་གཞན་ཞིག་འདིར་འོང་སྟེ། །དབང་པོ་དུལ་ཞེས་བྱ་བ་སྒོ་ན་འདུག །དབང་པོ་དུལ་བ་གཞན་ཡང་ཡོད་ཀྱིས་སུ་ཡིན། ཐེ་ཚོམ་བཅད་དང་། འགྱོད་པ་མེད་དང་། ཟླ་སྒུར་ཞེས་སྨྲས་པས་སྒོ་ཕྱེ་སྟེ། ནང་དུ་ཞུགས་སོ། །དེ་ནས་གྲགས་པས་རྒན་རིམས་སུ་ཚེ་དང་ལྡན་པ་དག །ཨ་ལ་ལའི་རུང་བ་རུང་ངམ། ཞེས་སོགས་སྔར་བཞིན་ལས་དགེ་སློང་ཁ་ཅིག་ཅེས་མིང་མ་ཕྱུང་བར་བཟླས་ཏེ། རབ་ཏུ་སྤྱོད་དེ་དེ་བདག་ཅག་གིས་དོར་བར་བགྱིའོ། །ཞེས་གཞི་བཅུ་རྒྱས་པར་བརྗོད་ནས། དེ་དག་གིས་ཀྱང་ཡང་དག་པར་བརྗོད་ནས། ཕྱིར་བྱུང་ནས་གཎྜཱི་བརྡུངས་ཏེ། ཡངས་པ་ཅན་གྱི་དགེ་སློང་རྣམས་བསྡུས་ཏེ། རྒན་རིམས་སུ་ཡངས་པ་ཅན་གྱི་དགེ་སློང་ཞེས་མིང་ཕྱུང་སྟེ། གཞི་བཅུ་རྒྱས་པར་བརྗོད་དེ་ཐམས་ཅད་ཀྱིས་དེ་དག་བདག་ཅག་གིས་དོར་བར་བྱའོ། །ཞེས་བརྗོད་པས་བདུན་བརྒྱས་ཡང་དག་པར་བརྗོད་པ་ཞེས་གྲགས་སོ། །དེ་ལྟར་ན་དགོས་པ་རུང་མིན་གཞི་བཅུ་བསལ་བའི་ཕྱིར། དུས་སྟོན་པ་འདས་ནས། ལོ་བརྒྱ་དང་བཅུ་ན་གནས་ཡངས་པ་ཅན་གྱི་ཀུ་སྨ་པུ་རིའི་གཙུག་ལག་ཁང་དུ་སྦྱིན་བདག་ཆོས་རྒྱལ་མྱ་ངན་མེད་ཀྱིས་བྱས་ཏེ། དགྲ་བཅོམ་པ་བདུན་བརྒྱས་བསྡུ་བ་གཉིས་པ་བྱས་སོ། །
བཀའ་བསྡུ་གསུམ་པ།
བསྡུ་བ་གསུམ་པ་ནི། ལུང་ན་མེད་པས་མི་མཐུན་པ་ཅི་རིགས་སུ་སྣང་སྟེ། ཁ་ཅིག་སྟོན་པ་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང་། པདྨ་ཆེན་པོ་ཞེས་བྱ་བ་བྱུང་བས། གྲོང་ཁྱེར་སྐྱ་བོའི་ཕུར་གནས་བརྟན་འོད་སྲུངས་ཆེན་པོ་དང་བླ་མ་ལ་སོགས་བཞུགས་པའི་དུས་སུ་བདུད་སྡིག་ཅན་བཟང་པོ་ཞེས་བྱ་བ་དགེ་སློང་གི་ཆ་བྱད་དུ་བྱས་ནས། རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ། དགེ་འདུན་རྣམས་ཕྱེ་ནས་བསྟན་པ་དཀྲུགས་ཏེ། དེའི་ཚེ་གནས་བརྟན་ཀླུའི་སྡེ་དང་། ཡིད་འོང་གི་དུས་སུ་སྡེ་པ་སོ་སོར་གྱེས་ནས། ལོ་དྲུག་ཅུ་རྩ་གསུམ་ན་གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་སོ་ཞེས་ཟེར་རོ། །ཁ་ཅིག་སྟོན་པ་འདས་ནས་ལོ་བརྒྱ་དྲུག་ཅུ་ན། གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་པར་རྒྱལ་པོ་མྱ་ངན་མེད་བྱུང་བའི་ཚེ། དགྲ་བཅོམ་པ་རྣམས་ལེགས་པར་སྦྱར་བ་དང་ཐ་མལ་བ་དང་། ཟུར་ཆག་དང་། ཤ་ཟའི་སྐད་ཀྱིས། སྟོན་པའི་གསུང་རབ་འདོན་པ་ལས། སློབ་མ་རྣམས་སོ་སོར་གྱེས་པས་སྡེ་པ་བཅོ་བརྒྱད་དུ་གྱུར་ཏེ། གྲུབ་མཐའ་མི་མཐུན་པ་སྣ་ཚོགས་ཀྱིས་བསྟན་པ་དཀྲུགས་པ་ན། དགྲ་བཅོམ་པ་དང་སོ་སོ་སྐྱེ་བོ་མཁས་པ་རྣམས་ཛ་ལན་དྷ་རའི་དགོན་པར་འདུས་ནས་བསྡུས་ཏེ། དེ་ཚེ་སྟོན་པ་འདས་ནས་ལོ་སུམ་བརྒྱ་ལོན་ཟེར་ཏེ། ང་འདས་ནས་ལོ་བརྒྱ་ན། གྲོང་ཁྱེར་སྐྱ་ནར་གྱི་བུ་མུ་རའི་རིགས་སུ་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་སྟེ། ཉིན་གཅིག་ལ་ངའི་སྐུ་གདུང་གི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་རོ་ཞེས། སྙིང་རྗེ་པདྨ་དཀར་པོ་ལས་འབྱུང་བ་དང་། འོད་ལྡན་ནས། དེ་ནས་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཤི་བ་དང་། དགྲ་བཅོམ་པ་རྣམས་ཀྱིས་ཐ་མལ་བ་དང་། ཟུར་ཆག་པ་དང་བར་མར་འདོན་པའི་ཚིག་ལ་མངོན་པར་ཞེན་པ་གདུལ་བའི་དབང་གི་ཕྱིར། རིམ་གྱིས་གཞུང་གཞན་དང་གཞན་དུ་སྦྱར་ཏེ། རྒྱ་ཆེན་པོའི་སྐད་དུ་སྦྱར་བའི་མདོ་སྡེ་ལ་སོགས་པ་ལྟ་བུ་སྟེ། བསྟན་པ་རྣམ་པ་བཅོ་བརྒྱད་ཀྱི་བར་དུ་གྱུར་པ་ཡིན་ནོ། །ཞེས་པ་དང་ཅུང་ཟད་འགལ་ལམ་སྙམ་མོ། །ཁ་ཅིག་དགོས་པ་ནི་གྱེས་པ་བཅོ་བརྒྱད་བཀའ་མ་ཡིན་པའི་དོགས་པ་བསལ་བའི་ཕྱིར། དུས་སྟོན་པ་འདས་ནས་ལོ་སུམ་བརྒྱ་ན། གནས་ཁ་ཆེའི་ཡུལ་ཀུན་པ་ན་ཞེས་བྱ་བའི་དགོན་པར། སྦྱིན་བདག་ཛ་ལན་དྷ་རའི་རྒྱལ་པོ་ཀ་ནི་ཀས་བྱས་ཏེ། སྡུད་པ་པོ་པུརྞི་ཀ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ། བ་སུ་མི་ཏྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཉིས་བརྒྱ་ལྔ་བཅུའམ། ཁྲི་དྲུག་སྟོང་འདུས་ནས་ཞལ་ཏོན་དུ་མཛད་དེ། བཅོ་བརྒྱད་པོ་ཐམས་ཅད་བཀར་བསྒྲུབས་སོ། །
སྡེ་བ་གྱེས་ཚུལ།
དེ་ལ་སྡེ་པའི་གྱེས་ཚུལ་ལ། བྷ་བྱ་ན་རེ་རྩ་བ་ཕལ་ཆེན་དང་གནས་བརྟན་པ་གཉིས་ཡིན་ཟེར་རོ། །ཁ་ཅིག་རྣམ་པར་ཕྱེ་སྟེ་སྨྲ་བ་དང་གསུམ་ཡིན་ཟེར་རོ། །གཞི་ཡོད་སྨྲ་བ་ན་རེ། བསྡུ་བ་གཉིས་པའི་བར་དུ་གཞི་ཐམས་ཅད་ཡོད་སྨྲ་གཅིག་པུ་ལས་མེད་པ་ལ། དེ་རྗེས་ནས་སྐད་ཐ་དད་ཀྱིས་འདོན་པས་བཅུ་བདུན་ཏེ། གྱེས་པ་ནི་བསྟན་པ་མིན་ཏེ། སྡོམས་ཀྱིས་མ་བསྡུས་པས་འདུལ་བ་ལ་མི་སྣང་། དོན་ཕན་ཚུན་འགལ་བས་མདོ་སྡེ་ལ་མི་འཇུག །ཚིག་གི་དོན་གཞན་དུ་སྟོན་པས། ཆོས་ཉིད་དང་མི་མཐུན་པས་བཀའ་མིན་ནོ་ཟེར་བ་ལ། གྱེས་པ་བཅུ་བདུན་གྱི་གཞུང་བཀའ་ཡིན་ཏེ། ཚུལ་ཁྲིམས་སྟོན་པས་འདུལ་བ་ལ་སྣང་། ལྷག་པའི་སེམས་སྟོན་པས་མདོ་སྡེ་ལ་འཇུག །མྱང་འདས་དང་མཐུན་ཞིང་ལྷག་པའི་ཤེས་རབ་སྟོན་པས་ཆོས་ཉིད་དང་མི་འགལ་བའི་ཕྱིར་རོ། །ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པའི་ཕྱག་རྒྱ་གསུམ་གྱིས་བཏབ་པའི་ཕྱིར་དང་། སངས་རྒྱས་ཀྱི་གསུང་དོན་ཁོ་ན་གཙོར་བཞེད་པའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱིས་རྣམ་པར་དབྱེ་བ་མཛད་པའི་ཕྱིར་དང་། དེ་དག་ཀྱང་སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་ཕྱིར་དང་། རྒྱལ་པོ་ཀྲི་ཀིའི་རྨི་ལམ་བཤད་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྨི་ལམ་དུ་མི་བཅོ་བརྒྱད་ཀྱིས་རས་ཡུག་འདྲེན་པ་མཐོང་བ་དེ་ནི། ཤཱཀྱ་ཐུབ་པའི་བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ། དེའི་རྣམ་པར་གྲོལ་བའི་རས་ནི། གྱེས་པར་མི་འགྱུར་བའོ་ཞེས་གསུངས་པས་བཀར་བསྒྲུབས་སོ། །དུལ་ལྷ་དང་ལོ་དྲི་མཁན་པོས་རྩ་བའི་སྡེ་བཞིར་འདོད་དེ། དུལ་ལྷས། ཤར་དང་ནུབ་དང་གངས་རི་དང་། །འཇིག་རྟེན་འདས་པར་སྨྲ་བ་དང་། །བརྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུངས་སྡེ། །ས་སྲུང་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་བྱེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རིས་དང་སྲུང་བ་པ། །གནས་མའི་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་འགྱུར། །ཞེས་འབྱུང་ངོ་། །ལོ་དྲི་མཁན་པོ་ལྟར་ན་ཕལ་ཆེན་སྡེ་ལ་དྲུག །ཡོད་སྨྲ་ལ་བཞི། མང་པོས་བཀུར་བ་ལ་ལྔ། གནས་བརྟན་པ་ལ་གསུམ་དུ་འདོད་དེ་ལ་ཕུང་པོ་སྐྱེ་ཁམས་གསུམ་མམ། དུས་གསུམ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བས་ཐམས་ཅད་ཡོད་པར་སྨྲ་བ། ཡ་རབས་ལས་འཇིག་རྟེན་གྱི་ཆོས་ལུགས་འབྱུང་བ་བཞིན་དུ། སཾ་སྐྲི་ཏའི་སྐད་ཀྱིས་བརྗོད་ཅིང་སྡེ་པ་གཞན་གྱི་ཆོས་ལུགས་འབྱུང་བའི་གཞི་ཡིན་པས། གཞི་ཐམས་ཅད་ཡོད་སྨྲའོ། །མཁན་པོ་རྒྱལ་རིགས་བསླབ་པ་ལ་གུས་པའི་མཆོག་སྒྲ་གཅན་ཟིན་བཟང་པོ། སྐད་སཾ་སྐྲི་ཏའི་སྐད་སྣམ་སྦྱར་སྣམ་ཕྲན་ཉེར་ལྔ་པ་ནས་དགུ་པ་ཡན་ཆད་ལ་རྟགས་ཨུཏ་པལ་དང་པདྨ་དང་རིན་པོ་ཆེ་དང་ཤིང་ལོ་འབྱུང་ངོ་། །དགེ་འདུན་ཕལ་ཆེན་པ་ནི་དགེ་འདུན་ཡང་ཡིན་ལ། །དེ་ཉིད་ཕལ་ཆེ་བ་ཡང་ཡིན་པས། དགེ་འདུན་ཕལ་ཆེན་པ། མཁན་པོ་བྲམ་ཟེ་སྦྱངས་པའི་ཡོན་ཏན་གྱི་མཆོག་འོད་སྲུངས་ཆེན་པོ། སྐད་ཐ་མལ་བའི་སྐད། སྣམ་ཕྲན་ཉེར་གསུམ་ནས་བདུན་ཡན་ཆད་རྟགས་དུང་ངོ་། །སྐྱེ་བོ་མང་པོས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པས་ཀུན་གྱིས་བཀུར་བ། མཁན་པོ་དམངས་རིགས་འདུལ་བ་འཛིན་པའི་མཆོག་ཉེ་བ་འཁོར། སྐད་ཟུར་ཆག་པ་ཨ་ཝ་བྲཾ་ཤའི་སྐད། སྣམ་ཕྲན་ཉེར་གཅིག་ནས་ལྔ་ཡན་ཆད་རྟགས་མེ་ཏོག་སོ་རྩི་ཀའོ། །གནས་བརྟན་པ་ནི་གནས་བརྟན་འཕགས་པའི་རིགས་ཡིན་པར་སྨྲ་བས་གནས་བརྟན་པ། མཁན་པོ་རྗེ་རིགས་མཐའ་འཁོབ་འདུལ་བའི་མཆོག་ཀཱ་ཏྱ་་ཡ་ན། སྐད་འབྲིང་དུ་འདོན་པ། སྣམ་ཕྲན་དང་རྟགས། མང་པོས་བཀུར་བ་དང་མཐུན་པར་གྲག་གོ། ཁ་ཅིག །ཕལ་ཆེན་པ་སྐད་འབྲིང་དུ་འདོན་པའི་སྐད། ཀུན་གྱིས་བཀུར་བ་ཐ་མལ་བའི་སྐད། གནས་བརྟན་པ་ཟུར་ཆག་ཏུ་འདོད་དོ། །དེ་ལྟར་བཅོ་བརྒྱད་པོ་ལྟ་བའི་ཁྱད་པར་ཆེ་ཞིང་། སྟོན་པའི་བསྟན་པ་ཡིན་ཏེ། ཇི་སྐད་དུ། ལྟ་བའི་བྱེ་བྲག་འབའ་ཞིག་གི། རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །ཞེས་པ་དང་། ཤཱཀྱ་སེང་གེའི་བསྟན་པ་ནི། དེ་ལྟར་དབྱེ་བ་བཅོ་བརྒྱད་དུ། །འགྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་འཕྲིན་ལས་ངེས་པ་ཡིན། ཞེས་སོ། །
དེ་ལྟར་བསྡུ་བ་གསུམ་པ་བྱས་ནས། སོ་སོ་སྐྱེ་བོ་གཟུངས་མ་ཐོབ་པ་རྣམས་བཀའ་ལྷག་ཆད་དུ་འདོན་པ་ལས། ཐུབ་པའི་གསུང་མི་ཉམས་པར་བྱ་བའི་ཕྱིར། གླེགས་བམ་ཡི་གེར་བཀོད་ཀྱི། དེ་ཡན་ཆད་བློ་ལ་འདོན་གྱི་ཡི་གེ་མེད་ཟེར་རོ། །ཁ་ཅིག་དེ་མི་འཐད་དེ། འཇམ་དཔལ་རྩ་རྒྱུད་ལས། མ་སྐྱེས་དགྲའི་བུ་ཨུ་པ་ཞེས་བྱ་བས། སངས་རྒྱས་ཀྱི་གསུང་རབ་རྣམས་ཡི་གེར་འདྲི་བར་འགྱུར་རོ། །ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་ཡང་དྲི་མེད་འོད་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་དག་གིས། ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། ཞེས་གསུངས་པས་སྔར་ཡང་བྲིས་སམ་སྙམ་མོ། །
གཉིས་པ་ཐེག་ཆེན་གྱི་ལུགས་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སྭ་བྷ་ཝ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་སོ་ཞེས་གྲག་གོ། རྟོག་གེ་འབར་བ་ལས་ཀྱང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་འབྱུང་ངོ་། །འབུམ་ཏིག་ཏུའང་ཕྱག་ན་རྡོ་རྗེ་ནི་སངས་རྒྱས་སྟོང་གི་བསྟན་པ་སྡུད་པ་པོར་གསང་བ་བསམ་གྱིས་མི་ཁྱབ་པར་བཤད་ཅིང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང་། ཕྱག་རྡོར་སྡུད་པ་པོར་བཤད་པས། ཕྱག་རྡོར་གྱིས་བྱམས་པ་ལ་སོགས་པ་རྣམས་ལ་འདི་སྐད་ཅེས་བསྡུས་པར་བཞེད་དོ། །
གཉིས་པ་གནས་ཚུལ་ལ་གསུམ་སྟེ། བསྟན་པ་ཇི་སྲིད་གནས་པའི་དུས། དུས་དེར་འབྱུང་བའི་བསྟན་འཛིན་གྱི་གང་ཟག་ལུང་བསྟན་པ། ལུང་བསྟན་པའི་གང་ཟག་གིས་བསྟན་པ་ལ་བྱ་བ་བྱས་ཚུལ་ལོ། །
བསྟན་པ་ཇི་སྲིད་གནས་པའི་དུས།
དང་པོ་ལ། འདུལ་འཛིན་ཁ་ཅིག་བསྟན་པ་ལོ་བདུན་སྟོང་དུ་གནས་པ་ལ། སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བས་ཉིས་སྟོང་འགྲིབས་ཏེ། ལྔ་སྟོང་དུ་གནས་པར་ཕྲན་ཚེགས་ནས་བཤད་ཟེར་ཏེ། ཕྲན་ཚེགས་སུ་ཡང་ལོ་སྟོང་དུ་གནས་པར་གསུངས་པ་དང་འགལ་ལོ། །མདོ་བསྐལ་བཟངས་ལས། ཆོས་ལོ་ལྔ་བརྒྱ་དང་། གཟུགས་བརྙན་ལོ་ལྔ་བརྒྱ་སྟེ་སྟོང་དུ་བཤད། མཛོད་ཀྱི་མདོ་ཏིག་ཏུ་གསེར་ཕྲེང་ཅན་གྱི་རྟོགས་པ་བརྗོད་པ་ལས་ཀྱང་། རྒྱལ་པོ་ཁྱོད་ཀྱི་རྨི་ལམ་དུ་སྐྱེ་བོ་ཕལ་པོ་ཆེ་འདུས་ནས། ཚིག་ངན་བརྗོད་དེ་ཆད་པ་དང་གནོད་པ་བྱེད་པ་མཐོང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་བསྟན་པ་ལོ་སྟོང་དུ་གནས་ཤིང་མཐར་ངན་པར་སྨྲ་བ་དང་ཆད་པར་བྱེད་པས་ནུབ་པར་འགྱུར་བའི་སྔ་ལྟས་ཡིན་ནོ། །ཞེས་འབྱུང་ངོ་། །མངོན་པ་མཛོད་ཀྱི་རང་འགྲེལ་དུ། དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ་ཞེས་ལོ་སྟོང་དུ་གནས་པར་གསུངས་སོ། །དྲིན་ལན་བསབ་པར། གལ་ཏེ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་བསྟན་པ་ལ་བུད་མེད་འཇུག་ཏུ་གནང་བར་གྱུར་ན། དམ་པའི་ཆོས་ལོ་ལྔ་བརྒྱས་སྔར་ནུབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མི་དགོས་སོ། །ཞེས་བུད་མེད་རབ་ཏུ་བྱུང་བས་ལོ་ལྔ་བརྒྱ་འགྲིབ་པར་བཤད་དོ། །བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པར་སླད་མའི་དུས་ལྔ་བརྒྱ་པ་ཐ་མལ། ཞེས་པའི་འགྲེལ་པར། དཔེར་ན། མིའི་ཚེ་ལོ་བརྒྱ་ཐུབ་པ་ལ་ལོ་ལྔ་བཅུའི་བར་དུ་ནི་འཕེལ་བའི་དུས་ཏེ། ལུས་དང་ཤེས་རབ་དང་རྩལ་ལ་སོགས་པ་འཕེལ་ཞིང་སྐྱེའོ། །དེ་ལྟར་ལོ་ལྔ་བཅུ་འདས་ནས་དེའི་ཕྱི་མ་ལྔ་བཅུ་ནི་འགྲིབ་པའི་དུས་ཏེ། ལུས་དང་ཤེས་རབ་དང་རྩལ་ལ་སོགས་པ་ཉམས་ཤིང་འབྲི་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང་ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཞིག་འཛམ་བུའི་གླིང་ན་གནས་སོ། །དེ་ཡང་ཕྱེད་དུ་བགོས་ཏེ་ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ། ལྔ་བརྒྱ་ཕྱི་མ་ནི་འགྲིབ་པའི་དུས་ཞེས་བྱའོ་ཞེས་གསུངས་སོ། །ཡང་ཟླ་བ་སྙིང་པོའི་མདོ་ལས་ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་གནས་པར་འགྱུར་རོ་ཞེས་པ་དང་། སྙིང་རྗེ་པད་དཀར་དུ། བདག་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ཡང་ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག །ཅེས་ཕྱེད་དང་ཉིས་སྟོང་དུ་གསུངས་ལ། རྡོ་རྗེ་གཅོད་པའི་འགྲེལ་པར། ལྔ་བརྒྱ་པ་ཐ་མ་ཞེས་བྱ་བ་ལ་བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས། དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དོ་ཞེས་པ་དང་། ཐུབ་དགོངས་སུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནི་ལོ་ལྔ་བརྒྱ་པ་ལྔར་གནས་པར་གསུངས་སོ། །ཞེས་ཁ་ཅིག་ཟེར་རོ་ཞེས་ཕྱེད་དང་སུམ་སྟོང་དང་། འབུམ་ཏིག་ཏུ་ལོ་ལྔ་སྟོང་གནས་པ་ལས་ལོ་སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས། དགྲ་བཅོམ་པའི་ལེའུ་དང་ཕྱིར་མི་འོང་བའི་ལེའུ་དང་རྒྱུན་དུ་ཞུགས་པའི་ལེའུ་ཞེས་བྱ་ཏེ། ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམས་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ལེའུ་དང་ཏིང་ངེ་འཛིན་གྱི་ལེའུ་དང་ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་རིམ་པ་ལྟར་ཆོས་མངོན་པ་དང་མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོན་པའི་ལེའུ་དང་མདོ་སྡེའི་ལེའུ་དང་འདུལ་བའི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་པ་བཅུ་པ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ཉིད་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ་ཞེས་བཤད་དོ། །སློབ་དབོན་འཇམ་དཔལ་གྲགས་པས། ལྔ་བརྒྱ་ཕྲག་བཅུ་པོ་ལ་མངོན་པར་རྟོགས་པའི་དུས་གསུམ་དང་། སྒྲུབ་པའི་དུས་གསུམ་དང་། ལུང་གི་དུས་གསུམ་དང་། རྟགས་ཙམ་འཛིན་པའི་དུས་ཞེས་བཤད་ལ། དང་པོ་ལ་འབྲས་བུའི་དུས་ཞེས་ཀྱང་བྱའོ། །ཡང་འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས། འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་ལོ་བཅུ་པ་ལས་ཡར་འཕེལ་ཏེ། ཚེ་ལོ་དྲུག་བརྒྱ་པར་གྱུར་པའི་བར་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་བཤད་དོ། །དེ་ལ། ལོ་སྟོང་དང་། སྟོང་ལྔ་བརྒྱ་དང་། ཉིས་སྟོང་དང་ཉིས་སྟོང་ལྔ་བརྒྱར་བཤད་པ་ནི། དྲང་དོན་དུ་གསལ་ཏེ། དགོངས་གཞི་སྒྲུབ་པ་ལ་སོགས་པ་ཉམས་པ་ལ་དགོངས་ཏེ། ཐུབ་དགོངས་སུ་དམ་པའི་ཆོས་ནུབ་པ་ནི་སྒྲུབ་པ་ཡོངས་སུ་ཉམས་པ་ཡིན་ནོ། །ཞེས་པ་དང་། རྡོ་རྗེ་གཅོད་པའི་འགྲེལ་པར། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ནི་མོས་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ལུང་ནོད་པ་དང་། འཆད་པ་དང་། ཉན་པ་དང་། སེམས་པ་ལ་སོགས་པ་ཉམས་པའོ་ཞེས་བཤད་པའོ། །དགོས་པ་གདུལ་བྱ་སྐྱོ་བ་བསྐྱེད་པའི་ཕྱིར་ཡིན་ནོ། །དངོས་ལ་གནོད་བྱེད་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པར། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་སོགས་དང་། ཐོགས་མེད་སྐུ་མཆེད་ལ་སོགས་ལུང་བསྟན་པ་དང་འགལ་པའི་ཕྱིར་རོ། །མཛོད་ཀྱི་འགྲེལ་བཤད་དུ། ལུང་གི་ཆོས་ཡུན་རིང་དུ་གནས་པ་ནི། ལོ་སྟོང་གི་འོག་ཏུ་ཡང་གནས་སོ་ཞེས་བྱ་སྟེ། ཕྱོགས་འདི་ཉིད་རིགས་པར་བལྟའོ་ཞེས་སོ། །ལྔ་སྟོང་དུ་གནས་པ་ངེས་པའི་དོན་ཏེ་དེ་ལ་ལྔར་ལོ་དུ་སོང་ན་ཇོ་བོ་རྗེ་ནི། སྟོན་པ་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས་ཤིང་མོ་གླང་ལ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུའི་ལོ་སྟོན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ལ་འདས་པར་བཞེད་ལ། ཆོས་རྗེ་ས་སྐྱ་པ་ནི། མེ་མོ་ཡོས་ལ་ལྷུམས་སུ་ཞུགས་ས་ཕོ་འབྲུག་ལ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་གི་དཔྱིད་ཐའི་ཉའམ་སྟོན་ཐའི་ཚེས་བརྒྱད་ལ་འདས་པར་བཞེད་དེ། དེ་ལ་སྟོན་པ་འདས་ནས་ལོ་བརྒྱ་སུམ་ཅུ་རྩ་བདུན་ན་རྒྱལ་པོ་དགའ་བྱེད་བྱུང་། དེ་ནས་ལོ་བརྒྱད་བརྒྱ་ན་རྒྱལ་པོ་ཟླ་སྲུང་བྱུང་། དེ་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་གཅིག་ན། རྒྱལ་པོ་བརྗེད་མངས་བྱུང་། དེ་ནས་ལོ་བདུན་བརྒྱ་ཉི་ཤུ་རྩ་བཞི་ནས་འཕྲོ་བཟུང་ནས། ལོ་བརྒྱད་བརྒྱ་བཅུ་བཞི་ན་བལ་པོར། རྒྱལ་པོ་འོད་ཟེར་གོ་ཆ་བྱུང་། དེ་ནས་ལོ་ཉིས་བརྒྱ་བཞི་བཅུ་རྩ་གཉིས་ན། བོད་ཀྱི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་བྱུང་སྟེ། དེ་ཡན་ཆད་ལ་ལོ་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་རྩ་ལྔ་སོང་ཞེས་རྒྱ་གར་དང་བལ་པོའི་ལོ་བཅོས་པ་དང་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་ལེགས་པར་བརྩིས་པ་ལས་འབྱུང་ཞིང་། ཇོ་བོ་རྗེའི་རྗེས་སུ་འབྲང་ཏེ། མཆིམས་ནམ་མཁའ་གྲགས་ཀྱིས་མེ་མོ་སྦྲུལ་ལོ་སུམ་སྟོང་སུམ་བརྒྱ་དགུ་བཅུ་རྩ་གསུམ་འདས་པར་བཞེད་པས། ཆུ་ཕོ་ཁྱི་ཡན་ཆད་ལ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་བརྒྱད་འདས་པར་བཞེད་དོ། །ཐུབ་པ་འབྲུག་ལོ་པར་བཞེད་པའི་ལུགས་ཀྱིས། རྗེ་བཙུན་གྲགས་པ་རྒྱལ་མཚན་ཞི་བར་གཤེགས་པའི་ཆོས་འཁོར་མེ་ཕོ་བྱི་བ་ལ་མཛད་པའི་ཚེ། ས་སྐྱ་པཎྜི་ཏས་བརྩིས་པས། སུམ་སྟོང་སུམ་བརྒྱ་བཞི་བཅུ་ཞེ་དགུ་ལོན་ནོ། །དེ་ནས་མེ་མོ་གླང་ལ་ཆུ་མིག་ཆོས་འཁོར་གྱི་དུས་སུ་བླ་མ་ཆོས་རྒྱལ་གྱིས་བརྩིས་པས་སུམ་སྟོང་བཞི་བརྒྱ་དང་བཅུ་ལོན་པར་བརྩིས་པས། ཆུ་ཕོ་ཁྱི་ལོ་ལ་བླ་མ་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བོད་དུ་བསྙེན་རྫོགས་ལ་བྱོན་པའི་ལོ་ཡན་ཆད་ལ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་འདས། རྩ་དྲུག་པའི་སྟེང་ན་ཡོད་པས། འབྲས་བུ་དང་སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་ཕྲག་དྲུག་དང་། ལུང་མངོན་པའི་དུས་ཀྱི་བཞི་བརྒྱ་ལྔ་བཅུ་རྩ་ལྔ་ནི་འདས་ལ། ལྷག་མར་མངོན་པའི་ལོ་བཞི་བཅུ་ཞེ་ལྔ། མདོ་སྡེ་འདུལ་བ་རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གསུམ་སྟེ། ལོ་སྟོང་ལྔ་བརྒྱ་བཞི་བཅུ་ཞེ་ལྔ་ལྷག་མར་ལུས་སོ་ཞེས་བྱའོ། །ཁ་ཆེ་ཤཱཀྱ་ཤྲཱིས། ཤིང་ཕོ་བྱི་ལོ་ལ་ཁྲོ་ཕུར་བརྩིས་པ་དང་། མེ་ཡོས་ལ་སོལ་ནག་ཐང་ཆེན་དུ་བརྩིས་པར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། ཚེས་བརྒྱད་ནམ་གུང་མཉམ་པ་ལ། ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་ཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་རབ་འདས། །ལོ་ནི་སྟོང་ཕྲག་གསུམ་དང་ནི། །ཉིས་བརྒྱ་དང་ནི་བཞི་བཅུ་དགུ། །ཟླ་བ་དགུ་དང་ཉི་མ་བཅུ། །མ་འོངས་བསྟན་པའི་ལྷག་མར་གནས་ཞེས། མེ་ཡོས་དཔྱིད་འབྲིང་གི་ཚེས་ལྔ་ལ་བརྩིས་པ་དང་། ལྕགས་ཕོ་རྟ་ལ་ས་སྐྱར་བརྩིས་པའི་ལུགས་ཀྱིས། ལོ་སྟོང་བརྒྱད་བརྒྱ་དྲུག་ཅུ་རྩ་ལྔ་ཆུ་ཕོ་ཁྱི་ལོ་ཡན་ཆད་ལ་འདས་པར་བཞེད་པ་ལ། ཆོས་རྗེ་ས་སྐྱ་པའི་ཞལ་ནས། ལུགས་དེ་ནི་རྒྱ་གར་ན་ཉན་ཐོས་སེན་དྷར་བ་རྣམས་དུས་བརྗོད་པའི་ཚེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་ནུབ་རེ་ཞིང་བརྩི་བ་ཞིག་ཡོད་པ་ལ། དེའི་ལུགས་མ་ག་དྷའི་བྱང་ཆུབ་ཆེན་པོའི་སྐུ་གཟུགས་དེ། སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོས་མཛད་པར་བཞེད་ནས། ཙན་དན་གྱི་ལྡེ་གུ་སྤུངས་པ་ན་རང་བྱུང་དུ་བྱུང་བའི་དུས་དེ་ནས་བཟུང་བས་དུས་ཚིགས་འཁྲུལ་ཏེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་བརྩིས་པས། དེའི་རྗེས་སུ་འབྲངས་ནས། རྒྱ་བལ་ཁ་ཆེའི་པཎྜི་ཏ་ཕལ་ཆེར་བཞེད་ཀྱང་། ཡིད་བརྟན་པར་མི་བྱ་སྟེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་ལུང་བསྟན་ན་གདོང་དམར་གྱི་ཡུལ་དུ་ཞེས་པ་བོད་ཡིན་པས་དང་། ཀླུ་སྒྲུབ་ལ་སོགས་པ་ལུང་བསྟན་པའི་ལོ་གྲངས་དང་། རྒྱལ་པོ་ལ་སོགས་པའི་རབས་བརྩིས་ན་མི་འཐད་པའི་ཕྱིར་རོ་ཞེས་གསུངས་སོ། །རྦ་བཞེད་ནས་གདོང་དམར་གྱི་ཡུལ་རྒྱ་བཤད་དོ། །ཁ་ཅིག་དུས་འཁོར་ལུགས་ཀྱི་ཆུ་ཕོ་ཁྱི་ཡན་ཆད་ལ། སྟོང་དྲུག་བརྒྱ་བཅུ་གསུམ་འདས། ལྷག་མ་བརྒྱ་བརྒྱད་ཅུ་རྩ་བདུན་ལས་སོ་ཟེར་བ་ནི། དུས་ཀྱི་འཁོར་ལོའི་དགོངས་པ་མ་ཤེས་པར་རིག་པར་བྱའོ། །ཁ་ཅིག་ཀ་མ་ལ་ཤཱི་ལའི་ལུགས་ཀྱི་ཉིས་སྟོང་བཞི་བཅུ་འདས་ལ། བཞི་བརྒྱ་དྲུག་ཅུ་ལུས་ཞེས་སྨྲ་བ་ལ། ཤེས་བྱེད་མ་མཐོང་ངོ་། །དེས་ན་དུས་འཁོར་ལུགས་ཀྱི་རྩ་རྒྱུད་བསྟན་ནས། ཆུ་ཕོ་ཁྱི་ཡན་ཆད་ལ་ལོ་ཉིས་སྟོང་ཆིག་བརྒྱ་དགུ་བཅུ་རྩ་བརྒྱད་འདས་པར་ཤེས་པར་བྱའོ། །ཚེ་ལོ་དྲུག་བརྒྱ་བར་གྱུར་བའི་བར་དུ་གནས་པར་བཤད་པ་ནི། སྐུ་གདུང་གི་མཆོད་རྟེན་ལ་སོགས་ལ་དགོངས་པ་ཡིན་སྙམ་མོ། །
དུས་དེར་འབྱུང་བའི་བསྟན་འཛིན་གྱི་གང་ཟག་ལུང་བསྟན་པ།
གཉིས་པ་བསྟན་པ་འཛིན་པའི་གང་ཟག་ནི། འོད་སྲུངས་ཀུན་དགའ་ཤ་ནའི་གོས་ཅན་དང་། །ཉེ་སྦས་དྷི་དྷི་ཀ་དང་ནག་པོ་དང་། །ལེགས་མཐོང་ཆེན་པོ་བསྟན་པའི་གཏད་རབས་བདུན། །འདུལ་བ་ཕྲན་ཚེགས་ནང་ནས་འབྱུང་བ་ཡིན། ལང་ཀར་གཤེགས་པར། བདེ་གཤེགས་མྱ་ངན་འདས་ནས་ནི། །ཡང་དག་བསྟན་པ་སུ་ཞིག་འཛིན། །ཞེས་སོགས་ཀྱི་འགྲེལ་པར། ཐུབ་པ་ནས་དྷི་དྷི་ཀའི་བར་ལུང་དང་འདྲ་བ་ལས། དེས་བི་བྷ་ག་ལ། དེས་བཙུན་པ་བུད་དྷ་ནན་ཏི་ལ། དེས་བུདྡྷ་མི་ཏྲ་ལ། དེས་སློབ་མ་དགེ་སློང་རྩིབས་ལ། དེས་སུ་ན་ཤ་ཏ་ལ། དེས་རྟ་སྐད་ལ། དེས་མ་ཤི་བ་ལ། དེས་ཀླུ་སྒྲུབ་ལ། དེས་ཨརྱ་དེ་བ་ལ། དེས་རཱ་ཧུ་ལ་ལ། དེས་སཾ་གྷ་ནན་དི་ལ། དེས་དགེ་སློང་དགྲ་བཅོམ་པ་ལ། དེས་གྷ་ལ་ཤ་ལ། དེས་ཀུ་མ་ར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བན་དྷུ་ལ། དེས་མ་ནོ་ཏ་ལ། དེས་ཧ་ཀ་ལི་ཀ་ན་ཡ་ན་ཤ་ལ། དེས་དགེ་སློང་སེང་གེ་ལ་བསྟན་པ་གཏད་པར་བཤད་དོ། །སྙིང་རྗེ་པད་དཀར་ལས། སྟོན་པ་འདས་ནས་བསྟན་པ་སུས་འཛིན་ཞེས་པའི་ལན་དུ། ཀུན་དགའ་བོ་དགེ་སློང་འོད་སྲུངས་དང་ཁྱོད་གཉིས་ལོ་བཞི་བཅུ་ལྷག་ཙམ་དུ་ངའི་དམ་པའི་ཆོས་འཛིན་པར་འགྱུར་རོ། གྲོང་ཁྱེར་བཅོམ་བརླག་ན་རི་སྤོ་དང་ངོས་ཆེ་ཞེས་པ་ན། ཀུན་དགའ་ར་བ་འདམ་བུ་ཅན་ཞེས་བྱ་བར་ཡུལ་བསྟན་པ་ཞེས་བྱ་བའི་དགེ་སློང་འབྱུང་། ཡང་དེ་ཉིད་དུ་དགེ་སློང་དགའ་བ་ཅན་ཞེས་པ་འབྱུང་། རི་ཨུ་ཤི་རར་དགེ་སློང་བཞི་ཁྲི་བཞི་སྟོང་དང་། གྲོང་ཁྱེར་སྐྱ་ནར་གྱི་བུར་ཀུན་དགའ་ར་བ་ལམ་ཞེས་བྱ་བར། དགེ་སློང་རྟ་སྦས་དང་། དེར་བྱ་གག་གི་ཀུན་དགའ་ར་བར་དགེ་སློང་བླ་མ་དང་། ཡུལ་ཡན་ལག་ཏུ་ལོ་ལྔའི་དུས་སྟོན་ལ་དགྲ་བཅོམ་པ་ཁྲི་སུམ་སྟོང་དང་། གྲོང་ཁྱེར་གསེར་གྱི་བྲེར། དགེ་སློང་མཁས་པ་ཞེས་བྱ་བ་དང་། ཡང་དག་པ་རྒྱལ་བ་ཅན་ཞེས་བྱ་བ་གཉིས་དང་། གྲོང་ཁྱེར་གནས་བཅས་སུ་དགེ་སློང་བརྩོན་འགྲུས་ཆེ་དང་། བྱང་ཕྱོགས་ཀྱི་རྒྱུད་ཡུལ་སྤོས་འཛིན་དུ་འོད་སྲུངས་ཏེ། དགེ་སློང་དེ་དག་ཐམས་ཅད་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་དབང་ཆེ་བར་གྲགས་པ་གསལ་བ་འཇིགས་པ་མེད་པ་མང་དུ་ཐོས་པ་འདུལ་བ་འཛིན་པ་མདོ་སྡེ་འཛིན་པ་མ་མོ་འཛིན་པ་ཡང་དག་པར་སྟོན་པ་འཛིན་དུ་འཇུག་པ་གཟེངས་བསྟོད་པ་རབ་ཏུ་དག་བར་བྱེད་པས། ངའི་བསྟན་པ་རྒྱས་པར་བྱེད་དོ། །བྱང་ཕྱོགས་ཀྱི་རྒྱུད་དུ་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བར། ཁྱིམ་བདག་རལ་པ་ཅན་ཞེས་པ་འབྱུང་། དེས་ངའི་ལུས་དང་ཉན་ཐོས་རྣམས་མཆོད་པར་འགྱུར་ཏེ། བསྐལ་པ་སྟོང་ནས་བསྐལ་པ་བཟང་བྱེད་ལ་བཀོད་པ་ཆེན་པོས་ལེགས་པར་བརྒྱན་པའི་འཇིག་རྟེན་དུ་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བར་འགྱུར་རོ། །བྱང་ཕྱོགས་ན་ཕོ་བྲང་རྒྱས་ལྡན་དུ། བྲམ་ཟེ་དང་ཁྱིམ་པ་བསྟན་པ་ལ་དད་པ་མང་པོ་འབྱུང་སྟེ། ཤི་ནས་དགའ་ལྡན་དུ་སྐྱེ་ལ། རབ་ཏུ་བྱུང་བ་ཕལ་ཆེར་ཆོས་བཞིན་མི་སྤྱོད་པས། ལོག་པར་ལྟུང་ངོ་། །དེར་དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པ་ཞིག་འབྱུང་ངོ་། །བྱང་ཕྱོགས་སུ་དགེ་སློང་འཚོ་བྱེད་ཅེས་པ་ཐེག་ཆེན་པ་ཞིག་འབྱུང་སྟེ། དེས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་པ་འཆོས་ཤིང་གསེར་གྱིས་བརྒྱན་པ་ལ་སོགས་བྱེད་ཅིང་བདེ་བ་ཅན་དུ་སྐྱེའོ། །མཐའ་འཁོབ་ཀྱི་ཡུལ་ནགས་ཀྱི་ས་ན་རྒྱལ་པོའི་ཕ་བྲང་ཞི་བ་ན་རྒྱལ་པོ་མེས་བྱིན་ཞེས་བྱ་བས་སྐུ་གདུང་དང་ཉན་ཐོས་རྣམས་མཆོད་དེ། དེར་དགྲ་བཅོམ་པ་སུམ་སྟོང་ལྷག་ཙམ་འདུའོ། །བྱང་ཕྱོགས་ཀྱི་རྒྱུད་ན་གྲོང་ཤིང་ཀུན་སྐྱེ་བ་ཞེས་བྱ་བར་ཚེམས་མཆེ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱེད་ཅིང་། དགེ་སློང་ཁྲིམས་ལྡན་མང་དུ་འབྱུང་སྟེ། ཐམས་ཅད་ཐེག་པ་གསུམ་གྱིས་མྱ་ངན་ལས་འདའ་སྟེ། དེ་རྣམས་ཀྱིས་ངའི་བསྟན་པ་རྒྱས་པར་བྱེད་པར་འགྱུར་གྱིས། མྱ་ངན་མ་བྱེད། ཅེས་གསུངས་སོ། །
ལང་ཀར་གཤེགས་པར། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པ་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཅེས་ཀླུ་སྒྲུབ་ལུང་བསྟན་ནོ། །
ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ཐོགས་མེད་ལུང་བསྟན་ནོ། །
ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་ཟེར་བ་ནི་རྒྱུད་ན་མེད་དོ། །འོན་ཀྱང་རྒྱའི་སློབ་དཔོན་རྫོགས་གསལ་གྱིས་དགོངས་འགྲེལ་གྱི་འགྲེལ་པར་བྲིས་པའོ། །ཕྱི་མ་དེ་ཚེ་དུས་དག་ཏུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །དེ་ནི་སྔགས་དོན་བདག་ཉིད་ཅན། །རྒྱུད་ཤེས་དེ་བཞིན་མང་དུ་ཐོས། །གནོད་སྦྱིན་སྔགས་ནི་རབ་བརྗོད་པས། །དེ་ལ་བུམ་པ་བཟང་པོ་གྲུབ། །ཅེས་སོགས་ཀྱིས་དགྲ་བཅོམ་ལུང་བསྟན་ནོ། །
དགེ་སློང་མང་དུ་ཐོས་པ་ནི། །དེ་ཡི་ཚེ་ན་འབྱུང་འགྱུར་བ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱི་ནི་བསྟོད་བྱེད་པ། །ཇི་ལྟར་ཡོན་ཏན་བཟང་པོ་ནི། །ཇི་ལྟ་བཞིན་དུ་བརྗོད་པར་འགྱུར། །ཀུན་ནས་སེམས་ནི་རབ་དང་ཞིང་། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །བསྒྲུབ་དཀའ་སྔགས་ནི་རབ་གྲུབ་ཅིང་། །འཇམ་དཔའི་དབྱངས་ཀྱི་དེ་བཞིན་ནོ། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །ཞེས་པ་ནས། ཐམས་ཅད་མཁྱེན་པའི་བྱང་ཆུབ་འཐོབ། །ཅེས་པའི་བར་གྱིས་མ་ཏི་ཙི་ཏྲ་ལུང་བསྟན་ནོ། །
སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐའ་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །དཔེར་ན་མ་ཁོལ་ཞེས་བྱ་དང་། །མེ་ཏོག་ཅེས་བྱར་རྣམ་པར་གྲགས། །ཡི་གེ་མ་ཞེས་གཞོན་ནུ་ཞེས། །དང་པོ་ཐ་མར་ཆོས་ལ་དགའ། །ཀླུ་བོས་ཞེས་ཀྱང་རྣམ་པར་གྲགས། རིན་ཆེན་འབྱུང་ཞེས་བྱ་མིང་དང་། །ཡི་གེ་ག་ཞེས་གཞོན་ནུ་ཞེས། །ཡི་གེ་བ་ཞེས་ཆོས་སེམས་བྱེད། །ཡི་གེ་ཨཱ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །དང་པོའི་ཡི་གེ་ལ་ཞེས་བསྟན། །རྒྱལ་པོ་སངས་རྒྱས་པ་ཡི་ཕྱོགས། །སྟོན་པའི་བསྟན་པ་གསལ་བར་བྱེད། །སྡོམ་བརྩོན་ཡི་གེ་ཨ་ཞེས་བསྒྲགས། །བྲམ་ཟེ་ལས་ནི་རབ་ཏུ་བྱུང་། །གྲོང་ཁྱེར་གནས་བཅས་གནས་པ་སྟེ། །དེ་བཞིན་ཚེ་ནི་བརྒྱད་ཅུར་འཚོ། །དང་ཡིག་ཡི་གེ་ཨ་དགེ་སློང་། །ལྷོ་ཡི་ཕྱོགས་སུ་འབྱུང་བར་འགྱུར། །བློ་ལྡན་ཚེ་ནི་དྲུག་ཅུར་འཚོ། །ཀ་ཤི་ཞེས་བྱའི་གྲོང་དུ་གནས། །ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་བར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །གཞན་ཡང་རབ་བྱུང་དམ་པ་ནི། །སིང་ག་ལ་ཡི་གྲོང་ན་གནས། །འཕགས་པ་མིན་ལ་འཕགས་པའི་མིང་། །སིང་ག་ལ་ཡི་གླིང་ན་གནས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུང་། །དེ་དུས་འཇིགས་སུ་རུང་བ་ཡི། །དུས་ཀྱི་མཐའ་ལ་འབྱུང་བར་འགྱུར། །ཡི་གེ་ད་དང་ལ་དང་པོར། །སྡོམ་བརྩོན་གང་ཞིག་རབ་གསུངས་དང་། །ཡི་གེ་ར་དང་བ་དང་པོར། །དགེ་སློང་གང་ཞིག་རབ་འབྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །རྒྱལ་པོ་ནག་པོ་ཞེས་བྱ་བར། །ཡི་གེ་མ་ཞེས་སྡོམ་བརྩོན་འབྱུང་། །མཆོད་རྟེན་ཀུན་དགའ་ར་བ་གནས། །རྫིང་དང་ཁྲོན་པའང་ཐམས་ཅད་དུ། །སྟོན་པའི་གཟུགས་བརྙན་ཐམས་ཅད་བརྟགས། །གཟིངས་དང་ཟམ་པ་ཉིད་རྣམས་ནི། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །མཚན་གྱིས་ལུས་ཞིག་མཐོ་རིས་འགྲོ། །དེ་ནས་ཡི་གེ་ས་དང་ཀ། དང་པོ་དག་ཏུ་བརྗོད་པ་དང་། །དེ་བཞིན་ཡི་གེ་ར་དང་གྷ། །དང་པོ་དག་ཏུ་རབ་བརྗོད་དང་། །དང་པོར་ཡི་གེ་བ་དང་ནི། །ལེགས་བཞིན་ལེགས་ཏེ་བདེ་ཞེས་བསྟན། །སྦྱིན་བྱེད་སྦྱིན་པར་བྱེད་པ་ཉིད། །གཞན་གྱི་གྲུབ་མཐའ་སུན་བྱེད་པ། །ཚོང་པ་སྔོན་དང་སྨན་པ་སྔོན། །གཉིས་ཀ་སྦྱིན་བྱེད་སྣ་ཚོགས་བྱེད། །ཡི་གེ་བ་ཞེས་སྡོམ་བརྩོན་བསྒྲགས། །དེ་ལས་གཞན་པ་དང་ཡིག་ར། །དང་པོ་ཡི་གེ་བ་གྲགས་དང་། །སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །བློ་ལྡན་དང་པོར་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང་། །རྣམ་པ་དུ་མར་སྡོམ་བརྩོན་གསུངས། །དེ་ཚེ་མཐའ་ཡས་འབྱུང་བར་འགྱུར། །སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང་། །སྟོན་པའི་བསྟན་པ་གསལ་བྱེད་པའོ། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །སྟོན་པའི་གཟུགས་བརྙན་ཡིད་དུ་འོང་། །བྱེད་པར་འགྱུར་བ་ཐེ་ཚོམ་མེད། །ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །བྲམ་ཟེ་ཆོས་ཀྱི་ངང་ཚུལ་ཅན། །ད་ནི་རབ་ཏུ་བརྗོད་པར་བྱ། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །རྒྱལ་པོའི་ལུགས་ལ་ཉེ་བར་གནས། །དེ་ཚེ་མི་བཟད་དུས་དག་ཏུ། །འཇིག་རྟེན་ཀུན་ལ་འབྱུང་བར་འགྱུར། །ཡི་གེ་བ་ཞེས་བྲམ་ཟེ་མཆོག །ཕྱུག་ཅིང་རིག་བྱེད་ཕ་རོལ་ཕྱིན། །དེ་འདིར་ས་རྣམས་མ་ལུས་པར། །རྩོད་པའི་ཕྱིར་ནི་རབ་ཏུ་རྒྱུ། །མཚོ་གསུམ་ས་ཡི་མཐར་ཐུག་པར། །ཕ་རོལ་མུ་སྟེགས་རྩོད་ལ་དགའ། །གང་ཕྱིར་དང་པོ་གཙོ་བོའི་ཚིག །སེམས་ཅན་རྣམས་ལ་ཕན་འདོད་པས། །གཞོན་ནུས་ཡོངས་སུ་གསུངས་གྱུར་པ། །ཡི་གེ་དྲུག་པའི་སྔགས་ཀྱང་ཟློས། །ཆོ་ག་རབ་འབྱམས་འདི་དག་ལས། །དེས་ནི་དེ་ཕན་དེ་ལ་བསྟན། །རྒྱལ་དང་ལེགས་པར་རྒྱལ་བ་དང་། །གྲགས་ལྡན་དགེ་བ་དེ་ལས་གཞན། །རིགས་ལྡན་ཆོས་དང་ལྡན་པ་དང་། །རྩོད་ལྡན་ལེགས་པར་ཁྱབ་འཇུག་དང་། །སྦྲང་རྩི་སྦྲང་རྩི་བཟང་པོ་དང་། །དེ་བཞིན་གྲུབ་དང་ལེགས་བྲལ་དང་། །ར་གྷ་པ་དང་དམངས་རིགས་དང་། །དེ་བཞིན་ཀ་ཤིར་སྐྱེས་པ་གཞན། །གཞོན་ནུ་འདི་ཡི་བཟླས་པ་ལ། །ཐམས་ཅད་ཀུན་ཡང་འབྱུང་བར་འགྱུར། །དེ་དག་ཀུན་ཀྱང་བཟང་པོ་སྟེ། །བློ་ལྡན་མང་དུ་ཐོས་པ་ཡིན། །ཞེས་པ་དང་། དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་དང་པོའི་ཡི་གེ་པི། །གྲོང་ཁྱེར་མེ་ཏོག་ཅེས་བྱ་བར། །དེ་ནི་ཁྲོ་བོ་གྲུབ་པར་འགྱུར། །ཞེས་དང་། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་ཡི་གེ་དང་པོ་ཨ། །ཆོས་དོན་དགེ་བ་ལྡན་བདག་ཉིད། །བདེན་པར་སྨྲ་ཞིང་དབང་པོ་ཐུལ། །ཞེས་དང་། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་ཆོས་དོན་སེམས་བྱེད་པ། །དེ་ནས་མཐར་ནི་དང་ཡིག་ཤ། །མ་ལའི་ཡུལ་དུ་དེ་ནི་འབྱུང་། །ཞེས་དང་། །དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་ལ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་ར་བ་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་གིས། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེའི་གཙོ་པོ་ནོར་ཆེན་ལྡན། །དང་པོ་ཡི་གེ་ན་ཞེས་པ། །ལྷོ་ཡི་ཕྱོགས་སུ་ཡང་དག་བསྟེན། །བདག་ཉིད་ཆེན་པོ་སྔགས་ཟློས་ལྡན། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །ཞེས་པ་འདི་གཉིས། དབྱིག་གཉེན་དང་ཕྱོགས་གླང་ལ་སྦྱོར་བ་མང་སྟེ་མིན་པ་འདྲ། སྡོམ་བརྩོན་ལས་ལོགས་སུ་ཕྱེ་བས་བཤད་པའི་ཕྱིར་དང་། བྱེད་ལས་དང་མཚན་ཉིད་མེད་པའི་ཕྱིར་རོ། །དབུས་ཀྱི་ཡུལ་དུ་བསྟན་པ་ནི། །བྲམ་ཟེ་གང་བ་བཟང་ཞེས་པ། །འདུལ་བ་དང་ནི་ཚུལ་བཟང་ཉིད། །གང་བ་བཅོམ་བརླག་ཉིད་དུ་གནས། །དང་ཡིག་བྷ་ནི་ནོར་གྱི་སྤྱན། །རྒྱལ་པོ་རྣམས་ཀྱིས་བསྔགས་མཆོད་བྱེད། །བྲམ་ཟེ་འདི་དག་བསྟན་པ་ནི། །སྟོན་པའི་བསྟན་པ་མཆོད་བྱེད་པའོ། །ཞེས་གསུངས་སོ། །
ཤར་ཕྱོགས་རྒྱ་མཚོར་བརྟེན་ནས་ནི། །དེ་འདིར་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །བྱང་དུ་དེ་བཞིན་ཁ་བ་ཅན། །ཞེས་པ་འདིས་ཡ་འབྲོག་ཏུ་འཁྲུངས་པའི་ལོ་ཙྪ་བ་ཆེན་པོ་བསྟན་པར་འདོད་དེ། རྒྱལ་པོ་ལུང་བསྟན་པའི་སྐབས་ཡིན་པས་བརྟག་དགོས་ཏེ། །དེའི་འཕྲོ་ལས་ནུབ་ཏུ་ཀ་ཤི་ཉམས་དགའི་གྲོང་། རྩེ་མོ་ཞེས་བྱའི་གྲོང་དེ་བཞིན། །འདི་ཡི་ནང་དུ་རྒྱལ་པོ་ནི། །སྟོན་པའི་བསྟན་པ་གསལ་བྱེད་པ། །དེ་ནི་སེང་གེ་ལྔ་ཞེས་བྱ། །ཞེས་པས་སོ། །གཞན་ཡང་སྟོན་པ་འདས་ནས་ལོ་བརྒྱ་ན་གྲོང་ཁྱེར་མེ་ཏོག་ཅན་དུ་རྒྱལ་པོ་མྱ་ངན་མེད་འབྱུང་སྟེ། ལོ་བརྒྱ་ལྔ་བཅུར་འཚོ་ཞིང་། ལོ་བརྒྱད་ཅུ་རྩ་བདུན་དུ་མཆོད་རྟེན་མཆོད་པར་བྱེད་དོ། །དེ་ནས་རྒྱལ་པོ་མྱ་ངན་བྲལ་ཞེས་པ་ལོ་བདུན་ཅུ་རྩ་དྲུག་ཏུ་མཆོད་རྟེན་མཆོད་དོ། །དེ་ནས་རྒྱལ་པོ་དཔའ་བོའི་སྡེ་ལོ་བདུན་ཅུར་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་དགའ་བོ་ལོ་ལྔ་བཅུ་རྩ་དྲུག་རྒྱལ་སྲིད་བྱེད་ཅིང་། དེའི་གྲོགས་པོ་བྲམ་ཟེ་པཱ་ཎི་ནི་ཡིན་ནོ། །དེ་ནས་རྒྱལ་པོ་ཟླ་བ་སྦས་པ་འབྱུང་། དེ་ནས་དེའི་བུ་སྙིང་པོ་ཐིག་ལེ་ཞེས་བྱ་བས་ལོ་བདུན་ཅུར་རྒྱལ་སྲིད་བྱེད། དེའི་བློན་པོ་ཙ་ན་ཀ་སྟེ་དམྱལ་བར་འགྲོ། དགེ་སློང་དགའ་བོའི་འོག་ཏུ་ཙན་དན་སྐྱོང་ཞེས་པ། ལོ་སུམ་བརྒྱར་འཚོ་བ་འབྱུང་། དེ་ནས་རྒྱལ་པོ་བཙུན་པ་ཞེས་པས་ཤར་ཕྱོགས་ནས། ཁ་ཆེའི་བར་གྱི་ལྷ་ཁང་མཆོད་རྟེན་རྣམས་བསྲེགས། བཙུན་པ་རྣམས་གསོད་པར་བྱེད་པ་འབྱུང་། དེའི་འོག་ཏུ་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་པ་འབྱུང་། དེ་ནས་རྒྱལ་པོ་ཐམས་ཅད་སྔོན་དགའ་ཞེས་པ་ལོ་སུམ་བརྒྱ་ཐུབ་པ་ཞིག་འབྱུང་། དེའི་བུ་རྒྱལ་པོ་ཟབ་མོའི་ཕྱོགས་ཞེས་པ་ལྔ་ལེན་དུ་འབྱུང་། གངས་རིའི་ནང་བྱང་ཕྱོགས་ལྷ་ལྡན་གྱི་ཡུལ་དུ་རྒྱལ་པོ་མིའི་ལྷ་ཞེས་པ་ལོ་བརྒྱད་ཅུ་ཐུབ་པ་ཞིག་འབྱུང་། །རྒྱའི་ཡུལ་དུ་རྒྱལ་པོ་དབྱིག་གི་སྙིང་པོ་ཞེས་པ་ལོ་བརྒྱ་ལྔ་བཅུ་ཐུབ་པ་དེའི་ཡུལ་དུ། བྱང་ཆུབ་སེམས་དཔའ་དཔའ་པོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། བྱང་ཕྱོགས་སུ་རྒྱལ་པོ་ཏུ་རུ་ཀྵ་ཞེས་པ་ལོ་སུམ་བརྒྱ་ཐུབ་པ་འབྱུང་། དེ་ནས་ཏུ་རུ་ཀྵ་མང་པོས་བཀུར་བ་ཞེས་པ་ལོ་ཉིས་བརྒྱ་ཐུབ་པ་འབྱུང་། ནུབ་ཕྱོགས་འཕགས་རྒྱལ་གྱི་ཕ་རོལ་ལ་དའི་ཡུལ་དུ་རྒྱལ་པོ་ངང་ཚུལ་ཞེས་པ་ལོ་སུམ་བརྒྱར་རྒྱལ་སྲིད་བྱེད། དེ་ནས་རྒྱལ་པོ་གཡོ་བ་ཞེས་པས་ལོ་ལྔ་བཅུ་རྩ་ལྔ་དང་། ཟླ་བ་ལྔ་ཐུབ་པ་འབྱུང་ཞིང་། དེ་དག་ཕལ་ཆེར་བྱང་ཆུབ་ཐོབ་པར་ལུང་བསྟན་ནོ། །གཞན་ཡང་རྒྱལ་པོ་མང་པོ་ལུང་བསྟན་ཏེ། མངས་ཀྱིས་དོགས་པས་མ་བྲིས་སོ། །མགོན་པོ་མངོན་འབྱུང་གི་རྒྱུད་ལས་ཀྱང་། ཉ་པ་གཅིག་ཉ་ཡིས་ཟོས་ནས་ཤི་བ་དང་། རྣལ་འབྱོར་པ་དཱ་རི་ཀ་ཞེས་པར་གྱུར་ནས། དེས་ཆུ་བོ་གངྒཱ་ལ་ཆང་འཕངས་པ། ཆུ་ཚོད་གཅིག་ན་ཡུལ་བ་ད་ཧ་ཞེས་པར་འགྱུར་རོ། །དེའི་སྔགས་ཀྱི་འབྲས་བུ་མཁའ་འགྲོ་དང་མཁའ་འགྲོ་མ་འཆིང་ངོ་ཞེས་པ་དང་། ཡུལ་ཨོ་རུ་བི་ས་དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོའི་སྦྱོར་བ་དང་ལྡན་པ། མ་ནིའི་བཀའ་དང་མཚུངས་པ་སྡེ་ཚན་དང་པོའི་ཀ་ལ་དབྱངས་ཡིག་དང་པོས་བརྒྱན་པ་སྡེ་ཚན་བདུན་པའི་བཞི་པ་ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་གཅིག་པོ་འདིས་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འབྱུང་ངོ་ཞེས་ཀ་ཧྣ་པ་སྟེ། ནག་པོ་སྤྱོད་པ་བ་ལུང་བསྟན་ནོ། །ཡང་དེའི་སློབ་མ་རྣལ་འབྱོར་པ་དྲུག་གིས་ལུས་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་པ་དང་། པ་ཎྜི་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པར་གྲགས་པ་འདི་དང་། སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་པ་ཐོབ་བོ། །ཕྱི་ནས་མ་ཧི་ལ་དང་སཾ་ག་ར་དང་བྷ་བྱ་གྷོ་ཀྵ་དང་ས་ཧ་པྲ་ཀརྞ་ཞེས་པའི་མིང་ཅན་ཡོངས་སུ་སྐྱོང་བ་རྣམས་ལོ་བཅུ་གསུམ་གྱིས་གྲུབ་པ་ཐོབ་པར་འགྱུར་རོ་ཞེས་པ་དང་། དེའི་ལྷོ་ཕྱོགས་སུ་གྲོང་ཁྱེར་ཨ་ཛཱ་ར་ཡོ་གི་ནི་ཞེས་པ་འབྱུང་སྟེ། དེར་ཀླུ་སྒྲུབ་ཅེས་བྱ་བའི་རྣལ་འབྱོར་པས། ཤིང་ཤ་ལ་ཞོན་པ་གོ་པཱ་ལ་ཞེས་པ་ལ་རྒྱལ་པོ་བྱིན་པས། བུ་ཤི་ནས་བ་ཧ་ནའི་ཚ་བོ་ལ་སོགས་པའི་རྒྱལ་པོ་འབྱུང་ངོ་ཞེས་སོ། །དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། དགེ་སློང་སློབ་དཔོན་ཀློ་སྒྲུབ་ཅེས་བྱ་མ་ལུས་ཡོན་ཏན་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པ། །སློབ་དཔོན་བློ་བརྟན་ཞེས་བྱ་གཅོད་བྱེད་ཚེ་ཡི་གྲུབ་པ་སྟོང་ཕྲག་བཅུ་དང་བཅས་པ་རྣམས་ཞེས་བྱ་བ་དང་། །དགེ་བཅུའི་ལམ་གྱིས་གྲུབ་པར་གྱུར་པ་འཕགས་པ་ལྷ་དང་ལྭ་བའི་ན་བཟའ་རྟ་དབྱངས་དང་། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཟླ་བ་པདྨ་པདྨའི་མྱུ་གུ་ཞེས། །མ་འགོངས་བྷ་ས་ལ་ཡི་རྟོག་པའི་རྒྱལ་པོ་མ་ལུས་ནག་པོ་རྒྱལ་པོ་ཨིནྡྲ་བོ་དྷི་དང་། ཞེས་པ་དང་། ཡེ་ཤེས་མིང་ཅན་རྡོ་རྗེ་དྲིལ་བུ་ལག་ལྟུང་དག་ཀྱང་དེ་བཞིན་ཐོད་པར་ཆང་འཐུང་ཞིང་། ཁ་ཊྭཾ་ག་དང་རུས་པའི་རྒྱན་ཆ་ཆང་སྣོད་ཅང་ཏེའུ་སྟེར་བ་ནག་པོའི་མིང་ཅན་ནོ། །ཞེས་གསུངས་པས། ལུང་བསྟན་པའི་གང་ཟག་དེ་དག་གིས་བསྟན་པ་འཇིག་པར་བྱེད་དོ། །ཁ་ཅིག་རྣལ་འབྱོར་པའི་ཆ་བྱད་ཅན་ལ་ལུང་བསྟན་མེད་ཅེས་སྨྲ་བའང་། དེ་དག་གིས་ཁེགས་སོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་འཛིན་པ་བཤད་སྒྲུབ་བྱེད་པ། ཁྱད་པར་སངས་རྒྱས་སྟོང་གི་བསྟན་པ་ཕྱག་རྡོར་གྱིས་བསྲུང་སྡུད་སྐྱོང་། །ཐུབ་པ་འདིའི་བསྟན་པ་འཇམ་དཔལ་དང་ཕྱག་རྡོར་དང་། ཚངས་པ་བརྒྱ་བྱིན་ལ་སོགས་པས་བསྲུང་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཐུབ་དབང་ཡོངས་སུ་མྱ་ངན་འདས། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །དེ་ཚེ་རྟག་བསྲུང་བར་ནི། །འཇམ་པའི་དབྱངས་སུ་འགྱུར་བ་ཡིན། །ཞེས་སོ། །ཁྱད་པར་དུ་གནས་བརྟན་བཅུ་དྲུག་གིས་སྐྱོང་སྟེ། སུམ་ཅུ་རྩ་གསུམ་ན་གནས་བརྟན་ལམ་པ། གངས་ཅན་ན་གནས་བརྟན་མི་ཕྱེད་པ། ནུབ་བ་ལང་སྤྱོད་ན་གསེར་ཅན། བྱང་སྒྲ་མི་སྙན་ན་བྷ་ཀུ་ལ། ཤར་ལུས་འཕགས་ན་བྷ་ར་དྷྭ་ཛ། ཟངས་གླིང་ན་དུས་ལྡན་ཆེན་པོ། སིང་ག་གླིང་ན་རྡོ་རྗེ་མོའི་བུ། །པྲི་ཡང་ཀུའི་གླིང་ན་སྒྲ་གཅན་འཛིན། ཆུ་བོ་ཡ་མུ་ནའི་གླིང་ན་དཔལ་བཟང་། རི་བི་ཧུ་ལ་ན་སྦེད་བྱེད། ངོས་ཡངས་ཀྱི་རི་ལ་ཀླུ་སྡེ། ལོ་མ་བདུན་པའི་རི་ལ་ནགས་གནས། བྱ་རྒོད་སྤུངས་པ་ལ་ལམ་ཕྲན། ཁ་ཆེར་གསེར་གྱི་བེའུ། ཏི་སི་ལ་ཡན་ལག་འབྱུང་། དྲང་སྲོང་ཤེལ་ནགས་ལ་མ་ཕམ་པ་སྟེ། བཅུ་དྲུག་པོ་རེ་རེ་ལ་དགྲ་བཅོམ་པ་མང་པོས་བསྐོར་ཏེ། མྱ་ངན་ལས་མི་འདའ་བར་ཐུབ་པའི་གསུང་བསྒྲུབ་ཅིང་བསྟན་པ་སྐྱོང་བར་བྱེད་དོ། །
ལུང་བསྟན་པའི་གང་ཟག་གིས་བསྟན་པ་ལ་བྱ་བ་བྱས་ཚུལ།
མགོན་པོ་ཀླུ་སྒྲུབ།
གསུམ་པ་ལུང་བསྟན་པའི་གང་ཟག་གིས་བསྟན་པ་ལ་བྱ་བ་བྱས་ཚུལ་ནི། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན། ལྷོ་ཕྱོགས་བེ་དར་བྷའི་ཡུལ་དུ་བྲམ་ཟེ་ཕུན་སུམ་ཚོགས་པ་ཞིག་ལ་བུ་མེད་པ་ན་རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་ཅེས་ལྷས་ལུང་བསྟན་ནོ། །དེ་ནས་དེ་ལྟར་བྱས་ཏེ་གསོལ་བ་བཏབ་པས་ཟླ་བ་བཅུ་ན་ཁྱེའུ་ཞིག་བཙས་ཏེ། མཚན་མཁན་ལ་བསྟན་པས་མཚན་བཟང་མོད་ཀྱི་འོན་ཀྱང་། ཞག་བདུན་གྱི་ཚེ་ལས་མེད་དོ་ཟེར་རོ། །དེ་ལ་ཅི་ཕན་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་པས་ཟླ་བ་བདུན་དང་། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་པས་ལོ་བདུན་ཐུབ། དེ་ནས་ཐབས་མེད་ཟེར་རོ། །དེ་ནས་དེ་བཞིན་བྱས་ཏེ་ལོ་བདུན་དུ་ཉེ་བ་ན་བུའི་རོ་མཐོང་བ་ཕ་མས་མི་བཟོད་པས། གཡོག་དང་བཅས་པ་འཁྱམ་དུ་བཏང་ངོ་། །དེ་རིམ་གྱིས་སོང་སོང་སྟེ་ཁར་ས་པཱ་ཎིའི་ཞལ་བལྟས་ཏེ། རིམ་གྱིས་དཔལ་ནཱ་ལེན་དྲའི་སྒོ་དྲུང་དུ་སོང་སྟེ། སྙན་ངག་གྱི་རིག་བྱེད་དག་བསྒྲགས་པ་ན། དེ་ན་བྲམ་ཟེ་ས་ར་ཧ་བཞུགས་པས་གསན་ནས། ནང་དུ་ཁྲིད་ནས་ཇི་ལྟར་གྱུར་པའི་རྒྱུ་མཚན་བཤད་པས། སློབ་དཔོན་ན་རེ། རབ་ཏུ་འབྱུང་ནུས་ན། ཐབས་ཡོད་གསུངས་པས་རབ་ཏུ་བྱུང་། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས། གཟུངས་འདོན་དུ་བཅུག །ཁྱད་པར་ལོ་བདུན་ལོན་པའི་ནུབ་མོ་མཚན་ཐོག་ཐག་བཏོན་པས། འཆི་བདག་ལས་ཐར་ཏེ། ཕ་མ་དང་ཕྲད་པས་ཀྱང་ཤིན་ཏུ་དགའོ། །དེ་ནས་བྲམ་ཟེ་ས་ར་ཧ་ལ་དཔལ་གསང་བ་འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས་སོ། །དེ་ནས་ནཱ་ལེན་དྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་མཁན་པོ་ཞུས་ཏེ། བསྙེན་པར་རྫོགས་ཏེ་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །དེའི་ཚེ་ནཱ་ལེན་དྲའི་དགེ་འདུན་གྱི་ཞལ་ཏ་བ་བྱས་པའི་ཚེ་མུ་གེ་ཆེན་པོ་བྱུང་བ་ལ་གླིང་བར་ནས་གསེར་འགྱུར་གྱི་རྩི་བླངས་ཏེ། གསེར་འགྱུར་བྱས་ནས་དགེ་འདུན་གྱི་གདུགས་ཚོད་སྦྱར་ཏེ་དབྱར་གནས་ཐོན་པ་དང་། དགེ་འདུན་རྣམས་ཀྱིས། མི་རིད་པ་དང་། ཤི་བ་མཐོང་ནས། མུ་གེ་བྱུང་འདུག་པས། དགེ་འདུན་གྱི་གདུགས་ཚོད་ཇི་ལྟར་སྦྱར་ཞེས་དྲིས་པས། སྔར་གྱི་ཚུལ་བརྗོད་པས་དགེ་འདུན་ལ་མ་ཞུས་པར། དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས། གནས་ནས་ཕྱུང་ལ་གཙུག་ལག་ཁང་དང་། མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བསྒོའོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབས་པས་ཐོབ་སྟེ། དེའི་ཚེ་དགེ་སློང་བདེ་བྱེད་ཅེས་པས། རིགས་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས། ཐམས་ཅད་སུན་ཕྱུང་བས་དེ་གདུལ་བའི་དོན་དུ་ནཱ་ལེན་དྲར་ཆོས་གསུངས་སོ། །དེའི་ཚེ་བྱིས་པ་གཉིས་ཆོས་མཉན་ཅིང་ས་འོག་ཏུ་སོང་བ་ལ་སུ་ཡིན་དྲིས་པས་ཀླུ་ཡིན་ཟེར་བ་ལ། སློབ་དཔོན་གྱིས་གནོད་སྦྱིན་གྱི་འདམ་ཁྱེར་ལ་ཤོག་གསུངས་པ་ལ་དེ་དག་གིས་ཀླུའི་རྒྱལ་པོ་ལ་ཞུས་པས། སློབ་དཔོན་སྤྱན་དྲོངས་ཟེར་ཏེ་སྤྱན་དྲངས་པས། དོན་དུ་འགྱུར་བར་མཁྱེན་ནས། ཀླུའི་ཡུལ་དུ་བྱོན་ནས་ཆོས་གསུངས་སོ། །དེའི་ཚེ་ཀླུས་བཞུགས་པར་ཞུས་པས། ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་འདྲེན་དུ་འོངས་ཀྱི། བསྡད་མི་ཁོམ། ཕྱིས་འོང་སྲིད་གསུངས་ཏེ། འདམ་མང་པོ་དང་། །འབུམ་དང་། ཡི་གེ་ཉུང་ངུ་ཡང་གདན་དྲངས་ཏེ། འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་ཞེས་གྲག་གོ། དེ་ནས་འདམ་དེས་མཆོད་རྟེན་ལ་སོགས་བྱེ་བ་བྱས་ཀླུ་རྣམས་ཀྱིས་གྲོགས་བྱས་ཏེ། ཕ་ལ་ཆེར་གྲུབ་ལ། འགའ་ཞིག་ཀླུ་ཡུལ་དུ་མི་འགྲོ་བའི་ཕྱིར་མ་བྱས་ཏེ། ཀླུ་སྒྲུབ་ཅེས་པའི་མིང་དུ་གྱུར་ཏོ། །དེ་ནས་ལི་ཁ་ར་ཤིང་འཕེལ་དུ་གསེར་འགྱུར་བྱས་ཏེ་སྦྱིན་པ་རྒྱ་ཆེན་པོ་བྱས་ཏེ། དེའི་ཚེ་བྲམ་ཟེ་རྒན་རྒན་གཉིས་ལ་གསེར་མང་པོ་གནང་བས་དད་དེ། རྒན་པོས་ཉེ་གནས་བྱས་ཆོས་མཉན་ཏེ་ཤི་ནས། སློབ་དཔོན་ཀླུའི་བྱང་ཆུབ་ཏུ་གྱུར་ཏོ། །དེ་ནས་ཤར་ཕྱོགས་པ་ཊ་བེ་སར་བྱོན་ནས་ལྷ་ཁང་མང་པོ་བཞེངས། ཡུལ་ར་དྷར་ཡང་བཞེངས། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བྱ་བར་བཞེད་པ་ལྷས་བཀག་སྟེ། སྒྲ་མི་སྙན་དུ་གཤེགས་པའི་ལམ་གྲོང་ཁྱེར་ས་ལ་མ་ན་བྱིས་པ་ཛི་ཏ་ཀའི་ལག་རིས་ལས་རྒྱལ་པོར་ལུང་བསྟན་ནས། སྒྲ་མི་སྙན་དུ་བྱོན་ནས། ན་བཟའ་ཤིང་ལ་བཀལ་ཏེ། ཁྲུས་མཛད་པས། གོས་དེ་དག་གིས་ཁྱེར་བ་ལ། ངའི་ཡིན་གསུངས་པས་ང་བདག་ཅན་ཟེར་ནས་བལྟ་སྐད། དེར་དོན་བྱས་ཏེ་བྱོན་པས། སྔར་གྱི་བྱིས་པ་རྒྱལ་པོར་གྱུར་ཏེ། དེས་རིན་པོ་ཆེ་མང་དུ་ཕུལ་ཏེ། སྐྱེས་ལན་དུ་ཆོས་ཀྱི་རིན་པོ་ཆེའི་ཕྲེང་བ་གནང་ངོ་། །སློབ་དཔོན་དེས་བསྟན་པའི་བྱ་བ། དགེ་འདུན་གྱི་ཞལ་ཏ་བྱས། མཆོད་རྟེན་ལྷ་ཁང་མང་པོ་བཞེངས། རྡོ་རྗེ་གདན་ལ་རྡོའི་དྲ་མིག་གི་ར་བས་བསྐོར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེངས། བསྟན་བཅོས་ལ་ནང་རིག་པ་ལ་ལྟ་བ་གཙོ་བོར་སྟོན་པ་ལ་མཐའ་བྲལ་གྱི་དབུ་མ། ལུང་གིས་སྟོན་པ་དབུ་མ་བསྟོད་སྐོར། རིགས་པས་སྟོན་པ་རིགས་པའི་ཚོགས། སྤྱོད་པ་གཙོ་བོར་སྟོན་པ་ལ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རིགས་པས་སྟོན་པ་ཐེག་ཆེན་བློ་སྦྱོང་། ཉན་ཐོས་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་གྱི་ནོར་བུ། རྟེན་ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་བཤེས་སྤྲིང་། རབ་བྱུང་གི་སྤྱོད་པ་གཙོ་པོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་ཕྱོགས་ལ་ལྟ་སྤྱོད་མདོར་བསྡུས་པ་རྒྱུད་ཀུན་ལས་བཏུས། ལྟ་བ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས་མདོར་བྱས། མདོ་བསྲེ། དཀྱིལ་ཆོག་ཉི་ཤུ་པ། རྫོགས་རིམ་སྟོན་པ་རིམ་པ་ལྔ་པ་ལ་སོགས་པ་མཛད་དོ། །གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་ལ་སོགས་པ་དང་། ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྟེན་འབྲེལ་གྱི་རྩིས། སྤོས་སྦྱོར། གསེར་འགྱུར་ལ་སོགས་པ་རང་རྐང་དུ་བརྩམས་པ་མང་པོ་དང་། གཞན་འགྲེལ་དུ་བཏགས་པ་གསང་འདུས་འགྲེལ་པ་དང་། ས་ལུ་ལྗང་པའི་མདོ་ཚིགས་སུ་བཅད་པ་བསྡུས་པ་ལ་སོགས་པ་མཛད་དོ། །ཕྱག་རྒྱ་བཞི་པ་ནི། ཀླུ་སྒྲུབ་ཀྱིས་མཛད་པ་མིན་ནོ་ཞེས། མན་ངག་སྙེ་མར་བཤད་དོ། །སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས། སྤྱོད་འཇུག་འགྲེལ་པར། སློབ་དཔོན་ཀླུ་སྒྲུབ་ཀྱིས་བསླབ་པ་ཀུན་ལས་བཏུས་པ་ཞིག་ཀྱང་མཛད་པར་བཤད་དོ། །དེ་ལྟར་ལོ་དྲུག་བརྒྱར་བསྟན་པའི་བྱ་བ་མཛད་དོ། །དེའི་ཚེ་རྒྱལ་པོ་མཐར་འགྲོ་ཞོན་ནམ་བདེ་སྤྱོད་བཟང་པོ་ལ་བུ་གཞོན་ནུ་ནུས་ལྡན་ཞེས་བྱ་བ་ཞིག་ལ། མས་གོས་བཟང་སྲུབས་མེད་པ་ཞིག་བྱིན་པས། འདི་ང་རྒྱལ་སྲིད་འཛིན་དུས་སུ་དགོས་ཟེར་བ་ལ། མས་ཁྱོད་ཀྱིས་རྒྱལ་སྲིད་འཛིན་པ་མི་འོང་། ཡབ་དང་སློབ་དཔོན་ཀླུ་སྒྲུབ་ཚེ་སྒྲུབ་དང་བཅུད་ལེན་སྟབས་སུ་བྱས་པས་གྲུབ་སྟེ། སློབ་དཔོན་དང་སྲོག་གཅིག་པ་ཡིན་ཟེར་བ་དང་། དེས་དཔལ་གྱི་རི་ལ་སློབ་དཔོན་ཀླུ་སྒྲུབ་བཞུགས་སར་ཕྱིན་ཏེ། དབུ་བླངས་པས་ཆོས་གསུངས་ཏེ། རལ་གྲིས་བཅད་པས་མ་ཆོད་པ་ན། སློབ་དཔོན་ན་རེ། ངས་རྩྭ་ཀུ་ཤ་བཅད་པས་སྲོག་ཆགས་ཤི་བའི་རྣམ་སྨིན་ཡོད་པས། ཀུ་ཤས་ཆོད་གསུངས་ནས་བཅད་པས། སྐེའི་རྩ་བ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར་ཞེས་ཚིགས་བཅད་བྱུང་ངོ་། །དབུ་དེ་དེས་ཁྱེར་ཏེ་ཕྱིན་པས། གནོད་སྦྱིན་མོས་ཕྲོགས་ཏེ་དཔག་ཚད་གཅིག་ཏུ་དོར་རོ། །དབུ་དང་སྐུ་ལུས་གཉིས་ཀ་མ་ཉམས་པར་ལོ་རེ་བཞིན་ཉེར་སོང་ནས། མཐར་འབྱར་ནས། བསྟན་པ་དང་འགྲོ་དོན་མཛད་ཅེས་གྲག་གོ། ནཱ་གཱ་རྫུ་ནའི་ནཱ་ག་ནི་ཀླུ་སྟེ། ཆོས་ཀྱི་དབྱིངས་སུ་སྐྱེས་པ། རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། བསྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨར་ཛུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། བསྡུས་པས་ཀླུ་སྒྲུབ་བོ། །ཚིག་བསལ་དུ། གང་ཞིག་མཐའ་གཉིས་གནས་ལ་གནས་བསལ་ཞིང་། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོགས་བཞིན་ཐུགས་རྗེས་སྟོན་པར་མཛད། །གང་གི་ལྟ་བའི་མེ་དག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །གང་གིས་གཉིས་མེད་ཡེ་ཤེས་གསུང་མདའི་ཚོགས། །ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་པས། །སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པ། །ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས་ནི་དེའི། །ཞེས་པ་དང་། དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩལ་མཛད་ནས། །བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །ཞེས་གསུངས་སོ། །ཁ་ཅིག །སྤྲིན་ཆེན་པོའི་མདོ་ལས། ལི་ཅ་བྱི་འདི་ང་འདས་ནས་ལོ་བཞི་བརྒྱ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་བྱེད་དེ། མཐར། འཇིག་རྟེན་གྱི་ཁམས་དང་བའི་འོད་དུ། སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་དུ་འཚང་རྒྱའོ་ཞེས་བཤད་ཟེར་ཏེ། སྤྲིན་ཆེན་ལས། ལྷོ་ཕྱོགས་དྲང་སྲོང་བྱི་པོའི་ཡུལ་དུ་རྒྱལ་པོ་རྒུད་པ་གསོ་བ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ལོ་བརྒྱད་ཅུ་ན། དམ་པའི་ཆོས་ཞིག་པའི་ལྷག་མ་ཙམ་དུ་གྱུར་པ་ན། བསོད་ནམས་ལྡན་གྱི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་པའི་འབབ་ཆུ་མཛེས་འབྱོར་གྱི་བྱང་གི་འགྲམ་དུ། རྗེ་རིགས་འབྲ་གོ་ཅན་གྱིས་ཕྱོགས་སུ། ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ། དེ་བཞིན་གཤེགས་པའི་ཆོས་དབྱུང་བའི་ཕྱིར་ངའི་མིང་ཅན་དུ་སྐྱེའོ། །དེས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་དྲུང་དུ་ཐུབ་པའི་བསྟན་པ་ལ་ཆོས་ཕྱིར་སྲོག་གཏོང་བར་དམ་བཅས་པ་དེས་བསྟན་པ་རྒྱས་པར་བྱེད་དོ། །ཞེས་འབྱུང་གི། ཀླུ་སྒྲུབ་ཀྱི་གསལ་ཁ་མེད་མོད། ཁ་ཅིག །ཀླུ་སྒྲུབ་ཀྱི་མཚན་ཤཱཀྱ་བཤེས་གཉེན་དུ་འདོད་པ་ལྟར་ན་བརྟག་ཅིང་། རྔ་བོ་ཆེའི་མདོ་ལས། ཀླུ་སྒྲུབ་ལུང་བསྟན་པ་རྒྱས་པར་བཤད་ཅེས་པའང་བརྟག་པར་བྱའོ། །
སློབ་དཔོན་ཨརྱ་དེ་བ།
དེའི་སྲས་སློབ་དཔོན་ཨརྱ་དེ་བ་ནི། སིང་ག་ལའི་གླིང་དུ་པདྨའི་སྦུབས་སུ་རྫུས་ཏེ་སྐྱེས་པ་ལ་དེའི་རྒྱལ་པོས་བུར་བཟུང་སྟེ། ཆེར་སྐྱེས་པ་ན་སློབ་དཔོན་ཀླུ་སྒྲུབ་ཅན་དུ་བྱོན་ནས། སློབ་གཉེར་མཛད་པས་རིག་པའི་གནས་ཐམས་ཅད་དང་། ཕྱི་ནང་གི་གྲུབ་མཐའ་མ་ལུས་པ་ལ་མཁས་པར་གྱུར་ཏེ། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་ཞེས་བྱ་བས་ལྷ་དབང་ཕྱུག་ཆེན་པོ་གྲུབ་སྟེ་མངལ་སྐྱེས་གང་གིས་ཀྱང་མི་ཐུབ་པའི་མཆོག་བྱིན་པ་ཞིག་ཡོད་པ་དེས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་ཏེ། ཕལ་ཆེར་མུ་སྟེགས་ལ་བཙུད་དེ། ནཱ་ལེན་དྲར་ཕྱིན་ནོ། །ནཱ་ལེན་དྲ་པ་རྣམས་ཀྱིས་དཔལ་གྱི་རི་ལ་ཀླུ་སྒྲུབ་བཞུགས་པ་ལ་སྦྲན་པས། སློབ་དཔོན་ཨརྱ་དེ་བས་འདུལ་བར་ཞལ་གྱིས་བཞེས་ཏེ་བྱོན་པའི་ཚེ། ཤིང་གི་ལྷ་མོས་སྤྱན་སློང་བ་ལ་སྤྱན་གཅིག་སྦྱིན་པར་བཏང་ངོ་། །དེ་ནས་མུ་སྟེགས་ཕམ་པར་བྱས་པ་ན། མིག་གཅིག་པ་འདི་ཅི་འདྲ་ཞེས་སྨྲ་བ་ལ། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨརྱ་དེ་བ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། ཞེས་གསུངས་ཏེ། ཆོས་ཀྱིས་ཚར་བཅད་དེ་བསྟན་པ་ལ་བཅུག་སྟེ། པཎྜི་ཏ་ཆེན་པོར་གྱུར་ཏོ། །སློབ་དཔོན་འདི་ས་བརྒྱད་པར་གྲགས་ཏེ། འཇམ་དཔལ་རྩ་རྒྱུད་ལས། །འཕགས་པ་མིན་ལ་འཕགས་པའི་མིང་། ཞེས་གསུངས་པས་བརྟག་པར་བྱའོ། །སློབ་དཔོན་འདིས་རང་བཞིན་མེད་པའི་དོན་རྒྱས་པར་སྟོན་པ་དབུ་མ་བཞི་བརྒྱ་པ་བསྡུས་ཏེ་སྟོན་པ་དབུ་མ་ལག་པའི་ཚད། དེ་ལ་རྩོད་པ་སྤོང་བ། འཁྲུལ་བ་ཟློག་པའི་གཏན་ཚིགས་གྲུབ་པ། མཚན་ཉིད་དང་སྔགས་ཀྱི་གྲུབ་མཐའི་རྣམ་གཞག་སྟོན་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། སྔགས་ཕྱོགས་ལ་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་ལ། མདོ་རྒྱུད་རྟོག་པའི་ལུང་བསྲེས་ནས་སྒྲུབ་པ་སྤྱོད་པ་བསྡུས་པའི་སྒྲོན་མ། རིགས་པས་སྒྲུབ་པ་སེམས་ཀྱི་སྒྲིབ་སྦྱོང་། སྨིན་བྱེད་དབང་གི་ཆོ་ག་ལ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། བསྐྱེད་རིམ་སྟོན་པ་གདན་བཞིའི་སྒྲུབ་ཐབས། ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས། གཏོར་ཆོག །རྫོགས་རིམ་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་ལ་སོགས་པ་མཛད་ཅིང་། སྒྲོན་གསལ་གྱི་འགྲེལ་བཤད་མཛད་ཟེར་ཏེ། དུས་མཚུངས་སམ་མི་མཚུངས་བརྟག་པར་བྱའོ། །ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་ནི་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་ཚེའི་དངོས་གྲུབ་བརྙེས་པས་དིང་སང་གི་བར་དུ་ཡང་དཔལ་གྱི་རི་ལ་བཞུགས་པར་གྲགས་པ་དེས་ཀྱང་། གསང་འདུས་ཀྱི་དཀྱིལ་ཆོག་དང་། རིམ་ལྔའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་དོ། །སློབ་དཔོན་ཙནྡྲ་གོ་མི་ནི་ཤར་ཕྱོགས་བྷཾ་ག་ལར་སྐྱེས་ཤིང་། གཞོན་ནུ་ལ་མཁས་པར་གྱུར་ཏེ། བ་རེནྡྲའི་རྒྱལ་པོའི་བུ་མོ་ཏཱ་ར་ཞེས་བྱ་བ་བག་མར་བྱས་ཏེ་འདུག་པ་ན། རེ་ཤིག་གི་ཚེ་གཡོག་མོས་ཏཱ་ར་ཞེས་བོས་ཏེ། བསམས་པ་དང་། མོ་དང་ཡི་དམ་གྱི་མཚན་མཐུན་པས་མི་རུང་བར་ཤེས་ཏེ། བཟོད་པར་གསོལ་ཏེ། འགྲོ་བར་ཆས་པ་ན་འཁོར་གྱིས་བཟུང་སྟེ། ཅིའི་ཕྱིར་འགྲོ་ཞེས་འདྲི་བ་ལ་རྒྱུ་མཚན་བརྗོད་དོ། །དེ་རྒྱལ་པོས་ཐོས་ཏེ། ངའི་བུ་མོ་དང་ལྷན་ཅིག་ཏུ་མི་འདུག་ན་གངྒཱ་ལ་སྐྱུར་ཅིག་ཟེར་བ་དང་། གཤེད་མ་དག་གིས་གང་གཱར་བསྐྱུར་བ་ན། སློབ་དཔོན་གྱིས་སྒྲོལ་མ་ལ་བསྟོད་པས། སྒྲོལ་མས་ཆུ་དབུས་སུ་གླིང་སྤྲུལ། ཞལ་མངོན་སུམ་དུ་བསྟན་ཏེ་བྱིན་གྱིས་བརླགས་པས་དིང་སང་ཡང་ཙནྡྲའི་གླིང་ཞེས་གྲགས་སོ། །དེ་ནས་ཉ་པས་བསྒྲལ་ཏེ། བ་རེན་དྲའི་རྒྱལ་པོའང་དད་ནས། མཆོད་གནས་མཛད་དེ། མཐར་གྱིས་ནཱ་ལེན་དྲར་སོང་སྟེ། ཡོན་ཏན་ཅི་ཤེས་འབྲི་བ་ལ། སྒྲ་པཱ་ཎི་དང་། མཚན་བརྗོད་དང་བསྟོད་པ་བརྒྱ་ལྔ་བཅུ་པ་གསུམ་ཤེས། ཞེས་བརྗོད་པས། མཁས་པ་ཆེན་པོར་ཤེས་ཏེ། བསུ་བ་དང་བཀུར་སྟི་རྒྱ་ཆེན་པོ་བྱས་སོ། །དེའི་ཚེ་སྨན་དཔྱད་ལ་སོགས་པའི་བསྟན་བཅོས་ཕྲན་མང་དུ་བརྩམས་པས། རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་ཞལ་ནས། ཐེག་ཆེན་གྱི་བསྟན་བཅོས་མང་དུ་རྩོམས་ཤིག་གསུངས་ནས། ཟླ་བ་སྒྲོན་མེའི་འགྲེལ་པ་དང་། སྐུ་གསུམ་ལ་འཇུག་པ་ལ་སོགས་པ་མང་དུ་མཛད་དེ། དེའི་ཚེ་སློབ་མ་རྒྱལ་རིགས་ཀྱི་དགེ་སློང་ཞིག་བབས་ནས་སྡིག་པ་སྣ་ཚོགས་བྱེད་པ་ཞིག་བྱུང་ནས། དེ་འདུལ་བའི་དོན་དུ། སློབ་མ་ལ་སྤྲིང་བ་དང་། སྒྲའི་མདོ་ལེའུ་སུམ་ཅུ་སོ་གཉིས་ཤུ་ལོ་ཀ་བདུན་བརྒྱ་ཡོད་པ། པཱ་ཎི་ནི་དང་མཐུན་པ་ཞིག་མཛད་དེ། དེའི་ཡན་ལག་ཏུ་གྱུར་པ་བྱིངས་དང་། ཉེར་བསྒྱུར་དང་ཡི་གེའི་མདོ་དང་། ཨུ་ཎ་ལ་སོགས་པ་དང་། སུ་པ་དང་། ཏིང་ལ་སོགས་པ་མཛད་ནས་བཏུལ་ལོ། །འཇམ་དཔལ་དབྱངས་ལ་བསྟོད་པ་བྱས་པས་སྐུ་གཟུགས་ཀྱི་དབུ་ཡོན་པོར་མཛད་དེ་གསན་པ་བྱུང་བས། འཇམ་དབྱངས་མཇིང་ཡོན་གྱི་བསྟོད་པ་ཞེས་གྲགས་སོ། །དེའི་ཚེ་སློབ་དཔོན་ཟླ་བ་གྲགས་པས་སྒྲའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་བཅད་དུ་བྱས་པ་ལེགས་པ་ཞིག་མཛད་པ་གཟིགས་ཏེ། རང་གིས་བྱས་པའི་བསྟན་བཅོས་མི་ལེགས་པས་སྣུབ་བོ་སྙམ་སྟེ། ཁྲོན་པར་བསྐྱུར་བ་དང་། འཇིག་རྟེན་དབང་ཕྱུག་གིས་ཁྱོད་ཀྱིས་ལྷག་བསམ་གྱིས་བྱས་པས་ཕན་ཆེ་བར་འགྱུར་གྱིས་ཐོན་ཅིག་གསུང་ནས། བཏོན་ཏེ། ཁྲོན་པ་དེ་ལ་ཙནྡྲ་ཁྲོན་པ་ཞེས་གྲགས་ཤིང་དེ་ལ་ཆུ་འཐུང་ནའང་བློ་རྣོ་བར་འགྱུར་ཟེར་རོ། །དེའི་ཚེ་ཟླ་བ་གྲགས་པ་དང་རྩོད་པ་བྱས་ཏེ། དེ་རིང་གི་ལན་འཇིག་རྟེན་དབང་ཕྱུག་ལ་ཞུས་ཏེ། ནང་པར་བཏབ་པས་ཟླ་གྲགས་ཐེ་ཚོམ་དུ་གྱུར་ཏེ། ཕྱི་བཞིན་བསྙེགས་པ་ན། འཇིག་རྟེན་དབང་ཕྱུག་གི་ལན་སློབ་པ་གཟིགས་ཏེ། འཕགས་པ་ཉེ་རིང་མ་མཛད་ཅེས་གསོལ་བས། ཕྱག་མཛུབ་བསྐུམ་པ་མ་བྱུང་བར་ལུས་པས། དིང་སར་ཡང་ཐུགས་རྗེ་ཆེན་པོ་མཛུབ་ཀྱེར་ཞེས་གྲགས་སོ། །དེ་ལྟར་ཙནྡྲ་གོ་མི་ཡོན་ཏན་ཆེན་པོ་དང་ལྡན་པས་བསྟན་པ་བཟུང་ངོ་། །ཟླ་བ་གྲགས་པ་ནི་ཡུལ་ལྷོ་ཕྱོགས་ས་མ་ནར་འཁྲུངས་ཏེ། མདོ་རྒྱུད་ཀྱི་དོན་ལ་སྦྱངས་པས། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་ལ་བརྟེན་ནས་མཁས་པ་ཆེན་པོར་གྱུར་ཅིང་། སྐྱེ་བ་ལྔ་བརྒྱར་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པ་རི་མོར་བྲིས་པའི་བ་ལ་འོ་མ་འཇོ་ནུས་པ། རྡོའི་ཀ་པ་ལ་ཕྱག་མི་ཐོགས་པར་དབྱུག་པ་དེས་རིགས་ཚོགས་དང་བཞི་བརྒྱ་པའི་འགྲེལ་པ་དང་། དབུ་མ་ལ་འཇུག་པའི་རྩ་འགྲེལ་དང་། ཁྱད་པར་དུ་ཉི་ཟླ་ལྟར་གྲགས་པའི་འགྲེལ་པ། རྩ་ཤེའི་འགྲེལ་པ་ཚིག་གསལ། གསང་འདུས་འགྲེལ་པ་སྒྲོན་གསལ་ཏེ། གསལ་བ་རྣམ་པ་གཉིས་སུ་གྲགས་པ་མཛད་དོ། །དེ་བཞིན་དུ་སངས་རྒྱས་བསྐྱངས་དང་ཟླ་གྲགས་དབུ་མ་ཐལ་འགྱུར་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ། སློབ་དཔོན་བྷ་བྱ་ལ་སོགས་མདོ་སྡེ་སྤྱོད་པའི་དབུ་མ། ཡེ་ཤེས་སྙིང་པོ། དཔལ་སྦས། ཞི་བ་འཚོ། པདྨའི་ངང་ཚུལ། སེང་གེ་བཟང་པོ་ལ་སོགས་པ་རྣམ་འབྱོར་སྤྱོད་པའི་དབུ་མར་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འཆད་དོ། །ཚིག་གསལ་དུ། ཀླུ་སྒྲུབ་སྒྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་དང་བཅས་ལྷས་ཀྱང་གསུང་རྗེས་སུ། །འབྲངས་བས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་ཏུ་གསལ་བར་བསྟན་པར་མཛད། །དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །རྣམས་ཀྱིས་ཀྱང་ནི་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། །ཅེས་གསུངས་སོ། །ཨརྱ་དེ་བའི་སློབ་མ་མ་ཁོལ་གྱིས་ཀྱང་བསྟན་བཅོས་མང་དུ་བརྩམས་ཤིང་བསྟན་པ་ལ་བྱ་བ་བྱས་ཏེ། ལོ་རྒྱུས་རྣམས། མང་བས་འཇིགས་པས་མ་བྲིས་སོ། །
ཐོགས་མེད་སྐུ་མཆེད་ཀྱི་བྱོན་ཚུལ་ནི་ཆོས་མངོན་པ་ལ་དགྲ་ལན་གསུམ་དུ་དར་ཏེ། དང་པོ་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜིའི་སྒྲ་ལས་འགེམས་ཞེས་པ་ཞིག་སྣང་སྟེ། དེ་འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ། །ཟེར་ནས་བརྟགས་པས། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། །མུ་སྟེགས་འཆལ་བའི་ཀླད་པ་རྣམ་པར་འགེམས། །ཞེས་པར་རིག་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། དབུས་ཀྱི་རྒྱལ་པོས་སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ཞིག་སྐྱེས་སུ་བསྐུར་ཏེ། དེའི་སྙིང་ཁར་རྐང་རྗེས་འདྲ་བ་ཞིག་ཡོད་པས་ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཡང་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་ནང་པའི་གཙུག་ལག་ཁང་ཞིག་ཏུ་ཕྱི་པའི་སྤྲང་པོ་གཉིས་སློང་དུ་འོངས་པ་ལ། བཀྲུ་ཆུ་སྟོར་བས་ཁྲོས་ཏེ་ཉི་མ་བསྒྲུབས་ནས་ནང་པའི་གཙུག་ལག་ཁང་དང་གསུང་རབ་མང་པོ་བསྲེགས་ནས་བསྣུབས་སོ། །དེའི་ཚེ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པའི་བསམ་པ་ལ། བསྟན་པའི་རྩ་བ་མངོན་པ་ལ་དགྲ་ལན་གསུམ་གྱིས་ནུབ་པས། འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས་ཀྱི། ལུས་ལ་བུ་བསྐྱེད་ལ། དར་བར་བྱེད་དུ་གཞུག་གོ། སྙམ་སྟེ་རྒྱལ་རིགས་དང་འདུས་པས་ཐོགས་མེད་དང་། བྲམ་ཟེ་དང་འདུས་པས་དབྱིག་གཉེན་བྱུང་ནས་བཙས་པ་ན་ལྕེ་ལ་གི་ཧང་གི་ཡི་གེ་ཨ་འདྲི་བ་ལ་སོགས་པ་བློ་རྣོ་བའི་ཆོ་ག་ཡང་བྱས་ཏེ། ཆེར་སྐྱེས་པའི་ཚེ། ཕའི་ལས་གང་ཡིན་ཞུས་པས། མ་ན་རེ། ཁྱེད་དེའི་ཕྱིར་མ་བསྐྱེད་ཀྱིས། བློ་སྦྱོང་གྱིས་ལ་བསྟན་པ་དར་བར་གྱིས་ཤིག་གསུང་ནས། གཅུང་ཁ་ཆེར་སློབ་དཔོན་འདུས་བཟང་གི་དྲུང་དུ་བྱོན། གཅེན་གྱིས་བྱམས་པ་བསྒྲུབས་ལ་བསྟན་པ་དར་བར་བྱའོ་སྙམ་སྟེ། རི་བྱ་རྐང་གི་ཕུག་ཏུ་བསྒྲུབ་ཏུ་བྱོན་ཏེ། ལོ་གསུམ་དུ་བསྒྲུབས་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ། ཕྱིར་ཐོན་པ་ན་རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་ལ་ཁབ་བྱེད་པ་མཐོང་ནས། ཁབ་ཇི་ལྟར་འབྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། བསྒྲུབས་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཟེར་བས། ལོ་དྲུག་དང་དགུར་བསྒྲུབས་ཏེ་ཐོན་པ་ན་ཆུ་ཐིགས་ཀྱིས་ཀྱང་བྲག་ཟད་པ་དང་། བྱ་སྒྲོས་བྲག་ཟད་པར་མཐོང་སྟེ། ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་མཚན་མ་མ་བྱུང་བས་སྐྱོ་སྟེ། ཕྱིན་པ་ན། ཁྱི་མོ་རོ་སྨད་འབུས་གཞིགས་པ། རོ་སྟོད་ཟུགས་ཞིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས། རང་གི་ལུས་ལས་ཤ་བཅད་དེ། དེར་འབུ་བསལ་སྙམ་སྟེ། གྲོང་ཁྱེར་ཨ་ཙེན་ཏ་ཞེས་བྱ་བར་ཕྱིན་ཏེ། གསེག་ཤང་གཏེང་བར་བཅུག་ནས། གསེར་གྱི་སྤུ་གྲི་གཡར་ཏེ། རང་གི་ལུས་ལས་ཤ་བཅད། ལག་པས་བླངས་ན་ཤི་ཡིས་དོགས་ཏེ། སྤྱན་བཙུམས་སྟེ། ལྗགས་ཀྱིས་བླང་སྙམ་པ་དང་། ཁྱི་མེད་པར་རྗེ་བཙུན་འོད་དང་བཅས་པ་མཐོང་ནས། ཀྱེ་མ་ཡབ་ཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་མ་བྱུང་ན། ཐུགས་རྗེ་རེ་ཆུང་ཞེས་འཁངས་པས། རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ང་དང་པོ་ནས་ཡོད་དེ། ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་ནས་མཐོང་བ་ཡིན་ཏེ། དེ་ལྟར་ཡིན་པར། ཁྱོད་རང་ང་ཕྲག་གོང་དུ་ཁུར་ལ་སྟོན་ཅིག་གསུང་ནས་བསྟན་པས། མཐོང་བ་མ་བྱུང་བས། དེར་ཡིད་ཆེས་སོ། །ཁྱོད་ཅི་འདོད་གསུང་བ་ལ་ཐེག་ཆེན་དར་བར་ཞུ་འཚལ་བྱས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུང་ནས། དགའ་ལྡན་དུ་བྱོན་ཏེ་ལྷའི་གྲོ་སྐད་གཅིག །མི་ལོ་ལྔ་བཅུའམ། ལྔ་བཅུ་རྩ་གསུམ་དུ་བཞུགས་པར་འཆད། ས་སྡེའི་སྣ་མཆན་ལས། ཟླ་བ་དྲུག་བཞུགས་ཏེ་གསན་ཞེས་འབྱུང་ངོ་། །དེར་ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་དང་། ཐེག་ཆེན་གྱི་མདོ་སྡེ་མང་དུ་གསན་ནོ། །དེ་དག་གི་དོན་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས་བྱམས་ཆོས་ལྔ་བརྩམས་སོ། །ཞེས་སློབ་དཔོན་སེང་བཟང་ལ་སོགས་པ་འདོད་ལ། གནད་ཀྱི་ཟླ་ཟེར་ལས། བཀའ་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ནས་མཆོག་ཏུ་ཟབ་ཅིང་རྟོགས་པར་དཀའ་ལ་རྟོགས་པར་མི་ནུས་པས། ཐུགས་རྗེ་དེ་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་ཞུས་ནས་དུས་ཕྱིས་བྱས་ཟེར་བ་ནི། སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ་སྔོན་དུ་བྱས་པ་ལས་བཤད་ཅེས་པ་ནི། གཞན་དག་གིའོ་ཞེས་གསུངས་སོ། །སློབ་དཔོན་ཤཱནྟི་པ་ནི་མངོན་པ་ཀུན་ལས་བཏུས་ཀྱང་། བྱམས་པས་མཛད་པར་འདོད་ཅེས་གྲགས་ཀྱང་། ཡོངས་སུ་གྲགས་པ་བྱམས་པའི་ཆོས་ལྔ་མཛད་པ་རྣམས་གསན་ཏེ། མི་ཡུལ་དུ་བྱོན་ནས། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་ལ་སོགས་པ་ཐེག་ཆེན་གྱི་སྡེ་སྣོད་དམ། སྡེ་སྣོད་གསུམ་གཏན་ལ་འབེབས་པ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། དེའི་དོན་སྡུད་པ་སྡོམ་རྣམ་གཉིས་བརྩམས་ཏེ། མངོན་པ་ཀུན་ལས་བཏུས་ནི་ཐེག་པ་ཐུན་མོང་གི་སྡོམ་ཡིན་ནོ། །ཁ་ཅིག་སློབ་དཔོན་ཨ་བྷ་ཡས། ཐེག་པ་ཆེན་པོའི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་ཞེས་བཤད་པས་ཐུན་མོང་དུ་མི་འཐད་ཟེར་ཡང་། སྐྱོན་མེད་དེ། ཐེག་ཆེན་གྱི་བསྟན་བཅོས་ཡིན་ཡང་ཐེག་པ་གསུམ་གའི་དོན་སྟོན་པ་མི་འགལ་ཏེ་ས་སྡེ་བཞིན་ནོ། །བྱམས་ཆོས་ལྔ་ཡང་ཡི་གེར་བཀོད་དེ། མངོན་རྟོགས་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས་བརྩམས། རྒྱུད་བླའི་འགྲེལ་པ་དང་། མདོ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་སོགས་མཛད་ཅིང་ས་གསུམ་པ་བརྙེས་པས་བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ། །འགྲེལ་ཆུང་གི་བཤད་པ་ཚིག་གསལ་དུ། སློབ་དཔོན་ཐོགས་མེད་ས་གསུམ་པ་འོད་བྱེད་པ་བརྙེས་ཀྱང་དབྱིག་གཉེན་གདུལ་བའི་དོན་དུ་སེམས་ཙམ་དུ་བསྟན་ནོ་ཞེས་པ་དང་། སེམས་ཙམ་རྒྱན་ལས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང་། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡི། །བདེན་པ་གཉིས་ནི་འདིར་བརྗོད་བྱ། །ཞེས་པའི་འགྲེལ་པར། བྱམས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའོ། །ཐོགས་མེད་ནི་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །ཀླུ་སྒྲུབ་ནི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །ཞེས་སོ། །ཁ་ཅིག་སའི་སྟོད་འགྲེལ་ལས། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་ཆོས། །འཕགས་པ་མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། རྣམ་པར་བཤད་པ་བསྡུ་བའི་མཇུག་ཏུ། འཕགས་པ་ཐོགས་མེད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་ནས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པདྨ་རྙོག་པ་མེད་པ་སྤྱི་བོས་ལེན་པར་མཛད། ཅེས་བཤད་པས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བཤད་ཅིང་། དེ་ཚོགས་ལམ་ན་ཡོད་པས་འཕགས་པ་མིན་ཡང་རྒྱུ་ལ་འབྲས་བུའི་མིང་གིས་འཕགས་པར་བཏགས་སོ། །ཟེར་བ་མི་འཐད་དེ། སློབ་དཔོན་སེང་གེ་བཟང་པོས། ཆོས་རྒྱུན་ཏིང་ངེ་འཛིན་ཚོགས་ལམ་དུ་ཐོབ་པར་བཤད་ཀྱང་། དེའི་རྗེས་ལ་མེད་པར་མ་བཤད་པས་སོ་སྐྱེར་མི་འགྲུབ་ཅིང་། མདོ་སྡེ་རྒྱན་གྱི་འགྲེར་བཤད་ཆེན་མོ་ལས། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ནི་མོས་པས་སྤྱོད་པས་མཐར་ཕྱིན་པའོ། །ཞེས་པ་དང་། བཙུན་པ་ངོ་བོ་ཉིད་མེད་པའི་འགྲེལ་བཤད་ལས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ་ཞེས་གསུངས་ལ། ཆོས་མཆོག་དང་མཐོང་ལམ་སྟན་གཅིག་ཏུ་སྐྱེ་བས་ཤིན་ཏུའང་འཕགས་པར་གསལ་ལོ། །དེས་དགུང་ལོ་ལྔ་བརྒྱར་ཟེར་ཡང་བརྒྱ་ལྔ་བཅུ་བཞུགས་ཏེ། ཐེག་ཆེན་དར་བར་མཛད་དོ། །དབྱིག་གཉེན་གྱིས། སྔོན་རང་རྒྱལ་མང་པོས་ཆོས་མངོན་པ་དར་བར་སྨོན་ལམ་བཏབ་ཅིང་། ལུང་སྨན་གྱི་གཞི་ལས། ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་གྱི་མཆོག་ཏུ་ལུང་བསྟན་པའི་ཁ་ཆེར་སློབ་དཔོན་འདུས་བཟང་གི་དྲུང་དུ། སྔོན་དགྲ་བཅོམ་པ་ཞི་ལྡན་དང་སྒུར་པོ་ལ་སོགས་པ་མང་པོས་མངོན་པ་སྡེ་བདུན་དང་ལུང་གི་དོན་བསྡུས་པ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཞེས་པ་གཞུང་འབུམ་ཕྲག་གཅིག་ཏུ་ལོངས་པ་ཞིག་མཛད་དོ། །འོད་ལྡན་ལས། ཉེར་སྦས་ཀྱིས་མཛད་ཅེས་འབྱུང་ངོ་། །འདི་ལ་འགྲེལ་པ་རྒྱལ་སྲས་མར་བྱེ་བྲག་བཤད་མཚོ་ཞེས་འབྱུང་བ་ནི། བྱེ་བྲག་ཏུ་བཤད་པ་རྒྱ་མཚོར་གཟུགས་ཅན་གྱི་རྒྱན་གྱི་སྟོན་པ་ཡིན་གྱི་མིང་མ་ཡིན་ལ་དེ་བཞིན་དུ་བྱེ་བྲག་བཤད་མཛོད་ཅེས་འདོད་པའང་མི་འཐད་དོ། །བྱེ་བྲག་ཏུ་བཤད་པ་དང་མངོན་པ་སྡེ་བདུན་ལ་སོགས་པ་བསླབས་པས་ཚེགས་མེད་པར་མཁྱེན་ནས། རྒྱ་གར་དུ་འབྱོན་པར་བཞེད་པའི་ཚེ་ཡུལ་དེའི་ཤོ་གམ་བསྲུང་བའི་གནོད་སྦྱིན་གྱིས་ལྷ་རྟེན་ཡོད་པ་ཕྲོགས་ནས་ལན་གསུམ་གྱི་བར་ཟློག་ཀྱང་། ནོར་ནི་མེད། ཆོས་བློ་ལ་ཡོད་པ་དབྲལ་དུ་མི་བཏུབ་པས་བཏང་སྟེ་ནཱ་ལེན་དྲར་བྱོན་པ་དང་། གཅེན་གྱིས་བསྟན་བཅོས་མང་དུ་བརྩམས་པའང་གསན་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས་ཞེས་ཐེག་ཆེན་གྱི་གང་ཟག་དང་ཆོས་ལ་བསྟིངས་པ་གཅེན་གྱིས་གསན་ནས། ལོག་སྒྲུབ་དོན་མིན་དུ་འགྱུར་བར་མཁྱེན་ནས་དེ་བཟློག་པའི་ཕྱིར་སློབ་མ་གཉིས་ས་བཅུ་པ་དང་། བློ་གྲོས་མི་ཟད་པས་བསྟན་པ་འཛིན་དུ་བཅུག་ནས། གཅུང་ཅན་སོང་ལ་སྲོད་དང་ཐོ་རངས་ཐོན་ཅིག །ཅེས་བསྒོས་པ་ལྟར་བསྒྲུབས་པས། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་ལ་འབྲས་བུ་ཁ་གཡེལ་བ་འདྲ་གསུང་ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་བར་འདུག་པ་ལ་ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་པས་གཅོད་གསུང་ནས། སྤུ་གྲི་ཚོལ་བའི་ཚེ་ཁོང་གཉིས་ཀྱིས་ལྗགས་སྒུམ་མི་འཚལ། དེའི་སྒྲིབ་པ་སྦྱང་ཐབས་གཅེན་ལ་མངའ་བས། དེར་གཤེགས་སོ། །ཞེས་སྨྲས་ཏེ་བྱོན་ཏོ། །དེར་ཆོས་མང་དུ་གསན་ཅིང་འབེལ་གཏམ་མང་དུ་མཛད་པའི་ཚེ་གཅུང་ནི་སྤོབས་པ་ཤིན་ཏུ་མྱུར་བར་བྱུང་། གཅེན་ཅུང་ཟད་བུལ་བའི་ལན་བཟང་པོ་བྱུང་བས། འདིའི་རྒྱུ་ཅི། དྲིས་པས། ཁྱོད་ནི་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པས་སྐྱེས་ཐོས་ཀྱི་ཤེས་རབ་ཆེ་བ་ཡིན། ང་ལ་དེ་ལྟ་བུ་མེད་པས་ཡི་དམ་ཞིག་ལ་དྲིས་ཤིང་ལན་འདེབས་པ་ཡིན་གསུང་། དེ་བདག་ལ་བསྟན་པར་ཞུ་བྱས་པས། རྗེ་བཙུན་ལ་ཞུ་ཡི་གསུང་ནས་ཞུས་པས། ཁྱོད་སོ་སོའི་སྐྱེ་བོ་ཡིན་ཅིང་། དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས། ཚེ་འདི་ལ་མཐོང་བའི་སྐལ་བ་མེད་ཀྱིས་སྒྲིབ་པ་སྦྱང་བར་བྱ་བའི་ཕྱིར། ཐེག་ཆེན་གྱི་མདོ་འགྲེལ་མང་དུ་རྩོམས། གཙུག་ཏོར་རྣམ་རྒྱལ་ཐོན། ཕྱི་མ་ལ་མཇལ། གསུང་ནས། དེ་ནས་གཅེན་ལ་ལྷག་པར་དད་དེ། ང་ཡི་ཕུའོ་ཀླུ་དང་འདྲ། །ང་ནི་ཆར་སྡོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། ཅེས་ཟེར་ཞིང་། བྱམས་པའི་གསུང་ཡང་བསྒྲུབས་ལ། མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ། སྐྱེས་དང་བཅས་པ་འདུས་བཟས་ལ་སྤྲིངས་སོ། །དེའི་སློབ་མ་དག་གིས་ལོ་དང་གྲག་ལ་སོགས་པ་འདི་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ། །ཞེས་སྨྲས་པ་དང་། ཁོང་བསྟན་བཅོས་རྩམ་པ་ལ་མཁས་པས་ཚིག་རྒྱན་ཡིན་ཟེར་ཏེ། ཤིན་ཏུ་མཉེས་ནས་འགྲེལ་པ་མདོ་དང་མཐུན་པ་ཡང་སྦྱར་རོ། །དུས་ཕྱིས་འགྲེལ་པ་མཛད་དེ་བསྐུར་བ་དང་། རྩ་བ་སུན་འབྱིན་གྱི་འགྲེལ་པ་འདི་ལུང་དང་རིགས་པས་ཚར་བཅད་ཅིང་ཕམ་པར་བྱས་ལ། ཁོང་ཉིད་ཀྱིས་ལག་པས་བསུབ་ཏུ་གཞུག་དགོས་གསུང་སྟེ། བསྟན་བཅོས་ལན་གྱི་ཕུང་པོའང་བརྩམས་ཏེ། རྒྱ་གར་དུ་འབྱོན་བར་ཆས་པ་དང་། དབྱིག་གཉེན་གྱིས་གསན་ནས། སློབ་དཔོན་འདུས་བཟང་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་བྱང་བ་ཡིན་པས། ཟློག་པར་དཀའ་ལ། དེ་ཕམ་ཡང་དགོས་པ་མེད་པས་རང་བྱུང་གི་མཆོད་རྟེན་བལྟར་འགྲོ་ཞེས་བསྒྲགས་ལ་བལ་ཡུལ་དུ་འགྲོའོ་སྙམ་ནས་བྱོན་ནོ། །དེའི་རྗེས་ལ་སློབ་དཔོན་སཾ་གྷ་བྷ་དྲ་འདུས་བཟང་ངམ། དགེ་འདུན་བཟང་པོ་འཁོར་རབ་ཏུ་བྱུང་བ་མང་པོའི་གོས་ངུར་སྨྲིག་གི་འོད་ཀྱིས་ནམ་མཁའ་དམར་པོར་སོང་བ་ཙམ་བྱོན་ཏེ། ནཱ་ལེན་དྲར་ཞི་བར་གཤེགས་སོ། །
སློབ་དཔོན་དབྱིག་གཉེན།
སློབ་དཔོན་དབྱིག་གཉེན་ནི་བལ་ཡུལ་དུ་ཧང་ངུ་ཞེས་པ་རབ་བྱུང་གི་ཆ་བྱད་འཛིན་པ་སྡོམ་ཁྲིམས་ལ་མི་གནས་པ། ཆང་གི་བུམ་པ་ཐོགས་པ་མཐོང་ནས། བསྟན་པ་ནུབ་འདུག་གསུང་ནས་སྐྱོ་བ་སྐྱེས་ཏེ། རྣམ་རྒྱལ་ཟློག་ནས་བཏོན་པས་འདས་ཏེ། མཆོད་རྟེན་བརྩིགས་པ་ད་རུང་ཡང་ཡོད་པར་གྲག་གོ། མདོར་ན་རིགས་མཆོག་ཏུ་གྱུར་པ་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་ཅིང་འབུམ་སྡེ་དགུ་བཅུ་རྩ་དགུའམ། བརྒྱད་ཅུའི་དོན་རྟོགས་ཤིང་ཐུགས་ལ་མངའ་བ་འབྲུ་མར་གྱི་བཅིང་བ་མཛད་ནས་ཞག་བཅུ་གཉིས་སུ་ཞལ་བཏོན་མཛད་པའི་ཤེས་རབ་ཀྱི་དབྱིག་དང་ལྡན་པ། བརྩེ་བའི་སྒོ་ནས་བསྟན་པ་དར་བར་མཛད་པས། འགྲོ་བའི་གཉེན་དུ་གྱུར་པ་སྟེ། ཇི་སྐད་དུ། བློ་ལྡན་རྣམས་མཆོག་འཇིག་རྟེན་གྱིས། །སངས་རྒྱས་གཉིས་པ་ལྟར་བརྗོད་གང་། །འགྲོ་བའི་ཡང་དག་གཉེན་གྱུར་པ། །དབྱིག་གཉེན་ཞེས་བྱ་དེས་མཛད་དོ། །ཞེས་པ་དང་། སའི་སྟོད་འགྲེལ་ལས་ཀྱང་། འཕགས་པ་ཐོགས་མེད་ཐུབ་པ་དཔག་བསམ་ཤིང་གྱུར་ལས། །ཚིག་གི་ཡལ་ག་འཁྲུངས་ལས་ཡི་གེའི་མེ་ཏོག་གི། ཆར་བས་རྣམ་བརྒྱན་བློ་གཏེར་གྱུར་པ་དཔལ་ཡོན་ཅན། །དེ་ཡི་གཅུང་པོ་དཔལ་ལྡན་དེ་ལ་ཕྱག་འཚལ་ལོ། །ཞེས་བསྔགས་པའི་སློབ་དཔོན་དེས། བཀའ་འཁོར་ལོ་དང་པོ་བསྟན་པའི་གཞིར་བཤད་ནས། རིགས་པའི་མཚོན་རྣོན་པོས་བཤིག་པ་ཆོས་མངོན་པའི་མཛོད་རྩ་འགྲེལ་དང་། འཁོར་ལོ་བར་པའི་དོན་སེམས་ཙམ་དུ་སྟོན་པ་རྒྱལ་བའི་ཡུམ་གྱི་གཞུང་འགྲེལ་དང་། འཁོར་ལོ་ཐ་མ་ངེས་དོན་དུ་བཤད་པ་རབ་ཏུ་བྱེད་པ་སྡེ་བརྒྱད་དང་། གཞན་ཡང་ས་བཅུ་པའི་མདོ་དང་། བློ་གྲོས་མི་ཟད་པས་བསྟན་པ་དང་། ག་ཡ་གོ་རིའི་མདོ་དང་། སྒོ་དྲུག་པའི་གཟུངས་དང་། ཆོས་བཞི་པའི་མདོ་ལ་སོགས་པའི་མདོ་འགྲེལ་མང་པོ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །བརྒྱད་སྟོང་འགྲེལ་པར་ཡང་། འཕགས་པ་ཐོགས་མེད་ཅེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །དེ་ཉིད་རྣམ་པར་ངེས་པ་བཤད་པ་རབ་ཏུ་སྦྱར་མཛད་དེས་མཛད་པ་ཡི་མཐུས། །དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་ཤེས་པའི་མངོན་རློམ་གྱིས་མཐོ་བ། །སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་པར་དོན་བཤད་པ་ལས་གནས་ཐོབ་གྱུར། །ཞེས་གསུངས་སོ། །
མངོན་པ་རང་བས་མཁས་པ་སློབ་དཔོན་བློ་བརྟན།
སློབ་དཔོན་དེ་ལ་སློབ་མ་རང་ལས་མཁས་པ་བཞིར་གྲགས་ཏེ། མངོན་པ་རང་བས་མཁས་པ་སློབ་དཔོན་བློ་བརྟན་ནི། སློབ་དཔོན་དབྱིག་གཉེན་བྷ་ག་བི་ཧཱ་ར་ཞེས་བྱ་བ་ན་འབྲུ་མར་གྱིས་ཟངས་བཀང་བའི་ནང་ན་བཞུགས་ཏེ། འབུམ་སྡེ་བརྒྱད་ཅུ་ཞལ་ཏོན་མཛད་པའི་ཚེ་ཕུག་རོན་ཞིག་རྒྱུན་དུ་ཉན་པ་ཞིག་ཡོད་པ་དེ་རེ་ཞིག་གི་ཚེ་ཤི་སྟེ། མཐའ་འཁོབ་འདྲ་མ་ཞེས་བྱ་བས་དམངས་རིགས་ཀྱི་བུར་སྐྱེས་མ་ཐག་ང་ཡི་སློབ་དཔོན་ག་ན་བཞུགས་ཞེས་འདྲི་བ་ལ། ཁྱོད་ཀྱི་སློབ་དཔོན་སུ་ཡིན་བྱས་པས། དབྱིག་གཉེན་ཡིན་ཟེར་ནས། ཕས་ཡུལ་དབུས་སུ་འགྲོ་བའི་ཚོང་པ་ལ་དྲིས་པས་བཞུགས་པར་ཐོས་ནས། ཅུང་ཟད་སྐྱེས་པ་དང་། སློབ་དཔོན་དབྱིག་གཉེན་ཅན་དུ་བསྐྱལ་ནས། སློབ་དཔོན་གྱིས་ཡི་གེའི་ཕྱི་མོ་བསློབ་པ་ནས་བཟུང་སྟེ། རིག་པའི་གནས་ཐམས་ཅད་ལ་མཁས་པར་བསླབས་ཏེ། ཆུང་བའི་དུས་སུ་ན་ལེནྡྲ་ན་སྒྲོལ་མའི་རྟེན་བཞུགས་པའི་ཕྱག་ཏུ། སྲན་མའི་ཕུད་ཕུལ་ལ་བཟའ་སྙམ་ནས་འགའ་ཞིག་ཕུལ་བས་འགྲིལ་ནས་བྱུང་། ཡང་ཕུལ་བས་འགྲིལ། འཕགས་མས་མ་གསོལ་བར་རང་ཟ་བ་མི་འོང་སྙམ་ནས། ཟད་ཟད་ཕུལ་ཡང་འདྲིལ་ བས། བྱིས་པ་ངུས་སོ། །དེར་འཕགས་མས་ཞལ་དངོས་སུ་བསྟན་ཏེ། ངུ་མི་དགོས། ངས་ཁྱོད་ལ་བྱིན་གྱིས་བརླབས་ཀྱིས་ཁྱིམ་དུ་སོང་གསུངས་ནས། དེ་ནས་མཁྱེན་རབ་ཐོགས་མེད་དུ་གྱུར་ཏེ། རྟེན་དེ་ལ་སྲན་མའི་སྒྲོལ་མ་ཞེས་གྲགས་སོ། །སློབ་དཔོན་དེ་ལ་མདོ་དཀོན་མཆོག་བརྩེགས་པའི་ལེའུ་བཞི་བཅུ་ཞེ་དགུ་ཡན་ཆད་ཐུགས་ལ་མངའ་ཞིང་། འགྲེལ་པ་ཡང་མཛད་ཅེས་གྲག་གོ། དེའི་ཚེ་མཁས་པའི་གྲགས་པས་ཀུན་ཏུ་ཁྱབ་ཅིང་། དེའི་དུས་ན་སློབ་དཔོན་ཡོན་ཏན་འོད་ཀྱི་སྦྱིན་བདག །རྒྱལ་པོ་ཤྲཱི་ཧར་ཤས་ཆོས་ཀྱི་གྲགས་པ་ལ་ད་ལྟ་སུ་མཁས་དྲིས་པས། མཁས་པར་རྒྱལ་པོས་བྱས་པ་ཡི། །བཙུན་པ་ཡོན་ཏན་འོད་ཀྱང་སྟེ། །བསྟན་བཅོས་ཀུན་གྱི་སྤོད་གཅིག་ལ། །སློབ་དཔོན་བློ་གྲོས་བརྟན་པ་ཉིད། །ཅེས་གསུངས་སྐད་དོ། །སློབ་དཔོན་དེས་མཛོད་ཀྱི་འགྲེལ་པ་གནམ་ལྕགས་ཐོག་གཟེར། ཆོས་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པ། རབ་ཏུ་བྱེད་པ་སྡེ་བརྒྱད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་བརྩམས་སོ། །བོད་ཁ་ཅིག །སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས་ཆོས་བསྲེགས་རྗེས། སློབ་དཔོན་བློ་བརྟན་གྱིས་དཀོན་བརྩེགས་བློ་ལ་བཏོན་ནས། བདག་བློ་ཕྱོགས་གཅིག་བཞག་པ་དང་། །གཞན་བློ་ཕྱོགས་གཅིག་བཞག་པ་གཉིས། །སྲང་ལ་གཞལ་ན་བདག་བློ་ལྕི། ཞེས་པའི་ང་རྒྱལ་གྱི་དབང་གིས། ཕག་ཕྲུག་ཏུ་སྐྱེས་ཏེ་ངུར་བའི་སྒྲ་ལ་བརྟགས་པས། ང་ནི་སྔོན་གྱི་མཁས་པ་བློ་བརྟན་ཏེ། །ང་རྒྱལ་དབང་གིས་ཕག་མོའི་ལྟོ་རུ་སྐྱེས། །འདི་ནས་ཤི་མ་ཐག་ཏུ་དགའ་ལྡན་འགྲོ། །ཞེས་གྲག་སྟེ། དུས་ཀྱང་འགལ་ཞིང་། སངས་རྒྱས་ཀྱི་བསྟན་པ་འཛིན་པར་ལུང་བསྟན་པའི་གང་ཟག་ལས་ཀྱི་དབང་གིས་ངན་འགྲོར་མི་འགྲོའམ་སྙམ་མོ། །དེའི་སློབ་མ་གང་བ་སྤེལ་ཡིན་ལ། དེའི་སློབ་མ་ཛི་ན་མི་ཏྲ་དང་ཤཱི་ལེན་དྲ་བོ་དྷི་ལ་སོགས་ཡིན་གསུང་སྟེ་དཔྱད་པར་བྱའོ། །དབྱིག་གཉེན་གྱི་སློབ་མ་ཚད་མ་རང་བས་མཁས་པ་དཔལ་ལྡན་ཕྱོགས་ཀྱི་གླང་པོ་ནི་རིགས་བྲམ་ཟེ་ལ་གནས་མ་བུའི་སྡེ་བའི་མཁན་པོ་ཞིག་ལས་རབ་ཏུ་བྱུང་སྟེ། སྒྲ་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་ལ་ལགས་པར་སྦྱངས་ཏེ། མཁན་པོ་ལ་སྤོང་བ་བསམ་གཏན་གྱི་མན་ངག་ཞུས་པས། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་སྒོམས་ཤིག་གསུངས་ནས་བསྒོམས་པས་བདག་མ་རྙེད་ནས། ཕྱི་ནང་གི་སྒྲིབ་པས་བསྒྲིབས་སམ་སྙམ་ནས་ཕྱོགས་བཞིར་མར་མེ་ཆེན་པོ་སྦར། ལུས་གཅེར་བུར་བྱུང་། མིག་བགྲད་དེ་ཕྱོགས་བཅུར་བདག་བཙལ་ཡང་མ་རྙེད་དོ། །དེའི་ཚེ་སྤྱོད་ལམ་དེ་ལྟར་བྱེད་པ། གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་ཞུས་ནས། མཁན་པོས་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད་དྲིས་པས་བདག་ཚོལ་ལོ་ཞེས་སོ། །ཁྱོད་རང་གི་གྲུབ་མཐའ་སུན་འབྱིན་པར་འདུག་པས་སོང་ཞིག་ཟེར་བ་དང་། མཁན་པོ་དེ་ཉིད་དུ་རིགས་པས་སུན་དབྱུང་ནུས་མོད་ཀྱི། འོས་མ་ཡིན་ནོ་སྙམ་སྟེ་རིམ་གྱིས་བྱོན་ཏེ་སློབ་དཔོན་དབྱིག་གཉེན་ཅན་བྱོན་ཏེ། ཐེག་པ་གསུམ་ལ་མཁས་པར་སྦྱངས་ཤིང་། ཁྱད་པར་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་ལ་མཁས་པར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡང་དག་པའི་དོན་མ་རིག་པ་ཡིན་པས། དེ་སྤང་བའི་ཕྱིར་དང་། གཉེན་པོ་ཤེས་རབ་བསྐྱེད་པའི་ཕྱིར་མཛོད་ཀྱི་འགྲེལ་པ་དང་། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང་། དམིགས་པ་བརྟག་པ་ལ་སོགས་པ་བསྟན་བཅོས་ཐོར་བུ་བ་བརྒྱ་རྩ་བརྩམས་སོ། །དེ་དག་ཀྱང་འཐོར་བ་ལྟ་བུར་གྱུར་པས། གཅིག་ཏུ་བསྡུས་པ་ཚད་མའི་མདོ་ཀུན་ལས་བཏུས་པ་བརྩམ་མོ་ཞེས་དགོངས་ཏེ། ཕྱོགས་ཀྱི་གླང་པོའི་ཕུག་ཅེས་པའི་བྲག་ངོས་ལ་རྡོ་ཐལ་གྱིས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། ཞེས་མཆོད་བརྗོད་དང་བཤད་པར་དམ་བཅའ་བྲིས་པ་ཙམ་གྱིས། ས་གཡོས། འོད་གསལ། སྒྲ་ཆེན་པོ་གྲག །མུ་སྟེགས་ཀྱི་སྟོན་པ་རྣམས་བྱིན་པ་ཤིང་བཞིན་རེངས་པ་ལ་སོགས་པ་ལྟས་ཁྱད་པར་ཅན་དུ་མ་བྱུང་། དེའི་ཚེ་ཉེ་ལོགས་ན་མུ་སྟེགས་ཀྱི་སྟོན་པ་ནག་པོ་ཐུབ་རྒྱལ་ཞེས་བྱ་བ་ཞིག་ཡོད་པས། མངོན་ཤེས་ཕྲ་མོས་བལྟས་པས་དེའི་མཐུར་ཤེས་ཏེ། ཕྲག་དོག་གི་དབང་གིས། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་ཕྱིན་ཏེ། ལན་གཉིས་སུ་བསུབས་པ་དང་། སློབ་དཔོན་གྱིས་གསུམ་པ་བྲིས་ནས། མཇུག་ཏུ་ངས་བྲིས་པའི་ཚིགས་སུ་བཅད་པ་འཕྱི་བ་སུ་ཡིན། ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་རྒྱ་ཆེན་པོ་ཡོད་པས་མ་ཕྱི། ཕྲག་དོག་གི་དབང་གིས་ཡོན་ན། བློ་ལ་ཡོད་པས་དབྱི་བར་མི་ནུས་སོ། །ནོར་ཏེ་རྩོད་པར་བཟོད་ན། ལུས་སྣང་བར་གྱིས་ཤིག་བརྩད་པར་བྱའོ་ཞེས་བྲིས་སོ། །ཡང་ལྟས་སྔར་བཞིན་དུ་བྱུང་སྟེ། ཕྱིར་འོངས་པས་བརྩད་པར་བྱའོ་ཞེས་པ་མཐོང་སྟེ་བསྡད་དོ། །སློབ་དཔོན་བསོད་སྙོམས་འཁོར་ཏེ་བྱོན་པ་དང་། ཕྲད་ནས་བསྟན་པ་རྒྱལ་དུ་བཙུགས་ཏེ། བརྩད་པས་ལན་གཉིས་ལན་གསུམ་གྱི་བར་དུ། མུ་སྟེགས་ཕམ་པར་བྱས་ཏེ། ད་ཁོད་ནང་པའི་བསྟན་པ་ལ་ཞུགས་གསུངས་པས། ཁོ་ཁྲོས་ནས་ཁ་ནས་མེ་སྦར་ཏེ། སློབ་དཔོན་གྱི་ཡོ་བྱད་ཐམས་ཅད་བསྲེགས། སློབ་དཔོན་ཡང་ཚིག་ལ་ཁད་པར་བྱས་པས་ཐུགས་སྐྱོ་སྟེ། ཡོན་ཡེ་ངས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་སྙམ་མོད་ཀྱི། མུ་སྟེགས་འདི་གཅིག་པུའི་དོན་ཡང་བྱ་མི་ནུས་པར་འདུག་པས། རང་དོན་ཞི་བདེ་མངོན་དུ་བྱའོ། །སྙམ་དུ་དགོངས་ནས། རྡོ་ཐལ་ནམ་མཁའ་ལ་འཕངས་ཏེ། ས་ལ་བབས་མ་ཐག་སེམས་སྐྱེད་བཏང་ངེ་སྙམ་དུ་འཕངས་པས། ས་ལ་མ་བབས་པར་འཇམ་དཔལ་དངོས་སུ་བྱོན་ཏེ། བུ། མ་བྱེད་མ་བྱེད་ཐེག་པ་དམན་དང་ཕྲད་པ་ལས་ནི་བློ་གྲོས་ངན་སྐྱེ་སྟེ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས་བྱ་སྟེ། ཁྱོད་ཀྱིས་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱིས། །ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་རྗེས་སུ་བཟུང་ངོ་ཞེས་ཁ་ཅིག་འཆད་དོ། །རྣམ་ངེས་ཀྱི་ཊིཀྐ་ཆོས་མཆོག་ལས། སློབ་དཔོན་ཕྱོགས་ཀྱི་གླང་པོ་རི་ཕུག་དབེན་པ་ཞིག་ན་བསྒོམ་པ་ལ་བརྩོན་པས་གནས་པ་ན། གནས་སྐབས་འགའ་ཞིག་ཏུ་འཁོར་བ་ལས་ཡིད་འབྱུང་ནས། སེམས་ཅན་གྱི་དོན་ལས་གཞན་དུ་ཕྱོགས་ཏེ་གཅིག་པུ་གྲོལ་བར་འདོད་པ་ན། སྐད་ཅིག་དེ་ལ་འཕགས་པ་འཇམ་དཔལ་བྱོན་ནས། བུ། སྐྱེ་བོ་ངན་པ་དང་རྗེས་སུ་མཐུན་པར་སེམས་སྡར་བའི་གཞན་གྱི་དབང་དུ་གྱུར་ཏེ། སེམས་ཅན་ཀུན་ལ་ཕན་པར་ནུས་པའི་སེམས་ཡོད་བཞིན་དུ། ཅིའི་ཕྱིར་བཏང་སྙོམས་སུ་བྱེད་ཅེས་གསུངས་པ་དང་། ལན་དུ་བཅོམ་ལྡན་འདས་འཁོར་བ་ནི་བཟོད་པར་དཀའ་བའི་སྡུག་བསྔལ་དུ་མ་དང་ལྡན་པས། བསྲན་པར་མི་ནུས་ལ་སེམས་ཀྱང་དམ་པ་མ་ཡིན་པའི་སྐྱེ་བོ་ལ་དགའ་བས་གཡོ་བར་སྤྱོད་ཅིང་། ཁྱོད་མཐོང་ཡང་བདག་ལ་བྱིན་གྱིས་མ་བརླབས་ན། དེ་ལ་ཅི་ཞིག་བགྱིར་མཆི་ཞེས་གསུངས་པ་དང་། ལན་དུ། བུ། ཇི་སྲིད་ས་མ་ཐོབ་ཀྱི་བར་དུ། ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཉིད་དོ། །ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །ཞེས་འབྱུང་ལ། །ཁ་ཆེ་ཛྙཱ་ན་ཤྲཱིའི་ཊིཀྐ་ལས། ཁྱོད་ཀྱིས་སངས་རྒྱས་མ་ཐོབ་ཀྱི་བར་དུ། ཞེས་འབྱུང་ངོ་། །སློབ་དཔོན་དེས་ཚད་མ་ཀུན་ལས་བཏུས་རང་འགྲེལ་དང་བཅས་པ་བརྩམས་ཏེ། མུ་སྟེགས་ཐམས་ཅད་བཏུལ་ནས་བསྟན་པ་རྒྱས་པར་མཛད་དོ། །དེའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་བྱུང་སྟེ། ཀུན་ལས་བཏུས་ཀྱི་འགྲེལ་བཤད་ཀྱང་མཛད་དོ། །དེའི་སློབ་མ་ཆོས་ཀྱི་གྲགས་པ་ནི་རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར། མུ་སྟེགས་ཀྱི་བྲམ་ཟེའི་རིགས་སུ་སྐྱེས་ཏེ། ཆུང་ངུ་ལ་སྒྲ་ལེགས་པར་འབྱོངས་ནས། ཞང་པོ་མུ་སྟེགས་ཀྱི་སྟོན་པ་གཞོན་ནུ་མ་ལེན་ལ། མུ་སྟེགས་ཀྱི་བྲམ་ཟེ་རབ་ཏུ་བྱུང་བའི་ཆས་བླངས་པས། ཞང་པོས་ངན་དུ་སྨྲས་ཏེ་བསྐྲད་དོ། །སློབ་དཔོན་གྱི་དགོངས་པས། མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་སྟེ། ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད་ཅིང་། ཁྱད་པར་སློབ་དཔོན་དབང་ཕྱུག་སྡེ་ལ་ཚད་མ་ཀུན་ལས་བཏུས་ཚར་གསུམ་དུ་ཉན་པར་དམ་བཅས་ནས་མཉན་པས་དང་པོ་ལ་སློབ་དཔོན་དབང་ཕྱུག་སྡེས་ཇི་ལྟར་དགོངས་པ་ལྟར་གོ། གཉིས་པ་ལ་ཕྱོགས་གླང་གིས་དགོངས་པ་བཞིན་གོ་སྟེ། དབང་ཕྱུག་སྡེའི་འདོད་པ་ནོར་བར་རྟོགས་ནས། གསུམ་པ་གསུང་བར་ཞུས་པས། ཕྱོགས་གླང་ལ་སློབ་མ་ང་ལྟ་བུ་ལས་མེད། ང་ལའང་ཁྱེད་ལྟ་བུ་ལས་མ་བྱུང་། ཚར་རེ་ལས་འཆད་པའི་སྲོལ་མེད་པ་ལ། གཉིས་སུའང་བཤད་པ་ཡིན། ང་འདི་གཅིག་པུ་འཆད་པས་མི་ཕན། པཎྜི་ཏའི་བྱ་བ་གཞན་ཡང་བྱ་དགོས་པས། རས་སྣུམ་སྟ་གོན་གྱིས་ཤིག་ནུབ་མོ་འཆད་དོ། །གསུངས་ནས་དེ་ལྟར་བྱས་པས། འབྲས་བུ་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ལྷག་པར་རྟོགས་ཏེ་སློབ་དཔོན་ལ་ལྔར་གྱི་ཚུལ་བརྗོད་པས་ཤིན་ཏུ་མཉེས་ནས། ད་ཁྱོད་ཀྱིས་ངའི་གྲུབ་མཐའ་ནོར་པ་རྣམས། ཕྱོགས་སྔར་གྱིས་ལ། ཀུན་ལས་བཏུས་ལ། འགྲེལ་པ་རྩོམས་ཤིག །ཅེས་རྗེས་སུ་གནང་ངོ་། །དེ་ནས་སློབ་དཔོན་གྱིས་གྲངས་ཅན་གྱི་གྲབ་མཐའི་གསང་ཚིག་རྣམས་རྟོགས་པའི་དོན་དུ་བྲན་དུ་རྫུས་ཏེ་ཞང་པོའི་ཆུང་མའི་གཡོག་བྱས་ནས་མགུ་བར་བྱས་ཏེ། གྲུབ་མཐའི་གནད་འདི་འདྲ་འདྲི་དགོས་བྱས་པས། འདོད་པ་སྤྱོད་པའི་ཚེ་དྲི་ཡིས། ཁྱེད་རང་ཡིད་ལ་ཟུངས་ཟེར་ནས། མོའི་རྐང་པ་ལ་ཐག་པ་བཏགས་ནས། གང་དཀའ་བ་དེ་ལ་ཐག་པ་འཐེན་ནས་ལེགས་པར་ཤེས་པ་དང་བྲིས་ཏེ་གྲུབ་མཐའི་གནད་ཤེས་པས། ཐམས་ཅད་ཐུབ་པར་ཤེས་ཏེ། དེའི་ཚེ་མཁས་པ་ཡོད་ན་རྩོད་པར་བྱེད་དོ་ཞེས་དྲིལ་བསྒྲགས་པས་ཕལ་ཆེར་ཡུལ་གཞན་དུ་བྲོས། རྩོད་པ་བྱས་པ་རྣམས་ཆོས་ཀྱིས་ཚར་བཅད་དེ། ཆོས་ཀྱི་ལམ་ལ་བཀོད་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཞེས་ཆེད་དུ་བརྗོད་པ་མཛད་དོ། །བསྟོད་པ་བྱེད་པ་དག་གྱིས་ཀྱང་། །མུ་སྟེགས་རིགས་ལ་སྒྲ་ཚད་མཁས། །རྒོལ་བ་ཚར་གཅོད་མཁའ་ལ་གཤེགས། །དྷརྨ་ཀིརྟི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །དེ་ནས་སློབ་དཔོན་རིམ་གྱིས་གྲོང་ཁྱེར་དང་ལྗོངས་རྒྱུ་ཞིང་། མཐར་རྒྱལ་པོ་མེ་ཏོག་རྒྱས་པའི་སྒོ་དྲུང་དུ་སླེབ་སྟེ་རྒྱལ་པོས་ད་ལྟ་སུ་མཁས་དྲིས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པས། རྒྱལ་པོ་ན་རེ། དྷརྨཱ་ཀིརྟི་ཡིན་ནམ། དེ་སྐད་དུའང་གྲགས་སོ། །གསུང་པ་དང་། རྒྱལ་པོས་གདན་དྲངས་ཏེ་སྦྱིན་བདག་མཛད་ནས། རབ་ཏུ་བྱེད་པ་སྡེ་བདུན་བརྩམས་ཏེ། མཇུག་ཏུ་རྣམ་འགྲེལ་གྱི་ལེའུ་དང་པོའི་རང་འགྲེལ་མཛད་དོ། །བསྟན་བཅོས་རྣམས་མཁས་པའི་གྲ་སར་འགྲིམས་པས་ཕལ་ཆེར་གྱིས་མ་ཤེས་སོ། །ལ་ལས་ཤེས་ཀྱང་ཕྲག་དོག་བྱས་ནས་ཉེས་སོ། །ཞེས་བསྒྲགས་ཏེ་ཁྱི་མཇུག་ལ་བཏགས་པས། སློབ་དཔོན་ན་རེ། ཁྱི་གྲོང་དང་སྲང་ཀུན་ཏུ་རྒྱུ་བ་བཞིན་བསྟན་བཅོས་ཀྱང་དར་བར་འགྱུར་རོ། །ཞེས་གསུངས་ཤིང་། རྣམ་འགྲེལ་གྱི་མགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིངས་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། ཞེས་པ་བཅུག་གོ་ཞེས་གྲག་གོ། དེ་ནས་པཎྜི་ཏ་ལྷ་དབང་བློ་ལ་འགྲེལ་པ་རྩོམ་པར་བསྐོས་པས་ལན་ཅིག་བརྩམས་ཏེ་གཟིགས་པ་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པས་མེས་བསྲེགས་པས། ཕྱིས་བརྩམས་ནས། ཕལ་ཆེར་སྐལ་བ་མེད་ཉིད་དང་། །དུས་ལའང་སྡོད་པ་མེད་པའི་ཕྱིར། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །ཞེས་པ་ཕུལ་བས། འཕྲོས་དང་ཚིག་གི་ཟུར་གྱིས་མཚོན་པའི་དོན་རྣམས་མ་བྱུང་བར་འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་བྱུང་འདུག་གསུང་། འོན་ཀྱང་ངའི་རིགས་པ་འདི་གཞན་གྱིས་མ་ནོར་བ་མི་ཤེས་པར་འདུག་དགོངས་ཏེ། རྣམ་འགྲེལ་གྱི་མཇུག་ཏུ། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། ཞེས་པ་བཅུག་ཅེས་གྲག་གོ། དེ་ཡི་སློབ་མ་ཤཱཀྱ་བློ་ཡིན་ལ། དེས་འགྲེལ་བཤད་བྱས། དེའི་སློབ་མ་འོད་ཀྱི་བློ་ཡིན་ཟེར་རོ། །ཁ་ཅིག་ཛ་མཱ་རི་ཆོས་གྲགས་ཀྱི་དངོས་སློབ་ཡིན་ཟེར་རོ། །རྒྱན་གྱིས་སྤུར་ལ་ལུང་བླངས། དེའི་སློབ་མ་དུལ་ལྷ། དེའི་སློབ་མ་ཆོས་མཆོག་ཟེར་རོ། །ཆོས་མཆོག་ནི་ཆོས་འབྱུང་བྱིན་དང་དགེ་སྲུང་གི་སློབ་མ་ཡིན་པར་ཊིཀྐ་ལས་བཤད་དོ། །ཛ་མཱ་རིས་རྒྱན་ལ་འགྲེལ་བཤད་བྱས། དུལ་ལྷ་དང་བདེ་བྱེད་དགའ་བས་སྡེ་བདུན་ལ་འགྲེལ་པ་བྱས་ཞེས་གྲག་གོ།
ཕར་ཕྱིན་རང་བས་མཁས་པ་འཕགས་པ་རྣམ་གྲོལ་སྡེ།
སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་བས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ནི། གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། འཕགས་པ་ཀུ་རུ་ཀུལླེའི་སྡེ་པ། སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་པོ། ས་རབ་ཏུ་དགའ་བ་ཐོབ་པ་དེས། སངས་རྒྱས་ལ་མངོན་སུམ་དུ་ཉན་ནས། ཤེར་ཕྱིན་གྱི་དོན་སྟོན་པ་མངོན་རྟོགས་རྒྱན་གྱི་འགྲེལ་པ། ཉི་ཁྲི་ལྔ་སྟོང་པ་དང་སྦྱར་བ་ཉི་ཁྲི་སྣང་བ་ཞེས་བྱ་བ་མཛད་དོ། །བཙུན་པ་རྣམ་གྲོལ་སྡེས་ཉི་ཁྲི་རྣམ་འགྲེལ་མཛད་དོ། །དེའང་འཕགས་པ་གྲོལ་སྡེའི་སློབ་མར་ཁ་ཅིག་འདོད་དོ། །
སློབ་དཔོན་སེང་གེ་བཟང་པོའི་ལོ་རྒྱུས།
ཁྱད་པར་དུ་སློབ་དཔོན་སེང་གེ་བཟང་པོའི་ལོ་རྒྱུས་ནི། སྔོན་ཤར་ཕྱོགས་སེང་ལྡེང་གི་ནགས་ཞེས་བྱ་བ་ན། སྡོང་པོ་ཆེན་པོ་ཞིག་ལ་ཤིང་གི་ལྷ་ཞིག་ཡོད་པ་ལས་ཡུལ་དེའི་ཕྱུགས་རྫི་ཞིག་དུས་ལས་འདས་ཏེ། དེའི་ཆུང་མ་གཟུགས་བྱད་བཟང་མོ་ཞིག་ཡོད་པས་ཕྱུགས་འཚོར་སོང་བ་དང་། ཤིང་གི་ལྷ་དེས་འདོད་པ་སྤྱད་པས། སྲས་ཁྱད་པར་ཅན་ཞིག་འཁྲུངས་ཏེ། གཽ་པཱ་ལ་ཞེས་བཏགས་སོ། །དེ་ལ་ཕས་ནོར་བུ་རིན་པོ་ཆེ་བྱིན་པས་དེའི་ཡོན་ཏན་གྱིས་ས་ཐམས་ཅད་ལ་ཁ་ལོ་སྒྱུར་བ་ཞིག་བྱུང་སྟེ། དེས་ནཱ་ལེན་དྲ་བརྩིགས་སོ། །དེའི་བཙུན་མོ་དབང་ཆུང་བ་ཞིག་གིས། རྒྱལ་པོ་དབང་དུ་བྱ་བའི་ཕྱིར་སློབ་དཔོན་བྲམ་ཟེ་ཞིག་ལ་རིག་པ་ཞུས་པས་དེས་རི་བོ་གངས་ཅན་ལས་སྨན་བླངས་ཏེ། རྒྱ་བཏབ་སྟེ་བྲན་མོ་ལ་བསྐུར་བས། དེ་སྟེགས་འདྲེད་པ་ལ་ལྷུང་བས་ཆུས་ཁྱེར་ཏེ། རིམ་གྱིས་རྒྱ་མཚོར་ཞུགས་པ་དང་། ཀླུའི་རྒྱལ་པོས་བླངས་ཏེ་ཟོས་པས་ཀླུའི་རྒྱལ་པོ་རྒྱ་མཚོ་སྐྱོང་དབང་དུ་གྱུར་ནས། བཙུན་མོ་དང་ཕྲད་པས་སྲས་དཔལ་ལྡན་ཆོས་སྐྱོང་བལྟམས་ཏེ། དུས་བཟང་ལ་མཆོད་པ་བྱས་པའི་ཚེ་སྦྲུལ་མགོ་རོང་ངེ་བྱུང་བས་རྒྱལ་པོ་ཁྲོས་ཏེ། ཆད་པ་བཅད་པར་བརྩམས་པ་ལས། སོར་གདུབ་བསྟན་པས་ཀླུའི་ཡི་གེ་མཐོང་བས་སླར་བཀུར་སྟི་བྱས་ཏེ་སྐྱེད་བསྲིངས་སོ། །དེས་ལྷ་ཁང་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་རྩིག་པར་འདོད་པས་ལྟས་མཁན་ལ་དྲིས་པས། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས་ཏེ། རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར་བླངས་ཤིང་། དཀའ་ཐུབ་པའི་ལྷ་གནས་ནས་ཀོང་བུ་བླངས་ཏེ། མར་མེ་སྤར་བ་ཡི་དམ་གྱི་མདུན་དུ་བཞག་སྟེ། གསོལ་བ་བཏབ་ན། ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་བསྐྱུར་བར་འགྱུར་བས་དེར་རྩིགས་ཤིག་ཟེར་ནས། དེ་ལྟར་བྱས་པས་བྱ་རོག་ཅིག་བྱུང་ནས། ཀོང་བུ་མཚོར་བསྐྱུར་བས་ཡི་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་ཞིག་བྱུང་སྟེ། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་གཞུག་གོ། ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར་ཏེ། དེ་བཞིན་བྱས་པས་ཞག་ཉེར་གཅིག་ན་མཚོ་བསྐམས་ཏེ། ཨོ་ཏྱནྟ་པུ་རིའི་གཙུག་ལག་ཁང་བཞེངས་སོ། །རྒྱལ་པོ་དེ་ལ་སྲས་རྒྱལ་པོ་དང་པཎྜི་ཏ་དང་གྲུབ་ཐོབ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་ཞིག་སྟེ་བཞི་ཡོད་པ་ལ། ཐ་མ་ནོར་གྱིས་བྲེལ་དོགས་ནས། ནོར་བུ་བྱིན་ནོ། །དེ་ལ་སྲས་དེ་བ་པཱ་ལ་ཞེས་བྱ་བ་སྨོན་ལམ་གྱི་སྟོབས་ཅན་ཡུམ་ལ་དད་པ་ཐོབ་པ་ཞིག་བྱུང་སྟེ། དེས་ཕ་ལ་ནོར་བུ་བརྐུས་ཏེ་དགེ་སློང་ཡུམ་འཆད་པ་ཞིག་ལ་ཕུལ་བས། ཡབ་གྱིས་རིག་སྟེ། ནོར་བུ་ནི་རྒྱལ་པོ་དབང་བ་ཡིན་གྱིས། དགེ་སྦྱོང་འདོད་པ་ཆུང་ཞིང་ཆོག་ཤེས་པར་རིགས་པ་ལ། ཁྱོད་དེ་ལྟ་མ་ཡིན་ནོ་ཞེས་མགུལ་པ་བགགས་ཏེ། རིན་པོ་ཆེ་འཕྲོགས་སོ། །དགེ་སློང་གིས་ཤི་མ་ཐག་རང་གི་སློབ་མ་རྒྱལ་བུའི་སྲས་སུ་སྐྱེ་བར་སྨོན་ལམ་བཏབ་པས། དེ་ལྟར་གྱུར་ནས། རྒྱལ་པོ་ས་སྐྱོང་ཞེས་བྱ་བ་ཡུམ་ལ་དད་པ་ཐོབ་པ་ཞིག་ཏུ་གྱུར་ཏེ། ཕྱོགས་ཀུན་ཏུ་ཡུམ་འཆད་པ་ཚོལ་བ་ལ་ཞུགས་པ་ན། དེའི་ཚེ་སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་ཁྱད་པར་དུ་ཡུམ་གྱི་དོན་ལ་རིང་དུ་གོམས་པ་ཞིག་བྱུང་སྟེ། དེས་རང་གི་མཁན་པོ་རྣམ་སྣང་བཟང་པོ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་ཀུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁ་སར་པཱ་ཎིར་སོང་ཞིག །ཅེས་ལུང་བསྟན་ནོ། །སད་དེ་དེར་སོང་ནས་ཞག་གསུམ་དུ་སྨྱུང་གནས་བྱས་ཏེ། རྨི་ལམ་བརྟགས་པས་ཐོ་རངས་རྨི་ལམ་ན། ཨོ་ཏྱནྟ་པུ་རི་བི་ཧ་རིའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ན། ལྷའི་ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ། རིང་དུ་བལྟས་པས་རྗེ་བཙུན་ཞལ་གསེར་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཙམ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་ལ་དིང་སང་འགྲེལ་པ་མང་དུ་མཆིས་ན། གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ། འཐད་པ་བསྡུས་ཏེ། ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམས་ཤིག །ཅེས་གནང་བ་ཐོབ་བོ། །སད་དེ་མཆོད་པ་བྱས་ཏེ། བསྟན་བཅོས་རྩོམ་པའི་སྦྱིན་བདག་བཙལ་པའི་ཕྱིར། ཤར་ནས་ནུབ་ཏུ་བྱོན་པ་ན། རྒྱལ་པོ་ས་སྐྱོང་གིས་ཡུམ་མཆོད་པ་ལ། སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་ནས། གདན་འདྲེན་དུ་བཏང་པའི་ཕོ་ཉ་དང་ཕྲད་ནས་གདན་དྲངས་ཏེ། འཕགས་པའི་འགྲེལ་པ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་བརྒྱད་སྟོང་འགྲེལ་ཆེན་དང་། དོན་གསལ་འགྲེལ་པ་དང་། སྡུད་འགྲེལ་རྟོགས་པར་སླ་བ་དང་། ཤེས་ཕྱིན་སྒོམ་པ་ལ་སོགས་པ་མཛད་དོ། །ཞེས་གྲག་གོ། བརྒྱད་སྟོང་འགྲེལ་ཆེན་དུ་དཔལ་ལྡན་ཆོས་སྐྱོང་གིས་སྦྱིན་བདག་བྱས་ནས། ཏྲི་ཀ་ཏུ་ཀ་ཞེས་པ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བྱས་པར་བཤད་དོ། །སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས། སློབ་དཔོན་སེང་གེ་བཟང་པོ་སྐྱེས་བུའི་དོན་ལ་མངོན་དུ་ཕྱོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ན། པོ་ཏི་དུ་མ་དག་ན་འདོད་པ་དུ་མ་དང་། འཆད་པ་པོ་རྣམས་ཀྱིས། བཤད་པ་ཡང་ཕན་ཚུན་འགལ་བ་མཐོང་བས་སྐྱོ་བ་སྐྱེས་ཏེ། མཐའ་གཅིག་ཏུ་གནས་པ་ན། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པས་དེའི་སྐྱོ་བ་བསལ་བའི་ཕྱིར་མངོན་པར་རྟོགས་པ་དང་བཅས་པའི་བཅོམ་ལྡན་འདས་མ་ཡང་བཤད་དོ། །ཞེས་ཟེར་བ་རྗེས་སུ་ཐོབ་པ་ཡིན་ནོ། །ཞེས་བཤད་དོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་ལོ་བཅུ་བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས། རྨི་ལམ་དུ་བྱམས་པས་རྗེས་སུ་བཟུང་ཞེས་འཆད་ཀྱང་། སློབ་དཔོན་ཉིད་ཀྱི་མཁས་པའི་འགྲེལ་པ་བཞི་ལས་རྙེད་ཅིང་། ཁྱད་པར་འཕགས་པ་གཉིས་ཀྱི་འགྲེལ་པ་ལ་བརྟེན་པར་བཤད་དེ། འགྲེལ་ཆེན་དུ། འདི་ནི་འཕགས་པ་ཐོགས་མེད་ལ་སོགས་པ་རྣམས་ཀྱིས་བཤད་པ་བྲིས་པ་ཡིན་པའི་ཕྱིར་ཚད་མར་བྱའོ་ཤེས་པ་དང་། འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡིས་དོན་མཐོང་སྒོ་ནས་ནི། །ཞེས་སོ། །དེའི་སློབ་མ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་གྲགས་པ་འཇམ་པའི་དབྱངས་ལས་དབང་བསྐུར་བ་ཐོབ་པ་དེས། ཚོགས་སུ། སློབ་དཔོན་གསང་པས་མིག་འཐོན་ཡང་བཟོད་པར་གསོལ་བས། ཉིན་མཚན་གཉིས་ཀར་མཐོང་བའི་སྤྱན་བྱིན་པ་དེས། སློབ་མ་གུ་ཎ་མི་ཏྲས་བསྐུལ་ནས་སྡུད་འགྲེལ་བརྩམས། གསང་འདུས་ལ་ལུང་གིས་ཟིན་པའི་ཆོས་བཅུ་བཞི་བརྩམས་ཏེ། འཇམ་དཔལ་ཞལ་གྱི་ལུང་དང་། སྒྲུབ་ཐབས་ཀུན་ཏུ་བཟང་པོ་དང་། ཀུན་ཏུ་བཟང་མོ་དང་། བདག་གྲུབ་པར་འབྱུང་བ་དང་། སྣ་ཚོགས་འཁོར་ལོ་དང་། རིན་ཆེན་འབར་བ་དང་། རྩ་བའི་ཡེ་ཤེས་ཆེན་པོ་དང་། ཚིགས་སུ་བཅད་པའི་མཛོད་དང་། གྲོལ་བའི་ཐིག་ལེ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་། བཀྲ་ཤེས་ཀྱི་རྣམ་བཤད་དང་། བཞི་པ་ལ་འཇུག་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་། མཆོད་པ་དང་། དཀྱིལ་འཁོར་དང་། ཆུ་དབང་གི་སྒྲུབ་ཐབས་ལ་སོགས་པ་ལ་གྲགས་སོ། །
འདུལ་བ་རང་བས་མཁས་པ་ཡོན་ཏན་འོད།
སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་བས་མཁས་པ་ཡོན་ཏན་འོད་ནི། རྒྱ་ཆེར་འགྲེལ་ལས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ་དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོད་བསྒྲུབ་པ། ཞེས་འབྱུང་བའི་ཡོན་ཏན་དང་ལྡན་པ་དེས། འདུལ་བའི་མདོ་དང་། ལས་བརྒྱ་རྩ་གཅིག་དང་། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་དང་། འདུལ་བའི་མདོ་ལ་རང་འགྲེལ་ལ་སོགས་པ་མཛད་དོ། །ཁ་ཅིག་ལས་བརྒྱ་རྩ་གཅིག་དུལ་བ་ལྷས་བྱས་པར་འདོད་དོ། །སློབ་དཔོན་དེ་ཁ་ཅིག་ཉེར་སྦས་ཀྱི་སློབ་མར་འདོད། ཁ་ཅིག་ལེགས་མཐོང་གི་སློབ་མར་འདོད་དེ། དུས་མི་གཅིག་པས་ནོར་བར་རིག་པར་བྱའོ། །སྟོད་འདུལ་བ་དག་ལེགས་མཐོང་གིས་ཕྱིར་མི་འོང་ལ། དེས་གློས་མི་འབེབས་ལ། དེས་ཡོན་ཏན་འོད་ལ་བཤད་ཟེར་ཏེ། བརྟག་དགོས་སོ། །ཡོན་ཏན་འོད་ཀྱིས་ལོ་བཞི་བརྒྱ་ཐུབ་ཟེར་རོ། །དེའི་སློབ་མ་ཤཱཀྱ་འོད་ཡིན་ཟེར་བ། མི་བདེན་ཏེ། འོད་ལྡན་ལས། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་རིག་རྣམས་ཀྱིས་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་པ་དང་། གཞན་ཡང་། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་ཁྱབ་པ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། ཞེས་བསོད་ནམས་གྲགས་དང་། ཞི་བ་འོད་ཀྱི་སློབ་མར་བཤད་དོ། །དེའི་སློབ་མ་ཤཱཀྱ་བཤེས་གཉེན་ཡིན་པར་སུམ་བརྒྱ་པར་བཤད་དོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་དང་དེའི་འགྲེལ་པ་འོད་ལྡན་མཛད་དོ། །འདུལ་བའི་མདོ་ལ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་མཛད་ཅིང་། དེ་ཡོན་ཏན་འོད་ཀྱི་སློབ་མར་ཁ་ཅིག་འདོད་དོ། །ཤཱཀྱ་འོད་ཀྱི་སློབ་མ་སེང་གེའི་གདོང་ཅན། དེའི་སློབ་མ་ཛི་ན་མི་ཏྲ་ཡིན་ཟེར་བའང་བརྟག་པར་བྱའོ། །
རྒྱལ་སྲས་ཞི་བ་ལྷའི་ལོ་རྒྱུས།
རྒྱལ་སྲས་ཞི་བ་ལྷའི་ལོ་རྒྱུས་ནི། ངོ་མཚར་ཅན་གྱི་གཏམ་བདུན་ཞེས་གྲགས་ཏེ། ལྷག་པའི་ལྷ་མཉེས་ནཱ་ལེན་དྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང་། རྒྱལ་པོ་མུ་སྟེགས་ཅན་བཏུལ་བའོ། །དེ་ལ་དང་པོ་ལྷོ་ཕྱོགས་སུ་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་ཞི་བའི་གོ་ཆ་ཞེས་བྱ་བར་བལྟམས་ནས་གཞོན་ནུའི་ཚེ་རིག་པ་མང་པོ་བསླབས་ཤིང་། ཁྱད་པར་དུ་ཀུ་སུ་ལུ་ཞིག་ལ་འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་ཤིག་ཞུས་ཏེ་བསྒྲུབས་པས་ཞལ་མཐོང་ངོ་། །རེ་ཤིག་ན་ཡབ་འདས་ཏེ། ནང་པར་རྒྱལ་པོར་དབང་བསྐུར་བའི་དོ་ནུབ་རྨི་ལམ་ན། སང་རང་ཉིད་སྡོད་པར་འགྱུར་བའི་ཁྲི་དེ་ལ་རྗེ་བཙུན་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུང་བ་རྨིས་པས་སད་པ་དང་རྒྱལ་སྲིད་བཟུང་མི་བཏུབ་པར་ཤེས་ཏེ། བྲོས་ནས་ནཱ་ལེན་དྲར་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བའི་ལྷ་ཞེས་བཏགས་ཏེ། ནང་གི་ཀུན་སྤྱོད་འཕགས་པ་ལ་ཆོས་གསན་ཅིང་དེ་ལ་མཉམ་པར་འཇོག་པ་དང་། །བསྟན་བཅོས་ཟབ་མོ་རྩོམ་པར་མཛད་ཀྱང་། ཕྱིའི་སྤྱོད་ལམ་ཟ་ཉལ་འགྲོ་བ་མ་གཏོགས་པ་གཞན་གྱིས་མ་རིག་པས། བྷུ་སུ་ཀུ་འདུ་ཤེས་གསུམ་པ་ཞེས་གྲགས་ཤིང་། གཞན་རྣམས་ཀྱིས་ཕྱིའི་སྤྱོད་པ་ལ་དཔགས་ནས། རབ་ཏུ་བྱུང་བའི་བྱ་བ་འཁོར་ལོ་གསུམ་ཡིན་པ་ལ། འདི་གང་དང་ཡང་མི་ལྡན་པར་དད་པས་བྱིན་པ་ལོངས་སྤྱོད་པར་མི་རུང་བས་བསྐྲད་པར་བྱ། དེའང་མདོ་འདོན་རེས་བྱས་པས་རང་བུད་ལ་འགྲོའོ། །སྙམ་དུ་བསམས་ནས། དེ་ལ་མདོ་འདོན་པར་བསྒོས་པས་མི་ནུས་ཟེར་བ་དང་། མཁན་པོ་ལ་ཞུས་པས། ཁྱེད་ཉིད་ཀྱིས་སྒོས་ཤིག་གསུངས་ནས་བསྒོས་པས། འདོན་པར་ཁས་བླངས་པ་དང་། ཁ་ཅིག་ཅི་ཡིན་མི་ཤེས་སྙམ་ཞིང་ཐེ་ཚོམ་དུ་གྱུར་བཞིན་དུ་ཉམས་སད་པའི་ཕྱིར། སྐྱེ་བོ་མང་པོའི་དབུས་སུ་ཁྲི་མཐོན་པོ་བཤམས་སོ། །དེ་ནས་ཇི་ལྟར་སོང་མི་མངོན་པར་ཕྱག་གིས་མནན་ནས། སྟེང་དུ་བྱོན་པས་ཕལ་ཆེར་ཡིད་གཉིས་སུ་གྱུར་ཏོ། །དེ་ནས་སྔར་གྲགས་པ་གདོན་ནམ། མ་གྲགས་པ་གདོན་གསུངས་པས། མ་གྲགས་པ་གདོན་པར་ཞུས་པས། བསླབ་བཏུས་ནི་མངས། མདོ་ཀུན་ལས་བཏུས་ནི་ཉུངས་བས། ཚིག་བསྡུས་ལ་དོན་རྒྱས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞལ་ཏོན་དུ་མཛད་ཅིང་། ཤེར་ལེའི། གང་ཚེ་དངོས་དང་དངོས་མེད་དག །ཅེས་པ་ནས། ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས། མཐར་སྐུ་མི་སྣང་བར་གསུང་གྲག་པའི་སྒོ་ནས་རྫོགས་པར་བཏོན་ཏེ་གཤེགས་སོ། །དེ་ནས་གཟུངས་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་བསྡུས་པས་ཤུ་ལོ་ཀ་བདུན་བརྒྱ་དང་སྟོང་དང་སྟོང་ལྷག་ཏུ་གྱུར་པས་ཐེ་ཚོམ་ཟ་ཞིང་། བསླབ་པ་ཀུན་ལས་བཏུས་པ་ཡང་། །ཡང་དང་ཡང་དུ་བལྟ་བར་བྱ་ཞེས་པ་དང་། ཡང་ན་རེ་ཞིག་མདོར་བསྡུས་པ། །མདོ་རྣམས་ཀུན་ལས་བཏུས་པ་བལྟ། ཞེས་པའང་། ངོ་མ་ཤེས་པ་ན། ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་པར་ཐོས་ནས། དགེ་སློང་གཉིས་སྤྱན་འདྲེན་དུ་བཏང་བ་དང་མཇལ་ནས། དེ་དག་ཞུས་པས། བསླབ་བཏུས་དང་མདོ་ཀུན་ལས་བཏུས་ཁོ་བོའི་བྲང་ཁང་གི་གདུང་གསེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པ་ཞིག་ཡོད། སྤྱོད་འཇུག་ཤུ་ལོ་ཀ་སྟོང་ཚང་བ་དེ་ཡིན། ཞེས་ལུང་བསྟན་ཏེ་དེ་དག་གི་བཤད་པ་དང་སྒྲུབ་པའི་ལུང་ཡང་གནང་ངོ་། །དེ་ནས་ཤར་ཕྱོགས་སུ་བྱོན་ཏེ་རྩོད་པ་ཆེན་པོ་བྱེད་པ་ཞིག་གི་འཐབ་ཟླ་མཛད་པས། རྫུ་འཕྲུལ་གྱིས་ཐམས་ཅད་འདུམས་པར་གྱུར་ཏེ་བདེ་བ་ལ་བཀོད་དོ། །ཡང་ཡུལ་མ་ག་དྷའི་ནུབ་ཕྱོགས་ཧ་ཅང་མི་རིང་བ་ཞིག་ན། ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་གནས་པའི་འཁོར་དུ་བསྡད་པ་དང་། རེ་ཤིག་ཡུལ་ངན་ཆེན་པོ་བྱུང་བས་བཟའ་བཏུང་ཆད་དེ། ཉོན་མོངས་པར་གྱུར་ནས་སུ་སློང་ནུས་པ་དཔོན་དུ་བསྐོས་ཤིང་བསྒོ་བ་ཉན་པར་བྱས་པ་དང་། སློབ་དཔོན་གྱིས་འབྲས་ཆན་ལྷུང་བཟེད་གང་བླངས་ཏེ། བྱིན་གྱིས་བརླབས་པས་ཐམས་ཅད་ཚིམ་པར་མཛད་ནས། དེ་དག་ཡ་མཚན་ཅན་གྱི་ལྟ་བ་ལས་བཟློག་སྟེ། ཐུབ་པའི་བསྟན་པ་ལ་བཅུག་གོ། དེ་ནས་རེ་ཤིག་མུ་གེ་ཆེན་པོ་བྱུང་སྟེ། སྤྲང་པོ་སྟོང་ཙམ་ཞིག་བྲུ་བ་ཚ་བས་ཉེན་ཏེ། །འཆི་ལ་ཁད་པ་ན། སློབ་དཔོན་གྱིས་འཚོ་བ་སྦྱར་ཞིང་ཆོས་བསྟན་ཏེ། བདེ་བ་ལ་བཀོད་དོ། །དེ་ནས་ཤར་ཕྱོགས་སུ། ཨ་རི་བི་ཤ་ནའི་རྒྱལ་པོ་ལ་མ་ཙ་ལའི་གནོད་པ་བྱ་བ། འཚོ་བ་མ་ཕྱིད་པ་ཁ་ཅིག་རྒྱལ་པོ་ལ་འཁྲིལ་ནས་ཁོ་ལ་གནོད་པ་བྱས་ན་རྒྱལ་པོ་གསོད་པས། ནོར་སྦྱིན་དགོས་པ་ཡོད་པས། བསྲུང་བའི་ཕྱིར་སྐུ་སྲུང་མཛད་པ་ལ་སློབ་དཔོན་ལ། རྗེ་བཙུན་གྱིས་ཕྱག་རྒྱར་བཅངས་པ་ཤིང་གི་རལ་གྲི་ཞིག་ལས་མེད་པས་གྲོགས་ཀྱིས་མཐོང་སྟེ། རྒྱལ་པོ་ལ་མི་འདི་སྒྱུ་ཅན་ཞིག་སྟེ་ལག་ཆ་ལ་གཟིགས་ཤིག་ཅེས་གསོལ་པས། རྒྱལ་པོ་ཁྲོས་ཏེ། ཁྱོད་ཀྱི་རལ་གྲི་ཕྱུང་ཞིག་ཅེས་སྨྲས་པས། ལྷ་ཉིད་ལ་གནོད་པར་འགྱུར་རོ་ཞེས་གསོལ་བས། གནོད་ཀྱང་བླ་ཡིས། ངེས་པར་ཕྱུང་ཞིག་ཟེར་རོ། །འོ་ན་ལྷའི་སྤྱན་གཅིག་བཀབ་སྟེ་གཅིག་གིས་གཟིགས་ཤིག་ཅེས་གསོལ་པས། དེ་ལྟར་བྱས་ཏེ། རལ་གྲི་ཕྱུང་བས་དེའི་འོད་ཟེར་གྱིས་མ་བཟོད་དེ། མིག་གཅིག་ཞར་བ་དང་། བཟོད་པར་གསོལ་ཏེ་སྐྱབས་སུ་སོང་སྟེ། ཆོས་ལ་བཙུད་དོ། །དེ་ནས་དཔལ་གྱི་རིའི་ལྷོ་ཕྱོགས་སུ་བྱོན་ཏེ། ཨུ་ཚ་སྨའི་སྤྱོད་པ་ཞེས་པ་སྤྲང་པོའི་ཆ་བྱད་གཅེར་བུ་ཁྲུད་མ་ཕོ་བའི་ཚིགས་མས་འཚོ་བར་བྱེད་པ་ན། ཁ་ཏི་བི་ཧ་རའི་རྒྱལ་པོའི་བྲན་མོ་ཀ་ཙ་ལ་ཧས་ཁྲུད་མ་ཕོ་བའི་ཆུ་ཐོར་སློབ་དཔོན་ལ་ཕོག་པས་ཁོལ་བ་མཐོང་སྟེ། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་ཤང་ཀ་ར་དེ་པ་ཞེས་བྱ་བས། གནངས་ནམ་མཁའ་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་འབྲི་བས། དེ་བཤིག་མ་ནུས་ན་ནང་པའི་ཆོས་དང་ལྷ་རྟེན་བསྲེགས་ནས། ཕྱི་རོལ་པའི་སྒོར་འཇུག་དགོས་སོ་ཞེས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་དགེ་འདུན་བསྡུས་ཏེ། དོན་དེ་བསྙད་པས་སུས་ཀྱང་བཤིག་པར་ཁས་ལེན་མ་ནུས་པས། རྒྱལ་པོ་མྱ་ངན་དུ་གྱུར་པ་ན། བྲན་མོས་སྔར་མཐོང་པ་དེ་བཤད་པས། ཚོལ་ཅིག་གསུངས་ནས། ཕྱོགས་ཀུན་ཏུ་བཙལ་བས་ཤིང་སྡོང་གཅིག་གི་དྲུང་ནས་རྙེད་དེ། དོན་དེ་ཞུས་པས། ངས་ནུས་ཀྱིས། །ཆུ་བུམ་པ་གང་རས་ཡུག་གཉིས། མེ་རྣམས་སྟ་གོན་གྱིས་ཤིག་གསུངས་ནས། དེ་ལྟར་བྱས་སོ། །སང་དགོང་ཁ་ཐིག་བཏབ་སྟེ་སོང་བས་ཐམས་ཅད་ཐེ་ཚོམ་དུ་གྱུར་ཏོ། །གནངས་སྔ་དྲོ་དཀྱིལ་འཁོར་བྲིས་ཏེ་ཤར་སྒོ་ཙམ་ཟིན་པ་ན། སློབ་དཔོན་གྱིས་ཏིང་ངེ་འཛིན་མཛད་པས་ཚུབ་མ་ཆེན་པོ་ལངས་ཏེ། རྨེག་མེད་པར་ཁྱེར་ཏེ་རྩྭ་དང་ཤིང་དང་གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལ་མ་འགྱེལ་ལ་ཐུག་པར་ལྡེག །དེར་འཚོགས་པའི་མི་རྣམས་ཀྱང་བདས། མུ་སྟེགས་ཀྱི་སྟོན་པ་ཡང་རྣམ་པར་འཐོར་རླུང་གི་བདས་པའི་བྱེའུ་བཞིན་དུ། ཕྱོགས་ཐམས་ཅད་དུ་ཁྱེར་ཞིང་མུན་པ་ཆེན་པོར་གྱུར་ཏོ། །དེ་ནས་སློབ་དཔོན་གྱི་སྨིན་མཚམས་ནས། འོད་བྱུང་ནས་རྒྱལ་པོ་དང་བཙུན་མོ་ལ་ལམ་བསྟན་ཏེ་གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པ་ལ་ཆུས་བཀྲུས་ནས། རས་གསར་པ་གཡོགས་ཏེ་མེས་བསྲོས་ཏེ་བདེ་བར་བྱས་སོ། །དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིག་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པས་ད་ལྟའི་བར་དུ་ཡང་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །སློབ་དཔོན་དེས་རང་ཉིད་སོ་སྐྱེར་ཞལ་གྱིས་བཞེས་ཀྱང་། སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་འཕགས་པར་བཤད་ཅིང་། ནག་པོ་བས་ཀྱང་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པད་མོ་ལ་སྤྱི་བོས་གཏུགས་པར་བཤད་པའི་སློབ་དཔོན་དེས། རྒྱས་པར་སྟོན་པ་བསླབ་བཏུས། བསྡུས་ཏེ་སྟོན་པ་མདོ་ཀུན་ལས་བཏུས། དོན་རྒྱས་ལ་ཚིག་བསྡུས་པ་སྤྱོད་འཇུག་དང་གསུམ་མཛད་དོ། །སྤྱོད་འཇུག་ལ་རྒྱ་གར་ན་འགྲེལ་པ་བརྒྱ་རྩ་ཡོད་པར་གྲགས་ཀྱང་། བོད་དུ་འགྱུར་བ་བརྒྱད་ཙམ་ཡོད་དོ། །
སྒྲའི་བསྟན་བཅོས་ཀྱི་ལོ་རྒྱུས།
མདོ་ལང་ཀར་གཤེགས་པར། སྒྲ་བྱེད་པ་ནི་པཱ་ཎི་ནི། །ཞེས་ལུང་བསྟན་ཅིང་། འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང་། བྱང་ཆུབ་ཐོབ་པར་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ནི་ལ་སོགས་པས་མཛད་པའི་སྒྲའི་བསྟན་བཅོས་ཀྱི་ལོ་རྒྱུས་ནི། དང་པོ་སུམ་ཅུ་རྩ་གསུམ་དུ་སརྦ་ཛྙཱན་ཞེས་པའི་ལྷ་ཞིག་གིས་སྒྲའི་བསྟན་བཅོས་ཆེན་པོ་ཞིག་བྱས་ཏེ། ལྷ་རྣམས་ཀྱིས་སྤྱད་དེ། ནུབ་ནས་འཛམ་བུའི་གླིང་དུ་མ་ཕྱིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། སྒྲའི་བསྟན་བཅོས་ཤིག་མཛད་དེ། ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས་པ་དེ་དྲང་སྲོང་ཕུར་བུས་ལེགས་པར་ཤེས་ནས་ལྷའི་བུ་རྣམས་ལ་བསྟན་པས། ལྷའི་བླ་མ་ཞེས་སམ་སྒྲ་མཁན་ཞེས་མིང་དུ་གྲགས་སོ། །དེ་ང་ལས་སྒྲ་མཁས་པ་མེད་སྙམ་དུ་ང་རྒྱལ་བྱེད་པ་ན། ལྷའི་དབང་པོས་རྒྱ་མཚོ་ལས་ཆུ་བུམ་པ་གང་བླངས་ཏེ། དེ་ལས་ཀུ་ཤའི་རྩེས་ཆུ་ཐིགས་པ་གཅིག་བླངས་ཏེ། ཕུར་བུ་ལ་སྒྲ་སྤྱིར་རྒྱ་མཚོ་ཙམ། ངས་ཤེས་པ་བུམ་ཆུ་ཙམ། ཁྱོད་ཀྱིས་ཤེས་པ་འདི་ཙམ་མོ་ཞེས་བརྗོད་པས། ཕུར་བུ་ཡི་མུག་སྟེ། སྒྲ་ཡེ་མི་སློབ་པར་སེམས་པ་ལ། དབང་པོས་འོན་ཀྱང་ཇི་ལྟར་ཤེས་པ་སློབས་ཤིག་ཅེས་བསྒོས་པས་བཀའ་མ་བཅག་པར་དུས་བཟང་བཞི་ལ་མི་སློབ་གཞན་ལ་སློབ་པར་ཁས་བླངས་པས། བྲམ་ཟེ་རྣམས་དེང་སང་ཡང་། ཚེས་བརྒྱད་སློབ་དཔོན་ངེས་པར་འཇོམས། །བཅུ་བཞི་ལ་ནི་སློབ་མ་འཇོམས། །གནམ་སྟོང་ལ་ནི་རིག་པ་འཇོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། །ཟེར་ནས་དུས་བཟངས་བཞི་སྲུང་བ་ཡང་དེ་ཡིན་ནོ། །བསྟན་བཅོས་དེ་འཛམ་བུའི་གླིང་དུའང་ཕྱིན་ཏེ་དར་བར་གྱུར་ཏོ། །དེ་ནས་དེ་ནུབ་པ་དང་བྲམ་ཟེ་པཱ་ཎི་ནི་བྱུང་སྟེ། སྒྲ་བསླབ་པར་འདོད་ནས། ལག་རིས་མཁན་ལ་བསྟན་པས་སྒྲ་མི་ཤེས་པར་འདུག་ཟེར་བ་དང་། མཚོན་རྣོན་པོས་ལག་རིས་བྲིས་ཏེ། སློབ་དཔོན་འཚོལ་དུ་སོང་བས་མ་རྙེད་དོ། །དེ་ནས་མ་ཧཱ་དེ་བ་བསྒྲུབས་པས་ཞལ་བསྟན་ནས། ཅི་འདོད་ཟེར་བ་ལ་སྒྲ་ཤེས་པར་འཚལ་ལོ། །ཞེས་སྨྲས་པས། ལྷས་བྱིན་གྱིས་བརླབས་ཏེ་དུས་གཅིག་ཏུ། ཨ་ཨི་ཨུ་ཞེས་བརྗོད་པས། སྒྲ་ཐམས་ཅད་ཤེས་ཞེས་གྲག་གོ། ནང་པ་རྣམས་སྤྱན་རས་གཟིགས་བསྒྲུབས་པས་ཤེས་པར་འཆད་པ་དེ་ལུང་དང་མཐུན་ཏེ། འཇམ་དཔལ་རྩ་རྒྱུད་ལས། བྲམ་ཟེའི་ཁྱེའུ་པཱ་ཎི་ནི། ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡི་སྔགས་གྲུབ་བོ། །ཞེས་པས་སོ། །སློབ་དཔོན་དེས་སྒྲའི་བསྟན་བཅོས་ཤུ་ལོ་ཀ་ཉིས་སྟོང་ཡོད་པ་ཞིག་བྱས་ཏེ། པཱ་ཎི་བྱཱ་ཀ་ར་ཎ་ཞེས་གྲགས་སོ། །དེ་ལ་ཀླུའི་རྒྱལ་པོ་ཞིག་གིས་མ་ཧཱ་བྷ་ཀྵ་ཞེས་པའི་འགྲེལ་པ་ཤུ་ལོ་ཀ་འབུམ་ཡོད་པ་ཞིག་བྱས་ཏེ་ཤིན་ཏུ་དར་རོ། །དུས་ཕྱིས་རྒྱལ་པོ་བདེ་སྤྱོད་ཀྱི་བཙུན་མོ་སྒྲའི་ཆ་ཤས་ཅུང་ཟད་ཤེས་པ་ཞིག་ཡོད་པ་དེ་དང་། རྒྱལ་པོ་ཁྲུས་བྱེད་ཅིང་རྒྱལ་པོས་ཆུ་གཏོར་བས་བཙུན་མོས། མ་མོ་ད་ཀཱ་སིཉྩ། ཞེས་སཾ་སྐྲི་ཏའི་སྐད་དུ་བདག་ལ་ཆུ་མ་འཐོར་བྱས་པས། རྒྱལ་པོས་འཕྲལ་སྐད་ཀྱི་ཚིག་ཟུར་དང་སྦྱར་ནས། ཏིལ་གྱི་ཚོད་མ་བླང་ཞེས་པར་གོ་ནས། བྲན་ཞིག་ལ་ཏིལ་གྱི་ལ་དུ་བསྐུར་བས། བཙུན་མོས་ཁྲེལ་ཏེ། བ་ལང་འདྲ་བ་འདི་དང་འགྲོགས་པ་བས་ཤི་བླའོ་སྙམ་སྟེ་ལྕེབ་པར་རྩོམ་པ་ན། རྒྱལ་པོས་ཅི་ཡིན་དྲིས་པས་གོང་གི་ལོ་རྒྱུས་བསྙད་དོ། །དེ་ནས་རྒྱལ་པོའི་ཞང་པོ་སརྦ་ཝརྨ་ཞེས་བྱ་བས། རྒྱལ་པོ་ལ་ངས་གཞོན་ནུ་སྨིན་དྲུག་བསྒྲུབས་ལ། ངག་གི་དངོས་གྲུབ་བླངས་ལ། རྒྱལ་པོས་ཀྱང་སྒྲ་ཤེས་པར་བྱ་ཡིས། བཙུན་མོ་ལ་དེ་ལྟར་མ་བྱེད་ཅིག་ཅེས་གྱིས་ཤིག །རྒྱལ་པོས་ཀྱང་དེ་ལྟར་བྱས་ཏེ་བཙུན་མོ་སྤྲོ་བསྲིངས་སོ། །སརྦ་ཝརྨས་བསྒྲུབས་པས་གཞོན་ནུ་སྨིན་དྲུག་གིས་ཞལ་བསྟན་ནས་ཅི་འདོད་ཟེར་བ་ལ། སྒྲ་ཤེས་པར་འཚལ་ལོ་ཞུས་པས། སིདྷི་ཝརྞ་ས་མཱ་ལ་ཡ་ཞེས་པ་ནས། ལེའུ་བཅོ་ལྔའི་བར་དུ་བཤད་པ་དང་། དེ་རློམ་བ་སྐྱེས་ཏེ་དེས་འཚལ་ལོ་ཞེས་སྨྲས་པས། སྨིན་དྲུག་གིས་བཞོན་པ་བསྐྱོད་དེ། རྨ་བྱའི་མཇུག་མ་ལོག་སྟེ་བྱུང་བ་དང་། ཀ་ལཱ་པ་བཟོད་པར་གསོལ་ཞེས་སྨྲས་སོ། །ཀ་ལཱ་པ་ནི་ཆ་བསགས་ཏེ། རྨ་བྱའི་མདོངས་ལ་འཇུག་པས་དེ་བཞིན་གྲགས་སོ། །དེ་ནས་རྒྱལ་པོ་ལ་བསླབས་པས་ཤེས་ནས་བཙུན་མོའང་མགུའོ། །དེ་ལ་སྒྲ་མ་རྫོགས་པར། སརྦ་ཝརྨ་དང་བྲམ་ཟེ་མཆོག་སྲེད་ཀྱིས་བསྣན་ཏེ། ཤུ་ལོ་ཀ་བཞི་བརྒྱ་ལེའུ་ཉེར་བཞི་ཡོད་པ་ཞིག་བྱས་སོ། །དེ་ལ་པཎྜི་ཏ་བགྲོད་དཀའ་སེང་གེས་འགྲེལ་པ་མཛད་དོ། །པཎྜི་ཏ་གྲགས་འབྱོར་གྱིས་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་པ་བྱས་སོ། །དེ་ཙནྡྲ་བྱཱ་ཀ་ར་ཎ་བྱུང་ངོ་། །དེ་ལ་ཙནྡྲ་གོ་མིའི་ཞང་པོ་ཆོས་ཀྱི་འབངས་ཞེས་པས་འགྲེལ་པ་ཤུ་ལོ་ཀ་སྟོང་ཕྲག་དྲུག་ཡོད་པ་ཞིག་མཛད་དེ། དེ་ལ་སློབ་དཔོན་རིན་ཆེན་བློ་གྲོས་ཞེས་པས་འགྲེལ་བཤད་ཤུ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་མཛད། དེ་ལ་པཎྜི་ཏ་ཟླ་བ་གང་བ་ཞེས་པས་འགྲེལ་བཤད་ཀྱི་བཤད་པ་ཤུ་ལོ་ཀ་སུམ་ཁྲི་དྲུག་སྟོང་ཞིག་མཛད་དོ། །དེ་ནས་པཎྜི་ཏ་རཱ་ཛཱ་ཤྲཱི་ཞེས་པས་ཀ་ལཱ་པ་དང་ཙནྡྲ་པ་གཉིས་གའི་དོན་བསྡུས་པ་ཞིག་མཛད་དེ། རཱ་ཛཱ་ཤྲཱི་བྱཱ་ཀ་ར་ཎ་ཞེས་གྲགས་སོ། །དུས་ཕྱིས་པཎྜི་ཏ་སྨྲྀ་ཏིས་བོད་ལ་ཕན་པའི་སྒྲ་སྨྲ་སྒོ་མཚོན་ཆ་མཛད་དོ། །དེ་ལྟར་སྒྲའི་བསྟན་བཅོས་དང་སྙན་དངགས་དང་ཟློས་གར་དང་སྨན་དཔྱད་ལ་སོགས་པའི་ལོ་རྒྱུས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །
དེ་ལྟར་ལུང་བསྟན་པའི་གང་ཟག་གིས་བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་བཟུང་ནས། དེང་སང་ཡང་ཆ་ཙམ་ཞིག་གནས་ཀྱི་ཡོངས་སུ་རྫོགས་པ་གང་ན་ཞིག་སྟེ། རྣམ་བཤད་རིགས་པ་ལས། ཡང་དག་བསྡུ་བའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་གསུངས་ཤིང་། སྡུག་བསྔལ་གྱི་ཕུང་པོའི་མདོ་དང་། འཆར་བྱེད་ཀྱིས་ཞུས་པ་དང་། བླ་མའི་མདོ་དང་། ཀུན་དགའ་བོའི་མདོ་དང་། འོད་སྲུངས་ཀྱི་མདོ་ལ་སོགས་པ་མང་པོ་དབྱིག་གཉེན་བཞུགས་དུས་ནུབ་ནས་མ་རྙེད་དོ། །དཀོན་མཆོག་བརྩེགས་པའི་ལེའུ་འབུམ་ཡོད་པ་ལ་ཞེ་དགུ་དང་། འདུས་པ་ཆེན་པོ་ལེའུ་འབུམ་ཡོད་པ་ལ། ཏོག་ལ་སོགས་པ་བརྒྱད་དགུ་ཙམ་དང་། ཕལ་པོ་ཆེ་ལེའུ་འབུམ་ལ་ལེའུ་བཞི་བཅུ་ལྷག་ཙམ་དང་། ལང་ཀར་གཤེགས་པ་སུམ་ཁྲི་དྲུག་སྟོང་ལས་སུམ་སྟོང་དྲུག་བརྒྱ་ཙམ་དང་། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས་པ། སྟོང་སུམ་བརྒྱ་ཙམ་དང་། སྤྲིན་ཆེན་པོ་འབུམ་ཡོད་པ་ལ། ལེའུ་ཅུང་ཟད་དང་། ཏིང་ངེ་འཛིན་རྒྱལ་པོ་བམ་པོ་བཅོ་ལྔ་ཙམ་དང་། གཅིག་ལས་འཕྲོས་པ་ལ་གཅིག་ནས་བརྒྱའི་བར་དུ་འཕྲོས་པ་ཡོད་པ་ལ་གཅིག་ནས་བཅུའི་བར་ཙམ་དང་། མྱ་ངན་ལས་འདས་པ་དང་། དྲན་པ་ཉེར་གཞག་ལ། འགྱུར་མཇུག་མ་རྫོགས་ཤིང་། དཔའ་བར་འགྲོ་བའི་མདོ་སྟོང་ཕྲག་བཅུ་པ་ལ། ལེའུ་གཅིག་ཙམ་དང་། དེ་བཞིན་གཤེགས་པའི་གཙུག་ཏོར་ཆེན་པོ་དང་། རྟོགས་པ་ཆེན་པོ་དང་། ཟླ་བ་སྙིང་པོས་ཞུས་པ་རྣམས་ལ་ལེའུ་མང་དུ་ཡོད་པའི་ལེའུ་རེ་རེ་ཙམ་ལས་མེད་ཅིང་མ་འགྱུར་ལ། སྔར་འགྱུར་བའང་ཅི་རིགས་པར་ནུབ་ཅིང་། གཞན་ཡང་རྒྱ་འགྲེལ་ཆེན་པོ་རྣམས་སུ་ལུང་དྲངས་པའི་མདོ་མང་པོ་མི་སྣང་ངོ་། །གཞན་མདོ་སྡེ་རྣམ་འབྱོར་སྤྱོད་པའི་ས་ཆེན་པོ་ལ་སོགས་པ་ལྷའི་ཡུལ་ན་བཞུགས། རྒྱལ་བའི་ཡུམ་རྒྱས་པ་བྱེ་བ་ཕྲག་བརྒྱ་པ། དྲི་ཟའི་རྒྱལ་པོ་རྣམ་པར་རྒྱལ་བའི་གནས་ན་ཡོད། འབྲིང་འབུམ་ཕྲག་བརྒྱ་བ་ལྷའི་དབང་པོའི་གནས་ན་ཡོད། བསྡུས་པ་འབུམ་ཀླུའི་ཡུལ་ན་ཚང་བར་བཞུགས། གསང་སྔགས་ལའང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྟོང་ཕྲག་བཅུ་བཞི་གསུང་པར་བཤད་ཅིང་། རྒྱུད་རེ་རེ་ལའང་རྩ་རྒྱུད་བཤད་རྒྱུད་ལ་སོགས་མང་པོ་ཡོད་པ་ལས། འདར་བྱེད་ཀྱི་གླིང་ན་ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པ་དང་། གསང་བ་འདུས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། བདེ་མཆོག་མངོན་པར་བརྗོད་པ་ཆེན་པོའི་ལེའུ་འབུམ་དང་། རྒྱུད་ཕྱི་མ་ཤུ་ལོ་ཀ་འབུམ་པ་དང་། དུས་ཀྱི་འཁོར་ལོ་སྟོང་ཕྲག་བཅུ་གཉིས་པ་དང་། རྣལ་འབྱོར་རྗེས་སུ་རིག་པ་སུམ་ཁྲི་དྲུག་སྟོང་པ་དང་། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་དང་། མ་ཧཱ་མཱ་ཡཱ་སྟོང་ཕྲག་བཅོ་བརྒྱད་པ་དང་། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཆེན་པོ་འབུམ་ཕྲག་གསུམ་པ་དང་། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་བདུན་བརྒྱ་པ་དང་། རྟ་མགྲིན་གྱི་རྟོག་པ་བདུན་བརྒྱ་པ་དང་། དོན་ཡོད་ཞགས་པའི་རྒྱུད་འབུམ་ཕྲག་བདུན་པ་ལ་སོགས་པ་རྣམས་ལྷའི་གནས་དང་། ཤམྦྷ་ལ་དང་། ཨུ་རྒྱན་ལ་སོགས་པ་ན་བཞུགས་ཞེས་གྲག་གོ། གཞན་ཡང་། རྒྱ་གར་དང་། ཁ་ཆེ་དང་། བལ་ཡུལ་དང་། ལི་དང་། རྒྱ་ནག་དང་། རྒྱ་ནག་ཆེན་པོ་དང་། པར་སིག་དང་། ཙམ་པ་ཀ་དང་། སྤྲེའུ་དང་། གསེར་མིག་དང་། རུག་མ་དང་། རམ་མ་དང་། ཟངས་གླིང་དང་། སིཾ་ག་ལའི་གླིང་དང་། པྲི་ཡང་ཀུའི་གླིང་དང་། ཡ་མུ་ནའི་གླིང་དང་། གསེར་གླིང་དང་། ཟླ་བའི་གླིང་དང་། མ་ཁ་དང་། ཁ་ཤ་དང་། གྱི་ལྗང་དང་། ཞང་ཞུང་དང་། བྲུ་ཤ་དང་། འ་ཞ་དང་། སུམ་པ་དང་། ཟ་ཧོར་དང་། མི་ཉག་དང་། འཇང་ཡུལ་དང་། ཡོ་གུར་དང་། ཐོ་གར་དང་། ཨུ་རྒྱན་དང་། འགྲོ་ལྡིང་བའི་ཡུལ་དང་། ལོང་བའི་ཡུལ་དང་། ཙོ་ལ་དང་། ཀ་ལིང་ག་ལ་སོགས་པའི་ཡུལ་ཆེན་པོ་རྣམས་དང་། བོད་ཡུལ་རྣམས་ན་བསྟན་པ་དར་བ་དང་ནུབ་པ་དང་མགོ་ཟུག་པའི་ཚུལ་གྱིས། ཐེག་པ་གསུམ་ཚང་བ་དང་མ་ཚང་བ་ཅི་རིགས་སུ་གནས་སོ། །བཀའ་མང་པོ་ཀླུའི་ཡུལ་ན་བཞུགས་པར་བཤད་དེ། སློབ་སྤྲིང་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛོད་ཅེས་གསུངས་སོ། །
ནུབ་པར་འགྱུར་ཚུལ།
གསུམ་པ་ནུབ་པར་འགྱུར་ཚུལ་ནི། ཟླ་བ་སྙིང་པོས་ཞུས་པ་ལས། བཅོམ་ལྡན་འདས་དམ་པའི་ཆོས་འདི་ཐ་མར་ཇི་ལྟར་ནུབ་པར་འགྱུར། རྒྱུ་ཅི་ལས་ཉམས། སུས་མ་མཆིས་པར་བགྱིད། ཅེས་ཞུས་པ་ན། ང་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ། ངའི་བསྟན་པ་སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མང་དུ་འབྱུང་། །དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་སྤྱོད་པའང་མང་དུ་འབྱུང་། རྒྱལ་པོ་དང་སེམས་ཅན་ཕལ་ཆེར་ཆོས་ལ་དད་ཅིང་སྤྱོད་པ་ནི། ཕྱིར་ཞིང་ཉུང་བར་འགྱུར་རོ། །དེ་ནས་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང་། སེམས་ཅན་འདྲེན་པ་དང་ཐར་པར་བྱེད་པའི་སློབ་དཔོན་མང་དུ་འབྱུང་ལ། ཉན་ཐོས་ཀྱི་དགྲ་བཅོམ་པ་ཉིད་ནི་ཉུང་བར་འགྱུར་རོ། །རྒྱལ་པོ་དང་སེམས་ཅན་ཕལ་ཡང་ཉན་པ་ཙམ་དུ་ཟད་ཀྱི། ཉམས་སུ་ལེན་ཅིང་སྤྱོད་པ་ལ་བརྩོན་འགྲུས་མི་བྱེད་ལ་དད་པ་འབྲི་བར་འགྱུར་རོ། །དམ་པའི་ཆོས་ཀྱི་སྲུང་མ་རྣམས་ཀྱང་མི་དགའ་བར་འགྱུར་ཏེ། དམ་པའི་ཆོས་ལ་མ་དད་པ་རྣམས་ནི་སྔོན་བས་མཐུ་སྟོབས་སྐྱེའོ། །འཛམ་བུ་གླིང་གི་རྒྱལ་པོ་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་དམག་འདྲེན་ཅིང་འཁྲུག་པར་འགྱུར་རོ། །དེ་ལ་ལོ་ལྔ་བརྒྱའི་སུམ་བརྒྱར་ནི། དམ་པའི་ཆོས་སྤྱོད་པའི་ལྷ་ཀླུ་ལ་སོགས་པ་རྣམས་མི་གནས་ཤིང་། སེམས་ཅན་རྣམས་ཆོས་ལ་མ་དད་པར་འགྱུར། ཆོས་སྤྱོད་པ་རྣམས་ཀྱང་ཆོས་ཀྱི་གཞུང་བཞིན་མི་སྤྱོད་པ་དང་། བརྩོན་འགྲུས་ཆུང་བས་གྲུབ་པའང་ཉུང་བར་འགྱུར། ཁ་དོག་བཞི་དང་བཞི་ལས་གྱུར་པའང་དྲི་རོ་ལ་སོགས་པའང་ཆུང་བར་འགྱུར་རོ། །མི་ནད་དང་ཕྱུགས་ནད་དང་མུ་གེའང་འབྱུང་ངོ་། །ལོ་ཉིས་བརྒྱ་ལ་དགེ་སློང་ཡང་ཆོས་བཞིན་མི་སྤྱོད། འཇིག་རྟེན་གྱི་ཁེ་དང་གྲགས་པ་འཚོལ། སྙིང་རྗེ་ཆུང་། ཚུལ་ཁྲིམས་ལ་མི་གནས། དམ་པའི་ཆོས་མ་ནོར་བར་སྤྱོད་པ་ལ་ནི་སྐུར་པ་འདེབས། ལོངས་སྤྱོད་དང་ཡོ་བྱད་འཕྲོག །འཇིག་རྟེན་གྱི་རྒྱལ་པོའི་གསུང་ལ་བརྟེན་ཅིང་རྒྱལ་སྲིད་འཛིན། རྒྱལ་པོའི་འཕྲིན་པར་འགྲོ་ཞིང་ངོ་འཕྲད་འཚོལ། །རྒྱལ་པོ་དང་འབངས་འབྱེད་པའི་དབྱེན་བྱེད། ཉོ་ཚོང་དང་ཁེ་སྤོགས་བྱེད་ཐབས་ཚོལ། དམ་པའི་ཆོས་སྤྱོད་པའང་སྙིང་ནས་ཉམས་སུ་བླངས་ཏེ་མི་སྤྱོད་ཀྱི། ཕལ་ཆེར་ཁ་གསག་དང་ཚུལ་འཆོས་བྱེད་དོ། །དེའི་དུས་ན་ཆོས་ལ་དགའ་བའི་ལྷ་ཀླུ་ཐབས་ཅད་ཀྱིས་ཁམས་ཀྱི་དགེ་སློང་འདི་ལྟར་སྤྱོད་པའི་ས་གཞི་དེ་བོར་ཏེ་མི་གནས་ཤིང་། བདུད་ཀྱི་རིས་ལ་སོགས་པ་ཆོས་ཀྱི་བགེགས་རྣམས་དེར་འབྱུང་སྟེ། མཐུ་དང་སྟོབས་སྐྱེ་བར་འགྱུར། །རྒྱལ་པོ་དང་བློན་པོ་ལ་སོགས་པ་དད་པ་འབྲི་དགེ་སྡིག་གི་མཚམས་མི་ཟིན། དམ་པའི་ཆོས་ལ་རྨ་འབྱིན། དཀོན་མཆོག་གསུམ་གྱི་དཀོར་དང་དགེ་འདུན་གྱི་རྫས་ལ་རྐུ་འཕྲོག་བྱེད། སྡིག་པ་ལ་མི་འཛེམ། གཟུགས་བརྙན་དང་མཆོད་རྟེན་རྣམས་ཁད་ཀྱིས་བཤིག །མཆོད་པའི་ཡོ་བྱད་འབྲི། དེའི་ཚེ་དམ་པའི་ཆོས་མ་ནོར་བར་སྤྱོད་པའི་དགེ་སློང་དང་ཁྱིམ་པ་འགའ་གནས་པའི་བསོད་ནམས་ཀྱིས། ཡུལ་ཕྱོགས་སུ་ཁ་ཆར་དུས་སུ་འབབ་ཅིང་། ལོ་ལེགས་པ་དང་མི་ནད་ཕྱུགས་ནད་ཉུང་ཞིང་ཡུལ་བདེ་བ་དག་ཀྱང་འབྱུང་ལ། དེ་ལྟ་བུ་མི་གནས་པ་ཕལ་ཆེར་ནི་སྡུག་བསྔལ་དང་མི་བདེ་བ་སྣ་ཚོགས་འབྱུང་ངོ་། །དེའི་དུས་སུ་རྒྱ་གར་དང་། རྒྱ་མ་ཡིན་པའི་རྒྱལ་པོ་ཡ་བ་ན་དང་། བ་ལ་བཱ་དང་། ཤི་ཀུན་ན་ཞེས་བྱ་བ་གསུམ་འབྱུང་ཞིང་། དེ་དག་དམ་པའི་ཆོས་བཞིན་མི་སྤྱོད་པར་དམག་འདྲེན་ཅིང་འཐབ་རྩོད་བྱེད་པས་ནུབ་དང་བྱང་གི་ཡུལ་ཁམས་མང་པོ་མེད་པར་བྱས། ཡུལ་ཁམས་དེའི་མཆོད་རྟེན་དང་གཙུག་ལག་ཁང་བཤིག །མེས་བསྲེགས། མཆོད་པའི་ཡོ་བྱད་དང་། དཀོན་མཆོག་གི་དཀོར་ལ་སོགས་པ་ཕྲོགས་བཅོམ་སྟེ། རྒྱལ་པོ་དེ་གསུམ་གཅིག་ལ་གཅིག་གནོད་པ་བྱེད་པས། གསུམ་ཆར་གྱི་རྒྱལ་སྲིད་མི་བདེ་བར་གྱུར་ནས། རེ་ཞིག་དེ་དག་མཛའ་འདུམ་ཏེ། སྲིད་གཅིག་ཏུ་བྱས་ཏེ་དམག་མང་པོ་བསྡུས་ནས། རྒྱ་གར་གྱི་ཡུལ་གང་གཱའི་ཚུ་རོལ་ག་དྷ་ར་དང་མ་ཧཱ་དེ་ཤ་ལ་སོགས་པ་ཕྲོགས་ནས་འཛིན་པར་འགྱུར་རོ། །དེའི་ཚེ་གང་གཱའི་ཕ་རོལ་ལྷོ་ཕྱོགས་ན་ཀོའུ་ཤཱམྦཱིའི་ཡུལ་ན། རྒྱལ་པོ་མ་ཧེནྡྲ་སེ་ན་ཞེས་བྱ་བ་ལ། བུ་ཞིག་བཙས་པའི་མིང་དུ་པྲ་ས་ཧ་ཞེས་བྱ་བ། སྨིན་མཚམས་ན་ལྕགས་ཀྱི་སྨེ་བ་ཡོད་པ། ལག་པའི་གྲུ་མོ་མན་ཆད་ཁྲག་གིས་བསྐུས་པ་ཞིག་འབྱུང་ངོ་། །དེ་དང་དུས་མཉམ་དུ་བློན་པོ་ལྔ་བརྒྱ་ལ་བུ་ལག་པའི་མཁྲིག་མ་མན་ཆད་ཁྲག་ཅན་དུ་བྱས་པ་ལྔ་བརྒྱ་བཙའོ། །དེ་དག་དང་དུས་མཉམ་དུ། རྒྱལ་པོ་དེ་ལ་རྟེའུ་སྨྲ་ཤེས་པ་ཞིག་ཀྱང་འབྱུང་སྟེ་དེའི་ནུབ་མོ་ནམ་མཁའ་ལ་ཁྲག་གི་ཆར་འབབ་བོ། །རྒྱལ་པོས་དྲང་སྲོང་ལྔ་མངོན་པར་ཤེས་པ་ཅན་ཞིག་ལ་དེ་དག་གིས་མཚན་ལྟས་དྲིས་པས། དྲང་སྲོང་གིས་རྒྱལ་པོ་ཁྱོད་ཀྱི་བུས་འཛམ་བུའི་གླིང་གི་ས་གཞི་ལ་ཁྲག་གིས་གཤེར་བར་བྱས་ཏེ། དེའི་འོག་ཏུ་འཛམ་བུའི་གླིང་གི་རྒྱལ་པོ་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་ནོ། །དེ་ནས། རྒྱལ་བུ་བཙས་ནས་ལོ་བཅུ་གཉིས་ལོན་པ་དང་། སྔར་གྱི་རྒྱལ་པོ་ཡ་བ་ན་ལ་སོགས་པ་གསུམ་འདུས་པའི་དམག་སུམ་འབུམ་རྒྱལ་པོ་དང་ཆས་ཏེ། རྒྱལ་པོ་མ་ཧེ་ནྡྲ་སེ་ནའི་ཡུལ་དུ་དྲངས་པ་དང་། དམག་བྱུང་བས་རྒྱལ་པོ་མི་དགའ་སྟེ་མྱ་ངན་བྱེད་ཅིང་འདུག་པ་ལ། བུ་དུ་པྲ་ས་ཧས། ཡབ་ལ་འདི་ལྟ་བུའི་ཐུགས་མི་དགྱེས་པ་ཅི་ལས་གྱུར། ཅེས་དྲིས་པ་དང་། ཕ་ན་རེ། རྒྱལ་པོ་གསུམ་གྱི་དམག་བྱུང་བས་མི་དགའོ། །ཞེས་སྨྲས་པ་དང་། བུས། ཡབ་མི་དགྱེས་སུ་མ་མཛད་ཅིག །དམག་འདི་དག་བདག་གིས་ཐུབ་པར་བགྱིའོ། །ཞེས་སྨྲས་པ་དང་། ཕ་ན་རེ་ལེགས་སོ་ཞེས་ཟེར་ནས། དེ་ནས་རྒྱལ་བུ་དེ་བློན་པོའི་བུ་ཡ་མཚན་ཅན་ལྔ་བརྒྱ་ལ་སོགས་པ་དམག་ཉིས་འབུམ་དང་ཆས་ནས། འཐབ་མོ་བྱས་པའི་ཚེ། སྨིན་མཚམས་ནས་ལྕགས་ཀྱི་སྨེ་བ་བསྐྱེད་ནས། ལུས་རིལ་གྱིས་ལྕགས་སུ་བྱས་ཏེ། རབ་ཏུ་ཁྲོས་ནས་བརྒལ་བ་དང་། དུ་པྲ་ས་ཧའི་དམག་རྒྱལ་ཏེ་ཕྱིར་ལོག་པ་དང་། ཕ་ན་རེ། བུ་ཁྱོད་ཀྱིས། རྒྱལ་པོ་གསུམ་གྱི་དམག་འདི་ལྟ་བུ་དང་འཐབས་པ་ལས། རྒྱལ་བ་ལེགས་སོ། །ད་ཕྱིན་ཆད་ཁྱོད་ཀྱིས་རྒྱལ་སྲིད་ཟུང་ཤིག །ང་ནི་རབ་ཏུ་འབྱུང་ངོ་ཞེས་བསྒོས་ནས། རྒྱལ་སྲིད་བུས་བཟུང་ངོ་། །དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་རྒྱལ་པོ་གསུམ་གྱི་དམག་དང་འཐབས་པ་ལས་དམག་མང་པོའང་རིམ་གྱིས་གཏུགས། རྒྱལ་པོ་གསུམ་ཡང་བཟུང་ནས་མེད་པར་བྱས་སོ། །དེ་ཕན་ཆད་འཛམ་བུ་གླིང་གི་རྒྱལ་པོ་ཆེན་པོ་བྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོས། བློན་པོ་རྣམས་ལ་ང་འཛམ་བུའི་གླིང་གི་རྒྱལ་པོ་བྱེད་པ་ནི་དགའ་ན། སེམས་ཅན་མང་པོ་འདི་སྙེད་ཅིག་བསད་པའི་སྡིག་པ་ཆེ་བས། མི་དགའ་བས། སྡིག་པ་འདི་ཇི་ལྟ་བུ་བྱས་ན་འབྱང་བར་འགྱུར། ཞེས་དྲིས་པ་དང་། བློན་པོ་རྣམས་ན་རེ། ཡུལ་པཱ་ཌ་ལི་པུ་ཏྲ་ན་ཆོས་ཀྱི་མཁན་པོ་སྡེ་སྣོད་གསུམ་ཤེས་པ་བྲམ་ཟེ་ཨ་ཀ་ན་དྲ་དྷའི་བུ་སློབ་མ་ཅན་ཞེས་བགྱི་བ་ཞིག་དགོན་པ་ན་གནས་པ་དེ་སྤྱན་དྲངས་ན། སྡིག་པ་འབྱང་བར་བགྱིད་ནུས་སོ་ཞེས་ཟེར་བ་དང་། རྒྱལ་པོ་དགའ་ནས། དགེ་སློང་སློབ་མ་ཅན་སྤྱན་དྲངས་ནས་རྒྱལ་པོས་ཕྱག་བྱས་ཏེ། སྡིག་པ་རྣམས་ཐབས་ཅི་ཞིག་གིས་འབྱང་ཞེས་ཞུས་པ་དང་། དེས་དཀོན་མཆོག་གསུམ་ལ་ལོ་བཅུ་གཉིས་སུ་མཆོད་ཅིང་སྐྱབས་སུ་གསོལ་ན་སྡིག་པ་འབྱང་ངོ་ཞེས་བྱས་སོ། །དེ་ནས། འཛམ་བུའི་གླིང་ན་དགེ་སློང་འདུག་གོ་ཅོག་ལ་འགུགས་པ་བཏང་སྟེ། ཐམས་ཅད་ཀོའུ་ཤཱམ་བཱིར་བསྡུས་ནས། ཡུལ་གཞན་དུ་ཆོས་སྤྱོད་དུ་མི་སྟེར་བར་གྱུར་ཏོ། །དགེ་སློང་རྣམས་ཀྱང་ལམ་དུ་གཅན་གཟན་དང་། མི་རྒོད་དང་ཆུ་ལ་སོགས་པས་ཕལ་ཆེར་ཆུད་ཟོས་ནས། རྒྱལ་པོའི་དྲུང་དུ་འབུམ་ཙམ་ཞིག་གིས་ཕྱིན་པར་འགྱུར་རོ། །དེ་དག་ཕྱིན་པ་དང་རྒྱལ་པོས་མཆོད་སྟོན་གསོལ་ཡོན་ཕུལ་ཏེ་མཆོད་དོ། །དེ་ནས་དགེ་འདུན་རྣམས་ཕན་ཚུན་ཁྱོད་ཀྱི་མཁན་པོ་ག་རེ་སློབ་མ་གར་སོང་། གྲོགས་པོ་ཁྲིམས་ཟླ་ག་རེ། ཞེས་སོ་སོར་གཏམ་དྲིས་པ་དང་། གཅན་གཟན་དང་། མི་རྒོད་ཀྱིས་བསད་པ་དང་། ཆུས་ཁྱེར་བ་དང་ནད་ཀྱིས་བཏབ་སྟེ་ཤི་བ་ལ་སོགས་པའི་གཏམ་བྱས་པས། སོ་སོ་ནས་མྱ་ངན་ལངས་ཏེ། ངུད་མོས་འདེབས་ཤིང་བྲང་བརྡུང་པར་འགྱུར་རོ། །དེ་ནས་རྒྱལ་པོས་མྱ་ངན་མ་བྱེད་ཅེས་བསྒོ་ནས། དགེ་འདུན་རྣམས་ཀྱིས་མ་མཉན་པ་དང་། རྒྱལ་པོའང་མི་དགའ་སྟེ། ཁ་འོག་ཏུ་ཕྱོགས་ཏེ་ཉལ་ལོ། །ཉལ་བའི་ཚེ། ད་འཇིག་རྟེན་ཀྱི་དགེ་འདུན་ལ་ནི་སྐྱབས་མ་བྱུང་གི། དགྲ་བཅོམ་པའི་ཞལ་མཐོང་བར་ཤོག་ཅིག །ཅེས་སྨོན་ལམ་བཏབ་པ་དང་། འཇིག་རྟེན་གྱི་ལྷས་རྨི་ལམ་དུ་གནྡྷ་མ་ཧཱ་ནའི་རི་ལ་སུ་རཏྣ་ཤའི་བུ། དེས་པ་ཞེས་བྱ་བ་དགྲ་བཅོམ་པ་ཞིག་བཞུགས་ཏེ། དེ་སྤྱན་དྲངས་ན་སྡིག་པ་འབྱང་ཞིང་། ཐེ་ཚོམ་ཡང་སེལ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང་། རྒྱལ་པོས། རྨི་ལམ་བཞིན་དུ་སད་མ་ཐག་ཕོ་ཉ་བཀྱེ་སྟེ། འཕགས་པ་སྤྱན་དྲངས་ཏེ་མཆོད་ཅིང་ཕྱག་བྱས་སོ། །དེ་ནས་ཚེས་བཅུ་བཞིའི་ནུབ་མོ་དགེ་འདུན་འདུས་པའི་ནང་ནས་དགེ་སློང་གསར་ཞུགས་རྣམས་ཀྱིས་མཁན་པོ་སློབ་མ་ཅན་ལ་འདུལ་བ་བཤད་པར་གསོལ་བ་དང་། སློབ་མ་ཅན་ན་རེ། མི་ལ་མིག་ཞར་སྣ་དང་རྣ་བ་མེད་ན། མེ་ལོང་གིས་ཅི་བྱར་ཡོད། འདུལ་བ་བཤད་ཀྱང་། ཁྱེད་འདུལ་བ་བཞིན་མི་སྤྱོད། ཆོས་ཁྲིམས་མི་བསྲུང་བ་ལ་འདུལ་བ་བཤད་པས་ཅི་ཕན་ཟེར་བ་དང་། དགྲ་བཅོམ་པ་དེས་པས། སེང་གེའི་སྒྲ་བཞིན་དུ། ངས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཁྲིམས་མནོས་ནས། ད་ཙམ་གྱི་བར་དུ་རྩྭ་མཆོག་ཙམ་ཡང་མ་ཉམས་ན། དེ་སྐད་མ་ཟེར་བར་འདུལ་བ་ཤོད་ཅེས་སྨྲས་པ་དང་། མཁན་པོ་སློབ་མ་ཅན་གྱིས། དགྲ་བཅོམ་པ་ཡིན་པར་ཤེས་ནས། རབ་ཏུ་གནོང་སྟེ་ཅང་མི་སྨྲ་བར་འདུག་གོ། དེ་ནས་སློབ་མ་ཅན་གྱི་སློབ་མ་དགེ་སློང་དཔུང་རྒྱན་ཞེས་བྱ་བ་སྟན་ལས་ལངས་ཏེ། དགྲ་བཅོམ་པ་ལ། ཁྱོད་ཁྲིམས་ཀྱང་མེད་འདུལ་བ་ཡང་མི་ཤེས་པར་ངའི་མཁན་པོ་སྡེ་སྣོད་གསུམ་ལ་མཁས་པ་ལ་ཅིའི་ཕྱིར་བརྙས་ཞེས་ཁྲོས་ནས། དགྲ་བཅོམ་པ་བརྡེགས་ཏེ་བསད་དོ། །དེ་ནས་དམ་པའི་ཆོས་ལ་དགའ་བའི་གནོད་སྦྱིན་ཞོ་གདོང་ཞེས་བྱ་བས་རྡོ་རྗེ་ཐོགས་ཏེ། མངོན་དུ་བྱུང་ནས་དགེ་སློང་དཔུང་རྒྱན་ཅན་ལ་ཅིའི་ཕྱིར་དགྲ་བཅོམ་པ་གསོད་ཅེས་ཟེར་ནས་རྡོ་རྗེས་བརྡེགས་ཏེ་བསད་དོ། །དགེ་སློང་གེ་རད་ཅེས་བྱ་བས་སློབ་མ་ཅན་བསད་དོ། །ཞེས་འབྱུང་ངོ་། །དེ་ནས་དགེ་སློང་ཐམས་ཅད་ཕན་ཚུན་གཅིག་གིས་གཅིག་བསད་དེ། གཅིག་ཀྱང་མ་ལུས་སོ། །དེའི་ཚེ་ནམ་མཁའ་ལ་ལྷ་ཀླུ་ལ་སོགས་པ་ཆོས་ཀྱི་སྲུང་མ་ཕལ་པོ་ཆེ་མི་དགའ་ནས། ངུས་པའི་མཆི་མ་ནི་ཁྲག་དང་མེའི་ཆར་དུས་གཞི་དེར་འབབ་བོ། །ནམ་མཁའང་སེར་པོ་དང་། ནག་པོ་དང་། དམར་པོར་གྱུར། གློག་དང་སྒྲ་ཆེན་པོ་ཡང་འབྱུང་། སྐར་མ་དྷུ་མ་ཀེ་ཏུ་ཞེས་བྱ་བའི་ལུས་ལས་དུ་བ་ནག་པོ་ཞིག་བྱུང་སྟེ། ཉི་ཟླ་ལ་སོགས་པའི་འོད་ཀྱང་མི་སྣང་ངོ་། །དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་དང་། ཡུམ་སྒྱུ་འཕྲུལ་ཆེན་མོ་ལ་སོགས་པ་འོངས་ནས། མྱ་ངན་བྱེད་ཅིང་། དགེ་འདུན་གྱི་གོས་ཚོན་ཅན་ཐམས་ཅད་བསྡུས་ཏེ་སུམ་ཅུ་རྩ་གསུམ་དུ་ཁྱེར་རོ། །དེ་ནས་རྒྱལ་པོས་འདི་ལྟ་བུའི་ཅ་ཅོ་ཆེན་པོ་ཅི་ལས་བྱུང་ཞེས་དྲིས་པས་དགེ་འདུན་འཁྲུགས་ནས་གཅིག་གིས་གཅིག་བསད་པར་གྱུར་ཏོ། །ཞེས་གསོལ་བ་དང་། རྒྱལ་པོ་མ་དགའ་ནས་ལངས་ཏེ། ཐོ་རངས་ཕྱི་རོལ་གྱི་ལྷ་ཁང་དུ་བལྟར་ཕྱིན་པ་དང་། དགེ་འདུན་ལ་ལ་ནི་མགོ་བཅད། ལ་ལ་ནི་རྐང་ལག་བཅད། ཁ་ཅིག་ནི་མིག་ཕྱུང་སྟེ། སྣ་ཚོགས་སུ་ཤི་བ་མཐོང་ནས། མྱ་ངན་ལངས་ཏེ། དགྲ་བཅོམ་པ་དང་སྡེ་སྣོད་གསུམ་པ་སློབ་མ་ཅན་གྱི་པུར་བཙལ་ཏེ། མཆན་ཁུང་གཡས་གཡོན་དུ་བཅུག་ནས། དགྲ་བཅོམ་པ་ནི་ངའི་མ་ཡིན། སྡེ་སྣོད་གསུམ་པ་ནི་ཆོས་ཀྱི་མཛོད་ཡིན་ཏེ། འདི་གཉིས་འདས་པས། ད་ཕྱིན་ཆད་ངའི་སྲོག་ཀྱང་གཅེས་པ་མེད་དོ། །རྒྱལ་སྲིད་ཀྱང་སུ་འདོད་པ་ལ་སྦྱིན་ནོ། །ཞེས་སྨྲས་ནས་མིག་ཀྱང་བཙུམས་ཏེ་མི་བལྟ་བར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་མྱ་ངན་བསང་པའི་ཕྱིར། མི་ལྔ་བརྒྱར་རབ་ཏུ་བྱུང་བར་བཅོས་ཏེ། སྐྲ་དང་ཁ་སྤུ་བྲེག་ཏུ། སྤུ་གྲིས་མ་ཆོད་ནས། མེས་བསྲེགས་ཏེ། ཕྱུགས་སེར་པོ་དང་། དམར་པོའི་ཀོ་བ་བསྐོན་ཏེ། རྒྱལ་པོའི་དྲུང་དུ་འོངས་ནས་རབ་ཏུ་བྱུང་བ་ལྔ་བརྒྱ་འོངས་སོ། །ཞེས་གསོལ་བ་དང་། རྒྱལ་པོ་དགའ་ནས་མིག་ཕྱེ་སྟེ་བལྟས་པས། ཐམས་ཅད་ཕྱུགས་ཀྱི་ཀོ་བ་གྱོན་ཞིང་། སྐྲ་དང་ཁ་སྤུ་མེས་བསྲེགས་པ་མཐོང་ནས། དཀོན་མཆོག་གསུམ་ལ་མཆོད་པའི་ཡོ་བྱད་ཁྱེར་ལ་ཤོག་ཅེས་བསྒོ་ནས། དེ་རྣམས་ལ་མཆོད་དོ། །དེ་ནས་རྒྱལ་པོས་དེ་དག་ལ་ཆོས་དྲིས་པས། ཆོས་ཚིག་གཅིག་ཀྱང་མི་ཤེས་ནས། རྒྱལ་པོ་ཡང་མྱ་ངན་ལངས་ཏེ་ངུའོ། །དེ་ནས་དགེ་སློང་རྣམས་ཀྱི་རོ་ཐམས་ཅད་བསྡུས་ཏེ། བསྲེགས་ནས་མཆོད་པ་བྱེད་དོ། །དེའི་ཚེ་འཛམ་བུ་གླིང་གི་དམ་ཆོས་རིལ་ནུབ་བོ། །དེ་ནས་གསེར་ནི་དངུལ་ངན་པ་དང་རྡོར་འགྱུར། དངུལ་ནི་ར་གན་ངན་པ་དང་རྡོར་འགྱུར་རོ། །ར་གན་ནི་ཟངས་སུ་འགྱུར། མུ་ཏིག་ནི་རྭ་རུ་འགྱུར། རོ་དྲུག་ལས་ཁ་བ་དང་སྐྱུར་བ་གཉིས་ལུས་སོ། །ཞེས་འབྱུང་ངོ་། །དགེ་འདུན་འཕེལ་གྱིས་ལུང་བསྟན་པ་ལ་སོགས་ལས། སྐུ་ལུགས་མ་ལ་སོགས་པ་ནི་ཀླུའི་ཡུལ་དུ་སྤྱན་འདྲེན་ནོ། །ཡི་གེ་ཐམས་ཅད་རང་བྱི་བར་འགྱུར་རོ། །གོས་ཐམས་ཅད་རྩུབ་མོར་འགྱུར། རོ་ཁ་བ་དང་བསྐ་བ་མ་གཏོགས་པ་དང་། རིན་པོ་ཆེ་ཐམས་ཅད་ནུབ་པར་འགྱུར་ལ། རྒྱལ་པོ་དེའང་བསྟན་པ་ནུབ་པའི་མྱ་ངན་གྱིས་འཆི་བར་འགྱུར་རོ་ཞེས་བཤད་དོ། །དེ་དག་ཀྱང་བསྟན་པ་ལོ་ཉིས་སྟོང་གི་དབང་དུ་བྱས་ནས་གསུངས་ལ། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པར། དེ་དག་སྔར་བྱུང་ཟིན་པར་བཤད་པར་གསལ་ལོ། །སྤྱིར་བསྟན་པ་ནུབ་པའི་རྒྱུ། སངས་རྒྱས་ཀྱི་སྨོན་ལམ་གྱི་འཕེན་པ་ཟད་པ་དང་། བསྟན་པའི་གདུལ་བྱ་ཟད་པ་ཡིན་ལ། རྐྱེན་ནི། མདོ་དག་ལས། དགེ་སྦྱོང་རྣམས་རང་གི་ལྟ་སྤྱོད་ལས་ཉམས་པ་དང་། སྦྱིན་བདག་རྣམས་བསྟན་པ་ལ་དད་པ་བྲི་བ་དང་། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང་ཡི་དྭགས་ཀྱིས་བར་ཆད་བྱས་པ་གསུམ་གྱིས་ནུབ་པར་འགྱུར་བར་གསུངས་པ་ལ། སྟོན་པ་འདིའི་བསྟན་པ་འཇིག་པའི་རྐྱེན་དང་པོ་གཉིས་སུ་གསལ་ལོ་གསུང་ངོ་། །ནུབ་དུས། ཚེ་ལོ་བཞི་བཅུ་པའི་དུས་སུ་ནུབ་པར་གདགས་པ་ལས་བཤད་ཟེར་རོ། །ཆག་ན་རེ། སུམ་ཅུ་པའི་དུས་སུ་ཟེར་ཏེ། ཤེས་བྱེད་མ་མཐོང་ངོ་། །སྙིང་རྗེ་པད་དཀར་ལས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ་པའི་རྗེས་ལ། སྐུ་གདུང་རྣམས་འོག་ཏུ་གསེར་གྱི་ས་གཞིའི་མཐར་ཐུག་པར་འགྲོ་ཞིང་། ནམ་མི་མཇེད་ཀྱི་འཇིག་རྟེན་དུ་རིན་པོ་ཆེས་ཕོངས་པའི་ཚེ། སྐུ་གདུང་དེ་དག་ནོར་བུ་བཻ་ཌཱུརྱ་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་ནས། དབུལ་བ་སེལ་བ་དང་། དེ་ནས་ཡང་སྐུ་གདུང་དེ་དག་སྟེང་དུ་ཡང་འོག་མིན་གྱི་བར་དུ་འཕགས་ནས། མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་ལ། མེ་ཏོག་གི་ཆར་དེ་དག་ལས་དཀོན་མཆོག་གསུམ་གྱི་སྒྲ་ལ་སོགས་པ་ཆོས་ཀྱི་སྒྲ་སྣ་ཚོགས་འབྱུང་ཞིང་། ཆོས་ཀྱི་སྒྲ་དེ་རྣམས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་ཐོས་པས་སྔོན་བྱས་པའི་དགེ་བ་དྲན་ནས་དེ་དག་འཛམ་བུའི་གླིང་དུ་བབས་ཏེ། མི་རྣམས་དགེ་བ་བཅུ་ལ་འགོད་པར་འགྱུར་བ་དང་། ཡང་མེ་ཏོག་ནམ་མཁའ་ལ་རིན་པོ་ཆེ་སྣ་ཚོགས་སུ་གྱུར་ནས། མི་མཇེད་དུ་འབབ་ཅིང་། མི་མཇེད་ཀྱི་སེམས་ཅན་རྣམས་ཀྱི་འཐབ་རྩོད་ལ་སོགས་པ་རྣམས་ཞི་ཞིང་ནད་མེད་པ་དང་ལོ་ལེགས་པ་ལ་སོགས་པ་དང་། སེམས་ཅན་གང་གིས་རིན་པོ་ཆེ་དེ་དག་མཐོང་བ་དང་། རེག་པ་དང་ལོངས་སྤྱོད་པ་དེ་དག་ཀྱང་། ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པར་བྱས་ཏེ། སླར་ཡང་སྐུ་གདུང་དེ་དག་གསེར་གྱི་ས་གཞིའི་མཐར་ཐུག་པར་གནས་པར་འགྱུར་རོ། །དེ་བཞིན་དུ་མཚོན་དང་མུ་གེ་དང་ནད་ཀྱི་བསྐལ་པ་བར་མ་གསུམ་འབྱུང་བའི་དུས་སུའང་སྐུ་གདུང་དེ་དག་ནོར་བུ་རིན་པོ་ཆེ་ཨིནྡྲི་རྙིལ་དུ་གྱུར་ནས། སྟེང་དུ་འོག་མིན་གྱི་བར་དུ་འཕགས་ནས་གནས་ཏེ། སྔ་མ་ལྟར་མེ་ཏོག་གི་ཆར་འབེབས་ཤིང་། ཆོས་ཀྱི་སྒྲ་སྒྲོགས་པ་དང་། རིན་པོ་ཆེའི་ཆར་འབེབས་པ་དང་། མི་མཐུན་པའི་ཕྱོགས་རྣམས་ཞི་བར་བྱས་ཏེ། སླར་ཡང་གསེར་གྱི་ས་གཞིའི་མཐར་ཐུག་པར་གནས་པར་འགྱུར་བར་གསུངས་ལ། དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས། འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན། གནས་བརྟན་ཆེན་པོ་བཅུ་དྲུག་གིས་སའི་སྟེང་ན། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་ཆོས་ཀྱི་ཚོགས་ཇི་སྙེད་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་དེར་བཞུགས་པ་ལ་ཀུན་ནས་བསྐོར་ཏེ། སྐྱིལ་ཀྲུང་བཅས་ཏེ་འདུག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ། ཕྱག་བྱས་ནས་གནས་བརྟན་དེ་དག་ཀྱང་ལྷག་མེད་དུ་མྱ་ངན་ལས་འདའ་ལ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་ཡང་ནུབ་ནས་འོག་གི་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཞིང་། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུར་རོ། །དེ་ནས་དེའི་རྗེས་ལ་རང་སངས་རྒྱས་བྱེ་བ་ཕྲག་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་སྐྱེ་དགུ་རྣམས་ཀྱིས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་འབྱུང་ངོ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཚེ་ལོ་བཅུ་པ་ནས་བྱམས་པ་མ་བྱོན་གྱི་བར་བསྐལ་པ་ཡར་འཕེལ་ལ་རང་སངས་རྒྱས་བརྒྱད་ཁྲི་འབྱུང་བར་གསུངས་སོ། །ཁ་ཅིག །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས། ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་ན། སངས་རྒྱས་བྱམས་པ་འབྱུང་ངོ་ཟེར་རོ། །རྒྱལ་བའི་བསྟན་པ་ནོར་བུ་རིན་ཆེན་སྒྲོན། །དགེ་ལེགས་ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །དུས་ཀྱི་དབང་གིས་ཡོངས་སུ་གཏུགས་གྱུར་ཅིང་། །མེ་ཏོག་རླན་དང་བྲལ་བ་བཞིན་དུ་ཉམས། །ད་ནི་བསྟན་པ་རིང་དུ་མི་གནས་ཤིང་། །ཚེ་ནི་མི་བརྟན་རླུང་ནང་མར་མེ་བཞིན། །ལས་ཉོན་འཆི་བདག་བདུད་ནི་སྟོབས་ལྡན་པས། །བསྟན་ལ་བག་ཡོད་བྱོས་དང་རིན་ཆེན་གྲུབ། །ཚུལ་འདི་ཤཱཀྱའི་སྲས་ཀྱི་དགེ་སློང་གང་། །ཚེ་འདིའི་དབང་གྱུར་ཡང་དག་ཏིང་འཛིན་བྲལ། །ནེ་ཙོ་ལྟ་བུའི་བུ་སྟོན་ཁ་ཆེས་བྲིས། །དགེ་བས་མྱུར་དུ་མི་ཕམ་ཞལ་མཐོང་ཤོག །ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ལས། སྤྱིར་འཇིག་རྟེན་དུ་ཆོས་བྱུང་ཚུལ་གྱི་ལེའུ་སྟེ་གཉིས་པའོ།། །།
གཉིས་པ། ཁྱད་པར་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ།
སྤྱི་དོན་གཉིས་པ་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ་ལ་གསུམ་སྟེ། བསྟན་པ་སྔ་དར་གྱི་རྣམ་གཞག །ཕྱི་དར་གྱི་རྣམ་གཞག །དེ་དག་ཏུ་ཆོས་བསྒྱུར་བའི་དཀར་ཆག་བསྟན་པའོ། །
དང་པོ་ལ། སྤྱིར་བོད་ཀྱི་ཡུལ་དུ། མིའི་འགྲོ་པ་དང་པོ་བྱུང་ཚུལ་ནི། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པར། སྐྱ་སེང་བུ་ལྔ་དང་། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་དུས་སུ། རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ། རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས། འཕེལ་བ་ཡིན་པར་བཤད་ཅིང་། བོད་ཀྱི་གཏམ་ལས། སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པར་འཆད་དེ། དེ་དག་རྒྱས་པར་གཞན་དུ་བལྟའོ། །བོད་ཀྱི་རྒྱལ་རྒྱུད་ནི། ཁ་ཅིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་བོད་རྣམས་བདུད་དང་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་མནར་བའི་དུས་སུ། བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་བ་སོར་མོ་དྲ་བས་འབྲེལ་བ། མཚན་ལྡན་ཞིག་བྱུང་བས་སྐྲག་སྟེ། ཟངས་ཁ་སྦྱོར་དུ་བཅུག་སྟེ། གཾ་གཱ་ལ་བསྐྱུར་བ་ཞིང་པས་རྙེད་དེ་གསོས། དེ་ཆེར་སྐྱེས་པ་ན། སྔར་གྱི་གཏམ་བཤད་པས་ཡིད་སྐྱོ་སྟེ། གངས་རིའི་ཕྲག་ཏུ་བྲོས་པ་ན། རིམ་གྱིས་ལྷ་རི་ཡོལ་པའི་ཁར་བྱུང་སྟེ། བཙན་ཐང་སྒོ་བཞིར་བྱོན་པ་ལ། བོན་པོ་རྣམས་དམུ་ཐག་དང་དམུ་སྐས་ལ་ཡོངས་བས་ལྷ་ཡིན་ཟེར་རོ། །དེ་ནས་ཁྱེད་སུ་ཡིན་དྲིས་པས་བཙན་པོ་ཟེར་རོ། །གང་ནས་བྱོན་དྲིས་པས་ནམ་མཁའ་ལ་མཛུབ་མོ་སྦྲེང་ཞིང་། སྐད་མ་གོ་ནས། ཤིང་གི་ཁྲི་ལ་བཞག་སྟེ་མི་བཞིའི་གཉའ་བ་ལ་ཁུར་ནས། འདི་ལ་ཁོ་བོ་ཅག་གི་ཇོ་བོ་བྱའོ་ཟེར་ཏེ། མིང་ཡང་གཉའ་ཁྲི་བཙན་པོར་བཏགས། རྒྱལ་པོ་སྔ་ཤོས་ཡིན་ནོ། །དེའི་སྲས་དམུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི། དེའི་སྲས་སོ་ཁྲི། དེའི་སྲས་ཡེ་ཁྲི། དེའི་སྲས་གདགས་ཁྲི། དེའི་སྲས་སྲི་ཁྲི་བཙན་པོ་དང་བདུན་ལ་ཁྲི་བདུན་ཟེར་ཞིང་། ཐ་མ་དེའི་རིང་ལ་རྡོལ་བོན་དར་རོ། །དེའི་སྲས་གསུམ་གྱི་བྱ་ཁྲི་ལ་སྤུ་ལྡེ་གུང་རྒྱལ་ཞེས་བཏགས། དེའི་སྲས་ཨ་ཤོ་ལེགས། དེའི་སྲས་ཨི་ཤོ་ལེགས་ཀྱིས་འཆིང་བར་སྟག་རྩེ་བརྩིགས་ཏེ། མཁར་སྔ་ཤོས་ཡིན་ནོ། །དེའི་སྲས་དེ་ཤོ་ལེགས། དེའི་སྲས་གུ་རུབ་ལེགས། དེའི་སྲས་འབྲོང་རྗེ་ལེགས། དེའི་སྲས་ཐོ་ཤོ་ལེགས་ཏེ། དྲུག་ལ་སའི་ལེགས་དྲུག་ཟེར་རོ། །དེའི་སྲས་རྒྱལ་ཟ་རྣམ་ཟིན་ལྡེ། དེའི་སྲས་ལྡེ་སྣོལ། གནམ་ནས་བཟུང་སྟེ། ཁྲི་ཐོག་རྗེ་ཐོག་བཙན་གྱི་བར་ཡན་ཆད་རྒྱལ་རབས་ཉི་ཤུ་རྩ་དྲུག་ན། ལྷ་ཐོ་ཐོ་རི་གཉན་བཙན་བྱོན་པའི་ཚེ། དགུང་ལོ་དྲུག་ཅུ་ཐུབ་པ་ན། ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན། བཞུགས་པ་ན་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བས། ཟ་མ་ཏོག་བཀོད་པ། པང་གོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན་ཞིག་བྱུང་སྟེ། མིང་གཉན་པོ་གསང་བར་བཏགས་ཏེ་མཆོད་པས། ལོ་བརྒྱ་ཉི་ཤུར་ཐུབ་སྟེ། དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་། དེ་ཡན་ཆད་ནི་ཆབ་སྲིད་བོན་གྱིས་བསྐྱངས་སོ། །དེའི་རྨི་ལམ་ན། མི་རབས་ལྔ་ན། འདི་ཤེས་པ་འབྱུང་ཞེས་ལུང་བསྟན་ནོ། །དེའི་སྲས་ཁྲི་གཉན་ཟུང་བཙན། དེའི་སྲས་འབྲོ་གཉན་ལྡེ་རུ། དེའི་སྲས་སྟག་རི་གཉན་གཟིགས་དམུས་ལོང་ཞིག་སྐྱེས་པ་རྒྱལ་སར་བཏོན་ཏེ། གཉན་པོ་གསང་བ་མཆོད་པས་སྤྱན་ཕྱེ་སྟེ། སྟག་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་དེ་ལྟར་གྲགས་སོ། །དེའི་སྲས་གནམ་རི་སྲོང་བཙན་དང་། བཙུན་མོ་ཚེ་སྤོང་བཟའ་འབྲི་བཟའ་ཐོད་དཀར་གྱི་སྲས་མཚན་དང་ལྡན་པ། དབུ་ལ་ཨ་མི་དེ་བ་བཞུགས་པ་ཞིག །མེ་མོ་གླང་ལ་བལྟམས་ཏེ། ཁྲི་ལྡེ་སྲོང་བཙན་དུ་བཏགས་ཏེ། དབུའི་འོད་དཔག་མེད་དར་ལེ་བརྒན་གྱིས་དཀྲིས་ཏེ། ལོ་བཅུ་གསུམ་པ་ལ་རྒྱལ་སར་བཏོན། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་ཏེ། སྐྱེས་འབུལ། འཕྲིན་ཡིག་ཀློག་གོ། དེ་ལས་བོད་ལ་ཡི་གེ་མེད་པས། ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་བས། པཎྜི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ། བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ། གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས། ལྷ་སའི་སྐུ་མཁར་མ་རུར་བཅོས་ནས། ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་དེ། རྒྱལ་པོས་ལོ་བཞི་རུ་མཚམས་བཅད་དེ་བསླབས་སོ། །མདོ་ཟ་མ་ཏོག་བཀོད་པ་དང་། པང་གོང་དང་། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་རོ། །དེའི་ཚེ་བོད་འབངས་ཀྱིས་རྒྱལ་པོ་ལ་གཤེ་བ་གསན་ནས། དགེ་བ་བཅུའི་ཁྲིམས་བཅས་ཏེ། བོད་རྣམས་ཆོས་ལ་བཀོད་པས། མིང་སྲོང་བཙན་སྒམ་པོར་གྲགས་སོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་ནས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་སྤྱན་དྲངས། བལ་བོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་བལ་མོ་ཁྲི་བཙུན་ཁབ་ཏུ་བཞེས་པས། དེས་ལྷ་མི་བསྐྱོད་རྡོ་རྗེ་བྱམས་པ། ཙན་དན་གྱི་སྒྲོལ་མ་རྣམས་སྤྱན་དྲངས། རྒྱའི་རྒྱལ་པོ་སེང་གེ་བཙན་པོའི་སྲས་རྒྱ་མོ་ཀོང་ཅོ་བཞེས་ཏེ། དེས་འཕྲུལ་སྣང་གི་ཇོ་བོ་གདན་དྲངས་སོ། །དེ་ནས་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་འདོད་ཀྱང་། བཞེངས་སུ་མ་བཏུབ་པར། བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བ་འདི་མནན་དགོས་པར་གཟིགས་ནས། དཔུང་པ་གཡས་ལ་སྐ་ཚལ། གཡོན་ལ་ཁྲ་འབྲུག །རྐང་པ་གཡས་ལ་གཙང་འགྲམ། གཡོན་ལ་གྲོམ་པ་རྒྱང་སྟེ། རུ་བཞིའི་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག་ཁོམ་ཐིང་། པུས་མོ་གཡས་ལ་སྐ་བྲག །གཡོན་ལ་པྲ་དུམ་རྩེ་སྟེ་མཐའ་འདུལ་བཞི། ལག་མཐིལ་གཡས་ལ་བྱང་ཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་འདན་གློང་ཐང་སྒྲོལ་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་སྤ་གྲོ་སྐྱེར་ཆུ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེངས་ནས་གདོད་འོ་ཐང་མཚོ་ལ་རྡོ་མཁར་བརྩིགས་ཤིང་གིས་ཕུབ། ཀླུའི་འདག་པས་ཞལ་ཞལ་བྱས་ཏེ། ར་ལ་ས་བསྐྱས་ནས་བརྡལ་ཏེ། ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། གློ་འབུར་བྱང་མར་བཟོ་རྒྱུ་སྤུངས་པ་ལས། རང་བྱོན་དུ་བྱོན་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་སུ་གསོལ་ལོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས། ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱ་མོ་ཀོང་ཅོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་སོ། །དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར་དང་། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་ཚེ་དང་། ལོ་ཙྪ་བ་ཐོན་མི་སཾ་བྷ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས། ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་བོ། །རྒྱལ་པོ་དེ་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་། ལིའི་བཙུན་པ་གཉིས་ཀྱི་ལོ་རྒྱུས་ཡོད་དོ། །རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བཟུང་སྟེ། བརྒྱད་ཅུ་རྩ་གཉིས་ལ་གཤེགས་སོ། །དེ་དང་མཉམ་དུ་ཀོང་ཅོའི་ཞལ་ནས། ལྷ་ཤཱཀྱ་མུ་ནི་ར་མོ་ཆེ་ནས་གདན་དྲོངས་ལ། འཕྲུལ་སྣང་གི་གློ་འབུར་དུ་སྦོས་ལ། སྒོ་ལ་ཞལ་ཞལ་གྱིས་ལ། འཇམ་དབྱངས་བྲིས་ཤིག་གསུང་སྟེ། ཁྲི་བཙུན་དང་མཉམ་དུ། གསུམ་གར་ཐུགས་རྗེ་ཆེན་པོ་ལ་ཐིམ་པའམ་འདས་སོ། །བློན་པོ་རྣམས་ཀྱིས་ཀྱང་ལྷ་གཉིས་བརྗེས་ཏེ། ཞལ་ཆེམས་ལྟར་བྱས་སོ། །རྒྱལ་པོ་དེའི་སྲས་མང་རོང་མང་བཙན། དེའི་སྲས་གུང་སྲོང་གུང་བཙན། དེའི་སྲས་འདུས་སྲོང་མང་པོ་རྗེ་བློ་ནམ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་ལྡེ་གཙུག་བརྟན་ཏེ། དེས་ལྷ་ས་མཁར་བྲག །མཆིམས་ཕུ་གནམ་སྲས། དར་འཕུར་མཁར་ལྷག །མདོ་སྨད་དུ་ལིང་ཆུ་ཁྲི་རྩེ། བྲག་དམར་དུ་སྐ་ཆུ་ཤར་སྒོ། འཕང་ཐང་ཀ་མེད། ཀ་ཆུ་བན་ཆུང་། བྲག་དམར་འབྲིན་བཟངས་ལ་སོགས་པ་བཞེངས། བྲན་ཀ་མུ་ལ་ཀོ་ཤ་དང་། གཉགས་ཛྙཱ་ན་ཀུ་མ་རས་མདོ་སྡེ་ལས་བརྒྱ་པ་དང་། གསེར་འོད་དམ་པ་གཉིས་བསྒྱུར། རྩིས་དང་སྨན་དཔྱད་ལ་སོགས་པ་བསྒྱུར་ཏེ། ཆོས་སྲོལ་ཆེར་མཛད་དོ། །དེའི་སྲས་འཇང་ཚ་ལྷ་དཔོན་ལ། རྒྱའི་རྒྱལ་པོའི་སྲས་གྱིམ་ཤང་ཀོང་ཅོ་བླངས་པས་བུ་ཤི་སྟེ། མེས་དང་འདུས་ནས་ལྷ་ཤཱཀྱ་མུ་ནེ་བཙལ་ཏེ་མཆོད་པ་བྱས་སོ། །དེ་ལ་སྲས་མཚན་ལྡན་ཞིག་ས་ཕོ་རྟ་ལ་འཁྲུངས་ཏེ། རྒྱལ་པོ་ལ་འཕང་ཐང་དུ་བསྟན་པར་ཆས་པ་ན། བུ་སྣ་ནམ་ཟས་ཕྲོགས་ཏེ། སྣ་ནམ་གྱི་བུར་བྱས་ནས། ཁྲི་སྲོང་ལྡེ་བཙན་ཞེས་གྲགས་སོ། །དེ་ཆུང་བའི་དུས་སུ་རྒྱའི་ཡུལ་དུ་སང་ཤི་ལ་སོགས་མི་བཞི་ཆོས་ཚོལ་དུ་བཏང་ངོ་། །དེའི་དུས་སུ་ཧྭ་ཤང་མངོན་ཤེས་ཅན་གྱིས། བོད་ཀྱི་ཕོ་ཉ་བ་འཕགས་པ་བྱང་སེམས་ཀྱི་སྤྲུལ་ཞིག་འོང་སྟེ། འདི་འདྲའོ་ཞེས་འབག་བྱས་སོ། །སླེབ་པ་དང་རྒྱའི་རྒྱལ་པོས་བསྙེན་བཀུར་བྱས། ཧྭ་ཤང་ཞིག་དང་བཅས་བ་བརྫངས་ཏེ། བོད་དུ་སླེབ་པ་ན་རྒྱལ་པོ་འདས། རྒྱལ་བུ་ཆུང་བས་བློན་པོ་རྣམས་ཀྱིས་ཆོས་ཁྲིམས་བཤིག་སྟེ། ཆོས་བྱེད་པ་རྣམས་སྤྱུག་པར་བྱས། ལྷ་ཤཱཀྱ་མུ་ནེ་རྒྱའི་ཡུལ་དུ་སྐྱེལ་བར་བརྩམས་པས། མི་སུམ་བརྒྱས་མ་ཐེག་པར་བྱེ་བྲིམས་སུ་སྦས། ལྷ་སར་བཤའ་ར་བྱས་སོ། །དེའི་ཚེ་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་ཞེས་བྱ་བ་རྒྱབ་གས་ནས་ཤི། ཅོག་གྲུ་སྐྱེས་ངས་རྒྱལ་འགོང་བྱ་བ་བསྐམས་ནས་ཤི་བས། ལྷ་བྱེ་འོག་ཏུ་བཅུག་པས་ལན་ཟེར་ནས། དྲེའུ་གཉིས་ཀྱིས་བཏེག་ནས། ལྷ་མང་ཡུལ་སྐྱིད་གྲོང་དུ་བསྐྱལ་ལོ། །མཁར་བྲག་དང་། འབྲིན་བཟང་གཉིས་བཤིག་གོ། དེའི་ཚེ་བ་ལང་གླག་གི་སྦ་གསལ་སྣང་གི་བུ་ཚ་མིང་སྲིང་གཉིས་དུས་གཅིག་ལ་གུམ་ནས། ཧྭ་ཤང་གིས་ཆོ་ག་བྱས་ཏེ་བུ་མོ་ལོ་དུས་ན་རང་གི་བུར་སྐྱེས་ཏེ། དྲན་པ་ཞིག་བྱུང་སྟེ། རྒྱལ་བུས་མང་ཡུལ་གྱི་ཁ་བློན་པོར་བསྐོས་ཏེ་བཏང་ངོ་། །དེའི་ཚེ་སང་ཤིས་སླེབ་སྟེ། ཆོས་བྲག་ལ་སྦས་སོ། །དེ་ནས་ཁྲི་སྲོང་ལྡེ་བཙན་ལོ་བཅུ་གསུམ་ལོན་ཏེ། རྒྱལ་སར་བཏོན་ཏེ། ཡབ་མེས་ཀྱི་ལེའུ་ཚེ་གཏམ་མཛད་པ་ན། ཆོས་ཀྱི་གཏམ་བྱས་ཏེ། ཆོས་སྦས་པ་བླངས་ཏེ། སྙན་དུ་གསོལ་བས་དད་པར་གྱུར་ཏེ། རྒྱ་མེ་མགོ་དང་། པཎྜི་ཏ་ཨཱནྟ་དང་གསུམ་གྱིས་བསྒྱུར་ཅིག་གསུངས་ཏེ། བསྒྱུར་བར་བརྩམས་པ། བློན་མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་བཀག་གོ། དེར་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་སང་ཤི་མང་ཡུལ་དུ་བརྫངས་སོ། །
མཁན་སློབ་བོད་དུ་གདན་དྲངས་ཚུལ།
གསལ་སྣང་གིས་མང་ཡུལ་དུ་མ་བསྡད་པར། རྒྱ་གར་དུ་ཕྱིན་ནས་མ་ཧཱ་བྷོ་དྷི་དང་། ཤྲཱི་ན་ལེནྡྲ་ལ་མཆོད་པ་བྱས། བལ་ཡུལ་དུ་མཁན་པོ་བོ་དྷི་ས་ཏྭ་དང་མཇལ་ཏེ། མང་ཡུལ་དུ་སྤྱན་དྲངས་ནས། གཙུག་ལག་ཁང་བཞེངས་སེམས་བསྐྱེད་དེ། ཡེ་ཤེས་དབང་པོ་ཞེས་མིང་བཏགས་སོ། །སློབ་དཔོན་བོད་དུ་བྱོན་པར་ཞུས་པས། ལུང་བསྟན་ཅིང་། ཞལ་གྱིས་བཞེས་ཏེ། བལ་པོར་གཤེགས་སོ། །སྦས་ཆོས་བསླབས་ཏེ་ཕོ་བྲང་རླུང་ཚུབས་སུ་རྒྱལ་པོ་དང་མཇལ་ཏེ། ཆོས་ཀྱི་བཀའ་མཆིད་བྱས། བོ་དྷི་ས་ཏྭའི་ལོ་རྒྱུས་བསྙད་པས། ཁྱོད་ཡིབ་ཅིག །ངས་ཞང་ཉམ་བཟང་ཁད་ཀྱིས་གསོལ་དུ་གཞུག་གོ་གསུངས་ནས། ཞང་ཉམ་བཟང་དང་འགོས་ཁྲི་བཟང་ལ་སོགས་པ་ཆོས་ལ་དགའ་བའི་བློན་པོ་ཀུན་ལ་ཆོས་བྱེད་པར་མོལ་བཏབ་པས། ཉམ་བཟང་ན་རེ། མ་ཞང་དབང་ཆེ་ལ་ཆོས་ལ་གནག་པས། མི་འགྲུབ་མཆི་ཟེར། འགོས་ན་རེ། ཐབས་བགྱི་བར་རྔོ་ཐོག །ཁོ་བོའི་རྟིང་གནོན་སླད་ཀྱིས་མཛོད་ཅིག་ཟེར་རོ། །རྒྱལ་བློན་ཆད་བྱས་ཏེ། འགོས་ཀྱིས་བློ་བཏོན་ནས། མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག་སྟེ་ཁ་ཕ་བོང་གིས་བཅད་དོ། །དེ་ནས་ཡེ་ཤེས་དབང་པོ་ཨཱ་ཙཱརྱ་བོ་དྷི་ས་ཏྭ་སྤྱན་འདྲེན་དུ་བཏང་། ལང་གྲོང་སྣ་ར་དང་། གཉེར་སྟག་བཙན་སྟོང་གཟིགས་དང་། སྦྲང་རྒྱ་ར་ལེགས་གཟིགས་གསུམ་བསུ་རུ་བཏང་ངོ་། །མང་ཡུལ་དུ་མཇལ་ནས་ལང་གྲོང་སྣ་ར་དང་། ཨཱ་ཙཱརྱ་དེར་བཞག་ནས། ཕོ་བྲང་དུ་རྗེ་ལ་ཞེས་ཕུལ་བས། ཞང་བློན་རྣམས་ན་རེ། ལྷོ་བལ་གྱི་ངན་སྔགས་བྱེད་མི་བྱེད་བརྟག་དགོས། ཟེར་ཏེ། སང་ཤི་དང་། སེང་གོང་ལྷ་ལུང་གཟིགས་དང་། མཆིམས་མེ་ལན་གསུམ་བཏང་བས་སྐད་མ་ཤེས་ཏེ། ཁ་ཆེ་ཨ་ནནྡ་ལ་ལོ་ཙྪ་བཅོལ་ཏེ། ཨཱ་ཙཱརྱ་ཅི་འདྲ་དྲིས་པས་བཟང་པོ་ཞིག་སྟེ། ཐུགས་འཕྲིག་མི་འཚལ་ཟེར་ནས་ཕོ་བྲང་དུ་སྤྱན་དྲངས་ཏེ། ཁ་ཆེ་ཨ་ནནྟས་ལོ་ཙྪ་བྱས་ཏེ། ཕོ་བྲང་རླུང་ཚུབས་སུ་ཟླ་བ་བཞིར། དགེ་བ་བཅུ། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས། བོད་ཀྱི་ལྷ་སྲིན་ཁྲོས་ཏེ། འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་རྒྱབ། མི་ནད་ཕྱུགས་ནད་བྱུང་བས། བོད་འབངས་ཡོ་ལོག་ནས། ཆོས་བྱས་པས་ལན་ཟེར་ཏེ། ཨཱ་ཙཱརྱ་བལ་བོར་བཏང་ངོ་། །དེ་ནས་རིང་ཞིག་ནས། སྦ་གསལ་སྣང་རྒྱ་ཡུལ་དུ་ཆོས་ཚོལ་དུ་བཏང་ངོ་། །སང་ཤི་ལ་སོགས་པ་སུམ་ཅུ་ཨཱ་ཙཱརྱ་སྤྱན་འདྲེན་དུ་བཏང་ངོ་། །དེའི་ཚེ་རྒྱའི་ཧྭ་ཤང་ན་རེ། ད་ཟླ་དྲུག་ཞག་དྲུག་ན། འཕགས་པ་རྟ་སྐད་ཀྱི་སྤྲུལ་པ་འདི་འདྲ་ཞིག་འོང་ཞེས་འབག་བྱས་ཤིང་། སླེབ་པ་དང་། རྒྱ་རྗེས་བྱ་དགའ་བྱིན། ཧྭ་ཤང་ལ་བསྒོམ་ལུང་བླངས་ཏེ། འཁོར་བ་ན་སྐྱེས་ཕུལ་ལོ། །ཨཱ་ཙཱརྱ་ད་དུང་སྤྱན་མ་འདྲོངས་པར། ཁྱོད་སོང་ཞིག་གསུངས་ནས། བལ་བོར་ཕྱིན་ནས། ཨཱ་ཙཱརྱ་སྤྱན་དྲངས་ཏེ། བྲག་དམར་འགྲིན་བཟང་དུ་ཕྱིན་ཏེ། རྒྱལ་པོ་ལ། བོད་ཀྱི་ལྷ་སྲིན་མི་ཐུལ་བས། ཆོས་བྱེད་མི་སྟེར་ཞིང་བཙན་པོ་སྐུ་ཚེ་ཐུང་བ་དེས་ལན་པས་འདུལ་བ་ལ། སློབ་དཔོན་པདྨ་སཾ་བྷ་ཝ་ཞེས་བྱ་བ་མཐུ་རྩལ་དང་ལྡན་པ་ཞིག་ཡོད་པས། དེ་སྤྱན་དྲོངས་ཤིག་གསུངས་པ་དང་། བཙན་པོས། རྨི་ལམ་དུ་བྱུང་བ་སྐད་བགྱིས་ཏེ། སྦ་མང་རྗེ་གསལ་སྣང་དང་། སེང་གོང་ལྷ་ལུང་གཉིས་ལ་གཡོག་སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་གྱི་སེང་གེ་དང་། ལྔ་བཏང་བས། སློབ་དཔོན་གྱིས་མཁྱེན་ཏེ། མང་ཡུལ་གུང་ཐང་དུ་བྱོན་པ་དང་མཇལ་ནས། རིམ་གྱི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་འདོགས་ཤིང་བྱོན་ཏེ། ཧས་པོ་རི་ལ་ཆགས་ཕབ་སྟེ་བཙན་པོ་དང་མཇལ་ནས་མལ་དྲོའི་ཕུར་བྱོན་ནས་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་སློབ་དཔོན་བསམ་ཡས་སུ་སྤྱན་དྲངས་ཏེ། ས་ཆོག་མཛད་དེ། སློབ་དཔོན་བོ་དྷི་ས་ཏྭས་ས་དཔྱད་མཛད་དེ། ཨོ་ཏྱནྟ་པཱུ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་རི་རབ་གླིང་བཅུ་གཉིས། ཉི་ཟླ་ཟུང་གཅིག །མཐའ་ལྕགས་རིས་བསྐོར་བའི་བཀོད་པ་མཛད་དེ། མེ་མོ་ཡོས་བུའི་ལོ་ལ་རྨང་བཏིང་ངོ་། །སྔོན་ལ་ཨརྱ་པ་ལོའི་གླིང་བཞེངས་ལྷ་རྣམས་བོད་ཀྱི་མི་ལ་དཔེ་བྱས་ཏེ་བཞེངས། བཙུན་མོ་ཆེ་བ་ཚེ་སྤོངས་ཟ་དམར་རྒྱལ་མེ་ཏོག་སྒྲོལ་མས་ཁམས་གསུམ་ཟང་ཁང་གླིང་བཞེངས། ཕོ་ཡོངས་ཟ་རྒྱལ་མོ་བཙུན་གྱིས་དབུ་ཚལ་གསེར་ཁང་གླིང་བཞེངས། འབྲོ་ཟ་བྱང་ཆུབ་སྨན་གྱིས། དགེ་རྒྱས་བྱེ་མ་གླིང་བཞེངས་སོ། །ས་མོ་ཡོས་ལ་ཚར་ནས། ཨཱ་ཙཱརྱ་བོ་དྷི་ས་ཏྭ་དང་། པདྨ་སཾ་བྷ་ཝས་རབ་གནས་མཛད་ལོ་བཅུ་གསུམ་དུ་དགའ་སྟོན་བྱས་ཏེ། ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་བོད་ལ་བཅུན་པ་བཏུབ་མི་བཏུབ་སད་པའི་ཕྱིར་དུ། སད་མི་མི་བདུན་རབ་ཏུ་ཕྱུར་སྟེ། རྒན་གསུམ་ནི་དབའ་མཉྫུ་ཤྲི། དབའ་རཏྣ་རཀྟི་ཏ། བྲན་ཀ་མུ་ཏི་ཀ། གཞོན་གསུམ་ནི་འཁོན་ནཱ་གེནྡྲ། པ་གོར་བཻ་རོ་ཙ་ན་རྨ་ཨཱ་ཙཱརྱ་རིན་ཆེན་མཆོག་གོ། བར་པ་གླང་ཀ་ཏ་ན། རབ་ཏུ་འབྱུང་བའི་མཚན་ཡེ་ཤེས་དབང་པོ་ཡིན་ལ། མཁན་པོ་དཱ་ན་ཤཱི་ལས་བྱས་ཞེས་ཁ་ཅིག་ཟེར་རོ། །མཁན་པོ་བོ་དྷི་ས་ཏྭས་བྱས་ནས། ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་བྱུང་བས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་སྤ་གསལ་སྣང་། འབའ་ཁྲི་བཞེར། སང་ཤི་ཏ། པ་གོར་བཻ་རོ་ཅ་ན་རཀྵི་ཏ། ངན་ལཾ་རྒྱལ་བ་མཆོག་དབྱངས། མཁོན་ཀླུའི་དབང་པོ་བསྲུང་བ། རྨ་ཨཱ་ཙཱརྱ་རིན་ཆེན་མཆོག །ཙང་ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན། ཡེ་ཤེས་དབང་པོ་དང་། དཔལ་དབྱངས་ལ་སོགས་པ་ཡིན། སད་མི་མི་བདུན་ཡིན་ཟེར་རོ། །མིང་གི་མཐའ་ལ་བརྟགས་ན། བོ་དྷི་ས་ཏྭའི་མཆན་ཤཱནྟི་རཀྵི་ཏ་ཡིན་པས། དེའི་མཁན་བུར་གསལ་ལ། མཁན་བརྒྱུད་ནི། ཤཱ་རིའི་བུ། སྒྲ་གཅན་ཟིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་བ་དྷི་ས་ཏྭ་རྣམས། བསམ་ཡས་གྱང་རིས་ལ་ཡོད་དོ། །དེ་ནས་སློབ་དཔོན་པདྨས་ངམ་ཤོད་ཀྱི་བྱེ་མ་ནེའུ་གསིང་དུ་བསྒྱུར་བ་དང་། གཙང་པོ་སྦུབས་སུ་འཛུད་པ་ལ་སོགས་པ་མཛད་པར་བྱས་ཏེ། བཙན་པོ་ཁྲུས་བསིལ་བའི་ཆུ་དངུལ་གྱི་བུམ་པ་ནམ་མཁའ་ལ་བསྐྱུར་བས། ལྷའི་ཆུ་འོ་མའི་མདོག་འདྲ་བས་གང་བྱུང་བས། སྐྲ་བསིལ་བར་གསོལ་པས། བློན་པོས་སྐྱོ་མ་བྱས་ཏེ། སླར་བརྫངས་སོ། །གཞན་ཡང་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་དང་། ཤཱནྟི་གརྦྷ་དང་། བི་ཤུདྡྷ་སིང་ཧ་ལ་སོགས་པ་དང་། བོད་ཀྱི་ལོ་ཙྪ་བ་སད་མི་མི་བདུན་དང་། ཆོས་ཀྱི་སྣང་བ་དང་། བནྡེ་ནམ་མཁའ་དང་། སྒྲོ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་ལ་སོགས་པས། ལོ་ཙྪ་བྱས་ཏེ་ཆོས་མང་པོ་བསྒྱུར་ཏོ། །སྔགས་འཆང་དྷརྨཱ་ཀིརྟི་ཞེས་པ་སྤྱན་དྲངས་ཏེ། ཡོ་ག་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ལ་སོགས་པས་རྣམ་དག་ཁྲིམས་གང་གླིང་དུ་ཁྲིམས་ཕོག །རྒྱའི་ཧྭ་ཤང་ལ་སོགས་པ་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད། བརྡ་སྦྱོར་ཚངས་པའི་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག །བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་ལ་སོགས་པས། བསྟན་པ་ཡོངས་སུ་རྫོགས་པར་དར་བར་བྱས་ཏེ། འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་པ་སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས། བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་། བམ་པོ་དང་། ཤུ་ལོ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས། དཀར་ཆག་ཏུ་བྲིས་སོ། །
པདྨའི་ངང་ཚུལ་གདན་དྲངས་ཚུལ།
དེ་ནས་ཨཱ་ཙཱརྱ་བོ་དྷི་ས་ཏྭའི་ཞལ་ནས། བོད་དུ་མུ་སྟེགས་ནི་མི་འབྱུང་གིས། སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ། རྩོད་པར་འགྱུར་བས། དེའི་ཚེ། ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ། རྩོད་པ་བྱེད་དུ་ཆུག་ཅིག་བྱས་པས། རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ། རྟས་འཕྲ་རྒྱབ་སྟེ་ཞི་བར་གཤེགས་སོ། །དཔལ་དབྱངས་སློབ་དཔོན་དུ་བསྐོས་ཏེ་ཆོས་སྟོན། ཡེ་ཤེས་དབང་པོ་བྲོས་ཏེ། ལྷོ་བྲག་ཏུ་བསྒོམ་དུ་སོང་བ་དང་། རྒྱའི་ཧྭ་ཤང་མ་ཧཱ་ཡ་ནའི་སློབ་མ་དར་ཏེ། ལུས་ངག་གི་ཆོས་སྤྱོད་དགེ་བ་བྱས་པས་སངས་མི་རྒྱ། བྱར་མེད་ལ་གནས་ནས་སངས་རྒྱ། ཟེར་ནས། ཆད་ལྟ་ལ་ཞེན་ནས་དགེ་སྦྱོར་མི་བྱེད། བོད་ཕལ་ཆེར་དེ་ལ་དགའ་སྟེ་དེའི་ལུགས་སློབ། དཔལ་དབྱངས་དང་། རྦ་རཏྣ་ལ་སོགས་པ་ཉུང་ཤས་ཤིག་ཨཱ་ཙཱརྱ་བོ་དྷི་ས་ཏྭའི་ལུགས་བྱེད་པས་ལྟ་སྤྱོད་མ་མཐུན་ཏེ་རྩོད་པ་ལ། བཙན་པོས། ཨཱ་ཙཱརྱ་བོ་དྷི་ས་ཏྭའི་ལུགས་བཞིན་དུ་ལྟ་སྤྱོད་གྱིས་ཤིག །གསུངས་པས། ཏོན་མུན་པ་རྣམས་ཁྲོས་ཏེ། ཆུ་གྲི་རྣོན་པོ་རེ་བསྲེལ་ཞིང་། ཙེན་མིན་པ་རིལ་གསོད་ཟེར་ཞིང་། རྒྱལ་པོ་ཐུགས་མ་བདེ་ནས། ཡེ་ཤེས་དབང་པོ་འབོད་དུ་བཏང་བས། ལན་གཉིས་སུ་མ་འཁུགས་ནས། གསུམ་པ་ལ་མ་འཁུགས་ན་གསོད་པར་བྱས་ཏེ་བཏང་བས། བྲག་ཕུག་འདོམ་བཅུ་གཉིས་ལ་སྤྱང་ཐག་ལ་འགྲོ་དགོས་པ་ཞིག་ཏུ་ཕྱིན་ཏེ་གཤེགས་པར་ཞུ། མི་གཤེགས་ན་གསོད་དུ་འོང་བས་ལྕེབ་བྱས་པས་བྱོན་ཏེ། རྒྱལ་པོ་ལ་བདག་དགུག་མི་འཚལ། མཁན་པོའི་ཞལ་ཆེམས་འདི་ལྟར་བདོག་ཞུས་པས། རྒྱལ་པོ་བསྙེལ་སོས་ཏེ། སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་འདྲེན་པའི་ཕོ་ཉ་བཏང་སྟེ། དེ་ཧྭ་ཤང་གིས་ཚོར་ནས། ཡུམ་རྒྱས་པ་ལ་སོགས་པ་མདོ་སྡེ་ཟབ་མོ་རྣམས་སྤྱན་དྲངས་ཏེ། བཤད་བསླབས། བསྟན་བཅོས་ལ་ཆོས་བྱ་མི་དགོས། ཉལ་བས་ཆོག་ཅེས་སྟོན་པ། བསམ་གཏན་ཉལ་བའི་འཁོར་ལོ། །དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན། ཡང་ལོན་གཉིས། དེ་རིགས་པས་བསྒྲུབ་པའི་ལྟ་བའི་རྒྱབ་ཤ། ལུང་གིས་བསྒྲུབ་པ་མདོ་སྡེ་བརྒྱད་ཅུ་ཁུངས་ལ་སོགས་པ་བྱས། མདོ་སྡེ་དགོངས་པ་ངེས་འགྲེལ་རང་གི་ལྟ་སྤྱོད་དང་འགལ་བར་མཐོང་ནས། རྡོག་པས་དྲིལ་ལོ། །དེའི་ཚེ་ཡེ་ཤེས་དབང་པོས། མཁན་པོའི་དགོངས་པ་འདི་བཞིན་ཡིན་ཞེས་སྙན་དུ་གསོལ་བས་བཙན་པོ་དགྱེས་ཏེ། ཁྱེད་ངའི་ཨཱ་ཙཪྻའོ་ཞེས་གསུང་ངོ་། །དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་། བཙན་པོ་གོང་ལ་བཞུགས། ཧྭ་ཤང་གཡས་གྲལ་དུ་བྱས། སློབ་དཔོན་གཡོན་གྲལ་དུ་བྱས་ཏེ། ཙེན་མིན་རྣམས་དེའི་མཇུག་ཏུ་མཐུད་དེ། བཙན་པོས་གཉིས་ཀའི་ལག་ཏུ་མེ་ཏོག་ཕྲེང་བ་གཏད་དེ། ཁྱེད་གཉིས་ཤགས་གྱིས་ལ་གང་རྒྱལ་བ་ལ། ཕམ་པས་མེ་ཏོག་ཕྲེང་བ་ཕུལ་ཅིག །ཕམ་པ་དེ་འདིར་མ་སྡོད་ཅིག་ཅེས་བཀའ་སྩལ་པ་དང་། ཧྭ་ཤང་ན་རེ། ལས་དགེ་མི་དགེ་སྤྱད་ན་མཐོ་རིས་དང་ངན་སོང་དུ་འགྲོ་བས། འཁོར་བ་ལས་མི་ཐར་ཞིང་། སངས་རྒྱས་ཐོབ་པ་ལ་བསྒྲིབ་པ་ཡིན། དཔེར་ན། སྤྲིན་དཀར་ནག་གང་གིས་ཀྱང་ནམ་མཁའ་ལ་བསྒྲིབ་པ་དང་འདྲ། །གང་ཞིག་ཅི་ལ་ཡང་མི་སེམས། ཅི་ཡང་མི་བསམ་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཅི་ལ་ཡང་མི་སེམས་མི་རྟོག་མི་དཔྱོད་པ་ནི། མི་དམིགས་པ་ཡིན་པས། ཅིག་ཅར་དུ་འཇུག་པ་ནི་ས་བཅུ་པ་དང་འདྲའོ། །ཟེར་རོ། །ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས། དེ་ལྟར་ཅི་ལ་ཡང་མི་བསམ་ཟེར་བ་དེ་ནི། སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་སོ་སོར་རྟོག་པའི་ཤེས་རབ་ཡིན་པས། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤངས་པར་འགྱུར་རོ། །སོ་སོར་རྟོག་པའི་ཤེས་རབ་མེད་ན་རྣལ་འབྱོར་པ་གང་གིས་རྣམ་པར་མི་རྟོག་པ་ལ་གནས། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཡིན་ན། ཉམས་སུ་མྱོང་བ་ཐམས་ཅད་མི་དྲན་ཞིང་། ཡིད་ལ་མི་བྱ་བར་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་དྲན་པར་མི་བྱའོ་སྙམ་ན། དེ་ཤིན་ཏུ་དྲན་པ་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་མེད་པ་ཙམ་པོ་ལ་བྱེད་ན། བརྒྱལ་བའམ། འབོག་པའི་དུས་སུ་རྣམ་པར་མི་རྟོག་པར་འགྱུར་རོ། །ཡང་དག་པའི་སོ་སོར་རྟོག་པ་མེད་པར་རྣམ་པར་མི་རྟོག་པ་ལ་འཇུག་པའི་ཐབས་མེད་དོ། །དྲན་པ་ཙམ་པོ་བཀག་ཀྱང་། ཡང་དག་པའི་སོ་སོར་རྟོག་པ་མེད་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས། སྟོང་པ་ཉིད་མ་རྟོགས་པར། སྒྲིབ་པ་སྤངས་པར་མི་འགྱུར་བ་ཁོ་ནའོ། །དེས་ན་ཡང་དག་པའི་ཤེས་རབ་ཀྱིས། ཕྱིན་ཅི་ལོག་གི་སྣང་བ་རྒྱང་བསྲིངས་པ་ཡིན་ནོ། །དེས་ན་དྲན་བཞིན་དུ་མི་དྲན་བྱར་མི་རུང་ངོ་། །དྲན་པ་དང་ཡིད་ལ་བྱ་བ་མེད་པར། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོང་། དེ་བས་ན་ཡང་དག་པའི་ཤེས་རབ་ཀྱིས་དོན་ངེས་པར་རྟོག་པའི་རྣལ་འབྱོར་པས། དུས་གསུམ་ཕྱི་ནང་ཐམས་ཅད་སྟོང་པར་རྟོགས་ནས། རྟོག་པ་ཉེ་བར་ཞི་སྟེ། ལྟ་བ་ངན་པ་ཐམས་ཅད་སྤངས་ཏེ། དེ་བསྟན་ནས་ཐབས་ཤེས་རབ་ལ་མཁས་པས། སྒྲིབ་པ་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་བཙན་པོའི་ཞལ་ནས། འཁོར་ཀུན་གྱིས་ཀྱང་མཆིད་ཤགས་ཐོབ་ཅིག་གསུངས་པ་དང་། དཔལ་དབྱངས་ན་རེ། རྒྱའི་ལྟར་ཅིག་ཅར་འཇུག་ཅིང་རིམ་གྱིས་སྦྱང་བ་མཆིས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཐུན་ཕྱོགས་ལས་གདགས་པར་གསུངས་ཏེ། སྦྱིན་པ་ནི་ཡོངས་སུ་འཛིན་པ་ལ་བརྟེན་ནས་གདགས་ཏེ། ཡོངས་སུ་འཛིན་པ་ཐམས་ཅད་བཏང་ན་སྦྱིན་པའི་མཆོག་ལགས། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་སྦྱར་ནས། སྟོན་པ་འདས་ནས་རིང་ཞིག་ཏུ། ལྟ་བ་ལ་མི་མཐུན་པ་མ་མཆིས། སླད་ནས་དབུ་མ་རྣམ་གསུམ་མ་མཐུན་ཏེ། སྟོན་མུན་ཅིག་ཅར་དུ་འཇུག་པ་མཆིས་ཏེ་མ་འཚལ་མ་རྟོགས་པས་དེ་ལྟར་གྱུར། འཇུག་སྒོ་ཐ་དད་ཀྱང་སངས་རྒྱས་པར་གཅིག་ཅིང་འབྲས་བུའང་གཅིག་སྨྲས་པ་དང་། ཡེ་ཤེས་དབང་པོས་ཅིག་ཅར་འཇུག་བྱ་བ་དང་། རིམ་གྱིས་འཇུག་བྱ་བ་གཉིས་དཔྱོད་དགོས་ཏེ། རིམ་གྱིས་འཇུག་ན་རྒྱུ་མ་མཆིས་པས་ངེད་དང་མི་འདྲ་ཅིག་ཅར་འཇུག་ན་ཁྱེད་ད་རུང་ཅི་བྱེད། དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེ་བས་ན་རི་ལ་འཛེག་པའང་གོམ་པ་རེ་རེས་འཛེག་དགོས་ཏེ། གོམ་པ་གཅིག་གིས་བགྲོད་མི་ནུས་པ་ལྟར། ས་དང་པོ་ཐོབ་པའང་དཀའ་ན། ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས། ངེད་ཙེན་མིན་གྱི་ལུགས་ཀྱིས། གསུང་རབ་ཀུན་ལ་ཤེས་རབ་གསུམ་གྱིས་སྦྱངས་པས། དོན་མ་ནོར་བར་ཤེས། ཆོས་སྤྱོད་བཅུ་ལ་བསླབས་ཏེ་བསྒོམས་པས་བཟོད་པ་ཐོབ། ས་དང་པོར་སྐྱོན་མེད་པ་ལ་ཞུགས་ཏེ། ས་བཅུ་རིམ་གྱིས་སྦྱངས་པས་ཚོགས་གཉིས་རྫོགས་ནས་འཚང་རྒྱ་བ་ཡིན། ཁྱེད་ལྟར་ན། ཚོགས་མ་རྫོགས། བློ་མ་སྦྱངས་པར། འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན། ཤེས་བྱ་ཐམས་ཅད་ཤེས་པར་ཇི་ལྟར་འགྱུར། ཅི་ཡང་མ་བྱས་པར་ཉལ་བས་ཟན་ཡང་མི་མྱོང་སྟེ་ལྟོགས་ཏེ་འཆི་ན། སངས་རྒྱས་ག་ལ་འགྲུབ། མ་བརྟགས་མ་དཔྱད་པར་གོམ་པ་བོར་ཡང་བརྡེག་འཆོས་ན། ཆོས་ག་ལ་རྟོགས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨྲས་པས། སྟོན་མུན་པས་ལན་སྨྲ་བར་མ་ནུས་ཏེ། མེ་ཏོག་ཕྲེང་བ་སློབ་དཔོན་ལ་ཕུལ་ཏེ། ཕམ་བླངས་ཏེ། དེའི་ཚེ། ཅོ་རྨ་རྨ་ལ་སོགས་པ་མྱ་ངན་སྐྱེས་ཏེ། རང་གི་རྟེན་རྡོས་བརྡུངས་ཏེ་ཤི་ཞེས་གྲགས་སོ། །དེ་ནས་བཙན་པོས། ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ཟུང་། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་སློབས། སྟོན་མུན་གྱི་ལུགས་བྱེད་དུ་མི་དབང་ངོ་། །ཞེས་བཀའ་སྩལ་ཏེ། ཧྭ་ཤང་རྒྱའི་ཡུལ་དུ་བརྫངས་དཔེ་རྣམས་བསྡུས་ཏེ་གཏེར་དུ་སྦས་སོ། །སྟོན་མུན་དང་ཙེན་མུན་ནི་རྒྱའི་སྐད་དེ། ཅིག་ཅར་བ་དང་རིམ་གྱིས་པ་ཞེས་སོ། །དུས་ཕྱིས་ཧྭ་ཤང་གི་རྒྱའི་ཤན་པ་མི་བཞིས། སློབ་དཔོན་ཀ་མ་ལ་ཤཱི་ལའི་མཁལ་མ་མཉེས་ཏེ་དཀྲོངས་སོ། །ཡེ་ཤེས་དབང་པོས་ཁམས་ཀྱི་ཟས་སྤངས་ཏེ་གཤེགས་སོ། །བཙན་པོ་ཡང་དགུང་ལོ་དྲུག་ཅུ་རྩ་དགུ་ལ་གཤེགས་ཏེ། དེ་འཇམ་དཔལ་གྱི་སྤྲུལ་པར་གྲགས་སོ། །དེའི་སྲས་མུ་ནེ་བཙན་པོས་ཆུ་ཕོ་སྟག་ལ་རྒྱལ་སྲིད་བཟུང་སྟེ། བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས་ཏེ། བོད་འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་བསྙམས་སོ། །ཆབ་སྲིད་ལོ་གཅིག་དང་ཟླ་བ་བདུན་མཛད་དེ། བཅུ་བདུན་པ་ལ་ཡུམ་གྱིས་དུག་བཏང་སྟེ་འདས་སོ། །
དེ་ནས་གཅུང་ཁྲི་ལྡེ་བཙན་ལོ་བཞི་པ་ལ་རྒྱལ་སྲིད་གཏད་པས། སད་ན་ལེགས་ཞེས་གྲགས་ཏེ། དེས་སྐར་ཆུང་རྒྱལ་སྡེ་བཞེངས། ཆོས་སྲོལ་ཆེར་མཛད་དོ། །དེ་ལ་སྲས་ལྔ་འཁྲུངས་ཏེ། ཁྲི་ལྡེ་སྲོང་བཙན་རལ་པ་ཅན་གཙང་མ་དང་། ཁྲི་དར་མ་ཨུ་དུམ་བཙན། ལྷ་རྗེ་ལྷུན་གྲུབ། ཁྲི་ཆེན་རལ་པ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་དེས། དགུང་ལོ་བཅོ་བརྒྱད་ལོན་པ་ལ་ཆབ་སྲིད་བཟུང་སྟེ། ཕོ་བྲང་འུ་ཤང་རྡོ་རྒྱ་ཕིབས་དགུ་ཐོག་མ་བཞེངས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། མཁན་པོ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉམ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྡ་ལ་སོགས་པས་ཆོས་ཀྱི་སྐད། བོད་ལ་མ་གྲགས་པའི་མང་དག་ཅིག་བྱུང་ཞིང་། རྒྱ་དང་། ལི་དང་། ཟ་ཧོར་ལ་སོགས་པ་སྣ་ཚོགས་ནས་བསྒྱུར་བས། བརྡ་མི་འདྲ་བ་མང་པོས་ཆོས་བསླབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏཱ་དང་། དྷརྨ་ཏ་ཤཱི་ལ་དང་། ལོ་ཙྪ་བ་མཁས་པར་ཆུད་པ་ཛྙཱ་ན་སི་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྣ་ཏྲ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་སྐད་ལས། བོད་ཀྱི་སྐད་དུ་བསྒྱུར་ཅིང་། མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་། ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག །ཅེས་བཀའ་བ་སྩལ་ཏེ། སྔར་བསྒྱུར་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་། བཀས་བཅད་རྣམ་པ་གསུམ་མཛད་དེ། སྡེ་པ་བྱེ་བྲག་ཏུ་གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་དང་། གསང་སྔགས་རྣམས་མ་སྒྱུར་ཅིག་ཅེས་བཀས་བཅད་དོ། །ཐ་ན་བྲེ་དང་སྲང་དང་། ཞོ་ལ་སོགས་པའང་། རྒྱ་གར་དང་མཐུན་པར་བཅོས་སོ། །རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། དབུ་ཐོད་གདན་དུ་གདིངས། ཞབས་སྤྱི་བོར་ལེན་ནོ། །རྒྱ་ལ་དམག་དྲངས་ཏེ་བཅོམ་ནས། དབོན་ཞང་འདུམ་བྱས་པའི་ཡི་གེ། ལྷ་སའི་རྡོ་རིངས་ལ་བྲིས་སོ། །དེས་རབ་ཏུ་བྱུང་བ་ལ་ཆབ་སྲིད་ཕུལ་བས། བློན་པོ་ནག་པོ་ལ་དགའ་བ་རྣམས་ཁྲོས་ཏེ། ཆོས་ཁྲིམས་བཤིག་པར་ལྐོག་ཆད་བྱས་ཏེ། ལྷ་སྲས་གཙང་མ་རབ་ཏུ་བྱུང་བ་གྲོ་མོར་སྦྱུགས། བཙུན་མོ་ངང་ཚུལ་མ་དང་། བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན། ནལ་བཤམས་ཞེས་ཕྲ་མ་བཅུག་སྟེ་བན་དེ་ཆེན་པོ་བཀུམ། བཙུན་མོ་ལྕེབས། །བཙན་པོ་དགུང་ལོ་སོ་དྲུག །ལྕགས་མོ་བྱ་ལ་དབའ་རྒྱལ་ཏོ་རེ་དང་ཅོ་རོ་ལེགས་སྒྲ་གཉིས་ཀྱིས། ཞལ་ལྟག་པར་བསྟན་ཏེ་བཀྲོངས་སོ། །དེ་ནས་བཙན་པོ་གླང་དར་མ་འུ་དུམ་བཙན་ལ་ཆབ་སྲིད་གཏད། ཐེའུ་རང་དབའ་རྒྱལ་ཏོ་རེ་ནང་བློན་དུ་བསྐོས། བློན་སྣ་ནམ་རྒྱ་ཚ་ཁྲི་གསུམ་ལ་སོགས་ཀྱིས། ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། ལོ་པཎ་གཉིས་ཀྱིས་ཆོས་བསྒྱུར་བའི་གྲྭ་ཞིག་སྟེ། བསྒྱུར་འཕྲོ་ལ་ལུས། འུ་ཤང་རྡོ་ལ་རབ་གནས་མ་གྲུབ་པར་ལུས་སོ། །དེ་ནས་བཙན་པོ་ནར་སོན་པ་དང་། ཐུགས་སུ་གདོན་གསོལ་ཏེ། རབ་ཏུ་བྱུང་བ་ཀུན་ཕབ། བཙུན་པའི་རྟགས་བོར་དུ་མ་འདོད་པ་ཀུན། མདའ་གཞུ་རྔ་གཤང་བསྐུར་ནས་རྔོན་པ་ལ་བཏང་མི་ཉན་པ་རྣམས་བསད་དོ། །ལྷ་ཤཱཀྱ་མུ་ནི་བསྒུལ་མ་ནུས་པར། བྱེ་ཐེམས་སུ་བཅུག་སྟེ་སྦས། སྒོ་བརྩིགས་ཏེ་ཞལ་ཞལ་བྱས་ནས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག་གོ། བསམ་ཡས་དང་། ར་མོ་ཆེའི་སྒོ་ལ་འདག་ཞལ་བྱས། པོ་ཏི་ཕལ་ཆེར་ལྷ་སའི་བྲག་ལ་སྦས་སོ། །དེ་ནས་རིང་ཞིག་ན། ཡེར་པའི་ལྷ་རི་སྙིང་པོ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་སྒོམ་གྱིན་ཡོད་པས་ཚོར་ཏེ། བཙན་པོ་ལ་སྙིང་རྗེ་ཁྱད་པར་ཅན་སྐྱེས་ཏེ། རྟ་དཀར་པོ་ལ་སོགས་བའི་ཕྱེ་མས་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གོན། ལྕགས་མདའ་ལྕགས་གཞུ་ཁྱེར་ནས། ལྷ་སར་ཕྱིན་པ་དང་། བཙན་པོ་རྡོ་རིངས་ཀྱི་ཡི་གེ་ཀློག་ཅིང་ཡོད་པས་མཐོང་སྟེ། གཙུག་ལག་ཁང་དང་དགའ་ལྡན་གྱི་མཆོད་རྟེན་ལ་སྐུ་བརྟེན་ནས་བཞུགས་པའི་མདུན་དུ་བབས་ཏེ། པུས་མོ་ལ་བརྟེན་ཏེ་གཞུ་བདུངས་པས། རྒྱལ་པོས་ཞེ་ས་འབུལ་བར་གོའོ། །ཕྱག་དང་པོ་ལ་གཞུ་བདུངས། གཉིས་པ་ལ་མདའ་ལྟོང་སྦྱར། གསུམ་པ་ལ་མཐེབ་དཀྲོལ་ཏེ་མདའ་བཏང་བས། བྲང་དུ་ཕོག་སྟེ། ང་བདུད་ཡ་བཞེར་ནག་པོ་བྱ་བ་ཡིན། རྒྱལ་པོ་སྡིག་ཅན་གསོད་ན་དེ་ལྟར་གསོད་པ་ཡིན་ཟེར་ནས་བྲོས་སོ། །ལྷ་སར་བཙན་པོ་བཀྲོངས་སོ་ར་མདའ་རྒྱུགས་ཞེས་བོས་པས། མི་ནག་མཚོ་ལ་རྟ་བཤན། བེར་ཕྱི་ནང་ལྡོག་སྟེ་གོན་ནས། ང་ལྷ་གནམ་ཐེའུ་དཀར་པོ་བྱ་བ་ཡིན་ཟེར་ཏེ་བྲོས་པས། བདས་པས་མ་ཟིན་ཏེ། ལ་ལ་དྲང་སྲོང་སྲིན་པོ་སྣར་ཟེར། ལ་ལ་གྲིབ་སེ་སྒྲོམ་གྱི་ཕུར་ཟེར། ལ་ལ་ཐན་མོ་རྡོ་རིངས་སུ་ནམ་སྲོས་ནས་མ་ཟིན་ཟེར་རོ། །དེ་ནས་མངོན་པ་ཀུན་ལས་བཏུས། འདུལ་བ་འོད་ལྡན། ལས་ཀརྨ་ཤ་ཏཾ་དང་གསུམ་ཁྱེར་ཏེ། ཁམས་སུ་བྱོན། །པཎྜི་ཏ་ལ་ལ་སྤྱུགས། ལ་ལ་ཡུལ་དུ་བསྐྲད། ལོ་ཙྪ་བ་ཕལ་ཆེར་བྲོས། གཤེད་མ་བཀྱེ་སྟེ། ཉང་ཏིང་ངེ་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་ལ་སོགས་པ་བསད་དེ། བསྟན་པ་མེད་པར་བྱས་སོ། །གླང་དར་མའི་བཙུན་མོ་ཆེན་མས་ང་ལ་སྲས་སྦྲུམས་པ་ཡིན་བྱས་ཏེ། བུ་ཆུང་བཙལ་ནས་ང་ལ་མདང་སྐྱེས་པ་ཡིན་བྱས་ཏེ་བསྟན་པས། བློན་པོ་རྣམས་ན་རེ། མདང་སྐྱེས་པའི་བུ་ཆུང་ལ་སོ་མི་འབྱུང་སྟེ། ཡུམ་གྱི་བཀའ་བརྟན་དུ་ཆུག་གསུངས་པས། ཡུམ་བརྟན་ཞེས་གྲགས་ཏེ། དེའི་སྲས་ཁྲི་ལྡེ་མགོན་པོ། དེའི་སྲས་མགོན་གཉེན། དེ་ལ་སྲས་རིག་པ་མགོན་པོ་དང་། ཉི་འོད་དཔལ་མགོན་གཉིས། རིག་པ་མགོན་གྱི་སྲས་ཁྲི་ལྡེ་པོ། དེའི་སྲས་འོད་པོ། དེ་ལ་སྲས་གསུམ། ཨ་ཙ་ར་དང་། མགོན་པོ་བཙན་དང་། མགོན་པོ་བརྩེགས་སོ། །ཉི་འོད་དཔལ་མགོན་གྱི་སྲས་མགོན་སྤྱོད། དེའི་སྲས་ཚ་ན་ལ་ཡེ་ཤེས་རྒྱལ་མཚན་ཏེ་ཆེ་རྒྱུད་དོ། །བཙུན་མོ་ཆུབ་མ་ལ་སྲས་གཅིག་ཤིང་མོ་གླང་ལ་འཁྲུངས། ཆེན་མས་བསད་དམ་ཕྲོགས་ཀྱིས་དོགས་ནས། ཉིན་མོ་ཉི་མའི་འོད་དང་། མཚན་མོ་མར་མེའི་འོད་རྒྱུན་མི་འཆད་པར་བྱས་ཏེ་བསྲུངས་པས། འོད་སྲུངས་སུ་གྲགས་ཏེ། རྒྱལ་སར་བཏོན་ཏེ། ལོ་དྲུག་ཅུ་རྩ་གསུམ་ལ་འདས་སོ། །དེའི་སྲས་དཔལ་འཁོར་བཙན་ལོ་བཅུ་གསུམ་ལ་རྒྱལ་སར་བཏོན་ཏེ། སོ་གཅིག་ལ་འདས་སོ། །དེ་ལ་སྲས་གཉིས་ཏེ། བཀྲ་ཤིས་བརྩེགས་པ་དཔལ་དང་། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་སོ། །བཀྲ་ཤིས་བརྩེགས་པས་རྒྱལ་སྲིད་བཟུང་། དེ་ལ་སྲས་གསུམ། ཆེ་བ་དཔལ་ལྡེ། བར་པ་འོད་ལྡེ། ཆུང་བ་སྐྱིད་ལྡེའོ། །ཉི་མ་མགོན་མངའ་རིས་སུ་སྤྱུགས་པས་པུ་རངས་སུ་སྐུ་མཁར་ཉི་གཟུངས་བརྩིགས་ཏེ། ཆབ་སྲིད་བཟུང་། དེ་ལ་སྲས་གསུམ་ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་པུ་རངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། དེ་ལ་སྲས་ཁོ་རེ་དང་སྲོང་ངེ་གཉིས་སོ། །དེའི་དུས་ན་དབུས་གཙང་ན་སྡོམ་པ་དང་བཤད་ཉན་བཀའ་ཆད་དེ་མེད་ཅིང་། གཙུག་ལག་ཁང་གི་གཉེར་པ་ཤམ་ཐབས་གོང་བ་ཅན་གྱོན་པ་ལ། མིང་གནས་བརྟན་དགྲ་བཅོམ་ཟེར་བས་བྱེད། སྡོམ་པ་བསྲུང་ཟེར་ནས། དབྱར་ཟླ་གསུམ་རྩ་བཞི་སྣ་ཡུད་ལ་སྲུང་། དགག་དབྱེ་བྱེད་ཟེར་ནས། དེ་ནས་མི་སྲུང་ངོ་། །སྔགས་པ་རྣམས་ཀྱང་། རྒྱུད་ཀྱི་དོན་མ་རྟོགས་པར། སྦྱོར་སྒྲོལ་ལ་སོགས་ལོག་པར་སྤྱོད་དོ། །
བསྟན་པ་ཕྱི་དར་གྱི་ཚུལ།
གཉིས་པ་བསྟན་པ་ཕྱི་དར་གྱི་ཚུལ་ནི། དར་མས་བསྟན་པ་བསྣུབས་པའི་དུས་སུ་འཇད་ཀྱི་གྱེལ་མི་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་སྟོད་ལུངས་པ་སྨར་ཤཱཀྱ་མུ་ནི་དང་གསུམ། དཔལ་ཆུ་བོ་རི་ན་སྒོམ་ཞིང་ཡོད་པ་ན། བཙུན་པ་ཁྱི་ར་བྱེད་པ་མཐོང་སྟེ། གཏམ་དྲིས་པས། རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ཏེ། འདུལ་བ་དྲེའུ་ཁལ་ཞིག་བཀལ་ཏེ། མངའ་རིས་སྟོད་དུ་བྲོས་ནས། གར་ལོག་ནས་ལམ་ཐོན་ནས། ཧོར་ཡུལ་དུ་ཕྱིན་ཏེ། སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བར་བྱ་སྙམ་པ་ལ། དར་བར་མ་ནུས་ཏེ། མདོ་སྨད་ལྷོ་ངོས་ཀྱི་བེ་རོ་ཚ་ཚོ་ན་ཚུར་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་རྫོང་དག་དིག་ཤེལ་གྱི་ཡང་དགོན་ན་བསྒོམ་ཞིང་ཡོད་པ་ལས། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ། དགོངས་ཀ་མི་འདུས་པ་རྣམས་ལ་སྨྲས་པས། ལས་དང་སྐལ་བར་ལྡན་པ་མོས་པས་སྤྱོད་པའི་ས་པ། མུ་གཟུ་གསལ་འབར་བྱ་བས་བལྟར་ཕྱིན་པས། དད་ནས་རབ་ཏུ་འབྱུང་བར་ཞུས་པས། འདུལ་བའི་པོ་ཏི་གཏད་ནས་འདི་ལྟོས། དད་ན་རབ་ཏུ་དབྱུང་གསུང་། བལྟས་པས་དད་དེ་མཆི་མ་བྱུང་ངོ་། །དེར་གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་སོ། །མཁན་སློབ་ལས་མིང་སྦྱར་ཏེ། དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས་སོ། །དེ་ནས་བསྙེན་རྫོགས་ཞུས་པས། དགེ་སློང་ལྔ་མ་ཚང་བས་མི་འོང་གསུང་བ་དང་། སྔར་ལྷ་ལུང་དཔལ་གྱི་རྡོ་རྗེ་བ་དགེ་སློང་གསུམ། ཀློང་ཐང་དུ་འདུག་པ་མཐོང་བས། བཙལ་ཏེ། དཔལ་གྱི་རྡོ་རྗེ་དང་མཇལ་ནས་ཞུས་པས། ངས་རྒྱལ་པོ་བསད་པས། ཁ་སྐོང་མི་འོང་གིས། ངས་བཙལ་གྱི། གསུངས་ཏེ། རྒྱ་ནག་ཧྭ་ཤང་ཀེ་བང་དང་། གྱི་བན་བྱ་བ་གཉིས་བཙལ་ཏེ་བཏང་ངོ་། །དེ་ནས་དགེ་ཚུལ་ལོ་གཅིག་ལོན་ཏེ། སྔར་གྱི་མཁན་སློབ་ཀྱིས། མཁན་སློབ་བྱས། སྨར་གྱིས་གསང་སྟོན་བྱས། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ། ལྔའི་ཚོགས་ཀྱིས་བསྙེན་རྫོགས་བྱས་སོ། །དེ་ནས་ལོ་ལྔ་ལོན་པ་དང་། དབུས་ནས་ཀླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་དང་ལྔ། གཙང་ནས་འགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་བ་ཨུ་པ་དེ་དཀར་དང་ལྔ་སྟེ། མི་བཅུ་འོངས་ནས་གཙང་ལ་བཀའ་དྲིན་ཞུས་པས། ང་རྒས་ནས་མཁན་བུ་མི་སྐྱོངས་བས། བླ་ཆེན་པོ་ལ་ཞུས་གསུངས་པས་ཞུས་པས། ངས་བསྙེན་རྫོགས་བྱས་ནས་ལོ་ལྔ་ལས་མ་ལོན་པས་མཁན་པོ་མི་བཏུབ་གསུང་བ་ལ། གཙང་ན་རེ། དམིགས་བསལ་ལ་བཏུབ་པས་གྱིས་གསུངས་ནས། བླ་ཆེན་པོས་མཁན་པོ་བྱས། གཙང་དང་གཡོས། ལས་སློབ་དང་གསང་སྟོན་བྱས། སྨར་དང་ཧྭ་ཤང་གིས་ཁ་སྐོང་བྱས་ཏེ། ཐམས་ཅད་ཆིག་རྫོགས་བྱས་སོ། །དེ་ནས་བླ་ཆེན་གྱི་ཞལ་ནས། ལོ་སྟོན་མཐུ་ཆེ་བས་བསྟན་སྲུང་གྱིས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་བསྐོས་མཁས་པས་གནས་གཞི་ཟུངས་གསུངས་སོ། །དེ་ནས་བྱིངས་པོ་ཚོ་ཡར་ཡོངས། ཀླུ་མེས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་ཉན་ཅིང་བསྡད་དོ། །དེའི་དུས་སུ་རག་ཤིའི་གཅུང་དང་། རྦའི་གཅུང་གཉིས་ཕུ་བོ་བསུ་རུ་འོངས་པ་དང་། ཀློང་ཐང་དུ་མཇལ་བས། གཅུང་གཉིས་དད་དེ། ལོས་མཁན་པོ་བྱས། ཕུ་བོ་གཉིས་ཀྱིས་སློབ་དཔོན་བྱས་ཏེ། རབ་ཏུ་བྱུང་སྟེ། ད་ལྟ་རྦ་རག་གཉིས་གཅིག་ཏུ་སྡེབ་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ནས་ལོ་སྟོན་ན་རེ་ཁྱེད་ཚོ་སྡོད་ཅིག །ངས་ཚོང་པ་འདི་རྣམས་དང་འགྲོགས་ཏེ། དབུས་གཙང་དུ་ཕྱིན་ལ། བསྟན་པ་དར་བར་ནུས་མི་ནུས་བལྟས་ལ། ནུས་ན་ང་བསྡད་ཀྱིས། ཁྱེད་རྣམས་ཡར་བྱོན། མི་ནུས་ན་ང་མར་ལོག་ལ་འོང་གི་གསུང་ནས། འདན་མའི་ཚོང་པ་དང་འགྲོགས་ཏེ་བྱོན་པས། ཚོང་པ་རྣམས་སུམ་འཕྲང་དུ་ཚོང་བྱ་སྙམ་ནས་ལྡོག་པར་འདུག་པ་ལ། ཁྱེད་རྣམས་འདིར་ཚོང་མ་བྱེད་པར་གཙང་དུ་སོང་ལ། འགུར་མོ་རབ་ཁ་བྱ་བ་ན། ལོ་ནད་གཙུག་ན་བྱ་བ་ཡོད་པས་དེ་ལ་ཁྱོད་ཀྱི་བུ་རབ་ཏུ་བྱུང་ནས། དབུས་ན་ཡོད་གྱིས་ཤིག་བྱས་ཏེ་བཏང་བས། ཚོང་ལེགས་པོ་བྱུང་བས། དིང་སང་བར་དུ་འགུར་མོར་ཚོང་འདུས་བྱུང་བའང་། ལོ་སྟོན་གྱི་དྲིན་ཡིན་ནོ། །དེའི་ཕྱི་ལོ་དེ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས། མཆོད་གནས་ཤིག་ཞུ་བྱས་པས། བོན་པོའི་ཞྭ་འོབ་ཞུ་ཕོག་ནས། ས་སེར་བཏབ་པ་ཞིག་གསོལ་འཕྲོ་ལ་གནང་སྟེ། འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུང་ངོ་། །ཡར་བྱོན་ཏེ་ཐམས་ཅད་དབུས་སུ་བྱོན་པ་དང་། སྔོན་མཁས་བཙུན་རྣམས་ཀྱི་གདན་ས་ལྷ་ས་ཡིན་ཡང་ཆད་པས་གཅོད་པའི་ས་ཡིན་པས། འགྲོ་མ་ནུས་པར། བསམ་ཡས་སུ་བྱོན་ཏེ། ཀླུ་མེས་ཀྱིས་ཀ་ཆུ་བཟུང་། རྦ་མཆེད་ཀྱིས་དབུ་ཚལ་དང་དབུ་རྩེ་བཟུང་། རག་ཤི་མཆེད་ཀྱིས་དགེ་རྒྱས་བཟུང་། འབྲིང་གིས་ཟངས་ཁང་བཟུང་ངོ་། །དེ་ནས་དབུས་པ་ལྔས་རང་ཅག་གནས་གཞི་བརྩིག་དགོས་གསུངས་ནས། ཀླུ་མེས་ཀྱིས་ལ་མོ་ཆག་དེའུ་བརྩིགས། དེ་ལ་མཁན་བུ་བཞི་བྱུང་། གྲུ་མར་ཚུལ་ཁྲིམས་འབྱུང་གནས་ཀྱིས་སོལ་ནག་ཐང་ཆེན་བརྩིགས། དེ་ལས་མཆེད་པ་ལ་ཐང་སྐོར་ཟེར། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ར་ཚག་དང་རྒྱལ་བརྩིགས། དེ་ལས་མཆེད་པ་ལ་ཞང་སྐོར་ཟེར། རྡོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ་བ་རང་བརྩིགས། སྨད་ཀྱི་ལ་མཆེད་པ་གཟད་ཀྱི་ལྡིང་བ་དང་། ཆུ་ཤུལ་གྱི་ན་བོ་དང་། སྦུ་སྡེ་ལྷོ་གོང་དང་། ཡོལ་ཐང་དང་། ལབ་སོ་དང་། གྲལ་མ་ཐང་དང་། ཁ་རག་སོ་གཅིག་རྣམས་བརྩིགས། དེ་ནས་གཙང་དུ། གཞུའི་ཀུན་དགའ་ར་བ་དང་ཚ་མིག་བརྩིགས། སྐྱིད་ཤོད་དུ་རྡོག་དང་། སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་གཡུ་སྒྲོ་ཁང་དམར་བརྩིགས་ཏེ། དེ་དག་ལས་མཆེད་པ་ལ་རྡོག་ཚོ་སྐོར་ཟེར། གླན་ཡེ་ཤེས་ཤེས་རབ་ཀྱིས་རྒྱལ་གསར་སྒང་དང་། གླག་མདའ་ལྷ་ཁང་དང་། མཚལ་ཆུང་གཉིས་བཟུང་། དེ་དག་ལས་མཆེད་པ་ལ་གླན་སྐོར་ཟེར་རོ། །སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་འབྲོ་ས་ཐང་དུ་རྨེ་རུ་བརྩིགས་ཏེ། ཞིག་ནས་མེད་ལ། མཆེད་པའང་མེད་དོ། །རག་ཤིས་རག་ཤི་འཕྲང་འོག་གི་ལྷ་ཁང་བརྩིགས། སྦས་ཡུངས་འགུར་བརྩིགས། དེ་ནས་ལན་པ་སྤྱིལ་བུ་བཟུང་། དེའི་མཁན་བུ་མ་ལ་སེམས་པ་ཤེས་རབ་ཀྱིས། སྟོད་ལུངས་ཚ་ཐོག་བཞེངས། དེ་ནས་ཐག་མ་ལྷ་ཁང་དང་མོན་གྲ་བཟུང་སྟེ། དེ་ཚོ་ལ་རྦ་ཚོ་ཟེར་རོ། །སྦའི་གཅུང་གིས་གྱེ་རེ་འཚར་སྣའི་མདའ་གྲོང་ལྷ་ཁང་བརྩིགས། དེ་ནས་གཞོའི་འཆད་ཁང་བཟུང་། རག་ཤིས་ཀ་ཚལ་དང་ཞ་བཟུང་དེ་ལས་མཆེད་པ་ལ་རག་ཚོ་ཟེ་རོ། །རག་ཤིའི་གཅུང་གིས་དགེ་རྒྱས་བཟུང་། དེའི་མཁན་བུ་མཐའ་བཞི་རྒྱལ་འཕགས་ཀྱིས་ཀྱང་དེ་ཀ་བཟུང་། དེའི་མཁན་བུ་ཞང་བཙུན་ཤེས་རབ་འཕགས་ཀྱིས་ལན་པ་རྟ་བྲེས་བརྩིགས། དེ་ནས་མཆེད་པ་ལ་རག་ཤིའི་གཅུང་གི་བརྒྱུད་པ་ཟེར་རོ། །འབྲིང་གིས་ངན་ལམ་སྤྱི་མོ་བརྩིགས། དེ་ནས་དཀར་ཆུང་བཟུང་། དེ་ནས་སྙེ་ཐང་བྲག་སྣ་བཟུང་། དེའི་ལམ་སྟེགས་སུ་བྲང་ར་མོ་ཆེ་བརྩིགས། དེ་ནས་མཆེད་པ་ལ་འབྲིང་ཚོ་སྨད་པ་ཟེར། ངན་ལམ་པའི་འབྲིང་ཚོ་ལ་འབྲིང་ཚོ་སྟོད་པ་ཟེར། ཀླུ་གོང་ནས་མཆེད་པ་ལ་འབྲིང་ཚོ་བར་པ་ཟེར་རོ། །གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་བརྩིགས། དེ་ལ་མཁན་བུ་ཉི་ཤུ་རྩ་བཞི། རྒྱ་ཤཱཀྱ་གཞོན་ནུས། ལ་སྟོད་མར་ལ་ཐལ་བརྩིགས། དེ་ལ་འབྲིང་མཚམས་ཀྱི་བུལ་ཏོག་ལྷ་ཁང་ལ་སོགས་པ་གྱེས་པ་ལ་རྒྱ་ཚོ་ཟེར། སྐྱོ་ཤེས་རབ་རྡོ་རྗེས་དོན་མོ་རི་བརྩིགས། སྟོད་ཀྱི་དེ་ནས་མཆེད། སྟག་ལོ་གཞོན་བརྩོན་གྱིས་སྟག་ལོ་ལྷ་ཁང་བརྩིགས། དེ་ནས་མཆེད་པ་ལ་སྟག་ཚོ་ཟེར། ཨ་མེ་ཞུ་གཅིག་མས་འཕྲང་དང་བྲག་དམར་བཟུང་། དེ་ནས་མཆེད་པ་ལ་ཞུ་ཚོ་ཟེར་རོ། །འདར་ཤཱཀྱ་ཡོན་ཏན་གྱིས་གཟུས་པོ་བཟུང་། དེ་ནས་མཆེད་པ་ལ་འདར་ཚོ་ཟེར། ལི་བློ་གྲོས་གཞོན་ནུས་ཇོ་མོ་བརྩིགས། དེ་ནས་མཆེད་པ་ལ་ལི་ཚོ་ཟེར། སྨད་ཀྱི་ལྔ་ལ་རྒྱན་གོང་མའི་སྐོར་དང་། གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་བརྩིགས། དེ་ནས་མཆེད་པ་ལ་གླག་ཚོ་ཟེར། ཆག་སའི་འགའ་ཤེས་རབ་བླ་མས་སྙེམས་བརྩིགས། རྡོག་ཡེ་ཤེས་འབྱུང་གནས་ཀྱིས་སྤང་དཀར་ལྷ་ལུང་བརྩིགས་ཏེ། དེ་གཉིས་ཀྱིས་རྐྱ་མ་ཐུབ་པས་གླག་ཚོ་ལས་གཞན་མེད་དོ། །གླང་བཙུན་བྱམས་པས་འོམ་ཕུག་བརྩིགས། དེ་ནས་གཙང་འགྲམ་བཟུང་། དེ་ནས་བུམ་ཐང་། ཆག་ས། ཏྲི་གོང་། མགོས་སྟོན་ཁྲིལ་མ་ལ་སོགས་པ་ལ། གླང་ཚོ་སྟོད་སྨད་ཟེར་རོ། །མགོ་བ་ཡེ་ཤེས་གཡུང་དྲུང་གིས་སྦྲེ་ལྷ་ཁང་བཟུང་ངོ་། །དེའི་མཁན་བུ་ལྕེ་བཙུན་ཤེས་རབ་འབྱུང་གིས། ཞ་ལུ་མོ་བརྩིགས་ཏེ་རྒྱ་གར་དུ་བྱོན་ནས་སྡོམ་པ་བསྐྱར་ནས་བླངས་ནས་ཤུལ་དུ་འགོ་བ་གཡུང་དྲུང་གིས་ཞ་ལུ་བཟུང་། དེ་ལ་ཀ་བཞི་གདུང་དྲུག །དེ་ལས་མཆེད་པ་ལ་ཞ་ལུ་བརྒྱ་སྐོར་ཟེར། ཀྱི་ཡེ་ཤེས་དབང་པོས་ཤངས་ཀྱི་མཁར་ལུང་བརྩིགས། དེ་ནས་གྱི་རེ་གླང་ར་བརྩིགས། དེ་གཉིས་ཀྱི་ལམ་སྟེགས་སུ་མུ་ཤངས་ཀྱི་རོ་སྐམས་བརྩིགས། གླང་ར་ནས་མཆེད་པ་ལ་གླང་ར་སྐོར་ཟེར། ཉུག་གི་ཨུ་ལུང་ནས་གྱིས་པ་ལ། ཨུ་ཚོ་ཟེར། དེ་གཉིས་ཀ་ལ་ཀྱི་ཚོ་སྨད་པ་ཟེར་རོ། །གླང་ར་ནས་འཁྲིས་ཀྱི་ཁ་ཆད་དགོན་པ་བཟུང་། དེ་ནས་ཨ་མེའི་མཁན་བུ་ཞང་སྟོན་ཚུལ་འཕགས་ཀྱིས་བྱ་རྒྱུས་བཟུང་། ཨ་མེའི་མཁན་བུ་ཀོང་པོ་ཐར་པ་རིན་ཆེན་ལ་མཁན་བུ་བཞི་བྱུང་སྟེ། གཟུ་སྟོན་འཕན་གྲགས་ཀྱིས་སྒྲེའི་ལྕེ་མཚམས་དང་། རྒྱ་མཁར་སྟག་ལུང་བཟུང་། དེ་ལས་མཆེད་པ་ལ་གཟུ་ཚོ་ཟེར། ལྕེ་བཙུན་དཀར་པོས་ཨང་ཡིག་བཟུང་། གཡུང་སྟོན་འཛའ་ཀ་རིས་པས་འོར་ཟུང་། དེ་གཉིས་འ་མོའི་སྐོར་དུ་སོང་ནས་མཆེད་པ་མེད། ཤབ་རྩས་ཤབ་རྩེ་ལྷ་ཁང་བརྩིགས་ཏེ། དེ་ཚོ་ལ་ཀོང་ཚོ་ཟེར་རོ། །དེ་ཚོ་ལ་གྱི་ཚོ་བར་པ་ཟེར་རོ། །ཨ་མེས་ཁ་ཆད་དགོན་པ་ནས་སད་ཀྱི་ལ་སྟེ་ར་བཟུང་། དེར་སྟོད་ཀྱི་མཁན་བུ་ཨོང་པ་ཞང་རྣམ་གསུམ་བྱུང་། །ཁྲི་སྟོན་བརྩོན་འབར་གྱིས་ཤོང་སྣ་ར་བཟུང་། དེ་ནས་མཆེད་པ་ལ་ཁྲི་ཚོ་ཟེར། ས་རྦད་བཙུན་ཆུང་གིས་བྲན་ཆུང་བཟུང་། དེ་ནས་མཆེད་པ་ལ་བྲན་ཆུང་སྐོར་ཟེར། རྒྱ་སྟོན་ཨརྱ་དེ་བས་སྒོ་རུ་དུ་སྣ་བཟུང་། དེ་ནས་མཆེད་པ་ལ་རྒྱ་ཚོ་ཟེར་རོ། །མཁན་པོ་གཞོན་ནུ་ཤཱཀྱས་ས་ཕུག་བཟུང་། དེ་ནས་མཆེད་པ་ལ་ས་ཆོ་ཟེར། དེ་རྣམས་ལ་སྟོད་ཀྱི་ཁྲལ་ཚོ་བཞི་སྟེ། ཀྱི་མཚོ་སྟོད་པ་ཟེར་རོ། །ཨ་མེའི་མཁན་བུ་སྤང་གིས་འཁྲིས་བསྐྱངས། ཞང་བཙུན་བསོད་གྲགས་ཀྱིས་བྱ་རྒྱུས་བཟུང་སྟེ། དེ་གཉིས་ལ་ཀྱི་ཚོ་བར་པ་ཟེར། ཀྱི་ཚོ་སྟོད་ནས་མཆེད་པའི་མཁན་བུ་གཞོན་ནུ་འབྱུང་གནས་ཀྱིས་རྒྱན་མཁར་ཐུར་ལ་བཟུང་། དེ་ལས་གྱེས་པ་ལ་ཐུར་ཚོ་ཟེར་རོ། །ཀྱི་བཙུན་དཔལ་གྱི་ཡེ་ཤེས་ཀྱིས་འབྲུང་ཀུན་དགའ་ར་བ་གཟུང་། དེ་ཀྱི་ཚོ་སྟོད་ནས་མཆེད་པ་ཡིན་ནོ། །ཚོང་ཚོ་ལ་ཁྲལ་ཚོ་དགུ་བྱུང་སྟེ། ཚོང་ཚོ་སྟོད་པ་ལ་སྐལ་སྐོར་དང་རྒྱན་སྐོར་གཉིས་བྱུང་། ཚོང་ཚོ་བར་པ་ལ་གནས་གསར་དང་གནས་རྙིང་གཉིས་བྱུང་། སྨད་པ་ལ་ཁྲལ་ཚོ་ལྔ་ཡོད་དེ། ཨ་མེས་ཚོང་བཙུན་གྱིས་རྩིས་ཀྱི་ཡང་དབེན་བཟུང་བའི་དུས་སུ་རྩིས་ལྷ་ཁང་ཕུལ། དེ་ཉེ་གནས་རྦ་བཙུན་བློ་གྲོས་ཡོན་ཏན་ལ་གཏད། དེས་མཁན་པོ་བྱས་ནས་བསྐྱངས་པ་ཚོ་ལ། རྦ་ཚོ་ཟེར་ཏེ། དེའི་མཁན་བུ་ཡོལ་ཆོས་དབང་གིས་སྐྱེགས་གནས་རྙིང་བཟུང་། དེ་ནས་མཆེད་པ་ལ་སྦ་ཚོ་སྟོད་པ་ཟེར། ཡོལ་ཐོག་འབེབས་ཀྱིས་ལྕང་ར་བཟུང་། སྟག་པ་ཇོ་བཙུན་གྱིས་ལྕེ་སྦེ་བཟུང་། དེ་གཉིས་ལ་རྦ་ཚོ་བར་པ་ཟེར། རྩིས་ནས་མཆེད་པ་ལ་རྦ་ཚོ་སྨད་པ་ཟེར། དེ་ནས་ཨ་མེས་ལ་ཉན་ཚོ་ཕུལ་ནས། མཁན་བུ་རྭ་བློ་གྲོས་བཟང་པོ་དང་། ཁམས་པ་གཉིས་ལ་ཉན་ཚོ་གཏད། རྭས་ངུར་སྨྲིག་བཟུང་། ཁམས་པས་ལྕགས་མཁར་བཟུང་སྟེ། དེ་གཉིས་ལ་རྭ་ཚོ་དང་ཁམས་ཚོ་ཟེར་ཞིང་། གཉིས་ཀ་ལ་ཉན་ཚོ་སྐོར་དུ་གྲགས་སོ། །ཨ་མེས་ལ་སྟག་ཚལ་གྱི་བྱ་ཆོས་མཁར་པོ་ཆེ་ཕུལ་བས། མཁན་བུ་རྒྱ་རྒྱལ་བུ་ཚུལ་སེང་ལ་གཏད། རྒྱས་ཀོང་པོ་ཡེ་འབྱུང་ལ་གཏད། ཀོང་པོས་དམུའི་གནས་མོ་ཆེ་དང་། བྱ་ཆོས་གཉིས་ཀ་བསྐྱངས་ཏེ། རྒྱས་བྲ་ཐང་བརྩིགས་ཏེ། དེ་རྣམས་ལ་བྱ་ཆོས་སྐོར་ཟེར་རོ། །དེ་ནས་ཨ་མེས་ལ་མར་ཤུལ་ལ་ཡོན་བདག་མོ་གཉོས་མོས་སྨོན་གྲོ་ཕུལ། དེས་མཁན་བུ་མར་པ་རྡོ་རྗེ་ཡེ་ཤེས་ལ་གཏད། དེའི་མཁན་བུ་སྣེ་པོ་གྲགས་པ་རྒྱལ་མཚན་ལ་གཏད་དེ། རོང་མཁར་ཕུག་བཟུང་། ཕྱིས་ཨ་མེས་སྤྱུགས་མཚམས་སྟག་ཚལ་སྐྱུས་ཐང་བཞེངས་ནས་ཕུལ། མར་པས་བྲན་མ་སྒང་པོ་བརྩིགས། ལན་གྲོའི་སྟག་ཚང་དང་བཞི་ལ་སྨོན་གྲོའི་མ་དང་མཉམ་པའི་བུ་བཞིར་གྲགས་ཏེ། དེ་རྣམས་ལ་སྨོན་གྲོ་སྐོར་ཟེར་རོ། །དེ་ནས་ཡང་ཨ་མེས་ཀྱིས་སེར་གྱི་སྒོང་ཁྲོག་བཟུང་ནས། དེས་མཁན་བུ་ཞང་པ་ཚེར་ཁྲོད་པ་ལ་གཏད། དེས་སེར་གྱི་བྲག་ཤོད་བརྩིགས། དེ་ནས་བཙན་མོ་སྡིངས་བཟུང་། དེ་ནས་རྩིས་ཀྱི་ཡང་དབེན་བཟུང་། དེ་ནས་ར་སོག་མཚར་ལ་དང་། སྟག་ཚལ་མཁར་པོ་ཆེ་བཟུང་ནས། མཁན་བུ་རྦ་དགེ་མཐོང་ལ་གཏད། དེས་རོང་གི་བ་དོ་བཟུང་། དེའི་མཁན་བུ་བྲེ་བཙུན་སྔོན་མོ་ལ་གཏད། དེ་རྣམས་ལ་དོ་ཚོ་ཟེར་ཏེ། ཁྲལ་ཚོ་འདུས་ནས་འདུན་མ་བྱེད་པའི་དུས་སུ། དེ་དག་གི་བཙུན་ཆུང་གསུམ་བྱུང་བ་ལ་ཁྱེད་ཅག་གི་དཔོན་པོ་གར་སོང་བྱས་པས་ཤི་ཟེར། འོ་ན་ཁྱེད་དྭ་ཕྲུག་ཏུ་འདུག་པ་བྱས་པས། མིང་དྭ་ཚོར་ཆགས་སོ། །དེ་དག་ཐམས་ཅད་ལ་སྨད་ཀྱི་ཚོང་ཚོ་ལྔ་ཟེར་རོ། །ཚོང་ཚོ་དགུ་པོ་ཐམས་ཅད་ཀྱི་འ་མོ་སྔོ་གླིང་ཡིན་ནོ། །གཞན་ཡང་འ་ཞ་མགོ་བོ་ཆེའི་བུ་འ་ཞ་ཡེ་ཤེས་གཡུང་དྲུང་གིས། ཁམས་སུ་སྡོམ་པ་ལེན་དུ་འགྲོ་བར་འདོད་ནས། ལྷ་སར་ཕྱིན་པས་ལྷ་སའི་སྟེང་ཁང་དུ་འགྲོ་བའི་སྐས་གཅིག་གི་མར་ཟུར་སྔ་གདོང་ལ་དཔལ་མགོན་པོའི་གཟུགས་རི་མོར་བྲིས་ནས་ཡོད་པ་ལ། ཡར་འགྲོ་ཙ་ན་རི་མོར་འདུག་པ་ལ། མར་འོང་ཙ་ན་དཔལ་དགོན་པོ་དངོས་ཐོད་པའི་ནང་ན་མིའི་སྙིང་དང་ཁྲག་བསྲེས་ནས། མིའི་རྩིབ་མས་ཐུར་མ་བྱས་ནས་གསོལ་ཞིང་འདུག་པ་ལ། གསོལ་བ་བཏབ་པས། །ངས་ཁྱོད་ཀྱི་ཆོས་སྐྱོང་བྱ་ཡིས་ཟླ་བ་གཅིག་ལ་འཁོར་བར་ཤོག་ཟེར་ཏེ། འ་ཚོ་མཐུ་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ནས་འ་ཞས་ཁམས་ཀྱི་གྲྭར་ཕྱིན་ནས། བླ་ཆེན་པོའི་མཁན་བུ་ཀྲེ་བོ་མཆོག་བླ་བྱ་བ་ལ། བཀའ་དྲིན་ཞུས་པས། ངས་ཆུ་གཏོར་བཏང་ལ་འོང་གི་གསུངས་ནས། བཀའ་དྲིན་ནོད་ལོང་མེད་པར་མཁན་པོ་འདས་པས། ངས་ཆུ་གཏོར་བཏང་ལ་འོང་གིས་ཟེར་བ་ཙམ་ལ་སྡོམ་པ་ཐོབ་པར་བྱས་ནས། དེ་ལ་དགེ་ཚུལ་ཆུ་གཏོར་མ་ཞེས་གྲགས་སོ། །དེས་མཁན་པོ་བྱས་ནས་སྣ་ནམ་འདྲེ་བརྡས་བཟུང་། དེ་ནས་འོ་ཡུག་མདའི་ར་ཤ་བཟུང་། དེ་གཉིས་ཀྱི་ལམ་སྟེགས་སུ་སྟག་གི་གནས་པོ་ཆེ་བཟུང་ངོ་། །དེའི་མཁན་བུ་ཤེའུ་སྙེ་ནམ་པས་ལྷན་གྱི་བ་སོ་ཐང་བཟུང་། དེ་ནས་འཁོར་རེ་སྐྱི་སྒང་དང་ཉང་རོ་བུད་མདོ་དང་འཁོར་རེ་བ་འཁོར་དང་། ལྷན་གྱི་དྲོ་ཤོང་རྣམས་རིམ་གྱིས་བཟུང་ངོ་། །དེའི་མཁན་བུ་སོག་ཚུལ་ཁྲིམས་བླ་མས་པ་སོ་ཐང་བཟུང་། དེའི་མཁན་བུ་སྤང་འདུལ་འཛིན་གྱིས། སྟག་གི་སྤེན་ཅན་བཟུང་། དེའི་མཁན་བུ་སྣུབས་རིན་ཆེན་གྲགས་ཀྱིས། ཁུ་ལུང་ལྷ་གྲལ་བཟུང་། ར་ཤ་ནས་འུ་ཡུག་གསལ་སྒང་བཟུང་སྟེ། དེ་རྣམས་ལ་འ་ཚོ་ཟེར་རོ། །ཡང་འབྲེ་གཞོན་ཚུལ་གྱིས་ཁམས་སུ་སྡོམ་པ་ལེན་དུ་ཕྱིན་པས། ཁམས་ཀྱི་ཁྲི་ཁ་མཁར་སྣར་བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་བྱ་བ་དང་མཇལ་ནས། བཀའ་དྲིན་ཞུས་པས་དེར་བས་ཟེར་ནས་སྡོམ་པ་སྦྱིན་ལོང་མེད་པར་འདས་པ་དང་། ངས་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་ཡིན་ཏེ། མཁན་བུ་ན་རེ་དེར་བས་གསུངས་བའི་ཕྱིར་རོ། །ཞེས་ཟེར་བས་དེར་བས་ཀྱི་བསྙེན་རྫོགས་སུ་གྲགས། དེས་རྟ་ནག་ཕུའི་བྱ་ཚང་བཟུང་། དེ་ནས་ཤངས་ཀྱི་བྱེ་ཕུག་བཟུང་། བྱ་ཚང་ནས་མཆེད་པ་འཇད་ཀྱི་གནས་བརྒྱད་བྱུང་སྟེ། དེ་ཚོ་ལ་འབྲེ་ཚོ་ཟེར་རོ། །དེ་ལྟར་མི་བཅུས་ཕྱིན་ཡང་དབུས་ཀྱི་སུམ་པ་དང་། གཙང་གི་འོ་བརྒྱད་སྤུན་གཉིས་ལས་མཆེད་པ་མེད་པས། མི་དྲུག་ཏུ་གྲགས་ཤིང་། འ་འབྲེ་གཉིས་དེ་རྣམས་ལ་མ་གཏོགས་སོ། །ཁ་ཅིག་ན་རེ་མཁན་པོ་བོ་དྷི་ས་ཏྭའི་མཁན་བུ་རྦ་རཏྣ། དེས་ལྷ་ལུང་རབ་འབྱོར་དབྱངས། དེས་བླ་ཆེན་པོ་དགོངས་པ་གསལ། དེས་ཡ་གོང་ཡེ་ཤེས་གཡུང་དྲུང་དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེས་ལ་སོགས་པའོ། །ཞེས་ཟེར་བ་དང་། བཀའ་ཚེམས་ཀྱི་ཡི་གེ་ཁ་ཅིག་ནས། མཁན་པོ་བོ་དྷི་ས་ཏྭས། སློབ་དཔོན་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲས་བྱས་ནས། རྦ་རཏྣ། དེས་གཡོ་དགེ་འབྱུང་། དེས་བླ་དགོངས་པ་གསལ། དེས་སྒྲོ་མཉྫུ་ཤྲཱི། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེས་ཞེས་འབྱུང་བ་དང་། རིགས་རལ་ན་རེ་བླ་ཆེན་པོའི་མཁན་བུ་གྲུམ་ལ། དབུས་གཙང་གི་མི་བཅུས་སྡོམ་པ་བླངས་ཟེར་བ་རྣམས་བརྟག་དགོས་སོ། །ཡང་གཡོ་ལ་སོགས་པ་རྣམས་ཁ་ཅིག །ཛི་ན་མི་ཏྲའི་མཁན་བརྒྱུད་དུ་འདོད། ཁ་ཅིག་ཞི་བ་འཚོའི་མཁན་བརྒྱུད་དུ་འཆད་པས་བརྟག་པར་བྱའོ། །དེ་ལྟར་དབུས་གཙང་དུ་བསྟན་པ་མེད་པ་ལོ་བདུན་ཅུ་བྱུང་ནས། དབུས་གཙང་གི་མི་བཅུས་བསྟན་པ་བཙུགས་པ་ཡིན་ཏེ། མི་བཅུས་དབུས་སུ་བྱོན་ཙ་ན། རྒན་མོ་ཞིག་ན་རེ། ང་ལོ་དྲུག་ལོན་པ་ན་བཙུན་པ་མཐོང་ཟེར། ད་ཇི་ཙམ་ལོན་དྲིས་པས། བདུན་ཅུ་དོན་དྲུག་ལོན་ཟེར་བས་སོ། །ཞེས་ཟེར་ལ། ཁ་ཅིག །ལོ་བརྒྱ་རྩ་བརྒྱད་སོང་ཟེར་རོ། །རིགས་རལ་ན་རེ། མི་བཅུ་ནས་ལོ་ཙཱ་བ་རིན་བཟང་མ་བྱོན་བར་དུ། བཤད་ཉན་མེད་པས་བསྟན་པའི་གཟུགས་བརྙན་ཡིན། དེ་ནས་རྒྱལ་པོས་སྦྱིན་བདག་བྱས་ནས། ལོ་པཎ་གྱིས་ཆོས་བསྒྱུར་བ་ནི་བསྟན་པ་བར་དར་ཡིན། དེ་ནས་རྒྱལ་པོས་མ་བྱས་པར། རྔོག་ལ་སོགས་པས་འགྱུར་མཛད་པ་བསྟན་པ་ཕྱི་དར་ཡིན་ཟེར་བ། མི་འཐད་དེ། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཡོད་པར་ཁས་བླངས་ནས། བསྟན་པའི་གཟུགས་རྙན་དུ་འཆད་པ་འགལ་ཞིང་། བཤད་ཉན་མེད་པ་མ་གྲུབ་སྟེ། པཎྜི་ཏ་ཛི་ན་མི་ཏྲས་ལོ་ཙྪ་བ་ཀླུའི་རྒྱལ་མཚན་དང་། གཡོ་དགེ་འབྱུང་ལ་སོགས་པ་ལ། དེས་བླ་ཆེན་པོ་ལ། དེས་གྲུམ་ལ། དེས་ཀླུ་མེས་ལ། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ། དེའི་སློབ་མ་བཞི། གླན་ཚུལ་བྱང་། ཀ་ཆུ་བ་ཚུལ་འབྱུང་། སྣེ་པོ་གྲགས་རྒྱལ། འཛིམས་པ་ཤེར་འོད། སྣེ་པོའི་སློབ་མ་སོག་ཚུལ་ཁྲིམས་བླ་མ། ཀ་ཆུ་བའི་སློབ་མ་ཉང་མཚམས་རིན་ཆེན་བླ་མ། འཛིམས་པའི་སློབ་མ་ཀོ་ཁྱིམ་པ་ཡེ་ཤེས་བླ་མ། དེ་གསུམ་གྱིས་རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས། དེ་ལ་སློབ་མ་རྨ་ཚོ་བྱང་རྡོར་དང་། བྱ་འདུལ་འཛིན། གྱི་པོ་ཚུལ་འཕགས། ཤ་མི་ལ་སོགས་པའི་བར་དུ་འདུལ་བའི་བཤད་པ་མན་ངག་དང་བཅས་པ་ཡོད་པའི་ཕྱིར་དང་། ཛི་ན་མི་ཏྲས། སྐ་ཅོག་ཞང་གསུམ། ནམ་ནད་ཟླ་བའི་རྡོ་རྗེ། དཔལ་གྱི་རྡོ་རྗེ། སྦ་རྒྱལ་བ་ཡེ་ཤེས། ཅོག་གྲུ་མཆོག་གི་ཡེ་ཤེས། སེ་བཙུན་གཞོན་ནུ། གར་མི་ཡོན་ཏན་གཡུང་དྲུང་། ཁུ་སྟོན་ཤེས་རབ་བརྩོན་འགྲུས། ར་ཁྲི་བཟང་འབར། རྒྱ་རྒྱལ་བུ་ཚུལ་ལེ། བྲང་ཏི་དར་མ་སྙིང་པོ། དེའི་སློབ་མ་འབན་རོག་གཉིས་ལ་སོགས་པའི་བར་དུ་མངོན་པའི་བཤད་ཉན་མ་ཆད་པར་བྱུང་པའི་ཕྱིར་རོ། །བར་དར་དང་ཕྱི་དར་དུ་འབྱེད་པའང་མི་འཐད་དེ། བར་དུ་བསྟན་པ་མེད་པས་བར་ཆོད་པ་མེད་པས་སོ། །སྔ་དར་དང་ཕྱི་དར་དུ་འབྱེད་པ་ནི་གླང་དར་མས་བསྟན་པ་བསྣུབས་པས་དབུས་གཙང་དུ་བསྟན་པ་ཡེ་མེད་པ་ལོ་འགའ་བྱུང་བས། དེ་ཡིས་བཞག་གོ། མཁས་པ་གཙང་ནག་པས་ཀྱང་། བསྟན་པ་ཕྱི་མ་དར་བའི་ཚུལ་ནི་ཞེས་བཤད་པས་སོ། །དེ་ལྟར་བསྟན་པའི་མེ་རོ་སྨད་ནས་བླངས་ཏེ་མངའ་རིས་ནས་དར་ཞིང་རྒྱས་པར་མཛད་དོ། །
བཙན་པོ་འཁོར་རེས་རྒྱལ་སྲིད་གཅུང་སྲོང་ངེ་ལ་གཏད་ནས། རབ་ཏུ་བྱུང་སྟེ། མཚན་ཡེ་ཤེས་འོད་ཅེས་བྱའོ། །དེས་མཚན་ཉིད་ཀྱི་ཐེག་པ་བཀར་ཤེས་ཀྱང་། སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་ལ་སོགས་སྤྱོད་ལོག་གིས་བཀའ་ཡིན་མིན་ཐེ་ཚོམ་དུ་གྱུར་ཏེ། རིན་ཆེན་བཟང་པོ་ལ་སོགས་པ་ཁྱེའུ་ཉི་ཤུ་རྩ་གཅིག་བརྫངས་ནས། རྒྱ་གར་དུ་ཆོས་སློབ་ཏུ་བཏང་བ་ལ། རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་མ་གཏོགས་པ་གཞན་ཤི་ནས་ཆོས་མ་ལོབས། རིན་ཆེན་བཟང་པོ་སྔགས་མཚན་ཉིད་ཐམས་ཅད་ལ་མཁས་པར་གྱུར་སྟེ། པཎྜི་ཏ་ཤྲ་དྡྷ་ཀ་ར་ཝརྨ་དང་། པདྨ་ཀ་ར་གུཔྟ་དང་། བུདྡྷ་ཤྲཱི་ཤཱནྟི་་དང་། བུདྡྷ་པཱ་ལ་དང་། ཀ་མ་ལ་གུཔྟ་ལ་སོགས་པ་སྤྱན་དྲངས་ཏེ་མཚན་ཉིད་ཀྱི་ཐེག་པ་དང་། རྒྱུད་སྟེ་བཞི་ཀ་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་ལ་སོགས་མང་པོ་བསྒྱུར་ཞིང་སྔགས་གཏན་ལ་ཕབ། པཎྜི་ཏ་དྷརྨ་པཱ་ལ་དང་པྲཛྙ་པཱ་ལ་སྤྱན་དྲངས་ཏེ། ཞང་ཞུང་པ་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས་ཤིང་། བལ་པོར་བྱོན་ནས་འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བའི་ལག་ལེན་ཞུས། དེའི་སློབ་མ་དཔལ་འབྱོར་དང་། ཞིང་མོ་ཆེ་པ་བྱང་ཆུབ་སེང་གེ་ལ་སོགས་པ་བརྒྱུད་དེ། འདུལ་བ་སྟོད་ལུགས་ཀྱི་བཤད་པ་དར་རོ། །ལྷ་བླ་མས་ཞང་ཞུང་ཐོ་ལིང་གི་གཙུག་ལག་ཁང་བཞེངས། ལོ་པཎ་མང་པོའི་ཡོན་བདག་མཛད་དོ། །དེའི་གཅུང་སྲོང་ངེའི་སྲས་ལ་ལྡེས་ཀྱང་། པཎྜི་ཏ་སུ་བྷ་ཥིས་ཏ་སྤྱན་དྲངས། དེའི་སྲས་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད་དང་། བཙུན་པ་བྱང་ཆུབ་འོད་དང་གསུམ་གྱི་བྱང་ཆུབ་འོད་ཀྱིས་ནག་ཚོ་ཚུལ་རྒྱལ་ལ་སོགས་པ་མི་ལྔ་ལ་གསེར་བསྐུར། ལོ་ཙྪ་བ་རྒྱ་བརྩོན་འགྲུས་སེང་གེ་དཔོན་དུ་བསྐོས་ནས་པཎྜི་ཏ་བཟང་པོ་གདན་དྲོངས་ལ་ཤོག་བྱས་པས། ཤར་ཕྱོགས་རྒྱལ་པོ་དགེ་བ་དཔལ་གྱི་སྲས་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ལེགས་པར་སྦྱངས་པ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྤྱན་དྲངས་པས། སྒྲོལ་མས་ལུང་བསྟན་ཏེ་བྱོན་པས། རྒྱ་བརྩོན་སེང་ལམ་དུ་འདས། ནག་ཚོས་ལོ་ཙྪ་བྱས་ཏེ་བྱོན། ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོའི་གཟིམས་ཁང་དུ་བྱོན་པའི་ཚེ། དང་པོ་ལོ་ཙྪ་བས་ཕྱག་མ་མཛད་དེ། པཎྜི་ཏས་ལོ་ཙྪ་བའི་གཟིམས་ཁང་གི་གསང་སྔགས་ཀྱི་ལྷ་རྣམས་ལ་བསྟོད་པ་རེ་མཛད་པས། ལོ་ཆེན་མཉེས་ཏེ། ཆོས་ཀྱི་འབེལ་གཏམ་མང་པོ་མཛད་དེ། ཕྱག་བྱས་ཆོས་ཞུས། འགྱུར་མང་པོ་མཛད་དེ་ཁྱད་པར་དུ། ཡོ་ག་རྣམས་ཀུན་དགའ་སྙིང་པོའི་འགྲེལ་པ་དང་བསྟུན་ནས། དག་པར་བཅོས་ཏེ། དབང་བཀའ་དང་བཤད་སྒྲུབ་ཀྱི་མན་ངག་རྒྱ་ཆེར་སྤེལ་ལོ། །ཇོ་བོ་རྗེས་རིམ་གྱིས་དབུས་སུ་བྱོན་ཏེ། སློབ་མ་ཁུ་རྔོག་འབྲོམ་གསུམ་ལ་གདམས་པ་དང་ཆོས་མང་པོ་གནང་སྟེ། ཁྱད་པར་འབྲོམ་ལ་བཀའ་གདམས་ཀྱི་ཆོས་ལུགས་གནང་སྟེ། དར་བར་མཛད་དོ། །ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོའང་མངའ་རིས་སུ་ཀླུ་སྐར་རྒྱལ་བཏུལ། སྔགས་ལོག་སྤྱོད་པ་རྣམས་ཆོས་ཀྱིས་སུན་ཕྱུང་སྟེ། ཉེ་རྒྱུའི་སྒྲུབ་པ་མཛད་དེ་མཁའ་སྤྱོད་དུ་གཤེགས། ཞེས་གྲག་གོ། དེའི་ལོ་ཆུང་གྲགས་འབྱོར་ཤེས་རབ་ཀྱིས་ཀྱང་། བདེ་མཆོག་དང་། ཕག་མོ་དང་། ཚད་མ་ལ་སོགས་པ་བསྒྱུར་ཅིང་། མཁའ་སྤྱོད་དུ་གཤེགས་སོ། །བལ་ལོ་ཆུང་འགར་ཆོས་བཟངས་ཀྱིས་ཀྱང་། ལོ་ཙྪའི་ཆོས་དྲུག་ཅེས་གྲགས་པ་རྣམས་བསྒྱུར་ནས། རི་བོ་རྩེ་ལྔར་གཤེགས་སོ། །ཇོ་བོ་རྗེ་ལ་ལོ་ཙྪ་བ་སྔར་གྱི་དེ་དག་དང་ཤཱཀྱ་འོད་དང་ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་དང་། དགེ་བའི་བློ་གྲོས་ལ་སོགས་པས་ཆོས་མང་པོ་བསྒྱུར་ཏེ་གཏན་ལ་ཕབ་བོ། །ལྷ་ཞི་བ་འོད་ཀྱིས་ཀྱང་དཔལ་མཆོག་དང་། ཞི་བ་འཚོའི་ཚད་མ་ལ་སོགས་པ་བསྒྱུར་རོ། །ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ། པཎྜི་ཏ་སྨྲྀ་ཏི་དང་ཕྲ་ལ་རིང་བ་བྱ་བ་གཉིས་བལ་བོ་པད་མ་རུ་ཙེ་བྱ་བས་གདན་དྲངས་འོངས་པས། ལོ་ཙྪ་བ་བལ་བོར་ཕོ་ལོག་གིས་ཤི་སྟེ། པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས། དབུས་གཙང་ན་མར་འཁྱམས་ཏེ། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། ཕྱིས་དཔྱལ་སེ་རྩ་བ་བསོད་ནམས་རྒྱལ་མཚན་གྱིས་སྨན་ལུངས་སུ་སྤྱན་དྲངས་ཏེ་ཆོས་ཞུས། ཁམས་སུ་བྱོན་ནས་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་སྐད་མཁས་པར་གྱུར་ཏེ། གདན་བཞི་དང་འཇམ་དཔལ་གསང་ལྡན་གྱི་སྐོར་དང་། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། ཕྱིས་ལི་ཆུ་གསེར་ཁང་ཏུ་བྱོན་ཏེ། སྨྲ་སྒོ་བརྩམས་སོ། །པཎྜི་ཏ་ཕྲ་ལ་རིང་བས་རོང་པ་ཆོས་བཟངས་ལ་གྲོང་འཇུག་བྱས་པས། རོང་པས་ཆོས་མང་པོ་ཏོལ་ཤེས་སུ་བྱུང་བ་ཡོན་ནོ། །མངའ་བདག་འོད་ལྡེས་ཀྱང་། སུ་ནྱ་ཤྲཱི་སྤྱན་དྲངས་སོ། །དེའི་སྲས་རྩེ་ལྡེས་ཀྱང་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་ཏེ། ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙྪའི་བྱས་ནས་རྒྱུད་རྡོ་རྗེ་རྩེ་མོ་དང་་སྦྱོང་རྒྱུད་དང་། ཚད་མ་རྣམ་ངེས་དང་། དེའི་ཊིཀྐ་ཁོང་ཉིད་ཀྱིས་མཛད་པ་ལ་སོགས་པ་བསྒྱུར་རོ། །གཞན་ཡང་ཙནྡྲ་རཱ་ཧུ་ལ་སྤྱན་དྲངས་ཏེ། ལོ་ཙྪ་བ་ཏིང་ངེ་འཛིན་བཟང་པོས་ཚད་མ་ཀུན་ལས་བཏུས་ལ་སོགས་པ་བསྒྱུར་རོ། །རྩེ་ལྡེས་རྔོག་བློ་ལྡན་ཁ་ཆེར་བརྫངས་ཏེ། གཞན་ཕན་བཟང་པོ་དང་སྐལ་ལྡན་རྒྱལ་པོ་ལ་ཚད་མ་བསླབས། བྲམ་ཟེ་སད་ཛ་ན་དང་། གོ་མི་འཆི་མེད་ལ་སོགས་པ་ལ་བྱམས་ཆོས་བསླབས། དབང་སྡེས་ཡོན་བདག་བྱས་ཏེ་ཚད་མ་རྒྱན་ལ་སོགས་པ་བསྒྱུར། ཁྲི་བཀྲ་ཤིས་དབང་ཕྱུག་ནམ་མཁའ་བཙན་གྱིས་ཀྱང་། འགྱུར་གྱི་ཡོན་བདག་བྱས། ཁ་ཆེར་ལོ་བཅུ་བདུན་བཞུགས། བོད་དུ་བཅུ་བདུན་ཕྲག་གཉིས་བཞུགས། པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། ཨ་ཏུ་ལྱ་དཱ་ཤ་དང་། སུ་མ་ཏི་ཀིརྟི་དང་། ཨ་མ་ར་ཙནྡྲ་དང་། གཞོན་ནུ་འབུམ་པ་ལ་སོགས་པས་ལོ་ཙྪ་མཛད་དེ་ཆོས་མང་པོ་བསྒྱུར། གསང་ཕུ་ནེའུ་ཐོག་ལ་སོགས་པར་བཤད་པ་མཛད་དེ། རྒྱན་ཆོས་མཆོག་ཕར་ཕྱིན་སྤྱོད་འཇུག་ལ་སོགས་པ་དར་བར་མཛད་དེ། ཤིན་ཏུ་བཀའ་དྲིན་ཆེའོ། །པ་ཚབ་ཉི་མ་གྲགས་ཀྱིས་ཀྱང་ཁ་ཆེར་ལོ་ཉི་ཤུ་རྩ་གསུམ་སྦྱངས་ཏེ། པཎྜི་ཏ་ཀ་ན་ཀ་ཝརྨ་སྤྱན་དྲངས་ཏེ། དབུ་མའི་སྐོར་རྣམས་བསྒྱུར་ཅིང་བཤད་པས་སློབ་མ་པ་ཚབ་ཀྱི་བུ་བཞི་ལ་སོགས་པ་བྱུང་ངོ་། །འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་ཀྱང་། པཎྜི་ཏ་ག་ཡ་དྷར་ར་སྤྱན་དྲངས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ཏེ། ཀྱེ་རྡོ་རྗེ་གུར། སཾ་པུ་ཊི་དང་། ར་ལི་བཞི་དང་། ཨར་ལི་བཞི་ལ་སོགས་པ་མ་རྒྱུད་ཀྱི་སྒྲུབ་སྐོར་མན་ངག་དང་བཅས་པ་བསྒྱུར་རོ། །འགོས་ཁུག་པ་ལྷས་བཙས་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན། པཎྜི་ཏ་གྲུབ་པ་བརྙེས་པ་བདུན་ཅུ་དོན་གཉིས་ལ་ཆོས་ཞུ། ཁྱད་པར་དུ་ཞི་བ་བཟང་པོ་དང་། སྒྲ་གཅན་འཛིན་བཟང་པོ་ལ་སོགས་པ་བསྟེན་ཅིང་གསང་འདུས་འཕགས་སྐོར། བདེ་མཆོག་རྡོ་རྗེ་མཁའ་འགྲོ། གདན་བཞི། མ་ཧཱ་མཱ་ཡཱ། ཀྱེ་རྡོ་རྗེའི་རྒྱུད་གསུམ་ལ་སོགས་པ་བསྒྱུར་རོ། །གྱི་ཅོ་ཟླ་བའི་འོད་ཟེར་གྱིས་ཀྱང་དུས་འཁོར། སངས་རྒྱས་ཐོད་པ། རྡོ་རྗེ་བདུད་རྩི། བདེ་མཆོག་ལ་སོགས་པ་བསྒྱུར། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཀྱང་། རྒྱ་གར་དུ་ལན་གསུམ་དུ་བྱོན། བླ་མ་ན་རོ། མཻ་ཏྲི། ཞི་བ་བཟང་པོ། ཕམ་ཐིང་པ་ལ་སོགས་པ་བསྟེན་ནས། གསང་འདུས། བདེ་མཆོག །ཀྱེ་རྡོ་རྗེ། མ་ཧཱ་མཱ་ཡཱ། གདན་བཞི་ལ་སོགས་པའི་མན་ངག་མང་པོ་ཞུས་ཏེ། སྒྲུབ་རྒྱུད་ཀྱི་སློབ་མ་ཤིན་ཏུ་དར་རོ། །ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་ཀྱང་། པཎྜི་ཏ་ཁ་ཆེ་དགོན་པ་བ་དང་། ཏེ་ཛ་དེ་བ་དང་། པ་ར་ཧི་ཏ་བྷ་དྲ་ལ་སོགས་བསྟེན་ནས། ཡོ་ག་དང་། གཙུག་ཏོར་དང་། ཕྱག་ན་རྡོ་རྗེ་འགྲོ་བཟང་གི་སྐོར་དང་། རྣམ་ཐོས་སྲས་དང་། སྤྱོད་འཇུག་གི་འགྲེལ་ཆེན་དང་། བདེ་མཆོག་གི་སྐོར་ལ་སོགས་པ་བསྒྱུར་རོ། །གཉན་དར་མ་གྲགས་ཀྱིས་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ཏེ། པཎྜི་ཏ་མ་ཏི་བསྟེན། པཎྜི་ཏ་པུ་ཎྱ་ཤྲཱི་གདན་དྲངས་ཏེ། སྤྱོད་འཇུག་གི་འགྲེལ་ཆེན་དང་། སྒྲོལ་མ་དང་། ཆོས་སྐྱོང་ལ་སོགས་བསྒྱུར་རོ། །ཁྱེའུ་གད་པ་འཁོར་ལོ་གྲགས་དང་། སྤོང་ཞོ་གསལ་བ་གྲགས་དང་། ཙོང་ཁ་མི་ཉག་རྩ་མི་་སངས་རྒྱས་གྲགས་རྣམས་ཀྱིས་པཎྜི་ཏ་ཨ་བྷྱ་ཡཱ་ཀ་ར་གུཔྟ་བསྟེན་ནས། དུས་འཁོར། ཕྲེང་བ་སྐོར་གསུམ། ཐུབ་པ་དགོངས་རྒྱན། མན་ངག་སྙེ་མ་ལ་སོགས་པ་བསྒྱུར་རོ། །བྲེ་བོ་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་ཀྱང་། པཎྜི་ཏ་དེ་བསྟེན་ནས་གནད་ཀྱི་ཟླ་ཟེར་ལ་སོགས་བསྒྱུར་རོ། །བ་རི་རིན་ཆེན་གྲགས་ཀྱིས་པཎྜི་ཏ་དོན་ཡོད་རྡོ་རྗེ་སྤྱན་དྲངས་ཏེ། དོན་ཞགས་དང་། སྲུང་བ་ལྔ་དང་། རྣམ་རྒྱལ་རྣམ་འཇོམས་ཀྱི་སྐོར་དང་བདེ་མཆོག་གི་སྐོར་དང་། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར་རོ། །ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་ཀྱང་། མཚན་བརྗོད་དང་། སྒྲོལ་མའི་སྐོར་དང་། དབུ་མ་འཇུག་པ་ལ་སོགས་པ་བསྒྱུར་རོ། །དེའི་སློབ་མ་མལ་གྱོ་བློ་གྲོས་གྲགས་པས། བདེ་མཆོག་དང་། སྒྲོལ་མ་ཉི་མ་སྦས་པའི་ལུགས་རྣམས་བསྒྱུར་རོ། །འབྲོ་ཤེས་རབ་གྲགས་ཀྱིས་ཁ་ཆེར་བྱོན་ཏེ། པཎྜི་ཏ་ཟླ་བ་མགོན་པོ་སྤྱན་དྲངས་ཏེ། དུས་འཁོར་ཆ་ལག་རྒྱས་པ་དང་། རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་སྟོང་འགྲེལ་ལ་སོགས་པ་བསྒྱུར་རོ། །བ་རེག་ཐོས་པ་དགའ་དང་། རྨ་བན་ཆོས་འབར་དང་། མཚུར་ལོ་ཙཱ་རྣམས་ཀྱིས། རྒྱ་གར་ཕྱག་ན་རྡོ་རྗེ་བསྟེན་ནས། ཕྱག་རྒྱ་ཆེན་པ་གྲུབ་པའི་སྐོར་དང་། སྙིང་པོའི་སྐོར་དང་། དོ་ཧ་སྐོར་གསུམ་དང་། དོ་ཧ་མཛོད་དང་། མཻ་ཏྲི་པའི་བདེ་མཆོག་ལ་སོགས་བསྒྱུར་རོ། །དཔྱལ་ཀུན་དགའ་རྡོ་རྗེས་བལ་པོ་ཧང་དུ་དཀར་པོ་བསྟེན། པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་སྤྱན་དྲངས་ཏེ། མན་ངག་མང་པོ་ཞུས་སོ། །རྭ་རྡོ་རྗེ་གྲགས་ཀྱིས་བལ་པོ་ཐུགས་རྗེ་ཆེན་པོ་བསྟེན་ནས། དགྲ་ནག་འཇིགས་སྐོར་གསུམ་དང་ཧེ་རུ་ཀ་མངོན་འབྱུང་གི་སྐོར་ལ་སོགས་པ་བསྒྱུར་རོ། །དབོན་པོ་རྭ་ཆོས་རབ་ཀྱིས། པཎྜི་ཏ་ས་མནྟ་ཤྲཱི་སྤྱན་དྲངས་ཏེ། དུས་འཁོར་དང་ཕག་མོ་མངོན་འབྱུང་དང་། མགོན་པོ་མངོན་འབྱུང་ལ་སོགས་པ་བསྒྱུར་རོ། །ཞང་ཤེས་རབ་བླ་མས་ཀྱང་པཎྜི་ཏ་ཨ་མོ་གྷ་བཛྲ་སྤྱན་དྲངས་ཏེ། དགྲ་ནག་གི་སྐོར་རྒྱར་པར་བསྒྱུར་རོ། །རྒྱུས་སྨོན་ལམ་གྲགས་ཀྱིས་ཀྱང་པཎྜི་ཏ་གཞན་ལ་ཕན་པ་བསྟེན་ཏེ། སྡོམ་འབྱུང་བསྒྱུར་རོ། །ཞ་མ་སེང་རྒྱལ་གྱིས་ཀྱང་། པཎྜི་ཏ་ནོར་བཟང་སྲུང་བ་ལ་སོགས་བསྟེན་ནས། ཚད་མ་ཀུན་ལས་བཏུས་རྩ་འགྲེལ་བསྒྱུར་རོ། །ཡར་འབྲོག་གི་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གིས་ཀྱང་། བདེ་མཆོག་གི་རྒྱུད་འགྲེལ་སྒྲུབ་སྐོར་རྒྱས་པར་བསྒྱུར་རོ། །དཔྱལ་ཆོས་ཀྱི་བཟང་པོས་རྒྱ་གར་དུ་ལོ་བཅུ་བཞུགས། བླ་མ་རྡོ་རྗེ་གདན་པ་ནི་སྐ་ལངྐ་ལ་བདེ་མཆོག་དང་། གཤིན་་རྗེ་གཤེད་དམར་གྱི་སྐོར་རྣམས་ཞུས་ཏེ་བསྒྱུར། ཁ་ཆེ་ཤཱཀྱ་ཤྲཱི་ལ་དགེ་ཚུལ་བྱས་སོ། །ཁྲོ་ཕུ་ལོ་ཙྪ་བ་བྱམས་པའི་དཔལ་གྱིས་ཐོག་མར། ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནནྡ་ཞེས་པ་མི་ཏྲ་ཛོ་ཀི་ཞེས་གྲགས་པ་སྤྱན་དྲངས་ཏེ། བདེ་ཆེན་རལ་གཅིག་གི་སྐོར་དང་། སེམས་ཉིད་ངལ་བསོའི་སྐོར་དང་། བསྟན་པའི་གྲུ་ལ་སོགས་པ་བསྒྱུར་རོ། །དེ་ནས་ཁ་ཆེའི་པཎྜི་ཏ་བུད་དྷ་ཤྲཱི་ཛྙཱ་ན་སྤྱན་དྲངས་ཏེ། མངོན་རྟོགས་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མེ་དང་། རྒྱལ་བའི་ལམ་འཇུག་དང་། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྒྱ་རྩ་ལ་སོགས་པ་བསྒྱུར་རོ། །དེ་ནས་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་སྤྱན་དྲངས་ཏེ། དཔྱལ་ཆོས་བཟང་གིས་ནཱ་རོ་འགྲེལ་ཆེན་བསྒྱུར་ཏེ། དེའི་བཤད་བཀའ་མན་ངག་དང་བཅས་པ་གནང་། པཎྜི་ཏ་དེ་ལ་འཁོར་པཎ་ཆུང་བི་བྷུ་ཏི་ཙནྡྲ་དང་། དཱ་ན་ཤཱི་ལ་དང་། བལ་པོ་སཾ་གྷ་ཤྲཱི་དང་། སུ་ག་ཏ་ཤྲཱི་ལ་སོགས་པ་དགུ་བྱོན་ཏེ། བི་བྷུ་ཏི་དང་དཱ་ན་ཤཱི་ལས་བོད་དུ་ཡུན་རིང་པོ་བཞུགས་ཏེ་རང་འགྱུར་ཡང་མཛད་དོ། །བྱམས་པའི་དཔལ་གྱིས་འདུལ་བ་མེ་ཏོག་ཕྲེང་བརྒྱུད་བསྒྱུར། དེའི་བཤད་བཀའ་ནོད། རྡོ་རྗེ་ཕྲེང་བ་དང་། བདེ་མཆོག་ལ་སོགས་པ་བསྒྱུར་རོ། །ཁ་ཆེ་པཎ་ཆེན་དེ་ལ་ས་སྐྱ་པཎྜི་ཏས་བསྙེན་རྫོགས་བྱས་ནས། བལ་པོ་སཾ་ག་ཤྲཱི་དང་བཅས་པ་ལ་སྒྲ་བསླབས་ཏེ། པཎ་ཆེན་དང་དཱ་ན་ཤི་ལ་ལ་རྣམ་འགྲེལ་བསླབས་ཏེ། འགྱུར་བཅོས་བྱས་ཏེ། མཁས་པ་ཆེན་པོར་གྱུར་ནས་ཆོས་མ་དག་པ་རྣམས་སུན་ཕྱུང་ངོ་། །པཎ་ཆེན་ལ་བྱང་ཆུབ་དཔལ་དང་རྡོ་རྗེ་དཔལ་གཉིས་ཀྱིས་བསྙེན་རྫོགས་བྱས་ཏེ། གདན་གཅིག་པའི་བརྟུལ་ཞུགས་བཟུང་ངོ་། །དེ་ནས་བརྒྱུད་དེ། པཎ་ཆེན་གྱི་མཁན་བརྒྱུད་ཀྱི་བསླབ་པ་འཛིན་པ་མང་པོ་བྱུང་ངོ་། །པཎ་ཆེན་གྱིས་སྲིན་པོ་རིར་རྡོ་རྗེ་ཕྲེང་བའི་དབང་བསྐུར་རྫོགས་པར་མཛད་ནས། དབང་བཀའ་དར་བར་འཕེལ་ལོ། །ཆག་དགྲ་བཅོམ་གྱིས་ཀྱང་། རྒྱ་གར་དུ་བྱོན་ནས། རྒྱལ་བའི་ལམ་འཇུག་ལ་སོགས་བསྒྱུར་རོ། །དེའི་དབོན་པོ་ཆག་ཆོས་རྗེ་དཔལ་གྱིས་རྒྱ་གར་དུ་བྱོན། རེ་བེནྡྲ་དང་རཏྣ་རཀྵི་ལ་སོགས་པ་གྲུབ་ཐོབ་མང་པོ་བསྟེན། གཙུག་དགུའི་རྒྱུད་བསྒྱུར། འགྱུར་བཅོས་མང་པོ་མཛད་དོ། །ཤོང་རྡོ་རྗེ་རྒྱལ་མཚན་གྱིས་བལ་པོར་བྱོན། པཎྜི་ཏ་ལཀྵི་ཤྲཱི་སྤྱན་དྲངས་ཏེ། སྙན་ངག་མེ་ལོང་དང་། དཔག་བསམ་འཁྲི་ཤིང་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། བསྟོད་པ་བརྒྱ་པ་ལ་སོགས་བསྒྱུར་རོ། །དེའི་གཅུང་པོ་བློ་གྲོས་བརྟན་པས་ཀྱང་གཤིན་རྗེ་གཤེད་དམར་གྱི་རྒྱུད་བསྒྱུར། འགྱུར་བཅོས་བྱས་སོ། །ཡར་ལུང་པ་གྲགས་པ་རྒྱལ་མཚན་གྱིས་ཀྱང་། མི་གཡོ་བའི་རྒྱུད་དང་སྒྲུབ་ཐབས་རྒྱ་མཚོ་དང་བྱ་བ་བསྡུས་པ་ལ་སོགས་བསྒྱུར་རོ། །བདག་གི་བླ་མ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བལ་པོར་ལོ་བཅུ་བཞིར་སྦྱངས་པ་མཛད། རིའི་ཀུན་དགའི་མདོ་ལ་སོགས་མདོ་བཅུ་གསུམ་ཙམ་པཎྜི་ཏ་ཨ་ནནྡ་ཤྲཱི་སྤྱན་དྲངས་ཏེ་བསྒྱུར་རོ། །གཞན་ཡང་གཞི་འགྱུར་དང་འགྱུར་བཅོས་མང་པོ་མཛད་དོ། །དཔང་བློ་གྲོས་བརྟན་པས་ཀྱང་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་རྒྱལ་དབང་བློས་མཛད་པ་དང་། དུས་འཁོར་གྱི་བཤད་སྦྱར་སྙིང་པོ་སྣང་བ་ལ་སོགས་པ་བསྒྱུར་ཏེ། དེ་དག་གིས་བསྟན་པ་དར་བར་བྱས་པ་ཡིན་ནོ། །ཞིབ་ཏུ་རང་རང་གི་རྣམ་པར་ཐར་པའི་ཡི་གེ་ལས་ཤེས་པར་བྱའོ། །
ཞར་བྱུང་། བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཐོ།
དེ་ལྟར་བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་བོད་དུ་བྱུང་བ་ནི། མཁན་པོ་ཤནྟ་རཀྵི་ཏ་བོད་སྐད་དུ་ཞི་བ་འཚོ་དང་། པདྨ་འབྱུང་གནས་དང་། སྔགས་འཆང་དྷརྨ་ཀིརྟི་དང་། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་དང་། སངས་རྒྱས་གསང་བ་དང་། བསམ་ཡས་ཀྱི་རབ་གནས་མཁན་ཤཱནྟི་གརྦྷ་ཞི་བ་སྙིང་པོ་དང་། བི་ཤུདྡྷ་སི་དྷ་ཧ་རྣམ་དག་སེང་གེ་དང་། ཀ་མ་ལ་ཤཱི་ལ་པདྨའི་ངང་ཚུལ་དང་། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར་དང་། བལ་པོ་ཤཱི་ལ་མཉྫུ་དང་། བྲམ་ཟེ་ཨ་ནནྡ་དང་། ཀ་ལྱེ་མི་ཏྲ་དགེ་བའི་བཤེས་གཉེན་དང་། ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན་དང་། སུ་རེནྡྲ་བོ་དྷི་ལྷའི་དབང་པོ་བྱང་ཆུབ་དང་། ཤཱི་ལེནྡྲ་བོ་དྷི་ཚུལ་ཁྲིམས་དབང་པོ་བྱང་ཆུབ་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། མུ་ནི་ཝརྨ་ཐུབ་པའི་གོ་ཆ་དང་། སརྦ་ཛྙཱ་དེ་བ་ཀུན་མཁྱེན་ལྷ་དང་། བིདྱ་ཨ་ཀ་ར་པྲ་བྷུ་རིག་བྱེད་འོད་ཟེར་དང་། ཤུདྡྷ་ཀ་ར་ཝརྨ་དད་བྱེད་གོ་ཆ་དང་། པདྨ་གུཔྟ་པདྨ་སྦས་པ་དང་། མུཀྟི་མི་ཏྲ་གྲོལ་བའི་བཤེས་གཉེན་དང་། བུདྡྷ་ཤྲཱི་ཤཱནྟི་དང་། བུདྡྷ་པཱ་ལ་སངས་རྒྱས་སྐྱོང་དང་། དྷརྨ་པཱ་ལ་དང་། པྲ་ཛྙཱ་པཱ་ལ་དང་། སུ་བྷ་ཥི་ཏ་ལེགས་པར་གསུངས་པ་དང་། པྲཛྙ་ཝརྨ་དང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་རྗེ་དང་། དེའི་དབོན་པོ་དཱ་ན་ཤྲཱི་དང་། སྨྲྀ་ཏི་ཛྙཱ་ན་ཀིརྟི་དྲན་པའི་ཡེ་ཤེས་གྲགས་པ་དང་། ཕྲ་ལ་རིང་བ་དང་། སུ་ནྱ་ཤྲཱི་ལེགས་པར་རིག་པའི་དཔལ་དང་། ཁ་ཆེ་ཛྙཱ་ན་ཤྲཱི་དང་། ཙནྡྲ་རཱ་ཧུ་ལ་དང་། ར་དྷི་པཱ་ལ་བརྟན་སྐྱོང་སྟེ་འབུམ་ཕྲག་གསུམ་པ་དང་། ཨ་ཏུ་ལྱེ་དཱ་ཤ་མི་མཉམ་ཁོལ་པ་དང་། སུ་མ་ཏི་ཀཱི་རྟི་བློ་བཟང་གྲགས་པ་དང་། ཨ་མ་ར་ཙནྡྲ་དང་། ཐིག་ལེ་བུམ་པ་དང་། གཞོན་ནུ་བུམ་པ་དང་། ཀ་ན་ཀ་ཝརྨ་་དང་། དམ་པ་རྒྱ་གར་དང་། ཛ་ཡ་ཨ་ནནྟ་དང་། ག་ཡ་དྷ་ར་དང་། དོན་ཡོད་རྡོ་རྗེ་དང་། ཟླ་བ་མགོན་པོ་དང་། སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེ་དང་། ཡེ་ཤེས་རྡོ་རྗེ་དང་། ཤེས་རབ་གསང་བ་དང་། མ་ཧཱ་ཛ་ན་དང་། ཝ་ལ་ཙནྟྲ་དང་། མནྟྲ་ཀ་ལཀྵུ་དང་། སུ་ག་ཏ་ཤྲཱི་དང་། ཀརྨ་བཛྲ་དང་། ཛ་མཱ་རི་དང་། བཻ་རོ་ཙ་ན་བཛྲ་དང་། མཉྫུ་གྷོ་ཥ་དང་། སཱུརྱ་ཀིརྟི་དང་། པྲ་ཛྙཱ་ཤྲཱི་ན་དང་། གང་གཱ་དྷ་ར་དང་། ནོར་སྦས་དང་། ས་མནྟ་ཤྲཱི་དང་། ནིསྐ་ལང་ཀ་དེ་ཝ་དང་། ཛ་ག་ཏ་མི་ཏྲ་ཨ་ནནྟ་དང་། བུད་དྷཱ་ཤྲཱི་ཛྙཱ་ན་དང་། ཤཱཀྱ་ཤྲཱི་བྷ་དྲ་དང་། བི་བྷུ་ཏི་ཙནྡྲ་དང་། དཱ་ན་ཤཱི་ལ་དང་། སཾ་གྷ་ཤྲཱི་དང་། ལོངས་སྤྱོད་རྡོ་རྗེ་དང་། རཏྣ་ཤྲཱི་དང་། བལ་པོ་མ་ཧཱ་པ་ན་དང་། བལ་པོ་བཛྲ་ཀིརྟི་དང་། བལ་པོ་ཀ་ཡ་ཤྲཱི་དང་། བལ་པོ་གྲགས་པ་དཔལ་དང་། ཀུ་མཱ་ར་དང་། ཐམས་ཅད་མཁྱེན་པའི་དཔལ་དང་། སཱ་དྷུ་ཀིརྟི་དང་། བི་ན་ཡ་ཤྲཱི་དང་། ཤཱི་ལ་ཤྲཱི་དང་། མཾ་ག་ལ་ཤྲཱི་དང་། བི་མ་ལ་ཤྲཱི་དང་། དར་པན་ཨཱ་ཙཱརྱ་དང་། ཛ་ཡ་དེ་བ་དང་། ལཀྵཾ་ཀ་ར་དང་། རཏྣ་ཤྲཱི་དང་། ཨ་ནནྟ་ཤྲཱི་དང་། རཱ་ཧུ་ལ་ཤྲཱི་དང་། བླ་མ་ཟངས་གླིང་པ་དང་། ཀིརྟི་པཎྜི་ཏ་ལ་སོགས་པ་བྱོན་ནོ། །ལོ་ཙྪ་བ་ལ་སྔ་བ་ཐོན་མི་སཾ་བྷོ་ཊ་དང་། དྷ་རྨ་ཀོ་ཥ་དང་། རྡོ་རྗེ་དཔལ་དང་། བྲན་ཀ་མུ་ལ་ཀོ་ཥ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྦ་ཡེ་ཤེས་དབང་པོ་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། འབའ་ཁྲི་བཞེར་སང་ཤི་ཏ་དང་། སྦྲང་རྒྱར་ལེགས་གཟིགས་དང་། སེང་གོང་ལྷ་ལུང་གཟིགས་དང་། རྦ་རྨང་རྗེ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་གྱི་སེང་གེ། དབའ་མཉྫུ་ཤྲཱི། རྩངས་དེ་ཝེནྟྲ་རཀྵི་ཏ། བྲན་ཀ་མུ་ཏི་ཀ། པ་གོར་བཻ་རོ་ཙ་ན་རཀྵི་ཏ། འཁོན་ནཱ་གེནྟྲ་རཀྵི་ཏ། རྨ་རིན་ཆེན་མཆོག །རྩངས་ས་ལའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨ་ལོ་ཀ་དང་། དྲན་པ་ནམ་མཁའ་དང་། དགྲ་བཅོམ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་དང་། ལྕེ་ཁྱི་འབྲུག་དང་། ཉང་ཁམས་པ་གོ་ཆ་དང་། ཛྙཱ་དེ་བ་ཀོ་ཥ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། འགོས་ཆོས་གྲུབ་དང་། སྟོང་ཙ་ཨཱ་ཙཱརྱ་དང་། དྷརྨ་ཏཱ་ཤཱི་ལ་དང་། ཀླུའི་རྒྱལ་མཚན་དང་། དཔལ་བརྩེགས་རཀྵི་ཏ་དང་། རཏྣ་རཀྵི་ཏ་དང་། ཡེ་ཤེས་སྡེ་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་་དང་། རཏྣེནྟྲ་ཤཱི་ལ་དང་། བཟང་སྐྱོང་དང་། ལྷའི་ཟླ་བ་དང་། དཔལ་གྱི་ལྷུན་པོ་དང་། དཔལ་འབྱོར་དང་། ཡེ་ཤེས་སྙིང་པོ་དང་། རྒྱལ་བ་ཤེས་རབ་དང་། ཤཱཀྱ་བཤེས་གཉེན་དང་། དགེ་བ་དཔལ་དང་། ལེགས་ཀྱི་སྡེ་དང་། སྣུབས་ནམ་མཁའི་སྙིང་པོ་དང་། ཡི་གེ་པ་དགོན་གླིང་རྨ་དང་། གཞོན་ནུ་བསྲུང་བ་དང་། ནམ་མཁའ་སྐྱོང་དང་། རིན་ཆེན་བཟང་པོ་དང་། གྲགས་འབྱོར་ཤེས་རབ་དང་། འབྲོ་སེང་དཀར་ཤཱཀྱ་འོད་དང་། རྔོག་ལེགས་པའི་ཤེས་རབ་དང་། ལྷ་བླ་མ་ཞི་བ་འོད་དང་། རྒྱ་བརྩོན་འགྲུས་སེང་གེ་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང་། ཁུ་དངོས་གྲུབ་དང་། ཆོས་ཀྱི་ཤེས་རབ་དང་། མར་ཐུང་དད་པ་ཤེས་རབ་དང་། རྨ་དགེ་བའི་བློ་གྲོས་དང་། ག་རོང་ཚུལ་ཁྲིམས་འབྱུང་གནས་དང་། ཤཱཀྱ་བློ་གྲོས་དང་། འབྲོམ་རྒྱལ་བའི་འབྱུང་གནས་དང་། ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་དང་། སྟག་ལོ་ཙྪ་བ་དང་། འགར་ཆོས་ཀྱི་བཟང་པོ་དང་། ཤེའུ་བཛྲ་དེ་བ་དང་། རབ་ཞི་བཤེས་གཉེན་དང་། རྔོག་བློ་ལྡན་ཤེས་རབ་དང་། ཟངས་དཀར་འཕགས་པ་ཤེས་རབ་དང་། གཉན་དར་མ་གྲགས་དང་། ཟུ་དགའ་བ་རྡོ་རྗེ་དང་། གྱི་ལྗང་དབུ་དཀར་དང་། ཆོས་ཀྱི་ཡོན་ཏན་དང་། ཆོས་ཀྱི་རིན་ཆེན་དང་། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་དང་། འགོས་ཁུག་པ་ལྷས་བཙས་དང་། གྱི་ཅོ་ཟླ་བའི་འོད་ཟེར་དང་། ཀློག་སྐྱ་ཤེས་རབ་བརྩེགས་དང་། མལ་གྱོ་བློ་གྲོས་གྲགས་དང་། སེ་རྩ་བ་བསོད་ནམས་རྒྱལ་མཚན་དང་། རོང་པ་ཆོས་བཟངས་དང་། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་དང་། མང་འོར་བྱང་ཆུབ་ཤེས་རབ་དང་། རྩ་མི་སངས་རྒྱས་གྲགས་དང་། ཁྱེའུ་གད་པ་འཁོར་ལོ་གྲགས་དང་། སྤོང་ཞོ་གསལ་བ་གྲགས་དང་། དིང་རི་ཆོས་གྲགས་དང་། རྒྱུས་སྨོན་ལམ་གྲགས་དང་། པ་ཚབ་ཉི་མ་གྲགས་དང་། བ་རི་རིན་ཆེན་གྲགས་དང་། འབྲོ་ཤེས་རབ་གྲགས་དང་། རྭ་རྡོ་རྗེ་གྲགས། ཀྲེ་བོ་ཤེས་རབ་དཔལ་དང་། བཀྲ་ཤིས་རྒྱལ་མཚན་དང་། བ་རེག་ཐོས་པ་དགའ་དང་། རྨ་བན་ཆོས་འབར་དང་། མཚུར་དབྱིག་གི་རྒྱལ་མཚན་དང་། མཚུར་དབང་ངེ་དང་། དཔྱལ་ཀུན་དགའ་རྡོ་རྗེ་དང་། དཔྱལ་ཀུན་དགའ་གྲགས་དང་། མར་དོ་ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་སྙིང་པོ་དང་། ཀཾ་ཆོས་ཀྱི་ཡེ་ཤེས་དང་། ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོ་དང་། ཚུལ་ཁྲིམས་ཡོན་ཏན་དང་། ཁྱེའུ་གད་པ་ཡོན་ཏན་དཔལ་དང་། བསོད་ནམས་བཟང་པོ་དང་། སུམ་པ་དཔལ་མཆོག་རྡོ་རྗེ་དང་། ཉི་མ་རྡོ་རྗེ་དང་། ཁུ་དགེ་བསྙེན་ནེ་ཙོ་དང་། ཀློག་སྐྱ་གཞོན་ནུ་འབར་དང་། ལྷ་ཡེ་ཤེས་རྒྱལ་མཚན་དང་། བྱང་ཆུབ་འབྱུང་གནས་དང་། སླན་ཆོས་ཀྱི་བློ་གྲོས་དང་། ཅོག་གྲུ་ཏིང་ངེ་འཛིན་བཟང་པོ་དང་། ཤེས་རབ་ཡེ་ཤེས་དང་། རིག་པ་གཞོན་ནུ་དང་། གཞོན་ཚུལ་དང་། ཁུ་མདོ་སྡེ་འབར་དང་། ཤེས་རབ་བརྩོན་འགྲུས་དང་། གཡུང་དྲུང་འོད་དང་། བསོད་ནམས་རྒྱལ་བ་དང་། ཅོག་གྲུ་ཤེས་རབ་བླ་མ་དང་། ཅོག་གྲུ་མྱ་ངན་མེད་པའི་དཔལ་དང་། ལ་ཆིངས་ཡོན་ཏན་འབར་དང་། བསོད་ནམས་མོས་པ་དང་། དགེ་ཚུལ་ཁྱུང་གྲགས་དང་། ཚུལ་ཁྲིམས་བརྩེགས་དང་། ལྷ་བཙུན་པ་དང་། ལྷ་བཙན་པོ་མུ་ནི་རཱ་ཛཱ་དང་། རྔོག་བུད་དྷ་པཱ་ལ་དང་། རྒྱ་ལོ་ཙྪ་དང་། སྦལ་རྡོ་རྗེ་རྒྱལ་པོ་དང་། ལྷ་རིན་པོ་ཆེ་དང་། ལྷ་ཆོས་ཀྱི་རིན་ཆེན་དང་། སྐྱུར་ཚུལ་ཁྲིམས་འོད་ཟེར་དང་། དགེ་སློང་བྱའི་གདོང་ཅན་དང་། ར་བྱིད་ལོ་ཙྪ་དང་། ཕུར་བུ་འོད་དང་། པ་ཚབ་ཚུལ་རྒྱལ་དང་། ཤེས་རབ་ལེགས་དང་། ནག་ཚོ་དར་མ་གྲགས་དང་། མར་པ་བློ་གྲོས་བཟང་པོ་དང་། སེ་ལོ་ཙྪ་དང་། ཟླ་བ་གྲགས་པ་དང་། མཉལ་མི་ཡེ་ཤེས་ཆོས་དང་། ཆོས་ཀྱི་ཟླ་བ་དང་། དགེ་སློང་ཤེས་རབ་སྐྱབས་དང་། ནག་ཚོ་ཤེས་རབ་རྒྱལ་མཚན་དང་། འ་ཞ་རྒྱ་གར་བརྩེགས་དང་། གཉན་བསོད་ནམས་དང་། བ་རི་ཆོས་གྲགས་དང་། ཨོང་པོ་ལོ་ཙྪ་དང་། གཞོན་ནུ་ཤེས་རབ་དང་། འགར་ཤེས་རབ་འབྱུང་གནས་དང་། འཇམ་དཔལ་གཞོན་ནུ་དང་། ཤེས་རབ་འོད་ཟེར་དང་། ལྕེ་དགའ་བ་དཔལ་དང་། ཡེ་ཤེས་འབྱུང་གནས་དང་། ཤཱཀྱ་བརྩོན་འགྲུས་དང་། རྭ་ཆོས་རབ་དང་། ལོ་བཙུན་ཆུང་རྡོ་རྗེ་རྒྱལ་མཚན་དང་། ཞ་མ་དགེ་བསྙེན་སེང་རྒྱལ་དང་། ལྕེ་བཀྲ་ཤིས་དང་། ཆག་དགྲ་བཅོམ་དང་། དཔྱལ་ཆོས་བཟངས་དང་། གནུབས་བྱམས་བའི་དཔལ་དང་། ས་སྐྱ་པཎྜི་ཏ་དང་། ཆག་ཆོས་རྗེ་དཔལ་དང་། དཔྱལ་ཤེས་རབ་འོད་དང་། ཞང་གྲུབ་པ་དཔལ་དང་། གློ་པོ་ཤེས་རབ་རིན་ཆེན་དང་། ལྷོ་བྲག་པ་དར་སེང་དང་། མི་མཉམ་བཟང་པོ་དང་། ཤོང་རྡོ་རྗེ་རྒྱལ་མཚན་དང་། ཤོང་བློ་གྲོས་བརྟན་པ་དང་། ཁམས་པ་བློ་གྲོས་རྒྱལ་པོ་དང་། འདན་མ་ཚུལ་སེང་དང་། རས་གཞོན་བརྩོན་དང་། ཤུད་སྐྱེ་གྲགས་པ་རྒྱལ་མཚན་དང་། ཉི་མ་རྒྱལ་མཚན་དཔལ་བཟང་པོ་དང་། དཔང་བློ་གྲོས་བརྟན་པ་དང་། སྒྲ་ཚད་པ་རིན་རྒྱལ་དང་། ལེགས་པའི་བློ་གྲོས་ལ་སོགས་པ་སྟེ། དེ་དག་གིས་གང་བསྒྱུར་འོག་ཏུ་འཆད་ཅིང་། འདིར་མ་ཆུད་པའི་པཎྜི་ཏ་བོད་དུ་བྱོན་པའི་དྲིན་ཅན་དང་། ལོ་ཙྪ་བ་རྣམས་ཀྱང་ཇི་ལྟར་རྙེད་པ་བསྣན་པར་བྱའོ། །ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ལས། བོད་དུ་ཆོས་བྱུང་ཚུལ་གྱི་ལེའུ་སྟེ་གསུམ་པའོ།། །།
བཀའ་དང་བསྟན་བཅོས་བོད་དུ་ཇི་ལྟར་འགྱུར་བའི་རྣམ་གྲངས།
མདོ་ཕྱོགས།
གསུམ་པ་བཀའ་དང་བསྟན་བཅོས་བོད་དུ་ཇི་ལྟར་འགྱུར་བའི་རྣམ་གྲངས་ལ། མདོ་ཕྱོགས་དང་། སྔགས་ཕྱོགས་གཉིས་སོ། །
དང་པོ་ལ། བཀའ་དང་བསྟན་བཅོས་གཉིས་སོ། །བཀའ་ལ་འཁོར་ལོ་རིམ་པ་གསུམ་ལས། དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ་ལས། འདུལ་བ་ལུང་སྡེ་བཞིའི་དང་པོ་ལུང་གཞི་ཤུ་ལོ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་སྟེ། བམ་པོ་བརྒྱ་རྩ་དགུ་ཚང་བ། དཔལ་བརྩེགས་ཀྱིས་བསྒྱུར་པ་དང་། ལུང་རྣམ་འབྱེད་ལ་ཕའི་རྣམ་འབྱེད་ཤུ་ལོ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་སྟེ། བམ་པོ་བརྒྱད་ཅུ་རྩ་གསུམ་པ། ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་དང་། དགེ་སློང་མའི་རྣམ་འབྱེད་བམ་པོ་ཉི་ཤུ་རྩ་བརྒྱད་པ། དཔལ་གྱི་ལྷུན་པོ་དང་། དཔལ་བརྩེགས་ཀྱིས་བསྒྱུར་པ་དང་། ལུང་ཕྲན་ཚེགས་ལ། ཁ་ཅིག །ཕྲན་ཚེགས་སྒོ་བརྒྱད་ལས་དྲུག་པ་ཡན་ཆད་ལས་མ་འགྱུར་ཟེར་བ་དང་། དཔེ་ཁ་ཅིག་ལས། ཕྲན་ཚེགས་བསྒྱུར་པའི་དུས་སུ་ལོ་ཙྪ་བ་མང་པོ་བགོས་ནས་བསྒྱུར་པས། བམ་པོ་སུམ་ཅུ་རྩ་དགུ་པ་དང་། བཞི་བཅུ་རྩ་གསུམ་པ་ཆད་པས། གཉིས་པོ་འདི་དང་པོ་ནས་འགྱུར་རམ་མ་འགྱུར་ཡང་། ལོ་ཙྪ་བ་ཆེན་པོ་དཔལ་འབྱོར་ལའང་ཞུ་ཞིང་བརྟག །སྒྲ་བསྒྱུར་པའི་དཔེ་རེག་ཟིད་དང་ཡང་གཏུག །ཅེས་པ་དང་། འཆིམས་ཕུའི་དཀར་ཆག་ལས། འདུལ་བ་ཕྲན་ཚེགས་བསྒྱུར་འཕྲོ་བམ་པོ་ལྔ་བཅུ་རྩ་གཉིས་ཞེས་པ་དང་། དཀར་ཆག་ལྡན་དཀར་མར། འདུལ་བ་ཕྲན་ཚེགས་ཀྱི་གཞི་ཤུ་ལོ་ཀ་ཉི་ཁྲི་བཞི་སྟོང་དྲུག་བརྒྱ་སྟེ། བམ་པོ་བཞི་བཅུ་རྩ་གཉིས་ཞེས་པ་ལ་སོགས་པ་ཐེ་ཚོམ་གྱི་གཞི་མང་དུ་ཡོད་པས་ན། ཐ་སྙད་ཀྱི་རྗེས་སུ་མི་འབྲང་བར། ཕྲན་ཚེགས་སྒོ་བརྒྱད་ཀ་རྫོགས་པ། །སློབ་དཔོན་ཚུལ་ཁྲིམས་་བསྐྱངས་ཀྱིས་མཛད་པའི་འགྲེལ་པ། ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་དང་གཏུགས་པ། བམ་པོ་ལྔ་བཅུ་རྩ་དགུ་པ། ལོ་ཙྪ་བ་དཔལ་འབྱོར་གྱིས་བསྒྱུར་བ་འདི་ཚད་མར་བྱའོ། །ལུང་གཞུང་བླ་མ། ཞུ་བ་རྫོགས་པ། བམ་པོ་ལྔ་བཅུ་རྩ་གསུམ་ཚང་བ་དང་། ཞུ་བ་མ་རྫོགས་པའི་བམ་པོ་བཅུ་གཉིས་པ་དང་། གཉིས་ལ། གཞུང་དམ་པའང་ཟེར་རོ། །དེ་དག་གི་ལུང་གཞིས་རབ་བྱུང་གི་གཞི་ལ་སོགས་པ་ནས། གནས་མལ་གྱི་གཞིའི་བར་གཞི་བཅུ་བདུན་སྟོན། དགེ་སློང་ཕའི་རྣམ་འབྱེད་ཀྱིས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྟོན། མའི་རྣམ་འབྱེད་ཀྱིས་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་སྟོན། གཞུང་བླ་མས། གཞི་དང་རྣམ་འབྱེད་ཀྱི་དོན་ཞིབ་ཏུ་འཆད་པའི་འགྲེལ་པ་ལྟ་བུ་ཡིན་ནོ། །ཕྲན་ཚེགས་དེ་རྣམས་ཀྱི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན། རྩ་བའི་ལུང་དགེ་སློང་གི་སོ་སོར་ཐར་པ་ཤུ་ལོ་ཀ་བདུན་བརྒྱ་སྟེ་བམ་པོ་གཉིས་དང་། དགེ་སློང་མའི་སོ་སོར་ཐར་པ་ཤུ་ལོ་ཀ་བརྒྱད་བརྒྱ་སྟེ་བམ་པོ་གཉིས་པ་གཉིས་ཀླུའི་རྒྱལ་མཚན་གྱིས་བསྒྱུར་པའོ། །སོ་སོར་ཐར་པའི་མདོ་གཉིས་པོ་དགྲ་བཅོམ་པ་ཆོས་གྱི་ཚོང་དཔོན་གྱིས་བྱས་པས། བཀའ་མིན་ཟེར་བ་དང་། ཁ་ཅིག །བཀའ་ཡིན་ཡང་སྟོན་པ་བཞི་ཡིན་ཏེ། སངས་རྒྱས་དང་། ཉེ་བར་འཁོར་དང་། ཆོས་ཀྱི་ཚོང་དཔོན་དང་། དྲི་མེད་བཤེས་གཉེན་དང་། བཞིའོ་ཟེར་ཏེ། བསྟན་པ་གཅིག་ལ་སྟོན་པ་བཞི་ངོ་མཚར་ཆེའོ། །ཁོ་བོའི་བླ་མ། ལུང་སྡེ་བཞི་དང་། མངོན་པར་འབྱུང་བའི་མདོ། །བསྟན་བཅོས་སུ་བཞེད་པ་ནི། བཞེད་པ་ཙམ་དུ་ཟད་དོ། །དེ་དག་འདུལ་བའི་སྐོར་རོ། །གཞན་ཡང་དུས་ཕྱིས་གསུངས་པ་དང་། ཅི་རིགས་སུ་ཡོད་ཀྱང་། ཐེག་ཆུང་རྣམས། ཕྱོགས་གཅིག་ཏུ་བསྟན་པར་བྱ་སྟེ། འཕགས་པ་དྲན་པ་ཉེ་བར་གཞག་པ་བམ་པོ། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འདི་ལོ་ཙྪ་བས་ཐེག་ཆེན་དུ་མཛད། དཀར་ཆག་ཆེན་པོ་དག་ལས་ཐེག་ཆུང་དུ་བཤད་དོ། །ཚངས་པའི་དྲ་བ་བམ་པོ་གཉིས། མདོ་ཆེན་པོ་སྒྱུ་མའི་དྲ་བ་བམ་པོ་གཅིག་དང་ཤུ་ལོ་ཀ་བཞི་བཅུ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་བམ་པོ་གཅིག་མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པ་བམ་པོ་གཅིག་དང་ཤུ་ལོ་ཀ་ལྔ་བཅུ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་པ་བམ་པོ་ཕྱེད། མདོ་ཆེན་པོ་སྟོང་པ་ཉིད་ཤུ་ལོ་ཀ་དགུ་བཅུ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་བམ་པོ་ཕྱེད། མདོ་ཆེན་པོ་རྒྱལ་མཚན་མཆོག་ཤུ་ལོ་ཀ་བཞི་བཅུ་སྟེ། བདུན་པོ་དེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཤུ་ལོ་ཀ་བཞི་བཅུ། མདོ་ཆེན་པོ་ལྔ་་གསུམ་པ་ཤུ་ལོ་ཀ་ཉིས་བརྒྱ་ཉི་ཤུ་སྟེ། དེ་གཉིས་ཡེ་ཤེས་སྡེའི་འགྱུར། རྡོ་འཕངས་པའི་མདོ་བམ་པོ་གཉིས། སྐྱེས་བུ་དམ་པའི་མདོ་ཤུ་ལོ་ཀ་ཉིས་བརྒྱ་སྟེ། བཟང་སྐྱོང་དང་། དཔལ་བརྩེགས་ཀྱི་འགྱུར། དགའ་པོ་རབ་ཏུ་འབྱུང་བའི་མདོ་ཤུ་ལོ་ཀ་ལྔ་བཅུ་རྩངས་དེ་ཝནྡྲའི་འགྱུར། ལྷའི་མདོ་ཤུ་ལོ་ཀ་སུམ་ཅུ་རྩ་བདུན། ལྷའི་མདོ་ཉུང་དུ་ཤུ་ལོ་ཀ་བཅུ་བདུན་ཏེ་ཡེ་ཤེས་སྡེའི་འགྱུར། ཟླ་བའི་མདོ་ཤུ་ལོ་ཀ་བཅུ་གསུམ། ཁང་བུ་བརྩེགས་པའི་མདོ་ཤུ་ལོ་ཀ་དྲུག་ཅུ་རཏྣ་རཀྵི་ཏའི་འགྱུར། གནས་འཇོག་གི་མདོ་ཤུ་ལོ་ཀ་ཉི་ཤུ། དཔལ་བརྩེགས་ལ་སོགས་པའི་འགྱུར། དགའ་བ་ཅན་གྱི་མདོ་ཤུ་ལོ་ཀ་ཉིས་བརྒྱ། གཞོན་ནུ་དཔེའི་མདོ་ཤུ་ལོ་ཀ་ཉི་ཤུ། ཁམས་མང་པོའི་མདོ་ཤུ་ལོ་ཀ་ཉིས་བརྒྱ། འཁར་གསིལ་གྱི་མདོ་དང་། འཁར་གསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག་གཉིས་བམ་པོ་གཅིག་གཎྜིའི་མདོ་ཤུ་ལོ་ཀ་བཅུ། ཚུལ་ཁྲིམས་ཡོན་ཏན་དང་རིན་ཆེན་བཟང་པོའི་འགྱུར། གཎྜིའི་དུས་ཀྱི་མདོ་ཤུ་ལོ་ཀ་དགེ་བློའི་འགྱུར། དགེ་བའི་བཤེས་གཉེན་བསྟེན་པའི་མདོ་ཤུ་ལོ་ཀ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཤུ་ལོ་ཀ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ཤུ་ལོ་ཀ། ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བ་བསྟན་པའི་མདོ། ཤཱཀྱ་བློ་གྲོས་ཀྱི་འགྱུར། མཆོག་ཏུ་བཏགས་པའི་མདོ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ། དཔལ་བརྩེགས་ཀྱི་འགྱུར། འདི་དཀར་ཆག་ཆེན་མོ་དག་ཏུ་མདོར་བྱས་ལ་ཁ་ཅིག་བསྟན་བཅོས་སུ་འདོད། ཚེའི་མཐའི་མདོ་ཤུ་ལོ་ཀ་ཉིས་བརྒྱ་རྩ་ལྔ་པ། དགེ་བ་དཔལ་དང་དཔལ་བརྩེགས་ཀྱི་འགྱུར། འཆི་འཕོ་བ་དང་ཇི་ལྟར་འགྱུར་བ་བསྟན་པའི་མདོ། མི་རྟག་པ་ཉིད་ཀྱི་མདོ་ཤུ་ལོ་ཀ་བཅོ་ལྔ་ཡེ་ཤེས་སྡེའི་འགྱུར། འདུ་ཤེས་བཅུ་བསྟན་པའི་མདོ་ཤུ་ལོ་ཀ་བརྒྱད། འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་ཤུ་ལོ་ཀ་བཅུ་གཅིག །འདི་བཅོས་ལྡན་འདས་ཀྱི་ཞལ་ཆེམས་ཡིན་ནོ། །མཚན་མོ་བཟང་པོའི་མདོ་ཤུ་ལོ་ཀ་ལྔ་བཅུ་རྩ་ཕྱེད་དང་གཉིས། མུན་གྱི་ནགས་ཚལ་གྱི་མདོ། ཕ་མའི་དྲིན་ལན་བསྟན་པ་ཤུ་ལོ་ཀ་སུམ་བརྒྱ། བདེན་པ་བཞིའི་མདོ། ཆོས་ཀྱི་འཁོར་ལོའི་མདོ། དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ཤུ་ལོ་ཀ་བདུན་ཅུ། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་ཤུ་ལོ་ཀ་བརྒྱ་མཇུག་མ་ཚང་བ། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤུ་ལོ་ཀ་བདུན་ཅུ་ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ཤུ་ལོ་ཀ་དྲུག་ཅུ། ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་ཀྱི་འགྱུར། མཆོད་རྟེན་བསྐོར་བའི་ཚིགས་བཅད་ཤུ་ལོ་ཀ་བདུན་ཅུ། གསལ་རྒྱལ་གྱི་ཚིགས་བཅད་ཤུ་ལོ་ཀ་བརྒྱ། ཀླུའི་་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཤུ་ལོ་ཀ་བརྒྱ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། མངོན་པར་འབྱུང་བའི་མདོ་རིན་ཆེན་བཟང་པོའི་འགྱུར། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱི་འགྱུར། འདི་སྔར་གྱི་དཀར་ཆག་དག་ལས། བསྟན་བཅོས་སུ་བགྲངས་པ། ད་ལྟ་བཀར་གྲགས། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པ་བམ་པོ་བདུན། ལས་རྣམ་འབྱེད་ཆུང་དུ་བམ་པོ་གཅིག་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ལས་ཀྱི་རྣམ་པར་འགྱུར་བ་བསྟན་པའི་གཞུང་ཤུ་ལོ་ཀ་ཉིས་བརྒྱ་བདུན་ཅུ། རྒྱལ་བུ་དོན་གྲུབ་ཀྱི་མདོ་བམ་པོ་གཅིག །བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ་ཤུ་ལོ་ཀ་ཉིས་བརྒྱ་བརྒྱད་བཅུ། ལྷའི་ཟླ་བའི་འགྱུར། རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ་དང་། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་གཉིས། ཤེས་རབ་ལེགས་དང་། རིན་ཆེན་བཟང་པོའི་འགྱུར། རྒྱལ་པོ་གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པ་ཤུ་ལོ་ཀ་བཅུ་བདུན། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་ཤུ་ལོ་ཀ་བཅོ་ལྔ་དཔལ་བརྩེགས་ཀྱི་འགྱུར། ཕག་མོའི་རྟོགས་བརྗོད་ཤུ་ལོ་ཀ་བརྒྱ། ཡེ་ཤེས་སྡེའི་འགྱུར། མ་ག་དྷ་བཟང་མོའི་རྟོགས་བརྗོད། ཚུལ་ཁྲིམས་ཡོན་ཏན་དང་། རིན་ཆེན་བཟང་པོའི་འགྱུར། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་ཉི་ཤུ་རྩ་གཉིས་པ། ལྷའི་ཟླ་པའི་འགྱུར། ལས་བརྒྱ་པ་བམ་པོ་སུམ་ཅུ་སོ་བདུན་མཛངས་བླུན་གྱི་མདོ་བམ་པོ་བཅུ་གསུམ། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ། འགོས་ཆོས་གྲུབ་ཀྱིས། རྒྱ་གར་དང་རྒྱའི་དཔེ་ལས་བསྒྱུར་བ། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་བསྟན་པ། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་གནས་པ་དང་འཇིག་པ་ལུང་བསྟན་པའི་མདོ་བམ་པོ་གཉིས། རི་གླང་རུ་ལུང་བསྟན་པ་བམ་པོ་གཅིག །སྟག་སྣའི་རྟོགས་པ་བརྗོད་པ་བམ་པོ་གཉིས་ཤཱཀྱ་འོད་ཀྱི་འགྱུར། མིག་བཅུ་གཉིས་པ་འདི་གཉིས། ཀླུ་མེས་དབང་ཕྱུག་གྲགས་བཀའ་མིན་པར་སྨྲའོ། །ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོ། ཤུ་ལོ་ཀ་སུམ་ཅུ་རྩ་བདུན། བྱམས་པ་ལུང་བསྟན་པ། དཔལ་བརྩེགས་ཀྱི་འགྱུར་ལ་ཤུ་ལོ་ཀ་བརྒྱ། སྔར་འགྱུར་ངེས་པ། ད་ལྟ་མ་རྙེད་པ་ལ། བསོད་ནམས་ཀྱི་མདོ་ཤུ་ལོ་ཀ་བརྒྱ་རྩ། བསོད་ནམས་ཀྱི་གདུགས་ཀྱི་མདོ་ཤུ་ལོ་ཀ་བརྒྱ། གང་ཟག་གི་མདོ་ཤུ་ལོ་ཀ་བརྒྱ་རྩ། ཁྱིམ་བདག་འདུ་ཤེས་ཀྱི་མདོ་ཤུ་ལོ་ཀ་ལྔ་བཅུ། ཆེད་དུ་བརྗོད་པའི་མདོ། ལུས་འཕགས་མོའི་མདོ། དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་བརྒྱ། འདི་དཀར་ཆག་ལྡན་དཀར་མར་བསྟན་བཅོས་སུ་བགྲངས་པས། དེ་ཉིད་ཡིན་པར་སེམས། དྲན་པ་ཉེ་བར་གཞག་པའི་མདོ་ཆུང་དུ། སེམས་ཅན་ལ་སྐྱེ་ཤིའི་རྩ་བ་བསྟན་པ་བམ་པོ་གཅིག །འཇིག་རྟེན་ཕ་རོལ་སྒྲུབ་པ་བམ་པོ་གཉིས། དགེ་བ་བཅུ་ཡི་དམ་དུ་བླངས་བའི་ཆོ་ག་ཤུ་ལོ་ཀ་བརྒྱ། བཟང་སྦྱིན་གྱི་མདོ་བམ་པོ་གཉིས། བྱམས་པ་སྐར་གྱི་མདོ། དད་པ་ལ་རབ་ཏུ་འཇུག་པའི་མདོ། སྦྱངས་པའི་ཡོན་ཏན་བཤད་པའི་མདོ། སྨོན་ལམ་གྱི་མདོ། སའི་མདོ། འདོད་པ་ལ་གདམས་པའི་མདོ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ཆུང་ངུ་ཤུ་ལོ་ཀ་བདུན་ཅུ་རྩ་གསུམ། ལས་རྣམ་པར་འབྱེད་པ་ཆེན་པོ་བམ་པོ་གཉིས། མང་པོས་བསྡུས་པའི་མདོ་ཤུ་ལོ་ཀ་ཉིས་བརྒྱ་ཉི་ཤུ་རྩ་གཉིས་སོ། །འདི་དག་ལས་དྲིན་ལན་བསབ་པ་དང་མཛངས་བླུན་དང་། སེམས་ཅན་ལ་སྐྱེ་ཤིའི་རྩ་བ་བསྟན་པ་ལ་སོགས་པ་མང་པོ་ཞིག །ཐེག་ཆེན་དུ། དཀར་ཆག་ཆེན་མོ་དག་ཏུ་བཤད་པས། བརྟག་པར་བྱའོ། །
བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ།
གཉིས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་སུམ་བརྒྱ་སྟེ། ཉང་ཁམས་པ་གོ་ཆེ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག་ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲག་གོ། ཉི་ཁྲི་ལྔ་སྟོང་པ་བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤུ་ལོ་ཀ་བརྒྱ། ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཤེས་རབ་ཁྲི་པ་བམ་པོ་སུམ་ཅུ་རྩ་གསུམ། བརྒྱད་སྟོང་པ་བམ་པོ་ཉེར་བཞི། རྔོག་ཆེན་པོ་ལ་སོགས་པའི་འགྱུར། སྡུད་པ་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར་ཏེ། དེ་དག་ལ་ཡུམ་དྲུག་ཟེར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱི་རྣམ་པར་གནོན་པས་ཞུས་པ་ཤུ་ལོ་ཀ་ཉིས་སྟོང་ཆིག་བརྒྱ་དྲུག་ཅུ་སྟེ། བམ་པོ་བདུན་དང་ཤུ་ལོ་ཀ་དྲུག་ཅུ་ཡེ་ཤེས་སྡེའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་ཤུ་ལོ་ཀ་ལྔ་བརྒྱ། རྡོ་རྗེ་གཅོད་པ་བམ་པོ་གཅིག་སྟེ། དེ་གཉིས་སྐད་གསར་བཅད་ཀྱིས་བཅོས་པ། ཚུལ་བརྒྱ་ལྔ་བཅུ་པ་ཤུ་ལོ་ཀ་བརྒྱ་ལྔ་བཅུ། ལྔ་བཅུ་པ་ཤུ་ལོ་ཀ་ལྔ་བཅུ། ཀོའུ་ཤི་ཀ་ཤུ་ལོ་ཀ་སུམ་ཅུ་རྩ་གཅིག །སྒོ་ཉི་ཤུ་རྩ་ལྔ་པ་ཤུ་ལོ་ཀ་ཉི་ཤུ་རྩ་ལྔ་སྐད་གསར་བཅད་ཀྱིས་བཅོས་པ། ཤེས་རབ་སྙིང་པོ་ཤུ་ལོ་ཀ་ཉི་ཤུ་རྩ་ལྔ། རིན་ཆེན་སྡེ་དང་། བན་དེ་ནམ་མཁའ་ལ་སོགས་པའི་འགྱུར། འདི་ལ་ཤུ་ལོ་ཀ་ཉི་ཤུ་རྩ་བརྒྱད་ཟེར་ཡང་། རྒྱ་དཔེར་ཉི་ཤུ་རྩ་ལྔར་བཤད་དོ། །ཡི་གེ་ཉུང་ངུ་ཤུ་ལོ་ཀ་སུམ་ཅུ། ཡི་གེ་གཅིག་མ། འདིའི་སྟེང་དུ་དཀོན་བརྩེགས་ཀྱི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་བསྣན་པས། སྲས་བཅུ་གཅིག་སྟེ། སྲས་ཡུམ་བཅུ་བདུན་ཞེས་གྲགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་སུམ་ཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མའི་སྙིང་པོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་གྱི་མདོ་སྟེ། དྲུག་པོ་དེ་དག་ཀྱང་། ཤེར་ཕྱིན་ཡིན་པས་སྲས་ཡུམ་བཅུ་བདུན། ཞེས་ཡུམ་དང་སྲས་སུ་ཕྱེ་བའི་དོན་དང་གྲངས་གཉིས་ཀ་ནོར་བའོ། །ཞེས་ཁ་ཅིག་གོ། ཁ་ཅིག་སྡུད་མདོ་རྒྱས་པ་གསར་འགྱུར་ཞེས་པ་ཡོད་གསུང་ཏེ་བརྟག་གོ། སྔར་གྱི་བསྒྱུར་འཕྲོ་ཤེར་ཕྱིན་སྟོང་ཕྲག་བཞི་པ་ད་ལྟ་མ་རྙེད་ཅེས་ཀྱང་བྱའོ། །གསུམ་པ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་བསྐོར་བའི་བཀའ་ལ། སངས་རྒྱས་ཕལ་པོ་ཆེ་ལ། སངས་རྒྱས་ཕལ་པོ་ཆེ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་མཛད་པ་དང་། ཞིང་ཁམས་དང་། འཁོར་དང་། འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་དང་། ཟབ་པ་དང་རྒྱ་ཆེ་བའི་དོན། མཐའ་དང་དབུས་མེད་པར་སྟོན་པ་སངས་རྒྱས་ཕལ་པོ་ཆེ་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ལེའུ་ནས། སྡོང་པོས་རྒྱན་པའི་ལེའུ་བཞི་བཅུ་རྩ་ལྔ་པ་ཡན་ཆད་ལ་ཤུ་ལོ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ། བམ་པོ་བརྒྱ་སུམ་ཅུ་དང་ཤུ་ལོ་ཀ་སུམ་ཅུ་བཻ་རོ་ཙ་ན་རཀྵི་ཏས་ཞུ་ཆེན་བགྱིས་པ་ལ། དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུར་གཏོགས་པ་ལ་བམ་པོ་བཅུ་བཞི། རྡོ་རྗེ་རྒྱལ་མཚན་གྱི་བསྡོ་བའི་ལེའུ་བམ་པོ་བཅུ་གསུམ། ས་བཅུ་པ་བམ་པོ་བརྒྱད། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ་བམ་པོ་བཅུ་དྲུག །དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་བམ་པོ་ལྔ། འཇིག་རྟེན་ལས་འདས་པའི་ལེའུ་བམ་པོ་བཅུ་གཅིག །སྡོང་པོས་བརྒྱན་པའི་ལེའུ་བམ་པོ་སུམ་ཅུ་ཐམ་པའོ། །འདི་ལ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང་། སྙན་གྱི་གོང་རྒྱན་དང་། པདྨའི་རྒྱན་དང་། ཤིན་ཏུ་རྒྱས་པའི་མདོ་ཞེས་འཆད་དོ། །དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་སྡོམ་པ་གསུམ་བསྟན་པ་བམ་པོ་གསུམ། ཡེ་ཤེས་སྡེའི་འགྱུར། སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བམ་པོ་བཞི་དཔལ་བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་བའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཤུ་ལོ་ཀ་སུམ་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅུ་གཅིག་དང་ཤུ་ལོ་ཀ་ཉིས་བརྒྱ། ཡེ་ཤེས་སྡེའི་འགྱུར། རྨི་ལམ་བསྟན་པ་ཤུ་ལོ་ཀ་སྟོང་། འོད་དཔག་མེད་ཀྱི་ཞིང་གི་བཀོད་པ་བམ་པོ་གསུམ། མི་འཁྲུགས་པའི་ཞིང་གི་བཀོད་པ་ཤུ་ལོ་ཀ་སྟོང་ལྔ་བརྒྱ་བཞི་བཅུ་སྟེ་བམ་པོ་ལྔ་དང་ཤུ་ལོ་ཀ་བཞི་བཅུ། གོ་ཆ་བཀོད་པ་བམ་པོ་དྲུག །ཆོས་ཀྱི་དབྱིངས་རང་བཞིན་གྱིས་དབྱེར་མེད་པར་བསྟན་པ་བམ་པོ་གཉིས་དང་ཤུ་ལོ་ཀ་ལྔ་བཅུ། ཆོས་བཅུ་པ་ཤུ་ལོ་ཀ་ལྔ་བརྒྱ། ཀུན་ནས་སྒོའི་ལེའུ་ཤུ་ལོ་ཀ་ཉིས་བརྒྱ་དྲུག་ཅུ་པ་རྣམས། ཡེ་ཤེས་སྡེའི་འགྱུར། འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་བམ་པོ་ལྔ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བམ་པོ་ཉི་ཤུ་སྐད་གསར་བཅད་ཀྱིས་བཅོས་པ། ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། དགའ་བོ་ལ་མངལ་ན་གནས་པ་བསྟན་པ་བམ་པོ་གཉིས། མངལ་དུ་འཇུག་པ་བསྟན་པ་བམ་པོ་གཅིག །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བམ་པོ་གསུམ་དང་ཤུ་ལོ་ཀ་བརྒྱ་བཞི་བཅུ། ཡེ་ཤེས་སྡེའི་འགྱུར། ཡབ་སྲས་མཇལ་བ་བམ་པོ་བཅོ་ལྔ། ཡེ་ཤེས་སྡེའི་འགྱུར། གང་པོས་ཞུས་པ་བམ་པོ་དྲུག །ཡུལ་འཁོར་སྐྱོང་གིས་ཞུས་པ་བམ་པོ་གསུམ་དང་ཤུ་ལོ་ཀ་བརྒྱ་ཡེ་ཤེས་སྡེའི་འགྱུར། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ་ལྔ་བཅུ། ཀློག་ཐོབ་ཀྱིས་ཞུས་པ་བམ་པོ་གཉིས། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ་སུམ་ཅུ། ཆོ་འཕྲུལ་ཆེན་པོ་བསྟན་པ་ལྷའི་བུ་དེད་དཔོན་གྱིས་ཞུས་པ་བམ་པོ་གསུམ། བྱམས་པ་སེང་གེ་སྒྲ་ཆེན་པོ་བམ་པོ་བཞི། འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ་བམ་པོ་གཉིས། ལྷག་པའི་བསམ་པ་བསྐུལ་བ་བམ་པོ་གཉིས། ལག་བཟང་གིས་ཞུས་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ་རྩ་བརྒྱད། དེས་པས་ཞུས་པ་བམ་པོ་གཅིག །ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པ་བམ་པོ་གཅིག །པད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ཤུ་ལོ་ཀ་ཉིས་བརྒྱ། བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཤུ་ལོ་ཀ་ཉིས་བརྒྱ། བུ་མོ་གང་གཱའི་མཆོག་གིས་ཞུས་པ་ཤུ་ལོ་ཀ་བརྒྱད་ཅུ། བུ་མོ་མྱ་ངན་མེད་པས་བྱིན་པ་ལུང་བསྟན་པ་བམ་པོ་གཅིག །བུ་མོ་དྲི་མ་མེད་པས་བྱིན་པས་ཞུས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ་ལྔ་བཅུ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཤུ་ལོ་ཀ་བརྒྱ་བཞི་བཅུ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་བམ་པོ་གཉིས། དེ་རྣམས་ཡེ་ཤེས་སྡེའི་འགྱུར། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་བམ་པོ་བཞི། ཀླུའི་རྒྱལ་མཚན་གྱི་འགྱུར། སེང་གེས་ཞུས་པ་ཤུ་ལོ་ཀ་དྲུག་ཅུ། སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བམ་པོ་བཞི་དང་ཤུ་ལོ་ཀ་བཅུ་གསུམ། ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་བམ་པོ་གཉིས་པ་རྣམས། ཡེ་ཤེས་སྡེའི་འགྱུར། བུ་མོ་རྣམ་དག་དད་པས་ཞུས་པ་ཤུ་ལོ་ཀ་བརྒྱ་ལྔ་བཅུ། བྱམས་པས་ཞུས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་བཅུ། བྱམས་པས་ཞུས་པའི་ཆོས་བརྒྱད་པ་བམ་པོ་གཅིག །འོད་སྲུངས་ཀྱིས་ཞུས་པའི་ལེའུ་བམ་པོ་གསུམ། རིན་པོ་ཆེའི་ཕུང་པོའི་མདོ་བམ་པོ་གཉིས་དང་ཤུ་ལོ་ཀ་བདུན་ཅུ། བློ་གྲོས་མི་ཟད་པས་ཞུས་པ་ཤུ་ལོ་ཀ་ཉིས་བརྒྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ། དེ་རྣམས་ཡེ་ཤེས་སྡེའི་འགྱུར། གཙུག་ན་རིན་ཆེན་གྱིས་ཞུས་པ་བམ་པོ་གསུམ། ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། ལྷ་མོ་དཔལ་ཕྲེང་སེང་གེ་སྒྲའི་ལེའུ་བམ་པོ་གཉིས་དང་། དྲང་སྲོང་རྒྱས་པས་ཞུས་པ་བམ་པོ་གཉིས་ཡེ་ཤེས་སྡེའི་འགྱུར་ཏེ། དཀོན་བརྩེགས་ཀྱི་འདུས་པ་བཞི་བཅུ་རྩ་དགུ་ཡན་ཆད་ཚང་བར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་ལ། བསྐལ་པ་བཟང་པོ་བམ་པོ་ཉི་ཤུ་རྩ་དྲུག་པ་དཔལ་དབྱངས་དང་དཔལ་བརྩེགས་ཀྱི་འགྱུར། རྒྱ་ཆེར་རོལ་པ་བམ་པོ་བཅོ་བརྒྱད་སྐད་གསར་བཅད་ཀྱིས་བཅོས་པ། འཇམ་དཔལ་རྣམ་པར་རོལ་པ་བམ་པོ་གཉིས་དང་ཤོ་ལོ་ཀ་བཅུ། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་བམ་པོ་གཅིག་དང་ཤོ་ལོ་ཀ་དགུ་བཅུ་རྩ་བཞི་སྐད་གསར་བཅད་ཀྱིས་བཅོས་པ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་བམ་པོ་ལྔ་ཡེ་ཤེས་སྡེའི་འགྱུར། བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་བམ་པོ་ཉི་ཤུ་རྩ་ལྔ་ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་ཀྱི་འགྱུར། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་བམ་པོ་གསུམ་དང་ཤུ་ལོ་ཀ་ལྔ་བཅུ་པ། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། དགེ་བའི་རྩ་བ་ཡོངས་སུ་འཛིན་པ་བམ་པོ་བཅོ་བརྒྱད་ལེགས་ཀྱི་སྡེ་དང་ཡེ་ཤེས་སྡེའི་འགྱུར། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་བམ་པོ་བཞི་སྐད་གསར་བཅད་ཀྱིས་བཅོས་པ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཤུ་ལོ་ཀ་ཉིས་བརྒྱ་བདུན་ཅུ། ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཤུ་ལོ་ཀ་དྲུག་ཅུ་ཡེ་ཤེས་སྡེའི་འགྱུར། དགོངས་པ་ངེས་པར་འགྲེལ་པ་བམ་པོ་བཞི་དང་ཤུ་ལོ་ཀ་ཉི་ཤུ་སྐད་གསར་བཅད་ཀྱིས་བཅོས་པ། ལང་ཀར་གཤེགས་པ་རྒྱ་གར་ལས་བསྒྱུར་པ་བམ་པོ་བཅུ་གཅིག །ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་འགོས་ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་པ་བམ་པོ་བརྒྱད། ག་ཡ་གོ་རི་ཤུ་ལོ་ཀ་བརྒྱ་བརྒྱད་ཅུ་རྩ་བརྒྱད་པ་དང་། དམ་པའི་ཆོས་པདྨ་དཀར་པོ་བམ་པོ་བཅུ་གསུམ་པ་དང་། སྙིང་རྗེ་པདྨ་དཀར་པོ་བམ་པོ་བཅོ་ལྔ་པ་དང་། སྙིང་རྗེ་ཆེན་པོ་པདྨ་དཀར་པོ་བམ་པོ་དྲུག་པ་སྟེ་བཞི། ཡེ་ཤེས་སྡེའི་འགྱུར། མྱ་ངན་ལས་འདས་པ་ཆེན་པོའི་ལེའུ་ཉི་ཁྲི་ལྔ་སྟོང་པ་ལས་ལྷ་དང་མི་ལ་སོགས་བས་ཞུས་པའི་ལེའུ་བམ་པོ་བཅུ་གསུམ་པ་ལྷའི་ཟླ་བའི་འགྱུར། མྱ་ངན་ལས་འདས་པའི་མདོ་ཆུང་བ་རིན་ཆེན་བཟང་པོའི་འགྱུར། འདའ་ག་ཡེ་ཤེས་ཤུ་ལོ་ཀ་བཅུ་རྒྱ་ལས་བསྒྱུར་བར་དཀར་ཆག་ལྡན་དཀར་མར་བྲིས། སངས་རྒྱས་ཀྱི་མཛོད་བམ་པོ་ལྔ་རྒྱ་ལས་བསྒྱུར་པ་འདི་དཀར་ཆག་ཆེན་པོ་གསུམ་དུ་མདོར་མཛད། ཁ་ཅིག་ཐེ་ཚོམ་གྱི་གཞིར་འཆད་དོ། །རྒྱན་སྟུག་པོ་བཀོད་པ་བམ་པོ་བཞི་ཡན་ཆད་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་སེམས་ཅན་ལ་གཟིགས་ཤིང་། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་བམ་པོ་གཉིས། ཀླུའི་རྒྱལ་མཚན་དང་ཡེ་ཤེས་སྡེའི་འགྱུར། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་བམ་པོ་དྲུག་པ་དང་། བདེ་བ་ཅན་གྱི་བཀོད་པ་ཤུ་ལོ་ཀ་བརྒྱ་སུམ་ཅུ་པ་གཉིས། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཟ་མ་ཏོག་བཀོད་པ་བམ་པོ་བཞི་དང་ཤུ་ལོ་ཀ་བརྒྱ་དྲུག་ཅུ་རྩ་ལྔ། དཀོན་མཆོག་ཟ་མ་ཏོག་བམ་པོ་བཞི་རིན་ཆེན་འཚོའི་འགྱུར། དཀོན་མཆོག་འབྱུང་གནས་བམ་པོ་བདུན་པ་དང་། རིན་པོ་ཆེའི་མཐའ་ཤུ་ལོ་ཀ་ཉིས་བརྒྱ་བཅུ་པ་གཉིས། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། གསེར་འོད་དམ་པ་མདོ་སྡེའི་དབང་པོ་ཆེ་བ་བམ་པོ་བརྒྱད་པ། རྣམ་པར་མི་རྟོག་པའི་འགྱུར། གསེར་འོད་དམ་པ་མདོ་སྡེའི་དབང་པོ་ཆུང་བ་བམ་པོ་ལྔ་པ། གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་བམ་པོ་བཅུ་འགོས་ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་པ། གསེར་གྱི་མདོ། གསེར་གྱི་བྱེ་མ་ལྟ་བུ་ཤུ་ལོ་ཀ་བརྒྱད་ཅུ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བམ་པོ་བཅོ་ལྔ་ཡན་ཆད་ཚང་བ། ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་བམ་པོ་གསུམ་དང་ཤུ་ལོ་ཀ་བཅུ་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ་ལྔ་བཅུ་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བམ་པོ་གཉིས་དང་ཤུ་ལོ་ཀ་དྲུག་ཅུ་པ་སྟེ་གསུམ་ཡེ་ཤེས་སྡེའི་འགྱུར། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བམ་པོ་ལྔ་རིན་ཆེན་འཚོའི་འགྱུར། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་བམ་པོ་བདུན་རིན་ཆེན་འཚོའི་འགྱུར། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་བམ་པོ་བཞི་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། རྡོ་རྗེའི་ཏིང་ངེ་འཛིན་བམ་པོ་དྲུག་པ་རྒྱ་ལས་བསྒྱུར་པ། ཁྱེའུ་བཞིའི་ཏིང་ངེ་འཛིན་བམ་པོ་གསུམ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཏིང་ངེ་འཛིན་མཆོག་དམ་པ་བམ་པོ་གཅིག །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་བམ་པོ་བརྒྱད་དང་ཤུ་ལོ་ཀ་སུམ་ཅུ་རྩ་གསུམ་པ་དང་། རྡོ་རྗེ་སྙིང་པོའི་གཟུངས་བམ་པོ་གཅིག་དང་ཤུ་ལོ་ཀ་ཉིས་བརྒྱ་བདུན་ཅུ་པ་གཉིས་ཡེ་ཤེས་སྡེའི་འགྱུར། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཤུ་ལོ་ཀ་ཉིས་བརྒྱ་དྲུག་ཅུ། སྒོ་དྲུག་པའི་གཟུངས་ཤུ་ལོ་ཀ་བཅོ་བརྒྱད། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཤུ་ལོ་ཀ་བརྒྱ་ཉི་ཤུ་རྩ་གཅིག་དཔལ་བརྩེགས་ཀྱི་འགྱུར། ཚིགས་སུ་བཅད་པ་གཉིས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བཅུ་དགུ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། གཟུངས་འདི་དག་སློབ་དཔོན་དབྱིག་གཉེན་གྱིས་སྒོ་དྲུག་པ་མདོར་བཀྲལ་ཞིང་ཀ་མ་ལ་ཤཱི་ལས་རྣམ་པར་མི་རྟོག་པ་ལ་འཇུག་པ་མདོར་བཀྲལ་ལ། ཏོག་དང་རྡོ་རྗེ་སྙིང་པོ་ལ་སོགས་པ་དཀར་ཆག་ཆེན་མོ་དག་ལས། མདོར་བཤད་པ་བཞིན་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་བམ་པོ་བདུན། ནམ་མཁའ་མཛོད་ཀྱིས་ཞུས་པ་བམ་པོ་བརྒྱད། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་བམ་པོ་གསུམ། བྱམས་པས་ཞུས་པ་ཤུ་ལོ་ཀ་བདུན་ཅུ། སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་བཅུ། ཐེག་པ་ཆེན་པོའི་མན་ངག་བུ་མོ་རིན་ཆེན་གྱིས་ཞུས་པ་བམ་པོ་བཞི་དང་ཤུ་ལོ་ཀ་བཞི་བཅུ། བློ་གྲོས་རྒྱ་མཚོས་ཞུས་པ་བམ་པོ་བཅུ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་བམ་པོ་བདུན། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དགེ་བ་བཅུ་བཤད་པ་ཤུ་ལོ་ཀ་ཉིས་བརྒྱ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་ངུ་ཤུ་ལོ་ཀ་བཅུ། དེ་རྣམས་ཡེ་ཤེས་སྡེའི་འགྱུར། སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པ་དགེ་བའི་བློ་གྲོས་ཀྱི་འགྱུར། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་བམ་པོ་བཞི། ཡེ་ཤེས་སྡེ་དང་ཡི་གེ་པ་དགོན་གླིང་རྨ་ལ་སོགས་པའི་འགྱུར། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་བམ་པོ་ལྔ། དཔལ་གྱི་ལྷུན་པོ་དང་། དཔལ་བརྩེགས་ཀྱི་འགྱུར། ཚངས་པས་ཞུས་པ་ཤུ་ལོ་ཀ་ཉིས་བརྒྱ། ཚངས་པས་བྱིན་གྱིས་ཞུས་པ་བམ་པོ་གཅིག་སྟེ། དེ་གཉིས་ཡེ་ཤེས་སྡེའི་འགྱུར། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་བམ་པོ་བདུན། ཆོས་ཉིད་ཚུལ་ཁྲིམས་དང་བར་ཞུས་ཀྱི་ལོ་ཙྪ་བ་ལྷའི་དབང་པོ་བསྲུང་བ་དང་། གཞོན་ནུ་བསྲུང་བ་ལ་སོགས་པའི་འགྱུར། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་བམ་པོ་གསུམ། དཔལ་དབྱིག་གིས་ཞུས་པ་ཤུ་ལོ་ཀ་བརྒྱ་རྩ་བཅོ་ལྔ་པ་གཉིས། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་དྲུག་ཅུ་ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་ཀྱི་འགྱུར། ཁྱེའུ་རིན་ཆེན་ཟླ་བས་ཞུས་པ་ཤུ་ལོ་ཀ་ཉིས་བརྒྱ་རྩ་བདུན་པ་དགེ་བའི་དཔལ་དང་ལྷའི་ཟླ་བའི་འགྱུར། བདེ་བྱེད་ཀྱིས་ཞུས་པ་ཤུ་ལོ་ཀ་བརྒྱད་ཅུ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཡུལ་འཁོར་སྐྱོང་གིས་ཞུས་པ་ཤུ་ལོ་ཀ་བདུན་ཅུ་རྩ་གསུམ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་བམ་པོ་དྲུག །བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཤུ་ལོ་ཀ་དགུ་བཅུ། བགྲེས་མོས་ཞུས་པ་ཤུ་ལོ་ཀ་བརྒྱ་རྩ་བཅོ་ལྔ་ཡེ་ཤེས་སྡེའི་འགྱུར། འཇམ་དཔལ་གྱིས་ཞུས་པ་ཤུ་ལོ་ཀ་དགུ་བཅུ། བདག་མེད་པ་དྲིས་པ་རིན་ཆེན་བཟང་པོའི་འགྱུར། འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་རྣམས། བློ་གྲོས་མི་ཟད་པས་བསྟན་པ་བམ་པོ་བདུན་པ་དང་། དྲི་མ་མེད་པར་གྲགས་པས་བསྟན་པ་བམ་པོ་དྲུག་པ་གཉིས། ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། འཇམ་དཔལ་གྱིས་བསྟན་པ་ཤུ་ལོ་ཀ་ཕྱེད་དང་བཅོ་ལྔ་སྤྱིན་པའི་ཕན་ཡོན་བསྟན་པ་ཤུ་ལོ་ཀ་སུམ་ཅུ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཁྱེའུ་རིན་ཆེན་གྱིས་ཞུས་པ་ཤུ་ལོ་ཀ་ཉིས་བརྒྱ་ཉི་ཤུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་བམ་པོ་གཉིས། ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་བམ་པོ་དྲུག །བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཤུ་ལོ་ཀ་དགུ་བཅུ་རྩ་གཉིས། དེ་རྣམས་ཡེ་ཤེས་སྡེའི་འགྱུར། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་བམ་པོ་གཉིས་ཆོས་ཉིད་ཚུལ་ཁྲིམས་ལ་སོགས་པའི་འགྱུར། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་བམ་པོ་གསུམ་རིན་ཆེན་འཚོའི་འགྱུར། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་བམ་པོ་གསུམ་དང་ཤུ་ལོ་ཀ་ཉི་ཤུ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་གྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་བམ་པོ་གཅིག་དང་ཤུ་ལོ་ཀ་ལྔ་བཅུ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ། མར་མེ་མཛད་ཀྱིས་ལུང་བསྟན་པ་ཤུ་ལོ་ཀ་ཉིས་བརྒྱ་བཅུ་པ་དགེ་བ་དཔལ་དང་ཀླུའི་རྒྱལ་མཚན་གྱི་འགྱུར། ཚངས་པའི་དཔལ་ལུང་བསྟན་པ་ཤུ་ལོ་ཀ་བཞི་བཅུ་དགེ་བ་དཔལ་དང་ལྷའི་ཟླ་བའི་འགྱུར། བུད་མེད་འགྱུར་བ་ལུང་བསྟན་པ་བམ་པོ་གཉིས་དང་བུ་མོ་ཟླ་མཆོག་ལུང་བསྟན་པ་བམ་པོ་གཉིས་པ་གཉིས་ཡེ་ཤེས་སྡེའི་འགྱུར། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་ཤུ་ལོ་ཀ་བརྒྱ། བདེ་ལྡན་མ་ལུང་བསྟན་པ་ཤུ་ལོ་ཀ་བདུན་ཅུ། རྒྱལ་བའི་བློ་གྲོས་ཀྱིས་ཞུས་པ་ཤུ་ལོ་ཀ་བཅུ་གཅིག །སྤྱན་རས་གཟིགས་ཀྱི་མདོ་བམ་པོ་གཅིག་དང་ཤུ་ལོ་ཀ་དྲུག་ཅུ་པ་དང་། འཇམ་དཔལ་གནས་པ་ཤུ་ལོ་ཀ་བརྒྱ་བཞི་བཅུ་པ་གཉིས་ཡེ་ཤེས་སྡེའི་འགྱུར། བྱམས་པ་ལ་བདུད་རྩི་བརྗོད་པ་ཤུ་ལོ་ཀ་བརྒྱད་ཅུ། བྱམས་པ་འཇུག་པ་བམ་པོ་གཉིས་པ་དང་། འཇིག་རྟེན་དང་རྗེས་སུ་མཐུན་པར་འཇུག་པ་ཤུ་ལོ་ཀ་བརྒྱ་རྩ་བཅུ་གཅིག་པ་གཉིས་ཡེ་ཤེས་སྡེའི་འགྱུར། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་བམ་པོ་ལྔ་དང་ཤུ་ལོ་ཀ་བདུན་ཅུ་པ་དང་། ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་བམ་པོ་གཅིག་དང་། མར་མེ་འབུལ་བ་བམ་པོ་གཅིག་རྣམས་ཡེ་ཤེས་སྡེའི་འགྱུར། ཆོས་ཀྱི་ཕྱག་རྒྱ་ཤུ་ལོ་ཀ་བརྒྱད་ཅུ། གྲོང་ཁྱེར་གྱི་འཚོ་བའི་མདོ་ཤུ་ལོ་ཀ་བརྒྱ་ཀླུའི་དབང་པོ་དང་ལྷའི་ཟླ་བའི་འགྱུར། ཟས་ཀྱི་འཚོ་བ་ཡོངས་སུ་དག་པའི་མདོ་ཤུ་ལོ་ཀ་སུམ་ཅུ་རྩ་བརྒྱད། གླང་པོ་ཆེའི་རྩལ་གྱི་མདོ་བམ་པོ་གཅིག་དང་ཤུ་ལོ་ཀ་དྲུག་ཅུ། སྒྲ་ཆེན་པོ་ཤུ་ལོ་ཀ་དྲུག་ཅུ་རྩ་བཞི་དགེ་བའི་དཔལ་དང་ལྷའི་ཟླ་བའི་འགྱུར། སེང་གེའི་སྒྲ་བསྒྲགས་པ་བམ་པོ་གཅིག །སྦ་རྗེ་ཡེ་ཤེས་སྙིང་པོའི་འགྱུར། ས་ལུ་ལྗང་པའི་མདོ་ཤུ་ལོ་ཀ་ཉིས་བརྒྱ་ཉི་ཤུ་རྩ་དྲུག་པ་ཡེ་ཤེས་སྡེའི་འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ཤུ་ལོ་ཀ་བཅུ་གསུམ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་། རྣམ་པར་འབྱེད་པ་བསྟན་པ་ཤུ་ལོ་ཀ་སུམ་ཅུ་པ་ནམ་མཁའི་འགྱུར། འདི་ཐེག་ཆུང་ངུ་གྲགས་ཀྱང་དབྱིག་གཉེན་གྱི་འགྲེལ་པར་རྣམ་ཤེས་ཚོགས་བརྒྱད་དང་། རིག་བྱེད་མ་ཡིན་པ་གཟུགས་མིན་པ་ལ་སོགས་པ་བསྟན་པའི་ཕྱིར་ཐེག་པ་ཐུན་མོང་དུ་འཐད་དོ། །སོར་མོའི་ཕྲེང་བ་ལ་ཕན་པ་བམ་པོ་བདུན། ཆོས་ཉིད་ཚུལ་ཁྲིམས་དང་རྒྱའི་ལོ་ཙྪ་བ་སྟོང་ཨཱ་ཙཱརྱ་ལ་སོགས་པའི་འགྱུར། མ་སྐྱེས་དགྲའི་འགྱོད་པ་བསལ་བ་བམ་པོ་ལྔ་རིན་ཆེན་འཚོའི་འགྱུར། དཔལ་སྦས་ཀྱི་མདོ་བམ་པོ་གཅིག་དང་ཤུ་ལོ་ཀ་དྲུག་ཅུ་པ་དང་། ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་བམ་པོ་གཅིག་དང་ཤུ་ལོ་ཀ་བཞི་བཅུ་པ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཤུ་ལོ་ཀ་ཉིས་བརྒྱ་སུམ་ཅུ་པ་རྣམས་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་བམ་པོ་བདུན་པ་དཔལ་གྱི་ལྷུན་པོའི་འགྱུར། རྒྱལ་པོ་ལ་གདམས་པ་ཤུ་ལོ་ཀ་བརྒྱ་དྲུག་ཅུ་པ་རྔ་བོ་ཆེ་ཆེན་པོའི་ལེའུ་བམ་པོ་ལྔ་དཔལ་གྱི་ལྷུན་པོ་དང་དཔལ་བརྩེགས་ཀྱི་འགྱུར། སུམ་ཅུ་རྩ་གསུམ་པའི་ལེའུ་བམ་པོ་གསུམ་པ་དང་། ལྷག་པའི་བསམ་པ་བསྟན་པའི་ལེའུ་བམ་པོ་བཞི་པ་དང་། ཆོས་ཡང་དག་པར་སྡུད་པའི་མདོ་བམ་པོ་བདུན་པ། མཚན་གཞན་ཆོས་བགྲོ་བ་ཞེས་པ་དང་། རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་དྲུག་ཅུ་པ་རྣམས་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་བགྲོ་བ་བམ་པོ་གསུམ། དེ་བཞིན་གཤེགས་པ་བགྲོ་བ་བམ་པོ་གསུམ་དང་ཤུ་ལོ་ཀ་བདུན་ཅུ་རྩ་ལྔ་པ། དཔལ་དབྱངས་དང་དཔལ་བརྩེགས་ཀྱི་འགྱུར། ཆོས་ཀུན་བགྲོ་བ། དེ་བཞིན་གཤེགས་པ་དཔལ་གྱི་དམ་ཚིག་བམ་པོ་གསུམ་དཔལ་བརྩེགས་ཀྱི་འགྱུར། དཀོན་མཆོག་སྤྲིན་བམ་པོ་བརྒྱད་རིན་ཆེན་འཚོ་དང་། ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། སྤྲིན་ཆེན་པོ་བམ་པོ་བཅུ། སྤྲིན་ཆེན་པོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྣམ་པར་བརྩེ་བའི་ལེའུ་བམ་པོ་གསུམ་དང་ཤུ་ལོ་ཀ་ཉིས་བརྒྱ་ཉི་ཤུ། སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་བམ་པོ་གཅིག །སྤྲིན་ཆེན་པོའི་མདོ་རླུང་གི་དཀྱིལ་འཁོར་ལས་སྤྲིན་ཆེན་པོའི་ལེའུ་བམ་པོ་ཕྱེད་དང་གསུམ་དང་ཤུ་ལོ་ཀ་བདུན་ཅུ། ཆར་དབབ་པའི་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་རྣམས་ཡེ་ཤེས་སྡེའི་འགྱུར། སྤྲིན་ཆེན་པོ་ཆུང་ངུ་ཤུ་ལོ་ཀ་བརྒྱ་ཉི་ཤུ་དང་གཅིག་མི་གཅིག་དཔྱད། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོའི་མདོ། འདི་བཀའ་ཡིན་མིན་ཐེ་ཚོམ་གྱི་གཞིར་ཀླུ་མེས་དབང་ཕྱུག་གྲགས་འཆད། གཙུག་ཏོར་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་རྒྱ་ལས་བསྒྱུར་པ་བམ་པོ་གཉིས། འདི་དཀར་ཆག་སྔ་མ་གསུམ་གར་བཀར་བཤད་དོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་བམ་པོ་བཅུ་གསུམ་རྣམ་པར་མི་རྟོག་པའི་འགྱུར། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་བམ་པོ་དྲུག་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཏིང་ངེ་འཛིན་གྱི་འཁོར་ལོའི་མདོ། ཡོངས་སུ་བསྔོ་བའི་འོར་ལོ་བམ་པོ་གཉིས་རྒྱ་ལས་བསྒྱུར་པ་རྣམ་པར་མི་རྟོག་པའི་འགྱུར། ཆོས་ཀྱི་རྒྱལ་པོའི་མདོ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ། འདི་དང་ཏིང་ངེ་འཛིན་མཆོག་དམ་པ་གཉིས་དཀར་ཆག་སྔ་མ་གསུམ་གར་མདོར་མཛད་དོ། །ཆོས་ཀྱི་ཚུལ་བམ་པོ་གཅིག །ཆོས་ཀྱི་ཕུང་པོ་ཤུ་ལོ་ཀ་བརྒྱ་ལྔ་བཅུ། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཤུ་ལོ་ཀ་ཉིས་བརྒྱ་བརྒྱད་ཅུ། ཆོས་དང་དོན་རྣམ་པར་འབྱེད་པ་ཤུ་ལོ་ཀ་དགུ་བཅུ་རྩ་གཉིས་ཏེ་བཞི། ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ཆོས་བཞི་སྒྲུབ་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ། ཤཱཀྱ་བློ་གྲོས་དང་དགེ་བའི་བློ་གྲོས་ཀྱི་འགྱུར། ཆོས་བཞི་བསྟན་པ་ཤུ་ལོ་ཀ་བཅུ་གསུམ་ཡེ་ཤེས་སྡེའི་འགྱུར། ཆོས་བཞི་པ་ཤུ་ལོ་ཀ་བཅུ། ཆོས་བཞི་མ་བཏང་བ་བཞི་པ་སྒྲུབ་པ་ཤུ་ལོ་ཀ་ཉིས་བརྒྱ་དྲུག་ཅུ། ཆོས་གསུམ་པ་ལྷའི་ཟླ་བ་དང་དཔལ་བརྩེགས་ཀྱི་འགྱུར། ཆོས་ཀྱི་རྒྱ་མཚོ་ཤུ་ལོ་ཀ་བརྒྱད་ཅུ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་རྒྱ་མོ་བམ་པོ་གཉིས་རྒྱ་ལས་བསྒྱུར་བ། ཉི་མའི་སྙིང་པོ་བམ་པོ་བཅུ་གསུམ་པ་བཟང་སྐྱོང་དང་དཔལ་བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་པའི་སྙིང་པོ་བམ་པོ་གཅིག་དང་ཤུ་ལོ་ཀ་བཅུ་ཡེ་ཤེས་སྡེའི་འགྱུར། ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཤུ་ལོ་ཀ་བརྒྱ། ནམ་མཁའི་སྙིང་པོ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ་བདུན་ཅུ་རྩ་ལྔ། ཡང་དག་པའི་སྤྱོད་པའི་ཚུལ་ནམ་མཁའི་མདོག་གི་འདུལ་བའི་བཟོད་པ་བམ་པོ་བཅུ་གཅིག་རྒྱ་ལས་འགྱུར་བ། ཐབས་ལ་མཁའ་པ་ཐེག་པ་ཆེན་པོ་བམ་པོར་གཏོགས། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ་བམ་པོ་བརྒྱད། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱི་སྡིག་སྦྱངས་ཏེ། སངས་རྒྱས་སུ་གྲུབ་པ་རྣམ་པ་བཀོད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ་རྩ་བཅུ་གཉིས་རྒྱ་ལས་འགྱུར་བ། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས། མཚན་ནས་བརྗོད་པའི་ཡོན་ཏན་གྱི་གླེང་གཞི། མེ་ཏོག་གི་ཚོགས་བམ་པོ་གསུམ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། དཔང་སྐོང་ཕྱག་རྒྱ་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཤུ་ལོ་ཀ་བདུན་ཅུ་རྩ་ལྔ། ཕྱོགས་བཅུའི་མུན་སེལ་ཤུ་ལོ་ཀ་བརྒྱ་ལྔ་བཅུ། རྩངས་དེ་ཝེནྟྲ་རཀྵི་ཏ་དང་། ཀླུའི་རྒྱལ་མཚན་གྱི་འགྱུར། སངས་རྒྱས་བདུན་པ་ཤུ་ལོ་ཀ་བརྒྱ་རྩ་ལྔ། སངས་རྒྱས་བརྒྱད་པ་ཤུ་ལོ་ཀ་དགུ་བཅུ་རྩ་གཅིག །སངས་རྒྱས་བཅུ་གཉིས་པའི་མདོ་ཤུ་ལོ་ཀ་བདུན་ཅུ་རྩ་བདུན། སངས་རྒྱས་ཀྱི་དབུ་རྒྱན་ཤུ་ལོ་ཀ་ཉིས་བརྒྱ་རིན་ཆེན་འཚོ་དང་དེ་ཝེནྟྲ་རཀྵི་ཏའི་འགྱུར། སངས་རྒྱས་ཀྱི་ས་ཤུ་ལོ་ཀ་ཉིས་བརྒྱ་ཡེ་ཤེས་སྡེས་ཊཱི་ཀ་བཞི་དང་སྦྱར་ཏེ་གསར་དུ་བསྒྱུར་པ། སངས་རྒྱས་མི་སྤོང་བ་ཤུ་ལོ་ཀ་བརྒྱ་ཉི་ཤུ་པ་དང་། དཀྱིལ་འཁོར་བརྒྱད་པའི་མདོ་སྡེ་ཤུ་ལོ་ཀ་བདུན་ཅུ་པ་གཉིས་ཡེ་ཤེས་སྡེའི་འགྱུར། བཀྲ་ཤིས་བརྒྱད་པ་ཤུ་ལོ་ཀ་ལྔ་བཅུ་རྩ་གཅིག །དཀོན་མཆོག་གསུམ་རྗེས་སུ་དྲན་པ། བསླབ་པ་གསུམ་གྱི་མདོ། སྐུ་གསུམ་པའི་མདོ། ཕུང་པོ་གསུམ་པའི་མདོ། ཤུ་ལོ་ཀ་ལྔ་བརྒྱ་སུམ་ཅུ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་ཀྱི་ལྟུང་བ་བཤགས་པ། འདི་ཉེ་བར་འཁོར་གྱིས་ཞུས་པ་ལས་འབྱུང་བ་ཡིན། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཤུ་ལོ་ཀ་བརྒྱད་བརྒྱ་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བམ་པོ་གཉིས་པ་གཉིས་ཡེ་ཤེས་སྡེའི་འགྱུར། གསུམ་ལ་སྐྱབས་སུ་འགྲོ་བའི་མདོ་ཤུ་ལོ་ཀ་སུམ་ཅུ་དཔལ་བརྩེགས་ཀྱི་འགྱུར། སྲིད་པ་འཕོ་བའི་མདོ་ཤུ་ལོ་ཀ་བདུན་ཅུ་ཡེ་ཤེས་སྡེའི་འགྱུར། མྱ་ངན་ལས་འདས་པ་ཆེན་པོའི་མདོ་རྒྱ་ལས་བསྒྱུར་པ་བམ་པོ་ལྔ་བཅུ་རྩ་དྲུག་པ་མུ་སྟེགས་ཀྱི་རྒྱལ་པོ་པ་ལ་ཤས་གདུང་མ་ཐོབ་པ་ཡན་ཆད་ཚང་བ། རིའི་ཀུན་དགའ་བོའི་མདོ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བཏུལ་བའི་མདོ། འོད་སྲུངས་ཆེན་པོའི་མདོ། ཉི་མའི་མདོ། བཀྲ་ཤིས་ཆེན་པོའི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པ་བསྒོམ་པའི་མདོ། བསླབ་པ་ལྔའི་ཕན་ཡོན་གྱི་མདོ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ། སྐྱེས་པ་རབས་ཀྱི་གླེང་གཞི། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ་དེ་རྣམས་པཎྜི་ཏ་ཨ་ནནྟ་ཤྲཱི་དང་བླ་མ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གསར་དུ་བསྒྱུར་པ་ཡིན། འདི་རྣམས་སྔར་གྱི་དང་ཟློས་མི་ཟློས་ཐེག་པ་ཆེ་ཆུང་གང་ཡིན་དཔྱད་པར་བྱའོ། །བསྡོ་བ་སྨོན་ལམ་བཀྲ་ཤིས་ལ། དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་ལས་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཤུ་ལོ་ཀ་བརྒྱ་སུམ་ཅུ་དཔལ་འབྱོར་དང་། དཔལ་བརྩེགས་ཀྱི་འགྱུར། ཡོངས་སུ་བསྔོ་བའི་རྒྱལ་པོ་ཆེན་པོ་སྔགས་དང་བཅས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་ཉིས་བརྒྱ་མཇུག་ཅུང་མ་ཚང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བསྔོ་བ་ཤུ་ལོ་ཀ་ལྔ་བཅུ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་བསྔོ་བ་ཤུ་ལོ་ཀ་བཞི་བཅུ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཤུ་ལོ་ཀ་དགུ་བཅུ་རྩ་བདུན། བྱམས་པའི་སྨོན་ལམ་ཤུ་ལོ་ཀ་སུམ་ཅུ། མཆོག་གི་སྤྱོད་པའི་སྨོན་ལམ་ཤུ་ལོ་ཀ་ཉི་ཤུ་རྩ་གསུམ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། རྒྱལ་པོ་གསེར་གྱི་ལག་པའི་མར་མེའི་སྨོན་ལམ། གསེར་འོད་དམ་པའི་བཤགས་པའི་ལེའུ་ནས་འབྱུང་བའི་སྨོན་ལམ། སྟོང་ཆེན་མོ་རབ་ཏུ་འཇོམས་མ་ལས་འབྱུང་བའི་སྨོན་ལམ། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་འབྱུང་བའི་སྨོན་ལམ་དང་བདེན་ཚིག །ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། ལྷས་ཞུས་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ་ཤུ་ལོ་ཀ་དགུ་་རྒྱ་ཆེ་རོལ་པ་ལས་འབྱུང་བའི་ཚོང་དཔོན་ག་གོན་དང་བཟང་པོ་ལ་གསུངས་པའི་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་ཕལ་པོ་ཆེ་ལས་འབྱུང་བ་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་བསྟོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་མཚེ་མས་བསྟོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་བསྟོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད། ལྷས་ཞུས་པའི་བཀྲ་ཤིས་ཀྱི་ཚིགས་བཅད། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་བཅད། དཀོན་མཆོག་གསུམ་དང་། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡེ་ཤེས་སྡེས་བསྒྱུར་པ་སྟེ། བཟང་སྤྱོད་ལ་སོགས་པ་འདི་དག་ཐེག་ཆུང་དུ་བྲིས་པ་ནི་མི་རིགས་ཏེ། ཐེག་ཆེན་གྱི་མདོ་དང་གཟུངས་ལས་ཕྱུང་བ་ཡིན་པས་དེ་ཉིད་དུ་གཏོགས་ཤིང་དེ་ལས་ལོགས་སུ་ཕྱེ་བ་མི་འཐད་དོ། །གང་པོས་ཞུས་པ་དང་། ཀློག་ཐོབ་ཀྱིས་ཞུས་པ་དང་། རིན་པོ་ཆེའི་ཕུང་པོ་དང་། སངས་རྒྱས་བཅུ་པ་རྣམས། དཀོན་མཆོག་བརྩེགས་པའི་ལེའུ་ཡིན་པས། མདོ་སྣ་ཚོགས་སུ་མི་བགྲང་ངོ་། །འདིར་སྔར་འགྱུར་ངེས་པ་དིང་སང་གི་བཀའ་འགྱུར་དུ་མ་ཚུད་ཅིང་། མ་རྙེད་པ། དེ་བཞིན་གཤེགས་པའི་མཛོད་བམ་པོ་བཞི། དཀོན་མཆོག་གི་མཛོད་བམ་པོ་བཞི་དང་ཤུ་ལོ་ཀ་་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་བམ་པོ་དྲུག །དཔལ་དབྱངས་ཀྱིས་ཞུས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་ཉིས་བརྒྱ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡོངས་སུ་དག་པ་བམ་པོ་གཅིག །ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཤུ་ལོ་ཀ་བཞི་བརྒྱ། སྤོབས་པའི་རྒྱན་བཀོད་པ་ཡེ་ཤེས་ཀྱི་མཛོད། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནམ་མཁའི་སྙིང་པོས་ཞུས་པ་བམ་པོ་ཕྱེད་དང་གཉིས། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པ་བམ་པོ་གཅིག །དཔལ་ཆེན་མོའི་མདོ་བམ་པོ་གསུམ། དེ་བཞིན་གཤེགས་པའི་དཔལ་ཕུན་སུམ་ཚོགས་པ་བམ་པོ་གསུམ། རྡོ་རྗེ་སྙིང་པོས་ཞུས་པ། ཟླ་བ་མཆོག་གི་སྙིང་པོས་ཞུས་པ། གསལ་རྒྱལ་གྱིས་ཞུས་པ། རབ་དགས་ཞུས་པ། སྟག་མོའི་བུ་མོས་ཞུས་པ། ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་པ། རི་མོའི་མཚན་ཉིད་བསྟན་པ། ལས་ཀྱི་འགྱུར་པ་བསྟན་པ། ཚད་མེད་པ་བསྟན་པ། དཀྱིལ་འཁོར་དབུལ་བའི་ཕན་ཡོན་བསྟན་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པ། ཚངས་པ་ལུང་བསྟན་པ། རིན་པོ་ཆེ་ཆེན་པོའི་མདོ་བམ་པོ་ལྔ། དེ་བཞིན་གཤེགས་པའི་ལུང་གི་ལེའུ། འདུལ་བ་རྣམ་པར་གདོན་མི་ཟ་བ་བམ་པོ་གཅིག །ཡེ་ཤེས་རྒྱས་པ་ཆུང་ངུ་བམ་པོ་གཅིག །ཡང་དག་པའི་ལེགས་པའི་ཡོན་ཏན་བཤད་པ་ཤུ་ལོ་ཀ་བརྒྱད་ཅུ། སྨན་བླའི་མདོ་ཆུང་ངུ་ཤུ་ལོ་ཀ་ཉིས་བརྒྱ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ། ཤེས་རབ་བསྐྱེད་པ། སྟོབས་བསྐྱེད་པ། ཡེ་ཤེས་བསྡུས་པའི་མདོ། དེ་བཞིན་གཤེགས་པའི་བསྔོ་བ་ལ་མཁས་པ་ཤུ་ལོ་ཀ་བརྒྱ་དྲུག་ཅུ། དགེ་བ་བཅུ་བཤད་པ། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་བ་བསྟན་པ་ཤུ་ལོ་ཀ་དགུ་བཅུ་སྟེ། མདོ་སུམ་ཅུ་རྩ་དྲུག་མ་རྙེད་དོ། །ཟུང་གི་མདོ་དང་བདག་མེད་པ་དྲིས་པ་ལ་སོགས་ཀླུ་མེས་མདོ་མིན་པར་སྨྲ་བ་ནི་མི་འཐད་དེ། བདག་མེད་པ་དྲིས་པ་རིན་ཆེན་བཟང་པོས་ཕྱིས་བསྒྱུར་པའི་ཕྱིར་དང་། ཟུང་གི་མདོ་དཀར་ཆག་ཆེན་མོར་མདོར་བཤད་པའི་ཕྱིར་རོ་ཞེས་ཁ་ཅིག་གོ། འཕང་ཐང་མར་མེ་འགལ་འཚོ་བའི་མདོ། རྟ་མགྲིན་བཀོད་པའི་མདོ་ཞེས་པ་ལི་ལས་བསྒྱུར་པ་ཡོད་པར་བཤད་དེ། མདོ་སུམ་བརྒྱ་བརྒྱད་ཅུ་རྩ་གཅིག་མ་རྙེད་པར་ལྔ་བཅུ་ང་བདུན་ནམ་ང་དགུ་ལ་སོགས་པ་འགྱུར་ལ། ཀོའུ་ཤི་ཀ། བློ་གྲོས་བཟང་མོ་ཆུང་བ། ལྗོན་ཤིང་གི་མདོ་ལ་སོགས་པ་ས་སྐྱ་པཎྜི་ཏ་དང་ཀླུ་མེས་ལ་སོགས་པས་མདོ་ཡང་དག་ལྟར་སྣང་ཕྱེ་བ་བཞིན་རྟོགས་པར་བྱའོ། །
བསྟན་བཅོས་ཀྱི་སྐོར།
གཉིས་པ་བསྟན་བཅོས་ཀྱི་སྐོར་ལ་གསུམ་སྟེ། བཀའ་བྱེ་བྲག་གི་དགོངས་པ་གསལ་བར་བྱེད་པ་དང་། སྤྱིའི་དགོངས་པ་གསལ་བར་བྱེད་པ་དང་། ཐོར་བུ་བ་ལུགས་ཀྱི་བསྟན་བཅོས་ལ་སོགས་པའོ། །
དང་པོ་ལ་གསུམ་ལས། དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་དགོངས་འགྲེལ་ནི། ལུང་གཞིའི་རྒྱ་ཆེར་འགྲེལ་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་བསྒྱུར་འཕྲོ་བམ་པོ་བཅུ་གཅིག །རྣམ་འབྱེད་ཀྱི་འགྲེལ་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་བམ་པོ་བཅོ་ལྔ་ཀླུའི་རྒྱལ་མཚན་གྱི་འགྱུར། གཞུང་བླ་མའི་བྱེ་བྲག་ལུང་ཞུ་བ་མ་རྫོགས་པའི་འགྲེལ་པ་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་མཛད་པ་བསྒྱུར་འཕྲོ་ཕྲན་ཚེགས་སྒོ་བརྒྱད་པ་ཡན་ཆད་རྫོགས་པའི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་བམ་པོ་བཅུ་དགེ་བའི་བློ་གྲོས་ཀྱི་འགྱུར། སོ་སོ་ཐར་པའི་འགྲེལ་པ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའི་འདུལ་བ་བསྡུས་པ་བམ་པོ་བཅོ་ལྔ། བཻ་རོ་ཙ་ན་དང་རྒྱལ་བའི་ཤེས་རབ་དང་ཤཱཀྱ་བཤེས་གཉེན་གྱི་འགྱུར། སོ་སོ་ཐར་པའི་གཞུང་འགྲེལ་བམ་པོ་ཉི་ཤུ་རྩ་བདུན་པ་སློབ་དཔོན་དཔའ་བོས་མཛད་པར་གྲགས་པ་ཀླུའི་རྒྱལ་མཚན་གྱི་འགྱུར། སློབ་དགོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་ལྔ་བཅུ་པར་གྲགས་པ་ཀླུའི་རྒྱལ་མཚན་གྱི་འགྱུར། འདུལ་བ་བྱ་བའི་ཕུང་པོ་སོ་སོ་ཐར་པའི་འགྲེལ་པ་མི་བརྗེད་པའི་དྲན་པ། ཡང་སོ་སོར་ཐར་པའི་འགྲེལ་པ་བམ་པོ་བདུན། སོ་སོར་ཐར་པའི་འགྲེལ་པ་ཚིག་གི་བརྗེད་བྱང་དཱ་ན་ཤཱི་ལ་ཆེན་པོས་བྱས་པར་གྲགས་པ་བན་པོ་གཉིས་ཀླུའི་རྒྱལ་མཚན་གྱི་འགྱུར། སོ་སོར་ཐར་པའི་འགྲེལ་པ་ཚིག་གི་དགའ་སྐྱེད་མ་འདི་བསྟན་འགྱུར་དུ་མ་ཆུད། སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་ཆེན་པོ་བམ་པོ་བརྒྱ་རྩ་བཅུ་གཉིས་པ་དིང་སང་མ་རྙེད་དོ། །དགེ་སློང་མའི་སོ་སོར་ཐར་པའི་འགྲེལ་པ་བམ་པོ་གཉིས། ཡང་དགེ་སློང་མའི་སོ་ཐར་གྱི་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བམ་པོ་དགུ་པ་དང་། ལས་བརྒྱ་རྩ་གཅིག་པ་ཤུ་ལོ་ཀ་སུམ་སྟོང་དྲུག་བརྒྱ་བམ་པོ་བཅུ་གཉིས་པ་ཀླུའི་རྒྱལ་མཚན་གྱི་འགྱུར། མདོའི་འགྲེལ་པ་ཉིད་ཀྱི་རྣམ་བཤད་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། མདོའི་རྒྱ་ཆེར་འགྲེལ་པ་བམ་པོ་བདུན་ཅུ་པ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར། འདུལ་བའི་མདོའི་འགྲེལ་ཆུང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་ཟེར་བ་འདི་ཐེ་ཚོམ་གྱི་གཞི་ཡིན། འདུལ་བའི་མདོའི་འགྲེལ་པ་སློབ་དཔོན་ཤེས་རབ་བྱེད་ཀྱིས་མཛད་པ། དགྲ་བཅོམ་པ་ས་གའི་ལྷས་མཛད་པ་འདུལ་བ་མེ་ཏོག་ཕྲེང་བརྒྱུད་བམ་པོ་དྲུག་བྱམས་པའི་དཔལ་གྱི་འགྱུར། སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་མཛད་པ་འདུལ་བའི་དྲི་བའི་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་བརྒྱ། དེའི་འགྲེལ་པ་བམ་པོ་ལྔ་དང་ཤུ་ལོ་ཀ་བརྒྱ་དྲུག་ཅུ་རྩ་བཞི་པ་གཉིས། དཔལ་བརྩེགས་ཀྱི་འགྱུར། འདུལ་བ་ལ་བསྟོད་པ་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པ་དང་། དེའི་འགྲེལ་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་གཉིས་ཀླུའི་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་གཉིས། ལྷའི་དབང་པོ་བསྲུང་བའི་འགྱུར། སློབ་དཔོན་དུལ་བའི་ལྷས་མཛད་པའི་སློབ་མ་ལ་ཕན་པ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པའི་དོན་བརྒྱད་མ་དགེ་ཚུལ་གྱི་བྱ་བ། སྡེ་པ་ཐ་དད་བཀླག་པའི་འཁོར་ལོ་བཙུན་པ་དབྱིག་བཤེས་ཀྱིས་མཛད་པ་ལས་བཏུས་པ། སློབ་དཔོན་དུལ་བ་ལྷས་མཛད་པ་ཤུ་ལོ་ཀ་དྲུག་ཅུ་རྩ་ལྔ། སློབ་དཔོན་བྷ་བྱས་མཛད་པའི་སྡེ་པ་ཐ་དད་པ་རྣམ་པར་བཤད་པ་ཤུ་ལོ་ཀ་བདུན་ཅུ་རྩ་ལྷག་ནག་ཚོའི་འགྱུར། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་དགེ་ཚུལ་གྱི་དང་པོའི་ལོ་དྲི་བ་རྒྱལ་བ་ཤེས་རབ་ཀྱི་འགྱུར། དགེ་སློང་གི་དང་པོའི་ལོ་དྲི་བ་ནག་ཚོའི་འགྱུར། མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་མཛད་པ་དགེ་ཚུལ་གྱི་བསླབ་པའི་གཞི་མདོ་གཞོན་ནུ་མཆོག་གི་འགྱུར། པཎྜི་ཏ་སུ་ནྱ་ཤྲཱིས་མཛད་པ་དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་རྩ་འགྲེལ་དར་མ་གྲགས་ཀྱི་འགྱུར། གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ་ཁ་ཆེ་བི་མ་ལ་ཤྲཱི་བྷ་དྲས་མཛད་པ་གཞོན་ནུ་མཆོག་གི་འགྱུར། ཆེད་དུ་བརྗོད་པའི་ཚོགས་ཀྱི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚིགས་སུ་བཅད་པ་བསྡུས་པ་རྩ་འགྲེལ་ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཀྱི་སྙིང་པོའི་འགྲེལ་པ་དཔལ་བརྩེགས་ཀྱི་འགྱུར། འཇིག་རྟེན་གདགས་པ་བམ་པོ་བདུན། རྒྱུ་གདགས་པ་བམ་པོ་བདུན། ལས་གདགས་པ་བམ་པོ་ལྔ། དེ་རྣམས་ཡེ་ཤེས་སྡེའི་འགྱུར། འདི་དག་བྱེ་བྲག་ཏུ་སྨྲ་བས་བཀར་འདོད་ལ། དཀར་ཆག་ཆེན་མོ་དག་ཏུ་ཡང་བཀར་བཤད་མོད་ཀྱི། མདོ་སྡེ་པ་ལ་སོགས་པས་བསྟན་བཅོས་སུ་འདོད་པ་བཞིན་གནས་སོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བམ་པོ་གཉིས་པ་དང་། དེའི་རང་འགྲེལ་བམ་པོ་སུམ་ཅུ་པ་གཉིས་དཔལ་བརྩེགས་ཀྱི་འགྱུར། དེའི་འགྲེལ་བཤད་དོན་གསལ་བ་བམ་པོ་དྲུག་ཅུ་པ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་གང་བ་སྤེལ་གྱིས་མཛད་པའི་མངོན་པ་མཛད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བམ་པོ་དྲུག་ཅུ་པ་ཚབ་ཀྱི་འགྱུར། བལ་པོ་ཞི་གནས་ལྷས་མཛད་པའི་ཆོས་མངོན་པའི་མཛོད་ལ་ཉེ་བར་མཁོ་བ་ཞེས་བྱ་ད་མདོ་དང་སྦྱར་བའི་ཊཱི་ཀ་བལ་པོ་ཤེས་རབ་འོད་ཟེར་གྱི་འགྱུར། སློབ་དཔོན་འདུས་བཟང་གིས་མཛད་བ་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་བམ་པོ་བཅོ་ལྔ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་མཛད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ་འཇམ་དཔལ་གཞོན་ནུའི་འགྱུར་ཏེ། ཐེག་ཆུང་གི་བསྟན་བཅོས་ལྔ་བཅུའོ། །འདིར་སློབ་དཔོན་ཤནྟི་སོ་མས་མཛད་པའི་མཛོད་འགྲེལ་བམ་པོ་བཅུ་བཞི། མཛོད་གྱི་ཐབས་བསྡུས་པ་བམ་པོ་བཅུ། ཆོས་མངོན་པ་ལ་འཇུག་པ་བམ་པོ་གཉིས་དང་ཤུ་ལོ་ཀ་ལྔ་བཅུ། དེའི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ། མཁན་པོ་བོ་དྷི་ས་ཏྭས་མཛད་པའི་དགེ་སློབ་གི་ཚུལ་ཤུ་ལོ་ཀ་ལྔ་བཅུ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་ཤུ་ལོ་ཀ། དེ་རྣམས་བཙལ་བར་བྱའོ། །
བཀའ་བར་པའི་དགོངས་འགྲེལ།
གཉིས་པ་བཀའ་བར་པའི་དགོངས་འགྲེལ་ལ། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་བརྒྱད་ཅུང་ཟད་མ་འགྱུར་བ། འདི་འཕང་ཐང་མར་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་བྱས་པར་བྲེས་མོད་ཀྱི། དཀར་ཆག་གོང་མ་གཉིས་སུ་རྒྱ་གར་མར་བཤད་པས། དཾཥྚ་ཨ་སེ་ནས་བྱས་པ་དེ་ཡིན་ནོ། །རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་གཞུང་འགྲེལ་བམ་བོ་ཉི་ཤུ་རྩ་བདུན་པ་བསྒྱུར་འཕྲོ་འདི། དཾཥྚ་ཨ་སེ་ནས་བྱས་ཟེར་བ་མང་མོད་ཀྱི། འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར། ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་། དབུར་ཡང་། འདིའི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། ཅེས་འབྱུང་བའི་ཕྱིར་རོ། །ཁ་ཆེ་དྷརྨ་ཤྲཱིའི་འབུམ་གྱི་ཊཱིཀྐ། ཡུམ་གསུམ་མཐུན་པར་དོན་བརྒྱད་ཀྱིས་བསྟན་པའི་ཊཱིཀྐ་སྨྲི་ཏིས་མཛད་པ་དེའི་རང་འགྱུར། ཉི་ཁྲི་ལེ་བརྒྱད་མའི་དོན་གྱི་འགྱེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། བཙུན་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་ཉི་ཁྲིའི་འགྲེལ་པ་དག་ལྡན་འགོས་ཀྱི་འགྱུར། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་བརྒྱད་སྟོང་པའི་འགྲེལ་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཤུ་ལོ་ཀ་སྟོང་ཕྲག་བརྒྱད་པ་རྔོག་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ཤཱཀྱ་བློ་གྲོས་ཀྱི་འགྱུར། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་ཟེར། ཤེས་རབ་དཔལ་གྱི་འགྱུར། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་བརྒྱད་སྟོང་པའི་དོན་བསྡུས་དང་། དེའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ་གཉིས་རྔོག་འགྱུར། དཔལ་ལྡན་རྒྱལ་པོ་ཛ་གད་ཏ་ལར་གནས་པས་མཛད་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲངས་པ་ག་རོད་ཚོལ་ཁྲིམས་འབྱུང་གནས་སྦས་པའི་འགྱུར། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པའི་འགྲེལ་པ་བམ་པོ་བདུན། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་བདུན་བརྒྱ་པའི་འགྲེལ་པ་བམ་པོ་དྲུག་ནམ་མཁའ་སྐྱོང་གི་འགྱུར། འདིར་བདུན་བརྒྱ་པའི་འགྲེལ་པ་ཤུ་ལོ་ཀ་བརྒྱ་པ་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ་དང་། ཡང་བདུན་བརྒྱ་པའི་འགྲེལ་པ་བམ་པོ་གཉིས་པ་དང་། ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་སྔགས་ཀྱི་ཚུལ་དུ་བཤད་པ་བམ་པོ་གཅིག་པ་རྣམས་བཙལ་བར་བྱའོ། །སློབ་དཔོན་སེང་གེ་བཟང་པོས་མཛད་པའི་སྡུད་འགྲེལ་རྟོགས་པར་སླ་བ་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྡུད་པའི་དཀའ་འགྲེལ་བམ་པོ་དྲུག་དཔལ་བརྩེགས་ཀྱི་འགྱུར། ཁ་ཆེ་དྷརྨ་ཤྲཱིས་མཛད་པའི་སྡུད་པའི་ལྡེ་མིག་བ་རེག་གི་འགྱུར་དུ་གྲགས་པ། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་སྡུད་པའི་དོན་བསྡུས་སློབ་དཔོན་དེ་ཉིད་དང་དགྲ་བཅོམ་རིན་ཆེན་སྡེའི་འགྱུར། འདི་བསྟན་འགྱུར་དུ་མ་ཆུད། རྡོ་རྗེ་གཅོད་པའི་འགྲེལ་པ་ཀ་མ་ལ་ཤཱི་ལས་བྱས་པ་བམ་པོ་ལྔ་ཡེ་ཤེས་སྡེའི་འགྱུར། འདིར་རྡོ་རྗེ་གཅོད་པའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཟེར་བྱིན་གྱིས་མཛད་པ་བམ་པོ་གཉིས་པ་དང་། རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་ལྔ་བཅུ་པ་དང་། རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་སུམ་ཅུ་རྩ་བདུན་པ་རྣམས་མ་རྙེད་དོ། །སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པའི་ཤེར་སྙིང་འགྲེལ་པ། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་ཤེར་སྙིང་འགྲེལ་པ་འཕགས་པ་ཤེས་རབ་ཀྱི་འགྱུར། སློབ་དཔོན་པད་མས་མཛད་པའི་ཤེར་སྙིང་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་སྙིང་སྒྲུབ་ཐབས་གླན་ཆུང་དང་སྟག་ལོའི་འགྱུར། འདི་སྔགས་སུ་གཏོགས་པར་སེམས་སོ། །དོན་བཅུས་གསལ་བར་བསྟན་པའི་ཤེར་སྙིང་འགྲེལ་པ། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་ཤེར་སྙིང་རྒྱ་ཆེར་འགྲེལ་བནྡེ་ནམ་མཁའ་དང་ཡེ་ཤེས་སྙིང་པོའི་འགྱུར། ཡང་རྡོ་རྗེ་གཅོད་པའི་འགྲེལ་བརྒྱ་ལས་འགྱུར་བ་བམ་པོ་ལྔ་པ་མ་རྙེད་དོ། །མངོན་རྟོགས་རྒྱན་གྱི་སྐོར་ལ། མངོན་རྟོགས་རྒྱན་བམ་པོ་གཉིས་རྔོག་ལ་སོགས་པའི་འགྱུར། དེའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་དོན་གསལ་བམ་པོ་ལྔ་དཔལ་བརྩེགས་དང་། བློ་ལྡན་ཤེས་རབ་ཀྱི་འགྱུར། དཀར་ཆག་མཆིམས་ཕ་མ་དང་འཕང་ཐང་མར་མངོན་པར་རྟོགས་པའི་རྒྱན་རྒྱ་ཆེར་འགྲེལ་པ་བམ་པོ་དྲུག་ཅེས་འབྱུང་བ་དེ། འདི་ལ་འཁྲུལ་ལམ་གཞན་ཡོད་བརྟག་པར་བྱའོ། །དོན་གསལ་གྱི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་སློབ་དཔོན་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ནུབ་ཀྱི་སྒོ་གླེགས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་རྔོག་འགྱུར། གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ་རྟོགས་དཀའི་སྣང་བ་རིན་ཆེན་བཟང་པོའི་འགྱུར། ཁ་ཆེ་གཞོན་ནུ་དཔལ་གྱིས་མཛད་པའི་དོན་བསྡུས་བཀྲ་ཤིས་རྒྱལ་མཚན་གྱི་འགྱུར། མངོན་རྟོགས་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་རཏྣ་ཀཱིརྟིས་མཛད་པ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། འདི་འགྲེལ་ཆུང་གི་འགྲེལ་པར་འདོད་པ་ནོར་བ་ཡིན་ནོ། །པཎྜི་ཏ་བུད་དྷ་ཤྲཱི་ཛྙཱ་ནས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་བྱམས་པའི་དཔལ་གྱི་འགྱུར། འདིར་བསྟན་བཅོས་རིན་ཆེན་སྒྲོན་མ་དང་ཉི་ཁྲི་གཞུང་འགྲེལ་ཆུང་བ་ནི་བོད་ཀྱིས་བྱས་པའོ་ཞེས་ཁ་ཅིག་གོ། ཇོ་བོ་རྗེས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་ནག་ཚོའི་འགྱུར། དཔལ་ཀམ་པ་ལས་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ་དང་། དེའི་རྒྱ་ཆེར་འགྲེལ་པ་གཉིས་རིན་ཆེན་བཟང་པོའི་འགྱུར། དབུ་མའི་སྐོར་ལ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ་བཞི་བཅུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར། སློབ་དཔོན་དེས་མཛད་པའི་རིགས་པ་དྲུག་ཅུ་པ་ཤུ་ལོ་ཀ་དྲུག་ཅུ་རྩ་གཉིས་པ་ཉི་མ་གྲགས་ཀྱི་འགྱུར། སྟོང་ཉིད་བདུན་ཅུ་པ་ཤུ་ལོ་ཀ་བདུན་ཅུ་རྩ་བཞི་པ་གཞོན་ནུ་མཆོག་ལ་སོགས་པའི་འགྱུར། རྩོད་པ་ཟློག་པའི་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་བདུན་ཅུ་དཔལ་བརྩེགས་དང་ཁུ་མདོ་སྡེ་འདར་གྱི་འགྱུར། ཞིབ་མོ་རྣམ་འཐག་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད་བམ་པོ་བདུན་དང་། རྩོད་ཟློག་གི་འགྲེལ་པ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ་པ་དང་། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ་ཤུ་ལོ་ཀ་ཉིས་བརྒྱ་བརྒྱད་ཅུ་པ་དང་། ཞིབ་མོ་རྣམ་འཐག་གི་འགྲེལ་པ་རྣམས་མདོ་སྡེ་འབར་གྱི་འགྱུར། དབུ་མ་རྩ་བའི་འགྲེལ་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པ་བམ་པོ་བཅུ་ཀླུའི་རྒྱལ་མཚན་གྱི་འགྱུར། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། པ་ཚབ་ཀྱི་འགྱུར། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་བམ་པོ་ཉི་ཤུ་ཀླུའི་རྒྱལ་མཚན་གྱི་འགྱུར། ཤེས་རབ་སྒྲོན་མའི་འགྲེལ་བཤད་བཙུན་པ་སྤྱན་རས་གཟིགས་བརྟུལ་ཤུགས་ཀྱིས་མཛད་པ་བམ་པོ་བརྒྱད་ཅུ་པ་ཀླུའི་རྒྱལ་མཚན་གྱི་འགྱུར། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ་པཎྜི་ཏ་གཞན་ལ་ཕན་པ་བཟང་པོས་མཛད་པ་གཞོན་ནུ་མཆོག་གི་འགྱུར། རིགས་པ་དྲུག་ཅུ་པའི་འགྲེལ་པ་ཟླ་བ་གྲགས་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་དང་། དེའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་གཉིས། པ་ཚབ་ཀྱི་འགྱུར། འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང་། དེའི་འགྲེལ་པ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ་གཉིས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཕགས་པ་ལྷས་མཛད་པའི་དབུ་མ་ལག་པའི་ཚད་ཤུ་ལོ་ཀ་བཅོ་ལྔ་དང་། དེའི་འགྲེལ་པ་ཤུ་ལོ་ཀ་ཉི་ཤུ་པ་གཉིས། དཔལ་འབྱོར་སྙིང་པོ་དང་། དཔལ་བརྩེགས་ཀྱི་འགྱུར། འཕགས་པ་ལྷས་མཛད་པའི་འཁྲུལ་པ་བཟློག་པའི་གཏན་ཚིགས་གྲུབ་པ་དཔལ་བརྩེགས་ཀྱི་འགྱུར། ཐེག་ཆེན་ཉི་ཤུ་པ་ཤཱཀྱ་འོད་ཀྱི་འགྱུར། དབུ་མ་ཡི་གེ་བརྒྱ་པ་རྩ་འགྲེལ་གཞོན་ནུ་ཤེས་རབ་དང་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དབུ་མ་རྟེན་འབྲེལ་སྙིང་པོ་རྩ་འགྲེལ་ཤུ་ལོ་ཀ་ལྔ་བཅུ་རྩ་བཞི་སྲིད་པ་འཕོ་བ། དེའི་འགྲེལ་པ་པཎྜི་ཏ་བྱམས་པ་མགོན་པོས་མཛད་པ། ཟླ་བ་གཞོན་ནུའི་རང་འགྱུར། སྐྱེ་མེད་རིན་པོ་ཆེའི་མཛོད་དུ་གྲགས་པ་པ་ཚབ་ཀྱི་འགྱུར། མ་རྟོགས་པ་རྟོགས་པར་བྱེད་པའི་རབ་ཏུ་བྱེད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔའི་རབ་ཏུ་བྱེད་པ་ནག་ཚོའི་འགྱུར། དབུ་མ་ལ་འཇུག་པའི་རྩ་བ་ནག་ཚོ་དང་། པ་ཚབ་ཀྱི་འགྱུར། དེའི་འགྲེལ་པ་པ་ཚབ་ཀྱི་འགྱུར། དེའི་འགྲེལ་བཤད་པཎྜི་ཏ་ཛ་ཡ་ཨཱ་ནནྟས་མཛད་པ་ཀུན་དགའ་གྲགས་ཀྱི་འགྱུར། པཎྜི་ཏ་ཛ་ཡ་ཨ་ནན་ཏས་མཛད་པའི་རྟོག་གེ་ཐོ་བ་མདོ་སྡེ་འབར་གྱི་འགྱུར། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོ་བསྡུས་པ་ཤུ་ལོ་ཀ་བརྒྱད་ཅུ། དེའི་འགྲེལ་པ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་རྣམས་ནག་ཚོའི་འགྱུར། དབུ་མ་རིན་པོ་ཆེའི་སྒྲོན་མ། རྒྱ་བརྩོན་སེང་དང་ནག་ཚོའི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་དབུ་མ་རྟེན་འབྱུང་འཁྲུལ་པ་འཇོམས་པའི་རྩ་འགྲེལ་ནག་ཚོའི་འགྱུར། སློབ་དཔོན་ཛེ་ཏཱ་རིས་མཛད་པའི་གཞུང་གི་རབ་བྱེད་ཤཱཀྱ་འོད་ཀྱི་འགྱུར། ཇོ་བོ་རྗེས་མཛད་པའི་བདེན་གཉིས་ལ་འཇུག་པ། དེའི་དཀའ་འགྲེལ་སློབ་དཔོན་དྷརྨ་ཀཱ་ར་མ་ཏིས་མཛད་པ་གཉིས་རྒྱ་བརྩོན་སེང་གི་འགྱུར། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་བདེན་གཉིས་ཤུ་ལོ་ཀ་ཉི་ཤུ་རྩ་བདུན། དེའི་འགྲེལ་བམ་པོ་གཅིག །དེའི་འགྲེལ་བཤད་སློབ་དཔོན་ཞི་བ་འཚོས་མཛད་པ་བམ་པོ་གསུམ། སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མ་རྒྱན་ཤུ་ལོ་ཀ་བརྒྱ། དེའི་འགྲེལ་པ་བམ་པོ་གཉིས་པ་སྟེ་ལྔ་ཡེ་ཤེས་ལྡེའི་འགྱུར། དེའི་འགྲེལ་བཤད་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་བམ་པོ་ལྔ་ཡེ་ཤེས་ལྡེ་ལ་སོགས་པའི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མ་སྣང་བ་བམ་པོ་དགུ། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་བམ་པོ་ཕྱེད་དང་གཉིས་དཔལ་བརྩེགས་ཀྱི་འགྱུར། དེ་ཁོ་ན་ཉིད་སྣང་བའི་རབ་ཏུ་བྱེད་པ་བམ་པོ་གཉིས། སློབ་དཔོན་དཔལ་སྦས་ཀྱིས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པ་ཤུ་ལོ་ཀ་སུམ་ཅུ། དེའི་འགྲེལ་པ་ཤུ་ལོ་ཀ་ཉིས་བརྒྱ། དབུ་མ་ཤེས་རབ་ལ་འཇུག་པ་འགོས་ཀྱི་འགྱུར། སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་སྐུ་གསུམ་ལ་འཇུག་པ་ཤུ་ལོ་ཀ་བརྒྱ་ལྔ་བཅུ་རྩ་དྲུག །དེའི་འགྲེལ་པ་སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ་ལྔ་བཅུ་པ་གཉིས་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་རིག་བྱེད་འོད་ཀྱིས་མཛད་པའི་དབུ་མ་ལུགས་ཀྱི་སྙིང་པོ་བམ་ཕྱེད་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་དབུ་མའི་སེང་གེས་མཛད་པའི་ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པའི་ཐུབ་པ་དགོངས་པའི་རྒྱན་གསལ་བ་གྲགས་དང་དཔང་བློ་བརྟན་གྱི་འགྱུར། སྤྱོད་འཇུག་གི་སྐོར་ལ། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ཞི་བ་ལྷས་མཛད་པ་རྔོག་འགྱུར། འདི་དཀར་ཆག་ཆེན་མོ་གསུམ་གར་ཤུ་ལོ་ཀ་དྲུག་བརྒྱ་བམ་པོ་གཉིས་ཞེས་འབྱུང་མོད་ཀྱི། ཤུ་ལོ་ཀ་སྟོང་དུ་གྲགས་སོ། །སྤྱོད་འཇུག་ལེའུ་དགུ་པ་བློ་གྲོས་མི་ཟད་པས་མཛད་ཟེར་བ་དེ་དང་། འདི་མི་གཅིག་ཅེས་སྨྲ་བ་མང་ཡང་། སྡིག་བཤགས་ཀྱི་ལེའུ་ལོགས་སུ་བྱས་མ་བྱས་ཀྱི་ཁྱད་པར་དང་། འགྱུར་སྔ་ཕྱིའི་ཁྱད་མ་གཏོགས་པ་གཅིག་པར་ཁོ་བོ་སྨྲའོ། །སྤྱོད་འཇུག་གི་འགྲེལ་ཆེན་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་དར་མ་གྲགས་ཀྱི་འགྱུར། སློབ་དཔོན་དགེ་བའི་ལྷས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་དགེ་བའི་བློ་གྲོས་ཀྱི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་དཀའ་འགྲེལ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་སྤྱོད་འཇུག་འགྲེལ་པ་ཤེས་རབ་ལེའུའི་དཀའ་འགྲེལ་གསུམ་ལས་གཅིག་རྔོག་འགྱུར། བི་བྷུ་ཏི་ཙནྡྲས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་དེའི་རང་འགྱུར། སློབ་དཔོན་གསེར་གླིང་པས་མཛད་པའི་སྤྱོད་འཇུག་གི་དོན་བསྡུས་ནག་ཚོའི་འགྱུར་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་སྐོར་ལ་སུམ་ཅུ་རྩ་དགུ། དབུ་མ་ཕྱོགས་གཉིས་ལ་དྲུག་ཅུ་རྩ་གཉིས། སྤྱོད་འཇུག་གི་སྐོར་ལ་བཅུ་སྟེ་བརྒྱ་རྩ་བཅུ་གཅིག་གོ། འདིར་དེ་ཁོ་ན་ཉིད་ལ་རྩོད་པ་བཟློག་པ་བམ་པོ་གཅིག །སྟོང་པ་ཉིད་ཀྱི་སྒོ་བཅུ་གཉིས་པ་རྩ་འགྲེལ་གཉིས་ལ་བམ་གཉིས་པ་རྣམས་མ་རྙེད་དོ། །གསུམ་པ་བཀའ་མཐའ་མའི་དགོངས་འགྲེལ་མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པ་ནི། ས་བཅུ་པའི་མདོ་སྡེ་གླེང་གཞིའི་བཤད་པ་བམ་པོ་གཅིག་ཤཱཀྱ་བློས་མཛད་པ། ས་བཅུ་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་བཅུ་བཞི་དང་ཤུ་ལོ་ཀ་དྲུག་ཅུ། ཡེ་ཤེས་སྡེ་དང་དཔལ་བརྩེགས་ཀྱི་འགྱུར། དེའི་འགྲེལ་བཤད་སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་བམ་པོ་བཅུ་གཉིས་དཔལ་བརྩེགས་ཀྱི་འགྱུར། སངས་རྒྱས་ཀྱི་སའི་འགྲེལ་པ་སློབ་དཔོན་ངང་ཚུལ་བཟང་པོས་མཛད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བཞི་བཅུ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་ཏིང་ངེ་འཛིན་རྒྱལ་པོའི་འགྲེལ་གྲགས་པའི་ཕྲེང་བ་ནག་ཚོའི་འགྱུར། དེའི་ནང་གི་སངས་རྒྱས་རྗེས་དྲན་གྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། དཀོན་མཆོག་གསུམ་རྗེས་དྲན་གྱི་འགྲེལ་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། ག་ཡ་གོ་རིའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤུ་ལོ་ཀ་བརྒྱ་སུམ་ཅུ་ཡེ་ཤེས་སྡེའི་འགྱུར། ག་ཡ་གོ་རིའི་མདོ་དང་སྤེལ་མར་བཤད་པ་སློབ་དཔོན་ཤཱཀྱ་བློས་མཛད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་བམ་པོ་གཉིས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚིགས་སུ་བཅད་པ་གཅིག་པའི་བཤད་པ། སྒོ་དྲུག་པའི་གཟུངས་ཀྱི་རྣམ་བཤད་ཤུ་ལོ་ཀ་སུམ་ཅུ་རྩ་གཅིག །ཆོས་བཞི་པའི་མདོའི་རྣམ་བཤད་ཤུ་ལོ་ཀ་ཉི་ཤུ་རྩ་བཞི། དེའི་འགྲེལ་བཤད་སློབ་དཔོན་ཡེ་ཤེས་བྱིན་གྱིས་མཛད་པ་བམ་པོ་གཅིག་པ་ཡེ་ཤེས་སྡེའི་འགྱུར། ཚིགས་སུ་བཅད་པ་གཉིས་པའི་འགྲེལ་པ་སློབ་དཔོན་མཛེས་བཀོད་ཀྱིས་མཛད་པ་ཤུ་ལོ་ཀ་ཉིས་བརྒྱ། བཟང་སྤྱོད་ཀྱི་འགྲེལ་པ་བཞི་ལ་ཕྱོགས་གླང་གིས་མཛད་པ་བམ་པོ་ཕྱེད་དང་གཉིས། རྒྱན་བཟང་པོས་མཛད་པ་བམ་པོ་ཕྱེད་དང་གཉིས་པ་དང་། ཤཱཀྱ་བཤེས་གཉེན་གྱིས་མཛད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་ཉིས་བརྒྱ་པ་གཉིས་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། བྱང་ཆུབ་ལྟུང་བཤགས་ཀྱི་འགྲེལ་པ་སློབ་དཔོན་ཛེ་ཏ་རས་མཛད་པ། ལྟུང་བཤགས་ཀྱི་འགྲེལ་པ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་ནག་ཚོའི་འགྱུར། ལྟུང་བཤགས་ཀྱི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་འགྱུར་མི་གཅིག་པའི་དཔེར་ཀླུ་བོས་ཀྱིས་མཛད་ཟེར། བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་ཉི་ཤུ། དཀོན་མཆོག་བརྩེགས་པའི་འོད་སྲུངས་ཀྱི་ལེའུའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་བམ་པོ་དྲུག །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ས་ལུ་ལྗང་པའི་མདོ་ཚིགས་བཅད་དུ་བསྡུས་པ་རྩ་འགྲེལ་བམ་པོ་བཞི་རྣམས་དཔལ་བརྩེགས་ཀྱི་འགྱུར། ས་ལུ་ལྗང་པའི་མདོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་བམ་པོ་ཕྱེད་དང་གཉིས། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་། རྣམ་པར་འབྱེད་པའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་བཞི། དེའི་འགྲེལ་བཤད་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ་བམ་པོ་བཅུ་གཅིག་པ་གཉིས་ནམ་མཁའི་འགྱུར། འདའ་ཀ་ཡེ་ཤེས་ཀྱི་མདོའི་འགྲེལ་པ་སློབ་དཔོན་པྲ་ཛྙཱ་ས་མུ་དྲས་མཛད་པ། སློབ་དཔོན་ཞི་བ་ལྷས་མཛད་པ་འཕགས་པ་ཤེས་རབ་ཀྱི་འགྱུར། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་ཆུང་ཤུ་ལོ་ཀ་ཉིས་བརྒྱ་ཉི་ཤུ་ཡེ་ཤེས་སྡེའི་འགྱུར། དགོངས་འགྲེལ་གྱི་འགྲེལ་པ་ཆེན་པོ་བམ་པོ་བཞི་བཅུ་ཙམ་ཡོད་པ་འདི་ཐོགས་མེད་ཀྱིས་མཛད་ཟེར་ཏེ་མི་བདེན་ཏེ། དེའི་འཐད་པ་སྒྲུབ་པའི་རིགས་པའི་སྐབས་ནས། དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་བྱུང་བ་བཞིན་དུ་བལྟ་བར་བྱའོ། །ཞེས་བོད་ཀྱི་བསྟན་བཅོས་ལ་ཁ་འཕངས་བྱས་ཤིང་། ཀུན་ལས་བཏུས་དང་། ཚད་མ་རྣམ་ངེས་ལ་སོགས་པའི་ལུང་དྲངས་པའི་ཕྱིར་རོ། །དེས་ན་པོད་ཀྱི་མཁས་པ་ཆེན་པོ་ཞིག་གིས་བྱས་པ་ཤེས་པར་བྱའོ། །ཀླུའི་རྒྱལ་མཚན་གྱིས་མཛད་པར་ཡང་སེམས་སོ། །དགོངས་འགྲེལ་གྱི་འགྲེལ་པ་རྒྱའི་མཁན་པོ་ཝན་ཚེག་གིས་མཛད་པ་བམ་པོ་བདུན་ཅུ་རྩ་བཞི་འགོས་ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་པ། དམ་པའི་ཆོས་པད་མ་དཀར་པོའི་འགྲེལ་པ་སིང་ག་གླིང་གི་སློབ་དཔོན་སའི་རྩ་ལག་གིས་མཛད་པ་རྒྱ་ལས་བསྒྱུར་པ་བམ་པོ་ཉི་ཤུ། ལང་ཀར་གཤེགས་པའི་འགྲེལ་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པ། རྒྱའི་མཁན་པོ་ཡེ་ཤེས་རྡོ་རྗེས་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་རྒྱ་ལས་འགྱུར་བ་སྟེ། མདོ་སྡེའི་འགྲེལ་པ་སུམ་ཅུ་སོ་བརྒྱད་དོ། །འདིར་དགོངས་འགྲེལ་གྱི་ཊཱི་ཀྐ་ཆེན་པོ་བམ་པོ་དྲུག་ཅུ་པ། དགོངས་པ་ངེས་པར་འགྲེལ་པའི་བྱམས་པའི་ལེའུ་ཉི་ཚེ་བཤད་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བདུན་ཅུ། དགོངས་པ་ངེས་པར་འགྲེལ་པའི་བསྡུས་འགྲེལ་བམ་པོ་གཅིག །ཏིང་ངེ་འཛིན་རྒྱལ་པོའི་ཆོས་ཉིད་ཟབ་མོའི་འགྲེལ་པ་བམ་པོ་གཉིས། ས་བཅུ་པའི་དོན་བསྡུས་པ་ཤུ་ལོ་ཀ་ལྔ་བཅུ། པད་མ་དཀར་པོའི་དོན་བསྡུས་པ་ཤུ་ལོ་ཀ་བརྒྱ། དཀོན་མཆོག་སྤྲིན་མདོ་ཙམ་དུ་བཤད་པ་ཤུ་ལོ་ཀ། ཡང་སངས་རྒྱས་རྗེས་དྲན་གྱི་འགྲེལ་པ་གཅིག །པད་མ་དཀར་པོའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ། སངས་རྒྱས་ཀྱིས་ལས་ཚིག་གི་དོན་བསྡུས་པ་ཤུ་ལོ་ཀ་བརྒྱད་ཅུ། དོན་དམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་འགྲེལ་པ་བམ་པོ་བདུན། བཟང་སྤྱོད་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཤུ་ལོ་ཀ་ལྔ་བརྒྱ། རྒྱ་ལས་བསྒྱུར་པའི་དགོངས་འགྲེལ་གྱི་ཊཱིཀྐ་བམ་པོ་དགུ། ལང་ཀར་གཤེགས་པའི་འགྲེལ་ཆེན་རྒྱ་ལས་བསྒྱུར་པ་བམ་པོ་བཞི་བཅུ། ལང་ཀར་གཤེགས་པའི་འགྲེལ་པ་རྒྱ་འགྱུར་ཤུ་ལོ་ཀ་བདུན་བརྒྱ་དྲུག་ཅུ། ལང་ཀར་གཤེགས་པའི་འགྲེལ་པ་པཎྜི་ཏ་ར་ཐ་ལི་ལས་བསྒྱུར་པ་བམ་པོ་གསུམ། ཆོས་ཀྱི་རྒྱ་མོའི་བཤད་པ་བམ་པོ་བཞི། དགོངས་འགྲེལ་གྱི་འགྲེལ་ཆེན་རྒྱ་ནག་གི་སློབ་དཔོན་རྫོགས་གསལ་གྱིས་བྱས་པ་བམ་པོ་བདུན་ཅུ་རྩ་ལྔ་པ་འདི་ཝན་ཚེག་གིས་མཛད་པ་དང་གཅིག་མི་གཅིག་དཔྱད། དེ་རྣམས་བཙལ་བར་བྱའོ། །རྣལ་འབྱོར་སྤྱོད་པའི་སེམས་ཙམ་པའི་བསྟན་བཅོས་ལ། བཅོམ་ལྡན་འདས་བྱམས་པས་མཛད་པའི་མདོ་སྡེ་རྒྱན་བམ་པོ་གསུམ། དེའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་བཅུ་དང་ཤུ་ལོ་ཀ་ཉིས་བརྒྱ་བདུན་ཅུ་དེའི་བཤད་སྦྱར་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་བམ་པོ་བཅུ་གཉིས་ཏེ་གསུམ་དཔལ་བརྩེགས་ཀྱི་འགྱུར། མདོ་སྡེ་རྒྱན་གྱི་ཚིགས་བཅད་དང་པོ་གཉིས་ཀྱི་བཤད་པ་སློབ་དཔོན་གཞན་ལ་ཕན་པས་མཛད་པ་གཞོན་ནུ་མཆོག་གི་འགྱུར། ཁ་ཆེ་ཛྙཱ་ན་ཤྲཱེས་མཛད་པའི་མདོ་སྡེ་རྒྱན་གྱི་དོན་བསྡུས་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། མདོ་སྡེ་རྒྱན་གྱི་འགྲེལ་བཤད་ཆེན་པོ་སློབ་དཔོན་བློ་བརྟན་གྱིས་མཛད་པར་གྲགས་པ་བམ་པོ་དྲུག་ཅུ་ལྕེ་བཀྲ་ཤིས་ཀྱི་འགྱུར། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང་། དེའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་གཉིས་བློ་ལྡན་ཤེས་རབ་ཀྱི་འགྱུར། དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་བདུན་ཅུ། དེའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བཞི་བཅུ། དེའི་འགྲེལ་བཤད་སློབ་དཔོན་བློ་བརྟན་གྱིས་མཛད་པ་བམ་པོ་བཅུ་གཅིག་དང་ཤུ་ལོ་ཀ་ཉིས་བརྒྱ་སྟེ། གསུམ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལྷུག་པ་ནག་ཚོ་དང་གཟུ་དགའ་བ་རྡོ་རྗེའི་འགྱུར། ཚིགས་བཅད་མ་ཞ་མ་སེང་རྒྱལ་གྱི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་རྔོག་འགྱུར། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་ཚང་བ་ལ་བམ་པོ་བརྒྱ་སུམ་ཅུ་ལས། སའི་དངོས་གཞིའི་ས་བཅོ་ལྔ་པའི་བར་ས་མང་པོ་པ་ཞེས་པ་བམ་པོ་ཉི་ཤུ་རྩ་དྲུག །སའི་དངོས་གཞིའི་ཡ་གྱལ་ཉན་ཐོས་ཀྱི་ས་བམ་པོ་བཅོ་བརྒྱད། སའི་དངོས་གཞིའི་ཡ་གྱལ་བྱང་ཆུབ་སེམས་དཔའི་ས་བམ་པོ་ཉི་ཤུ་དང་ཤུ་ལོ་ཀ་བརྒྱ་ལྔ་བཅུ། སའི་གོ་རིམ་ཤུ་ལོ་ཀ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་བམ་པོ་སུམ་ཅུ་རྩ་བརྒྱད་དང་ཤུ་ལོ་ཀ་བརྒྱ་ཉི་ཤུ་རྩ་ལྔ། གཞི་བསྡུ་བ་བམ་པོ་བཅུ་དགུ་དང་ཤུ་ལོ་ཀ་བཅུ་དགུ། རྣམ་གྲངས་བསྡུ་བ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ་ཉི་ཤུ་རྩ་ལྔ། རྣམ་པར་བཤད་པའི་སྒོ་བསྡུ་བ་བམ་པོ་གཅིག་དང་ཤུ་ལོ་ཀ་ཉིས་བརྒྱ་ལྔ་བཅུ། དེ་རྣམས་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། སའི་བསྟོད་འགྲེལ་བསྒྱུར་འཕྲོ་བམ་པོ་བདུན། བྱང་སའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བསྒྱུར་འཕྲོ། །བྱང་སའི་འགྲེལ་པ་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ་བམ་པོ་ཉི་ཤུ་ལྔར་སྐ་ཅོག་དུས་སུ་འགྱུར་ཞིང་། ཕྱིས་ནག་ཚོའི་འགྱུར། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་བམ་པོ་ལྔ་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་མཛད་པ་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་རྣམས་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། སྡོམ་རྣམ་པ་གཉིས་ཀྱི་ཐེག་པ་ཆེན་པོའི་སྡོམ། ཐེག་པ་ཆེན་པོ་བསྡུས་པ་བམ་པོ་གསུམ་དང་ཤུ་ལོ་ཀ་ཉིས་བརྒྱ་བདུན་ཅུ། དེའི་བཤད་སྦྱར་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་བམ་པོ་བཅུ་དང་ཤུ་ལོ་ཀ་སུམ་ཅུ་པ་གཉིས། ཡེ་ཤེས་སྡེའི་འགྱུར། དེའི་གནས་དང་པོ་ཤེས་བྱའི་གནས་ཀྱི་བཤད་སྦྱར་དོན་གསང་བ་རྣམ་པར་ཕྱེ་བ་བམ་པོ་བཅུ་བཞི། འདི་དཀར་ཆག་འཕང་ཐང་མར་དབྱིག་གཉེན་གྱིས་མཛད་ཟེར། ཐེག་བསྡུས་འགྲེལ་པ་སློབ་དཔོན་ནོར་གྱི་རྩ་ལག་གིས་མཛད་པ་ནག་ཚོའི་འགྱུར། ནོར་གྱི་རྩ་ལག་དང་། དབྱིག་གཉེན་འགྱུར་ཁྱད་ཡིན་པས། འདི་དབྱིག་གཉེན་དུ་ཁོ་བོ་སྨྲའོ། །ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་བམ་པོ་ལྔ་འདི་བམ་པོ་དྲུག་ཅེས་འབྱུང་ཡང་ལྔར་གནས་སོ། །དེའི་འགྲེལ་པ་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་མཛད་པ་བམ་པོ་བཅུ་གཅིག་པ་ཆོས་མངོན་པ་ལ་འཇུག་པའི་རྒྱ་ཆེར་འགྲེལ་པའི་སྙིང་པོ་ཀུན་ལས་བཏུས་པ་བམ་པོ་དྲུག་དང་ཤུ་ལོ་ཀ་ལྔ་བཅུ་པ་རྣམས་ཡེ་ཤེས་སྡེའི་འགྱུར། མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པར་གྲགས་པ། གྲགས་པ་རྒྱལ་མཚན་དང་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཕུང་པོ་ལྔའི་རབ་ཏུ་བྱེད་པ་ཤུ་ལོ་ཀ་བརྒྱ་སུམ་ཅུ་རྩ་གཉིས། དེའི་འགྲེལ་པ་བྱེ་བྲག་ཏུ་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་བམ་པོ་བཞི། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རྣམ་བཤད་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ། སློབ་དཔོན་སའི་རྩ་ལག་གིས་མཛད་པ་བམ་པོ་ལྔ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཉི་ཤུ་པའི་རབ་ཏུ་བྱེད་པ། དེའི་རང་འགྲེལ་ཤུ་ལོ་ཀ་བརྒྱ་སུམ་ཅུ། དེའི་འགྲེལ་བཤད་སློབ་དཔོན་དུལ་བ་ལྷས་མཛད་པ་བམ་པོ་ཕྱེད་དང་གསུམ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སུམ་ཅུ་པའི་རབ་ཏུ་བྱེད་པ། དེའི་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ། དེའི་འགྲེལ་བཤད་སློབ་དཔོན་དུལ་བ་ལྷས་མཛད་པ་བམ་པོ་ལྔ་དང་ཤུ་ལོ་ཀ་བདུན་ཅུ་རྩ་ལྔ་སྟེ་བཅུ། ཡེ་ཤེས་སྡེའི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་པར་བཤད་པའི་རིགས་པ་མདོ་སྡེའི་དུམ་བུ་བརྒྱ་པ་དང་བཅས་པ་བམ་པོ་གཅིག །ལྷའི་དབང་པོ་བསྲུང་བ་དང་འཇམ་དཔལ་གོ་ཆའི་འགྱུར། དེའི་འགྲེལ་པ་རྣམ་པར་བཤད་པའི་རིགས་པ་བམ་པོ་བཅུ། དེའི་འགྲེལ་བཤད་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ་བཞི་སྟོང་ཆིག་བརྒྱ་པ་གཉིས་ལྷའི་དབང་པོ་སྲུང་བའི་འགྱུར། འདི་ལ་བམ་པོ་བཅོ་ལྔ་ཤུ་ལོ་ཀ་བཞི་སྟོང་ལྔ་བརྒྱ་པར་དཀར་ཆག་སྔ་མ་གསུམ་གར་འབྱུང་། འདིར་རྣམ་པར་བཤད་པའི་རིགས་པ་བམ་པོ་དྲུག་ཅེས་པ་འབྱུང་བས་བརྟག་གོ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ལས་གྲུབ་པའི་རབ་ཏུ་བྱེད་པ་བམ་པོ་གཅིག །དེའི་འགྲེལ་པ་སློབ་དཔོན་བློ་བཟངས་ངང་ཚུལ་གྱིས་མཛད་པ་བམ་པོ་བཞི་པ་གཉིས་དབང་པོ་སྲུང་བ་དང་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པང་བསྟན་པ་འགོས་ཀྱི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོ་ལྷ་ཆོས་ཀྱི་རིན་ཆེན་གྱི་འགྱུར། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སེམས་ཙམ་རྒྱན་རྩ་འགྲེལ་གཉིས། ཤཱཀྱ་འོད་ཀྱི་འགྱུར་ཏེ། ལྔ་བཅུའི་རྒྱུད་བླ་མ་རྩ་འགྲེལ་དབུ་མར་ཡང་སེམས་སོ། །འདིར་འདུལ་བ་བསྡུས་པ་བམ་པོ་གཉིས། རང་སངས་རྒྱས་ཀྱིས་བཤད་པ་ཤུ་ལོ་ཀ། ཕུང་པོ་ལྔའི་རྣམ་པར་བཤད་པ་བམ་པོ་ལྔ་དང་ཤུ་ལོ་ཀ་ལྔ་བཅུ་རྩ་གཅིག །དེ་གསུམ་བཙལ་ལོ། །ཐེག་པ་ཆེན་པོའི་བསྟན་བཅོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་སྤྱོད་པ་ལ་སློབ་པའི་རིམ་པ་སྟོན་པའི་བསྟན་བཅོས་སྣ་ཚོགས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་རིན་པོ་ཆེའི་གཏེར་བམ་པོ་ལྔ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཤཱནྟི་བས་མཛད་པའི་ལུང་གི་ཚད་མ་རིན་པོ་ཆེ་སྣང་བའི་རྒྱན་ནག་ཚོའི་འགྱུར། མདོ་ཀུན་ལས་བཏུས་པ་ཆེན་པོ་བམ་པོ་བདུན་པ་པ་ཚབ་དང་མདོ་སྡེ་འབར་གྱི་འགྱུར། ཇོ་བོ་རྗེས་མཛད་པའི་མདོ་ཀུན་ལས་བཏུས་པའི་དོན་བསྡུས་རྒྱ་བརྩོན་སེང་གི་འགྱུར། མན་ངག་ནག་ཚོའི་འགྱུར། སློབ་དཔོན་ཞི་བ་ལྷས་མཛད་པ་བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་ཤུ་ལོ་ཀ། བསླབ་པ་ཀུན་ལས་བཏུས་པ་བམ་པོ་བཅུ་བཞི་བློ་ལྡན་ཤེས་རབ་དང་། ཤེས་རབ་འབྱུང་གནས་ཀྱི་འགྱུར། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་ཆོ་ག །སློབ་དཔོན་ཞི་བ་ལྷས་མཛད་པའི་ལྟུང་བ་བཤགས་པའི་ཆོ་ག །ཇོ་བོ་རྗེས་མཛད་པའི་ལྟུང་བ་བཤགས་པའི་ཆོ་ག །སློབ་དཔོན་གསེར་གླིང་པས་མཛད་པའི་བསླབ་པ་ཀུན་ལས་བཏུས་བའི་མངོན་རྟོགས་ནག་ཚོའི་འགྱུར། སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་བསླབ་པ་མེ་ཏོག་སྙེ་མ་སེང་གེ་རྒྱལ་མཚན་ལ་སོགས་པའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སེམས་བསྐྱེད་པའི་ཆོ་ག་ཤུ་ལོ་ཀ་བཞི་བཅུ་རྩ་བདུན་པ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་སེམས་བསྐྱེད་དང་སྡོམ་པ་བླང་བའི་ཆོ་ག་དར་མ་གྲགས་ཀྱི་འགྱུར། སློབ་དཔོན་ཛེ་ཏ་རིས་མཛད་པའི་སེམས་བསྐྱེད་དང་ཡི་དམ་བླང་བའི་ཆོ་ག་རྔོག་འགྱུར། ཇོ་བོ་རྗེས་མཛད་པའི་སེམས་བསྐྱེད་དང་སྡོམ་པ་བླང་བའི་ཆོ་ག་དགེ་བློ་དང་ནག་ཚོའི་འགྱུར། སློབ་དཔོན་ཛེ་ཏ་རིས་མཛད་པའི་ལས་དང་པོ་བའི་ས་སྦྱང་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། །ཇོ་བོ་རྗེས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱ་བ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་སེམས་བསྐྱེད་དང་སྡོམ་པ་གཟུང་བའི་ཆོ་ག་ཆག་དགྲ་བཅོམ་གྱི་འགྱུར། དེས་མཛད་པའི་བྱང་ཆུབ་གཞུང་ལམ་ཤུ་ལོ་ཀ་ཉིས་བརྒྱ་ཉེར་ལྔ་ཆག་དགྲ་བཅོམ་དང་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སྡོམ་པ་ཉི་ཤུ་པ། དེའི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་མཛད་པ་བམ་པོ་གཉིས། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་བྱང་ཆུབ་ཤེས་རབ་ཀྱི་འགྱུར། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྐྱབས་གསུམ་བདུན་ཅུ་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་ཛྙཱ་ནའི་འགྱུར། ཇོ་བོ་རྗེས་མཛད་པའི་སྐྱབས་འགྲོ་བདུན་པ་དགེ་བློའི་འགྱུར། ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པའི་ཆོས་སྤྱོད་ཡན་ལག་བདུན་པ་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་དཔའ་བོས་མཛད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པ་ཚིག་ལེའུར་བྱས་པ་བམ་པོ་གཉིས་བཻ་རོ་ཙ་ན་རཀྵི་ཏའི་འགྱུར། བི་བྷུ་ཏི་ཙནྡྲས་མཛད་པའི་སྡོམ་གསུམ་འོད་ཀྱི་ཕྲེང་བ་དེའི་རང་འགྱུར། སློབ་དཔོན་སྒྲ་གཅན་འཛིན་བཟང་པོས་མཛད་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ་བྱམས་པའི་དཔལ་གྱི་འགྱུར། ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནནྟས་མཛད་པའི་ཆོས་སྤྱོད་ཡན་ལག་བཞི་པ་བྱམས་པའི་དཔལ་གྱི་འགྱུར། ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་དགེ་བློའི་འགྱུར། དེའི་དཀའ་འགྲེལ་ནག་ཚོའི་འགྱུར། སྤྱོད་པ་བསྡུས་པའི་སྒྲོན་མ། དབུ་མའི་མན་ངག །སྙིང་པོ་ངེས་པར་བསྡུ་བ། བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་ལམ་ལ་འཇུག་པ་བསྟན་པ་བཞི་ནག་ཚོའི་འགྱུར། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བའི་རིམ་པ་བསྡུས་པ་རྣམས་དགེ་བློའི་འགྱུར། མི་དགེ་བ་བཅུའི་ལས་ཀྱི་ལམ་ བསྟན་པ་དང་། ལས་རྣམ་པར་འབྱེད་པ་གཉིས་ནག་ཚོའི་འགྱུར། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཤཱཀྱ་བློ་གྲོས་ཀྱི་འགྱུར། སྙིང་པོ་བསྡུ་བ་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག །ཁ་ཏོན་དང་གླེགས་བམ་བཀློག་པའི་སྔོན་དུ་བྱ་བའི་ཆོ་ག །ཕ་རོལ་ཏུ་ཕྱིན་པའི་ཚ་ཚ་གདབ་པའི་ཆོ་ག །བླ་མའི་བྱ་བའི་རིམ་པ་སྟེ། བཅོ་བརྒྱད་པོ་དེ་ཇོ་བོ་རྗེས་མཛད་པའོ། །པཎྜི་ཏ་རཏྣ་ཀིརྟིས་མཛད་པའི་དགེ་བའི་སྡོང་པོ། ཁ་ཆེ་ཤཱཀྱ་ཤྲཱིས་མཛད་པའི་ལེགས་པའི་ལམ་བྱམས་པའི་དཔལ་གྱི་འགྱུར། ཁ་ཆེ་ཤཱཀྱ་ཤྲཱིས་མཛད་པའི་བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་བསྡུས་པ་ཆག་ཆོས་རྗེ་དཔལ་གྱི་འགྱུར། གླེགས་བམ་ཀློག་པའི་ཐབས་དཱ་ན་ཤཱི་ལའི་རང་འགྱུར། ཁ་ཆེ་སངས་རྒྱས་དཔལ་གྱིས་མཛད་པའི་རྒྱལ་བའི་ལམ་འཇུག་ཤུ་ལོ་ཀ་སྟོང་ཆིག་བརྒྱ་པ་ཆག་དགྲ་བཅོམ་གྱི་འགྱུར། ཁྲོ་ལོའི་འགྱུར་ཡང་ཡོད། ཁ་ཆེ་ཤཱཀྱ་ཤྲཱིས་མཛད་པའི་ལྟ་སྤྱོད་རྣམ་དག་ཤུ་ལོ་ཀ་གཉིས། ཁ་ཆེ་བུད་དྷ་ཤྲཱིས་མཛད་པའི་སེམས་རིན་པོ་ཆེ་སྦྱོང་བའི་ལམ་འབྲས་བུ་ཤུ་ལོ་ཀ་གཉིས་ཏེ་དེ་གཉིས་བྱམས་པའི་དཔལ་གྱི་འགྱུར་ཏེ། ལྔ་བཅུ་རྩ་བདུན་ནོ། །འདིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱངས་པའི་ཡོན་ཏན་གྱི་ཕན་ཡོན་ཤུ་ལོ་ཀ་བརྒྱ། འཕགས་པ་ལྷས་མཛད་པའི་ཚིགས་སུ་བཅད་པ་བརྒྱ་པ། སློད་དཔོན་ཉི་འོད་ཀྱིས་མཛད་པའི་ལྟ་བའི་བྱེ་བྲག་ཤུ་ལོ་ཀ་བྲག་ཤུ་ལོ་ཀ་བརྒྱ་ལྔ་བཅུ། དེ་རྣམས་བཙལ་བར་བྱའོ། །གཏམ་དུ་བྱ་བ་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་བམ་པོ་གཉིས་ཀླུའི་རྒྱལ་མཚན་དང་པ་ཆབ་ཀྱི་འགྱུར། དེའི་འགྲེལ་པ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་བམ་པོ་བཞི། དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ། གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡོན་ཏན་བདུན་བརྗོད་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་གཉིས་རིན་ཆེན་བཟང་པོའི་འགྱུར། དེའི་འགྲེལ་པ་སློབ་དཔོན་གསལ་བ་གྲགས་ཀྱིས་མཛད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚོགས་ཀྱི་གཏམ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མི་ཁོམ་པ་བརྒྱད་སྤོང་བའི་གཏམ་དང་། སློབ་དཔོན་དཔའ་བོས་མཛད་པའི་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་གཉིས་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་དཔའ་བོས་མཛད་པའི་ལེགས་པའི་ལམ་བསྟན་པའི་གཏམ་དང་། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་ཕྱིན་ཅི་ལོག་བཞི་སྤོང་པའི་གཏམ་གཉིས་རིན་ཆེན་བཟང་པོའི་འགྱུར། རྩོད་པའི་དུས་ཀྱི་གཏམ་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་ས་འཚོ་བྱིན་གྱིས་མཛད་པའི་དབེན་པའི་གཏམ་དགེ་བློའི་འགྱུར། ཆོས་སྨྲ་བ་དང་ཉན་པ་ལ་གུས་པར་བྱ་བའི་གཏམ་ཤཱཀྱ་འོད་ཀྱི་འགྱུར། དྲང་སྲོང་ཟླ་བས་མཛད་པའི་ཆེད་དུ་བརྗོད་པའི་གཏམ་ནག་ཆོའི་འགྱུར། སྙན་དངགས་མཁན་དགའ་བའི་དབང་པོས་མཛད་པའི་མི་རྟག་པའི་དོན་གྱི་གཏམ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ཤེས་རབ་བརྩམས་པ་དུས་ཀྱི་གཏམ་སྟེ་བཅུ་དགུའོ། །སྤྲིང་ཡིག་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིང་ཡིག་ཤུ་ལོ་ཀ་བརྒྱ། དེའི་འགྲེལ་པ་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་བམ་པོ་བཞི་དང་ཤུ་ལོ་ཀ་ལྔ་བཅུ། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སློབ་མ་ལ་སྤྲིང་བ་ཤུ་ལོ་ཀ་ཉིས་བརྒྱ་པ་གསུམ། དཔལ་བརྩེགས་ཀྱི་འགྱུར། དེའི་དཀའ་འགྲེལ་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པ་ཤུ་ལོ་ཀ་བརྒྱ་ནག་ཚོའི་འགྱུར། སློབ་སྤྲིང་གི་འགྲེལ་པ་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་དང་། སློབ་དཔོན་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་གཉིས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་རྒྱལ་པོ་ཀ་ནི་ཀ་ལ་སྤྲིང་བ་ཤུ་ལོ་ཀ་བརྒྱ་རྨ་རིན་ཆེན་མཆོག་གི་འགྱུར། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིང་བ་ཤུ་ལོ་ཀ་བཅུ་གཉིས་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་པད་མས་མཛད་པའི་ཤེས་རབ་ཀྱི་སྤྲིང་ཡིག་འགོས་ཀྱི་འགྱུར། སློབ་དཔོན་ཇེ་ཏ་རིས་མཛད་པའི་སེམས་རིན་པོ་ཆེ་སྦྱོང་བའི་སྤྲིང་ཡིག་དང་། བཙུན་པ་དགོན་པ་བས་བླ་མ་ལ་སྤྲིང་བ་གཉིས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྲམ་ཟེ་སད་ཛ་ནས་བུ་ལ་སྤྲིང་བ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཇོ་བོ་རྗེས་རྒྱལ་པོ་ནི་རྱ་ཕ་ལ་ལ་བརྫངས་པ་དྲི་མ་མེད་པའི་སྤྲིང་ཡིག་ནག་ཆོའི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བྱ་ངན་བསལ་བ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་གཉིས་ཤཱཀྱ་འོད་ཀྱི་འགྱུར། ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་བརྒྱ་ལྷའི་དབང་པོ་སྲུང་བའི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བསྟན་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་ཐེག་པ་གསུམ་རྣམ་པར་གཞག་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་ཏེ། དེ་ལྟར་བཅོ་བརྒྱད་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་དང་མྱ་ངན་བསལ་བ་མན་ཆད་ནི་བསླབ་བྱ་སྣ་ཚོགས་ཀྱི་ནང་དུ་གཏོགས་པར་ཤེས་པར་བྱའོ། །བསྒོམ་རིམ་དང་བསམ་གཏན་གྱི་ཡི་གེ་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་གྱི་སྒྲོན་མ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྒོམ་རིམ་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་རྣལ་འབྱོར་སྒོམ་པའི་ལམ་བམ་པོ་གཅིག །སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་རྣམ་པ་གསུམ་བམ་པོ་རེ་རེ་དང་རྣལ་འབྱོར་སྒོམ་པ་ལ་འཇུག་པ་ཤུ་ལོ་ཀ་སུམ་ཅུ་སྟེ་བཞི་ཡེ་ཤེས་སྡེའི་འགྱུར། དཔལ་ཀ་མ་པ་ལས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་མན་ངག་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་རྣལ་འབྱོར་སྒོམ་པ་ལ་འཇུག་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་མི་གཙང་བ་བསྒོམ་པའི་ཐབས་འགྱུར་རྙིང་། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་ལུས་ཡོངས་སུ་དཔྱད་པའི་སྒོམ་རིམ་ཆོས་ཀྱི་ཤེས་རབ་འགྱུར། སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་རིམ་པའི་མན་ངག་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པར་བསྒོམ་པ་མདོའི་རྗེས་སུ་འགྲོ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པའི་རྣལ་འབྱོར་ལ་འཇུག་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པའི་རྣལ་འབྱོར་ལ་འཇུག་པའི་དོན་མདོར་བསྡུས་པ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་མན་ངག་རྣལ་འབྱོར་བཞིའི་ས་ཏིང་ངེ་འཛིན་བཟང་པོའི་འགྱུར། དེས་མཛད་པའི་ཤེ་ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་འགོས་ཀྱི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་པད་མ་སྤུངས་པ་གཉིས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་རྣལ་འབྱོར་གྱི་མཚན་ཉིད་བདེན་པ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། སློབ་དཔོན་ནག་པོ་པས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་རྣམས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཡན་ལག་བདུན་པ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་དང་། དེའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ་གཉིས་རིན་ཆེན་བཟང་པོའི་འགྱུར། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་རྣམ་པར་མི་རྟོག་པའི་འགྱུར། རྣལ་འབྱོར་རྟོག་པའི་གེགས་སེལ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་འགྱུར་རྙིང་། ཇོ་བོ་རྗེས་མཛད་པའི་དྲན་པ་གཅིག་པའི་མན་ངག་ནག་ཆོའི་འགྱུར། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་བརྩོན་འགྲུས་སེང་གེའི་འགྱུར། སློབ་དཔོན་ཤེས་རབ་ཐར་པས་མཛད་པ་དབུ་མའི་མན་ངག་གི་འགྲེལ་པ་ནག་ཚོའི་འགྱུར། ཇོ་བོ་རྗེའི་བླ་མ་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་མདོ་ཀུན་ལས་བཏུས་པའི་དོན་བསྡུས་པའི་མན་ངག །སློབ་དཔོན་ཀ་མ་ལ་ཤཱི་ལས་ལྷོ་ཟ་མོ་ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ། སློབ་དཔོན་ཙནྡྲ་ཧ་རི་པས་མཛད་པའི་དབུ་མ་རིན་པོ་ཆེའི་ཕྲེང་བ་ཏིང་ངེ་འཛིན་བཟང་པོའི་འགྱུར། ཚད་མེད་པ་བཞིའི་རྒྱ་ཆེར་འགྲེལ་པ་དཔོན་སངས་རྒྱས་གསང་བས་མཛད་པ། སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་མན་ངག་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་དེས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་པའི་རབ་ཏུ་བྱེད་པ། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་རྣལ་འབྱོར་སྤྱོད་པའི་བསམ་གཏན་རྗེ་བཙུན་ཀ་རོས་མཛད་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་བཅུ་གཉིས་པ་ཤུ་ལོ་ཀ་དྲུག་ཅུ་རྩ་བརྒྱད་པ་རྗེས་སུ་དྲན་པ་དྲུག་མཇུག་མ་ཚང་བ་སྟེ་སུམ་ཅུ་རྩ་དགུའོ། །འདིར་སློབ་དཔོན་བཛྲ་ཀཱིརྟིས་མཛད་པའི་བསྒོམ་རིམ་བམ་པོ་གཅིག །སློབ་དཔོན་རྒྱལ་བའི་འོད་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཤུ་ལོ་ཀ་བརྒྱ། སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་བསྒོམ་པའི་སྒོ་བསྟན་པ་ཤུ་ལོ་ཀ་དྲུག་ཅུ་རྩ་བདུན། སློབ་དཔོན་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་བསྒོམ་རིམ་ཤུ་ལོ་ཀ་སུམ་ཅུ། སློབ་དཔོན་བི་དྷི་དྷརྨ་ཏཱ་རས་མཛད་པའི་བསམ་གཏན་གྱི་ཡི་གེ་རྒྱ་ལས་འགྱུར་བ་བམ་པོ་གསུམ། སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་བསམ་གཏན་ཤུ་ལོ་ཀ་དེ་རྣམས་བཙལ་བར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སངས་རྒྱས་ཀྱི་སྐྱེས་རབས་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་བམ་པོ་བཅུ་གསུམ། འཇམ་དཔལ་གོ་ཆའི་འགྱུར། དེའི་འགྲེལ་པ་རིགས་ཀྱིས་བྱིན་པ་ཆོས་གྲགས་ཀྱིས་མཛད་པ་ཤཱཀྱ་བློ་གློས་ཀྱི་འགྱུར། པཎྜི་ཏ་སེང་གེ་ཞབས་འབྲིང་གིས་མཛད་པ་སངས་རྒྱས་ཀྱི་སྐྱེས་རབས་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། སློབ་དཔོན་སྙན་ངག་མཁན་དགེ་བའི་དབང་པོས་མཛད་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཤོང་རྡོ་རྗེ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་རབས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གྲགས་པ་རྒྱལ་མཚན་གྱི་འགྱུར། དཔལ་དགའ་བའི་ལྷས་མཛད་པའི་བྱང་ཆུབ་སེམས་དཔའ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཤོང་རྡོ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་དཔའ་བོས་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་པ་བྱམས་པའི་དཔལ་གྱི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་སྟོན་པའི་སྙན་དངགས་ཆེན་པོ་ཁམས་པ་དགེ་སློང་བློ་གྲོས་རྒྱལ་པོའི་འགྱུར་ཏེ་བརྒྱད་དོ། །རྟོགས་བརྗོད་སྣ་ཚོགས་ཀྱི་སྐོར་ལ། གསེར་མདོག་གི་རྟོགས་པ་བརྗོད་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་གསང་བ་བྱིན་གྱིས་མཛད་པའི་གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ། དགྲ་བཅོམ་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ཤཱཀྱ་འོད་ཀྱི་འགྱུར། ཀུ་ན་ལའི་མིག་གི་རྟོགས་པ་བརྗོད་པ་རིན་ཆེན་བཟང་པོའི་འགྱུར། དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལུང་བསྟན་པ་ཤུ་ལོ་ཀ་བརྒྱ། ལིའི་ཡུལ་ལུང་བསྟན་པ། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀླུ་བཏུལ་བའི་ལེའུ། ཤཱཀྱ་འོད་ཀྱི་འགྱུར། དཔེའི་ཕྲེང་བ་ལས་སངས་རྒྱས་ཀྱི་དཔེའི་ཕྲེང་བ་ཚུལ་ཁྲིམས་ཡོན་ཏན་དང་རིན་ཆེན་བཟང་པོའི་འགྱུར། ཐུབ་པ་ཆེན་པོ་དྲང་སྲོང་གར་གས་ལྟས་ཀྱི་རྣམ་པ་བསྟན་པའི་གཙུག་ལག །སློབ་དཔོན་བྷ་ཝ་ཀནྡྷ་སྱས་མཛད་པའི་གནས་བརྟན་སྤྱན་དྲང་བ་ཤུ་ལོ་ཀ་ཉིས་བརྒྱ་ཡེ་ཤེས་སྡེའི་འགྱུར། སྐྱེས་རབས་དང་རྟོགས་བརྗོད་འདི་དག་ཕལ་ཆེར་མདོ་སྡེའི་ནང་དུ་བྲིས་མོད་ཀྱི། འདི་དག་བསྟན་བཅོས་ཡིན་པས་བསྟན་བཅོས་སུ་བྲིའོ། །བསྟོད་པ་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་ཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་དུ་འཕགས་པའི་བསྟོད་པ་དང་། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་གཉིས། རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱི་འགྱུར། དེ་གཉིས་ཀྱི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཐམས་ཅད་མཁྱེན་པའི་བསྟོད་པ་ཐོ་བཙུན་གྲུབ་རྗེས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཁ་ཆེ་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་མཛད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རབ་ཏུ་སྔ་བར་ནམ་ལངས་པའི་བསྟོད་པ་དང་། དེ་ཉིད་ཀྱིས་མཛད་པའི་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ་གཉིས། ཁེའུ་གད་པ་ཡོན་ཏན་དཔལ་གྱི་འགྱུར། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་དཀོན་མཆོག་གསུམ་གྱི་བསྟོད་པ་དང་། དེའི་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་གཉིས་དཔལ་གྱི་ལྷུན་པོའི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་དཀོན་མཆོག་གསུམ་གྱི་བསྟོད་པ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་དད་པ་ལ་སྤོབས་པ་སྐྱེད་པའི་བསྟོད་པ་གླེང་བསླང་བ་ལ་སོགས་པ་ལེའུ་བཅུ་གསུམ། ཤུ་ལོ་ཀ་བརྒྱ་ལྔ་བཅུ་པ་དང་། དེའི་འགྲེལ་པ་སློབ་དཔོན་དགའ་བྱེད་སྙན་པས་མཛད་པ་བམ་པོ་བཅུ་གཉིས་ཤཱཀྱ་བློ་གྲོས་ཀྱི་འགྱུར། བརྒྱ་ལྔ་བཅུ་པ་ལས་སྤེལ་མར་བསྟོད་པ་སློབ་དཔོན་ཕྱོགས་གླང་གིས་མཛད་པ་བསོད་ནམས་བཟང་པོའི་འགྱུར། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བམ་པོ་གཉིས། སྐ་ཅོག་དང་རིན་ཆེན་བཟང་པོའི་འགྱུར། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱིས་བསྟོད་པ་དཔལ་བརྩེགས་ཀྱི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ལ་བསྟོད་པ། གཅིག་ལས་འཕྲོས་པའི་བསྟོད་པ། སངས་རྒྱས་སུམ་ཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ། དགེ་བསྙེན་མཐའ་ཡས་ལྷས་མཛད་པའི་ཚིག་བརྒྱད་པའི་བསྟོད་པ་དང་། རྒྱལ་བ་བརྒྱད་པའི་བསྟོད་པ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་གཎྜིའི་བསྟོད་པ་སུམ་པ་ལོ་ཙྪ་བའི་འགྱུར། སངས་རྒྱས་དབང་བསྐུར་བའི་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཤུ་ལོ་ཀ་དྲུག་ཅུ་པ་དང་། དེའི་རྒྱ་ཆེར་བཤད་པ་སློབ་དཔོན་ཞི་བ་འཚོས་མཛད་པ་ཤུ་ལོ་ཀ་བརྒྱ་རྩ་བཅུ་གཉིས་པ་གཉིས་དཔལ་བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་པ་ལྔའི་བསྟོད་པ་དང་། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ་གཉིས་རིན་ཆེན་བཟང་པོའི་འགྱུར། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་སློབ་དཔོན་ཞི་བ་འཚོས་མཛད་པ། ཁ་ཆེ་པཎ་ཆེན་གྱིས་མཛད་པའི་སངས་རྒྱས་སྟོང་ལ་བསྟོད་པ་བསྐལ་བཟང་རྒྱན་གྱི་ཕྲེང་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་ལ་ཆོས་ཀྱི་དབྱིངས་སུ་བསྟོད་པ། དཔེ་མེད་པར་བསྟོད་པ་ཤུ་ལོ་ཀ་ཉེར་ལྔ། འཇིག་རྟེན་ལས་འདས་པར་བསྟོད་པ་ཤུ་ལོ་ཀ་ཉེར་གཉིས། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ཤུ་ལོ་ཀ་བདུན། དོན་དམ་པར་བསྟོད་པ་ཤུ་ལོ་ཀ་བཅུ། སྐུ་གསུམ་ལ་བསྟོད་པ་ཤུ་ལོ་ཀ་གསུམ་རྣམས་ནག་ཚོའི་འགྱུར། སྐུ་གསུམ་ལ་བསྟོད་པའི་རང་འགྲེལ་རིན་ཆེན་བཟང་པོའི་འགྱུར། བ་ཚྭའི་ཆུ་ཀླུང་གི་མདོ་ལས་བཏུལ་པ་སེམས་ཅན་མགུ་བར་བྱ་བའི་བསྟོད་པ་ནག་ཆོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་མི་རྟོག་པར་བསྟོད་པ་རྔོག་འགྱུར། བསམ་གྱིས་མི་ཁྱབ་པར་བསྟོད་པ་ཤུ་ལོ་ཀ་ལྔ་བཅུ། བསྟོད་པ་ལས་འདས་པར་བསྟོད་པ་ཤུ་ལོ་ཀ་བཅོ་བརྒྱད། བླ་ན་མེད་པའི་བསྟོད་པ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་གཉིས། མཛད་པ་བཅུ་ཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ། པ་ཚབ་ཀྱི་འགྱུར་ཏེ་བཅུ་དགུ། སངས་རྒྱས་ལ་ནོར་རྒྱུན་མས་བསྟོད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བསྟོད་པ། དེ་ཉིད་ཀྱིས་བཅོམ་ལྡན་འདས་ལ་ཡོན་ཏན་མཐའ་ཡས་པར་བསྟོད་པ་ཤུ་ལོ་ཀ་བཞི་བཅུ་དང་། དེའི་འགྲེལ་བ་སློབ་དཔོན་ཕྱོགས་གླང་གིས་མཛད་པ་ཤུ་ལོ་ཀ་སུམ་ཅུ། དོན་བསྡུས་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་བཅུ་དང་བཅས་པ་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་སངས་རྒྱས་མྱ་ངན་ལས་འདས་པ་ལ་བསྟོད་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་བཤགས་པའི་བསྟོད་པ་དང་། དེའི་འགྲེལ་པ་སློབ་དཔོན་སངས་རྒྱས་ཞི་བས་མཛད་པ་གཉིས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་འཇམ་དཔལ་གྱི་བསྟོད་པ་ཡང་དག་པའི་འཁོར་ལོ་ཤུ་ལོ་ཀ། སློབ་དཔོན་མི་གཡོ་སེང་གེས་མཛད་པའི་གུར་གུམ་གཞོན་མུའི་བསྟོད་པ་ང་ཆོའི་འགྱུར། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་དབྱངས་མཇིང་ཡོན་གྱི་བསྟོད་པ་བྱིན་རླབས་ཅན། བློ་ལྡན་ཤེས་རབ་དང་། ཆོས་ཀྱི་དབང་ཕྱུག་གི་འགྱུར། སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པའི་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཕན་ཡོན་དང་བཅས་པ། པཎྜི་ཏ་རྒྱལ་བའི་སྙན་བཟང་པོས་མཛད་པའི་དེ་བཞིན་གཤེགས་པ་དང་འཇམ་དཔལ་དང་འཇིག་རྟེན་དབང་པོ་དང་སྒྲོལ་མ་བསྟོད་པ་བཞི། ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་འཇམ་དཔལ་གྱི་བསྟོད་པ་གཉན་དར་མ་གྲགས་ཀྱི་འགྱུར། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་གྱི་བསྟོད་པ་ཀློག་སྐྱ་གཞོན་ནུ་འབར་གྱི་འགྱུར། འཇམ་དཔལ་རྣོན་པོ་ལ་བསྟོད་པ། ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ། ཐིག་ལེ་བུམ་པས་མཛད་པའི་ངག་གི་དབང་ཕྱུག་གཙོ་འཁོར་ལྔ་པའི་བསྟོད་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་སྙན་ངག་མཁན་ཤྲཱི་བཛྲ་དེ་བས་མཛད་པ་རྣམས་ཤོང་རྡོར་རྒྱལ་གྱི་འགྱུར། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མའི་བསྟོད་མ་མེ་ཏོག་ཕྲེང་འཛིན་པ་ཚབ་དང་ཆག་ལོའི་འགྱུར། དེ་ཡི་གེ་བདུན་པར་བཅད་པ་ཟླ་བ་གཞོན་ནུའི་རང་འགྱུར། སློབ་དཔོན་དེས་མཛད་པའི་སྨྲེ་སྔགས་ཀྱི་གསོལ་འདེབས་བྱམས་པའི་དཔལ་གྱི་འགྱུར། སློབ་དཔོན་ཙནྟྲ་གོ་མིས་མཛད་པའི་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན་མི་འདྲ་བ་གཉིས་ཡོན་ཏན་དཔལ་དང་བྱམས་པའི་དཔལ་གྱི་འགྱུར། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་སྒྲོལ་མའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བསྟོད་པའི་རྒྱལ་པོ་སྟེ། བདུན་ཅུ་དོན་བདུན་ནོ། །འདིར་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་བ་དད་པ་ལ་སྤོབས་པ་སྐྱེས་པ་ཞེས་བྱ་ལེའུ་ཉི་ཤུ་རྩ་དྲུག་པ་བམ་པོ་གསུམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་སློབ་དཔོན་སྒྲ་གཅན་འཛིན་བཟང་པོས་མཛད་པ་ཤུ་ལོ་ཀ་བཞི་བཅུ་པ་དང་། གསང་བའི་གནས་སུ་བསྟོད་པ་བམ་པོ་གཅིག །དེའི་འགྲེལ་པ་བམ་པོ་གསུམ། སྤྱན་རས་གཟིགས་དབང་ཕྱུག་ལ་རྡོ་རྗེ་འཛིན་རྣམས་ཀྱིས་བསྟོད་པ་དེ་རྣམས་བཙལ་ལོ། །སྨོན་ལམ་དང་བཀྲ་ཤིས་ཀྱི་སྐོར་ལ། སློབ་དཔོན་གཞན་ལ་ཕན་པའི་དབྱངས་དགོན་པ་བས་མཛད་པའི་སྨོན་ལམ་བདུན་ཅུ་པ་ཤུ་ལོ་ཀ་བརྒྱད་ཅུ་རྩ་གཉིས་དཔལ་གྱི་ལྷུན་པོའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་འབྱུང་བའི་སྨོན་ལམ། འཕགས་པ་འཇམ་དཔལ་གྱི་སྨོན་ལམ་ཉི་མ་རྒྱལ་མཚན་གྱི་འགྱུར། འདི་བསྟན་འགྱུར་དུ་མ་ཆུད། སློབ་དཔོན་ཙནྟྲ་གོ་མིས་མཛད་པའི་སྨོན་ལམ་ཉི་མ་རྒྱལ་མཚན་གྱི་འགྱུར། ཡང་ཙནྟྲ་གོ་མིས་མཛད་པའི་སྨོན་ལམ་ལྷུག་པ་ཉི་མ་མཚན་གྱི་འགྱུར། སྤྱིན་པའི་རབས་ཀྱི་སྨོན་ལམ་ཤུ་ལོ་ཀ་བརྒྱ། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་གཅིག །དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་རིགས་པའི་སྨོན་ལམ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྔོ་བ་བསྡུས་པ་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་སྣང་བྱེད་ཟླ་བས་མཛད་པའི་སྐུ་གསུམ་དང་དཀོན་མཆོག་གསུམ་གྱི་བཀྲ་ཤིས། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས། འཕགས་མ་སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་པ། འདན་མ་ཚུལ་ཁྲིམས་སེང་གེའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་དང་། སློབ་དཔོན་དེས་མཛད་པའི་བཀྲ་ཤིས་མཚན་མང་གཉིས་ཡེ་ཤེས་སྡེའི་འགྱུར། དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རིགས་གསུམ་གྱི་བཀྲ་ཤིས་གཉིས། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་སྨོན་ལམ་མུ་གཉིས་པ་འདི་བསྟན་འགྱུར་དུ་མ་ཆུད། །དེ་ལྟར་བཅུ་བདུན་ཏེ་རིན་ཆེན་ཕྲེང་བ་དང་སྤྱོད་འཇུག་ལ་སོགས་ནས་ཕྱུང་བ་རྣམས་ནི་དེ་ཉིད་དུ་གཏོགས་པས་ལོགས་སུ་མ་བྱས་སོ། །དེ་ལྟར་སུམ་བརྒྱ་ཉི་ཤུ་རྩ་དགུའོ། །
སྤྱིའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས།
གཉིས་པ་བཀའ་སྤྱིའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་ནི། སློབ་དཔོན་ཕྱོགས་གླང་གིས་མཛད་པ་ལ། ཚད་མའི་མདོ་ཀུན་ལས་བཏུས་སེང་གེ་རྒྱལ་མཚན་གྱི་འགྱུར། དེའི་རང་འགྲེལ་མར་ཐུང་དད་པ་ཤེས་རབ་ཀྱི་འགྱུར། དམིགས་པ་བརྟག་པ་ཤུ་ལོ་ཀ་བརྒྱད། དེའི་རང་འགྲེལ་ཤུ་ལོ་ཀ་སུམ་ཅུ་རྩ་གཉིས་པ་དཔལ་བརྩེགས་ཀྱི་འགྱུར། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ལྷ་ཆོས་ཀྱི་རིན་ཆེན་གྱི་འགྱུར། དུས་གསུམ་བརྟག་པ་ནག་ཚོའི་འགྱུར། ཕྱོགས་ཆོས་དགུའི་འཁོར་ལོ་ཆོས་ཀྱི་སྣང་བའི་འགྱུར། འདི་ཐེ་ཚོམ་ཟ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་ལ། ཚད་མ་རྣམ་འགྲེལ་དགེ་བློ་དང་རྔོག་དང་ཀུན་དགའ་རྒྱལ་མཚན་གྱི་འགྱུར། ཚད་མ་རྣམ་ངེས་རྔོག་འགྱུར། རིགས་ཐིག་བམ་པོ་གཅིག་རྔོག་འགྱུར། གཏན་ཚིགས་ཐིགས་པ་ཤུ་ལོ་ཀ་ཉིས་བརྒྱ་པ་དཔལ་བརྩེགས་ཀྱི་འགྱུར། འབྲེལ་བ་བརྟག་པ་བནྡེ་ནམ་མཁའ་དང་ཏིང་ངེ་འཛིན་བཟང་པོའི་འགྱུར། རྒྱུད་གཞན་གྲུབ་པ་ཤུ་ལོ་ཀ་བརྒྱ་དཔལ་བརྩེགས་ཀྱི་འགྱུར། རྩོད་པའི་རིགས་པ་དགེ་བའི་བློ་གྲོས་དང་ཤོང་གི་འགྱུར། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་དང་། རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སློབ་དཔོན་ལྷ་དབང་བློས་མཛད་པ་དགེ་བློའི་འགྱུར། འདི་རང་འགྲེལ་དང་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར་རོ། །རང་འགྲེལ་དང་ལྷ་དབང་བློ་གཉིས་ཀའི་འགྲེལ་བཤད་སློབ་དཔོན་ཤཱཀྱ་བློས་མཛད་པ་དགེ་བློའི་འགྱུར། རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པ་རྣམ་འགྲེལ་གྱི་རྒྱན་བམ་པོ་དྲུག་ཅུ་རྔོག་འགྱུར། རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ་བམ་པོ་དྲུག་ཅུ་པ་བྱང་ཆུབ་ཤེས་རབ་ཀྱི་འགྱུར། རྣམ་འགྲེལ་རྒྱན་གྱི་ལེའུ་དང་པོའི་འགྲེལ་བཤད་སློབ་དཔོན་ཛ་མ་རིས་མཛད་པ་ཡོངས་སུ་དག་པ་དང་། རྣམ་འགྲེལ་ལེའུ་གཉིས་པ་དང་གསུམ་པའི་འགྲེལ་པ་སློབ་དཔོན་ཉི་མ་སྦས་པས་མཛད་པ་དང་། ཚད་མ་རྣམ་འགྲེལ་བཤད་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ་རྣམ་འགྲེལ་གྱི་རྗེས་སུ་འབྲངས་པ་ཡིན་ཟེར་བ་ཅུང་ཟད་མ་ཚང་བ། ཚད་མ་རྣམ་ངེས་ཀྱི་ཊཱི་ཀྐ་འཐད་ལྡན་སློབ་དཔོན་ཆོས་མཆོག་གིས་མཛད་པ་ཤུ་ལོ་ཀ་སྟོང་ཕྲག་བཅུ་གཉིས་དང་བཞི་བརྒྱ་དྲུག་ཅུ་རྩ་གསུམ་པ་རྔོག་འགྱུར། ཁ་ཆེ་ཛྙཱ་ན་ཤྲཱིས་མཛད་པའི་རྣམ་ངེས་ཀྱི་ཊཱིཀ་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་བམ་པོ་ལྔ་ཆོས་ཀྱི་སྣང་བ་དང་བློ་ལྡན་ཤེས་རབ་གྱི་འགྱུར། སློབ་དཔོན་དུལ་ལྷས་མཛད་པའི་རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་བམ་པོ་གསུམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་ཤུ་ལོ་ཀ་བརྒྱ་དང་། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དུལ་ལྷས་མཛད་པ་བམ་པོ་བཅུ་གཉིས་དཔལ་བརྩེགས་ཀྱི་འགྱུར། བྲམ་ཟེ་ཙྪ་ཨ་ཊས་མཛད་པའི་གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ། འབྲེལ་བ་བརྟག་པའི་རང་འགྲེལ། འབྲེལ་བརྟག་གི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དུལ་ལྷས་མཛད་པ་བནྡེ་ནམ་མཁའི་འགྱུར། རྒྱུད་གཞན་གྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་ལྷས་མཛད་པ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ་ལྔ་བཅུ་རྩ་ལྔ་པ། དཔལ་བརྩེགས་ཀྱི་འགྱུར། རྩོད་རིགས་ཀྱི་འགྲེལ་པ་སློབ་དཔོན་དུལ་ལྷས་མཛད་པའི་སྟོད། སློབ་དཔོན་ཞི་བ་འཚོས་མཛད་པའི་རྩོད་རིགས་ཀྱི་འགྲེལ་པ་ཟངས་དཀར་དང་འབྲོ་སེང་དཀར་གྱི་འགྱུར། དམིགས་པ་བརྟག་པའི་འགྲེལ་བཤད་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཆོས་མཆོག་གིས་མཛད་པའི་ཚད་མ་བརྟག་པ་ཆེ་ཆུང་གཉིས་རྔོག་འགྱུར། བྲམ་ཟེ་བདེ་བྱེད་དགའ་བའི་འབྲེལ་བ་བརྟག་པའི་རྗེས་འབྲང་ཟུ་དགའ་བ་རྡོ་རྗེའི་འགྱུར། སློབ་དཔོན་དགེ་བསྲུང་གིས་མཛད་པའི་ཕྱི་རོལ་དོན་གྲུབ་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར། ཐམས་ཅད་མཁྱེན་པ་གྲུབ་པ་ཤུ་ལོ་ཀ་ཉིས་བརྒྱ་ལྔ་བཅུ། སློབ་དཔོན་ཆོས་མཆོག་གིས་མཛད་པའི་སྐད་ཅིག་འཇིག་པ་གྲུབ་པ། གཞན་སེལ་གྲུབ་པ་གཉིས། རྔོག་འགྱུར། སྐད་ཅིག་འཇིག་པ་གྲུབ་པའི་འགྲེལ་པ་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། བྲམ་ཟེའི་གཞན་སེལ་གྲུབ་པ་འབྲེལ་བ་གྲུབ་པ་གཉིས་རྔོག་འགྱུར། སློབ་དཔོན་ཆོས་མཆོག་གིས་མཛད་པའི་འཇིག་རྟེན་ཕ་རོལ་གྲུབ་པ་ཤུ་ལོ་ཀ་བརྒྱ་ལྔ་བཅུ། སློབ་དཔོན་ཤཱནྟི་པས་མཛད་པའི་ནང་གི་ཁྱབ་པ་དང་། ཛྙཱ་ན་ཤྲཱིས་མཛད་པའི་རྒྱུ་འབྲས་གྲུབ་པ་གཉིས། ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་ཙནྟྲ་གོ་མིས་མཛད་པའི་རིགས་པ་གྲུབ་པའི་སྒྲོན་མ་བཻ་རོ་ཙ་ནའི་འགྱུར། སློབ་དཔོན་ཛེ་ཏཱ་རིས་མཛད་པ་ལ། བྱིས་འཇུག་པའི་ཚད་མ་སུམ་ཅུ་པ་དཔལ་མཆོག་རྡོ་རྗེའི་འགྱུར། ཆོས་དང་ཆོས་ཅན་གཏན་ལ་དབང་པ་གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཤཱཀྱ་འོད་ཀྱི་འགྱུར། པཎྜི་ཏ་ཛི་ན་མི་ཏྲས་བྱས་པའི་རིགས་པའི་ཐིགས་པའི་དོན་བསྡུས་པ། ཡེ་ཤེས་སྡེའི་འགྱུར། སློབ་དཔོན་དགེ་སྲུང་གིས་མཛད་པ་ལ། ཐོས་པ་བརྟག་པ་བམ་པོ་གཅིག །གཞན་སེལ་བརྟག་པ། དབང་ཕྱུག་འཇིག་པ་གྲུབ་པ་ཤུ་ལོ་ཀ་དྲུག་ཅུ་རྩ་དགུ། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་རིགས་པའི་སྦྱོར་བ་ཏིང་ངེ་འཛིན་བཟང་པོའི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་རྣམ་རིག་གྲུབ་པ་ཤཱཀྱ་འོད་དང་ཤེས་རབ་བརྩེགས་ཀྱི་འགྱུར། སློབ་དཔོན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་སྟོང་ཕྲག་བཅོ་བརྒྱད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། པཎྜི་ཏ་རྒྱལ་དབང་བློས་མཛད་པའི་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་སྟོང་ཕྲག་དགུ་པ་དཔལ་བློ་བརྟན་གྱི་འགྱུར། འདི་མ་ཆུད། དྲུག་ཅུ་རྩ་གཅིག་གོ། འདིར་ལས་འབྲས་བུའི་འབྲེལ་པ་བརྟག་པ་བམ་པོ་གཉིས། དེའི་འགྲེལ་པ་བམ་པོ་གསུམ། རིགས་པའི་ཐིགས་པའི་ཕྱོགས་བསྡུས་པ་ཤུ་ལོ་ཀ་བརྒྱ་ལྔ་བཅུ། ཐམས་ཅད་མཁྱེན་པ་གྲུབ་པ་ཤུ་ལོ་ཀ་ལྔ་བཅུ། བདག་མེད་པ་གྲུབ་པ་ཤུ་ལོ་ཀ་བདུན་ཅུ་རྩ་གཉིས། འཇིག་རྟེན་ཕ་རོལ་གྲུབ་པའི་འགྲེལ་པ་བམ་པོ་གཅིག །དེ་བཞིན་གཤེགས་པ་བརྟག་པ་གྲུབ་པ་ཤུ་ལོ་ཀ་ཉི་ཤུ་རྩ་གཅིག་པ། སྤྱི་ཐ་དད་མེད་པ་དགག་པ་ཤུ་ལོ་ཀ་ཉི་ཤུ་རྩ་གཅིག །སྤྱི་ཐ་དད་པ་དགག་པ་ཤུ་ལོ་ཀ་བཞི་བཅུ་རྩ་གཉིས། དབུ་མ་བརྟག་པ་ཤུ་ལོ་ཀ་ཉི་ཤུ་རྩ་གཉིས་དེ་རྣམས་བཙལ་བར་བྱའོ། །དེ་དག་བཀའ་སྤྱིའི་དོན་གྱི་ཆ་གསལ་བྱེད་དུ་གྲགས་སོ། །སྒྲའི་བསྟན་བཅོས་ལ་ཚིག་གི་ཆ་གསལ་བྱེད་དུ་གྲགས་པས་དེའི་བསྟན་བཅོས་ལ། སློབ་དཔོན་ཙནྟྲ་གོ་མིས་མཛད་པ་ལ་ལུང་དུ་སྟོན་པ་ཙནྟྲ་པའི་མདོ། །ཉེར་བསྒྱུར་ཉི་ཤུ་པ་རྩ་འགྲེལ། ཡི་གེའི་མདོ། །དེའི་མདོའི་འགྲེལ་པ་སློབ་དཔོན་ཆོས་སྐྱོང་གིས་མཛད་པ་རྣམས་ཉི་མ་རྒྱལ་མཚན་གྱི་འགྱུར། པཎྜི་ཏ་སརྦ་ཝརྨས་མཛད་པའི་སྒྲའི་བསྟན་བཅོས་ཀ་ལཱ་པའི་མདོ། །དེའི་འགྲེལ་པ་སློབ་དཔོན་བགྲོད་དཀའ་སེང་གེས་མཛད་པའི་སྟོད་གཉིས་གྲགས་པ་རྒྱལ་མཚན་གྱི་འགྱུར། སྦྱོར་བའི་སྒོ་རྩ་འགྲེལ། ལྡོག་པ་བསྡུས་པ་རྩ་འགྲེལ། སློབ་དཔོན་སུ་བྷ་ཤ་ཀཱིརྟིས་མཛད་པའི་སྨྲ་བ་ཀུན་ལ་འཇུག་པའི་རྩ་འགྲེལ། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་རྣམ་དབྱེའི་ལེའུར་བྱས་བ་ཤོང་སྟོན་གྱི་འགྱུར། སློབ་དཔོན་ཙང་ག་དཱ་པས་མཛད་འགྲེལ་བ་མདོར་བསྟན་དཔང་བློ་བརྟན་གྱི་འགྱུར། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་རང་འགྱུར། སྒྲའི་ཡན་ལག་ལྟ་བུར་གྱུར་པ་ལ་པཎྜི་ཏ་འཆི་མེད་སེང་གེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་དང་། དེའི་འགྲེལ་པ་པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པའི་འདོད་འཇོའི་བ་མོ་བསྒྱུར་འཕྲོ་དང་གཉིས་གྲགས་པ་རྒྱལ་མཚན་གྱི་འགྱུར། སྙན་ངག་གི་བསྟན་བཅོས་པཎྜི་ཏ་དབྱུག་པ་ཅན་གྱིས་མཛད་པ་སྙན་ངག་གི་མེ་ལོང་ཤོང་སྟོན་གྱི་འགྱུར། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ར་ས་གཞོན་བརྩོན་དང་གྲགས་པ་རྒྱལ་མཚན་གྱི་འགྱུར་ཏེ་བཅུ་དགུའོ། །འདི་དག་བཀའ་དགོངས་འགྲེལ་དུ་སྨྲ་བ་མང་མོད་ཀྱི་ཁོ་བོ་ནི་དེར་མི་བསམ་མོ། །
ཐོར་བུ་བ་ལུགས་ཀྱི་བསྟན་བཅོས།
གསུམ་པ་ཐོར་བུ་བ་ལུགས་ཀྱི་བསྟན་བཅོས་ལ་སོགས་པ་ལ། ལུགས་ཀྱི་བསྟན་བཅོས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དཔལ་བརྩེགས་ཀྱི་འགྱུར། ཤེས་རབ་སྡོང་བུ་སྐྱེ་བོ་གསོ་བའི་ཐིགས་པ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་ཉི་མ་སྦས་པས་མཛད་པའི་ཚིགས་སུ་བཅད་པའི་མཛོད་དཔལ་གྱི་ལྷུན་པོའི་འགྱུར། བྲམ་ཟེ་མཆོག་སྲེད་ཀྱི་མཛད་པའི་ཚིགས་སུ་བཅད་པ་བརྒྱ་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྙན་ངག་མཁན་དོན་ཡོད་འཆར་གྱིས་མཛད་པའི་དྲེ་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་དང་། ཙ་ན་ཀ་ལུགས་ཀྱི་བསྟན་བཅོས་གཉིས། རིན་ཆེན་བཟང་པོའི་འགྱུར། མ་སུ་རཀྵའི་ལུགས་ཀྱི་བསྟན་བཅོས་ཤཱཀྱ་བློ་གྲོས་ཀྱི་འགྱུར་ཏེ་བརྒྱད་དང་། གསོ་བ་རིགས་པའི་བསྟན་བཅོས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལ། སྦྱོར་བ་བརྒྱ་པ་ཉི་མ་རྒྱལ་མཚན་གྱི་འགྱུར། སྨན་དཔྱད་འཚོ་བའི་མདོ། །སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རིན་ཆེན་བཟང་པོའི་འགྱུར། དེའི་རང་འགྲེལ་དུ་གྲགས་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར། དེའི་འགྲེལ་ཆེན་ཁ་ཆེ་ཟླ་བ་ལ་དགའ་བ་མཛད་པ་ཚིག་དོན་གྱི་ཟླ་ཟེར་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཟླ་བ་ལ་དགའ་བས་མཛད་པའི་ཡན་ལག་བརྒྱད་པ་ལ་སོགས་པའི་སྨན་གྱི་མིང་གི་རྣམ་གྲངས། སྨན་མིང་སྒྲ་སྦྱོར་ངེས་པ་ཐང་ལ་འབར་གྱིས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར་ཏེ་བདུན་དང་། བཟོ་རིག་པའི་བསྟན་བཅོས་ལ་དྲང་སྲོང་ཨ་ཏིའི་བུས་མཛད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་མཚན་ཉིད་རྣམ་འགྲེལ་དང་། དྲང་སློང་ཨ་ཏིའི་བུས་མཛད་པའི་སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་གཉིས་གྲགས་པ་རྒྱལ་མཚན་གྱི་འགྱུར། གྲུབ་ཐོབ་བརྒྱད་ཅུའི་བྲི་ཐབས་དགེ་སློང་དཔལ་གྱི་སྡེས་མཛད་པ་སྟེ་གསུམ་དང་། རྩིས་ཀྱི་གཙུག་ལག་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་འགོས་ཀྱི་འགྱུར། ཤཱ་རིའི་བུའི་རྩིས་མཚན་མ་བརྒྱད་པ་དང་། ཞི་བ་ལྷའི་རྩིས་གཉིས་ཉི་མ་རྒྱལ་མཚན་གྱི་འགྱུར། བཟའ་དང་སྐར་མ་སྦྱོར་པའི་འབྲས་རྩིས་གྲགས་པ་ཤེས་རབ་ཀྱི་འགྱུར། གཟའ་སྐར་གྱི་རྩིས་འབྲས་ཆེན་མོ། །དབང་ཕྱུག་གི་རྩིས་ཀྱི་རྟེན་འབྲེལ་རྟགས་བརྒྱད་པ། མུ་སྟེགས་ཀྱི་རྒྱུད་དམ་བསྟན་བཅོས་གཡུལ་ལས་རྣམ་པར་རྒྱལ་བ་གློ་བོ་ལོ་ཙྪ་བའི་འགྱུར་ཏེ་བརྒྱད་དང་། སྤོས་སྦྱོར་གྱི་བསྟན་བཅོས་རྩ་འགྲེལ་གཉིས། དྲང་སྲོང་མེས་སྦྱིན་གྱིས་མཛད་པའི་མིའི་མཚན་ཉིད་བརྟག་པ་རྒྱ་མཚོ་གྲགས་པ་རྒྱལ་མཚན་གྱི་འགྱུར། དངུལ་ཆུ་སྒྲུབ་པའི་བསྟན་བཅོས་སློབ་དཔོན་ཆེན་པོ་བྷ་ལི་པས་མཛད་པ་ཨུ་རྒྱན་པ་རིན་ཆེན་དཔལ་གྱི་འགྱུར། འདི་མ་ཆུད་དོ། །གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ་མཇུག་མ་ཚང་བ། སློབ་དཔོན་གཟུགས་བཟང་གིས་མཛད་པའི་འདོད་པའི་བསྟན་བཅོས་ཏེ། ཐོར་བུ་བ་སུམ་ཅུ་སོ་གཉིས་སོ། །དེ་ལྟར་ཀུན་དྲིལ་བས་བསྟན་བཅོས་ལྔ་བརྒྱ་བཅུ་དགུའོ། །
སྔགས་ཕྱོགས།
གཉིས་པ་སྔགས་ཕྱོགས་ལ་རྒྱུད་དང་། བསྟན་བཅོས་གཉིས་ལས། རྒྱུད་ལ་རྒྱུད་སྡེ་བཞི་ལས།
བྱ་བའི་རྒྱུད་ལ་འཇམ་དཔལ་གྱི་རྒྱུད་ནི། འཇམ་དཔལ་རྩ་བའི་རྒྱུད་ཤཱཀྱ་བློ་གྲོས་ཀྱི་འགྱུར། དཔལ་བོ་གཅིག་གྲུབ་དགེ་བློ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཤུ་ལོ་ཀ་ཉི་ཤུ་གླུའི་དབང་པོའི་འགྱུར། འཇམ་དཔལ་གྱིས་དམོད་བཙུགས་པ། འཇམ་དཔལ་ཤེས་རབ་བློ་འཕེལ་ཤུ་ལོ་ཀ་ལྔ། འཇམ་དཔལ་ཡི་གེ་འབྲུ་གཅིག་པ། འཇམ་དཔལ་གྱིས་དམ་བཅས་པ། འཇམ་དཔལ་རྣོན་པོ་ལ་སངས་རྒྱས་ཀྱིས་བསྟོད་པ་སྟེ་བརྒྱད་དོ། །འདིར་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་བཞི་བཅུ། འཇམ་དཔལ་གྱི་ཤེས་རབ་བསྐྱེད་པ། མཉྫུ་གྷོ་ཥ། ཝཱ་གཱི་ཤྭ་ར། འཇམ་དཔལ་གྱིས་སྡུག་བསྔལ་ཞི་བྱེད། འཇམ་དཔལ་ལ་ལྷ་མོ་བརྒྱད་ཀྱིས་བསྟོད་པ་འདི་བུ་མོ་བརྒྱད་ཀྱིས་བསྟོད་པ་དང་། གཅིག་མི་གཅིག་བརྟག་སྟེ་དེ་དག་མ་རྙེད་དོ། །སྤྱན་རས་གཟིགས་ཀྱི་རྒྱུད་ལ། རྩ་བའི་རྒྱུད་པད་མའི་དྲ་བ་ཀྱུར་ཚུལ་ཁྲིམས་འོད་ཟེར་གྱི་འགྱུར། བཤད་པའི་རྒྱུད་དོན་ཞགས་པའི་རྟོག་པ་ཆེན་པོ་བསྒྱུར་འཕྲ་བམ་པོ་ཉི་ཤུ་རྩ་དྲུག །དོན་ཡོད་ཞགས་པའི་སྙིང་པོ་ཤུ་ལོ་ཀ་བརྒྱ་སུམ་ཅུ་པ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། དོན་ཡོད་ཞགས་པའི་སྙིང་པོའི་གཟུངས། དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་དྲུག་ཡོངས་སུ་རྫོགས་པའི་གཟུངས་བློ་ལྡན་ཤེས་རབ་ཀྱི་འགྱུར། དོན་ཡོད་ཞགས་པའི་ས་བཅུ་པའི་གཟུངས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོགས་པ་མི་མངའ་བའི་གཟུངས་དང་། སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྙིང་པོ་ཤུ་ལོ་ཀ་ཉིས་བརྒྱ་བཞི་བཅུ་པ་སྟེ། ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་བ། སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་གཟུངས་ཤུ་ལོ་ཀ་ལྔ་བཅུ་རྩ་བཞི། ཞལ་བཅུ་གཅིག་པའི་རིག་སྔགས་ཀྱི་སྙིང་པོ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། པད་མོ་ཅོད་པན་གྱི་རྒྱུད་འགར་ཆོས་བཟངས་ཀྱི་འགྱུར། འཇིག་རྟེན་དབང་ཕྱུག་གི་རྟོག་པ་བ་རིའི་འགྱུར། ཡི་གེ་དྲུག་པའི་རིག་སྔགས་ཤུ་ལོ་ཀ་བཅུ་དགུ། སྤྱན་རས་གཟིགས་ཀུན་ཏུ་བཟང་པོའི་གཟུངས་ཤུ་ལོ་ཀ་ལྔ་བཅུ་རྩ་ཕྱེད་དང་གསུམ་ཡེ་ཤེས་སྡེའི་འགྱུར། ནཱི་ལ་ཀཎྛའི་གཟུངས་ཤུ་ལོ་ཀ་བཞི་བཅུ། ཧ་ཡ་གྲི་བའི་གཟུངས་ཤུ་ལོ་ཀ་སུམ་ཅུ། མེ་ཁ་ལའི་གཟུངས་ཤུ་ལོ་ཀ་ཉིས་བརྒྱ་ཤུ་རྩ་ལྔ། སྤྱན་རས་གཟིགས་ཀྱི་ཡུམ་ཤུ་ལོ་ཀ་སུམ་ཅུ་རྩ་དྲུག་པ་ཡེ་ཤེས་སྡེའི་འགྱུར། སྙིང་རྗེ་མི་བཤོལ་བའི་གཟུངས་སྤྱན་རས་གཟིགས་ཀྱི་གཟུངས། སྤྱན་རས་གཟིགས་ཀྱི་སྙིང་པོ། སེང་གེ་སྒྲའི་རྒྱུད་འགོས་ཀྱི་འགྱུར། སེང་གེ་སྒྲའི་གཟུངས་འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སེང་གེ་སྒྲས་དམ་བཅས་པའི་གཟུངས་ཤེས་རབ་བརྩེགས་ཀྱི་འགྱུར་ཏེ་ཉེར་བཞིའོ། །འདིར་སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བའི་གཟུངས་ཤུ་ལོ་ཀ་བརྒྱ་རྩ་ལྔ། ཧ་ལ་ཧ་ལའི་རྟོག་པ། སྤྱན་རས་གཟིགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ། སྤྱན་རས་གཟིགས་འཁོར་དང་བཅས་པའི་གཟུངས་རྣམས་བཙལ་ལོ། །
ཕྱག་ན་རྡོ་རྗེའི་རྒྱུད་ལ། རྡོ་རྗེ་ས་འོག་གི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། རྡོ་རྗེ་ས་འོག་གི་ལེའུ་བཅུ་གསུམ་པ་འཕགས་པ་ཤེས་རབ་ཀྱི་འགྱུར། རྡོ་རྗེ་ས་འོག་ལེའུ་བདུན་པ་དགེ་སློང་བྱའི་གདོང་ཅན་གྱི་འགྱུར། རྡོ་རྗེ་ས་གསུམ་དུ་རྒྱུ་བའི་རྟོག་པ་ར་བྱིད་ལོ་ཙྪ་བའི་འགྱུར། ལག་ན་རྡོ་རྗེའི་གཟུངས་ཆོ་ག་དང་བཅས་པ་རྒྱ་བརྩོན་སེང་གི་འགྱུར། འབྱུང་པོ་འདུལ་བའི་རྒྱུད་ཆོས་ཀྱི་ཤེས་རབ་འགྱུར། འཇིག་རྟེན་གསུམ་འདུལ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་གདེངས་པའི་རྒྱུད་ཆོས་ཀྱི་དབང་ཕྱུག་གི་འགྱུར། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ཤེས་རབ་འབྱུང་གནས་ཀྱི་འགྱུར། རྡོ་རྗེ་སྙིང་པོ་མེ་ལྕེ་དབབ་པ་དྷརྨ་གྲགས་ཀྱི་འགྱུར། རྡོ་རྗེ་གཏུམ་པོ་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་རྣམས་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། ལག་ན་རྡོ་རྗེ་རྨི་ལམ་མཐོང་བའི་གཟུངས། ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། རྡོ་རྗེ་རྣམ་འཇོམས་རྩ་བའི་རྒྱུད་ཤུ་ལོ་ཀ་སུམ་ཅུ་རྩ་ལྔ།
བཤད་པའི་རྒྱུད་ལ། རྡོ་རྗེ་རི་རབ་ཆེན་པོའི་ཁང་བུ་བརྩེགས་པ་ཤུ་ལོ་ཀ་བདུན་བརྒྱ། རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཤུ་ལོ་ཀ་བདུན་ཅུ། ལག་ན་རྡོ་རྗེ་བཅུའི་སྙིང་པོ་ཤུ་ལོ་ཀ་ཉི་ཤུ་རྩ་གསུམ་པ་རྣམས་ཡེ་ཤེས་སྡེའི་འགྱུར། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། རྡོ་རྗེ་མཆུ་བམ་པོ་གཉིས། རྡོ་རྗེ་གནས་ལྕགས་མཆུ། ལྕགས་མཆུ་གཉིས། ལྕགས་མཆུ་ནག་པོ། སོག་མ་མེད་ཀྱི་རྟོགས་པ་རྒྱས་པ། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཕྱག་ན་རྡོ་རྗེའི་རྒྱུད་ཆེན་པ་རིག་པ་མཆོག་བམ་པོ་བཅོ་ལྔ་དཔལ་བརྩེགས་ཀྱི་འགྱུར། ལེགས་པར་གྲུབ་པའི་རྒྱུད་བམ་པོ་བདུན། དཔུང་བཟང་གིས་ཞུས་པ་བམ་པོ་གཅིག་དང་ཤུ་ལོ་ཀ་ལྔ་བཅུ་པ་སྟེ། ཉེར་དགུའོ། །
མི་གཡོ་བའི་རྒྱུད་ནི། མི་གཡོ་བའི་གསང་རྒྱུད་ཆེན་པོ། མི་གཡོ་བ་བརྟུལ་ཕོད་པའི་རྟོག་པ་གླན་དར་མ་བློ་གྲོས་ཀྱི་འགྱུར། མི་གཡོ་བའི་རྟོག་པ་དངོས་གྲུབ་ཐམས་ཅད་འབྱུང་བ་ཆོས་ཀྱི་དབང་ཕྱུག་གི་འགྱུར། མི་གཡོ་བའི་གཟུངས་ཆོས་ཀྱི་བཟང་པོའི་འགྱུར། མི་གཡོ་བའི་གསང་བའི་རྟོག་པ་ལེའུ་ལྔ་པ་སྟེ་ལྔའོ། །སྟོབས་པོ་ཆེའི་གཟུངས་ཤུ་ལོ་ཀ་ཉིས་བརྒྱ་ལྔ་བཅུ། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་དོན་ཡོད་རྡོ་རྗེའི་འགྱུར། བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་ཤུ་ལོ་ཀ་བཞི་བཅུ། ཁྲོ་བོ་སྨེ་བརྩེགས་ཀྱི་གཟུངས། བགེགས་སེལ་བའི་གཟུངས་ཤུ་ལོ་ཀ་བཅུ། འདིར་དྲང་སྲོང་གིས་ཀླུ་ལ་དམོད་བོར་བའི་གཟུངས། གཤིན་རྗེའི་གཤེད་ཀྱི་རྟོག་པ་ལེའུ་བདུན་པ། ཞལ་དྲུག་པའི་རྟོག་པ་གཉིས་མ་རྙེད་ཟེར་རོ། །འཇིགས་བྱེད་ཀྱི་རྟོག་པ་བདུན་པ་དང་། གདོང་དྲུག་གི་རྒྱུད་ལ་ཟེར་རམ་ཡང་སྙམ་མོ། །རྟ་མགྲིན་གྱི་གཟུངས་ནི་ཧ་ཡ་གྲཱི་བའི་གཟུངས་ཡིན་བས་ཐ་དད་དུ་མི་བསམ་མོ། །
རིག་པའི་ལྷ་མོའི་རྒྱུད་ལ། སྒྲོལ་མའི་རྒྱུད་ནི། ལས་སྣ་ཆོགས་འབྱུང་བ་ཆོས་ཀྱི་བཟང་པོའི་འགྱུར། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་ཉིས་བརྒྱ་ཉི་མ་རྒྱལ་མཚན་གྱི་འགྱུར། སྒྲོལ་མས་དམ་བཅས་པའི་གཟུངས། སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པ། སྒྲོལ་མ་འཇིགས་པ་བརྒྱད་ལས་སྒྲོལ་བའི་གཟུངས་ཤུ་ལོ་ཀ་བཅུ། སྒྲོལ་མ་ཀུ་རུ་ཀུ་ལེའི་རྟོག་པ་ནག་ཚོའི་འགྱུར། འདི་རྣལ་འབྱོར་ཆེན་པོར་སེམས་སོ། །གཟུངས་གྲ་ལྔའི་སྟོང་ཆེན་རབ་འཇོམས་བམ་པོ་གཉིས་རྨ་བྱ་ཆེན་མོ་ཤུ་ལོ་ཀ་བདུན་བརྒྱ། སོ་སོར་འབྲང་མ་ཤུ་ལོ་ཀ་བཞི་བརྒྱ་བཞི་བཅུ། བསིལ་བའི་ཚལ་ཤུ་ལོ་ཀ་ཉིས་བརྒྱ་བརྒྱད་ཅུ། གསང་སྔགས་རྗེས་སུ་འཛིན་མ་ཤུ་ལོ་ཀ་བརྒྱ་རྩ་བཞི་བཅུ་པ་རྣམས་ཡེ་ཤེས་སྡེའི་འགྱུར། གཙུག་ཏོར་གྱི་སྐོར་ལ། འོད་དཔལ་མེད་ཀྱིས་གསུངས་པའི་འཆི་བདག་གི་དབྱུག་པ་འཛིན་པའི་གཙུག་ཏོར་རྣམ་རྒྱལ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་ཤུ་ལོ་ཀ་བརྒྱ་ཉི་ཤུ་ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པ་ཤུ་ལོ་ཀ་ཉིས་བརྒྱ་ཉི་ཤུ་བ་རིའི་འགྱུར། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པའི་རབ་བྱེད་དང་པོ་ཉི་མ་རྒྱལ་མཚན་གྱི་འགྱུར། གཙུག་ཏོར་གདུགས་དཀར་ཤུ་ལོ་ཀ་བརྒྱ་ཉི་ཤུ། གཙུག་ཏོར་གདུགས་དཀར་མཆོག་ཏུ་གྲུབ་པ་ཟུ་དགའ་རྡོར་གྱི་འགྱུར། ཡང་གཙུག་ཏོར་གདུགས་དཀར་གཉིས་ཀྱི་ལྷ་ཡུལ་མ་ཆུང་བ་ལ་མ་ཧཱ་ཛ་ནའི་རང་འགྱུར། གཙུག་ཏོར་དྲི་མེད་ཤུ་ལོ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་ལྔ་ཡེ་ཤེས་སྡེའི་འགྱུར། འོད་ཟེར་ཅན་གྱི་གཟུངས་ཤུ་ལོ་ཀ་ཉི་ཤུ་རྩ་གཉིས་བ་རིའི་འགྱུར། འོད་ཟེར་ཅན་གྱི་རྟོག་པ། འོད་ཟེར་ཅན་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་པ་ཕྱུང་བ། རི་ཁྲོད་ལོ་མ་ཅན་ཤུ་ལོ་ཀ་ཉི་ཤུ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། སྐུལ་བྱེད་མའི་གཟུངས། དུག་སེལ་མའི་རིག་སྔགས་ཤུ་ལོ་ཀ་ཉི་ཤུ་རྩ་ཕྱེད་དང་གསུམ། དབྱིག་དང་ལྡན་པའི་གཟུངས་ཤུ་ལོ་ཀ་སུམ་ཅུ་རྩ་བདུན་ཡེ་ཤེས་སྡེའི་འགྱུར། གྲགས་ལྡན་མའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་སྒྲོལ་མ་མཆོག་ཤུ་ལོ་ཀ་བརྒྱ་བཞི་བཅུ། ལྷ་མོ་བརྒྱད་ཀྱི་གཟུངས་ཤུ་ལོ་ཀ་སུམ་ཅུ་རྩ་གསུམ་པ་ཡེ་ཤེས་སྡེའི་འགྱུར། རྒྱལ་བ་ཅན་གྱི་གཟུངས་ཤུ་ལོ་ཀ་བརྒྱད་ཅུ་རྩ་གཅིག །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་། ལྷ་མོ་སྒྲ་ལྡན་མ་ལ་བསྟོད་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། དཔལ་ཆེན་མོའི་མདོ་ཤུ་ལོ་ཀ་བཅུ་གཅིག་པ་དང་། དཔལ་ལྷ་མོའི་མིང་བཅུ་གཉིས་པ་ཤུ་ལོ་ཀ་བརྒྱ་པ་གཉིས་ཡེ་ཤེས་སྡེའི་འགྱུར། འདིར་གཙུག་ཏོར་ནས་བྱུང་བ་ཐུགས་རྗེ་མཆོག །སངས་རྒྱས་ཐམས་ཅད་ཀྱི་ཡུམ་རི་ཁྲོད་ལོ་མ་ཅན་ཉི་ཤུ་རྩ་བཞི། སྤྱིའི་གཟུངས་རྣམས་བཙལ་ལོ། །རྒྱུད་སྡེ་ཐམས་ཅད་ལ་དགོས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བ་ཤུ་ལོ་ཀ་བརྒྱ་རྩ་བཅུ། རབ་གནས་མདོར་བསྡུས་པའི་རྒྱུད་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། འདི་རྣལ་འབྱོར་རྒྱུད་དུ་གཏོགས། ནོར་བུ་རྒྱས་པའི་གཞལ་མེད་ཁང་བམ་པོ་གཉིས། དཔལ་གྱི་ལྷུན་པོ་དང་དཔལ་བརྩེགས་ཀྱི་འགྱུར། འཆི་མེད་རྔ་སྒྲའི་གཟུངས། ཚེ་དཔག་མེད་ཀྱི་ཡང་སྙིང་། འོག་མིན་གྱི་ཚེ་དཔག་མེད། བདེ་བ་ཅན་གྱི་ཚེ་དཔག་མེད། ཚེ་དཔག་མེད་ཀྱི་སྙིང་པོ་ཉི་མ་གྲགས་ཀྱི་འགྱུར། ཤཱཀྱ་ཐུབ་པའི་སྙིང་པོ། རྣམ་པར་སྣང་མཛད་ཀྱི་སྙིང་པོ། རྒྱལ་བ་བླ་མའི་གཟུངས། མི་འཁྲུགས་པའི་གཟུངས། བདེ་ལྡན་གྱི་སྙིང་པོ། སངས་རྒྱས་ཀྱི་སྙིང་པོ་ཤུ་ལོ་ཀ་སུམ་ཅུ་རྩ་བརྒྱད། སངས་རྒྱས་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་ཤུ་ལོ་ཀ་ལྔ་བཅུ་རྩ་ལྔ། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་ལ་ཤུ་ལོ་ཀ་སུམ་ཅུ་རྩ་ལྔ། ཁ་ཅིག་གིས་འདིར་སངས་རྒྱས་བཅུ་གཉིས་པ། སངས་རྒྱས་བདུན་པ་གཉིས་བྲིས་སོ། །འོན་ཀྱང་མདོའི་ནང་དུ་བཤད་ཟིན་ཏོ། །སྣང་བ་མཐའ་ཡས་ཀྱི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པ། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པ། རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པ། དྲི་མ་མེད་པའི་གཟུངས་ཤུ་ལོ་ཀ་བརྒྱད་ཅུ་རྩྭ་བདུན་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཁྱད་པར་ཅན་ཤུ་ལོ་ཀ་བདུན་ཅུ་རྩ་ལྔ་པ་དང་། དཀྱིལ་འཁོར་བརྒྱད་པ་ཤུ་ལོ་ཀ་བདུན་ཅུ་པ་གཉིས་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་དང་། དེ་བཞིན་དུ་འཁོར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། བྱམས་པ། ནམ་མཁའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། འཇམ་དཔལ། སྒྲིབ་པ་རྣམ་སེལ། སའི་སྙིང་པོ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་བམ་པོ་གཉིས། རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་རིན་པོ་ཆེ་ཟ་མ་ཏོག །སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་བཞི་བཅུ། བྱམས་པས་དམ་བཅས་པའི་གཟུངས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཆུའི་དབང་པོའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་བཞི་བཅུ། གནོད་གནས་ཀྱི་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། གནོད་འཛིན་དཔལ་གྱི་གཟུངས། ཆུ་དབང་སྙིང་རྗེ་ཅན་བདེ་བྱེད་ཀྱི་གཟུངས་ཤུ་ལོ་ཀ་བཅུ། གཟུངས་ཕྲ་མོ་སྣ་ཚོགས་ལ། བཀླགས་པས་འགྲུབ་པ་སོར་མོ་ཅན། ལུས་ཀྱི་དབྱིབས་མཛེས་པ་ཤུ་ལོ་ཀ་བཞི་བཅུ་རྩ་གསུམ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཤུ་ལོ་ཀ་ཉིས་བརྒྱ་ལྔ་བཅུ། མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་པ་ཤུ་ལོ་ཀ་ཉིས་བརྒྱ་ལྔ་བཅུ། གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཤུ་ལོ་ཀ་བཞི་བཅུ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཤུ་ལོ་ཀ་བརྒྱ། སྣང་བརྒྱད་ཅེས་བྱ་བའི་རིག་སྔགས། ལི་ལས་བསྒྱུར་བ་འདི་འཕང་བང་མར་བཀའ་ཡང་དག་ཏུ་མཛད་མོད་ཀྱི་བརྟག་པའི་གཞིའོ། །སྒོ་བཟང་པོ་ཤུ་ལོ་ཀ་བརྒྱ་རྩ་བཅུ་པ་དང་། ཆོས་ཀྱི་རྒྱལ་མཚན་གཉིས་ཡེ་ཤེས་སྡེའི་འགྱུར། གསེར་ཅན་ཤུ་ལོ་ཀ་ལྔ་བཅུ། སྙིང་རྗེ་མཆོག་ཤུ་ལོ་ཀ་ལྔ་བཅུ། མེ་ཏོག་བརྩེགས་པ་ཤུ་ལོ་ཀ་ལྔ་བཅུ་རྩ་ལྔ། གཟུངས་ཆེན་པོ་ཤུ་ལོ་ཀ་ལྔ་བཅུ་རྩ་བདུན། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཤུ་ལོ་ཀ་བཞི་བཅུ། སའི་དབང་པོ་ཆེན་པོ་ཤུ་ལོ་ཀ་སུམ་ཅུ་རྩ་ཕྱེད་དང་བརྒྱད། བེ་ཅོན་ཆེན་པོ་ཤུ་ལོ་ཀ་བཞི་བཅུ། ཙན་དན་གྱི་ཡན་ལག་ཤུ་ལོ་ཀ་སུམ་ཅུ་རྩ་དགུ། གཙུག་གི་ནོར་བུ་ཤུ་ལོ་ཀ་བཞི་བཅུ་རྩ་བརྒྱད་དེ་རྣམས་ཡེ་ཤེས་སྡེའི་འགྱུར། ཕྱིར་ཟློག་པ་རྣམ་པར་རྒྱལ་བ་ཅན་ཤུ་ལོ་ཀ་སུམ་ཅུ་རྩ་བདུན། མདངས་ཕྱིར་མི་འཕྲོག་པ་ཤུ་ལོ་ཀ་བཅུ་བདུན། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཤུ་ལོ་ཀ་སུམ་ཅུ་རྩ་དྲུག །གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཤུ་ལོ་ཀ་སུམ་ཅུ་རྩ་བཞི་པ་ཡེ་ཤེས་སྡེའི་འགྱུར། གདོན་མི་ཟ་བའི་གཟུངས། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ། ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། དབང་བསྐུར་བ་ཤུ་ལོ་ཀ་སུམ་ཅུ་རྩ་གསུམ་པ་གཉིས་ཡེ་ཤེས་སྡེའི་འགྱུར། མིག་རྣམ་པར་སྦྱོང་བ་ཤུ་ལོ་ཀ་སུམ་ཅུ་རྩ་གཉིས་པ། བར་ཆད་རྣམ་པར་སྦྱོང་བ་ཤུ་ལོ་ཀ་ཉི་ཤུ་རྩ་གཅིག་པ་ཡེ་ཤེས་སྡེའི་འགྱུར། འགྲོ་སྡིང་བའི་རིག་སྔགས་ཤུ་ལོ་ཀ་བཞི་བཅུ་རྩ་ལྔ་པ་ཡེ་ཤེས་སྡེའི་འགྱུར། འདི་ལ་ཀློག་ཟློག་ཀྱང་ཟེར། བར་ཆད་ཐམས་ཅད་སེལ་བ། མཆོད་པའི་སྤྲིན་ཤུ་ལོ་ཀ་བཅུ་དྲུག །ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཤུ་ལོ་ཀ་བཅོ་ལྔ། ཆོས་ཐམས་ཅད་ཀྱི་ཡུམ་ཤུ་ལོ་ཀ་དགུ། ཕྱིར་ཟློག་པ་སྟོབས་ཅན་ཤུ་ལོ་ཀ་བཅུ་གསུམ། མདངས་ཕྱིར་མི་འཕྲོག་པ་ཤུ་ལོ་ཀ། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ་ཤུ་ལོ་ཀ་བཅུ་བཞི་ཡེ་ཤེས་སྡེའི་འགྱུར། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཤུ་ལོ་ཀ་བཅུ་གསུམ། རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཤུ་ལོ་ཀ་བཅུ་གཉིས་ཡེ་ཤེས་སྡེའི་འགྱུར། རིམས་ནད་ཞི་བ། མིག་ནད་རབ་ཏུ་ཞི་བར་བྱེད་པ་ཤུ་ལོ་ཀ་བརྒྱད། འབྲུམ་བུའི་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས་ཤུ་ལོ་ཀ་བཅུ། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པ་ཤུ་ལོ་ཀ་ཉི་ཤུ་རྩ་གཉིས་པ་ཡེ་ཤེས་སྡེའི་འགྱུར། མི་རྒོད་རྣམ་པར་འཇོམས་པ་ཤུ་ལོ་ཀ་བཅོ་ལྔ། བུ་མང་པོ་སྟོན་པ་ཤུ་ལོ་ཀ་བཅུ་གསུམ་ཡེ་ཤེས་སྡེའི་འགྱུར། སྟོང་འགྱུར་གྱི་གཟུངས་ཤུ་ལོ་ཀ་བདུན། ཡེ་ཤེས་ཏ་ལ་ལ་ཤུ་ལོ་ཀ་ཉི་ཤུ། འོད་ཟེར་དྲི་མེད་ཤུ་ལོ་ཀ་བརྒྱད་ཅུ་རྩ་བདུན་པ་དཔལ་གྱི་ལྷུན་པོའི་འགྱུར། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན། རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ་ཤུ་ལོ་ཀ་བཞི་བཅུ། རྟེན་ཅིང་འབྲེལ་པར་འབྱུང་བ། རྟེན་འབྲེལ་སྙིང་པོ། རིན་པོ་ཆེ་བརྡར་བ། གཙུག་ཏོར་འབར་བ། སྨན་ལ་སྔགས་ཀྱིས་གདབ་པ། བསྐོར་བ་བྱ་བ་གཉིས། ཡོན་ཡོངས་སུ་སྦྱོང་བ་གཉིས། ཐོས་པ་འཛིན་པ། ཤེས་རབ་བསྐྱེད་པ་གསུམ། ཀླུའི་དབང་པོའི་འགྱུར། ཤུ་ལོ་ཀ་བརྒྱ་ལོབས་པ་གཉིས། སྟོང་ལོབས་པ་གསུམ། མི་བརྗེད་པ། ཕྱག་བྱ་བ། གོས་བརྒྱ་ཐོབ་པ། པད་མའི་སྤྱན། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ། སྐྲན་ཞི་བ། མ་ཞུ་བའི་ནད་འབྱུང་བ། སྡང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སྡིག་པ་ཞི་བར་བྱེད་པ། ཁྲོ་བ་ཞི་བར་བྱེད་བ། ཁྲོ་བ་ཞི་བ། ཚིག་བཙན་པ། བདག་བསྲུང་བ། ཡིད་དུ་འོང་བ། མགྲིན་པ་སྙན་པ། དོན་ཐམས་ཅད་གྲུབ་པ། ལས་གྲུབ་པ། དུག་ཐམས་ཅད་ཞི་བར་བྱེད་པ། བཅིངས་པ་ལས་གྲོལ་བ། བདུད་སྐྲག་པར་བྱེད་པ། རྨ་འབྱོར་བར་བྱེད་པ། མེའི་ཟུག་རྔུ་ཞི་བར་བྱེད་པ། མཁྲིས་པའི་ནད་སེལ་བ། བད་ཀན་གྱི་ནད་སེལ་བ། ཀྵ་ཡའི་ནད་སེལ་བ། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ། མཆོག་ཐོབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། སྟོང་ཕྲག་ཉི་ཤུ་ལྔ་པ། འཕགས་པ་བརྒྱད་སྟོང་པ་རྣམས་ཀྱི་གཟུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་བ། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་བ། ཚད་མེད་པ་བཞི་ཐོབ་པར་འགྱུར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བ། ཕལ་པོ་ཆེ་གཟུང་བར་འགྱུར་བ། སྡོང་པོ་བཀོད་པའི་སྙིང་པོ། ཏིང་ངེ་འཛིན་རྒྱལ་པོ་གཟུང་བར་འགྱུར་བ། སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་བ། ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླག་པར་འགྱུར་པའི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས་ལ་སོགས་པ་འདི་དག་མདོ་སྡེའི་ནང་ནས་ཕྱུང་བ་ཡིན་པས་རྒྱུད་དངོས་མ་ཡིན་པ་ཡང་གཟུངས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་སྔར་གྱི་རྒྱུད་འབུམ་རྣམས་སུ་བྲིས། གཞན་ཡང་གཟུངས་ཕྲན་མང་པོ་དེ་དང་འདྲའོ། །སྤྲིན་ཆེན་པོ་དང་། སྤྲིན་ཆེན་པོ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་སྡེའི་འགྱུར། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཤུ་ལོ་ཀ་སུམ་ཅུ། ཇོ་བོ་རྗེས་སྤྱན་དྲངས་པའི་ཚོགས་ཀྱི་བདག་པོའི་རྒྱུད་དངོས་གྲུབ་འབྱུང་བ། ཚོགས་ཀྱི་བདག་པོ་སྙིང་པོའི་ཤུ་ལོ་ཀ་བཅུ་དྲུག །ནོར་བུ་བཟང་པོའི་གཟུངས་ཤུ་ལོ་ཀ་བཅོ་ལྔ་ཀླུའི་དབང་པོའི་འགྱུར། ནོར་བུ་བཟང་པོའི་རྟོག་པ་བ་རིའི་འགྱུར། གཟའ་རྣམས་ཀྱི་ཡུམ་ཤུ་ལོ་ཀ་དྲུག་ཅུ། དེའི་གཟུངས། ནོར་གྱི་རྒྱུན་གྱི་གཟུངས་ཤུ་ལོ་ཀ་བརྒྱད་ཅུ་རྩ་དྲུག །ནོར་རྒྱུན་མའི་རྟོག་པ། གར་མཁན་མཆོག་གི་རྟོག་པ་སྔ་ཕྱི་གཉིས་རབ་ཞི་བཤེས་གཉེན་གྱི་འགྱུར། དཔལ་ནག་པོ་ཆེན་པོའི་རྒྱུད་ཕུར་བུ་འོད་ཀྱི་འགྱུར། ནག་པོ་ཆེན་པོའི་གཟུངས་ཤུ་ལོ་ཀ་ཕྱེད་དང་བདུན། ལྷ་མོ་ནག་མོའི་གཟུངས་ཤུ་ལོ་ཀ་བཅུ་གསུམ། ནག་པོ་ཆེན་པོའི་གཟུངས་ཤུ་ལོ་ཀ་བཅུ་གསུམ། ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ་ཡེ་ཤེས་སྡེའི་འགྱུར། ལྷ་མོ་ནག་མོའི་བསྟོད་པ། དེའི་མཚན་བརྒྱ་རྩ་བརྒྱད་པ། རོ་ལངས་བདུན་པའི་གཟུངས་ཤུ་ལོ་ཀ་བརྒྱད་ཅུ་རྩ་དགུ་ཡེ་ཤེས་སྡེའི་འགྱུར། སུ་རཱུ་པའི་གཟུངས་ཤུ་ལོ་ཀ། ཡེ་ཤེས་སྐར་མདའི་སྙིང་པོ། བདུད་རྩི་འབྱུང་བའི་གཟུངས། ཁ་འབར་མ་དབུགས་དབྱུང་བའི་གཏོར་ཆོག་ཤུ་ལོ་ཀ་ཉི་ཤུ། ཡི་དྭགས་ཁ་ནས་མེ་འབར་མ་ལ་སྐྱབས་མཛད་པའི་གཟུངས་ཤུ་ལོ་ཀ་་འཇུར་འགེགས་ལ་ཆུ་སྦྱིན་པའི་གཟུངས་ཤུ་ལོ་ཀ་ཡེ་ཤེས་སྡེའི་འགྱུར། མཆིལ་མ་དང་སྣབས་དང་། ལུས་ཀྱི་དྲི་མ་དང་དྲི་ཆེན་དང་དྲི་ཆུ་རྣམས་ཡི་དྭགས་ལ་སྦྱིན་པའི་གཟུངས་བ་རིའི་འགྱུར། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་རྩོད་པ་ཅན་དུ་གྲགས་ཀྱང་། ནག་ཚོ་ལོ་ཙྪ་བས་རྒྱུད་ཡང་དག་ཏུ་མཛད་པས། ཡང་དག་གོ་ཞེས་ཁ་ཅིག་གོ། འདིར་ཕྱིགས་བཅུའི་སངས་རྒྱས་རྗེས་སུ་དྲན་པའི་གཟུངས། རྡོ་རྗེ་མཆོག་བདེ་བར་བསྒྲགས་པ། བུ་མོ་ཨུ་མ་དེ་བ། འོད་ཟེར་སྒྲུབ་པ། སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་བམ་པོ་གཅིག །རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད་ཤུ་ལོ་ཀ་བཞི་བཅུ། ལག་ན་རྡོ་རྗེའི་གསང་བའི་མིང་བརྒྱད་པོ་གསང་སྔགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ཤུ་ལོ་ཀ་ཉེར་གཅིག །ནོར་བུ་བཟང་པོའི་སྙིང་པོ་ཤུ་ལོ་ཀ་བཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་སུམ་ཅུ། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་ཉི་ཤུ། ལྷ་མོ་ནོར་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོ་ཀ་ཉི་ཤུ། འདི་རྣམས་བཙལ་ལོ། །འདིར་ཁ་ཅིག་གིས། གསེར་འོད་དམ་པ། རིན་པོ་ཆེའི་ཏོག །དཀོན་མཆོག་ཏ་ལ་ལ། མཚན་མོ་བཟང་པོ། འདུས་པ་ཆེན་པོ། རྡོ་རྗེ་སྙིང་པོ། ཉི་མའི་སྙིང་པོ། ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པ་ལ་སོགས་པ་བྲིས་པ་ནི། ནོར་བ་ཡིན་ཏེ། མདོ་དང་རྒྱུད་མ་འདྲེས་པར་ཕྱེ་བའི་དཀར་ཆག་དག་ཏུ་མདོར་བཤད་པའི་ཕྱིར་རོ། །ཤེར་སྙིང་དང་ཚུལ་བརྒྱ་ལྔ་བཅུ་པའང་ཡིན་མོད་ཀྱི། ཤེར་སྙིང་ལ་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་སྣང་བའི་ཕྱིར་དང་། ཚུལ་བརྒྱ་ལྔ་བཅུ་པ་སྔགས་སུ་འཆད་པའི་འགྲེལ་པ་ཡོད་པས་སྔགས་སུའང་མི་འགལ་ལོ། །གཉིས་པ་སྤྱོད་པའི་རྒྱུད་ནི། རྩ་བའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་རྒྱུད་ཕྱི་མ་དང་བཅས་པ་བམ་པོ་དྲུག་དང་ཤུ་ལོ་ཀ་བརྒྱ་ལྔ་བཅུ་དཔལ་བརྩེགས་ཀྱི་འགྱུར། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་བམ་པོ་བཅུ་གཉིས་ཡེ་ཤེས་སྡེའི་འགྱུར། གཤིན་རྗེའི་གཤེད་ཁྲོ་བོ་རྣམ་པར་རྒྱལ་བ་སྲ་ཁོག་སྣང་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་སྟེ་གསུམ། རིགས་རལ་ན་རེ་འདི་གསུམ་བོད་ཀྱིས་བྱས་ཟེར་བ་མི་བདེན་ཏེ། འགྲེལ་ཏིག་ཁུངས་མ་རྣམས་སུ་འདི་དག་གི་ཚིག་མང་པོ་དྲངས་པའི་ཕྱིར་རོ་ཞེས་ཟེར་ཏེ། བརྟག་པའི་གནས་སོ། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདི་རྣམས་བྱ་བ་དང་རྣལ་འབྱོར་གྱི་ཆ་གཉིས་ཀ་དང་ལྡན་པས། གཉིས་ཀའི་རྒྱུད་ཅེས་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དུ་བཤད་དོ། །
གསུམ་པ་རྣལ་འབྱོར་གྱི་རྒྱུད་ནི། རྩ་བའི་རྒྱུད་དཔལ་དེ་ཉིད་བསྡུས་པ་རྒྱུད་ཕྱི་མ་དང་བཅས་པ་བམ་པོ་དགུ་རིན་ཆེན་བཟང་པོའི་འགྱུར། བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་བམ་པོ་གཉིས། ངན་སོང་སྦྱོང་རྒྱུད་བམ་པོ་གཉིས་རྒྱལ་བ་འཚོ་དང་རིན་ཆེན་མཆོག་གི་འགྱུར། སྦྱོང་རྒྱུད་ཀྱི་བརྟག་པ་ཕྱོགས་གཅིག་པ་ཆག་ཆོས་རྗེ་དཔལ་གྱི་འགྱུར། དཔལ་མཆོག་དང་པོའི་རྒྱུད་དུམ་བུ་བཞི་ཧོར་ཁོར་བསབས་པ་དང་བཅས་པ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར་ཏེ་ཇི་སྐད་དུ། ལོ་ཙྪ་ཆེན་པོ་རིན་ཆེན་བཟང་པོ་ཡིས། །དཔལ་མཆོག་དང་པོའི་རྒྱུད་འདི་བསྒྱུར་བ་ལ། །བར་བར་དཔེ་མ་རྙེད་པར་མ་འགྱུར་ནས། །བདག་གིས་འབད་པས་དཔེ་བཙལ་རྙེད་པས་བསྒྱུར། །ཞེས་འབྱུང་ངོ་། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅུང་མ་ཚང་བ་སྐུ་གསུང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པ། གསང་བ་ནོར་བུའི་ཐིག་ལེ་རྣམས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། རིག་པ་མཆོག་གི་རྒྱུད་འཇམ་དཔལ་སྒྱུ་དྲ་བ་འདིར་མགོན་པོ་ཀུན་སྣང་བཙལ་ལོ། །
བཞི་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་གསུམ་སྟེ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ཤེས་རབ་ཀྱི་རྒྱུད། ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དོ། །དང་པོ་ལ་གསང་བ་འདུས་པའི་སྐོར་ལ། རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་རིན་ཆེན་བཟང་པོ་དང་ཆོས་རྗེ་དཔལ་གྱི་འགྱུར། རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་རིན་ཆེན་བཟང་པོའི་འགྱུར། བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། དགོངས་པ་ལུང་སྟོན་རིན་ཆེན་བཟང་པོའི་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཁུ་དངོས་གྲུབ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལྷ་མོ་བཞིས་ཞུས་སྨྲྀ་ཏིའི་རང་འགྱུར། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། དཔལ་གསང་བ་འདུས་པའི་བཤད་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། འདི་ལ་ཆག་ཆོས་རྗེ་དཔལ་ལ་སོགས་པ་བོད་ཀྱི་ལྷད་ཡོད་པར་སྨྲ་སྟེ། གཉིས་མེད་རྣམ་རྒྱལ་གྱི་ལུང་ནཱ་རོ་འགྲེལ་ཆེན་དང་། རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དུ་དྲངས་པ་རྣམས། འདི་བས་ཆུང་བའི་གཉིས་མེད་རྣམ་རྒྱལ་ཡང་དག་ཅིག་ཡོད་ཀྱི། འདི་རྒྱ་ཕོ་བ་ལུང་བས་སོ་ཞེས་ཟེར་རོ། །ཁ་ཅིག་འདི་ལ་སྨྲྀ་ཏིའི་རང་འགྱུར་ཡོད་པས་འདི་ཡང་དག་ཡིན་ནོ་ཞེས་ཟེར་ཏེ་བརྟག་གོ། ཐམས་ཅད་གསང་བ་རིན་ཆེན་བཟང་པོའི་འགྱུར། འདི་སློབ་དཔོན་ཤཱན་ཏི་བས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ཡིན་ནོ། །ཁ་ཅིག་བླ་མེད་དུ་འདོད་དོ། །གཤིན་རྗེ་གཤེད་ཀྱི་སྐོར་ནི། དགྲ་ནག་གི་རྒྱུད་ཚུལ་ཁྲིམས་རྒྱལ་བ་དང་དར་མ་གྲགས་དང་། རྭ་རྡོ་རྗེ་གྲགས་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་གྲུབ་པར་བྱེད་པ་གཞོན་ནུ་གདོང་དྲུག་གི་རྒྱུད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་རྡོ་རྗེ་གྲགས་ཀྱི་འགྱུར། འཇིགས་བྱེད་སྐྱོ་ལུགས་པའི་རྟོག་པ་གསུམ་པ་དང་། རྟོག་པ་གཅིག་པ་དང་གསུམ་འདོད་དོ། །གཤིན་རྗེ་གཤེད་དམར་པོའི་རྒྱུད་གྲགས་པ་རྒྱལ་མཚན་དང་ཤོན་བློ་བརྟན་གྱི་འགྱུར། མི་གཡོ་བ་རྣལ་འབྱོར་ཆེན་པོའི་རྒྱུད་གྲགས་པ་རྒྱལ་མཚན་གྱི་འགྱུར། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་རིན་ཆེན་བཟང་པོའི་འགྱུར། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་འགར་ཆོས་བཟང་གི་འགྱུར། འདི་སློབ་དཔོན་ཛ་བ་རི་པས་རྣལ་འབྱོར་ཆེན་པོར་བཀྲལ་བ་ཡིན་ནོ། །ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་དར་མ་གྲགས་ཀྱི་འགྱུར། ཕྱག་ན་རྡོ་རྗེ་བེ་ཅོན་ཅན་གྱི་རྒྱུད། འདི་ཀླུ་སྒྲུབ་ལ་སོགས་པས་རྣལ་འབྱོར་ཆེན་པོར་བཞེད་ཅེས་ཟེར་རོ། །ཕྱག་ན་རྡོ་རྗེ་མེ་ལྕེའི་རྒྱུད་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་འགྲེལ་པ་མཛད་པས་རྣལ་འབྱོར་ཆེན་པོར་བཀྲལ་བས་བོད་མ་ཡིན་ནོ་ཟེར་བ་མི་བདེན་ནོ་ཞེས་ཁ་ཅིག་གོ། རིགས་ཀྱི་འཇིག་རྟེན་མགོན་པོའི་རྒྱུད་གྲགས་པ་རྒྱལ་མཚན་གྱི་འགྱུར། འདི་འགྲེལ་པ་མཛད་པས་རྣལ་འབྱོར་ཆེན་པོར་བཤད་པས་བྱ་བའི་རྒྱུད་དུ་བྱས་པ་ནོར་བ་ཡིན་ནོ། །རལ་པ་གཅིག་པའི་རྒྱུད་ཀྱི་བརྟག་པ་བྱམས་པའི་དཔལ་གྱི་འགྱུར། མགོན་པོ་མངོན་པར་འབྱུང་བ་ཆོས་རབ་ཀྱི་འགྱུར། མགོན་པོ་དངོས་གྲུབ་འབྱུང་བ་འཁོར་ལོ་གྲགས་ཀྱི་འགྱུར་རོ། །གཉིས་པ་ཤེས་རབ་ཀྱི་རྒྱུད་ནི་ཀྱེ་རྡོ་རྗེའི་སྐོར་ལ། རྩ་བའི་རྒྱུད་བརྟག་པ་གཉིས་པ། བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་མཁའ་འགྲོ་མ་རྡོ་རྗེ་གུར། རྒྱུད་མང་པོའི་བཤད་རྒྱུད་ཐུན་མོང་བ་དཔལ་སམ་བུ་ཊ་རྒྱུད་ཕྱི་མ་དང་བཅས་པ་རྣམས་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདེ་མཆོག་གི་སྐོར་ནི། བདེ་མཆོག་རྩ་རྒྱུས་རིན་ཆེན་བཟང་པོའི་འགྱུར། བཤད་པའི་རྒྱུད་ཨ་བྷི་དྷ་ན་རིན་ཆེན་བཟང་པོ་དང་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། རྡོ་རྗེ་མཁའ་འགྲོ་དང་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་གཉིས་འགོས་ཀྱི་འགྱུར། མཁའ་འགྲོ་རྒྱ་མཚོ་དྷརྨ་ཡོན་ཏན་གྱི་འགྱུར། སྡོམ་པ་འབྱུང་བའི་རྒྱུད་སྨོན་ལམ་གྲགས་དང་བློ་བརྟན་གྱི་འགྱུར། ཁྲག་འཐུང་མངོན་པར་འབྱུང་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། བདེ་མཆོག་ནམ་མཁའ་དང་མཉམ་པ་ཡེ་ཤེས་སྡེའི་རང་འགྱུར། གྲགས་པ་ནམ་མཁའ་དང་མཉམ་པ་ཆུང་ངུ་བྱང་ཆུབ་ཤེས་རབ་ཀྱི་འགྱུར། ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་གྱི་ཅོ་ཟླ་བའི་འོད་ཟེར་གྱི་འགྱུར། ཕག་མོ་མངོན་པར་བྱང་ཆུབ་པ་བཤད་པའི་རྒྱུད་ཁུ་དངོས་གྲུབ་ཀྱི་འགྱུར། རྣལ་འབྱོར་མ་བཞི་ཁ་སྦྱོར་ཡོན་ཏན་འབར་གྱི་འགྱུར། འབུམ་ཕྲག་གསུམ་པ་ལས་འབྱུང་བའི་རལ་པ་གྱེན་དུ་བརྫིས་པའི་སྒྱུ་མ་ཆེན་མོ་དྷརྨ་ཡོན་ཏན་གྱི་འགྱུར། བདེ་མཆོག་ར་ལིའི་རྒྱུད་ལ། དཔལ་གསང་བ་རྡོ་རྗེ། གསང་བ་གཅོད་པ། གསང་བ་བསམ་གྱིས་མི་ཁྱབ་པ། ནམ་མཁའ་དང་མཉམ་པ། ནམ་མཁའ་ཆེན་པོ། མཁའ་འགྲོ་མ་དྲ་བའི་སྡོམ་པ། རིན་ཆེན་ཕྲེང་བ། དམ་ཚིག་ཆེན་པོ། སྟོབས་པོ་ཆེ། ཡེ་ཤེས་གསང་བ། ཡེ་ཤེས་ཕྲེང་བ། ཡེ་ཤེས་ཟླ་བ། ཟླ་བའི་ཕྲེང་བ། རིན་ཆེན་འབར་བ། ཉི་མའི་འཁོར་ལོ། ཡེ་ཤེས་རྒྱལ་པོ། མཁའ་འགྲོ་གསང་བ། གསང་བ་མེ་འབར། གསང་བ་བདུད་རྩི། དུར་ཁྲོད་རྒྱན། རྡོ་རྗེ་རྒྱལ་པོ། ཡེ་ཤེས་བསམ་པ། ཆགས་པའི་རྒྱལ་པོ། མཁའ་འགྲོ་སྡོམ་པ། མཁའ་འགྲོ་གསང་བ། འཇིགས་བྱེད་རྣམ་འཇོམས། མེའི་ཕྲེང་བ། རྡོ་རྗེ་གྲུབ་པ། དྲ་བ་སྡོམ་པ་སྟོབས་ཆེན་ཡེ་ཤེས་རྒྱལ་པོ། དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་རྣམས། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ར་ལི་སུམ་ཅུ་རྩ་གཉིས་སུ་གྲགས་ན་ཡང་། འདི་ལས་གཞན་མ་ཟློས་པ་མི་སྣང་ལ། འདི་དག་ག་ཡ་དྷ་རས་འབྲོག་མི་དང་གཉོས་ལོ་ཙྪ་གཉིས་ཀ་ལ་བཤད་པའི་རྒྱ་དཔེ་ཅན་ཡིན་པས་བོད་ཀྱིས་བྱས་ཟེར་བ་མི་བདེན་ནོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ཀམ་ཆོས་ཀྱི་ཡེ་ཤེས་དང་ཕྱུགས་མཚམས་དགྲ་བཅོམ་གྱི་འགྱུར། ཆ་མཐུན་སྙིང་པོ་རྣལ་འབྱོར་མའི་རྒྱུད། ཡེ་ཤེས་ཐིག་ལེ། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་རྣམས་དཔལ་ཤེས་རབ་གསང་བའི་རང་འགྱུར། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་མཛོད་དགེ་བློའི་འགྱུར། འདི་རྣལ་འབྱོར་རྒྱུད་ཡིན་ཏེ་ཤཱན་ཏི་བས་དེར་བཀྲལ་བས་སོ་ཞེས་ཟེར་བ་མི་འཐད་དེ། རྡོ་རྗེ་གུར་ལས། གསང་བ་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ་འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། རྣལ་འབྱོར་པ་ཡི་རྒྱུད་ཆེན་རྣམས་སུ་གྲགས་པ་ཡིན། ཞེས་པས་སོ། །རྙོག་པ་མེད་པ། རྡོ་རྗེ་ཨཱ་ར་ལི། རི་ཥི་ཨཱ་ར་ལི་རྣམས་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལ་སོགས་པ་འདི་དག་ཀྱཻ་རྡོ་རྗེའི་ཆ་མཐུན་གྱི་རྒྱུད་དུ་ཁ་ཅིག་འདོད་དོ། །དཔལ་སངས་རྒྱས་མཉམ་སྤྱོར་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་གཉིས་ལྷ་རིན་པོ་ཆེའི་འགྱུར། རྒྱུད་ཕྱི་མའི་ཕྱི་མ་སྨྲྀ་ཏིའི་རང་འགྱུར། རྡོ་རྗེ་གདན་བཞི་རྩ་བའི་རྒྱུད། བཤད་པའི་རྒྱུད། མནྡྲ་ཨཾ་པ། གདན་བཞི་ལས་སྦྱོར་བའི་རབ་ཏུ་བྱེད་པ། མ་ཧཱ་མཱ་ཡའི་རྒྱུད་རྣམས་འགོས་ཀྱི་འགྱུར། རྡོ་རྗེ་བདུད་རྩིའི་རྒྱུད་དང་། སངས་རྒྱས་ཐོད་པའི་རྒྱུད་གཉིས་གྱི་ཅོའི་འགྱུར། འདིར་ཧེ་རུ་ཀ་རོལ་པ་བལ་པོ་ཤྲཱི་ཀཱིརྟིའི་རང་འགྱུར་དེར་བཅུག་མོད་ཀྱི། དེ་ཡང་དག་ཏུ་མི་འདུག་པས་དོར་བར་བྱའོ། །དཔལ་ཟླ་གསང་ཐིག་ལེ་རིན་ཆེན་བཟང་པོའི་འགྱུར། སྒྲོལ་མ་དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་རྨ་བན་ཆོས་འབར་གྱི་འགྱུར་འདི་རྒྱུད་འབུམ་དུ་མ་ཆུད། སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་པ་ཤུ་ལོ་ཀ་ཉི་ཤུ་རྩ་བདུན། འདི་ཉི་མ་སྦས་པས་རྣལ་འབྱོར་ཆེན་པོར་བཤད། དཔལ་དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ཤུ་ལོ་ཀ་སུམ་བརྒྱ་བརྒྱད་ཅུ་རྩ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གཉིས་སུ་མེད་པའི་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་རྣམས་རྣལ་འབྱོར་པ་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ཡིན་ཞེས་པ་འདི་རྣམས་བརྟག་གོ། གསུམ་པ་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ནི་་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པ་བམ་པོ་གཅིག །རིན་ཆེན་བཟང་པོའི་འགྱུར། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་པ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་རྭ་ཆོས་རབ་ཀྱི་འགྱུར། སྤྱིར་འདི་ལ་འགྱུར་བཅུ་བཞི་ཡོད། རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་དར་མ་གྲགས་ཀྱི་འགྱུར། དབང་གི་རབ་ཏུ་བྱེད་པ་འབྲོ་འགྱུར། བཀོལ་བའི་རྒྱུད་ཀྱི་དུམ་བུ་གྱི་ཅོའི་འགྱུར། ཡང་བཀོལ་བའི་རྒྱུད་ལྕེ་སྤྱང་རོལ་པ་དང་། རྡོ་རྗེ་གླུ་གར་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བ་དང་གསུམ། འདི་རྣམས་ཁ་ཅིག་མ་དག་པར་འདོད་དོ། །དེ་ལྟར་རྒྱུད་བཞི་བརྒྱར་གཉིས་ཆད་པ་ཡོད་དོ། །སྔ་འགྱུར་གསང་སྔགས་རྙིང་མ་ནི། ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་། འགོས་ཁུག་པ་ལྷས་བཙས་ལ་སོགས་པ་རྣམས། ཡང་དག་པ་མ་ཡིན་པར་སྨྲ་ལ། ཁོ་བོའི་བླ་མ་སྐད་གཉིས་སྨྲ་བ་ཉི་མའི་མཚན་ཅན་དང་རིགས་རལ་ལ་སོགས་པ། བསམ་ཡས་ནས་རྒྱ་དཔེ་རྙེད་པའི་ཕྱིར་དང་། ཕུར་པ་རྩ་བའི་དུམ་བུའི་རྒྱ་དཔེ་བལ་པོར་ཡང་སྣང་བས། རྒྱུད་ཡང་དག་གོ་ཞེས་གསུང་ངོ་། །ཁོ་བོས་ནི། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པའི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་འབྱུང་བ་དང་། ཆོས་ཡིན་པ་ལ་མ་ཡིན་ཟེར་བ་དང་། མ་ཡིན་པ་ལ་ཡིན་ཟེར་བ་ལས་འབྲས་མཉམ་པར་བཤད་པས་དང་། ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག །མི་ཤེས་མཐོང་བ་མེད་པར་རྒྱུ་བཞི་ཡིས། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེ། །ཆོས་ལ་ཉེས་སྨོད་ཐུབ་པའི་གཞུང་ལས་བཀག །ཅེས་ཟེར་བ་བཞིན་དུ། བཏང་སྙོམས་སུ་བཞག་གོ། བློ་དང་ལྡན་པ་རྣམས་ཀྱིས། རྟོན་པ་བཞི་དང་། བརྟག་པ་གསུམ་ལ་བརྟེན་ནས་དཔྱད་པར་བྱའོ། །གཉིས་པ་རྒྱུད་ཀྱི་དགོངས་འགྲེལ་ལ་སོ་སོ་དང་། སྤྱིའི་དགོངས་འགྲེལ་གྱི་དང་པོ་ལ་བཞི་ལས། བྱ་བའི་རྒྱུད་ཀྱི་དགོངས་འགྲེལ་ནི། བྱ་བའི་རྒྱུད་བསམ་གཏན་ཕྱི་མའི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་བམ་པོ་གསུམ་དཔལ་བརྩེགས་ཀྱི་འགྱུར། དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་དོན་བསྡུས་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་བམ་པོ་ལྔ་དང་། ཚིག་དོན་བཤད་པའི་བརྗེད་བྱང་བམ་པོ། སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པའི་ལེགས་པར་གྲུབ་པའི་ཐབས་བསྡུས་པ་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པའི་གཙུག་ཏོར་དྲི་མེད་གཟུངས་ཀྱི་འགྲེལ་པ་ཁམས་པ་ཚུལ་ཁྲིམས་བརྩེགས་ཀྱི་འགྱུར། དྲི་མེད་ཀྱི་གཟུངས་བཀླག་ཅིང་མཆོད་རྟེན་གདབ་པའི་ཆོ་ག །སློབ་དཔོན་ཞི་བ་འཚོས་མཛད་པའི་དྲི་མེད་ཀྱི་མཆོད་ཆོག་རྒྱས་པ། སློབ་དཔོན་ཤུ་རིངྒ་ཝརྨས་མཛད་པའི་གཙུག་ཏོར་གདུགས་དཀར་གྱི་འགྲེལ་པ་དང་། གཟུངས་འདོན་པའི་ཆོ་ག་གཉིས་འཕགས་པ་ཤེས་རབ་ཀྱི་འགྱུར། གདུགས་དཀར་གྱི་བསྟོད་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གདུགས་དཀར་གྱི་སྒྲུབ་ཐབས་འཕགས་པ་ཤེས་རབ་ཀྱི་འགྱུར། བསྲུང་བའི་འཁོར་ལོ། འཁྲུལ་འཁོར་བཅིང་པ། འཆི་བ་ཟློག་པ། བགེགས་བཟློག་པ། དམག་དཔུང་གཞོམ་པ། དངོས་གྲུབ་སྒྲུབ་པ། འཇིགས་པ་ལས་སྐྱོབ་པ། སེར་བ་བསྲུང་བ། ནད་གསོ་བ། གཏོར་མ་གཏང་བ། གཟུངས་ཀྱི་སྒྲུབ་ཐབས་མ་ཧཱ་ཛ་ནའི་རང་འགྱུར། གཟུངས་ཀྱི་ཆོ་ག་འཕགས་པ་ཤེས་རབ་ཀྱི་འགྱུར། གཏོར་ཆོག་རྒྱས་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པའི་གདུགས་དཀར་གྱི་སྦྱིན་སྲེག །རྡོ་རྗེ་གདན་པས་མཛད་པའི་གདུགས་དཀར་ཅན་གྱི་ཉེ་བར་བཤད་པ་བ་རིའི་འགྱུར། སློབ་དཔོན་གི་རི་ཝ་རྟས་མཛད་པའི་གདུགས་དཀང་ཅན་གྱི་ཆོ་གའི་རིམ་པ། གཙུག་ཏོར་གདུགས་དཀར་ལ་བསྟོད་པ་སློབ་དཔོན་གི་རི་ཝ་རྟས་བྱས་པ། སློབ་དཔོན་ཤཱན་ཏི་པས་མཛད་པའི་སོ་སོར་འབྲང་མའི་འཁོར་ལོ་བྲི་ཐབས། སོ་སོར་འབྲང་མ་ཆེན་མོའི་རིག་པའི་ཆོ་ག་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཛེ་ཏཱ་རིས་མཛད་པའི་གྲ་ལྔའི་སྤྱི་སྒྲུབ། ལྷ་མོ་སོ་སོའི་སྒྲུབ་ཐབས་ལྔ། འཁོར་ལོ་བྲི་བའི་ཆོ་ག །ལྷ་མོ་ལྔ་ལ་བསྟོད་པ། སུ་མ་ཏི་ཀཱིརྟིས་མཛད་པའི་གྲ་ལྔའི་ཆོ་ག །གཞན་ཡང་མོ་གཤམ་གྱི་སྲིད་སྒྲུབ། དེ་རྣམས་སྔར་བ་རི་དང་། ཕྱིས་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཤཱན་ཏི་པས་མཛད་པའི་བསྲུང་བ་ལྔའི་ཆོ་ག་བཀྲ་ཤིས་རྒྱལ་མཚན་དང་ཆོས་རྗེ་དཔལ་གྱི་འགྱུར། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ཀྱི་འགྲེལ་པ་ཚིག་ལེའུར་བྱས་པ་དང་། རྒྱ་ཆེར་འགྲེལ་པ་གཉིས་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། སློབ་དཔོན་ཞི་བ་འཚོས་མཛད་པའི་དེ་བཞིན་གཤེགས་པ་བདུན་གྱི་མཆོད་པའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་འདི་མདོ་སྡེའི་ཕྱོགས་སུ་གཏོགས་པར་སེམས་སོ། །སློབ་དཔོན་སུཾ་བྷ་ཀ་རས་མཛད་པའི་དཔའ་བོ་གཅིག་གྲུབ་ཀྱི་འགྲེལ་པ་དཱ་ན་ཤཱི་ལའི་རང་འགྱུར། པཎྜི་ཏ་མ་ཏིས་མཛད་པའི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་དང་། བསྐྱེད་རིམ་དང་མཐུན་པར་བསྟོད་པ་གཉིས། གཉན་དར་མ་གྲགས་ཀྱི་འགྱུར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་ཀྱིས་མཛད་པའི་འཇམ་དབྱངས་དཀར་པོ་ལ་བསྟོད་པ་གསེར་གྱི་ཕྲེང་བ་ངག་གི་དབང་ཕྱུག་གི་བསྟོད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། འཕགས་པ་འཇམ་དཔལ་ལ་ཁྱད་པར་གྱི་བསྟོད་པ་སློབ་དཔོན་ཨ་ན་ན་ཏ་ཤྲཱི་མི་ཏྲས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། པཎྜི་ཏ་ཟླ་བ་འབྱུང་གནས་སྦས་པས་མཛད་པའི་འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་བྱམས་པའི་དཔལ་གྱི་འགྱུར། ཤྲདྡྷཱ་ཨ་ཀ་རས་མཛད་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཆོས་རྗེ་དཔལ་གྱི་འགྱུར། ཨ་ར་པ་ཙ་ནའི་མཆོད་པའི་ཆོ་གའོ། །སྤྱན་རས་གཟིགས་ཀྱི་སྐོར་ལ། སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་ཁར་ས་བཱ་ཎིའི་སྒྲུབ་ཐབས་ཤཱཀྱ་བློ་གྲོས་ཀྱི་འགྱུར། དགེ་སློང་མ་དཔལ་མོས་མཛད་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། སྤྱན་རས་གཟིགས་ཀྱི་བསྟོད་པ། སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ། ཐུགས་རྗེ་ཆེན་པོ་ལ་བསྟོད་པ་སྟེ་བཞི། དགེ་སློང་མ་དཔལ་མོས་མཛད་པ། དོན་ཡོད་ཞགས་པའི་དཀྱིལ་འཁོར་གྱི་ལྷ་བཅུ་བདུན་ལ་བསྟོད་པ་དྲི་མ་མེད་པའི་འོད། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ་དགེ་བསྙེན་ཟླ་བས་མཛད་པ་འགོས་འགྱུར། སྤྱན་རས་གཟིགས་ཀྱི་བསྟོད་པ་ཙ་ར་པ་ཊི་པས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། འཇིག་རྟེན་དབང་ཕྱུག་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བསྟོད་པ་བྱང་འབུམ་གྱི་འགྱུར། ཨེར་པ་ཏིས་མཛད་པའི་དོན་ཞགས་ལྷ་ལྔའི་བསྟོད་པ་བ་རིའི་འགྱུར། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་བ། སྤྱན་རས་གཟིགས་འཁོར་དང་བཅས་པ་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་ཡིད་འཕྲོག་སྡིག་འཇོམས་དཱ་ན་ཤཱི་ལའི་རང་འགྱུར། དོན་ཞགས་ལྷ་ལྔའི་བསྟོད་བ་སྟེ་གསུམ་པོ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་བ། སྙིང་རྗེ་ལ་བསྟོད་པ་དགེ་བསྙེན་ཀུན་སྦྱིན་གྱིས་མཛད་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་བའི་འཇིག་རྟེན་དབང་ཕྱུག་ལ་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པ་བྱིན་རླབས་ཅན། སེང་གེ་སྒྲའི་བསྟོད་པ་སའི་དཔལ་གྱིས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། ཙནྟྲ་གོ་མིས་མཛད་པའི་སེང་གེ་སྒྲའི་སྒྲུབ་ཐབས་དཔྱལ་ཆོས་བཟངས་ཀྱི་འགྱུར། ཇོ་བོ་རྗེས་མཛད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་རྒྱལ་བ་མཆོག་དབྱངས་ཀྱི་འགྱུར། ཁར་ས་པཱ་ནིའི་སྒྲུབ་ཐབས་མི་འདྲ་བ་གཉིས་མི་ཕམ་བཤེས་གཉེན་གྱིས་མཛད་པ་བྱམས་པའི་དཔལ་གྱི་འགྱུར། འདི་གཉིས་བསྟན་འགྱུར་དུ་མ་ཆུད། པཎྜི་ཏ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པའི་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གྲུ་བོ་བྱམས་པའི་དཔལ་གྱི་འགྱུར། དེའི་ཕྱོགས་མཐུན་ཁྲོ་བོ་ནི། སློབ་དཔོན་ཙནྟྲ་གོ་མིས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། སློབ་དཔོན་པྲ་བྷ་ཀ་རས་མཛད་པའི་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པའི་རྟ་མགྲིན་གྱི་སྒྲུབ་ཐབས་གཉིས་ཉི་མ་རྒྱལ་མཚན་གྱི་འགྱུར། རྟོག་པ་བདུན་བརྒྱ་པ་ནས་འབྱུང་བའི་རྟ་མགྲིན་གྱི་སྒྲུབ་ཐབས་བྱམས་པའི་དཔལ་གྱི་འགྱུར། ཇོ་བོ་རྗེས་མཛད་པའི་རྟ་མགྲིན་པད་མ་ཕྱག་དྲུག་པ་དང་། ཕྱག་བཞི་པ་གཉིས། ཕྱག་ན་རྡོ་རྗེའི་སྐོར་ལ། མདོ་ལུགས་སུ་གྲགས་པ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གཟུངས་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ། དངོས་གྲུབ་ཉེ་བར་བྱེད་པའི་སྒྲོལ་མ། དངོས་གྲུབ་ཉེ་བར་བྱེད་པ་མཆོད་རྟེན་སྔོན་པོའི་ཆོ་ག །གནོད་པ་སེལ་བའི་བདུད་རྩི། རྡོ་རྗེ་བྱབས་པའི་ལས་ཚོགས། ཡན་ལག་བདུན་པའི་སྒྲུབ་ཐབས་རྣམས་རྒྱ་བརྩོན་སེང་གི་འགྱུར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་ལ། སྒྲུབ་ཐབས་ཆེན་པོ་ལྷ་དགུ་མ། དཔའ་བོ་གཅིག་པའི་སྒྲུབ་ཐབས། གཟུངས་ཀྱི་སྒྲུབ་ཐབས། འཁོར་ལོའི་མན་ངག །གཏོར་མའི་ཆོ་ག །སྡེ་དཔོན་བཞིའི་སྒྲུབ་ཐབས། དོན་འགྲལ་སྒྲོན་མ། སྒྲུབ་པའི་རིམ་པ། བུམ་པའི་ཆོ་ག །དེ་ཁོ་ན་ཉིད་སྒྲོན་མ་སྒྲུབ་པའི་མན་ངག །ལས་ཚོགས་བསྡུས་པ། མཁའ་ལྡིང་རྒྱལ་པོའི་སྒྲུབ་ཐབས། དེ་རྣམས་བརྩོན་འགྲུས་སེང་གིའི་འགྱུར། སློབ་དཔོན་བཱིརྱ་ཙནྡྲས་མཛད་པའི་ཕྱག་རྡོར་གྱི་བསྟོད་པ། ཡང་དེས་མཛད་ཟེར་བའི་ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་ལག་ཏུ་བླང་བའི་སྒྲུབ་ཐབས་ལ་སོགས་པ་གསུམ། ཕྱག་ན་རྡོ་རྗེ་ལ་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཚིགས་བཅད་དྲུག་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་བསྟོད་པ། ཇོ་བོ་རྗེས་མཛད་པའི་བསྟོད་པ་བཙོན་སེང་གི་འགྱུར། ཕྱག་ན་རྡོ་རྗེའི་བསྟོད་པ། མདོ་ལུགས་ཆ་ལག་མ་ཆང་བ་འགའ་ཞིག །རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཟ་བར་སྣང་། སློབ་དཔོན་ཤྲདྡྷཱ་ཀ་རས་མཛད་པའི་ཕྱག་རྡོར་གྱི་སྒྲུབ་ཐབས། སློབ་དཔོན་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པའི་ཕྱག་རྡོར་གྱི་སྒྲུབ་ཐབས་བ་རིའི་འགྱུར། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་ན་རྡོ་རྗེ་གོས་དཀར་ཅན་གྱི་སྒྲུབ་ཐབས། རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་པ་དཔལ་བརྩེགས་ཀྱི་འགྱུར། སྒྲུབ་པའི་ཐབས་འཇམ་དཔལ་གོ་ཆའི་འགྱུར། སློབ་དཔོན་ཀརྨ་ཝརྨས་མཛད་པའི་ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས་ཀྱི་འགྲེལ་པ་དང་། རིག་སྔགས་གཏད་པའི་ཆོ་ག་གཉིས་ནག་ཚོའི་འགྱུར། སློབ་དཔོན་ཉིན་མཛད་རྡོ་རྗེས་མཛད་པའི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཤྲཱི་ཀུ་མཱ་ར་ཀ་ལ་ཤུའི་རང་འགྱུར། སློབ་དཔོན་ཡེ་ཤེས་དཔལ་གྱི་རྡོ་རྗེ་སྙིང་པོའི་མན་ངག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་ན་རྡོ་རྗེ་གཏུམ་པོ་ལྷ་ལྔའི་དཀྱིལ་ཆོག་ལས་ཚོགས་ཡན་ལག་བརྒྱད་པ་རྣམས་སོ། །ཕྱོགས་མཐུན་རྣམ་འཇོམས་ཀྱི་སྐོར་ལ། སློབ་དཔོན་ས་ཝ་རི་པས་མཛད་པའི་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ། དཀྱིལ་མཆོག་རིན་ཆེན་སྣང་བ། རྡོ་རྗེ་ཁྲོ་བོས་གསད་པའི་ཕྲིན་ལས། རྣམ་འཇོམས་གཏུམ་པོའི་སྒྲུབ་ཐབས། བྲམ་ཟེ་པ་ར་མ་ཏིས་མཛད་པའི་སྦྱིན་སྲེག །སློབ་དཔོན་ཨ་མོ་པ་ནཱ་ཏས་མཛད་པའི་རྣམ་འཇོམས་གཏུམ་པོའི་སྒྲུབ་ཐབས་ཏེ་དྲུག །འགར་ཆོས་ཀྱི་བཟང་པོའི་འགྱུར། སློབ་དཔོན་བོ་དྷི་ས་ཏྭས་མཛད་པའི་རྣམ་འཇོམས་འགྲེལ་པ་དཔལ་བརྩིགས་ཀྱི་འགྱུར། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་རྣམ་འཇོམས་ཀྱི་དོན་བཤད་དང་རྒྱ་ཆེར་འགྲེལ་གཉིས། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་བཤད་པ། སློབ་དཔོན་བདེ་བའི་མྱུ་གུས་མཛད་པ། སློབ་དཔོན་པད་མས་མཛད་པའི་རྡོ་རྗེ་རྣམ་འཇོམས་ཀྱི་འགྲེལ་པ་རྡོ་རྗེ་སྒྲོན་མ། སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པའི་རྡོ་རྗེ་རྣམ་འཇོམས་ཀྱི་འགྲེལ་པ་རིན་ཆེན་བཟང་པོའི་འགྱུར། དེས་མཛད་པའི་ཁྲུས་ཆོག་གི་འགྲེལ་པ་ལས་ཀྱི་མཐའ་བཅོ་བརྒྱད་པའི་མན་ངག །སྨྲྀ་ཏིས་མཛད་པའི་རྣམ་འཇོམས་ཀྱི་འགྲེལ་པ་དང་། གཟུངས་ཀྱི་མན་ངག་གཉིས་དེ་ཉིད་ཀྱི་རང་འགྱུར། སློབ་དཔོན་ཤུ་རཾ་ག་ཝ་རྨ་བཛྲས་མཛད་པའི་རྣམ་འཇོམས་དཀྱིལ་འཁོར་དྲུག་གི་ཆོ་ག་རིན་པོ་ཆེའི་མིག་ཐུར། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་ཁྲུས་མཆོག །སློབ་དཔོན་ཙནྟྲ་གོ་མིས་མཛད་པའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་མདོང་བསྡུས། བྲམ་ཟེ་ཛ་ཡ་ཝརྨས་མཛད་པའི་རྣམ་འཇོམས་དཀྱིལ་ཆོག །བྲམ་ཟེ་གང་གཱ་དྷ་རས་མཛད་པའི་རྣམ་འཇོམས་སྒྲུབ་ཐབས། རབ་ཞི་བཤེས་གཉེན་གྱི་འགྱུར། བྲམ་ཟེ་པཱ་ཎི་བཛྲས་མཛད་པའི་རྣམ་འཇོམས་སྒྲུབ་ཐབས། བསྟོད་པ། བུམ་ཆོག་ཞི་བའི་སྦྱིན་སྲེག །གཏོར་ཆོག །ལས་བཞི་བསྒྲུབ་པའི་ཆོ་ག །པཎྜི་ཏ་ཛྙཱ་ན་ཤྲཱིའི་རྣམ་འཇོམས་བསྒྲུབ་པའི་སྦྱིན་སྲེག །འཁོར་ལོའི་ཆོ་ག་ལ་སོགས་པ་རབ་ཞི་བཤེས་གཉེན་གྱི་འགྱུར། སློབ་དཔོན་གཞོན་ནུའི་སྡེས་མཛད་པའི་རྣམ་འཇོམས་སྒྲུབ་ཐབས་ཆོ་ག་ཞིབ་མོ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་འཇོམས་འགྲེལ་པ་རིན་ཆེན་གསལ་བ། སྒྲུབ་ཐབས་དཔའ་བོ་གཅིག་པ། གཏོར་མ་རྣམས་འཇམ་དཔལ་གོ་ཆ་དང་བསོད་ནམས་མོས་པའི་འགྱུར། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པའི་སྒྲུབ་ཐབས། ཁྲུས་མཆོག །དཀྱིལ་ཆོག །སློབ་དཔོན་མར་མེ་མཛད་བཟང་པོ་དང་། པདྨ་དང་། ཡེ་ཤེས་རྡོ་རྗེ་ལ་སོགས་པས་མཛད་ཟེར་བའི་རྣམ་འཇོམས་སྒྲུབ་ཐབས་བརྒྱ་རྩ་རྣམས་དང་། རྣམ་འཇོམས་ཀྱི་འགྲེལ་པ་སློབ་དཔོན་པྲ་ཏི་ཝ་ན་ཙནྡྲས་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ནས་བཏུས་པའི་འགྲེལ་པ་རྣམས་སོ། །ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་གི་མངོན་པར་རྟོགས་པའི་འགྲེལ་པ་གཟི་བརྗིད་སྣང་བ་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་རྩོད་པ་ཅན་ཟེར། སློབ་དཔོན་ཛེ་ཏཱ་རི་པས་མཛད་པའི་མི་གཡོ་བའི་སྒྲུབ་ཐབས་གཞོན་ནུ་འབར་གྱི་འགྱུར། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཚིགས་བཅད་དྲུག་པ་དང་། ལྷུག་པ་གཉིས་དཱ་ན་ཤཱི་ལའི་རང་འགྱུར། ཇོ་བོ་རྗེས་མཛད་པའི་མི་འཁྲུགས་པའི་སྐོར་བཞི་ལ་དཀྱིལ་ཆོག་རིན་ཆེན་བཟང་པོའི་འགྱུར། སྒྲུབ་ཐབས་རྒྱས་པ་དང་བསྡུས་པ་གཉིས་ནག་ཚོའི་འགྱུར། སྦྱིན་སྲེག་གི་ཆོ་གའོ། །སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་མི་འཁྲུགས་པའི་ཆོ་ག །སློབ་དཔོན་ཛེ་ཏཱ་རི་པས་མཛད་པའི་མི་འཁྲུགས་པའི་སྒྲུབ་ཐབས་གཉན་གྱི་འགྱུར། ཇོ་བོ་རྗེས་མཛད་པའི་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ལ་བསྟོད་པ་གཉིས་ནག་ཚོའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲོལ་མ་སྤྱིའི་སྒྲུབ་ཐབས་གཉན་གྱི་འགྱུར། དེས་མཛད་པའི་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྣམ་པར་སྣང་མཛད་རྡོ་རྗེའི་རང་འགྱུར། སྒྲོལ་མའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ་ཚིགས་བཅད་བཅུ་དྲུག་པ། སློབ་དཔོན་ཙནྟྲ་གོ་མིས་མཛད་པ་ལ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་ནག་ཚོ་དང་བློ་གྲོས་གྲགས་ཀྱི་འགྱུར། དཔལ་ཆེན་མོ་སྒྲོལ་མ་ལ་བསྟོད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། འཇིགས་པ་བརྒྱད་ལས་སྐྱོབ་པར་བསྟོད་པ་རྒྱས་བསྡུས་གཉིས་ཏེ་དྲུག །ཙནྟྲ་གོ་མིས་མཛད། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་དྷརྨ་ཡོན་ཏན་གྱི་འགྱུར། འདི་བསྟན་འགྱུར་དུ་མ་ཆུད། ཤཱཀྱ་ཤྲཱིས་མཛད་པའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་བི་བྷུ་ཏིའི་རང་འགྱུར། སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་རྒྱས་བསྡུས་གཉིས་དང་། བསྟོད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མས་མཛད་པའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་བ་རིའི་འགྱུར། ངག་དབང་གྲགས་པས་མཛད་པའི་སྒྲོལ་མའི་བསྟོད་པ་བ་རིའི་འགྱུར། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲུབ་ཐབས་དགེ་སློང་ཆོས་རྒྱལ་འཕགས་པའི་འགྱུར། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་བྱམས་པའི་དཔལ་གྱི་འགྱུར། འདི་མ་ཆུད། ཇོ་བོ་རྗེས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་དགེ་བློའི་འགྱུར། དཔལ་མར་མེ་མཛད་ཀྱིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཆོམ་རྐུན་འཆིང་བ་ཞང་གྲུབ་པ་དཔལ་གྱི་འགྱུར། ལྷ་མོ་དམ་ཚིག་སྒྲོལ་མའི་བསྟོད་པ། སློབ་དཔོན་ཨཀྵོ་བྷྱ་བཛྲས་མཛད་པའི་འཕགས་མ་སྒྲོལ་མ་ལ་བསྟོད་པ། པཎྜི་ཏ་འབུམ་ཕྲག་གསུམ་པས་མཛད་པའི་སྒྲོལ་མའི་བསྟོད་པ། སློབ་དཔོན་དྲི་མེད་ལྷས་མཛད་པའི་སེང་གེ་སྒྲ། ཁར་ས་པཱ་ཎི། ལྷ་མོ་སྒྲོལ་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། འཇམ་དབྱངས་རྒྱལ་པོ། གཤིན་རྗེ་གཤེད། ནོར་རྒྱུན་མ། ཀུ་རུ་ཀུ་ལླེ། གནོད་གནས། ཁྲོ་གཉེར་ཅན། འོད་ཟེར་ཅན་གྱི་སྒྲུབ་ཐབས་དང་བཅུ་གཅིག །སློབ་དཔོན་པུ་ཛ་བཛྲས་མཛད་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས་ཤཱཀྱ་བློ་གྲོས་ཀྱི་འགྱུར། སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ། སློབ་དཔོན་ནེར་བན་རཀྵི་ཏས་མཛད་པའི་རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དགེ་བ་འདོད་འཇོའི་རྣམ་བཤད་འགོས་ཀྱི་འགྱུར། སློབ་དཔོན་ཛེ་ཏཱ་རི་པས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་དར་མ་གྲགས་ཀྱི་འགྱུར། ཀླུ་སྒྲུབ་ཀྱིས་མཛད་པའི་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་རིན་ཆེན་བཟད་པོའི་འགྱུར། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བྱམས་པའི་སྒྲུབ་ཐབས་འབྲོམ་སྟོན་པའི་འགྱུར། སློབ་དཔོན་པྲ་བྷ་ཀཱིརྟིས་མཛད་པའི་ཁྲོ་བོ་གཏུམ་པོའི་སྒྲུབ་ཐབས་དཱ་ན་ཤཱི་ལའི་རང་འགྱུར། གར་མཁན་མཆོག་གི་བརྟག་པ་ལ་བརྟེན་ནས། སློབ་དཔོན་ཤུ་རང་ག་ཝརྨས་མཛད་པའི་རྣམ་སྲས་ཀྱི་སྒྲུབ་ཐབས་འཕགས་པ་ཤེས་རབ་ཀྱི་འགྱུར། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་རྣམ་སྲས་ཀྱི་སྒྲུབ་ཐབས་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་རྣམ་སྲས་ཀྱི་བསྟོད་པ་ཐུགས་རྗེ་བ་འཇོ་ཟངས་དཀར་གྱི་འགྱུར། རྣམ་སྲས་བསྟོད་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་ཆུ་སྦྱིན་དབང་པོའི་སྒྲུབ་ཐབས་གསུམ་ཆོས་ཀྱི་ཤེས་རབ་དང་དྷརྨ་ཡོན་ཏན་གྱི་འགྱུར། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་ཛམ་བྷ་ལའི་སྒྲུབ་ཐབས་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་ཨ་བྷ་ཡས་མཛད་པའི་ཛམ་བྷ་ལའི་སྒྲུབ་ཐབས་ཚུལ་ཁྲིམས་འབྱུང་གནས་སྦས་པ་དང་ཆོས་རྗེ་དཔལ་གྱི་འགྱུར། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་ཛམ་བྷ་ལའི་བསྟོད་པ་པ་ཚབ་ཀྱི་འགྱུར། འཕགས་པ་མ་ཏིས་མཛད་པའི་ཛམ་བྷ་ལའི་སྒྲུབ་ཐབས་གཉན་གྱི་འགྱུར། པཎྜི་ཏ་ཛྙཱ་ན་བཛྲས་མཛད་པའི་ཛམ་བྷ་ལའི་བསྟོད་པ། མིའི་དབང་པོ་ཉི་མ་རྣམ་པར་གནོན་པས་མཛད་པའི་ཛམ་བྷ་ལའི་བསྟོད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། རྨུགས་འཛིན་འཆོལ་པའི་མན་ངག་གི་བསྟོད་པ། དྷ་བྱང་ཆུབ་སེམས་དཔས་མཛད་པ། སློབ་དཔོན་ནོར་སྦྱིན་གྱིས་མཛད་པའི་རྨུགས་འཛིན་འཆོལ་པའི་སྒྲུབ་ཐབས་བུམ་འཁྱིལ་བྱམས་པའི་དཔལ་གྱི་འགྱུར། ཁྱད་པར་དུ་འཕགས་པའི་བསྟོད་པ། བསྟོད་པ་ཚིགས་བཅད་དགུ་པ། བསྟོད་པ་ཐུགས་རྗེ་བ་འཇོ་དེ་རྣམས་བྱམས་པའི་དཔལ་གྱི་འགྱུར། འདི་བཞི་མ་ཆུད། གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཛ་མཱ་རིའི་རང་འགྱུར། སློབ་དཔོན་སྣང་མཛད་མྱུ་གུས་མཛད་པའི་ལེགས་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས། བྲམ་ཟེ་ཕུར་བུས་མཛད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་དང་། བསྟོད་པ་གྲུབ་པའི་ངག་གི་འོད་ཟེར་གཉིས་དྷརྨ་ཡོན་ཏན་གྱི་འགྱུར། དབྱངས་ཅན་མ་དམར་མོའི་བསྟོད་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་མར་དོ་ཆོས་དབང་གི་འགྱུར། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ཇོ་བོ་ཛ་ན་སེ་ནས་མཛད་པའི་ཆབ་གཏོར། དེའི་འགྲེལ་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་གཉིས་རིན་ཆེན་བཟང་པོའི་འགྱུར། ཇོ་བོ་རྗེས་མཛད་པའི་ཆབ་གཏོར་དྲི་མེད་ནག་ཚོའི་འགྱུར་དང་བཅས་པས་སུམ་བརྒྱ་ཞེ་དགུའོ། །
སྤྱོད་རྒྱུད།
གཉིས་པ་སྤྱོད་པའི་རྒྱུད་དང་འབྲེལ་བ་ལ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་དོན་བསྡུས་བམ་པོ་བདུན་དང་ཤུ་ལོ་ཀ་ཉིས་བརྒྱ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཀེ་དྷ་རས་མཛད་པའི་དམ་ཚིག་གསུམ་བཀོད་པའི་ཡི་གེ་བརྒྱ་པའི་ཆོ་ག་བློ་ལྡན་ཤེས་རབ་ཀྱི་འགྱུར། ཕྱག་ན་རྡོ་རྗེ་འགྲོ་བཟངས་ཀྱི་སྐོར་ལ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། དཀྱིལ་འཁོར་ཆོ་ག །གཏོར་མའི་ཆོ་ག །སྦྱིན་སྲེག་གི་ཆོ་ག །བགེགས་ལ་བསྣུན་པ། འཁྲུལ་འཁོར་བཅིང་བ། ཞི་བའི་ས་གཏེར། ཆུ་ལ་གཏད་པ། རླུང་ལ་གཏད་པ། ནམ་མཁའ་ལ་གཏད་པ། ཚ་ཚ་གདབ་པ། རྟགས་གཉིས་བསྟན་པ། ཕྱིར་བཟློག་གི་ཆོ་ག །དམ་ཚིག་གི་ངེས་པ། རྣམ་སྲས་བདེ་བྱེད་ཀྱི་རྟོག་པ། དྲག་བྱེད་ཀྱི་རྟོག་པ། བདེ་བྱེད་ཀྱི་ཆོ་ག །སྣ་ཚོགས་པའི་མཛོད། དེའི་ལས་ཚོགས་པྲ་དབབ་པ། ཆར་དབབ་པ་ལ་སོགས་པ་རྣམས་སློབ་དཔོན་འགྲོ་བཟངས་སྙིང་པོས་མཛད་པ་པཎྜི་ཏ་ཏེ་ཛ་དེ་ཤ་དང་། ཟངས་དཀར་གྱི་འགྱུར། འདི་ཁ་ཅིག་མ་ཆུད། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་རྣམ་སྲས་གསང་བའི་སྒྲུབ་ཐབས། སློབ་དཔོན་ཛེ་ཏཱ་རི་པས་མཛད་པའི་ཚེ་དཔག་མེད་ཀྱི་ཆོ་ག་ལྕེ་དགའ་བ་དཔལ་གྱི་འགྱུར་ཏེ་ཉེར་གཉིས་སོ། །འདིར་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཀྱི་སྟོད་འགྲེལ་གཤིན་རྗེ་གཤེད་པྲོ་ཁོག་སྣང་གི་བརྗེད་བྱང་། མི་གཡོ་བའི་རྗེས་སུ་དྲན་པའི་ཆོ་ག་རྣམས་བཙལ་ལོ། །
རྣལ་འབྱོར་གྱི་རྒྱུད་དང་འགྲེལ་བ།
གསུམ་པ་རྣལ་འབྱོར་གྱི་རྒྱུད་དང་འགྲེལ་བ་ལ། དེ་ཉིད་བསྡུས་པའི་རྒྱ་ཆེར་འགྲེལ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་སྟོང་ཕྲག་བཅོ་བརྒྱད་པ། སྟོད་རིན་ཆེན་བཟང་དང་སྨད་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་ཆོག་རྡོ་རྗེ་འབྱུང་བ་རིན་ཆེན་བཟང་པོའི་འགྱུར། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ཧོར་ཁོང་བསབ་པ་དང་བཅས་པའི་སྟོད་དང་སྨད་ཀྱི་ཧོར་ཁོང་ཅན་རིན་ཆེན་བཟང་གི་འགྱུར་དང་། བསབས་པ་རྣམས་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། དཔལ་མཆོག་ཤེར་དུམ་གྱི་དོན་བསྡུས་ཀྱི་འགྲེལ་པ་རིན་ཆེན་བཟང་པོའི་འགྱུར། དཔལ་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་ཆོག །ངན་སོང་སྦྱོང་བ་རྒྱུད་ཕྱི་མ་དང་བཅས་པའི་འགྲེལ་པ་གསལ་བའི་སྒྲོན་མ་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། ངན་སོང་སྦྱོང་བའི་དཀྱིལ་འཁོར་ཆོ་ག་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་རྩོད་པ་ཅན་ནོ། །ངན་སོང་སྦྱོང་བའི་དཀྱིལ་ཆོག་རིན་ཆེན་བཟང་པོའི་འགྱུར། འདི་གཙུག་དགུའི་ཡིན། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་རིན་ཆེན་བཟང་པོའི་འགྱུར། སྐུ་གཟུགས་སྤྱན་དབྱེའི་ཆོ་ག་སྟེ་བཅུ་པོ་འདི། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའོ། །སློབ་དཔོན་ཀུན་སྙིང་གིས་མཛད་པའི་ཀུན་རིག་གི་དཀྱིལ་འཁོར་ཆོ་ག་རིན་ཆེན་བཟང་པོའི་འགྱུར། དེས་མཛད་པའི་རབ་གནས་ཀྱི་ཆོ་ག་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའ་འབྱུང་བ་ཆེ་བ་དང་ཆུང་བ་གཉིས་ཏེ། བཞི་མ་ཆུད་ཅིང་ཆེ་བ་མ་རྙེད་དོ། །ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པ་སྣང་བའི་རྒྱན་དབང་ཕྱུག་རྒྱལ་མཚན་གྱི་འགྱུར། སློབ་དཔོན་པྲ་ཛྙཱ་ཨཱ་ལི་ཏས་མཛད་པའི་སྤྱན་དབྱེའི་ཆོ་ག་རྣམས་མ་ཆུད། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་དེ་ཉིད་བསྡུས་པའི་རྒྱ་ཆེར་འགྲེལ་ཀོ་ས་ལའི་རྒྱན་བམ་པོ་སུམ་ཅུ་པ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་འབྱུང་བའི་བསྡུས་དོན་སློབ་དཔོན་མུ་ནཱིནྡྲ་བྷ་དྲས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པའི་ངན་སོང་སྦྱོང་བའི་རྒྱུད་ཀྱི་འགྲེལ་པ་མཛེས་པའི་རྒྱན། དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་སྨྲྀ་ཏིའི་རང་འགྱུར། སྦྱིན་སྲེག་གི་ཆོ་ག །རོ་སྲེག་གི་ཆོ་ག །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པའི་ཐུགས་རྗེ་འབྱུང་བའི་སྒོམ་བཟླས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་རྡོ་རྗེ་ལྕགས་ཀྱུས་མཛད་པའི་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་ཆོ་ག །སློབ་དཔོན་ཞི་བ་སྙིང་པོས་མཛད་པའི་རྣལ་འབྱོར་གྱི་རྒྱུད་དང་མཐུན་པའི་མཆོད་རྟེན་སྒྲུབ་པའི་ཆོ་ག །སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་འཇམ་དཔལ་གོ་ཆའི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཆེན་པོ་བཛྲས་མཛད་པ། སློབ་དཔོན་ཤཱནྟི་པས་མཛད་པའི་ཐམས་ཅད་གསང་བའི་རྒྱུད་ཀྱི་བཤད་སྦྱར་གསང་བའི་སྒྲོན་མ། སློབ་དཔོན་རབ་འབྱོར་བསྐྱངས་ཀྱིས་མཛད་པའི་སྦྱིན་སྲེག་གི་ཆོ་ག །སློབ་དཔོན་ཤུད་དྷི་པྲ་བྷས་མཛད་པའི་ཐིག་གདབ་པའི་རིམ་པ་སློབ་དཔོན་ཤྲདྡྷཱ་ཀ་རས་མཛད་པའི་དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་དེའི་རང་འགྲེལ། གཏོར་མ་ཆ་གསུམ་འབྲིང་པོ་སྟེ། དེ་རྣམས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་དྷརྨ་ཀཱིརྟིས་མཛད་པའི་ཐིག་གི་ཆོ་ག །སློབ་དཔོན་མུ་ནི་ཏི་ཏ་ཀོ་ཥས་མཛད་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འགྲེལ་པ་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་རྣམ་གཞག་རིན་ཆེན་བཟང་པོའི་འགྱུར། ངན་སོང་སྦྱོང་བའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་འགྲེལ་པ། དཔལ་ལྡན་རྒྱ་ཆེའི་དཀྱིལ་ཆོག །སློབ་དཔོན་སྐལ་བཟངས་དགའ་བས་མཛད་པའི་ངན་སོང་སྦྱོང་བའི་ཐབས་གཡུང་དྲུང་འོད་ཀྱི་འགྱུར། ངན་སོང་སྦྱོང་བའི་ཆོ་གའི་བྱ་བ་མདོར་བསྡུས་པ། སློབ་དཔོན་རཏྣ་ཀཱིརྟིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག་བལ་པོ་མ་ཧཱ་པ་ནའི་རང་འགྱུར། སློབ་དཔོན་དེས་མཛད་པའི་སྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀྱི་གསལ་བྱེད། སློབ་དཔོན་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་ཆེན་ཕྲེང་བ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གཅིག་པའི་སྒྲུབ་ཐབས་སྐོབ་དཔོན་ཀུན་དགའ་སྙིང་པོའི་རྗེས་སུ་འབྲངས་པ་འདི། ལོ་ཆུང་གིས་མཛད་པ་ཡིན་གྱི། རྒྱ་གར་མ་མ་ཡིན་ཏེ་ཁ་བྱང་མེད་པས་འཁྲུལ་པ་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་བསྡུས་པ་ཀུ་མཱ་ར་ཀ་ལ་ཤའི་རང་འགྱུར། སློབ་དཔོན་ཏི་ར་མ་ཏིས་མཛད་པའི་རྒྱན་དམ་པ་སྣ་ཚོགས་རིམ་པར་ཕྱེ་བའི་བཀོད་པ་ཀླུའི་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཆེན་པོ་སློབ་དཔོན་རིགས་ཀྱི་བྱིན་པས་མཛད་པ་བྱ་བ་བསྡུས་པ་ཞེས་བྱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། གཙུག་དགུའི་མངོན་རྟོགས་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པའི་སྒྲུབ་པའི་སྤྱོད་པ་ལ་འཇུག་པ་ལྷ་བཙུན་པའི་འགྱུར། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་རབ་ཞི་བཤེས་གཉེན་གྱིས་མཛད་པའི་སྒྱུ་འཕྲུལ་དྲ་བའི་དཀའ་འགྲེལ་རིན་ཆེན་བཟང་པོའི་འགྱུར། མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་རྒྱུད་དུ་བཤད་པ་ལ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་མཚན་བརྗོད་འགྲེལ་ཆེན་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་མཚན་བརྗོད་འགྲེལ་པ་སྔགས་དོན་རྣམ་གཟིགས། སྨྲྀ་ཏིའི་རང་འགྱུར་ཤེས་རབ་བརྩེགས་ཀྱིས་བཅོས་པ། ཡེ་ཤེས་གྲགས་པས་མཛད་པའི་མཚན་བརྗོད་འགྲེལ་ཆུང་། སློབ་དཔོན་ཟླ་བའི་དབང་པོ་གྲགས་པའི་དཔལ་གྱིས་མཛད་པའི་མཚན་བརྗོད་འགྲེལ་པ་འཕགས་པ་ཤེས་རབ་ཀྱི་འགྱུར། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་མཚན་བརྗོད་འགྲེལ་པ་དོན་གསལ་བའི་སྒྲོན་མ་གཉགས་ཛྙཱ་ནའི་འགྱུར། སྨྲྀ་ཏིས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་པ་དེ་ཉིད་ཀྱི་རང་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་མཚན་བརྗོད་འགྲེལ་པ་ཉེ་བར་རྟོག་གེ་བསོད་ནམས་རྒྱལ་མཚན་གྱི་འགྱུར། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ནམ་མཁའ་དྲི་མེད་ཆུང་བའི་སྐོར་ལ། མཚན་བརྗོད་ཀྱི་འགྲེལ་པ་རིན་ཆེན་བཟང་པོའི་འགྱུར། དཀྱིལ་འཁོར་ཆོ་ག་ནམ་མཁའ་དྲི་མེད། བྱང་སེམས་རྡོ་རྗེ་དབུགས་དབྱུང་འི་ཆོ་ག །རྣམ་པར་སྣང་མཛད་དབུགས་དབྱུང་བ། མི་བསྐྱོད་པ་དབུགས་དབྱུང་བ། རིན་འབྱུང་དབུགས་དབྱུང་བ། སྣང་བ་མཐའ་ཡས་དབུགས་དབྱུང་བ། དོན་ཡོད་གྲུབ་པ་དབུགས་དབྱུང་བའི་དཀྱིལ་འཁོར། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་བྱ་བ་ཞེས་ཀུན་ལ་སྦྱར་བའི་ཁྲུས་ཀྱི་ཆོ་ག །ཟས་ཀྱི་རྣལ་འབྱོར། འབྱུང་པོའི་གཏོར་མ། མཎྜལ་གྱི་ཆོ་ག །སྐོར་བའི་བྱ་ཐབས། ཡན་ལག་བདུན་པས་ཚོགས་བསག་པ། འཇམ་དཔལ་གྱི་མཚན་གདོན་པའི་མན་ངག །དགེ་བའི་རྩ་བ་བསྔོ་བ། མི་རྟག་པ་སྒོམ་པ། འཁོར་བ་ལ་ཡིད་འབྱུང་བ། ཤེས་པ་དུག་གསུམ་ལས་ཟློག་པའི་མན་ངག །སྐྱབས་སུ་འགྲོ་བའི་ཆོ་ག །སེམས་བསྐྱེད་པའི་ཆོ་ག །བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག །ཚད་མེད་པ་བཞི་སྒོམ་པའི་མན་ངག །དུས་གསུམ་གྱི་སངས་རྒྱས་ལ་ལྟ་བ། རྗེས་སུ་དྲན་པ་དྲུག་བསྒོམ་པའི་མན་ངག །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་བསྒོམ་པའི་མན་ངག །དབང་པོ་རབ་ཀྱི་དེ་ཁོ་ན་ཉིད་བསྒོམ་པ། ཚ་ཚའི་ཆོ་ག །སྦྱིན་སྲེག་གི་ཆོ་ག་བསྡུས་པ། མཉམ་པར་གཞག་པའི་རིམ་པའི་མན་ངག །དཔའ་བོ་གཅིག་པའི་སྒྲུབ་ཐབས། མཚན་བརྗོད་ཀྱི་ཆོ་ག་མདོ་དང་བསྲེས་པ། རབ་ཏུ་གནས་པའི་ཆོ་ག །ངན་སྔགས་བྱད་ཀྱི་འཁོར་ལོའི་སྒྲུབ་ཐབས། བདུན་ཚིགས་ཀྱི་ཆོ་ག །རོ་སྲེག་གི་ཆོ་ག །ངན་སོང་སྦྱོང་བའི་འགྲོ་བ་རིགས་དྲུག་གི་ཆོ་ག་སྟེ། སུམ་ཅུ་སོ་བདུན་པོ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ལོ་ཙྪ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གསང་ལྡན་གྱི་སྐོར་ལ། སྒྲུབ་ཐབས་གསང་ལྡན། དཀྱིལ་འཁོར་ཆོ་ག་ཡོན་ཏན་འབྱུང་གནས། མཚན་བརྗོད་བཀླག་པའི་བསྒོམ་ཁོག །སྒྲུབ་ཐབས་ཆུང་ངུ། སྤྱིན་སྲེག་གི་ཆོ་ག །དེ་རྣམས་དཔལ་ལྡན་བྱང་ཆུབ་གིས་མཛད་པ་སྨྲྀ་ཏིའི་རང་འགྱུར། སྒྲུབ་ཐབས་གསང་ལྡན་གྱི་འགྲེལ་པ་དང་སྤྱན་དབྱེ་བའི་ཆོ་ག་གཉིས་སྨྲྀ་ཏིས་མཛད་པ། ཐིག་གི་རྩ་བ་རྣམས་སྨྲྀ་ཏིའི་རངའགྱུར། འདིར་གཞན་ཡང་ཡོད། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ་ལ། མཚན་བརྗོད་འགྲེལ་པ་དང་། བསྒྲུབ་པའི་ཐབས་དང་། དཀྱིལ་ཆོག་ཡེ་ཤེས་གསལ་བ་དང་། ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མདོར་བསྡུས་དང་། སྦྱིན་སྲེག་ཆོ་ག་དང་ལྔ་ཨ་བ་དྷཱུ་ཏཱི་པས་མཛད་པ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས། མི་གཡོ་བའི་སྒྲུབ་ཐབས་དང་། འཇམ་དཔལ་གྱི་གཏོར་ཆོག །བུམ་ཆོག །སྦྱིན་སྲེག །མཆོད་རྟེན་བསྒྲུབ་པའི་ཆོ་ག་མདོར་བསྡུས་པ། སྤྱོད་ལམ་གྱི་ཆོ་ག་དེ་རྣམས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ་དང་། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་འཇམ་དཔལ། དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་དང་བཅུ་བཞི་པོ་འགར་ཆོས་བཟང་གི་འགྱུར། སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྣམས་འ་ཞ་རྒྱ་གར་བརྩེགས་ཀྱི་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས། སློབ་དཔོན་གཉིས་མེད་སྦས་པས་མཛད་པའི་མཚན་བརྗོད་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་དང་། ཡེ་ཤེས་སེམས་དཔའི་མངོན་རྟོགས། ཡེ་ཤེས་སེམས་དཔའི་དྲི་མ་མེད་པའི་ཆོ་ག །རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ། རྨི་ལམ་བརྟག་པ། བསམ་གཏན་གྱི་དུག་སེལ་བའི་མར་མེ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡིད་འཇུག་པ། བསམ་གཏན་གྱི་འཁོར་ལོ། ཐིག་ལེ་གྲུབ་པ། ཐིག་ལེ་གཅིག་པ། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྙིང་པོ་གྲུབ་པ་རྣམས་གཉིས་མེད་རྡོ་རྗེས་མཛད་པ་སྨྲྀ་ཏིའི་རང་འགྱུར། འཇམ་དཔལ་གྱི་དཀྱིལ་ཆོག་ནམ་མཁའ་དྲི་མེད་ཆེ་བ་འཇམ་དཔལ་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་པྲ་བྷ་ཀ་རས་མཛད་པའི་མཚན་བརྗོད་སྒྲུབ་ཐབས་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་གཞོན་ནུ་གྲགས་པས་མཛད་པའི་མཚན་བརྗོད་མན་ངག་གི་འགྲེལ་པ་ཤེས་རབ་བླ་མའི་འགྱུར། སློབ་དཔོན་མི་གཡོ་སྙིང་པོས་མཛད་པའི་མཚན་བརྗོད་སྒྲུབ་ཐབས་མར་དོའི་འགྱུར། མཚན་བརྗོད་འགྲེལ་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་འདི་བསྟན་འགྱུར་དུ་མ་ཚུད། འདིར་མཚན་བརྗོད་རྣལ་འབྱོར་ཆེན་པོར་བཀྲལ་བ་བླ་མ་མངོན་ཤེས་ཅན་གྱིས་མཛད་པའི་མཚན་བརྗོད་འགྲེལ་པ་མ་རིག་པའི་མུན་སེལ། དཀྱིལ་འཁོར་ཆོ་ག་རིམ་པ་གསལ་བ། གསང་དབང་། དབང་གསུམ་པ། དབང་བཞི་པ། སྒྲོན་མ་བཞིའི་རིམ་པ། ཁྲུས་ཆོག །སྐོར་བ། སྦྱིན་སྲེག །ཚོགས་འཁོར། རོ་སྲེག །མེ་ཏྲི་བས་མཛད་པའི་རབ་གནས། གདམས་ངག་ངེས་པར་བསྡུ་བ། ཡོན་ཡོངས་སྦྱོང་། ཡེ་ཤེས་གསལ་བའི་སྒྲོན་མ། སྙན་གྲགས་དགེ་བས་མཛད་པའི་སྨོན་ལམ། ཆོས་སྤྱོད་ཀྱི་རིམ་པ། ལཱི་ལ་བཛྲས་མཛད་པའི་མཆོད་རྟེན་གྱི་ཆོ་ག །གཏོར་ཆོག །ཆུ་སྦྱིན། བུདྡྷ་བོ་དྷིས་བྱས་པའི་རིགས་དབྱེ་སྟེ། མཚན་བརྗོད་ཀྱི་ཉེར་གཅིག་པོ་འདི་དག་སྔར་མ་ཆུད་ཅིང་ཡང་དག་ཡིན་མིན་བརྟག་པར་བྱའོ། །གཟུངས་ཐམས་ཅད་ཀྱི་སྒྲུབ་ཐབས་རིམ་པ་གཉིས། གཟུངས་ཐམས་ཅད་ཀྱི་དཀྱིལ་ཆོག་ཀུན་སྣང་གསལ་བ་རྣམས་སོ། །
རྣལ་འབྱོར་ཆེན་པོའི་རྒྱུད།
བཞི་པ་རྣལ་འབྱོར་ཆེན་པོའི་རྒྱུད་དང་འབྲེལ་བའི་ཐབས་རྒྱུད་ཀྱི་སྐོར་ལ། གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། མནྟྲ་ཀ་ལ་ཤུའི་རང་འགྱུར། སྒྲུབ་ཐམས་མདོར་བྱས། མདོ་བསྲེ། དཀྱིལ་འཁོར་ཆོ་ག་ཉི་ཤུ་པ་དང་གསུམ། རིན་ཆེན་བཟང་པོའི་འགྱུར། གསང་འདུས་ལེའུ་བཅོ་བརྒྱད་པའི་འགྲེལ་པ་གཞོན་ནུ་བུམ་པའི་རང་འགྱུར། རིམ་ལྔ་རིན་ཆེན་བཟང་པོའི་འགྱུར། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ་པ་ཚབ་ཀྱི་འགྱུར། ལྷུག་པ་མདོ་སྡེ་འབར་གྱི་འགྱུར་བརྒྱད་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་དོ། །སློབ་དཔོན་འཕགས་པ་ལྷས་མཛད་པའི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་ཆེན་བཟང་པོའི་འགྱུར། དེའི་བཤད་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་དཀྱིལ་ཆོག་པ་ཚབ་ཀྱི་འགྱུར། སློབ་དཔོན་འཕགས་པ་ལྷའི་སེམས་ཀྱི་སྒྲིབ་སྦྱོང་ནག་ཚོའི་འགྱུར། བདག་བྱིན་གྱིས་བརླབས་པའི་རིམ་པ་དང་། མངོན་པར་བྱང་ཆུབ་པ་རིན་ཆེན་བཟང་པོའི་འགྱུར། ཡ་ར་ལ་ཝ་ལ་སོགས་པ་ཚུལ་བཞིར་བཤད་པ། གསང་བ་འདུས་པའི་རོ་སྲེག་གི་ཆོ་ག་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པའི་དཀྱིལ་འཁོར་ཆོ་ག་ཟུང་འཇུག་གསལ་བ་ས་ལོའི་འགྱུར། སློབ་དཔོན་ཀླུའི་བློས་མཛད་པའི་བསྐྱེད་རིམ་རྣམ་གཞག་རིམ་པ་རིན་ཆེན་བཟང་པོའི་འགྱུར། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཆོས་རྗེ་དཔལ་གྱི་འགྱུར། སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས་མཛད་པའི་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བ་ནག་ཚོའི་འགྱུར། སློབ་དཔོན་ཀླུའི་བློས་མཛད་པའི་རིམ་པ་ལྔ་ཁོངས་སུ་བསྡུ་བ་པ་ཚབ་ཀྱི་འགྱུར། ནག་པོ་དམ་ཚིག་རྡོ་རྗེས་མཛད་པའི་རིམ་ལྔའི་དཀའ་འགྲེལ་ནག་ཚོའི་འགྱུར། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རིམ་ལྔའི་དཀའ་འགྲེལ་དོན་གསལ་བ་འདི་ཐེ་ཚོམ་གྱི་གཞིའོ། །སློབ་དཔོན་བྷ་བྱ་ཀཱིརྟིས་མཛད་པའི་རིམ་ལྔའི་དཀའ་འགྲེལ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་རིམ་ལྔའི་འགྲེལ་པ་ཟླ་བའི་འོད་ཟེར་བི་བྷུ་ཏི་ཙནྡྲའི་རང་འགྱུར། སློབ་དཔོན་བརྩོན་འགྲུས་བཟང་པོས་མཛད་པའི་རིམ་ལྔའི་དཀའ་འགྲེལ་དོན་གསལ་བ་ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་གསང་འདུས་འགྲེལ་པ་སྒྲོན་མ་གསལ་བ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གཞོན་ནུ་འབར་དང་བ་རིའི་འགྱུར། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པའི་སྒྲོན་གསལ་གྱི་དཀའ་བའི་གནས་བཤད་པ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་གསང་འདུས་གླེང་གཞིའི་བཤད་པ། བདེ་བ་ཆེན་པོའི་སྒྲུབ་ཐབས། སློབ་དཔོན་ནག་པོ་པས་མཛད་པའི་གསང་འདུས་ཀྱི་དཀྱིལ་ཆོག་དང་རབ་གནས་གཉིས་འགོས་ཀྱི་འགྱུར། ཤྲདྷ་ཀ་ར་ཝརྨས་མཛད་པའི་རྒྱན་བདུན་རྣམ་པར་སྒྲོལ་བ་རིན་ཆེན་བཟང་པོའི་འགྱུར། ནག་པོ་པའི་རྡོ་རྗེ་སེམས་དཔའི་མཆོད་ཆོག་འགོས་འགྱུར། གསང་འདུས་གཏོར་ཆོག །སྒྲུབ་ཐབས་མདོར་བྱས་ཀྱི་འགྲེལ་པ། སློབ་དཔོན་ཤཱནྟི་པས་མཛད་པའི་རིན་ཆེན་ཕྲེང་བ་ཀརྨ་བཛྲའི་རང་འགྱུར། སློབ་དཔོན་ཤྲདྡྷ་ཀ་རས་མཛད་པ་དགོངས་པ་ལུང་སྟོན་གྱི་རྡོ་རྗེ་བཟླས་པའི་འགྲེལ་པ་དང་། རྒྱུད་ཀྱི་དོན་ལ་འཇུག་པ་གཉིས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་བྷ་བྱ་ཀཱིརྟིས་མཛད་པའི་སྒྲོན་གསལ་གྱི་ཊཱིཀྐ་དགོངས་པ་རབ་གསལ་སྟོང་ཕྲག་བཅུ་དང་དྲུག་པ། ཀུ་མཱ་རའི་རང་འགྱུར། སློབ་དཔོན་ཀུ་མཱ་རས་མཛད་པའི་སྒྲོན་མ་གསལ་བ་མདོར་བཤད་པ་སྙིང་གི་མེ་ལོང་ཤཱཀྱ་བློ་གྲོས་ཀྱི་འགྱུར། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་གསང་བ་འདུས་པའི་མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་པ་དང་། སྒྲོན་གསལ་གྱི་འགྲེལ་བཤད་སློབ་དཔོན་འཕགས་པ་ལྷས་མཛད་པ་འདི་གཉིས་ཐེ་ཚོམ་གྱི་གཞིའོ། །གསང་འདུས་ཀྱི་གཏོར་ཆོག་ཟ་ཧོར་གྱི་མཁས་པ་ཤཱནྟི་དེ་བས་མཛད་པ། འགོས་ཀྱི་འགྱུར་ཏེ་འདི་མ་ཆུད། གསང་འདུས་འགྲེལ་པ་སྨྲྀ་ཏིས་མཛད་པ་དེ་ཉིད་ཀྱི་རང་འགྱུར། ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་གྱི་ཞལ་གྱི་ལུང་། ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། ཞལ་ལུང་ཆུང་ངུ་དང་སྒྲུབ་ཐབས་ཀུན་བཟང་གཉིས་རིན་ཆེན་བཟབ་པོའི་འགྱུར། ཀུན་ཏུ་བཟང་མོའི་སྒྲུབ་ཐབས་སྨྲྀ་ཏིའི་རང་འགྱུར། བདག་བསྒྲུབ་པ་ལ་འཇུག་པ་འགོས་འགྱུར། གྲོལ་བའི་ཐིག་ལེ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། ཧེ་རུ་ཀའི་སྒྲུབ་ཐབས་ཏེ་བདུན་སློབ་དཔོན་སངས་རྒྱས་ཡེ་ཤེས་མཛད་དོ། །འཇམ་དཔལ་ཞལ་ལུང་གི་འགྲེལ་པ་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པ་མཛེས་པའི་མེ་ཏོག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། སྒྲུབ་ཐབས་ཀུན་བཟང་གི་འགྲེལ་པ་སློབ་དཔོན་དཔལ་འབྲས་རྡོ་རྗེ་དང་། ཐ་ཀ་ནས་མཛད་པ་གཉིས་རིན་ཆེན་བཟང་པོའི་འགྱུར། ཀུན་ཏུ་བཟང་མོའི་སྒྲུབ་ཐབས་ཀྱི་འགྲེལ་པ་སློབ་དཔོན་ཀུན་ཏུ་བཟང་པོས་མཛད་པའི་སྙིང་པོའི་སྙེ་མ་བློ་ལྡན་ཤེས་རབ་ཀྱི་འགྱུར། གྲོལ་བའི་ཐིག་ལེའི་འགྲེལ་པ་སྨན་ཞབས་ཀྱིས་མཛད་པ་དང་། དེས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་འབྱུང་གཏེར་གཉིས་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། སློབ་དཔོན་སྣང་མཛད་རྡོ་རྗེའི་སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ་གཡུང་དྲུང་འོད་ཀྱི་འགྱུར། ཧེ་རུ་ཀའི་སྒྲུབ་ཐབས་ཀྱི་འགྲེལ་པ། སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་དང་། དེའི་འགྲེལ་པ་སློབ་དཔོན་དྲི་མེད་དཔལ་གྱིས་མཛད་པ་གཉིས། རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་སྨན་པའི་བུ་རྒྱལ་བ་བྱིན་གྱིས་མཛད་པའི་གསང་བ་འདུས་པའི་དཀའ་འགྲེལ། སློབ་དཔོན་དྲི་མེད་སྦས་པས་མཛད་པའི་གསང་བ་འདུས་པའི་རྒྱན་ལེའུ་བཅུ་བདུན་གྱི་འགྲེལ་པ་དང་། དེའི་སློབ་མ་སློབ་དཔོན་ཟླ་འོད་ཀྱིས་མཛད་པའི་ལེའུ་བཅོ་བརྒྱད་པའི་འགྲེལ་པ་དང་། དཔལ་རྒྱན་པས་མཛད་པའི་དེ་ཉིད་བཅུ་པ་དང་གསུམ་དར་མ་གྲགས་ཀྱི་འགྱུར། སློབ་དཔོན་རབ་ཏུ་ཞི་བའི་ཡེ་ཤེས་ཀྱིས་མཛད་པའི་གསང་འདུས་ཀྱི་འགྲེལ་པ་སློབ་མ་ལ་ཕན་པ། སློབ་དཔོན་ཟླ་བའི་འོད་ཟེར་གྱིས་མཛད་པའི་རབ་ཏུ་གནས་པའི་ཆོ་ག་བསོད་ནམས་རྒྱལ་བའི་འགྱུར། སློབ་དཔོན་སྣང་བྱེད་ཟླ་བས་མཛད་པའི་ཨརྒའི་ཆོ་ག་སྙིང་པོ་བསྡུས་པ་དང་། རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་སྣང་བ་དང་། དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། དུས་ཐ་མའི་ཆོ་གའི་གཤིན་པོ་བདེ་བར་གཤེགས་པའི་གནས་ལ་དགོད་པ་དང་གསུམ་ཤེས་རབ་གྲགས་ཀྱི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་གསང་འདུས་བཤད་སྦྱར་སྙིམ་པའི་མེ་ཏོག་འགོས་འགྱུར། སློབ་དཔོན་བི་ཤྭ་མི་ཏྲས་མཛད་པའི་ལེའུ་བཅོ་བརྒྱད་པའི་འགྲེལ་པ། སློབ་དཔོན་ཙི་ལུ་པས་མཛད་པའི་གསང་འདུས་འགྲེལ་པ་རིན་པོ་ཆེའི་ལྗོན་ཤིང་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། གསང་འདུས་འགྲེལ་པ་སློབ་དཔོན་ཐ་ག་ནས་མཛད་པ། རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་རྡོ་རྗེ་བཞད་པས་མཛད་པའི་གསང་འདུས་ལེའུ་བཅུ་བདུན་གྱི་འགྲེལ་པ་བཻ་རོ་ཙ་ནའི་འགྱུར། གསང་འདུས་རྒྱུད་ཕྱི་མ་དང་བཅས་པའི་འགྲེལ་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་གསང་འདུས་དཀའ་འགྲེལ་རིན་ཆེན་བཟང་པོའི་འགྱུར། འགྲེལ་ཆེན་ཕྲ་རིངས་ཀྱི་རང་འགྱུར་དུ་གྲགས་པ། ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་སྨྲྀ་ཏིའི་རང་འགྱུར། ཀུན་ཏུ་བཟང་པོའི་སྦྱིན་སྲེག་གི་ཆོ་ག །མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་གསང་འདུས་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། དེའི་རྣམ་བཤད་ཀུན་ཏུ་བཟང་པོས་མཛད་པ་སུ་ག་ཏའི་རང་འགྱུར། སློབ་དཔོན་བསོད་སྙོམས་པས་མཛད་པའི་གསང་འདུས་ཀྱི་དཀྱིལ་ཆོག་དང་སྒྲུབ་ཐབས་དང་། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་རྣམས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་གསང་འདུས་ཀྱི་དཀྱིལ་ཆོག་མདོར་བསྡུས་ཆོས་ཀྱི་དབང་ཕྱུག་གི་འགྱུར། སློབ་དཔོན་རྒྱལ་བ་བྱིན་གྱིས་མཛད་པ་དཔལ་དགའ་བའི་སྒྲུབ་ཐབས། སུ་ནྱ་ཤྲཱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་གཞོན་ནུ་འབར་གྱི་འགྱུར། གསང་འདུས་མི་བསྐྱོད་པའི་སྒྲུབ་ཐབས་སྨྲྀ་ཏིའི་རང་འགྱུར། དཔལ་དགའ་བའི་རྡོ་རྗེའི་དབང་རབ་བྱེད་བ་རིའི་འགྱུར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་ཡན་ལག་བདུན་ལྡན། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ་རྩ་འགྲེལ་འགོས་འགྱུར། སློབ་དཔོན་འཕགས་པ་ལྷས་མཛད་པའི་དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཨིནྡྲ་ཏིས་མཛད་པ། དཔལ་བདེ་མཆོག་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སློབ་དཔོན་ཐུ་བོ་རཱ་ཛ་ཧ་ཏིས་མཛད་པ། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཆོ་ག །སློབ་དཔོན་རབ་འཇིགས་རྡོ་རྗེས་མཛད་པའི་སྦྱིན་སྲེག་གི་ཆོ་ག་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་རཏྣ་ཀཱིརྟིས་མཛད་པའི་བསྟན་པའི་ནོར་ཐམས་ཅད་པའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའི་གསང་དོན། རྣམ་པར་སྣང་མཛད་ཀྱི་གསང་དོན། ཧེ་རུ་ཀའི་གསང་དོན། པདྨ་གར་དབང་གི་གསང་དོན། རིན་ཆེན་ཉི་མའི་གསང་དོན། རྟ་མཆོག་རོལ་པའི་གསང་དོན་རྣམ་པར་དགོད་པ་རྣམས་སློབ་དཔོན་ཀུ་ཀུ་ར་ཛས་མཛད་པར་གྲགས་པ་ལྷ་རིན་པོ་ཆེའི་འགྱུར། སྨྲྀ་ཏིས་མཛད་པའི་ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པ་དེའི་རང་འགྱུར། གསང་འདུས་ལེའུ་བཅོ་བརྒྱད་པའི་འགྲེལ་པ་ཡང་དག་རིག་བྱེད་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་སྨྲྀ་ཏིས་མཛད་པ། ཡེ་ཤེས་ཞབས་ལུགས་སྦྱོར་བ་ཡན་ལག་དྲུག་པ། སློབ་དཔོན་མི་གནས་རྡོ་རྗེས་མཛད་པའི་གསང་འདུས་ལྷ་སུམ་ཅུ་རྩ་གཉིས་ཀྱི་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། གསང་བ་འདུས་པའི་བསྟོད་པ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་དགའ་བའི་རྡོ་རྗེས་མཛད་པའི་དབང་གི་བྱ་བ་མདོར་བསྡུས་པ་ལ། མཻ་ཏྲི་པས་བཞི་པ་བཏགས་པ་མཆུར་གྱི་འགྱུར། དབང་དེར་གཏད་པ་མདོར་བསྡུས་པ་སྟེ་བརྒྱ་དང་བཅུ་བཞིའོ། །ཕྱི་མ་གཉིས་མ་ཆུད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་ཡན་ལག་བཞི་པའི་སྒྲུབ་ཐབས་དང་། དེའི་འགྲེལ་པ་གནས་ལྡན་དང་། ཀུན་ཏུ་བཟང་པོས་སྦྱར་བ་གསུམ་རྔོག་འགྱུར་མ་རྙེད་དོ། །གཤིན་རྗེ་གཤེད་ཀྱི་སྐོར་ལ། སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་ཕྱོགས་ལ། དགྲ་ནག་གི་རྒྱུད་ཀྱི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ། དགྲ་ནག་གི་སྒྲུབ་ཐབས། དགྲ་ནག་གི་དཀྱིལ་ཆོག་སྟེ། གསུམ་ནག་ཚོའི་འགྱུར། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཚིག་གི་སྣང་བ་གྲུབ་པ། གཤེད་དམར་གྱི་སྒྲུབ་ཐབས། དཀྱིལ་ཆོག་གཉིས་ཆོས་རྗེ་དཔལ་གྱི་འགྱུར། གཤེད་དམར་གྱི་ཏིང་ངེ་འཛིན་གྱི་ཆོ་ག་དཱ་ན་ཤཱི་ལའི་རང་འགྱུར། གཤིན་རྗེ་གཤེད་ནག་པོ་དང་དམར་པོའི་མཆོད་ཆོག །གཤེད་དམར་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་གྱི་མཎྜལ་གྱི་ཆོ་ག །མཆོད་པའི་ཆོ་ག་རྣམས་ཉི་མ་རྒྱལ་མཚན་གྱི་འགྱུར། གཏོར་མའི་ཆོ་ག་ཆོས་རྗེ་དཔལ་གྱི་འགྱུར། འཇམ་པའི་རྡོ་རྗེའི་མཆོད་ཆོག་བི་་ཏིའི་རང་འགྱུར། རང་བྱིན་གྱིས་བརླབ་པའི་མན་ངག་གློ་བོ་ལོ་ཙྪའི་འགྱུར། དེ་རྣམས་དཔལ་འཛིན་གྱིས་མཛད་དོ། །སློབ་དཔོན་ཤཱནྟི་བས་མཛད་པའི་དགྲ་ནག་གི་འགྲེལ་པ་རིན་ཆེན་སྒྲོན་མ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་ལཱི་ལ་བཛྲས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་གཤིན་རྗེ་གཤེད་འབྱུང་བ་ཅོག་གྲུ་ཤེས་རབ་བླ་མའི་འགྱུར། ལཱི་ལ་བཛྲས་མཛད་པའི་མཆོད་རྟེན་གྱི་ཆོ་ག་རྒྱས་པ་དང་། བསྡུས་པ་དང་། མར་མེ་མཛད་ཀྱིས་མཛད་པའི་བསྲུང་འཁོར། དེ་བ་ཨ་ཀ་ར་ཙནྟྲས་མཛད་པའི་རིམ་པ་བཞིའི་བྱེ་བྲག་བསྟན་པའི་མན་ངག །ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རོ་སྲེག་གི་ཆོ་ག །འཁྲུལ་འཁོར་གྱི་ཆོ་ག །ཨ་མོ་གྷ་བཛྲས་མཛད་པའི་ཚིགས་སུ་བཅད་པ་བཅུ་པ་དང་། ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག་དང་། དྲག་པོའི་སྦྱིན་སྲེག་དང་། ལཱི་ལ་བཛྲས་མཛད་པའི་སྦས་པའི་སྤྱོད་པ་བསྡུས་པ་དང་། ལས་ཀྱི་རིམ་པའི་མན་ངག་དང་། རྣམ་པར་འཕེལ་བའི་མན་ངག་སྟེ། དེ་རྣམས་ཕལ་ཆེར། ཤེས་རབ་བླ་མའི་འགྱུར་ཡིན་ལ་བསྟན་འགྱུར་དུ་མ་ཆུད། དོན་ཡོད་ཞབས་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་བློའི་གཤིན་རྗེ་གཤེད་ཁྲོ་བོ་ཆེན་པོའི་སྒྲུབ་ཐབས། འཁོར་ལོ་བྲི་བའི་ཆོ་ག །དོན་ཡོད་ཞབས་ཀྱི་འཇམ་དཔལ་གསང་བའི་རྒྱུད་ཀྱི་དཀྱིལ་ཆོག །ཁྲོ་བོ་རྣམ་རྒྱལ་གྱི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་ཀྱི་ཚུལ་ངེས་པར་བསྟན་པ། སློབ་དཔོན་ཤྲཱི་བི་རཱུ་པས་མཛད་པའི་གཤེད་དམར་སྒྲུབ་ཐབས་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་བློ་གྲོས་བཟང་པོས་མཛད་པའི་ལྷ་ལྔའི་སྒྲུབ་ཐབས། རང་བྱིན་གྱིས་བརླབ་པ་ཆོས་རྗེ་དཔལ་གྱི་འགྱུར། འཁྲུལ་འཁོར་ཆོ་ག །འཁོར་ལོའི་དེ་ཁོ་ན་ཉིད་གསལ་བྱེད་དཱ་ན་ཤཱི་ལས་མཛད་པ་དེ་ཉིད་ཀྱི་རང་འགྱུར། རྣམ་པར་སྣང་མཛད་བསྲུང་བ་དང་། བིརྦ་པས་མཛད་པའི་གཤེད་དམར་གྱི་སྒྲུབ་ཐབས། བི་རཱུ་བས་མཛད་པའི་གཏོར་ཆོག །བིརྦ་པས་མཛད་པའི་འོད་གསལ་འཆར་བའི་རིམ་པ། སློབ་དཔོན་དཔའ་བོ་རྒྱལ་པོས་མཛད་པའི་གཤེད་དམར་སྒྲུབ་ཐབས་ཏེ་ལྔ་ཆོས་རྗེ་དཔལ་གྱི་འགྱུར། བིརྦ་པས་མཛད་པའི་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་ཕྲེང་བ་དཱ་ན་ཤཱི་ལའི་རང་འགྱུར། བློ་བཟང་སྙིང་པོས་མཛད་པའི་གཤེད་དམར་སྒྲུབ་ཐབས་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀའ་འགྲེལ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཇིགས་བྱེད་ཀྱི་མདོར་བཤད་སློབ་དཔོན་གཞོན་ནུ་རྡོ་རྗེས་མཛད་པའི་འཇིགས་བྱེད་ཀྱི་དཀའ་འགྲེལ་བ་རིའི་འགྱུར། ཨ་མོ་གྷ་བཛྲས་མཛད་པའི་འཇིགས་བྱེད་ཀྱི་སྒྲུབ་ཐབས་དང་དཀྱིལ་ཆོག །ཤྲཱི་བྷ་དྲས་མཛད་པའི་སྦྱིན་སྲེག །ཤཱནྟི་པས་མཛད་པའི་ཚོགས་འཁོར། སློབ་དཔོན་འཇམ་དཔལ་དབྱངས་ཀྱིས་མཛད་པའི་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས། ཙུ་ཙུན་དྷ་རའི་རྟོག་པ་སྟེ་དྲུག །རྭ་རྡོ་རྗེ་གྲགས་ཀྱི་འགྱུར། སློབ་དཔོན་ཤྲཱི་བྷ་དྲས་མཛད་པའི་འཇིགས་བྱེད་ཀྱི་སྒྲུབ་ཐབས་དང་། སྒྲུབ་ཐབས་མདོར་བསྡུས་པ་གཉིས། སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པའི་འཇིགས་བྱེད་ཀྱི་བསྙེན་པའི་ཆོ་ག །གཤིན་རྗེ་གཤེད་ཀྱི་བསྒྲུབ་པའི་ཆོ་ག །འཁོར་ལོ་བསྐོར་བའི་ལས་དྲག་པོའི་ཕྱོགས་གཅིག་པ། སློབ་དཔོན་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པའི་འཇིགས་བྱེད་ཀྱི་སྒྲུབ་ཐབས་དོན་ཡོད་རྡོ་རྗེའི་རང་འགྱུར། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་མངོན་པར་མཐོང་བ་ལམ་གྱི་སྒྲོན་མ་དང་། མཆོད་རྟེན་གྱི་ཆོ་ག །རོ་སྲེག་གི་ཆོ་ག །ཚོགས་འཁོར་གྱི་ཆོ་ག །མཆོད་པའི་ཆོ་གའི་རིམ་པ། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཏེ་དྲུག་ནག་པོ་པས་མཛད་ཅིང་པྲ་ཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། སློབ་དཔོན་ལཱ་ལི་ཏ་བཛྲས་མཛད་པ་ཅོག་གྲུ་ཤེས་རབ་བླ་མའི་འགྱུར། འཇིགས་བྱེད་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ཨ་མོ་གྷ་བཛྲས་མཛད་པ། གཤིན་རྗེ་གཤེད་ནག་པོའི་འཁོར་ལོའི་ཆོ་ག །སློབ་དཔོན་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏས་མཛད་པའི་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ནག་ཚོའི་འགྱུར། སློབ་དཔོན་ཉིན་བྱེད་གྲགས་པས་མཛད་པའི་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་འགོས་འགྱུར། སློབ་དཔོན་གྷོ་ཥ་བཛྲས་མཛད་པའི་གཤེན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཆག་འགྱུར། ཤྲཱི་པཎྜི་ཏས་མཛད་པའི་གཤིན་རྗེ་གཤེད་ནག་པོ་དུས་མཐར་ཕྱིན་པའི་སྒྲུབ་ཐབས་དང་། དཔལ་མར་མེ་མཛད་ཀྱིས་མཛད་པའི་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་དང་། གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་དང་། གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས་དང་། མི་བསྐྱོད་པའི་སྙིང་པོ་འདོད་ཆགས་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང་། གཤིན་རྗེ་གཤེད་རྡོ་རྗེ་རྣོན་པོའི་སྒྲུབ་ཐབས་དང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དང་། ཐོ་བ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང་། དབྱུག་པ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང་། རལ་གྲི་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང་། པདྨ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང་། རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་མའི་སྒྲུབ་ཐབས་དང་། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས་དང་། ལས་ཀྱི་རྡོ་རྗེ་གཽ་རཱི་མའི་སྒྲུབ་ཐབས་དང་། འཇམ་དཔལ་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཏེ་བཅུ་བཞི། མར་མེ་མཛད་ཀྱིས་བྱས་པ་དང་བཅོ་ལྔ་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར། ནག་པོ་པས་མཛད་པའི་མཆོད་རྟེན་གྱི་ཆོ་ག །ཉི་མ་རྒྱལ་མཚན་གྱི་འགྱུར། ཁྲོ་བོ་བཅུའི་གཏོར་མའི་ཆོ་ག་ལག་ལེན་དང་བཅས་པ། གཤིན་རྗེ་གཤེད་གདོང་དྲུག་པའི་སྒྲུབ་ཐབས་ཤེས་རབ་བླ་མའི་འགྱུར། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་གྲུབ་པའི་འཁོར་ལོ། འཇམ་དཔལ་གྱི་རྟོག་པ་དམ་རྫས་གསང་བའི་རྨད་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ག །གཤེད་དམར་གྱི་རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་བིརྦ་པས་མཛད་པ། གློ་བོ་ལོ་ཙྪ་བའི་འགྱུར། སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པའི་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཇོ་བོ་རྗེས་མཛད་པའི་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ནག་ཚོའི་འགྱུར། སློབ་དཔོན་གཞོན་ནུ་ཟླ་བས་མཛད་པའི་དགྲ་ནག་གི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ། གཤིན་རྗེ་གཤེད་ནག་པོའི་མཎྜལ་གྱི་ཆོ་ག །པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པའི་འཇིགས་བྱེད་ཀྱི་བསྟོད་པ་ཤེས་རབ་བླ་མའི་འགྱུར། འཇིགས་བྱེད་ཀྱི་མཚན་ལ་བསྟོད་པ་སློབ་དཔོན་ལས་ཀྱི་རྒྱལ་པོས་མཛད་པ། འཇིགས་བྱེད་ཀྱི་བསྟོད་པ་གསུམ་སྟེ། སློབ་དཔོན་ཤཱནྟི་པས་མཛད་པའི་དགྲ་ནག་གི་སྒྲུབ་ཐབས་ཀུ་མུ་ཏ་ཕྱེ་བ་ལྟ་བུ་འདི་མ་ཆུད། གཤིན་རྗེ་གཤེད་ཀྱི་སྐོར་བརྒྱ་རྩ་བཞིའོ། །ཕྱག་ན་རྡོ་རྗེ་རྣལ་འབྱོར་ཆེན་པོ་ལྟར་བཤད་པ་ལ། འཁོར་ལོ་ཆེན་པོའི་སྐོར་ནི། རྒྱུད་ཀྱི་འགྲེལ་པ་བདུད་རྩི་མྱུ་གུ། སྒྲུབ་ཐབས་རྒྱས་པ་འཁོར་ལོ་ཆེན་པོ། འབྲིང་པོ་བདུད་རྩི་ཐིགས་བ། སྒྲུབ་ཐབས་མདོར་བསྡུས་པ་སྒྲུབ་ཐབས་མདོར་བསྡུས་ཏེ་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་གསུམ། ཀླུ་རིགས་བཞིའི་སྒྲུབ་ཐབས། གནོད་སྦྱིན་གྱི་སྒྲུབ་ཐབས། བདུད་ཟློག་གི་སྒྲུབ་ཐབས་ཏེ། འཇིག་རྟེན་པའི་སྒྲུབ་ཐབས་གསུམ། སྦྱིན་སྲེག་གི་ཆོ་ག་ཞི་དྲག་གཉིས། བདུད་རྩི་འོ་མའི་མཆོད་པ། རྨི་ལྟས་རིམ་པ་དྲུག་པ། གཟུངས་ཀྱི་གཏོར་ཆོག །བདུད་རྩིས་བསད་པ་གསོ་བ། ཀླུ་ཁྲོ་བོས་བསད་པའི་འཕྲིན་ལས། ཀླུ་རིགས་བཞི་མནན་པའི་ཆོ་ག །དཀྱིལ་འཁོར་གྱི་ཆོ་ག །མཛེ་ནད་ཀྱི་མཚན་ཉིད་ཕྱག་ན་རྡོ་རྗེའི་བསྟོད་པ་སྟེ་བཅོ་བརྒྱད། འགར་ཆོས་བཟང་གི་འགྱུར། རྟེན་ཅིང་འབྲེལ་བར་འབྱུང་བའི་བསྲུང་བ། བསྲུང་བའི་འཁོར་ལོ། ཕྱག་ན་རྡོ་རྗེ་ལ་རྗེས་སུ་ཡི་རང་བའི་བསྟོད་པ་རྣམས་ཤེའུ་བཛྲ་དེ་བའི་འགྱུར་ཏེ་ཉི་ཤུ་རྩ་གཅིག་བོ་འདི་ཤེའུ་ལོ་ཙྪ་དང་འགར་ཆོས་བཟང་དང་དུས་ཕྱིས་ཁམས་པ་ཡོན་ཏན་འབྱུང་གནས་ཀྱིས་བཅོས་པ་དང་འགྱུར་མི་གཅིག་པ་གསུམ་སྣང་བས་བོད་མ་ཡིན་ཟེར་བ་མི་བདེན་ནོ། །འདིར་གསང་བ་བསྟན་པའི་རྒྱུད་ཀྱི་རྗེས་སུ་འབྲང་པའི་གཏུམ་པོའི་སྒྲུབ་ཐབས་གསང་བ་ཐུགས་ཀྱི་ཕུར་གཅིག་མ་ལ་སོགས་པ་ཝ་ལ་ཙནྟྲ་དང་དྷརྨ་ཚུལ་ཁྲིམས་ཀྱིས་བསྒྱུར་བ་རྣམས་སྔར་མ་ཆུད་དོ། །སློབ་དཔོན་བྷ་ཝ་པས་མཛད་པའི་སྐོར་ལ། རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ། དཀྱིལ་ཆོག །ཕྱག་ན་རྡོ་རྗེས་མཛད་པའི་སྒྲུབ་ཐབས། ཚོགས་འཁོར། སྦྱིན་སྲེག །མཎྜལ། གཏོར་མ། ལས་ཚོགས་ཀྱི་སྦྱོར་བ། ལས་ཚོགས་རིམ་པར་ཕྱེ་བ་ལ་སོགས་པ་རྣམས་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། འདིར་རྡོ་རྗེ་བེ་ཅོན་ཅན་གྱི་ཆོས་སྐོར་རྣམས་བཙལ་ལོ། །རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པའི་འགྲེལ་པ་མདོར་བསྡུས་པ་དང་། རྗེས་གནང་བྱིན་རླབས་ཀྱི་ཆོ་ག་གཉིས་བི་མ་ལ་ཤྲཱིས་མཛད་པ་དང་། སྒྲུབ་ཐབས་རྗེ་བཙུན་མ་ཧི་པས་མཛད་པ་དང་། སློབ་དཔོན་བྲམ་ཟེ་བྷྲིཾག་རས་མཛད་པའི་སྒྲུབ་ཐབས་དང་བཞི་གྲགས་པ་རྒྱལ་མཚན་གྱི་འགྱུར། གཉིས་བསྟན་འགྱུར་དུ་མ་ཚུད་དོ། །སློབ་དཔོན་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པའི་རལ་པ་གཅིག་པ་ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། ལྷ་བཅུ་བདུན་གྱི་སྒྲུབ་ཐབས། བཛྲ་རཀྵི་ཏས་མཛད་པའི་རལ་གཅིག་ལྷན་སྐྱེས་ཀྱི་སྒྲུབ་ཐབས། རོལ་པའི་རྡོ་རྗེས་མཛད་པའི་ཡུམ་གྱི་སྒྲུབ་ཐབས། བསྔོ་བ་ནོར་བུའི་སྒྲོན་མ། བུད་དྷ་ཤྲཱིས་མཛད་པའི་བསྟོད་པ། རྫོགས་རིམ་རྡོ་རྗེ་སྦས་པའི་གསང་ལམ། ཨ་ཛི་ཏ་མི་ཏྲས་མཛད་པའི་གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ཐབས་ཏེ། བརྒྱད་བྱམས་པའི་དཔལ་གྱི་འགྱུར། བཞི་མ་ཆུད་དོ། །སློབ་དཔོན་སེ་མནྟ་ཤྲཱིས་མཛད་པའི་མགོན་པོ་མངོན་འབྱུང་གི་དཀྱིལ་ཆོག་དངོས་གྲུབ་རིན་ཆེན་འབྱུང་གནས་དང་། སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་ཀྱི་མེ་སྦར་བ་གཉིས་རྭ་ཆོས་རབ་ཀྱི་འགྱུར། ནག་པོ་ཆེན་པོའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའོ། །
ཤེས་རབ་ཀྱི་རྒྱུད་དང་འབྲེལ་བ།
གཉིས་པ་ཤེས་རབ་ཀྱི་རྒྱུད་དང་འབྲེལ་བ་ལ། ཀྱེ་རྡོ་རྗེའི་སྐོར་ནི། ཀྱེ་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ་ལ། རྡོ་རྗེ་སྙིང་པོས་མཛད་པ་འབྲོ་འགྱུར། མཚོ་སྐྱེས་རྡོ་རྗེས་མཛད་པའི་པད་མོ་ཅན་ཁུ་དངོས་གྲུབ་ཀྱི་འགྱུར། མི་ཐུབ་ཟླ་བས་མཛད་པའི་ཀུ་མུ་ཊི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཤཱནྟི་པས་མཛད་པའི་མུ་ཏིག་གི་ཕྲེང་བ་འགོས་འགྱུར། ནཱ་རོ་པས་མཛད་པའི་འགྲེལ་ཆེན་དཔྱལ་ཆོས་བཟང་གི་འགྱུར། སློབ་དཔོན་ཌཾ་ཀ་དཱ་ཤས་མཛད་པའི་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཤོང་བློ་བརྟན་གྱི་འགྱུར། སློབ་དཔོན་པདྨའི་མྱུ་གུས་མཛད་པའི་དཀའ་འགྲེལ་དང་། སློབ་དཔོན་དྷརྨ་ཀཱིརྟིས་མཛད་པའི་དཀའ་འགྲེལ་སྤྱན་འབྱེད། སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་རྣམ་འགྲེལ་བསོད་ནམས་རྒྱལ་མཚན་གྱི་འགྱུར། དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ནག་ཚོའི་འགྱུར། སློབ་དཔོན་པདྨའི་མྱུ་གུས་མཛད་པའི་འགྲེལ་པ་སྟོད་ཅུང་མ་ཚང་བ་མཚུར་དབྱིག་གི་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས་འགོས་འགྱུར་ཏེ། བརྟག་གཉིས་ཀྱི་འགྲེལ་པ་བཅུ་གཉིས་སོ། །གུར་གྱི་འགྲེལ་པ་ལ། ཨིདྲ་བྷུ་ཏིས་མཛད་པའི་དཀའ་འགྲེལ་ཞལ་ནས་བརྒྱུད་པ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ལྷའི་རིགས་ཀྱི་བློ་གྲོས་ཆེན་པོས་མཛད་པའི་གུར་གྱི་དཀའ་འགྲེལ། དེ་ཁོ་ན་ཉིད་རྒྱས་པ་འགོས་འགྱུར། ནག་པོ་པ་ཆེ་བས་མཛད་པའི་གུར་གྱི་བཤད་སྦྱར་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། གུར་བརྟག་པ་དང་པོའི་བཤད་སྦྱར་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་ཏེ། གུར་འགྲེལ་བཞི། སཾ་བུ་ཊིའི་འགྲེལ་པ་ལ། སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་གྱི་ཅོའི་འགྱུར། རབ་ཏུ་གསལ་བ་ཁ་སྦྱོར་གྱི་འགྲེལ་པ་སློབ་དཔོན་ཀ་ཡ་ཐ་བགྲེས་པོས་མཛད་པ་གླན་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་མན་ངག་གི་སྙེ་མ་ཤུ་ལོ་ཀ་སྟོང་ཕྲག་བརྒྱད་པ་སངས་རྒྱས་གྲགས་དང་ཆོས་ཀྱི་བཟང་པོའི་འགྱུར་ལ། དཔང་བློ་བརྟན་གྱིས་ལེགས་པར་བཅོས་པ། སློབ་དཔོན་དཔའ་པོ་རྡོ་རྗེས་མཛད་པའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ་སྟེ། བཞིའོ། །རྡོ་རྗེ་སྙིང་པོས་མཛད་པའི་ཀྱེ་རྡོ་རྗེ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་སྣང་བ་ཟླ་བ་མགོན་པོའི་རང་འགྱུར་འདི་ཐེ་ཚོམ་གྱི་གཞིའོ། །སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཛ་ལན་དྷ་རི་པས་མཛད་པ་དག་པ་རྡོ་རྗེ་སྒྲོན་མ་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་ཚོགས་འཁོར་དམ་ཚིག་ལྔ་པ་ཆོས་ཀྱི་གྲགས་པའི་འགྱུར། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་དཀྱིལ་འཁོར་ཆོ་ག་བཟང་པོ་ཡོངས་བཟུང་། སྒྲུབ་ཐབས་ཡན་ལག་དྲུག་པ། བདག་མེད་མ་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས། འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་སྟེ་བཞི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སློབ་དཔོན་ཌོཾ་བི་ཧེ་རུ་ཀས་མཛད་པའི་ཚོགས་འཁོར་གྱི་ཆོ་ག་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ཌོཾ་བི་ཧེ་རུ་ཀས་མཛད་པའི་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས་བདུད་རྩི་འོད་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ནག་པོ་པའི་ཀྱེ་རྡོ་རྗེའི་དཔའ་བོ་གཅིག་པའི་སྒྲུབ་ཐབ་འགོས་འགྱུར། ཏཱ་ར་ཤྲཱི་ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་ཆོས་ཀྱི་དབང་ཕྱུག་གི་འགྱུར། སྤྱན་དབྱེའི་ཆོ་ག །ཚ་ཚའི་ཆོ་ག །དྷརྨ་པ་ཀའི་གཏོར་མའི་དེ་ཉིད་བསྡུས་པ། ཡེ་ཤེས་སྙིང་པོས་མཛད་པའི་རོ་སྲེག་གི་ཆོ་ག །འདིར་ཚོགས་འཁོར་གྱི་ཆོ་ག་བོད་ཀྱི་རྒྱ་སྟོན་གྱིས་བྱས་པ་བྲིས་པ་ནི་ནོར་པའོ། །ནག་པོ་པའི་ཚོགས་འཁོར་དང་སྦྱིན་སྲེག་འགོས་འགྱུར། ལྷན་སྐྱེས་སྒེག་པའི་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་ཞི་བ་འཚོས་མཛད་པའི་གོང་བུ་དགུག་པ། རྐང་པ་དགུག་པ། སྦྲུལ་གྱི་དུག་སེལ་བ། ཤེས་རབ་འཕེལ་བ། དབང་དུ་བསྡུ་བ་སྟེ། ཀུ་རུ་ཀུ་ལླེའི་མན་ངག་ལྔ་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་ཨ་ལ་ལ་བཛྲས་མཛད་པའི་ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། སློབ་དཔོན་སྒྲ་གཅན་འཛིན་གྱིས་མཛད་པའི་དཔའ་བོ་གཅིག་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སློབ་དཔོན་རྣལ་འབྱོར་པས་མཛད་པའི་དུར་ཁྲོད་ཀྱི་བཤད་པ་འགོས་འགྱུར། སློབ་དཔོན་ཨིནྡྲ་བྷུ་ཏི་དང་། མཚོ་སྐྱེས་ཀྱིས་མཛད་པའི་རྩ་བའི་མངོན་རྟོགས་ཆེ་ཆུང་གཉིས། དུར་ཁྲོད་བརྒྱད་ཀྱི་བཤད་པ་གཉིས། ཀྱེ་རྡོ་རྗེའི་མངོན་པར་རྟོགས་པའི་རིམ་པ་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ། རྡོ་རྗེའི་གླུའི་འགྲེལ་པ་སློབ་དཔོན་པད་མ་དང་སྒྲོན་མ་ཅན་གྱི་སྡེས་མཛད་པ་སྟེ། དེ་རྣམས་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བརྡ་ངེས་པར་བཟུང་བ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། དགོངས་པའི་སྐད་ཀྱི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤེས་རབ་གྲགས་ཀྱི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་དཀྱིལ་ཆོག་གཞུང་འགྲེལ་འགོས་འགྱུར། བདག་མེད་མ་དང་ཀྱེ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ་གཉིས་ནག་ཚོའི་འགྱུར། དུར་ཁྲོད་བརྒྱད་ཀྱི་རྟོག་པ་བིརྦ་པས་མཛད་པ་ལས་བཏུས་པ་ཤེས་རབ་དཔལ་ཡེ་ཤེས་ཀྱི་རང་འགྱུར། ནག་པོ་པ་ཆུང་བས་མཛད་པའི་རོ་སྲེག་གི་ཆོ་ག །སྦྱིན་སྲེག་གི་ཆོ་ག །རབ་ཏུ་གནས་པའི་ཆོ་གའི་ཚུལ། ཚོགས་ཀྱི་འཁོར་ལོ་རྣམས་འགོས་འགྱུར། ཇོ་བོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་འབྱུང་པོ་ཐམས་ཅད་ཀྱི་གཏོར་ཆོག །སློབ་དཔོན་ཤཱནྟི་པས་མཛད་པའི་ལྷན་ཅིག་སྐྱེས་དགའ་ཏིང་ངེ་འཛིན་བཟང་པོའི་འགྱུར། གཏོར་མའི་ཆོ་ག་གཉིས། ནག་པོ་པའི་གཤིན་ཆོག་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་རིམ་པ་ཀུ་མཱ་ར་ཀ་ལ་ཤའི་འགྱུར་དང་། དེའི་འགྲེལ་པ་སློབ་དཔོན་ཐ་ཀ་ནས་མཛད་པ་སྙིང་པོ་རབ་ཏུ་གསལ་བ་མནྟྲ་ཀ་ལ་ཤུའི་རང་འགྱུར། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་གུར་མཁའ་འགྲོ་ལྔའི་སྒྲུབ་ཐབས་བསོད་ནམས་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་གུར་གྱི་སྒྲུབ་ཐབས་དཀྱིལ་འཁོར་བསྡུས་པའི་རྗེས་སུ་འབྲང་བ་སློབ་དཔོན་ལྷའི་བརྟུལ་ཞུགས་ཀྱིས་མཛད་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། སློབ་དཔོན་དཔེ་མེད་རྡོ་རྗེའི་རབ་ཏུ་གསལ་བའི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། གུར་གྱི་ཁྲོ་བོ་བཅུའི་རིག་པའི་ཆོ་ག་སློབ་དཔོན་ཛེ་ཏཱ་རི་པས་མཛད་པ་དང་། ཌོཾ་བི་པའི་སློང་མོའི་འགྲེལ་པ་གཉིས་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་སྒྲུབ་ཐབས་འཁྲུལ་སྤོང་། དགེ་སློང་དཔོན་འོད་སྲུངས་གཞོན་ནུའི་དབང་བཞིའི་རབ་ཏུ་དབྱེ་བ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་བི་ན་པས་མཛད་པའི་ཀྱེ་རྡོ་རྗེའི་གསང་བའི་དབང་གི་རབ་ཏུ་དབྱེ་བ་དང་། དབང་ཆེན་པོའི་རིམ་པ་གསུམ་པ། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་དཀྱིལ་ཆོག་རིན་ཆེན་འབར་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་ཨེ་ཝཾ་མ་ཡའི་བཤད་པ་སྒྲོན་མའི་རིམ་པ། སློབ་དཔོན་ཌོཾ་བི་པས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་དགེ་བློའི་འགྱུར། སློབ་དཔོན་ཀཾ་པ་ལས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་གླན་དར་མ་བློ་གྲོས་ཀྱི་འགྱུར། ཀྱེ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་བསོད་ནམས་རྒྱལ་མཚན་གྱི་འགྱུར། མངོན་པར་རྟོགས་པའི་རིམ་པ་དབྱུག་གུ་དྲུག་ཅུ་རྩ་བཞིའི་མཚན་ཉིད་དང་བཅས་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སློབ་དཔོན་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པའི་བདག་མེད་མའི་སྒྲུབ་ཐབས། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་མཚུར་ཡེ་ཤེས་འབྱུང་གནས་ཀྱི་འགྱུར། སློབ་དཔོན་ཛེ་ཏཱ་རི་པས་མཛད་པའི་ཀྱེ་རྡོ་རྗེའི་དབང་གཏན་ལ་དབབ་པ་གྱི་ཅོའི་འགྱུར། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་ཧེ་རུ་ཀ་ཞལ་གཅིག་པའི་སྒྲུབ་ཐབས་རྨ་ཆོས་འབར་གྱི་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་དཔལ་ཧེ་རུ་ཀ་རྡོ་རྗེའི་སྒྲུབ་ཐབས། ནཱ་རོ་པས་མཛད་པའི་རོ་སྲེག་གི་ཆོ་ག་བསོད་ནམས་རྒྱལ་མཚན་གྱི་འགྱུར། འདི་ནག་པོ་པས་མཛད་པའི་རོ་སྲེག་གི་ཆོ་ག་དང་ཁྱད་མི་སྣང་། ཀྱེ་རྡོ་རྗེའི་གཏོར་མའི་ཆོ་ག །ཀྱེ་རྡོ་རྗེའི་ཕྱག་མཚན་གྱི་ཕན་ཡོན། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་རྫོགས་རིམ་གྱི་མན་ངག །ཀྱེ་རྡོ་རྗེའི་མངོན་པར་རྟོགས་པའི་རིམ་པ་དོན་རབ་ཏུ་གསལ་བ། ཀྱེ་རྡོ་རྗེའི་གཙོ་བོ་སེམས་དཔའ་གསུམ་གྱི་སྒྲུབ་ཐབས་རྗེ་ནཱ་རོ་པའི་ཞལ་གྱི་ལུང་དང་སྦྱར་བ། དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པའི་བདག་མེད་མའི་མན་ངག་བསོད་ནམས་རྒྱལ་མཚན་ཀྱི་འགྱུར། སློབ་དཔོན་མཚོ་སྐྱེས་ཀྱི་མཛད་པའི་ཀྱེ་རྡོ་རྗེ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་ཀྱེ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་དང་། སློབ་དཔོན་གརྦྷ་རི་པས་མཛད་པའི་ཀྱེ་རྡོ་རྗེའི་དྲན་པ་གཅིག་པ་དང་གསུམ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པའི་ཧེ་རུ་ཀའི་རང་བྱིན་གྱིས་བརླབ་པའི་མན་ངག་དགེ་སློང་ཤེས་རབ་ཡེ་ཤེས་དང་བསོད་ནམས་རྒྱལ་མཚན་གྱི་འགྱུར། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་ཤཱཀྱ་འོད་ཀྱི་འགྱུར། ཀྱེ་རྡོ་རྗེ་མདོར་བསྡུས་པའི་བྱ་བ། ཚ་ཚའི་རིམ་པ་སློབ་དཔོན་རིན་ཆེན་ཟླ་བས་མཛད་པའི་ཀྱེ་རྡོ་རྗེའི་བུམ་པའི་སྒྲུབ་ཐབས་ཁུ་དངོས་གྲུབ་ཀྱི་འགྱུར། གཏོར་མའི་ཆོ་ག་ཉུང་ངུ་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་ཀྱེ་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ། དགེ་སློང་ཤེས་རབ་སྐྱབས་ཀྱི་འགྱུར། ཀྱེ་རྡོ་རྗེའི་གཏོར་ཆོག །དཔའ་བོ་གཅིག་པ། ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་མཎྜལ་གྱི་ཆོ་ག་དང་སྦྱིན་སྲེག་གི་ཆོ་ག་གཉིས། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་ཀྱེ་རྡོ་རྗེ་ནས་གླིང་མའི་དཀྱིལ་ཆོག་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། འདི་མ་ཆུད། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ལྷ་བཙན་པོ་མུ་ནི་རཱ་ཛའི་འགྱུར། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་རྡོ་རྗེ་གུར་ལས་གསུངས་པའི་རོ་སྲེག་གི་ཆོ་ག་བ་རིའི་འགྱུར། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་བསྟོད་པ་ཉི་ཤུ་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་བསྟོད་པ་བྱང་ཆུབ་ཤེས་རབ་ཀྱི་འགྱུར། སློབ་དཔོན་བསོད་སྙོམས་པ་འཕགས་པ་ལྷས་མཛད་པ་བདག་མེད་ལྷ་མོ་བཅོ་ལྔའི་བསྟོད་པ། སློབ་དཔོན་ཌོཾ་བི་ཧེ་རུ་ཀས་མཛད་པའི་ཀྱེ་རྡོ་རྗེའི་བཀྲ་ཤིས་ཏེ། ཀྱེ་རྡོ་རྗེའི་ཆོས་སྐོར་བརྒྱ་ཉི་ཤུའོ། །བདེ་མཆོག་གི་སྐོར་ལ། རྩ་རྒྱུད་ཀྱི་འགྲེལ་པ་ལ། ཕྱག་ན་རྡོ་རྗེས་མཛད་པའི་སྟོད་འགྲེལ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ལང་ཀ་རྒྱལ་བ་བཟང་པོས་མཛད་པའི་དཀའ་འགྲེལ། སློབ་དཔོན་སྐལ་ལྡན་གྲགས་པས་མཛད་པའི་དཀའ་འགྲེལ་དཔའ་བོ་ཡིད་འོང་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་སྐར་རྒྱལ་ཟླ་བས་མཛད་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཡོན་ཏན་དཔལ་གྱི་འགྱུར། སློབ་དཔོན་ལྷ་སྦས་ཀྱིས་མཛད་པའི་སྒྲུབ་ཐབས་གནས་པའི་མན་ངག་ཐམས་ཅད་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་གཉིས་ཀའི་བཤད་སྦྱར་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། སློབ་དཔོན་ལྭ་བ་པས་མཛད་པའི་འགྲེལ་པ་སྒྲུབ་ཐབས་གླེང་གཞི་འགོས་འགྱུར། སློབ་དཔོན་སུ་མ་ཏི་ཀཱིརྟིས་མཛད་པའི་སྡོམ་པ་འབྱུང་བའི་རྒྱུད་ཉུང་ངུའི་མཚམས་སྦྱོར་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དང་། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་འཁོར་ལོ་སྡོམ་པའི་རྣམ་འགྲེལ་ཡོན་ཏན་ཐམས་ཅད་གནས་པ་གཉིས། བ་རི་རིན་ཆེན་གྲགས་ཀྱི་འགྱུར། སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པ་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། འདི་བསྟན་འགྱུར་དུ་མ་ཆུད་དོ། །རྩ་རྒྱུད་འགྲེལ་པ་བཅུ་གཅིག་གོ། རྡོ་རྗེ་མཁའ་འགྲོའི་འགྲེལ་པ་སློབ་དཔོན་བྷ་ཝ་བྷ་དྲས་མཛད་པ་འགོས་འགྱུར། རྡོ་རྗེ་མཁའ་འགྲོའི་འགྲེལ་པ་དེ་ཁོ་ན་ཉིད་བརྟན་པར་བྱེད་པ་སློབ་དཔོན་ནོར་བཟང་གིས་མཛད་པ་གྱི་ཅོའི་འགྱུར། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་བཤད་སྦྱར་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་བ་རིའི་འགྱུར། མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་སློབ་དཔོན་པད་མ་བཛྲས་མཛད་པ་གྲུ་གཟིངས་ཞེས་བྱ་བ་སྟོང་ཕྲག་བརྒྱད་པ་ཆོས་ཀྱི་ཡོན་ཏན་གྱི་འགྱུར། སྡོམ་འབྱུང་གི་འགྲེལ་པ་པད་མོ་ཅན་སློབ་དཔོན་རཏྣ་རཀྵི་ཏས་མཛད་པ་ཤོང་བློ་བརྟན་གྱི་འགྱུར། ཧེ་རུ་ཀ་མངོན་འབྱུང་གི་དཀའ་འགྲེལ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཡེ་ཤེས་ཀྱི་འགྱུར། ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་གི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཟླ་མགོན་དང་གཉལ་མི་ཡེ་ཤེས་ཆོས་ཀྱི་འགྱུར། ཁྱབ་འཇུག་སྦས་པས་མཛད་པའི་ཕག་མོ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། སློབ་དཔོན་ལཱུ་ཨི་པས་མཛད་པའི་བདེ་མཆོག་གི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། དེའི་དཀའ་འགྲེལ། ཕྱི་རོལ་མཆོད་པའི་ཆོ་ག །གཏོར་མའི་ཆོ་ག །ལག་མཆོད་དེ། སློབ་དཔོན་པྲ་ཛྙཱ་རཀྵི་ཏས་མཛད་པའི་ཆོས་བཞི་རྔོག་འགྱུར། པྲ་ཛྙཱ་རཀྵི་ཏས་མཛད་པའི་ཚ་ཚའི་ཆོ་ག་བ་རིའི་འགྱུར། སློབ་དཔོན་པད་མའི་དབྱངས་ཀྱིས་མཛད་པའི་སྦྱིན་སྲེག་གི་སྡོམ་ཚིག་འདི་གཉིས་མ་ཆུད། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཇོ་བོ་རྗེས་མཛད་པ་ནག་ཚོའི་འགྱུར། ལཱུ་ཨི་པའི་འགྲེལ་པ་སྡོམ་པ་འབྱུང་བ་དང་། དེའི་འགྲེལ་པ་ཁྱད་པར་གསལ་བྱེད་དང་། དེའི་དཀྱིལ་འཁོར་ཆོ་ག་དང་། བདུད་རྩི་རི་ལུའི་སྒྲུབ་ཐབས་གཉིས་དང་། ཨ་བྷི་དྷ་ན་ནས་ཕྱུང་བའི་བསྲུང་འཁོར་དང་དྲུག །དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ་བི་བྷུ་ཏི་ཙནྡྲའི་རང་འགྱུར། འདིའི་ཕྱི་མ་གསུམ་མ་ཆུད། སློབ་དཔོན་ནག་པོ་པས་མཛད་པའི་ཆོས་དྲུག་ལ་དཀྱིལ་ཆོག །སྒྲུབ་ཐབས་སྦྱིན་སྲེག་གསུམ་རིག་པ་གཞོན་ནུའི་འགྱུར། དཔྱིད་ཀྱི་ཐིག་ལེ་འགོས་འགྱུར། གསང་བའི་དེ་ཁོ་ན་ཉིད་འགོས་དང་མར་དོའི་འགྱུར། ཨོ་ལ་པ་ཏི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་ཏེ་དྲུག་གོ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་དྲིལ་བུ་སྐོར་གསུམ་ལ། དབང་གི་བྱ་བ་མདོར་བསྡུས་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྒྲུབ་ཐབས་བློ་གྲོས་གྲགས་ཀྱི་འགྱུར། རིམ་པ་ལྔ་པ་ནག་ཚོ་དང་བློ་ལྡན་ཤེས་རབ་ཀྱི་འགྱུར། ཡང་རྡོ་རྗེ་དྲིལ་བུ་པས་མཛད་པ་ལ། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་དཔྱལ་ཆོས་བཟང་གི་འགྱུར། ལྷན་སྐྱེས་ཕྱག་གཉིས་པའི་སྒྲུབ་ཐབས་ཆོས་རྗེ་དཔལ་གྱི་འགྱུར་ཏེ་གསུམ་མོ། །དཔལ་ཉིན་མོ་མཛད་ཀྱིས་མཛད་པའི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དགེ་བློའི་འགྱུར། སློབ་དཔོན་ལྭ་ཝ་པས་མཛད་པའི་བདེ་མཆོག་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་། དེའི་དཀྱིལ་ཆོག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་གཉིས་ཆོས་ཀྱི་དབང་ཕྱུག་གི་འགྱུར། འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་བདེ་མཆོག་སྒྲུབ་ཐབས་འཁྲུལ་སྤོང་ཉི་མ་རྒྱལ་མཚན་གྱི་འགྱུར། དེས་མཛད་པའི་རང་བྱིན་གྱིས་བརླབ་པའི་མན་ངག་ཆོས་རྗེ་དཔལ་གྱི་འགྱུར། མཻ་ཏྲི་པས་མཛད་པའི་བདེ་མཆོག་བཅུ་གསུམ་མའི་སྒྲུབ་ཐབས་རིན་ཆེན་སྒྲོན་མ་བ་རེག་ཐོས་པ་དགའ་དང་། བ་རི་དང་། བྱམས་པའི་དཔལ་གྱི་འགྱུར། རྨ་བན་ཆོས་འབར་གྱི་འགྱུར་ཡང་ཡོད། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་བདེ་མཆོག་ཡི་གེ་བདུན་པའི་སྒྲུབ་ཐབས་མར་དོའི་འགྱུར། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བ་རིའི་འགྱུར། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་བདེ་མཆོག་གི་དཀྱིལ་ཆོག་ཡིད་འོང་ཕྲེང་བ། སློབ་དཔོན་མ་ཀ་ན་ཤྲཱིས་མཛད་པའི་འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཤེས་རབ་གྲགས་ཀྱི་འགྱུར། སློབ་དཔོན་ནཱ་རོ་པས་མཛད་པའི་དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས། བྲམ་ཟེ་གྷྲིང་ག་རས་མཛད་པའི་ཧེ་རུ་ཀའི་སྒྲུབ་ཐབས་མདོར་བསྡུས་པ་གཞོན་ནུ་བུམ་པའི་རང་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་འཁོར་ལོ་སྡོམ་པའི་མན་ངག་མཚུར་གྱི་འགྱུར། སློབ་དཔོན་གརྦྷ་རི་པས་མཛད་པའི་དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་ཉིན་མོའི་འབྱུང་གནས་ཟླ་བས་མཛད་པའི་ཧེ་རུ་ཀ་འབྱུང་བའི་དཀྱིལ་ཆོག །རྡོ་རྗེ་དྲིལ་བུ་པའི་མན་ངག་ལུས་ཀྱི་དཀྱིལ་འཁོར། རྡོ་རྗེ་དྲིལ་བུ་པས་མཛད་པའི་འཁོར་ལོ་སྡོམ་པའི་རིམ་ལྔའི་འགྲེལ་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཏུས་པའི་སྒྲུབ་ཐབས་བྱང་ཆུབ་ཀྱི་སེམས་ཀུན་ཏུ་གཟིགས་པའི་ཕྲེང་བ་སློབ་དཔོན་ཀ་ལ་པས་མཛད་པ་འགོས་འགྱུར། མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་རྐང་པ་བཞི་བཅུ་རྩ་བརྒྱད་པའི་བསྟོད་པ་དང་གཉིས་དར་མ་ཡོན་ཏན་གྱི་འགྱུར། དཀྱིལ་ཆོག །གཏོར་ཆོག །མཎྜལ་གྱི་ཆོ་ག་སྦྱིན་སྲེག་གི་ཆོ་ག་དང་བཞི་ཡེ་ཤེས་རྡོ་རྗེའི་འགྱུར། དྲུག་པོ་དེ་ཛ་ཡ་སེ་ནས་མཛད་པའོ། །སློབ་དཔོན་ཌཾ་བི་ཧེ་རུ་ཀས་མཛད་པའི་ཧེ་རུ་ཀ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ནག་ཚོའི་འགྱུར། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཆོས་རྗེ་དཔལ་གྱི་འགྱུར། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་འཁོར་ལོ་སྡོམ་པའི་བསྟོད་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། སློབ་དཔོན་ཛ་ལན་དྷ་རི་པས་མཛད་པའི་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་རྒྱ་བརྩོན་འགྲུས་སེང་གེ་དང་ཉི་མ་རྡོ་རྗེའི་འགྱུར། རྒྱལ་པོ་ཨིནྡྲ་བྷུ་ཏིས་མཛད་པའི་འཁོར་ལོ་སྡོམ་པའི་བསྟོད་པ། འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ། པཎྜི་ཏ་ཤུ་ར་ཀ་ལ་ཤས་མཛད་པའི་འཁོར་ལོ་སྡོམ་པའི་བསྟོད་པ་བསོད་ནམས་བཟང་པོའི་འགྱུར། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ། སློབ་དཔོན་དྷ་རི་ཀ་པས་མཛད་པའི་འཁོར་ལོ་སྡོམ་པའི་བསྟོད་པ་བསྡུས་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེ་སྒྱུ་འཕྲུལ་སྦྱིན་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། སློབ་དཔོན་མཻ་ཏྲི་པས་མཛད་པའི་འཁོར་ལོ་སྡོམ་པའི་བསྟོད་པ། སློབ་དཔོན་བྷུ་རི་པས་མཛད་པའི་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཤ་ཝ་རི་ལ་སོགས་པས་མཛད་པར་གྲགས་པའི་ཞལ་གཉིས་མ་ཆུང་བ་རྨ་བན་གྱི་འགྱུར། བི་ར་ཝ་པས་མཛད་པའི་དབུ་བཅད་མ་ཆེ་བ་རྨ་བན་གྱི་འགྱུར། ལྷ་མོ་དཔལ་གྱི་བློ་གྲོས་ཀྱིས་མཛད་པའི་དབུ་བཅད་མ་ཆུང་བ་དང་། ཨ་བ་དྷུ་ཏཱི་པས་མཛད་པའི་དོན་གྲུབ་མ་ཆུང་བ་དང་། སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པའི་ཞལ་གཉིས་མ་ཆེ་བ་དང་། དོན་གྲུབ་མ་ཆེ་བ་གཉིས་དང་། སངས་རྒྱས་བྱིན་གྱིས་མཛད་པའི་སྦྱིན་སྲེག་གི་ཆོ་ག་སྟེ་ལྔ་རྔོག་འགྱུར། ཞལ་གཉིས་མ་ཆེ་བའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་བཤད་པ་སློབ་དཔོན་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ། ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་དགེ་བའི་འབྱུང་གནས་སྦས་པས་མཛད་པའི་ཕག་མོ་མངོན་པར་རྟོགས་པའི་སྙེ་མ་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ཕག་མོའི་སྒྲུབ་ཐབས་དང་། སློབ་དཔོན་ཤ་ཝ་རི་པས་མཛད་པའི་རྣལ་འབྱོར་མའི་མཆོད་པའི་ཆོ་ག་མདོར་བསྡུས་པ་གཉིས་མཚུར་དབང་ངེའི་འགྱུར། ཇོ་བོ་རྗེས་མཛད་པའི་བཅུ་གསུམ་མའི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་དཱ་རི་ཀ་པས་མཛད་པའི་རྣལ་འབྱོར་མའི་འགྲེལ་པ་རྣལ་འབྱོར་གྱི་རྗེས་སུ་འབྲང་པ་ཚེས་བཅུའི་མཆོད་པ་དང་བཅས་པ། སློབ་དཔོན་ཀླུའི་བྱིན་པས་མཛད་པའི་རྣལ་འབྱོར་གྱི་སྙིང་པོ་བསྡུས་པ། སློབ་དཔོན་དཱ་རི་ཀ་པས་མཛད་པའི་རྣལ་འབྱོར་མའི་མན་ངག་རྣམས་དཱ་ན་ཤཱི་ལའི་རང་འགྱུར། སློབ་དཔོན་ཤ་ཝ་རི་པས་མཛད་པའི་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག་མདོར་བསྡུས་པ། སློབ་མ་རྗེས་སུ་གཟུང་བའི་ཆོ་ག །ཚོགས་ཀྱི་འཁོར་ལོའི་ཆོ་ག །སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་རྣལ་འབྱོར་མའི་སྒྲུབ་ཐབས་དོན་ཐམས་ཅད་གྲུབ་པ་རྣམས་ཉི་མ་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་བདེ་བ་མཆོག་གི་སྡོམ་པ་འཇུག་པ་ངེས་པའི་དོན་གྱི་དཀྱིལ་འཁོར་ཞེས་བྱ་བ་དཔལ་གཉིས་མེད་རྡོ་རྗེ་མཛད་པ་པྲ་ཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར་འདི་མ་ཆུད། ལས་དང་པོ་བའི་བསྒོམ་པ་མདོར་བསྡུས་པ་ཤེས་རབ་གྲགས་ཀྱི་འགྱུར། ཨིནྡྲ་བྷུ་ཏིས་མཛད་པའི་གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཤེས་རབ་གྲགས་ཀྱི་འགྱུར། རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་དང་། སློབ་དཔོན་བྷ་ན་རེན་དྲ་རུ་ཙེས་མཛད་པའི་གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་གཉིས་ཡེ་ཤེས་རྡོ་རྗེའི་འགྱུར། དཔལ་ཨུ་མ་པ་ཏིང་ཏྟས་མཛད་པའི་ཕག་མོ་མངོན་འབྱུང་གི་སྒྲུབ་ཐབས་དང་། དཀྱིལ་འཁོར་ཆོ་ག་གཉིས་རྭ་ཆོས་རབ་ཀྱི་འགྱུར། སློབ་དཔོན་ཀ་མ་ལ་ཤྲཱིས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨོང་ལོའི་འགྱུར། སློབ་དཔོན་ཀོརྐ་ཏཏྟས་མཛད་པའི་ཕག་མོ་ཤེས་རབ་གསལ་བྱེད་མའི་སྒྲུབ་ཐབས་དང་བསྟོད་པ་གཉིས་གྲུབ་པ་དཔལ་བཟང་པོའི་འགྱུར། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་ཕག་མོའི་སྒྲུབ་ཐབས་དང་། ཨུ་རྒྱན་ནས་བྱུང་བའི་ཕག་མོའི་སྒྲུབ་ཐབས་གཉིས་ཆོས་ཀྱི་དབང་ཕྱུག་གི་འགྱུར། སློབ་དཔོན་ཤེས་རབ་བཟང་པོས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཆོས་ཀྱི་དབང་ཕྱུག་གི་འགྱུར། སློབ་དཔོན་དཱ་རི་ཀ་པས་མཛད་པའི་ཀེང་རུས་ཀྱི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། དེའི་འགྲེལ་པ་གཞན་ལ་ཕན་པ་ཀུ་མཱ་ར་བོ་དྷིས་མཛད་པ། སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་ཕག་མོའི་སྒྲུབ་ཐབས་བྱམས་པའི་དཔལ་གྱི་འགྱུར། ཀཱུར་མ་པ་ཏའི་སྒྲུབ་ཐབས་དང་། མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་གཉིས་དང་གསུམ་དཔྱལ་ཆོས་བཟང་གི་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་པའི་ཙེན་མའི་སྒྲུབ་ཐབས་དང་། དེའི་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་གཉིས་བསོད་རྩེའི་འགྱུར། དྲུག་པོ་སྔར་མ་ཆུད། རྡོ་རྗེ་ཕག་མོ་མདོར་བསྡུས་པའི་བསྟོད་པ་གློག་སྐྱ་ལོ་ཙྪའི་འགྱུར། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་མཁའ་སྤྱོད་མ་དཀར་མོའི་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། ཡང་དེས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་ཁུ་ནེ་ཙོའི་འགྱུར། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་བདེ་མཆོག་གི་བཀྲ་ཤིས། ཞུ་བྱས་ཚུལ་ཁྲིམས་བཀྲ་ཤིས་ཀྱི་འགྱུར། བདེ་མཆོག་སྡོམ་འབྱུང་གི་སྒྲུབ་ཐབས་པཎྜི་ཏ་ཀྵཱནྟི་ཤྲཱི་དང་། ཤོང་བློ་བརྟན་གྱི་འགྱུར། སློབ་དཔོན་ཨརྱ་དེ་བས་མཛད་པའི་རྡོ་རྗེ་མཁའ་འགྲོའི་བསྡུས་དོན་གྱི་འགྲེལ་པ། སློབ་དཔོན་ཛ་ལན་དྷ་རས་མཛད་པའི་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པ། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། སློབ་དཔོན་དགེ་བའི་མགོན་པོས་མཛད་པའི་རྣལ་འབྱོར་གྱི་གཏུམ་མོ། སློབ་དཔོན་ཀུ་ས་ལི་པས་མཛད་པའི་སྙིང་པོའི་དེ་ཁོ་ན་ཉིད་བསྡུས་པ། འཇིགས་མེད་གྲགས་པས་མཛད་པའི་ལྷན་ཅིག་སྐྱེས་པའི་སྣང་བ། རྡོ་རྗེ་དྲིལ་བུ་པས་མཛད་པའི་ཕག་མོ་ལྷ་ལྔའི་སྒྲུབ་ཐབས་དང་། ཕག་མོ་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་གནོད་མཛེས་ཀྱི་སྒྲུབ་ཐབས་པྲ་ཛྙཱ་རཀྵི་ཏས་མཛད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནཱ་རོ་པས་མཛད་པ། དེའི་ལས་ཚོགས་གནོད་སྦྱིན་མོའི་རྟོག་པ། ཇོ་བོ་རྗེས་མཛད་པའི་རྗེ་བཙུན་མ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས་ཡང་ཇོ་བོས་མཛད་པའི་ཕག་མོའི་སྒྲུབ་ཐབས་བར་མ། སློབ་དཔོན་ཉིན་མཛད་རྡོ་རྗེས་མཛད་པའི་བདེ་མཆོག་གི་སྦྱིན་སྲེག་གི་ཆོ་ག །ཀ་ན་ཀ་ཤྲཱིས་མཛད་པའི་དཔའ་བོ་དྲུག་དང་དཔའ་མོ་དྲུག་གི་སྒྲུབ་ཐབས་གཉིས། པྲ་ཛྙཱ་རཀྵི་ཏས་མཛད་པའི་འཁོར་ལོ་སྡོམ་པའི་འཆི་བླུ། བྲམ་ཟེ་ནག་པོ་པས་མཛད་པའི་ཡི་གེ་བདུན་པའི་སྒྲུབ་ཐབས། དེ་རྣམས་མ་ཆུད་དོ། །འཁོར་ལོ་སྡོམ་པའི་ཆོས་སྐོར་བརྒྱ་དང་བཞི་བཅུ་རྩ་གཅིག་གོ། ཀྱེ་རྡོ་རྗེའི་ཆ་མཐུན་གྱི་རྒྱུད་དུ་ཁ་ཅིག་འདོད་པའི་ཕྱག་རྒྱ་ཆེན་པོ་ཐིག་ལེའི་འགྲེལ་པ་སློབ་དཔོན་ཟབ་པའི་རྡོ་རྗེས་མཛད་པ། སློབ་དཔོན་ཤེས་རབ་གསང་བས་མཛད་པའི་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱ་ཆེར་འགྲེལ་པ་དགའ་པའི་སྤྱན་རིན་ཆེན་རྒྱལ་མཚན་གྱི་འགྱུར། པཎྜི་ཏ་གཞོན་ནུ་ཟླ་བས་མཛད་པའི་རྙོག་པ་མེད་པའི་རྒྱུད་ཀྱི་དཀའ་འགྲེལ། སློབ་དཔོན་མ་ཧཱ་སུ་ག་ཏ་བཛྲས་མཛད་པའི་དེ་ཁོ་ན་ཉིད་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ་བྱང་ཆུབ་འབྱུང་གནས་ཀྱི་འགྱུར། སློབ་དཔོན་བི་མ་གརྦྷས་མཛད་པའི་དཔལ་བདེ་བ་ཆེན་པོའི་འགྲེལ་པ། སློབ་དཔོན་རྡོ་རྗེ་གསང་བས་མཛད་པའི་རང་བཞིན་དགའ་བའི་སྒྲོན་མའི་དཀའ་འགྲེལ་དཔལ་ཤེས་རབ་གསང་བའི་རང་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་སྐོར་ལ། སློབ་དཔོན་བརྒྱ་བྱིན་སྡོང་པོས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་ལྷ་རིན་པོ་ཆེའི་འགྱུར། སློབ་དཔོན་ཀུ་ཀུ་ར་ཛས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་ཆོག་དྲན་པ་ནམ་མཁའི་འགྱུར། སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པའི་དཀའ་འགྲེལ་ཤེས་རབ་གསང་བའི་འགྱུར། ཡང་དེས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་ཆོག་བདེ་བ་བསྐྱེད་པ། གཉན་བསོད་ནམས་ཀྱི་འགྱུར། སློབ་དཔོན་ཧཱུཾ་མཛད་རྡོ་རྗེས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ལྷ་རིན་པོ་ཆེའི་འགྱུར། སློབ་དཔོན་ཨིནྡྲ་བྷ་དྲས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་ཚོགས་ཀྱི་ཆོ་ག་དྲན་པ་ནམ་མཁའ་དང་ལྷ་རིན་པོ་ཆེའི་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པའི་མཉམ་སྦྱོར་གྱི་རྒྱན། སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པའི་མཉམ་སྦྱོར་གྱི་དཀའ་འགྲེལ་དང་། སློབ་དཔོན་རབ་ཞི་བཤེས་གཉེན་གྱིས་མཛད་པའི་མཉམ་སྦྱོར་གྱི་དཀའ་འགྲེལ་གཉིས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་མཉམ་སྦྱོར་གྱི་འགྲེལ་པ་ཤེས་རབ་སྣང་བར་བྱེད་པ་སྨྲྀ་ཏིའི་རང་འགྱུར་ཏེ་དགུའོ། །གདན་བཞིའི་སྐོར་ལ། སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་རྒྱུད་ཀྱི་འགྲེལ་པ་དྲན་པའི་རྒྱུ་མཚན་འགོས་ཀྱི་འགྱུར། སློབ་དཔོན་འཕགས་པ་ལྷས་མཛད་པའི་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་དང་། སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་གདན་བཞིའི་སྒྲུབ་ཐབས་དང་། སློབ་དཔོན་ཛཻ་ཏཱ་རིས་མཛད་པའི་གདན་བཞིའི་དེ་ཁོ་ན་ཉིད་བཞི་པ་དང་གསུམ་པ་འགོས་འགྱུར། འཕགས་པ་ལྷའི་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པ་སྨྲྀ་ཏིའི་རང་འགྱུར། འཕགས་པ་ལྷའི་ཤིང་གཅིག་གི་དཀའ་འགྲེལ། འཕགས་པ་ལྷའི་གདན་བཞིའི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མཆན་ཁུང་སྦྱོར་བ། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་སློབ་དཔོན་ཨ་བྷ་ཡས་མཛད་པ་སྒྲ་ཚད་པ་རིན་རྒྱལ་གྱི་འགྱུར། རྣམ་པར་རྒྱལ་བའི་དབང་པོས་མཛད་པའི་དཔལ་རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས་འདི་གཉིས་སྔར་མ་ཆུད་དེ་བཅུའོ། །མ་ཧཱ་མཱ་ཡཱའི་སྐོར་ལ། སློབ་དཔོན་ཤཱནྟི་པས་མཛད་པའི་རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན་དང་། ནག་པོ་རྡོ་རྗེས་མཛད་པའི་འགྲེལ་པ་དྲན་པ་གཉིས་འགོས་འགྱུར། དཔལ་རྒྱན་པས་མཛད་པའི་དཀའ་འགྲེལ། མི་ཐུབ་ཟླ་བས་མཛད་པའི་དཀའ་འགྲེལ་སྒྱུ་མ་ཅན། སློབ་དཔོན་ཀུ་ཀུ་རི་པས་མཛད་པའི་ཆོས་དྲུག་ལ། དཀྱིལ་ཆོག་སྒྲུབ་ཐབས་ཚིགས་བཅད་མ། སྒྱུ་འཕྲུལ་ཆེན་མོའི་རྗེས་སུ་འབྲངས་པའི་ཧེ་རུ་ཀའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཆེ་ཆུང་གཉིས་གཏོར་ཆོག་དང་ལྔ་འགོས་འགྱུར། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་ཆོག་རིམ་པ་གསལ་བ། གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། སློབ་དཔོན་ཀུ་ཀུ་རི་པས་མཛད་པའི་རྨོངས་པ་གྲོལ་བའི་བརྟག་པ་འགོས་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས། སློབ་དཔོན་འདུལ་བས་བྱིན་གྱིས་མཛད་པའི་དཀྱིལ་ཆོག །སློབ་དཔོན་རྒྱན་པས་མཛད་པའི་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་སུ་འབྲང་པའི་ཧེ་རུ་ཀའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་སྐུ་མེད་རྡོ་རྗེས་མཛད་པའི་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་ཡུམ་རྡོ་རྗེ་མཁའ་འགྲོ་མས་ཨོ་རྒྱན་གྱི་ཡུལ་དུ་གསུངས་པ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། དཔལ་རྒྱན་པས་མཛད་པའི་དཀྱིལ་ཆོག་སྦྱིན་སྲེག་དང་བཅས་པ། སློབ་དཔོན་བློ་བཟངས་སྙིང་པོས་མཛད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་རྩ་འགྲེལ་ཏེ་ཉི་ཤུའོ། །སངས་རྒྱས་ཐོད་པའི་སྐོར་ལ། ས་ར་ཧའི་ཆོས་ལྔ་ནི། རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན། ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། དཀྱིལ་ཆོག་རིམ་པ་གསལ་བ། འབྱུང་པོ་ཐམས་ཅད་པའི་གཏོར་ཆོག །སྒྲུབ་ཐབས་བསྡུས་པ་སྟེ་ལྔ་གྱི་ཅོ་ཟླ་བའི་འོད་ཟེར་གྱི་འགྱུར། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་རྒྱ་ཆེར་འགྲེལ་པ་མི་འཇིགས་པའི་གཞུང་འགྲེལ་ཤུ་ལོ་ཀ་སྟོང་དྲུག་བརྒྱ་པ་འགྱུར་རྙིང་པ་ལ་དཔང་བློ་བརྟན་གྱིས་བཅོས་པ། སློབ་དཔོན་པདྨ་བཛྲས་མཛད་པའི་དཀའ་འགྲེལ་དེ་ཁོ་ན་ཉིད་ཀྱི་ཟླ་བ་འདི་མ་ཆུད་དེ་དེ་ལྟར་བདུན་ནོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་བྷ་གོས་མཛད་པ། རྡོ་རྗེ་བདུད་རྩིའི་འགྲེལ་པ་བདུད་རྩི་འཛག་པ་ཡོན་ཏན་འབར་དང་ཤེས་རབ་བརྩེགས་ཀྱི་འགྱུར་ཏེ་གཉིས་སོ། །
སློབ་དཔོན་ཉི་མ་སྦས་པས་མཛད་པའི་སྒྲོལ་མ་རྣལ་འབྱོར་ཆེན་པོའི་སྐོར་ནི། སྒྲོལ་མ་སྤྱིའི་སྒྲུབ་ཐབས་དང་སོ་སོའི་སྒྲུབ་ཐབས་ལས་ཚོགས་དཀྱིལ་ཆོག་དང་བཅས་པ་ལེའུ་ཉི་ཤུ་རྩ་དྲུག་པ་བློ་གྲོས་གྲགས་ཀྱི་འགྱུར། སྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ་ཁ་ཆེའི་དཔེ་ལས་ས་སྐྱར་བསྒྱུར་པ། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་བྱམས་པའི་དཔལ་གྱི་འགྱུར། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པ་རྣམ་དག་གཙུག་གི་ནོར་བུ། སྒྲོལ་མའི་བསྟོད་པ་འདན་མ་ཚུལ་སེང་གི་འགྱུར་ཏེ་ལྔའོ། །སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་མེ་ཏོག་ཕྲེང་འཛིན་ལྷ་མོ་ལྔའི་སྤྱིའི་སྒྲུབ་ཐབས། སོ་སོའི་སྒྲུབ་ཐབས་ལ་སྟོང་པ་ཉིད་བསྒོམ་པ། ལྟ་བ་ངན་པ་སུན་དབྱུང་བ། ཆོམ་རྐུན་འཆིང་བ། རིག་པ་བསྐྱེད་པ། འཆི་བ་བླུ་བ་ལས་ཚོགས་དང་བཅས་པ་རྣམས་ཅོག་གྲུ་མྱ་ངན་མེད་པའི་དཔལ་གྱི་འགྱུར། གུར་ལས་གསུངས་པའི་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཨུ་རྒྱན་སྒྲོལ་མའི་ཆོས་སྐོར་དྲུག་ནི། འཕགས་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས་ཀྱི་རྟོག་པ། ཨུ་རྒྱན་སྒྲོལ་མའི་མངོན་རྟོགས་ཀྱི་རིམ་པ། ཨུ་རྒྱན་སྒྲོལ་མའི་རིམ་པ་གསང་བ་ལས་ཀྱང་ཆེས་གསང་བ་དཀྱིལ་འཁོར་གྱི་ཆོ་ག་ས་ར་ཧི་ཏ་བྷ་དྲས་མཛད་པ། སྦྱིན་སྲེག་གི་སྡོམ་ཚིག །གཏོར་མའི་ཆོ་ག་སྟེ་དྲུག །པཎྜི་ཏ་སཾ་གྷ་མ་ཤྲཱི་དང་འཇམ་དཔལ་སྒེག་པའི་རྡོ་རྗེས་བསྒྱུར་པ། སྔར་མ་ཆུད། ཨུ་རྒྱན་གྱི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར།
སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་ཆོས་བཞི་ནི། སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། སྒྲོལ་མའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག །ཁྲུས་ཆོག །གསོ་སྦྱོང་གི་ཆོ་ག་དང་བཞི་གྲུབ་པ་དཔལ་བཟང་པོའི་འགྱུར། མཆོག་གི་སྒྲོལ་མ་རལ་པ་གཅིག་མའི་སྒྲུབ་ཐབས་དཀྱིལ་ཆོག་ལ་སོགས་པ་དེ་ཁོ་ན་ཉིད་བཅོ་བརྒྱད་པ་ཞེས་པ་དཱ་ན་ཤཱི་ལའི་རང་འགྱུར་འདི་བརྟག །སློབ་དཔོན་བརྟག་པའི་རྡོ་རྗེས་མཛད་པའི་སྒྲོལ་མ་རལ་གཅིག་མའི་སྒྲུབ་ཐབས། གཏོར་མ། སྒྲོལ་མའི་ཤེས་རབ་བློ་འཕེལ་དང་གསུམ། དཱ་ན་ཤཱི་ལའི་རང་འགྱུར། རལ་གཅིག་མ་དམར་མོའི་སྒྲུབ་ཐབས་མཆོག་ལྡན་གྱི་འགྱུར། དེའི་བྱིན་རླབས་ཀྱི་ཆོ་ག་ནག་པོ་པས་མཛད་པ་གཞོན་ནུ་ཤེས་རབ་ཀྱི་འགྱུར། ཨུ་རྒྱན་གྱི་ཡུལ་ནས་བྱུང་བའི་ལྷ་མོ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་རོང་ཟོམ་ཆོས་བཟང་གི་འགྱུར། མྱུར་མཛད་མའི་སྒྲུབ་ཐབས་བཅུ་གསུམ་གྱི་བདག་ཉིད། སྙན་ངག་མཁན་སྙིང་རྗེ་ཆེན་པོས་མཛད་པའི་སྒྲོལ་མའི་མཎྜལ་གྱི་ཆོ་ག །སློབ་དཔོན་བསོད་སྙོམས་པས་མཛད་པའི་སྒྲོལ་མ་མཆོག་སྒྲུབ་པ། སློབ་དཔོན་ཀ་མ་ལ་ཤྲཱིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་ཨོང་ལོའི་འགྱུར། སློབ་དཔོན་ཌོཾ་བི་ཧེ་རུ་ཀས་མཛད་པའི་འཕགས་མ་ཀུ་རུ་ཀུ་ལླེའི་བསྟོད་པ། འདིར་སྒྲོལ་མ་དངོས་གྲུབ་བསྟན་གཟིགས་ཀྱི་ཆོས་སྐོར་བྲིའོ། །སུམ་ཅུ་སོ་བཞིའི་ཁ་ཅིག་རྣལ་འབྱོར་ཆེན་པོ་མིན་ཡང་སྒྲོལ་མ་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་རོ། །
གཉིས་སུ་མེད་པའི་རྒྱུད་དང་འགྲེལ་བ།
གསུམ་པ་གཉིས་སུ་མེད་པའི་རྒྱུད་དང་འགྲེལ་བ་ལ། དུས་ཀྱི་འཁོར་ལོ་བསྡུས་རྒྱུད་ཀྱི་འགྲེལ་པ་དྲི་མ་མེད་པའི་འོད་རྭ་ལ་སོགས་པའི་འགྱུར་བཅུ་ལྷག་ཡོད། དེའི་གོ་སླའི་འགྲེལ་པ་པདྨ་ཅན་སོ་མ་ནཱ་ཐའི་རང་འགྱུར། རྒྱལ་པོ་པདྨ་དཀར་པོས་མཛད་པའི་དོན་དམ་བསྙེན་པ་ཟླ་བ་མགོན་པོའི་རང་འགྱུར། དབང་མདོར་བསྟན་གྱི་འགྲེལ་པ་དུས་འཁོར་ཞབས་ཀྱིས་མཛད་པ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། དབང་མདོར་བསྟན་གྱི་འགྲེལ་པ་ནཱ་རོ་པས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཁོ་བོས་བསྒྱུར་བའི་དབང་མདོར་བསྟན་གྱི་དཀའ་འགྲེལ་ཤུ་ལོ་ཀ་སུམ་བརྒྱ་དྲུག་ཅུ། དབང་རབ་བྱེད་ཀྱི་འགྲེལ་པ་རྡོ་རྗེའི་ཚིག་འབྱེད་པ་སློབ་དཔོན་དཱ་རི་ཀ་པས་མཛད་པ་འབྲོ་འགྱུར། དུས་འཁོར་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཡན་ལག་བཞི་པ་དང་། བྲམ་ཟེ་བསོད་སྙོམས་པས་མཛད་པའི་སྙིང་པོ་རྒྱན་གཉིས། གྱི་ཅོའི་འགྱུར། པཎྜི་ཏ་སཱ་དྷུ་པུ་ཏྲས་མཛད་པའི་དུས་འཁོར་སྒྲུབ་ཐབས་རྒྱས་པ་དང་། དཀྱིལ་འཁོར་ཆོ་ག་དང་། རོལ་པའི་རྡོ་རྗེས་མཛད་པའི་དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་གསུམ་རྭ་ཆོས་རབ་ཀྱི་འགྱུར། སྒྲུབ་ཐབས་ཀྱི་ཆོ་ག་རིམ་པར་ཕྱེ་བ་དང་། སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་འབྲོ་འགྱུར། དུས་འཁོར་ཞབས་ཀྱིས་མཛད་པའི་དཀྱིལ་ཆོག་ཡིད་འོང་ཕྲེང་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། དུས་འཁོར་ཞབས་ཀྱིས་མཛད་པའི་ཉི་ཟླ་སྒྲུབ་པ་དང་། ཡེ་ཤེས་སྤྱན་བསྒྲུབ་གཉིས་བི་བྷུ་ཏི་ཙནྡྲའི་རང་འགྱུར། སློབ་དཔོན་ཨ་ཝ་དྷུ་ཏཱི་པས་མཛད་པའི་སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་སྦས་པ་མིག་འབྱེད་ཟླ་བ་གྲགས་པའི་འགྱུར། འདི་གསུམ་ལ་དུས་འཁོར་དང་མི་མཐུན་པ་ཅི་རིགས་སུ་སྣང་བས་ཐེ་ཆོམ་གྱི་གཞིའོ། །དུས་འཁོར་ཞབས་ཀྱིས་མཛད་པའི་དུས་འཁོར་གྱི་མན་ངག་གྱི་ཅོའི་འགྱུར། འཇམ་དཔལ་གྱིས་མཛད་པའི་རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ། དུས་འཁོར་ཞབས་ཀྱི་སྦྱོར་བ་ཡན་ལག་དྲུག་གི་མན་ངག །སློབ་དཔོན་ཨ་བྷ་ཡས་མཛད་པའི་དུས་འཁོར་གྱི་སྡོམ་ཚིག་ཁེ་གད་འཁོར་ལ་གྲགས་ཀྱི་འགྱུར། དེས་མཛད་པའི་རྩིས་ཀྱི་བསྟན་བཅོས་དུས་འཁོར་ལ་འཇུག་པ་ཆོས་གྲགས་དང་ཆོས་རྗེ་དཔལ་གྱི་འགྱུར། བི་བྷུ་ཏི་ཙནྡྲས་མཛད་པའི་ནང་གི་སྙེ་མ་དེའི་རང་འགྱུར། རྣལ་འབྱོར་མ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་གྲགས་པ་རྒྱལ་མཚན་གྱི་འགྱུར། དུས་འཁོར་གྱི་མཎྜལ་གྱི་ཆོ་ག་ཉི་མ་རྒྱལ་མཚན་གྱི་འགྱུར། འགྲེལ་བ་དྲི་མེད་འོད་ཀྱི་མདོར་བསྡུས་དང་པོའི་བཤད་པ་བཤད་སྦྱར་སྙིང་པོ་སྣང་བ་དཔང་བློ་བརྟན་གྱི་འགྱུར། དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་གཏོར་མ་དང་བཅས་པ་བྱམས་པའི་དཔལ་གྱི་འགྱུར། འདི་གསུམ་མ་ཆུད། དཔལ་ཕྱག་ན་རྡོ་རྗེས་མཛད་པའི་སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཏིང་ངེ་འཛིན་བཟང་པོའི་འགྱུར། སློབ་དཔོན་དཔེ་མེད་མཚོས་མཛད་པའི་སྦྱོར་དྲུག་མི་མཉམ་བཟང་པོའི་འགྱུར། དེའི་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་བི་བྷུ་ཏི་ཙནྡྲའི་རང་འགྱུར། དུས་འཁོར་ཞབས་ཀྱི་སྦྱོར་དྲུག་གི་མན་ངག །ཤ་ཝ་རིའི་སྦྱོར་དྲུག་གི་མན་ངག་གཉིས་བི་བྷུ་ཏི་ཙནྡྲའི་རང་འགྱུར། མཚན་བརྗོད་ཀྱི་དགོངས་པ་དུས་འཁོར་བཞིན་བཀྲལ་བ་ལ་མཆན་བརྗོད་རྣམ་བཤད་མིའི་དབང་པོ་གྲགས་པས་མཛད་པ་སྦལ་རྡོ་རྗེ་རྒྱལ་པོའི་འགྱུར། དེའི་ཕན་ཡོན་གྱི་འགྲེལ་པ་སྔགས་ཀྱི་དོན་སྙིང་པོ་བསྡུས་པ་དུས་འཁོར་ཞབས་པས་མཛད་པ་རྡོ་རྗེ་རྒྱལ་པོའི་འགྱུར་འདི་གཉིས་ཐེ་ཚོམ་གྱི་གཞིའོ། །སློབ་དཔོན་དཔེ་མེད་མཚོས་མཛད་པའི་མཚན་བརྗོད་འགྲེལ་པ་བདུད་རྩི་ཐིགས་པ་སྒྲོན་མ་གསལ་བ་དྷརྨ་ཀིརྟི་དང་རྡོ་རྗེ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཉི་མ་དཔལ་གྱིས་མཛད་པའི་མཚན་བརྗོད་འགྲེལ་པ་བདུད་རྩིའི་ཐིགས་པ་ཆོས་རྗེ་དཔལ་གྱི་འགྱུར། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པའི་དུས་འཁོར་གྱི་རྩིས་གཞི་ཉི་ཟླ་འཛིན་པའི་མན་ངག །གཟའ་ལྔ་སོ་སོའི་རྐྱང་རྩིས། ས་མནྟ་ཤྲཱིས་མཛད་པའི་སྦྱིན་སྲེག་གི་ཆོ་ག །པཎྜི་ཧ་སཱ་དྷུ་ཀཱིརྟིས་མཛད་པའི་དུས་འཁོར་གྱི་བསྟོད་པ་རྒྱུན་ཆགས་འདན་མ་ཚུལ་སེང་གི་འགྱུར། དུས་འཁོར་གྱི་རྩ་ལྟུང་སྟེ་བཞི་བཅུ་རྩ་གསུམ་མོ། །དུས་ཀྱི་འཁོར་ལོ་ལ་བརྟེན་པའི་ཡི་གེ་ཡང་དག་པར་བརྗོད་པའི་རྣམ་འགྲེལ་གོ་མི་ཆེན་པོས་སྦྱར་བ་རྔོག་འགྱུར་ནི་མ་རྙེད། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་སྒྲ་ཚད་པ་རིན་རྒྱལ་གྱིས་བསྒྱུར་པ་མ་རྙེད།
སྤྱིའི་ཆོས་སྐོར།
གཉིས་པ་སྤྱིའི་ཆོས་སྐོར་ལ་སྒྲུབ་ཐབས་སྣ་ཚོགས་ཀྱི་སྐོར་ལ། སྒྲུབ་ཐབས་བརྒྱ་རྩ་རིན་ཆེན་བཟང་པོ་དང་བ་རིའི་འགྱུར། སྒྲུབ་ཐབས་རྒྱ་མཚོ་ཞེས་པ་སྒྲུབ་ཐབས་ཉིས་བརྒྱ་བཞི་བཅུ་རྩ་གཅིག་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་གདན་པ་མངོན་ཤེས་ཅན་གྱིས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཉི་མ་རྒྱལ་མཚན་གྱི་འགྱུར། ཁྲོ་བོ་བཅུའི་གཏོར་ཆོག །རིན་པོ་ཆེ་ཆར་ཡོང་གི་སྒྲུབ་ཐབས་ཤེས་རབ་གསང་བའི་རང་འགྱུར། ཧེ་རུ་ཀའི་སྒྲུབ་ཐབས་ཐུ་བོ་རཱ་ཛ་ཧསྟིས་མཛད་པ། སློབ་དཔོན་ཧཱུཾ་མཛད་རྡོ་རྗེས་མཛད་པའི་ཧེ་རུ་ཀའི་སྒྲུབ་ཐབས་ལྷ་རིན་པོ་ཆེའི་འགྱུར། ཧཱུཾ་མཛད་རྡོ་རྗེས་མཛད་པའི་ཧེ་རུ་ཀའི་སྒྲུབ་ཐབས་དང་ཡན་ལག་བཞིའི་དོན་སྣང་བར་བྱེད་པ་གཉིས་རྨ་རིན་ཆེན་མཆོག་གི་འགྱུར། སློབ་དཔོན་བསོད་སྙོམས་པས་མཛད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཤེས་རབ་གྲགས་ཀྱི་འགྱུར། དཔལ་ལྷ་མོའི་སྒྲུབ་ཐབས་ཀ་ཡ་ཤྲཱིའི་རང་འགྱུར། བླ་མ་གསེར་གླིང་པས་མཛད་པའི་མི་གཡོ་བའི་སྒྲུབ་ཐབས་ཇོ་བོ་རྗེའི་རང་འགྱུར། སློབ་དཔོན་ཀ་མ་ལ་ཤྲཱིས་མཛད་པའི་འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་གཉིས་ཨོང་ལོའི་འགྱུར། སློབ་དཔོན་དྷ་རི་ཀ་པས་མཛད་པའི་ཤེས་རབ་སྙིང་པོའི་སྒྲུབ་ཐབས། ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཤ་ཝ་རི་པས་མཛད་པ། སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པའི་ཧེ་རུ་ཀའི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། དཔལ་ཤེས་རབ་གསང་བས་མཛད་པའི་རིན་ཆེན་ཐིགས་པའི་སྒྲུབ་ཐབས། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་རྡོ་རྗེས་སེམས་དཔའི་རང་བཞིན་ལྔ་པ། སློབ་དཔོན་ཏ་ཐཱ་ག་ཏ་ར་ཀྵི་ཏས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་བཤད་པ་བ་རིའི་འགྱུར། དཔལ་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། སློབ་དཔོན་ལོངས་སྤྱོད་རྡོ་རྗེས་མཛད་པ་རིན་ཆེན་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དགེ་བློའི་འགྱུར། སློབ་དཔོན་བཛྲ་ཧཱུཾ་ཀ་རས་མཛད་པའི་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་སྣུབས་ནམ་མཁའི་སྙིང་པོའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་དང་། བྱ་རོག་གདོང་ཅན་གྱི་ནང་སྒྲུབ་གཉིས་ཙ་མི་ཆེན་པོའི་འགྱུར། རེ་མ་ཏིའི་སྒྲུབ་ཐབས་མི་ཕམ་སྦས་པའི་བཤེས་གཉེན་གྱིས་མཛད་པ། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩའི་བསྒྱུར་འཕྲོ་བརྒྱ་དང་ལྔ་འདིར་མ་ཆུད། བ་རིའི་སྒྲུབ་ཐབས་བརྒྱ་རྩ་ལ་དགུ་བཅུ་རྩ་ལྔ་སྟེ་དྲིལ་བས་བཞི་བརྒྱ་དྲུག་ཅུ་རྩ་བཞིའོ། །དཀྱིལ་ཆོག་སྣ་ཚོགས་ལ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་མངོན་པར་རྟོགས་པའི་རིམ་པ་རྣལ་འབྱོར་རྫོགས་པའི་ཕྲེང་བ་དང་། དཀྱིལ་འཁོར་ཆོ་ག་རྡོ་རྗེ་ཕྲེང་བ་དང་། སྦྱིན་སྲེག་འོད་ཀྱི་སྙེ་མ་དང་གསུམ། ཆོས་རྗེ་དཔལ་ལ་སོགས་པའི་འགྱུར། དབང་གི་རབ་ཏུ་བྱེད་པ་ཤེས་རབ་དཔལ་གྱི་འགྱུར། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་དཀྱིལ་འཁོར་གྱི་ཆོས་དོན་མདོར་བསྡུས་པ་དཔལ་བརྩེགས་ལ་སོགས་པའི་འགྱུར། སློབ་དཔོན་པདྨས་མཛད་པའི་གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་འདི་དཔྱད། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་གར་གྱི་བསྟན་བཅོས། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོའི་རྒྱན། ཆོས་ཀྱི་ཤེས་རབ་དང་ཉི་མ་རྡོ་རྗེའི་འགྱུར། དབང་གི་དགོས་པ་མདོར་བསྡུས་པ་མཆུར་གྱི་འགྱུར། མཻ་ཏྲི་པའི་དབང་ངེས་བསྟན་དང་། དེའི་དཀའ་འགྲེལ་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པ་གཉིས་ནག་ཚོའི་འགྱུར། ཞིང་གི་དབང་ཕྱུག་མའི་མཆོད་པའི་རིམ་པ་དང་། དབང་བསྐུར་གྱི་རིམ་པའི་ཆོ་ག་གཉིས་ཤེས་རབ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་བྲམ་ཟེའི་རིགས་ཤིན་ཏུ་དགའ་བའི་པཎྜི་ཏས་མཛད་པ་ཞིང་གི་དབང་ཕྱུག་མའི་བསྟོད་པ་ནག་ཚོ་ཆེན་པོའི་འགྱུར། སློབ་དཔོན་ཀུ་ཀུ་ར་ཛས་མཛད་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་རིན་ཆེན་མཆོག་གི་འགྱུར། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་མཉེས་པའི་སྙིང་པོ། སློབ་དཔོན་ཤེས་རབ་གསང་བས་མཛད་པའི་དབང་རིན་པོ་ཆེ་སྣང་བ་ཀམ་ཆོས་ཀྱི་ཡེ་ཤེས་དང་ཕྱུགས་མཆམས་དབང་ཕྱུག་རྒྱ་མཚོའི་འགྱུར། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག་གྱི་ལྗང་དབུ་དཀར་བའི་འགྱུར། འཕགས་པ་དྲ་བི་ཏའི་བུམ་པའི་ཆོ་གའི་རིམ་པར་ཕྱེ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབང་བཞི་པའི་རབ་ཏུ་བྱེད་པ་འགོས་འགྱུར། སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པའི་རིན་ཆེན་འཁོར་ལོ་དབང་གི་མན་ངག་གི་རིམ་པ། འདི་རྩོད་པ་ཅན་ཡིན། སློབ་དཔོན་བི་ཏ་པ་ཏས་མཛད་པའི་སྦྱོར་བ་བདུན་པ་དབང་བཞིའི་རབ་ཏུ་བྱེད་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། ལམ་གྱི་རིམ་པ་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་ཛྙཱ་ན་ཀ་རས་མཛད་པའི་གསང་སྔགས་ལ་འཇུག་པ་རྩ་འགྲེལ་གཉིས་ནག་ཚོའི་འགྱུར། སློབ་དཔོན་ཏྲི་པི་ཏ་ཀ་མ་ལས་མཛད་པའི་ཚུལ་གསུམ་གྱི་སྒྲོན་མ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཞི་བ་འཚོས་མཛད་པའི་དེ་ཁོ་ན་ཉིད་གྲུབ་པའི་རབ་ཏུ་བྱེད་པ་རིན་ཆེན་བཟང་པོ་དང་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བླུ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་པདྨ་བཛྲས་མཛད་པའི་གསང་བ་གྲུབ་པ་ནག་ཚོའི་འགྱུར། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་འགོས་ཀྱི་འགྱུར། སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པ། །ལཀྵྨིས་མཛད་པའི་གཉིས་སུ་མེད་པར་གྲུབ་པ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་ནག་ཚོའི་འགྱུར། དེའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་མཚུར་གྱི་འགྱུར། སློབ་དཔོན་དཱ་རི་ཀ་པས་མཛད་པའི་གསང་བའི་དེ་ཁོ་ན་ཉིད་ཀྱི་མན་ངག་མཉྫུ་ཤྲཱི་གྷོ་ཥའི་རང་འགྱུར། ཀེ་ར་ཀེ་པས་མཛད་པའི་དེ་ཁོ་ན་ཉིད་གྲུབ་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་རིན་ཆེན་ཕྲེང་བ་ནག་ཚོའི་འགྱུར། བིརྦ་པས་མཛད་པའི་འཆི་མེད་གྲུབ་པ། ཏཻ་ལོ་པའི་ཕྱག་རྒྱ་ཆེན་པོའི་མན་ངག །ས་ར་ཧ་པས་མཛད་པའི་བདག་བྱིན་གྱིས་བརླབས་པ་གྲུབ་པ་དང་། སློབ་དཔོན་ཚུལ་ཁྲིམས་འཕགས་ཀྱིས་མཛད་པའི་སེམས་བརྟག་པ་གཉིས་ཆོས་འབར་གྱི་འགྱུར། ས་ར་ཧའི་མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་པ། སློབ་དཔོན་བདེ་བའི་རྡོ་རྗེས་མཛད་པའི་དངོས་པོའི་གནས་ལུགས་བསྒོམ་པ་རྩ་འགྲེལ་གཉིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་བཞི་བསྟན་པ། ཆོས་འབར་གྱི་འགྱུར། འདི་ཀླུ་སྒྲུབ་ཀྱིས་བྱས་པ་མིན་པར་མན་སྙེར་བཤད། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་བསྒྲུབ་པ་འགོས་འགྱུར། སློབ་དཔོན་དོཾ་བི་པས་མཛད་པའི་ལྷན་ཅིག་སྐྱེས་གྲུབ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ལྟ་བ་ངན་སེལ་རྩ་འགྲེལ་ཡེ་ཤེས་འབྱུང་གནས་ཀྱི་འགྱུར། སློབ་དཔོན་མཻ་ཏྲི་པའི་དབུ་མ་དྲུག་པ་ནག་ཚོའི་འགྱུར། ལྷན་སྐྱེས་གྲུབ་པ་མཚུར་གྱི་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་རྨི་ལམ་ངེས་བསྟན། སྒྱུ་མ་ངེས་བསྟན། རབ་ཏུ་མི་གནས་པ་གསལ་བར་བསྟན་པ། དེ་ཁོ་ན་ཉིད་བཅུ་པ། ཟུང་འཇུག་གསལ་བ་རྣམས་ནག་ཚོའི་འགྱུར། མཻ་ཏྲི་པའི་དགའ་གཙུགས་ལྔ་པ་མི་ཕྱེད་པ་ལྔ་པ། གཉིས་མེད་རྡོ་རྗེའི་བདེ་ཆེན་གསལ་བ་རྣམས་ཆོས་འབར་གྱི་འགྱུར། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་དེ་ཁོ་ན་ཉིད་རབ་ཏུ་བསྟན་པ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ་ཆོས་འབར་གྱི་འགྱུར། སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་གནས་པ་བསྡུས་པ་ཆོས་འབར་གྱི་འགྱུར། གཉིས་མེད་རྡོ་རྗེའི་ཐེག་ཆེན་ཉི་ཤུ་པ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཡིད་ལ་མི་བྱེད་པ་སྟོན་པ་གཉན་ཆུང་གི་འགྱུར། དེ་ཁོ་ན་ཉིད་ཐེག་ཆེན་ཉི་ཤུ་པ་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་དེ་བ་ཙནྡྲའི་ཤེས་རབ་ཡེ་ཤེས་གསལ་བ་དྷརྨ་ཀཱིརྟིའི་འགྱུར། སློབ་དཔོན་ཙ་མི་སངས་རྒྱས་གྲགས་པས་མཛད་པའི་སྦྱོར་བའི་ཕྲེང་བ་ཤེས་རབ་དཔལ་གྱི་འགྱུར། སློབ་དཔོན་བཛྲ་པཱ་ཎིའི་རྡོ་རྗེའི་ཚིག་ཡེ་ཤེས་འབྱུང་གནས་ཀྱི་འགྱུར། བིརྦ་པའི་རྡོ་རྗེའི་ཚིག་རྐང་། ཏོག་རྩེ་པའི་བསམ་མི་ཁྱབ་འགོས་འགྱུར། བསྐལ་བཟང་རྡོ་རྗེའི་ཐེག་ཆེན་ལམ་རིམ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་མོའི་ལྷན་ཅིག་སྐྱེས་གྲུབ་གཞུང་འགྲེལ་ཤེས་རབ་གྲགས་ཀྱི་འགྱུར། བཛྲ་པཱ་ཎིའི་སྒོམ་རིམ་དྲུག་པ། ས་ར་ཧ་པས་མཛད་པའི་དོ་ཧ་མཛོད་ཀྱི་གླུ་རྩ་འགྲེལ། མི་ཟད་པའི་གཏེར་མཛོད་ཀྱི་གླུ་རྩ་འགྲེལ། དོ་ཧ་སྤྱོད་པའི་གླུ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་དོ་ཧ་མཛོད་ཀྱི་དཀའ་འགྲེལ་དང་། ཀ་ཁའི་དོ་ཧ་རྩ་འགྲེལ་དང་། ནག་པོ་རྡོ་རྗེའི་དོ་ཧ་མཛོད་རྩ་འགྲེལ་རྣམས་བཻ་རོ་ཙ་ན་བཛྲའི་རང་འགྱུར། ས་ར་ཧ་པས་མཛད་པའི་སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། ཐུགས་ཀྱི་མཛོད་སྐྱ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ། ཇོ་བོ་རྗེས་མཛད་པའི་རྡོ་རྗེ་གདན་གྱི་གླུ་རྩ་འགྲེལ་ནག་ཚོའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་པོ་སྣང་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་མ་རྟོགས་པ་རྟོགས་པར་བྱེད་པའི་རབ་བྱེད། སློབ་དཔོན་ཤྲཱི་ཨ་ནནྟས་མཛད་པའི་སྙིང་པོ་ཀུན་ལས་བཏུས་པ། སློབ་དཔོན་ཨརྱ་དེ་བས་མཛད་པའི་རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ་དང་བཞི་རྨ་ཆོས་འབར་གྱི་འགྱུར། རང་གི་སེམས་ངལ་བསོ་བའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་དང་། མི་ཏྲ་ཛོ་ཀིས་མཛད་པའི་རྟོགས་བརྗོད་སུམ་ཅུ་པ་དང་། འཆི་བ་རྣམ་གྲོལ་རྒྱས་པ་དང་། བསྡུས་པ་སྟེ་བཞི་བྱམས་པའི་དཔལ་གྱི་འགྱུར། གཉིས་མེད་རྡོ་རྗེས་མཛད་པའི་མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་རྒྱ་ཆེར་བཤད་པ་ཤེས་རབ་དཔལ་གྲགས་པའི་རང་འགྱུར། འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་གླུ་བརྩོན་འགྲུས་སེང་གེ་དང་ནག་ཚོའི་འགྱུར། སྤྱོད་པའི་གླུ་རྩ་འགྲེལ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་ནག་ཚོའི་འགྱུར། གྲུབ་ཐོབ་རྣམས་ཀྱི་གླུ་ཀུན་ལས་བཏུས་པ་སློབ་དཔོན་ཐུབ་པ་བྱིན་གྱིས་མཛད་པ་འགྲེལ་པ་དང་བཅས་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཀ་མ་ལ་ཤྲཱིས་མཛད་པའི་སྒྲོན་མ་སྐོར་དགུ་ལ། མན་ངག་སྐུའི་སྒྲོན་མ། མན་ངག་གསུང་གི་སྒྲུན་མ། ཡང་དག་ལྟ་བའི་སྒྲོན་མ། མན་ངག་སྒོམ་པའི་སྒྲོན་མ། མཉམ་ཉིད་བཞིའི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ། བྱང་ཆུབ་སྤྱོད་པའི་སྒྲོན་མ། ཨོང་ལོའི་འགྱུར། རྣལ་འབྱོར་ལམ་གྱི་སྒྲོན་མ། གསང་བ་ཐུགས་ཀྱི་སྒྲོན་མ། ལོ་བཙུན་ཆུང་གི་འགྱུར། དེས་མཛད་པའི་མཎྜལ་གྱི་ཆོ་ག །དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག་ལོ་བཙུན་ཆུང་གི་འགྱུར། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ལས་དང་པོ་བའི་བྱ་བ་མདོར་བསྡུས་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་ཚིགས་བཅད་ལྔ་པ། ཏཻ་ལོ་པས་མཛད་པའི་དོ་ཧ་མཛོད། སློབ་དཔོན་བིརྦ་པས་མཛད་པའི་ཚིག་རྐང་བརྒྱད་ཅུ་རྩ་བཞི་པ་རྣམས་བཻ་རོ་ཙ་ན་བཛྲའི་རང་འགྱུར། སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པ། སློབ་དཔོན་ཡེ་ཤེས་དཔལ་གྱིས་མཛད་པའི་མཐའ་གཉིས་སེལ་བ། སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པའི་དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་རིན་ཆེན་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཐོ་བཙུན་ཙོ་ཡག་གིས་མཛད་པའི་གསང་སྔགས་ཀྱི་ཚུལ་གྱི་སྣང་བ་རིན་ཆེན་བཟང་པོའི་འགྱུར། པཎྜི་ཏ་སྨྲྀ་ཏིས་མཛད་པའི་དེ་ཁོ་ན་ཉིད་དྲུག་རྣམ་པར་གཞག་པ་དེའི་རང་འགྱུར། ཀ་ཡ་ཐ་ས་་གྷ་ཡ་དྷ་རས་མཛད་པའི་ཡེ་ཤེས་འབྱུང་བའི་མན་ངག་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སློབ་དཔོན་བཛྲ་པཱ་ཎིས་མཛད་པའི་བླ་མ་བརྒྱད་པའི་རིམ་པ་འབྲོག་མི་ཇོ་སྲས་ཀྱི་འགྱུར། པོ་ཊ་ལ་ཀེའི་རྗེ་བཙུན་གྱིས་གསུངས་པ་དྷརྨ་ཡོན་ཏན་གྱི་འགྱུར། སློབ་དཔོན་ཏཻ་ལོ་པས་མཛད་པའི་དེ་ཁོ་ན་ཉིད་བཞི་པའི་མན་ངག་གསལ་བའི་སྒྲོན་མ་རཏྣ་ཤྲཱིའི་རང་འགྱུར། ཨ་བྷ་ཡས་མཛད་པའི་མན་ངག་གི་སྙེ་མ་གྲུབ་པ་དཔལ་བཟང་པོའི་འགྱུར། ཤྲཱི་གུཔྟས་མཛད་པའི་དཔལ་རིན་པོ་ཆེའི་སྙེ་མའི་རྒྱ་ཆེར་འགྲེལ་པ་དེ་ཉིད་ཀྱི་རང་འགྱུར། ཁ་ཆེའི་པཎྜི་ཏ་ལོངས་སྤྱོད་རྡོ་རྗེས་མཛད་པའི་དཔལ་གསང་ཆེན་པདྨའི་རྒྱ་ཆེར་འགྲེལ་པ་དེ་ཉིད་ཀྱི་རང་འགྱུར། སངས་རྒྱས་གསང་བས་མཛད་པའི་རྒྱུད་ཀྱི་དོན་ལ་འཇུག་པའི་འགྲེལ་བཤད། སློབ་དཔོན་བི་ཏ་པ་ཏས་མཛད་པའི་བདག་གི་དོན་གྲུབ་པར་བྱེད་པའི་རྣལ་འབྱོར་གྱི་བྱ་བའི་རིམ་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ངག །དེའི་འགྲེལ་པ་སློབ་དཔོན་སུ་ཛ་ཡ་ཤྲཱི་བྷ་དྲས་བྱས་པ་དང་། དཔའ་བོ་གཅིག་པའི་སྒྲུབ་ཐབས་གཉིས་ཤེས་རབ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཤེས་རབ་གསང་བས་མཛད་པའི་ཡན་ལག་བརྒྱད་པའི་རིམ་པ་དེ་ཉིད་ཀྱི་རང་འགྱུར། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པའི་དེ་ཉིད་མཐོང་བའི་ལམ་རྟོག་བུད་དྷ་པཱ་ལའི་འགྱུར། སློབ་དཔོན་ཐར་པའི་འབྱུང་གནས་སྦས་པས་མཛད་པའི་དོ་ཧ་མཛོད་ཀྱི་དཀའ་འགྲེལ་རྒྱ་ལོ་ཙྪ་བའི་འགྱུར། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་བརྡ་རྒྱུད་གསང་བའི་སྒྲོན་མ། བིརྠའི་དོ་ཧ་མཛོད་ཤྲཱི་བཻ་རོ་ཙ་ནའི་རང་འགྱུར། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་དོ་ཧ་ཏི་ཤྲཱི་ཛྙཱ་ནའི་རང་འགྱུར། ན་མོ་བུདྡྷ་ཡའི་འགྲེལ་པ། ནཱ་རོ་པའི་རྡོ་རྗེའི་གླུ་གཉིས། རྣམ་པར་མི་རྟོག་པའི་རྡོ་རྗེའི་གླུ། ནག་པོ་ཞབས་ཀྱི་རྡོ་རྗེའི་གླུ། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྡོ་རྗེའི་གླུ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ཕྱག་རྒྱ་བཞིའི་མན་ངག་ནག་ཚོའི་འགྱུར། སློབ་དཔོན་ཀུ་ཀུ་རི་པས་མཛད་པའི་རྨོངས་པ་གྲོལ་བའི་བརྟག་པ་འགོས་འགྱུར། སློབ་དཔོན་ལས་ཀྱི་ཞབས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་གཅིག་པའི་མན་ངག །ལས་དང་པོ་བའི་བསྒོམ་པ་མདོར་བསྡུས་པ་ཤེས་རབ་གྲགས་ཀྱི་འགྱུར། དཔལ་ཀཾ་པ་ལའི་ཡུམ་གྱིས་མཛད་པའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ། རྨི་ལམ་བརྟག་པ་བི་བྷུ་ཏི་ཙནྡྲའི་རང་འགྱུར། སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་དོན་བསྡུས་པའི་སྒྲོན་མ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་དཔའ་བོ་འོད་གསལ་གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ། སློབ་དཔོན་རྙོག་མེད་རྡོ་རྗེས་མཛད་པའི་སྡོམ་པ་གསུམ་གྱི་རིམ་པ་རྔོག་འགྱུར། དམ་ཚིག་དང་སྡོམ་པའི་རྣམ་གཞག་གི་སྐོར་ལ། བླ་མ་ལྔ་བཅུ་པ་རིན་ཆེན་བཟང་པོའི་འགྱུར། རྩ་བའི་ལྟུང་བ་བསྡུས་པ། ལྟུང་བ་སྦོམ་པོ། ལྟུང་བ་བཅོ་ལྔ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ལྟུང་བ། རིན་ཆེན་བཟང་པོ་དང་ཆོས་རྗེ་དཔལ་གྱི་འགྱུར། རྩ་ལྟུང་བཅུ་བཞི་པ་ཡན་ལག་གི་ཉེས་པ། ཡན་ལག་གི་དམ་ཚིག །སློབ་དཔོན་ཨ་བྷ་ཡས་མཛད་པའི་རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་སངས་རྒྱས་གྲགས་ཀྱི་འགྱུར། སློབ་དཔོན་ལཀྵྨིས་མཛད་པའི་རྩ་ལྟུང་བཅུ་བཞི་པའི་འགྲེལ་པ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྩ་ལྟུང་བཅུ་བཞི་པ་དང་བཅོ་ལྔ་པ་ཡན་ལག་དང་བཅས་པའི་རྒྱ་ཆེར་འགྲེལ་པ་བརྩོན་སེང་གི་འགྱུར། སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་ལྟུང་འགྲེལ་པ་ནག་ཚོའི་འགྱུར། སློབ་དཔོན་ཛྙཱ་ན་བོ་དྷིས་མཛད་པའི་ལས་དང་པོ་པའི་དམ་ཚིག་མདོར་བསྡུས་པ་བསོད་ནམས་རྒྱལ་བའི་འགྱུར། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་སྤྱིའི་དམ་ཚིག་མདོར་བསྡུས་པ། ཇོ་བོ་རྗེས་མཛད་པའི་དམ་ཚིག་ཐམས་ཅད་བསྡུས་པ་ནག་ཚོའི་འགྱུར། སློབ་དཔོན་ཡེ་ཤེས་བཟང་པོས་མཛད་པའི་ཚུལ་ཁྲིམས་དང་སྡོམ་པ་དམ་ཚིག་མི་འགལ་བ་རབ་ཞི་བཤེས་གཉེན་གྱི་འགྱུར། སློབ་དཔོན་སྙིང་པོ་ཞབས་ཀྱིས་མཛད་པའི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། དཔལ་ལཀྵ་མི་ཀ་རས་མཛད་པའི་དམ་ཚིག་གི་འགྲེལ་པ་ཉུང་ངུ་ནག་ཚོའི་འགྱུར། རབ་གནས་དང་སྦྱིན་སྲེག་དང་ཚོགས་འཁོར་གྱི་སྐོར་ལ། དཔལ་སུ་མ་ཏི་ཀཱིརྟིས་མཛད་པའི་རྟེན་འབྲེལ་རབ་གནས་ཤེས་རབ་གྲགས་ཀྱི་འགྱུར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་རབ་གནས། སློབ་དཔོན་རཏྣ་རཀྵི་ཏའི་ཚོགས་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་དང་། ཧེ་རུ་ཀ་བཛྲའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ་གཉིས་གྲུབ་པ་དཔལ་བཟང་པོའི་འགྱུར། སློབ་དཔོན་ཨ་བྷ་ཡས་མཛད་པའི་ཚོགས་འཁོར་གྱི་ཆོ་ག །སློབ་དཔོན་རབ་འཇིགས་རྡོ་རྗེས་མཛད་པའི་སྦྱིན་སྲེག་གི་ཆོ་ག་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཟླ་འོད་ཀྱིས་མཛད་པའི་རབ་ཏུ་གནས་པའི་ཆོ་ག་བསོད་ནམས་རྒྱལ་བའི་འགྱུར། ཇོ་བོ་རྗེས་མཛད་པའི་སྐུ་གསུང་ཐུགས་རབ་ཏུ་གནས་པ་བརྩོན་འགྲུས་སེང་གེའི་འགྱུར། སློབ་དཔོན་ཀ་མ་ལ་མ་ཧཱས་མཛད་པའི་ཚོགས་འཁོར་གྱི་འཁོར་ལོའི་ཆོ་ག །ཀུན་ཏུ་བཟང་པོའི་སྦྱིན་སྲེག་གི་ཆོ་ག །སློབ་དཔོན་ཌོཾ་བི་ཧེ་རུ་ཀས་མཛད་པའི་ཐུན་མོང་མ་ཡིན་པའི་འདུལ་བ་བསྒྲགས་པ་དང་། ཚོགས་ཀྱི་འཁོར་ལོའི་ཆོ་ག །པཎྜི་ཏ་བཟང་པོ་སྦྱིན་པས་མཛད་པའི་ཚོགས་འཁོར་གྱི་ཆོ་ག །སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་རོ་སྲེག་གི་ཆོ་ག་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ། ཐོད་པ་མཆོད་པའི་ཆོ་ག །བཟླས་པའི་ཕྲེང་བའི་མཚན་ཉིད་དང་། ཁྲུས་ཀྱི་ཆོ་ག་གཉིས་ཤེས་རབ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་མི་འཇིགས་པའི་ཕྱག་གིས་མཛད་པའི་རབ་གནས་བསྡུས་པ། མཎྜལ་ཆོ་ག་དང་གཏོར་ཆོག་དང་བསྟོད་པ་དང་བཀྲ་ཤིས་ལ། ཀཾ་པ་ལའི་མཎྜལ་གྱི་ཆོ་ག་འགྱུར་རྙིང་། སངས་རྒྱས་གསང་བའི་མཎྜལ་གྱི་ཆོ་ག །ཛེ་ཏཱ་རིས་མཛད་པའི་མཎྜལ་གྱི་ཆོ་ག་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རིན་ཆེན་འབྱུང་གནས་སྦས་པའི་མཎྜལ་གྱི་ཆོ་ག་དྷརྨ་གྲགས་ཀྱི་འགྱུར། རྙོག་མེད་རྡོ་རྗེའི་མཎྜལ་གྱི་ཆོ་ག་རྔོག་འགྱུར། ཀ་མ་ལ་རཀྵི་ཏའི་མཎྜལ་གྱི་ཆོ་ག་ཤེས་རབ་དཔལ་ཡེ་ཤེས་ཀྱི་རང་འགྱུར། ཁ་ཆེ་ཤཱཀྱ་ཤྲཱིས་མཛད་པའི་མཎྜལ་གྱི་ཆོ་ག །སློབ་དཔོན་སྲིད་གསུམ་རྡོ་རྗེས་མཛད་པའི་ལས་དང་པོ་པའི་ཚོགས་གསོག་པའི་བྱ་བའི་རིམ་པ་མདོར་བསྡུས་པ། གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ། སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ་དགེ་བློའི་འགྱུར། གཏོར་མ་ཆེན་པོའི་ཆོ་ག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། བདུག་རྩི་འབྱུང་བའི་གཏོར་མའི་ཆོ་ག་རྩ་འགྲེལ་གཉིས་ཁུ་དངོས་གྲུབ་ཀྱི་འགྱུར། ནག་པོ་པའི་འབྱུང་པོ་ཐམས་ཅད་ཀྱི་གཏོར་ཆོག་ཉི་མ་རྒྱལ་མཚན་གྱི་འགྱུར། ཇོ་བོ་རྗེས་མཛད་པའི་ནག་པོ་ཆེན་པོའི་གཏོར་མ་འབྲོམ་སྟོན་པའི་འགྱུར། རྡོ་རྗེ་དྲིལ་བུའི་མཚན་ཉིད་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། སྒྲོལ་མའི་གཏོར་མའི་ཆོ་ག་ཉུང་ངུ་རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། སློབ་དཔོན་བ་ལིཾ་ཨཱ་ཙཱརྱས་མཛད་པའི་ཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག་རྨ་ཆོས་འབར་གྱི་འགྱུར། རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་ཆོ་ག་བཤེས་གཉེན་སྟོན་པའི་འགྱུར། སྦྱོར་བ་བཞིའི་ལྷ་ལ་བསྟོད་པ་པཎྜི་ཏ་རཏྣ་ཀཱིརྟིས་མཛད་པ་བལ་པོ་མ་ཧཱ་པཱ་ཎའི་རང་འགྱུར། གཙུག་གཏོར་རྣམ་རྒྱལ་ལ་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། སློབ་དཔོན་ཛ་མཱ་རིས་མཛད་པའི་ནོར་རྒྱུན་མའི་བསྟོང་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ནག་པོ་ཆེན་པོའི་བསྟོད་པ་རྐང་བརྒྱད་དིང་རི་ཆོས་གྲགས་ཀྱི་འགྱུར། ནག་པོ་ཆེན་པོའི་བསྟོད་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ནག་པོ་ཆེན་པོའི་བསྟོད་པ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། དཔལ་ལྷ་མོའི་བསྟོད་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ནག་པོ་ཆེན་པོའི་བསྟོད་པ་སློབ་དཔོན་སངས་རྒྱས་གྲགས་ཀྱིས་མཛད་པ་ས་ལོའི་འགྱུར། རྣལ་འབྱོར་གྱི་རྒྱུད་ལས་བྱུང་བའི་རིགས་ལྔ་འཁོར་བཅས་ལྷ་སུམ་ཅུ་སོ་བདུན་གྱི་བཀྲ་ཤིས་ཏེ། དེ་ལྟར་སྔགས་ཕྱོགས་ལ་སྟོང་བདུན་བརྒྱ་བཞི་བཅུ་ཞེ་བདུན་ཏེ། སྔར་གྱི་མཚན་ཉིད་ཀྱི་སྐོར་གྱི་ལྔ་བརྒྱ་དགུ་བཅུ་དང་དྲིལ་བས། ཉིས་སྟོང་སུམ་བརྒྱ་སུམ་ཅུ་བོད་དུ་འགྱུར་རོ། བསྟན་འགྱུར་གྱི་དཀར་ཆག་ཆེན་མོ་ལས། ཉིས་སྟོང་སུམ་བརྒྱ་ལྔ་བཅུར་བཤད་ཀྱང་། ཇོ་བོའི་ཆོས་ཆུང་བརྒྱ་རྩ་ལོགས་སུ་བགྲངས་པ་དང་། སྔ་ཕྱི་ཟློས་པ་མང་པོ་སྣང་བས་ཟློས་པ་ཀུན་དོར་ཞིང་རང་གིས་མངོན་སུམ་དུ་མཐོང་བ་དང་། ཡིད་ཆེས་པའི་ཚིག་ལས་ད་ལྟ་འགྱུར་བ་ཡོད་པར་ངེས་པ་རྣམས་ཉིས་བརྒྱ་ཙམ་དང་བཅས་པ་སྔར་མ་ཆུད་པ་མཆིས་སོ་འཚལ་བསྣན་ནས་གྲངས་དང་གོ་རིམས་དང་སྟེ་ཚན་དང་གཞུང་ཚད་དང་འགྱུར་བྱང་གི་བར། སྔར་གྱི་དཀར་ཆག་ཆེན་མོ་བཞི་ལ་གཞི་མ་བྱས་ནས། ཇི་ལྟར་ཤེས་པ་ལྟར་བྲིས་སོ། །ཡེ་ཤེས་སྡེས་བསྒྱུར་པ་རྣམས་སྐད་གསར་བཅད་ཀྱིས་བཅོས་པ་ཤས་ཆེའོ། །ནག་ཚོའི་འགྱུར་ཞེས་པ་རྣམས་ཚུལ་ཁྲིམས་རྒྱལ་བའི་འགྱུར་རོ། །རྔོག་འགྱུར་ཞེས་པ་རྣམས་བློ་ལྡན་ཤེས་རབ་ཀྱི་འགྱུར་རོ། །པ་ཚབ་འགྱུར་ཞེས་པ་རྣམས་ཉི་མ་གྲགས་ཀྱི་འགྱུར་རོ། །བ་རིའི་འགྱུར་ཞེས་པ་རྣམས་རིན་ཆེན་གྲགས་ཀྱི་འགྱུར་ཡིན་པས། གཞན་དུ་མི་བསམ་མོ། །བོད་ཀྱི་སྡུད་པ་པོ་་འཇིག་རྟེན་གྱི་མིག་ཏུ་གྱུར་པའི་ཆོས་རྒྱལ་དམ་པ་རྣམས་དང་། ལོ་ཙྪ་བ་ཆེན་པོ་རྣམས་ཀྱི་མཛད་བྱང་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ། གྲུབ་པའི་མཐའ་བགྲོ་བ་ཤུ་ལོ་ཀ་བཞི་བཅུ། བཀའ་ཡང་དག་པའི་ཚད་མ་བམ་པོ་བདུན། དབུ་མའི་གཟེར་བུ་ཤུ་ལོ་ཀ་སུམ་ཅུ། དེ་བཞིན་གཤེགས་པའི་སྐད་བརྡ་བམ་པོ་ལྔ། འཕགས་པ་རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ལ་བསྟོད་པ་ཤུ་ལོ་ཀ། འཕགས་པ་འཇམ་དཔལ་ལ་བསྟོད་པ་ཤུ་ལོ་ཀ། བྱམས་པའི་བསྟོད་པ་ཆེན་པོ་བམ་པོ་གཅིག་དང་ཤུ་ལོ་ཀ་བརྒྱ། བྱམས་པ་ལ་བསྟོད་པ་ཆུང་ངུ་ཤུ་ལོ་ཀ་ལྔ་བཅུ། མི་གཡོ་མགོན་པོ་ལ་བསྟོད་པ་ཤུ་ལོ་ཀ། བསམ་གཏན་གྱི་དོགས་པ་བརྒྱད་བསལ་བ་ལྷ་བཙན་པོས་བཀས་བཅད་པ་ཤུ་ལོ་ཀ། བཀའ་ཡང་དག་པའི་ཚད་མ་མདོར་བསྟན་པ་བམ་པོ་གཅིག །སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་རྒྱལ་པོ་ལ་གནང་བ་དོན་གསལ་བའི་སྒྲོན་མ། བཙུན་པ་དཔལ་དབྱངས་ཀྱིས་བོད་རྗེ་འབངས་ལ་བརྫངས་པ་གཅེས་པ་བསྡུས་པའི་འཕྲིན་ཡིག །མཁན་པོ་དཔལ་བརྩེགས་ཀྱིས་མཛད་པ་ལ། མདོ་སྡེ་སྣ་ཚོགས་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་གཏམ། ཕྱིའི་ཡུལ་དྲན་རྒྱུད་དུ་ཡོད་པར་འདོད་པ་སེལ་བ་བམ་པོ་གཉིས། མཚན་ཉིད་གསུམ་མདོར་བསྟན་པ་ཤུ་ལོ་ཀ། ལྟ་བའི་རིམ་པ་བཤད་པ་དང་བཞིའོ། །ཕྱི་མ་འདི་དཔྱད། མཁན་པོ་ཡེ་ཤེས་སྡེས་མཛད་པ། ལྟ་བའི་ཁྱད་པར་བམ་པོ་ཕྱེད་དང་གཉིས། དེའི་དྲན་བྱེད་བཟང་པོ་སྤྱོད་པའི་འགྲེལ་པ་བཞིའི་དོན་བསྡུས་པ་བམ་པོ་གཉིས། འཇིག་རྟེན་ཕ་རོལ་བསྒྲུབ་པ་ཤུ་ལོ་ཀ་སུམ་ཅུ། དགོངས་པ་བཞི་དང་ལྡེམ་དགོངས་བཞིའི་བརྗེད་བྱང་ཤུ་ལོ་ཀ་ཉིས་བརྒྱའོ། །སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ་ལ། དགོངས་པ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་བམ་པོ་བཞི་བཅུ། ངེས་པའི་དོན་དབུ་མ་བམ་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་མདོར་བསྡུས་ཏེ་གསོལ་བ་བམ་པོ། ཕྲེང་བའི་རྒྱན་བམ་པོ་གཅིག །ཆོས་གཏན་ལ་དབབ་པའི་གལ་རྣམས་སོ། །དགོངས་པ་ངེས་པར་འགྲེལ་པའི་མདོའི་བཤད་པ་བཙན་པོ་མུ་ཏིག་བཙན་གྱིས་མཛད་པ། དགོངས་པ་ངེས་འགྲེལ་གྱི་བྱམས་པའི་ལེའུའི་བརྗེད་བྱང་སློབ་དཔོན་ཤེས་རབ་སྙིང་པོས་མཛད་པ། ཤེས་སྙིང་གི་ཊཱིཀྐ་སློབ་དཔོན་པྲ་ཤ་སྡེ་སེ་ནས་བྱས་པ། དབུ་མ་རྒྱན་གྱི་བརྗེད་བྱང་སློབ་དཔོན་བཀྲ་ཤིས་ཀྱིས་མཛད་པ་བམ་པོ་བཅུ། རིགས་པ་དྲུག་ཅུ་པ་ལས་བཏུས་ཏེ་མདོར་བཤད་པ་སློབ་དཔོན་བཻ་རོ་ཙ་ནས་མཛད་པ། སྡོམ་པ་ཉི་ཤུ་བའི་འགྲེལ་པ་སློབ་དཔོན་བཀྲ་ཤིས་ཀྱིས་མཛད་པ། དགེ་སློང་མའི་སོ་སོ་ཐར་པའི་བཤད་པ་དཔལ་གྱི་ལྷུན་པོས་བྱས་པ། ཆོས་ཀྱི་གཞུང་སྤྱིར་བསྟན་པ་དཔལ་བརྩེགས་དང་ཀླུའི་རྒྱལ་མཚན་གྱི་བརྒལ་ལན་བཞི་ཕྲུགས། བཙན་པོ་དཔའ་དུན་བརྟན་གྱི་དབུ་མའི་དཀས་བཅད་བཤད་པ་དང་བཅས་པ་ཤུ་ལོ་ཀ་དྲུག་ཅུ། དེ་ཡི་བརྗེད་བྱང་། བསམ་གཏན་གྱི་མན་ངག་ལྷ་བཙན་པོས་མཛད་པ་དང་། དེའི་བརྗེད་བྱང་། ཨཱ་ཙཱརྱ་ཀ་ལ་ཡ་ནའི་དྲིས་ལན་བམ་པོ་གཅིག །རིན་ཆེན་ཟླ་བ་འབྱུང་གནས་ཀྱི་དྲིས་ལན་ཤུ་ལོ་ཀ་ཉིས་བརྒྱ། ཁྱུང་གོང་དང་དགེ་འདུན་གྱི་གལ་ཤུ་ལོ་ཀ་བརྒྱ། ཀོང་ཨུཏ་པལ་ཀོ་ཤའི་དྲིས་ལན་ཤུ་ལོ་ཀ་ལྔ་བཅུ། དགེ་འདུན་ལ་བཙན་པོས་སེམས་ཉམས་སྨྲས་པ་ཤུ་ལོ་ཀ། བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་སྣང་བ་མཐའ་ཡས་ཀྱི་མཚན་བརྗོད་པ། ཐོན་མི་སཾ་བྷ་ཊས་མཛད་པའི་སྒྲའི་བསྟན་བཅོས་བརྒྱད་ལས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་མ་རྙེད། ལྕེ་ཁྱི་འབྲུག་གི་སྒྲའི་གནས་བརྒྱད་རྩ་འགྲེལ་གཉིས་མ་བྱིན་ལེན་གྱི་སྐབས་ནས་མཁན་པོ་བཞིས་དཔྱད་པ་ཤུ་ལོ་ཀ། ཇོ་མོ་བྱང་ཆུབ་ཀྱིས་མཛད་པའི་སྨོན་ལམ། ལོ་པཎ་མང་པོས་མཛད་བའི་བཀའ་བཅད་ཆེ་འབྲིང་ཆུང་གསུམ་དང་། ཆོས་ཀྱི་རྣམ་གྲངས་ཀྱི་རྩ་བ་དང་། བརྗེད་བྱང་བམ་པོ་བཞི་མཛད་པ་པོའི་མཚན་མ་སྨོས་པ་ལ། འབུམ་གྱི་བརྗེད་བྱང་བློ་གྲོས་མི་ཟད་པས་བསྟན་པའི་རྒྱ་ཆེར་འགྲེལ་པ་བམ་པོ། དོན་རྣམ་པར་གདོན་མི་ཟ་བའི་མདོའི་འགྲེལ་པ་བམ་པོ་རྡོ་རྗེ་གཅོད་པའི་ཊཱིཀྐ་ཆེན་པོ་བམ་པོ། བརྗེད་བྱང་ཆུབ་ངུ་བམ་པོ། ག་ཡ་གོ་རིའི་བསྒྱུར་བྱང་བམ་པོ། ཤེར་ཕྱིན་བདུན་བརྒྱ་པ། ལང་ཀར་གཤེགས་པ་ས་བཅུ་པ། སངས་རྒྱས་ཀྱི་ས། ས་ལུ་ལྗང་པའི་མདོ་རྣམས་ཀྱི་བརྗེད་བྱང་། ཤེར་སྙིང་གི་བཤད་པ་ཤུ་ལོ་ཀ་མངོན་རྟོགས་རྒྱན་མདོ་དང་སྦྱར་བ་བམ་པོ། འབུམ་གྱི་ཊཱིཀྐའི་དོན་བསྡུས་མདོ་དང་སྦྱར་བ་བམ་པོ། རིགས་པ་དྲུག་ཅུ་པའི་ཊཱིཀྐ་བམ་པོ་དྲུག །རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཉི་ཚེ་བཤད་པ་བམ་པོ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་བརྗེད་བྱང་བམ་པོ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་བསྐྱུད་བྱང་སྣ་གསུམ་བམ་པོ། ཐེག་བསྡུས་འགྲེལ་པ་བམ་པོ། མདོ་སྡེ་རྒྱན་གྱི་བརྗེད་བྱང་བམ་པོ། དེའི་བརྗེད་བྱང་རྙིང་འགྱུར་བམ་པོ། ལས་གྲུབ་པའི་དྲན་བྱེད་བམ་པོ། དབུས་མཐའ་དང་། པན་ཀན་དང་། ཉི་ཤུ་པ་རྣམས་ཀྱི་བརྗེད་བྱང་བམ་པོ། ལྔ་ཕུང་འགྲེལ་པའི་མི་བརྗེད་པའི་ཚིག་བམ་པོ། བྱང་སའི་ཚུལ་ཁྲིམས་ལེའུའི་འགྱུར་བྱང་བམ་པོ། བྱང་སའི་ས་བཅུའི་བརྗེད་བྱང་བམ་པོ། མངོན་པ་མཛོད་ཀྱི་བརྗེད་བྱང་བམ་པོ། མཛོད་ཀྱི་འཇིག་རྟེན་བསྟན་པའི་བསྐྱུད་བྱང་བམ་པོ། ཆོས་མངོན་པ་ལ་འཇུག་པའི་འགྲེལ་པ་བམ་པོ། སྡོམ་པ་ཉི་ཤུ་པའི་འགྲེལ་པ་རང་ལོག་ཞུ་ལོག་གི་བརྗེད་བྱང་ཤུ་ལོ་ཀ། བྱང་ཆུབ་ཀྱི་སེམས་བསྒོམ་པའི་འགྲེལ་པ་བམ་པོ། དེ་ཁོ་ན་ཉིད་ཀྱི་བསམ་གཏན་ལ་འཇུག་པ་ཞེས་བྱ་བའི་མདོ་འགྲེལ་བམ་པོ། རིགས་ཐིགས་ཀྱི་བརྗེད་བྱང་བམ་པོ། དེའི་སྐབས་ཀྱི་བརྗེད་བྱང་ཤུ་ལོ་ཀ། དཀོན་མཆོག་གསུམ་གྱི་བསྟོད་པའི་བརྗེད་བྱང་གཉིས་ཤུ་ལོ་ཀ། སོ་སོར་ཐར་པའི་བརྗེད་བྱང་ཆེན་པོ་བམ་པོ་བཅུ། སོ་སོར་ཐར་པའི་ཊཱིཀྐ་བམ་པོ། འགྲེལ་པ་བམ་པོ། གླེང་གཞི་མན་ཆད་སོ་སོར་ཐར་པའི་ཚིག་གི་བརྗེད་པ་དྲན་བྱེད་བམ་པོ། བ་བང་ཀའི་བརྗེད་བྱང་བམ་པོ། ཀཱ་རི་ཀ་ལྔ་བཅུ་པའི་བརྗེད་བྱང་བམ་པོ་གཉིས། དགེ་ཚུལ་གྱི་བྱ་བ་ལྔ་བཅུ་པའི་རྒྱ་ཆེར་འགྲེལ་པ་བམ་པོ། རྡོ་རྗེ་གཡུང་དྲུང་ངེས་པར་བཀོད་པའི་རྒྱན་བམ་པོ་གསུམ། རྣལ་འབྱོར་སྤྱོད་པའི་དབུ་མའི་ལྟ་བའི་ཚུལ་བམ་པོ། ཐེག་པ་ཆེན་པོ་ཀུན་རྫོབ་དང་དོན་དམ་པ་བསྟན་པ་བམ་པོ། ཐེག་པ་ཆེན་པོ་དབུ་མའི་ཚུལ་བསྟན་པ་ཤུ་ལོ་ཀ་ཉིས་བརྒྱ། བསྟན་པའི་སྙིང་པོ་བམ་པོ། གཟིགས་པ་བླ་མ་བམ་པོ། ཐེག་པ་ཆེན་པོའི་གང་ཟག་རྣལ་འབྱོར་པས་ཉམས་སུ་བླང་བའི་མདོ་བམ་པོ། དམིགས་སུ་མེད་པའི་ཚུལ་གཅིག་པའི་གཞུང་བམ་པོ་ཕྱེད། ཐེག་པ་ཆེན་པོའི་ཆོས་དང་དོན་དང་དཀྱུས་བྲིས་པ་ཤུ་ལོ་ཀ། ཐེག་པ་ཆེན་པོ་ཅིག་ཅར་འཇུག་པ་བམ་པོ། བསམ་གཏན་བསྒོམ་པའི་ཐབས་དང་གཉེན་པོ་བཤད་པ་ཤུ་ལོ་ཀ། ཐ་སྙད་ཀྱི་ཕྲེང་བ་ཤུ་ལོ་ཀ། ཐེག་པ་ཆེན་པོའི་དབུ་མ་ལུགས་ཀྱི་སྙིང་པོ་ཤུ་ལོ་ཀ། མཁན་པོ་བོ་དྷི་དྷརྨ་མ་ཏས་བཤད་པ་ལས་བཏུས་པ་ཤུ་ལོ་ཀ། རྣལ་འབྱོར་སྤྱོད་པ་ལ་འཇུག་པའི་ཚུལ་རྣམ་པ་གསུམ་ལས་བཏུས་པ་བམ་པོ། ཡང་དག་པའི་ལམ་བསྟན་པ་བམ་པོ་གཉིས་དང་ཤུ་ལོ་ཀ་བརྒྱ། གྲུབ་པའི་མཐའ་བགྲོ་བ་ལས་བཏུས་པ་བམ་པོ་ཕྱེད། བླ་ན་མེད་པའི་སྤྱོད་པའི་མདོ་ཤུ་ལོ་ཀ། ཐེག་པ་ཆེན་པོའི་ཆོས་རྒྱུ་དང་འབྲས་བུ་མདོར་བཤད་པ་བམ་པོ་གཅིག །སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་མདོ་ཙམ་དུ་བསྟན་པ་བམ་པོ་ཕྱེད། ཆོས་ཀྱི་མཚན་ཉིད་རྣམ་པ་གཉིས་སུ་བསྟན་པ་བམ་པོ། ཚེགས་ཆུང་ངུས་བསོད་ནམས་ཆེན་པོ་ཐོབ་པའི་རྟགས་བམ་པོ། ཕྱི་ནང་གི་འཇིག་རྟེན་མདོར་བསྟན་པ་བམ་པོ། གསུང་རབ་དང་མདོ་སྡེ་ལས་མདོར་བསྡུས་པ་རྩ་འགྲེལ་ཤུ་ལོ་ཀ། སེམས་འཁོར་བ་མདོ་ཙམ་དུ་བསྟན་པ་སྣ་གསུམ་ཤུ་ལོ་ཀ། ཆོས་ཀྱི་རྣམ་གྲངས་གསུང་རབ་ལས་བསྟན་བཅོས་བཏུས་པ་བམ་པོ་བཞི། བསྟན་བཅོས་བཏུས་པའི་ཕྲེང་བ་ཤུ་ལོ་ཀ། ཆོས་བསླབ་པའི་མདོའི་བརྗེད་བྱང་ཤུ་ལོ་ཀ་ཉིས་བརྒྱ། ཉོན་མོངས་པ་སྤང་པའི་རིམ་པ་ཤུ་ལོ་ཀ་དྲུག་ཅུ། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་བསྟན་པ་ཤུ་ལོ་ཀ་བརྒྱད་ཅུ། ཚད་མེད་པ་བཞིའི་རྒྱ་ཆེར་འགྲེལ་པ་ཤུ་ལོ་ཀ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྟན་པ་ཤུ་ལོ་ཀ། བདེན་པ་གཉིས་མདོར་བསྡུས་པའི་བརྗེད་བྱང་ཤུ་ལོ་ཀ་བརྒྱད་ཅུ། ཞི་གནས་དང་ལྷག་མཐོང་གི་ལམ་བསྟན་པ་ཤུ་ལོ་ཀ། མུ་སྟེགས་ཀྱི་ལྟ་བའི་སྐབས་ཀྱི་བརྗེད་བྱང་ཤུ་ལོ་ཀ། ཆོས་སྐད་གཏན་ལ་དབབ་པ་བམ་པོ། བྱང་ཆུབ་དམ་པའི་སྨོན་ལམ། བྱང་ཆུབ་འབྱུང་བའི་སྨོན་ལམ། བླ་ན་མེད་པའི་སྨོན་ལམ། སྤྱན་རས་གཟིགས་ལ་བསྟོད་པ་སྣ་གཉིས། འཇམ་དཔལ་ལ་བསྟོད་པ་གཉིས། མཆོད་རྟེན་ལ་བསྟོད་པ་སྣ་གཉིས་སོ། །དེ་དག་ཕལ་ཆེར་དཀར་ཆག་འཕང་ཐང་མར་སྨོས་སོ། །གཞན་ཡང་ལྷག་མཐོང་བསྐྱེད་པའི་ཐབས་སེམས་གནས་པ་སྤྱིའི་ཡི་གེ། མི་སྡུག་པའི་སྒོ་ནས་སེམས་གནས་པའི་ཐབས། བྱམས་པ་བསྒོམས་པས་སེམས་གནས་པའི་ཐབས། རྟེན་འབྲེལ་བགྲང་བའི་སྒོ་ནས་སེམས་གནས་པའི་ཐབས། ཁམས་རབ་ཏུ་དབྱེ་བའི་སྒོ་ནས་སེམས་གནས་པའི་ཐབས། དབུགས་བགྲང་བའི་སྒོ་ནས་སེམས་གནས་པའི་ཐབས། ཞི་གནས་སྐུ་ལ་བསྒོམ་པའི་ཐབས་ཆུང་ངུ། ཞི་གནས་ལ་འཇུག་པའི་ཐབས། བསམ་གཏན་ལ་འཇུག་པ་བསྡུས་པ། སེམས་ཀྱི་ཉམས་མདོར་བསྡུས་པ། བླ་ཆེན་དགོངས་པ་རབ་གསལ་གྱིས་མཛད་པའི་བསྔོ་བ་ཆེན་པོ། ཆོས་ཀྱི་སྦྱིན་བའི་བསྔོ་བ་རྣམས་བསྟན་འགྱུར་དཀར་ཆག་ཏུ་སྨོས་སོ། །གཞན་ཡང་ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད་གཉིས་ཀྱིས་སྔགས་ལོག་སུན་འབྱིན་པ་དང་། བཙུན་པ་བྱང་ཆུབ་འོད་ཀྱིས་མཛད་པའི་གྲུབ་མཐའི་རྣམ་དབྱེ་དང་། བདག་ཉིད་ཆེན་པོ་རིན་ཆེན་བཟང་པོས་མཛད་པའི་རབ་གནས་ཀྱི་སྡོམ་དང་། སྔགས་ལོག་སུན་འབྱིན་རྒྱས་པ་དང་། ལོ་ཙཱ་བ་ཆེན་པོས་མཛད་པ་ལ་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་བསྡུས་དོན་དང་། རྣམ་བཤད་དང་། བརྒྱད་སྟོང་འགྲེལ་པའི་བསྡུས་དོན་དང་། ཤེར་སྙིང་འགྲེལ་པ་དང་བཅས་པའི་བསྡུས་དོན་དང་། རྣམ་བཤད་དང་། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་དང་། དབུས་མཐའ་རྣམ་འབྱེ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་དང་བཞིའི་བསྡུས་དོན་རེ་དང་། རྣམ་བཤད་རེ་དང་། དབུ་མ་རྩ་ཤེ། དེའི་འགྲེལ་པ་ཤེས་རབ་སྒྲོན་མ། དབུ་མ་རྒྱན། དབུ་མ་སྣང་བ། བསླབ་བཏུས། དེ་ཁ་ན་ཉིད་ལ་འཇུག་པ། བདེན་གཉིས་ཆུང་བ་མན་ངག་སྟེ་བརྒྱད་ལ་བསྡུས་དོན་རེ་དང་། བདེན་གཉིས་ཀྱི་རྣམ་བཤད་དང་། སྤྱོད་འཇུག་གི་བསྡུས་དོན་དང་རྣམ་བཤད་དང་། དབུ་མ་སྤྱིའི་དོན་བསྡུས་དང་། ཚད་མ་རྣམ་ངེས་ཊིཀྐ་དང་བཅས་པའི་དོན་བསྡུས་དང་། རྣམ་བཤད་ཆེན་པོ་དང་། རིགས་ཐིགས་འགྲེལ་པ་དང་བཅས་པའི་དོན་བསྡུས་དང་། རྣམ་བཤད་དང་། རྣམ་འགྲེལ་རྒྱན་དང་བཅས་པའི་དོན་བསྡུས་དང་། ལེའུ་དང་པོའི་སྟོད་ཀྱི་རྣམ་བཤད་དང་། ཆོས་མཆོག་ཆེ་བའི་མན་ངག་དང་པོའི་ཚིགས་བཅད་བདུན་གྱི་བཤད་པ་དང་། དེའི་གཞན་སེལ་བའི་སྐབས་ཅུང་ཟད་བཤད་པ་དང་། སློབ་དཔོན་ཆོས་མཆོག་གི་ཚད་མ་བརྟག་པ་ཆུང་བའི་བསྡུས་དོན་དང་། སེལ་བ་གྲུབ་པའི་བསྡུས་དོན་དང་། སྟོད་ཀྱི་རྣམ་བཤད་དང་། སྐད་ཅིག་འཇིག་པ་གྲུབ་པའི་བསྡུས་དོན་དང་། བྲམ་ཟེ་ཆེན་པོའི་སེལ་བ་གྲུབ་པའི་བསྡུས་དོན་དང་། སྟོད་ཀྱི་རྣམ་བཤད་དང་། འབྲེལ་པ་གྲུབ་པའི་བསྡུས་དོན་དང་། སྟོད་ཀྱི་རྣམ་པར་བཤད་པ་དང་། ཙོང་ཀ་རུ་གསུམ་གྱི་དགེ་འདུན་ལ་སྤྲིང་ཡིག་བདུད་རྩིའི་ཐིག་ལེ་དང་། ཁྲི་བཀྲ་ཤིས་དབང་ཕྱུག་ནམ་མཁའ་བཙན་ལ་སྤྲིང་པ་ཁ་ཆེ་གསེར་སློང་ལ་སོགས་པ་མང་དུ་མཛད་དོ། །དེ་ལྟར་མདོ་སྡེ་དང་། རྒྱུད་སྡེ་དང་། དེ་དག་གི་དགོངས་འགྲེལ། རྒྱ་གར་དང་། ཁ་ཆེ་དང་། གསེར་གླིང་དང་། སིངྒ་གླིང་དང་། ཨུ་རྒྱན་དང་། ཟ་ཧོར་དང་། བལ་པོ་དང་། ལི་དང་། རྒྱ་དང་། བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པ་དང་བསྒྱུར་བའི་རྣམ་གྲངས་རྣམས་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང་། དེའི་རྗེས་ཀྱི་བསམ་ཡས་འཆིང་ཕུའི་དཀར་ཆག་དང་། དེའི་རྗེས་ཀྱི་འཕང་ཐང་ཀ་མེད་ཀྱི་དཀར་ཆག་དང་། ཕྱིས་སྣར་ཐང་གི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དང་། ལོ་ཙཱ་བ་ཆེན་པོས་བསྒྱུར་པ་དང་མཛད་པའི་དཀར་ཆག་དང་། ཀླུ་མེས་ལ་སོགས་པའི་མདོ་རྒྱུད་ཀྱི་རྣམ་དབྱེ་དང་། ཁྲིགས་ཀྱི་དཀར་ཆག་ལ་སོགས་པ་གཞིར་བྱས་ནས། དེའི་སྟེང་དུ་ཕྱིས་འགྱུར་བ་དང་། དགོན་པ་སོ་སོའི་དཔེ་ཅི་རིགས་པར་མཐོང་བའི་ནང་ནས། མ་ཆུད་པ་ཇི་སྙེད་དང་། ཚད་མར་གྱུར་པའི་ངག་ལས་ཐོས་པ་རྣམས་བསྣན་ནས། དཀར་ཆག་ཏུ་བྲིས་པའོ། །འདི་ལ་དོར་བར་བྱ་བ་ཤིན་ཏུ་ཉུང་ཞིང་། དྲི་མ་མེད་པའི་བཀའ་བསྟན་བཅོས་རྙེད་ན་ད་དུང་མང་དུ་བསྣན་པར་བྱའོ། །ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ལས། ཆོས་ཀྱི་རྣམ་གྲངས་དཀར་ཆག་ཏུ་བྲིས་པའི་ལེའུ་སྟེ་བཞི་པའོ།། །།
མཇུག་བྱང་།
རིགས་དང་སྙིང་རྗེ་ལྷག་པའི་བསམ་སྦྱོར་དགེ་བའི་མཐུ་ཡིས་ཐུགས་བསྐྱེད་ཆུ་གཏེར་ཆེན་པོ་ལས། །བརྩོན་འགྲུས་འབར་བའི་དྲོད་ཀྱི་ནུས་པས་ཕ་རོལ་ཕྱིན་དྲུག་ཚོགས་གཉིས་རླབས་ཆེན་གཡོས་པའི་མཐུས། །རང་བཞིན་མཁའ་ལ་སྐུ་གསུམ་ཆུ་འཛིན་ཐུགས་རྗེའི་གློག་ཕྲེང་ཚངས་དབྱངས་འབྲུག་སྒྲ་ལྡན་པ་འཁྲིགས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་གྱིས་སྐལ་ལྡན་སྣོད་ཀྱི་འབྱོར་པ་མཐའ་དག་རྒྱས་བྱེད་པ། །འཇིག་རྟེན་འདྲེན་པ་སྟོབས་བཅུ་མངའ་བ་ཐུབ་པ་མཆོག་རྣམས་འཇིག་རྟེན་གང་དུ་འབྱོན་པའི་ཚུལ། །ཁྱད་པར་ཉི་མའི་གཉེན་གྱི་གདུང་རབས་ཐུབ་དབང་མི་མཇེད་ཞིང་དུ་མངོན་པར་སངས་རྒྱས་ཤིང་། །རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་མྱ་ངན་འདས་ནས་བསྟན་པ་རིམ་པར་བསྡུས་པའི་ཚུལ། །ཁ་བ་ཅན་དུ་བྱུང་ཞིང་བསྒྱུར་བ་མཁས་པའི་རྗེས་འབྲས་མདོ་ཙམ་གསལ་བར་བུ་སྟོན་ཁ་ཆེས་བཤད། །
དེ་ཡི་དགེ་བ་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །མཐའ་ཡས་སེམས་ཅན་ནོར་བུ་མེ་ཤེལ་ལ་རེག་པས། །བརྩེ་བ་ཆེ་ལྡན་ཡེ་ཤེས་ཆེན་པོའི་མེ་འབར་ནས། །ཉོན་མོངས་རྣམ་རྟོག་བུད་ཤིང་ཐམས་ཅད་བསྲེག་པར་ཤོག །བདག་གིས་མདོ་དང་མདོ་འགྲེལ་མཁས་པའི་བསྟན་བཅོས་དང་། །མཁས་རྣམས་བརྒྱུད་པའི་བླ་མའི་གསུང་དོན་མ་རྟོགས་ཏེ། །མ་བཤད་ལོག་བཤད་ནོངས་པའི་ཚོགས་རྣམས་ཅི་མཆིས་པ། །བདེན་མཐོང་མཁས་པའི་སྐྱེ་བོ་རྣམས་ལ་བཟོད་པར་གསོལ། །
གཉིས་མེད་གསུང་བའི་ཉིན་བྱེད་ནུབ་གྱུར་ཅིང་། །བསྟན་འཛིན་སྐྱེ་བོའི་ཐུན་མཚམས་འོད་དང་བྲལ། །ནག་པོའི་ཕྱོགས་གྱུར་སྡིག་སྤྱོད་འབྱུང་པོའི་བྱ། །ལྟ་ངན་སྣ་ཚོགས་བཟུང་སྟེ་རང་དགར་སྤྱོད། །ཆོས་མིན་སྤྱོད་པའི་ཕྱོགས་ནི་སྟོབས་ལྡན་ཞིང་། །དམ་པའི་ལས་ལ་སྤྱད་རྣམས་ཉམས་དུས་འདིར། །བདག་ལྟ་བུ་ཡི་རྩོམ་པས་ཅི་ཞིག་བྱ། །དབེན་པར་བག་ཡོད་བྱས་ན་མི་ལེགས་སམ། །ཀྱེ་མ་ཁོ་བོ་སྔོན་གྱི་བསོད་ནམས་དམན། །ཆོས་ནུབ་ལོག་སྤྱོད་དར་བ་བོད་ཀྱི་ཡུལ། །བླུན་པོ་བཀུར་ཞིང་མཁས་རྣམས་རྩ་ལྟར་འདོར། །ཆོས་ལྡན་བརྙས་པའི་གངས་རིའི་ཁྲོད་འདིར་སྐྱེས། །དམ་པའི་ཚུལ་བཟུང་ཚུལ་འཆོས་མཁན་པོ་སྟེ། །སྙན་པར་སྨྲ་ན་མི་ཆོས་ཁ་གསག་ཅན། །ཀུན་དང་བསྟུན་ན་ཅོལ་ཆུང་བློ་སྣ་མང་། །རང་ཚུགས་བཟུང་ན་གྱོང་པོ་ཤིང་ལག་ཅན། །བདག་གི་སྤྱོད་ལམ་ཇི་ལྟར་བྱས་གྱུར་ཀྱང་། །ངན་པའི་སྙད་མ་བཏགས་པ་མ་བྱུང་ཞིང་། །ཐམས་ཅད་དགའ་བའི་སྤྱོད་པ་མ་ཤེས་པས། །གཅིག་པུར་དབེན་པར་གནས་ན་མི་ལེགས་སམ། །
བདག་གིས་ཆོས་མིན་སྨྲ་རུ་ཆོས་དང་འགལ། །ཆོས་བཞིན་སྨྲས་ན་བོད་རྣམས་དགྲ་རུ་ལྡང་། །ཅི་ཡང་མ་སྨྲས་ཀུན་གྱིས་བླུན་ཞེས་བརྙས། །ཀྱེ་མ་ད་ནི་བདག་གིས་ཇི་ལྟར་བྱ། །ཉན་བཤད་བསྟན་པ་འཛིན་ཅེས་གསུངས་པ་ཡང་། །ངེས་འབྱུང་རྣམ་དག་ཁྲིམས་ལ་རྟེན་བཅས་ནས། །ཉན་པོ་གཟུར་གནས་དོན་གཉེར་བློ་ལྡན་ལ། །མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན། །ཚེ་འདིའི་གྲགས་རྙེད་འདོད་པས་འཁོར་བསྡུས་ཏེ། །མ་དད་མི་འདོད་བཞིན་དུ་ཆོས་འཆད་ཅིང་། །ལག་ལེན་མི་བྱེད་ཆགས་སྡང་སྐྱེ་བའི་རྒྱུ། །འཆད་ཉན་འདི་ཡང་འཁོར་བའི་ཞགས་པ་ཡིན། །རྩོད་པས་བསྟན་པ་འཛིན་ཅེས་བཤད་པ་ཡང་། །རང་གཞན་གྲུབ་མཐའི་གཞུང་ལུགས་ཀུན་ཤེས་ནས། །ཕ་རོལ་ཡང་དག་ལམ་ལ་གཞུག་པའི་ཕྱིར། །ལྟ་ངན་རིགས་པས་བཟློག་ལ་དགོངས་པ་ཡིན། །རང་ཉིད་གྲགས་འདོད་ཕ་རོལ་སྨད་དབབ་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཆོགས་སྨྲ་ཞིང་གཞན་རྒྱུད་བསྲེག །དེ་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །
གཞན་དོན་ཆོས་ཀྱི་གཙོ་བོར་གསུངས་པ་ཡང་། །གདུལ་བྱའི་དབང་པོ་ཁམས་དང་བག་ལ་ཉལ། །ཚོགས་དང་སྔོན་དང་ཕྱི་མའི་མཐའ་ཤེས་ཤིང་། །རང་དོན་མ་ཆགས་གདུལ་བྱ་གདུལ་ལ་དགོངས། །རང་ཉིད་རྙེད་གྲགས་བདེ་བསྟོད་དོན་གཉེར་བས། །མངོན་ཤེས་མེད་པར་གཞན་དོན་བྱེད་པ་ནི། །གཤོག་པ་མེད་པར་མཁའ་ལ་འཕུར་བ་བཞིན། །གཞན་དོན་མི་འགྲུབ་རང་དོན་ཉམས་པའི་རྒྱུ། །འདས་པའི་སངས་རྒྱས་མང་པོས་མ་ཐུལ་ཞིང་། །མཐུ་ཆེན་རྒྱལ་སྲས་རྣམས་གྱིས་མ་ཐུལ་བ། །སྨད་ན་ཁོང་ཁྲོ་བསྟོད་ན་དྲེགས་པ་སྐྱེ། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན་སེམས་ཅན། །དམའ་ལ་ང་རྒྱལ་རྩུབ་པའི་སེམས་འཆང་བ། །ཆོས་མཐུན་ཚིག་གིས་སྨྲས་ཀྱང་ཆགས་སྡང་སྐྱེ། །བྱིས་པའི་སྐྱེ་བོ་འདི་འདྲ་བདག་གིས་ནི། །ད་ལྟ་གདུལ་བར་མི་ནུས་རང་སེམས་ཐུལ། །སྔར་བསགས་བསོད་ནམས་བརྒྱ་ལས་གྲུབ་པའི་ལུས། །དལ་འབྱོར་རྟེན་འདི་ཤིན་ཏུ་རྙེད་པར་དཀའ། །སྡུག་བསྔལ་རྒྱ་མཚོ་སྒྲོལ་བའི་གྲུ་ཆེན་འདི། །དོན་མེད་ཆུད་ཟོས་མ་བྱེད་རིན་ཆེན་གྲུབ། །ཚེ་འདི་ལོང་མེད་མྱུར་དུ་འཇིག་འགྱུར་ཞིང་། །གསད་སར་ཁྲིད་པའི་དུད་འགྲོ་ཇི་བཞིན་དུ། །སྐད་ཅིག་རེ་རེ་ཞིང་ཡང་འཆི་ལ་ཉེ། །ངེས་དང་འཆི་བ་སོམས་དང་རིན་ཆེན་གྲུབ། །དེང་བྱ་སང་བྱའི་བསམ་པ་མ་རྫོགས་པར། །གཤིན་རྗེ་འཇིགས་རུང་ཉམ་ངས་མདུན་བསུས་ཏེ། །མལ་གྱི་མཐའ་མར་དབུགས་བསྡུས་སྲོག་འཆད་ཚེ། །ཆོས་ལས་གཞན་གྱིས་མི་ཕན་རིན་ཆེན་གྲུབ། །ཚེ་འདིར་མཛའ་དང་མི་མཛའི་དོན་གྱི་ཕྱིར། །ཆགས་སྡང་ལོངས་སྤྱོད་གསོག་ཅིང་འཁོར་བསྡུས་ཀྱང་། །འཁོར་དང་ལོངས་སྤྱོད་རྗེས་སུ་མི་འབྲང་བར། །ལས་འབྲས་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང་། །ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུར་བ་སོགས། །འཁོར་བའི་བདེ་འབྲས་ཐོབ་ཀྱང་མི་བརྟན་ཞིང་། །ཤི་ནས་ངན་འགྲོར་མི་འགྲོའི་གཏོལ་མེད་ཀྱི། །འཁོར་བས་ཡིད་འབྱུང་བྱོས་ཤིག་རིན་ཆེན་གྲུབ། །དེ་བས་བདག་ནི་མྱུར་དུ་ཤི་འཕོས་ཏེ། །སྔོན་བསགས་དགེ་བའི་མཐུ་སྟོབས་ཆེན་པོ་ཡིས། །དགའ་ལྡན་སྐྱེས་ནས་མི་ཕམ་མཉེས་བྱེད་ཅིང་། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་པར་ཤོག །
དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །བདག་ཉིད་གཅེས་པར་འཛིན་དང་དངོས་རྣམས་ལ། །བདེན་པར་འཛིན་པའི་རྟོག་པ་མི་སྐྱེ་བར། །སྐྱོ་མེད་གཞན་དོན་འབའ་ཞིག་སྤྱོད་པར་ཤོག །ངན་སོང་གསུམ་དུ་ཉམ་ཐག་སྡུག་བསྔལ་བའི། །སེམས་ཅན་གཞན་ཡང་སྡུག་བསྔལ་མང་ལྡན་པའི། །སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་གྱུར་ཅིང་། །བདག་དགེའི་བདེ་བས་སེམས་ཅན་ཀུན་བདེ་ཤོག །བདག་ལ་ཕན་དང་གནོད་པའི་སེམས་བསྐྱེད་དང་། །ཅུང་ཟད་དམིགས་ཤིང་དྲན་ནམ་ཡིད་བྱེད་དང་། །མིང་ཙམ་ཐོས་པར་གྱུར་པ་ཐམས་ཅད་ཀྱང་། །མྱུར་དུ་བྱང་ཆུབ་མཆོག་ལ་རེག་པར་ཤོག །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་། །དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག །ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ། མཁས་པ་ཆེན་པོ་ཚད་མའི་སྐྱེས་བུའི་གསུང་གི་འོད་ཟེར་ལས་སྐྱེས་པ་ཁྲོ་ཕུ་བ་བུ་སྟོན་གྱིས་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །