ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ཞེས་བྱ་བ་བཞུགས་སོ། །
མཆོད་པར་བརྗོད་པ།
རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥ་ཀཱ་རི་ཀཱ་བྲྀཏྟི་ཨ་བྷི་ཨ་ལཾ་ཀཱ་ར་ནཱ་མ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་རྣམ་ཀུན་ཤེས་པའི་ཡེ་ཤེས་རྒྱས་ཀྱང་བདག་གི་རྣམ་པ་ཀུན་མ་གཟིགས། །ཐུགས་རྗེ་ཆེ་ཁྱོད་འགྲོ་ལ་ཐུགས་རྗེའི་གཞན་དབང་གྱུར་ཀྱང་འགའ་ལའང་ཆགས་པར་མ་གྱུར་ལ། །བདེ་བའི་འབྱུང་གནས་གཞན་བདེ་སྒྲུབ་ལ་བརྩོན་པར་གྱུར་ཀྱང་ཁྱོད་ཉིད་རྟག་ཏུ་མི་གཡོ་བཞུགས། །སྣ་ཚོགས་གསུང་གིས་འགྲོ་རྣམས་ཆོས་མངོན་དྲི་མེད་ལ་སྦྱོར་ཐུབ་པ་དེ་ལ་ཕྱག་འཚལ་ལོ། །
སངས་རྒྱས་གསུང་རབ་རྒྱ་མཚོ་ཆེ། །ཐར་པའི་རིན་ཆེན་གླིང་འགྲོའི་གྲུ། །ཆོས་མངོན་ཉིད་ཡིན་དེ་ཡི་ཕྱིར། །འདི་འཆད་པ་ལ་དགའ་བ་སྐྱེས། །གང་ཕྱིར་འདི་ནི་མཁས་རྣམས་ཀྱིས། །རྣམ་གྲངས་དུ་མས་བཤད་ཟིན་མོད། །ཉུང་དང་གསལ་བས་རྟོགས་དཀའ་རྣམས། །རྟོགས་སླའི་ཕྱིར་ནི་བདག་གིས་འབད། །ཕལ་ཆེར་འདོད་པ་མེད་ཕྱིར་དང་། །གཞན་ཡང་བློ་གྲོས་གསལ་མིན་ཕྱིར། །ཡང་ན་ཕྲག་དོག་གིས་དཀྲུགས་ཕྱིར། །དེས་ན་རང་ཉིད་གོམས་ཕྱིར་ཡིན། །
བསྟན་བཅོས་ཀྱི་སྔོན་དུ་འགྲོ་བ་སྤྱིར་བཤད་པ།
འདི་ལྟར་བདེ་བར་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་ཉེ་བ་ན་རིག་པའི་གནས་མ་ལུས་པ་ཐུགས་སུ་ཆུད་ཅིང་རང་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་ཐུབ་པའི་གསུང་རབ་མ་ལུས་པའི་མིག་གཅིག་པུར་གྱུར་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་ཞབས་ཞེས་བྱ་བ་བྱུང་སྟེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་ལས། དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེའི་དང་པོ་བ་བསྟན་པ། །སངས་རྒྱས་བསྟན་ལ་དེ་གཙོ་བྱེད། །ཅེས་ལུང་བསྟན་པ་ཡིན་ནོ། །དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེས་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་མངོན་པ་སྡེ་བདུན་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོའི་དོན་རྣམས་རྫོགས་པར་བསྡུས་ཏེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་ཚུལ་རྣམ་པར་བཤད་ནས་དེ་དག་གིས་རྣམ་པར་བརྟགས་པའི་ལུགས་ལུང་དང་རིགས་པ་ལས་འོངས་པ་མ་ཡིན་པ་འགའ་ཞིག་དགག་པའི་ཚིག་གི་ཟུར་དང་བཅས་པའི་བསྟན་བཅོས་འདི་མཛད་པ་ཡིན་ནོ། །
འདི་ཡང་བཤད་པ་ལ་འཇུག་པ་དང་། བཤད་པ་དགོད་པ་དང་། ཡོངས་སུ་རྫོགས་པའི་བྱ་བ་གསུམ་གྱིས་ངེས་པར་བྱའོ། །དང་པོ་ལའང་གསུམ་ལས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་(ལའང་གཉིས་ཀྱི་དང་པོ་མཆོད་པར་བརྗོད་པ།) ནི་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། (འདི་ལ་གསུམ་ལས་དང་པོ།) འདི་ཡང་དོན་གསུམ་གྱིས་ངེས་པར་བྱ་སྟེ། དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་ཏོ། །དང་པོ་ལའང་གཉིས་ལས་མཆོད་པར་བརྗོད་པའི་དགོས་པ(འི་དོན་)ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་ལ་ནི་གནས་སྐབས་(དང་མཐར་ཐུག་)ཀྱི་དགོས་པ་(གཉིས་ལས་དང་པོ་ལའང་)གསུམ་ཡོད་དེ། སྟོན་པའི་ཆེ་བ་ཤེས་པ་དང་། བསོད་ནམས་འཕེལ་བ་དང་། དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པའོ། །
མཐར་ཐུག་གི་དགོས་པ་ནི་ཐར་པ་ཐོབ་པ་ཉིད་ཡིན་ནོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པས་ནི་སྟོན་པའི་ཆེ་བ་རྟོགས་པར་བྱེད་ཅིང་། ཕྱག་འཚལ་བས་བསོད་ནམས་འཕེལ་བར་བྱེད་ལ། གཉིས་ཀས་དམ་པ་དང་རྗེས་སུ་མཐུན་ཞིང་། ཆེ་བ་ཤེས་པས་དེ་ལ་གུས་པས་དེའི་གསུང་རབ་ལ་ཐོས་པ་ལ་སོགས་པས་རིམ་གྱིས་འཇུག་པ་དང་། བསོད་ནམས་འཕེལ་བས་རྩོམ་པ་མཐར་ཕྱིན་པ་དང་། དམ་པར་ཤེས་ནས་དེའི་བསྟན་བཅོས་ལ་ཞུགས་པས་མཐར་མྱང་འདས་ཐོབ་པས་ན་ཐམས་ཅད་ཀྱི་དགོས་པ་ནི་ཐར་པ་ཉིད་ཡིན་ཏེ། འགྲེལ་པ་ལས། བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་རྩོམ་མོ་ཞེས་བྱ་བ་དང་། ཊཱི་ཀ་ལས་ཕྱག་འཚལ་བ་རྩོམ་པ་ནི་རང་གི་བསོད་ནམས་སྤེལ་བའི་ཕྱིར་རོ་ཞེས་བྱ་བ་དང་། རྣམ་པ་གཅིག་ཏུ་ན་དམ་པ་རྣམས་ཀྱི་སྤྱོད་པའི་རྗེས་སུ་འཇུག་པར་རབ་ཏུ་བསྟན་པའི་ཕྱིར་ཏེ། དམ་པ་རྣམས་ཀྱི་སྤྱོད་པ་ནི་མངོན་པར་འདོད་པའི་ལྷ་ལ་མཆོད་པ་དང་བསྟོད་པ་དང་ཕྱག་བྱས་ནས་བྱ་བ་རྩོམ་པ་ཡིན་ནོ་ཞེས་པ་དང་། ཆེ་བའི་བདག་ཉིད་ཤེས་ཅི་དགོས་ཤེ་ན། དེ་ལ་གུས་པ་བསྐྱེད་པའི་ཕྱིར་རོ། །གུས་པ་བསྐྱེད་པ་ཡང་གུས་པར་བྱས་ཏེ་དེའི་གསུང་རབ་མཉན་པར་བྱ་བའི་ཕྱིར་རོ། །དེ་ལ་གུས་པར་བྱས་ཏེ་མཉན་པ་ཡང་རིམ་གྱིས་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པའི་ཕྱིར་རོ། །དེ་བསྐྱེད་པ་ཡང་ཉོན་མོངས་པ་སྤང་བའི་ཕྱིར་ལ། དེ་ཡང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཏེ་དགོས་པ་ནི་དེར་ཟད་དོ་ཞེས་བཤད་པའི་ཕྱིར་རོ། །བཀའ་ལ་གུས་ན་དེ་ལ་བརྟེན་པའི་བསྟན་བཅོས་ལ་གུས་པའང་ཤུགས་ལ་འགྲུབ་སྟེ། དེ་ནི་དེའི་ཚིག་དོན་ཉིད་འཆད་པའི་ཕྱིར་རོ། །
གཉིས་པ་བཤད་པར་དམ་བཅའ་བའི་(ལའང་གསུམ་ལས་དང་པོ།) དགོས་པ་(ལ་གཉིས་ལས་རང་དོན་)ནི་རྩོམ་པ་མཐར་ཕྱིན་པར་འགྱུར་བ་ཡིན་ཏེ། སྐྱེས་བུ་དམ་པ་རྣམས་ནི་དམ་བཅས་པའི་ཁུར་མི་འདོར་བའི་ཕྱིར་ཏེ། ཇི་སྐད་དུ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་འཁུར་བ་དག། ཉམ་ངའི་ལམ་དུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་པ་ལྟ་བུའོ། །(གཞན་དོན་ནི་བསྟན་བཅོས་ཀྱི་མཚན་དང་བཅས་ཏེ་བསྟན་པས་འཇུག་སྒོ་ངོ་ཤེས་པའོ། །)བསྡུས་པའི་དོན་ནི་ཚིགས་བཅད་འདིས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བ་དང་། བཤད་པར་དམ་བཅའ་བ་གཉིས་བསྟན་པ་ཡིན་ནོ། །
(གསུམ་པ་)ཚིག་གི་དོན་ལ་(གཉིས་ལས་མཆོད་ཡུལ་ངོས་གཟུང་བ་ནི་གང་ཞིག་དེ་ལ་ཞེས་པ་སྟེ་དེ་ལ།) གང་ཞིག་ནི་སྤྱིའི་སྒྲ་ཡིན་ཡང་(བྱེ་བྲག་ལ་འཇུག་པའི་རྒྱུ་སྐབས་དང་ཤུགས་དང་ལྡན་བྲལ་དང་ཁྱད་པར་གྱི་སྒྲ་དང་སྦྱར་བ་བཞི་ལས་འདིར་ནི།) ཁྱད་པར་གྱི་སྒྲ་སྦྱར་བས་སངས་རྒྱས་བཅོམ་ལྡན་འདས་སུ་ཤེས་ཏེ་ཀུན་ལ་མུན་པ་གཏན་བཅོམ་པ་ལ་སོགས་པའི་ཁྱད་པར་གྱི་སྒྲ་དང་འབྲེལ་བའི་ཕྱིར་དཔེར་ན་བྲམ་ཟེ་རྣམས་ཀྱི་ནང་ནས་ཁ་དོག་དཀར་ཤམ་གོས་དཀར་པོ་གྱོན་པ་གང་ཡིན་པ་དེ་ཁྲིད་ལས་ཤོག་ཅེས་བརྗོད་ན་བྲམ་ཟེ་ལྷ་སྐྱིད་ཁོ་ན་གོ་བ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ་ཞེས་འབྱུང་ངོ་ཞེས་རྒྱལ་པོའི་སྲས་འཆད་དོ། །སློབ་དཔོན་གང་སྤེལ་ནི་འདི་ནི་ཆོས་མངོན་པ་འཆད་པའི་སྐབས་ཡིན་ལ། དེ་འཆད་ན་སངས་རྒྱས་ལས་གཞན་ལ་བསྟོད་པ་མི་བྱེད་པས་སྐབས་ཀྱི་སྟོབས་ཀྱིས་སྤྱི་སྒྲ་བྱེ་བྲག་ལ་གོ་བ་དང་། བེའུ་དང་བཅས་པའི་བྲུས་མ་འོན་ཅིག་ཅེས་པ་ལྟར་ལྡན་བྲལ་གྱི་སྟོབས་ཀྱིས་སྤྱི་སྒྲ་བྱེ་བྲག་ལ་གོ་བ་གཉིས་ཀ་ཡིན་པར་འཆད་མོད་ཀྱི་འོན་ཀྱང་སྐབས་ཀྱི་སྟོབས་ཀྱིས་ནི་མ་ཡིན་ཏེ། དེ་ནི་སེན་དྷ་པ་འོན་ཞེས་པ་ལྟ་བུ་ཁྱད་པར་གྱི་སྒྲ་མེད་པའི་རྩོམ་པ་ཡིན་ན། འདིར་ནི་ཁྱད་པར་གྱི་སྒྲ་སྦྱར་བའི་ཕྱིར་རོ། །(དེ་ལ་ཇི་ལྟར་མཆོད་པར་བརྗོད་པ་ལ་བསྟོད་པ་དང་ཕྱག་གཉིས་ལས་དང་པོ་ལ་གསུམ་གྱི་རང་དོན་ལ་སྤངས་རྟོགས་གཉིས་ལས་དང་པོ་ནི།) ཀུན་ལ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཏེ། མདོ་ལས་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མུན་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་མུན་པ་དང་འདྲ་བའི་ཕྱིར་རོ། །དེ་ལ་དང་པོ་ནི་འདོད་ཆགས་ལ་སོགས་པའི་བདག་ཉིད་ཡིན་ལ། (རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར།) གཉིས་པ་ནི་ཐེག་ཆེན་པ་ལྟར་ན་གཟུང་འཛིན་གཉིས་སྣང་གི་རྟོག་པ་ལ་འདོད་མོད་ཀྱི། ཉན་ཐོས་སྡེ་པ་དག་གིས་ནི་མ་ཡིན་ཏེ། དེ་ནི་སངས་རྒྱས་ལའང་ཡོད་པར་འདོད་པའི་ཕྱིར་ཏེ། ཕྱི་རོལ་དོན་གྲུབ་ལས། རིང་དང་ཕྲ་སོགས་ཤེས་པ་ལས། །རྣལ་འབྱོར་ཅན་ཞེས་བྱེ་བྲག་དབྱེའི། །ཐམས་ཅད་མཁྱེན་མིན་ཐལ་འགྱུར་ཕྱིར། །གཉིས་ཀྱི་རྣམ་པ་ལས་གྲོལ་མིན། །ཞེས་བྱ་བ་དང་། གཉིས་རྣམ་གྲོལ་བའི་ཤེས་པ་ལ། །རྣམ་པ་ཀུན་ཏུ་ཀུན་རིག་ཅེས། །བྱ་བ་འདི་ནི་ངོ་མཚར་ཆེ། །དེ་ཕྱིར་འཛིན་པའི་ངོ་བོར་ཡོད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། འགྲེལ་པ་ལས། འདི་ལྟར་དེ་དག་ལས་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་བསྐལ་བ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ། །(འོ་ན་དེ་གང་ཡིན་ན། དེ་ནི་མཐའ་གཞན་བཀག་པའི་རིགས་པས་ཤེས་ཏེ། ཤེས་བྱ་ཐམས་ཅད་འདུས་བྱས་དང་འདུས་མ་བྱས་གཉིས་སུ་ངེས་ཤིང་འདུས་བྱས་ལ་ཟག་མེད་དང་ཟག་བཅས་གཉིས་སུ་ངེས་པ་ལས་འདུས་མ་བྱས་དང་ཟག་མེད་འདུས་བྱས་ནི་ལྡོངས་པར་མི་བྱེད་ཅིང་གཉེན་པོ་ཡིན་པས་མུན་པའི་བྱེད་པ་དང་མཚན་ཉིད་དང་མི་ལྡན་པས་མུན་པ་མ་ཡིན་ལ། ཟག་བཅས་ལའང་གཉིས་ལས་ཉོན་མོངས་ཅན་ནི་མུན་པ་དང་པོ་ཉིད་ཡིན་པས་ཉོན་མོངས་ཅན་མ་ཡིན་པ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་གྱི་བྱེ་བྲག་འོག་ནས་འབྱུང་བའི་མི་ཤེས་པའི་རྒྱུ་བཞི་པོ་ལྟ་བུ་ཡིན་ཏེ།) དེ་ལ་སངས་རྒྱས་ཀྱི་ཆོས་མི་ཤེས་པ་ནི་(མདོ་ལས།) གནས་བརྟན་ཤཱ་རིའི་བུ་ལ་སྟོན་པས་(ཤཱ་རིའི་བུ།) ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཤེས་སམ་ཞེས་བཀའ་སྩལ་པ་ན། གསོལ་པ། མ་འཚལ་ཏོ་ཞེས་བྱ་བ་སོགས་པ་གསུངས་པ་བཞིན་ནོ། །
ཡུལ་གྱིས་བསྐལ་བ་མི་ཤེས་པ་ནི་གནས་བརྟན་མོའུ་འགལ་གྱི་བུས་རང་གི་མ་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱེས་པ་མ་ཤེས་པ་དང་། དུས་ཀྱིས་བསྐལ་བ་མི་ཤེས་པ་ནི་འཕགས་པ་ཤཱ་རིའི་བུས་ཁང་བདག་དཔལ་སྐྱེས་ཀྱིས་སྔོན་ཐར་པའི་ཆ་མཐུན་བསྐྱེད་པ་མ་ཤེས་པ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་ལ་སོགས་པའི་བྱེ་བྲག་རྟོགས་པར་དཀའ་བ་རྣམས་ཏེ། དེ་དག་མི་ཤེས་པ་ནི་དཔེར་ན་རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་ཀྱི་རྒྱུ་མི་ཤེས་པ་ལ་སོགས་པ་ལྟ་བུ་སྟེ། གནས་བརྟན་སྒྲ་གཅན་ཟིན་གྱིས་རྨ་བྱའི་མདོངས་ནི་གཅིག་ལ་ཡང་། །རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དེས་ན་མི་ཤེས་པ་བཞི་པོ་དེ་ལྟ་བུ་ནི་ཤེས་བྱའི་སྒྲིབ་(ཉོན་མོངས་པ་ཅན་མ་ཡིན་པའི་མུན།) པ་ཡིན་ནོ་ཞེས་ངེས་པར་བྱའོ། །(ངེས་ཚིག་ནི་སྐྱེ་བོ་ལོང་བ་དང་འདྲ་བར་ལྡོངས་པར་བྱེད་པས་ན་མུན་པ་སྟེ། འགྲེལ་པ་ལས་མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལས་ཀྱང་། འཇིག་རྟེན་མཐོང་བར་ནུས་པ་ལ། །ཇི་ལྟར་གེགས་ནི་བྱེད་པ་ཡི། །མུན་པ་དེ་བཞིན་མ་རིག་པ། །དེ་ཉིད་མཐོང་ལ་བཤད་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །རྣམ་གྲངས་ནི་མི་ཤེས་པ་དང་། མ་རིག་པ་དང་། རྨོངས་པ་ལ་སོགས་པའོ། །སྤང་བྱ་གཞན་ཡང་ཡོད་ཀྱང་འདིར་མུན་པ་ཁོ་ན་སྨོས་པ་ནི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་དང་། ཡེ་ཤེས་ཕུན་སུམ་ཚོགས་པའི་དངོས་ཀྱི་འགལ་ཟླ་ཡིན་པའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །གཉིས་པ་དེ་ཇི་ལྟར་བཅོམ་པའི་ཚུལ་ནི་མུན་པ་དེ་དག་རྫོགས་པའི་སངས་རྒྱས་ཀྱིས་གཉེན་པོ་ཡེ་ཤེས་བརྙེས་ནས་བག་ཆགས་དང་བཅས་པ་ཤེས་བྱ་ཐམས་ཅད་ལ་ཕྱིས་ཡེ་མི་སྐྱེ་བའི་ཆོས་ཅན་དུ་གཏན་ནས་བཅོམ་ཞིང་སྤངས་པ་ཡིན།) གཏན་ནས་བཅོམ་པ་ནི་གཉེན་པོ་བརྙེས་པས་ཕྱིས་ཡེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའོ། །འདིས་ནི་ཉན་ཐོས་ལ་སོགས་པ་ལས་སྤངས་པ་ཁྱད་པར་ཅན་དུ་བསྟན་ཏེ། དེ་དག་ལ་ཉོན་(མོངས་པ་ཅན་གྱི་མུན་པ་)སྒྲིབ་སྤངས་པ་ཙམ་ཡོད་ཀྱང་(བག་ཆགས་དང་བཅས་པ་མ་སྤངས་པས།) ཉམས་པ་སྲིད་པའི་ཕྱིར་དང་། (ཉོན་མོངས་པ་ཅན་མ་ཡིན་པའི།) ཤེས་སྒྲིབ་ནི་རྣམ་པ་ཐམས་ཅད་དུ་མ་སྤངས་པའི་ཕྱིར་རོ། །(དེའི་ཕྱིར་འགྲེལ་པ་ལས། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱིས་གཏན་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་བསྐལ་བ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་འབྱུང་སྟེ། དེ་དག་ནི་བཤད་ཟིན་ཏོ། །)དེ་ལྟ་ན་ཉན་ཐོས་ལ་སོགས་པ་དེ་དག་སྡུག་བསྔལ་མཐར་བྱས་མ་ཡིན་པར་འགྱུར་ཏེ། མདོ་ལས། དགེ་སློང་དག་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པར་ཡང་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ་ཞེས་པ་དང་། མདོ་གཞན་ལས། ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་ཡང་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ་ཞེས་གསུངས་པའི་ཕྱིར་རོ། །ཞེ་ན། མ་ཡིན་ཏེ། དེ་དག་གིས་ཉོན་སྒྲིབ་ནི་ངོ་བོའང་སྤངས་ལ། ཤེས་སྒྲིབ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཏེ།
མདོ་ལས། དགེ་སློང་དག་ཁྱེད་ཀྱིས་མིག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་དང་། དེ་ལྟ་ན་ཁྱེད་ཀྱིས་མིག་དེ་སྤངས་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེས་ན་སྒྲིབ་པ་དེ་དག་སྤངས་པ་ཙམ་ཡིན་མོད་ཀྱི་འོན་ཀྱང་གཏན་ནས་སྤངས་པ་ནི་མ་ཡིན་ཏེ། དེ་ནི་ཡེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་བརྗོད་ལ་ཉན་ཐོས་ལ་སོགས་པ་ལ་ནི་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བའོ། །དེས་ན་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་ཐམས་ཅད་གཏན་ནས་བཅོམ་པས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ལ། འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པའང་ཤུགས་ལ་བསྟན་ཏེ། ཤེས་བྱ་ཐམས་ཅད་མཁྱེན་པའི་གེགས་ཐམས་ཅད་བཅོམ་པར་བསྟན་པའི་ཕྱིར་དང་། སྤངས་པ་ཡང་གཉེན་པོ་ལ་མི་འཁྲུལ་བའི་ཕྱིར་དང་། གཉེན་པོའང་ཇི་སྙེད་པ་དང་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། (དེ་ཡང་ཐེག་པ་ཆེན་པོས་ཡེ་ཤེས་བཞིའམ་ལྔར་འདོད་ཀྱང་སྡེ་པས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་གཉིས་ཁོ་ནར་འདོད་དོ། །)ཡིན་པའི་ཕྱིར་རོ། །འདིར་སློབ་དཔོན་གང་སྤེལ་ཀུན་ལའི་སྒྲས་སྤངས་པ་དང་། གཏན་ཞེས་པས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ་ཞེས་འཆད་པ་ནི་ལེགས་པ་མ་ཡིན་ཏེ། །དེ་དག་བརྗོད་བྱ་དང་རྗོད་བྱེད་དུ་མ་གྲུབ་པའི་ཕྱིར་དང་། ཤུགས་ལའང་མི་གོ་བའི་ཕྱིར་རོ། །དེ་ལྟར་ན་སྤངས་རྟོགས་ཕུན་སུམ་ཚོགས་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །
གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་འཁོར་བའི་ཞེས་པ་སྟེ། ཁམས་གསུམ་དུ་འཁོར་བས་ན་འཁོར་བ་སྟེ། དེ་དག་ཏུ་སྐྱེ་འཆི་ཐོག་མཐའ་མེད་པར་བརྒྱུད་པའི་ཕྱིར་རོ། །དེ་ཉིད་ཀུན་ཏུ་ཆགས་པའི་གནས་ཡིན་པས་འབྱིང་བའི་བདག་ཉིད་ཡིན་པ་དང་། གཡོ་ཞིང་གཞན་ལ་བརྟེན་ནས་རྒལ་དགོས་པས་རྒལ་བར་དཀའ་བས་འདམ་དང་འདྲ་སྟེ་འཁོར་བ་ནི་སྲེད་པ་ལ་སོགས་པས་མངོན་པར་བརླན་པས་འགྲོ་བ་ཀུན་དུ་ཆགས་པའི་གནས་ཡིན་ལ། ལྟ་བ་དང་ཐེ་ཚོམ་གྱིས་བསྐྱོད་པའི་ཕྱིར་དང་། རྒལ་བ་ན་སངས་རྒྱས་ལ་བརྟེན་ནས་རྒལ་དགོས་པས་རྒལ་བར་དཀའ་བའི་ཕྱིར་འཁོར་བའི་འདམ་མོ། །དེར་བྱིང་བའི་འགྲོ་བ་རྣམས་དྲངས་མཛད་པ་ནི་དེ་ལས་ཐར་པར་མཛད་པའོ། །(གཞན་ལ་ཕན་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། འོ་ན་གཞན་གྱི་དོན་དེ།) ཐབས་གང་གིས་བྱས་ཤེ་ན། དོན་བཞིན་སྟོན་པ་སྟེ་ཐར་པའི་ལམ་ཇི་ལྟ་བ་བཞིན་བསྟན་པས་ཡིན་ནོ། །(སྟོན་པ་ཐུགས་བརྩེ་བ་དང་ལྡན་པས་བདེན་བཞིའི་དོན་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་སྟོན་པ་གསུང་གི་འཕྲིན་ལས་དམ་པའི་ཆོས་སྟོན་པའི་ཕྱག་བརྐྱང་བས་གདུལ་བྱ་རྣམས་སྐལ་བ་ཇི་ལྟ་བ་བཞིན་འཁོར་བ་ལས་དྲངས་ཀྱི་ཐབས་གཞན་གྱིས་ནི་མ་ཡིན་ནོ། །གལ་ཏེ་འཁོར་བ་དང་འགྲོ་བ་ལ་ཐ་དད་མེད་པས་འབྱུང་ཁུངས་ཀྱི་སྒྲ་མི་འཐད་དོ། །ཞེ་ན། སྤྱི་དང་བྱེ་བྲག་སྐལ་བ་དང་ལྡན་པ་རྣམས་དྲངས་པས་སྐྱོན་མེད་དོ། །) འདིས་ནི་འགྲེལ་པ་ལས། རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་ནི་མིན་ནོ་ཞེས་འབྱུང་བས་ཁ་ཅིག་ཁྱབ་འཇུག་གི་རྫུ་འཕྲུལ་གྱི་མཐུ་དང་། དབང་ཕྱུག་ཆེན་པོས་དམ་པ་སྦྱིན་པའི་མཐུས་འགྲོ་བ་དྲངས་སོ་ཞེས་ཟེར་བ་དང་། ཡང་ན་རྫུ་འཕྲུལ་དང་དམ་པ་སྦྱིན་པ་དང་མཐུ་ཞེས་ཐ་དད་དུ་བྱས་ཏེ། དེ་ལ་མཐུ་ནི་ནུས་པ་སྟེ་ནོར་བུ་དང་སྨན་ལ་སོགས་པའི་ནུས་པས་རིམས་ནད་སེལ་བ་ལ་སོགས་པས་དྲངས་སོ་ཞེས་ཟེར་བ་རྣམས་བསལ་ཏེ། ཡང་དག་པའི་ལམ་བསྟན་པ་མེད་པར་འཁོར་བ་ལས་འདྲེན་པ་ནི་གང་གིས་ཀྱང་མི་ནུས་པའི་ཕྱིར་ཏེ།
ཆེད་དུ་བརྗོད་པའི་ཚོམས་ལས། སྲིད་པའི་ཟུག་རྔུ་གཅོད་མཛད་པའི། །ལམ་ནི་ཁྱེད་ལ་ངས་བསྟན་བྱ། །ཁྱེད་ཉིད་ཀྱིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་པ་སྟོན་མཛད་ཡིན། །ཞེས་གསུངས་པ་དང་། དེའི་འགྲེལ་པར། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བས་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་བྱ་བ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། བརྩེ་བས་བསྟན་པའི་ཕྱག་བརྐྱང་ནས། །ཐར་པའི་ས་བོན་བསྐྲུན་པ་ཡི། །སེམས་ཅན་རྣམས་ནི་ངན་འགྲོ་དང་། །སྲིད་པ་དག་ལས་འདྲེན་པར་མཛད། །ཅེས་གསུངས་པ་ཡིན་ནོ། །
དེ་ལྟར་ན་(གཉིས་པ་ཕྱག་འཚལ་བ་ནི།) རང་གཞན་གྱི་དོན་(ཐབས་དང་བཅས་པ།) ཕུན་སུམ་ཚོགས་(པ་གསུམ་དང་ལྡན།) པའི་སྟོན་པ་དེ་ལ་(ཚུལ་ནི་འགྲེལ་པ་ལས་ཕྱག་འཚལ་ནས་ཞེས་བྱ་བ་ནི་མགོས་བཏུད་ནས་སོ་ཞེས་འབྱུང་བས་དེས་མཚོན་ནས་སྒོ་གསུམ་གུས་པས།) ཕྱག་འཚལ་ལོ་ཞེས་བྱ་བ་སྟེ་མཆོད་པར་བརྗོད་པའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཚིགས་སུ་བཅད་པ་འདིས་ནི་གཞན་གྱི་སྟོན་པ་དང་བསྟན་པ་དང་སློབ་མ་དག་ལས་བཅོམ་ལྡན་འདས་དང་དེའི་བསྟན་པ་དང་སློབ་མ་རྣམས་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ཏེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། འཁོར་བ་ལས་བརྒལ་བའི་ཐབས་ཡིན་པའི་ཕྱིར་དང་། འཁོར་བའི་འདམ་ལས་བརྒལ་བའི་ཕྱིར་རོ་ཞེས་བཤད་དོ། །(གཉིས་པ་བསྡུས་པའི་དོན་ནི་གང་གིས་གང་ཇི་ལྟར་བཤད་པར་བྱ་བ་གསུམ་གྱིས་བསྟན་ཏོ། །གསུམ་པ་ཚིག་གི་དོན་ནི།) དེ་ལྟར་ཕྱག་འཚལ་ནས་(ཅི་བྱེད་ཅེ་ན།) ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་(ཏུ་)བཤད་(པར་)བྱ(འོ། །) ཞེས་བྱ་བ་ནི་བཤད་པར་དམ་བཅའ་བ་སྟེ། དེ་ལ་ཆོས་མངོན་པ་དང་མཛོད་ནི་འཆད་པར་འགྱུར་ལ།
བསྟན་བཅོས་ནི་ཤཱསྟྲ་ཞེས་པའི་ཤཱ་ས་ནི་འཆོས་པ་དང་། ཏྲ་ཡ་ཏི་ནི་སྐྱོབ་པ་སྟེ། ཉོན་མོངས་དང་རྣམ་རྟོག་ལས་འཆོས་ཤིང་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པས་ན་དེ་སྐད་དུ་བརྗོད་དེ། སློབ་དཔོན་འཕགས་པའི་ལྷས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ཡིན་ནོ། །
ཡང་ཅིའི་ཕྱིར་བསྟན་བཅོས་འདི་ལ་ཆོས་མངོན་པ་དང་དེའི་མཛོད་ཅེས་བྱ་ཞེ་ན། དེའི་ལན་དུ་དོན་དང་ལྡན་པའི་མཚན་བཤད་པའི་ཕྱིར་ཆོས་མངོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་(ཆོས་མངོན་པའི་ངོ་བོ་དང་དབྱེ་བ་དང་འཁོར་དང་བཅས་ན་ཕུང་པོ་དུ་ཡིན་པ་དང་། ངེས་ཚིག་བཞི་ལས་དང་པོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་འཁོར་དང་བཅས་པ་ཡིན་ལ། གཉིས་པ་ལ་གཉིས་སུ་དབྱེ་བ་དང་། གསུམ་དུ་དབྱེ་བ་གཉིས་ཀྱི་དང་པོ།) ཆོས་མངོན་པ་ནི་རྣམ་པ་གཉིས་ཏེ། དོན་དམ་པ་དང་། བརྡར་བཏགས་པའོ། །
དང་པོ་ནི་(མཐོང་སྒོམ་མི་སློབ་པའི་ལམ་གསུམ་གྱི།) ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དྲི་མ་(སྟེ་ཟག་པ།) མེད་པ་རྗེས་སུ་འབྲང་བའི་འཁོར་ཕུང་པོ་ལྔའམ་བཞི་དང་བཅས་པའོ། །དྲི་མ་ནི་འདིར་ཟག་པ་ཡིན་པར་འདོད་དོ། །དེས་ན་ཟག་མེད་ཀྱི་ཤེས་རབ་མཐོང་སྒོམ་མི་སློབ་པའི་ལམ་གསུམ་གྱི་འཁོར་དུ་སྐྱེས་པ་རྗེས་སུ་འབྲང་བ་དང་བཅས་པ་ནི་དོན་དམ་པའི་ཆོས་མངོན་པའོ། །(གསུམ་པ་འཁོར་དང་བཅས་ན་ཕུང་པོ་དུ་ཡིན་པ་ལ་གཉིས་ལས་མཚན་ཉིད་པ་འཁོར་དང་བཅས་ན་ཕུང་པོ་དུ་ཡིན་པ་ནི་རྗེས་འབྲང་བཅས་ཞེས་པའི།) རྗེས་སུ་འབྲང་བ་ནི་(ཚོགས་པ་གཅིག་ཏུ་མི་འབྲལ་བར་སྐྱེས་པ་ཡིན་པས།) ལམ་གསུམ་པོ་དེ་དག་བསམ་གཏན་གྱི་ས་དྲུག་ལ་བརྟེན་ན་ནི་ཕུང་པོ་ལྔ་པ་སྟེ། ཟག་མེད་ཀྱི་སྡོམ་པ་ནི་གཟུགས་ཀྱི་ཕུང་པོ་དང་། དང་པོ་དང་གཉིས་པའི་དངོས་གཞི་ན་ཡིད་བདེ་དང་། གསུམ་པ་ན་བདེ་བ་དང་། དང་པོའི་ཉེར་བསྡོགས་དང་། དང་པོའི་དངོས་གཞི་ཁྱད་པར་ཅན་དང་བཞི་པའི་དངོས་གཞིའི་བཏང་སྙོམས་རྣམས་ནི་ཚོར་བ་ཡིན་ལ། འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་ཀྱི་ཕུང་པོའང་ཡོད་པའི་ཕྱིར་རོ། །ལམ་ཕྱི་མ་གཉིས་གཟུགས་མེད་དང་པོ་གསུམ་ལ་བརྟེན་ན་ནི་ཕུང་པོ་བཞི་པ་སྟེ། དེ་ན་གཟུགས་མེད་ཅིང་ཚོར་བ་ལ་སོགས་པ་གཞན་དག་ཡོད་པའི་ཕྱིར་རོ། །མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ་ཞེས་པ་དང་། དེ་ནི་ཆོས་མཆོག་དང་ས་གཅིག་ཅེས་འཆད་པར་འགྱུར་བའི་ཕྱིར་མཐོང་ལམ་གཟུགས་མེད་ལ་བརྟེན་པ་ནི་མེད་དེ། །མཐོང་ལམ་གྱིས་འདོད་པའི་བདེན་པ་ལའང་དམིགས་ལ་གཟུགས་མེད་པས་ནི་དེ་ལ་དམིགས་པར་མི་ནུས་པའི་ཕྱིར་དང་། གོང་ན་མཐོང་ལམ་མེད་ཅེས་འབྱུང་བས་མཐོང་ལམ་ནི་འདོད་པའི་རྟེན་ཅན་ཁོ་ན་ཡིན་པའི་ཕྱིར་དང་། དེས་བསམ་གཏན་གྱི་སེམས་མ་ཐོབ་ན་གཟུགས་མེད་ཀྱི་སེམས་ཀྱང་མི་ཐོབ་ལ། ཐོབ་ན་ནི་དེ་ཉིད་ལ་བརྟེན་ནས་ལམ་བསྒོམ་པར་བྱེད་དེ། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །ཞེས་འཆད་པར་འགྱུར་བས་ཡན་ལག་གིས་ཟིན་ཅིང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་དེ་ལ་བརྟེན་ན་ལམ་བསྐྱེད་སླ་བའི་ཕྱིར་རོ། །(འདིར་རྣམ་ཤེས་ཤེས་རབ་ཀྱི་རྗེས་འབྲང་གི་འཁོར་དུ་བསྟན་ཀྱང་སྤྱིར་སེམས་དང་སེམས་བྱུང་གི་གཙོ་འཁོར་འཆོལ་བར་ནི་མི་འགྱུར་ཏེ། ཆོས་རབ་ཏུ་རྣམ་འབྱེད་ལ་ལྟོས་པའི་ཕྱིར་དཔེར་ན་མིའི་གཙོ་བོ་རྒྱལ་པོ་ཡིན་ཡང་ཡི་གེ་འབྲི་བའི་ཚེ་ཡིག་མཁན་གཙོ་བོ་བཞིན་ནོ། །)དེའི་ཕྱིར་མཐོང་ལམ་གྱི་ཟག་མེད་ཀྱི་ཤེས་རབ་ནི་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཁོ་ནར་ངེས་སོ། །རྟེན་པའི་དོན་ཡང་ལམ་དེ་དག་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་དུ་སྐྱེས་པ་ལ་བརྗོད་ཀྱི་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟར་ནི་མ་ཡིན་ནོ། །
གཉིས་པ་བརྡར་བཏགས་པའི་ཆོས་མངོན་པའང་རྣམ་པ་གཉིས་ཏེ། དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་ཞུགས་པའི་རྒྱུ་སྐྱེས་ཐོབ་དང་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཟག་བཅས་རྗེས་འབྲང་དང་བཅས་པ་གང་དང་། དེ་དག་རྗོད་པར་བྱེད་པའི་བསྟན་བཅོས་(ཀྱིས་བསྡུས་པའི་ཆོས་མངོན་པ།) གང་ཡིན་པ་སྟེ། (རིམ་པ་ལྟར་འབྲས་བུ་དང་བརྗོད་བྱའི་མིང་གིས་རྒྱུ་དང་རྗོད་བྱེད་ལ་བཏགས་པའི་ཕྱིར་རོ། །གཉིས་པ་བཏགས་པ་བ་ཕུང་པོ་དུ་ཡིན་པ་ལ།) སྐྱེས་ཐོབ་ནི་(དེར་སྐྱེ་བ་ཐོབ་པ་ལས་སྐྱེས་པ་སྟེ་ཐོས་པ་ལ་སོགས་པའི་སྦྱོར་བ་ལ་མ་ལྟོས་པར་རང་བཞིན་གྱི་ཤེས་རབ་ཆེ་བ་སྟེ་དེ་ནི།) ཁམས་གསུམ་ག་དང་ས་ཐམས་ཅད་དང་རྣམ་ཤེས་ཐམས་ཅད་ཀྱི་འཁོར་ན་ཡོད་དོ། །རྗེས་སུ་འབྲང་བའི་གཟུགས་ནི་མེད་དེ་མཉམ་གཞག་གི་ས་པ་མ་ཡིན་པའི་ཕྱིར་རོ། །
ཐོས་བྱུང་གི་ཤེས་རབ་ལ་སོགས་པ་གསུམ་ནི་ཡིད་ཤེས་ཀྱི་འཁོར་ན་ཡོད་ཀྱི་དབང་ཤེས་ཀྱི་འཁོར་ན་ནི་མེད་དེ། ཤེས་རབ་གསུམ་ནི་སྦྱོར་བྱུང་ཡིན་པའི་ཕྱིར་དང་། དབང་ཤེས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཐོས་བྱུང་གི་ཤེས་རབ་ཉན་ཤེས་ཀྱི་འཁོར་ནའང་ཡོད་དོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དེ་ནི་མིང་གི་ཡུལ་ཅན་དུ་བཤད་པས་ན་(དམིགས་པ་མཚུངས་དགོས་པས།) རྣ་བའི་རྣམ་ཤེས་ནི་མིང་གི་ཡུལ་ཅན་མ་ཡིན་པའི་ཕྱིར་དང་། གལ་ཏེ་ཡིན་ན་(ཆོས་སྐྱེའི་ཡུལ་ཅན་དང་།) སྒྲ་དོན་སྣང་བའི་རྟོག་པར་ཐལ་བའི་ཕྱིར་རོ། །དེ་ལ་ཐོས་བྱུང་གི་ཤེས་རབ་ནི་འདོད་གཟུགས་ན་ཡོད་ཀྱི་གོང་མ་ན་མེད་དེ། དེ་ནི་ཉན་ཤེས་ཀྱི་རྗེས་སུ་འབྲང་བའི་ཡིད་ཤེས་ཀྱི་འཁོར་དུ་འབྱུང་བ་ཡིན་པས་ན་གཟུགས་མེད་ན་སྒྲ་དང་རྣ་བའི་རྣམ་ཤེས་མེད་པའི་ཕྱིར་དང་། གང་ཟག་ཕན་ཚུན་དུ་བརྗོད་པའང་མེད་པའི་ཕྱིར་རོ། །དེ་ནི་མཉམ་གཞག་མ་ཡིན་པས་ན་རྗེས་སུ་འབྲང་བའི་གཟུགས་ཀྱང་མེད་དོ། །
བསམ་བྱུང་གི་ཤེས་རབ་ནི་ཁམས་གོང་མ་གཉིས་ན་མེད་དེ། བསམ་བྱུང་ནི་(མིང་དོན་གྱི་འབྲེལ་པ་འཛིན་དགོས་པས་ཡིད་ཁོ་ནའི་འཁོར་དུ་འབྱུང་ཞིང་།) ཁ་ནང་དུ་ལྟ་བ་ཡིན་ལ། གོང་མ་དག་མཉམ་གཞག་གི་ས་པ་ཡིན་པས་(སེམས་པར་རྩོལ་ཞིང་།) སེམས་ནང་དུ་བལྟས་ན་སྒོམ་བྱུང་དུ་འགྱུར་བའི་ཕྱིར་རོ། །དེས་ན་བསམ་བྱུང་ནི་འདོད་པ་ཁོ་ན་ན་ཡོད་ཅིང་རྗེས་སུ་འབྲང་བའི་གཟུགས་ཀྱང་མེད་དོ། །སྒོམ་བྱུང་གི་ཤེས་རབ་ནི་འདོད་པའི་སེམས་ལ་མེད་དེ། དེ་མཉམ་གཞག་གི་ས་པ་མ་ཡིན་པའི་ཕྱིར་དང་། སྒོམ་བྱུང་གི་ཤེས་རབ་ནི་མཉམ་གཞག་གི་ས་པ་ཡིན་པའི་ཕྱིར་དང་། འགྲེལ་པ་ལས་ཀྱང་། འདོད་པའི་ཁམས་ན་ནི་ཡིད་ལ་བྱེད་པ་གསུམ་སྟེ། ཐོས་པ་དང་། བསམས་པ་ལས་བྱུང་བ་དང་། སྐྱེས་ནས་ཐོབ་པ་རྣམས་སོ། །གཟུགས་ཀྱི་ཁམས་ན་ནི་གསུམ་སྟེ། ཐོས་པ་དང་། བསྒོམས་པ་ལས་བྱུང་བ་དང་། སྐྱེས་ནས་ཐོབ་པ་རྣམས་སོ། །བསམས་པ་ལས་བྱུང་བ་ནི་མེད་དེ། །གང་གི་ཚེ་དེ་དག་སེམས་པར་རྩོམ་པ་དེའི་ཚེ་དེ་དག་གི་ཏིང་ངེ་འཛིན་ཁོ་ན་ཉེ་བར་གནས་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་ནི་བསྒོམས་པ་ལས་བྱུང་བ་དང་། སྐྱེས་ནས་ཐོབ་པ་དག་གོ་ཞེས་འབྱུང་ལ། སློབ་དཔོན་གང་སྤེལ་གྱིས་ཀྱང་འདོད་པའི་ཁམས་ནི་མཉམ་པར་མ་བཞག་པ་ཡིན་པའི་ཕྱིར་བསྒོམས་པ་ལས་བྱུང་བ་མེད་དོ་ཞེས་བཤད་པའི་ཕྱིར་དང་། འཕགས་པ་ཐོགས་མེད་ཀྱིས་ཀྱང་སའི་དངོས་གཞི་ལས། ཅིའི་ཕྱིར་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཁོ་ན་ལ་མཉམ་པར་བཞག་པའི་ས་ཞེས་བྱ་ལ། འདོད་པའི་ཁམས་ཀྱི་རྩེ་གཅིག་པ་ནི་མཉམ་པར་བཞག་པ་མ་ཡིན་ཞེ་ན། བསམ་གཏན་ལ་སོགས་པ་དེ་དག་ནི་འགྱོད་པ་མེད་པ་དང་མཆོག་ཏུ་དགའ་བ་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བདེ་བས་མངོན་པར་བསྒྲུབས་པ་ཡིན་ལ། འདོད་པ་ན་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། འདོད་པའི་ཁམས་ན་ཡང་དག་པའི་ཆོས་ལ་ཉེ་བར་སེམས་པ་མེད་པ་ནི་མ་ཡིན་ནོ་ཞེས་པ་དང་། ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་མཉམ་པར་མ་བཞག་པ་ནི་འདོད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་ཡོད་ཀྱང་སེམས་དང་སེམས་བྱུང་རྣམས་ཤིན་ཏུ་སྦྱངས་པས་མ་ཟིན་པའི་ཕྱིར་རོ་ཞེས་བཤད་པའི་ཕྱིར་རོ། །(དེས་ན་ཡིད་ཁོ་ནའི་འཁོར་དུ་འབྱུང་བ་ལ་འདི་ངོ་བོ་ཟག་བཅས་ཡིན་ལ།) འཁོར་དང་བཅས་ན་ནི་གཟུགས་ན་སྤྱོད་པའི་སྒོམ་བྱུང་ནི་རྗེས་སུ་འབྲང་བའི་ཕུང་པོ་ལྔ་པ་ཡིན་ཏེ། ཐ་མ་གཉིས་ནི་སེམས་རྗེས་འབྲང་ཞེས་འབྱུང་བས་བསམ་གཏན་གྱི་སྡོམ་པ་ནི་རྗེས་སུ་འབྲང་བའི་གཟུགས་ཡིན་པའི་ཕྱིར་རོ། །གཟུགས་མེད་ཀྱི་སྒོམ་བྱུང་ནི་ཕུང་པོ་བཞི་པ་ཡིན་ཏེ། རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །(ཤེས་རབ་སྐྱེས་ཐོབ་ཀྱིས་ནི་བསྟན་བཅོས་ཉན་པའི་སྒོ་ནས་དོན་གྱི་རྗེས་སུ་འབྲང་བས་ཤེས་རབ་སྐྱེས་ཐོབ་ལས་ཐོས་བསམ་སྒོམ་གསུམ་རིམ་གྱིས་འབྱུང་ལ་སྒོམ་བྱུང་ཡང་ཟག་བཅས་ལས་ཟག་མེད་འབྱུང་བས་འདི་དག་གི་གོ་རིམ་ཡང་དེ་ལྟར་དུ་ངེས་སོ། །)
འདི་དག་ཀྱང་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཚད་མར་བྱས་ནས་དཔྱད་པ་ཡིན་གྱི་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་པ་ནི་འཁོར་དང་བཅས་ན་ཕུང་པོ་བཞི་པ་ཁོ་ནར་འདོད་དེ། ཟག་བཅས་ཟག་མེད་ཀྱི་ཤེས་རབ་ལ་རྗེས་སུ་འབྲང་བའི་གཟུགས་ཁས་མི་ལེན་པའི་ཕྱིར་རོ། །བསྟན་བཅོས་ལ་ནི་(ཁ་ཅིག་ན་རེ།) གཙོ་འཁོར་གྱི་རྣམ་པར་བཞག་པ་མེད་དེ། (མཚུངས་ལྡན་མ་ཡིན་པས་སྐྱེ་སོགས་ཡོད་ཀྱང་ཁ་ཆེ་བ་)འདུ་བྱེད་ཀྱི་ཕུང་པོ་གཅིག་པུ་ཁོ་ནར་ཟད་པའི་ཕྱིར་རོ། །(ཞེས་ཟེར་རོ། །ཁ་ཅིག་ན་རེ་མཚུངས་ལྡན་མ་ཡིན་ཡང་མིང་ཚིག་ཡི་གེའི་ཚོགས་ནི་གཙོ་བོ་ཡིན་ལ། དེ་དག་གི་མཚན་ཉིད་སྐྱེ་བ་ལ་སོགས་པ་འཁོར་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ།) གང་དག་བསྟན་བཅོས་སྒྲ་རང་གི་མཚན་ཉིད་དུ་འདོད་པ་ལྟར་ན་ནི་འཁོར་སྐྱེ་བ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོ་དང་བཅས་པའི་གཟུགས་ཏེ་ཕུང་པོ་གཉིས་པར་འདོད་དོ། །
ཁ་ཅིག་ན་རེ་བསྟན་བཅོས་ལའང་ཡེ་ཤེས་ལ་འཇུག་པ་ནི་གཙོ་བོ་ཡིན་ལ། ཆོས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ནི་(ཡན་ལག་ཡིན་པས།) འཁོར་ཡིན་ནོ་ཞེས་ཟེར་རོ། །(གསུམ་དུ་དབྱེ་བ་ནི།) ཟག་མེད་ཀྱི་ཤེས་རབ་འབྲས་བུའི་ཆོས་མངོན་པ་དང་། སྐྱེས་ཐོབ་ཀྱི་ཤེས་རབ་ལ་སོགས་པ་བཞི། རྒྱུའི་ཆོས་མངོན་པ་དང་། བསྟན་བཅོས་ནི་གཞུང་གི་ཆོས་མངོན་པ་(དང་གསུམ་དུ་འགྱུར་)སྟེ། དང་པོ་ནི་དོན་དམ་པ་དང་། ཕྱི་མ་དག་ནི་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་དང་། བརྗོད་བྱའི་མིང་གིས་རྗོད་བྱེད་ལ་བཏགས་པ་ཡིན་ཏེ།
སློབ་དཔོན་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་བཤད་པ་ལྟར་རོ། །(བཞི་པ་ནི།) ཅིའི་ཕྱིར་ཆོས་མངོན་པ་ཞེས་བྱ་ཞེ་ན། དྷརྨྨ་ཞེས་བྱ་བ་ནི་དྷར་ཞེས་པ་འཛིན་པས་ན་ཆོས་དང་། ཨ་བྷི་མུ་ཁ་ཞེས་བྱ་བ་མངོན་དུ་བྱེད་པའི་སྒོ་དང་། ཨ་བྷི་ཀྵ་ན་ཞེས་བྱ་བ་མངོན་པར་ཡང་ནས་ཡང་དང་། ཨ་བྷི་བྷུ་ཡ་ཞེས་བྱ་བ་མངོན་པར་ཟིལ་གྱིས་གནོན་པ་དང་། ཨ་བྷི་ས་མ་ཡ་ཞེས་བྱ་བ་མངོན་པར་རྟོགས་པས་ན་མངོན་པ་སྟེ། རིམ་པ་ལྟར་རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་དང་། བདེན་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པས་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་བྱེད་པའི་སྒོ་དང་། ཆོས་རེ་རེ་ལའང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། བསྟན་ཡོད་བསྟན་མེད་ལ་སོགས་པ་རྣམ་པའི་རབ་ཏུ་དབྱེ་བས་ཡང་ནས་ཡང་དུ་མངོན་པར་གཏན་ལ་འབེབས་པ་དང་། བརྩད་པ་དང་རྩོད་པའི་གཞི་ལ་སོགས་པས་ཕས་ཀྱི་རྒོལ་བ་མངོན་པར་ཟིལ་གྱིས་གནོན་པ་དང་། མདོའི་དོན་མངོན་པར་རྟོགས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། མདོ་སྡེའི་རྒྱན་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་མཛོད་ཅེས་བྱ་ཞེ་ན། བསྟན་བཅོས་འདིར་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པའི་དོན་དེ་དག་དོན་དུ་ཡང་དག་པར་ཏེ་གཅེས་གཅེས་རྣམས་ཆུད་པའི་ཕྱིར་མངོན་པའི་མཛོད་དེ་རལ་གྲི་གང་དུ་གཞུག་པ་དེ་ནི་རལ་གྲིའི་ཤུབས་ཡིན་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་བསྟན་བཅོས་འདིའི་འབྱུང་བའི་གནས་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་ཆེན་པོ་དེ་ཡིན་པས་ན་ཆོས་མངོན་པའི་མཛོད་ཅེས་བྱ་སྟེ་མངོན་པའི་མཛོད་ནས་ཕྱུང་བའི་ནོར་ཡིན་པའི་ཕྱིར་དཔེར་ན་རལ་གྲི་གང་ནས་འབྱིན་པ་དེ་ནི་དེའི་ཤུབས་ཡིན་པའམ། མཛོད་ནས་ཕྱུང་བའི་ནོར་ལའང་འདི་བདག་གི་མཛོད་ཡིན་ནོ་ཞེས་བརྗོད་པ་བཞིན་ནོ། །
ད་ནི་དགོས་པ་དང་དང་པོའི་སྟོན་པ་འཆད་པ་ནི་འགྲེལ་པ་ལས། ཡང་ཅིའི་ཕྱིར་ཆོས་མངོན་པ་བསྟན། འདི་དང་པོ་ཉིད་དུ་སུས་བསྟན་ན། འདི་ལྟར་སློབ་དཔོན་ཆོས་མངོན་པའི་མཛོད་འཆད་པར་གུས་ཤེ་ན་ཞེས་འབྱུང་བས། (གལ་ཏེ་དགོས་པ་དང་མི་ལྡན་པ་དང་ཡིད་ཆེས་པའི་སྟོན་པ་ཁྱད་པར་ཅན་གྱིས་མ་བསྟན་པའི་བསྟན་བཅོས་ལ་ནི་འཇུག་པ་དང་དེའི་དོན་གཏན་ལ་འབེབས་པའི་བསྟན་བཅོས་བརྩམ་པར་མི་རིགས་པས་དགོས་པ་གང་དང་ལྡན་ཞིང་དང་པོར་ཡིད་ཆེས་པའི་སྟོན་པ་སུ་ཞིག་གིས་གསུངས་ཤེ་ན།) བསྟན་བཅོས་རྩོམ་པའི་ཐོག་མར་དགོས་པ་གང་གི་ཕྱིར་ཆོས་མངོན་པ་གསུངས་པ་དང་། དེ་གསུང་པ་པོའི་སྟོན་པའང་བརྗོད་པར་བྱ་སྟེ། དགོས་པ་དང་མི་ལྡན་པ་དང་། སྟོན་པ་ཁྱད་པར་ཅན་མ་ཡིན་པའི་བསྟན་བཅོས་ནི་མཁས་པ་རྣམས་ཀྱིས་བཤད་པ་དང་མཉན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེས་ན་འགྲེལ་པའི་དོན་ནི་དགོས་པ་གང་དང་ལྡན་ཞིང་། སྟོན་པ་ཁྱད་པར་ཅན་སུས་གསུངས་ན་འདི་ལྟར་སློབ་དཔོན་ཆོས་མངོན་པའི་མཛོད་འཆད་པ་ལ་གུས་ཤིང་སྤྲོ་བར་བྱེད་ཅེ་ན་ཞེས་བྱ་བ་ཡིན་པས་དེའི་ལན་དུ་ཆོས་རྣམས་རབ་ཏུ་རྣམ་འབྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
འདི་ལ་དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་གསུམ་གྱི་དང་པོ་ལའང་གསུམ་ལས་གཞན་གྱི་ལུགས་དགག་པ་ནི་གཞོན་ནུ་མ་ལེན་པ་ན་རེ། བསྟན་བཅོས་དག་ནི་ཐམས་ཅད་དམ། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བརྗོད་པ། །དེ་སྲིད་དུ་ནི་སུ་ཞིག་འཛིན། །ཞེས་དགོས་པ་སྟོན་པའི་ངག་ལས་ཚད་མའི་རྟོགས་པ་སྐྱེས་ནས་འཇུག་པ་ཡིན་ནོ་ཞེས་ཟེར་བ་ནི་མ་ཡིན་ཏེ། ཚིག་ཙམ་དོན་ལ་འཁྲུལ་པ་མཐོང་ཞིང་། སྐྱེས་བུ་ཁྱད་པར་ཅན་གྱི་ཚིག་ནི་ཤེས་པར་མི་ནུས་ལ། སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱང་མི་སྲིད་པའི་ཕྱིར་རོ། །
གཉིས་པ་རང་གི་ལུགས་ལ་སློབ་དཔོན་ཞི་བ་འཚོ་ནི་བསྟན་བཅོས་འདི་བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་དང་མི་ལྡན་པའི་ཕྱིར་བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་བཞིན་ནོ་ཞེས་པའི་ལོག་རྟོག་བསལ་བའི་ཕྱིར་འདི་ནི་དགོས་པ་དང་ལྡན་པའི་ཕྱིར་བརྩམ་པར་རིགས་ཏེ་གསོ་བ་རིག་པ་བཞིན་ནོ་ཞེས་བསྟན་བཅོས་རྩོམ་པའི་སྐབས་འགོག་པའི་ལོག་རྟོག་བསལ་བའི་ཕྱིར་དགོས་པ་སྟོན་པར་བྱེད་པའི་ངག་རྩོམ་པར་བྱེད་དོ་ཞེས་འཆད་དོ། །སློབ་དཔོན་ཆོས་མཆོག་ནི་དགོས་པ་ལ་སོགས་པ་ལ་ཤས་ཆེར་འཛིན་པའི་ཐེ་ཚོམ་བསྐྱེད་ནས་གཞན་དག་བསྟན་བཅོས་ལ་འཇུག་པའི་ཕྱིར་དགོས་པ་ལ་སོགས་པ་སྟོན་པའི་ངག་རྩོམ་པར་བྱེད་དེ། སྤྱིར་ངག་ཙམ་དོན་དང་ལྡན་པ་མ་ཡིན་ཀྱང་བསྟན་བཅོས་རྩོམ་པ་པོ་ནི་བསྟན་བཅོས་ཀྱི་ཀླད་དུ་དོན་དང་མི་ལྡན་པའི་ངག་འགོད་པར་མི་རིགས་པའི་ཕྱིར་རོ་ཞེས་འཆད་པ་ཡིན་ནོ། །སློབ་དཔོན་ཤང་ཀ་རཱ་ནན་ད་ནི་གཞུང་བཀོད་པའི་ཁྱད་པར་མཛེས་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་འཆད་དེ། ལུགས་གསུམ་པོ་འདི་དག་དགོས་པ་ལ་སོགས་པ་སྟོན་པའི་ངག་ལ་ཐམས་ཅད་ཀྱང་མི་འགལ་བ་ཉིད་དུ་ཤེས་པར་བྱའོ། །
གསུམ་པ་རྩོད་པ་སྤང་བ་ནི། ངག་འདི་ལོག་རྟོག་སེལ་བྱེད་དུ་མི་འཐད་དེ། རིགས་པ་མེད་པའི་ཚིག་ཙམ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་ཡང་རང་གི་ངང་གིས་སྐྱེ་བའི་ཕྱིར་དེའི་དོན་དུ་ངག་མི་དགོས་སོ། །གཞུང་མཛེས་པར་ཡང་མཆོད་བརྗོད་དང་བཤད་པར་དམ་བཅས་བྱས་པའི་ཕྱིར་དེ་དགོས་པ་མེད་ལ། དེ་དག་གིས་མཛེས་པར་མི་བྱེད་ན་དེས་ཀྱང་མཛེས་པར་བྱེད་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ངག་གཅིག་ལ་འབྲས་བུ་དུ་མའང་ཇི་ལྟར་འཐད་ཅེ་ན། འདི་ལ་དགོས་པ་ལ་སོགས་པ་བཞི་དང་ལྡན་པས་བསྟན་བཅོས་བརྩམ་པར་བྱ་བ་ཉིད་དུ་སྒྲུབ་པ་ནི་རིགས་པ་ཡིན་པའི་ཕྱིར་དང་། དགོས་པ་ལ་སོགས་པ་ལ་ཡོད་པར་ཤས་ཆེར་འཛིན་པ་ནི་རང་གི་ངང་གིས་སྐྱེ་བ་མེད་པར་ངག་ལ་ལྟོས་པའི་ཕྱིར་དང་། མཆོད་བརྗོད་དང་བཤད་པར་དམ་བཅས་མཛེས་པར་བྱས་ཀྱང་དགོས་པ་སྟོན་པའི་ངག་གིས་ཀྱང་མཛེས་པར་བྱེད་དགོས་པའི་ཕྱིར་དང་། རྒྱུ་གཅིག་ལས་ཀྱང་འབྲས་བུ་དུ་མ་སྐྱེ་བར་མར་མེ་ལ་སོགས་པ་ལ་མཐོང་བའི་ཕྱིར་རོ། །
གཉིས་པ་བསྡུས་པའི་དོན་ནི། བསྟན་བཅོས་ཀྱི་ལུས་ལ་དགོས་པ་ལ་སོགས་པ་བཞི་ཡོད་པར་བསྟན་པ་ཡིན་ནོ། །དེ་ལ་གཉིས་ལས་གང་ལ་ཡོད་པ་བསྟན་བཅོས་ཀྱི་ངོ་བོ་ནི་འཆད་པར་འགྱུར་ལ། ངེས་ཚིག་ནི་བཤད་ཟིན་ཏོ། །
འགྲུབ་པའི་ཚད་ནི་ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དེ་འདུས་པ་ལས་དོན་གྱི་ཁྱད་པར་སྟོན་པའི་ཚིག་དང་། དེ་འདུས་པ་ལས་ངག་དང་། དེ་འདུས་པ་ལས་རབ་ཏུ་བྱེད་པ་དང་། དེ་འདུས་པ་ལས་བསྟན་བཅོས་འགྲུབ་བོ་ཞེས་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་འཆད་དོ། །
དེ་ལ་ཡོད་པའི་དགོས་འབྲེལ་ལ་གསུམ་ལས། དང་པོ་ངོ་བོ་ནི་ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་ནི་འདིའི་བརྗོད་བྱ་དང་། དེ་དག་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་དགོས་པ་དང་། སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བའི་མྱང་འདས་ཐོབ་པ་ནི་དགོས་པའི་དགོས་པ་དང་། ཆོས་རྣམས་ནི་བརྗོད་བྱ་དང་བསྟན་བཅོས་འདི་རྗོད་བྱེད་དུ་འབྲེལ་བ་ནི་འབྲེལ་བ་ཡིན་ནོ། །
ཡང་ན་བོད་ཀྱི་སློབ་དཔོན་རྣམས་ནི་དགོས་པའི་དགོས་པ་དགོས་པ་ལ་རག་ལས་པ་དང་། དགོས་པ་བསྟན་བཅོས་ལ་རག་ལས་པ་ནི་འབྲེལ་པ་ཡིན་ནོ་ཞེས་འཆད་པར་བྱེད་དོ། །དེ་བཞིན་དུ་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི་དང་། དགོས་འབྲེལ་གྱི་ངག་ལ་ཡོད་པའི་དགོས་འབྲེལ་བཞི་ཡང་ཤེས་པར་བྱ་སྟེ། དེ་དག་ནི་ཤེས་པར་སླ་བས་འདིར་མ་བྲིས་སོ། །
གཉིས་པ་གྲངས་ངེས་པ་ནི། ཅིའི་ཕྱིར་བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ་དགོས་པ་ལ་སོགས་པ་རྣམ་པ་བཞི་ཁོ་ན་བསྟན་ཞེ་ན། འདིར་དགོས་པ་ལ་ལྟོས་ནས་རྣམ་པ་བཞི་ཉིད་དུ་བསྟན་པ་ཡིན་ཏེ། དེ་ཡང་སློབ་དཔོན་ཆོས་མཆོག་ནི་བསྟན་བཅོས་འདི་ལ་དགོས་པ་མེད་པ་ཉིད་དམ། ཡོད་ཀྱང་སྒྲུབ་པར་མི་ནུས་པ་ཉིད་དམ། ནུས་ཀྱང་འདོད་བྱ་མ་ཡིན་པ་ཉིད་དམ། འདོད་བྱ་ཡིན་ཀྱང་མ་འབྲེལ་ལམ་སྙམ་པའི་དྭོགས་པ་བཟློག་པའི་ཕྱིར་བརྗོད་བྱ་ལ་སོགས་པ་བཞི་ཁོ་ན་བསྟན་པ་ཡིན་ནོ་ཞེས་འཆད་དོ། །སློབ་དཔོན་དུལ་ལྷ་ལ་སོགས་པ་ནི་བརྗོད་བྱ་མེད་པ་ཉིད་དམ། དགོས་པ་མེད་པ་ཉིད་དམ། ཉིང་དགོས་གྱ་ནོམ་པ་མེད་པ་ཉིད་དམ། དེ་དག་ཐབས་འདི་དང་མ་འབྲེལ་ལམ་སྙམ་པའི་དྭོགས་པ་བཀག་ནས་བསྟན་བཅོས་ལ་འཇུག་པ་ཉིད་དུ་སྒྲུབ་པའི་ཕྱིར་རྣམ་པ་བཞི་ཁོ་ན་བསྟན་ཏོ་ཞེས་འཆད་དེ། གང་ལྟར་ཡང་འགལ་བ་མེད་པ་ཉིད་དུ་ཤེས་པར་བྱའོ། །གལ་ཏེ་དགོས་པ་ལ་སོགས་པ་སྟོན་པའི་ངག་གིས་དྭོགས་པ་དེ་དག་སེལ་ན་ནི་སྒྲ་མི་རྟག་ཅེས་བརྗོད་པས་ཀྱང་རྟག་འཛིན་གྱི་ལོག་རྟོག་སེལ་བར་འགྱུར་ལ། དེ་ལྟ་ན་ནི་རྟགས་དང་དཔེ་དོན་མེད་པ་ཉིད་དུ་འགྱུར་རོ། །སྒྲ་མི་རྟག་ཅེས་བརྗོད་པས་རྟག་འཛིན་མི་སེལ་ན་དགོས་པ་སྟོན་པའི་ངག་གིས་ཀྱང་མི་སེལ་བར་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན་སྒྲ་མི་རྟག་ཅེས་བརྗོད་པས་རྟག་འཛིན་གྱི་ལོག་རྟོག་སེལ་བར་ནི་འདོད་མོད་ཀྱི། འོན་ཀྱང་བྱས་པ་ལ་སོགས་པའི་རྟགས་དང་དཔེ་ལ་སོགས་པ་ནི་ཐེ་ཚོམ་དང་མ་རྟོགས་པ་བསལ་ནས་ཡང་དག་པའི་ཚད་མའི་རྟོགས་པ་བསྐྱེད་པའི་ཕྱིར་ཡིན་པས་འགལ་བ་མེད་དོ། །
གསུམ་པ་གཅིག་དང་ཐ་དད་དཔྱད་པ་ནི། འོ་ན་བརྗོད་བྱ་ལ་སོགས་པ་དེ་དག་གཅིག་དང་ཐ་དད་ཇི་ལྟར་ཞེ་ན། དགོས་པ་དང་དགོས་པའི་དགོས་པ་དང་འབྲེལ་བ་རྣམས་ནི་བརྗོད་བྱ་དང་གཅིག་ཡིན་ཏེ། འདིའི་བརྗོད་བྱ་ནི་ཆོས་ཐམས་ཅད་ཡིན་པའི་ཕྱིར་རོ། །དགོས་པ་དང་དགོས་པའི་དགོས་པ་ནི་ཐ་དད་ཡིན་ཏེ་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །འབྲེལ་བ་ལ་རྒྱུ་འབྲས་ཀྱི་འབྲེལ་པར་འདོད་པ་ལྟར་ན་ནི་དེ་དག་ལས་གཞན་དུ་མེད་ལ། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ལ་འདོད་ན་ནི་བརྡ་དང་ཐ་སྙད་བྱེད་པ་པོའི་རྣམ་རྟོག་གིས་ཀུན་ཏུ་བརྟགས་པ་ཡིན་གྱི་དོན་ལ་གཅིག་དང་ཐ་དད་ལས་གྲོལ་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། གང་ཕྱིར་མིང་བཅོས་བརྗོད་བྱ་ཡི། །ཆོས་དེ་དག་ཀྱང་བརྟགས་ཡིན་པས། །སྒྲ་དོན་དག་གི་འབྲེལ་པ་ནི། །ངོ་བོ་ཉིད་དུ་དེས་མི་བཞེད། །ཅེས་གསུངས་པ་ལྟར་རོ་ཞེས་གཞན་དག་འདོད་མོད་ཀྱི་གྲུབ་མཐའ་འདིའི་ལྟར་ན་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ཡིན་ཀྱང་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀྱང་ཡིད་ཤེས་ཀྱི་ཡུལ་མིང་དང་མཚན་མ། མི་ལྡན་པའི་འདུ་བྱེད་རྫས་གྲུབ་ཡིན་པས་དེ་བརྗོད་བྱ་དང་ངོ་བོ་གཅིག་ཡིན་ལ། གཞན་གཉིས་དང་ཐ་དད་ཡིན་ནོ། །
གསུམ་པ་ཚིག་གི་དོན་ནི་འགྲེལ་པ་ལས། ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་ཆོས་རབ་ཏུ་རྣམ་པར་དབྱེ་བར་མི་ནུས་སོ་ཞེས་འབྱུང་བས་(ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པའི་ཆོས་མངོན་པ་མ་བསྟན་ན་ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་རབ་མི་འབྱུང་བའི་ཕྱིར་རོ། །དགོས་པ།) གདུལ་བྱའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་དེའི་ཕྱིར་ཏེ་ཆེད་དམ་དོན་དུ། ཆོས་མངོན་པ་(བསྟན་པ་ཡིན་ནོ། །དགོས་པ་ཤེས་རབ་བསྐྱེད་པ་ལ་ཆོས་མངོན་པ་ཁོ་ན་བསྟན་ཅི་དགོས་ཤེ་ན།) སྡེ་བདུན་པོ་འདི་ནི་འཇིག་རྟེན་ལྷ་དང་བཅས་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །
འོ་ན་དགོས་པ་དེའི་ཆེད་དུ་ཆོས་མངོན་པ་གསུང་པའི་རྒྱུ་མཚན་གང་གི་ཕྱིར་ཞེ་ན། འདི་ལྟར་ཆོས་མངོན་པ་བསྟན་པ་མེད་པར་ནི་གདུལ་བྱའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མི་འབྱུང་ཞིང་(འོ་ན་ཤེས་རབ་མེད་ན་ཉེས་པ་ཅི་ཡོད་ཅིང་ཡོད་ན་ཕན་ཡོན་ཅི་ཡོད་ཅེ་ན།)
མདོ་ལས། ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །ཞེས་གསུངས་པས་(གང་གི་ཕྱིར།) ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་གཟུགས་དང་ཚོར་བ་དང་མི་རྟག་སྡུག་བསྔལ་ལ་སོགས་པར་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་མེད་པར་ནི་འཁོར་བའི་རྒྱུ་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་བྱ་བ་སྟེ་བྱེད་པའི་ཐབས་གཞན་མེད་ལ་དེ་དག་ཉེ་བར་མ་ཞི་ན་ཉོན་མོངས་པ་རྣམས་ཀྱིས་ཀྱང་ལས་བསགས་ཏེ་དེ་གཉིས་ཀྱིས་འཇིག་རྟེན་པ་རྣམས་སྲིད་པ་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་ཡང་དང་ཡང་དུ་འཁྱམས་པར་གྱུར་ཏེ། དེ་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་ན་འཁོར་བའི་རྒྱུ་མ་སྤངས་པས་འབྲས་བུ་འཁོར་བ་ལས་ཐར་བར་མི་འགྱུར་བ་དེ་བས་ཏེ་དེའི་ཕྱིར་ཞེས་ལྡོག་པ་དངོས་སུ་བསྟན་ནས་ཆོས་མངོན་པ་བསྟན་ན་གདུལ་བྱའི་རྒྱུད་ལ་དགོས་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེ་ཞིང་། དེ་ཉིད་ལམ་བཞིར་གོམས་པར་བྱས་པས་དགོས་པའི་དགོས་པ་འཁོར་བའི་རྒྱུ་ཀུན་འབྱུང་ཉོན་མོངས་པ་དང་དེས་བསགས་པའི་ཟག་བཅས་ཀྱི་ལས་ཉེ་བར་ཞི་བའི་ལྷག་བཅས་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་ཀྱང་ཉེ་བར་ཞི་བའི་ལྷག་མེད་ཀྱི་མྱང་འདས་འཐོབ་པར་འགྱུར་བ་ཡིན་ནོ་ཞེས་པའི་རྗེས་འགྲོ་ཤུགས་ལ་བསྟན་པ་ཡིན་ནོ། །དྲངས་ཞེས་བྱ་བ་དང་། འཁྱམས་ཞེས་བྱ་བ་ནི་དུས་གསུམ་སྒྲ་གཅིག་གིས་བསྟན་པ་ཡིན་ཏེ། བཟང་སྤྱོད་ལས། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །ཞེས་གསུངས་པ་བཞིན་ནོ། །(དེས་ན་དགོས་པ་དང་བཅས་པར་གྲུབ་བོ། །དེར་མ་ཟད་ཆོས་མངོན་པ་སྡེ་བདུན་པོ་འདི་དག་ནི་དང་པོར་ཡིད་ཆེས་པའི་གནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །)
དེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་ཀྱང་སངས་རྒྱས་ལ་མ་བརྟེན་པར་ཐོག་མར་ཆོས་ཀྱི་མཚན་ཉིད་བསྟན་པ་དང་རབ་ཏུ་དབྱེ་བར་མི་ནུས་པས་ཆོས་མངོན་པ་དེ་ནི་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་དྲི་བ་ལ་ལྟོས་ནས་ལུང་དེ་དང་དེ་ལས་དང་པོ་སིལ་བུར་གསུངས་པ་རྣམས་བཙུན་པ་ཀ་ཏྱའི་བུ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཡེ་ཤེས་ལ་འཇུག་པ་ལ་སོགས་པར་ནི་ཕྱིས་བསྡུས་པ་ཡིན་ཏེ། དཔེར་ན་བཙུན་པ་ཆོས་སྐྱོབ་ཀྱིས་ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་བྱ་བ་ལ་སོགས་པ་ཆེད་དུ་བརྗོད་པའི་སྡེ་སྟོན་པས་གདུལ་བྱའི་དབང་གིས་མདོ་དེ་དང་དེར་སིལ་བུར་གསུངས་པ་རྣམས་སྡེ་ཚན་དུ་བྱས་ཀྱང་སྟོན་པའི་གསུང་ཡིན་པ་བཞིན་ནོ། །དེའི་ཕྱིར་ཆོས་མངོན་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་ཡིན་ཏེ། དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པའི་ཕྱིར་མདོ་སྡེ་དང་འདུལ་བ་བཞིན་ནོ། །རྟགས་མ་གྲུབ་པའང་མ་ཡིན་ཏེ། འཕགས་པ་འོད་སྲུང་གིས་བསྡུས་པའི་ཕྱིར་རོ་ཞེས་ཟེར་རོ། །ལོ་ཞེས་བྱ་བ་ནི་ཕ་རོལ་གྱི་འདོད་པ་སྟོན་པར་བྱེད་པ་ཡིན་ཏེ། མདོ་སྡེ་པ་རྣམས་ན་རེ་འདི་ནི་བྱེ་བྲག་ཏུ་སྨྲ་བ་ཆོས་མངོན་པ་བ་རྣམས་ཀྱི་གཞུང་ལུགས་ཡིན་གྱི་ཁོ་བོ་ཅག་ནི་མི་འདོད་དེ། འདུས་མ་བྱས་རྫས་སུ་སྨྲ་བ་ལ་སོགས་པ་རིགས་པ་དང་འགལ་བ་དུ་མ་སྣང་བའི་ཕྱིར་རོ། །
དེ་ཡང་ཆོས་མངོན་པ་བྱེད་པ་ནི་མང་པོ་ཞིག་གྲགས་ཏེ་དེའི་ཕྱིར་དེ་དག་ཀྱང་དགྲ་བཅོམ་པ་དག་གིས་བྱས་པ་ཡིན་གྱི་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྡུས་པ་ནི་མ་ཡིན་ནོ། །དེ་ཡང་གང་ཞིག་གང་གིས་བྱས་པ་ནི། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་བྱ་བ་ནི་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱི་གཞུང་ལས་འབྱུང་བ་སྡོམ་དུ་བསྡུས་པའོ། །སློབ་དཔོན་གང་སྤེལ་ནི་འགྲོ་བའི་རྣམ་གྲངས་ཤཱ་རིའི་བུས་བྱས་པར་འཆད་དོ། །དེས་ན་ཁོ་བོ་ཅག་མདོ་ཚད་མར་བྱེད་ཀྱི་བསྟན་བཅོས་ནི་མ་ཡིན་ནོ་ཞེས་ཟེར་རོ། །
བྱེ་བྲག་ཏུ་སྨྲ་བས་འོ་ན་མདོ་ལས་དགེ་སློང་སྡེ་སྣོད་གསུམ་པ་ཞེས་འབྱུང་བའི་སྡེ་སྣོད་གསུམ་དུ་རྣམ་པར་བཞག་པ་མེད་པར་འགྱུར་ཏེ། (སྡེ་བདུན་པོ།) འདི་ལས་གཞན་པའི་མངོན་པའི་སྡེ་སྣོད་ནི་མི་སྣང་བའི་ཕྱིར་རོ་ཞེས་སྨྲས་པ་དང་། མདོ་སྡེ་པ་ན་རེ་(སྡེ་བདུན་བཀའ་ཡིན་མིན་དཔྱོད་ཅིགམངོན་པ་སངས་རྒྱས་ཀྱིས་མ་གསུངས་པར་ངེད་མི་འདོད་པས་དེས་ན།) མདོ་སྡེའི་ཁྱད་པར་གང་དག་ལས་དོན་དམ་པ་གཏན་ལ་འབེབས་ཤིང་ཆོས་ཀྱི་མཚན་ཉིད་རྗོད་པར་བྱེད་པ་དེ་དག་ཉིད་ལ་ཆོས་མངོན་པའི་སྡེ་སྣོད་དུ་རྣམ་པར་འཇོག་གོ་ཞེས་ཟེར་རོ། །
འོ་ན་ཅིའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་ཞེས་བྱ་ཞེ་ན། བསྟན་བཅོས་བྱེ་བྲག་ཏུ་བཤད་པས་རྩེ་ཞིང་སྤྱོད་པས་སམ། ཡང་ན་བྱེ་བྲག་ཏུ་བཤད་པ་རིག་པས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་བྱའོ། །དེ་ལའང་གང་དག་ཁ་ཆེའི་ཡུལ་ན་གནས་པ་དེ་དག་ནི་ཁ་ཆེ་བ་ཡིན་ཞིང་། གང་དག་ཁ་ཆེའི་ཡུལ་གྱི་ནུབ་ཕྱོགས་ན་གནས་པ་དེ་དག་ལ་ནི་ནུབ་ཕྱོགས་པ་ཞེས་བྱ་ལ། ནུབ་ཕྱོགས་པ་དང་རྒྱ་གར་གྱི་ཡུལ་དབུས་ལ་སོགས་པ་ཁ་ཆེའི་ཡུལ་ལས་གཞན་དག་ན་གནས་པ་རྣམས་ནི་ཉི་འོག་པ་ཞེས་བྱའོ། །གང་དག་མདོ་ཚད་མར་བྱེད་ཀྱི་བསྟན་བཅོས་ཚད་མར་མི་བྱེད་པ་དེ་དག་ནི་མདོ་སྡེ་པ་ཞེས་བྱ་སྟེ། མིང་གཞན་དཔེས་སྟོན་པ་ཞེས་ཀྱང་བྱའོ་ཞེས་ཊཱིཀ་བྱེད་དག་འཆད་དོ། །འདིར་གལ་ཏེ་ཆོས་མངོན་པའི་མཐར་ཐུག་གི་དགོས་པ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཡིན་ན་དེ་དག་གི་ངོ་བོ་དང་ཁྱད་པར་ཅི་ཡིན་ཞེ་ན། ཉན་ཐོས་སྡེ་པ་དག་ནི་འཕགས་པ་གང་ལ་རྒྱུ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་གི་བདེན་པ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་ཅིང་མངོན་དུ་བྱས་ལ་འབྲས་བུ་སྡུག་བསྔལ་སྤངས་པའི་འགོག་པ་མངོན་དུ་མ་བྱས་པ་ནི་ལྷག་བཅས་ཏེ། ཅི་རིགས་པར་སྡུག་བསྔལ་གསུམ་གྱི་ལྷག་མ་དང་བཅས་པའི་ཕྱིར་ཏེ། འདོད་པའི་རྟེན་ཅན་ལ་ནི་འཕགས་པ་སྒུར་ཆུང་ཐལ་སྐྱོ་གསོལ་ཏེ་གྲོངས་པ་དང་། འཕགས་པ་འཆར་ཀ་གཟུགས་འཚོང་མའི་གནས་སུ་དབུ་བཅད་དེ་བཀྲོངས་པ་དང་། རང་སངས་རྒྱས་དུག་མདས་བཀྲོངས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དང་། སྐུ་རོ་རྒྱབ་བསྙུང་བ་དང་། ལྷས་བྱིན་གྱིས་འཁྲུལ་འཁོར་གྱི་སྒྱོགས་ཀྱི་ཆ་ཤས་ཕོག་པས་སྐུ་མཚལ་ཕྱུང་བ་ལ་སོགས་པ་སྡུག་བསྔལ་གྱི་སྡུག་བསྔལ་དང་བཅས་པར་མདོ་དེ་དང་དེ་ལས་འབྱུང་བའི་ཕྱིར་རོ། །ཉན་ཐོས་དགྲ་བཅོམ་པ་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་པས་བསམ་གཏན་དང་པོ་གསུམ་ན་སྡུག་བསྔལ་གྱི་སྡུག་བསྔལ་མེད་པའི་ཕྱིར་(ཟག་བཅས་ཀྱི་ཚོར་བ་འགྱུར་བས།) འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་ལྷག་མ་དང་བཅས་སོ། །བསམ་གཏན་བཞི་པ་ཡན་ཆད་ན་ནི་འགྱུར་བའི་སྡུག་བསྔལ་ཡང་མེད་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ལྷག་མ་དང་བཅས་སོ། །དགྲ་བཅོམ་དེ་དག་གང་གི་ཚེ་(སྐུ་ཚེ་བཏང་པའམ་སྡུག་བསྔལ་གསུམ་དང་།) ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་འགགས་པའི་འགོག་པ་མངོན་ཏུ་བྱས་པ་དེའི་ཚེ་ནི་ལྷག་མ་མེད་པ་ཞེས་བྱ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་གསུངས་པའི་ཕྱིར་རོ་ཞེས་འདོད་ལ། (དེ་ལྟ་ན་ལྷག་མེད་ཐོབ་པ་ན་ཕུང་པོ་ལྔ་ཀ་འགག་ན་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པར་ཐལ་ལོ་ཞེ་ན་རྟགས་མ་གྲུབ་སྟེ་ཟག་བཅས་ཀྱི་ཕུང་པོ་ཁེགས་སུ་ཆུག་ཀྱང་ཟག་མེད་ཀྱི་ཕུང་པོ་མི་ཁེགས་ཏེ་དེ་ལ་བརྟགས་འགོག་མི་འཇུག་པས་སོ། །ཟག་མེད་ནི་སྐྱེ་བའི་རྐྱེན་མ་ཚང་བས་བརྟགས་མིན་གྱིས་འགོག་གོ་ཞེ་ན་ཇི་ལྟར་མ་ཚང་སྟེ། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད་ཅེས་སོགས་དང་འགལ་བས་སོ། །)
ཐེག་ཆེན་པ་ནི་ཉན་རང་གི་ཐར་པ་ནི་ཡང་དག་པའི་ཐར་པ་མ་ཡིན་ཞིང་། ལྷ་དང་བཅས་པའི་སྟོན་པ་ལ་སེང་ལྡེང་གི་ཚལ་པ་ཟུག་པ་ལ་སོགས་པ་ནི་དེའི་ཚེ་གདུལ་བྱ་འགའ་ཞིག་གི་དོན་དུ་མཁྱེན་ནས་བསྟན་པ་ཡིན་གྱི་སྡུག་བསྔལ་ནི་གཏན་ནས་མེད་པ་ཉིད་དེ། སྲིད་ཞིའི་སྐྱོན་ཐམས་ཅད་སྤངས་པའི་ཕྱིར་(དང་། གཟུགས་སྐུ་ཡང་ཡེ་ཤེས་ཡིན་པའི་ཕྱིར།) རོ་ཞེས་བྱ་བ་འདི་བཞེད་དོ། །འོན་ཀྱང་གཟུགས་སྐུ་གཉིས་ལ་ལྷག་བཅས་དང་། ཆོས་སྐུ་ལ་ལྷག་མེད་ཀྱི་ཐ་སྙད་ཡོད་དེ། སྐུ་གསུམ་ལ་འཇུག་པ་ལས། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་གསུངས་པ་བཞིན་ནོ། །
དེས་ན་འདི་སྐད་དུ་ཆོས་རྣམས་ཞེས་བྱ་བས་བརྗོད་བྱ་དང་། རབ་ཏུ་རྣམ་འབྱེད་ཅེས་བྱ་བས་དགོས་པ་དང་། མེད་པར་ཞེས་པ་ནས་དེ་བས་དེ་ཕྱིར་ཞེས་པའི་བར་གྱིས་བཟློག་པས་དགོས་པའི་དགོས་པ་བསྟན་ལ། འབྲེལ་པ་ནི་ཤུགས་ལ་བསྟན་པར་ལྟའོ་ཞེས་བརྗོད་དོ། །སློབ་དཔོན་རྒྱལ་པོའི་སྲས་ནི་ཆོས་མངོན་པ་བསྟན་པའི་དགོས་པ་ནི་ཕུང་པོ་ལ་སོགས་པ་ལ་མཁས་པ་ཡིན་ལ། མཁས་པ་དེས་ནི་ཕན་ཡོན་རྣམ་པ་གཉིས་འཐོབ་སྟེ། རང་ཉིད་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་འཕེལ་བ་དང་། གཞན་ལ་འབེལ་བའི་གཏམ་བརྗོད་པས་དྲི་བ་ཐམས་ཅད་ལུང་སྟོན་པ་ལ་མི་འཇིགས་པ་ཐོབ་པའོ་ཞེས་འཆད་དོ། །
ད་ནི་བཤད་པ་དགོད་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི་ཆོས་མངོན་པའི་བརྗོད་བྱའི་ཆོས་རྣམས་(གོང་དུ་བསྟན་པ་དེ།) གང་ཞེ་ན། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ནི་ཆོས་རྣམས་ཞེས་བྱ་སྟེ། དེ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བ་ཡིན་པའི་ཕྱིར་ཕུང་པོ་(གསུམ་པ་)གཞན་མེད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་ནི་རྣམ་པ་གཉིས་ཁོ་ན་སྟེ་རྣམ་པར་བརྟག་པ་གཞན་མེད་པའི་ཕྱིར་རོ་ཞེས་བཤད་དོ། །ཅི་སྟེ་འདུས་བྱས་འདུས་མ་བྱས་དང་། ཐོགས་བཅས་ཐོགས་མེད་དང་། འཇིག་རྟེན་དང་དེ་ལས་འདས་པ་ལ་སོགས་པའང་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་འདི་གཉིས་ཁོ་ན་བསྟན་ཞེ་ན། གཅིག་ཏུ་སྤང་བྱ་དང་བླང་བྱ་ཡིན་པའི་ཕྱིར་རམ། ཡང་ན་འདིས་གཞན་རྣམས་ཀྱང་མཚོན་པར་བྱེད་པའི་ཕྱིར་འགལ་བ་མེད་དོ། །
རྒྱས་བཤད་ལ་གསུམ་ལས་དང་པོ་ཟག་བཅས་ཟག་མེད་རྒྱས་པར་བཤད་པ་ནི་ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་ནི་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་སྟེ་དེ་རྣམས་ནི་ཟག་པ་དང་བཅས་པ་ཡིན་ཏེ། གང་གི་ཕྱིར་ཞེ་ན་དེ་དག་ལ་ཟག་པ་རྣམས་དམིགས་པ་དང་མཚུངས་ལྡན་གྱིས་དུས་ཀུན་ཏུ་རྒྱས་པར་འགྱུར་བ་དེའི་ཕྱིར་རོ། །འདིར་ཟག་པ་ནི་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཡིན་ལ། རྒྱས་པ་ནི་(དངོས་པོ་གང་ཞིག་སྲེད་པ་དང་ལྟ་བས་བདག་གིར་བྱས་པ་དེ་ལ་འདོད་ཆགས་སམ་ཉོན་མོངས་རྣམས།) གནས་ཐོད་པས་རྒྱུན་ཆགས་སུ་འབྱུང་བའམ། ཟག་པ་རྣམས་(ཀྱང་རྐྱེན་)དེ་དག་ལ་འཕྲོད་ཅིང་མཐུན་པའི་ཕྱིར་རམ། (རྐྱེན་)དེ་དག་ཀྱང་ཟག་པ་ལ་འཕྲོད་ཅིང་མཐུན་པའི་ཕྱིར་ཡིན་ནོ། །ཀུན་ལས་བཏུས་ལས། ཟག་པའི་སྒོ་དྲུག་དང་འབྲེལ་བས་ཟག་བཅས་སུ་གསུངས་པའི་ཟག་པ་དེའི་བདག་ཉིད་ནི་རྩ་ཉོན་དང་ཉེ་ཉོན་རྣམས་ཟག་པའི་ངོ་བོ་དང་། ཟག་པ་དང་འབྲེལ་བ་ནི་ཟག་པ་དང་ལྷན་ཅིག་འབྱུང་བའི་སེམས་སེམས་བྱུང་དང་བདག་རྐྱེན་མིག་ལ་སོགས་པ་རྣམས་དེ་དང་མཚུངས་པར་ལྡན་པ་དང་རྟེན་ཡིན་པ་དང་། ཟག་པས་བཅིངས་པ་ནི་ཁམས་གསུམ་གྱི་དགེ་བ་ཟག་བཅས་རྣམས་དེས་སྲིད་པའི་རྒྱུར་ཀུན་ནས་བཅིངས་པ་དང་། ཟག་པའི་རྗེས་སུ་འབྲེལ་བ་ནི་ཟག་པའི་གནས་ངན་ལེན་དང་ལྡན་པ་དང་། ཟག་པའི་རྗེས་སུ་མཐུན་པ་ནི་དེའི་གཉེན་པོ་མ་ཡིན་པར་དེ་ལ་འཕྲོད་པའམ། ཡང་ན་གཟུགས་ལ་སོགས་པ་ནི་ཟག་པ་རྩ་བ་དང་ཉེ་བའི་ཉོན་མོངས་པའི་ཡུལ་དུ་གྱུར་པས་དེ་དག་ལ་དམིགས་ནས་ཟག་པ་རྒྱས་པར་འགྱུར་བས་ཟག་པའི་དམིགས་པ་ཡིན་པ་དང་། ཟག་པའི་རྒྱུ་ལས་བྱུང་བ་ནི་དེའི་འབྲས་བུ་ཡིན་པས་ཟག་བཅས་སུ་བཤད་པ་ན་དེ་དག་ཚོགས་པ་ཡིན་ན་ཟག་བཅས་མི་སྲིད་པར་འགྱུར་ཏེ། དེ་དག་གཅིག་ལ་འདུས་པ་མི་སྲིད་པའི་ཕྱིར་རོ། །རེ་རེས་ཡིན་ན་རྣམ་པ་དྲུག་ཏུ་བརྗོད་པ་དོན་མེད་པར་འགྱུར་བས་ན་དྲུག་པོ་གང་ཡང་རུང་བ་དང་ཅི་རིགས་པར་འབྲེལ་བས་ཟག་བཅས་སུ་ཤེས་པར་བྱའོ། །(ཟག་པ་དང་ལྷན་ཅིག་འབྱུང་བས་ཡིན་ན་ཉེར་ལེན་གྱི་ཕུང་པོ་ལྔ་ཁོ་ན་དེར་འགྱུར་བས། དགེ་སེམས་ཀྱི་དུས་ཀྱི་ཕུང་པོ་ཟག་བཅས་དང་ཕྱི་རོལ་ཟག་བཅས་མི་སྲིད་པར་ཐལ་བས་སོ། །)
འདིར་ཁ་ཅིག་ཟག་པ་དང་མཚུངས་པར་ལྡན་པས་ཟག་བཅས་སུ་འདོད་པ་དང་། ཟག་པས་དམིགས་པས་ཟག་བཅས་སུ་འདོད་པ་དང་། དཔེས་སྟོན་པ་ཟག་པའི་རྟེན་བྱེད་པས་ཟག་བཅས་སུ་འདོད་པ་རྣམས་ལ་ནི་སེམས་དང་སེམས་བྱུང་ཉོན་མོངས་ཅན་ལས་གཞན་པའི་ཟག་བཅས་མི་སྲིད་པར་ཐལ་བ་དང་། འགོག་ལམ་གྱི་བདེན་པའང་ཟག་བཅས་སུ་ཐལ་(བས་ཁྱབ་ཆེས་)བ་དང་། ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་གནས་སྐབས་ཀྱི་སྐྱེ་མཆེད་དྲུག་ཁོ་ན་ཟག་བཅས་སུ་ཐལ་(བས་སྔ་ཕྱི་ཁྱབ་ཆུང་)བའི་སྐྱོན་ཡོད་དོ། །(ནམ་མཁའ་དང་བརྟགས་མིན་ནི་ཟག་པའི་དམིགས་པ་མིན་ནོ་འགོག་ལམ་ལ་དམིགས་ནས་ཟག་པ་སྐྱེ་ཡང་དེ་དག་ཞི་བས་ཟག་པ་རྒྱས་པར་མི་འགྱུར་ཞིང་བདག་གིར་མ་བྱས་གཉེན་པོའི་ཕྱིར་ས་གོང་མ་ལ་དམིགས་པའི་འོག་མའི་ཉོན་མོངས་ཀྱང་གོང་མ་རྒྱས་པར་མི་འགྱུར་ཏེ་བདག་གིར་མ་བྱས་ཤིང་གཉེན་པོ་ཡིན་པས་སོ། །)ཟག་པ་མེད་པའི་ཆོས་ནི་ལམ་གྱི་བདེན་པ་དང་དེར་མ་ཟད་འདུས་མ་བྱས་རྣམ་པ་གསུམ་པོ་ཡང་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཞེ་ན། དེ་དག་ལ་ཟག་པ་རྣམས་རྒྱས་པར་མི་འགྱུར་བ་དེའི་ཕྱིར་ཞེས་འདིར་ཡང་སྦྱར་ཏེ། ཟག་པའི་གནས་མི་ཐོད་པ་དང་། ཟག་པ་རྣམས་དེ་དག་ལ་མི་མཐུན་པ་དང་། དེ་དག་ཀྱང་ཟག་པ་ལ་མི་མཐུན་པའི་ཕྱིར་རོ། །འདིར་གསུམ་ཞེས་སྨོས་པ་ནི་གནས་མའི་བུའི་སྡེ་པ་དག་འདུས་མ་བྱས་མྱང་འདས་གཅིག་པུར་སྨྲ་བ་དང་། བྱེ་བྲག་པ་འདུས་མ་བྱས་རྡུལ་ཕྲ་རབ་ལ་སོགས་པ་མང་པོ་སྨྲ་བ་དག་དགག་པའི་ཕྱིར་རོ་ཞེས་རྒྱལ་པོའི་སྲས་འཆད་དོ། །ཅི་སྟེ་ལམ་མ་གཏོགས་པའི་འདུས་བྱས་ཟག་བཅས་སུ་བཤད་པ་ཉིད་ཀྱིས་ལམ་དང་འདུས་མ་བྱས་ནི་ཟག་མེད་དུ་ཤུགས་ལ་གོ་བའི་ཕྱིར་ཡང་བརྗོད་པ་ནི་དོན་མེད་དོ་ཞེ་ན། འདི་ལ་སློབ་དཔོན་ཡོན་ཏན་བློ་གྲོས་དང་གང་སྤེལ་ནི་ལམ་གྱི་སྒྲ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀ་ལའང་འཇུག་པས་དེའི་ཕྱིར་འཇིག་རྟེན་པའི་ལམ་ཡང་ཟག་མེད་དུ་དྭོགས་པར་འགྱུར་བས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཟག་མེད་ལམ་གྱི་བདེན་པ་དང་ཞེས་བདེན་པའི་སྒྲ་སྨོས་ཏེ། འཇིག་རྟེན་པའི་ལམ་ནི་ལམ་ཁོ་ན་ཡིན་གྱི་ལམ་གྱི་བདེན་པ་ནི་མ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་བསྡུས་པའི་ཕྱིར་རོ། །ཡང་ན་གྲུབ་ཟིན་བཞིན་དུ་རྩོམ་པ་ནི་ངེས་པར་བྱ་བའི་ཕྱིར་ཏེ། གྲགས་པ་ནི་དོན་གྱི་གོ་བས་ངེས་པར་འགྱུར་གྱི་མ་གྲགས་པ་ནི་མ་ཡིན་ལ་འདུས་མ་བྱས་ཀྱང་མ་གྲགས་པའི་ཕྱིར་རོ་ཞེས་འཆད་དོ། །
ཁ་ཅིག་ནི་དོན་གྱིས་གོ་ཡང་ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་ཡོད་པ་ལྟར་དགག་སྒྲུབ་ཀྱི་ཕྱོགས་ཀྱི་ཕུང་པོ་གསུམ་པའི་དྭོགས་པ་དགག་པའི་ཕྱིར་ཡིན་ཏེ། དཔེས་སྟོན་པ་དག་དགྲ་བཅོམ་པའི་མིག་ལ་སོགས་པ་དང་ཕྱི་རོལ་གྱི་གཟུགས་ལ་སོགས་པ་རྣམས་ཟག་པའི་རྟེན་མ་ཡིན་པས་ཟག་མེད་ཀྱང་ཡིན་ལ། ཟག་པའི་གཉེན་པོ་མ་ཡིན་པས་ཟག་བཅས་ཀྱང་ཡིན་(པའི་ཕུང་པོ་གསུམ།) པར་འདོད་པས་དེ་ལྟ་བུའི་ལོག་རྟོག་དང་ཐེ་ཚོམ་དགག་པའི་ཕྱིར་ཡང་ཟག་མེད་ལམ་གྱི་བདེན་པ་དང་ཞེས་པ་ལ་སོགས་པ་སྨོས་ཏེ། བྱེ་བྲག་ཏུ་སྨྲ་བ་ལྟར་ན་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མིག་སོགས་དང་ཕྱི་སྣོད་ཀྱི་གཟུགས་ནི་ཟག་བཅས་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །
གཉིས་པ་འདུས་མ་བྱས་རྒྱས་པར་བཤད་པ་ནི་འོ་ན་འདུས་མ་བྱས་རྣམ་པ་གསུམ་པོ་ཉིད་གང་ཞེ་ན། ནམ་མཁའ་དང་ནི་སོ་སོར་བརྟགས་འགོག་དང་བརྟགས་མིན་གྱི་འགོག་པ་གཉིས་སོ། །ཅི་སྟེ་ན། རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་ཕྱིར་རོ། །གལ་ཏེ་སོ་སོར་བརྟགས་འགོག་ནི་ལམ་གྱིས་མངོན་པར་འདུས་བྱས་པ་མིན་ནམ་ཅིའི་ཕྱིར་འདུས་མ་བྱས་སུ་བརྗོད་ཅེ་ན། དེ་ནི་ལམ་གྱིས་སྤང་བྱ་ཟག་བཅས་སྤངས་པ་ལ་བྲལ་བའི་འབྲས་བུ་ཞེས་བརྗོད་ཀྱི་ངོ་བོ་གསར་དུ་བྱས་པ་ནི་མ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་རྟག་པའི་རྫས་སུ་འདོད་པའི་ཕྱིར་དང་། སྡེ་པ་གཞན་གྱིས་ངོ་བོ་ཉིད་མེད་པར་སྨྲས་པའི་ཕྱིར་རོ། །གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་པ་དག་གིས་མི་འདོད་ལ། གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ལ་འདོད་པས་ན། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །
(གཉིས་པ་འདུས་མ་བྱས་རྒྱས་པར་བཤད་པ་ནི།) འདུས་མ་བྱས་གསུམ་པོ་དེ་དག་གི་ངོ་བོ་གང་ཞེ་ན། རྣམ་པ་གསུམ་ཡོད་པ་དེ་ལ་ནམ་མཁའ་(མཚན་གཞི་)ནི་(འདུས་མ་བྱས་མ་བསྒྲིབས་ལུང་མ་བསྟན་རྫས་གྲུབ་དང་།) མཚན་ཉིད་(ནི་གང་ན་གཟུགས་ཀྱི་གོ་ཡོད་པས་)མི་སྒྲིབ་པ་ཅན་(རྟེན་གྱི་དོན་བྱེད་ནུས་པས་)ཏེ། བསྒྲིབ་བྱ་དང་སྒྲིབ་བྱེད་གཉིས་དང་བྲལ་བའི་ཕྱིར་རོ། །དེས་ན་སྒྲིབ་པ་དང་བྲལ་བ་གཟུགས་ཅན་གྱི་གོ་འབྱེད་པ་ནི་ནམ་མཁའ་འོ། །
འོ་ན་ནི་སེམས་ལ་སོགས་པ་འདུ་བྱེད་ཐོགས་མེད་དང་། འགོག་པ་གཉིས་ཀྱང་ནམ་མཁར་འགྱུར་ཏེ། སྒྲིབ་པ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུས་གཞན་དག་གི་འགྲོ་བ་དང་སྡོད་པ་ལ་སོགས་པ་དང་། སེམས་སོ་ན་གནས་པ་ལ་སོགས་པ་ལ་སྒྲིབ་པའི་ཕྱིར་དང་། (ཏིང་ངེ་འཛིན་གྱི་རང་གིས་དགག་བྱའི་སེམས་སེམས་བྱུང་སྐྱེ་བ་ལའང་སྒྲིབ་པའི་ཕྱིར་རོ། །)སོ་སོར་བརྟགས་འགོག་གིས་(ལྡན་པའི་རྫས།) ཟག་བཅས་སྐྱེ་བའི་ཆོས་ཅན་དང་། སོ་སོར་བརྟགས་མིན་གྱིས་ཟག་བཅས་ཟག་མེད་ཀྱི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་དག་ཁོ་ན་སྐྱེ་བ་ལ་སྒྲིབ་པའི་ཕྱིར་རོ་ཞེས་ལན་འདེབས་མོད་ཀྱི། དེ་ལྟ་ན་ནམ་མཁའ་ལའང་མི་སྒྲིབ་པ་མ་ཚང་བར་འགྱུར་ཏེ། རླུང་ལ་སོགས་པ་ཐུར་དུ་ལྟུང་བ་ལ་གེགས་སུ་གནས་པའི་ཕྱིར་རོ། །དེར་མི་གནས་ན་ནམ་མཁའ་རླུང་གི་རྟེན་དུ་མ་གྲུབ་པར་ཐལ་བ་འདི་བྱེ་བྲག་ཏུ་སྨྲ་བས་སྤང་དགོས་སོ། །
མདོ་སྡེ་པ་ནི་ནམ་མཁའ་གཟུགས་ཅན་དང་བྲལ་བས་གཟུགས་ཀྱི་གོ་འབྱེད་པ་ཙམ་ལ་ནམ་མཁའ་ཞེས་བརྗོད་ཀྱི་ངོ་བོ་ཉིད་མེད་དོ་ཞེས་འདོད་དོ། །དེ་ལྟ་མོད་ཀྱི་བྱེ་བྲག་སྨྲ་བ་ནི་མདོ་ལས། ཀྱེ་གོའུ་ཏ་མ་ས་ཅི་ལ་རྟེན་ལགས། བྲམ་ཟེ་ས་ནི་ཆུ་ལ་རྟེན་ནོ། །ཀྱེ་གོའུ་ཏ་མ་ཆུ་ཅི་ལ་རྟེན་ལགས། བྲམ་ཟེ་ཆུ་ནི་རླུང་ལ་རྟེན་ནོ། །ཀྱེ་གོའུ་ཏ་མ་རླུང་ཅི་ལ་རྟེན་ལགས། བྲམ་ཟེ་རླུང་ནི་ནམ་མཁའ་ལ་རྟེན་ནོ། །ཀྱེ་གོའུ་ཏ་མ་ནམ་མཁའ་ཅི་ལ་རྟེན་ལགས། །བྲམ་ཟེ་ཧ་ཅང་ཐལ་ཆེས་ཏེ་བྲམ་ཟེ་ནམ་མཁའ་ནི་རྟེན་མེད་པ་སྣང་བ་མེད་པ་དམིགས་པ་མེད་པའོ་ཞེས་ས་ཆུ་དང་། ཆུ་རླུང་དང་། རླུང་ནམ་མཁའ་ལ་རྟེན་པར་བཤད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་འདོད་དོ། །(སྒྲའི་དོན་ནི་གོ་འབྱེད་པའོ། །)གལ་ཏེ་རྩིག་པ་ལ་སོགས་པ་སྒྲིབ་པ་ཡོད་པའི་གོ་ས་ན་ནམ་མཁའ་ཡོད་ན་ནམ་མཁའ་འང་གཟུགས་ཅན་དང་སྒྲིབ་པ་དང་བཅས་པ་དང་། མེད་ན་ནམ་མཁའ་རེས་འགའ་བ་དང་མི་རྟག་པར་འགྱུར་རོ་ཞེ་ན། རྩིག་པ་ལ་སོགས་པའི་གོ་ས་ན་གཟུགས་ཅན་མ་ཡིན་པའི་ངོ་བོ་ཉིད་ཀྱིས་གོ་འབྱེད་པའི་ནམ་མཁའ་ནི་ཡོད་པ་ཉིད་དེ། དེ་མེད་ན་དེ་ན་རྩིག་པ་ལ་སོགས་པ་ཉིད་མེད་པར་འགྱུར་ཏེ། གོ་འབྱེད་པའི་ནམ་མཁའ་མེད་པའི་ཕྱིར་དང་། གཟུགས་ཅན་གཞན་གྱིས་དེ་ལ་གེགས་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ན་ནམ་མཁའ་ཡོད་ཀྱང་གཟུགས་ཅན་དུ་མི་འགྱུར་ཏེ། རང་གི་ངོ་བོ་གཟུགས་མེད་ཡིན་པའི་ཕྱིར་ལུས་ལ་སེམས་ཡོད་ཀྱང་སེམས་གཟུགས་ཅན་དུ་མི་འགྱུར་བ་བཞིན་ནོ། །སོ་སོར་བརྟགས་པས་འགོག་(པའི་མཚན་གཞི་ནི་འདུས་མ་བྱས་རྟག་ཅིང་དགེ་བའི་རྫས་སོ། །མཚན་ཉིད་ནི།) གང་ཡིན་པ་དེ་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཟག་མེད་ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པར་བྱ་བའི་(དགག་བྱ།) ཟག་བཅས་དང་བྲལ་བ་(ས་ཐོབ་པར་བྱ་བའམ་ཡང་ན་གཉེན་པོའི་སྟོབས་ཀྱིས་དགག་བྱ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའོ། །སྒྲ་དོན་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ཤེས་རབ་ཀྱིས་སོ་སོར་བརྟགས་པས་ཐོབ་པར་བྱ་བའི་འགོག་པ་ཡིན་པས་སོ་སོར་བརྟགས་པས་འགོག་པ་ཞེས་བྱ་སྟེ།) རྟག་ཅིང་དགེ་བའི་རྫས་(མཚན་ཉིད་དེས་ནི་རྣམ་གྲོལ་འདུས་བྱས་དང་། རང་ལས་གཞན་པའི་འགོག་པ་བཞི་བསལ་ཏེ། དང་པོ་ནི་འགོག་པ་ཡིན་ལ་ཕྱི་མ་བཞི་བྲལ་ལམ་གྱིས་ཐོབ་པ་མིན་པས་སོ། །)ཏེ། རྩ་བར་ཐོབ་པར་བྱ་བའི་ཞེས་བྱ་བའི་བར་གྱི་ཚིག་དེ་མི་མངོན་པར་བྱས་པའི་ཕྱིར་ཏེ། དཔེར་ན་བ་ལང་དག་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་ལྡན་པའི་སྒྲ་མི་མངོན་པར་བྱས་པ་བཞིན་ནོ། །
འོ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པར་བྱ་བའི་འགོག་པ་སོ་སོར་བརྟགས་འགོག་མ་ཡིན་པར་འགྱུར་རོ་(དེས་ན་ཁྱབ་ཆུང་ངོ་། །)ཞེ་ན། འཇིག་རྟེན་པའི་ལམ་(ཞི་རགས་ཅན།) ཁོ་ནས་ཐོབ་པར་བྱ་བའི་འགོག་པ་ནི་མེད་ཀྱི་དེ་ནི་འཇིག་རྟེན་ལས་འདས་པས་(ཅིས་)ཀྱང་ཐོབ་པར་བྱ་(དགོས་)བ་ཡིན་ཏེ། (འདས་པ་དེས་ནི་ཁམས་གསུམ་པའི་ཟག་བཅས་ཐམས་ཅད་ཀྱི་འགོག་པ་ཐོབ་པའི་ཕྱིར་རོ། །)དེས་ན་མཚན་ཉིད་མ་ཁྱབ་པ་མེད་དོ་ཞེས་འཆད་མོད་ཀྱི་འོན་ཀྱང་གཉེན་པོའི་སྟོབས་ཀྱིས་ཟག་བཅས་དང་བྲལ་བའོ་ཞེས་བྱ་བ་ནི་ལེགས་པ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཀྱང་སོ་སོར་བརྟགས་པས་འགོག་པ་ཞེས་བྱ་བས་ནི་མཚན་གཞི་བསྟན་ལ། གང་བྲལ་བའོ་སོ་སོ་སོ་སོ་ཡིན་ཞེས་བྱ་བས་ནི་འགོག་པ་གཞན་བཞི་བཅད་པའི་སྒོ་ནས་མཚན་ཉིད་བསྟན་ཏེ། དེ་རྣམས་ནི་བྲལ་བ་མ་ཡིན་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །
དེའི་ཕྱིར་འགྲེལ་པ་ལས་ཀྱང་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ་ཞེས་འབྱུང་བ་ནི་ཕལ་ཆེ་བའམ་གཙོ་བོ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པས་འགོག་པར་མི་འགྱུར་རོ་ཞེས་བཤད་དོ། །གལ་ཏེ་(དབྱེ་བ་ལ་གཉིས་ལས་དང་པོ་ནི་ཅི་ཟག་བཅས་ཀྱི་ཆོས་རྣམས་ཀྱི་སོ་སོར།) འགོག་པ་དེ་གཅིག་གམ་ཐ་དད་ཅེ་ན། (འགྲེལ་པ་ལས་ལྡན་པའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ་ཞེས་འབྱུང་བས་ལྡན་པའི་རྫས་ནི་ཟག་བཅས་ཐམས་ཅད་ཡིན་ཏེ་དེས་ཁམས་གསུམ་དུ་ཀུན་ཏུ་སྦྱོར་བར་བྱེད་པས་དེས་ན་ལྡན་རྫས།) སྤང་བྱ་(རིས་ལྔ་པོ།) སོ་སོ་བ་རྣམས་ཀྱི་(ལྡན་པའི་རྫས་སོ་སོ་བ་ཡིན་པ་ལྟར་དེ་དག་གི་བྲལ་བའི།) འགོག་པའང་སོ་སོར་ཐ་དད་པ་ཡིན་ཏེ། སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་ཀུན་འབྱུང་མཐོང་སྤང་སྤངས་པའི་འགོག་པ་ལས་ཐ་དད་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་མ་ཡིན་པར་འགོག་པ་གཅིག་ཏུ་འདོད་ན་སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་མངོན་དུ་བྱས་པས་བདེན་པ་ལྷག་མ་གསུམ་གྱི་མཐོང་སྤང་དང་སྒོམ་སྤང་སྤངས་པའི་འགོག་པའང་མངོན་དུ་བྱས་པར་འགྱུར་ལ། དེ་ལྟ་ན་ལམ་ཕྱི་མ་རྣམས་བསྒོམས་པ་དོན་མེད་པར་ཐལ་བ་འདི་སྤང་བར་མི་ནུས་(པའི་ཕྱིར་དང་གཞན་ཡང་འཕགས་པའི་གང་ཟག་རྣམས་ཀྱི་སྤངས་པའི་བྱེ་བྲག་སོ་སོར་གཞག་ཏུ་མེད་པར་ཐལ་ཏེ་སྤང་བྱ་སྤངས་པའི་འབྲས་བུ་འདུས་མ་བྱས་ཐ་དད་མེད་པའི་ཕྱིར་རོ། །)དེས་ན་(མཐོང་སྤང་སྤངས་པའི་)འགོག་པ་ནི་ཐ་དད་(པ་གྱ་དགུ་ལ་སོགས།) ཡིན་ནོ་ཞེས་བྱ་བར་གྲུབ་བོ། །
(གཉིས་པ་ལུང་དང་འགལ་བ་སྤངས་པ་ནི།) འོ་ན་ལུང་བར་མའི་ཆོས་སྦྱིན་གྱི་མདོ་ལས། (རང་གི་སྔར་གྱི་ཁྱོ།) ཚེ་དང་ལྡན་པ་ས་གས་དགེ་སློང་མ་ཆོས་སྦྱིན་ལ་འཕགས་མ་འགོག་པ་འདྲ་བ་ཡིན་ནམ་ཞེས་དྲིས་པ་ན། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ་ཞེས་ཇི་ལྟར་གསུང་བར་འགྱུར་ཏེ། གལ་ཏེ་ཐ་དད་(ཅིང་མང་པོ་ཉིད་)ཡིན་ན་ནི་འགོག་པ་དེ་དག་འདྲ་བར་འགྱུར་བའི་ཕྱིར་རོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་མདོ་འདི་ནི་(སོ་སོར་བརྟགས་འགོག་ནི་རྟག་པས།) འགོག་པ་ལ་འདྲ་(བར་བྱེད་)བའི་རྒྱུ་(གཞན་ཡོད་པ་)འགོག་པ་དང་། འགོག་པའང་(རང་ཉིད་)འགའ་ཞིག་གི་འདྲ་བའི་རྒྱུ་ཡིན་པ་འགོག་པ་ཡིན། (ཏེ་འདུས་བྱས་ཁོ་ན་འདྲ་བའི་རྒྱུ་ཡིན་པར་འདོད་པའི་ཕྱིར་རོ་དེས་ན།) འགོག་པ་ཕན་ཚུན་འདྲ་བ་ཙམ་མེད་པར་སྟོན་པ་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་མོད་ཀྱི། འགོག་པའི་རྫས་དག་དུས་རིམ་གྱིས་རྒྱུད་ལ་ཐ་དད་པར་འབྱུང་བར་འདོད་ན་མི་རྟག་པ་དང་འདུས་བྱས་སུ་ཐལ་བར་འགྱུར་ཏེ། ཡུལ་དང་དུས་དང་རྫས་རེས་འགའ་བ་ཡིན་པའི་ཕྱིར་མྱུ་གུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་བྱེ་བྲག་ཏུ་སྨྲ་བས་སྤང་དགོས་སོ། །མདོ་སྡེ་པ་ནི་འགོག་པ་གཉེན་པོའི་སྟོབས་ཀྱིས་སྤང་བྱ་ཟག་བཅས་དང་བྲལ་བ་ཙམ་ཡིན་གྱི་ངོ་བོ་ཉིད་མེད་པ་ལ་གཅིག་དང་ཐ་དད་དུ་རྣམ་པར་བཞག་པ་མེད་དོ་ཞེས་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་མདོ་ལས་འགོག་པའི་བདེན་པ་ནི་བདེན་བཞིའི་ཡ་གྱལ་དུ་གསུངས་པའི་ཕྱིར་རྫས་སུ་ཡོད་དེ་ལམ་གྱི་བདེན་པ་བཞིན་ནོ་ཞེས་འདོད་དོ། །
འགོག་པ་གཉིས་པ(འི་མཚན་གཞི་ནི་འདུས་མ་བྱས་མ་བསྒྲིབས་ལུང་མ་བསྟན་རྫས་སུ་གྲུབ་པའི་ཁྱད་པར་ཏེ་མདོ་ལས་རྒྱུན་དུ་ཞུགས་པའི་ངན་སོང་གི་འགྲོ་བ་འགགས་སོ་ཞེས་གསུངས་པའི་ཕྱིར་རྐྱེན་མ་ཚང་བ་ཙམ་ཡིན་ན་རེས་འགའ་དེའི་རྐྱེན་ཉེ་བའང་སྲིད་པས་སྐྱེ་བར་འགྱུར་བ་ལས་གཏན་དུ་ངན་སོང་དུ་མི་སྐྱེ་བའི་ཕྱིར་འགོག་བྱེད་རྫས་སུ་ཡོད་ཟེར་བ་ལ་དེའི་མཚན་ཉིད།) ནི་ཟག་བཅས་སམ་ཟག་མེད་ཀྱང་རུང་སྟེ་(རྐྱེན་མ་ཚང་བའི་སྟོབས་ཀྱིས།) ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་སོ་སོར་བརྟགས་འགོག་ལས་གཞན་པ་ནི་སོ་སོར་བརྟགས་པ་མིན་པས་འགོག་པ་སྟེ། རྐྱེན་མ་ཚང་བའི་སྟོབས་ཀྱིས་གཏན་དུ་བྲལ་(དེ་ཡང་དཔེར་ན་དད་པའི་རྗེས་འབྲང་གི་ལམ་བསམ་གཏན་ས་དྲུག་གང་རུང་ལ་རྟེན་པ་གཅིག་མངོན་དུ་གྱུར་ན་ལྷག་མ་ལྔ་དང་ཆོས་ཀྱི་རྗེས་འབྲང་གི་ལམ་ཡང་བརྟགས་མིན་འཐོབ་ལ། དེ་ཡང་ཐེག་དམན་གྱི་མཐོང་ལམ་ལན་གཉིས་མི་སྐྱེ་བས་སོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་དེ་མ་འོངས་པ་རྣམས་ཀྱང་དེ་བཞིན་ཏེ་རྒྱུ་མཚན་སྔ་མ་བཟློག་པས་སོ། །དེ་ལྟ་བས་ན་སོ་སོར་བརྟགས་པ་མེད་པར་རྐྱེན་མ་ཚང་བའི་ཕྱིར་མ་འོངས་པའི་ཆོས་དེ་ལྟ་བུ་དག་སྐྱེ་པ་ལ་ངེས་པར་འགོག་པར་འགྱུར་བ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱའོ། །)བའོ། །(སྒྲ་དོན་སོ་སོར་བརྟགས་པའི་ཤེས་རབ་མེད་པས་ཐོབ་པར་བྱ་བ་ཞེས་མེད་དགག་གམ་ཡང་སོ་སོར་བརྟགས་པའི་ཤེས་རབ་ལས་གཞན་རྐྱེན་མ་ཚང་བས་ཐོབ་པར་བྱ་བ་ཞེས་མ་ཡིན་དགག་ཏུ་བྱས་ཀྱང་རུང་སྟེ། དེའི་ཕྱིར་སོ་སོར་བརྟགས་པ་མིན་པས་འགོག་པ་ཞེས་བྱའོ། །)དེ་ལ་མི་རྟག་པ་དང་། སྙོམས་འཇུག་དང་། སྐྱེ་བ་དང་། སོ་སོར་བརྟགས་པ་དང་། བརྟགས་མིན་ཏེ་འགོག་པ་ལྔ་ཡོད་པ་ལས་སྐྱེ་བ་ལ་གེགས་བྱེད་པ་ཞེས་བྱ་བས་ནི་མི་རྟག་པའི་འགོག་པ་སེལ་ཏེ། དེ་ནི་ད་ལྟར་བ་གནས་པ་ལ་གེགས་བྱེད་ཀྱི་(སྐྱེས་ཟིན་པས།) སྐྱེ་བ་ལ་མི་བྱེད་པའི་ཕྱིར་རོ། །སོ་སོར་བརྟགས་འགོག་ལས་གཞན་པའི་འགོག་པས་ནི་སོ་སོར་བརྟགས་འགོག་སེལ་ལོ། །གཏན་དུ་གེགས་བྱེད་པས་ནི་སྙོམས་འཇུག་གཉིས་དང་། འདུ་ཤེས་མེད་པ་པ་དང་། འདུས་བྱས་དང་། ནམ་མཁའ་སེལ་ཏེ། དང་པོ་གསུམ་(གྱི་དགག་བྱ་མ་འོངས་པ་ཡིན་ཡང་།) རེ་ཞིག་སྐྱེ་བ་ལ་གེགས་བྱེད་པ་ཙམ་ཡིན་པའི་ཕྱིར་དང་། འདུས་བྱས་ནི་སྐྱེ་བ་དང་བཅས་པའི་ཕྱིར་དང་། ནམ་མཁའ་ལ་གེགས་བྱེད་པ་མེད་པར་སྔར་བསྟན་པའི་ཕྱིར་རོ། །
འདི་ལ་དཔེར་བརྗོད་པ་ནི་མིག་(ཤེས་)དང་ཡིད་གཟུགས་སྔོན་པོ་ལ་གཡེངས་པའི་ཚེ་(སྔོན་པོ་དེ་ལས་)ཡུལ་གཞན་(སེར་པོ་སོགས་དང་སྒྲ་སོགས།) ལ་དམིགས་པའི་དབང་པོའི་ཤེས་པ་མི་སྐྱེ་བ་(དེ་ཡང་ད་ལྟ་མི་སྐྱེ་བ་ནི་དེ་མ་ཐག་རྐྱེན་གྱི་རྣམ་ཤེས་དུ་མའི་གོ་མི་འབྱེད་པས་སྔོན་པོ་འཛིན་པ་ལས་གཞན་པའི་དེ་མ་ཚང་བ་ཡིན་ལ། མ་འོངས་པ་ན་མི་སྐྱེ་བ་ནི་དམིགས་རྐྱེན་མ་ཚང་བ་སྟེ་སྔར་གྱི་ཡུལ་དེ་དག་ནི་འདས་པར་གྱུར་ལ། དབང་ཤེས་ལྔ་ནི་ད་ལྟར་བའི་ཡུལ་ཅན་ཡིན་པས་འདས་པ་ལ་དམིགས་པའི་མཐུ་མེད་པས་སོ། །)བཞིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །འདིར་འགྲེལ་པར་མུ་བཞི་གསུངས་པ་ནི་སོ་སོར་བརྟགས་འགོག་ཁོ་ན་འཐོབ་པར་བྱ་བའི་དགག་བྱའི་གཞི་ནི་(འགོག་པ་གཉིས་དང་འབྲེལ་བའི་མུ་བཞི་ལ་སྤྱིར་བསྟན་པ་དང་མུ་གསུམ་པ་བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ་ལ་དྲི་བ་ནི་འོ་ན་གང་སོ་སོར་བརྟགས་འགོག་ཐོབ་པའི་གཞི་ཡིན་པ་དེ་བརྟགས་མིན་གྱིའང་ཡིན་ནམ། གང་བརྟགས་མིན་འཐོབ་པའི་གཞི་ཡིན་པ་དེ་སོ་སོར་བརྟགས་འགོག་གིའང་ཡིན་ནམ་ཞེ་ན། དེའི་ལན་ལ་མུ་བཞི་ལས་མུ་དང་པོ་ནི།) ཟག་བཅས་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པ་ན་འབྱུང་བར་འགྱུར་བ་ལྟ་བུ་སྟེ། དེ་དག་ཟག་བཅས་ཡིན་པས་གཉེན་པོའི་སྟོབས་ཀྱིས་དགག་བྱ་ཡིན་པ་བརྟགས་འགོག་ནི་འཐོབ་པར་རུང་ལ། བརྟགས་མིན་ནི་འཐོབ་པར་མི་ནུས་ཏེ་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་(དང་བརྟགས་མིན་ནི་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་ཕྱིར་)རོ། །
སོ་སོར་བརྟགས་མིན་གྱི་འགོག་པ་ཁོ་ན་འཐོབ་པའི་དགག་བྱ་ནི་ཟག་མེད་ཡེ་མི་སྐྱེ་བའི་ཆོས་ཅན་ཏེ། ཟག་མེད་ཡིན་པས་(ཉེས་པ་མེད་ཅིང་སྤང་བྱ་མིན་པས།) གཉེན་པོའི་སྟོབས་ཀྱིས་དགག་བྱ་མ་ཡིན་པའི་ཕྱིར་དང་། རྐྱེན་མ་ཚང་བས་གཏན་དུ་མི་སྐྱེ་བའི་ཕྱིར་(དང་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་)རོ། །གཉིས་ཀ་ཡིན་པ་ནི་ཟག་བཅས་ཡེ་མི་སྐྱེ་བ་དང་། གཉིས་ཀ་མ་ཡིན་པ་ནི་(འདུས་མ་བྱས།) ཟག་མེད་(འདུས་བྱས།) སྐྱེ་བའི་ཆོས་ཅན་ལྟ་བུའོ་ཞེས་འཆད་མོད་ཀྱི། (འདུས་མ་བྱས་ལ་འགོག་པ་གཉིས་མི་སྲིད་དེ་དེ་ལ་སྐྱེ་བ་མི་སྲིད་པས་སོ། །གཉིས་པ་ནི།) ཟག་མེད་དང་ཟག་བཅས་མི་སྐྱེ་བའི་ཆོས་ཅན་དེ་དག་གཏན་ནས་ཀྱང་སྐྱེ་བ་མ་ཡིན་ན་འདུས་བྱས་མ་ཡིན་པར་འགྱུར་ཏེ། རྒྱུ་རྐྱེན་གྱིས་བྱར་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་དག་གི་དགག་བྱ་མ་ཡིན་པར་འགྱུར་ཏེ། འགོག་པ་གཉིས་ཀྱི་དགག་བྱ་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །
ཅི་སྟེ་ཟག་བཅས་ཟག་མེད་ནི་འདུས་བྱས་ཡིན་ལ། དེ་དག་སྐྱེ་བ་མེད་པ་ནི་མི་སྐྱེ་བའི་ཆོས་ཅན་དུ་འདོད་ཀྱི། མི་སྐྱེ་བ་དང་འདུས་བྱས་གཞི་མཐུན་པ་མི་འདོད་དོ་ཞེ་ན། འདི་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་མ་ཡིན་ཏེ། དེས་ནི་མ་འོངས་པ་རྫས་སུ་གྲུབ་པར་ཁས་བླངས་པས་དེ་ལ་སྐྱེ་བ་དང་མི་སྐྱེ་བ་གཉིས་ཁས་བླངས་པའི་ཕྱིར་རོ། །འགོག་པ་གཉིས་པོ་རང་ཉིད་རང་གི་དགག་བྱར་ཡང་འགྱུར་ཏེ། དེ་དག་དགག་བྱ་འདུས་བྱས་སྐྱེ་བ་བཀག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །
དེས་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནི་བྱེ་བྲག་ཏུ་སྨྲ་བས་ཀུན་བརྟགས་པ་ཡིན་ནོ། །(འདིར་གཉིས་ཀ་འཐོབ་པ་ཡང་ཅིག་ཅར་ཐོབ་པ་མིན་གྱི་འདི་ལྟར།) འདིར་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སོ་སོར་བརྟགས་འགོག་སྔོན་ལ་ཐོབ་ལ་ཅིག་ཤོས་ཕྱིས་ཐོབ་པ་(དད་མོས་ཀྱིས་སྒོམ་སྤང་སྤངས་ན་བརྟགས་འགོག་གི་ཐོབ་པ་དེའི་ཚེ་སྐྱེ་ལ། ཉམས་པ་སྲིད་པས་བརྟགས་མིན་གྱི་ནི་དབང་པོ་འཕོས་པ་ལ་སོགས་པའི་ཚེ་ནའོ་ཡང་།) དགྲ་བཅོམ་པ་གཟུགས་གཅིག་ལ་མིག་དང་ཡིད་གཡེངས་པ་ན་དེ་ལས་གཞན་པའི་གཟུགས་ལ་སོགས་པ་ཡུལ་ལྔ་འཛིན་པའི་ཤེས་པ་རྣམས་ལྟ་བུའོ། །(དབང་ཤེས་ལྔ་ནི་ཟག་བཅས་ཡིན་པས་དགྲ་བཅོམ་གྱིས་ཟག་བཅས་ཐམས་ཅད་ལ་སྔར་བརྟགས་པ་འཐོབ་བོ། །)སོ་སོར་བརྟགས་མིན་སྔར་ཐོབ་ལ་ཅིག་ཤོས་ཕྱིས་འཐོབ་པ་ནི་བཟོད་པ་ཐོབ་པ་རྣམས་ཀྱི་ངན་སོང་གི་འགྲོ་བ(འི་ཕུང་པོ་བརྟགས་མིན་གྱིས་འགོག་ལ། དེའི་བརྟགས་འགོག་ནི་སྒོམ་ལམ་སྐྱེས་པ་ན་འཐོབ་པ།) ལྟ་བུའོ། །གཉིས་ཀ་ལྷན་ཅིག་ཐོབ་པ་ནི་མཐོང་ལམ་ཐོབ་པས་མཐོང་སྤང་དང་། མཐོང་བས་ཐོབ་པ་རྣམས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པ(འམ་ན་དེ་དག་ཆེན་པོ་མ་འོངས་པ་རྣམས་ཀྱི་བརྟགས་མིན་ཐོབ་པ་དད་མོས་ཀྱང་འདོད་པར་ཚེ་གྱུར་པའམ་གོང་མའི་རྟེན་ཅན་གྱིས་གཅིག་ཅར་འཐོབ།) ལྟ་བུའོ། །(འདི་དུས་དང་མི་སྦྱོར་བར་གྲོལ་བ་ལ་ཅི་སྟེ་མི་མཚུངས་ཞེ་ན། དེ་ནི་མི་སློབ་པ་ཡིན་པས་འཐོབ་བྱེད་མ་ཡིན་ནོ་ཞེས་འཆད་དོ། །)གཉིས་ཀ་མི་ཐོབ་པ་ནི་དེ་ལས་གཞན་པ་ལྟ་བུའོ་ཞེས་བྱ་བའི་མུ་བཞི་ཡང་བཤད་དོ། །(དེ་ལྟ་བུ་ལ་སོགས་པ་མུ་བཞི་བརྩི་བའི་གཞི་ནི་འགལ་འབྲེལ་མེད་པ་སྟེ། དངོས་འགལ་ཟག་བཅས་ཟག་མེད་ལྟ་བུ་ལ། ཕུང་གསུམ་སེལ་བས་མུ་ཐ་མ་གཉིས་མེད་ཅིང་། བརྒྱུད་འགལ་སྔོ་སེར་ལྟ་བུ་ལ་ངོ་བོ་འགལ་བས་མུ་གསུམ་པ་མེད་ལ། བདག་གཅིག་པའི་འབྲེལ་བ་བྱས་མི་རྟག་ལྟ་བུ་ལ་མུ་དང་པོ་གཉིས་མེད་ཅིང་། དེ་ལས་བྱུང་བའི་འབྲེལ་བ་མེ་དུ་ལྟ་བུ་ལ་མུ་གསུམ་པ་མེད་པའི་ཕྱིར་རོ། །མུ་བཞི་རྩིས་པའི་དགོས་པ་ནི་ཤེས་བྱ་ལ་མཁས་པར་འགྱུར་བའོ། །སྒྲ་དོན་ནི་མུ་ཞེས་པ་མཐའ་སྟེ། དྲི་བ་དེ་ལྟ་བུ་ལ་ལྟོས་ནས་ལན་མཐའ་བཞི་ཁོ་ནར་ངེས་ཀྱི་ལྔ་པ་ལ་སོགས་པ་མེད་པའི་དོན་ཏོ། །)
ད་ནི་གསུམ་པ་འདུས་བྱས་རྒྱས་བཤད་ལ་གནས་བརྒྱད་ལས་དེ་དག་གི་སྤྱིའི་དོན་ནི་གནས་བརྒྱད་ཀྱི་(གྲངས་ངེས་པ་དང་།) རྣམ་གཞག་དང་། འབྲེལ་དང་། (གོ་རིམ་ངེས་པ་དང་།) གནས་གང་ནས་བརྗོད་བྱ་གང་སྟོན་པ་གསུམ་གྱིས་ངེས་པར་བྱ་བ་ལས། དང་པོ་ལ། སློབ་དཔོན་གང་སྤེལ་ནི་ཟག་བཅས་ཟག་པ་མེད་ཆོས་རྣམས་ཞེས་མདོར་བསྟན་པའི་དོན་རྒྱས་པར་འཆད་པའི་དབང་དུ་མཛད་ནས་གནས་བརྒྱད་དུ་མཛད་དོ། །དེ་ལ་ཟག་བཅས་ཟག་མེད་སྤྱིར་བསྟན་པའི་ཕྱིར་གནས་དང་པོ་གཉིས་སོ། །ཟག་བཅས་བྱེ་བྲག་ཏུ་སྟོན་པའི་དབང་དུ་མཛད་ནས་གནས་གསུམ་སྟེ། གང་ཀུན་ནས་ཉོན་མོངས་པ་སེམས་ཅན་གྱི་འཇིག་རྟེན་ཁམས་གསུམ་དང་འགྲོ་བ་ལྔ་དང་། གང་དུ་ཀུན་ནས་ཉོན་མོངས་པ་སྣོད་ཀྱི་འཇིག་རྟེན་དང་། ཇི་ལྟར་ཀུན་ནས་ཉོན་མོངས་པ་སྐྱེ་གནས་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྟོན་པ་འཇིག་རྟེན་བསྟན་པའི་མཛོད་དང་། གང་གིས་ཀུན་ནས་ཉོན་མོངས་པར་བྱེད་པའི་དབང་དུ་མཛད་ནས་ལས་བསྟན་པ་དང་ཕྲ་རྒྱས་བསྟན་པའི་མཛོད་བསྟན་ཏོ། །
ཟག་མེད་བྱེ་བྲག་ཏུ་སྟོན་པའི་དབང་དུ་བྱས་ནས་གནས་ཕྱི་མ་གསུམ་སྟེ། གང་རྣམ་པར་བྱང་བའི་གང་ཟག་དང་། གང་དུ་རྣམ་པར་བྱང་བའི་ཁམས་གསུམ་དང་། ཇི་ལྟར་རྣམ་པར་བྱང་བའི་མངོན་པར་རྟོགས་པའི་རིམ་པ་སྟོན་པ་ལམ་དང་གང་ཟག་བསྟན་པའི་མཛོད་དང་། གང་གིས་རྣམ་པར་བྱང་བར་བྱེད་པ་ཡེ་ཤེས་བསྟན་པའི་མཛོད་དང་། ཡེ་ཤེས་ཀྱི་རྟེན་བསྟན་པའི་དབང་དུ་མཛད་ནས་སྙོམས་འཇུག་བསྟན་པའི་མཛོད་བསྟན་ཏོ་ཞེས་འཆད་དེ། དེ་ཉིད་ནི་འབྲེལ་རྣམ་པར་བཞག་པའང་ཡིན་ནོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི་དམིགས་པ་དང་། སྤྱོད་པ་དང་། འབྲས་བུ་སྟོན་པའི་དབང་དུ་མཛད་ནས་གནས་བརྒྱད་དུ་བསྟན་ཏེ། ཇི་སྙེད་པ་སྟོན་པའི་དབང་དུ་བྱས་ནས་གནས་དང་པོ་གཉིས་དང་། ཇི་ལྟ་བ་སྟོན་པ་གནས་གསུམ་པ་དང་བཞི་པ་དང་ལྔ་པ་རྣམས་དང་། ཇི་ལྟར་སྤྱོད་པའི་མངོན་པར་རྟོགས་པ་སྟོན་པ་གནས་དྲུག་པ་དང་། འབྲས་བུ་ཡེ་ཤེས་དང་། དེའི་ཡོན་ཏན་སྟོན་པའི་དབང་དུ་མཛད་ནས་གནས་ཕྱི་མ་གཉིས་བསྟན་ཏོ་ཞེས་འཆད་དོ། །
གཉིས་པ་གནས་དེ་དག་གི་འབྲེལ་རྣམ་པར་བཞག་པ་ནི། ཆོས་མངོན་པའི་བརྗོད་བྱ་ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་བསྟན་པའི་དབང་དུ་མཛད་ནས་གནས་དང་པོ་བཤད་དོ། །དེར་མིང་ཙམ་སྨོས་པའི་དབང་པོ་རྒྱས་པར་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་གཉིས་པ་བཤད་དོ། དེ་དག་ཏུ་ཁམས་གསུམ་གྱི་མིང་ཙམ་སྨོས་པ་བཤད་པའི་ཕྱིར་དེའི་རྗེས་ལ་གནས་གསུམ་པ་བཤད་པ་ཡིན་ནོ། ཁམས་གསུམ་བསྟན་པ་དེའི་རྒྱུ་དབང་ཕྱུག་ལ་སོགས་པ་བཀག་ནས་དངོས་སུ་ལས་ལས་བྱུང་ངོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་བཞི་པ་བཤད་དོ། །ལས་དེ་ཡང་ཀུན་ནས་སློང་བའི་རྒྱུ་ཕྲ་རྒྱས་ཡིན་ནོ་ཞེས་བསྟན་པའི་ཕྱིར་གནས་ལྔ་པ་དེའི་རྗེས་ལ་བསྟན་ཏོ། །ཕྲ་རྒྱས་དེ་དག་སྤོང་བྱེད་ནི་ལམ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གནས་དྲུག་པ་བཤད་དོ། །དེར་སྨོས་པའི་ཤེས་པ་བྱེ་བྲག་ཏུ་བཤད་པའི་གནས་བདུན་པ་དེའི་རྗེས་ལ་བཤད་དོ། །དེ་ལས་ནི་སངས་རྒྱས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས་བསྟན་པ་ལས་ཐུན་མོང་བ་རྒྱས་པར་བཤད་པའི་ཕྱིར་གནས་བརྒྱད་པ་བསྟན་ཏོ། །གསུམ་པ་གནས་གང་ནས་བརྗོད་བྱ་གང་སྟོན་པ་ནི་གཞུང་གི་དོན་ལས་ཤེས་པར་འགྱུར་རོ། །
གཞུང་དངོས་འཆད་པ་ལ་གནས་དང་པོ་ཁམས་བསྟན་པ།
གཞུང་གི་དོན་ལ་གནས་བརྒྱད་ལས་དང་པོ་ཁམས་བསྟན་པ་ལ་གསུམ་སྟེ། འདུས་བྱས་མདོར་བསྡུས་པའི་རབ་ཏུ་དབྱེ་བ་དང་། མིང་གི་རྣམ་གྲངས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱས་པར་བཤད་པའོ། །དང་པོ་ནི། སྔར་ལམ་མ་གཏོགས་པའི་འདུས་བྱས་རྣམས། ཟག་བཅས་ཞེས་གང་སྨྲས་པའི་འདུས་བྱས་ཀྱི་ཆོས་རྣམས་ཞེས་སྨོས་པ་དེ་དག་གང་ཞེ་ན་ཞེས་དྲིས་པའི་ལན་དུ། (འདུས་བྱས་ཞེས་པ་ལ་སོགས་པ་སྨྲོས་ཏེ་དེ་ལ་ལྔ་ལས་གང་ལ་དབྱེ་བའི་གཞི་ནི། སྤྱོད་འཇུག་ལས། རྐྱེན་གཅིག་གིས་ནི་ཀུན་བཏུས་པ། །གང་ན་ཡང་ནི་ཡོད་མ་ཡིན། །ཞེས་པ་དང་། སྐྱེས་རབས་ལས། རྒྱུ་གཅིག་གིས་ནི་ཀུན་འགྲུབ་པ། །གང་ན་ཡང་ནི་ཡོད་མ་ཡིན། །ཞེས་འབྱུང་བས། རྒྱུ་རྐྱེན་གཅིག་ལས་སྐྱེ་བ་མེད་པས་རྒྱུ་རྐྱེན་དུ་མ་འདུས་ཤིང་ཕྲད་ནས་བྱས་པས་ན་འདུས་བྱས་དང་། ཆོས་ནི་རྣམ་བཤད་རིགས་པར་དོན་བཅུ་ལ་འཇུག་པར་བཤད་པ་ལས་ལུང་སིལ་བུ་ལས་མཚན་ཉིད་འཛིན་ལ་ཆོས་ཤེས་བརྗོད་ཅེས་པས། འདིར་ཤེས་བྱ་རང་གི་མཚན་ཉིད་འཛིན་པའི་ཆོས་རྣམས་དེ་དག་གོ། ཀྱང་ཞེས་པ་ནི་ཆོས་རྣམས་དང་འདུས་མ་བྱས་ལ་དབྱེ་བ་ཡོད་པར་མ་ཟད་འདུས་བྱས་ཀྱི་ཆོས་ལ་ཡང་ཡོད་ཅེས་པའོ། །གང་དག་ཕྱེ་བའི་དངོས་པོ་ནི་ཚུལ་ཁྲིམས་ལ་སོགས་པ་རྣམ་གྲོལ་གྱི་ཕུང་པོ་དང་གཟུགས་ལ་སོགས་པ་ཡུལ་ལྔ་བསལ་བའི་གཟུགས་ལ་སོགས་པ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས། སྔ་མ་དག་གིས་ནི་འདུས་བྱས་ཐམས་ཅད་མ་བསྡུས་སོ། །ཇི་སྙེད་ཕྱེ་བའི་གྲངས་ནི་ལྔའོ། །དེ་སྙེད་ཕྱེ་བའི་གྲངས་ངེས་ནི་བདག་དང་བདག་གིར་འཛིན་པའི་གཞི་བསྟན་པའི་ཕྱིར་ལྔར་གྲངས་ངེས་ཏེ། བྱིས་པ་ཕལ་ཆེར་རྣམ་ཤེས་ལ་བདག་དང་གཟུགས་སོགས་ལ་བདག་གིར་འཛིན་ཏེ། རིམ་པ་ལྟར་ཕྱི་ནང་གི་གཟུགས་ནི་བྱེད་པ་དང་ལས་སུ་བྱ་བར་བདག་དང་འབྲེལ་ལོ་སྙམ་པ་དང་། ཚོར་བ་ནི་བདག་གིས་མྱོང་བར་བྱའོ་སྙམ་པ་དང་། འདུ་ཤེས་ནི་མཐོང་ཐོས་ལ་སོགས་པའི་དོན་རྣམས་ལ་བདག་ཏུ་འདུ་ཤེས་པའི་སྒོ་ནས་ཐ་སྙད་འདོགས་པར་བྱེད་དོ་སྙམ་པ་དང་། བདག་ཏུ་འཛིན་པའི་སེམས་ནི་འདུ་བྱེད་རྣམས་ཀྱིས་དགེ་བ་ལ་སོགས་པ་ལ་འཇུག་པར་བྱེད་དོ་སྙམ་དུ་བདག་གིར་འཛིན་པའི་ཕྱིར་ཏེ། བྱེ་བཤད་ལས་ཕུང་པོ་ནི་ལྔ་ཁོ་ན་སྟེ། བདག་དང་བདག་གིར་འཛིན་པའི་གཞི་རབ་ཏུ་བསྟན་པའི་ཕྱིར་མང་བའམ་ཉུང་བ་མ་ཡིན་ཏེ། བྱིས་པ་དག་ནི་ཕལ་ཆེར་རྣམ་པར་ཤེས་པ་ཉིད་ལ་ནི་བདག་ཏུ་འཛིན་ལ། གཟུགས་ལ་སོགས་པ་ལྷག་མ་རྣམས་ལ་ནི་བདག་གིར་འཛིན་ཏེ། ཞེས་པ་དང་། ཀུན་ལས་བཏུས་ལས་ཀྱང་བདག་ཏུ་འཛིན་པའི་གཞི་རྣམ་པ་ལྔ་བསྟན་པའི་ཕྱིར་ཕུང་པོ་བསྟན་ཏོ་ཞེས་དགོས་པ་ལ་ལྟོས་ནས་གྲངས་ངེས་པར་བཤད་དོ། །ཡང་ན་འདུས་བྱས་ལ་གཟུགས་ཅན་དང་དེ་མ་ཡིན་པ་གཉིས་སུ་ངེས་ཤིང་། གཟུགས་ཅན་མ་ཡིན་པ་ལ་སེམས་དང་སེམས་མ་ཡིན་པ་གཉིས་སུ་ངེས་ལ་འདུས་བྱས་གཟུགས་དང་སེམས་མ་ཡིན་པ་ནི་ཚོར་བ་ལ་སོགས་པ་ཕུང་པོ་གསུམ་དུ་ངེས་པའི་ཕྱིར་རོ། །ཞེས་གསུང་ངོ་། །དེ་ལྟར་ཕྱེ་བའི་དོན་ནི་ཅི་ཕུང་པོ་ལྔ་པོ་འདི་རྫས་ཐ་དད་པའམ། མིང་གི་རྣམ་གྲངས་པའམ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའམ། གཅིག་པ་བཀག་པའི་ཐ་དད་ཡིན་ཞེ་ན།) གང་དག་གཟུགས་ཀྱི་ཕུང་པོ་དང་སོགས་པའི་སྒྲས་བཟུང་བ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་སྟེ་ཕུང་པོ་ལྔ་པོ་དེ་དག་ཡིན་ནོ་ཞེས་བྱ་བའོ། །འདུས་བྱས་ནི་རྐྱེན་རྣམས་ཕྲད་ཅིང་འདུས་ནས་བྱས་པ་སྟེ་རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ། །
འོ་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཇི་ལྟར་འདུས་བྱས་ཡིན་ཞེ་ན། སྐྱེ་བར་འགྱུར་བའི་ཆོས་ཅན་དེ་དང་རིགས་མཐུན་ཞིང་རང་གི་མཚན་ཉིད་འདྲ་བའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། ནུ་མ་ལས་བྱུང་བའི་འོ་མ་དང་རིགས་མཐུན་པས་མི་འཇོ་བ་བཞོན་གྱི་ལུས་ལ་གནས་པ་ལའང་འོ་མ་ཞེས་བརྗོད་པ་བཞིན་ནོ། །ཀྱང་གི་སྒྲ་ནི་འདུས་མ་བྱས་ལ་དབྱེ་བ་ཡོད་པར་མ་ཟད་འདུས་བྱས་ལའང་དབྱེ་བ་ཡོད་དོ་ཞེས་བསྟན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དང་ཕུང་པོ་ཞེས་སྨོས་པ་ནི་ཚུལ་ཁྲིམས་ལ་སོགས་པ་རྣམ་གྲོལ་གྱི་ཕུང་པོ་དང་ཕྱིའི་སྐྱེ་མཆེད་བསལ་བའི་ཕྱིར་རོ། །ཅི་ཕུང་པོ་འདི་དག་རྫས་གཅིག་པའམ། ཐ་དད་པའམ། གཅིག་པ་བཀག་པའམ། མིང་གི་རྣམ་གྲངས་པ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་རྫས་ཐ་དད་པར་འདོད་དེ། འདི་ལྟར་གཟུགས་ཀྱི་ཕུང་པོ་ནི་རགས་པ་དང་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་འདོད་ལ། དེ་གཉིས་ཀའང་རྫས་སུ་འདོད་དོ། །ཚོར་བ་དང་འདུ་ཤེས་དང་མཚུངས་ལྡན་གྱི་འདུ་བྱེད་དང་གཟུགས་དང་སེམས་ལས་ཐ་དད་ཅིང་དེ་དག་ནང་ཡང་ཐ་དད་པར་འདོད་དོ། །མི་ལྡན་པའི་འདུ་བྱེད་ནི་གཟུགས་དང་སེམས་དང་སེམས་བྱུང་ལས་ཐ་དད་པའི་དངོས་པོར་འདོད་དོ། །རྣམ་ཤེས་ཀྱང་ཕུང་པོ་གཞན་ལས་ཐ་དད་པའི་ཕྱིར་ཕུང་པོ་ལྔ་པོ་ཐམས་ཅད་རྫས་སུ་ཡོད་པས་ལྷས་བྱིན་གྱི་ལུས་ཞེས་པ་ལྟར་ཕུང་པོའང་ཡིན་ལ་གཟུགས་ཀྱང་ཡིན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་གཞི་མཐུན་པའི་བསྡུ་བ་ཡིན་ནོ། །དེ་བཞིན་དུ་གཞན་ལའང་སྦྱར་རོ། །མདོ་སྡེ་པ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་མཚུངས་ལྡན་གྱི་འདུ་བྱེད་དང་རྣམ་ཤེས་རྫས་སུ་ཡོད་ཀྱི་མི་ལྡན་པའི་འདུ་བྱེད་ནི་གཟུགས་དང་སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་ཀྱི་རྫས་སུ་མེད་དོ། །རྡུལ་དང་སྐད་ཅིག་མ་རྫས་སུ་ཡོད་ཀྱི་རགས་པ་དང་རྒྱུན་རྫས་སུ་མེད་པའི་ཕྱིར་ཕུང་པོའང་བཏགས་པ་ཡིན་ནོ། །
དེས་ན་གཟུགས་ནི་རྫས་སུ་ཡོད་ལ་ཕུང་པོ་བཏགས་པ་ཡིན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་གཞི་ཐ་དད་པའི་བསྡུ་བ་སྟེ་ལྷས་བྱིན་གྱི་རིལ་པ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་རྣམ་པ་གཞན་ལའང་སྦྱར་རོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ནི་གཟུགས་ནི་སེམས་དང་སེམས་བྱུང་ལས་རྫས་ཐ་དད་པར་མེད་ལ། མི་ལྡན་པའི་འདུ་བྱེད་ཀྱང་དེ་དག་ལས་གཞན་དུ་མེད་ཅིང་། རྒྱུན་ཡང་རྫས་སུ་མ་གྲུབ་པའི་ཕྱིར་ཕུང་པོའང་བཏགས་ཡོད་ཉིད་དུ་འདོད་དོ། །
གཉིས་པ་མིང་གི་རྣམ་གྲངས་ནི། ཊཱི་ཀ་དག་ལས་ཆོས་མངོན་པ་ཐམས་ཅད་ནི་མདོའི་དོན་དང་མདོ་གཏན་ལ་འབེབས་པ་དང་མདོ་རྣམ་པར་འཆད་པ་ཡིན་པས་འདིར་མདོ་ལས་གསུངས་པའི་དུས་ལ་སོགས་པ་ཕུང་པོའི་རྣམ་གྲངས་ཀྱི་ངོ་བོ་དག་བརྗོད་དོ་ཞེས་འབྱུང་བས་དེ་དག་བསྟན་པར་བྱ་སྟེ། དེ་ལ་གང་དག་འདུས་བྱས་སུ་བཤད་པ་དེ་དག་ཉིད་ནི་དུས་གསུམ་དུའང་གསུངས་ཏེ། དེ་ལ་དེ་དག་སོང་བ་ནི་འདས་པའོ། །འགྲོ་བ་ནི་ད་ལྟར་བའོ། །འགྲོ་བར་འགྱུར་བ་ནི་མ་འོངས་པའོ། །དེ་བཞིན་དུ་འདུས་བྱས་དེ་དག་ཉིད་ལ་གཏམ་གྱི་གཞི་ཞེས་ཀྱང་བྱ་སྟེ། གཏམ་ནི་(ཡི་གེའི་བདག་ཉིད་ཀྱི་སྒྲའམ།) ངག་གོ། དེའི་གཞི་སྟེ་བརྗོད་པར་བྱ་བའི་མིང་ངོ་། །དེ་ལྟ་ན་མིང་དེ་ཁོ་ན་གཏན་གྱི་གཞིར་འགྱུར་རོ་ཞེ་ན། མ་ཡིན་ཏེ་(གཏམ་གྱི་)གཞི་(ངག་དེའི།) གཞི་(འདུས་བྱས་ཐམས་ཅད།) དང་བཅས་པ་སྨོས་པའི་ཕྱིར་འདུས་བྱས་ཐམས་ཅད་གཏན་གྱི་གཞི་ཡིན་ཏེ། ངག་ནི་མིང་ལ་འཇུག་ལ་(མིང་།) དེས་འདུས་བྱས་ཐམས་ཅད་བརྗོད་པའི་ཕྱིར་རོ། །(དེ་ཡང་ངག་གི་དངོས་ཀྱི་བརྗོད་བྱ་ནི་མིང་ཡིན་དོན་ནི་ཞེན་པའི་བརྗོད་བྱ་ཡིན་པས་འདུས་བྱས་ཐམས་ཅད་གཏམ་གྱི་གཞིའོ། །)འདུས་མ་བྱས་མིང་གི་བརྗོད་བྱ་ཡིན་ཀྱང་རྒྱུ་མ་ཡིན་པའི་ཕྱིར་དང་། བརྗོད་པ་ཉུང་བའི་ཕྱིར་གཏམ་གྱི་གཞི་མ་བསྟན་ཏོ། །དེ་ལྟར་ན་རབ་ཏུ་བྱེད་པ་ལས་གཏམ་གྱི་གཞི་རྣམས་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ་ཞེས་གསུངས་པ་དེ་ལེགས་པར་དྲངས་པར་འགྱུར་རོ། །
ཡང་འདུས་བྱས་དེ་དག་ཉིད་ངེས་པར་འབྱུང་བ་དང་བཅས་པ་ཞེས་ཀྱང་བྱ་སྟེ། ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ། ངེས་པར་འབྱུང་བྱའི་མྱ་ངན་ནི་འདུས་བྱས་ཡིན་ལ་དེ་ལས་འདས་པ་ནི་འདུས་བྱས་ཀྱི་མཐའ་ཡིན་པའི་ཕྱིར་ངེས་པར་འབྱུང་བཅས་སོ། །འོ་ན་ལམ་གྱི་བདེན་པ་ངེས་པར་འབྱུང་བྱ་མ་ཡིན་པས་འདུས་བྱས་ཐམས་ཅད་ནི་ངེས་པར་འབྱུང་བ་དང་བཅས་པར་མི་འགྱུར་རོ་ཞེ་ན་ལུང་བར་མ་ལས་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་པ་དང་། མདོ་སྡེའི་རྒྱན་ལས་ཀྱང་། དོན་ཤེས་པ་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིག ། ཅེས་འབྱུང་བས་དེ་ཡང་ལྷག་མེད་དུ་འཇུག་པ་ན་ངེས་པར་འབྱུང་བྱ་ཡིན་པའི་ཕྱིར་རོ། །
ཡང་འདུས་བྱས་དེ་དག་ཉིད་གཞི་དང་བཅས་པ་ཞེས་ཀྱང་བྱ་སྟེ། འདིར་གཞི་ནི་རྒྱུ་ཡིན་པར་འདོད་དོ། །དེ་ལྟར་ན་དེ་དག་ནི་འདུས་བྱས་ཀྱི་རྣམ་གྲངས་ཡིན་ནོ། །དེའི་ཁྱད་པར་ཟག་བཅས་ཀྱི་རྣམ་གྲངས་ནི་འདུས་བྱས་གང་དག་ཟག་བཅས་སུ་བཤད་པ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོའང་ཡིན་ཏེ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ལ་དེ་ལས་བྱུང་བས་ན་ཉེ་བར་ལེན་པའི་ཕུང་པོ་སྟེ་རྩྭ་དང་སོག་མའི་མེ་བཞིན་ནོ། །(ཡང་ན་ཉེ་ལེན་ལ་རག་ལུས་པས་ན་ཉེ་བར་ལེན་པའི་ཕུང་པོ་སྟེ་རྒྱལ་པོ་ལ་རག་ལུས་པའི་མི་ལ་རྒྱལ་པོའི་མི་ཞེས་པ་བཞིན་ནོ། །)ཡང་ན་དེ་དག་ལས་ཉེ་བར་ལེན་པ་ཉོན་མོངས་པ་རྣམས་འབྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་སྟེ་མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །(དེས་ན་ཕུང་པོ་ཡིན་ལ་ཉེར་ལེན་མ་ཡིན་པ་འདུས་བྱས་ཟག་མེད་དང་། གཉིས་ཀ་ཡིན་པ་འདུས་བྱས་ཟག་བཅས་དང་། གཉིས་ཀ་མ་ཡིན་པ་འདུས་མ་བྱས་ཏེ་མུ་གསུམ་དུ་འགྱུར་བས།) ཡང་གང་དག་ཟག་བཅས་སུ་བཤད་པ་དེ་དག་ནི་(འཐབ་མོ་ལྟར་རང་གཞན་ལ་གནོད་པས་འཐབ་པ་ནི་ཉོན་མོངས་པ་ཡིན་ལ་དེ་ཟག་བཅས་ཀྱིས་རྒྱས་པར་བྱེད་པས་ན།) འཐབ་པ་དང་བཅས་པ་ཞེས་ཀྱང་བྱ་ལ། དེ་བཞིན་དུ་(སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་ཞིང་འཕགས་པ་རྣམས་དང་མི་མཐུན་པས།) སྡུག་བསྔལ་དང་། (ཟག་བཅས་རྒྱུར་གྱུར་པ་འདི་ལས་འབྲས་བུར་གྱུར་པའི་སྡུག་བསྔལ་ཀུན་འབྱུང་བས།) ཀུན་འབྱུང་དང་། (འཇིག་ཅིང་རབ་ཏུ་འཇིག་པས་སམ་གཉེན་པོས་ཀྱང་འཇིག་པས་ན།) འཇིག་རྟེན་དང་། ལྟ་བའི་གནས་དང་། (མདོ་ལས་སྲིད་པ་གང་ཞེ་ན་ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་འབྱུང་བས་ཟག་བཅས་ཐོག་མ་མེད་པ་ནས་འབྱུང་བས་ན།) སྲིད་པ་ཞེས་བྱ་བའང་དེ་དག་(གི་མིང་གི་རྣམ་གྲངས་དོན་དང་མཐུན་པ།) ཡིན་ནོ། །རིམ་པ་ལྟར་བདག་གཞན་ལ་གནོད་པས་འཐབ་པ་ཉོན་མོངས་པ་དང་བཅས་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་འཕགས་པ་རྣམས་དང་མི་མཐུན་ཞིང་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བ་དང་། རྒྱུར་གྱུར་པའི་(ཟག་བཅས་ཀྱི།) ཕུང་པོ་རྣམས་ནི་འབྱུང་ཡིན་ལ་འབྲས་བུར་གྱུར་པའི་(ཟག་བཅས་ཀྱི།) ཕུང་པོ་རྣམས་ནི་སྡུག་བསྔལ་ཡིན་པས་རྒྱུར་གྱུར་པ་འདི་ལས་འབྲས་བུར་གྱུར་པའི་སྡུག་བསྔལ་མ་ལུས་པ་ཀུན་འབྱུང་བ་དང་། འཇིག་པ་དང་ལྡན་པ་དང་། མདོ་ལས་དགེ་སློང་དག་གང་ཁ་ཅིག་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་ན་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་འདི་ཉིད་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟའོ་ཞེས་འབྱུང་བས་(ཟག་བཅས་འདི་ལ།) འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་རྒྱས་པར་འགྱུར་བ(འི་སྒོ་ནས་གནས་པས་ན། དགྲ་བཅོམ་གྱི་ཟག་བཅས་ཀྱི་ཕུང་པོའང་ཉེར་ལེན་ཡིན་ཏེ་དེ་ལ་དམིགས་ནས་གཞན་རྒྱུད་ཀྱི་ཉེར་ལེན་ཉོན་མོངས་རྣམས་འབྱུང་བས་སོ། །)དང་། ཡང་ཉིང་མཚམས་སྦྱོར་བའི་ཕྱིར་རོ། །
གལ་ཏེ་ཟག་བཅས་ཀྱི་དངོས་པོ་ལ་ཉོན་མོངས་པ་ཐམས་ཅད་རྒྱས་པར་འགྱུར་བ་ཡིན་ན་དེ་ལ་ལྟ་བ་ཁོ་ནའི་གནས་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། ཉོན་མོངས་པ་གཞན་རྣམས་ཀྱང་རྒྱས་པར་འགྱུར་མོད་ཀྱི་འོན་ཀྱང་འདིར་ལྟ་བ་ཁོ་ནའི་གནས་སུ་བརྗོད་པ་ནི་གང་ཞིག་ཟག་བཅས་ཀྱི་དངོས་པོ་ཐམས་ཅད་ལ་དུས་ཐམས་ཅད་ཀྱི་ཚེ་རྣམ་གྲངས་མེད་པར་བརྟན་པར་འཛིན་པ་དེ་ལ་གནས་ཞེས་བརྗོད་པ་ཡིན་ན་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ནི་ཉོན་མོངས་པ་རང་གི་མཚན་ཉིད་པ་ཡིན་པས་ཐམས་ཅད་ལ་མ་ཡིན་ལ། དུས་ཐམས་ཅད་ཀྱི་ཚེའང་མ་ཡིན་ཏེ། གང་ལ་དེ་སྐྱེས་མ་སྤངས་པའི་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །
མ་རིག་པ་ནི་དུས་ཐམས་ཅད་ཀྱི་ཚེ་ཡིན་ཀྱང་རྣམ་གྲངས་མེད་པར་ཕྱོགས་གཅིག་ཏུ་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་རྣམས་འདོད་ཆགས་ལ་སོགས་པ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཐེ་ཚོམ་ལ་ནི་གཞན་རྣམས་ཡོད་ཀྱང་བརྟན་པར་འཛིན་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གང་སྤེལ་གྱིས། དུས་ཀུན་པ་དང་ཐམས་ཅད་ལ། །རྣམ་གྲངས་མེད་དང་མི་གཡོ་བ། །ལྟ་ཡིན་དེ་ལྟར་ཆགས་སོགས་དང་། །མ་རིག་པ་དང་ཐེ་ཚོམ་མིན། །ཞེས་བཤད་དོ། །(དེ་ལྟ་ན་ལམ་བདེན་ཡང་ཟག་བཅས་སུ་འགྱུར་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པའི་ཕྱིར་དང་། ལམ་བདེན་གྱིས་དེ་མ་ཐག་རྐྱེན་བྱས་ནས་ཁམས་གསུམ་གྱི་དགེ་བ་ཟག་བཅས་ཀྱི་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་དང་། མི་རྟག་པ་འཇིག་རྟེན་དང་། ལོག་ལྟས་དམིགས་པ་དང་། སྔ་མ་ལས་ཕྱི་མ་འབྱུང་བས་སྲིད་པའང་ཡིན་པའི་ཕྱིར་རོ་ཞེ་ན། མི་འགྱུར་ཏེ། མི་རྟག་ཀྱང་འཕགས་པ་དང་མི་མཐུན་པ་མེད་ཅིང་སྡུག་བསྔལ་དང་པོ་གཉིས་ལས་འདས་པའི་ཕྱིར་དང་། མི་རྟག་པས་འཇིག་པ་ཡོད་ཀྱང་གཉེན་པོས་འཇིག་པ་མེད་པའི་ཕྱིར་དང་། ལོག་ལྟས་དམིགས་ཀྱང་མི་རྒྱས་པའི་ཕྱིར་དང་། འཁོར་བ་ཐོག་མེད་ནས་འབྱུང་བ་མེད་པས་ཟག་བཅས་ཀྱི་དོན་དང་མི་ལྡན་ཞིང་སྒྲ་འཇུག་པའང་མེད་པའི་ཕྱིར། མ་ཧེ་ཁོ་ན་ལས་སྟེངས་ཉལ་ཞེས་བརྗོད་པ་བཞིན་ནོ། །)
གསུམ་པ་ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱས་པར་བཤད་པ་ལ་དེ་དག་གི་རང་བཞིན་དང་། དེ་གསུམ་གཞན་ཡང་འདིར་བསྡུ་བ་དང་། ཁམས་ལ་རྣམ་པའི་རབ་དབྱེ་བཤད་པ་གསུམ་གྱི་དང་པོ་ལའང་མཚན་གཞིའི་དབྱེ་བ་དང་། མཚན་ཉིད་དང་། དགོས་པ་དང་། གྲངས་ངེས་པ་དང་། གོ་རིམས་ངེས་པ་ལྔའོ། །
དང་པོ་ལའང་ལྔ་ལས་གཟུགས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བ་ལ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དུ་བསྟན་པ་གཉིས་ལས་དང་པོ་ལའང་མདོར་བསྟན་པ་ནི། སྔར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཞེས་སྨྲས་པ་དེ་ལ་གཟུགས་ཀྱི་ཕུང་པོའི་མཚན་གཞི་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང་གཟུགས་ལ་སོགས་པའི་དོན་ལྔ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་བཅུ་གཅིག་པོ་ཉིད་དོ། །གཞན་དུ་བཅོ་ལྔ་བཤད་པ་ནི་རེག་བྱ་བཞི་ལོགས་སུ་ཕྱེ་བའི་ཕྱིར་རོ། །དེ་དག་གཟུགས་ཀྱི་ཕུང་པོར་མཚོན་པའི་མཚན་ཉིད་ནི་གཟུགས་སུ་རུང་བ་ཉིད་དོ། །དེའི་དོན་གཟུགས་ཅན་(ནང་།) ཕྲད་པ་ལས་(སྔ་མ་དང་ཕྱི་མ།) རྣམ་པར་འགྱུར་བ་མི་འདྲ་བ་སྐྱེ་བའི་གནོད་པ་བྱར་རུང་བའོ། །
ཁ་ཅིག་ན་རེ་ཐོགས་པ་ནི་གཟུགས་སུ་རུང་བ་ཡིན་ནོ་ཞེས་ཟེར་རོ། །འཕགས་པ་ཐོགས་མེད་ཀྱིས་ནི་གཟུགས་སུ་ཡོད་པ་གཉིས་བཤད་དེ། ཡུལ་དཔྱད་པ་དང་། རེག་པས་གཟུགས་སུ་ཡོད་པའོ། །དང་པོ་ནི། འདི་ནི་འདི་ནའོ། །ཕ་བི་ནི་ཕ་བི་ནའོ་ཞེས་ཕྱོགས་ཀྱི་ཆ་དང་བཅས་པ་ཡིན་ལ། གཉིས་པ་ནི། སྔར་བཤད་པའི་གནོད་པ་བྱར་རུང་བ་ཡིན་ནོ། །དེས་ན་རྣམ་པ་གཉིས་ཀྱིས་གཟུགས་སུ་རུང་བ་ནི་གཟུགས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བཤད་པ་ནི་ལེགས་པ་ཡིན་ནོ། །(སློབ་དཔོན་འཕགས་པས་ནི་ཀུན་ལས་བཏུས་ལས་གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅི་ཞེ་ན། གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱི་གཟུགས་སུ་ཡོད་པའི་མཚན་ཉིད་དེ། རེག་པས་གཟུགས་སུ་ཡོད་པ་དང་། ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ་ཞེས་གཟུགས་སུ་ཡོད་པ་གཉིས་གསུངས་པའི་དང་པོ་ནི་ལག་པའི་འདུས་ཏེ་རེག་པས་རེག་ན་གཟུགས་སུ་རུང་བ་ལ་སོགས་པར་བཤད་པས་འདིར་བཤད་པའི་གནོད་པ་བྱ་རུང་ཉིད་ལ། གཉིས་པ་ནི་དེ་ཉིད་ལས་གང་ཡུལ་ལ་གཟུགས་འདི་དང་འདིའོ། །གཟུགས་འདི་ལྟ་བུ་དང་འདི་ལྟ་བུའོ་ཞེས་མཉམ་པར་བཞག་པའམ། མཉམ་པར་མ་བཞག་པའི་ཡིད་རྟོག་པ་དང་མཚུངས་པར་ལྡན་པས་བཀྲ་བར་འཛིན་པའོ་ཞེས་ཡུལ་ཆ་དང་བཅས་པར་བློ་ལ་སྣང་བ་ལ་བཤད་དེ་དེ་ཉིད་རིགས་པར་ལྟའོ། །)འོ་ན་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ། ཆ་མེད་ཅིང་གནོད་པར་བྱར་མི་རུང་བའི་ཕྱིར་རོ། །ཞེ་ན། དེ་དག་(རྫས་ཀྱི་རྡུལ་ཕྲན།) གཅིག་པུ་བ་ལ་དེ་མེད་ཀྱང་མང་དུ་ཚོགས་ན་ཡོད་པའི་ཕྱིར་རོ། འོ་ན་རིག་བྱེད་མ་ཡིན་པ་གཟུགས་སུ་མི་འགྱུར་རོ་ཞེ་ན། དེ་ལའང་(དེ་སློང་བྱེད་ཀྱི།) རྒྱུ་རིག་བྱེད་གཟུགས་སུ་ཡོད་པའི་ཕྱིར་(ཤིང་ལྗོན་པ་གཡོས་ན། དེའི་གྲིབ་མ་གཡོ་བ་བཞིན་ནོ། འོ་ན་ཤིང་ལོག་ན་དེའི་གྲིབ་མ་ལྡོག་པ་བཞིན་དུ་རྟེན་རིག་བྱེད་ལྡོག་ན་བརྟེན་པ་རིག་བྱེད་མིན་པ་ཡང་ལྡོག་པར་ཐལ་བས་དཔེ་དོན་མི་མཚུངས་ཞེས་སོ། །)རམ། དེའི་རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་རུང་ངོ་ཞེས་ལན་འདེབས་མོད་ཀྱི་བྱེ་བྲག་ཏུ་སྨྲ་བས་གཟུགས་སུ་བརྟགས་པ་ཡིན་གྱི་མཚན་ཉིད་པ་མ་ཡིན་པ་ཉིད་དུ་འཆད་པར་འགྱུར་རོ། །
དབང་པོ་ལྔ་བཤད་པ།
རྒྱས་པར་བཤད་པ་ལ་གསུམ་ལས་དབང་པོ་ལྔ་བཤད་པ་ནི། གཟུགས་ལ་སོགས་པ་ཡུལ་ལྔ་པོ་གང་དག་སྨོས་པ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་གཟུགས་ཅན་དང་བ་རྣམས་ནི་མིག་ལ་སོགས་པའི་དབང་པོ་སྟེ། མདོ་ལས་དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བའོ་ཞེས་བྱ་བ་ལ་སོགས་པ་(དང་རྣམ་པར་ཤེས་པའི་ཚོགས་ལས་ཀྱང་དེ་ནི་གཟུགས་ཀྱི་རྣམ་པར་ཤེས་པ་ཡིན་གྱི་གང་ཟག་གི་རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་)གསུངས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་མིག་ལ་སོགས་པ་གང་དག་སྨོས་པ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་གཟུགས་ཅན་དང་བ་རྣམས་ཏེ། རབ་ཏུ་བྱེད་པ་ལས། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སློབ་དཔོན་རྒྱལ་པོའི་སྲས་ནི་ལུགས་སྔ་མ་ནི་མདོ་སྡེ་དང་མཐུན་ལ། ཕྱི་མ་ནི་འཇིག་རྟེན་པ་དང་མཐུན་ནོ་ཞེས་འཆད་ལ། གང་སྤེལ་ནི་ལུགས་སྔ་མ་ནི་འཇིག་རྟེན་ལ་གྲགས་པའི་དབང་དུ་བྱས་ལ་ཕྱི་མ་ནི་གསུང་རབ་ལ་གྲགས་པ་ཡིན་ནོ་ཞེས་འཆད་དོ། །(འོན་ཀྱང་གཟུགས་ལ་སོགས་པ་ལ་ནི་ཡིད་ཤེས་ཀྱིས་ཀྱང་དམིགས་པས་གཟུགས་ཀྱི་རྣམ་ཤེས་ཞེས་བརྗོད་ན་ཡིད་ཤེས་དང་སྒོ་ལྔའི་རྣམ་ཤེས་ཀྱི་དབྱེ་བ་མི་ཤེས་ལ་མིག་ལ་སོགས་པའི་རྣམ་ཤེས་ཞེས་བརྗོད་ན་ཡིད་ཤེས་ལས་ཐ་དད་དུ་གྲུབ་པས་ཕྱི་མ་ཉིད་འཐད་དོ། །)དེ་དག་ལ་རབ་ཏུ་དབྱེ་བ་ནི་རྟེན་བཅས་དང་དེ་མཚུངས་གཉིས་གཉིས་སུ་དབྱེའོ། །མིང་གི་དོན་ནི་ལྟ་བར་བྱེད་པ་དང་ཉན་པར་བྱེད་པ་དང་སྣོམ་པར་བྱེད་པ་དང་མྱོང་བར་བྱེད་པ་དང་རིག་པར་བྱེད་པ་ལ་མིག་ལ་སོགས་པའི་བརྡ་འདོད་རྒྱལ་བ་ཡིན་ནོ། །
དོན་ལྔ་བཤད་པ།
གཉིས་པ་དོན་ལྔ་བཤད་པ། (ལ་གཉིས་ལས་དང་པོས།) ནི་མིག་གི་སྤྱོད་ཡུལ་དུ་འགྱུར་བའི་གཟུགས་ནི་བསྡུས་ན་ཁ་དོག་དབྱིབས་རྣམ་པ་གཉིས་དང་། དེ་དག་ཀྱང་རྒྱས་པར་ཕྱེ་ན་རྣམ་པ་ཉི་ཤུར་རབ་ཏུ་བྱེད་པ་ལས་གསུངས་ཏེ། དེ་ལ་ཁ་དོག་ལ་ནི་རྩ་བའི་ཁ་དོག་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་བཞི་དང་། དེ་དག་ནི་བྱེ་བྲག་སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པ་སྟེ་ཡན་ལག་གི་ཁ་དོག་བརྒྱད་དེ་བཅུ་གཉིས་དང་། རིང་པོ་དང་། ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། མཐོན་པོ་དང་། དམའ་བ་དང་། ཕྱལ་ལེ་བ་དང་། ཕྱལ་ལེ་བ་མ་ཡིན་པ་སྟེ་དབྱིབས་བརྒྱད་དོ། །དེ་ལ་རྡུལ་ནི་རྡུལ་ཚུབ་བོ། ཁུག་རྣ་ནི་ལྷོ་འུར་མའོ། །གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བ་སྟེ། རྣམ་བཤད་རིགས་པ་ལས་ཀྱང་གང་གིས་ཡུལ་ཉི་མ་དང་བར་དུ་ཆོད་པ་ན་གཟུགས་རྣམས་གསལ་བར་བྱེད་པའོ་ཞེས་བཤད་དོ། །མུན་པ་ནི་དེ་ལས་བཟློག་པའོ། །ཉི་མ་ནི་ཉི་མའི་འོད་དོ། །སྣང་བ་ནི་ནོར་བུ་(ཟླ་བ་དང་སྐར་མ་དང་མེ་དང་།) ལ་སོགས་པའི་འོད་དོ། །ལྷམ་པ་ནི་གྲུ་བཞིའོ། །ཟླུམ་པོ་ནི་རིལ་རིལ་པོའོ། །དབྱིབས་མཉམ་པའམ་ངོས་ཡངས་པ་ནི་ཕྱལ་ལེ་བ་དང་། མི་མཉམ་པའམ། ངོས་དོག་པ་ནི་ཕྱལ་ལེ་བ་མ་ཡིན་པའོ། །གཞན་དག་ནི་ཤེས་པར་སླའོ། །འོ་ན་ལྗང་ཁུ་དང་ནག་པོ་དང་དུར་ཁ་དང་སྐྱེར་ཁ་ལ་སོགས་པའང་ཡོད་པ་མ་ཡིན་ནམ་ཞེ་ན། སེར་པོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ནི་ལྗང་ཁུ་དང་། དམར་པོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ལ་ནག་པོ་དང་། དམར་པོ་དང་འདུས་པའི་སེར་པོ་ཤས་ཆེ་བ་ལ་དུར་ཁ་དང་། དཀར་པོ་དང་འདུས་པའི་སེར་པོ་ཤས་ཆེ་བ་ལ་སྐྱེར་ཁ་དང་། དཀར་པོ་དང་འདྲེས་པའི་སྔོན་པོ་ལ་སྔོ་སྐྱ་ལ་སོགས་པ་ཡིན་པའི་ཕྱིར་རོ། །
ཁ་(ཐག་རིང་པོ་ནས་བཻ་ཌཱུརྱའི་རྩིག་པ་ལྟར་སྣང་བའོ། །)ཅིག་ན་རེ་སྟེང་ན་སྔོན་པོར་སྣང་བའི་ནམ་མཁའ་ཁ་དོག་གཅིག་པ་དང་ཉི་ཤུ་རྩ་གཅིག་གོ་ཞེས་ཟེར་རོ། །དེ་དག་གི་སྟེང་དུ་ཀུན་ལས་བཏུས་ལས་རྡུལ་ཕྲ་མོ་དང་རགས་པ་སྟེ་དབྱིབས་གཉིས་དང་། མངོན་པར་སྐབས་ཡོད་པ་དང་། རྣམ་པར་རིག་བྱེད་དེ། ཁ་དོག་གི་གཟུགས་གཉིས་ཏེ་བཞི་བསྣན་ནས་ཉི་ཤུ་རྩ་ལྔ་བཤད་དོ། །གལ་ཏེ་སྤྲིན་དང་དུ་བ་ལ་སོགས་པ་གཟུགས་ཀྱི་དབྱེ་བར་འཆད་ན་འདི་ཉུངས་པར་སྨྲས་པ་ཡིན་ཏེ། ཆུ་དང་མེ་དང་ཀ་བ་དང་བུམ་པ་ལ་སོགས་པ་མཐའ་ཡས་པའི་ཕྱིར་རོ། །དེ་དག་སྔོན་པོ་ལ་སོགས་པའི་ཁ་དོག་དང་རིང་པོ་ལ་སོགས་པའི་དབྱིབས་སུ་(སྔོ་སེར་དམར་དང་དཀར་བ་དང་། །སྣང་མུན་སྤྲིན་དང་དུ་བ་དང་། །རྡུལ་དང་ཁུག་རྣ་ཉི་མ་དང་། །གྲིབ་མ་རིང་ཐུང་ལྷམ་པ་དང་། །ཟླུམ་པོ་མཐོན་པོ་དམའ་བ་དང་། །ཕྱལ་ལེ་ཕྱལ་ལེ་མ་ཡིན་པའོ། །དང་པོ་བཅུ་གཉིས་ཁ་དོག་ཡིན། །བཞི་ནི་རྩ་བའི་ཁ་དོག་སྟེ། །བརྒྱད་པོ་དེའི་བྱེ་བྲག་གོ། དབྱིབས་ཀྱི་གཟུགས་ནི་རྣམ་པ་བརྒྱད། །)འདུས་པས་མི་འབྱེད་ན་ནི་འོ་ན་སྤྲིན་ལ་སོགས་པའང་བརྗོད་པར་བྱ་བ་མ་ཡིན་ཏེ། །དེ་དག་ཀྱང་ཁ་དོག་དང་དབྱིབས་དེ་དག་ཏུ་འདུས་པའི་ཕྱིར་རོ་ཞེ་ན། དེ་ལྟ་ཡིན་མོད་ཀྱི་སྤྲིན་དང་དུ་བ་དང་རྡུལ་དང་ཁུག་རྣ་རྣམས་ནི་འཇིག་རྟེན་པས་རྫས་སུ་མ་གྲུབ་པ་དང་། གྲིབ་མ་ལ་སོགས་པ་བཞི་ནི་ས་གཞི་ལ་སོགས་པ་ལས་ལོགས་སུ་མ་གྲུབ་བོ་སྙམ་པའི་ལོག་རྟོག་བཟློག་པའི་ཕྱིར། མདོ་ལས། འདི་དག་གཟུགས་ཀྱི་དབྱེ་བར་བཤད་ཀྱི་གཞན་དག་ལ་ནི་དགོས་པ་མེད་པའི་ཕྱིར་མ་བཤད་དོ། །བྱེ་བྲག་ཏུ་སྨྲ་བས་(གཟུགས་ཀྱི་སྐྱེ་མཆེད་གང་།) ཁ་དོག་ཏུ་ཡོད་ལ་དབྱིབས་སུ་མེད་པ་སྔོན་པོ་ལ་སོགས་པ་རྩ་བའི་ཁ་དོག་བཞི་དང་གྲིབ་མ་དང་ཉི་མ་དང་སྣང་མུན་ཏེ་བརྒྱད་དང་། དབྱིབས་སུ་ཡོད་ལ་ཁ་དོག་ཏུ་མེད་པ་(དབྱིབས་བརྒྱད་ཀྱི་ཕྱོགས་གཅིག་ལ་དམིགས་པའི་སེམས་ཀྱིས་ཀུན་ནས་བསླང་བའི།) ལུས་ཀྱི་རིག་བྱེད་ཀྱི་ངོ་བོར་གྱུར་པ་(ལུས་ཀྱི་ལས།) རིང་པོ་ལ་སོགས་པ་བརྒྱད་དང་། གཉིས་ཀར་ཡོད་པ་(ནི་དེ་མ་གཏོགས་པའི་དབྱིབས་རྣམས་དང་།) སྤྲིན་ལ་སོགས་པ་བཞི་ཡིན་(གཞན་དག་མུ་དང་པོ་ནི་སྣང་མུན་ཁོ་ན་ཡིན་གྱི་སྔོན་པོ་ལ་སོགས་པ་ནི་རིང་པོ་ལ་སོགས་པར་སྣང་བས་དེ་དག་ཀྱང་མུ་གསུམ་པར་འདོད་དོ། །དབྱེ་གཞི་གཅིག་ལ་རྩི་བས་མུ་བཞི་བ་མི་སྲིད་དོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བའི་བསམ་པ་ནི་སྣང་བ་ལ་སོགས་པ་འཛིན་པ་ནི་དབྱིབས་ལ་མི་ལྟོས་ལ། ལུས་ཀྱི་རིག་བྱེད་འཛིན་པ་ནི། ཁ་དོག་ལ་མི་ལྟོས་པར་འབྱུང་གི་ལྷག་མ་འཛིན་པ་ནི་གཉིས་ཀ་ལ་ལྟོས་ནས་འབྱུང་ངོ་སྙམ་པ་ཡིན་ནོ། །)ནོ་ཞེས་ཟེར་མོད་ཀྱི་མདོ་སྡེ་པས་ཁ་དོག་གི་རྡུལ་གྱི་བཀོད་པ་མི་འདྲ་བ་ལས་རིང་པོ་ལ་སོགས་པར་(ཡིད་ཀྱིས་བརྟགས་ནས།) འཇོག་གི་དབྱིབས་རྫས་སུ་མ་གྲུབ་པའི་ཕྱིར་ཁ་དོག་མ་ཡིན་པའི་དབྱིབས་འབའ་ཞིག་པ་(ཁ་དོག་གམ་རེག་བྱ་མ་གཟུང་བར་མིག་གིས་འཛིན་པ།) མེད་དོ་ཞེས་སྨྲ་བ་ཉིད་རིགས་པ་ཡིན་ནོ། །གཟུགས་བཤད་ཟིན་ཏོ། །
སྒྲ་ནི་རྣ་བའི་དབང་པོའི་ཡུལ་ཏེ་དེ་ནི་རྣམ་པ་བརྒྱད་ཡོད་དེ། འདི་ལྟར་(དབང་པོ་ཐ་མི་དད་པར་འཇུག་པ།) ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་སྒྲ་གཉིས་སོ། །དེ་དག་རེ་རེ་ལའང་སེམས་ཅན་དུ་སྟོན་པ་དོན་རྗོད་པར་བྱེད་པ་དང་། (དེ་ལས་བཟློག་པ།) སེམས་ཅན་དུ་སྟོན་པ་མ་ཡིན་པ་དོན་རྗོད་པར་བྱེད་པ་མ་ཡིན་པ་གཉིས་གཉིས་ཏེ་རྣམ་པ་བཞིའོ། །དེ་རེ་རེ་ལའང་(རྣ་བར་སྙན་པ་དང་མི་སྙན་པས།) ཡིད་དུ་འོང་བ་དང་མི་འོང་བ་གཉིས་གཉིས་ཏེ་དེ་ལྟར་ན་བརྒྱད་དུ་འགྱུར་རོ། །དེ་ལ་སེམས་ཅན་དུ་སྟོན་པ་མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་རྔ་ལས་ཚིགས་སུ་བཅད་པ་འབྱུང་བ་ལ་སོགས་པ་ལྟ་བུའོ། །གཞན་དག་ནི་ཤེས་པར་སླའོ། །འཕགས་པ་ཐོགས་མེད་ཀྱིས་ཟིན་པ་དང་མ་ཟིན་པ་གཉིས་ཀའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྔའི་སྒྲ་ལྟ་བུའོ་ཞེས་གསུངས་པ་ནི་བྱེ་བྲག་ཏུ་སྨྲ་བས་མི་འདོད་དེ། འབྲས་བུའི་གཟུགས་གཅིག་འབྱུང་བ་བཞི་ཚན་གཉིས་ལ་བསྟེན་པར་མི་འདོད་པའི་ཕྱིར་རོ། །འོན་ཀྱང་རྔ་དང་ལག་པ་གཉིས་ཀ་ལས་འབྱུང་བ་ནི་དེ་དག་རྐྱེན་ཙམ་ཡིན་གྱི་རྟེན་ནི་མ་ཟིན་པའི་འབྱུང་བ་ཆེན་པོ་ཡིན་ནོ་ཞེས་བྱ་བ་འདི་འདོད་པ་ཡིན་ནོ། །རོ་ནི་ལྕེའི་དབང་པོའི་སྤྱོད་ཡུལ་ཏེ། དེ་ནི་རྣམ་པ་དྲུག་གོ། མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། བསྐ་བའོ། དྲི་ནི་སྣའི་དབང་པོའི་ཡུལ་ཏེ། དེ་ནི་དྲི་ཞིམ་པ་དང་། ང་བ་གཉིས་ལས་རེ་རེ་ལའང་མཉམ་པ་དང་མི་མཉམ་པ་གཉིས་གཉིས་སུ་ཕྱེ་བས་རྣམ་པ་བཞིའོ། །དེ་ལ་མཉམ་པ་ནི་དྲི་ཞིམ་པ་དང་ང་བ་གཉིས་ཤས་ཆུང་བ་དང་། མི་མཉམ་པ་ནི་ཤས་ཆེ་བ་ཡིན་པར་འདོད་དོ། །བསྟན་བཅོས་ལས་ནི་དྲི་ཞིམ་པ་དང་ང་བ་དང་མཉམ་པ་གསུམ་འབྱུང་སྟེ། དེ་ལ་ཁ་ཅིག་མཉམ་པ་ནི་གསུམ་པ་ཡིན་པར་འདོད་ལ། གཞན་དག་ནི་མཉམ་པ་གཉིས་པོ་དེའི་ཕྱོགས་གཅིག་ཡིན་པས་དོན་ནི་ཁྱད་པར་མེད་དོ་ཞེས་ཟེར་རོ། །ལུས་ཀྱི་དབང་པོའི་སྤྱོད་ཡུལ་ནི་རེག་བྱ་སྟེ། དེ་ནི་(དབྱེ་ན་རྒྱུའི་རེག་བྱ་འབྱུང་བ་བཞི་དང་འབྲས་བུའི་རེག་བྱ་འཇམ་རྩུབ་ལྕི་ཡང་གྲང་བ་བཀྲེས་སྐོམ་བདུན་ཏེ།) བཅུ་གཅིག་གི་བདག་ཉིད་དོ། །གང་ཞེ་ན། རྒྱུའི་རེག་བྱ་སྲ་བ་ལ་སོགས་པ་འབྱུང་བ་བཞི་དང་། འབྲས་བུའི་རེག་བྱ་འཇམ་པ་དང་རྩུབ་པ་དང་ལྕི་བ་དང་ཡང་བ་དང་། གྲང་བ་དང་བཀྲེས་པ་དང་སྐོམ་པ་སྟེ་བདུན་ནོ། །དེ་ལ་གྲང་བ་ནི་སྤྱིར་འབྱུང་བ་(བཞི་ལས་གྲུབ་ཀྱང་ཁྱད་པར་དུ།) ཆུ་དང་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་དྲོ་བ་འདོད་པར་བྱེད་པའོ། །བཀྲེས་པ་ནི་ཕོ་བའི་ནང་དུ་འབྱུང་བ་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་ཟས་འདོད་པར་བྱེད་པའོ། །སྐོམ་པ་ནི་མེ་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་སྐོམ་འདོད་པར་བྱེད་པ་སྟེ། དེ་དག་ལ་ཟས་འདོད་པ་དང་སྐོམ་འདོད་པ་ཞེས་སྨོས་པ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའི་ཕྱིར་རོ། །གཞན་དག་ནི་ཤེས་པར་སླའོ། །
གལ་ཏེ་(དེ་ལྟ་ན་)ལུས་ནང་རེག་པ་ན་ལུས་ཀྱི་དབང་པོའང་རེག་བྱར་འགྱུར་ཏེ། ལུས་ཀྱི་དབང་པོའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེ་ན། དབང་པོ་ནི་རེག་པར་བྱ་བ་མ་ཡིན་གྱི་(རེག་པར་བྱེད་པ་ཡིན་པས།) ལུས་ནང་རེག་པར་སྣང་བ་ནི་ལུས་ཀྱི་ཚོགས་པ་ན་ཡོད་པའི་རྒྱུའི་རེག་བྱ་དང་འབྲས་བུའི་རེག་བྱ་ལ་(ལུས་ཀྱི་)དབང་པོས་རེག་(པར་བྱ།) པ་ལ་དེ་ལྟར་འདུ་ཤེས་པའི་ཕྱིར་རོ། །
དེ་ལ་(གཉིས་པ་ཆོས་ཀྱི་ཁྱད་པར་ལ་བཞི་ལས་ཡུལ་དབང་དེ་དག་ཁམས་དང་ས་གང་ན་ཡོད་པ་ནི།) ལུས་རྣམ་པ་ལྔ་པོ་དེ་དག་འདོད་པ་ན་ནི་ཐམས་ཅད་ཡོད་དོ། །གཟུགས་ཁམས་ན་དྲི་རོ་དང་བཀྲེས་སྐོམ་རྣམས་མེད་དེ། ཁམ་གྱི་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །(ལུས་དང་རྟེན་རྣམས་འོད་ལྟར་དང་པའི་ཕྱིར་དང་གདགས་པ་ལས་གོས་ཀྱང་སྲང་ལ་གཞལ་དུ་མེད་པར་བཤད་པའི་ཕྱིར་ལྕི་བ་ཇི་ལྟར་ཡོད་ཅེ་ན་ཡོད་དེ་གོས་རེ་རེ་ནས་མི་འཇལ་ཡང་བརྩེགས་པ་འཇལ་བས་སོ་གྲང་བ་རྡུལ་ཡིན་པས་ཇི་ལྟར་ཡོད་ཅེ་ན།) གྲང་བའི་རེག་པ་ནི་ཡོད་དེ། གནོད་པར་བྱེད་པའི་རེག་བྱ་མེད་ཀྱང་ཕན་འདོགས་པ་ཡོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །སློབ་དཔོན་རང་གི་གཞུང་ལུགས་ནི་དེ་ན་ཏིང་ངེ་འཛིན་ཁོ་ན་ཕན་པར་བྱེད་པ་ཡིན་པས་དེ་ན་གྲང་བ་བརྟགས་པས་ཅི་ཞིག་ཅེས་བྱ་བ་འདི་ཡིན་ནོ། །(ཏིང་ངེ་འཛིན་ཁོ་ན་ཕན་བྱེད་ཡིན་ན་བསམ་གཏན་དང་པོའི་རྣམ་ཤེས་ཚོགས་གསུམ་གྱི་བདེ་བས་ཕན་མི་འདོགས་པར་འགྱུར་རོ་དེས་ན་ཤིན་ཏུ་སྦྱངས་པའི་རེག་བྱ་ལས་གཞན་པའི་རེག་བྱས་ཕན་འདོགས་པ་མེད་དོ། །)དབང་པོ་རྣམ་པ་ལྔ་ནི་ཁམས་འོག་མ་གཉིས་ན་ཡོད་ཀྱི་གཟུགས་མེད་ན་ནི་དེ་དག་མེད་དེ། གཟུགས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །
(གཉིས་པ།) ཡུལ་གྱིས་རྣམ་ཤེས་སྐྱེད་པའི་ཚུལ་ལ་གཟུགས་ཀྱིས་ནི་རེས་འགའ་མང་པོས་རྣམ་ཤེས་གཅིག་སྐྱེད་པའང་ཡོད་དེ། ཟ་འོག་ལྟ་བུ་ཁ་དོག་དང་དབྱིབས་ཀྱི་གཟུགས་དུ་མས་དེ་འཛིན་པའི་རྣམ་ཤེས་གཅིག་སྐྱེད་པ་ལྟ་བུའོ། །རེས་འགའ་ནི་གཅིག་གིས་དུ་མ་སྐྱེད་པའང་ཡོད་དེ་དུང་གི་གཟུགས་གཅིག་གིས་སྐྱེས་བུ་དུ་མའི་རྣམ་ཤེས་སྐྱེད་པ་ལྟ་བུའོ། །གཅིག་གིས་གཅིག་སྐྱེད་པ་དང་དུ་མས་དུ་མའང་སྐྱེད་པར་ཤེས་པར་བྱའོ། །དེ་བཞིན་དུ་སྒྲ་ལའང་ཤེས་པར་བྱའོ། །ཡུལ་ཐ་མ་གསུམ་པོ་དག་ནི་དབང་པོ་དང་ཕྲད་ནས་འཛིན་པས་ཡུལ་གཅིག་གིས་རྣམ་ཤེས་དུ་མ་སྐྱེད་པ་ནི་མེད་དེ། གང་གཅིག་དང་ཕྲད་པའི་ཡུལ་(ཐོགས་བཅས་ཡིན་པས།) དེ་གཞན་གྱི་དབང་པོ་དང་མི་ཕྲད་པའི་ཕྱིར་དང་། མ་ཕྲད་ན་དེའི་རྣམ་ཤེས་མི་སྐྱེ་བའི་ཕྱིར་རོ། །
རེག་བྱས་ལུས་གྱི་རྣམ་ཤེས་སྐྱེད་པ་ལ་ནི། ཁ་ཅིག་ན་རེ་ཤིན་ཏུ་མང་ན་འབྱུང་བཞི་དང་འཇམ་པ་ཉིད་ལ་སོགས་པ་གང་རུང་ཞིག་དང་ལྔས་སྐྱེད་དོ་ཞེས་ཟེར་ལ། (ལྟོ་བ་བཀུག་པ་ལ་སོགས་པའི་ཚེ་ལུས་ཀྱི་ཕྱོགས་དུ་མ་ནས་འཛིན་པར་བསམས་ནས།) གཞན་དག་ན་རེ་བཅུ་གཅིག་པོ་ཐམས་ཅད་ཀྱིས་སྐྱེད་དོ་ཞེས་ཟེར་རོ། །གཅིག་གིས་གཅིག་སྐྱེད་པ་དང་མང་པོས་གཅིག་སྐྱེད་པ་ནི་ཡོད་དེ། གཅིག་དང་ཕྲད་པ་དང་མང་པོ་དང་ཕྲད་པའི་དབང་པོས་དེ་དག་འཛིན་པའི་རྣམ་ཤེས་གཅིག་སྐྱེད་པའི་ཕྱིར་རོ། །མང་པོས་མང་པོ་སྐྱེད་པ་ནི་ཤེས་པར་སླའོ། །(གལ་ཏེ་དེ་ལྟ་ན་སྒོ་ལྔའི་རྣམ་ཤེས་རྟོག་པར་འགྱུར་ཏེ་སྔོ་སེར་ལ་སོགས་པ་ནས་རེག་བྱ་བཅུ་གཅིག་གི་བར་གྱི་ཚོགས་པ་སྤྱི་ལ་དམིགས་པའི་ཕྱིར་རྟོག་བཅས་ཀྱི་ཡིད་ཤེས་བཞིན་ནོ་ཞེ་ན། སྐྱེ་མཆེད་ཀྱི་སྤྱིའི་མཚན་ཉིད་ལ་དམིགས་ན་རྟོག་པར་འགྱུར་གྱི་རྫས་ཀྱི་སྤྱི་ལ་དམིགས་པས་ནི་རྟོག་པར་མི་འགྱུར་ཏེ་རྫས་ཡོད་ཀྱི་སྤྱི་ལ་དམིགས་པ་ཡིན་ཡང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པ་ལས། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་ཀྱི་རང་གི་རྫས་ཀྱི་མཚན་ཉིད་ཀྱི་ནི་མ་ཡིན་པས་ཉེས་པ་མེད་དོ་ཞེས་པ་དང་། ཚད་མ་ཀུན་ལས་བཏུས་ལས་ཀྱང་དེར་དོན་དུ་མ་སྐྱེད་པའི་ཕྱིར་རོ། །རང་དོན་སྤྱིའི་སྤྱོད་ཡུལ་ཅན། །དུ་མའི་ངོ་བོ་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། །ཞེས་བཤད་དོ། །)དེ་བཞིན་དུ་(གསུམ་པ་ཞར་ལ།) དབང་པོས་རྣམ་ཤེས་སྐྱེད་པ(འི་ཚུལ་ནི་)འང་དབང་པོ་(བཞི་ནི་)རིལ་པོས་རྣམ་ཤེས་སྐྱེད་པ་དང་། ཕྱོགས་གཅིག་གིས་སྐྱེད་པའང་ཡོད་དོ་ཞེས་རིག་པར་བྱའོ། །ཁ་ཅིག་ན་རེ། ལུས་དབང་རིལ་པོས་རྣམ་ཤེས་སྐྱེད་པ་ནི་མེད་དེ། དེ་ནི་ཕྲད་ནས་རྣམ་ཤེས་སྐྱེད་པ་ན་ལུས་རིལ་པོ་རེག་བྱ་དང་ཕྲད་པ་མི་སྲིད་པའི་ཕྱིར་ཏེ། འབར་བའི་སེམས་ཅན་དམྱལ་བའི་ལུས་རིལ་པོ་མེ་དང་ཕྲད་ན་ལུས་ཞིག་པར་འགྱུར་བའི་ཕྱིར་རོ་ཞེས་ཟེར་རོ། །
གཞན་དག་ན་རེ་དེ་ནི་ལས་ཀྱི་དབང་གིས་ལུས་འཛིན་པས་ཞིག་པར་མི་འགྱུར་རོ་ཞེས་ཟེར་རོ། །ཡུལ་དག་གིས་རྣམ་ཤེས་གང་སྔར་བསྐྱེད་པ་ལ་མ་ཕྲད་པར་འཛིན་པ་དག་ནི་ངེས་པ་མེད་ལ། ཕྲད་ནས་འཛིན་པ་དག་ནི་གང་གི་ཡུལ་ཤས་ཆེ་བས་སྔར་སྐྱེད་དོ་ཞེས་རིག་པར་བྱའོ། །(བཞི་པ་ལྕེ་ལུས་གཉིས་སྤྱིར་ཡུལ་དང་ཕྲད་ན་རྣམ་ཤེས་གང་སྔར་སྐྱེ་དཔྱད་པ་ནི།) འོ་ན་ལུས་དང་ལྕེའི་དབང་པོ་གཉིས་ཅིག་ཅར་ཡུལ་དང་ཕྲད་ན་རྣམ་ཤེས་གང་སྔར་སྐྱེ་ཞེ་ན། ཡུལ་ཤས་ཆེ་ཆུང་ཡོད་ན་གང་གི་ཡུལ་ཤས་ཆེ་བ་དེ་སྔར་སྐྱེ་ལ། ཡུལ་མཉམ་པ་དང་ཕྲད་ན་ནི་ལྕེའི་རྣམ་ཤེས་སྔར་སྐྱེ་སྟེ། ཟ་བར་འདོད་པས་(དེ་མ་ཐག་རྐྱེན་གྱིས་གོ་ཕྱེ་ནས།) རྒྱུད་གཏད་པའི་ཕྱིར་རོ། །
ད་ནི་གསུམ་པ་རིག་བྱེད་མ་ཡིན་པ་འཆད་པ་ལ་གཉིས་ལས་དང་པོས་(ལའང་གསུམ་ལས་མཚན་ཉིད།) ནི་ཀུན་ནས་སློང་བའི་སེམས་ལས་གཞན་དུ་གཡེངས་པའི་སེམས་དང་། (དེས་རིག་བྱེད་ལས་ཁྱད་པར་དུ་བྱེད་ལ།) སེམས་མེད་པ་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་གཉིས་པོའི་ཡང་རྗེས་སུ་བྱེད་པ་ཡིན་པ་དང་། (དེས་ནི་སེམས་སེམས་བྱུང་ལས་ཁྱད་པར་དུ་བྱེད་དོ། །)ཡང་གི་སྒྲས་གཟུང་བ་མ་གཡེངས་པ་སེམས་དང་བཅས་པ་སྟེ། རང་ཀུན་ནས་སློང་བའི་སེམས་ཀྱི་ཚེ་ནའང་(གཏོང་རྒྱུ་མ་བྱུང་གི་བར་དུ་རྒྱུན་ཆགས་སུ།) འབྱུང་ཞིང་། ངོ་བོ་དགེ་བ་དང་མི་དགེ་བ་གང་ཡང་རུང་བར་ངེས་པ་སྟེ། (ལུང་མ་བསྟན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ།) རྒྱུན་དུ་རྗེས་སུ་འབྲེལ་བ་(དང་ཐོབ་པའི་རྒྱུན་ལའང་དེ་ཙམ་ཡོད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྐྱེད་པ་དང་རྟེན་པ་དང་གནས་པ་དང་འཕེལ་བའི་རྒྱུ་བྱེད་པའི་མུ།) འབྱུང་བ་ཆེན་(པོ་བཞི།) པོ་རྣམས་རྒྱུར་བྱས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མིན་པ་ཉིད་དུ་བརྗོད་དོ། །
འོ་ན་རིག་བྱེད་མ་ཡིན་པ་རྗེས་སུ་བྱེད་པའི་སེམས་མེད་ཉིད་དུ་ཡོད་ཅེ་ན། སེམས་མེད་ནི་སྤྱིར་རྣལ་འབྱོར་སྤྱོད་པ་བ་ལྟར་ན་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་(འདུ་ཤེས་མེད་པ་བ་རྒྱུ་འབྲས་ལ་ཉོན་ཡིད་དང་ཀུན་གཞི་ཡོད་ཅིང་འགོག་པའི་སྙོམས་འཇུག་ལ།) ཀུན་གཞི་ཡོད་ཀྱང་ཡིད་ཤེས་མེད་པས་སེམས་མེད་ཀྱི་གནས་སྐབས་ལྔ་བཤད་ཅིང་། སའི་དངོས་གཞི་ལས་ལྔ་པོ་དེ་རྣམས་དང་ལྷག་མེད་མྱང་འདས་ཀྱི་དབྱིངས་དང་སེམས་མེད་དྲུག་ཡོད་པ་ལས་དང་པོ་ལྔ་ནི་ཀུན་གཞི་རྣམ་ཤེས་མ་འགགས་པས་ཀུན་རྫོབ་དང་གནས་སྐབས་ཀྱི་སེམས་མེད་ཡིན་ལ། ཕྱི་མ་ནི་ཀུན་གཞིའང་འགགས་པས་དོན་དམ་པའི་སེམས་མེད་དང་། གཞན་ཡང་སེམས་ཕྱིན་ཅི་ལོག་རྟག་པ་ལ་སོགས་པར་འཛིན་པ་དང་། སྨྱོ་བ་དང་སེམས་འཁྲུགས་པ་ལའང་འཁྲུལ་པའི་སེམས་མེད་ཅེས་སེམས་མེད་བཏགས་པ་བ་དང་བདུན་བཤད་ལ།
བྱེ་བྲག་ཏུ་སྨྲ་བའི་བཙུན་པ་དབྱིག་བཤེས་འགོག་པའི་སྙོམས་འཇུག་ཡིད་ཀྱི་རྣམ་ཤེས་དང་བཅས་པར་འདོད་པར་འགྲེལ་པ་དང་། ལས་གྲུབ་པ་དང་། རྟེན་འབྲེལ་གྱི་འགྲེལ་པ་ལ་སོགས་པར་བཤད་ཅིང་། སློབ་དཔོན་དུལ་ལྷས་སྡེ་པ་ཐ་དད་ཀླག་པའི་འཁོར་ལོ་ལས་གནས་བརྟན་པའི་སྡེ་པ་གསུམ་གའང་འགོག་པའི་སྙོམས་འཇུག་སེམས་དང་བཅས་པར་འདོད་པར་བཤད་མོད་ཀྱི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ལྟར་ན་སྤྱིར་སྙོམས་འཇུག་གཉིས་དང་འདུ་ཤེས་མེད་པ་པ་དང་སེམས་མེད་གསུམ་ཁོ་ནར་འདོད་དེ། སློབ་དཔོན་གང་སྤེལ་གྱིས་གཉིད་དང་བརྒྱལ་བ་སེམས་མེད་པར་ཁས་མ་བླངས་པའི་ཕྱིར་དང་ཞེས་བཤད་པའི་ཕྱིར་དང་། ལྷག་མེད་ཀྱི་དབྱིངས་ནི་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆད་པས་རྒྱུད་ཀྱིས་བསྡུས་པའི་སེམས་མེད་མ་ཡིན་པའི་ཕྱིར་དང་། སྨྱོ་བ་ལ་སོགས་པ་ནི་གཡེངས་པའི་སེམས་བཅས་ཡིན་པའི་ཕྱིར་དང་། འདིའི་གཞུང་གོང་འོག་ཀུན་དུའང་སེམས་མེད་གསུམ་པོ་ཁོ་ན་ལས་གཞན་མ་བཤད་པའི་ཕྱིར་རོ། །དེ་ལྟར་སེམས་མེད་གསུམ་ཡོད་ཀྱང་འདིར་ནི་སྙོམས་འཇུག་གཉིས་ཁོ་ན་གཟུང་སྟེ། འདུ་ཤེས་མེད་པ་པ་རྟེན་གཟུགས་ཁམས་པ་ཡིན་པའི་(པས་རིག་བྱེད་མིན་པ་མེད།) ཕྱིར་དང་། (འདུ་ཤེས་མེད་པ་པ།) མཉམ་གཞག་སེམས་བཅས་མ་ཡིན་པས་རིག་བྱེད་མ་ཡིན་པ་མི་སྲིད་པའི་ཕྱིར་དང་། འགྲེལ་པ་ལས་ཀྱང་སེམས་མེད་པའི་ཡང་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པའི་ཡང་ཡིན་པའོ་ཞེས་འདིར་སེམས་མེད་སྙོམས་འཇུག་གཉིས་པོ་ཁོ་ན་ལ་བཤད་པའི་ཕྱིར་དང་། སློབ་དཔོན་གང་བ་སྤེལ་བས་ཀྱང་འདུ་ཤེས་མེད་པ་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་སེམས་མེད་པ་ནི་སྙོམས་པར་འཇུག་པ་གཉིས་ཁོ་ན་ཡིན་ནོ་ཞེས་སྟོན་པར་བྱེད་དོ་ཞེས་བཤད་པའི་ཕྱིར་རོ། །
གལ་ཏེ་དེ་ལྟ་ན་སྙོམས་འཇུག་གཉིས་ཀྱང་མི་སྨོས་པར་འགྱུར་ཏེ། མཉམ་གཞག་སེམས་བཅས་མ་ཡིན་པས་བསམ་གཏན་དང་ཟག་མེད་ཀྱི་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་རོ་ཞེ་ན། དེ་གཉིས་མེད་ཀྱང་འདོད་པའི་རྟེན་ཅན་དེ་གཉིས་ལ་སྙོམས་པར་ཞུགས་པ་ལ་སོ་སོ་ཐར་པའི་སྡོམ་པ་ལ་སོགས་པ་རིག་བྱེད་མ་ཡིན་པ་ཡོད་པའི་ཕྱིར་རོ། །དེ་ཡང་འདིར་རིག་བྱེད་མ་ཡིན་པའི་གཟུགས་དངོས་ལ་བསམ་གྱི། ཐོབ་པ་ནི། གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པས་བདུན་ཡོད་ཅེས་འདུ་ཤེས་མེད་པའི་སེམས་ཅན་དང་གཟུགས་མེད་ཀྱི་འཕགས་པ་ལའང་ཡོད་པར་བཤད་པའི་ཕྱིར་རོ། །འདིར་རྒྱུན་རྗེས་སུ་འབྲེལ་བ་ནི་ཐོབ་ནས་མ་བཏང་གི་བར་དུའོ། །དེ་ལ་གཡེངས་པ་དང་སེམས་མེད་པའི་ཚེ་རྒྱུན་འབྲེལ་པས་ནི་ལུས་ལ་སོགས་པའི་རིག་བྱེད་སེལ་ཞིང་། དགེ་མི་དགེ་ཉིད་དུ་ངེས་པས་ནི་མིག་ལ་སོགས་པ་སེལ་ལ། འབྱུང་བ་ཆེན་པོ་དག་རྒྱུར་བྱས་པས་ནི་ཐོབ་པའི་རྒྱུན་བསལ་ནས་གཟུགས་ཉིད་དུ་ཤེས་པར་བྱེད་དོ། །རིག་བྱེད་མ་ཡིན་པ་ནི་རང་ཀུན་ནས་སློང་བའི་བསམ་པ་གཞན་ལ་རིག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །(ཁ་ཅིག་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནགས་ལ་མེ་ཞུགས་པ་ལྟར་ལུས་ཐམས་ཅད་ལ་ཁྱབ་པར་གནས་པར་བྱེ་བྲག་ཏུ་སྨྲ་བ་འདོད་དོ་ཞེས་འཆད་པ་ནི་མི་རིགས་ཏེ། གཟུགས་མེད་ཁམས་ན་གནས་མེད་དོ། །ཞེས་པའི་འགྲེལ་པ་དང་ཊཱིཀར་རྣམ་པར་རིག་བྱེད་མ་ཡིན་པ་ནི་གཟུགས་ཅན་ཡིན་ལ་ད་ལྟར་གྱི་དག་ཀྱང་ཡུལ་ན་མི་གནས་ཞེས་བྱ་བར་ངེས་པ་ཡིན་ནོ་ཞེས་པ་དང་། གནས་བཞི་པར་རྣམ་རིག་བྱེད་མིན་མ་ཟིན་དང་། །ཞེས་དབང་པོའི་ཚོགས་པ་ན་མེད་པས་སེམས་དང་སེམས་བྱུང་གི་རྟེན་དུ་མི་རུང་བ་དང་། རྡུལ་ཕྲན་བསགས་པའི་གཟུགས་མ་ཡིན་པས་གཟུགས་མེད་ལྟར་ཡུལ་གང་ནའང་མི་གནས་པར་བཤད་པའི་ཕྱིར་རོ། །དེས་ན་འདི་ནི་ལུས་ཀྱི་རིག་བྱེད་ལ་རིག་བྱེད་མ་ཡིན་པར་འཁྲུལ་པ་ཁོ་ནར་ཟད་དོ། །)འདི་དག་གི་མཚན་གཞིའི་དབྱེ་བ་ནི་ལས་བསྟན་པ་ཉིད་དུ་འཆད་པར་འགྱུར་རོ། །(སྒྲ་དོན་ནི་འགྲེལ་པས་གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་གཞན་དག་ལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པའོ། །ཞེས་འབྱུང་བས་རྡུལ་ཕྲན་བསགས་པའི་གཟུགས་མ་ཡིན་ཡང་འབྱུང་བཞི་རྒྱུར་བྱས་པའི་གཟུགས་དང་བྱེད་པ་ལུས་ངག་གི་ལས་ཀྱི་རང་བཞིན་ཡིན་ཡང་ལུས་ངག་གི་རྣམ་པར་རིག་བྱེད་བཞིན་དུ་རང་ཀུན་ནས་སློང་བའི་བསམ་པ་དགེ་མི་དགེ་ལ་སོགས་པ་གཞན་དག་ལ་རྣམ་པར་རིག་ཅིང་གོ་བར་མི་བྱེད་པས་ན་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་སྟེ། འདི་ནི་དགག་པ་གཉིས་ལས་མ་ཡིན་པར་དགག་པ་དང་དེ་ལས་ཀྱང་རྒྱལ་པོ་ལ་སོགས་པ་བྲམ་ཟེ་དང་མི་འདྲ་བ་ལ་བྲམ་ཟེ་མ་ཡིན་པ་ཞེས་ཟེར་བ་ལྟར་རྣམ་པར་རིག་བྱེད་དང་མི་འདྲ་བས་འདྲ་བ་ལ་དགག་པ་ཡིན་ནོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་དངོས་པོ་གང་ཞིག་གཟུགས་ཡིན་ལ་བྱེད་པ་དང་གཞན་ལ་གོ་བྱེད་མ་ཡིན་པ་མིག་སོགས་དབང་པོ་ལྔ་དང་དྲི་རོ་རེག་བྱ་དང་ལུས་ངག་གི་རིག་བྱེད་མ་ཡིན་པའི་གཟུགས་སྒྲ་ལྟ་བུ་དང་། བྱེད་པ་ལས་ཀྱི་རང་བཞིན་ཡིན་ལ་གཟུགས་དང་གཞན་ལ་གོ་བར་མི་བྱེད་པ་ཡིད་ཀྱི་ལས་སེམས་པ་ལྟ་བུ་དང་། གཟུགས་དང་བྱེད་པ་དང་གཞན་ལ་གོ་བྱེད་གསུམ་ག་ཡིན་པ་ལུས་ངག་གི་རྣམ་པར་རིག་བྱེད་ལྟ་བུས་གཟུགས་དང་བྱེད་པ་ཡིན་ལ། གཞན་ལ་གོ་བར་མི་བྱེད་པ་རྣམ་པར་རིག་བྱེད་མ་ཡིན་པ་ལྟ་བུའོ་ཞེས་པའི་མུ་བཞི་བཤད་དོ། །)
དོན་འདི་ལ་སློབ་དཔོན་དགེ་འདུན་བཟང་པོ་ནི། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་སུན་འབྱིན་པར་བྱེད་དེ། འདི་ལྟར་རྒྱུན་དུ་འབྲེལ་པ་ཡིན་ན་རིག་བྱེད་མ་ཡིན་པའི་སྐད་ཅིག་དང་པོ་རྒྱུན་མ་ཡིན་པའི་ཕྱིར་དེ་ལ་མཚན་ཉིད་མ་ཚང་བ་དང་། རྒྱུན་ནི་རྫས་སུ་མེད་པའི་ཕྱིར་དེ་རྫས་སུ་མ་གྲུབ་པར་འགྱུར་ན་བསྟན་བཅོས་ལས་རྫས་སུ་བཤད་པ་དང་འགལ་བ་དང་། གཡེངས་པ་དང་སེམས་མེད་པའི་རྗེས་སུ་འབྲེལ་བ་དགོས་ན་ཏིང་ངེ་འཛིན་ལས་བྱུང་བའི་རིག་བྱེད་མ་ཡིན་པ་(ལ་མེད་པས་དེ།) དེར་མི་འགྱུར་བས་ཉམས་པ་དང་། མ་གཡེངས་པ་དང་སེམས་དང་བཅས་པའི་ཚེ་འབྲེལ་(པར་ཡོད་)པས་ཉེས་པ་མེད་དོ་ཞེས་འདོད་ན་(དགེ་མི་དགེ་བའི།) རིག་བྱེད་ཀྱང་རིག་བྱེད་མ་ཡིན་པར་ཐལ་བས་ན་དེ་མིན་པས་དེ་ཉིད་དུ་ཐལ་བ་དང་། སེམས་གཡེངས་པ་ན་འབྲེལ་པར་བསྟན་པས་སེམས་དང་བཅས་པའི་ཚེ་འབྲེལ་བར་གོ་བའི་ཕྱིར་(རང་འགྲེལ་གྱི་)ཡང་གི་སྒྲ་ལྷག་པ་བརྗོད་པ་དང་། (སེམས་མེད་ལ་ཡོད་པས་ནི་དགེ་བའི་རིག་བྱེད་མིན་པ་ཁྱད་པར་དུ་བསྟན་དགོས་ཏེ་མི་དགེ་བ་མ་སྤངས་ན་སྙོམས་འཇུག་གཉིས་མི་འབྱུང་བས།) བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཞེས་བྱ་བའི་ཁྱད་པར་མ་བསྟན་པའི་ཕྱིར་ཐུན་མོང་མ་ཡིན་པའི་བྱ་བ་ཁྱད་པར་དུ་མ་བྱས་སོ་ཞེས་བརྗོད་ནས། (སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སྐད་ཅིག་མ་དང་པོ་རྒྱུན་མིན་ན་ཕྱི་མའང་མིན་པས་རྒྱུན་མི་སྲིད་པར་ཐལ་བ་དང་། རྒྱུན་རྗེས་སུ་འབྲེལ་པར་འབྱུང་བ་རྫས་སུ་གྲུབ་པ་བསྟན་བཅོས་དང་མི་འགལ་བ་དང་མ་གཡེངས་སེམས་བཅས་ཀྱི་རྗེས་སུ་བྱེད་པས་མཉམ་གཞག་ལ་ཁྱབ་པ་དང་། རིག་བྱེད་ལ་ནི་ལུང་མ་བསྟན་ཡོད་པས་ཁོ་རང་དགེ་མི་དགེ་ཁོ་ནར་ངེས་པས་ཁྱབ་ཆེས་པ་མེད་ལ་ཁམས་གཟུགས་ཅན་བཅུ་ཁོ་ན་ཐོགས་བཅས་སུ་བཤད་པས་ཁོ་ཐོགས་མེད་དུ་གྲུབ་པས་བྱ་བས་ཁྱད་པར་དུ་བྱས་སོ་ཞེས་འཆད་པར་བྱེད་དོ། །སློབ་དཔོན་འདུན་བཟང་།) རང་གི་ལུགས་ཀྱི། བྱས་པ་དང་ཡང་མི་འདྲ་བའི། །སེམས་པའང་སེམས་མེད་པ་ལ་གང་། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེས་དེའི་མཚན་ཉིད་འཇོག་པར་བྱེད་དོ། །ལུགས་གཉིས་ཀ་ལྟར་ནའང་མ་གཡེངས་སེམས་བཅས་ཀྱི་རྗེས་སུ་བྱེད་པས་དེར་འདོད་ན་རིག་བྱེད་ཀྱང་དེར་ཐལ་བ་དང་། སེམས་མེད་ཀྱིའང་རྗེས་སུ་བྱེད་པས་དེར་འདོད་ན་ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་གཉིས་དེ་མ་ཡིན་པར་ཐལ་བའི་ཉེས་པ་ནི་སོ་ན་གནས་སོ། །(དེས་ན་ཐོགས་པ་མེད་པའི་གཟུགས་ཞེས་བརྗོད་ན་སྐྱོན་མེད་དོ། །)
གཉིས་པ་ཞར་ལ་དེའི་རྒྱུ་འབྱུང་བ་བཤད་པ་ནི་འབྱུང་བ་ཆེ་རྣམས་རྒྱུར་བྱས་པ་ཞེས་པའི་འབྱུང་བ་ཆེན་པོ་རྣམས་གང་ཞེ་ན། རྒྱུར་གྱུར་པའི་འབྱུང་བ་ཆེན་པོ་བཞི་པོ་དག་ནི་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་རྣམས་ཏེ། དེ་དག་ལས་འབྲས་བུའི་གཟུགས་རྣམས་འབྱུང་བའི་ཕྱིར་དང་། སེམས་ཅན་གྱི་ལས་ཀྱི་དབང་གིས་ཐོག་མ་མེད་པའི་འཁོར་བ་ནས་ནམ་ཡང་མ་བྱུང་མ་མྱོང་བས་ན་འབྱུང་བའོ། །ཆེན་པོ་ནི་རང་རང་གི་བྱ་བ་ལ་ཤས་ཆེར་འཇུག་པའི་ཕྱིར་རོ། །སློབ་དཔོན་བློ་བརྟན་གྱིས་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྟེན་ཡིན་པས་བརྟེན་པ་གཏོས་ཆེ་བ་དང་། གཟུགས་འདུས་པ་ཐམས་ཅད་ལ་སྲ་བ་ལ་སོགས་པ་ཡོད་པས་ཡོད་པ་རྒྱ་ཆེ་བ་དང་། གནས་པ་ཐ་གྲུ་ཆེ་བའི་ཕྱིར་ཆེན་པོའོ་ཞེས་བཤད་དོ། །ཁམས་ནི་རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་དང་། འབྲས་བུའི་གཟུགས་ཀྱི་རྒྱུའི་ཕྱིར་རོ། །དེ་དག་གི་ལས་གང་ཞེ་ན་འཛིན་པ་དང་སོགས་པའི་སྒྲས་གཟུང་བ་སྡུད་པ་དང་སྨིན་པ་དང་རྒྱས་པར་བྱེད་པ་དག་ནི་རིམ་པ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་གི་ལས་རྣམས་སུ་གྲུབ་པ་ཡིན་ནོ། །
འདིར་བྱེ་བྲག་ཏུ་སྨྲ་བ་(འབྱུང་བ་རེ་རེ་ལའང་གཞན་གསུམ་གསུམ་གྱི་ལས་དམིགས་ཤིང་ལས་ནི་ངོ་བོ་ལ་མ་འཁྲུལ་བས།) འབྱུང་བ་གཅིག་གི་ཚོགས་པ་ནའང་བཞི་ག་ཡོད་པ་ཉིད་དུ་འདོད་ལ། (ལས་དང་ངོ་བོའི་ཁྱད་པར་ནི་སློབ་དཔོན་གང་སྤེལ་གྱིས་ལས་དང་རང་བཞིན་ལ་ཁྱད་པར་ཅི་ཡོད་ཅེ་ན། འབྱུང་བའི་མཚན་ཉིད་དང་ལས་རྣམས་ནི་དུས་གསུམ་པ་དང་། དུས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་མཚན་ཉིད་ནི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བཤད་དོ། །)འདི་ལྟར་སའི་ཚོགས་པ་ན་ཆུ་དང་མེ་དང་རླུང་དག་ཡོད་དེ། སྡུད་པ་དང་སྨིན་པ་དང་བསྐྱོད་པའི་བྱ་བ་ཡོད་པའི་ཕྱིར་ས་བཞིན་ནོ། །དེ་བཞིན་དུ་ཆུ་ལ་སོགས་པ་ལའང་འདེགས་པ་ལ་སོགས་པ་ཡོད་པས་ས་ལ་སོགས་པ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་དོ། །མདོ་སྡེ་པ་ལ་སོགས་པ་དག་གང་སྣང་བ་ནི་མངོན་གྱུར་དུ་ཡོད་ལ། མི་སྣང་བ་ནི་ས་བོན་གྱི་ཚུལ་དུ་ཡོད་ཀྱི་ངེས་པར་མངོན་དུ་གྱུར་བ་ནི་མེད་དོ་ཞེས་བྱ་བར་འདོད་དེ་རྒྱས་པར་འོག་ཏུ་བཤད་པར་བྱའོ། །ས་ལ་སོགས་པའི་མཚན་ཉིད་གང་ཞེ་ན། སྲ་ཞིང་འཐས་པ་དང་། རླན་ཞིང་གཤེར་བ་དང་། དྲོ་བ་ཉིད་དང་། ཡང་ཞིང་གཡོ་བ་རྣམས་ཏེ་གོ་རིམ་བཞིན་ནོ། །
འོ་ན་ནི་མེ་ལ་སོགས་པ་མིག་གིས་མཐོང་ངོ་ཞེས་འཇིག་རྟེན་ན་བརྗོད་པར་ཇི་ལྟར་འགྱུར་ཏེ། དེ་དག་རེག་བྱར་ངེས་པའི་ཕྱིར་རོ་ཞེ་ན་ཞེས་པའམ། ཡང་ན་འགྲེལ་པ་ལས་ས་ལ་སོགས་པ་དང་སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན་ཞེས་འབྱུང་སྟེ། དེ་ལ་གསུང་རབ་ལས་ནི་རེག་བྱ་ལ་བཤད་མོད་ཀྱི་འཇིག་རྟེན་པ་རྣམས་ཀྱི་ཐ་སྙད་དུ་ནི་ཁ་དོག་དང་དབྱིབས་ལ་ས་ཞེས་བྱ་བའི་སྒྲར་བརྗོད་དེ་ས་སྔོན་པོ་དང་གྲུ་བཞི་ལ་སོགས་པར་གྲགས་པའི་ཕྱིར་རོ། །
འོན་ཀྱང་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་གསུང་རབ་ཏུ་སྦྱར་བའང་ཡོད་དེ། མདོ་ལས་གསེར་གྱི་ས་གཞི་ལ་བཻཌཱུཪྱའི་མིག་མངས་རིས་སུ་བྲིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སའི་ཁམས་ལ་དེ་ལྟར་གྲགས་པར་མ་ཟད་ས་ལ་ཇི་ལྟ་བ་བཞིན་དུ་ཆུ་དང་མེའི་ཁམས་ལ་ཡང་འཇིག་རྟེན་ན་ཁ་དོག་དང་དབྱིབས་ལ་གྲགས་ཏེ་ཆུ་སྔོན་པོ་རིང་དུ་འབབ་པ་ཞེས་བྱ་བ་དང་། མེ་དམར་པོ་གྱེན་དུ་འབར་བ་ཞེས་བྱ་བ་ལ་སོགས་པར་གྲགས་པའི་ཕྱིར་རོ། །གསུང་རབ་ལས་ཀྱང་དེ་དང་མཐུན་པར་མཛད་པ་ཡོད་དེ། མདོ་ལས། དེ་ན་ལྕགས་འབར་ས་གཞི་སྟེ། །འབར་བའི་མེ་དང་ལྡན་པ་ཡིན། །དཔག་ཚད་བརྒྱ་ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། །ཞེས་གསུངས་པ་དང་། སློབ་དཔོན་དཔའ་བོས། དེ་ནས་ཨནྡ་རྙིལ་གྱི་འོད་ལྟར་སྔོ། །ཉི་མའི་འོད་ཀྱིས་གནམ་སྔོ་བཞུ་བ་བཞིན། །ཁོ་ར་ཁོར་ཡུག་ཆུ་འགྲམ་བལྟར་མི་མཐོང་། །གཏིང་དཔག་དཀའ་བའི་མཚོ་འཛིང་ནང་དུ་ཞུགས། །ཞེས་གསུངས་པ་ལྟ་བུའོ། །རླུང་གི་ཚོགས་ཀྱི་ཁམས་ནི་གཡོ་བའི་རེག་བྱ་ཉིད་ལ་འཇིག་རྟེན་པའང་རླུང་ཡིན་པར་བརྗོད་དེ། ལུས་ལ་རླུང་རེག་གོ་ཞེས་བྱ་བར་གྲགས་པའི་ཕྱིར་རོ། །ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་དུ་ཁ་དོག་དང་དབྱིབས་ལ་ས་ལ་སོགས་པར་བརྗོད་པ་དེ་དང་འདྲ་བར་རླུང་ལའང་ཁ་དོག་དང་དབྱིབས་ལའང་གྲགས་པ་ཡིན་ཏེ། རླུང་སྐྱ་བོ་བར་སྣང་དུ་སླེབ་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པའི་ཕྱིར་རོ། །གསུང་རབ་ལས་ཀྱང་དེ་དང་མཐུན་པར་མཛད་པ་ཡོད་དེ། རླུང་སྔོ་སྐྱ་གཞུའི་དབྱིབས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །
གཉིས་པ་དེ་ཁམས་དང་སྐྱེ་མཆེད་དུ་བསྟན་པ་ནི། གང་དག་སྔར་གཟུགས་ཀྱི་ཕུང་པོར་བསྟན་པའི་དབང་པོ་ལྔ་དང་དོན་ལྔ་པོ་དེ་དག་ཁོ་ན་ལ་མིག་གི་སྐྱེ་མཆེད་ལ་སོགས་པའི་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་། མིག་གི་ཁམས་ལ་སོགས་པའི་གཟུགས་ཅན་གྱི་ཁམས་བཅུར་འདོད་དེ། དེ་དག་ཉིད་སྐྱེ་བའི་སྒོ་དང་རིགས་ཀྱི་ཆ་ནས་ཡིན་པའི་ཕྱིར་རོ། །(ཁོ་ནས་རིག་བྱེད་མིན་པ་བསལ་ལོ། །)
གཟུགས་སེམས་ལས་གཞན་པའི་ཕུང་ཁམས་སྐྱེ་མཆེད་བཤད་པ།
ད་ནི་གཉིས་པ་གཟུགས་སེམས་ལས་གཞན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་བཤད་པ་ལ་ཚོར་བ་ནི་རང་སྟོབས་ཀྱིས་དོན་གྱི་ཁྱད་པར་མྱོང་བའམ། ཁ་ཅིག་ནི་དོན་དུ་གཉེར་བྱའི་མྱོང་བ་ལ་འདོད་དོ། །དབྱེ་བ་ནི། (ངོ་བོའི་སྒོ་ནས།) བདེ་བ་དང་སྡུག་བསྔལ་བཏང་སྙོམས་གསུམ་མམ། ཡིད་བདེ་དང་ཡིད་མི་བདེ་དང་བཅས་པ་ལྔར་དབྱེའོ། །རྟེན་གྱི་སྒོ་ནས་ལུས་ཚོར་སེམས་ཚོར་གཉིས་སམ། རྣམ་པ་གཅིག་ཏུ་ན་ཚོར་བའི་ཚོགས་དྲུག་གོ། གལ་ཏེ་སེམས་དང་སེམས་བྱུང་གཞན་ལ་མྱོང་བ་ཡོད་ན་དེ་དག་ཀྱང་ཚོར་བར་འགྱུར་ལ། མེད་ན་རིག་པ་ཙམ་དུ་མི་འགྱུར་རོ་ཞེ་ན། རང་སྟོབས་ཀྱིས་མྱོང་བའི་བདག་ཉིད་མ་ཡིན་ཡང་གཞན་སྟོབས་ཀྱིས་མྱོང་བ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ། །དེ་ཡང་སྔོན་པོ་ལ་སོགས་པའི་ཁྱད་པར་ཡོངས་སུ་གཅོད་པའོ། །
དབྱེ་བ་ནི་(ངོ་བོའི་སྒོ་ནས།) དོན་ལ་མཚན་མར་འཛིན་པ་སྔོན་པོ་ལ་སོགས་པར་འཛིན་པ་དང་། ཐ་སྙད་ལ་མཚན་མར་འཛིན་པ་སྐྱེས་པ་དང་བུད་མེད་ཅེས་བྱ་བ་ལ་སོགས་པར་འཛིན་པ་གཉིས་སོ། །ཡང་ན་རྟེན་གྱི་སྒོ་ནས་འདུ་ཤེས་ཀྱི་ཚོགས་དྲུག་གོ། (དམིགས་པའི་སྒོ་ནས་དབྱེ་ན་ཀུན་ལས་བཏུས་ལས་བྱིས་པ་བརྡ་མི་ཤེས་པ་ལྟ་བུ་ཐ་སྙད་ལ་མི་མཁས་པ་དང་མཚན་མ་མེད་པའི་དབྱིངས་འགོག་བདེན་ལ་སྙོམས་པར་ཞུགས་པ་དང་། སྲིད་རྩེ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་གསུམ་མ་གཏོགས་པའི་འདུ་ཤེས་ཐམས་ཅད་ནི་སྒྲོ་བཏགས་མིང་གི་མཚན་མ་དང་འདུས་བྱས་དོན་གྱི་མཚན་མ་དང་། གསལ་བའི་མཚན་མ་དང་བཅས་པས་མཚན་མ་དང་བཅས་པའི་འདུ་ཤེས་དང་། ཐ་སྙད་ལ་མི་མཁས་པ་ལ་སོགས་པའི་འདུ་ཤེས་གསུམ་པོ་དེ་དག་ནི་རིམ་པ་ལྟར་སྒྲ་དོན་འདྲེས་པར་བསྲེ་མི་ཤེས་པས་སྒྲ་བཏགས་མིང་གི་མཚན་མ་མེད་པ་དང་ཡུལ་ཆོས་ཉིད་གསལ་བར་སྣང་བས་སྒྲོ་བཏགས་མིང་གི་མཚན་མ་དང་འདུས་བྱས་དོན་གྱི་མཚན་མ་གཉིས་མེད་པ་དང་། སྲིད་རྩེ་རྒྱུ་བ་མི་གསལ་བས་གསལ་བའི་མཚན་མ་མེད་པས་གསུམ་པོ་དེ་དག་ནི་མཚན་མ་མེད་པའི་འདུ་ཤེས་དང་འདོད་ཁམས་ཤེས་པའི་འདུ་ཤེས་ནི་ཆུང་ངུའི་འདུ་ཤེས་དང་གཟུགས་ཁམས་ཤེས་པའི་འདུ་ཤེས་ནི་རྒྱ་ཆེན་པོར་གྱུར་པའི་འདུ་ཤེས་དང་གཟུགས་མེད་དང་པོ་གཉིས་ཤེས་པའི་འདུ་ཤེས་ནི་ཚད་མེད་པའི་འདུ་ཤེས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པ་ནི་ཅི་ཡང་མེད་པའི་འདུ་ཤེས་ཞེས་པ་དྲུག་བཤད་དོ། །)ཡང་ན་འདོད་པའི་འདུ་ཤེས་རྒྱ་ཆུང་ངུ་དང་། གཟུགས་ཀྱི་འདུ་ཤེས་རྒྱ་ཆེན་པོ་དང་། གཟུགས་མེད་པའི་འདུ་ཤེས་ཚད་མེད་པ་གསུམ་དབྱེའོ། །གལ་ཏེ་འཕགས་པ་རྣམས་ཀྱི་མཉམ་གཞག་གི་ཡེ་ཤེས་ལ་འདུ་ཤེས་ཡོད་ན་མཚན་མར་འཛིན་པར་འགྱུར་ཞིང་། དེ་ལྟ་ན་མཚན་འཛིན་ལས་གྲོལ་བར་བཤད་པ་དང་འགལ་ལ། འདུ་ཤེས་མེད་ནའང་འདུ་ཤེས་སེམས་ཀྱི་ཀུན་འགྲོ་མ་ཡིན་པར་འགྱུར་རོ་ཞེ་ན། འཕགས་པ་རྣམས་ཀྱི་ཡེ་ཤེས་ལའང་རང་ཉིད་གསལ་བ་དང་མི་གསལ་བ་དང་སིམ་གདུང་ལ་སོགས་པའི་ཁྱད་པར་འཛིན་པ་ནི་ཡོད་མོད་ཀྱི་མཚན་མ་ལས་གྲོལ་བར་བཤད་པ་ནི་བདག་གཉིས་སུ་ཞེན་པ་ལས་གྲོལ་བ་ཡིན་པས་སྐྱོན་གཉིས་ལས་གྲོལ་བ་ཉིད་དོ། །
འདུ་བྱེད་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་རྣམ་ཤེས་ཀྱི་ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་ཏེ། དབྱེ་བ་ནི་ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་བྱུང་རྣམས་ནི་མཚུངས་ལྡན་དང་། ཐོབ་པ་ལ་སོགས་པ་རྣམས་ནི་མི་ལྡན་པའི་འདུ་བྱེད་དེ་གཉིས་སོ། །འདི་ནི་བྱེ་བྲག་ཏུ་སྨྲ་བས་མི་ལྡན་པའི་འདུ་བྱེད་རྫས་གྲུབ་ཏུ་འདོད་པས་དེའི་དབང་དུ་བྱས་ནས་བཤད་ཀྱི་གཞན་གྱི་ལུགས་ལ་འབྲས་བུ་མངོན་པར་འདུ་བྱེད་པ་ནི་དེའི་མཚན་ཉིད་དུ་འགྱུར་རོ། །འདིར་སེམས་ལས་བྱུང་བ་དེ་དག་སེམས་ལས་ཐ་དད་པའམ་གཅིག་པ་ཞིག་ཡིན་ཞེ་ན། སྐལ་ལྡན་ཁྱད་པར་ཅན་ལ་སོགས་པ་ནི་གཅིག་ཏུ་འདོད་དེ་སྲིད་པ་འཕོ་བའི་མདོ་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་དང་། །མྱོང་བ་དང་མཚན་མར་འཛིན་པ་ལ་སོགས་པ་ལས་ཐ་དད་ན་བེམ་པོའམ་དངོས་མེད་དང་མཚན་འཛིན་ལས་གྲོལ་བའི་ཡེ་ཤེས་སུ་ཐལ་བར་འགྱུར་བ་ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་ཞེས་འདོད་དོ། །
བཙུན་པ་ཤྲཱི་རཱ་ཛ་ན་རེ་ཚོར་བ་དང་འདུ་ཤེས་ཕུང་པོ་གཞན་དུ་གསུངས་པའི་ཕྱིར་སེམས་ལས་ཐ་དད་ཀྱི་གཞན་ནི་སེམས་ཀྱི་གནས་སྐབས་ལ་བཏགས་པ་ཡིན་ནོ་ཞེས་ཟེར་རོ། །བཙུན་པ་ཀུ་མཱ་རཱ་ཛ་ན་རེ་ཚོར་བ་དང་འདུ་ཤེས་དང་རེག་པ་དང་སེམས་པ་བཞི་ནི་སེམས་ལས་ཐ་དད་ལ། གཞན་ནི་སེམས་ཀྱི་གནས་སྐབས་ལ་བཏགས་པ་ཡིན་ནོ་ཞེས་བྱ་བར་འདོད་དོ། །དེ་དག་ལ་འཕགས་པ་ཐོགས་མེད་ཀྱིས་བསྡུ་བ་ལས། དགེ་སྦྱོང་དང་བྲམ་ཟེ་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་འདོད་ལ་སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། ལྔ་ཉིད་འཐད་པ་མིན་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ་ཞེས་སྐྱོན་བརྗོད་པར་མཛད་དེ། དེའི་དོན་ནི་ཚོར་བ་ལ་སོགས་པ་སེམས་ལས་གཞན་དུ་མ་གྲུབ་ན་ཕུང་པོ་ལྔར་གསུངས་པ་མི་འཐད་པར་ཐལ་བའི་ཕྱིར་དང་། སེམས་ཀྱི་གནས་སྐབས་ལ་ཚོར་བ་ལ་སོགས་པའི་ཕུང་པོར་བཏགས་པར་འདོད་ནའང་སེམས་དང་ཚོར་བ་ལ་སོགས་པ་ལ་མཚན་ཉིད་དང་བྱེད་པ་ཐ་དད་ཡོད་ན་དངོས་པོ་ཐ་དད་དུ་ཐལ་བ་དང་། ཐ་དད་མེད་ན་གནས་སྐབས་དང་གནས་སྐབས་ཅན་གྱི་དབྱེ་བ་ཉིད་མི་འཐད་པའི་སྐྱོན་ཡོད་པའི་ཕྱིར་དང་། སེམས་སེམས་བྱུང་དེ་དག་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་བྱེད་རྒྱུ་ལ་བྱེ་བྲག་མེད་པ་ལ་འབྲས་བུ་ལ་ཁྱད་པར་མི་འཐད་པའི་ཕྱིར་དང་།
མདོ་ལས་ཀྱང་། སེམས་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་དང་། འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་པའི་སེམས་མི་འགྲོལ་ལོ། །གཏི་མུག་གིས་ཀུན་ནས་ཉོན་མོངས་པར་བྱས་པའི་རིག་པ་མི་མཐོང་ཞེས་བྱ་བ་དང་། སེམས་ནི་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱེད་དོ། །དད་པས་རྣམ་པར་བྱང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལུང་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །
གཞན་ཡང་སྐྱོན་འདི་དག་ཀྱང་བརྗོད་པར་བྱ་སྟེ། སེམས་དང་སེམས་བྱུང་རྫས་གཅིག་ཏུ་འདོད་ན་མཚུངས་ལྡན་གྱི་རྒྱུ་མི་སྲིད་པར་འགྱུར་ཏེ། སེམས་དང་སེམས་བྱུང་དག་དེར་བཤད་པ་ན་གཅིག་ཏུ་འདོད་པའི་ཕྱིར་རོ། །གལ་ཏེ་དེ་དག་སྔ་ཕྱི་བ་དག་མཚུངས་ལྡན་གྱི་རྒྱུ་ཡིན་གྱི་དུས་མཉམ་པ་གཅིག་ཡིན་པས་མ་ཡིན་ནོ་ཞེ་ན། དེ་དག་ནི་དུས་མི་མཚུངས་པའི་ཕྱིར་མཚུངས་ལྡན་མ་ཡིན་ནོ། །གཞན་ཡང་སེམས་དད་པ་ལ་སོགས་པའི་དགེ་བ་དང་ཁོང་ཁྲོ་ལ་སོགས་པའི་མི་དགེ་བ་དང་གཅིག་ཡིན་ན་དེའི་ཚེ་སེམས་དེ་དག་ངོ་བོ་ཉིད་ཀྱིས་དགེ་མི་དགེར་འགྱུར་ཏེ། ངོ་བོ་ཉིད་ཀྱི་དགེ་མི་དགེ་དེ་དག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་མཚུངས་ལྡན་གྱིས་དགེ་མི་དགེ་མི་སྲིད་པར་ཐལ་བར་འགྱུར་རོ། །གཞན་ཡང་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་ཉིད་དུའང་མི་འགྱུར་ཏེ། དེ་དང་གཅིག་ཡིན་པའི་ཕྱིར་རོ། །རྒྱུ་འབྲས་གཅིག་ཏུ་འདོད་པ་ནི་སེར་སྐྱ་བའི་ལུགས་ཡིན་ནོ། །སེམས་སྔ་མ་ལས་ཚོར་བ་ལ་སོགས་པ་ཕྱི་མ་བྱུང་བས་ཞེས་བྱ་བའང་རིགས་པ་མ་ཡིན་ཏེ། དེ་དག་མཚུངས་ལྡན་ལྔས་མཚུངས་པར་གནས་པ་ལས་སྔ་ཕྱི་བ་ལ་དེ་མེད་པའི་ཕྱིར། དེས་ན་སེམས་དང་སེམས་བྱུང་ནི་ཐ་དད་པ་ཉིད་དུ་ཤེས་པར་བྱའོ། །གལ་ཏེ་དེ་དག་ཐ་དད་ན་ཁྱད་པར་གང་ཞེ་ན།
དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་པའི་ཕྱིར་དོན་གི་རང་གི་ངོ་བོ་རང་སྟོབས་ཀྱིས་མཐོང་བ་ནི་སེམས་དང་། ཁྱད་པར་རང་སྟོབས་ཀྱིས་མཐོང་བ་ནི་སེམས་ལས་བྱུང་བ་ཡིན་ནོ། །འོ་ན་ནི་སེམས་ལ་དོན་གྱི་ངོ་བོ་སྣང་བ་ན་ཁྱད་པར་སྣང་ན་ནི་དེ་ཉིད་སེམས་ལས་བྱུང་བར་ཡང་འགྱུར་རོ། །ཁྱད་པར་འཛིན་པའི་ཕྱིར་རོ། །མི་སྣང་ན་ངོ་བོ་དང་ཁྱད་པར་མི་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །
དེ་བཞིན་དུ་སེམས་ལས་བྱུང་བ་ལ་ཁྱད་པར་སྣང་བ་ན། ངོ་བོ་སྣང་བ་དང་མི་སྣང་བ་ལའང་འགྱུར་རོ་ཞེ་ན། འདི་ལ་ཁ་ཅིག་སེམས་ལ་ངོ་བོ་སྣང་བ་ན་ཁྱད་པར་སྣང་ཡང་དེར་མ་ཞེན་ལ་ངོ་བོར་ཞེན་པའི་ཕྱིར་རོ་ཞེས་ཟེར་བ་ནི་མ་ཡིན་ཏེ། རྟོག་མེད་ལ་ཞེན་པ་མེད་པའི་ཕྱིར་རོ། །དེས་ན་རང་སྟོབས་ཀྱིས་དོན་གྱི་ངོ་བོ་འཛིན་པ་ན་རང་སྟོབས་ཀྱིས་ཁྱད་པར་མི་སྣང་ཡང་གཞན་སྟོབས་ཀྱིས་སྣང་བའི་ཕྱིར་སྐྱོན་གཉིས་ཀ་ལས་གྲོལ་ལོ། །དེ་བཞིན་དུ་སེམས་ལས་བྱུང་བ་ལའང་བརྗོད་པར་བྱའོ། །གལ་ཏེ་ངོ་བོ་དང་ཁྱད་པར་ནི་དམིགས་པ་དང་རྣམ་པ་ཡིན་ན་སེམས་དང་སེམས་བྱུང་དག་དམིགས་རྣམ་མི་མཚུངས་པར་འགྱུར་ཏེ། སེམས་ནི་ངོ་བོ་ལ་དམིགས་ཤིང་དེའི་རྣམ་པ་འཛིན་ལ། སེམས་བྱུང་ནི་ཁྱད་པར་ལ་དམིགས་པ་ཤིང་དེའི་རྣམ་པ་འཛིན་པའི་ཕྱིར་རོ། །ཞེ་ན། མ་ཡིན་ཏེ། སེམས་དང་སེམས་བྱུང་དེ་དག་ཡུལ་གཅིག་ལ་དམིགས་ནས་དེའི་རྣམ་པ་འཛིན་པར་ནི་གཉིས་ཀའང་ཁྱད་པར་མེད་པའི་ཕྱིར་རོ། །
འོན་ཀྱང་དོན་གྱི་ངོ་བོ་འཛིན་པ་དང་ཁྱད་པར་འཛིན་པ་ནི་འཛིན་སྟངས་ཐ་དད་པ་སྟེ། སེམས་ནི་ཡུལ་རིག་པ་ཙམ་དང་། སེམས་བྱུང་ནི་ཡུལ་དེའི་ཁྱད་པར་མྱོང་བ་ལ་སོགས་པར་སྐྱེ་བའི་ཕྱིར་རོ། །དེ་ལྟ་ནའང་འཛིན་སྟངས་ཀྱང་ཁྱད་པར་མེད་པར་འགྱུར་རོ། །བློའི་འཛིན་སྟངས་ནི་དམིགས་པ་དང་རྣམ་པའི་ཡུལ་ལས་ཡིན་པས་ན་དེ་གཉིས་ཀ་ཁྱད་པར་མེད་པའི་ཕྱིར་དང་། རང་སྟོབས་དང་གཞན་སྟོབས་ཀྱི་ཁྱད་པར་ཀྱང་མེད་པར་ཐལ་བ་ཞེས་བྱ་བ་འདིའི་ལན་བརྗོད་དགོས་སོ། །ཡང་ཡིད་རྟོག་བཅས་ཀྱི་འཁོར་དུ་ཚོར་བ་ལ་སོགས་པ་སྐྱེས་པ་ན་དེ་དག་ཀྱང་རྟོག་པ་ཡིན་ན་རྒྱུད་གཅིག་ལ་རྟོག་པ་དུ་མ་ཡོད་པར་འགྱུར་ན། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་རྣམ་འགྲེལ་ལས་བཤད་པ་དང་འགལ་ལོ། །རྟོག་མེད་ཡིན་ན་སེམས་དང་མཚུངས་ལྡན་མ་ཡིན་པར་འགྱུར་ཏེ། དམིགས་རྣམ་དང་རྫས་ཀྱང་མི་མཚུངས་པའི་ཕྱིར་རོ་ཞེ་ན། ཡིད་རྟོག་བཅས་ཀྱི་འཁོར་དུ་ཚོར་བ་ལ་སོགས་པ་རྟོག་པ་ཡིན་ཀྱང་རིགས་པ་མཁྱེན་པའི་གཞུང་དང་འགལ་བར་མི་འགྱུར་ཏེ། དེ་ནི་གཙོ་བོ་ཡིད་ཀྱི་རྟོག་པ་གཉིས་ཅིག་ཅར་མི་འཇུག་པའི་དབང་དུ་བྱས་ནས་དེ་སྐད་གསུངས་པའི་ཕྱིར་ཏེ།
མདོ་ལས། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་གསུངས་པའི་ཕྱིར་རོ། །སྲིད་པ་འཕོ་བའི་མདོ་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ་ཞེས་བྱ་བས་ནི་ཕྱི་རོལ་གྱི་དོན་འགོག་པ་ཡིན་ལ། དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་བྱ་བས་ནི་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་བྱེད་པ་པོ་སེམས་སེམས་བྱུང་ལས་གཞན་པའི་དབང་ཕྱུག་ལ་སོགས་དགག་པའི་ཕྱིར་ཡིན་ནོ། །དེ་ལྟར་ཞར་ལ་བྱུང་བ་བརྗོད་ནས་དེ་ཁམས་དང་སྐྱེ་མཆེད་དུ་རྣམ་པར་བཞག་པ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་དེ་གསུམ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་། འདུས་མ་བྱས་སྔར་བཤད་པ་རྣམས་དང་བཅས་པ་ནི་སྐྱེ་མཆེད་དུ་གཞག་པ་ནི་ཆོས་ཀྱི་སྐྱེ་མཆེད་དང་། ཁམས་སུ་གཞག་པ་ན་ཆོས་ཀྱི་ཁམས་ཞེས་བྱ་བ་ཉིད་དུ་ཤེས་པར་བྱའོ། །
ད་ནི་གསུམ་པ་རྣམ་ཤེས་ཀྱི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་རྣམ་པར་བཞག་པ་ལ་རྣམ་པར་ཤེས་པའི་མཚན་ཉིད་ནི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པའོ། །དེ་ལ་ནི་སྡེ་པ་དག་གིས་མིག་གི་རྣམ་ཤེས་ལ་སོགས་པ་དྲུག་ཏུ་འདོད་ལ། རྣལ་འབྱོར་སྤྱོད་པ་པའི་སློབ་དཔོན་ཕལ་ཆེ་བ་ནི་དེ་དག་དང་ཀུན་གཞི་དང་ཉོན་ཡིད་དང་བརྒྱད་འདོད་དེ། རྒྱན་མཐུག་པོའི་མདོ་ལས། ཇི་ལྟར་ཟླ་བ་སྐར་ཚོགས་དང་། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །རྣམ་ཤེས་བདུན་དང་ལྷན་ཅིག་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །
ཡང་སློབ་དཔོན་ཡང་དག་བདེན་པ་ནི་དེ་དག་དང་དྲི་མ་མེད་པའི་ཡིད་དང་དགུ་ཡིན་ནོ་ཞེས་ཟེར་རོ། །དགའ་བོ་དང་ཀླུའི་སྡེ་ལ་སོགས་པ་ནི་བྲམ་ཟེའི་ཚོམས་ལས། གང་ཞིག་ལུས་མེད་ཕུག་ན་གནས། །རིང་དུ་འགྲོ་ཞིང་གཅིག་པུ་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེར་ངས་བཤད་དོ། །ཞེས་སེམས་ཀྱི་མཚན་ཉིད་གཅིག་པུ་ཉིད་དུ་གསུངས་པའི་ཕྱིར་དང་། མདོ་གཞན་ལས་ཀྱང་། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་གསུངས་པའི་ཕྱིར་དང་། །སྐྱེ་མཆེད་བཅུ་གཉིས་བསྟན་པའི་མདོ་ལས་ཀྱང་། རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ་ཞེས་གསུངས་པའི་ཕྱིར་རྣམ་ཤེས་ནི་ཡིད་ཀྱི་རྣམ་ཤེས་རྫས་གཅིག་ཉིད་ཡིན་ཏེ། འོན་ཀྱང་དེ་དབང་པོའི་སྒོ་ཐ་དད་ལས་འཐོན་པ་ལས་ནི་རྣམ་པ་དྲུག་ཏུ་མངོན་པ་ཡིན་ནོ་ཞེས་ཟེར་རོ། །
དབུ་མ་པའི་སློབ་དཔོན་ཟླ་བ་གྲགས་པ་ནི་དབུ་མ་ལ་འཇུག་པ་ལས། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིངས་ལོན་ལས་ཀྱང་། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་པ་དང་། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །ཞེས་ཀུན་གཞི་དང་ཉོན་ཡིད་ནི་ཚོགས་དྲུག་ལས་གཞན་པ་མི་སྣང་བའི་ཕྱིར་དང་། ལང་ཀར་གཤེགས་པ་ལ་སོགས་པ་ལས་བསྟན་པའང་བདག་ཆད་པའི་འཇིགས་པ་ཅན་རྣམས་དྲང་བའི་དོན་དུ་གསུངས་པའི་ཕྱིར་ཀུན་རྫོབ་ཏུ་རྣམ་ཤེས་ཀྱི་ཚོགས་དྲུག་ཁོ་ན་ཡིན་པར་འདོད་དོ། །སློབ་དཔོན་གཞན་དག་ནི་ཡང་དག་པར་ན་ཆོས་འགའ་ཡང་གྲུབ་པ་མེད་པའི་ཕྱིར་དང་། ཐ་སྙད་དུ་རྣམ་ཤེས་ཕྱི་མ་གཉིས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཀུན་རྫོབ་ཏུ་རྣམ་པར་ཤེས་པ་ཚོགས་བརྒྱད་ཡིན་ནོ་ཞེས་བརྗོད་དེ། སློབ་དཔོན་གྱིས་ཀྱང་སེམས་འགྲེལ་ལས། དཔེར་ན་རྒྱ་མཚོའི་མཐས་གཏུགས་པའི། །ས་ཡང་གཡོ་བར་བྱེད་པ་ལྟར། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །རྟེན་གྱི་ལུས་ནི་གཡོ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ་ཞེས་འདོད་དོ། །དེ་ལ་དྲི་མ་མེད་པའི་ཡིད་འདོད་པ་ལ་ནི་དེ་འཕགས་པ་རྣམས་ཀྱི་ཡེ་ཤེས་ལ་བརྗོད་ན་ནི་དེ་ནི་ཡིད་ཀྱི་རྣམ་ཤེས་ཡིན་པའི་ཕྱིར་དགུ་པ་མ་ཡིན་ནོ། །སོ་སོའི་སྐྱེ་བོ་ལའང་འདོད་ན་ནི་དེ་དག་འཕགས་པ་ཉིད་དུ་འགྱུར་ཏེ། ཟག་མེད་ཀྱི་ཡེ་ཤེས་ཅན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །རྣམ་ཤེས་ཐམས་ཅད་རྫས་གཅིག་ཏུ་འདོད་པ་ལ་ནི་ཡུལ་གསལ་བ་དང་མི་གསལ་བར་སྣང་བ་དང་། དོན་ཉེ་བ་ལ་ལྟོས་མི་ལྟོས་དང་། དབང་པོ་གཟུགས་ཅན་ལ་ལྟོས་མི་ལྟོས་དང་། སྐྱེ་བ་དང་འགག་པ་ལ་སོགས་པ་འགལ་བའི་ཆོས་མེད་པར་ཐལ་བའི་ཕྱིར་དང་།
བྲམ་ཟེའི་ཚོམས་ལས་ལུས་མེད་པ་དང་ལུས་ཀྱི་ཕུག་ན་གནས་པ་དང་། རིང་དུ་འགྲོ་བ་དང་། གཅིག་པུར་རྒྱུ་བ་དང་གདུལ་དཀའ་བའི་སེམས་ཞེས་གསུངས་པ་ནི་ཡིད་ཀྱི་རྣམ་ཤེས་འབའ་ཞིག་གི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། འཆིང་བ་དང་གྲོལ་བ་ནི་ཡིད་ཀྱིས་བྱེད་པའི་ཕྱིར་དང་། རྣམ་པར་ཤེས་པའི་རྒྱུན་རེ་རེ་བར་གསུངས་པ་ནི་རིགས་མཐུན་པའི་རྣམ་ཤེས་རེ་རེ་བ་ལ་དགོངས་པའི་ཕྱིར་དང་། རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་མཆེད་བཅུ་གཉིས་སུ་བསྡུ་བའི་དབང་དུ་མཛད་ནས་རྣམ་ཤེས་ཚོགས་དྲུག་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པར་གསུངས་པའི་ཕྱིར་ན་དེ་དག་རྣམ་ཤེས་ཐམས་ཅད་རྫས་གཅིག་ཏུ་སྟོན་པ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཞན་དག་ནི་ཇི་ལྟར་གུས་པ་བཞིན་འདོད་པར་བྱའོ། །རྣམ་ཤེས་ཀྱི་ཕུང་པོ་དེ་ཉིད་སྐྱེ་མཆེད་དུ་རྣམ་པར་བཞག་པ་ནི་རྣམ་ཤེས་ཀྱི་ཕུང་པོ་གང་ཡིན་པ་དེ་ཉིད་ནི་ཡིད་ཀྱི་སྐྱེ་མཆེད་ཀྱང་ཡིན་ཏེ། ཡིད་ཀྱང་ཡིན་ལ་རྣམ་ཤེས་ཕྱི་མ་སྐྱེ་བའི་སྒོའང་ཡིན་པའི་ཕྱིར་རོ། །རྣམ་ཤེས་ཀྱི་ཕུང་པོ་དེ་ཉིད་ཁམས་སུ་རྣམ་པར་བཞག་པ་ནི་སེམས་ཀྱི་ཁམས་བདུན་དག་ཏུའང་འདོད་པ་སྟེ། བདུན་གང་ཞེ་ན། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་ཁམས་སོ། །
འོ་ན་རྣམ་ཤེས་དྲུག་ལས་ཐ་དད་པའི་ཡིད་ཀྱི་ཁམས་གང་ཞེ་ན། དེ་དག་ལས་གཞན་ནི་མེད་ཀྱི་མིག་གི་རྣམ་ཤེས་ལ་སོགས་པ་དྲུག་པོ་དེ་དག་ཉིད་ལས་འདས་མ་ཐག་པའི་གནས་སྐབས་ཀྱི་(རྣམ་ཤེས་གཞན་གྱིས་བར་དུ་མ་ཆོད་པའི།) རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་བཏགས་ནས་ཡིད་ཉིད་དུ་བརྗོད་དོ། །(དེ་ལྟ་ན་རྣམ་ཤེས་དྲུག་དང་ཡིད་ཕན་ཚུན་འདུས་པས་ཡིད་གཙོ་ན་ཁམས་བཅུ་གཉིས་དང་རྣམ་ཤེས་གཙོ་ན་ཁམས་བཅུ་བདུན་དུ་འགྱུར་རོ་ཞེ་ན། ཕྱི་མ་ལྟར་ཡིན་ཡང་ཉེས་པ་མེད་དེ། དགོས་པ་ལ་ལྟོས་པའི་ཕྱིར་རོ། །ཡིད་འདས་མ་ཐག་པས་ད་ལྟར་བ་དང་སེམས་བྱུང་བསལ་ལོ། །ཡིད་ད་ལྟར་བ་ནི་བརྟན་པ་ཡིན་ཡང་དེ་ཉིད་དུས་གཞན་ན་ཁམས་ཏེ་བུ་དེ་ཉིད་གཞན་གྱི་ཕར་འགྱུར་བ་ལྟ་བུའོ། །རྣམ་ཤེས་ལྔ་ནི་རང་རང་གི་རིགས་འདྲ་ཕྱི་མ་སྐྱེད་པས་ཁམས་སོ་སོ་ཡིན་ལ། རྒྱུན་འགགས་པའི་རྗེས་སུ་རང་རང་གི་ཡུལ་ལ་འཇུག་པའི་ཡིད་སྐྱེད་པས་ཡིད་ཀྱི་ཁམས་སུ་འཇོག་གོ། དེ་ལ་ནང་གི་ཁམས་ནི་གསུམ་ག་ཐ་དད་ལ། ཕྱིའི་ཁམས་ནི་རིགས་དང་རྣམ་ཤེས་ཐ་དད་ལ། རྣམ་ཤེས་ཀྱི་ཁམས་ནི་རིགས་དང་སྤྱོད་ཡུལ་ཐ་དད་དེ། ཆོས་ཁམས་ནི་ཡིད་ཀྱི་ཐུན་མོང་མིན་པའི་སྤྱོད་ཡུལ་ལོ། །རྣམ་པར་ཤེས་པ་དྲུག་ནི་སྤྱིར་ཡིད་ཀྱི་ཁམས་ཡིན་ནོ། །གང་གི་དེ་མ་ཐག་པ་གང་ཞིག་རྣམ་པར་ཤེས་པ་གཞན་གྱིས་བར་དུ་མ་ཆོད་པ་དེ་ནི་དེའི་རྟེན་ཡིན་གྱི་བར་དུ་ཆོད་པ་ནི་དེའི་རྟེན་མ་ཡིན་ཏེ། འདས་པ་འདི་ནི་གཞན་མ་འོངས་པ་གང་ཞིག་བར་མ་དེས་བར་དུ་མ་ཆོད་པའི་རྟེན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སེམས་མེད་པའི་གནས་སྐབས་ན་སྙོམས་པར་འཇུག་པའི་འཇུག་སེམས་འདས་ན་ཡུན་རིང་ཡང་རྣམ་ཤེས་གཞན་གྱིས་བར་མ་ཆོད་པའི་ཕྱིར་འཇུག་པའི་སེམས་ལྡང་བའི་སེམས་ཀྱི་རྟེན་ཡིན་ནོ། །)དགོས་པ་གང་གི་དོན་དུ་ཞེ་ན། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་གྱི་རྟེན་དབང་པོ་ནི་ཡོད་དོ་ཞེས་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པའི་བདག་རྐྱེན་ནི་མིག་གི་ཁམས་ལ་སོགས་པ་ཡིན་པར་བསྟན་ནས་ཡིད་ཀྱི་ཁམས་མ་བསྟན་ན་ནི་ཡིད་ཀྱི་རྣམ་ཤེས་ལ་བདག་རྐྱེན་མེད་པ་ཉིད་དུ་དྭོགས་པར་འགྱུར་བས་ཡིད་ཀྱི་ཁམས་རྣམ་ཤེས་དྲུག་ལས་ཐ་དད་དུ་མེད་ཀྱང་ཁམས་ཐ་དད་དུ་ཕྱེ་ནས་བཤད་དེ། དེ་ལྟར་ན་ཁམས་ནི་བཅོ་བརྒྱད་དག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བར་འདོད་དོ། །དེ་ལྟ་མ་ཡིན་ན་རིགས་ཀྱི་སྒོ་ནས་ཁམས་སུ་འཇོག་ན་གྲངས་བཅུ་གཉིས་སུ་ཐལ་བར་འགྱུར་ཏེ། རྣམ་ཤེས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པའི་ཕྱིར་རོ། །རྫས་ཀྱི་སྒོ་ནས་ཡིན་ན་ནི་བཅུ་བདུན་དུ་ཐལ་བར་འགྱུར་ཏེ། རྣམ་ཤེས་ནི་རྫས་དྲུག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་འདོད་པ་ཡིན་ནོ། །གོས་དམར་པའི་སྡེ་པ་ནི་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་སྙིང་གི་དངོས་པོར་འདོད་ཅིང་དེ་ནི་གཟུགས་མེད་ནའང་ཡོད་པར་འདོད་ལ། རྣལ་འབྱོར་སྤྱོད་པ་པ་ནི་ཉོན་ཡིད་ཉིད་ཡིད་ཀྱི་ཁམས་ཡིན་པར་འདོད་དོ། །
བཞི་པ་མདོར་བསྡུས་པའི་དོན་ནི་(ཕུང་པོས་འདུས་བྱས་ཐམས་ཅད་དང་ཉེར་ལེན་ཀྱི་ཕུང་པོས་ཟག་བཅས་ཐམས་ཅད་དང་སྐྱེ་མཆེད་དང་ཁམས་ཀྱིས་ཆོས་ཐམས་ཅད་བསྡུས་ལ། དེ་བས་ཀྱང་མདོར་བསྡུ་ན།) གཟུགས་ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་གཅིག་སྟེ་རྣམ་པ་གསུམ་པོ་དག་གིས་ནི་ཆོས་ཐམས་ཅད་བསྡུས་ཏེ། གཟུགས་ཀྱི་ཕུང་པོས་ནི་གཟུགས་ཀྱི་ཕུང་པོ་དང་གཟུགས་ཅན་གྱི་ཁམས་བཅུ་དང་སྐྱེ་མཆེད་བཅུ་དང་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྡུས་པའི་ཕྱིར་དང་། ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་ཤེས་ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་སེམས་ཀྱི་ཁམས་བདུན་བསྡུས་པའི་ཕྱིར་དང་། ཆོས་ཀྱི་ཁམས་ཀྱིས་ནི་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་རིག་བྱེད་མ་ཡིན་པའི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་གསུམ་དང་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་རྣམས་བསྡུས་ཏེ། འདིར་རྣམ་པར་རིག་བྱེད་མ་ཡིན་པ་ནི་ལན་གཉིས་བསྡུས་སོ་ཞེས་ཊཱི་ཀ་ལས་བཤད་དེ། གཟུགས་ཀྱི་ཕུང་པོ་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀར་གཏོགས་པའི་ཕྱིར་རོ་དེ་དག་ལས་གཞན་པའི་ཆོས་ཀྱང་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །ཇི་ལྟར་བསྡུས་ཤེ་ན་རང་གི་ངོ་བོ་ཉིད་ཀྱིས་རང་གི་ངོ་བོ་ཉིད་བསྡུས་པ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ལས་གཞན་གྱི་དངོས་པོའི་ཆོས་དང་མི་ལྡན་པའི་ཕྱིར་ཏེ་འདུས་བྱས་ཐམས་ཅད་མི་རྟག་པས་བསྡུས་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཆོས་རྣམས་ནི་གཞན་གྱི་དངོས་པོ་དང་མི་ལྡན་པའི་ཕྱིར་གཞན་གྱིས་གཞན་བསྡུས་པར་ནི་མི་འཐད་དོ། །དེས་ན་དེ་དག་རང་གིས་རང་བསྡུས་པ་ཡིན་ནོ། །
འོ་ན་སྟོན་པས་འཁོར་བསྡུས་སོ་ཞེས་བྱ་བ་ཇི་ལྟར་བསྟན་ཞེ་ན། དེ་ནི་རེས་འགའ་བསྡུས་ཀྱང་རེས་འགའ་མ་བསྡུས་པའི་ཕྱིར་བཏགས་པ་བ་ཡིན་གྱི་བསྡུས་པ་ཡང་དག་པ་བ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །(གལ་ཏེ་སྡུད་བྱེད་གསུམ་གྱིས་བསྡུ་བྱ་སུམ་ཅུ་རྩ་གཉིས་བསྡུས་པ་དེ་དག་བྱས་པས་མི་རྟག་པ་ལྟར་རང་གིས་རང་བསྡུས་པའི་བསྡུ་བ་མཚན་ཉིད་པའམ། འོན་ཏེ་སྟོན་པས་བསྡུ་དངོས་བཞིས་འཁོར་བསྡུས་པ་ལྟར་གཞན་གྱིས་གཞན་བསྡུས་པའི་བསྡུ་བ་བཏགས་པ་བ་ཡིན་ཞེ་ན། དེ་དག་ནི་རང་གིས་རང་བསྡུས་པའི་བསྡུ་བ་མཚན་ཉིད་པ་ཡིན་གྱི་བཏགས་པ་བ་ནི་མ་ཡིན་ཏེ། རིམ་པ་ལྟར་བསྡུ་བྱ་དེ་དག་སྡུད་བྱེད་དེ་དག་གི་རང་གི་ངོ་བོ་ཉིད་ཀྱིས་ཏེ་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། གཞན་གྱི་དངོས་པོ་དང་མི་ལྡན་པའི་ཕྱིར་རོ། །)
ལྔ་པ་ཁམས་མང་བར་ཐལ་བའི་རྩོད་པ་སྤང་བ་ནི་འོ་ན་མིག་དང་རྣ་བ་དང་སྣ་དག་གཉིས་གཉིས་ཡོད་པའི་ཕྱིར་ཁམས་ཉི་ཤུ་རྩ་གཅིག་ཏུ་ཐལ་ལོ་ཞེ་ན། མིག་ལ་སོགས་པ་གཉིས་གཉིས་ཡོད་པ་ནི་བདེན་མོད་ཀྱི་གཉིས་པོའང་མིག་གི་རང་བཞིན་དུ་རིགས་འདྲ་(ཞིང་མཚན་ཉིད་གཅིག)བའི་ཕྱིར་དང་། སྤྱོད་ཡུལ་གཟུགས་སུ་འདྲ་བའི་ཕྱིར་དང་། འབྲས་བུ་གཟུགས་འཛིན་པའི་རྣམ་པར་ཤེས་པར་འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད་དུ་བཤད་དེ། རྣ་བ་ལ་སོགས་པ་ལའང་དེ་བཞིན་དུ་ཤེས་པར་བྱའོ། །འོ་ན་གཉིས་གཉིས་ལ་དགོས་པ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། རྟེན་གྱི་ལུས་མཛེས་པར་བྱ་བའི་ཕྱིར་ན་མིག་ལ་སོགས་པ་གཉིས་གཉིས་འབྱུང་ངོ་། །དེ་ཡང་དབང་པོ་གཉིས་ལ་སྲེད་པ་དང་བཅས་པས་ལས་བསགས་པའི་ཕྱིར་དེའི་དབང་གིས་འབྱུང་བ་ཡིན་གྱིས་མཛེས་པར་འདོད་པ་ཙམ་གྱིས་ནི་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །
སློབ་དཔོན་འདུན་བཟང་ནི་རྣམ་ཤེས་གསལ་པོར་བྱ་བའི་ཕྱིར་ཡིན་ནོ་ཞེས་འདོད་པ་ལ། སློབ་དཔོན་རྒྱལ་པོའི་སྲས་ནི་དེ་ནི་རྒྱ་ཆེན་པོ་གཅིག་གིས་ཀྱང་འགྲུབ་པའི་ཕྱིར་དགོས་པ་མེད་དོ་ཞེས་འཆད་མོད་ཀྱི་བྱེ་བྲག་ཏུ་བཤད་པ་ལས་ནི། ཁ་ཅིག་ན་རེ་མཛེས་པར་བྱ་བའི་ཕྱིར་གཉིས་བྱུང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་གསལ་བར་བྱ་བའི་ཕྱིར་རོ་ཞེས་ཟེར་རོ་ཞེས་གཉིས་ཀའང་བཤད་དོ། །
གཉིས་པ་མཚན་ཉིད་བསྟན་པ་ལ་ཆོས་དུ་མ་སྤུངས་པའི་དོན་ནི་ཕུང་པོའི་མཚན་ཉིད་ཡིན་ཏེ། དངོས་པོའི་ཆོས་དུ་མ་ཚོགས་ཤིང་འདུས་པའི་ཕྱིར་ཏེ། མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་པོ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་གསུངས་པའི་ཕྱིར་རོ། །མདོའི་དོན་བྱེ་བྲག་ཏུ་སྨྲ་བ་འདས་པ་ལ་སོགས་པ་ནི་དུས་གསུམ་གྱིས་བསྡུས་པའི་གཟུགས་སོ། །ནང་གི་ནི་རང་གི་རྒྱུད་ཀྱིས་བསྡུས་པའོ། །དེ་ལས་གཞན་ནི་ཕྱིའི་ཡིན་ནོ། །ཡང་ན་ནང་དང་ཕྱིའི་སྐྱེ་མཆེད་ཀྱི་གཟུགས་སོ། །རགས་པ་དང་ཕྲ་བ་ནི་ཐོགས་བཅས་དང་ཐོགས་མེད་དམ། ཡང་ན་རྡུལ་ལ་སོགས་པ་ལྟོས་པ་ལ་ལྟོས་ནས་ཕྲ་རགས་སུ་གཞག་གོ། ངན་པ་དང་གྱ་ནོམ་པ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །རིང་བ་ནི་འདས་པ་དང་མ་འོངས་པའོ། །ཉེ་བ་ནི་ད་ལྟར་བྱུང་བའོ། །དེ་བཞིན་དུ་རྣམ་ཤེས་ཀྱི་བར་དུའང་ཤེས་པར་བྱ་སྟེ། འོན་ཀྱང་ཁྱད་པར་འདི་ཡོད་དེ། རགས་པ་དང་ཕྲ་བ་ནི་དབང་པོ་ལྔ་ལ་བརྟེན་པ་དང་ཡིད་ལ་རྟེན་པའམ། ཡང་ན་ལས་ལས་རིག་པར་བྱའོ་ཞེས་འཆད་དོ། །བཙུན་པ་ནི་འདས་པ་ལ་སོགས་པ་ནི་རང་གི་མིང་གིས་བསྟན་ལ། རགས་པ་དང་ཕྲ་བ་ནི་དབང་པོ་ལྔ་དང་ཡིད་ཀྱིས་གཟུང་བར་བྱ་བའོ། །ངན་པ་དང་གྱ་ནོམ་པ་ནི་ཡིད་དུ་མི་འོང་བ་དང་འོང་བའོ། །རིང་བ་དང་ཉེ་བ་ནི་ཡུལ་མི་སྣང་བ་དང་སྣང་བ་ཅན་ནོ། །ཚོར་བ་ལ་སོགས་པ་ལའང་དེ་བཞིན་དུ་ཤེས་པར་བྱའོ། །རིང་བ་དང་ཉེ་བ་ནི་རྟེན་གྱི་ལུས་ཉེ་རིང་ལས་ཡིན་ལ། རགས་པ་དང་ཕྲ་བ་ནི་སྔ་མ་བཞིན་ནོ་ཞེས་འཆད་དོ། །ཕུང་པོ་ལྔ་པ་ལས་ནི། དང་པོ་གསུམ་དུས་དང་། ཕྱི་ནང་རྒྱུད་དང་། ཕྲ་རགས་རྣམ་པ་དང་། ངན་པ་གྱ་ནོམ་འགྲོ་བ་དང་། ཐག་ཉེ་རིང་ཡུལ་གྱིས་བསྡུས་པ་ལ་བཤད་དོ། །དབུས་མཐའ་ལས་ནི། ཐོག་མ་དུ་མ་ཉིད་དང་ནི། །བསྡུས་དང་ཡོངས་སུ་ཕྱེ་བའི་དོན། །ཞེས་གསུངས་ཏེ། ཐོག་མ་ཁོ་ནར་ཕུང་པོ་རྣམས་འདས་པ་ལ་སོགས་པ་དུ་མར་བསྟན་པ་དང་། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་པའི་དོན་གྱིས་ཕུང་པོར་བསྟན་པ་དང་། གཟུགས་ལ་སོགས་པ་རང་རང་གི་མཚན་ཉིད་ཐ་དད་དུ་ཡོངས་སུ་ཕྱེ་བའི་དོན་གྱིས་ཕུང་པོར་གཞག་པའོ། །
གལ་ཏེ་ཆོས་དུ་མ་སྤུངས་པ་ཕུང་པོ་ཡིན་ན་སྐད་ཅིག་དང་རྡུལ་ཕྲ་མོ་གཅིག་ཕུང་པོ་མ་ཡིན་པར་འགྱུར་ཏེ། དེའི་མཚན་ཉིད་མེད་པའི་ཕྱིར་རོ་ཞེ་ན། (བྱ་བའི་ཁུར་ཁྱེར་བའི་དོན་དམ་ཡོངས་སུ་ཆད་པའི་དོན་ནི་ཕུང་པོའི་དོན་ཡིན་པ་ལ། དེས་ན་རྡུལ་ཕྲ་རབ་ཡང་ཕུང་པོ་ཡིན་ཏེ་རང་གི་བྱ་བའི་ཁུར་ཁྱེར་ནུས་པའི་ཕྱིར་དང་། གཟུགས་ཀྱི་ཕུང་པོར་ཡོངས་སུ་ཆད་པའི་དོན་ཡིན་པས་སོ། །དེས་ན་རྡུལ་ཕྲ་རབ་དང་འདས་པ་སོགས་རེ་རེའང་ཕུང་པོ་ཡིན་ཏེ་དཔེར་ན་སྐྲ་དང་སྤུ་དག་གོ་ཞེས་སྐྲ་ལ་སོགས་པ་རེ་རེ་ཡང་ཁམས་ཡིན་པར་བསྟན་པ་བཞིན་ནོ་ཞེས་ལན་འདེབས་པ་དང་ཡང་ན།) དེ་དག་ཀྱང་ལྡོག་པའི་ཆ་དུ་མ་སྤུངས་པའམ། ཡང་ན་དེ་དག་ཚོགས་པ་ཕུང་པོ་ཡིན་གྱི་གཅིག་པུ་ནི་ཕུང་པོ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཕུང་པོའང་བཏགས་པའི་ཡོད་པ་ཉིད་དུ་བཤད་དེ། བྱེ་བྲག་ཏུ་བཤད་པ་ལས། གལ་ཏེ་ཆོས་མངོན་པ་བ་ཞིག་ཕུང་པོ་བཏགས་པའི་ཡོད་པར་ལྟ་ན་ནི་དེ་རྡུལ་ཕྲ་རབ་ཁམས་གཅིག་དང་སྐྱེ་མཆེད་གཅིག་དང་ཕུང་པོ་གཅིག་གི་ཕྱོགས་ཡིན་ནོ་ཞེས་སྨྲའོ། །འོན་ཏེ་མི་ལྟ་ན་ནི་དེ་རྡུལ་ཕྲ་རབ་ཁམས་གཅིག་དང་སྐྱེ་མཆེད་གཅིག་དང་ཕུང་པོ་གཅིག་ཡིན་ནོ་ཞེས་སྨྲའོ་ཞེས་བཤད་པའི་ཕྱིར་རོ། །སེམས་དང་སེམས་བྱུང་རྣམས་སྐྱེ་བའི་སྒོར་གྱུར་པའི་དོན་ནི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་ཏེ། དེ་ལ་མིག་སོགས་དྲུག་ནི་བདག་རྐྱེན་གྱི་ཚུལ་གྱིས་སྐྱེ་བའི་སྒོ་ཡིན་ལ། གཟུགས་སོགས་དྲུག་ནི་དམིགས་རྐྱེན་གྱི་ཚུལ་གྱིས་སྐྱེ་བའི་སྒོ་ཡིན་ནོ། །རིགས་ཀྱི་དོན་ནི་ཁམས་རྣམས་ཀྱི་མཚན་ཉིད་ཡིན་ཏེ། དེ་ཡང་རྒྱུའི་དོན་དང་། རང་བཞིན་གྱི་དོན་གཉིས་ལ་འཇུག་སྟེ། །དཔེར་ན་ཉན་རང་གི་རིགས་ལ་སོགས་པ་ལྟ་བུ་དང་རྒྱལ་པོ་དང་བྲམ་ཟེའི་རིགས་ལ་སོགས་པ་ལྟ་བུའོ། །འདིར་ནི་གཉིས་ཀ་ལྟར་ཡང་རིགས་ཡིན་ཏེ། དེ་དག་རང་རང་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་དང་། རང་བཞིན་མི་འདྲ་བ་བཅོ་བརྒྱད་ཡོད་པའི་ཕྱིར་རོ། །དེ་ལྟར་ན་སྤུངས་པའི་དོན་དང་སྐྱེ་བའི་སྒོའི་དོན་དང་རིགས་ཀྱི་དོན་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ཡིན་པར་ཤེས་པར་བྱའོ། །(དབུས་མཐའ་ལས་ནི་ཚོར་དང་དོན་རྣམས་ཡོངས་གཅོད་ཀྱི། །ཉེར་སྤྱོད་འབྱུང་སྒོ་གཞན་ཡིན་ནོ། །ཞེས་ནང་གི་སྐྱེ་མཆེད་དྲུག་ནི་ཚོར་བའི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོ་ཡིན་ལ། ཕྱིའི་སྐྱེ་མཆེད་དྲུག་ནི་དོན་ཡོངས་སུ་གཅོད་པའི་ཉེ་བར་སྤྱོད་པའི་སྐྱེ་བའི་སྒོ་ཡིན་པའི་ཕྱིར་ཕུང་པོ་དང་ཁམས་ལས་གཞན་སྐྱེ་མཆེད་དྲུག་ཡིན་པར་བཤད་ལ། དེ་ཉིད་ལས་འཛིན་དང་གཟུང་དང་དེ་འཛིན་པའི། །ས་བོན་དོན་དེ་གཞན་དུ་འདོད། །ཅེས་འཛིན་པའི་ས་བོན་གྱི་དོན། ནང་གི་ཁམས་དྲུག་དང་། གཟུང་བའི་ས་བོན་གྱི་དོན། ཕྱིའི་ཁམས་དྲུག་དང་། གཟུང་བ་དེ་དག་འཛིན་པའི་ས་བོན་གྱི་དོན། རྣམ་པར་ཤེས་པའི་ཁམས་དྲུག་ཡིན་པས་ཕུང་པོ་དང་སྐྱེ་མཆེད་ལས་གཞན་ཁམས་བཅོ་བརྒྱད་དུ་འདོད་དེ། ཁམས་ནི་ས་བོན་ཡིན་ལ་དེ་ཡང་འབྲས་བུ་གསུམ་ལ་ལྟོས་ནས་འཛིན་པའི་ཁམས་དང་གཟུང་བའི་ཁམས་དང་དེ་དག་འཛིན་པའི་ཁམས་དྲུག་དྲུག་སྟེ་བཅོ་བརྒྱད་དུ་རྣམ་པར་བཞག་གོ་ཞེས་བཤད་དོ། །)
གསུམ་པ་དེ་དག་བསྟན་པའི་དགོས་པ་ནི་ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་གསུངས་ཏེ་རྫས་ཐ་དད་མེད་པས་དེ་དག་རེ་རེས་ཀྱང་འདུས་བྱས་དང་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཞེ་ན། དེ་ལྟ་མོད་ཀྱི་དགོས་པ་ལ་ལྟོས་ནས་རྣམ་པ་གསུམ་བསྟན་ཏེ། འདི་ལྟར་འཇིག་རྟེན་གདུལ་བྱ་རྣམས་ནི་རྨོངས་པ་རྣམ་པ་གསུམ་དང་། དབང་པོ་རྣམ་པ་གསུམ་དང་། འདོད་པ་རྣམ་པ་གསུམ་དང་ལྡན་པས་དེ་དག་གི་དོན་གྱི་ཕྱིར་ཕུང་པོ་དང་སོགས་པས་བསྡུས་པ་སྐྱེ་མཆེད་དང་ཁམས་རྣམ་པ་གསུམ་དུ་བསྟན་ཏོ། །དེ་ལ་སེམས་ལས་བྱུང་བ་ལ་རིལ་པོར་འཛིན་པའི་རྨོངས་པ་བཟློག་པའི་ཕྱིར་ཕུང་པོ་ལྔར་བསྟན་ཏེ། སེམས་བྱུང་ལ་ཚོར་བ་ལ་སོགས་པ་ཕུང་པོ་གསུམ་དུ་ཕྱེ་བའི་ཕྱིར་རོ། །གཟུགས་ལ་རིལ་པོར་འཛིན་པའི་རྨོངས་པ་བཟློག་པའི་ཕྱིར་སྐྱེ་མཆེད་བཅུ་གཉིས་སུ་བསྟན་ཏེ། གཟུགས་ལ་སྐྱེ་མཆེད་བཅུར་ཕྱེ་ནས་གསུངས་པའི་ཕྱིར་རོ། །གཟུགས་དང་རྣམ་ཤེས་ལ་རིལ་པོར་འཛིན་པའི་རྨོངས་པ་བཟློག་པའི་ཕྱིར་ཁམས་བཅོ་བརྒྱད་དུ་བསྟན་ཏེ་གཟུགས་ལ་ཁམས་བཅུ་དང་རྣམ་ཤེས་ལ་ཁམས་བདུན་དུ་ཕྱེ་ནས་གསུངས་པའི་ཕྱིར་རོ། །སློབ་དཔོན་གང་སྤེལ་ནི་བདེ་བར་གཤེགས་པའི་དགོངས་པ་ནི་ཤེས་པར་དཀའ་མོད་ཀྱི་རྟོག་གེས་བརྟགས་ན་འདི་ལྟར་སྣང་སྟེ། གང་ཞིག་སེམས་བྱུང་ལ་རྨོངས་པ་དེ་ནི་རྨོངས་པའི་རྣམ་པ་ཆུང་བ་ཡིན་ཏེ། དངོས་པོ་ཕྲ་བ་དང་རིགས་མཐུན་པ་ལ་རྨོངས་པའི་ཕྱིར་རོ། །གང་ཞིག་གཟུགས་ལ་རྨོངས་པ་དེ་ནི་རྨོངས་པའི་རྣམ་པ་འབྲིང་པོ་ཡིན་ཏེ། དངོས་པོ་རགས་ཤིང་རིགས་མཐུན་པ་ལ་རྨོངས་པའི་ཕྱིར་རོ། །གང་ཞིག་གཟུགས་དང་སེམས་གཉིས་ཀ་ལ་རྨོངས་པ་དེ་ནི་རྨོངས་པའི་རྣམ་པ་ཆེན་པོ་ཡིན་ཏེ། དངོས་པོ་ཕྲ་བ་དང་རགས་པ་དང་རིགས་མཐུན་པ་དང་མི་མཐུན་པ་ཐམས་ཅད་ལ་རྨོངས་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་བསྟན་པས་འཇིག་ཚོགས་ལ་རིལ་འཛིན་སྔོན་དུ་འགྲོ་བ་ཅན་ལྡོག་ཅིང་། དེ་ལོག་པས་དེ་སྔོན་དུ་འགྲོ་བ་ཅན་གྱི་ཉོན་མོངས་པ་ལྡོག་གོ་ཞེས་འཆད་དོ། །ཡང་དབང་པོ་རྣོན་པོའི་(འགོ་སྨོས་པས་གོ་བ།) དབང་དུ་མཛད་ནས་ཕུངཔོ་ལྔ་(ཁམས་སྐྱེ་མཆེད་རང་གིས་དེའི་ཞར་ལ་རྟོགས་པས།) དང་། འབྲིང་པོའི་(རྣམ་པར་སྤྲོས་ན་གོ་བ།) དབང་དུ་མཛད་ནས་སྐྱེ་མཆེད་བཅུ་གཉིས་(བསྟན་ཏེ་ཁམས་ཞར་ལ་རྟོགས་པ།) དང་། རྟུལ་པོའི་(ཚིག་ལྷུར་ལེན་པ།) དབང་དུ་མཛད་ནས་ཁམས་བཅོ་བརྒྱད་དུ་(རྒྱས་པར་མ་བཤད་ན་མི་གོ་བ་དེ།) བཤད་དོ། །
ཡང་ཞི་གནས་སྤྱད་པ་ཚིག་བསྡུས་པ་ལ་དགའ་བ་དང་། ཞི་གནས་དང་ལྷག་མཐོང་གཉིས་ཀ་སྤྱད་པ་འབྲིང་ལ་དགའ་བ་དང་། ལྷག་མཐོང་སྤྱད་པ་རྒྱས་པ་ལ་དགའ་བའི་འདོད་པ་གསུམ་གྱི་ཕྱིར་ཡང་ཕུང་པོ་ལ་སོགས་པ་གསུམ་བསྟན་ཏོ། །དེའི་ཕྱིར་བྱེ་བཤད་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཤད་པ་ཐམས་ཅད་ནི་སེམས་ཅན་གྱི་དོན་དུ་འགྱུར་བ་དང་། ཉོན་མོངས་པའི་གཉེན་པོ་ཡིན་པས་དགོས་པ་དང་བཅས་པའོ་ཞེས་བཤད་དོ། །
བཞི་པ་གྲངས་ངེས་པ་ནི་ཡང་ཅིའི་ཕྱིར་ཕུང་པོ་ལྔ་ཉིད་དུ་ངེས་ཤེ་ན། རེ་ཞིག་གཟུགས་དང་དེ་མ་ཡིན་པ་གཉིས་སུ་ནི་དངོས་པོ་ལ་ངེས་པ་ཡིན་ལ། གཟུགས་མ་ཡིན་པ་ལ་སེམས་དང་དེ་མ་ཡིན་པ་གཉིས་སུ་ངེས་ཤིང་། གཟུགས་དང་སེམས་མ་ཡིན་པ་ནི་ཆོར་བ་དང་འདུ་ཤེས་དང་འདུ་བྱེད་གསུམ་དུ་ཕྱེ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་སེམས་བྱུང་གཞན་རྣམས་ལས་ཚོར་བ་དང་འདུ་ཤེས་གཉིས་ཕུང་པོ་ལོགས་ཤིག་ཏུ་བཤད་ཅེ་ན། ཚོར་བ་(དང་འདུ་ཤེས་)ནི་ཁྱིམ་པ་(དང་རབ་ཏུ་བྱུང་བའི་)ཕྱོགས་(གཉིས་)ཀྱི་རྩོད་པའི་རྩ་(བ་དེའི་རྒྱུ་གསུམ་ལས་དང་པོ་ནི་རྩོད་པའི་རྩ་བར་གྱུར་པའི་ཕྱིར་ཏེ་དེ་ལ་གཉིས་ལས་འདོད་པ་དང་ལྟ་བ་ལ་ལྷག་པར་ཞེན་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་ཀྱི་རྩོད་པའི་གཞི་ནི་རིམ་པ་ལྟར་ཆུ་དང་ཞིང་འབྲོག་བུད་མེད་དང་རང་གཞན་གྱི་ལྟ་བ་ཡིན་ལ། དེ་གཉིས་ཀྱི་རྒྱུའི་གཙོ་བོ་ནི་རིམ་པ་ལྟར་འདོད་པ་ལ་མངོན་པར་ཞེན་པས་ཚོར་བ་བདེ་བའི་རོ་མྱང་བར་འདོད་པ་དང་རང་གཞན་གྱི་ལྟ་བ་ལ་བཟང་ངན་དུ་འདུ་ཤེས་པའི་འདུ་ཤེས་ཕྱིན་ཅི་ལོག་གིས་སྒྲུབ་པ་དང་སུན་འབྱིན་པར་འདོད་)བར་གྱུར་པའི་ཕྱིར་ཏེ། འདོད་པ་(དང་ལྟ་བ་)ལ་ལྷག་པར་ཞེན་པས་(རིམ་པ་ལྟར་)ཚོར་བའི་རོ་མྱང་བར་འདོད་(པ་དང་འདུ་ཤེས་ཕྱིན་ཅི་ལོག་གིས་རང་གཞན་གྱི་གྲུབ་མཐའ་ལ་བཟང་ངན་གྱི་མཚན་མར་འཛིན་)པས་(ཆུ་དང་)ཞིང་དང་(འབྲོག་དང་བུད་མེད་དང་)ཁང་པ་དང་ནོར་དང་(རང་གཞན་གྱི་ཕྱོགས་སྒྲུབ་ཅིང་སུན་དབྱུང་བའི་)ཆེད་དུ་རྒྱལ་པོ་དང་རྒྱལ་པོ་ལ་སོགས་པ་(དང་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་)རྣམས་རྩོད་པའི་ཕྱིར་རོ། །(དེ་སྐད་དུ་ཡང་། མདོ་ལས་ཚེ་དང་ལྡན་པ་ཀ་ཏྱ་ན་ཆེན་པོ་ཝཱ་རཱ་ཎ་སཱིའི་ཆུ་བོ་སྒྲིབ་པ་ཅན་གྱི་འདམ་པ་ཅན་གྱི་ཆུ་ངོགས་ན་བཞུགས་པའི་དྲུང་དུ་བྲམ་ཟེ་ལག་ན་དབྱུག་པ་ཅན་ཞེས་བྱ་བ་འོངས་ནས་རབ་ཏུ་དགའ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་ཀ་ཏྱ་ན་ལ་སྨྲས་པ་ཀ་ཏྱ་ན་རྒྱུ་རྐྱེན་གང་གིས་རྒྱལ་པོ་ལ་རྒྱལ་པོ་དང་། ཞིང་པ་ལ་ཞིང་པ་དང་། བྲམ་ཟེ་ལ་བྲམ་ཟེ་དང་། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པར་གྱུར། སྨྲས་པ། བྲམ་ཟེ་འདོད་པ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་བ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོས་ལྷན་ཅིག་རྩོད་པ་ནས། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པའི་བར་དུ་གྱུར་ཏོ། །སྨྲས་པ་ཀ་ཏྱ་ན་འདོད་པ་ལ་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོས་ལྷན་ཅིག་རྩོད་པ་ལ་སོགས་པར་གྱུར་ན། འོ་ན་རྒྱུ་དང་རྐྱེན་གང་གིས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་རྣམས་ལྷན་ཅིག་རྩོད་པར་གྱུར། སྨྲས་པ། བྲམ་ཟེ་ལྟ་བ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་བ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་རྣམས་ལྷན་ཅིག་རྩོད་པར་གྱུར་ཏོ། །སྨྲས་པ། ཀཏྱ་ན། དེ་ལྟ་ན། དེ་ལྟ་ཁ་ཅིག་འདོད་པ་དང་ལྟ་བ་ལ་ཆགས་པ་ནས་ཡང་དག་པར་ཆགས་པའི་བར་ལས་ཡང་དག་པར་འདས་པར་ཡོད་དམ། སྨྲས་པ། བྲམ་ཟེ་ཡོད་དེ། བདག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་ནི་འདོད་པ་དང་ལྟ་བ་ལ་ཆགས་པ་ནས་ཡང་དག་པར་ཆགས་པའི་བར་ལས་འདས་སོ། །སྨྲས་པ་ཀ་ཏྱ་ན་ཁྱོད་ཀྱི་སྟོན་པ་དེ་ད་ལྟ་གང་ན་བཞུགས། སྨྲས་པ། བྲམ་ཟེ་དེ་ནི་ཤར་ཕྱོགས་ཀྱི་ཡུལ་མཉན་ཡོད་ཅེས་བྱ་བའི་གྲོང་ཁྱེར་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བྲམ་ཟེ། ལག་ན་དབྱུག་པ་ཅན་དད་ནས་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་སངས་རྒྱས་བཅོམ་ལྡན་འདས་གང་འདོད་པ་དང་ལྟ་བ་ལ་ཆགས་པ་ལས་ཡང་དག་པར་འདས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ཏེ། ཤར་ཕྱོགས་སུ་ཕྱག་བཙལ་ནས་མངོན་པར་དགའ་ཞིང་རང་གི་གནས་སུ་སོང་ངོ་ཞེས་གསུངས་ཏེ། དོན་དེ་ཉིད་ཐུགས་ལ་གཞག་ནས་སློབ་དཔོན་སྣ་ཚོགས་བློ་གྲོས་ཀྱིས་རྩོད་པ་མི་མངའ་བར་བསྟོད་པ་ལས། འདོད་པ་མི་སྣང་འབྲེལ་མེད་ཅིང་། །ལྟ་བའི་དྲ་བ་བཅོམ་གྱུར་པས། །དེས་ན་རྩོད་པ་མི་འབྱུང་སྟེ། །རྩ་བ་མེད་པར་ག་ལ་འབྱུང་། །ཞེས་གསུངས་སོ། །)འདུ་ཤེས་ནི་རབ་ཏུ་བྱུང་བ་རྣམས་ཀྱི་རྩོད་པའི་རྩ་བར་གྱུར་པ་ཡིན་ཏེ། ལྟ་བ་ལ་ལྷག་པར་ཞེན་པས་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། རང་གཞན་གྱི་གྲུབ་མཐའ་ལ་བཟང་ངན་གྱི་མཚན་མར་འཛིན་པས་དགེ་སྦྱོང་དང་དགེ་སྦྱོང་ལ་སོགས་པ་རྣམས་རྩོད་པའི་ཕྱིར་རོ། །དེས་ན་གཉིས་པོ་རྩོད་པའི་རྩ་བར་གྱུར་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དང་། བདེ་བ་ལ་སོགས་པའི་ཚོར་བ་ལ་ཆགས་པ་ལ་སོགས་པ་དང་ལྡན་པ་རྣམས་ལས་གསོག་ཅིང་། དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་གིས་ཡིན་པས་དེ་དག་འཁོར་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་དང་། རགས་པ་ལ་སོགས་པ་འོག་ནས་འཆད་པའི་རིམ་པར་སྟོན་པའི་རྒྱུ་མཚན་བཞི་ཡོད་པའི་ཕྱིར་ཡང་སེམས་ལས་བྱུང་བ་གཞན་རྣམས་ལས་ཚོར་བ་དང་འདུ་ཤེས་ནི་ལོགས་ཤིག་ཏུ་ཕུང་པོར་བཅོམ་ལྡན་འདས་ཀྱིས་རྣམ་པར་བཞག་གོ་ཞེས་ཤེས་པར་བྱའོ། །
ཡང་ཅིའི་ཕྱིར་སྐྱེ་མཆེད་དང་ཁམས་དག་ཏུ་འདུས་མ་བྱས་ཀྱང་བཤད་ལ་ཕུང་པོར་མ་བཤད་ཅེ་ན། ཕུང་པོ་དག་ཏུ་འདུས་མ་བྱས་མ་བཤད་དེ། འདུས་མ་བྱས་ནི་ཕུང་པོ་ལྔའི་མཚན་ཉིད་དང་མི་ལྡན་པས་དེ་དག་དེའི་དོན་དུ་མི་རུང་ལ། ཕུང་པོ་དྲུག་པར་ཡང་མི་རུང་སྟེ། ཆོས་འདས་པ་ལ་སོགས་པ་དུ་མ་སྤུངས་པ་ཞེས་བྱ་བའི་དོན་དུ་མི་རུང་བའི་ཕྱིར་རོ། །གཞན་ཡང་ཀུན་ནས་ཉོན་མོངས་ཀྱི་གཞི་ཤེས་པར་བྱ་བའི་ཕྱིར་ཉེར་ལེན་གྱི་ཕུང་པོ་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་གཉིས་ཀའི་གཞི་ཤེས་པར་བྱ་བའི་ཕྱིར་ཕུང་པོ་བསྟན་པ་ཡིན་པ་ལ། འདུས་མ་བྱས་ནི་དེ་གཉིས་ཀའི་གཞིའི་དོན་དུ་མི་རུང་བའི་ཕྱིར་རོ། །
ཁ་ཅིག་ན་རེ་དཔེར་ན་བུམ་པ་ཆག་པ་བུམ་པ་མ་ཡིན་པ་བཞིན་དུ་འདུས་མ་བྱས་ནི་ཕུང་པོ་ཞིག་པ་ཡིན་པས་ཕུང་པོར་མི་འོས་སོ་ཞེས་ཟེར་མོད་ཀྱི། དེ་ནི་ཁམས་དང་སྐྱེ་མཆེད་ལའང་ཧ་ཅང་ཐལ་བར་འགྱུར་བས་མི་འཐད་དོ། །སྐྱེ་མཆེད་དང་ཁམས་ཀྱི་དོན་དུ་ནི་དམིགས་པའི་ཚུལ་གྱིས་སྐྱེ་བའི་སྒོ་དང་རིགས་ཀྱི་དོན་ཡོད་པའི་ཕྱིར་བཤད་དོ། །(ཕུང་པོ་ལྔའི་གྲངས་ངེས་ནི་བཤད་ཟིན་ཏོ། །)སྐྱེ་མཆེད་བཅུ་གཉིས་སུ་ངེས་པ་ནི་གཟུགས་ཅན་ནི་བཅུར་དངོས་པོ་ལ་ངེས་ལ། གཟུགས་ཅན་མ་ཡིན་པ་དག་ཡིད་དང་ཆོས་གཉིས་སུ་ངེས་པའི་ཕྱིར་རོ། །ཁམས་བཅོ་བརྒྱད་དུ་ངེས་པ་ནི་གཟུགས་ཅན་ལ་བཅུ་དང་། གཟུགས་ཅན་མ་ཡིན་པ་ལ་ཆོས་དང་སེམས་གཉིས་སུ་ངེས་ཤིང་སེམས་ལ་རྣམ་པ་བདུན་དུ་ངེས་པའི་ཕྱིར་རོ། །དེ་དག་ནི་དབང་དོན་དེ་དག་ཁོ་ན་ལ་ཞེས་བྱ་བ་ལ་སོགས་པར་སྔར་བཤད་ཟིན་པའི་ཕྱིར་འདིར་ནི་སྐྱེ་མཆེད་དང་ཁམས་ཀྱི་གྲངས་ངེས་མ་བསྟན་ཏོ་ཞེས་ཤེས་པར་བྱའོ། །ཀུན་ལས་བཏུས་ལས་ནི་བདག་ཏུ་འཛིན་པའི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཕུང་པོ་ལྔ་བསྟན་ཏེ། བདག་གི་གཞི་ལུས་ཡོངས་སུ་གཟུང་བ་དང་བཅས་པ་བསྟན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་བསྟན་ཏེ། དབང་པོ་ལྔ་ནི་ལུས་དང་ཡུལ་ལྔ་ནི་གཟུང་བ་ཡིན་པའི་ཕྱིར་རོ། །བདག་གི་གཞི་ལོངས་སྤྱོད་བརྗོད་པའི་དབང་དུ་བྱས་ནས་ཚོར་བའི་ཕུང་པོ་བསྟན་ཏེ། བདེ་བ་ལ་སོགས་པ་ནི་ལུས་དང་གཟུང་བ་དེ་ལ་བརྟེན་ནས་མྱོང་བར་བྱ་བ་ཡིན་པའི་ཕྱིར་རོ། །བདག་གི་གཞི་ཐ་སྙད་བརྗོད་པའི་དབང་དུ་བྱས་ན་འདུ་ཤེས་ཀྱི་ཕུང་པོ་བསྟན་ཏེ། དེ་ནི་ཐ་སྙད་སྣ་ཚོགས་འདོགས་པ་པོ་ཡིན་པའི་ཕྱིར་རོ། །བདག་གི་གཞི་ཆོས་དང་ཆོས་མ་ཡིན་པ་མངོན་པར་བརྗོད་པའི་དབང་དུ་བྱས་ནས་འདུ་བྱེད་ཀྱི་ཕུང་པོ་བསྟན་ཏེ། དད་སོགས་ནི་བླང་བྱ་དང་། ཆགས་སོགས་བླང་བྱ་མ་ཡིན་པའི་འདུ་བྱེད་ཡིན་པའི་ཕྱིར་རོ། །བདག་གི་གཞི་དེ་དག་གི་གནས་བརྗོད་པའི་དབང་དུ་བྱས་ནས་རྣམ་ཤེས་ཀྱི་ཕུང་པོ་བསྟན་ཏེ། རྣམ་ཤེས་ལ་བདག་ཏུ་གཟུང་བ་ལས་ནི་དེ་དག་ལ་བདག་གིར་འཛིན་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཉིས་སུ་ངེས་པ་ནི་ལུས་དང་ཡོངས་སུ་གཟུང་བ་གཉིས་མ་འོངས་པའི་ཉེ་བར་སྤྱོད་པ་དྲུག་སྐྱེ་བའི་སྒོའི་དབང་དུ་བྱས་ནས་གསུངས་ཏེ། ལུས་ནི་མིག་ལ་སོགས་པའི་དབང་པོ་དྲུག་དང་། ཡོངས་སུ་གཟུང་བ་ནི་ཡུལ་དྲུག་གོ། མ་འོངས་པའི་ཉེ་བར་སྤྱོད་པ་དྲུག་ནི་རྣམ་ཤེས་དྲུག་སྐྱེ་བའི་སྒོ་ཡིན་པའི་ཕྱིར་རོ། །
ཁམས་བཅོ་བརྒྱད་དུ་ངེས་པ་ནི་ལུས་དང་ཡོངས་སུ་གཟུང་བ་གཉིས་ཀྱིས་འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་འཛིན་པའི་ཕྱིར་ཏེ། ལུས་ནི་མིག་ལ་སོགས་པ་དྲུག་དང་། ཡོངས་སུ་གཟུང་བ་གཟུགས་ལ་སོགས་པ་དྲུག་གིས་འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གནས་དང་དམིགས་པའི་སྒོ་ནས་འཛིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་དུ་འཆད་དོ། །དེས་ནི་འདི་སྐད་བསྟན་པ་ཡིན་ཏེ། བདག་ཏུ་འཛིན་པའི་འཁྲུལ་བའི་གཞི་ལྔ་ཡིན་ནོ་ཞེས་བྱ་བའི་དོན་དུ་ཕུང་པོ་ལྔ་དང་། རྣམ་ཤེས་དྲུག་མཚུངས་ལྡན་དང་བཅས་པ་སྐྱེ་བའི་རྒྱུའི་དབང་དུ་བྱས་ནས་སྐྱེ་མཆེད་བཅུ་གཉིས་དང་། རྒྱུ་འབྲས་བུ་དང་བཅས་པའི་དབང་དུ་བྱས་ནས་ཁམས་བཅོ་བརྒྱད་དུ་བསྟན་ཏོ་ཞེས་བྱ་བའོ། །
ལྔ་པ་གོ་རིམ་ངེས་པ་ལ་རེ་ཞིག་ཕུང་པོ་ལྔའི་རིམ་པ་ནི་ཐོག་མར་གཟུགས་ནི་གཟུགས་ཅན་ཐོགས་བཅས་ཡིན་པས་ཐམས་ཅད་པས་རགས་པ་དང་། དེ་ནས་གཟུགས་ཅན་མ་ཡིན་པ་ལས་ཚོར་བ་རྒྱུ་བ་རགས་པ་ལ་སོགས་པའི་ཕྱིར་ཏེ། (གཟུགས་ནི་ཀུན་ལས་རགས་ཏེ་ཐོགས་པ་དང་བཅས་ཤིང་བསྟན་དུ་ཡོད་པས་སོ། །བཞི་ལས་ཚོར་བ་རགས་རྐང་པས་ཚོར་རོ་ཞེས་སོགས་རྟོགས་སླ་བས་སོ། །གསུམ་ལས་འདུ་ཤེས་རགས་ཏེ་སྔོ་སོགས་སུ་མཚན་མར་འཛིན་པས་གཉིས་པས་རྟོགས་སླ་བས་སོ། །གཉིས་ལས་འདུ་བྱེད་རགས་ཏེ་བདག་བདེ་བར་བྱའོ་སྡུག་བསྔག་བར་མི་བྱའོ་ཞེས་འདོད་པས་རྟོགས་སླ་བས་སོ། །རྣམ་ཤེས་ནི་ཀུན་ལས་ཕྲ་སྟེ་དོན་གྱི་ངོ་བོ་ཙམ་རིག་པར་འབྱུང་བས་རྟོགས་དཀའ་བས་སོ། །)རགས་པ་དང་ཕྲ་བ་ནི་འདིར་རྟོགས་པར་སླ་བ་དང་དཀའ་བ་ལ་བརྗོད་དོ། །ཀུན་ནས་ཉོན་མོངས་པ་སྐྱེ་བའི་རིམ་པ་ཡོད་པའི་ཕྱིར་ཡང་སྟེ། ཐོག་མ་མེད་པ་ནས་སྐྱེ་བོ་དག་གཟུགས་ལ་མངོན་པར་དགའ་འོ། །དེ་ལས་ནི་བདེ་བ་ལ་སོགས་པའི་ཚོར་བ་ལ་རོ་མྱང་བའི་ཆགས་པ་འབྱུང་ངོ་། །དེ་ལས་ནི་(གཙང་བདེ་སོགས་སུ།) འདུ་ཤེས་ཕྱིན་ཅི་ལོག་འབྱུང་ངོ་། །དེ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་འབྱུང་ངོ་། །དེས་ཀྱང་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཡང་ན་སྣོད་དང་སོགས་པའི་སྒྲས་གཟུང་བ། ཟས་དང་ཚོད་མ་དང་བྱན་པོ་དང་ཟ་བ་པོ་དང་ཆོས་མཐུན་པའི་དོན་གྱི་ཕྱིར་རོ། །(གཟུགས་ནི་ཚོར་བའི་རྟེན་ཡིན་པས་སྣོད་ལྟ་བུ་ཡིན་ནོ། །ཚོར་བ་ནི་རོ་མྱང་བར་བྱ་བ་ཡིན་པའི་ཕྱིར་ཟས་ལྟ་བུ་ཡིན་ནོ། །འདུ་ཤེས་ནི་ཚོར་བ་ལ་དེའི་མཚན་མར་འཛིན་པས་གསལ་བར་བྱེད་པའི་ཕྱིར་ཚོད་མ་ལྟ་བུ་ཡིན་ནོ། །སེམས་པ་ནི་རྣམ་པར་སྨིན་པའི་ཚོར་བ་མངོན་པར་འདུས་བྱས་ནས་ཉེ་བར་གཏོད་པའི་ཕྱིར་བྱན་པོ་ལྟ་བུ་ཡིན་ནོ། །རྣམ་ཤེས་དེ་ལ་ཚོར་བས་ཕན་འདོགས་པའི་ཕྱིར་རྣམ་ཤེས་ནི་ཟ་བ་པོ་ལྟ་བུ་ཡིན་པས་སྣོད་སོགས་ཀྱི་གོ་རིམ་བཞིན་ནོ། །)ཡང་ན་འདོད་པ་ལ་སོགས་པའི་ཁམས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་ནོ་ཞེས་བྱ་སྟེ། ཁམས་དེ་དག་ནི་གཟུགས་ལ་སོགས་པས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། འདི་ལྟར་འདོད་ཁམས་ནི་གཟུགས་ཀྱིས་ཕྱེ་སྟེ། འདོད་པའི་ཡོན་ཏན་དག་གཟུགས་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་དག་ཚོར་བས་ཕྱེ་སྟེ། བསམ་གཏན་དང་པོ་ན་བདེ་བ་དང་ཡིད་བདེ་དང་། གཉིས་པ་ན་ཡིད་བདེ་དང་། གསུམ་པ་ན་སེམས་བདེ་དང་། བཞི་པ་ན་བཏང་སྙོམས་ཡོད་པས་གཞག་པའི་ཕྱིར་རོ། །གཟུགས་མེད་དང་པོ་གསུམ་ནི་འདུ་ཤེས་ཀྱིས་ཕྱེ་ལ་སྲིད་རྩེ་ནི་འདུ་བྱེད་ཙམ་གྱིས་ཕྱེ་(སྟེ་དེས་ཚེ་བསྐལ་པ་བརྒྱད་ཁྲིར་འཕེན།) ཞིང་རྣམ་པར་ཤེས་པ་ནི་དེ་དག་གི་གཞི་ཡིན་པའི་ཕྱིར་དེ་ལྟར་གོ་རིམ་དུ་བསྟན་ཏོ། །འདི་དག་གིས་ནི་གྲངས་ངེས་པའང་འགྲུབ་བོ་ཞེས་འཆད་དོ། །སྐྱེ་མཆེད་དྲུག་གི་གོ་རིམ་ནི་སྐྱེ་མཆེད་དྲུག་ལས་ད་ལྟར་བའི་དོན་འཛིན་པའི་ཕྱིར་དང་པོ་མིག་ལ་སོགས་པ་གཟུགས་ཅན་ལྔ་སྔོན་ལ་བསྟན་ལ། ཡིད་ནི་དུས་གསུམ་དང་དུས་མ་ཡིན་པ་འདུས་མ་བྱས་ཀྱི་ཡུལ་ཅན་ཡང་ཡིན་པའི་ཕྱིར་ཕྱིས་བཤད་དོ། །
ལྔ་པོ་དེ་དག་ལས་ཀྱང་འབྱུང་བ་ལས་གྱུར་པའི་དོན་འབྲས་བུའི་གཟུགས་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར་མིག་ལ་སོགས་པ་(དང་པོ།) བཞི་སྔོན་ལ་བསྟན་ལ། ལུས་ནི་གཉིས་ཀའི་ཡུལ་ཅན་ཡིན་པའི་ཕྱིར་ཕྱིས་བཤད་དོ། །བཞི་པོ་དེ་དག་ལས་ཀྱང་གཞན་མིག་དང་རྣ་བ་གཉིས་ནི་རྒྱང་རིང་པོ་ལ་འཇུག་པའི་ཕྱིར་སྔར་སྨོས་ལ། སྣ་དང་ལྕེ་ནི་ཕྲད་ནས་འཛིན་པས་ཡུལ་ཉེ་བ་ཁོ་ན་ལ་འཇུག་པའི་ཕྱིར་ཕྱིས་བཤད་དོ། །(དང་པོ་གཉིས་ཀྱིས།) མིག་ནི་རྣ་བ་བས་ཀྱང་ཆེས་རྒྱང་རིང་བ་ལ་འཇུག་པའི་ཕྱིར་སྔར་བཤད་དོ། །(སྣ་ལྕེ་གཉིས་ཀྱིའང་།) སྣ་ནི་ལྕེ་བས་ཆེས་མྱུར་དུ་འཇུག་པའི་ཕྱིར་སྔར་བཤད་ལ་ལྕེ་ནི་དེའི་ཕྱི་ལ་བཤད་དོ། །
ཡང་ན་ཇི་ལྟར་གནས་པའི་རིམ་པ་བཞིན་བཤད་དེ། མིག་ནི་དང་པོ་ན་གནས་པ་ནས་ལུས་ཕལ་ཆེ་བ་འོག་ན་གནས་པའི་བར་གྱི་ཕྱིར་རོ། །དེ་ལྟར་ན་འདིས་ནི་ནང་གི་སྐྱེ་མཆེད་དྲུག་གི་གོ་རིམ་བཤད་པ་ན་ཕྱིའི་སྐྱེ་མཆེད་ཀྱི་གོ་རིམ་ཡང་ཤེས་ཏེ། ཡུལ་ཅན་གྱི་རིམ་པ་ལྟར་བསྟན་པའི་ཕྱིར་རོ། །དེས་ནི་ཁམས་ཀྱི་གོ་རིམ་ཡང་འགྲུབ་སྟེ། འབྲས་བུ་རྣམ་ཤེས་ཀྱི་ཁམས་དྲུག་ནི་རྒྱུའི་གོ་རིམ་ལྟར་བསྟན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་དང་། ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བརྗོད་དེ། མིག་ལ་སོགས་པ་བཅུ་གའང་གཟུགས་ཡིན་པའི་ཕྱིར་དང་། སྐྱེ་མཆེད་དང་ཁམས་ཐམས་ཅད་ཀྱང་ཆོས་ཡིན་པའི་ཕྱིར་རོ་ཞེ་ན། བཅུ་པོ་ཐམས་ཅད་གཟུགས་ཡིན་ཡང་དེ་དག་སོ་སོར་སྐྱེ་མཆེད་ཡིན་གྱི་སྤྱིར་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་མིག་ལ་སོགས་པ་དགུ་ནི་རང་རང་གི་མིང་གིས་བསྟན་ལ། མིང་གཞན་མེད་པའི་མིག་གི་ཡུལ་དེ་གཟུགས་ཞེས་བྱ་བའི་སྤྱིའི་སྒྲས་བྱེ་བྲག་ཏུ་རྟོགས་པའི་དོན་གྱི་ཕྱིར་མིག་གི་ཡུལ་གཅིག་པུ་ནི་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བྱ་བར་བརྗོད་དེ་རྟགས་མེད་པ་ཉིད་ཀྱིས་དམག་ལ་སོགས་པ་བྱེ་བྲག་ཏུ་རྟོགས་པ་བཞིན་ནོ། །ཡང་ན་མིག་གི་ཡུལ་ནི་བསྟན་དུའང་ཡོད་ལ་ཐོགས་པ་དང་བཅས་པས་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཡང་དེའི་སྒྲས་བརྗོད་དེ་མིའི་མཆོག་གིས་རྒྱལ་པོ་གོ་བ་བཞིན་ནོ། །ཡང་འཇིག་རྟེན་ན་ཡང་དེ་གཟུགས་སོ་ཞེས་གྲགས་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །ཞེས་འགྲེལ་པ་ལས་འཆད་དོ། །གཞན་དག་ན་རེ་རྣམ་པ་ཉི་ཤུས་རགས་པའི་ཕྱིར་དང་། (རྣམ་བཤད་རིགས་པའི་འགྲེལ་པ་ལས། ཤའི་སྤྱན་ནི་བདག་ཅག་ལྟ་བུའི་ཡོད་པ་གང་ཡིན་པའོ། །ལྷའི་སྤྱན་ནི་མངོན་པར་ཤེས་པའི་སྤྱན་ཏེ། །བསམ་གཏན་དང་པོ་ལ་སོགས་པའི་ས་པའོ། །འཕགས་པའི་ཤེས་རབ་ཀྱི་སྤྱན་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །ཆོས་ཀྱི་སྤྱན་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཏེ། གང་གི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །སངས་རྒྱས་ཀྱི་སྤྱན་ནི་ཤེས་བྱ་ཐམས་ཅད་ལ་རྣམ་པ་ཐམས་ཅད་མཁྱེན་པའོ། །ཞེས་འབྱུང་བའི།) ཤ་དང་ལྷ་དང་འཕགས་པའི་ཤེས་རབ་ཀྱི་མིག་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དུ་བསྟན་ཏོ་ཞེས་ཟེར་རོ། །(ཐམས་ཅད་ལ་ཆོས་སུ་བརྗོད་ན་སྐྱེ་མཆེད་གཅིག་ཏུ་འགྱུར་བའི་ཕྱིར་དང་།) ཡང་སྐྱེ་མཆེད་དང་ཁམས་ཐམས་ཅད་ཆོས་ཡིན་པ་བདེན་ཡང་ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཀྱི་སྒྲས་བརྗོད་པ་ནི་གཞན་དག་ནི་རང་རང་གི་མིང་གིས་སྨོས་ལ། མིང་གཞན་མེད་པའི་ཡིད་ཀྱི་ཡུལ་ལ་ཆོས་ཞེས་སྤྱིའི་སྒྲས་ཡིད་ཀྱི་ཡུལ་བྱེ་བྲག་ཏུ་རྟོགས་པའི་དོན་གྱི་ཕྱིར་ཏེ་མིང་མེད་ཉིད་མིང་དུ་གྱུར་པ་བཞིན་ནོ། །ཡང་ན་ཚོར་བ་ལ་སོགས་པ་བསྡུ་བྱའི་ཆོས་མང་བའི་ཕྱིར་དང་། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག་ཀྱང་དེར་བསྡུས་པའི་ཕྱིར་ཡིད་ཀྱི་ཡུལ་གཅིག་པུ་ནི་ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བྱ་བར་བརྗོད་དོ། །དེ་དག་གིས་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་རང་བཞིན་བཤད་ཟིན་ཏོ། །
གཉིས་པ་དེ་དག་གཞན་ཡང་འདིར་བསྡུ་བ་ལ་གཉིས་ལས་ཕུང་པོའི་མིང་ཅན་ཕུང་པོར་བསྡུ་བ་ནི་གལ་ཏེ་འདུས་བྱས་ཐམས་ཅད་ཕུང་པོ་ལྔ་དང་། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་སྐྱེ་མཆེད་དང་ཁམས་ཀྱིིས་བསྡུས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བ་ལ་སོགས་པ་དང་། ཟད་པར་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་དང་། ཁམས་མང་པོ་པའི་མདོ་ལས་ཁམས་དྲུག་ཅུ་རྩ་གཉིས་བཤད་པ་(དེ་དག་དང་། མདོ་གཞན་དག་ལས་ཕུང་པོ་ལ་སོགས་པའི་མིང་ཅན་གཞན་དག་ཀྱང་འབྱུང་ན།) དེ་དག་འདིར་སྨོས་པ་རྣམས་ཀྱིས་མ་བསྡུས་ན་དེ་དག་ལས་ཐ་དད་པའི་ཆོས་ཡོད་(པས་དེ་དག་ཏུ་གྲངས་མ་ངེས།) པར་འགྱུར་ལ་བསྡུས་ན་ཇི་ལྟར་བསྡུས་ཤེ་ན། དེའི་ལན་ལ་(གཉིས་ལས་དང་པོ་ཆོས་ཀྱི་ཕུང་པོར་བསྡུ་བ་ནི།) ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག་གང་རྣམས་ཐུབ་པ་སངས་རྒྱས་ཀྱིས་གསུངས་པ་དེ་དག་ནི་མདོ་སྡེ་པས་རྣ་བའི་ཡུལ་དུ་གྱུར་པ་ཚིག་གམ་སྟེ་(ངག་གི་རིག་བྱེད།) ཚིག་གི་རང་བཞིན་དང་བྱེ་བྲག་ཏུ་སྨྲ་བས་ཡིད་ཀྱི་ཡུལ་དུ་གྱུར་པ་མིང་གི་རང་བཞིན་ཡིན་པར་འདོད་པས་དེ་དག་ནི་རིམ་པ་ལྟར་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་ལ། ཆོས་མངོན་པ་བ་རྣམས་ནི་ཡེ་ཤེས་ལ་འཇུག་པ་ལས། སངས་རྒྱས་ཀྱི་གསུང་གང་ཞེ་ན། གང་དེ་བཞིན་གཤེགས་པའི་བཀའ་དང་གསུང་དང་བརྗོད་པ་དང་དབྱངས་དང་ངེས་པའི་གསུང་དང་གསུང་གི་ལམ་དང་གསུང་དབྱངས་དང་གསུང་གི་འཕྲིན་ལས་དང་གསུང་གི་རྣམ་པར་རིག་བྱེད་ཡིན་ནོ་ཞེས་པ་དང་། སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཞིག་ཡིན་ཞེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་གོ་རིམ་དུ་བཀོད་པ་དང་གོ་རིམ་དུ་གཞག་པ་དང་གོ་རིམ་དུ་ཡང་དག་པར་སྦྱར་བའོ་ཞེས་འབྱུང་བས་གཉིས་ཀའི་རང་བཞིན་ཡིན་པའི་ཕྱིར་གཉིས་ཀར་འདུས་སོ་ཞེས་འདོད་དོ། །
སྡེ་པ་གཞན་དག་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་དུ་འདོད་དེ། ཀུན་དགའ་བོའི་མདོ་ལས། ཀུན་དགའ་བོས་བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་གཅིག་ནི་བཅོམ་ལྡན་འདས་ལས་མངོན་སུམ་དུ་གཟུང་ངོ་། །གཉིས་ནི་དགེ་སློང་དག་ལས་སོ་ཞེས་གསུངས་པའི་ཕྱིར་དང་། རྣམ་བཤད་རིགས་པ་ལས་ཀྱང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་བརྒྱད་ཁྲིར་མ་འདུས་ཏེ། ཀུན་དགའ་བོའི་མདོ་ལས། བརྒྱད་ཁྲི་ལྷག་གཅིག་བཅོམ་ལྡན་འདས་ལས་བཟུང་ཞིང་། གཉིས་ནི་དགེ་སློང་དག་ལས་སོ་ཞེས་གསུངས་པ་དེ་དག་ཀྱང་ཀུན་དགའ་བོས་ལོ་ཉི་ཤུ་ལྷག་གཅིག་སྟོན་པའི་རིམ་གྲོ་པ་བྱེད་པ་ནས་ཐོས་པ་ཡིན་གྱི་རིམ་གྲོ་མི་བྱེད་པའི་གོང་དུ་གསུངས་པ་རྣམས་ནི་དེས་མ་གཟུང་བར་ཤེས་ལ། དེའི་གོང་དུ་ཆོས་ཉུང་ངུ་གསུང་པར་ཡང་མི་འཐད་པས་དགེ་སློང་དག་ལས་གཟུང་བ་དེ་དག་ཁོ་ན་སྔར་གསུངས་པ་རྣམས་ཡིན་ནོ་ཞེས་བྱ་བར་ཡང་མི་རིགས་པའི་ཕྱིར་རོ་ཞེས་པ་དང་། ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་ཀྱང་། ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་གཟུང་བ་རྣམས་ནི་སྡེ་སྣོད་གསུམ་པོ་འདི་དག་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དང་། སྡེ་པ་གཞན་གྱི་ལུང་ལས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་གསུངས་པའི་ཕྱིར་རོ། །དེས་ན་བརྒྱད་ཁྲིར་འདོད་པ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ཁོ་ནའི་ལུགས་ཡིན་པར་མངོན་ནོ། །
འོ་ན་ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཇི་ཙམ་ཡིན་ཞེ་ན། ཁ་ཅིག་ནི་ཤཱ་རིའི་བུས་ཉེ་བར་བསྡུས་པའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་(ལ་དེ་ལ་ནི་ཤླཽཀ་དྲུག་སྟོང་ཡོད།) ཞེས་ཟེར་ཏེ། དེ་ལ་ནི་ཤླཽཀ་དྲུག་སྟོང་ཡོད་ལ་དེ་ཡང་ཆོས་ཀྱི་ཕུང་པོ་གཅིག་ཡིན་ཏེ་གཞན་ནི་ཕལ་ཆེར་ནུབ་བོ་ཞེས་ཟེར་ཏེ། དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལ་(བམ་པོ་ས་ཡ་ཕྲག་གཅིག་དྲུག་འབུམ་བརྒྱད་ཁྲི་དང་།) ཚིག་ལེའུར་བྱས་པ་དུང་འཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དུ་འགྱུར་རོ། །(སེམས་ཙམ་པ་ལྟར་ན།) ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་ནི། ཆོས་ཀྱི་ཕུང་པོ་གཅིག་གིས་ཚད་ཇི་ཙམ་ཞེ་ན། གྲངས་བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་སྟེ་གྲངས་སྟོང་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཆོས་ཀྱི་ཕུང་པོ་རེ་རེ་ལ་ཚིག་ལེའུར་བྱས་པ་སྟོང་སྟོང་ཡོད་པར་བཤད་ཅིང་། དེ་ཉིད་ལས། བགྲང་བའི་ཚུལ་འདིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་ཚིག་ལེའུར་བྱས་པ་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ་ཞེས་བཤད་དོ། །ཚིག་ལེའུར་བྱས་པའི་ཚད་ནི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཚིགས་སུ་བཅད་པ་རེ་རེ་ལ་ཡི་གེའི་འབྲུ་སུམ་ཅུ་རྩ་གཉིས་ཉིད་དོ་ཞེས་རྒྱ་གར་གྱི་ཡི་གེ་བརྒྱད་བཞི་སུམ་ཅུ་རྩ་གཉིས་ལ་བཤད་པས་བོད་ཀྱི་ནི་ཚིག་བར་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །
གཞན་དག་ན་རེ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་དོན་གྱི་སྡེ་ཚན་རེ་རེ་(རྫོགས་པར་)སྟོན་པའི་གཏམ་རྒྱུད་རེ་རེ་ཆོས་ཀྱི་ཕུང་པོ་རེ་རེ་ཡིན་གྱི་ཚིགས་སུ་བཅད་པའི་གྲངས་ངེས་པ་ནི་མེད་དོ་ཞེས་འདོད་དོ། །འོ་ན་དེ་དག་ཅིའི་ཕྱིར་བསྟན་ཞེ་ན། འདོད་ཆགས་དང་ཞེ་སྡང་གཏི་མུག་དང་ང་རྒྱལ་དང་ལྟ་བ་དང་ཐེ་ཚོམ་ལ་སོགས་པའི་(སེམས་ཅན་གྱི་ཉོན་མོངས་པའི།) སྤྱོད་པ་(འདོད་ཆགས་ལ་སོགས་པ་)ཐ་དད་པ་བརྒྱད་ཁྲི་རྣམས་ཀྱི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་དག་དང་མཐུན་པར་(མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་དང་ཁམས་ཀྱི་རབ་དབྱེ་སོགས་བརྒྱད་ཁྲི།) གསུངས་སོ། །ནིའི་སྒྲ་ནི་སྔར་བཤད་པའི་ཕྱོགས་བསལ་བའི་ཕྱིར་རམ། ངེས་པར་གཟུང་བའི་དོན་ཡིན་ནོ་ཞེས་རྒྱལ་པོའི་སྲས་འཆད་དོ། །ལུགས་ཕྱི་མ་འདི་སློབ་དཔོན་རང་གི་ལུགས་ཡིན་ནོ་ཞེས་ཀྱང་ཁ་ཅིག་འཆད་དོ། །
བོད་ཀྱི་སློབ་དཔོན་ཁ་ཅིག་ནི་འདོད་ཆགས་ལ་སོགས་པ་གསུམ་དང་དེ་དག་ཆ་མཉམ་པས་ཀུན་ནས་བསླངས་པའི་སྤྱོད་པ་ཉི་ཁྲི་དང་སྟོང་སྟོང་ཡོད་པས་དེའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡིན་ཏེ། དཀོན་མཆོག་ཏ་ལ་ལའི་གཟུངས་ལས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གང་ཡིན་པས། །རྒྱལ་བ་གང་དག་འགྲོ་བའི་དོན་མཛད་པའི། །ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །ཞེས་པ་དང་། གློག་ཐོབ་ཀྱིས་ཞུས་པའི་མདོ་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དག་ཀྱང་ཐེག་པ་ཐུན་མོང་གི་དབང་དུ་བྱས་པ་ཡིན་གྱི་ཐེག་ཆེན་པ་ལྟར་ན་ནི་བརྒྱད་ཁྲི་བཞི་སྟོང་དུའང་མ་འདུས་པར་གསལ་ཏེ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ་ལྷའི་དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འདྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་དག་ལས་ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་བརྗོད་པར་བྱེད་དོ་ཞེས་གསུངས་པ་འདི་ཡང་རིགས་པར་འགྱུར་རོ་ཞེས་བཤད་པའི་ཕྱིར་དང་། (སངས་རྒྱས་ཕལ་པོ་ཆེ་ལས་ལྷོ་ཕྱོགས་ཀྱི་རྒྱུད་ན་ཕྱོགས་ཀྱི་ལྗོངས་རྒྱ་མཚོའི་སྒོ་ཞེས་བྱ་བ་ན་གཞོན་ནུ་ནོར་བཟང་གི་བླ་མ་དགེ་སློང་རྒྱ་མཚོའི་སྤྲིན་གྱིས་ཐོས་ཤིང་གཟུང་ལ་ཤེས་པའི་ཀུན་ནས་མིག་ཅེས་བྱ་བ་ཆོས་ཀྱི་རྣམ་གྲངས་དེ་འདྲི་ན། སྣག་ཚ་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ཙམ་དང་། སྨྱུག་མའི་ཕུང་པོ་རི་རབ་རིའི་རྒྱལ་པོ་ཙམ་ཟད་པར་འགྱུར་པ་ཆོས་ཀྱི་རྣམ་གྲངས་དེ་ལས་ལེའུ་རེ་རེ་ཙམ་དང་སྒོ་རེ་རེ་དང་། ཆོས་ཀྱི་ཚུལ་རེ་རེ་དང་། ཆོས་ཀྱི་ཚིག་རྣམ་པར་ཕྱེ་བ་རེ་ལས་ཟད་པའམ་མཐར་ཐུག་པར་མི་འགྱུར་རོ་ཞེས་གསུངས་པ་དང་།) དྲིན་ལན་བསབ་པའི་མདོ་ལས་ཀྱང་ལྷས་བྱིན་གྱིས་མདོ་སྡེ་སྤོས་ཀྱི་གླང་པོ་ཆེའི་ཁལ་དྲུག་ཁྲི་རྙེད་ཁ་ཏོན་ཤེས་ཞེས་གསུངས་པའི་ཕྱིར་རོ། །
གལ་ཏེ་ཆོས་ཀྱི་ཕུང་པོ་དེ་སྙེད་ཅིག་གསུངས་ན་དེ་དག་ད་ལྟར་གླིང་འདི་ན་མི་སྣང་བས་གང་ན་བཞུགས་ཤེ་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་གཞན་ན་རྣམ་པར་སྤྱོད་ཅིང་། གཞན་ཕལ་ཆེར་ཀླུ་རྣམས་ཀྱི་གནས་ན་སྤྱོད་དེ། སློབ་སྤྲིངས་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མནོས་ནས། །སའི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་བཤད་པས་སོ། །ཞེས་འཆད་ལ། སློབ་དཔོན་དབྱིག་གཉེན་ནི་རྣམ་བཤད་རིགས་པ་ལས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་འབྱུང་བས་ལུང་ཞུ་བའི་འགྲེལ་པ་ལས། སྟོན་པ་འདས་པའི་འོག་ཏུ་བྲམ་ཟེ་རྒྱལ་པོ་རྒྱལ་བྱེད་བཤེས་ཞེས་བྱ་བས་མཆོད་རྟེན་བཤིག། དགེ་སློང་ཡང་བསད། བཀའི་གླེགས་བམ་དང་གཙུག་ལག་ཁང་ཡང་བསྲེགས་སོ། །ཞེས་འབྱུང་བས་དེ་དང་སྤྲང་པོ་ཉི་མའི་དངོས་གྲུབ་ལ་སོགས་པས་ཡང་དག་བསྡུས་པའི་གཞི་ཉམས་པར་བྱས་པས་ཕལ་ཆེར་ནུབ་ལ། བཞུགས་པ་རྣམས་ལའང་མ་ཚང་བ་ཡོད་པས་མཐའ་དག་མི་སྣང་བ་ཡིན་ནོ་ཞེས་བཞེད་དོ། །སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཊཱིཀ་ལས་ཀྱང་། ཆོས་ཀྱི་ཕུང་པོ་དེ་དག་ནི་ནུབ་སྟེ་འདི་གཅིག་པུ་ལུས་སོ་ཞེས་པ་དང་། རྒྱུ་དྲུག་ཚང་བར་སྟོན་པའི་མདོ་དེ་ནི་ནུབ་སྟེ། འདི་ལྟར་གཅིག་ལས་འཕྲོས་པའི་ལུང་ཆོས་བརྒྱའི་བར་དུ་སྟོན་པར་འགྱུར་བ་ལས། ད་ལྟར་བཅུའི་བར་སྟོན་པར་སྣང་ངོ་ཞེས་བཤད་དོ། །
གཉིས་པ་དེ་གཞན་ལ་སྦྱར་བ་ནི་ཇི་ལྟར་ཆོས་ཀྱི་ཕུང་པོ་དག་ཕུང་པོར་བསྡུས་པ་དེ་བཞིན་དུ(གཞན་ཡང་བསྡུ་བར་བྱའོ་ཞེས་སྦྱར་ཏེ་གང་གང་དུ་ཇི་ལྟར་བསྡུ་ཞེ་ན་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི་ཞེས་པ་དང་ཇི་སྐད་བཤད་པར་ཞེས་པ་དང་། ཅི་རིགས་པར་རང་གི་མཚན་ཉིད་ལེགས་དཔྱད་དེ་ཞེས་པ་རིམ་པ་ལྟར་བསྟན་ཏོ། །རིམ་པ་ལྟར་མདོ་དག་གཞན་ལས་འབྱུང་བའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་རྣམས་ནི་བསྟན་བཅོས་འདིར་སྔར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཇི་སྐད་བཤད་པར་ཅི་རིགས་པར་རང་རང་གི་མཚན་ཉིད་རྣམས་ལེགས་པར་དཔྱད་དེ་གང་ཞིག་གང་གི་མཚན་ཉིད་དང་ལྡན་པ་དེ་དེར་བསྡུ་བར་བྱའོ། །)མདོ་གཞན་དག་ལས་གསུངས་པའི་ཕུང་པོ་ལ་སོགས་པའི་མིང་ཅན་གཞན་ལ་ཡང་ཅི་རིགས་པར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ནི་རང་རང་གི་མཚན་ཉིད་རྣམས་ལེགས་པར་དཔྱད་དེ་བསྟན་བཅོས་འདི་ལས་(སྔར་ཕུང་པོ་དང་སྐྱེ་མཆེད་དང་ཁམས།) ཇི་སྐད་བཤད་པར་བསྡུ་བར་བྱ་སྟེ། དེ་ལ་(གསུམ་ལས་ཕུང་པོའི་མིང་ཅན་ཕུང་པོར་བསྡུ་བ་ནི་མདོ་ལས།) རེ་ཞིག་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཞེས་བྱ་བ་ལྔ་ནི་བྱེ་བྲག་ཏུ་སྨྲ་བ་ལྟར་ན་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོས་བསྡུས་ཏེ། ཚུལ་ཁྲིམས་ནི་ལུས་ངག་གི་སྤོང་བདུན་ཡིན་པས་གཟུགས་སུ་འདོད་ཅིང་། གཞན་ནི་(ཕུང་པོ་ཕྱི་མ་གཉིས་ཀྱང་རིམ་པ་ལྟར་མོས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཡིན་པས།) ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་ལས་བྱུང་(བ་ཡིན་པའི་ཕྱིར་རོ། །)བའི་ཁྱད་པར་ཡིན་ཏེ། རྣམ་གྲོལ་གྱི་ཕུང་པོ་ནི་(མི་སློབ་པའི།) མོས་པ་ཡིན་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཤེས་རབ་ཀྱི་བྱེ་བྲག་ཡིན་པའི་ཕྱིར་རོ། །(ཐ་མ་བཞི་འཁོར་དང་བཅས་ནི་ཕུང་པོ་བཞིའམ་ལྔས་ཀྱང་བསྡུས་ཏེ། བསམ་གཏན་ས་དྲུག་ལ་མཉམ་པར་བཞག་པའི་དེ་དག་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་ཡོད་པའི་ཕྱིར་རོ། །)མདོ་སྡེ་པ་ལ་སོགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའང་སེམས་པའི་ཁྱད་པར་ལ་འདོད་པའི་ཕྱིར་ཐམས་ཅད་ཀྱང་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་འདོད་དོ། །དེ་བཞིན་དུ་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་དང་གསོལ་བ་གདབ་པའི་ཕུང་པོ་ཞེས་བྱ་བ་དང་འདུ་བྱེད་ཀྱི་ཕུང་པོས་བསྡུས་ཏེ། འགྱོད་པ་དང་དད་པ་དང་འདུན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་འཁོར་དང་བཅས་ན་ནི་ཕུང་པོ་བཞིས་བསྡུས་སོ། །གཞན་ཡང་ཡང་དག་པར་ངེས་པའི་ཕུང་པོ་དང་ལོག་པར་ངེས་པའི་ཕུང་པོ་དང་མ་ངེས་པའི་ཕུང་པོ་ཞེས་གསུངས་པ་ནི་ཕུང་པོ་ལྔས་བསྡུས་པ་ཡིན་ཏེ། འཕགས་དང་མཚམས་མེད་བྱེད་པ་དག། ཡང་དག་ལོག་པ་ཉིད་དུ་ངེས་ཞེས་འཕགས་པ་དང་མཚམས་མེད་བྱེད་པ་དང་དེ་ལས་གཞན་པའི་གང་ཟག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །(གཉིས་པ་སྐྱེ་མཆེད་ཀྱི་མིང་ཅན་སྐྱེ་མཆེད་དུ་བསྡུ་བ་ནི།) ཡང་ཟད་པར་གྱི་སྐྱེ་མཆེད་བཅུ་བཤད་པའི་དང་པོ་བརྒྱད་ནི་ཟད་པར་བཅུའོ། །བརྒྱད་མ་ཆགས་ཞེས་འབྱུང་བས་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །གཉིས་ནི་གཟུགས་མེད་དག་ཅེས་འབྱུང་བས་ནམ་མཁའ་རྣམ་ཤེས་གཉིས་ནི་གཟུགས་མེད་དང་པོ་གཉིས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཕུང་པོ་བཞི་པ་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །
དེ་བཞིན་དུ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱང་མ་ཆགས་པའི་རང་བཞིན་ཡིན་པས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ལ། འཁོར་དང་བཅས་ན་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཡང་མདོ་ལས། འདི་ལ་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་བྱེད་ན་འདི་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཇི་ལྟ་ཇི་ལྟར་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཆོས་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་ཅིང་ཆོས་སོ་སོ་ཡང་དག་པར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་བ་ལ་ཡིད་དགའ་བ་སྐྱེའོ། །ཡིད་དགའ་བར་གྱུར་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །བདེ་བར་གྱུར་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ལྟ་བ་ཇི་ལྟ་བ་བཞིན་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ན་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་འབྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་ཏེ་འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོའོ། །ཞེས་པ་དང་། དེ་བཞིན་དུ་དབྱངས་ཀྱིས་ཁ་ཏོན་བྱེད་པ་དང་གཞན་ལ་རྒྱས་པར་སྟོན་པ་དང་། སེམས་པར་བྱེད་པ་དང་། སྒོམ་པར་བྱེད་པ་ལའང་རྒྱ་ཆེར་སྦྱར་ནས་རྣམ་གྲོལ་གྱི་སྐྱེ་མཆེད་ལྔ་གསུངས་པ་དེ་དག་ནི་ཤེས་རབ་ཡིན་པས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ཏེ། གཞན་གྱིས་བསྟན་པ་དང་ཁ་ཏོན་ལས་བྱུང་བའི་དོན་དང་ཆོས་རིག་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་དང་། གཞན་ལ་སྟོན་པར་བྱེད་པ་དང་། སེམས་པ་ལས་བྱུང་བའི་དོན་དང་ཆོས་རིག་པ་ནི་བསམ་པ་ལས་བྱུང་བ་དང་། བསྒོམས་པ་ལས་དོན་དང་ཆོས་རིག་པ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡིན་པའི་ཕྱིར་རོ། །དེ་ལ་ཡིད་རབ་ཏུ་དགའ་བ་ནི་ཡིད་བདེ་བའོ། །ལུས་སྦྱངས་པ་ནི་ལུས་ལས་སུ་རུང་བའོ། །བདེ་བ་མྱོང་བ་ནི་སེམས་ལས་སུ་རུང་བའོ། །མཉམ་པར་བཞག་པ་ནི་ཏིང་ངེ་འཛིན་ཏེ་ཞི་གནས་ཀྱི་ཚོགས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་(ཤེས་ཤིང་།) མཐོང་བ་ནི་ཤེས་རབ་སྟེ་ལྷག་མཐོང་གི་ཚོགས་སོ། །ཡིད་འབྱུང་བ་ནི་སྡུག་བསྔལ་དང་ཀུན་འབྱུང་ལས་སོ། །འདོད་ཆགས་དང་འབྲལ་བ་ནི་ལམ་གྱིས་སོ། །རྣམ་པར་གྲོལ་བ་ནི་འགོག་པ་མངོན་དུ་བྱེད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །འཁོར་དང་བཅས་ན་ནི་ཁ་ཏོན་དུ་བྱེད་པ་དང་གཞན་ལ་སྟོན་པ་ལ་སྒྲ་ཐོས་པ་དང་མཚུངས་ལྡན་གྱི་གྲོགས་དང་མཚན་ཉིད་ལ་སོགས་པ་ཡང་ཡོད་པས་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་གསུངས་པ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་བསྡུས་ཏེ། གཟུགས་ལས་གཞན་པའི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །
ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལ་འདུ་ཤེས་མེད་ཅིང་སོ་སོར་འདུ་ཤེས་མེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འདུ་ཤེས་མེད་པའི་སེམས་ཅན་རྣམས་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་དང་པོ་ཡིན་ནོ། །སེམས་ཅན་གཟུགས་མེད་པ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ལྟ་བུ་སྟེ། འདི་ནི་སྐྱེ་མཆེད་གཉིས་པའོ་ཞེས་གསུངས་པའི་འདུ་ཤེས་མེད་པ་པ་ནི་སྐྱེ་མཆེད་བཅུས་བསྡུས་ཏེ། དེ་ནི་དྲི་རོ་མ་གཏོགས་པའི་གཟུགས་ཅན་བརྒྱད་དང་ཡིད་དང་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། འདིའི་ཡིད་ནི་སྐྱེ་བ་དང་འཆི་འཕོ་བ་ན་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་གཟུགས་མེད་པས་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །(གསུམ་པ་ཁམས་ཀྱི་མིང་ཅན་ཁམས་སུ་བསྡུ་བ་ནི།) ཡང་ཁམས་མང་པོ་པའི་མདོ་ལས། ཁམས་དྲུག་ཅུ་རྩ་གཉིས་གསུངས་པ་དེ་དག་ལས་མིག་ལ་སོགས་པའི་ཁམས་བཅོ་བརྒྱད་ནི་སྡུད་བྱེད་སྔར་བཤད་པ་རྣམས་སོ། །(བཅོ་བརྒྱད་པོ་ལས་གཞན་པའི་ཁམས་ཞེ་བཞིའི་སྡོམ་ནི་དྲུག་ཚན་གསུམ་དང་བཞི་ཚན་གཅིག། གསུམ་ཚན་དྲུག་དང་གཉིས་ཚན་གཉིས། །ཞེས་སོ། །)དེའི་རྗེས་ལ་ཁམས་དྲུག་བཤད་པའི་ས་ལ་སོགས་པ་བཞི་ནི་རེག་བྱའི་ཁམས་ཀྱིས་བསྡུས་ཏེ་སྔར་བཤད་ཟིན་ཏོ། །ནམ་མཁའ་དང་རྣམ་ཤེས་ཀྱི་ཁམས་མ་བཤད་པས་སྒོ་དང་སྐར་ཁུང་ལ་སོགས་པའི་བུ་ག་ནི་ནམ་མཁའི་ཁམས་སུ་ཤེས་པར་བྱ་སྟེ། (བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཕྱི་ནང་གི་དབྱེ་བ་གསུངས་པའི་ཕྱིར་ནམ་མཁའི་ཁམས་ནི་ནམ་མཁའ་ལས་ཐ་དད་དེ་མདོ་ལས་ནང་གི་ནམ་མཁའ་གང་ཞེ་ན། ལུས་འདིའི་ནམ་མཁའ་གང་ཞིག་ནང་ལ་བརྟེན་པ་ནམ་མཁར་གྱུར་པ་མི་གསལ་བ་ཁྲག་དང་ལྤགས་པས་མ་ཁྱབ་པ་སྟེ་དཔེར་ན་མིག་གི་བུ་ག་ལྟ་བུ་སྟེ་ཞེས་པ་ལ་སོགས་པ་དང་། ཕྱིའི་ནམ་མཁའ་གང་ཞེ་ན། ཕྱིའི་ནམ་མཁའ་གང་ཞིག་ནམ་མཁར་གྱུར་པ། མི་གསལ་བ། གཟུགས་སུ་གྱུར་པ་ལས་མ་ཁྱབ་པ་ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་ནམ་མཁའི་ཁམས་ཡངས་པར་གསུངས་པའི་ཕྱིར་ཏེ་མདོ་ལས། གང་གི་ཕྱིར་དེའི་སེམས་ཁམས་ལྔ་རྣམས་ལས་འདོད་ཆགས་དང་བྲལ་བར་རྣམ་པར་གྲོལ་བར་འགྱུར་ལ། དེ་ནས་དེའི་རྣམ་པར་ཤེས་པ་ཉིད་ལྷག་མར་ལུས་པར་འགྱུར་རོ་ཞེས་གསུངས་ལ། ཟག་མེད་ནི་སྤང་བྱ་མ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་རོ། །)དེ་ཡང་ཉིན་མོ་སྣང་བ་དང་མཚན་མོ་མུན་པའི་རང་བཞིན་དག་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱིས་བསྡུས་སོ་ལོ། །འདི་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་སྟེ་(རྩིག་པ་ལ་སོགས་པའི་ཐོགས་བཅས་ཀྱི་ཉེ་འཁོར་ན་ཡོད་པ།) ཐོགས་བཅས་ཉེ་འཁོར་བ(འི་གཟུགས་)ཡིན་ནོ་ཞེས་ཟེར་རོ། །
མདོ་སྡེ་པ་ན་རེ་འདི་ནི་མདོའི་དགོངས་པ་མ་ཡིན་ཏེ། སྣང་བ་དང་མུན་པ་ནི་འདུས་བྱས་ཡིན་པའི་ཕྱིར་དང་། ནམ་མཁའི་ཁམས་ཀྱང་འདུས་མ་བྱས་སུ་བཤད་པའི་ཕྱིར་ཐོགས་མེད་ཉེ་འཁོར་བ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟར་ན་ནམ་མཁའི་ཁམས་ཆོས་ཀྱི་ཁམས་སུ་འདུས་སོ། །རྣམ་ཤེས་ཐམས་ཅད་ནི་རྣམ་ཤེས་ཀྱི་ཁམས་མ་ཡིན་གྱི་འོན་ཀྱང་ཟག་པ་དང་བཅས་པའི་རྣམ་པར་ཤེས་པའི་ཁམས་ཡིན་པར་འདོད་དེ། (ཟག་མེད་སྲིད་པ་གཅོད་པར་བྱེད་པ་ཡིན་པ་ལ།) ཁམས་དྲུག་པོ་དེ་དག་བཅོམ་ལྡན་འདས་ཀྱིས་སྲིད་པར་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་འཕོ་བའི་རྟེན་དུ་གསུངས་པའི་ཕྱིར་རོ། །མདོ་ལས། དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བ་དང་། ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་འཇུག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྣམ་ཤེས་ཀྱི་ཁམས་ནི་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །(ཁམས་དྲུག་པོ་དེ་དག་ལས་སྲིད་པ་སྐྱེད་པ་ཡིན་ཏེ་རྣམ་ཤེས་ནི་སྲིད་པར་ཉིང་མཚམས་སྦྱོར་བའི་ས་བོན་ནོ། །དེ་གསོ་བར་བྱེད་པ་ནི་འབྱུང་བ་བཞི་སྟེ་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །འཕེལ་བར་བྱེད་པ་ནི་ནམ་མཁའ་སྟེ་གོ་འབྱེད་པའི་ཕྱིར་རོ་དེ་ལྟར་ན་འདི་དག་ནི་ཡང་སྲིད་རྒྱས་པའི་ས་བོན་གྱི་དོན་གྱིས་ན་ཁམས་སོ། །དེ་དག་ལས་འདིར་གཉིས་ཁོ་ན་འཆད་པ་ནི་ལ་ལ་བཤད་ཟིན་ཅིང་ལ་ལ་འཆད་པར་འགྱུར་བའི་ཕྱིར་དེ་ཁམས་ནི་བཅོ་བརྒྱད་འབྱུང་བ་བཞི། །དུས་གསུམ་ཚོར་བ་ལ་སོགས་བཞི། །ཟག་བཅས་ཟག་མེད་འདུས་བྱས་དང་། །འདུས་མ་བྱས་དང་འགོག་ཁམས་ཏེ། །བཤད་ཟིན་སོ་བཞིའོ། །ས་སོགས་ལས་གཞན་དྲུག་ཚན་དང་། དུས་གསུམ་འགོག་པ་ལས་གཞན་པའི་གསུམ་ཚན་འཆད་འགྱུར་ཉེར་དྲུག། ཅེས་གསུངས་ལ། ཡང་ན་འཕྲོ་ལུས་པ་འདི་གཉིས་ཀྱིས་ཁ་བསྐང་བའམ། ལོག་རྟོག་བཟློག་པའི་ཕྱིར་རོ། །)དེའི་རྗེས་ལ་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བ་དང་ངེས་པར་འབྱུང་བ་དང་གནོད་སེམས་མེད་པ་དང་རྣམ་པར་མི་འཚེ་བའི་ཁམས་ཞེས་བྱ་བ་དྲུག་བཤད་པ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། དང་པོ་གསུམ་ནི་འདོད་པའི་འདོད་ཆགས་དང་སེམས་ཅན་ལ་ཞེ་སྡང་བ་དང་། །སེམས་ཅན་ལ་ཐོ་འཚམ་པའི་རང་བཞིན་སྤང་བར་བྱ་བའི་སེམས་བྱུང་དང་། ཕྱི་མ་གསུམ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་སྙིང་བརྩེ་བའི་རང་བཞིན་གཉེན་པོའི་སེམས་བྱུང་ཡིན་པའི་ཕྱིར་རོ། །
དེའི་རྗེས་ལ་བདེ་བ་དང་སྡུག་བསྔལ་དང་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་དང་མ་རིག་པའི་ཁམས་ཞེས་བྱ་བ་དྲུག་གསུངས་པའང་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། དང་པོ་ལྔ་ནི་ཚོར་བ་དང་དྲུག་པ་ནི་འདུ་བྱེད་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །དེའི་རྗེས་ལ་ཚོར་བ་དངའདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཁམས་བཞི་གསུངས་པ་ནི་དང་པོ་གསུམ་ཆོས་ཀྱི་ཁམས་དང་བཞི་པ་སེམས་ཀྱི་ཁམས་བདུན་གྱིས་བསྡུས་སོ། །དེའི་རྗེས་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་གསུངས་པ་ནི་རིམ་པ་བཞིན་ཁམས་བཅོ་བརྒྱད་དང་དྲི་རོ་དང་སྣ་ལྕེའི་རྣམ་ཤེས་མ་གཏོགས་པ་བཅུ་བཞི་དང་ཁམས་ཐ་མ་གསུམ་གྱིས་བསྡུས་སོ། །དེའི་རྗེས་ལ་གཟུགས་དང་གཟུགས་མེད་པ་དང་འགོག་པའི་ཁམས་གསུམ་གསུངས་པ་ནི་ཁམས་བཅུ་བཞི་དང་ཐ་མ་གསུམ་དང་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། འདིར་འགོག་པའི་ཁམས་ནི་སོ་སོར་བརྟགས་པ་དང་བརྟགས་མིན་གྱི་འགོག་པ་ཡིན་ནོ། །དེ་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཁམས་གསུམ་གསུངས་པ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་བསྡུས་སོ། །དེའི་རྗེས་ལ་ངན་པ་དང་བར་མ་དང་གྱ་ནོམ་པའི་ཁམས་གསུམ་གསུངས་པ་ནི་འདོད་པའི་ཁམས་ལ་སོགས་པ་གསུམ་པོ་ཉིད་ཡིན་ནོ། །དེའི་རྗེས་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཁམས་གསུམ་གསུངས་པའི་དང་པོ་གཉིས་ནི་གཟུགས་དང་སྒྲ་དང་ཆོས་དང་སེམས་ཀྱི་ཁམས་བདུན་གྱིས་བསྡུས་སོ། །ཐ་མ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །དེའི་རྗེས་ལ་སློབ་པ་དང་མི་སློབ་པ་དང་གཉིས་ཀ་མ་ཡིན་པའི་ཁམས་གསུམ་གསུངས་པའི་དང་པོ་གཉིས་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་གྱིས་བསྡུས་སོ། །
གསུམ་པ་ནི་ཁམས་བཅོ་བརྒྱད་དུ་བསྡུས་སོ། །དེའི་རྗེས་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཁམས་གཉིས་གསུངས་པ་ལས་དང་པོ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་ལ། ཕྱི་མ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་(ཐ་མ་གསུམ་)ཀྱིས་བསྡུས་སོ། །དེའི་རྗེས་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་གཉིས་གསུངས་པ་ལས་དང་པོ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་ལ། ཕྱི་མ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། དེ་ལྟར་ན་དེ་དག་ནི་ཁམས་དྲུག་ཅུ་རྩ་གཉིས་ཏེ་དེ་དག་ལ་མཁས་ན་མཁས་པ་ཁམས་ལ་མཁས་པ་ཞེས་གསུངས་སོ། །
ཡང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་གསུངས་པ་ནི་བྱེ་བྲག་མེད་པར་ཁམས་བཅོ་བརྒྱད་ཀྱིས་བསྡུས་ཏེ། དེ་ཡང་འདོད་པར་གཏོགས་པ་ནི་བཅོ་བརྒྱད་པོ་ཐམས་ཅད་དང་། བསམ་གཏན་དང་པོ་ནི་བཅུ་བཞིས་བསྡུས་སོ་ཞེས་ཤེས་པར་བྱའོ། །
གསུམ་པ། ཁམས་ལ་རྣམ་པའི་རབ་དབྱེ་བཤད་པ་ལ་བརྐྱང་ན་རབ་དབྱེ་ཉི་ཤུ་རྩ་གཉིས་ཡོད་ཀྱང་བརྗོད་བདེ་བའི་དབང་དུ་བྱས་ནས་བསྟན་ཡོད་ལ་སོགས་པ་ལྔ་དང་། རྟོག་བཅས་དཔྱོད་བཅས་ལ་སོགས་པའི་རྣམ་པའི་རབ་དབྱེ་དང་། དམིགས་བཅས་ལ་སོགས་པ་ལྔ་དང་། བྱུང་བ་གསུམ་གྱི་རྣམ་པའི་རབ་དབྱེ་དང་། རྫས་དང་ལྡན་པ་ལ་སོགས་པ་ལྔ་དང་། མཐོང་སྤང་ལ་སོགས་པའི་རྣམ་པའི་རབ་དབྱེ་དང་། ལྟ་བ་དང་ལྟ་བ་མ་ཡིན་པའི་རྣམ་པའི་རབ་དབྱེ་དང་། གཉིས་ཀྱིས་ཤེས་པར་བྱ་བ་ལ་སོགས་པ་གསུམ་བཤད་པ་དང་བརྒྱད་དུ་བསྡུ་བར་བྱའོ། །
དེ་ལ་དང་པོ་ནི་ཁམས་བཅོ་བརྒྱད་པོ་དེ་དག་ལས་བསྟན་དུ་ཡོད་པ་རྣམས་ནི་དུ། བསྟན་དུ་མེད་པ་རྣམས་ནི་དུ་ཞེ་ན་ཞེས་པ་ལ་སོགས་པའི་དྲི་བ་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེའི་ལན་དུ་བསྟན་དུ་ཡོད་པ་ནི་འདིར་གཟུགས་ཀྱི་ཁམས་གཅིག་པུ་ཡིན་ཏེ། དེ་ནི་འདི་ནི་འདི་ནའོ། །ཕ་བི་ནི་ཕ་བི་ནའོ་ཞེས་(སྒྲས་བསྟན་པས།) མིག་གི་དབང་པོ(འི་ཤེས་པ་བསྐྱེད་ཅིང་མིག་ཤེས།) ལ་བསྟན་དུ་ཡོད་པའི་ཕྱིར་རོ། །དེས་ན་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཡང་ན་ཚིག་གིས་གཞན་གྱི་མིག་གི་རྣམ་(པར་)ཤེས་(པ་)སྐྱེད་པ་ནི་བསྟན་པ་ཡིན་ལ་དེ་དང་ལྷན་ཅིག་འཇུག་པ་ནི་བསྟན་ཡོད་དེ། དེ་ཡང་གཟུགས་ཀྱི་ཁམས་གཅིག་པུ་ཡིན་ནོ་ཞེས་བཤད་དོ། །ཁམས་བཅུ་བདུན་ནི་དེ་ལྟ་མ་ཡིན་པས་བསྟན་དུ་མེད་པ་ཞེས་བྱ་བ་ཡིན་ནོ། །(མདོ་ལས་ཀྱང་དགེ་སློང་གཟུགས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བ། གཟུགས་ཅན་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའོ་ཞེས་པ་དང་། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བ་གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ་ཞེས་ལུས་ཀྱི་བར་དུ་གསུངས་སོ། །དགེ་སློང་ཆོས་རྣམས་ནི་ཕྱིའི་སྐྱེ་མཆེད་དེ་སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་གསུངས་སོ། །)ཡང་ཁམས་བཅོ་བརྒྱད་ལས་གཅིག་ཏུ་(སྒྲིབ་པའི།) ཐོགས་པ་དང་བཅས་པ་ནི་མིག་ལ་སོགས་པའི་གཟུགས་ཅན་བཅུ་ཡིན་ཏེ། དེ་ལ་ཐོགས་པ་ནི་རྡུགས་པ་ཡིན་ཏེ། (ཡུལ་ལ་ཐོགས་པ་དེ་དག་སྒྲིབ་པ་ལ་ཐོགས་སམ་ཞེ་ན་མུ་བཞི་སྟེ། དང་པོ་ཡུལ་ཐོགས་སྒྲིབ་མི་ཐོགས་ནི་སེམས་ཀྱི་ཁམས་བདུན་དང་ཆོས་ཁམས་ཀྱི་མཚུངས་ལྡན་ནོ། །གཉིས་པ་ནི་ཡུལ་ལྔའོ། །གསུམ་པ་ནི་དབང་པོ་ལྔའོ། །བཞི་པ་ནི་ཆོས་ཁམས་ཀྱི་མཚུངས་ལྡན་མ་གཏོགས་པའོ། །ཡུལ་ཐོགས་དག་དམིགས་པ་ལ་ཐོགས་སམ་ཞེ་ན་ཚིག་ཕྱི་མ་དང་སྦྱར་ཏེ། དམིགས་པ་ལ་ཐོགས་པ་དེ་དག་ཡུལ་ལའང་ཐོགས་ཏེ་ཡུལ་མེད་པར་མཚུངས་ལྡན་རྣམས་མི་སྐྱེ་བས་སོ། །ཡུལ་ལ་ཐོགས་ལ་དམིགས་པ་ལ་མི་ཐོགས་པ་ནི་དབང་པོ་ལྔའོ།) དེ་ཡང་རྣམ་པ་གསུམ་སྟེ། སྒྲིབ་པ་ལ་ཐོགས་པ་དང་། ཡུལ་ལ་ཐོགས་པ་དང་། དམིགས་པ་ལ་ཐོགས་པའོ། །དེ་ལ་དང་པོ་ནི་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྟེ་གཟུགས་ཅན་དག་གཅིག་གི་གོ་སར་གཅིག་རྡུགས་(ནས་གཟུགས་ཅན་གཉིས་པ་མི་འབྱུང་)པའོ། །(རྡུལ་རྫས་བརྒྱད་ཅེས་བྱ་བའང་རང་རང་གོ་སར་རྩིབ་མ་བཞིབས་ནས་གནས་པ་ཡིན་ནོ། །)གཉིས་པ་ནི་མིག་ལ་སོགས་པ་རྣམས་རང་གི་ཡུལ་ལ་འཇུག་གི་གཞན་ལ་མི་འཇུག་པའོ། །
གསུམ་པ་ནི་སེམས་དང་སེམས་བྱུང་རྣམས་རང་གི་ཡུལ་ལ་འཛིན་གྱི་གཞན་ལ་མི་འཛིན་པའོ། །དེ་ལ་འདིར་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། མིག་ལ་སོགས་པའི་རྡུལ་ཕྲན་རྣམས་གཅིག་གི་གོ་སར་གཅིག་འོང་བ་ལ་གེགས་བྱེད་པར་གནས་པའི་ཕྱིར་རོ། །ཁམས་ལྷག་མ་བརྒྱད་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཐོགས་པ་མེད་པར་གྲུབ་བོ། །
འོ་ན་འདིར་ཡུལ་དང་དམིགས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དབང་པོ་ལྔའི་ཡུལ་གང་ཡིན་པ་དེ་ནི་ཡུལ་ཡིན་ལ། གང་ཞིག་སེམས་དང་སེམས་བྱུང་གིས་འཛིན་པ་དེ་ནི་དམིགས་པ་དང་ཡུལ་གཉིས་ཀ་ཡིན་ནོ། །འདིར་འགྲེལ་པ་ལས་ཡུལ་ཐོགས་ཀྱི་སྐབས་སུ་གདགས་པ་ལས་གསུངས་པའི་མིག་ལ་ཆུ་དང་སྐམ་ལ་ཐོགས་མི་ཐོགས་ཀྱི་མུ་བཞི་དང་། མཚན་མོ་དང་ཉིན་པར་ཐོགས་མི་ཐོགས་ཀྱི་མུ་བཞི་དང་། གཞན་ཡང་ཡུལ་དང་སྒྲིབ་ཐོགས་ཀྱི་མུ་བཞི་དང་། ཡུལ་དང་དམིགས་ཐོགས་ཀྱི་མུ་གཉིས་ཀྱང་བཤད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་བློ་གྲོས་བརྟན་པས་ཀྱང་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་ནི་མིག་གི་དབང་པོའི་ཡུལ་ལོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ནི་མིག་ལ་སོགས་པ་ལྔ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་བཞིའོ་ཞེས་བཤད་དོ། །
ཡང་ཁམས་བཅོ་བརྒྱད་ལས་དགེ་བ་དང་མི་དགེ་བའི་ངོ་བོར་ལུང་བསྟན་དུ་མེད་པའི་ཕྱིར་གཅིག་ཏུ་ལུང་དུ་མ་བསྟན་པ་ནི་བརྒྱད་དེ། གང་ཞེ་ན། ཐོགས་བཅས་སུ་བཤད་པའི་གཟུགས་ཅན་བཅུ་པོ་གང་དག་ཡིན་པ་དེ་དག་ཉིད་ལས་གཟུགས་དང་སྒྲ་(གཉིས་ནི་དགེ་མི་དགེར་ཡང་འགྱུར་བས་དེ་གཉིས།) མ་གཏོགས་པ་དབང་པོ་ལྔ་དང་དྲི་རོ་རེག་བྱ་རྣམས་སོ། །གཟུགས་སྒྲ་མ་གཏོགས་པ་ནི་དེ་དག་དགེ་མི་དགེར་ཡང་འགྱུར་བའི་ཕྱིར་རོ། །ཁ་ཅིག་ན་རེ་རྣམ་པར་སྨིན་པའི་ཕྱིར་ལུང་བསྟན་དུ་མེད་པ་ནི་ལུང་མ་བསྟན་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་ཏེ། ཟག་མེད་འདུས་བྱས་ཀྱང་དེར་ཐལ་བའི་ཕྱིར་རོ། །དེས་ན་དེའི་མཚན་ཉིད་ཀྱང་དེ་ཉིད་ཡིན་ཏེ། བྱེ་བཤད་ལས་ཀྱང་། དགེ་བ་དང་མི་དགེ་བའི་དངོས་པོར་ལུང་བསྟན་དུ་མེད་པས་ལུང་དུ་མ་བསྟན་པའོ་ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་དེའི་མཚན་ཉིད་བླང་དོར་དུ་མ་གྲུབ་པ་ཡིན་ནོ་ཞེས་འཆད་པ་ནི་མི་རིགས་ཏེ། མིག་གསལ་བ་ལ་སོགས་པ་བླང་བྱ་དང་། འདོད་པའི་ལྟ་བ་དང་པོ་གཉིས་མཚུངས་ལྡན་དང་བཅས་པ་དང་། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་རྣམས་དོར་བྱ་མ་ཡིན་པར་འགྱུར་བའམ། ཡང་ན་དེ་དག་ལུང་མ་བསྟན་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཁམས་གཞན་བཅུ་པོ་དག་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡིན་ཏེ། དེ་ལ་གཟུགས་སྒྲ་ནི་ལུས་ངག་གི་རིག་བྱེད་ཀྱིས་བསྡུས་པ་སེམས་དགེ་མི་དགེས་ཀུན་ནས་བསླང་བས་ཀུན་སློང་གིས་དགེ་མི་དགེ་དང་། སེམས་ལུང་མ་བསྟན་གྱིས་ཀུན་ནས་བསླང་བ་དང་། (རྒྱུད་ཀྱིས་བསྡུས་ཀྱང་།) རིག་བྱེད་ཀྱིས་མ་བསྡུས་པ་(རྒྱུད་ཀྱིས་མ་བསྡུས་པ་ཐམས་ཅད།) ནི་ངོ་བོ་ཉིད་ཀྱི་ལུང་མ་བསྟན་ཡིན་ནོ། །སེམས་ཀྱི་ཁམས་བདུན་ནི་གྲོགས་མ་ཆགས་པ་དང་། ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པས་དགེ་མི་དགེ་དང་ལུང་མ་བསྟན་ཀྱང་ཡིན་ནོ། །ཆོས་ཀྱི་ཁམས་ནི་ཁ་ཅིག་ངོ་བོ་ཉིད་ཀྱིས་དགེ་བ་དང་། ཁ་ཅིག་མཚུངས་ལྡན་གྱིས་དགེ་བ་དང་། ཁ་ཅིག་ཀུན་སློང་གིས་དགེ་བ་དང་། ཁ་ཅིག་དོན་དམ་པར་དགེ་བའང་ཡོད་དོ། །(དེ་དག་གི་མཚན་ཉིད་ཐོབ་པ་དང་བཅས་པའང་དགེ་བའོ། །)མི་དགེ་བ་དང་ལུང་མ་བསྟན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །
དགེ་མི་དགེའི་མཚན་ཉིད་ནི་རིམ་པ་ལྟར་དམ་པས་བསྔགས་ཤིང་གནོད་མེད་ཀྱི་འབྲས་བུ་སྐྱེད་པ་དང་། དེ་ལས་བཟློག་པའོ། །ཁ་ཅིག་དགེ་བའི་མཚན་ཉིད་ཡུན་དུ་བདེ་བ་དང་འབྲས་བུ་ཡིད་དུ་འོང་བ་སྐྱེད་པའོ་ཞེས་འཆད་པ་ནི་མི་རིགས་ཏེ། བསམ་གཏན་བཞི་པ་ཡན་ཆད་ཀྱི་ཚོར་བ་སྐྱེད་བྱེད་དགེ་བ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་བཏང་སྙོམས་ཀྱང་ཡིད་དུ་འོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡིད་འོང་ཡིད་དུ་མི་འོང་དང་ཞེས་ཡིད་དུ་འོང་བ་ནི་བདེ་བ་ལ་བཤད་པའི་ཕྱིར་རོ། །ཡང་ཁམས་བཅོ་བརྒྱད་ལས་འདོད་པའི་ཁམས་སུ་གཏོགས་པ་(སྟེ་མ་བྲལ་བ།) ནི་བཅོ་བརྒྱད་པོ་ཐམས་ཅད་དོ། །(དེའི་སྲེད་པས་བདག་གིར་བྱས་པའི་ཕྱིར་རོ། །)གཟུགས་ཀྱི་ཁམས་ན་ནིི་བཅུ་བཞིའོ། །གང་ཞེ་ན་དྲི་དང་རོ་དང་སྣའི་རྣམ་ཤེས་དང་ལྕེའི་རྣམ་ཤེས་ཀྱི་ཁམས་མ་གཏོགས་པ་རྣམས་སོ། །དྲི་རོ་གཉིས་ནི་གཟུགས་ཁམས་ན་མེད་དེ། དེ་དག་ནི་ཁམ་གྱི་ཟས་ཡིན་ལ་(བསྣམ་པ་དང་མྱང་བ་ལས་གཞན་པའི་དྲི་རོ་ལ་ལོངས་སྤྱོད་པ་མེད་ལ། དེས་ན་)དེ་ལས་འདོད་ཆགས་དང་བྲལ་བ་དག་དེར་སྐྱེ་བའི་ཕྱིར་རོ། །འོ་ན་ནི་རེག་བྱའང་མེད་པར་འགྱུར་རོ་ཞེ་ན། དེ་ལ་ནི་ཁམ་གྱི་ཟས་དང་ཟས་མ་ཡིན་པ་གཉིས་ཡོད་པས་ཁམ་ཟས་སུ་གྱུར་པའི་རེག་བྱ་མེད་ཀྱང་དབང་པོ་ལ་སོགས་པའི་གཟུགས་ཀྱི་རྟེན་འབྱུང་བ་དང་། (ཁང་པ་ལ་སོགས་པའི་གཞི་དང་།) གོས་ཀྱི་རེག་བྱ་ལ་སོགས་པ་ཡོད་པའི་ཕྱིར་རོ། །དྲི་རོ་ལ་ནི་ཁམ་ཟས་མ་ཡིན་པ་མེད་དོ། །གལ་ཏེ་ཡོད་དུ་ཆུག་ཀྱང་གཟུགས་ཁམས་ན་དགོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་སྣ་ལྕེའི་རྣམ་ཤེས་གཉིས་ཀྱང་མེད་དེ། དེ་དག་གི་ཡུལ་མེད་པའི་ཕྱིར་དང་། གཟུགས་སྒྲ་འདོད་པ་ན་ཡོད་པ་དག་ཀྱང་དེ་པའི་དབང་པོས་འཛིན་མོད་ཀྱི་དྲི་ལ་སོགས་པ་ནི་ཕྲད་ནས་འཛིན་པའི་ཕྱིར་འདོད་པ་ན་ཡོད་པའང་དེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཟེར་རོ། །གལ་ཏེ་དགོས་པ་མེད་པས་མི་འབྱུང་ན་སྣ་ལྕེའི་དབང་པོ་དག་ཀྱང་མེད་པར་འགྱུར་རོ་ཞེ་ན། དེ་ནི་(དགོང་པ་དང་བཅས་ཏེ།) ལུས་མཛེས་པར་བྱ་བའི་ཕྱིར་རོ། །མཛེས་པ་ནི་དབང་རྟེན་གྱིས་བྱ་བར་ནུས་ཤིང་། (དབང་པོ་རྟེན་མེད་ཡིན་པའི་ཕྱིར་དང་།) དགོས་པ་ཀྱང་རྒྱུ་མེད་ན་མི་འབྱུང་ལ། (དགོས་པའི་དབང་གིས་འབྱུང་བ་མ་ཡིན་གྱི།) དབང་པོའི་རྒྱུ་ཡང་དེ་ལ་སྲེད་པས་ལས་བསགས་པ་ཡིན་ཞིང་། (དེ་ཡོད་པས་རྒྱུ་མེད་མ་ཡིན་པས་རྒྱུའི་དབང་གིས་ཡིན་པའི་ཕྱིར་དང་།) གང་ཞིག་ཡུལ་ལ་སྲེད་པ་དང་བྲལ་བ་དེ་ནི་ཡུལ་ཅན་དབང་པོ་ལས་ཀྱང་སྲེད་པ་དང་བྲལ་བ་ཡིན་པའི་ཕྱིར་རྒྱུ་མེད་པས་མི་འབྱུང་བར་རིགས་སོ་ཞེས་སློབ་དཔོན་སྐྱོན་བརྗོད་པར་བྱེད་དོ། །
བྱེ་བྲག་ཏུ་སྨྲ་བ་ནི་དབང་པོ་མེད་པའི་རྟེན་མི་སྲིད་ལ། སྐྱེ་བོ་རྣམས་ཀྱང་དབང་པོ་དང་བཅས་པའི་ལུས་ལ་སྲེད་པ་དང་བཅས་པས་ལས་གསོག་པའི་ཕྱིར་དང་། མདོ་ལས་ཀྱང་གཟུགས་ན་སྤྱོད་པའི་དབང་དུ་མཛད་ནས་དབང་པོ་རྣམས་མ་ཚང་བ་མེད་ཅིང་མེད་པ་མ་ཡིན་ནོ་ཞེས་གསུངས་(པ་དང་འགལ་ལོ་ཞེ་ན་དེར་དབང་པོ་གང་དག་སྲིད་པ་དེ་དག་མ་ཚང་བ་མེད་པ་ལ་དགོངས་ཀྱི། གཞན་དུ་ན་ཕོ་མོའི་དབང་པོའང་ཡོད་པར་ཐལ་ལོ། །དེས་ན་རང་རྒྱུད་ཀྱི་སྒོ་ནས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལ་སྲེད་པ་ཀུན་ཏུ་སྤྱོད་ཀྱི་ཡུལ་དམིགས་པའི་སྒོ་ནས་མ་ཡིན་པས་ཡུལ་ལ་ཆགས་པ་དང་བྲལ་ཡང་དབང་པོ་ལ་བྲལ་བ་མ་ཡིན་ནོ། །དེས་ན་རྒྱུ་ཡོད་པས་སྣ་དང་ལྕེའི་དབང་པོ་ཡོད་དོ། །ཕོ་མོའི་དབང་པོའི་རྒྱུ་ནི་ཡུལ་ལ་རེག་པའི་སྒོ་ནས་སྲེད་པ་ཀུན་ཏུ་སྤྱོད་པས་ཡུལ་གྱི་སྒོ་ནས་སྲེད་པ་སྤྱོད་པ་ཡིན་པས་དེ་ལ་འདོད་ཆགས་ནི་བྲལ་བས་དེ་མེད་ལ་གང་མ་བྲལ་དེ་དག་མ་སྤངས།) པའི་ཕྱིར་སྣ་ལྕེའི་དབང་པོ་ནི་ཡོད་དོ་ཞེས་འདོད་དོ། །གཟུགས་མེད་པའི་ཁམས་སུ་གཏོགས་པ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ཡིན་ཏེ། གཟུགས་ལས་འདོད་ཆགས་བྲལ་བ་དག་དེར་སྐྱེ་བས་དེ་ན་གཟུགས་ཅན་གྱི་ཁམས་བཅུ་མེད་ཅིང་དེ་དག་མེད་པས་དེ་དག་གི་(བརྟེན་པ་དང་དམིགས་པའི་)འབྲས་བུ་རྣམ་ཤེས་ཀྱི་ཁམས་ལྔའང་མེད་པའི་ཕྱིར་རོ། །
ཡང་ཁམས་བཅོ་བརྒྱད་ལས་གང་དག་བཤད་མ་ཐག་པ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་དེ་གསུམ་ལ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཀྱང་ཡོད་དེ། ལམ་གྱི་བདེན་པར་གཏོགས་པའི་དེ་གསུམ་དང་འདུས་མ་བྱས་ནི་ཟག་མེད་ཡིན་ལ། གཞན་ནི་ཟག་བཅས་ཡིན་པའི་ཕྱིར་རོ། །ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་དང་དེ་དག་གི་འབྲས་བུ་རྣམ་ཤེས་ཀྱི་ཁམས་ལྔ་སྟེ་བཅོ་ལྔ་པོ་རྣམས་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ཏེ། སྒོམ་སྤང་ཡིན་པའི་ཕྱིར་དང་། ཟག་པ་རྣམས་རྒྱས་པར་འགྱུར་རོ། །དཔེས་སྟོན་པ་རྣམས་ནི་དགྲ་བཅོམ་པའི་གཟུགས་ཀྱི་ཕུང་པོ་དང་སྣོད་ཀྱི་འཇིག་རྟེན་ནི་ཟག་པའི་གཉེན་པོ་མ་ཡིན་པ་དང་ཟག་པའི་རྟེན་མ་ཡིན་པས་ཟག་བཅས་ཟག་མེད་གཉིས་ཀ་ཡིན་ནོ་ཞེས་འདོད་བ་ནི་མ་ཡིན་ཏེ། དེ་དག་རྣམ་པར་གཅོད་པའི་འགལ་བ་ཡིན་པས་ཕུང་པོ་གསུམ་པ་མི་སྲིད་པའི་ཕྱིར་རོ། །གནས་བརྒྱད་པའི་བསམ་གཏན་གྱི་ཡན་ལག་འཆད་པའི་སྐབས་པས་ནི་དཔེས་སྟོན་པས་ལུས་ཤིན་དུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་གིས་བསྡུས་པའི་རེག་བྱ་དང་ལུས་ཀྱི་རྣམ་ཤེས་ཀྱང་ཟག་མེད་དུ་འདོད་པར་བཤད་དོ། །
གཉིས་པ་རྟོག་བཅས་དཔྱོད་བཅས་སོགས་བཤད་པ།
གཉིས་པ་རྟོག་བཅས་དཔྱོད་བཅས་ལ་སོགས་པའི་རྣམ་པའི་རབ་དབྱེ་ནི་ཡང་ཁམས་བཅོ་བརྒྱད་ལས་གཅིག་ཏུ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་ལྔ་པོ་ཡིན་ཏེ། ཁ་ཕྱིར་བལྟས་ཤིང་(རྟོག་དབྱོད་ཀྱི་སས་བསྡུས་པ་རྣམ་ཤེས་ཡིན་ལ་)རྩིང་ཞིབ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེས་ན་འདི་ལ་འབྲེལ་རྣམ་གཅོད་ཡིན་པས་(འཆད་པ་ན་འདི་སྐད་དུ།) རྣམ་པར་ཤེས་པའི་ཁམས་ལྔ་པོ། རྟོག་དང་དཔྱོད་དང་བཅས་ཁོ་ན་ཞེས་གདོན་པར་བྱ་སྟེ། (ཊཱིཀ་བྱེད་དག་གིས་ནི་ཞེས་བྱ་བའི་སྒྲ་ནི་རྟོག་པ་དང་དཔྱོད་པ་དང་བཅས་པ་ཁོ་ནའོ་ཞེས་ངེས་པ་གཟུང་བ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །)ཐ་མ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་རྣམ་པ་གསུམ་ཡིན་ཏེ། འདི་ལྟར་འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་(ཙམ་པོ་)ན་ཡོད་པའི་ཡིད་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་དང་། རྟོག་དཔྱོད་ལས་གཞན་པའི་ཆོས་ཀྱི་ཁམས་སེམས་ལས་བྱུང་བ་རྣམས་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཡིན་ཏེ། དེ་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་ཡོད་པའི་དཔྱོད་པ་ལས་གཞན་པའི་ཡིད་ལ་སོགས་པ་དེ་དག་དང་། འདོད་པ་དང་བསམ་གཏན་དང་པོའི་(དངོས་གཞི་བསམ་གཏན་ཁྱད་པར་ཅན་གྱི་དབང་ཤེས་གསུམ་ནི་རྟོག་མེད་དཔྱད་ཙམ་མོ། ཡང་ན་གཉིས་ཀ་ཡོད་ཀྱང་དང་པོའི་དངོས་གཞི་ཙམ་སོ་སོའི་སས་བསྡུས་སོ་ཞེས་འདོད་དོ། །)དངོས་གཞི་ཙམ་པོ་ན་ཡོད་པའི་རྟོག་པ་ནི་རྟོག་པ་མེད་ཅིང་དཔྱོད་པ་དང་བཅས་པ་ཡིན་ཏེ། (འདོད་པ་ན་རྟོག་པ་ལ་རྟོག་པ་གཉིས་པ་མེད་ཅིང་གྲོགས་སུ་དཔྱོད་པ་ངེས་པར་ལྡན་ལ་ཁྱད་པར་ཅན་ན་རྟོག་པ་སྤངས་ཤིང་དཔྱོད་པ་ཡོད་པའི་ཕྱིར་རོ། །)རྟོག་པ་སྤངས་ཤིང་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་(ཕྱི་མ་གཉིས་ཀྱི་)རྟོག་པ་ལ་རྟོག་པ་གཉིས་པ་མེད་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཡིད་ལ་སོགས་པ་དང་། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་ཡོད་པའི་དཔྱོད་པ་དང་། སེམས་ལས་བྱུང་བ་མ་ཡིན་པའི་ཆོས་ཀྱི་ཁམས་ཐམས་ཅད་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཡིན་ཏེ། བསམ་གཏན་གཉིས་པ་ཡན་ཆད་རྟོག་དཔྱོད་སྤངས་པའི་ས་པ་ཡིན་པའི་ཕྱིར་དང་། དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་པའི་ཕྱིར་དང་། མཚུངས་ལྡན་མ་ཡིན་པ་དག་རྟོག་དཔྱོད་གཉིས་ཀ་དང་མི་ལྡན་པའི་ཕྱིར་རོ། །(དེའི་ཕྱིར་རྟོག་དཔྱོད་དང་བཅས་པའི་ས་ན་ཆོས་བཞི་ཡོད་དོ། །)འོ་ན་ནི་དཔྱོད་པ་མེད་ལ་རྟོག་པ་ཙམ་ཡང་ཡོད་པར་འགྱུར་ཏེ། དཔྱོད་པ་ཐམས་ཅད་ལའང་དཔྱོད་པ་གཉིས་པ་མེད་པའི་ཕྱིར་དང་། བསམ་གཏན་དང་པོ་མན་ཆད་ཀྱི་དཔྱོད་པ་ནི་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་མདོ་ལས་རྟོག་བཅས་དཔྱོད་བཅས་ལ་སོགས་པ་ས་གསུམ་དང་། ཏིང་ངེ་འཛིན་གསུམ་གསུངས་པ་དང་རྗེས་སུ་མཐུན་པར་མཛད་ནས་ཐ་མ་གསུམ་ནི་རྣམ་གསུམ་མོ་ཞེས་གསུངས་པ་ཡིན་ནོ། །ལྷག་མ་མིག་ལ་སོགས་པ་གཟུགས་ཅན་བཅུ་པོ་རྣམས་ནི་རྟོག་དཔྱོད་གཉིས་ཀ་སྤངས་པ་ཡིན་པས་གཅིག་ཏུ་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཉིད་དུ་ངེས་པ་ཡིན་ཏེ་མཚུངས་ལྡན་མིན་པའི་ཕྱིར་རོ། །
གལ་ཏེ་མིག་ལ་སོགས་པའི་རྣམ་ཤེས་ལྔ་པོ་དག་རྟོག་དཔྱོད་དང་བཅས་པ་ཡིན་ན། མདོ་ལས་དགེ་སློང་དག་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་མ་ཡིན་ནོ་ཞེས་རྟོག་བྲལ་དུ་བཤད་པ་དང་(རྟོག་མེད་ཀྱི་ལུས་ངག་གིས་ལས་མི་སྤོང་བར་བཤད་པ་དང་།) འགལ་ལོ་ཞེ་ན། རྟོག་པ་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱི་རྟོག་པ་དང་ངེས་པའི་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པའོ། །དེ་ལ་དབང་པོའི་རྣམ་ཤེས་རྣམས་ནི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པར་བཤད་པ་ཡིན་གྱི་ངོ་བོ་ཉིད་ཀྱི་རྟོག་པ་དང་བྲལ་བར་བཤད་པ་ནི་མ་ཡིན་ནོ། །
འོ་ན་རྟོག་པ་དེ་དག་གང་ཞེ་ན། ངོ་བོ་ཉིད་ཀྱི་རྟོག་པ་ནི་སེམས་བྱུང་གི་ནང་དུ་འཆད་པར་འགྱུར་ལ། ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་དེ་དག་ནི་རིམ་པ་བཞིན་དུ་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་ཡུལ་ལ་རྣམ་པར་གཡེང་བ་དང་། ཡིད་ཀྱིས་རྣམ་ཤེས་དང་མཚུངས་པར་ལྡན་པའི་མིང་ལ་མ་ལྟོས་པར་དོན་དྲན་པ་མཉམ་པར་བཞག་མ་བཞག་ཐམས་ཅད་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་ཡིད་ཀྱི་ཤེས་རབ་རྣམ་པར་གཡེང་བ་ནི་དེ་དང་མཚུངས་པར་ལྡན་(པ་མཉམ་གཞག་མིན།) པའི་ཐོས་པ་དང་བསམས་པ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ། །
གསུམ་པ་དམིགས་བཅས་ལ་སོགས་པ་ལྔ་ནི་ཡང་ཁམས་བཅོ་བརྒྱད་ལས་གཅིག་ཏུ་དམིགས་པ་དང་བཅས་པའི་ཁམས་ནི་ཡུལ་ལ་དམིགས་ནས་འཛིན་པར་བྱེད་པའི་ཕྱིར་སེམས་ཀྱི་ཁམས་བདུན་ཡིན་ནོ། །ཆོས་ཀྱི་ཁམས་ཀྱི་ཕྱེད་སེམས་ལས་བྱུང་བ་རྣམས་ཀྱང་དམིགས་པ་དང་བཅས་པ་ཡིན་ནོ། །ཁམས་ལྷག་མ་ཕྱེད་དང་བཅུ་གཅིག་ནི་མཚུངས་ལྡན་མ་ཡིན་པས་དམིགས་པ་མེད་པར་གྲུབ་བོ། ཁམས་དེ་དག་ལས་གཅིག་ཏུ་སེམས་ཀྱིས་མ་ཟིན་པ་ནི་དགུ་ཡིན་ནོ། །གང་ཞེ་ན། གང་དག་དམིགས་སུ་བཤད་པ་ཕྱེད་དང་བརྒྱད་དང་ཆོས་ཁམས་ཀྱི་ཕྱེད་དང་བཅས་པ་བརྒྱད་པོ་དེ་དག་རྣམས་དང་སྒྲའོ། །(དེ་ལ་བརྒྱད་པོ་ནི་གཟུགས་ཅན་མིན་པས་དབང་པོ་ལྔའི་ཚོགས་པས་མ་བསྡུས་པའི་ཕྱིར་དང་སྒྲས་ནི་རེག་བྱ་འཛིན་པ་མི་སྐྱེད་པས་སོ། །)ཁམས་ལྷག་མ་མིག་ལ་སོགས་པ་ལྔ་དང་གཟུགས་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་གཞན་དགུ་པོ་རྣམས་ནི་ཟིན་པ་དང་མ་ཟིན་པ་རྣམ་པ་གཉིས་ཀ་ཡིན་ནོ། །དེ་ལ་དབང་པོ་ལྔ་འདས་པ་དང་མ་འོངས་པ་ནི་མ་ཟིན་པ་དང་། ད་ལྟར་བྱུང་བ་དག་ཟིན་པ་དག་ཡིན་ནོ། །གཟུགས་ལ་སོགས་པ་བཞི་ནི་ད་ལྟར་བྱུང་བ་དབང་པོའི་ཚོགས་པ་ན་ཡོད་པ་དག་ནི་ཟིན་པ་ཡིན་ལ། དེ་དག་ལས་གཞན་པ་རྒྱུད་ཀྱིས་བསྡུས་པ་ད་ལྟར་བ་ཡིན་ཀྱང་རྩ་བ་མ་གཏོགས་པའི་སྐྲ་དང་བ་སྤུ་དང་སེན་མོ་དང་སོ་དང་བཤང་གཅི་དང་མཆིལ་མ་དང་སྣབས་དང་ཁྲག་ལ་སོགས་པ་དང་། རྒྱུད་ཀྱིས་མ་བསྡུས་པའི་གཟུགས་སོགས་བཞི་པོ་རྣམས་ཀྱང་མ་ཟིན་པའོ། །འདིར་ཟིན་པའི་དོན་ནི་དབང་པོ་ལ་ཕན་གནོད་བྱས་པའི་དབང་གིས་ཚོར་བ་བདེ་སྡུག་སྐྱེ་བའི་ཕྱིར་སེམས་དང་སེམས་བྱུང་རྣམས་ཀྱིས་རྟེན་གྱི་དངོས་པོར་ཉེ་བར་གཟུང་བ་སྟེ་འཇིག་རྟེན་ན་སེམས་དང་བཅས་པ་ཞེས་བརྗོད་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཀྱང་ཟིན་པ་ནིལུས་སུ་གཏོགས་པ་རྣམས་ཏེ། ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་གིས་རྟེན་གྱིས་དངོས་པོར་ཉེ་བར་གཟུང་བའི་ཕྱིར་རོ་ཞེས་བཤད་དོ། །
འདིར་མིག་སོགས་དབང་པོ་ལྔ་འདས་པ་དང་མ་འོངས་པ་མ་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་སྨྲ་བས་ཀུན་བཏགས་པ་ཡིན་ཏེ། འདས་མ་འོངས་ནི་འགགས་པ་དང་མ་སྐྱེས་པ་ཉིད་ཀྱིས་དངོས་པོར་མེད་པའི་ཕྱིར་དང་། དངོས་པོ་མེད་པའང་དབང་པོར་མི་འཐད་པའི་ཕྱིར་རོ། །དེས་ན་ཀུན་ལས་བཏུས་དང་། ཕུང་པོ་ལྔ་པ་ལས་ཀྱང་མིག་སོགས་ལྔ་ཟིན་པ་ཁོ་ནར་བཤད་ཅིང་། བྱེ་བཤད་ལས་ཀྱང་། གཞན་ལས་འདི་དག་གཉིས་སུ་མ་བསྟན་ཏམ་ཞེ་ན། བསྟན་མོད་ཀྱི་དེ་ལ་ཡང་འདས་པ་དང་མ་འོངས་པ་ནི་ཟིན་པ་མ་ཡིན་པ་མ་བརྗོད་དེ། དེ་ནི་མེད་པ་ཉིད་དོ། །མེད་པ་ནི་ཟིིན་པའམ་ཟིན་པ་མ་ཡིན་པར་བརྗོད་དུ་མི་རུང་ངོ་། །ད་ལྟར་བ་ནི་རང་ཡོད་པར་གནས་པ་དང་། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཟིན་པ་ཉིད་དེ། མིག་ལ་སོགས་པ་ནི་མ་ཟིན་པ་མ་ཡིན་ནོ་ཞེས་བཤད་དོ། །དེའི་ཕྱིར་དབང་པོ་དག་ནི་གཅིག་ཏུ་ཟིན་པ་ཡིན་པས་ན་མ་ཟིན་པ་དགུ་དང་ཟིན་པ་ལྔ་དང་གཉིས་ཀ་ཡིན་པ་ནི་བཞི་ཡིན་ནོ་ཞེས་བྱ་བ་ཉིད་རིགས་པར་མངོན་ནོ། །
ཡང་ཁམས་བཅོ་བརྒྱད་ལས་རེག་བྱའི་ཁམས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམ་པ་གཉིས་ཀ་ཡིན་ཏེ་ས་ལ་སོགས་བཞི་འབྱུང་བ་དང་། འཇམ་པ་ལ་སོགས་པ་བདུན་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་རོ། །ལྷག་མ་མིག་ལ་སོགས་པ་གཟུགས་ཅན་དགུ་པོ་ནི་འབྱུང་བ་ལས་གྱུར་པ་ཡིན་ནོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྣམ་པར་རེག་བྱེད་མ་ཡིན་པའི་གཟུགས་ཀྱང་འབྱུང་བ་ལས་གྱུར་པ་ཡིན་ཏེ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་རེག་བྱེད་མ་ཡིན་པའི་བྲས་བུའི་གཟུགས་སུ་འདོད་པའི་ཕྱིར་རོ། །ལྷག་མ་སེམས་ཀྱི་ཁམས་བདུན་དང་རིག་བྱེད་མ་ཡིན་པ་མ་གཏོགས་པའི་ཆོས་ཀྱི་ཁམས་ནི་འབྱུང་བ་དང་འབྱུང་གྱུར་གཉིས་ཀ་མ་ཡིན་ནོ་ཞེས་བྱ་བར་གྲུབ་(སྟེ་གཟུགས་ཅན་མིན་)བོ། །
འདིར་བཙུན་པ་སངས་རྒྱས་ལྷ་སྐྱེ་མཆེད་གཟུགས་ཅན་དུ་བཅུ་འབྱུང་བ་ཙམ་ཡིན་ནོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། མདོ་ལས་འབྱུང་བ་རྣམས་ནི་བཞི་ཉིད་དུ་གསུངས་པའི་ཕྱིར་དང་། དེ་དག་ཀྱང་སྲ་བ་ལ་སོགས་པའི་མཚན་ཉིད་ཅན་དུ་གསུངས་པའི་ཕྱིར་དང་། སྲ་བ་ལ་སོགས་པ་དེ་དག་ཀྱང་རེག་བྱ་ཡིན་པའི་ཕྱིར་དང་། མིག་ལ་སོགས་པས་སྲ་བ་བ་ལ་སོགས་པ་མི་འཛིན་ཞིང་ལུས་ཀྱི་དབང་པོས་ཀྱང་ཁ་དོག་ལ་སོགས་པ་མི་འཛིན་པའི་ཕྱིར་དང་། མདོ་ལས། དགེ་སློང་(རེག་བྱ་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་པ་དང་།) མིག་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བ་གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །
འོ་ན་མདོ་ལས། གང་མིག་གི་ཤའི་གོང་བུ་ལ་སྲ་བ་མཁྲད་པར་གྱུར་པ་གང་ཡིན་པ། ཞེས་(མིག་དང་ས་ཁམས་གཅིག་ཏུ།) གསུངས་པའི་དོན་ཇི་ལྟར་ཡིན་ཞེ་ན། དེ་ནི་དབང་པོ་དང་ཚོགས་པའི་དབང་རྟེན་གྱི་དབང་དུ་བྱས་ནས་གསུངས་པ་ཡིན་པའི་ཕྱིར་དང་། དགེ་སློང་མི་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་(ཁམས་དྲུག་ལས་མེད་པ་སྐད་དུ་བསྟན།) པའང་སེམས་ཅན་གྱི་རྗས་ཀྱི་གཞི་བསྟན་པའི་ཕྱིར་གསུངས་པ་ཡིན་གྱི་དེ་ཙམ་ཁོ་ན་ནི་མ་ཡིན་ཏེ། སེམས་ལས་བྱུང་བ་རྣམས་མེད་པར་ཐལ་བའི་ཕྱིར་དང་། རྣམ་ཤེས་ཉིད་སེམས་ལས་བྱུང་བའང་མ་ཡིན་ཏེ། མདོ་ལས། འདུ་ཤེས་དང་སེམས་པའི་ཆོས་འདི་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ་ཞེས་པ་དང་། སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡང་ཁམས་བཅོ་བརྒྱད་ལས་མིག་ལ་སོགས་པའི་ཁམས་གཟུགས་ཅན་བཅུ་ནི་(རྡུལ་ཕྲན་འདུས་པའི་ཕྱིར།) གཅིག་ཏུ་རྡུལ་ཕྲན་བསགས་པའོ། །ལྷག་མ་བརྒྱད་ནི་བསགས་པ་མ་ཡིན་པའོ། །ཡང་ཁམས་དེ་དག་ལས་གཅོད་པར་བྱེད་པ་སྟ་རེ་ལྟ་བུ་དང་། བཅད་པར་བྱ་བ་ཤིང་ལ་སོགས་པ་ལྟ་བུ་ཉིད་ནི་གཟུགས་དྲི་རོ་རེག་བྱ་ཞེས་བྱ་བ་ཕྱི་རོལ་ཀྱི་ཁམས་བཞི་པོ་དེ་དག་ཉིད་ཡིན་གྱི་དབང་པོ་རྣམས་ནི་བཅད་པར་བྱ་བ་མ་ཡིན་ཏེ། དེ་ནི་འདུས་པའི་རྒྱུན་འབྲེལ་པར་འབྱུང་བ་དུམ་བུར་བྱེད་པ་ལ་བརྗོད་པ་ན་དབང་པོ་རྣམས་ནི་འབྲེལ་བའི་རྒྱུན་གཉིས་སུ་བྱར་མེད་དེ། ལུས་ལ་སོགས་པ་བཅད་པའི་ཡན་ལག་ལ་དབང་པོ་མེད་(པས་དབང་པོ་གཉིས་སུ་བྱར།) པའི་ཕྱིར་རོ། །(ཡོད་ན་དེས་ཀྱང་དེ་བསྐྱེད་པར་འགྱུར་རོ། །)འོ་ན་སྣ་ལ་སོགས་པའི་རྩེ་མོ་བཅད་པ་འབྱར་བ་ན་དེ་དག་གིས་རེག་བྱ་འཛིན་པར་ཇི་ལྟར་འགྱུར་ཞེ་ན། བཅད་པའི་སྣའི་རྩེ་མོ་ལ་སོགས་པས་ནི་རེག་བྱ་མི་འཛིན་གྱི་དེ་དག་འབྱར་བ་ན་འཛིན་པ་ནི་དབང་པོ་ཅན་གྱི་ལུས་དང་འབྲེལ་བས་རྒྱས་བྱུང་གི་དབང་པོ་སླར་སྐྱེས་པས་ཡིན་ནོ། །རྨིད་པུ་ལ་སོགས་པའི་མཇུག་མ་བཅད་པ་འགུལ་བའང་རླུང་གིས་ཡིན་གྱི་དབང་པོ་དང་སེམས་པས་ནི་མ་ཡིན་ཏེ། རྒྱུད་གཉིས་སུ་ཐལ་བའི་ཕྱིར་རོ། །དབང་པོ་རྣམས་ནི་གཅོད་པར་བྱེད་པའང་མ་ཡིན་ཏེ། འོད་ལྟར་དང་བའི་ཕྱིར་རོ། །སྒྲ་ནི་རྒྱུན་མེད་པའི་ཕྱིར་དང་། ཆོས་ཀྱི་ཁམས་དང་སེམས་ཀྱི་ཁམས་བདུན་ནི་ལུས་མེད་པས་འདུས་པར་མི་གནས་པའི་ཕྱིར་གཅོད་པར་བྱེད་པ་དང་བཅད་པར་བྱ་བ་གཉིས་ཀ་མ་ཡིན་ནོ། །ཇི་ལྟར་ཕྱི་རོལ་ཀྱི་ཁམས་བཞི་པོ་དག་གཅོང་བྱེད་དང་བཅད་བྱ་ཡིན་པ་དེ་བཞིན་དུ་མེས་བསྲེག་པར་བྱ་བ་དང་སྲང་གིས་འཇལ་བར་བྱེད་པའང་བཞི་པོ་དེ་དག་ཉིད་དོ། །སྲེག་པར་བྱེད་པ་མེ་དང་གཞལ་བར་བྱ་བ་མར་ལ་སོགས་པ་ལ་ནི་མི་མཐུན་པར་སྨྲའོ། །ཇིི་ལྟར་སྨྲ་ཞེ་ན། ཁ་ཅིག་ན་རེ་སྲེག་པར་བྱེད་པ་ནི་མེ་ཁོ་ན་ཡིན་པས་རེག་བྱ་དང་། གཞལ་བར་བྱ་བ་ནི་ལྕི་བ་ཁོ་ན་ཡིན་པས་གཉིས་ཀའང་རེག་བྱ་ཁོ་ན་ཡིན་ནོ་ཞེས་ཟེར་ལ། །ཁ་ཅིག་ན་རེ་རེག་བྱ་ཁོ་ན་མ་ཡིན་གྱི་འོན་ཀྱང་ཕྱི་རོལ་ཀྱི་ཁམས་བཞི་པོ་དེ་དག་ཉིད་(འདུས་པ་)ཡིན་ནོ་ཞེས་ཟེར་རོ། །
བཞི་པ་བྱུང་བ་གསུམ་གྱི་རྣམ་པའི་རབ་ཏུ་དབྱེ་བ་ནི་ཡང་ཁམས་བཅོ་བརྒྱད་ལས་རྣམ་པར་སྨིན་པ་ལས་བྱུང་བ་དང་རྒྱས་པ་ལས་བྱུང་བ་ནི་མིག་ལ་སོགས་པ་ནང་གི་ཁམས་ལྔ་ཡིན་ཏེ། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་བསྐྱེད་པའི་ཕྱིར་དང་། རྒྱས་པའི་རྒྱུ་དག་གིས་རྒྱས་པར་བྱས་པའི་ཕྱིར་རོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བས་ན་རྣམ་པར་སྨིན་པ་ལས་བྱུང་ཞེས་རྒྱུ་ཞེས་པའི་བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ་དཔེར་ན་བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བྱ་བ་བཞི་ན་ནོ། །དེ་ཡང་ལས་ནུས་པ་མཐུ་ལྡན་དུ་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། དེ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བ་ཞེས་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པའམ། ཡང་ན་རྣམ་སྨིན་གྱི་རྒྱུ་ལ་འབྲས་བུ་རྣམ་སྨིན་གྱི་མིང་གིས་བཏགས་ནས་དེ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བ་སྟེ་ལོ་མ་ལ་ཚོད་མ་ཞེས་བརྗོད་པ་བཞིན་ནོ། །དེ་ལ་རྒྱས་པའི་རྒྱུ་ནི་བཞི་སྟེ། ཟས་དང་། བསྐུ་མཉེ་དང་དྲིལ་ཕྱིས་ལ་སོགས་པ་ལེགས་པར་བྱ་བ་དང་། གཉིད་དང་ཏིང་ངེ་འཛིན་ཉིད་དོ། །ཁ་ཅིག་ནི་ཚངས་པར་སྤྱོད་པ་དང་ལྔ་ཡིན་ནོ་ཞེས་ཟེར་མོད་ཀྱི་དེ་ནི་མི་གནོད་པ་ཙམ་དུ་ཟད་ཀྱི་རྒྱས་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་(བྱེ་བྲག་ཏུ་སྨྲ་བ།) སློབ་དཔོན་འཆད་དོ། །དེ་དག་ལས་བྱུང་བའི་ཕྱིར་རྒྱས་པ་ལས་བྱུང་བའོ། །རྒྱས་པའི་རྒྱུད་ནི་རྣམ་སྨིན་གྱི་རྒྱུད། (དེ་དབང་པོ།) ལ་ཕྱིར་བཞིན་དུ་བསྐོར་ཏེ་གནས་པས་ཀུན་དུ་སྲུང་ངོ་། །(སྟེ་ཟས་སོགས་ཀྱིས་རྒྱས་པས་རྣམ་སྨིན་དབང་པོ་ལ་ཡང་ཕན་འདོགས་པས་སོ། །)གལ་ཏེ་ནང་གི་ལྔ་ལ་རྒྱུ་མཐུན་ལས་བྱུང་བ་ཡོད་ན་བྱུང་བ་གཉིས་ཁོ་ནར་མི་འཐད་ལ། མེད་ན་ཐ་མ་གསུམ། སྐད་ཅིག་མ་སྟེ་ཞེས་པའི་འགྲེལ་པར་སྡུག་བསྡུལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ཀྱི་སྐད་ཅིག་དང་པོ་མ་གཏོགས་པའི་འདུས་བྱས་གཞན་ནི་རྒྱུ་མཐུན་པ་ལས་མ་བྱུང་བ་འགའ་ཡང་མེད་དོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་གཉིས་ལ་རང་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུ་མཐུན་ཡོད་པས་སྐྱོན་ཕྱི་མ་མེད་ལ་གཉིས་ལས་མ་གཏོགས་པའི་རྒྱུ་མཐུན་ལས་བྱུང་བ་གསུམ་པ་མེད་པས་སྐྱོན་དང་པོ་ལས་གྲོལ་ལོ། །(ཐ་དད་པ་ཡོད་ན་ཤི་བའི་རོ་ལ་ཡང་དབང་པོ་གཟུགས་ཅན་གྱི་རྒྱུན་དམིགས་པར་ཐལ་ཏེ་གཟུགས་སོགས་ཀྱི་རྒྱུ་མཐུན་དམིགས་པ་བཞིན་ནོ། །སྤྱིར་རྣམ་སྨིན་ཆད་ཀྱང་རྒྱས་བྱུང་གིས་གནས་པ་ཡོད་དེ་རོ་ལ་བཞིན། རྒྱས་བྱུང་མེད་ཀྱང་ཅིག་ཤོས་ཀྱི་གནས་པ་ཡོད་པ་དེ་དམྱལ་བའི་ལུས་བཞིན་ནོ། །)
སྒྲའི་ཁམས་ནི་རྣམ་སྨིན་ལས་སྐྱེས་པ་ཡིན་ཏེ། རྣམ་སྨིན་གཟུགས་ཅན་(ནི་ཆད་ནས་མཚམས་མི་སྦྱོར་ཞིང་།) འདོད་པ་ཙམ་གྱིས་འབྱུང་བ་མ་ཡིན་ལ། སྒྲ་ནི་(ཆད་ནས་མཚམས་སྦྱོར་ཞིང་བརྗོད་པར་)འདོད་པའི་དབང་གིས་འབྱུང་བའི་ཕྱིར་རོ། །འོ་ན་གདགས་པའི་བསྟན་བཅོས་ལས། དེ་བཞིན་གཤེགས་པའི་གསུང་སྒྲ་གདངས་ཀྱི་མཚན། །གང་གིས་འཐོབ་པར་འགྱུར་བ་མཉན་པར་གྱིས། །ཚིག་རྩུབ་དང་ནི་ཀྱལ་བ་རྣམ་སྤངས་པས། །དེ་བཞིན་གཤེགས་པའི་མཚན་ནི་ཐོབ་པར་འགྱུར་ཞེས། (སྟོན་པས་གསུང་།) རྣམ་སྨིན་ལས་སྐྱེས་པར་བཤད་པ་དང་།
ལུང་ཕྲན་ཚེགས་ལས། (ཚེ་དང་ལྡན་པ།) སྙན་པ་བཟང་ལྡན་གྱི་ང་རོ་སྙན་པའང་སྔོན་སངས་རྒྱས་འཁོར་བ་འཇིག་གི་མཆོད་རྟེན་ལ་དྲིལ་བུ་ཕུལ་བ་དང་ཁུ་བྱུག་ཏུ་སྐྱེས་པ་ན་སངས་རྒྱས་འོད་སྲུང་ལ་སེམས་དད་པས་སྐད་སྙན་པ་བྱུང་སྟེ་བསྐོར་བ་བྱས་པའི་རྣམ་སྨིན་ལས་བྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་ཉི་འོག་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ལས་དེ་དག་ལས་རྣམ་སྨིན་གྱི་བདག་ཉིད་ཀྱི་འབྱུང་བ་དག་འགྲུབ་ལ། དེ་ལས་ནི་གསུང་ཚངས་པའི་སྒྲ་དབྱངས་ལྟར་སྙན་པ་འབྱུང་བས་བརྒྱུད་པ་གསུམ་པ་ཡིན་ནོ་ཞེས་བྱ་བར་འདོད་ལ། ཁ་ཆེ་བ་ནི་ལས་ལས་རྣམ་སྨིན་ལས་སྐྱེས་པའི་འབྱུང་བ་དང་། དེ་ལས་རྒྱས་བྱུང་དང་། དེ་ལས་རྒྱུ་མཐུན་ལས་བྱུང་བ་དང། དེ་ལས་གསུང་དབྱངས་འབྱུང་བའི་ཕྱིར་བརྒྱུད་པ་ལྔ་པ་ཡིན་ནོ་ཞེས་ཟེར་ཏེ། གཉིས་ཀ་ལྟར་ནའང་དེ་དག་ལས་བརྒྱུད་ནས་བྱུང་བས་དེ་ལྟར་བཤད་ཀྱི་དངོས་སུ་ནི་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་གྱིས་མི་འབྱུང་བ་དང་། ཆད་ནས་མཚམས་མི་སྦྱོར་བར་ཐལ་བའི་ཕྱིར་རོ། །(དེ་ཙམ་གྱིས་རྣམ་སྨིན་དུ་མི་འགྱུར་ན་ཚོར་བ་ལའང་མཚུངས་ཏེ་ལས་ལས་འབྱུང་བ་དེ་ལས་ཚོར་བ་སྐྱེས་པས་སོ་ཞེ་ན་མི་མཚུངས་ཏེ་སྒྲ་འདོད་དགུར་འབྱུང་བས་དང་ལུས་ཚོར་འགའ་ཞིག་མི་འདོད་ཀྱང་འབྱུང་བས་རྣམ་སྨིན་ཡིན་ལ་ད་ལྟར་གྱི་ཡུལ་གྱི་རྐྱེན་ལས་གྱུར་བ་ཁ་ཅིག་ནི་རྣམ་སྨིན་ཡིན་ནོ། །)དེའི་ཕྱིར་སྒྲ་ལ་(ལུས་རྒྱས་ན་སྐད་ཆེ་བས་)རྒྱས་བྱུང་དང་(རིགས་འདྲ་ཕྱི་མ་ཡོད་པས།) རྒྱུ་མཐུན་ལས་བྱུང་བ་ནི་ཡོད་དོ་ཞེས་བྱ་བར་ཤེས་སོ། །རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་ནི་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ཏེ་ཐོགས་པ་མེད་པ་བརྒྱད་པོ་དེ་དག་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུས་བསྐྱེད་པ་དང་། རྣམ་སྨིན་གྱི་རྒྱུས་བསྐྱེད་པ་དག་ཡོད་པའི་ཕྱིར་དང་། རྒྱས་བྱུང་ནི་མེད་དེ། བརྒྱད་པོ་དེ་དག་བསགས་པར་མི་གནས་པས་གཟུགས་ཅན་རྒྱས་པ་མེད་པའི་ཕྱིར་རོ། །ཁམས་ལྷག་མ་གཞན་གཟུགས་དྲི་རོ་རེག་བྱ་རྣམ་བཞི་ནི་རྣམ་སྨིན་ལས་བྱུང་བ་ལ་སོགས་པ་རྣམ་པ་གསུམ་ག་ཡོད་དེ། དབང་པོའི་ཚོགས་པ་ན་ཡོད་པ་དག་ལ་རྣམ་པ་གསུམ་ག་དང་། ཕྱི་རོལ་ནི་རྒྱུ་མཐུན་ལས་བྱུང་བས་གནས་སོ། །
ལྔ་པ་རྫས་ཡོད་ལ་སོགས་པ་ལྔ་བཤད་པ་ནི་ཡང་ཁམས་བཅོ་བརྒྱད་ལས་གཅིག་ཏུ་རྟག་ཅིང་བརྟན་པའི་རྫས་སུ་ངོ་བོར་ཡོད་པ་དང་ལྡན་པ་ནི་ཆོས་ཀྱི་ཁམས་ཞེས་བྱ་བ་གཅིག་པུའི་ཕྱོགས་འདུས་མ་བྱས་སོ། །དེ་ལ་རྫས་སུ་ཡོད་པ་ནི་རྟག་ཅིང་བརྟན་པར་གནས་པ་དང་། དོན་བྱེད་ནུས་པ་དང་། རང་རྒྱུད་དུ་གྲུབ་བ་དང་། དེ་ལས་གཞན་པ་བཞི་ལས་འདིར་ནི་དང་པོའི་དབང་དུ་བྱས་པའོ། །དེ་ལས་གཞན་པའི་ཁམས་ལྷག་མ་རྣམས་ནི་(འདུས་བྱས་ཡིན་པས།) རྟག་ཅིང་བརྟན་པའི་རྫས་སུ་མེད་པར་གྲུབ་བོ། །ཁམས་དེ་དག་ལས་ཐ་མ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་གྱི་ཕྱོགས་གཅིག་ནི་རྒྱུ་མཐུན་ལས་མ་བྱུང་བའི་སྐད་ཅིག་མ་(ཡང་ཡོད་)སྟེ། དེ་དག་ཀྱང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་དང་པོའི་ཚོགས་པ་ན་ཡོད་པའི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཟག་མེད་གསུམ་ནི་འཇིག་རྟེན་ཆོས་མཆོག་མན་ཆད་ཟག་བཅས་ཡིན་པས་ཟག་མེད་སྔ་མ་སྔོན་དུ་མ་སོང་བས་(དེ་ཡང་འདི་དུས་མཐའི་སྐད་ཅིག་ཡིན་ལ། སྡུག་བསྔལ་ལ་ཆོས་བཟོད་བྱ་རྫོགས་ཀྱི་སྐད་ཅིག་ཡིན་པས་དེ་ཡང་དུས་མཐའི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུ་མཐུན་ལས་བྱུང་བ་ཡིན་ནོ། །)འདི་དག་གིས་ནི་རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། ཐོགས་པ་མེད་བརྒྱད་ཅེས་བྱ་བའི་སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ་བ་སྟོན་པར་བྱེད་དེ། (ཟག་མེད་སྐད་ཅིག་དང་པོའི།) ཡིད་ལ་སོགས་པ་གསུམ་རྒྱུ་མཐུན་དང་རྣམ་སྨིན་ལས་མ་བྱུང་བ་དང་། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་རྟག་པ་ནི་བྱུང་བ་གསུམ་ག་མ་ཡིན་པར་བསྟན་པའི་ཕྱིར་རོ། །(ཟག་མེད་དང་པོ་སྐད་ཅིག་དང་པོ་མ་ཡིན་པའི་འདུས་བྱས་ཐམས་ཅད་ནི་རྒྱུ་མཐུན་ལས་བྱུང་བ་ཡིན་ནོ། །)
འོ་ན་གང་མིག་གི་ཁམས་དང་མི་ལྡན་པ་ལས་གསར་དུ་ཐོབ་པ་དེ་མིག་གི་རྣམ་ཤེས་ཀྱི་ཁམས་ཀྱང་གསར་དུ་ཐོབ་བམ་ཞེ་ན། མུ་བཞི་སྟེ། འདི་ལྟར་མིག་གི་ཁམས་དང་མིག་གི་རྣམ་ཤེས་ཀྱི་ཁམས་དག་སོ་སོ་དང་ཞེས་པས་མུ་དང་པོ་གཉིས་བསྟན་ཏེ། དེ་ལ་མུ་དང་པོ་མིག་གི་དབང་པོ་དང་མི་ལྡན་པ་ལས་ལྡན་པ་ཐོབ་ལ་མིག་ཤེས་དང་མི་ལྡན་པ་ནི་འདོད་པར་སྐྱེས་པ་རིམ་གྱིས་མིག་གི་དབང་པོ་འཐོབ་པ་(ལ་ལུང་མ་བསྟན་གྱི་ཐོབ་པ་ཕྱིར་མི་འབྱུང་གི་དུས་མཉམ་པས།) དང་། གཟུགས་མེད་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ཡན་ཆད་དུ་སྐྱེས་པ་སྟེ། དང་པོ་ནི་མིག་ཤེས་དགེ་བ་དང་ཉོན་མོངས་ཅན། (གྱི་ཐོབ་པ་དུས་གསུམ་དུ་འབྱུང་བས་དེས་ན།) སྔར་དུ་ཐོབ་ཟིན་པའི་ཕྱིར་དང་། གཉིས་པ་(གཟུགས་མེད་)ནི་བསམ་གཏན་གཉིས་པ་ཡན་ཆད་རང་ས་ན་མིག་ཤེས་མེད་པའི་ཕྱིར་དང་། དབང་པོ་ནི་གསར་དུ་ཐོབ་པའི་ཕྱིར་རོ། །(དེ་ཡང་མིག་ཁོ་ན་དང་ལྡན་པ་ནི་བསམ་གཏན་ཕྱི་མ་གསུམ་དུ་སྐྱེས་པ་མིག་ཤེས་མངོན་དུ་མི་བྱེད་པ་ནའོ། །མིག་ཤེས་ཁོ་ན་དང་ལྡན་པ་ནི་འདོད་པ་ན་མིག་མ་ཐོབ་པ་དང་ཉམས་པ་དང་སྟེ། མིག་ལུང་མ་བསྟན་གྱི་ཐོབ་པ་སྔར་ཕྱིར་མི་འབྱུང་བ་མིག་ཤེས་དང་ཉིང་མཚམས་སྦྱར་བ་དང་ལྡན་ནོ། །གཉིས་ཀ་དང་ལྡན་པ་ནི་འདོད་པ་ན་མིག་ཐོབ་ལ་མ་ཉམས་པ་དང་། དང་པོ་དང་གཉིས་པ་ལ་སོགས་པར་སྐྱེས་པ་གཟུགས་ལ་བལྟ་བའི་ཚེ་སྟེ། བསམ་གཏན་དང་པོ་གསུམ་ལ་ནི་གཞན་གྱི་ས་པའི་མིག་ཀྱང་སྲིད་དོ། །བཞི་པ་ནི་གཟུགས་མེད་དུ་སྐྱེས་པ་ནའོ། །དེ་བཞིན་དུ་མིག་དང་གཟུགས་དག་དང་། མིག་ཤེས་དང་གཟུགས་དག་ཐོབ་པ་དང་ལྡན་པའི་མུ་བཞི་སོགས་ཀྱང་རིག་པར་བྱ་སྟེ། མིག་དང་ཡིན་ལ་གཟུགས་དང་མ་ཡིན་པ་ནི་རིམ་གྱིས་མིག་དབང་ཐོབ་པ་ནའོ། །གཟུགས་གསར་དུ་ཐོབ་ལ་མིག་མ་ཐོབ་པ་ནི་མེད་དེ། གཟུགས་མེད་ནས་འོག་མར་སྐྱེ་བའང་བར་སྲིད་དབང་པོ་ཚང་བར་འབྱུང་བས་སོ། །མུ་གསུམ་དང་བཞི་པ་ནི་སྔར་བཤད་པ་ཐམས་ཅད་ཤེས་པར་བྱའོ། །ཡང་གང་མིག་གི་ཁམས་དང་ལྡན་པ་དེ་གཟུགས་དང་ཡང་ཡིན་ནམ་ཞེ་ན་ཚིག་སྔ་མ་དང་སྦྱོར་ཏེ་མིག་དང་ལྡན་པ་དེ་གཟུགས་དང་ཡང་ལྡན་ནོ། །གཟུགས་དང་ཡིན་ལ་མིག་དང་མ་ཡིན་པ་ཡོད་དེ། དམུས་ལོང་དང་མིག་མ་ཐོབ་པ་ནུར་ནུར་པོ་ལ་སོགས་པ་དང་རྐྱེན་གྱིས་ཉམས་པའོ། །མིག་ཤེས་གསར་དུ་ཐོབ་པ་དེ་གཟུགས་ཀྱང་ཐོབ་བམ་ཞེ་ན། སོ་སོ་དང་། ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད་ཅེས་པ་མུ་བཞི་སྟེ། དང་པོ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་ཤེས་མངོན་དུ་བྱེད་པ་ནའོ། །གཉིས་པ་ནི་གཟུགས་མེད་ནས་བསམ་གཏན་གོང་མ་གསུམ་དུ་སྐྱེས་པ་ནའོ། །གསུམ་པ་ནི་གཟུགས་མེད་ནས་འདོད་པ་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ནའོ། །བཞི་པ་ནི་གཟུགས་མེད་ནས་དེ་ཉིད་དུ་སྐྱེ་བ་དང་། འདོད་པ་དང་། དང་པོ་ནས་ཤི་ནས་དེ་ཉིད་དུ་སྐྱེ་བས་ཏེ་འདི་ལ་སྔར་ནས་ལྡན་པས་སོ། །མིག་ཤེས་དང་ལྡན་པ་དེ་གཟུགས་དང་ཡང་ལྡན་ནམ་ཞེ་ན་ལྡན་ནོ་ཞེས་བརྗོད་དེ། གཟུགས་དང་ལྡན་པས་མིག་ཤེས་དང་མི་ལྡན་པ་ནི་བསམ་གཏན་གོང་མ་གསུམ་དུ་སྐྱེས་པའི་མིག་ཤེས་མངོན་དུ་མ་བྱས་པ་ནའོ། །རྣ་བ་ལ་སོགས་པ་ལའང་དེ་བཞིན་དུ་སྦྱར་རོ། །)མིག་ཤེས་མི་ལྡན་པ་ལྡན་པ་ཐོབ་ལ་མིག་དང་མི་ལྡན་པའི་མུ་གཉིས་པ་ནི་བསམ་གཏན་གཉིས་པ་ཡན་ཆད་པ་དག་བསམ་གཏན་དང་པོའི་མིག་ཤེས་མངོན་དུ་བྱས་ནས་གཟུགས་ལ་ལྟ་བ་དང་། (རང་ས་ན་མིག་ཤེས་མེད་པས་སྔར་ནས་མི་ལྡན་ནོ། །)བསམ་གཏན་གཉིས་པ་ལ་སོགས་པ་ནས་ཤི་འཕོས་ནས་འདོད་པ་དང་བསམ་གཏན་དང་པོར་བར་སྲིད་དུ་ཉིང་མཚམས་སྦྱོར་བའི་ཚེ་ན་སྟེ། དང་པོ་ནི་གཟུགས་ཁམས་པ་དག་དབང་པོ་ཚང་བ་ཅན་ཡིན་པས་མིག་སྔར་ནས་ཡོད་པའི་ཕྱིར་དང་། ཕྱི་མ་ནི་བར་སྲིད་དུ་ཉིང་མཚམས་སྦྱོར་བ་ན་རྣམ་ཤེས་དགེ་བ་དང་ཉོན་མོངས་ཅན་(གསར་དུ་)ཐོབ་ཀྱང་ཊཱིཀ་ལས་མིག་གི་ཁམས་དང་ནི་སྔར་མེད་ལྡན་པ་མ་ཡིན་ཏེ། དབང་པོ་ནི་བར་མ་ཆད་པས་ཐོས་ཟིན་པ་བཞིན་དུ་ལྡན་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །
མུ་གསུམ་པ་མིག་གི་ཁམས་དང་མིག་གི་རྣམ་ཤེས་ཀྱི་ཁམས་དག་ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད་དེ། གཟུགས་མེད་ནས་ཤི་འཕོས་ནས་འདོད་པ་དང་བསམ་གཏན་དང་པོར་སྐྱེ་བ་ལྟ་བུ་སྟེ། དེ་ནི་སྔར་དེ་གཉིས་དང་མི་ལྡན་པས་བར་སྲིད་དུ་ཉིང་མཚམས་སྦྱོར་བ་ན་བར་སྲིད་པ་ནི་དབང་པོ་ཚང་བ་ཅན་ཡིན་པའི་ཕྱིར་དང་། མིག་ཤེས་དགེ་བ་དང་ཉོན་མོངས་ཅན་འདས་མ་འོངས་ཀྱི་ཐོབ་པའང་གནས་སྐབས་དང་འབྱུང་བའི་ཕྱིར་རོ། །མུ་བཞི་པ་གཉིས་ཀ་མ་ཡིན་པ་ནི་ཡང་ཞེས་པས་བསྟན་ཏེ་རྣམ་པ་དེ་དག་མ་གཏོགས་པ་(སྟེ་གཟུགས་མེད་ནས་ཤི་བ་དེ་ཉིད་དུ་སྐྱེ་བ་དང་། བསམ་གཏན་ཕྱི་མ་གསུམ་དུ་སྐྱེས་པ་མིག་ཤེས་མངོན་དུ་མི་བྱེད་བ་དང་། འདོད་པའི་མིག་ལྡན་ཅིག་ཅར་ཤི་བ་ཁམས་གོང་མ་གཉིས་སུ་སྐྱེས་པ་དང་རྒྱུད་ཀྱིས་མ་བསྡུས་པ་རྣམས་སོོ། །)གཞན་ཡང་ཡང་གི་སྒྲས་འགྲེལ་པ་ལས་ལྡན་པའི་མུ་བཞི་དང་མིག་དང་གཟུགས་དང་། མིག་ཤེས་དང་གཟུགས་ཀྱིས་འཐོབ་པ་དང་ལྡན་པ་གཟུང་བར་འཆད་དོ། །ཡང་ཁམས་དེ་དག་ལས་གཅིག་ཏུ་གི་ཡིན་པ་ནི་མིག་ལ་སོགས་པ་(དྲུག་དང་རྣམ་ཤེས་དྲུག་དང་།) བཅུ་གཉིས་ཏེ། གང་ཞེ་ན། གཟུགས་དང་སོགས་པས་བསྡུས་པ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་ཏེ་དྲུག་མ་གཏོགས་པའོ། །དེས་ན་གཟུགས་ལ་སོགས་པ་དྲུག་ནི་ཕྱིའི་ཡིན་པར་གྲུབ་བོ། །ཆོས་ཀྱི་ཁམས་ལ་ཚོར་བ་ལ་སོགས་པ་མཚུངས་པར་ལྡན་པ་དག་ནང་ཡིན་ལ། མཚུངས་པར་མི་ལྡན་པའི་འདུ་བྱེད་ཕལ་ཆེ་བ་དང་འདུས་མ་བྱས་དག་ཕྱི་ཡིན་པས་གཉིས་ཀ་ཡིན་པར་བཤད་པར་རིགས་མོད་ཀྱི་འོན་ཀྱང་ཕྱིའི་སྐྱེ་མཆེད་དྲུག་ཅེས་གྲགས་པ་དང་མཐུན་པའི་དབང་དུ་མཛད་ནས་བཤད་པར་མངོན་ནོ། །འདིར་ནང་དང་ཕྱི་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་དང་མ་བསྡུས་པ་ལ་བརྗོད་པར་འདོད་ཀྱི་བདག་ལ་ནང་དང་བདག་མེད་པ་ལ་ཕྱི་ཡིན་ནོ་ཞེས་ཕྱི་རོལ་པས་ཀུན་བཏགས་པ་ལྟར་ནི་མི་ཡིན་ནོ། །
འོ་ན་ལུང་སིལ་བུ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །མཁས་པས་བདག་ཉིད་ཤིན་ཏུ་ནི། །དུལ་བས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སེམས་ལ་བདག་གི་སྒྲ་མཛད་པ་ཡིན་ཏེ། དེའི་མཇུག་ཐོགས་སུ་གཟུང་བར་དཀའ་ཞིང་མྱུར་བར་འཇུག། གང་དུ་འདོད་པ་དེར་འཇུག་བྱེད། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་གསུངས་པའི་ཕྱིར་རོ། །
ཡང་ཁམས་བཅོ་བརྒྱད་པོ་དེ་དག་ལས་ཆོས་ཀྱི་ཁམས་ཞེས་བྱ་བ་ནི། གཅིག་ཏུ་རྟེན་པ་དང་བཅས་པ་ཞེས་བྱ་བ་ཡིན་སྟེ། (ཡུལ་གང་ཞིག་ཤེས་པ་གང་གི་ཡུལ་དུ་ངེས་ལ་དེ་ལ་ཤེས་པ་དེ་སྐྱེས་པའམ་སྐྱེ་བར་འགྱུར་བའི་ཡུལ་དེ་ནི་རྟེན་བཅས་ཡིན་ན་ཡིད་ཤེས་མ་སྐྱེས་པའམ་སྐྱེ་བར་མི་འགྱུར་བའི་ཡུལ་ལམ་ཆོས་དེ་ནི་གང་མེད་པས་འདི་ལྟར།) འཕགས་པའམ་སོ་སོའི་སྐྱེ་བོ་ཡང་རུང་སྟེ་དེ་དག་གིས་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱེད་པས་ཁྱབ་པའི་ཕྱིར་ཏེ། འདིའི་ལུགས་ཀྱི་རང་རིག་མི་འདོད་པས་ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བའི་ཡིད་ཀྱི་ཡུལ་དུ་ནི་རང་གི་ཤེས་པ་དང་། དེ་དང་ལྷན་ཅིག་འབྱུང་བའི་མཚུངས་ལྡན་མ་ཡིན་པ་དག་མ་གཏོགས་པ་ཐམས་ཅད་ཀྱང་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་འདོད་དེ། རང་རིག་འདོད་ན་ནི་དེ་ཡང་འགྱུར་བའི་ཕྱིར་འདི་ནི་བྱེ་བྲག་ཏུ་སྨྲ་བའི་ཡིན་ནོ། །འདིའི་ལུགས་ཀྱིས་ཀྱང་སྐད་ཅིག་མ་གཉིས་པའི་ཡིད་ཤེས་ཀྱི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་བས་ཆོས་ཀྱི་ཁམས་ནི་རྟག་ཏུ་རྟེན་བཅས་ཡིན་ནོ། །(འོ་ན་ཁམས་བཅོ་བརྒྱད་པོ་ཐམས་ཅད་རྟེན་བཅས་ཁོ་ནར་འགྱུར་ཏེ་བདག་མེད་རྟོགས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེ་ན་དེ་ཁོ་ནས་རྟེན་བཅས་སུ་མི་འཇོག་གི་སྟེ། ལྷག་མ་རྣམས་ལ་ནི་རང་རང་བྱེད་པ་གཞན་ཡོད་པས་དེ་མི་བྱེད་པ་ནི་དེ་མཚུངས་སོ། །)ཁམས་ལྷག་མ་བཅུ་བདུན་པོ་དག་ནི་དེ་དང་མཚུངས་པ་དག་ཀྱང་ཡིན་ནོ། །ཀྱང་གི་སྒྲས་རྟེན་པ་དང་བཅས་པའང་ཡོད་དོ་ཞེས་བསྡུ་བའི་ཕྱིར་རོ། །
འོ་ན་རྟེན་བཅས་དེ་མཚུངས་ཀྱི་དོན་གང་ཞེ་ན། མིག་གང་གིས་གཟུགས་བལྟས་པ་དང་ལྟ་བ་དང་ལྟ་བར་འགྱུར་བ་ནི་རྟེན་བཅས་ཡིན་པ་ནས་ལུས་ཀྱི་བར་དུའང་དེ་བཞིན་དུ་ཤེས་པར་བྱ་སྟེ། (ཁམས་གང་ཞིག་རང་གི་ལས་བྱེད་པས་སོ། །)དེ་དང་མཚུངས་པ་ནི་མིག་གང་གིས་གཟུགས་མ་མཐོང་བར་འགགས་པ་དང་། འགག་བ་དང་། འགག་པར་འགྱུར་པ་དང་མི་སྐྱེ་བའི་ཆོས་ཅན་དང་བཞི་ཡིན་ནོ་ཞེས་ཁ་ཆེ་བ་དག་ཟེར་ལ། ནུབ་ཕྱོགས་པ་ནི་མི་སྐྱེ་བའི་ཆོས་ཅན་ལ་(འདོད་པ་དང་དང་པོ་ལྟ་བུ།) རྣམ་ཤེས་དང་ལྡན་པ་དང་(གཉིས་པ་སོགས་ཀྱི།) མི་ལྡན་པ་གཉིས་ཡོད་པས་ལྔར་འགྱུར་རོ་ཞེས་ཟེར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཁམས་ལྔ་ལའང་(མཐོང་བ་དང་མ་མཐོང་བར་འགྱུར་བ་དང་ཞེས་སོགས།) སྦྱར་བར་བྱའོ། (དེ་ལ་མིག་སོགས་བཞིའི་རྡུལ་ནི་རེས་འགའ་ཐམས་ཅད་རྟེན་བཅས་སམ་དེ་མཚུངས་དང་རེས་འགའ་ཕྱོགས་རེའོ། །ལུས་ནི་ཐམས་ཅད་ཀྱིས་མི་བསྐྱེད་དེ་ཞིག་བར་ཐལ་བས་སོ་ཞེས་ཟེར་ཀྱང་ཐམས་ཅད་ཀྱིས་རྐྱེད་ཀྱང་ཞིག་པར་མི་འགྱུར་ཏེ་ལས་ཀྱིས་གཟུང་བས་སོ་ཞེས་ལན་འདེབས་སོ། །)སེམས་ཀྱི་ཁམས་བདུན་ནི་སྐྱེ་བ་ཐམས་ཅད་རྟེན་བཅས། (ཡིན་ཏེ་དམིགས་པ་འཛིན་པས་)དང་། མི་སྐྱེ་བ་(དེ་མི་མཛིན་པ།) ནི་དེ་དང་མཚུངས་པ་ཡིན་ནོ་ཞེས་རིག་པར་བྱ་སྟེ། རྣམ་ཤེས་སྐྱེ་བ་དག་རང་གི་ཡུལ་ལ་བྱ་བ་བྱེད་པར་ངེས་པའི་ཕྱིར་རོ། །
འོ་ན་རྟེན་བཅས་དང་དེ་མཚུངས་ཀྱི་ཁྱད་པར་གང་ཞེ་ན། ཁམས་གང་ཞིག་རང་གི་བྱ་བའི་ལས་མི་བྱེད་པ་དེ་དང་མཚུངས་པ་དང་། བྱེད་པ་དེ་ནི་རྟེན་བཅས་ཏེ། དེ་ཡང་མིག་ནས་ཡིད་ཀྱི་བར་ཁམས་དྲུག་ནི་སྐྱེས་བུ་གཉིས་ལ་སོགས་པ་མིག་ལ་སོགས་པ་གཅིག་གིས་ལྟ་པ་ལ་སོགས་པ་བྱེད་པ་མི་སྲིད་པས་གཅིག་གིས་རྟེན་བཅས་ཡིན་པ་དེ་ཐམས་ཅད་ཀྱི་རྟེན་བཅས་དང་། གཅིག་གི་དེ་མཚུངས་ཡིན་པ་དེ་ཐམས་ཅད་ཀྱི་དེ་མཚུངས་ཡིན་ལ། (དེ་ཡང་གཅིག་གི་རྟེན་བཅས་ཡིན་པ་དེ་ཀུན་གྱི་རྟེན་བཅས་ཡིན་ཏེ་གཞན་ལ་ལྟོས་ནས་ཀྱང་རང་གི་བྱ་བ་བྱས་པས་སོ། །གཞན་གྱི་ལྟ་བ་ལ་སོགས་པའི་བྱ་བ་མ་བྱས་བའི་ཕྱིར་དེ་ལ་རྟེན་བཅས་མིན་ནོ་ཞེ་ན་གཞན་ཀྱི་ལྟ་བ་ལ་སོགས་པ་ཁོ་ནའོ་བྱ་བ་མ་ཡིན་ཏེ་གང་ཟག་གཅིག་གི་དབང་པོ་དང་ཤེས་པས་གང་ཟག་དུ་མའི་ཡུལ་ལྟ་བ་ལ་སོགས་པའི་བྱ་བ་མི་བྱེད་པས་སོ་དེས་ན་འདི་གང་ཟག་ཐམས་ཅད་ཀྱི་ཐུན་མོང་བ་མིན་པས་དེའི་བྱ་བ་ཡང་རྒྱུད་གཅིག་གི་བཞག་གོ།) གཟུགས་ནས་རེག་བྱའི་བར་ཁམས་ལྔ་ནི་ཟླ་བ་དང་བྲོ་གར་དང་གྱང་དང་རྔ་སྒྲ་ལ་སོགས་པ་ལ་གཅིག་ལྟ་བ་ལ་སོགས་པ་བྱེད་པ་དེ་ལ་གཞན་མང་པོའང་ལྟ་བ་ལ་སོགས་པ་བྱེད་པ་སྲིད་པས་དེ་དག་ཐུན་མོང་བ་ཡིན་པས་གང་ཞིག་ལྟ་བ་ལ་སོགས་པ་དེ་ལ་ལྟོས་ནས་རྟེན་བཅས་དང་། གང་ཞིག་ལྟ་སོགས་མི་བྱེད་པ་དེ་ལ་ལྟོས་ནས་ནི་དེ་མཚུངས་ཡིན་ནོ། །(དེ་ཡང་ཡུལ་ནི་ཐུན་མོང་མ་ཡིན་པས་གང་ཟག་དུ་མའི་ཤེས་པ་སྐྱེད་པའི་ནུས་པ་ཡོད་པའི་ཕྱིར་རྒྱུད་དུ་མའི་དབང་གིས་འཇོག་གོ།) གལ་ཏེ་གཟུགས་སྒྲ་གཉིས་མ་ཕྲད་པར་འཛིན་པས་དེ་ལྟ་ཡིན་དུ་ཆུག་ན་དྲི་ལ་སོགས་པ་ནི་ཕྲད་ནས་འཛིན་པས་གང་དག་ལྷས་བྱིན་གྱི་དབང་པོས་འཛིན་པ་དེ་དག་མཆོད་སྦྱིན་གྱི་དབང་པོས་མི་འཛིན་པས་ཐུན་མོང་བ་མ་ཡིན་པའི་ཕྱིར་མིག་སོགས་དང་མཚུངས་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། དེ་དག་ནི་གལ་ཏེ་ལྷས་བྱིན་གྱི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་ན་དེའི་སྣའི་རྣམ་ཤེས་སོགས་སྐྱེད་ལ། འོན་ཏེ་མཆོད་སྦྱིན་གྱི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་ན་དེའི་སྣའི་རྣམ་ཤེས་ལ་སོགས་པ་སྐྱེད་ཀྱི་གང་ཟག་གཅིག་ཁོ་ནའི་སྣའི་རྣམ་ཤེས་སོགས་སྐྱེད་པའི་ངེས་པ་མེད་པའི་ཕྱིར་དང་། སྣའི་ནང་ན་གནས་པའི་སྲིན་བུ་ཕྲ་མོ་ལ་སོགས་པའི་སྣའི་རྣམ་ཤེས་ལ་སོགས་པའང་སྐྱེད་པ་སྲིད་པས་གང་གི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་པ་དེ་ཁོ་ནའི་སྣའི་རྣམ་ཤེས་ལ་སོགས་པར་སྐྱེད་པར་ངེས་པ་མེད་པའི་ཕྱིར་རོ། །དེས་ན་མིག་ལ་སོགས་པ་ནི་ཐུན་མོང་བ་མ་ཡིན་པས་རྒྱུད་གཅིག་གི་དབང་གིས་བཞག་ལ། གཟུགས་སོགས་ལྔ་ནི་ཐུན་མོང་བ་ཡིན་པས་རྒྱུད་དུ་མའི་དབང་གིས་རྣམ་པར་བཞག་གོ་ཞེས་ཤེས་པར་བྱའོ། །(འོ་ན་ཆོས་ཀྱང་གང་འཛིན་པའི་རྟེན་བཅས་དང་མི་འཛིན་པའི་དེ་མཚུངས་ཡིན་ཞེ་ན། དོན་ལྔ་ནི་དེ་ལྟ་ཁོ་ན་ཡུལ་ཡིན་པས་ཁ་ཅིག་ཡུལ་དུ་མ་བྱས་པར་འགག་བ་ཡོད་ལ། ཆོས་ནི་དུས་གསུམ་པ་དང་དུས་ཀྱིས་མ་བསྡུས་པ་ཐམས་ཅད་ཡིད་ཤེས་སྐད་ཅིག་གཉིས་ཀྱི་ཡུལ་དུ་འགྱུར་བས་མི་མཚུངས་སོ། །)
འདིར་སེམས་ཀྱི་ཁམས་བདུན་ལ་རྟེན་བཅས་དང་དེ་མཚུངས་གཉིས་ཀ་ཡོད་བར་བཤད་པ་ནི་བྱེ་བྲག་ཏུ་སྨྲ་བས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་འདོད་པའི་དབང་དུ་བྱས་པ་སྟེ། གོང་མ་བ་དག་ནི་དེ་མི་འདོད་པས་ཀུན་ལས་བཏུས་དང་། ཕུང་པོ་ལྔ་པ་ལ་སོགས་པ་ལས་དངོས་སུ་མིག་ལ་སོགས་པ་ནང་གི་ཁམས་གཟུགས་ཅན་ལྔ་པོ་ཉིད་རྟེན་བཅས་དང་དེ་མཚུངས་སུ་བཤད་ལ། ཁམས་གཞན་དག་ལ་ནི་དེ་གཉིས་མ་བཤད་མོད་ཀྱི་ཤུགས་ཀྱིས་སེམས་ཀྱི་ཁམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་དང་བརྒྱད་ནི་རྟེན་བཅས་ཁོ་ན་ཡིན་ལ། གཟུགས་སོགས་ཕྱི་རོལ་གྱི་ཁམས་ལྔ་ནི་རྟེན་བཅས་དང་དེ་མཚུངས་གཉིས་ཀར་འགྱུར་ཏེ། བྱེ་བཤད་ལས། མིག་ལ་སོགས་པ་འདི་དག་ནི་ཐུན་མོང་མ་ཡིན་པའི་ཕྱིར་གཅིག་གི་རྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིའང་ཡིན་པས་འདི་དག་གི་རྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་ནི་ངེས་པའོ། །གཟུགས་ལ་སོགས་པ་ནི་སོ་སོའོ་རྒྱུད་ལ་རྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་ཉིད་དུ་གནས་སོ། །རྣམ་པར་ཤེས་པ་ལས་བྱེད་པ་གཞན་མེད་པའི་ཕྱིར་གཞན་དག་ལ་ནི་རྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་ཞེས་མི་བརྗོད་དོ་ཞེས་འབྱུང་བའི་ཕྱིར་རོ། །
དྲུག་པ་མཐོང་སྤང་ལ་སོགས་པའི་རྣམ་བའི་དབྱེ་བ་ནི་ཡང་ཁམས་བཅོ་བརྒྱད་ལས། མིག་གི་ཁམས་ལ་སོགས་པ་གཟུགས་ཅན་བཅུ་ནི་སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། ཟག་བཅས་ཡིན་པས་སྤང་བྱ་ཡིན་པའི་ཕྱིར་དང་། བདེན་པ་ལ་ལོག་པར་མི་རྟོག་པའི་ཕྱིར་དང་། (དེས་ཀུན་ནས་མ་བསླངས་བས།) དེ་དང་འབྲེལ་བའང་མ་ཡིན་པས་མཐོང་སྤང་ཡང་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་གཟུགས་ཅན་བཅུ་སྒོམ་སྤང་ཡིན་པ་དེ་བཞིན་དུ་མིག་ལ་སོགས་པའི་རྣམ་ཤེས་ལྔ་ཡང་སྒོམ་སྤང་ཡིན་ཏེ། (ཁ་ཕྱིར་ལྟས་ཤིང་།) རྒྱུ་མཚན་ནི་སྔ་མ་དང་མཚུངས་པའི་ཕྱིར་རོ། །ཁམས་ཐ་མ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ནི་སྒོམ་སྤང་དང་། མཐོང་སྤང་དང་། སྤང་བྱ་མ་ཡིན་པ་རྣམ་པ་གསུམ་དུ་འགྱུར་རོ། །ལྟ་བ་(དང་ཐེ་ཚོམ་)ལ་སོགས་པ་འོག་ནས་འཆད་པའི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་། དེ་དག་དང་མཚུངས་པར་ལྡན་པ་དང་། དེ་དག་གི་མཚན་ཉིད་དང་། རྗེས་སུ་མཐུན་པའི་མཚན་ཉིད་དང་། ཐོབ་པ་དང་བཅས་པ་ནི་མཐོང་སྤང་དང་། ཟག་བཅས་ལྷག་མ་རྣམས་ནི་སྒོམ་སྤང་དང་། (ཉེས་པ་མེད་པས།) ཟག་མེད་རྣམས་ནི་སྤང་བྱ་མ་ཡིན་པའོ། །
འདིར་གནས་མའི་བུའི་སྡེ་པ་དག་སོ་སོ་སྐྱེ་བོ་དང་ངན་སོང་བའི་ལུས་ངག་གི་ལས་མཐོང་སྤང་ཡིན་ཏེ། (འཕགས་ལམ་དང་འགལ་བས།) མཐོང་ལམ་སྐྱེས་པ་ན་སོ་སོའི་སྐྱེ་བོ་འགག་པའི་ཕྱིར་དང་། མདོ་ལས་རྒྱུན་དུ་ཞུགས་པའི་ངན་སོང་གི་འགྲོ་བ་འགགས་སོ་ཞེས་གསུངས་པའི་ཕྱིར་ཞེས་བྱ་བར་འདོད་དོ། །དེ་དགག་པ་ནི་སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མིིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་མིན་ཏེ། (ཉོན་མོངས་ཅན་མིན་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཡིན་ཅེ་ན།) གལ་ཏེ་སོ་སོའི་སྐྱེ་བོ་ཉོན་མོངས་ཅན་ཡིན་ན་འདོད་པའི་སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དག་སོ་སོའི་སྐྱེ་བོ་མ་ཡིན་པར་ཐལ་བའི་ཕྱིར་དང་། (དགེ་བ་ཡིན་ན།) དགེ་རྩ་ཆད་པ་དག་སོ་སོའི་སྐྱེ་བོ་མ་ཡིན་པར་འགྱུར་བའི་ཕྱིར་དགེ་བའང་མ་ཡིན་ནོ། །དེས་ན་སོ་སོའི་སྐྱེ་བོ་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །ངན་སོང་བའི་ལུས་ངག་གི་ལས་ཀྱང་གཟུགས་ཡིན་པའི་ཕྱིར། མཐོང་སྤང་མིན་ཏེ། དེ་ནི་བདེན་པ་ལ་ལོག་པར་མི་རྟོག་ཅིང་དེའི་རྗེས་འབྲང་དང་ཐོབ་པའང་མ་ཡིན་པའི་ཕྱིར་རོ། །(དེས་ན་གཟུགས་དང་དབང་ཤེས་ནི་ཉོན་མོངས་ཅན་ཡིན་ཡང་མཐོང་སྤང་མིན་ནོ། །)དེ་ལ་ངན་སོང་བའི་ལུས་ངག་ནི་དེར་སྐྱེ་བའི་རྒྱུ་ལས་མི་དགེ་པའོ། །སོ་སོའི་སྐྱེ་བ་དང་ངན་སོང་བའི་ལུས་ངག་གཉིས་གའང་དྲུག་པ་ཡིད་ཀྱི་རྣམ་ཤེས་མིན་པ་ལས་སྐྱེས་པའི་ཕྱིར་མཐོང་སྤང་མིན་ཏེ། མཐོང་སྤང་ལ་ཡིད་ལས་སྐྱེས་པ་དང་དེ་དང་འབྲེལ་བས་ཁྱབ་པའི་ཕྱིར་རོ། །
གཞན་ཡང་སོ་སོའི་སྐྱེ་བོ་མཐོང་སྤང་ཡིན་(འགག་འགྱུར་གྱིས་སྤོང་བས།) ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་སོ་སོའི་སྐྱེ་བོར་ཡང་འགྱུར་ཏེ། །དེའི་ཚེ་ན་མཐོང་སྤང་ཡོད་པའི་ཕྱིར་རོ་ཞེས་བྱ་བའང་བརྗོད་དེ། (འདོད་ན་སོ་སྐྱེས་གང་ཞེ་ན་འཕགས་པའི་ཆོས་རྣམས་ཀྱིས་མ་ཐོབ་པའོ་ཞེས་འབྱུང་བས་འདི་ནི་འཕགས་པ་ཡིན་པས་གསལ་ལ། བྱེ་བྲག་ཏུ་སྨྲ་བ་སོ་སྐྱེས་ནི་ས་དགུ་པ་སྟེ། སྒོམ་ལམ་གྱིས་སོ་སོའི་ཉོན་མོངས་ས་དགུ་པའི་རྣམ་པ་སྤོང་བ་ན་དེ་ཡང་སྤོང་སྟེ། ཉོན་མོངས་པ་ཅན་མིན་པའི་ཟག་བཅས་ཐམས་ཅད་ཀྱི་སྤང་ཚུལ་ནི་དེར་འདོད་དོ། །འོ་ན་འཕགས་པ་ཆགས་བཅས་ཀྱང་སོ་སྐྱེར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དུཿཁ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་ན་དེ་ཐོབ་པ་གཅོད་པས་རྣམ་པར་ཉམས་པའི་ཕྱིར་ཏེ། དེ་ཐོབ་དང་ས་འཕོས་ནས་ནི་རྣམ་ཉམས་འགྱུར་ཞེས་པས་སོ། །དེ་ཙམ་གྱིས་སྤོངས་བར་མི་འགྱུར་ཏེ་གཉེན་པོ་སྐྱེས་ན་ཡིན་ནོ། །)འོ་ན་མཐོང་ལམ་སྐྱེས་པ་ན་དེ་དག་འགག་པ་ཅི་ཞེ་ན། དེ་ནི་སོ་སོར་བརྟགས་མིན་གྱིས་འགོག་པ་ཡིན་ནོ། །
བདུན་པ་ལྟ་བ་དང་ལྟ་བ་མ་ཡིན་པའི་རྣམ་པའི་དབྱེ་བ་ནི་ཡང་ཁམས་བཅོ་བརྒྱད་ལས་མིག་གི་ཁམས་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་ལྟ་བ་ཡིན་ཏེ། མིག་ནི་གཟུགས་ལ་ལྟ་བའི་ཕྱིར་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་ཡུལ་ལ་ངེས་པར་རྟོག་པའི་ཕྱིར་རོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སློབ་པའི་ལྟ་བ་དང་། མི་སློབ་པའི་ལྟ་བ་སྟེ་རྣམ་པ་བརྒྱད་དོ། །དེ་ལ་དང་པོ་ལྔ་ནི་ཉོན་མོངས་ཅན་དང་། དྲུག་པ་ནི་དགེ་བ་ཟག་བཅས་དང་། ཕྱི་མ་གཉིས་ནི་སྒོམ་སྤང་གི་ས་བོན་དང་བཅས་པ་དང་དེ་མེད་པའི་ཟག་མེད་ཡིན་པས་དེ་དག་གིས་ཤེས་བྱའི་ཆོས་ལ་ལྟ་བ་ན་རིམ་པ་ལྟར་(ཟག་མེད་ཡེ་ཤེས་ཀྱི་སྣང་བ་མེད་ཅིང་མ་རིག་པའི་སྤྲིན་གྱིས་གཡོགས་པས་དང་། བདེན་བཞི་སྤྱིའི་ཚུལ་ཙམ་དུ་རྟོགས་པས་ལོག་ལྟ་སྤྲིན་མེད་པས་དང་། མཐོང་སྤང་གི་སྤྲིན་མེད་ལ་སྒོམ་སྤང་གི་སྤྲིན་ཡོད་པས་དང་ཉོན་སྒྲིབ་ཀྱི་སྤྲིན་མེད་པས་སོ། །)སྤྲིན་དང་བཅས་པ་དང་སྤྲིན་མེད་པའི་མཚན་མོ་དང་ཉིན་མོ་གཟུགས་ལ་ལྟ་བ་བཞིན་དུ་མི་གསལ་བ་དང་ཅུང་ཟད་གསལ་བ་དང་ཤིན་ཏུ་གསལ་བ་དང་ཤིན་ཏུ་ཆེས་གསལ་བ་ཡིན་ནོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིན་གྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་བཅས་ཁོ་ན་ཡིན་གྱི་མིག་ལ་སོགས་པའི་རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་སྟེ་ཤེས་རབ་དགེ་བ་ནི་ཇི་ལྟར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་(མ་ཡིན་ཞེ་ན། དེ་ནི་)མ་ཡིན་ཏེ། (ལྟ་བ་)དེ་ནི་ངེས་པར་རྟོག་པ་ཡིན་ན་དེ་དག་ནི་ངེས་པར་རྟོག་པ་མེད་པའི་ཕྱིར་རོ། །
འོ་ན་མིག་ཀྱང་ལྟ་བ་མ་ཡིན་པར་འགྱུར་ཏེ། ངེས་པར་རྟོག་པ་མེད་པའི་ཕྱིར་རོ་ཞེ་ན། མིག་གིས་ནི་གཟུགས་རྣམས་མཐོང་བའི་ཕྱིར་ལྟ་བ་ཞེས་བྱའི་ངེས་པར་རྟོག་པའི་ཕྱིར་ནི་མ་ཡིན་ནོ། །(ཤེས་རབ་ནི་དེ་ལྟ་མ་ཡིན་པའོ། །)མིག་ཐམས་ཅད་ཀྱིས་ལྟའམ་ཞེ་ན། རྣམ་ཤེས་(སྒྲིབ་པ་ལ་)རྟེན་པ་དང་བཅས་པའི་མིག་གིས་མཐོང་གི་དེ་དང་མཚུངས་པས་ནི་མ་ཡིན་ནོ། །དེ་ལྟ་ན་མིག་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བར་འགྱུར་རོ་ཞེ་ན། མིག་དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་ནི་མིན་ཏེ། གང་གི་ཕྱིར་ཞེ་ན། རྣམ་ཤེས་ཀྱིས་མཐོང་ན་དེ་ནི་ཐོགས་མེད་ཡིན་པས་རྩིག་པ་ལ་སོགས་པས་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བར་འགྱུར་ན་རྩིག་པ་ལ་སོགས་པའི་སྒྲིབ་པས་བར་དུ་ཆོད་པའི་གཟུགས་ནི་མཐོང་བ་མིན་པའི་ཕྱིར་རོ། །
ལོ་ཞེས་བྱ་བ་ནི་མདོ་སྡེ་པས་དེ་ཟློག་པར་བྱེད་དེ། རྣམ་ཤེས་ཀྱིས་མཐོང་ཡང་བསྒྲིབས་པ་ཐམས་ཅད་ལ་འཇུག་པར་མི་འགྱུར་ཏེ། (མུན་པ་ལ་སོགས་)སྒྲིབ་བྱེད་ཀྱིས་བར་དུ་ཆོད་པ་ལ་རྒྱུ་མ་ཚང་བས་རྣམ་ཤེས་མི་སྐྱེ་བའི་ཕྱིར་དང་། རྒྱུ་ཚང་ན་(མཆིང་བུ་དང་།) ཆུ་དང་ཤེལ་དང་ལྷང་ཚེར་ལ་སོགས་པས་ཆོད་པ་ལའང་རྣམ་ཤེས་སྐྱེ་བའི་ཕྱིར་རོ། །(རྣམ་ཤེས་ཐོགས་མེད་ཡིན་ཀྱང་ཆོད་པའི་ཡུལ་མི་མཐོང་སྟེ་རྐྱེན་སྣང་བ་དང་ཡིད་བྱེད་ལ་སོགས་པ་ལ་ལྟོས་པ་དང་བཅས་པའོ། །)འོ་ན་མདོ་ལས་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མིག་ལ་རྟེན་པའི་རྣམ་ཤེས་ཀྱིས་མཐོང་བ་ལ་བཤད་པ་ཡིན་ཏེ་དཔེར་ན་ཁྲིའུ་དག་འབོད་དོ་ཞེས་བརྗོད་པ་ལྟ་བུའོ། །
གལ་ཏེ་མིག་(གིས་གཟུགས་མཐོང་ན་རེ་རེས་མིག་ཤེས་རེ་རེ་སྐྱེད་པའི་ཚུལ།) གཅིག་གིས་མཐོང་ངམ་(འོན་ཏེ།) གཉིས་ཀས་(མིག་ཤེས་གཅིག་སྐྱེད་པའི་ཚུལ་གྱིས།) མཐོང་ཞེ་ན། མིག་ནི་གཉིས་ཀ་དག་གིས་རྣམ་ཤེས་(རྫས་)གཅིག་སྐྱེད་པའི་ཚུལ་གྱིས་གཟུགས་མཐོང་སྟེ་མིག་གཅིག་གིས་བལྟས་ན་མི་གསལ་བ་ལ་མིག་གཉིས་ཀ་ཕྱེ་ནས་བལྟས་ན་ཤིན་ཏུ་གསལ་བར་མཐོང་བའི་ཕྱིར་(དང་གཅིག་ཁོ་ནས་མཐོང་ན་སྔ་ཕྱི་ཁྱད་མེད་དུ་ཐལ་བའི་ཕྱིར་)རོ། །རྟེན་རྣམ་པར་ཆད་པས་རྣམ་ཤེས་ཆད་པར་ཐལ་(དེ་འདོད་ན་རྣམ་ཤེས་རྫས་རེ་རེ་བར་མཚུངས་པའི་རྫས་མཚུངས་ཉམས་པར་ཐལ།) བའང་མེད་དེ། རྣམ་ཤེས་ནི་གཟུགས་ཅན་མ་ཡིན་པས་ཡུལ་ན་མི་གནས་པའི་ཕྱིར་(དང་བརྒྱ་བྱིན་ལྟ་བུའི་མིག་སྟོང་གིས་ཀྱང་མིག་ཤེས་གཅིག་བསྐྱེད་པའི་ཕྱིར་)རོ། །ཀྱང་ཞེས་པ་ནི་གང་རུང་རེ་རེས་ཀྱང་མཐོང་བར་སྟོན་པའོ། །གལ་ཏེ་མིག་ལ་སོགས་པས་ཡུལ་ཕྲད་ནས་འཛིན་ན་(ཉེ་རིང་མི་འཐད་ལ།) འོན་ཏེ་(ཕྲད་པ།) མ་ཡིན་(ན་ཐོགས་པ་མི་འཐད་དོ། །)ཞེ་ན། མིག་དང་ཡིད་དང་རྣ་བའི་ཁམས་གསུམ་ནི་ཡུལ་དང་མ་ཕྲད་པར་འཛིན་ཏེ། (ཤེལ་ལ་སོགས་པས་ཆོད་པ་མཐོང་བའི་ཕྱིར་དང་།) རྒྱང་རིང་པོའི་གཟུགས་སྒྲ་མཐོང་བ་དང་ཐོས་པའི་ཕྱིར་དང་། ཡིད་ཀྱིས་ཀྱང་འདས་མ་འོངས་དང་ཐག་རིང་པོ་དག་ཀྱང་འཛིན་པའི་ཕྱིར་དང་། ཡིད་ནི་གཟུགས་ཅན་མ་ཡིན་པའི་ཡང་ཕྱིར་རོ། །(ཡིད་ནི་གཟུགས་ཅན་མིན་པས་ཡུལ་དང་མི་ཕྲད་ལ་མིག་ཀྱང་མ་ཕྲད་པ་འཛིན་ཏེ་ཕྲད་ནས་འཛིན་ན་མིག་ལ་བྱུགས་པའི་མིག་སྨན་ལ་སོགས་པའང་མཐོང་བར་ཐལ་བ་དང་། ཐག་རིང་པོའི་གཟུགས་ཀྱང་ཕྲད་ནས་ཡུན་རིང་པོས་མཐོང་བར་འགྱུར་ཏེ། མིག་དེ་འགྲོ་དང་ལྡན་གྱུར་ཅིག། རྒྱང་རིང་ཡུན་རིང་གིས་མཐོང་འགྱུར་ཞེས་སོ། །ཁ་ཅིག་རྣ་བའི་ནང་གི་སྒྲ་ཐོས་པས་རྣ་བ་ཕྲད་མ་ཕྲད་གཉིས་ཀའོ་ཟེར་མོད་ཀྱི། འདི་ལྟར་ཤར་ཕྱོགས་ལ་སོགས་པ་ན་གྲགས་པའི་སྒྲས་འདིར་འོང་ན་རྒྱུན་དང་ལྡན་པར་འགྱུར་ལ། ཤེས་པ་དེར་སོང་ན་ལུས་དང་བྲལ་བར་ཐལ་བས་མ་ཕྲད་པར་མངོན་ནོ། །གཞན་ཡང་ཡུལ་དང་ཕྲད་པ་ཡིན་ན་འདོད་ཁམས་སུ་བསམ་གཏན་པ་རྣམས་ལ་ལྷའི་མིག་རྣ་བའི་མངོན་ཤེས་མི་སྐྱེ་བར་འགྱུར་ཏེ་སྣ་ལ་སོགས་པ་ཡུལ་དང་ཕྲད་ནས་འཛིན་པས་མངོན་ཤེས་མི་སྲིད་པ་བཞིན་ནོ་མ་ཕྲད་ན་ཐག་རིང་བ་དང་ཆོད་པ་ལ་སོགས་པའི་གཟུགས་ཐམས་ཅད་ཀྱང་མི་འཛིན་ཞེ་ན། དེ་ནི་ཕྲད་པ་ཡང་མཚུངས་ཏེ་མིག་སྨན་དང་རང་དང་ལྷན་ཅིག་སྐྱེས་པའི་དྲི་ལ་སོགས་པ་ཇི་ལྟར་མི་འཛིན། འོན་ཀྱང་རུང་ཡུལ་གཞན་མི་འཛིན་པ་ནི་ནུས་པའི་ཁྱད་པར་ཏེ་ཁབ་ལེན་གྱིས་ལྕགས་འདྲེན་པ་བཞིན་ནོ། །)སྣ་དང་ལྕེ་དང་ལུས་ཀྱི་ཁམས་གསུམ་ནི་མ་ཕྲད་པ་ལས་གཞན་དུ་ཡུལ་དང་ཕྲད་ནས་འཛིན་ཏེ། (རྟེན་རྒྱང་རིང་ན་གནས་པའི་དྲི་ཡང་)དབུགས་མ་རྔུབས་པར་མི་འཛིན་པའི་ཕྱིར་དང་། གཞན་ཡང་གཞན་གྱིས་བར་དུ་ཆོད་པའི་དྲི་ལ་སོགས་པ་མི་འཛིན་པའི་ཕྱིར་རོ། །ཕྲད་པ་ཞེས་བྱ་བའང་(དབང་པོ་དང་ཡུལ་གྱི་རྡུལ་ཕྲན།) འདབ་ཆགས་པར་གནས་པ་སྟེ། དེ་ཡང་བར(ན་རྡུལ་ཕྲན་གཞན་)མེད་པར་གནས་པ་ལ་བརྗོད་ཀྱི་རེག་པ་ནི་མ་ཡིན་ཏེ། (དེ་ཡང་བར་ན་རྡུལ་ཕྲན་གཞན་མེད་ཅིང་གཉིས་འདབ་ཆགས་པར་གནས་པ་ནི་ཕྲད་པའི་དོན་ནོ། །)ཕྱོགས་ཐམས་ཅད་ཀྱིས་རེག་ན་རྡུལ་ཕྲན་རྣམས་འདྲེས་(པས་རགས་པ་རྩོམ་མི་ནུས་པར་འགྱུར།) ཕྱོགས་རེས་རེག་ན་ཆ་བཅས་སུ་འགྱུར་བའི་ཕྱིར་རོ། །དེས་ན་རྡུལ་ཕྲན་ནི་མི་རེག་ལ་བསགས་པར་གནས་པ་རེག་ཀྱང་དེ་ནི་ཆ་བཅས་སུ་འདོད་པའི་ཕྱིར་སྐྱོན་མེད་དོ། །
ཡང་སྣ་ལ་སོགས་པ་ཡུལ་དང་ཕྲད་པར་བཤད་པ་གསུམ་གྱིས་ནི་དབང་པོའི་རྡུལ་ཕྲ་རབ་དང་ཡུལ་གྱི་རྡུལ་ཕྲ་རབ་རྣམས་ནི་མཉམ་པར་འཛིན་པར་འདོད་དེ། གང་ཕྲད་པ་དེ་འཛིན་ཅིང་མ་ཕྲད་པ་མི་འཛིན་པའི་ཕྱིར་རོ། །ཡིད་ནི་ལུས་ཅན་མ་ཡིན་པས་ཚད་མི་དཔྱད་ལ། མིག་དང་རྣ་བ་གཉིས་ཀྱིས་ནི་མ་ངེས་ཏེ། རེས་འགའ་དབང་པོ་བས་ཆེ་བ་དང་། རེས་འགའ་ཆུང་བ་དང་། རེས་འགའ་མཉམ་པར་འཛིན་པའི་ཕྱིར་རོ། །(བསགས་པ་ལ་དམིགས་པས་རྡུལ་ཕྲན་གཅིག་གིས་བསྐྱེད་པ་མེད་དོ། །)ཡང་ཁམས་དེ་དག་ལས་ཐ་མ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་ནི་འདས་པ་འགགས་མ་ཐག་པའི་ཡིད་ཁོ་ན་ཡིན་ལ། མིག་གི་རྣམ་ཤེས་ལ་སོགས་པ་ལྔ་པོ་རྣམས་ཀྱི་རྟེན་ནི་མིག་ལ་སོགས་པ་རྣམ་ཤེས་པ་དེ་ངག་དང་ལྷན་ཅིག་སྐྱེས་པའི་དབང་པོ་གཟུགས་ཅན་ད་ལྟར་བའང་ཡིན་ནོ། །འང་གི་སྒྲས་ནི་ཡིད་འདས་པའང་ཡིན་ནོཞེས་བསྡུ་པའི་ཕྱིར་རོ། །
འདིར་འགྲེལ་པ་ལས་དེ་ཉིད་ཀྱི་ཕྱིར་གང་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོ་ཡིན་པ་དེ་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོ་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ་ཞེས་འབྱུང་བས་རྣམ་ཤེས་ཚོགས་ལྔ་ལ་ལྟོས་ནས་དབང་པོ་གཟུགས་ཅན་ལྔ་ནི་རྣམ་ཤེས་ལྔའི་རྟེན་གྱི་དངོས་པོ་ཡིན་གྱི་སེམས་དང་སེམས་བྱུང་མ་ཡིན་པས་མཚུངས་པ་དེ་མ་ཐག་རྐྱེན་གྱི་དངོས་པོ་ནི་མ་ཡིན་པས་མུ་དང་པོ་དང་། ཆོས་ཀྱི་ཁམས་ཀྱི་སེམས་བྱུང་འདས་མ་ཐག་པ་ནི་སེམས་དང་སེམས་བྱུང་སྐྱེས་པ་རྣམས། ཐ་མ་མིན་མཚུངས་དེ་མ་ཐག་ཅེས་འབྱུང་བས་མུ་གཉིས་པ་དང་། (ཡིན་ཏེ་རྣམ་ཤེས་དྲུག་རྟེན་དབང་པོ་དྲུག་ཏུ་ངེས་པས།) འདས་མ་ཐག་པའི་ཡིད་ནི་གཉིས་ཀ་ཡིན་པས་མུ་གསུམ་པ་དང་། ཕྱིའི་ཁམས་གཟུགས་ཅན་ལྔ་དང་ཆོས་ཀྱི་ཁམས་མཚུངས་ལྡན་མ་ཡིན་རྣམས་ནི་གཉིས་ཀ་མ་ཡིན་པས་མུ་བཞི་པའོ། །
ཡིད་ཀྱི་རྣམ་ཤེས་ལ་ལྟོས་ནས་ཡིད་སྔ་མ་རྟེན་དང་དེའི་མཚུངས་པ་དེ་མ་ཐག་རྐྱེན་གྱིས་དངོས་པོ་གཉིས་ཀ་ཡིན་པས་མུ་གསུམ་པ་དང་། མུ་གཉིས་པ་དང་བཞི་པ་ནི་སྔར་བཤད་པ་དང་འདྲ་ལ། མུ་དང་པོ་ནི་མེད་དེ། ཡིད་ཤེས་ཀྱི་རྟེན་གང་ཡིན་པ་དེ་དེའི་མཚུངས་པ་དེ་མ་ཐག་རྐྱེན་ཀྱང་ཡིན་པའི་ཕྱིར་རོ། །གལ་ཏེ་མིག་གིས་རྣམ་ཤེས་ལ་སོགས་པ་ཡིད་དང་མིག་ལ་སོགས་པ་གཉིས་ཀ་ལ་རྟེན་པ་ཡིན་པའི་ཕྱིར་དང་། གཟུགས་ལ་སོགས་པ་ལས་ཀྱང་སྐྱེ་བ་ཡིན་ན་ཅིའི་ཕྱིར་མིག་གི་རྣམ་ཤེས་ལ་སོགས་པར་བརྗོད་ཀྱི་གཟུགས་ཀྱི་རྣམ་ཤེས་ལ་སོགས་པར་མི་བརྗོད་ཅེ་ན་མིག་ལ་སོགས་པ་དེ་དག་གྱུར་པས་མིག་གི་རྣམ་ཤེས་ལ་སོགས་པ་རྣམས་འགྱུར་བ་ཉིད་ཀྱི་ཕྱིར་ཏེ། ཕན་གནོད་ཀྱིས་བདེ་སྡུག་དང་མཚུངས་ལྡན་དུ་སྐྱེ་བའི་ཕྱིར་དང་། རྣམ་འགྲེལ་ལས། གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བརྟེན་པར་གྱིས། །ཞེས་འབྱུང་བ་ལྟར་བྱ་རྒོད་ཀྱི་མིག་ནི་རང་བཞིན་གྱིས་གསལ་བས་གཟུགས་མི་གསལ་བ་ཡང་དཔག་ཚད་དུ་མས་བར་དུ་ཆོད་པ་ལའང་མིག་ཤེས་སྐྱེ་ཞིང་། རྣ་བ་ལ་སོགས་པའང་དེ་དང་འདྲ་བས་དབང་པོ་གསལ་བ་དང་མི་གསལ་བས་རྣམ་ཤེས་གསལ་བ་དང་མི་གསལ་བར་སྐྱེ་བའི་ཕྱིར་དང་། གཟུགས་སོགས་འགྱུར་པས་ནི་རྣམ་ཤེས་དེ་དག་འགྱུར་བར་མ་ངེས་པའི་ཕྱིར་རོ། །(ཡུལ་སྡུག་མི་སྡུག་གི་ཚོར་བ་བདེ་སྡུག་ཏུ་འགྱུར་བ་ནི་ཡུལ་ལ་ཆགས་བྲལ་ལམ་འདོད་པ་ལ་ཆགས་བྲལ་ལ་མེད་པའི་ཕྱིར་དང་། དབང་པོ་གསལ་ན་ཡུལ་མི་གསལ་ཡང་བྱ་རྒོད་ལྟར་ཤེས་པ་གསལ་བར་སྐྱེ་བའི་ཕྱིར་དང་། དབང་པོ་མི་གསལ་ན་ཡུལ་གསལ་ཡང་དེ་ལྟ་མ་ཡིན་པའི་ཕྱིར་རོ། །)དེ་ལྟ་བས་ན་མིག་གི་རྣམ་ཤེས་ལ་སོགས་པའི་རྟེན་ནི་མིག་ལ་སོགས་པ་ཡིན་ནོ། །གང་གི་ཕྱིར་མིག་གི་རྣམ་ཤེས་ལ་སོགས་པའི་རྟེན་དབང་པོ་དེ་དག་ཁོ་ན་ཡིན་པ་དེའི་ཕྱིར་དང་དབང་པོ་དེ་དག་རྒྱུད་གཅིག་དང་ཐ་དད་ལ་ལྟོས་ནས་རྣམ་ཤེས་སྐྱེད་པའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་མིག་གི་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་བདག་རྐྱེན་དབང་པོ་དེ་དག་གི་སྒོ་ནས་ནི་རྣམ་པར་ཤེས་པ་བསྟན་ཏེ་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་བྱ་བ་ལྟ་བུའོ། །གཟུགས་ལ་སོགས་པའི་ཡུལ་དང་ཡིད་ནི་མིག་ལ་སོགས་པའི་རྣམ་ཤེས་དང་ཡིད་ཀྱི་རྣམ་ཤེས་གཉིས་ཀའི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་དེ་དག་གིས་ནི་མ་བསྟན་ཏེ། (གཟུགས་ནི་ཤེས་པ་ཐུན་མོང་བའི་རྒྱུ་ཡིན་ཏེ་མིག་ཤེས་དང་ཡིད་ཤེས་གཉིས་ཀྱི་རྒྱུ་ཡིན་ལ་མིག་ནི་མིག་ཤེས་འཁོར་བཅས་ཁོ་ནའི་ཡིན་པས་ཐུན་མོང་མ་ཡིན་ནོ། །གཟུགས་ནི་གང་ཟག་ཐུན་མོང་པའི་ཤེས་པའི་རྒྱུ་ཡིན་ཏེ་གང་ཟག་དུ་མའི་མིག་ཤེས་དང་ཡིད་ཤེས་སྐྱེད་པས་སོ་མིག་གིས་རྒྱུད་གཅིག་ཁོ་ནའི་མིག་ཤེས་སྐྱེད་པས་ཐུན་མོང་མ་ཡིན་པས།)
དེ་ཉིད་ཀྱི་ཕྱིར་ཚད་མ་ཀུན་ལས་བཏུས་ལས་ཀྱང་། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེའི་ཐ་སྙད་དབང་པོས་བྱས། །ཞེས་བཤད་དོ། །ཡང་གལ་ཏེ་ལུས་གང་ལ་གནས་ཏེ་མིག་(ཡིད་དང་བ་)གི་གཟུགས་ལ་ལྟ་བ་དང་རྣ་བ་ལ་སོགས་པས་སྒྲ་ལ་སོགས་པ་ཉན་པ་ལ་སོགས་པ་བྱེད་པ་ན་ལུས་དང་མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་དང་རྣམ་ཤེས་རྣམས་ས་གཅིག་གམ་ཐ་དད་ཅེ་ན། ཐ་དད་པ་དང་གཅིག་པའང་ཡོད་དོ་ཞེས་བསྟན་པའི་ཕྱིར་ལུས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། (དེ་ལ་འདོད་པར་སྐྱེས་པ་རང་གི་ས་པའི་མིག་གིས་གཟུགས་ལ་ལྟ་བ་ན་ཐམས་ཅད་རང་གི་ས་པའོ། །འདོད་པ་བས་བསམ་གཏན་བཞི་པའི་མིག་གི་བསམ་གཏན་གཉིས་པ་དང་གསུམ་པའི་གཟུགས་ལ་ལྟ་ན་བཞི་ག་ས་ཐ་དད་པ་སྟེ། གཞན་ལ་ནི་ཅི་རིགས་སུ་སྦྱར་རོ། །བཞི་ག་ས་གཅིག་པ་ནི་འདོད་པ་དང་དང་པོའི་ས་པ་ཁོ་ན་སྟེ་དེ་ཡན་ཆད་ན་རང་གི་ས་པའི་དབང་ཤེས་མེད་པས་སོ། །རྟེན་བཅས་ཀྱི་དབང་པོ་དང་། ཡང་ན་ཤེས་པ་ཁོ་ནས་ཡུལ་མཐོང་བ་ལ་སོགས་ཡིན་ན་བསམ་གཏན་གོང་མ་གསུམ་དབང་ཤེས་མངོན་དུ་མ་བྱས་པའི་ཚེ་ཡུལ་མི་མཐོང་བ་སོགས་སུ་ཐལ་ལོ། །)ལུས་ནི་འདིར་རྟེན་ཁོག་པ་ལ་འདོད་དོ། །དེ་ལ་མིག་ལ་སོགས་པ་དབང་པོ་གཟུགས་ཅན་ལྔ་དང་ཡུལ་གཟུགས་སྒྲ་རེག་བྱ་གསུམ་ནི་(ས་ལྔ་པ་སྟེ།) འདོད་པ་དང་བསམ་གཏན་བཞི་ན་ཡོད་དོ། །མིག་སྣ་ལུས་ཀྱི་རྣམ་ཤེས་གསུམ་ནི་འདོད་པ་དང་བསམ་གཏན་དང་པོའི་ས་ཁོ་ན་ན་ཡོད་དོ། །དྲི་རོ་དང་སྣ་ལྕེའི་རྣམ་ཤེས་ནི་འདོད་པའི་ས་པ་ཁོ་ན་ཡིན་ནོ། །དེ་ལ་གོང་མའི་ལུས་ལ་འོག་མའི་མིག་རྟེན་པ་མ་ཡིན་ཏེ། རང་ས་ན་མིག་མཆོག་ཡོད་པས་འོག་མའི་མིག་གིས་དགོས་པ་མེད་པའི་ཕྱིར་རོ། །དེས་ན་དེའི་ས་པའི་མིག་གམ་གོང་མའི་ས་པའི་མིག་གི་རྟེན་ཡིན་ནོ། །འོག་མའི་མིག་གི་ཡུལ་ནི་ས་གོང་མའི་གཟུགས་མ་ཡིན་ཏེ། གོང་མའི་གཟུགས་ནི་ཕྲ་བས་དེས་དེ་མཐོང་བར་མི་ནུས་པའི་ཕྱིར་རོ། །དེས་ན་རང་གི་ས་པ་དང་འོག་མའི་ས་པའི་གཟུགས་ནི་མིག་གི་ཡུལ་ཡིན་ནོ། །(དེས་ན་འདོད་པའི་མིག་ས་གཅིག་ནས་བཞི་པའི་ས་ལྔ་པ་ཡིན་ནོ། །)ས་གོང་མའི་མིག་གི་རྣམ་པར་ཤེས་པའང་ས་འོག་མའི་མིག་ལ་རྟེན་པ་མ་ཡིན་ཏེ། གོང་མའི་རྣམ་ཤེས་མཆོག་ནི་འོག་མའི་མིག་དམན་པ་ལ་མི་རྟེན་པའི་ཕྱིར་རོ། །(གལ་ཏེ་རྟེན་ན་དབང་ཤེས་དེས་རང་གི་ས་པའི་ཡུལ་མི་མཐོང་བར་ཐལ་ཏེ་དེའི་རྟེན་མིག་དེས་ཡུལ་གོང་མ་མི་མཐོང་བའི་ཕྱིར་རོ་ཁྱབ་པ་ཡོད་དེ་དབང་ཤེས་ནི་དེའི་རྟེན་དབང་པོ་དེ་དང་ཡུལ་ལ་ལྷན་ཅིག་ཏུ་འཇུག་པའ་ཕྱིར་རོ། །དམིགས་བསལ།) འོག་མའི་(བསམ་གཏན་དང་པོ།) རྣམ་ཤེས་དང་རང་གི་ས་པ་ནི་རྟེན་པ་ཡིན་ནོ། །འོན་ཀྱང་འོག་མའི་རྣམ་ཤེས་རྟེན་པ་ཞེས་བྱ་བའང་འདོད་པའི་རྣམ་ཤེས་ནི་བསམ་གཏན་དང་པོའི་མིག་ལ་རྟེན་པ་མ་ཡིན་ཏེ། དང་པོ་ན་རྣམ་ཤེས་གྱ་ནོམ་པ་ཡོད་པས་(དེ་མངོན་དུ་བྱས་པ་ལ།) དགོས་པ་མེད་པའི་ཕྱིར་རོ། །དེས་ན་བསམ་གཏན་གཉིས་པ་ཡན་ཆད་རང་ས་ན་སྒོ་ལྔའི་རྣམ་ཤེས་མེད་པའི་དབང་དུ་བྱས་ནས་དེ་སྐད་དུ་བསྟན་ཏེ། བསམ་གཏན་གཉིས་པ་ཡན་ཆད་གཟུགས་ལ་ལྟ་བ་ན་དང་པོའི་མིག་ཤེས་མངོན་དུ་བྱེད་པའི་ཕྱིར་རོ། །
འོ་ན་རྣམ་ཤེས་ཀྱིས་ས་གོང་མའི་གཟུགས་མཐོང་ལ་ལུས་གང་ལ་བརྟེན་ནས་ས་གང་གི་རྣམ་ཤེས་ཀྱིས་རྟེན་བྱེད་ཅིང་གཟུགས་མཐོང་ཞེ་ན། མིག་གི་རྣམ་ཤེས་(ཙམ་པོ་)དེའི་(ས་)གཟུགས་ནི་ས་ཐམས་ཅད་དུ་མཐོང་སྟེ། རང་ས་དང་འོག་ས་དང་གོང་མའི་ས་པའི་གཟུགས་ཐམས་ཅད་མཐོང་ངོ་། །དེ་ཡང་ཅི་རིགས་ཀྱི་དབང་དུ་བྱས་པ་ཡིན་གྱི་ཁྱད་པར་ནི་འདི་ཡོད་དེ། འདོད་པའི་མིག་ཤེས་ཀྱིས་ནི་རང་གི་ས་པའི་གཟུགས་ཁོ་ན་མཐོང་གི་གོང་མའི་གཟུགས་མཐོང་བ་ནི་མེད་དེ། དེ་ནི་བསྐལ་པའི་དོན་ལ་མི་འཇུག་པའི་ཕྱིར་རོ། །དེས་ན་འདིར་ནི་བསམ་གཏན་དང་པོའི་མིག་ཤེས་ཀྱི་ས་རང་ས་དང་འོག་ས་དང་གོང་མའི་ས་པའི་གཟུགས་མཐོང་བའི་དབང་དུ་བྱས་ནས་བརྗོད་དོ། །(དེ་ཡང་དང་པོའི་མིག་ཤེས་བཞི་པའི་མིག་ལ་རྟེན་ན་ལྔ་ཆར་གྱི་གཟུགས་མཐོང་བའི་ཕྱིར་རོ། །འོ་ན་མཆོག་དམན་པའི་ཡུལ་དུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། རྟེན་གོང་མའི་དབང་པོ་མཆོག་ཡིན་པས་མི་ངན་རྒྱལ་པོ་མཆོག་ལ་རྟེན་ནས་བྱ་བ་བཟང་པོ་སྒྲུབ་པ་བཞིན་ནོ། །རྣམ་ཤེས་ཀྱིས་ས་ཐམས་ཅད་པའི་གཟུགས་མཐོང་བར་མ་ཟད་རྟེན་ལུས་ཀྱིའང་(ཡུལ་)གཟུགས་དང་རྣམ་ཤེས་གཉིས་ཀས་ཐམས་ཅད་དུ་མཐོང་ཞིང་རྟེན་བྱེད་(ནུས་)དེ། འདི་ལྟར་གཟུགས་ནི་འདོད་པའི་ལུས་ལ་བརྟེན་ནས་རང་གི་ས་པ་དང་། (གོང་མའི་མིག་སྐྱེད་ནས་དང་པོའི་མིག་ཤེས་ཀྱིས་ལྟ་ན་)གོང་མའི་ས་པ(འི་གཟུགས།) མཐོང་ངོ་། །བསམ་གཏན་དང་པོ་ནས་གསུམ་པའི་བར་གྱིས་རང་ས་དང་འོག་ས་དང་གོང་སའི་གཟུགས་མཐོང་ངོ་། །བསམ་གཏན་བཞི་པའི་ལུས་ལས་ནི་རང་ས་དང་འོག་མའི་གཟུགས་ཐམས་ཅད་མཐོང་(གོང་ན་གཟུགས་མེད་པས་སོ། །)ངོ་། །(ཐམས་ཅད་མཐོང་བའི་རྟེན་དུ་རུང་བ་ནི་འདོད་པའི་ལུས་པ་བསམ་མོ། །)རྣམ་པར་ཤེས་པའི་ནི་འདོད་པའི་ལུས་ལ་བརྟེན་ནས་རང་སའི་རྣམ་ཤེས་དང་བསམ་གཏན་དང་པོའི་རྣམ་ཤེས་སྐྱེད་པར་བྱེད་དོ། །བསམ་གཏན་དང་པོའི་ལུས་ལ་ནི་རང་སའི་རྣམ་ཤེས་ཁོ་ན་སྐྱེད་པར་བྱེད་དོ། །
བསམ་གཏན་གཉིས་པ་ཡན་ཆད་ཀྱི་ལུས་ལ་ནི་འོག་མ་བསམ་གཏན་དང་པོའི་རྣམ་ཤེས་ཁོ་ན་སྐྱེད་པར་བྱེད་དོ། །དེས་ན་ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ་ཞེས་བྱ་བའང་ཅི་རིགས་ཀྱི་དབང་དུ་བྱས་ནས་གསུངས་སོ་ཞེས་རིགས་པར་བྱའོ། །དབང་པོ་གཞན་ལ་སྦྱར་བའི་དབང་དུ་བྱས་ནས་ཇི་ལྟར་མིག་ལ་རྒྱས་པར་བཤད་པ་ལྟར་རྣ་བའང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་སྟེ། ལུས་ལ་འོག་མའི་རྣ་བ་མིན། །རྣ་བའི་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་རྒྱ་ཆེར་སྦྱར་བར་བྱའོ། །སྣ་དང་ལྕེ་དང་ལུས་ཀྱི་ཁམས་གསུམ་པོ་དག་གི་ནི་ཡུལ་དང་རྣམ་ཤེས་དང་རྟེན་གྱི་ལུས་ཐམས་ཅད་རང་གི་ས་པ་ཉིད་ཡིན་ཏེ། དེ་དག་དབང་པོ་དང་ཕྲད་པ་འཛིན་པས་ཆོད་པ་དང་རིང་བའི་དོན་ལ་མི་འཇུག་པའི་ཕྱིར་རོ། །
དེ་ལྟར་སྤྱིར་བཏང་ནས་དམིགས་ཀྱིས་བསལ་བ་ནི་ལུས་དང་ལུས་ཀྱི་དབང་པོ་དང་རེག་བྱ་ནི་རང་གི་ས་པ་ཡིན་ལ་ལུས་ཀྱི་རྣམ་ཤེས་ནི་བསམ་གཏན་གཉིས་པ་ནས་བཞི་པའི་བར་དུ་སྐྱེས་པ་དག་རེག་བྱ་འཛིན་ན་འོག་མ་བསམ་གཏན་དང་པོའི་ས་དང་། འདོད་པ་དང་བསམ་གཏན་དང་པོར་སྐྱེས་པ་དག་རེག་བྱ་འཛིན་ན་རང་རང་གི་ས་པ་ཁོ་ན་ཡིན་ནོ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་དང་དེའི་རྟེན་ལུས་ནི་ས་མ་ངེས་ཏེ། རེས་འགའ་ཐམས་ཅད་ས་མཚུངས་པ་དང་རེས་འགའ་མི་མཚུངས་པའི་ཡང་ཕྱིར་རོ། །(དེ་ཡང་ས་ལྔ་ཆར་གྱི་ལུས་ལ་ཅི་རིགས་སུ་སྦྱར་ཏེ་དེ་ལ་བཞི་ཀ་ས་མཚུངས་པ་འདོད་པའི་ལུས་ལ་པའི་ཡིད་དབང་གིས་འདོད་པའི་ཆོས་ལ་དམིགས་པའི་འདོད་པའི་ཡིད་ཀྱི་རྣམ་ཤེས་སྐྱེད་པ་ལྟ་བུའི། མི་མཚུངས་པ་འདོད་པའི་ཡིད་ཀྱི་བསམ་གཏན་ལ་འཇུག་པའམ། འདོད་པའི་སྦྲུལ་པ་ལས་ལྡང་བ་ན་ཡིད་ནི་འདོད་པ་ཡིན་ལ་ཡིད་ཤེས་ནི་བསམ་གཏན་གང་རུང་ངོ་གོང་ནས་འོག་ཏུ་སྐྱེ་བ་ན་ཡིད་ནི་ས་གོང་མ་དང་རྣམ་ཤེས་དང་རྟེན་ནི་འོག་ས་པ་སྟེ་འོག་ནས་གོང་དུ་སྐྱེ་ན་བཟློག་པའོ། །ཆོས་ནི་རང་ས་དང་ས་ཐམས་ཅད་པ་དང་སས་མ་བསྡུས་པའང་ཡུལ་དུ་བྱེད་དོ་བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན་ཞེས་པ་དང་། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་དམིགས་བསལ་དང་བཅས་ཏེ་འཆད་པས་སོ། །)འདི་ནི་གནས་གསུམ་པ་དང་བརྒྱད་བར་(ཡང་)འཆད་པར་འགྱུར་རོ། །
བརྒྱད་པ་གཉིས་ཀྱིས་ཤེས་པར་བྱ་བ་ལ་སོགས་པ་གསུམ་བཤད་པ་ནི་ཡང་ཁམས་བཅོ་བརྒྱད་ལས་(རྣམ་ཤེས་གང་གི་ཤེས་ཤེ་ན་ཆོས་དང་མིག་སོགས་གསལ་བའི་ཕྱིར།) རྣམ་ཤེས་གཉིས་ཀྱིས་ཤེས་པར་བྱ་བ་ནི་གཟུགས་ནས་རེག་བྱའི་བར་ཕྱིའི་སྐྱེ་མཆེད་ལྔ་(ཁོ་ན་)ཡིན་ཏེ། གཟུགས་ནི་མིག་གི་རྣམ་ཤེས་ཀྱིས་ཤེས་པར་བྱ་བ་དང་། ཡིད་ཀྱི་རྣམ་ཤེས་ཀྱིས་ཤེས་པར་བྱ་བ་ཡིན་པ་ལ་སོགས་པའོ། །
དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང་དགེ་སློང་དག་གཟུགས་ཤེས་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། དབང་པོ་ལ་བརྟེན་པ་དང་། ཡིད་ལ་རྟེན་པའོ། །ཞེས་གསུངས་སོ། །ལྷག་མ་ཁམས་བཅུ་གསུམ་ནི་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པས་ཡིད་ཀྱི་རྣམ་ཤེས་གཅིག་པུས་ཤེས་པར་བྱ་བ་ཉིད་དུ་གྲུབ་པ་ཡིན་ནོ། །(བྲམ་ཟེ་རང་བཞིན་ཉན་གྱི་དབང་དུ་མཛད་ནས་མིག་སོགས་དབང་པོ་དྲུག་དང་། མོ་དང་ཕོ་དང་སྲོག་དང་ཚོར་བ་ལྔ་དང་དད་སོགས་ལྔ་དང་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་གསུམ་སྟེ། དབང་པོ་ཉི་ཤུ་རྩ་གཉིས་གསུངས་པ་ལ་ཆོས་མངོན་པ་བ་རྣམས་ནི་དམིགས་བཅས་ཡིན་པས་ཡིད་སྲོག་གི་དབང་པོའི་མཇུག་ཏུ་འདོན་མོད་ཀྱི་མདོ་སྡེ་པ་ནི་དེ་ལྟར་བྱས་ན་སྐྱེ་མཆེད་དྲུག་རྣམ་པར་བཞག་པ་ལ་མ་གུས་པར་འགྱུར་བས་མདོ་ལས་འབྱུང་བ་ལྟར་འདོན་པར་བྱེད་དོ། །)ཡང་ཁམས་བཅོ་བརྒྱད་ལས་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་ཀྱི་ཆོས་ནི་སྐད་ཅིག་མ་མ་ཡིན་(ཞིང་བརྟན་)པས་རྟག་པ་ཞེས་བྱའོ། །གཞན་དག་ནི་འདུས་བྱས་ཡིན་པས་མི་རྟག་པ་ཉིད་དུ་ཤེས་པར་བྱའོ། །
ཡང་མདོ་ལས། དབང་པོ་རྣམས་ཤེས་འབྱུང་ན་ཁམས་དེ་དག་ལས་དབང་པོ་ཡིན་པ་ནི་དུ། མ་ཡིན་པ་ནི་དུ་ཞེ་ན། ཁམས་དེ་དག་(བྲམ་ཟེ་རང་བཞིན་ཉན་གྱི་དབང་དུ་མཛད་ནས་མདོ་ལས། མིག་སོགས་དྲུག་དང་། མོ་དང་ཕོ་དང་སྲོག་དང་བདེ་བ་ལ་སོགས་པ་ལྔ་དང་དད་སོགས་ལྔ་དང་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་ཟག་མེད་གསུམ་སྟེ་དབང་པོ་ཉི་ཤུ་རྩ་གཉིས་གསུངས་པ།) ལས་ཆོས་ཀྱི་ཁམས་ཀྱི་ཕྱེད་སྲོག་དང་ཚོར་བ་བདེ་བ་ལ་སོགས་པ་ལྔ་དང་དད་པ་ལ་སོགས་པ་ལྔ་དང་ཟག་མེད་ཀྱི་དབང་པོ་གསུམ་གྱི་ཆ་སྟེ་བཅུ་བཞི་དང་། མིག་ལ་སོགས་པའི་ཁམས་གང་དག་ནང་གིར་བཤད་པ་(མིག་སོགས་ལྔ་དང་། སེམས་ཀྱི་ཁམས་བདུན་ཏེ།) བཅུ་གཉིས་པོ་དེ་དག་ནི་དབང་པོ་ཡིན་ཏེ། མིག་ལ་སོགས་པ་ལྔ་ནི་སོ་སོར་དབང་པོ་ལྔ་དང་། ཕོ་མོའི་དབང་པོ་ནི་ལུས་ཀྱི་ནང་དུ་བསྡུས་པའི་ཕྱིར་དང་། ཡིད་ཀྱི་དབང་པོ་ནི་སེམས་ཀྱི་ཁམས་བདུན་དང་ཟག་མེད་ཀྱི་དབང་པོ་གསུམ་གྱི་ཆ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ལྷག་མ་ཆོས་ཀྱི་ཕྱེད་དང་གཟུགས་ལ་སོགས་པ་ལྔ་ནི་དབང་པོ་མ་ཡིན་པ་ཞེས་བྱ་བར་གྲུབ་བོ། །
དགེ་སློང་གནས་གསུམ་དག་ལ་མཁས་འདོད་པ། །གང་དེ་ཆོས་མངོན་གཞུང་གི་ཆ་ཤས་ལས། །ཡིན་ཕྱིར་གང་ལ་འདུན་པ་རབ་འཇུག་པ། །དེ་ཡིས་དང་པོར་གཞུང་འདིར་འཇུག་པར་གྱིས། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་ཁམས་བསྟན་པ་ཞེས་བྱ་སྟེ་གནས་དང་པོའི་བཤད་པའོ།། །།
གནས་གཉིས་པ་དབང་པོ་བསྟན་པ།
༈ ད་ནི་གནས་གཉིས་པ་འཆད་པ་ན་འདས་མ་ཐག་པར། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བཤད་པའི་དབང་པོའི་གྲངས་དག་ནི་དུ། དོན་གང་ཞེ་ན། དབང་པོའི་གྲངས་ནི་མདོ་ལས། བྲམ་ཟེ་རང་བཞིན་ཉན་གྱི་དབང་དུ་མཛད་ནས། བྲམ་ཟེ་དབང་པོ་ནི་ཉི་ཤུ་རྩ་གཉིས་པོ་འདི་དག་ཡིན་ཏེ། ཉི་ཤུ་རྩ་གཉིས་གང་ཞེ་ན། ཐམས་ཅད་ཀྱི་མཐར་དྲུག་པའི་སྒྲ་དང་དབང་པོ་ཞེས་སྦྱར་ཏེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་མོ་དང་ཕོ་དང་སྲོག་དང་བདེ་བ་དང་སྡུག་བསྔལ་དང་ཡིད་བདེ་བ་དང་མི་བདེ་བ་དང་བཏང་སྙོམས་དང་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང་ཀུན་ཤེས་པ་དང་ཀུན་ཤེས་ལྡན་པའི་དབང་པོའོ། །བྲམ་ཟེ་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་ཏེ། འདི་ཙམ་གྱིས་དབང་པོ་རྣམས་བསྡུས་པ་ཡིན་ནོ་ཞེས་ཉི་ཤུ་རྩ་གཉིས་གསུངས་སོ། །དེའི་དོན་ནི་ལྷག་པར་དབང་བྱེད་པ་ཡིན་པས་དེ་བཤད་པ་ལ་དབང་པོའི་རང་བཞིན་ངེས་པར་བྱ་བ་དང་། ཞར་ལ་འདུས་བྱས་ཀྱི་སྐྱེ་ཚུལ་རྒྱས་པར་བཤད་པ་གཉིས་ལས།
དང་པོ་དབང་པོའི་རང་བཞིན་བཤད་པ།
དང་པོ་ལ་དྲུག་ལས་དབང་པོའི་མཚན་ཉིད་ནི་གང་ཞིག་གང་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པ་ཡིན་ནོ། །གང་ཞིག་གང་ལ་དབང་བྱེད་ཅེ་ན། མིག་ལ་སོགས་པའི་དབང་པོ་ལྔ་པོ་རྣམས་ནི་ལུས་མཛེས་པར་བྱེད་པ་དང་། ལུས་ཡོངས་སུ་བསྲུང་བ་དང་མིག་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་ལ་སོགས་པ་སྐྱེད་པ་དང་། གཟུགས་བལྟས་སོ། །སྒྲ་སྙན་ནོ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་བཞི་བཞི་ལ་དབང་བྱེད་དོ། །དེ་ལ་ལུས་ཡོངས་སུ་བསྲུང་བ་ལ་དབང་བྱེད་པ་ནི་མིག་དང་རྣ་བས་ཡུལ་ཡིད་དུ་མི་འོང་པ་དག་མཐོང་བ་དང་ཐོས་ནས་ཡང་བ་ལས་ལུས་སྲུང་བའི་ཕྱིར་དང་། སྣ་ལྕེ་ལུས་གསུམ་གྱིས་ཁམ་ཟས་ལ་ལོངས་སྤྱད་པས་ལུས་རྒྱས་པར་བྱེད་པའི་ཕྱིར། ཕོ་མོ་དང་སྲོག་དང་ཡིད་ཀྱི་དབང་པོ་བཞི་རྣམས་ནི་རེ་རེ་ཞིང་དོན་གཉིས་གཉིས་ལ་དབང་བྱེད་དོ། །དེ་ལ་ཕོ་མོའི་དབང་པོ་དེ་དག་ནི་ཕོའོ་མོའོ་ཞེས་ཕོ་དང་མོ་མ་ཡིན་པའི་སེམས་ཅན་ལས་བྱེ་བྲག་ཏུ་འབྱེད་པ་དང་། ཁྱད་པར་དུ་ཕོའི་དབང་པོས་ནི་མོ་ལས་ཀྱང་ཁྱད་པར་ལ་དབང་བྱེད་པ་དང་། དེ་དག་ལས་བཟློག་པ་མོའི་དབང་པོས་ནི་ཕོ་ལས་ཁྱད་པར་ལ་དབང་བྱེད་དོ། །
གཞན་དག་ནི་ཀུན་ནས་ཉོན་མོངས་དང་རྣམ་བྱང་ལའང་དབང་བྱེད་དེ། དེ་དག་ནི་སྡོམ་མིན་དང་མཚམས་མེད་དང་། དགེ་རྩ་གཅོད་པ་དང་། སྡོམ་པ་དང་། འབྲས་བུ་འཐོབ་པ་དང་། འདོད་ཆགས་དང་བྲལ་བའི་གཞིར་རུང་གི་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ནི་མ་ཡིན་པའི་ཕྱིར་རོ་ཞེས་འཆད་དོ། །སྲོག་གི་དབང་པོས་ནི་རིས་མཐུན་པར་ཉིང་མཚམས་སྦྱོར་བ་དང་། དེའི་རྒྱུན་གནས་པ་གཉིས་ལ་དབང་བྱེད་དོ། །ཡིད་ཀྱིས་ནི་ཡང་སྲིད་དུ་ཉིང་མཚམས་སྦྱོར་བ་དང་། ཡིད་དགེ་བར་གནས་ན་དེའི་དབང་གིས་བྱུང་བའི་ལུས་ལ་སོགས་པའང་དགེ་བར་བྱེད་པ་ལ་སོགས་པ་དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་དེ།
རྣམ་པར་འབྱེད་པ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་མདོ་ལས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། །སེམས་ཀྱི་ཆོས་ནི་གཅིག་པུ་ཡི། །དབང་གི་རྗེས་སུ་ཆོས་ཀུན་འགྲོ། །ཞེས་གསུངས་པ་ལྟ་བུའོ། །ལོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ལ་མ་རངས་པ་སྟེ། ལུས་མཛེས་པར་ནི་དབང་རྟེན་གྱིས་བྱེད་པའི་ཕྱིར་དང་། ལུས་སྲུང་བ་དང་ཐ་སྙད་ཐུན་མོང་མ་ཡིན་པའང་དབང་པོ་ལ་རྟེན་པའི་རྣམ་ཤེས་ཀྱིས་བྱེད་པའི་ཕྱིར་དང་།
མདོ་ལས་ཕོ་ཚངས་པ་བྱེད་པའི་གནས་ཡོད་ཀྱི་བུད་མེད་ཚངས་པ་བྱེད་པའི་གནས་མེད་དོ་ཞེས་གསུངས་པས་ཕོ་མོའི་དབང་པོ་མེད་པའི་གཟུགས་ཁམས་པའི་ལྷ་དང་བསྐལ་པ་དང་པོའི་མིའང་ཕོ་ཡིན་པའི་ཕྱིར་དང་། སྲོག་ཀྱང་ཉོན་མོངས་ཅན་མ་ཡིན་པས་ཉིང་མཚམས་སྦྱོར་བྱེད་མ་ཡིན་པའི་ཕྱིར་རྣམ་པར་བཞག་པ་དེ་དག་ནི་མི་འཐད་དོ་ཞེས་བྱ་བ་ནི་མདོ་སྡེ་པ་ལ་སོགས་པས་བརྗོད་པ་ཡིན་ནོ། །ཚོར་བ་ལྔ་དང་དད་སོགས་ལྔ་དང་ཀུན་ཤེས་བྱེད་སོགས་གསུམ་སྟེ་བརྒྱད་པོ་དེ་རྣམས་ནི་རིམ་པ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་དབང་བྱེད་དེ། ཚོར་བ་བདེ་བ་ཡིད་བདེ་བ་དང་། སྡུག་བསྔལ་ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱིས་རིམ་པ་ལྟར་ཆགས་སྡང་རྨོངས་གསུམ་བསྐྱེད་པའི་ཕྱིར་དང་། ཚོགས་སྦྱོར་གྱི་དད་སོགས་ལྔ་རྣམ་བྱང་གི་རྒྱུ་དང་། མཐོང་སྒོམ་མི་སློབ་པའི་ལམ་གྱི་བརྒྱད་པོ་རྣམ་བྱང་གི་ངོ་བོ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་བདེ་བ་ལ་སོགས་པས་ཀྱང་རྣམ་བྱང་ལ་དབང་བྱེད་དེ། འདི་ལྟར་སྐྱེ་མཆེད་དྲུག་གི་མདོ་དང་། ཆེད་དུ་བརྗོད་པ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་ལས། བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དང་། སྡུག་བསྔལ་གྱི་རྒྱུ་ཅན་གྱི་དད་པ་ཞེས་བྱ་བ་དང་། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་རྟེན་ཏེ་ཡིད་བདེ་བ་ངེས་པར་འབྱུང་བ་ལ་རྟེན་པ་སྐྱེའོ་ཞེས་བྱ་བ་སོགས་པ་ཡིད་བདེ་བ་ངེས་པར་འབྱུང་བ་ལ་རྟེན་པ་དྲུག་དང་། ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་རྟེན་པ་དྲུག་དང་བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་སྐྱེས་བུ་ལ་ལ་ནི་ཐོབ་པར་བྱའོ་སྙམ་དུ་ཡིད་བདེ་བ་ཡིན་ནོ། །ལ་ལ་ནི་སྤང་བར་བྱའོ་སྙམ་དུ་ཡིད་མི་བདེ་བ་ཡིན་ནོ། །ལ་ལ་ནི་གཟུགས་ལ་སོགས་པ་ལ་སོ་སོར་བརྟགས་ནས་བཏང་སྙོམས་སུ་བྱེད་པ་ཡིན་ནོ། །
མདོ་སྡེ་པའི་ལུགས་ནི་མིག་ལ་སོགས་པ་ལྔ་པོ་རྣམས་ནི་རང་རང་གི་དོན་གཟུགས་ལ་སོགས་པ་ལ་དམིགས་པར་བྱེད་པའི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་ལ་དབང་བྱེད་པའི་ཕྱིར་དང་། ཡིད་ནི་དོན་གཟུགས་ལ་སོགས་པ་ཡུལ་ཐམས་ཅད་ལ་དམིགས་པར་བྱེད་པའི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་ལ་དབང་བྱེད་པའི་ཕྱིར་ན་མིག་ལ་སོགས་པ་དབང་པོ་དྲུག་གོ། གཟུགས་ལ་སོགས་པས་ཀྱང་རྣམ་ཤེས་སྐྱེད་པར་ནི་བྱེད་མོད་ཀྱི་ལྷག་པར་དབང་བྱེད་པ་ནི་མ་ཡིན་པས་དེ་དག་དབང་པོར་ཐལ་བ་མ་ཡིན་ནོ། །
མོའི་དབང་པོ་ནི་ནུ་མ་ཆེ་བ་ལ་སོགས་པ་དང་ང་རོ་ཆུང་བ་དང་བསམ་པ་ཞན་པ་དང་ཕོ་ལ་སེམས་པ་ལ་སོགས་པ་ཉིད་ལ་དབང་བྱེད་པ་དང་། ཕོའི་དབང་པོ་ནི་ནུ་མ་ཆུང་བ་དང་དབྱིབས་འཛར་བ་ལ་སོགས་པ་དང་ང་རོ་གསང་མཐོ་བ་དང་བསམ་པ་དྲག་པ་དང་མོ་ལ་སེམས་པ་ཞེས་བྱ་བའི་ཕོའི་ཆོས་ཉིད་ལ་དབང་བྱེད་པའི་ཕྱིར་དབང་པོར་གཞག་ཅིང་། དེ་དག་ཀྱང་ལུས་ཀྱི་དབང་པོའི་ཆ་ཤས་ལས་མོའི་དབང་པོ་དང་ཕོའི་དབང་པོ་དག་ཏུ་གཞག་གི་རྫས་ལོགས་སུ་གྲུབ་པ་ནི་མེད་དོ། །(རེག་བྱ་ལ་དམིགས་པའི་ཤེས་པ་སྐྱེད་པའི་བདག་རྐྱེན་གཟུགས་དང་བ་མིན་པའི་ཕྱིར་རོ། །)སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པ་ལ་དབང་བྱེད་པ་དང་། ཚོར་བའི་དབང་པོ་ལྔ་པོ་རྣམས་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་དང་། དད་པ་ལ་སོགས་པའི་དབང་པོ་ལྔ་ནི་རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར་ཏེ། ཆོས་སྦྱིན་གྱི་མདོ་ལས། ཚེ་དང་ལྡན་པ་ས་གབདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ། །ཞེས་བདེ་བ་ལ་སོགས་པ་ལ་འདོད་ཆགས་ལ་སོགས་པ་རྒྱས་པར་གསུངས་པའི་ཕྱིར་དང་། འཇིག་རྟེན་པའི་ལམ་གྱི་ཚོགས་པ་ན་ཡོད་པའི་དད་སོགས་ཀྱིས་ཉོན་མོངས་པ་རྣམས་ཀྱང་རྣམ་པར་གནོན་ཅིང་ཉམས་སྨོད་པའི་ཕྱིར་དང་།
མདོ་ལས། འཕགས་པ་ཉན་ཐོས་དད་པའི་སྒོ་གཏན་ཕུན་སུམ་ཚོགས་པ། བརྩོན་འགྲུས་ཀྱི་དཔུང་ཕུན་སུམ་ཚོགས་པ། དྲན་པའི་སྒོ་བསྲུངས་ཕུན་སུམ་ཚོགས་པ། སེམས་མཉམ་པར་བཞག་པ་ནི་ཤེས་རབ་ཀྱི་མཚོན་གྱིས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་འབྱུང་བས་ངེས་འབྱེད་ཆ་མཐུན་ལ་སོགས་པའི་ལམ་ཡང་འདྲེན་པའི་ཕྱིར་སོ་སོར་དབང་པོར་འདོད་དོ། །མྱ་ངན་འདས་སོགས་ཞེས་བྱ་བ་ལ། གོང་ནས་གོང་དང་མྱང་འདས་འཐོབ། །སོགས་པ་ལ་ནི་དབང་བྱེད་ཕྱིར། །ཞེས་བྱ་བར་སྦྱར་ཏེ། རང་གི་གོང་མ་ཀུན་ཤེས་པའི་དབང་པོ་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། གོང་མ་ཀུན་ཤེས་ལྡན་པའི་དབང་པོ་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན་ཤེས་པའི་དབང་པོ་དང་། ལྷག་མེད་ཀྱི་མྱང་འདས་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན་ཤེས་ལྡན་པའི་དབང་པོར་གཞག་གོ། དེ་བཞིན་ཞེས་པ་ནི་ཇི་ལྟར་མིག་ལ་སོགས་པ་ནས་དད་སོགས་ཀྱི་བར་རྣམས་སོ་སོར་དབང་པོ་ཡིན་པ་དེ་བཞིན་དུ་ཀུན་ཤེས་བྱེད་པ་ལ་སོགས་པ་གསུམ་ཡང་སོ་སོར་དབང་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །སོགས་པའི་སྒྲས་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་མཐོང་སྤང་སྤོང་བ་དང་། ཀུན་ཤེས་པའི་དབང་པོ་ནི་སྒོམ་སྤང་སྤོང་བ་དང་། ཀུན་ཤེས་ལྡན་པའི་དབང་པོ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་དབང་བྱེད་དེ། ཉོན་མོངས་ལས་རྣམ་པར་གྲོལ་བས་ཡིད་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བ་དག་སོ་སོར་མྱོང་བའི་ཕྱིར་རོ་ཞེས་པ་སྡུད་པའོ། །
གཉིས་པ་དབང་པོའི་གྲངས་ངེས་བཤད་པ་ནི། གལ་ཏེ་དབང་བྱེད་པའི་ཕྱིར་དབང་པོ་ཡིན་ན་མ་རིག་པ་ལ་སོགས་པའང་འདུ་བྱེད་ལ་སོགས་པ་ལ་དབང་བྱེད་པའི་ཕྱིར་དང་། ཁ་དང་ལག་པ་དང་རྐང་པ་དང་རྐུབ་དང་འདོམས་རྣམས་ཀྱང་ཚིག་སྨྲ་བ་དང་ཟས་ལ་སོགས་པ་ལེན་པ་དང་འགྲོ་བ་དང་གཤང་གཅི་འབྱིན་པ་དང་ཀུན་དུ་དགའ་བ་ལ་རིམ་པ་བཞིན་དབང་བྱེད་པའི་ཕྱིར་དབང་པོར་འགྱུར་རོ་ཞེ་ན། རྒྱུ་བྱེད་པ་ཙམ་གྱིས་ནི་དབང་པོར་མི་འཇོག་གི་འོན་ཀྱང་དགོས་པ་ལ་ལྟོས་ནས་མདོ་ལས་དབང་པོ་ཉི་ཤུ་རྩ་གཉིས་སུ་བཤད་དེ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་གཞི་དང་ངོ་བོའམ། འབྲས་བུའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལ་སེམས་ཅན་གྱི་རྫས་ཀྱི་གཞིའི་དབང་དུ་བྱས་ནས་སེམས་རྣམ་ཤེས་ཀྱི་རྟེན་དུ་གྱུར་པ་མིག་ལ་སོགས་པའི་དབང་པོ་དྲུག་དང་། །སེམས་ཅན་དེའི་བྱེ་བྲག་ཏུ་འབྱེད་པའི་དབང་དུ་བྱས་ནས་ཕོ་མོའི་དབང་པོ་དང་། སེམས་ཅན་དེ་དག་རིས་མཐུན་པར་གནས་པའི་དབང་དུ་བྱས་ནས་སྲོག་གི་དབང་པོ་གསུངས་ཏེ། དེ་ལྟར་ན་དབང་པོ་དགུ་པོ་དེ་དག་ནི་ཀུན་ནས་ཉོན་མོངས་པའི་གཞི་ཡིན་ནོ། །ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་པར་བྱེད་པའི་ངོ་བོ་ཉིད་ཡིན་པའམ། དེའི་འབྲས་བུ་ཡིན་པའི་ཕྱིར་བསྟན་ཏོ། །དད་སོགས་ལྔས་ཚོགས་གསོག་པར་བྱེད་པའི་ཕྱིར་རྣམ་བྱང་གི་གཞི་ཡིན་ནོ། །དབང་པོ་ཐ་མ་གསུམ་གྱིས་ནི་རྣམ་པར་བྱང་བར་བྱེད་པའམ། རྣམ་བྱང་གི་ངོ་བོ་ཡིན་པའི་ཕྱིར་བསྟན་ཏེ། དེ་ལྟར་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་གཞི་དང་རང་གི་ངོ་བོའི་གྲངས་ཇི་སྙེད་པ་དང་རྗེས་སུ་མཐུན་པར་དབང་པོ་དག་ཀྱང་དེ་སྙེད་དུ་བསྟན་ཏོ་ཞེས་བྱ་བ་ཡིན་ནོ། །
ཡང་ན་སྡེ་པ་གཞན་དག་ནི་འཁོར་བར་འཇུག་ལྡོག་གི་དབང་དུ་མཛད་ནས་གསུངས་པར་འདོད་དེ། འཁོར་བར་འཇུག་པའི་རྟེན་ནི་དབང་པོ་དྲུག་ཡིན་ཏེ། སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་པའི་ཕྱིར་དང་། བར་དོའི་སྐྱེ་མཆེད་དྲུག་ལ་བརྟེན་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་ཕྱིར་རོ། །འཁོར་བར་སྐྱེ་བ་ནི་ཕོ་མོའི་དབང་པོ་ཡིན་ཏེ། དེ་དག་ལས་སྐྱེ་བའི་ཕྱིར་རོ། །རྫུས་ཏེ་སྐྱེ་བ་ལ་སོགས་པ་ལ་མེད་ཀྱང་གཙོ་ཆེ་བས་དེ་སྐད་བརྗོད་དོ། །སེམས་ཅན་དེ་དག་གནས་པར་བྱེད་པ་ནི་སྲོག་གི་དབང་པོ་དང་། སེམས་ཅན་རྣམས་ཀྱི་ཉེ་བར་ལོངས་སྤྱོད་པ་ལས་ནི་བདེ་བ་ལ་སོགས་པ་ལྔ་སྟེ། དེ་ལྟར་འཁོར་བར་འཇུག་པའི་དབང་དུ་མཛད་ནས་བཅུ་བཞི་ཡིན་ནོ། །ཇི་ལྟར་འཁོར་བར་འཇུག་པ་ལ་རྟེན་དང་སྐྱེ་བ་དང་གནས་པ་དང་ལོངས་སྤྱོད་པ་བཞི་ཡོད་པ་དེ་བཞིན་དུ་འཁོར་བ་ལས་ལྡོག་པ་ལའང་རྟེན་དང་སྐྱེ་བ་དང་གནས་པ་དང་། གནས་པ་ཉེར་སྤྱོད་ནི་སྔ་མ་རྣམས་ལས་གཞན་དབང་པོ་བརྒྱད་པོ་རྣམས་ཡིན་ནོ། །དེ་ལ་ལྡོག་པའི་རྟེན་ནི་དད་སོགས་ལྔ་ཡིན་ཏེ། དེ་དག་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་བྱེད་པའི་ཕྱིར་རོ། །རྣམ་བྱང་ཉིད་དུ་སྐྱེ་བ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ཏེ། དེ་ནི་ཟག་མེད་དུ་དང་པོར་སྐྱེ་བའི་ཕྱིར་རོ། །རྣམ་པར་བྱང་བར་གནས་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ཏེ། སྒོམ་ལམ་རྣམ་པ་དགུ་རྒྱུན་ཆགས་སུ་གནས་པའི་ཕྱིར་རོ། །རྣམ་པར་བྱང་བ་ཉེ་བར་ལོངས་སྤྱོད་པ་ནི་ཀུན་ཤེས་ལྡན་པའི་དབང་པོ་ཡིན་ཏེ། རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །དབུས་མཐའ་ལས་ནི། འཛིན་དང་གནས་དང་རྒྱུན་མི་ཆད། །སྤྱོད་དང་དག་པ་གཉིས་ཀྱི་ཕྱིར། །ཞེས་མིག་སོགས་དྲུག་དང་། སྲོག་དང་། ཕོ་མོ་གཉིས་དང་། ཚོར་བ་ལྔ་དང་། དད་སོགས་ལྔ་དང་། ཀུན་ཤེས་བྱེད་སོགས་གསུམ་པོ་རྣམས་རིམ་པ་ལྟར་ཡུལ་དྲུག་འཛིན་པ་དང་མི་འཆི་བར་གནས་པ་དང་རིགས་འཚོ་བ་པས་རྒྱུན་མི་ཆད་པ་དང་། དགེ་མི་དགེའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་དང་། འཇིག་རྟེན་པའི་རྣམ་དག་དང་། འཇིག་རྟེན་ལས་འདས་པའི་རྣམ་དག་ལ་དབང་བྱེད་པའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་སུ་གྲངས་ངེས་པར་བཤད་དོ། །
གསུམ་པ་དབང་པོའི་ངོ་བོ་བཤད་པ་ནི་དབང་པོ་ཉི་ཤུ་རྩ་གཉིས་ལས་མིག་སོགས་དྲུག་དང་ཕོ་མོའི་དབང་པོ་སྟེ་བརྒྱད་ནི་བཤད་ཟིན་ལ། དད་སོགས་ལྔ་དང་སྲོག་གི་དབང་པོ་སྟེ་དྲུག་ནི་འོག་ནས་འཆད་པར་འགྱུར་བས་འདིར་ནི་ཚོར་བའི་དབང་པོ་ལྔ་དང་ཟག་མེད་ཀྱི་དབང་པོ་གསུམ་སྟེ་བརྒྱད་འཆད་དེ། །དེ་ལ་ལུས་ནི་འདིར་དབང་པོ་གཟུགས་ཅན་ཐམས་ཅད་ལ་བརྗོད་པར་འདོད་དེ། དེ་ལ་བརྟེན་ནས་སྐྱེས་པའི་ཚོར་བ་སིམ་པ་མ་ཡིན་པ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོ་ཡིན་ཏེ། མིག་ལ་སོགས་པའི་རྣམ་ཤེས་ལྔའི་འཁོར་དུ་སྐྱེས་པའི་ཚོར་བ་གདུང་བ་ལ་དེ་སྐད་དུ་བརྗོད་དོ། །དེ་དག་གི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོ་སྟེ། ཕན་འདོགས་པར་བྱེད་པའི་ཚོར་བ་ནི་སིམ་པ་ཡིན་ནོ། །རྣམ་ཤེས་ལྔའི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་ཁོ་ན་བདེ་བ་ཡིན་པར་མ་ཟད་བསམ་གཏན་གསུམ་པ་ན་སེམས་ཏེ་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་སིམ་པ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཡིན་ཏེ། དེ་ན་སྒོ་ལྔའི་རྣམ་ཤེས་མེད་པས་ལུས་ཚོར་མེད་པའི་ཕྱིར་དང་། དགའ་བ་ལས་འདོད་ཆགས་དང་བྲལ་བས་སིམ་པ་དེ་ཡིད་བདེ་བའང་མ་ཡིན་པའི་ཕྱིར་རོ། །
འོ་ན་ཡིད་བདེ་གང་ཞེ་ན། བསམ་གཏན་གསུམ་པ་ལས་གཞན་འདོད་པ་དང་བསམ་གཏན་དང་པོ་དང་གཉིས་པ་དག་ན་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་གང་ཡིན་པ་དེ་ནི་ཡིད་བདེ་བ་ཡིན་ཏེ། དགའ་བ་ལས་འདོད་ཆགས་དང་མ་བྲལ་བས་ས་དེ་དག་གི་ཡིད་ཀྱི་འཁོར་དུ་སྐྱེས་པའི་སིམ་པ་ནི་དགའ་བ་ཡིན་པའི་ཕྱིར་རོ། །
འོ་ན་སེམས་བདེ་དང་ཡིད་བདེའིི་ཁྱད་པར་གང་ཡིན་ཞེ་ན། འདོད་པ་ནས་བསམ་གཏན་གཉིས་པའི་བར་གྱི་ཡིད་དགའ་བ་རྣམ་པར་རྟོག་པ་ཙམ་གྱིས་སྐྱེ་ཞིང་མི་བརྟན་པ་ནི་ཡིད་བདེ་ཡིན་ལ། བསམ་གཏན་གསུམ་པ་ན་བརྟན་པར་གནས་པའི་ཡིད་ཀྱི་སིམ་པ་ནི་སེམས་བདེའི་དབང་པོ་ཡིན་ནོ། །བསམ་གཏན་གསུམ་པ་ན་དགའ་བ་མེད་པ་དང་བདེ་བ་ཡོད་པར་ཡང་མདོ་ལས་ཤེས་ཏེ། དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ་དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སེམས་ཏེ་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་མ་ཡིན་པ་དེ་ནི་ཡིད་མི་བདེ་བའི་དབང་པོའོ། །བཏང་སྙོམས་ཀྱི་དབང་པོ་ནི་སྔར་སྨོས་པའི་ཚོར་བ་དེ་དག་གི་བར་མའི་ཚོར་བའོ། །
ཅི་དེ་ལུས་ཀྱིའམ་སེམས་ཀྱི་ཡིན་ཞེ་ན། ལུས་དང་སེམས་གཉིས་ཀའི་བར་མ་ནི་བསྡོམས་ནས་བཏང་སྙོམས་སུ་གཞག་གོ། ཅི་སྟེ་ཞེ་ན། རྣམ་པར་མི་རྟོག་པར་རང་གིས་སྐྱེ་བའི་ཕྱིར་ཏེ། སེམས་ཀྱི་བདེ་སྡུག་ནི་རྣམ་རྟོག་ཙམ་གྱིས་སྐྱེ་ལ་ལུས་ཀྱི་ནི་མ་ཡིན་པའི་ཕྱིར་དང་། ལུས་ཀྱི་བདེ་སྡུག་ནི་ལུས་ལ་ཕན་པ་དང་གནོད་པར་བྱེད་པའི་ཕྱིར་དེ་དག་ནི་ཐ་དད་བྱས་ལ། བཏང་སྙོམས་ནི་རྣམ་པར་མི་རྟོག་པར་སྐྱེ་བའི་ཕྱིར་དང་། ཕན་གནོད་མེད་པར་སྐྱེ་བའི་ཕྱིར་གཉིས་ཀ་གཅིག་ཏུ་བསྡོམས་སོ། །མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་གསུམ་ལ་རིམ་པ་བཞིན་ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་དགུ་པོ་དེ་དག་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང་། ཀུན་ཤེས་པ་དང་། ཀུན་ཤེས་ལྡན་པའི་དབང་པོ་གསུམ་ཡིན་གྱི་དེ་དག་རྫས་གཞན་དག་ནི་མེད་དོ། །དེ་ལ་བདེ་བ་ནི་བསམ་གཏན་གསུམ་པ་ལ་བརྟེན་པ་ཡིན་ན་སེམས་བདེ་ཡིན་པས་དེ་སྐད་བརྗོད་ཀྱི་ལུས་བདེ་ནི་མ་ཡིན་ཏེ། སྒོ་ལྔའི་རྣམ་ཤེས་འཁོར་བཅས་ནི་ཟག་བཅས་ཉིད་དུ་ངེས་པའི་ཕྱིར་རོ། །(དབུས་མཐའི་ཊཱིཀ་དང་། ཀུན་ལས་བཏུས་ཀྱི་འགྲེལ་པར་རྣལ་འབྱོར་སྤྱོད་པ་ལྟར་ན་དང་པོ་ཉིད་ཀྱི་གདགས་གཞི་ཡིད་མི་བདེ་བ་ཡིན་པས་བཅུར་བཤད་དོ། །ཚོར་བ་གསུམ་པོ་དེ་དག་ཀྱང་མི་ལྕོགས་མེད་དང་། ཁྱད་པར་ཅན་དང་། བསམ་གཏན་བཞི་པ་དང་། གཟུགས་མེད་དང་པོ་གསུམ་གྱི་ས་པ་ཡིན་ན། བཏང་སྙོམས་དང་། བསམ་གཏན་དང་པོ་དང་གཉིས་པའི་ས་པ་ཡིན་ན་ཡིད་བདེ་དང་། བསམ་གཏན་གསུམ་པའི་ས་པ་ཡིན་ན་བདེ་བ་འབྱུང་བས་ཚོར་བ་གསུམ་གདགས་གཞིར་བཤད་ཀྱི་ཚོགས་པ་གཅིག་ལ་གསུམ་ཆར་འབྱུང་བ་ནི་མ་ཡིན་ནོ། །)
བཞི་པ་རྣམ་པའི་དབྱེ་བ་བཤད་པ་ནི་དང་པོ་དེ་དག་ལས་གཅིག་ཏུ་ཟག་པ་དང་བཅས་པ་རྣམས་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེ་ན། འདས་མ་ཐག་པར་བཤད་པའི་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་གསུམ་ནི་གཅིག་ཏུ་དྲི་མ་སྟེ་ཟག་པ་མེད་པ་ཁོ་ན་ཡིན་ནོ། །མིག་ལ་སོགས་པ་དབང་པོ་གཟུགས་ཅན་བདུན་དང་། སྲོག་གི་དབང་པོ་དང་། ཡིད་མི་བདེ་དང་། སྡུག་བསྔལ་དག་སྟེ་བཅུ་ནི་སྒོམ་སྤང་ཡིན་པས་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ནོ། །ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་དགུ་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཀ་ཡིན་ཏེ། ལམ་གསུམ་གྱི་ཚོགས་པ་ན་ཡོད་པ་ཟག་མེད་དང་། གཞན་དག་ནི་ཟག་བཅས་ཡིན་པའི་ཕྱིར་རོ། །
ཁ་ཅིག་དད་སོགས་ལྔ་ཡང་གཅིག་ཏུ་ཟག་མེད་ཁོ་ན་ཡིན་ནོ། །ཞེས་ཟེར་བ་ནི་མ་ཡིན་ཏེ། ལུང་གཞི་ལས། སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པ་རྣམས་ལ་དབང་པོ་རྣོན་པོ་དག་ཀྱང་མཆིས། དབང་པོ་འབྲིང་པོ་དག་ཀྱང་མཆིས། དབང་པོ་རྟུལ་པོ་དག་ཀྱང་མཆིས་སོ་ཞེས་ཆོས་ཀྱི་འཁོར་ལོ་མི་བསྐོར་བའི་དུས་སུ་གསུངས་པའི་ཕྱིར་དང་། གཞན་ཡང་མདོ་ལས། ངས་ཇི་སྲིད་དུ་དབང་པོ་ལྔ་པོ་འདི་དག་གི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པ་དེ་སྲིད་དུ་ང་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་ལྷ་དང་མིར་བཅས་པ་འདི་ལས་འགྲོལ་བ་དང་། ངེས་པར་འབྱུང་བ་དང་། མི་ལྡན་པ་དང་། བྲལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མི་འགྱུར་རོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་ཏེ། གལ་ཏེ་ཟག་མེད་ཡིན་ན་ཉེས་དམིགས་ལ་སོགས་པའི་བརྟག་པ་མི་རིགས་པའི་ཕྱིར་རོ། །
འོ་ན་མདོ་ལས། གང་ལ་དབང་པོ་ལྔ་པོ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་པ་དེ་ནི་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་འབྱུང་བ་ཇི་ལྟ་བུ་ཞེ་ན། དེ་ནི་འཕགས་པའི་གང་ཟག་རྣམ་པར་བཞག་པ་ལམ་གསུམ་གི་དད་པ་ལ་སོགས་པའི་དབང་དུ་བྱས་ནས་གསུངས་པའམ། ཡང་ན་དགེ་རྩ་ཀུན་དུ་ཆད་པ་ལ་ཕྱི་རོལ་སོ་སོའི་སྐྱེ་བོ་ཞེས་གསུངས་པའི་ཕྱིར་རོ། །(སློབ་དཔོན་འཕགས་པས་ནི་ཀུན་ལས་བཏུས་ལས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གང་དབང་བྱེད་པའོ་ཞེས་པ་དང་། ཕལ་ཆེ་བའི་དབང་དུ་མཛད་ནས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ཇི་ལྟར་རྣམ་པར་བཞག་ཅེ་ན། སྨྲས་པ། མོས་པས་སྤྱོད་པའི་ས་ལ་ནི་དང་པོ་རྣམ་པར་བཞག་གོ། དེ་ལས་གཞན་པ་ལྷག་པའི་བསམ་པ་རྣམ་པར་དག་པའི་ས་དག་ལ་ནི་གཉིས་པ་ཀུན་ཤེས་པའོ། །དེ་བཞིན་གཤེགས་པའི་ས་ལ་ནི་དབང་པོ་གསུམ་པ་ཀུན་ཤེས་ལྡན་པ་རྣམ་པར་བཞག་པར་ལྟ་བར་བྱའོ་ཞེས་པ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་ཐག་རིང་ཞིང་འཇིག་རྟེན་པའི་རྣམ་པ་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ལ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་ཐག་ཉེ་ཞིང་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཡིན་པར་ལྟ་བར་བྱའོ་ཞེས་ས་མཚམས་དང་ངོ་བོ་འདི་ལས་གཞན་དུ་བཤད་དོ། །)ཡང་དབང་པོ་དེ་དག་ལས་སྲོག་ནི་གཅིག་ཏུ་རྣམ་པར་སྨིན་པ་ཁོ་ན་ཡིན་ཏེ། མཐོ་རིས་ན་དགེ་བ་ཟག་བཅས་དང་། ངན་སོང་ན་མི་དགེ་བས་འཕངས་པའི་ཕྱིར་རོ། །འོ་ན་བསྟན་བཅོས་ལས། ཚེའི་འདུ་བྱེད་དག་ཇི་ལྟར་འཇོག་པར་བྱེད་ཅེ་ན། དགེ་སློང་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པས་དགེ་འདུན་ནམ་གང་ཟག་ལ་ལྷུང་བཟེད་དམ། ཆོས་གོས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཕུལ་ནས། དེ་བསམས་ཏེ་རབ་ཀྱི་མཐའ་པའི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་། དེ་དེ་ལས་ལངས་ནས་བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚེའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་དུ་སེམས་སྐྱེད་པར་བྱེད་ཅིང་ཚིག་ཏུ་ཡང་སྨྲ་བར་བྱེད་དེ། དེའི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚེའི་རྣམ་པར་སྨིན་པར་འགྱུར་རོ་ཞེས་འབྱུང་བའི་དགྲ་བཅོམ་པ་ཚེ་བསྲིངས་པ(འི་ཚེ་)དེ་གང་གི་རྣམ་སྨིན་དུ་འགྱུར་ཏེ། མཚུངས་ལྡན་ལས་གཞན་པའི་རྣམ་པར་སྨིན་པ་ནི་འདོད་དགུར་སྔོན་དུ་མི་འགྱུར་བ་ཞིག་ན་དེ་འཇོག་པར་འདོད་ན་གནས་པ་དང་གཏོང་བར་འདོད་ན་འདོར་བའི་ཕྱིར་རོ་ཞེ་ན།
ཁ་ཅིག་ན་རེ་དེ་ནི་(སྒོ་གསུམ་གྱི་ལས་དགེ་བ་ཟག་བཅས་དེའི་)མཐོང་ཆོས་ཀྱི་ལས་ཀྱི་རྣམ་སྨིན་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཚེ་བསྲིང་དུ་ཡོད་པ་མ་ཡིན་གྱི་སྔོན་ཚེ་མ་ཟད་པར་བར་མ་དོར་(དུས་མིན་དུ)ཤི་འཕོས་ཏེ་ཚེའི་ལྷག་མ་ལུས་པ་དག་དགེ་འདུན་ལ་ཡོ་བྱད་ཕུལ་ནས་(རབ་མཐའི་བསམ་གཏན་གྱི་སྟོབས་ཀྱིས་)འདྲེན་པར་འདོད་དེ། དེའི་ལྟར་ན་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཚེར་འགྱུར་རོ་ཞེས་བྱ་བ་ནི་(སྔར་གྱི་)རྣམ་པར་སྨིན་པ་(སྨོན་ལམ་གྱི་)འདྲེན་པར་བྱེད་པ་ལ་དེའི་རྣམ་པར་སྨིན་པ་ཞེས་བཏགས་པ་ཉིད་དུ་ཤེས་སོ། །
བཙུན་པ་དབྱངས་སྒྲོགས་ནི་བསམ་གཏན་གྱི་སྟོབས་ཀྱིས་གཟུགས་ན་སྤྱོད་པའི་འབྱུང་བ་ཚེ་དང་མཐུན་པ་(འམ་འགལ་བ་)དག་མངོན་དུ་བྱེད་དོ། །དེའི་སྟོབས་ཀྱིས་ཚེ་རིང་(བ་དང་ཐུང་)བར་བྱེད་པས་དེ་ནི་རྣམ་སྨིན་མ་ཡིན་ནོ། །ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཚེར་འགྱུར་རོ་ཞེས་བྱ་བ་ནི་བཏགས་པ་བ་དང་། སྲོག་གི་དབང་པོ་རྣམ་སྨིན་དུ་བཤད་པ་ནི་གཙོ་ཆེ་བས་བཤད་དོ་ཞེས་འཆད་དོ། །(ལོངས་སྤྱོད་ཀྱི་རྣམ་སྨིན་ཚེར་བསྒྱུར་དང་ཚེ་ལྷག་འདྲེན་པར་འདོད་པ་གཉིས་ཀ་ལྟར་ཡང་ཚེ་ནི་སྔོན་གྱི་ལས་ཀྱི་རྣམ་སྨིན་ཡིན་ལ་ལོངས་སྤྱོད་དང་སྨོན་ལམ་སོགས་ནི་དེ་བསྒྱུར་བའི་རྐྱེན་ཙམ་ཡིན་ནོ། །སློབ་དཔོན་ནི་ཏིང་ངེ་འཛིན་གྱི་མཐུ་ཁོ་ནས་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེའི་དུས་ངེས་པ་ཟློག་ནས། ཏིང་ངེ་འཛིན་ལས་གསར་དུ་སྐྱེས་པའི་ཚེ་གཏོང་འཇོག་བྱེད་པར་འདོད་དོ། །དེ་དང་དབྱངས་སྒྲོགས་ལྟར་ན་སྲོག་རྣམ་སྨིན་དུ་བཤད་པ་ནི་ཐ་མལ་པའི་དབང་དུ་བྱས་ནས་གཙོ་ཆེ་བ་ལ་དགོངས་པས་ཅི་དགར་བྱར་ཡོད་པའི་ཚེའང་ཡོད་དོ་ཞེས་སོ། །)དེ་བཞིན་དུ་ཚེ་གཏོང་པའང་(སྨན་ལ་སོགས་པས་གནས་པའི་ཐབས་མ་མཐོང་ན་)བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་ལས་ལངས་ནས་ཡོ་བྱད་གང་ཡང་རུང་བ། དགེ་འདུན་(ནམ་འགོག་པ་ལས་ལངས་མ་ཐག་པ་ལ་སོགས་པའི་གང་ཟག་ལ་)ཕུལ་ནས་(རབ་མཐའི་བསམ་གཏན་བཞི་པ་ལ་ཞུགས་ནས་དེ་ལས་ལངས་ཏེ་)བདག་གི་ཚེའི་རྣམ་སྨིན་གང་ཡིན་པ་དེ་ལོངས་སྤྱོད་ཀྱི་རྣམ་སྨིན་དུ་གྱུར་ཅིག་སྙམ་དུ་སེམས་བསྐྱེད་ཅིང་ཚིག་ཏུའང་སྨྲས་པས་གཏོང་བར་བྱེད་དོ། །(རབ་མཐའི་བསམ་གཏན་དེའི་ལོངས་སྤྱོད་ཀྱི་རྣམ་སྨིན་ཚེའི་རྣམ་སྨིན་དུ་འགྱུར་རོ་ཞེས་བསྟན་བཅོས་ལས་བྱུང་སྟེ་དེ་དག་ནི་ལུས་དང་ཡིད་དང་ངག་གི་ལས་སོ། །གཏོང་ན་དེ་ཉིད་ཟློག་གོ།)
དེ་ཡང་གསོན་པས་གཞན་ལ་ཕན་པ་དང་དགོས་པ་མ་མཐོང་ཞིང་། རང་གི་ལུས་ནད་ལ་སོགས་པ་ལྟ་བུར་མཐོང་ནས་ཚེ་གཏོང་བ་ཡིན་ཏེ། ལུང་རྣམ་འབྱེད་ལས། (ཉེ་སྡེ་ལ་ཤཱ་རིའི་བུས་སྨྲས་པ་)ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ལམ་ལའང་ཤིན་ཏུ་བསྒོམས་ན་ནི། །ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཞེས་གསུངས་པ་ལྟ་བུའོ། །འཇོག་པ་ནི་གཞན་གྱི་དོན་དང་བསྟན་པ་གནས་པ་ལ་སོགས་པར་མཐོང་ནས་(ཏིང་ངེ་འཛིན་དང་སེམས་ལ་དབང་བ་དང་ཉོན་མོངས་སྤངས་པའི་ཕྱིར།) དུས་དང་མི་སྦྱོར་བའི་དགྲ་བཅོམ་པ་ཕོ་མོ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དག་གིས་གླིང་གསུམ་གྱི་མིའི་ནང་ཁོ་ནར་(དབང་པོ་རྣོ་བས)ཚེ་བསྲིང་བར་བྱེད་དོ། །(དེ་ཡང་གནས་བརྟན་བཅུ་དྲུག་ལྟ་བུའོ། །)འོ་ན་ལུང་ཕྲན་ཚེགས་ལས་བཅོམ་ལྡན་འདས་ཀྱི་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་གཏོང་ངོ་ཞེས་གསུངས་པའི་ཚེ་སྲོག་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན།
ཁ་ཅིག་ན་རེ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། ཡེ་ཤེས་ལ་འཇུག་པ་ལས། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ་ཞེས་(བྱེ་བྲག་སྨྲ་བ་)ཟེར་རོ། །ཁ་ཅིག་ན་རེ་སྔོན་གྱི་ལས་ཀྱི་འབྲས་བུ་ནི་ཚེ་ཡིན་ལ། ད་ལྟར་གྱི་ལས་ཀྱི་འབྲས་བུ་ནི་སྲོག་ཡིན་ཏེ། རིམ་པ་ལྟར་ལས་ཀྱི་མཐུས་རིས་མཐུན་པར་གནས་པ་དང་། དུས་གཞན་གྱི་བར་དུ་འཚོ་བའོ་ཞེས་ཟེར་རོ། །དག་ཅེས་མང་པོའི་ཚིག་གིས་བསྟན་པ་ནི་ཚེ་སྲོག་གི་འདུ་བྱེད་ཀྱི་སྐད་ཅིག་མ་མང་པོའི་རྒྱུན་ལ་གཏོང་འཇོག་བྱེད་ཀྱི་སྐད་ཅིག་མ་གཅིག་ལ་ནི་དུས་ཐུང་བས་གཏོང་བ་དང་བྱིན་གྱིས་རློབ་པ་མེད་པའི་ཕྱིར་རོ། །
ཁ་ཅིག་ན་རེ་དེ་དག་ནི་འདུ་བྱེད་ཀྱི་རྒྱུན་མང་པོ་རྣམས་ལ་ཚེ་སྲོག་ཅེས་བྱ་བའི་ཕྱི་རོལ་པས་བརྟགས་པ་ལྟ་བུའི་རྫས་གཅིག་པུ་ནི་མེད་དོ་ཞེས་བསྟན་པའི་ཕྱིར་དག་ཅེས་མང་པོའི་སྒྲ་སྨོས་སོ་ཞེས་ཟེར་རོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་སྐུ་ཚེ་གཏོང་བ་དང་བྱིན་གྱིས་བརླབས་པ་དག་མཛད་ཅེ་ན། སྐུ་ཚེ་ལ་མངའ་བརྙེས་པ་ཉིད་དུ་བསྟན་པའི་ཕྱིར་དང་། དེ་ཕྱིན་ཆད་གདུལ་བྱའི་དོན་མེད་པའི་ཕྱིར་གྲོང་ཁྱེར་རྩྭ་ཅན་དུ་ནི་སྐུའི་འདུ་བྱེད་བཏང་ལ། ཚེ་ལ་མངའ་བརྙེས་པ་དང། གང་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་ལྟར་བསྒོམས་པ་དག་གིས་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པར་བྱའོ་ཞེས་དམ་བཅས་པ་དེ་ཡང་བསྒྲུབ་པའི་ཕྱིར་ཡངས་པ་ཅན་དུ་ཟླ་བ་གསུམ་བྱིན་གྱིས་བརླབས་ཏེ་བཞུགས་སོ། །(དེ་ཙམ་གྱིས་རབ་བཟང་སྨིན་པས་སོ། །)
བྱེ་བྲག་སྨྲ་བ་ན་རེ་བདུད་བཞི་ལས་རྒྱལ་བར་བྱ་བའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ནི་ཉོན་མོངས་པ་དང་ལྷའི་བུའི་བདུད་ལས་རྒྱལ་ལོ། །ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པས་འཆི་བདག་གི་བདུད་ལས་རྒྱལ་ལོ་(དེས་ན་བྱིན་གྱིས་བརླབས་སོ། །)རྩྭ་ཅན་དུ་སྐུ་ཚེ་བཏང་བས་ནི་ཕུང་པོའི་བདུད་ལས་རྒྱལ་བའི་ཕྱིར་རོ་ཞེས་ཟེར་རོ། །དབང་པོ་བཅུ་གཉིས་ནི་རྣམ་སྨིན་དང་རྣམ་སྨིན་མ་ཡིན་པ་གཉིས་ཀ་ཡིན་ནོ། །
བཅུ་གཉིས་གང་ཞེ་ན། དད་པ་ལ་སོགས་པ་དགེ་བའི་དབང་པོ་ཐ་མ་བརྒྱད་དང་ཡིད་མི་བདེ་བ་མ་གཏོགས་པ་སྲོག་གི་དབང་པོ་ལས་གཞན་པ་རྣམས་ཏེ། དད་སོགས་བརྒྱད་ནི་དགེ་བ་འབའ་ཞིག་པ་ཡིན་པའི་ཕྱིར་དང་། ཡིད་མི་བདེ་ནི་ཡིད་མི་བདེ་བ་རྣམ་གཉིས་ཞེས་འབྱུང་བས་ཡང་ན་དགེ་བ་དང་ཡང་ན་མི་དགེ་བ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བྱའོ། །དེ་ལ་མིག་ལ་སོགས་པ་བདུན་གྱི་རྒྱས་བྱུང་རྣམས་ནི་རྣམ་སྨིན་མ་ཡིན་ལ། རྣམ་སྨིན་ལས་བྱུང་བ་རྣམས་ནི་དེ་ཡིན་ནོ། །ཡིད་དང་ཚོར་བ་གཞན་བཞི་ནི་དགེ་བ་དང་། ཉོན་མོངས་ཅན་དང་། (འབད་དེ་སྒྲུབ་དགོས་པའི་ཕྱིར་)སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པ(འི་སེམས་)རྣམས་ནི་རྣམ་སྨིན་མ་ཡིན་ལ། (དེ་ལ་སྤྱོད་ལམ་པ་དང་བཟོའི་གནས་གཉིས་ནི་ཡིད་བདེ་དང་བཏང་སྙོམས་དང་། སྤྱོད་ལམ་པ་ནི་གཟུགས་ན་བདེ་བ་དང་། ལྡན་པ་ཡང་ཡོད་ལ། སྤྲུལ་པ་སེམས་ནི་ཐམས་ཅད་དུ་ཡང་བཏང་སྙོམས་དང་ངོ་བཙུན་པ་གོ་ཆ་མཐའ་ཡས་ནི་དེ་གསུམ་ག་བཏང་སྙོམས་དང་ངོ་ཞེས་པ་མི་རིགས་ཏེ། སྦྱོར་བའི་ཁྱད་པར་གྱིས་སྒྲུབ་པ་ལ་བདེ་བ་དང་ཡིད་བདེ་བཀག་གོ། ལྷག་མ་རྣམས་ནི་རྣམ་སྨིན་ཏེ་སྲོག་དང་གཟུགས་ཅན་བདུན་ནི་བདེ་འགྲོ་ན་དགེ་བ་དང་། ངན་འགྲོ་ན་མི་དགེ་བའི་རྣམ་སྨིན་ནོ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ནི་དགེ་བ་དང་སྡུག་བསྔལ་ནི་མི་དགེ་བའི་རྣམ་སྨིན་ནོ། །)རྣམ་སྨིན་ལས་སྐྱེས་པ་རྣམས་ནི་དེ་ཡིན་ནོ། །ཐ་མ་བརྒྱད་དང་ཡིད་མི་བདེ་ནི་གཅིག་ཏུ་རྣམ་སྨིན་མ་ཡིན་པ་ཉིད་དུ་གྲུབ་བོ། །(གལ་ཏེ་ཡིད་མི་བདེ་རྣམ་སྨིན་དུ་མི་རུང་ན་ཡིད་མི་བདེ་མྱོང་བར་འགྱུར་བའི་ལས་བཤད་པ་དང་འགལ་ཞེ་ན་དེ་ནི་མཚུངས་ལྡན་མྱོང་འགྱུར་ལ་དགོངས་ཀྱི་རྣམ་སྨིན་མྱོང་འགྱུར་ལ་དགོངས་པ་མིན་ནོ། །འོ་ན་ཡིད་བདེ་དང་བཏང་སྙོམས་མྱོང་འགྱུར་ལའང་མཚུངས་ཞེ་ན་མི་མཚུངས་ཏེ། དེ་གཉིས་ནི་མྱོང་འགྱུར་གཉིས་ཀར་མི་འགལ་ལ་རེས་འགའ་མི་རྟོག་བཞིན་དུ་ཡིད་བདེ་དང་བཏང་སྙོམས་ལུང་མ་བསྟན་སྐྱེ་བས་སོ། །ཡིད་མི་བདེ་ནི་མི་འདོད་པ་ལ་སོགས་པ་རྟོག་པ་ཙམ་གྱིས་སྐྱེ་བས་རྣམ་སྨིན་གྱི་སྐབས་མེད་དོ། །)
ཡང་དབང་པོ་དེ་དག་ལས་གང་སྔར་མ་གཏོགས་པར་བཤད་པའི་ཡིད་མི་བདེ་བ་དེ་གཅིག་པུ་ནི་འབྲས་བུ་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ཏེ། དེ་ལ་ལུང་དུ་མ་བསྟན་པ་མེད་ཅིང་། མཉམ་པར་བཞག་པ་མ་ཡིན་པའི་ཕྱིར་ཟག་མེད་ཀྱང་མེད་པས་མི་དགེ་བའམ་དགེ་བ་ཟག་བཅས་ཁོ་ནར་ངེས་པའི་ཕྱིར་རོ། །དབང་པོ་བཅུ་པོ་དག་ནི་རྣམ་སྨིན་དང་བཅས་པ་དང་རྣམ་སྨིན་མེད་པ་རྣམ་པ་གཉིས་ཀ་ཡིན་ནོ། །
བཅུ་གང་ཞེ་ན། ཡིད་ཀྱི་དབང་པོ་དང་ཡིད་མི་བདེ་མ་གཏོགས་པའི་ཚོར་བ་གཞན་བཞི་དང་དད་པ་ལ་སོགས་པ་ལྔའོ། །དེ་ལ་ཡིད་དང་ཚོར་བ་བཞི་སྟེ་ལྔ་པོ་དེ་དག་མི་དགེ་བ་དང་། བཅུ་ཆར་གྱི་དགེ་བ་ཟག་བཅས་རྣམས་ནི་རྣམ་སྨིན་དང་བཅས་པ་དང་། ལུང་མ་བསྟན་དང་ཟག་མེད་རྣམས་ནི་རྣམ་སྨིན་མེད་པའང་ཡིན་ནོ། །ལྷག་མ་དབང་པོ་གཟུགས་ཅན་བདུན་དང་སྲོག་དང་(བརྒྱད་ནི་ལུང་མ་བསྟན་ཁོ་ན་ཡིན་པས་ས་བོན་རུལ་པ་དང་འདྲ་ལ)ཟག་མེད་ཀྱི་དབང་པོ་གསུམ་ནི་(སྲེད་པས་མ་བརླན་པས)རྣམ་སྨིན་མེད་པ་ཁོ་ན་ཡིན་ནོ། །ཡང་དབང་པོ་དེ་དག་ལས་གཅིག་ཏུ་དགེ་བ་ནི་ཐ་མ་བརྒྱད་ཡིན་ལ། དད་སོགས་དང་ཟག་མེད་ཀྱི་དབང་པོ་གསུམ་མོ། །ཡིད་མི་བདེ་བ་ནི་དགེ་(བ་ཟག་བཅས་དང་)མི་དགེ་རྣམ་པ་གཉིས་ཀ་ཡིན་ནོ། །ཡིད་ཀྱི་དབང་པོ་དང་ཡིད་མི་བདེ་མ་གཏོགས་པའི་ཚོར་བ་གཞན་བཞི་ནི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་རྣམ་པ་གསུམ་ག་ཡིན་ཏེ། གསུམ་ག་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་རོ། །དབང་པོ་ལྷག་མ་གཞན་མིག་ལ་སོགས་པ་བདུན་དང་སྲོག་ནི་ལུང་མ་བསྟན་གྱི་རྣམ་པ་གཅིག་ཏུ་ངེས་པ་ཡིན་ནོ། །
ཡང་དབང་པོ་དེ་དག་ལས་དྲི་མ་མེད་པའི་དབང་པོ་གསུམ་མ་གཏོགས་པ་དབང་པོ་བཅུ་དགུ་ནི་འདོད་པར་གཏོགས་པ་སྟེ་འདོད་པའི་ས་པ་ཡང་ཡོད་དོ། །བཅུ་དགུ་པོ་དེ་དག་ལས་ཕོ་མོའི་དབང་པོ་དང་། སྡུག་བསྔལ་དག་སྟེ་ཡིད་མི་བདེ་དང་སྡུག་བསྔལ་གྱི་དབང་པོ་དག་མ་གཏོགས་པ་དབང་པོ་བཅོ་ལྔ་ནི་གཟུགས་སུ་གཏོགས་པ་ཡིན་ཏེ། དེ་ན་འཁྲིག་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དང་། མི་མཛེས་པར་བྱེད་པའི་ཕྱིར་ཕོ་མོའི་དབང་པོ་དག་མེད་ལ། མཉམ་གཞག་གི་ས་པ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་དག་ཀྱང་མེད་དེ། ལུས་ཤིན་ཏུ་དང་བའི་ཕྱིར་བསྣུན་པ་ལ་སོགས་པ་འཕྲལ་གྱི་རྐྱེན་གྱིས་བསྐྱེད་པའི་སྡུག་བསྔལ་མེད་ཅིང་མི་དགེ་བ་མེད་པའི་ཕྱིར་རྣམ་པར་སྨིན་པའི་སྡུག་བསྔལ་ཡང་མེད་ལ། རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་དང་། ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པའི་ཕྱིར་ཡིད་མི་བདེའང་མེད་དོ། །(བསམ་གཏན་དང་པོ་ན་བཅོ་ལྔ་ཡོད་དོ། །)གལ་ཏེ་གཟུགས་ཁམས་ན་ཕོའི་དབང་པོ་མེད་ན་ཁམས་མང་པོ་པའི་མདོ་ལས། མོ་ཚངས་པ་ཉིད་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཕོ་གང་ཡིན་པ་དེ་ནི་གནས་ཡོད་དོ་ཞེས་གསུངས་པར་ཇི་ལྟར་འགྱུར་ཞེ་ན། ཕོའི་མཚན་ཉིད་ང་རོ་གསང་མཐོ་བ་ལ་སོགས་པ་འདོད་པ་ན་ཡོད་པ་དེ་དག་གཟུགས་ནའང་ཡོད་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །
བཅོ་ལྔ་པོ་དེ་དག་ལས་གཟུགས་ཅན་གྱི་དབང་པོ་མིག་ལ་སོགས་པ་རྣམས་དང་བདེ་བ་དང་ཡིད་བདེ་བའི་དབང་པོའང་མ་གཏོགས་པ་ལྷག་མ་(སྲོག་ཡིད་བཏང་སྙོམས་དང་དད་སོགས་ལྔ་སྟེ།) བརྒྱད་ནི་གཟུགས་མེད་པར་གཏོགས་པ་(ཡིན་)སྟེ། གང་ཞེ་ན་ཡིད་དང་སྲོག་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་བརྒྱད་ཡིན་ནོ་ཞེས་བྱ་སྟེ། ཟག་མེད་ཀྱི་དབང་པོ་གསུམ་ནི་ཐམས་ཅད་དུའང་ཁམས་སུ་མ་གཏོགས་པར་ཤེས་པར་བྱའོ། །ཡང་དབང་པོ་དེ་དག་ལས་ཡིད་དང་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་གསུམ་སྟེ་བཞི་ནི་མཐོང་སྤང་དང་མཚུངས་པར་ལྡན་པ་མཐོང་སྤང་དང་། སྒོམ་སྤང་དང་མཚུངས་པར་ལྡན་པ་སྒོམ་སྤང་དང་། སྤང་བྱ་མ་ཡིན་པ་དང་མཚུངས་པར་ལྡན་པ་སྤང་བྱ་མ་ཡིན་པ་ཞེས་བྱ་བ་རྣམ་པ་གསུམ་དུ་འགྱུར་རོ། །(བདེ་བ་དེར་འགྱུར་བ་ནི་བསམ་གཏན་གསུམ་པའི་བདེ་བ་ཡིད་ཤེས་འཁོར་དུ་སྐྱེས་པའི་སེམས་བདེ་ཡིན་གྱི་དབང་ཤེས་འཁོར་དུ་སྐྱེ་བ་ནི་སྒོམ་སྤང་ཁོ་ནའོ། །)མཐོང་སྒོམ་གཉིས་ཀྱིས་སྤང་བར་བྱ་བ་ནི་ཡིད་མི་བདེ་བ་སྟེ། དེ་ནི་ཟག་བཅས་སུ་ངེས་ཤིང་སྤང་བྱ་གཉིས་ཀ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །མིག་ལ་སོགས་པ་གཟུགས་ཅན་བདུན་དང་སྲོག་དང་སྡུག་བསྔལ་གྱི་དབང་པོ་དགུ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། ཟག་བཅས་སུ་ངེས་ཤིང་དྲུག་པ་ལས་མ་སྐྱེས་ལ་མཐོང་སྤང་མ་ཡིན་པའི་ཕྱིར་རོ། །དད་པ་ལ་སོགས་པ་ལྔ་པོ་ནི་ཟག་བཅས་བསྒོམ་པས་སྤང་བར་བྱ་བའང་ཡིན་ལ། ཟག་མེད་སྤང་བར་བྱ་བ་མིན་པ་ཡང་ཡིན་ཏེ། ཟག་བཅས་ཟག་མེད་ཀྱི་བྱེ་བྲག་གིས་སོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་(ཐ་མ་)གསུམ་ནི་སྤང་བར་བྱ་བ་མིན་ཏེ། ཟག་མེད་ཉེས་མེད་ནི་སྤང་བར་འོས་པ་མ་ཡིན་པའི་ཕྱིར་དང་། གཉེན་པོ་ཡིན་པའི་ཕྱིར་རོ། །
ལྔ་པ་དབང་པོའི་འཐོབ་པ་དང་གཏོང་བ་བཤད་པ་ལ་དང་པོ་འཐོབ་པ་ནི་འདིར་དབང་པོ་ཐམས་ཅད་ཀྱི་འཐོབ་ཚུལ་སྟོན་པ་ནི་མ་ཡིན་གྱི་འོན་ཀྱང་རྣམ་པར་སྨིན་(པས་བསྡུས་)པའི་དབང་པོ་དག་འཐོབ་པའི་ཚུལ་འཆད་དེ། དེ་ཡང་འདོད་པར་ཉིང་མཚམས་སྦྱོར་བ་ན་སྐྱེ་གནས་དང་པོ་གསུམ་གྱིས་ནི་དང་པོ་རྣམ་སྨིན་(གྱི་ངོ་བོ་ལུས་སྲོག)གྱི་དབང་པོ་གཉིས་གསར་དུ་རྙེད་དེ། ལུས་ཀྱི་དབང་པོ་དང་སྲོག་གི་དབང་པོ་དག་གོ། ཡིད་ལ་སོགས་པ་ནི་རྣམ་པར་སྨིན་པར་མ་ངེས་པའི་ཕྱིར་(ཏེ་ཡིད་དང་བཏང་སྙོམས་ཉོན་མོངས་ཅན་ཡིན་ལ་མིག་སོགས་ལྔ་མེད་པའི་ཕྱིར)དང་། (ཁ་ཅིག)སྔར་ཡོད་པའི་ཕྱིར་རོ། །ཐམས་ཅད་དུའམ་ཞེ་ན། རྫུས་ཏེ་སྐྱེ་བས་ནི་གཉིས་ཁོ་ན་རྙེད་པ་མིན་གྱི་འོ་ན་དུ་ཞེ་ན་རྫུས་ཏེ་སྐྱེ་བ་དེ་ཡིས་ནི་(བསྐལ་བ་དང་པོའི་མི་ལྟ་བུ་ཕོ་མོའི་མཚན་གཉིས་ཀ་མེད་པ་ཞིག་ཡིན་ན་མིག་སོགས་ལྔ་སྲོག་དང་)དྲུག་གམ་ཞེས་བྱ་བ་ནི་དེ་གལ་ཏེ་མཚན་མེད་པ་ཞིག་ཡིན་ན་ནི་དབང་པོ་དྲུག་རྙེད་དེ། མིག་སོགས་ལྔ་དང་སྲོག་གི་དབང་པོའོ། །དེ་གལ་ཏེ་(འཕགས་པ་ལྷ་དང་འདོད་ལྷ་ལྟ་བུ་)ཕོ་མོའི་དབང་པོ་གང་རུང་ཞིག་དང་ལྡན་པ་ཡིན་ན་དེ་བསྣན་པའི་བདུན་རྙེད་དོ། །དེ་གལ་ཏེ་མཚན་གཉིས་པ་ཞིག་ཡིན་ན་བརྒྱད་རྙེད་དེ། དེ་ལ་རྫུས་སྐྱེས་མཚན་མེད་པ་ནི་བསྐལ་པ་དང་པོའི་མི་རྣམས་ལྟ་བུའོ། །མཚན་གཅིག་པ་ནི་འཕགས་པ་ལྷ་དང་འདོད་པའི་ལྷ་རྣམས་ལྟ་བུའོ། །མཚན་གཉིས་པ་ནི་ངན་སོང་རྣམས་ན་སྲིད་དོ། །གཟུགས་ཁམས་སུ་ཉིང་མཚམས་སྦྱོར་ན་ནི་མིག་སོགས་ལྔ་དང་སྲོག་དང་དྲུག་རྙེད་དེ། ཕོ་མོའི་དབང་པོ་དག་ནི་དེ་ན་མེད་པར་བཤད་ཟིན་པའི་ཕྱིར་རོ། །གཟུགས་ཁམས་ཀྱི་གོང་མ་གཟུགས་མེད་པའི་ཁམས་སུ་ནི་སྲོག་དབང་གཅིག་པུ་གསར་དུ་རྙེད་དེ། རྣམ་སྨིན་གྱི་དབང་པོ་གཞན་དག་ནི་ས་དེ་ན་མེད་པའི་ཕྱིར་རོ། །(རྫུས་སྐྱེ་དབང་པོ་ཚང་བར་སྐྱེས་པས་མིག་སོགས་ལྔ་དུས་གཅིག་ཏུ་འཐོབ་ལ། རྣམ་སྨིན་ལུང་མ་བསྟན་གྱི་ཐོབ་པ་སྔ་ཕྱིར་མི་འབྱུང་བ་དུས་མཉམ་དུ་འབྱུང་བའི་དབང་དུ་བྱས་ནས་སོ། །)
གལ་ཏེ་སྐྱེ་བ་ན་དེ་ལྟར་འཐོབ་ན་འཆི་བ་ན་དུ་ལྷན་ཅིག་གཏོང་ཞེ་ན། (མ་བསྒྲིབས་ལུང་མ་བསྟན་དང་ཉོན་མོངས་ཅན་གྱི་སེམས་ལ་གནས་ཏེ།) གཟུགས་མེད་པའི་ཁམས་དག་ཏུ་འཆི་བའི་ཚེ་ནི་སྲོག་དང་ཡིད་ཀྱི་དབང་པོ་དང་ཚོར་བ་བཏང་སྙོམས་ཀྱི་དབང་པོ་ཉིད་དང་གསུམ་དུས་གཅིག་ཏུ་འགག་པར་འགྱུར་རོ། །ཞེས་གསུངས་ཏེ། སེམས་དགེ་བ་ལ་གནས་ཏེ་འཆི་འཕོ་བ་མ་ཡིན་པའི་དབང་དུ་བྱས་ནས་ཞེས་སྦྱར་རོ། །གཟུགས་ཁམས་སུ་འཆི་བ་ན་རྫུས་སྐྱེས་ཐམས་ཅད་ནི་དབང་པོ་རྣམས་ཚང་བར་སྐྱེ་ཞིང་འཆི་བས་མིག་སོགས་ལྔ་དང་སྔར་བཤད་པ་གསུམ་སྟེ་བརྒྱད་དུས་གཅིག་ལ་འགག་པར་འགྱུར་རོ། །
འདོད་པར་རྫུས་སྐྱེས་མཚན་གཉིས་པ་(དབང་པོ་ཚང་བ)ཞིག་འཆི་བ་ན་གཟུགས་ཅན་བདུན་དང་སྲོག་ལ་སོགས་པ་གསུམ་སྟེ་བཅུ་འགག་པའམ། གལ་ཏེ་མཚན་གཅིག་པ་ཞིག་ཡིན་ན་(ཕོ་མོ་གང་རུང་གཅིག་དང་)དགུའམ། མཚན་མེད་པ་ཞིག་ཡིན་ན་(སྲོག་སོགས་གསུམ་མིག་སོགས་ལྔ་སྟེ།) བརྒྱད་འགག་པར་འགྱུར་རོ། །(འདོད་པའི་རྫུས་སྐྱེས་དབང་པོ་མ་ཚང་བར་འཆི་བའང་ཡོད་དོ། །)དེ་ལྟར་ན་ཅིག་ཅར་འཆི་བ(འི་རྫུས་སྐྱེས་)ལ་ནི་ཚུལ་དེ་ལྟ་བུ་ཡིན་ལ། (ཅིག་ཅར་འཆི་བ་ནི་རྫུས་སྐྱེས་ཡིན་ལ།) མངལ་སྐྱེས་ལ་སོགས་པ་སྐྱེ་གནས་དང་པོ་གསུམ་ལས་སྐྱེས་པ་ཞིག་འཆི་འཕོ་བ་ནི་རིམ་གྱིས་འཆི་འཕོ་བ་ཡིན་པས་དེ་དག་ལ་ནི་(མིག་སོགས་སྔར་འགགས་པས་མཐར།) ལུས་དང་སྲོག་དང་བཏང་སྙོམས་དང་ཡིད་དང་བཞི་(ཅིག་ཅར)འགག་པར་འགྱུར་རོ། །དེ་དག་ཐམས་ཅད་ནི་(འཆི་སེམས་གསུམ་ལས།) མ་བསྒྲིབས་ལུང་མ་བསྟན་(གྱི་སེམས་)དང་སེམས་ཉོན་མོངས་ཅན་གྱི་དབང་དུ་བྱས་ཏེ་བཤད་པ་ཡིན་གྱི་སེམས་དགེ་བ་སྐྱེས་ཐོབ་ལ་གནས་ཏེ་འཆི་བ་དག་ལ་ནི་ཁམས་གསུམ་(གྱིས་གནས་སྐབས་དྲུག་)པོ་ཐམས་ཅད་དག་ཏུ་སྔར་གྱི་(གསུམ་ལ་སོགས་པ་)རྣམས་ཀྱི་སྟེང་དུ་དད་སོགས་ལྔ་བསྣན་པའི་དབང་པོ་རྣམས་དུས་གཅིག་ལ་འགག་པར་འགྱུར་ཏེ། གཟུགས་མེད་པའི་ཁམས་སུ་བརྒྱད་འགག་པ་ལ་སོགས་པའོ། །
འདིར་དབང་པོ་ཟག་མེད་རྣམས་ནི་འཆི་བ་ན་འགག་པར་མ་བཤད་དེ། དེ་དག་ནི་རྣམ་སྨིན་ཀྱང་མ་ཡིན་ཞིང་། འཆི་སེམས་ཀྱང་མ་ཡིན་ལ། འཆི་བ་ནི་དེ་དག་གི་གཏོང་རྒྱུའང་མ་ཡིན་པའི་ཕྱིར་རོ། །རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་དེ་དག་དབང་པོ་དུས་འཐོབ་ཅེ་ན། འབྲས་བུ་ཐ་མ་སྟེ་སྔ་ཕྱི་རྒྱུན་ཞུགས་དང་དགྲ་བཅོམ་གཉིས་ནི་དབང་པོ་དགུ་དགུས་འཐོབ་སྟེ། དེ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ནི་དད་སོགས་ལྔ་དང་(དེ་དང་མཚུངས་ལྡན་གྱི་)ཡིད་དང་(འཕགས་པ་ཆགས་བཅས་ཡིན་པས་མི་ལྕོགས་མེད་ཀྱི་ཚོར་བ་)བཏང་སྙོམས་དང་ཀུན་ཤེས་བྱེད་པ་དང་ཀུན་ཤེས་པའི་དབང་པོ་དང་དགུས་འཐོབ་སྟེ། སྐད་ཅིག་བཅོ་ལྔ་པ་མན་ཆད་ནི་ཀུན་ཤེས་བྱེད་པ་དང་། བཅུ་དྲུག་པ་ནི་ཀུན་ཤེས་པ་ཡིན་ཏེ། རིམ་པ་ལྟར་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་ཡིན་པས་དང་པོས་ནི་བྲལ་བའི་ཐོབ་པ་འདྲེན་པ་དང་། གཉིས་པས་ནི་བྲལ་ཐོབ་འཛིན་པའི་ཕྱིར་རོ། །
དགྲ་བཅོམ་པ་ནི་དད་སོགས་ལྔ་དང་ཡིད་དང་ཚོར་བ་ནི་བསམ་གཏན་དང་པོ་དང་གཉིས་པའི་དངོས་གཞི་ལ་བརྟེན་ན་ཡིད་བདེ་དང་། གསུམ་པའི་དངོས་གཞི་ལ་བརྟེན་ན་(སེམས་ཡིད་ཀྱི་)བདེ་བ་དང་ས་གཞན་(གོང་མ་དང་མི་ལྕོགས་མེད་)ལ་བརྟེན་ན་བཏང་སྙོམས་ཏེ་གང་ཡང་རུང་བ་ཞིག་དང་། (དེ་ལྟ་བ་)བར་ཆད་མེད་པའི་ལམ་ལ་(རྡོར་ཏིང་ནི)ཀུན་ཤེས་པ་(ད་ལྟར་བ་)དང་རྣམ་གྲོལ་གྱི་ལམ་ལ་ཀུན་ཤེས་ལྡན་པའི་དབང་པོ་སྟེ་དགུས་འཐོབ་བོ། །འབྲས་བུ་བར་པ་ལན་ཅིག་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ནི་དབང་པོ་བདུན་དང་བརྒྱད་དང་དགུས་འཐོབ་པའང་ཡོད་དེ། དེ་ལ་ལན་ཅིག་ཕྱིར་འོང་བདུན་གྱིས་འཐོབ་པ་ནི་(རྒྱུན་ཞུགས་ཐོབ་རྗེས་སུ)འཕགས་པ་མཐར་གྱིས་པ་ཞིག་འཇིག་རྟེན་པའི་ལམ་(ཞི་རགས་ཅན)གྱིས་(འདོད་པའི་སྒོམ་སྤང་དྲུག་པའི་བར་དུ་སྤངས་ནས་)འབྲས་བུ་ཐོབ་པར་བྱེད་པ་(ན་ཟག་མེད་ཡིན་པས་ཀུན་ཤེས་པའི་དབང་པོའི་མིང་ཐོབ་ལ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཀ་ཡང་ཚོར་བའི་དབང་པོ་མི་ལྕོགས་མེད་ཀྱི་བཏང་སྙོམས་སུ་གཅིག་པས་སོ། །)སྟེ། དེ་ལ་དད་སོགས་ལྔ་དང་ཡིད་(དེ་ཀུན་འགྲོ་དྲུག)དང་(མི་ལྕོགས་མེད་ཀྱི་)བཏང་སྙོམས་དང་བདུན་ནོ། །གལ་ཏེ་(ཕྱིར་འོང་)མཐར་གྱིས་པ་དེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་པར་བྱེད་ན་བརྒྱད་ཀྱིས་འཐོབ་སྟེ། སྔར་གྱི་བདུན་དང་ཀུན་ཤེས་པའི་དབང་པོའོ། །(དང་བརྒྱད་ཀྱིས་ཏེ་དད་སོགས་)གལ་ཏེ་སྔར་འཇིག་རྟེན་པའི་ལམ་གྱིས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ(འི་ཆགས་བྲལ་སྔོན་འགྲོ།) ཞིག་མཐོང་བའི་ལམ་མངོན་དུ་བྱས་པས་ལན་ཅིག་ཕྱིར་འོང་འཐོབ་པར་བྱེད་ན་ནི་དགུས་འཐོབ་སྟེ། (རྒྱུན་ཞུགས་བཞིན་དུ་)སྔར་གྱི་བརྒྱད་ཀྱི་སྟེང་དུ་ཀུན་ཤེས་བྱེད་པའོ། །
དེ་ལ་ཕྱིར་མི་འོང་བདུན་གྱིས་འཐོབ་པ་ནི་མཐར་གྱིས་པ་དབང་པོ་རྟུལ་པོ་ཞིག་འཇིག་རྟེན་པའི་ལམ་གྱིས་འཐོབ་པར་བྱེད་པ་ན་སྟེ། དད་སོགས་ལྔ་དང་ཡིད་དང་(མི་ལྕོགས་མེད་ཀྱི་)ཚོར་བ་བཏང་སྙོམས་ཏེ། དེ་དབང་པོ་རྟུལ་བས་(དང་པོའི་)དངོས་གཞིའི་ཡིད་བདེ་རྣམ་གྲོལ་དགུ་པའི་ཚེ་མངོན་དུ་བྱེད་མི་ནུས་(ཏེ་དང་པོ་མངོན་དུ་བྱེད་མི་ནུས)པའི་ཕྱིར་རོ། །བརྒྱད་ཀྱིས་འཐོབ་པ་ནི་མཐར་གྱིས་པ་དེ་གལ་ཏེ་དབང་པོ་རྟུལ་པོ་ཞིག་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཕྱིར་མི་འོང་འཐོབ་པར་བྱེད་ན་སྔར་གྱི་བདུན་གྱི་སྟེང་དུ་ཀུན་ཤེས་པའི་དབང་པོ་སྟེ་བརྒྱད་དང་། གལ་ཏེ་དབང་པོ་རྣོན་པོ་ཞིག་འཇིག་རྟེན་པའི་ལམ་གྱིས་འཐོབ་པར་བྱེད་པར་བྱེད་ན་བར་ཆད་མེད་པའི་ལམ་ལ་(མི་ལྕོགས་མེད་ཀྱི)བཏང་སྙོམས་དང་། རྣམ་གྲོལ་དགུ་པའི་ཚེ་(དང་པོའི)དངོས་གཞིའི་ཡིད་བདེ་མངོན་དུ་བྱེད་པའི་ཕྱིར་(སྔར་གྱི་བདུན་ཡིད་བདེ་དང་)བརྒྱད་དོ། །དགུས་འཐོབ་པ་ནི་མཐར་གྱིས་པ་དེ་གལ་ཏེ་དབང་པོ་རྣོན་པོ་ཞིག་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་པར་བྱེད་ན་དད་སོགས་ལྔ་དང་ཡིད་དང་བར་ཆད་མེད་པའི་ཚེ་ཀུན་ཤེས་པ་དང་(མི་ལྕོགས་མེད་ཀྱི་)བཏང་སྙོམས་དང་རྣམ་གྲོལ་དགུ་པའི་ཚེ་(དང་པོའི་དངོས་གཞིའི་)ཡིད་བདེ་མངོན་དུ་བྱེད་པའི་ཕྱིར་རོ། །(འདི་དག་གི་བར་ཆད་མེད་ལམ་ལ་ནི་ཐམས་ཅད་མི་ལྕོགས་མེད་ཀྱི་བཏང་སྙོམས་ཁོ་ན་དང་དབང་པོ་རྟུལ་ན་རྣམ་གྲོལ་དགུ་པའི་ཚེའང་ཡིན་ནོ་དེ་ཡང་དངོས་གཞི་ནི་མ་ཐོབ་ལ་ཉེར་བསྡོགས་གཞན་ལ་ཐར་ལམ་ཟག་མེད་མི་རྟེན་པར་བཤད་པས་སོ། །)
ཡང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞིག་ཕྱིར་མི་འོང་འཐོབ་པར་བྱེད་ན་དད་སོགས་ལྔ་དང་ཡིད་དང་ཚོར་བ་གསུམ་ལས་གང་ཡང་རུང་བ་ཞིག་དང་ཀུན་ཤེས་བྱེད་པ་དང་ཀུན་ཤེས་པ་དང་དགུས་འཐོབ་བོ། །(གལ་ཏེ་འདི་དབང་པོ་རྣོ་ན་བཅུས་འཐོབ་པར་འགྱུར་ཏེ་དེ་མི་ལྕོགས་མེད་ལ་བརྟེན་ནས་བདེན་པ་མཐོང་བས་དངོས་གཞིའི་དེ་ལའང་འཇུག་ནུས་པས་སོ་ཞེ་ན། དངོས་གཞི་ལ་མི་འཇུག་སྟེ། ཐོབ་ཟིན་པ་ལ་མ་གུས་པས་སོ་ཞེས་རྒྱལ་སྲས་གསུང་བ་ནི་ལན་དུ་མི་རིགས་ཏེ། གལ་ཏེ་མ་གུས་ན་རང་གི་གཞུང་ལུགས་འཇིག་པར་འགྱུར་རོ། །དང་པོ་ལན་ནི་འདི་ཡིན་ཏེ་ཆགས་བྲལ་སྔོན་འགྲོའི་འབྲས་བུ་ནི་མཐོང་ལམ་སྐད་ཅིག་བཅུ་དྲུག་གིས་འཐོབ་ལ། མཐོང་ལམ་གྱི་སྐད་ཅིག་དང་པོ་ས་གང་ལ་རྟེན་པ་དེ་ལ་སྐད་ཅིག་གཞན་རྣམས་ཀྱང་རྟེན་གྱིས་གཞན་དང་གཞན་དུ་འཕོ་བ་མེད་པས་ས་གཞན་གྱི་ཚོར་བ་ཇི་ལྟར་འབྱུང་དེས་ན་འདི་ནི་དབང་པོ་རྣོ་རྟུལ་གང་གི་ཡང་དབང་པོ་དགུས་འཐོབ་པ་ཁོ་ནའོ། །)གལ་ཏེ་དགྲ་བཅོམ་པ་དབང་པོ་དགུས་འཐོབ་ན་ཡེ་ཤེས་ལ་འཇུག་པ་ལས། དབང་པོ་དུ་ཞིག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། སྨྲས་པ། བཅུ་གཅིག་གིས་འཐོབ་བོ་ཞེས་བཤད་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ལས་དབང་པོ་བཅུ་གཅིག་དག་གིས་དགྲ་བཅོམ་པ་ཉིད་ཐོབ་པར་བཤད་པ་ནི་ཡང་ནས་ཡང་དུ་ཉམས་པ་སོར་ཆུད་པར་བྱེད་པ་འགའ་ཞིག་ལ་སྲིད་པའི་ཕྱིར་བཤད་པ་ཡིན་ལ། འདིར་དགུས་འཐོབ་པ་ནི་དུས་ཅིག་ཅར་དུ་ཐོབ་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །དེ་ལས་ཉམས་པ་སོར་ཆུད་པ་ནི་དགྲ་བཅོམ་པ་འགའ་ཞིག་(མི་ལྕོགས་མེད་དམ་)བསམ་གཏན་བཞི་པ་ཡན་ཆད་གང་ཡང་རུང་བའི་ཚོར་བ་བཏང་སྙོམས་(ཀྱི་ས་དྲུག་གང་རུང་)ལ་བརྟེན་ནས་ཐོབ་པ་དག་ཉམས་ནས་བསམ་གཏན་གསུམ་པའི་དངོས་གཞི་ལ་བརྟེན་ནས་སོར་ཆུད་པར་བྱེད་ན་བདེ་བ་དང་། དེ་ཡང་(ལན་གཉིས)ཉམས་ནས་བསམ་གཏན་དང་པོ་གཉིས་ཀྱི་ཡིད་བདེ་ལ་བརྟེན་ནས་སོར་ཆུད་པར་བྱེད་པས་དེ་ལྟར་ན་དད་སོགས་ལྔ་དང་ཡིད་དང་ཀུན་ཤེས་པ་དང་ཀུན་ཤེས་ལྡན་པ་དང་ཚོར་བ་གསུམ་ཏེ་དེ་ལྟར་བཅུ་གཅིག་གིས་འཐོབ་པ་སྲིད་པའི་ཕྱིར་རོ། །དེ་ལས་མང་བ་ནི་མི་སྲིད་དེ། ལན་དུ་མ་ཉམས་ཀྱང་ཚོར་བ་གསུམ་ལས་གཞན་ལ་རྟེན་པ་ནི་མི་སྲིད་པའི་ཕྱིར་རོ། །(དེ་ལན་ཅིག་ཉམས་པ་སོར་ཆུད་པར་བྱེད་ན་ནི་བཅུས་འཐོབ་པའང་ཡོད།)
གལ་ཏེ་དེ་ལྟར་ན་ཕྱིར་མི་འོང་དག་ཉམས་པ་སོར་ཆུད་པར་བྱེད་ནའང་བཅུ་གཅིག་གིས་འཐོབ་པ་སྲིད་པར་འགྱུར་ཏེ། ཚུལ་དེ་མཚུངས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཕྱིར་མི་འོང་དབང་པོ་རྣོན་པོ་ལ་ཉམས་པ་མི་སྲིད་ཅིང་། རྟུལ་པོ་(རིམ་གྱིས་པ་ལ་)ཉམས་(པ་སྲིད་)ཀྱང་བདེ་བའི་དབང་པོས་སོར་ཆུད་པར་བྱེད་པ་མི་སྲིད་པའི་ཕྱིར་ཏེ། (འདི་ལྟར་ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་ན་གསུམ་པའི་བདེ་བ་མེད་ལ་དེ་ཡོད་ན་ཉམས་པ་མ་ཡིན་ཏེ། གསུམ་པའི་བདེ་བ་དང་ལྡན་པའི་ཐེག་དམན་འཕགས་པ་སློབ་པ་ནི་ཕྱིར་མི་འོང་ཁོ་ན་ཡིན་པས་ཁྱབ་པའི་ཕྱིར་དང་།) འདི་ལྟར་དེ་ཉམས་ན་ནི་འདོད་པའི་ཉོན་མོངས་མངོན་དུ་གྱུར་བ་ཡིན་ན་དེ་སྤོང་བ་ནི་(དང་པོའི)ཉེར་བསྡོགས་ཀྱི་སེམས་ཁོ་ན་ལ་ལྟོས་ལ་(ཉེར་བསྡོགས་)དེ་ཡང་བཏང་སྙོམས་ཀྱི་ས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཉེར་བསྡོགས་ཀྱིས་བཏང་སྙོམས་དང་རྣམ་གྲོལ་དགུ་པའི་ཚེ་(དང་པོའི་དངོས་གཞིའི།) ཡིད་བདེ་མངོན་དུ་བྱེད་པ་དབང་པོ་རྟུལ་པོ་(རིམ་གྱིས་པ་)ཉམས་པ་དག་དབང་པོ་(རྟུལ་པོ་ནི་རྣོན་པོར་)སྦྱངས་པ་ལ་སྲིད་པའི་ཕྱིར་ཡིད་བདེས་འཐོབ་པ་སྲིད་ཀྱང་དད་སོགས་ལྔ་དང་ཡིད་དང་ཀུན་ཤེས་པ་དང་ཚོར་བ་བཏང་སྙོམས་དང་ཡིད་བདེ་དང་དགུ་ཁོ་ནས་འཐོབ་ཀྱི་དེ་བས་མང་བས་འཐོབ་པ་མི་སྲིད་པའི་ཕྱིར་རོ། །(གལ་ཏེ་ཕྱིར་མི་འོང་ཉམས་པ་ནི་དབང་རྟུལ་རིམ་གྱིས་པ་ཡིན་དགོས་ལ། དེས་བར་ཆད་མེད་ལམ་གྱི་བཏང་སྙོམས་ཀྱི་དབང་པོ་རྣམ་གྲོལ་དགུ་པའི་ཚེ་དངོས་གཞིའི་ཡིད་བདེ་བའི་དབང་པོར་སྤོ་མི་ནུས་པས། ཡིད་བདེའི་འབྲས་བུ་སོར་ཆུད་པ་མེད་དོ་ཞེ་ན། སྲིད་དེ་དབང་རྟུལ་རིམ་གྱིས་པ་ཉམས་པ་དེས་ཕྱིས་མི་ལྕོགས་མེད་ལ་བརྟེན་ནས་དབང་པོ་རྣོན་པོར་འཕོས་ཏེ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པར་བྱེད་པ་ལ་རྣམ་གྲོལ་དགུ་པའི་ཚེ་ཡིད་བདེ་སོགས་སྲིད་པས་དགུས་ཐོབ་བོ་ཞེས་བཤད་དོ། །)འོ་ན་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་བསམ་གཏན་བཞི་པ་ཡན་ཆད་ཀྱི་སེམས་ཀྱིས་ངེས་པ་ལ་འཇུག་པ་ན་ཚོར་བ་བཏང་སྙོམས་དང་ཀུན་ཤེས་པར་བྱེད་པ་དང་ཀུན་ཤེས་པ་དང་དད་སོགས་ལྔ་དང་ཡིད་དང་དགུས་འཐོབ་ལ། དེ་ལས་(དབང་པོ་འཕོས་ཏེ་མི་ལྕོགས་མེད་ལས།) ཉམས་པ་སོར་ཆུད་པ་ལ་(ནི་རྣམ་གྲོལ་དགུ་པའི་ཚེ།) ཡིད་བདེ་དང་བདེ་བའང་སྲིད་པའི་ཕྱིར་བཅུ་གཅིག་གིས་འཐོབ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་ཕྱིར་མི་འོང་ལ་ནི་ཉམས་པ་མི་སྲིད་པའི་ཕྱིར་ཏེ། དེ་ནི་འཇིག་རྟེན་དང་དེ་ལས་འདས་པའི་ལམ་གཉིས་ཀྱིས་འཐོབ་པས་ལམ་དེ་གཉིས་ཀྱིས་(འབྲས་བུ་དེ།) བརྟན་པར་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་ཀྱང་། འདི་ནི་ཡོངས་སུ་ཉམས་ཕན་ཆད་ནམ་ཡང་བདེ་བའི་དབང་པོས་འཐོབ་པ་མེད་དོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ནི་ཡོངས་སུ་ཉམས་པར་འགྱུར་བའང་མེད་དེ། དེའི་འདོད་ཆགས་དང་བྲལ་བ་ནི་(སྔར་འཇིག་རྟེན་པ་དང་ཕྱིས་འདས་པའི་)ལམ་གཉིས་ཀྱིས་(འབྲས་བུ་དེ།) འཐོབ་པའི་ཕྱིར་རོ་ཞེས་བཤད་དོ། །
དྲུག་པ་དབང་པོའི་ལྡན་ཚུལ་འཆད་པ་ན་(ངེས་ལྡན་ནི།) བཏང་སྙོམས་དང་སྲོག་དང་ཡིད་ཀྱི་དབང་པོ་དང་གསུམ་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་དེ་ལ་ནི་གཞན་གཉིས་དང་ཡང་ལྡན་པས་ངེས་པར་གསུམ་དང་ལྡན་པ་ཡིན་ཏེ་(ཐམས་ཅད་དང་སེམས་ཅན་གྱི་རྟེན་ཐམས་ཅད་ལ་ཁྱབ་པས་)དེ་དག་ཉིད་དོ། །
འོ་ན་སེམས་མེད་གཉིས་ལ་སྙོམས་པར་ཞུགས་པ་ནི་ཡིད་དང་ཚོར་བ་བཏང་སྙོམས་མེད་པའི་ཕྱིར་སྲོག་ཀྱང་མི་ལྡན་པར་འགྱུར་ཞེ་ན། དེ་དག་གི་མངོན་གྱུར་མེད་ཀྱང་ཐོབ་པ་ཡོད་པའི་ཕྱིར་ལྡན་པ་ནི་འཐད་དོ་ཞེས་བྱ་བ་ཡིན་ནོ། །དང་པོ་གསུམ་པོ་དེ་དག་ལས་གཞན་ནི་ངེས་པར་ལྡན་པ་མ་ཡིན་ཏེ། མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་དང་ནི་འདོད་པ་ན་(ནུར་ནུར་པོ་སོགས།) མ་ཐོབ་པ་དང་(ལོང་བ་སོགས་)རྣམ་པར་ཉམས་པ་དང་(རིམ་གྱིས་འཆི་བ་དང་)མི་ལྡན་ཞིང་། ཕོ་མོའི་དབང་པོ་དང་ནིི་འདོད་པ་ན་མ་ཐོབ་པ་དང་རྣམ་པར་ཉམས་པ་དང་མི་ལྡན་ལ། ཁམས་གོང་མ་གཉིས་སུ་སྐྱེས་པ་དག་(ཕོ་མོ་དང་)མི་ལྡན་ནོ། །(ལུས་ཀྱི་དབང་པོ་དང་གཟུགས་མེད་དུ་སྐྱེས་པ་དང་མི་ལྡན་ནོ། །)སྡུག་བསྔལ་གྱི་དབང་པོ་དང་ནི་ཁམས་གོང་མ་གཉིས་སུ་སྐྱེས་པ་དག་མི་ལྡན་ནོ། །ཡིད་མི་བདེ་བ་དང་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་མི་ལྡན་ཏེ། མདོ་ལས། འདོད་ཆགས་དང་མ་བྲལ་བ་ལ་ནི་ཟུག་རྔུའི་ཚོར་བ་གཉིས་བཤད་དེ། ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་ཡིད་མི་བདེ་བའང་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་དང་། འདོད་ཆགས་དང་བྲལ་བ་ལ་ནི་ཟུག་རྔུ་གཅིག་སྟེ། ལུས་ཀྱི་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང་། བསྟན་བཅོས་ལས་ཀྱང་ཡིད་མི་བདེ་བ་དང་འདོད་ཆགས་དང་བྲལ་ཞིང་མི་ལྡན་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གཟུགས་མེད་པ་ལ་མིག་སོགས་གྱི་དབང་པོ་གཟུགས་ཅན་བདུན་མི་ལྡན་པའི་ཕྱིར་དང་། སོ་སོའི་སྐྱེ་བོ་ལ་ཟག་མེད་རྣམས་མི་ལྡན་པའི་ཕྱིར་ཏེ། ཟག་མེད་རྣམས་ཀྱང་ཀུན་ཤེས་བྱེད་པ་དང་། སྒོམ་ལམ་དང་མི་སློབ་པའི་ལམ་ལ་གནས་པ་དག་སྔར་ཐོབ་ཟིན་པ་བཏང་བས་མི་ལྡན་ཞིང་། ཀུན་ཤེས་པ་དང་མཐོང་ལམ་དང་མི་སློབ་པའི་ལམ་ལ་གནས་པ་དག་མི་ལྡན་ལ། ཀུན་ཤེས་ལྡན་པ་དང་སློབ་པ་དག་མི་ལྡན་པའི་ཕྱིར་དང་། དགེ་རྩ་ཆད་པ་རྣམས་ལ་དད་སོགས་ལྔ་མི་ལྡན་པའི་ཕྱིར་དང་།
བསམ་གཏན་གསུམ་པ་(དང་བཞི་པ་)ཡན་ཆད་ཀྱི་སོ་སོའི་སྐྱེ་བོ་ལ་(རིམ་པ་ལྟར།) ཡིད་བདེ་དང་བདེ་བའང་མི་ལྡན་པའི་ཕྱིར་དང་དེ་བཞིན་དུ་ཕོ་ལ་མོ་དང་མོ་ལ་ཕོ་མི་ལྡན་པ་དང་། ཀུན་ཤེས་པར་བྱེད་པ་ལ་ཕྱི་མ་གཉིས་མི་ལྡན་ཞིང་ཀུན་ཤེས་པ་ལ་སྔ་ཕྱི་གཉིས་མི་ལྡན་ལ། ཀུན་ཤེས་ལྡན་པ་ལ་སྔ་མ་གཉིས་མི་ལྡན་པའི་ཕྱིར་ཏེ། དེ་དག་ནི་འོག་མ་རྣམས་སུའང་ཤེས་པར་བྱའོ། །
ཡང་བདེ་བ་དང་ལྡན་པ་ནི་བསམ་གཏན་བཞི་པ་དང་གཟུགས་མེད་དུ་སྐྱེས་པའི་སོ་སོའི་སྐྱེ་བོ་མ་གཏོགས་པའི་སྐྱེ་འཕགས་ཐམས་ཅད་དེ། དེ་དང་ལྡན་པ་ལ་ནི་ངེས་པར་ཡིད་དང་སྲོག་དང་བཏང་སྙོམས་དང་བདེ་བ་རང་ཉིད་དང་བཞི་དང་ལྡན་ཏེ། (བདེ་བ་དང་ལྡན་ལ་ཡིད་བདེ་དང་མི་ལྡན་པ་ནི་བསམ་གཏན་གསུམ་པའི་བྱིས་པ་ལའོ། །)དེ་ལ་བདེ་བ་དང་ལྡན་ལ་ལུས་དང་མི་ལྡན་པ་ནི་བསམ་གཏན་གསུམ་པའི་སས་བསྡུས་པའི་བདེ་བ་ཟག་མེད་ཐོབ་(ནས་གཟུགས་མེད་དུ་སྐྱེས།) པའི་འཕགས་པ་ཕྱིར་མི་འོང་དང་དགྲ་བཅོམ་པ་གཟུགས་མེད་པར་སྐྱེས་པ་ཡིན་པའི་ཕྱིར་རོ། །ལུས་ཀྱི་དབང་པོ་དང་ལྡན་པ་ནི་འདོད་པ་དང་གཟུགས་ན་སྤྱོད་པ་སྟེ། དེ་དག་ལའང་སྔར་བཤད་པ་གསུམ་དང་ལུས་དབང་སྟེ་བཞི་དག་དང་ལྡན་ནོ། །ལུས་ཀྱི་དབང་པོ་དང་ལྡན་ཡང་མིག་ལ་སོགས་པ་དང་མི་ལྡན་པ་ནི་འདོད་པ་ན་མིག་མ་ཐོབ་པ་དང་ཉམས་པ་ལ་སོགས་པའོ། །མིག་དང་སོགས་པའི་སྒྲས་གཟུང་བ་རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་དང་ལྡན་པ་ལ་ནི་ངེས་པར་(རང་རང་དང་སྔར་བཤད་པ་བཞི་སྟེ།) ལྔ་ལྔ་དང་ལྡན་ཏེ། རང་རང་དང་སྔར་བཤད་པའི་ལུས་ལ་སོགས་པ་བཞིའོ། །ཡིད་བདེ་བའི་དབང་པོ་དང་ལྡན་པ་ཡང་(གཉིས་མན་ཆད་ཀྱི་བྱིས་པ་ལ་)ལྔ་དང་ལྡན་ཏེ། བཏང་སྙོམས་དང་སྲོག་དང་ཡིད་དང་བདེ་བ་དང་ཡིད་བདེ་རང་ཉིད་དོ། །(དེ་ཡང་བདེ་བ་ནི་འདོད་པ་ན་དབང་ཤེས་ལྔའི་འཁོར་དུ་སྐྱེས་པ་དང་། དང་པོ་ནི་གསུམ་གྱི་དང་། གསུམ་པ་ན་ཡིད་ཀྱི་འཁོར་དུ་སྐྱེས་པའི་སེམས་བདེའོ། །)
གལ་ཏེ་བསམ་གཏན་གཉིས་པ་ན་(བྱིས་པ་ལ་)ཡིད་བདེ་ཡོད་ཀྱང་བདེ་བ་ནིི་མེད་དེ། ལུས་ཀྱི་བདེ་བ་ནི་དང་པོ་མན་ཆད་པའི་ས་པ་ཡིན་པས་(ས་འཕོས་པས་)སྤངས་པའི་ཕྱིར་དང་། སེམས་ཀྱི་བདེ་བ་ནི་གསུམ་པའི་ས་པ་ཡིན་པས་དེ་ནི་མ་ཐོབ་པའི་ཕྱིར་རོ་ཞེ་ན། གསུམ་པའི་བདེ་བ་ཉོན་མོངས་ཅན་གྱིས་ཐོབ་པ་ནི་དེ་ནའང་ཡོད་པའི་ཕྱིར་དང་། (ས་གོང་མའི་ཉོན་མོངས་ཅན་མ་སྤངས་པ་དེ་དང་ལྡན་ན་ཞེས་པ་ནི་གྲུབ་པའི་མཐའོ། །)སྡུག་བསྔལ་གྱི་དབང་པོ་ལྡན་པ་(ནི་འདོད་པ་བ་སྟེ་དེ་)ལ་ནི་ངེས་པར་ལུས་དང་སྲོག་དང་ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་སྡུག་བསྔལ་རང་ཉིད་དང་བདུན་དང་ལྡན་ཏེ། ཡིད་མི་བདེ་བ་ནི་(འདོད་ཁམས་པ་ཡིན་ཡང་།) འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་མི་ལྡན་པའི་ཕྱིར་དང་། ཚོར་བ་གཞན་དག་ནི་(འདོད་པ་ལ་ཆགས་བྲལ་འདོད་པའི་རྟེན་ཅན་ལའང་།) དགེ་བ་དང་ཉོན་མོངས་ཅན་གྱི་ཐོབ་པ་ཅི་རིགས་པར་ལྡན་པའི་ཕྱིར་རོ། །མོའི་དབང་པོ་དང་ལྡན་པ་ནི་ངེས་པར་བརྒྱད་དང་ལྡན་ཏེ། སྡུག་བསྔལ་ལ་སོགས་པ་སྔར་སྨོས་པ་བདུན་དང་རང་ཉིད་དོ། །སོགས་པའི་སྒྲས་གཟུང་བ་ནི་ཕོའི་དབང་པོ་དང་ཡིད་མི་བདེ་བ་དང་དད་སོགས་ལྔ་པོ་རྣམས་ཏེ། དེ་ལ་ཕོའི་དབང་པོ་དང་ཡིད་མི་བདེ་བ་ནི་སྔར་སྨོས་པ་རྣམས་དང་རང་ཉིད་དང་བརྒྱད་དོ། །(དགེ་རྩ་མ་ཆད་པའི་ཁམས་གསུམ་པ་ཐམས་ཅད་ལ་ལྡན་པའི།) དད་སོགས་ལྔ་ནི་བཏང་སྙོམས་དང་སྲོག་དང་ཡིད་དང་དེ་དག་རྣམས་དང་ལྡན་ནོ། །(དེ་ལ་ཕོ་མོ་ཡིད་མི་བདེ་གསུམ་ཡང་འདོད་པས་བསྡུས་སོ། །)ཀུན་ཤེས་པའི་དབང་པོ་དང་ལྡན་པ་(འི་སྒོམ་ལམ་པ།) ལ་ནི་རང་ཉིད་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་དང་སྲོག་དང་ཡིད་དང་དད་པ་ལ་སོགས་པ་ལྔ་སྟེ་དབང་པོ་བཅུ་གཅིག་དང་ངེས་པར་ལྡན་ནོ། །དེ་བཞིན་དུ་ཀུན་ཤེས་ལྡན་པའི་དབང་པོ་དང་ལྡན་པ(འི་མི་སློབ་པ)ལའང་དེ་དང་འདྲ་བར་སྔར་གྱི་བཅུ་པོ་དང་རང་ཉིད་དང་བཅུ་གཅིག་དང་ངེས་པར་ལྡན་ནོ། །(འདི་དག་གཟུགས་མེད་པའང་ཡོད་པས་ལུས་དང་ངེས་པར་ལྡན་པའི་མ་ཁྱབ་བོ། །)
གལ་ཏེ་ཀུན་ཤེས་པའི་དབང་པོ་དང་ལྡན་པའི་འཕགས་པ་ཕྱིར་མི་འོང་དང་དགྲ་བཅོམ་ལ་ཞུགས་པ་ནི་ཁམས་གསུམ་ཆར་དུ་འཐོབ་པ་སྲིད་པས་བསམ་གཏན་གསུམ་པ་མན་ཆད་ན་བཅུ་གཅིག་དང་ལྡན་པར་རིགས་ན་བསམ་གཏན་བཞི་པ་དང་གཟུགས་མེད་དུ་སྐྱེས་པའི་འཕགས་པ་སློབ་པ་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དེ་དག་ལ་ཇི་ལྟར་བདེ་བ་དང་ཡིད་བདེའི་དབང་པོ་དང་ལྡན་ཏེ། རང་ས་ན་མེད་ཅིང་། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང་། །ཞེས་ས་འཕོས་པས་འོག་སའི་དེ་གཉིས་སྤངས་པའི་ཕྱིར་རོ་ཞེ་ན། ཟག་བཅས་ཀྱི་བདེ་བ་དང་ཡིད་བདེ་སྤངས་པས་མི་ལྡན་མོད་ཀྱི་ཟག་མེད་ཀྱི་དེ་གཉིས་དང་ལྡན་ཏེ། འདི་ལྟར་འཕགས་པས་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་ངེས་པར་བསམ་གཏན་དང་པོའི་ཡིད་བདེའི་དབང་པོ་འཐོབ་ཅིང་། བསམ་གཏན་གཉིས་པ་ལས་འདོད་ཆགས་དང་བྲལ་བ་ན་བསམ་གཏན་གསུམ་པའི་བདེ་བའི་དབང་པོ་འཐོབ་ལ། དེ་དག་ནི་ས་འཕོས་པས་མི་གཏོང་སྟེ། འདི་ལྟར་ས་འཕོས་པས་ཟག་བཅས་གཏོང་གི་ཟག་མེད་ཀྱི་གཏོང་རྒྱུར་མ་བཤད་ལ། ཟག་མེད་ནི་འཕགས་པ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། ཞེས་བཤད་མོད་ཀྱི་འབྲས་བུ་ཐོབ་པ་དང་དབང་པོ་སྦྱངས་པ་ནའང་ཞུགས་པའི་ལམ་དང་དབང་པོ་རྟུལ་པོའི་ལམ་གྱིས་བསྡུས་པའི་ཟག་མེད་གཏོང་ཡང་འབྲས་བུ་དང་དབང་པོ་རྣོན་པོའི་ལམ་གྱིས་བསྡུས་པའི་བསམ་གཏན་དང་པོ་དང་གཉིས་པའི་ཡིད་བདེ་དང་གསུམ་པའི་བདེ་བའི་དབང་པོ་ཟག་མེད་ཀྱི་ཐོབ་པ་འབྱུང་སྟེ། གང་ལས་ཆགས་བྲལ་བྱ་ཕྱིར་གང་། །འཐོབ་པ་དེར་ཡང་འོག་མའང་འཐོབ། །ཅེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་བཞི་པ་དང་གཟུགས་མེད་དུ་སྐྱེས་པའི་འཕགས་པའི་བདེ་བ་དང་ཡིད་བདེའི་དབང་པོ་ཟག་མེད་ནི་ས་འཕོས་པས་མི་གཏོང་པས་ན་གང་ཞིག་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དེ་ནི་ངེས་པར་དབང་པོ་བཅུ་གཅིག་དང་ལྡན་ནོ་ཞེས་བྱ་བར་གྲུབ་བོ། །དེ་བཞིན་དུ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་པ་ལའང་དབང་པོ་བཅུ་གཅིག་ངེས་པར་ལྡན་པའི་ཚུལ་ཡང་ཤེས་པར་བྱའོ། །(དེས་ན་བཞི་པ་ཡན་ཆད་པའི་འཕགས་པ་ལ་བདེ་བ་གཉིས་ཟག་མེད་དང་གསུམ་པ་མན་ཆད་ལ་ཟག་བཅས་ཟག་མེད་གཉིས་ཀ་ལྡན་ནོ། །)དབང་པོ་གཞན་མི་ལྡན་པ་ནི་སྔ་མ་བཞིན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་པ་ནི་འདོད་ཁམས་ཀྱི་རྟེན་ཅན་གྱི་མཐོང་ལམ་པ་ཡིན་ལ། དེ་ལ་ནི་ངེས་པར་རང་ཉིད་དང་ཡིད་དང་སྲོག་དང་ལུས་ཀྱི་དབང་པོ་དང་ཡིད་བདེ་དང་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་བཅུ་གསུམ་དག་དང་ལྡན་པ་ཡིན་ནོ། །
གལ་ཏེ་(དེ་ལྟ་ན)གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེར་མཐར་ཕྱིན་ཅེས་འབྱུང་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་ཀུན་ཤེས་བྱེད་པའི་དབང་པོ་དང་ལྡན་པ་ནི་འདོད་པར་སྐྱེས་པའི་མཐོང་ལམ་པ་ཁོ་ན་ཡིན་ལ། དེ་ལ་ནི་ཕོ་མོའི་དབང་པོ་གང་རུང་ཞིག་དང་ངེས་པར་ལྡན་དགོས་ཏེ། ཕོ་མོའི་དབང་པོ་དང་མི་ལྡན་པ་དང་རྣམ་པར་ཉམས་པ་ལ་སྡོམ་པ་དང་འབྲས་བུ་འཐོབ་པ་དང་འདོད་ཆགས་དང་བྲལ་བ་མི་སྲིད་པས་ཕོ་མོའི་དབང་པོ་གང་རུང་ཞིག་མ་ཚང་ན་མཐོང་ལམ་མི་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་ཕོ་མོའི་དབང་པོ་གང་རུང་ཞིག་བསྣན་ཏེ་དབང་པོ་བཅུ་བཞི་དང་ངེས་པར་ལྡན་པར་འགྱུར་རོ་ཞེ་ན། འདིའི་ལན་ལ་ཁ་ཅིག་ན་རེ། བཅུ་བཞིར་མི་འགྱུར་ཏེ། སྔར་ཕོ་མོའི་དབང་པོ་གང་རུང་ཞིག་ལྡན་པའི་ཚེ་སྡོམ་པ་བླངས་ཏེ། སྡོམ་པ་དང་ལྡན་པ་དེས་ཕྱིས་ལམ་བསྒོམས་ཏེ་འབྲས་བུ་ཐོབ་པའི་རྗེས་ལ་ཕོ་མོའི་དབང་པོ་ཉམས་ཏེ་མཚན་གཉིས་པ་ལ་སོགས་པར་གྱུར་ན། མཚན་གཉིས་བྱུང་བས་སོ་སོ་ཐར་པའི་སྡོམ་པ་གཏོང་གི་འབྲས་བུ་ཐོབ་པ་ནི་མི་གཏོང་བས་འབྲས་བུ་ཐོབ་པ་ལ་མཚན་གཉིས་པ་ལ་སོགས་པའང་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཐོག་མར་མཐོང་ལམ་མ་ཐོབ་པ་འཐོབ་པའི་རྟེན་དུ་ཕོ་མོའི་དབང་པོ་གང་རུང་ཞིག་དགོས་ཀྱི་ཐོབ་ཟིན་གནས་པའི་རྟེན་དུ་ནི་མི་དགོས་ཏེ། མཐོང་ལམ་ཐོབ་ནས་ཕོ་མོའི་མཚན་མ་ཚང་ཡང་མཐོང་ལམ་མི་གཏོང་བའི་ཕྱིར་དང་། ཐོག་མར་མཐོང་ལམ་འཐོབ་པའི་དུས་ན་ཕོ་མོ་གང་རུང་གི་མཚན་ཚང་བར་ཡོད་ཀྱང་ཕྱིས་མཚན་མ་ཚང་བ་སྲིད་པའི་ཕྱིར་རོ། །ཡང་ན་འདོད་ཁམས་པ་ངེས་འབྱེད་ཆ་མཐུན་གོམས་པར་བྱས་པ་ཞིག་རིམ་གྱིས་འཆི་བ་ན་དབང་པོ་གཟུགས་ཅན་རྣམས་རིམ་གྱིས་འགག་པས་འཆི་ཀར་ཕོ་མོའི་དབང་པོ་འགགས་མ་ཐག་མཐོང་ལམ་སྐྱེ་བ་སྲིད་པས་དེའི་ཕྱིར་དབང་པོ་བཅུ་གསུམ་དང་ནི་ངེས་པར་ལྡན་གྱི་ཕོ་མོའི་དབང་པོ་ནི་འཆི་ཀར་ཕོ་མོའི་དབང་པོ་དང་མི་ལྡན་པ་ལ་མཐོང་ལམ་སྐྱེས་པས་ཀུན་ཤེས་བྱེད་པའི་དབང་པོ་དང་ལྡན་པའི་ཕྱིར་རོ། །ཞེས་ཟེར་རོ། །
གཞན་དག་ན་རེ་དེ་ནི་མི་རིགས་ཏེ། མཉམ་པར་བཞག་པར་མཐོང་ལམ་མི་སྐྱེ་ཞིང་། མཉམ་གཞག་དགེ་བ་སྦྱོར་བྱུང་ལ་གནས་བཞིན་དུ་འཆི་བ་མི་སྲིད་པའི་ཕྱིར་རོ། །དེས་ན་འདིར་ནི་གང་ཟག་སྤྱིའི་དབང་དུ་བྱས་ནས་ངེས་པར་ལྡན་པའི་ཚུལ་བཤད་པ་ཡིན་ཀྱི་ཕོ་མོ་གཅིག་ཁོ་ནའི་ངེས་པར་ལྡན་ཚུལ་བཤད་པ་མ་ཡིན་པས་བརྩིས་ན་མོ་དབང་དང་མི་ལྡན་ལ། མོ་ལ་བརྩིས་ན་ཕོ་དབང་དང་མི་ལྡན་པས་མཐའ་གཅིག་ཏུ་མ་ངེས་པས་དེ་གཉིས་ངེས་ལྡན་དུ་མ་བརྩིས་སོ། །(དེ་གཉིས་གང་ཡང་མིན་པའི་དེ་གཉིས་གང་རུང་མི་སྲིད་དོ། །)ཞེས་ཟེར་བ་ཉིད་རིགས་སོ། །ཚོར་བའི་དབང་པོ་བཞི་ནི་དུས་གཅིག་ལ་མངོན་གྱུར་མི་སྲིད་ཀྱང་ཐོབ་པ་དང་ལྡན་པའི་ཕྱིར་རོ། །དེ་དག་ལས་གཞན་མི་ལྡན་པ་ནི་སྔ་མ་བཞིན་ནོ། །(དེ་ཡང་ཡིད་མི་བདེ་དང་འདོད་ཆགས་དང་བྲལ་ན་མི་ལྡན་ལ་མིག་སོགས་ཉམས་པ་ལའང་མི་ལྡན་པ་སོགས་སོ། །)དེ་དག་གིས་ནི་དབང་པོ་གང་ཞིག་ལྡན་པ་དེ་ལ་གཞན་ངེས་པར་ལྡན་པའི་ཚུལ་བཤད་པ་ཡིན་ནོ། །
ད་ནི་(སྲིད་ལྡན)ནང་ན་ཉུང་བ་དག་དང་ལྡན་ན་དུ་དང་ལྡན་ཞེ་ན། དགེ་བའི་རྩ་བ་མེད་པ་ནི་འདོད་པ་པ་ཁོ་ན་སྟེ། དེ་ལ་ནི་ནང་ན་ཉུང་བ་དང་ལྡན་པ་ནི་ལུས་དང་(འཆི་ཁ་ལྟ་བུ་ན་དེ་ལ་ཆགས་བྲལ་མི་སྲིད་པས་)ཚོར་བ་ལྔ་དང་སྲོག་དང་ཡིད་ཀྱི་དབང་པོ་སྟེ་བརྒྱད་དང་ལྡན་གྱི་དེ་དག་ལས་གཞན་ནི་ཡོད་པར་ངེས་པ་མེད་ལ། དེ་དག་གི་ཐོབ་པ་ནི་ངེས་པར་ཡོད་པའི་ཕྱིར་རོ། །
ཇི་ལྟར་དགེ་བ་མེད་པ་ནང་ན་ཉུང་བ་དབང་པོའི་གྲངས་བརྒྱད་དང་ལྡན་པ་ལྟར་གཟུགས་མེད་པའི་བྱིས་པ་སོ་སོའི་སྐྱེ་བོའང་དེ་བཞིན་དུ་གྲངས་བརྒྱད་དང་ལྡན་ཏེ་གང་ཞེ་ན། བཏང་སྙོམས་དང་སྲོག་དང་ཡིད་དང་དད་པ་ལ་སོགས་པའི་དབང་པོ་དགེ་བ་ལྔ་པོ་རྣམས་དང་ལྡན་ནོ། །དེ་དག་པས་ཉུང་བ་དང་ལྡན་པའི་གང་ཟག་ནི་མི་སྲིད་དོ། །ཡང་དབང་པོ་ནང་ན་མང་པོར་ལྡན་པ་ལ་བཅུ་དགུ་དང་ལྡན་པ(འི་བྱིས་པ)སྲིད་དེ། གང་ཞེ་ན་དྲི་མ་མེད་པའི་དབང་པོ་གསུམ་པོ་རྣམས་མ་གཏོགས་པ་རྣམས་སོ། །དེ་ཡང་འདོད་པའི་གང་ཟག་དབང་པོ་རྣམས་ཚང་ཞིང་མཚན་གཉིས་པ་ལ་ཡིན་ནོ། །དེ་ནི་སོ་སོའི་སྐྱེ་བོ་ལ་ཡིན་གྱི་དེར་མ་ཟད་གཞན་ཡང་འཕགས་པ་ཆགས་བཅས་(རྒྱུན་ཞུགས་ལན་ཅིག་ཕྱིར་འོང་ཡང་དབང་པོ་བཅུ་དགུ་དང་ལྡན་སྲིད་པ་ཡིན།) ཏེ། རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་འདོད་པ་ལས་འདོད་ཆགས་དང་མ་བྲལ་བའང་གྲངས་བཅུ་དགུ་དང་ལྡན་པ་སྲིད་དེ། གང་ཞེ་ན་(འཕགས་པ་ལ་མཚན་གཉིས་པ་མི་སྲིད་ཅིང་ཆགས་བྲལ་ལ་ཡིད་མི་བདེ་མི་ལྡན་པ་འཕགས་པ་ཆགས་བཅས་སློབ་པར་ངེས་པས་)ཕོ་མོའི་མཚན་གང་ཡང་རུང་བ་གཅིག་མི་གཏོགས་པ་དང་། ཀུན་ཤེས་པར་བྱེད་པ་དང་ལྡན་པ(འི་རྒྱུན་ཞུགས་)ལ་(ཕོ་མོ་གང་རུང་གཅིག་)དྲི་མ་མེད་པའི་དབང་པོ་ཕྱི་མ་གཉིས་མ་གཏོགས་པ་རྣམས་དང་ལྡན་ལ། ཀུན་ཤེས་པ་དང་ལྡན་པ(འི་ཕྱིར་འོང་)ལ་དྲི་མ་མེད་པའི་དབང་པོ་སྔ་ཕྱི་གཉིས་(དང་ཕོ་མོ་གང་རུང་གཅིག་)མ་གཏོགས་པ་རྣམས་དང་ལྡན་པའི་ཕྱིར་རོ། །འཕགས་པ་ལ་མཚན་གཉིས་པ་མི་སྲིད་པའི་ཕྱིར་མཚན་གཅིག་མ་གཏོགས་ཞེས་བྱ་བ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་རྣམས་ལ་ནི་ཡིད་མི་བདེ་མི་ལྡན་པའི་ཕྱིར་ཆགས་བཅས་སྨོས་པ་ཡིིན་ནོ། །དེ་དག་གིས་ནི་དབང་པོ་རྣམས་བཤད་ཟིན་ཏོ། །
འདུས་བྱས་ཀྱི་སྐྱེ་ཚུལ་རྒྱས་པར་བཤད་པ།
ད་ནི་འདུས་བྱས་ཀྱི་སྐྱེ་ཚུལ་རྒྱས་པར་བཤད་པ་ལ་དོན་དངོས་དང་། ཞར་ལ་རྒྱུ་དང་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་གཉིས་ཀྱི་དང་པོ་འཆད་པ་ན།
རྒྱས་བཤད་དངོས་ལས། དང་པོ་སྤྱིའི་དོན།
འདིར་སྤྱིའི་དོན་ནི་ཤེས་བྱ་ཐམས་ཅད་གཞི་ལྔས་བསྡུས་པ་ཡིན་ཏེ། གཟུགས་དང་། སེམས་དང་། སེམས་ལས་བྱུང་བ་དང་། མི་ལྡན་པའི་འདུས་བྱེད་དང་འདུས་མ་བྱས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི་དེ་ཐམས་ཅད་རྫས་སུ་ཡོད་པར་འདོད་དེ། ཐམས་ཅད་ཡོད་པར་སྨྲ་བ་ཡིན་པའི་ཕྱིར་རོ། །དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་རྡུལ་ཕྲ་རབ་དང་རགས་པ་དང་། དེ་གཉིས་ཀ་མ་ཡིན་པའོ། །རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། རེག་ན་ནི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ཕན་ཚུན་འདྲེས་པར་འགྱུར་ལ། ཕྱོགས་རེས་རེག་ན་ཆ་བཅས་སུ་ཐལ་བའི་ཕྱིར་རོ་ཞེས་འདོད་དེ། ཕྱི་རོལ་དོན་གྲུབ་ལས། རྡུལ་ཕྲན་ཕྱོགས་ཆ་ཐ་དད་ཕྱིར། །མེད་ཅེས་སྨྲ་གང་དེ་མ་འབྲེལ། །འགའ་ཡིས་ཁྱད་པར་དང་བཅས་པའི། །རྡུལ་ལ་ཕྱོགས་ཀྱི་སྒྲར་བསྟེན་བྱ། །དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱིས། །དེ་ནི་མང་པོས་ཡོངས་བསྐོར་བར། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་བྱ་བ་དང་། ཕན་ཚུན་བདག་ཉིད་མ་རེག་པར། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །
གལ་ཏེ་བསགས་པར་གནས་པ་འདི་དག་གིས་རྡུལ་ཕྲ་རབ་རྣམས་མ་རེག་ན་ཞིག་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རླུང་གིས་བཟུང་པའི་ཕྱིར་དང་། རྫས་ཀྱི་མཐུས་ཀྱང་འབྲེལ་བར་བྱེད་པའི་ཕྱིར་ཏེ། དེ་ཉིད་ལས། ཕན་ཚུན་དུ་ནི་ཕན་འདོགས་པའི། །བྱེ་བྲག་གིས་ན་བརྒྱུས་པ་བཞིན། །རྡོ་རྗེ་ལ་སོགས་རྡུལ་ཕྲན་རྣམས། །དེ་དག་ཆད་པར་མི་འགྱུར་ཏེ། །ཇི་ལྟར་སྔགས་ཀྱི་མཐུ་ཡིས་ནི། །འདྲེ་སྦྲུལ་ལ་སོགས་འཛིན་པ་བཞིན། །རྫས་ཀྱི་མཐུ་ཡིས་ཕན་ཚུན་དུ། །འཛིན་པ་ལུ་གུ་རྒྱུད་བཞིན་དུ། །ཞེས་གསུངས་པ་ཡིན་ནོ། །
འོ་ན་ཚ་རེག་གིས་གྲང་རེག་ལ་གནོད་པ་བྱེད་པ་དང་། སྣང་བས་མུན་པ་ལ་གནོད་པ་དང་། མུན་པས་གཟུགས་ཅན་ལ་སྒྲིབ་པ་དང་། སྣང་བས་གསལ་བྱེད་དུའང་མི་འགྱུར་ཏེ། དེ་དག་ཕན་ཚུན་ཕྲད་པ་མེད་པའི་ཕྱིར་རོ་ཞེ་ན་། མ་ཡིན་ཏེ་ཚ་རེག་དང་སྣང་བའི་རྡུལ་ལ་སོགས་པ་ཉེ་བར་གནས་པ་ན་གྲང་རེག་དང་མུན་པ་ལ་སོགས་པ་རྡུལ་གྱི་འགྲོས་འགག་པས་གནོད་པ་དང་སྒྲིབ་པ་ལ་སོགས་པར་བརྗོད་ཀྱི་ཆ་གཞན་ཕྲད་པས་ནི་མ་ཡིན་ཏེ། དེ་ཉིད་ལས། གང་ཞིག་དང་ནི་ཉེ་བ་ལས། འགྲོས་ལྡན་གང་གི་འགྲོས་འགག་པ། །དེས་དེའི་སྒྲིབ་པར་རབ་ཏུ་བཤད། །ཆ་ཤས་གཞན་གྱིས་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་རྡུལ་ཕྲན་ཕྲད་པ་མེད་ན་རྔ་ལ་སོགས་པ་ལ་དབྱུག་གུ་བསྣུན་པ་ལ་སོགས་པ་ལས་སྒྲ་མི་འབྱུང་བར་འགྱུར་རོ་ཞེ་ན། མ་ཕྲད་ཀྱང་དེ་དག་ཤིན་ཏུ་ཉེ་བ་དང་རླུང་འདུས་པ་ལས་སྒྲ་འབྱུང་བའི་ཕྱིར་རོ། །
ཁ་ཅིག་རྡུལ་ཕྲ་རབ་ཟླུམ་པོ་ཆ་ཤས་མེད་པ་ཞེས་པ་དེ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ལ་དབྱིབས་མེད་པའི་ཕྱིར་ཏེ། གཉིས་གཟུང་འགྱུར་དེ་རྡུལ་ལ་མེད་ཅེས་འཆད་པར་འགྱུར་བའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་ཚད་དང་ལྷན་ཅིག་ཏུ་གནས་པའི་ཚུལ་ནི་འོག་ཏུ་སྟོན་པར་འགྱུར་རོ། །རིགས་པ་ནི་དབང་པོ་ལྔ་དང་དོན་ལྔ་ཡིན་ཏེ། དབང་པོ་ལྔ་ནི་མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་མིག་གི་འབྲས་བུ་ལ་གོ་སྙོད་ནག་པོའི་མེ་ཏོག་བཞིན་དུ་གནས་ཏེ། དེ་དག་སོ་སོ་སིལ་བུར་གནས་ཀྱང་ཁ་དོག་དང་བས་བཀབ་པས་ན་སོ་སོར་འགྱེས་པར་མི་འགྱུར་རོ། །
ཁ་ཅིག་ན་རེ་གོང་བུ་བཞིན་དུ་རིལ་རིལ་པོར་བླ་འོག་ཏུ་གནས་ཀྱང་ཤེལ་བཞིན་དུ་དང་བས་དབུས་དང་མཐའ་ན་གནས་པ་རྣམས་ཕན་ཚུན་མི་སྒྲིབ་བོ་ཞེས་ཟེར་རོ། །རྣ་བའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རྣ་འབྲུག་ཅེས་བྱ་བ་གྲོ་གའི་འཛེར་བུ་ལྟ་བུའི་ནང་ན་གནས་སོ། །སྣའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཟངས་ཀྱི་མོ་ཁབ་ལྟ་བུ་སྟེ་མཚུལ་པའི་ནང་སྣའི་རྒྱུད་ན་གནས་ཏེ། དབང་པོ་དང་པོ་གསུམ་པོ་དེ་དག་ནི་ཕྲེང་བ་བཞིན་དུ་ཀོར་ཀོར་པོར་གནས་སོ། །ལྕེའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཟླ་བ་བཀམ་པ་ལྟ་བུ་སྟེ། ལྕེའི་དབུས་ན་སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་ལྕེའི་དབང་པོའི་རྡུལ་ཕྲ་རབ་དག་གིས་མ་ཁེབས་པར་གནས་སོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ལུས་བཞིན་དུ་གནས་སོ། །ལུས་ཀྱི་དབང་པོའི་བྱེ་བྲག་མོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རྔའི་སྦུབས་ལྟ་བུ་ཡིན་ནོ། །ཕོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་མཐེ་བོང་ལྟ་བུ་ཡིན་ནོ་ཞེས་བསྟན་བཅོས་ལས་གསུངས་པའི་ཕྱིར་དང་། འགྲེལ་པ་ལས། དབང་པོའི་རྡུལ་ཕྲ་རབ་བམ་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་ཤེས་སྐྱེད་པ་ནི་མེད་དེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། དབུ་མའི་རྒྱན་ལས། རྣམ་ཤེས་ལྔའི་ཁམས་རྣམས་ནི། བསགས་ལ་དམིགས་པའི་རྣམ་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །རྡུལ་ཕྲ་རབ་དང་རགས་པ་གཉིས་ཀ་མ་ཡིན་པ་ནི་རིག་བྱེད་མ་ཡིན་པའི་གཟུགས་སོ། །
སེམས་ཀྱི་གཞི་ནི་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། དེ་དག་གིས་ཡུལ་འཛིན་པ་ནི་ཡུལ་གྱི་རྣམ་པ་མ་ཤར་བཞིན་དུ་འཛིན་པ་ཡིན་གྱི་རྣམ་པ་དང་བཅས་པ་ནི་མ་ཡིན་ཏེ། སྣང་བ་འདི་དོན་མ་ཡིན་ན་མི་སྣང་བའི་དོན་ཡོད་པ་ལ་སྒྲུབ་བྱེད་མེད་པའི་ཕྱིར་དང་། རགས་སྣང་ཤེས་པ་ཡིན་ན་རགས་པ་རྡུལ་ཕྲན་བསགས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །རྣམ་པར་ཤེས་པ་རྣམས་ཀྱང་ཡུལ་གཞན་ཡོངས་སུ་གཅོད་པ་ཡིན་གྱི་རང་ཉིད་གཅོད་པ་ནི་མ་ཡིན་ཏེ། བདག་ཉིད་ལ་བཅད་བྱ་གཅོད་བྱེད་གཉིས་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཕྱི་རོལ་དོན་གྲུབ་ལས། གང་གི་ཚེ་ན་རྣམ་ཤེས་དོན། །ཡོངས་གཅོད་ཙམ་དུ་འདོད་དེའི་ཚེ། །ཤེས་པས་ཇི་ལྟར་རང་གི་ཡུལ། །རིག་པར་འགྱུར་ཞེས་སྨྲས་མ་འབྲེལ། །རྣམ་ཤེས་དེ་ཡི་བྱེད་པོ་མིན། །དམ་པའི་དོན་དུ་བྱ་བའང་མིན། །རིག་པ་ཙམ་དུ་ཟད་མོད་ཀྱི། །བྱེད་པ་ཉིད་དུ་སྒྲོ་བཏགས་གསུངས། །ཞེས་འབྱུང་བ་ལྟར་རོ། །སེམས་ལས་བྱུང་བ་དང་། མི་ལྡན་པའི་འདུ་བྱེད་ཀྱི་གཞི་ནི་འོག་ཏུ་སྟོན་པར་འགྱུར་ལ། འདུས་མ་བྱས་ནི་བཤད་ཟིན་ཏོ། །
མདོ་སྡེ་པ་རྣམས་ནི་རྡུལ་ཕྲ་རབ་རྣམས་པར་མེད་བར་གནས་པ་ལ་རེག་པར་འདུ་ཤེས་པ་ཡིན་གྱི་རེག་པ་ནི་མ་ཡིན་ཏེ། ཆ་བཅས་སུ་ཐལ་བའི་ཕྱིར་རོ། །བར་དང་བཅས་ནའང་བར་དེར་རྡུལ་གཞན་འཇུག་པ་ལ་སུས་གེགས་བྱེད་དེ། ཉིན་མོ་སྣང་བ་དང་མཚན་མོ་མུན་པའི་རྡུལ་ནི་དེ་དག་གི་བར་དུ་གནས་པར་རིགས་པའི་ཕྱིར་དང་། མི་གནས་ན་དེ་དག་སྣང་བྱེད་དང་སྒྲིབ་བྱེད་དུ་མ་གྲུབ་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པ་ལས་ཀྱང་། བཙུན་པ་ན་རེ་རེག་པ་ནི་མེད་ཀྱི་འདབ་ཆགས་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ་ཞེས་ཟེར་ཏེ། བཙུན་པའི་ལུགས་འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་ནི་རྡུལ་ཕྲ་རབ་བར་དང་བཅས་པ་རྣམས་ཀྱི་བར་སྟོང་པ་དག་ཏུ་འགྲོ་བ་ལ་སུ་ཞིག་འགོག་ན་འདི་ལྟར་ཐོགས་པ་དང་བཅས་པ་དག་ཏུ་འདོད་ཅེས་བཤད་དོ། །དེས་ན་བར་མེད་ཅིང་མ་རེག་པ་ཞེས་བྱ་བར་འགྱུར་རོ། །རགས་སྣང་ནི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་དང་། རྡུལ་ཕྲ་རབ་འདུས་པ་ཞེས་བྱ་བའང་རྡུལ་དུ་མ་བར་མེད་པར་གནས་པ་ལ་བརྗོད་པའི་ཕྱིར་རགས་པ་ནི་རྫས་སུ་མེད་དོ། །
ཤེས་པ་རྣམ་པ་དང་བཅས་པ་མ་ཡིན་ན་ཤེས་པ་གཅིག་གིས་དོན་ཐམས་ཅད་རིག་པར་ཐལ་བའི་ཕྱིར་དོན་གྱི་རྣམ་པར་སྐྱེས་པ་ལ་དོན་རིག་པ་ཞེས་བརྗོད་དེ། དབུ་མའི་རྒྱན་ལས། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང་། །དེ་དང་གཟུགས་བརྙན་འདྲ་བས་ན། །གདགས་པ་ཙམ་གྱིས་ཚོར་བར་རང་། །ཞེས་བཤད་དོ། །
དེ་བཞིན་དུ་ཤེས་པ་རྣམས་ཀྱང་རང་ཉིད་རང་གིས་རིག་པ་ཡིན་ཏེ། རང་མ་རིག་ན་གཞན་རིག་བྱེད་དུ་མ་གྲུབ་པར་འགྱུར་ཏེ། རང་ཉིད་མ་གྲུབ་པའི་ཕྱིར་དང་། གཞན་གྱིས་དམིགས་ནའང་ཐུག་མེད་དུ་ཐལ་བའི་ཕྱིར་ཏེ། རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་བཤད་པ་ཡིན་ནོ། །མི་ལྡན་པའི་འདུ་བྱེད་ནི་གཟུགས་ལ་སོགས་པ་གསུམ་ལས་གཞན་དུ་མེད་ལ། འདུས་མ་བྱས་ཀྱང་རྫས་སུ་མེད་དོ་ཞེས་བྱ་བར་འདོད་དོ། །རྣལ་འབྱོར་སྤྱོད་པ་བ་རྣམས་ནི་དོན་དུ་སྣང་བ་ནི་ཤེས་པ་ལ་དངོས་སུ་གསལ་བའི་ཕྱིར་དང་། མི་སྣང་བའི་རྡུལ་ཕྲན་ལ་སྒྲུབ་བྱེད་མེད་པ་དང་། བར་དང་བཅས་ནའང་རགས་པ་གཅིག་ཏུ་མི་སྣང་བ་དང་། བར་མེད་ནའང་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་པར་འགྱུར་ལ། དེ་ལྟ་ནའང་ཕྱོགས་ཐམས་ཅད་ཀྱིས་རེག་ན་རྡུལ་རྣམས་འདྲེས་པ་དང་། ཕྱོགས་རེས་རེག་ན་ཆ་བཅས་སུ་ཐལ་བའི་ཕྱིར་རྡུལ་ཆ་མེད་ནི་རྫས་སུ་མེད་དོ། །རགས་པའང་དོན་དུ་མེད་དེ། རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་དང། ཆ་དང་བཅས་པའི་ཕྱིར་རོ། །དེའི་ཕྱིར་བག་ཆགས་ཀྱི་སྟོབས་ཀྱིས་རྣམ་པར་ཤེས་པ་ཉིད་གཟུང་འཛིན་གཉིས་སུ་སྣང་བ་ཡིན་ཏེ། ཇི་སྐད་དུ་ཉི་ཤུ་པ་ལས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་འབྱུང་བ་ལྟ་བུའོ། །དེ་བས་ན་ཡང་དག་པར་ན་གཟུང་འཛིན་གཉིས་མེད་པའི་རང་གསལ་བ་ནི་རྫས་སུ་ཡོད་དེ། གསལ་བར་ཉམས་སུ་མྱོང་ལ་གཉིས་ལ་གནོད་པ་ཡོད་པའི་ཕྱིར་ཏེ། རྣམ་པར་ངེས་པ་ལས། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་གསུངས་པ་ལྟ་བུའོ། །
མི་ལྡན་པའི་འདུ་བྱེད་རྣམས་ནི་གནས་སྐབས་ལ་བཏགས་པ་ཡིན་པས་གཟུགས་དང་མཚུངས་ལྡན་རྣམས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་དེ། ཕུང་པོ་ལྔ་པ་ལས། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན། གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ། དེ་ཉིད་དང་གཞན་དུ་མི་གདགས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་གཞི་རྫས་སུ་ཡོད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་དོ། །དེ་ལྟར་ཞར་ལ་འོངས་པ་བརྗོད་ནས་རྣལ་མའི་དོན་ནི་གཉིས་སུ་གནས་ཏེ། གཟུགས་ཅན་གྱི་(ལྷན་ཅིག་)སྐྱེ་ཚུལ་དང་། གཟུགས་ཅན་མ་ཡིན་པའོ། །(དེ་ལ་རྫས་ཀྱི་རྡུལ་ཕྲན་ནི་ཤར་ལ་སོགས་པའི་ཆ་མེད་པའོ། །བསགས་པའི་རྡུལ་ཕྲན་ནི་དེ་ལས་ཕྲ་བའི་འདུས་པ་གཞན་དུ་མེད་པའོ། །)དེ་ལ་དང་པོ་ནི་འདོད་པའི་ཁམས་ན་ལུས་སོགས་ཀྱི་དབང་པོ་མེད་པ་དང་སྒྲ་མེད་པའི་བསགས་པའི་རྡུལ་ཕྲ་རབ་ཉི་ཟེར་གྱི་རྡུལ་ཆུང་ངུ་ལྟ་བུ་ལ་བསགས་པ་མ་ཡིན་པའི་རྡུལ་ཆ་ཤས་མེད་པའི་རྫས་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་བྱ་སྟེ་བརྒྱད་ངེས་པར་ལྷན་ཅིག་སྐྱེའོ། །བསགས་པའི་རྡུལ་སྨོས་པ་ནི་རྡུལ་ཕྲ་རབ་ཆ་མེད་པ་ནི་གཅིག་པུར་གནས་པའི་ཕྱིར་རྫས་གཞན་འདུས་པ་མེད་དོ་སྙམ་དུ་བསམ་པའོ། །གལ་ཏེ་སྲ་བ་ལ་སོགས་པ་དང་ལྡན་པ་ལ་ཚ་བ་ལ་སོགས་པ་མ་དམིགས་པའི་ཕྱིར་ངེས་པར་ལྷན་ཅིག་སྐྱེ་བ་མ་ཡིན་ནོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ་དཔེར་ན་ཁབ་དང་སྡོང་བུའི་ཚོགས་ལ་རེག་པ་དང་། ཕྱེ་དང་ལན་ཚའི་རོ་ལྟར་དམིགས་མ་དམིགས་ནི་ཤས་ཆེ་ཆུང་ཡིན་གྱི་ཐམས་ཅད་ལའང་ཚང་བར་ཡོད་དེ། འཛིན་པ་དང་སྡུད་པ་དང་སྨིན་པ་དང་གཡོ་བའི་བྱེད་པ་དང་ལྡན་པའི་ཕྱིར་དང་། རྐྱེན་དང་ཕྲད་ན་ལྕགས་ལ་སོགས་པའི་སྲ་བའང་གཤེར་བ་ལ་སོགས་པར་མངོན་སུམ་དུ་སྣང་བའི་ཕྱིར་རོ་ཞེས་ཟེར་རོ། །
བྱེ་བཤད་ལས་ཀྱང་། ཕན་ཚུན་ཐ་དད་དུ་མི་འཇུག་པར་ཅིས་མངོན་ཞེ་ན། ལས་ལས་མངོན་ཏེ་ཞེས་པ་དང་། དེ་དག་གི་རང་གི་ངོ་བོ་མི་དམིགས་ཀྱང་རྡོ་ལ་སོགས་པ་ལ་ཡོད་པར་ལས་ལས་ཇི་ལྟར་རྗེས་སུ་དཔོག་ཅེ་ན། འདི་ལྟར་རྡོ་ལ་སོགས་པ་ལ་འདུས་པ་དང་སྐམ་པ་གཡོ་བ་རྣམས་ཡོད་པ་ལས་ཆུ་དང་མེ་དང་རླུང་རྣམས་སའི་ཁམས་དང་ལྷན་ཅིག་འཇུག་པར་མངོན་ནོ། །ཆུ་ལ་ཡང་ཤིང་འདེགས་པ་དང་པད་མའི་འདབ་མ་རྒྱས་པ་དང་ཆུ་གཡོ་བ་རྣམས་ཡོད་པ་ལས་ས་དང་མེ་དང་རླུང་རྣམས་ཆུའི་ཁམས་དང་ལྷན་ཅིག་འཇུག་པར་མངོན་ནོ། །མེ་ལའང་མེ་ལྕེ་འདེགས་པ་དང་འདུས་པ་དང་གཡོ་བ་རྣམས་ཡོད་པ་ལས་ས་དང་ཆུ་དང་རླུང་རྣམས་མེ་དང་ལྷན་ཅིག་འཇུག་པར་མངོན་ནོ། །རླུང་ལའང་འདེགས་པ་དང་མི་འགྱེས་པ་དང་གོས་ལ་སོགས་པ་སྐམ་པར་བྱེད་པ་ཡོད་པ་ལས་ས་དང་ཆུ་དང་མེ་རྣམས་རླུང་གི་ཁམས་དང་ལྷན་ཅིག་འཇུག་པར་མངོན་ནོ་ཞེས་བཤད་དོ། །ལས་དང་ངོ་བོའི་ཁྱད་པར་ཡང་དེ་ཉིད་ལས། རང་གི་ངོ་བོ་གྲུབ་ཙམ་ཉིད་ན་དངོས་པོ་གཞན་ཐམས་ཅད་ལ་མི་ལྟོས་པར་གནས་པ་ནི་ངོ་བོ་ཡིན་ལ། བྱ་བ་ལ་ལྟོས་ནས་གཞག་དགོས་པ་ནི་ལས་ཡིན་ཏེ། འབྱུང་བཞིའི་ལས་རྟེན་ཅིང་འཛིན་པ་དང་སྡུད་པ་དང་སྨིན་པ་དང་གཡོ་བ་རྣམས་ནི་གཟུང་བྱ་དང་བསྡུ་བྱ་དང་སྨིན་བྱ་དང་འཕེལ་(པའམ་གཡོ།) བྱའི་དངོས་པོ་གཞན་ལ་ལྟོས་ནས་འཇོག་པའི་ཕྱིར་རོ་ཞེས་བཤད་དོ། །(ཡང་ན་བྱེ་བྲག་ཏུ་སྨྲ་བ་ལྟར་ན་ངོ་བོ་ནི་དུས་གསུམ་པ་དང་ལས་ནིི་ད་ལྟ་བས་བསྡུས་པ་ཁོ་ན་ཡིན་ནོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །)
མདོ་སྡེ་པ་ན་རེ་བྱེད་པའི་ལས་ཐམས་ཅད་ངེས་པར་ལྷན་ཅིག་ཏུ་དམིགས་པས་ཁྱབ་པ་མེད་པའི་ཕྱིར་དང་། འགའ་ཞིག་ཏུ་སྲིད་ཀྱང་དེས་འབྱུང་བཞི་ལྷན་ཅིག་པ་སྲིད་པར་དཔག་པར་ནུས་ཀྱི་ཁྱབ་པར་ནི་མ་ཡིན་པའི་ཕྱིར་དང་། རྐྱེན་དང་ཕྲད་ན་མངོན་སུམ་དུ་འགྱུར་བ་ནི་དེ་དང་དེར་གསར་དུ་སྐྱེས་པ་ཡིན་པའི་ཕྱིར་ངེས་པར་ལྷན་ཅིག་ཏུ་སྐྱེ་བ་ནི་མ་ཡིན་གྱི་འོན་ཀྱང་རང་གི་ངོ་བོར་ནི་མེད་ཅིང་ས་བོན་གྱི་སྒོ་ནས་ཐམས་ཅད་ཡོད་ལ། གང་ལ་གང་དམིགས་པ་དེ་མངོན་གྱུར་གྱི་སྒོ་ནས་ཀྱང་ཡོད་དེ། བཅོམ་ལྡན་འདས་ཀྱིས་ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་ཡོད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །
རྣལ་འབྱོར་སྤྱོད་པ་པ་རྣམས་ནི་ཀུན་ལས་བཏུས་ལས་འདུས་པ་གང་ལ་འབྱུང་བ་གང་དམིགས་པ་དེ་ནི་དེ་ན་ཡོད་དོ། །ཞེས་བརྗོད་པར་བྱའོ། །འབྱུང་བ་གཅིག་ལས་གྱུར་བའི་འདུས་པའང་ཡོད། འབྱུང་བ་གཉིས་ལས་གྱུར་པའང་ཡོད་པ་ནས་འབྱུང་བ་ཐམས་ཅད་ལས་གྱུར་པའང་ཡོད་དོ། །རྒྱུར་བྱས་པའི་གཟུགས་ལའང་རྒྱུར་བྱས་པའི་གཟུགས་གང་འདུས་པ་གང་ལ་དམིགས་པ་དེ་ནི་དེ་ན་ཡོད་པ་ཞེས་རིག་པར་བྱའོ་ཞེས་འབྱུང་བས་འབྱུང་བ་གཅིག་ལས་གྱུར་པའི་གཟུགས་བོང་བ་སྐམ་པོ་ལྟ་བུ་དང་། གཉིས་ལས་གྱུར་པ་དེ་ཉིད་གཤེར་བ་དང་། གསུམ་ལས་གྱུར་པ་དེ་ཉིད་དྲོ་བ་དང་། བཞི་ལས་གྱུར་པ་དེ་ཉིད་གཡོ་བ་ལྟ་བུའོ། །དེ་བཞིན་དུ་འབྲས་བུའི་གཟུགས་ཀྱང་གཟུགས་གཅིག་པུ་དང་ལྡན་པ་འོད་དང་། གཉིས་དང་ལྡན་པ་སྒྲ་དང་དྲི་དང་ལྡན་པའི་རླུང་དང་། གསུམ་དང་ལྡན་པ་གཟུགས་དང་དྲི་དང་རེག་བྱ་ཡང་བ་དང་ལྡན་པའི་དུ་བ་དང་། བཞི་དང་ལྡན་པ་ཨ་ཀ་རུའི་གོང་བུ་དང་། ལྔ་དང་ལྡན་པ་དེ་ཉིད་སྒྲ་དང་བཅས་པ་ལྟ་བུའོ་ཞེས་འདོད་དོ། །
འོ་ན་མདོ་ལས་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན་། དེ་ནི་བཞི་ག་ཚང་བ་སྲིད་པ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་འདོད་དོ། །དེ་ལ་བྱེ་བྲག་ཏུ་སྨྲ་བའི་རྫས་བརྒྱད་ལྷན་ཅིག་ཏུ་སྐྱེ་བ་ལ་སྐྱེ་མཆེད་ལ་རྫས་སུ་འདོད་ན་མངས་པར་སྨྲས་ཏེ། འབྱུང་བ་བཞི་ནི་རེག་བྱའི་སྐྱེ་མཆེད་དུ་འདུས་པའི་ཕྱིར་རོ། །རྫས་ལ་རྫས་སུ་འདོད་ན་ནི་འདི་ཉུངས་པར་སྨྲས་པ་ཡིན་ཏེ། དེར་ནི་དབྱིབས་དང་ཡང་བ་ལ་སོགས་པ་གཞན་ཡང་ཡོད་པའི་ཕྱིར་རོ། །འབྱུང་བ་ནི་རྫས་ཁོ་ན་ལ་རྫས་སུ་གཟུང་ལ་གཞན་ནི་སྐྱེ་མཆེད་ལ་རྫས་སུ་གཟུང་ངོ་ཞེས་བྱ་བའང་མ་ཡིན་ཏེ། འབྲས་བུའི་གཟུགས་ཕལ་ཆེར་འབྱུང་བ་བཞི་ཚན་ལ་རྟེན་པའི་ཕྱིར་རྫས་དུ་མར་ཐལ་བར་འགྱུར་རོ་ཞེས་བརྗོད་པར་བྱའོ། །
ཡང་འདིར་དཔྱད་པ་འདི་ཡོད་དེ། གལ་ཏེ་རྫས་བརྒྱད་པོ་དེ་དག་གོ་ས་གཅིག་ཏུ་འབྱུང་བ་ལྷན་ཅིག་གི་དོན་ཡིན་ན་རྡུལ་ཕྲན་རྣམས་ཐོགས་བཅས་མ་ཡིན་པར་འགྱུར་རོ། །གལ་ཏེ་འདབ་འབྱོར་དུ་གནས་པ་ཉིད་དེའི་དོན་དུ་འདོད་ན་བུམ་པ་ལྟ་བུ་ལ་རྡུལ་ཕྲན་གྲངས་མེད་པ་འདབ་འབྱོར་གནས་པའི་ཕྱིར་བརྒྱད་ལ་སོགས་པར་ངེས་པ་མེད་དོ་ཞེ་ན། ཁ་ཅིག་གི་འདིར་གོ་ས་གཅིག་པ་ཉིད་ལ་འདོད་དེ། རྡུལ་ཕྲན་རྣམས་ཐོགས་བཅས་སུ་བཤད་པ་ནི་རིགས་མཐུན་པ་རྣམས་ཡིན་གྱི་རིགས་མི་མཐུན་པ་རྣམས་ནི་ཐོགས་བཅས་མ་ཡིན་ཏེ། གཟུགས་ཀྱི་གོ་ས་ན་རེག་བྱ་དང་། རེག་བྱའི་གོ་ས་ན་དྲི་ལ་སོགས་པའང་ཡོད་པའི་ཕྱིར་རོ་ཞེས་འདོད་དོ། །(དེ་མི་འཐད་དེ་ཐོགས་བཅས་མ་ཡིན་པར་ཐལ་བས་སོ། །)(རགས་པ་མི་རྩོམ་པར་ཡང་ཐལ་ལོ། །)ཁ་ཅིག་ནི་རིགས་མི་མཐུན་རྣམས་ཀྱང་ཐོགས་པ་དང་བཅས་ཏེ། གལ་ཏེ་གཟུགས་ཀྱི་རྡུལ་གྱི་གོ་ས་ན་རེག་བྱ་ལ་སོགས་པ་ཡོད་ན་ཐ་དད་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འདབ་འབྱོར་དུ་གནས་པ་ཉིད་ལ་ལྷན་ཅིག་གི་དོན་དུ་འདོད་དེ། བུམ་པ་ལ་སོགས་པའི་རྡུལ་མང་པོ་རྣམས་ནི་ངེས་པར་ལྷན་ཅིག་ཏུ་སྐྱེ་བ་མ་ཡིན་པའི་ཕྱིར་དང་། བརྒྱད་ལ་སོགས་པ་ནི་ངེས་པར་ལྷན་ཅིག་ཏུ་སྐྱེ་བའི་དབང་དུ་བྱས་ནས་བཤད་པའི་ཕྱིར་འགལ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། ཐམས་ཅད་པས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ། །དེ་འདོད་པའི་ཁམས་ན་སྒྲ་ཡང་མེད་དབང་པོ་ཡང་མེད་པ་ཞིག་ཡིན་ན་ནི་རྫས་བརྒྱད་དང་ལྡན་པར་སྐྱེ་སྟེ། གང་ཡང་རུང་བ་ཞིག་མེད་པར་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་ཏེ་དེ་ཉིད་དགོངས་པ་ཡིན་ནོ། །(རླུང་ལ་ཁ་དོག་ཇི་ལྟར་ཡོད་ཅེ་ན་དེ་ལ་དེ་ཡོད་དེ་དྲི་ཡོད་པའི་ཕྱིར། རྣ་མའི་མེ་ཏོག་བཞིན་ནོ། །)རྫས་བརྒྱད་ལས་མང་བ་དང་མི་ལྡན་ནམ་ཞེ་ན། ལུས་ཀྱི་དབང་པོ་དང་ལྡན་པ་ལ་ནི་སྔར་གྱི་བརྒྱད་དང་ལུས་ཀྱི་དབང་པོ་ཉིད་དང་རྫས་དགུ་ལྡན་ཏེ། དབང་པོའི་ཚོགས་པ་ན་བརྒྱད་པོ་ནི་ངེས་པར་ཡོད་ཅིང་དབང་པོ་ནི་དེ་དག་ལས་རྫས་གཞན་ཡིན་པའི་ཕྱིར་རོ། །ཡང་མིག་ལ་སོགས་པའི་དབང་པོ་གཞན་དང་ལྡན་པ་ལ་ནི་རྫས་བཅུ་སྟེ། སྔར་གྱི་དགུ་དང་མིག་ལ་སོགས་པ་གང་ཡང་རུང་བ་ཞིག་གོ། དེ་བཞིན་དུ་བརྒྱད་དང་དགུ་དང་བཅུ་དང་ལྡན་པ་དེ་དག་སྒྲ་དང་བཅས་པར་སྐྱེ་ན་ནི་དགུ་དང་བཅུ་དང་བཅུ་གཅིག་དང་ལྡན་པར་འགྱུར་ཏེ། དེ་དག་དང་སྒྲ་གཞན་དུ་བགྲང་བའི་ཕྱིར་རོ། །གཟུགས་ཁམས་ན་ནི་དྲི་རོ་མེད་པའི་ཕྱིར་དབང་པོ་མེད་པ་ནི་དྲུག་དང་། ལུས་ཀྱི་དབང་པོ་དང་ལྡན་པ་བདུན་དང་། དབང་པོ་གཞན་དང་ལྡན་པ་བརྒྱད་དང་། སྒྲ་དང་བཅས་ན་དགུ་ལྷན་ཅིག་སྐྱེ་བ་ཡིན་ལ། གཟུགས་མེད་ན་ནི་སྤྱིར་གཟུགས་ཙམ་མེད་པས་གཟུགས་ཅན་ལྷན་ཅིག་སྐྱེ་བ་མེད་དོ་ཞེས་ཤེས་པར་བྱའོ། །
གཉིས་པ་གཟུགས་ཅན་མ་ཡིན་པའི་ལྷན་ཅིག་སྐྱེ་བའི་ཚུལ་ལས། མདོར་བསྟན་པ།
གཉིས་པ་གཟུགས་ཅན་མ་ཡིན་པའི་ལྷན་ཅིག་སྐྱེ་བའི་ཚུལ་ལ་གཉིས་ལས་དང་པོ་མདོར་བསྟན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ངེས་པར་ལྷན་ཅིག་ཏུ་སྐྱེ་སྟེ། ཕན་ཚུན་མེད་ན་མི་འབྱུང་བའི་ཕྱིར་རོ། །འདུས་བྱས་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་བཞི་དང་ངེས་པར་ལྷན་ཅིག་ཏུ་སྐྱེའོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའོ། །རང་གི་རྒྱུད་ཀྱི་བསྡུས་པའི་ཐོབ་པ་(དུས་མཉམ་པ་ལུས་དང་གྲིབ་མ་ལྟ་བུ་)དང་ཐོབ་བྱའི་ཆོས་ལྷན་ཅིག་སྐྱེ་བ་དང་། འགོག་པ་གཉིས་ཀྱི་ལྟ་བུ་ཐོབ་པ་སྐྱེས་ཀྱང་ཐོབ་བྱ་མི་སྐྱེ་བའང་ཡོད་པའི་ཕྱིར་རམ་ཞེས་རྣམ་པར་བརྟག་པའི་སྒྲ་མཛད་དོ། །
གཉིས་པ་རྒྱས་བཤད་ལས། མཚུངས་ལྡན་རྒྱས་པར་བཤད་པ།
གཉིས་པ་རྒྱས་པར་བཤད་པ་ལ་མཚུངས་ལྡན་དང་། མཚུངས་ལྡན་མ་ཡིན་པ་རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི་སེམས་བྱུང་ཞེས་པས་མདོར་བསྟན་པ་ཡིན་ཏེ། སེམས་ལས་བྱུང་བ་ངེས་པ་རྣམས་ནི་སྡེ་ཚན་རྣམ་པ་ལྔ་སྟེ། སེམས་ཀྱི་ས་མང་པོ་པ་དང་། སོགས་པའི་སྒྲས་གཟུང་བ་དགེ་བའི་ས་མང་པོ་བ་རྣམས་དང་། ཉོན་མོངས་པའི་ས་མང་པོ་པ་རྣམས་དང་། མི་དགེ་བའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པ་ཆུང་ངུའི་ས་པ་ཞེས་བྱ་བར་སྡེ་ཚན་ཐ་དད་པའི་ཕྱིར་རོ། །དེ་དག་གི་སྤྱིའི་དོན་ནི་མཚན་ཉིད་དང་རྫས་དང་བཏགས་པའི་ཁྱད་པར་དང་། ཁམས་དང་སའི་རྣམ་པར་བཞག་པ་དང་། རྣམ་ཤེས་གང་གི་འཁོར་དུ་གང་འབྱུང་བ་དང་། སྒྲའི་དོན་ལྔ་ལས་དང་པོ་ནི་སེམས་དང་མཚུངས་ལྡན་ལྔས་མཚུངས་པར་གནས་པ་སྟེ། དེ་ལ་དམིགས་པ་མཚུངས་པ་ཡུལ་གྱི་ངོ་བོ་གཅིག་ལ་དམིགས་པ་དང་། རྣམ་པ་མཚུངས་པ་ནི་དེའི་ཁྱད་པར་གཅིག་རྣམ་པར་བྱེད་པ་དང་། རྟེན་མཚུངས་པ་ནི་དབང་པོ་གཅིག་ལ་བརྟེན་ནས་སྐྱེས་པ་དང་། དུས་མཚུངས་པ་ནི་དུས་གཅིག་པ་དང་། རྫས་མཚུངས་པ་ནི་རྫས་རེ་རེ་བར་འདྲ་བའོ། དབུས་མཐའི་ཊཱི་ཀ་ལས་ནི་དེ་དག་ཀྱང་རྟེན་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པར་ལྡན་པ་ཡིན་གྱི་རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་བས་རྣམ་པ་མཚུངས་པས་ནི་མ་ཡིན་ནོ་ཞེས་སེམས་དང་སེམས་བྱུང་རྣམ་པ་མི་མཚུངས་པར་བཤད་དེ། དེའི་དོན་ནི་བཤད་ཟིན་ཏོ། །
ཁ་ཅིག་ནི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་འཛིན་པ་སྟེ། གཞན་སེམས་ཀྱི་སྟོབས་ཀྱིས་ངོ་བོའང་འཛིན་པའི་ཕྱིར་དང་། དེ་བཞིན་དུ་སེམས་ཀྱང་རང་སྟོབས་ཀྱི་ས་ངོ་བོ་འཛིན་ལ། སེམས་བྱུང་གི་སྟོབས་ཀྱི་ས་ཁྱད་པར་ཡང་འཛིན་པའི་ཕྱིར་རོ་ཞེས་འདོད་དོ། །
གཉིས་པ་ནི་བྱེ་བྲག་ཏུ་སྨྲ་བ་(སྡེ་ཚན་ལྔར་ངེས་པའི་སུམ་ཅུ་རྩ་བརྒྱད་དང་།) ས་མང་པོ་པ་བཅུ་དང་། དགེ་བའི་ས་པ་བཅུ་དང་། ཉོན་མོངས་པའི་ས་པ་དྲུག་དང་། མི་དགེ་བའི་ས་པ་གཉིས་དང་། ཉོན་མོངས་པ་ཆུང་ངུའི་ས་པ་བཅུ་དང་། མ་ངེས་པ་བརྒྱད་དང་། གཏི་མུག་མེད་པའི་དགེ་རྩ་དང་། རྩ་ཉོན་གྱི་ལྟ་བ་དང་། ཆོས་མངོན་པ་ལས། བྱུང་བའི་ཉོན་མོངས་པའི་ས་མང་པོ་པ་ཤེས་བཞིན་མ་ཡིན་པ་དང་། བརྗེད་ངེས་དང་། རྣམ་པར་གཡེང་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་ལྔ་སྟེ་བདུན་དང་། གཞི་ཕྲན་ཚེགས་ལས་འབྱུང་བའི་མི་དགའ་བ་དང་། (གླལ་བྱེད་པ་དང་། སེམས་ཞུམ་པ་དང་། སྨྱ་བ་དང་ཟས་ཀྱི་དྲོད་མི་ཟིན་པ་དང་། ཐ་དད་པའི་འདུ་ཤེས་དང། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རུ་གདུག་དང་། འཕྱ་སྨོད། གནམ་པ་ཉིད་དང་། མི་གནམ་པ་ཉིད་དང་། རང་བཞིན་དུ་མི་འདུག་པ་ཉིད་དང་། འདོད་པའི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་དང་། ཉེ་དུའི་རྣམ་པར་རྟོག་པ་དང་། ཡུལ་མིའི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། བརྙས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། རིགས་སྙེམས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། མྱ་ངན་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།) འཁྲུག་པ་དང་། ཉི་ཤུ་རྩ་བཞི་སྟེ། བདུན་ཅུ་རྩ་བདུན་ཡོད་པ་ལས་སྡེ་ཚན་ལྔ་དང་། མ་ངེས་པ་བརྒྱད་དེ་བཞི་བཅུ་རྩ་དྲུག་དང་། གཞི་ཕྲན་ཚེགས་ཀྱི་ཉི་ཤུ་རྩ་བཞི་སྟེ་བདུན་ཅུ་རྫས་ཡོད་དང་། ལྷག་མ་བདུན་བཏགས་ཡོད་ཡིན་ཏེ། དང་པོ་གསུམ་ཤེས་རབ་དང་། ཕྱི་མ་བཞི་རིམ་པ་ལྟར་དྲན་པ་དང་ཏིང་ངེ་འཛིན་དང་ཡིད་ལ་བྱེད་པ་དང་མོས་པ་རྣམས་ལ་བཏགས་པ་ཡིན་ཏེ། ཤེས་རབ་དགེ་བ་ཁོ་ན་གཏི་མུག་མེད་པ་དང་། ཤེས་རབ་ཉོན་མོངས་ཅན་ཁོ་ན་ལྟ་བ་དང་། སེམས་དང་སེམས་བྱུང་ཉོན་མོངས་ཅན་དང་མཚུངས་པར་ལྡན་པའི་ཤེས་རབ་ཁོ་ན་ཤེས་བཞིན་མ་ཡིན་པ་ཡིན་ལ། དྲན་པ་དང་ཏིང་ངེ་འཛིན་དང་ཡིད་ལ་བྱེད་པ་དང་མོས་པ་ཉོན་མོངས་ཅན་ཁོ་ན་བརྗེད་ངེས་(དང་རྣམ་གཡེང་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་)ལ་སོགས་པ་ཡིན་པའི་ཕྱིར་རོ། །ཞེས་འདོད་དོ། ཞེས་སྔ་རབས་པ་དག་འཆད་མོད་ཀྱི་ལེགས་པར་དཔྱད་ན་(རྣམ་པར་མི་འཚེ་བ་དང་། རྣམ་འཚེ་གཉིས་ཀ་ཞེ་སྡང་མེད་པ་དང་ཁོང་ཁྲོ་ལ་བཏགས་པར་བྱས་ན་འཐད་དེ། ཞེ་སྡང་མེད་བྱམས་སྙིང་རྗེ་ཡང་ཞེས། ཞེ་སྡང་མེད་པའང་སྙིང་རྗེར་བཤད་ཅིང་རྣམ་པར་མི་འཚེ་བ་སྙིང་བརྩེ་བ་དང་རྣམ་འཚེ་སེམས་ཅན་སྡུག་བསྔལ་བར་འདོད་པ་ལ་བཤད་པས་བྱེ་བྲག་ཏུ་སྨྲ་བ་ལྟར་ན་བཏགས་ཡོད་དགུར་བྱས་ན་འཐད་པར་སེམས་སོ། །)
གཞི་ཕྲན་ཚེགས་ལས་འབྱུང་བའི་མི་དགའ་བ་དང་སེམས་ཞུམ་པ་དང་ཡིད་ལ་མི་བྱེད་པ་དང་མྱ་ངན་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱང་ཚོར་བ་དང་ལེ་ལོ་དང་ཤེས་རབ་ཉོན་མོངས་ཅན་དང་ཁོང་ཁྲོ་ལ་སོགས་པ་ལ་བཏགས་པར་བཤད་ཀྱང་འགལ་བ་མེད་པའི་ཕྱིར་རོ། །
གོང་མ་པ་དག་ནི་སེམས་ལས་བྱུང་བ། །ཚོར་དང་འདུ་ཤེས་སེམས་པ་དང་། །ཡིད་བྱེད་རེག་དང་ཀུན་འགྲོ་ལྔ། །འདུན་མོས་དྲན་དང་ཏིང་འཛིན་དང་། །ཤེས་རབ་ཅེས་བྱ་ཡུལ་ངེས་ལྔ། །དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ལ་སོགས་གསུམ་བརྩོན་འགྲུས། །ཤིན་ཏུ་སྦྱངས་དང་བག་ཡོད་དང་། །བཏང་སྙོམས་རྣམ་པར་མི་འཚེ་བ། །བཅུ་གཅིག་དགེ་བའོ་རྩ་ཉོན་ནི། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ལྟ་བ་ཐེ་ཚོམ་དྲུག། ཁྲོ་དང་ཁོན་འཛིན་འཆབ་དང་འཚིག། ཕྲག་དོག་སེར་སྣ་སྒྱུ་དང་གཡོ། །རྒྱགས་པ་དང་ནི་རྣམ་པར་འཚེ། །ངོ་ཚ་ཁྲེལ་མེད་རྨུགས་རྒོད་དང་། །མ་དད་ལེ་ལོ་བག་མེད་དང་། །བརྗེད་ངེས་ཤེས་བཞིན་མ་ཡིན་དང་། །རྣམ་པར་གཡེང་བ་ཞེས་བྱ་བ། །ཉེ་བའི་ཉོན་མོངས་བཅུ་ཚན་གཉིས། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་པ་ལྔ་བཅུ་རྩ་གཅིག་ལ། སུམ་ཅུ་པ་དང་། ཕུང་པོ་ལྔ་པ་ལས། ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཞེས་པ་དང་འགྱོད་དང་གཉིད་ཀྱང་དེ་བཞིན་ཏེ། །རྟོག་པ་དང་ནི་དཔྱོད་པ་དག། ཉེ་བའི་ཉོན་མོངས་གཉིས་རྣམ་གཉིས་ཞེས་དང་པོ་ལྔ་ནི་སེམས་ཐམས་ཅད་དང་མཚུངས་པར་ལྡན་པས་ཀུན་དུ་འགྲོ་བ་དང་། འདུན་པ་བསམས་པའི་དངོས་པོ་ཁོ་ན་དང་། མོས་པ་ངེས་པའི་དངོས་པོ་ཁོ་ན་དང་། དྲན་པ་འདྲིས་པའི་དངོས་པོ་ཁོ་ན་དང་། ཏིང་ངེ་འཛིན་དང་ཤེས་རབ་སྐྱོན་ཡོན་བརྟག་པའི་དངོས་པོ་ཁོ་ན་ལ་འཇུག་གི་མ་བསམས་པ་ལ་སོགས་པ་ཡུལ་གཞན་ལ་མི་འཇུག་པས་འདུན་པ་ལ་སོགས་པ་ལྔ་ནི་ཡུལ་སོ་སོར་ངེས་པ་དང་། དད་པ་ལ་སོགས་པ་བཅུ་གཅིག་ནི་དགེ་བ་དང་། འདོད་ཆགས་ལ་སོགས་པ་དྲུག་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་སེམས་ཉོན་མོངས་པར་བྱེད་པས་རྩ་བའི་ཉོན་མོངས་དང་། ལྷག་མ་ཁྲོ་བ་ལ་སོགས་པ་ཉི་ཤུ་པོ་རྣམས་ནི་རྩ་ཉོན་རྣམས་ཀྱི་ཆར་གཏོགས་ཤིང་དེ་དག་དང་ཉེ་ལ་སེམས་ཉོན་མོངས་པར་བྱེད་པས་ཉེ་བའི་ཉོན་མོངས་པ་ཁོ་ན་དང་། གཉིད་འགྱོད་དང་རྟོག་དཔྱོད་གཉིས་ཚན་གཉིས་ཏེ་བཞི་ནི་ཉེ་ཉོན་ཁོ་ནར་མ་ངེས་ཀྱི་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་རྣམ་པ་གཉིས་སམ་ཉོན་མོངས་ཅན་མ་ཡིན་པ་ལའང་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་གཉིས་སུ་འགྱུར་བས་གསུམ་མམ། ཉོན་མོངས་ཅན་ལའང་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་གཉིས་ཏེ་བཞིར་ཡང་འགྱུར་བས་གཞན་དུ་ཡང་འགྱུར་བ་སྟེ། སྡེ་ཚན་དྲུག་ཏུ་བཤད་པ་ལས་སྡེ་ཚན་དང་པོ་གཉིས་དང་གསུམ་པའི་གཏི་མུག་མེད་པ་དང་། བག་ཡོད་བཏང་སྙོམས་རྣམ་པར་མི་འཚེ་བ་སྟེ་བཞི་མ་གཏོགས་པ་ལྷག་མ་བདུན་དང་། ལྟ་བ་ལས་གཞན་པའི་རྩ་ཉོན་ལྔ་སྟེ་ཉི་ཤུ་རྩ་གཉིས་ནི་བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་འགྱུར་བས་རྫས་ཡོད་དང་། ལྷག་མ་ཉི་ཤུ་རྩ་དགུ་ནི་རྒྱུ་མཚན་དེ་ལས་བཟློག་པས་བཏགས་ཡོད་ཡིན་(པའམ། ཁ་ཅིག་ན་རེ་གང་ཞིག་རང་གི་ངོ་བོ་ལོགས་སུ་གྲུབ་པ་ནི་རྫས་ཡོད་དང་། གང་ཞིག་ལས་རང་བཞིན་ལོགས་སུ་གྲུབ་པ་མེད་པ་ལོགས་སུ་བརྗོད་པ་ནི་བཏགས་ཡོད་ཡིན་ནོ་ཞེས་ཟེར།) ཏེ། འདི་ལྟར་གཏི་མུག་མེད་པ་དང་ལྟ་བ་དང་ཤེས་བཞིན་མ་ཡིན་པ་གསུམ་ནི་ཤེས་རབ་ཁོ་ན་དང་། བག་ཡོད་དང་བཏང་སྙོམས་ནི་དགེ་རྩ་གསུམ་བརྩོན་འགྲུས་དང་བཅས་པ་དང་། རྣམ་པར་མི་འཚེ་བ་ཞེ་སྡང་མེད་པ་དང་། ཁྲོ་བ་དང་ཁོན་འཛིན་དང་འཚིག་པ་དང་ཕྲག་དོག་དང་རྣམ་འཚེ་ལྔ་ནི་ཁོང་ཁྲོ་དང་། སེར་སྣ་དང་རྒྱགས་པ་དང་རྒོད་པ་གསུམ་ནི་འདོད་ཆགས་དང་། འཆབ་པ་དང་རྨུགས་པ་དང་མ་དད་པ་དང་ལེ་ལོ་བཞི་གཏི་མུག་དང་། གཡོ་སྒྱུ་གཉིས་འདོད་ཆགས་དང་གཏི་མུག་དང་། ངོ་ཚ་ཁྲེལ་མེད་དང་རྣམ་གཡེང་གསུམ་དུག་གསུམ་དང་། བག་མེད་ནི་དུག་གསུམ་ལེ་ལོ་དང་བཅས་པ་ལ་བཏགས་པའམ། དོན་གསང་ལས་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པར་བཤད་དོ། །(རྣམ་འཚེ་ཁོང་ཁྲོ་ལ་བཏགས་པར་བཤད།) བརྗེད་ངས་ནི་དྲན་པ་ཉོན་མོངས་ཅན་ཡིན་ལ། གཉིད་དང་འགྱོད་པ་ཉེ་ཉོན་གྱིས་བསྡུས་པ་ཉོན་མོངས་ཅན་ནི་གཏི་མུག་ལ་བཏགས་པ་དང་། དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་ནི་ཤེས་རབ་ལ་བཏགས་པར་དོན་གསང་ལས་བཤད་དོ། །རྟོག་དཔྱོད་གཉིས་ནི་སེམས་པ་དང་ཤེས་རབ་ལ་བཏགས་པའི་ཕྱིར་རོ་ཞེས་འདོད་དོ། །
འདིར་ཡང་ཀུན་ལས་བཏུས་ལ་སོགས་པ་ལས་བཏགས་ཡོད་ཉི་ཤུ་རྩ་དགུར་བྱས་ནས་སྤྱིར་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས་དངོས་སུ་མ་བཤད་ཀྱང་གཞི་ཕྲན་ཚེགས་ལས་འབྱུང་བའི་ཉི་ཤུ་རྩ་བཞི་པོ་རྣམས་ཀྱང་གཞི་བསྡུ་བ་ལས་བཤད་པའི་ཕྱིར་བཏགས་ཡོད་(ལྔ་བཅུ་རྩ་གསུམ་)ཡིན་པས་སེམས་བྱུང་བདུན་བཅུ་རྩ་ལྔ་ལ་སོགས་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །གསུམ་པ་ནི་སྡེ་ཚན་དང་པོ་གསུམ་དང་། ཉོན་མོངས་ཆུང་ངུའི་ས་པའི་རྒྱགས་པ་དང་། མ་ངེས་པའི་ཆགས་པ་དང་ང་རྒྱལ་དང་ཐེ་ཚོམ་སྟེ་སུམ་ཅུ་པོ་རྣམས་ནི་ཁམས་གསུམ་ས་དགུ་ཆར་དང་། མི་དགེ་བའི་ས་པ་གཉིས་དང་ཉོན་མོངས་ཆུང་ངུའི་ས་པའི་གཡོ་སྒྱུ་རྒྱགས་པ་གསུམ་མ་གཏོགས་པ་བདུན་དང་། མ་ངེས་པའི་འགྱོད་གཉིད་ཁོང་ཁྲོ་སྟེ་བཅུ་གཉིས་པོ་རྣམས་ནི་འདོད་ཁམས་ཁོ་ན་དང་། ཉོན་མོངས་ཆུང་ངུའི་ས་པའི་གཡོ་སྒྱུ་དང་། མ་ངེས་པའི་རྟོག་དཔྱོད་གཉིས་ཏེ་བཞི་ནི་འདོད་པ་དང་བསམ་གཏན་དང་པོ་ཁོ་ན་ན་ཡོད་དེ། དེ་དག་ནི་གཏན་ཚིགས་དང་བཅས་ཏེ་གཞུང་ཉིད་དུ་ཤེས་པར་བྱའོ། །
བཞི་པ་ནི་སྡེ་ཚན་དང་པོ་བཞི་དང་། མ་ངེས་པའི་རྟོག་དཔྱོད་དང་ཆགས་སྡང་སྟེ་སུམ་ཅུ་རྩ་གཉིས་པོ་རྣམས་ནི་རྣམ་ཤེས་དྲུག་ཀའི་འཁོར་དུ་ཅི་རིགས་པར་འབྱུང་ལ། ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་དང་། མ་ངེས་པའི་འགྱོད་གཉིད་ང་རྒྱལ་ཐེ་ཚོམ་སྟེ་བཅུ་བཞི་པོ་རྣམས་ནི་ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་ངོ་། །རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་འདོད་པ་ལྟར་ན་(སུམ་ཅུ་པ་ལས། རྟག་ཏུ་རེག་དང་ཡིད་བྱེད་དང་། །རེག་པ་ཚོར་བ་དང་འདུ་ཤེས་སེམས་པར་ལྡན། །ཞེས་པ་དང་། དེ་ལ་ཚོར་བ་བཏང་སྙོམས་ཏེ། །ཀུན་གཞི་དེ་ནི་མ་བསྒྲིབས་ལུང་མ་བསྟན། །ཞེས་པས་)ཀུན་གཞིའི་འཁོར་དུ་ཀུན་འགྲོ་ལྔ་(ཚོར་བ་བཏང་སྙོམས་ཁོ་ན།) དང་། ཉོན་ཡིད་ཀྱི་འཁོར་དུ་ཀུན་འགྲོ་ལྔ་དང་། བསྒྲིབས་ལ་ལུང་མ་བསྟན་གྱི་འཇིག་ཚོགས་ལ་ལྟ་བ་དང་མ་རིག་པ་དང་ང་རྒྱལ་དང་འདོད་ཆགས་སྟེ་རྩ་ཉོན་བཞི་(ཀུན་ལས་བཏུས་ལས་བཤད་པའི་རྨུགས་རྒོད་མ་དད་ལེ་ལོ་བག་མེད་ལྔ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བཤད་པའི་བརྗེད་ངེས་རྣམ་གཡེང་ཤེས་བཞིན་མ་ཡིན་པ་གསུམ་སྟེ་ཉོན་མོངས་པའི་ས་མང་པོ་པའི་ཉེ་ཉོན་བརྒྱད་དེ་བཅུ་བདུན།) འབྱུང་(ཞིང་། སུམ་ཅུ་པའི་འགྲེལ་པར་དེ་ལ་ཡང་ཚོར་བ་བཏང་སྙོམས་ཉིད་དེ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ་ཞེས་ཚོར་བ་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་)བར་འདོད་དེ། དེ་དག་གི་རྒྱུ་མཚན་ཡང་(རང་རང་གི།) གཞུང་ལས་རྟོགས་པར་བྱའོ། །སེམས་སེམས་བྱུང་གི་ཁྱད་པར་དང་། གཅིག་དང་ཐ་དད་དཔྱད་པ་ནི་བཤད་ཟིན་ཏོ། །
ལྔ་པ་ནི་སེམས་ལས་འཕྲལ་འཕྲལ་དུ་སྐྱེས་པའི་ཕྱིར་སེམས་ལས་བྱུང་བ་སྟེ། མདོ་ལས། འདུ་ཤེས་དང་སེམས་པའི་ཆོས་འདི་རྣམས་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ་ཞེས་གསུངས་པའི་ཕྱིར་རོ། །(འདི་ལ་རང་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུན་མེད་ཅེས་འོད་ཟེར་འདོད་དོ། །)གཉིས་པ་གཞུང་གི་དོན་ལ་ངེས་པའི་སེམས་བྱུང་གི་རབ་ཏུ་དབྱེ་བ་དང་། ཞར་ལ་མ་ངེས་པ་བཤད་པ་དང་། སེམས་གང་གི་འཁོར་དུ་སེམས་བྱུང་དུ་འབྱུང་བ་བཤད་པ་དང་། འདྲ་བ་ལྟ་བུའི་སེམས་བྱུང་རྣམས་ཀྱི་ཁྱད་པར་བཤད་པ་དང་། སེམས་དང་སེམས་བྱུང་གི་མིང་གི་རྣམ་གྲངས་བཤད་པ་ལྔའི་དང་པོ་ལའང་ལྔ་ལས་སེམས་ཀྱི་ས་མང་པོ་པ་བཤད་པའི་ཚོར་བའི་མཚན་ཉིད་དང་དབྱེ་བ་ནི་བཤད་ཟིན་ལ། ལས་ནི་(སའི་དངོས་གཞི་ལས། ཚོར་བ་ལས་ཅི་བྱེད་ཅེ་ན། སྲེད་པ་སྐྱེ་བ་དང་། བཏང་སྙོམས་སུ་འཇོག་པའི་ལས་བྱེད་དོ་ཞེས་འབྱུང་བས་བདེ་སྡུག་གི་)སྲེད་པའི་རྟེན་བྱེད་(ལ་ཟག་མེད་དང་། ཐ་མས་བཏང་སྙོམས་སུ་འཇོག་)པའོ། །སེམས་པ་ནི་གང་ཞིག་ཡོད་ན་ཁབ་ལེན་གྱིས་ལྕགས་ལྟར་ཡུལ་དྲུག་ལ་དམིགས་ནས་སེམས་མངོན་པར་འདུ་བྱེད་ཅིང་སེམས་དམིགས་པ་ལ་གཡོ་བར་བྱེད་པ་ཡིད་ཀྱི་ལས་ཏེ། ཇི་སྐད་དུ་། སྐད་ཅིག་གཞན་དུ་མི་གནས་ཤིང་། བྱེད་མེད་ཡིད་ཀྱང་གང་གིས་ན། །བྱེད་དང་བཅས་པར་སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས་ཞེས་བཤད་དོ། །དབྱེ་ན་སེམས་པའི་ཚོགས་དྲུག་གོ། བྱེད་ལས་ནི་ལུས་ངག་གི་ལས་ཀུན་ནས་སློང་བར་བྱེད་པའོ། །འདུ་ཤེས་ཀྱི་མཚན་ཉིད་དང་དབྱེ་བ་ནི་བཤད་ཟིན་ལ། བྱེད་ལས་(སའི་དངོས་གཞི་ལས་འདུ་ཤེས་ལས་ཅི་བྱེད་ཅེ་ན་དམིགས་པ་ལ་མཚན་མ་འཛིན་པའི་ཐ་སྙད་ཀྱི་ལས་བྱེད་དོ་ཞེས་འབྱུང་བས།) ཐ་སྙད་འདོགས་པར་བྱེད་པའོ། །
འདུན་པ་ནི་ཡུལ་དྲུག་ལ་དམིགས་ནས་བྱེད་འདོད་པ་སྟེ་དམིགས་པའི་ཡུལ་དོན་དུ་གཉེར་བའོ། །དབྱེ་བ་ནི་འདས་པ་ལ་ཕྲད་པ་དང་། ད་ལྟར་བ་ལ་མི་འབྲལ་བ་དང་། མ་འོངས་པ་ལ་དོན་དུ་གཉེར་པར་འདུན་པ་སྟེ། བརྩོན་འགྲུས་རྩོམ་པའི་ལས་ཅན་ནོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་དཔྱོད་པ་སྟེ། དབྱེ་ན་རེག་པའི་ཚོགས་དྲུག་གོ། ལས་ནི་ཚོར་བའི་རྟེན་བྱེད་པའོ། །བློ་གྲོས་ནི་ཤེས་རབ་སྟེ། ཟག་བཅས་ཟག་མེད་ལ་སོགས་པའི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དབྱེ་ན་སྐྱེས་ཐོབ་དང་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་བཞིའམ། (ཡང་ན་སའི་དངོས་གཞི་ལས་འབྱུང་བའི་ཕྱིན་ཅིི་ལོག་བཞི་དང་བྲལ་བའི་དགེ་བའི་ཟག་བཅས་ཟག་མེད་དང་། དེ་ལས་བཟློག་པ་དང་། ལུང་མ་བསྟན་གྱི་ཤེས་རབ་ཀྱིས་ཆོས་ལ་ཉེ་བར་སེམས་པ་རྣམས་ནི་རིམ་པ་ལྟར།)རིགས་པས་བསྐྱེད་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། དེ་གཉིས་ལས་གཞན་པ་གསུམ་མོ། །བྱེད་ལས་ནི་སོམ་ཉི་ཟློག་པའི་ལས་ཅན་ནོ། །འོ་ན་སོམ་ཉི་དང་ལྡན་པའི་སེམས་ལ་ཤེས་རབ་ཡོད་ན་སོམ་ཉི་མེད་པར་འགྱུར་ལ། མེད་ན་དེ་སེམས་ཀྱི་ས་མང་པོ་པར་མི་འགྱུར་རོ་ཞེ་ན། སོམ་ཉི་དང་ལྡན་པའི་སེམས་ལའང་ཤེས་རབ་ཅུང་ཟད་ཡོད་མོད་ཀྱི་དེ་ཤས་ཆུང་ལ། སོམ་ཉི་ཤས་ཆེ་བའི་ཕྱིར་དེ་མེད་པར་ཡང་མི་འགྱུར་ཏེ་བ་ཚྭ་ཅན་གྱི་རྒྱ་མཚོ་དང་འདྲེས་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བཞིན་ནོ། །དེ་བཞིན་དུ་ཁྲོ་བ་དང་ལྡན་པའི་སེམས་ལ་འདུན་པ་དང་། རྣམ་གཡེང་དང་ལྡན་པ་ལ་ཏིང་ངེ་འཛིན་དང་། བརྗེད་ངས་དང་ལྡན་པ་ལ་དྲན་པ་དང་། མ་དད་པ་ལ་མོས་པ་ཡོད་དམ་མེད་ཅེས་བྱ་བ་ལ་སོགས་པའི་དཔྱད་པའང་ཤེས་པར་བྱའོ། །
སྡེ་པ་གཞན་གྱིས་ནི་དེ་ལྟ་བུའི་ཉེས་པ་ཡོད་པའི་ཕྱིར་འདུན་པ་ལ་སོགས་པ་ལྔ་ནི་ཡུལ་སོ་སོར་ངེས་པ་ཡིན་གྱི་ཀུན་དུ་འགྲོ་བ་ནི་མ་ཡིན་ནོ་ཞེས་བཞེད་དོ། །དྲན་པ་ནི་དམིགས་པ་མི་བརྗེད་པ་སྟེ། དབྱེ་ན་ཉོན་མོངས་ཅན་དང་དེ་མ་ཡིན་པ་གཉིས་སོ། །ལས་ནི་དམིགས་པ་ལ་སེམས་མི་གཡེང་པར་བྱེད་པའོ། ཡིད་ལ་བྱེད་པ་ནི་སེམས་ཡུལ་ལ་གཏོད་པའི་སེམས་ཀྱི་འཇུག་པ་སྟེ། དབྱེ་ན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་གཉིས་སོ། །ལས་ནི་མདོ་ལས། ཡིད་ལ་བྱེད་པ་ཐོབ་པ་ནི་ཏིང་ངེ་འཛིན་ཐོབ་པའོ། །ཞེས་འབྱུང་བས་དམིགས་པ་ལ་སེམས་འཛིན་པར་བྱེད་དོ། །མོས་པ་ནི་འདོད་པའམ་དམིགས་པ་ལ་ཡོན་ཏན་ཅན་དུ་འཛིན་པ་སྟེ། དབྱེ་ན་ཡང་དག་པར་མོས་པ་དང་། ལོག་པར་མོས་པ་གཉིས་སོ། །ལས་ནི་སློབ་དཔོན་བློ་གྲོས་བརྟན་པས་མོས་པ་གཅེས་སུ་བྱེད་པ་ནི་ཕས་ཀྱི་རྒོལ་བ་རྣམས་ཀྱིས་རང་གི་གྲུབ་པའི་མཐའ་ལས་འཕྲོག་པར་མི་ནུས་སོ་ཞེས་བཤད་པས་དམིགས་པ་ལས་མི་འཕྲོགས་པར་བྱེད་པའོ། །
ཏིང་ངེ་འཛིན་ནི་དམིགས་པ་གཅིག་ལ་རྣམ་པ་གཅིག་ཏུ་འཇུག་པའི་རྩེ་གཅིག་པ་སྟེ། འདིར་རྩེ་ནི་དམིགས་པའོ། དབྱེ་ན་ས་དགུ་ན་ཏིང་ངེ་འཛིན་དགུ་དང་། འཇིག་རྟེན་ལས་འདས་པ་སྟེ་བཅུའོ། །ལས་ནི་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འབྱུང་བས་ཇི་ལྟ་བར་ཤེས་པའི་རྟེན་བྱེད་པའོ། །བཅུ་པོ་དེ་དག་ནི་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་སེམས་ཀྱི་ས་མང་པོ་བ་ཞེས་བྱའོ། །གལ་ཏེ་སེམས་ཐམས་ཅད་ལ་དེ་དག་འབྱུང་ན་འདུན་པ་དང་མོས་པ་དང་དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་བསྐྱེད་པའི་ཕྱིར་བརྟུལ་ཞུགས་ཅན་རྣམས་བརྩོན་པ་དོན་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་དག་ཁྱད་པར་ཅན་བསྐྱེད་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །གལ་ཏེ་སེམས་གཅིག་ལ་དེ་ལྟ་བུའི་ཐ་དད་པ་བཅུ་ནི་མ་དམིགས་སོ་ཞེ་ན། འདི་དག་གི་ཁྱད་པར་ནི་ཡིད་ཆེས་པའི་ལུང་ལས་ཤེས་པར་བྱ་བ་ཡིན་གྱི་ཕྲ་བས་རྟོགས་པར་དཀའ་བའི་ཕྱིར་དབང་པོའི་ཡུལ་ནི་མ་ཡིན་ཏེ། གང་དག་དབང་པོའི་ཡུལ་དུ་གྱུར་པ་སྦྱར་བའི་སྨན་ལ་སོགས་པ་གཟུགས་ཅན་རྣམས་ལའང་ཐ་དད་པའི་ཁྱད་པར་གཟུང་བར་མི་ནུས་ན་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ལྟ་ཅི་སྨོས། དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས་དེ་ནི་རེ་ཞིག་རྒྱུན་རྣམས་ལ་ཡང་ཡོངས་སུ་བཅད་པར་དཀའ་ན་སྐད་ཅིག་མ་དག་ལ་ལྟ་སྨོས་ཀྱང་ཅི་དགོས། རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ལ་ཡང་རོ་མང་པོ་ཁ་ཅིག་གི་རོའི་ཁྱད་པར་དབང་པོས་གཟུང་བར་བྱ་བ་རྣམས་ངེས་པར་གཟུང་བར་དཀའ་ན་ཆོས་གང་དག་གཟུགས་ཅན་མ་ཡིན་ཞིིང་བློས་གཟུང་བར་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བཤད་དོ། །གལ་ཏེ་ཁྱད་པར་མ་མཐོང་བ་ཙམ་གྱིས་ཐ་དད་མེད་པར་རྟོག་ན་ཀུན་དུ་འགྲོ་བ་ལྔར་སྨྲ་བ་རྣམས་ལའང་མཚུངས་པའི་ཕྱིར་རོ། །
ལུང་ལས་ཇི་སྐད་དུ་བཤད་ཅེ་ན། དྲན་པ་ཉེར་གཞག་གི་མདོ་ལས། འདི་ལྟར་ས་ཆེན་པོའི་ཆོས་བཅུ་ནི་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་དང་འདུན་པ་དང་མོས་པ་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ་དེ་ལྟར་དམིགས་པ་གཅིག་ལ་མཚན་ཉིད་གཞན་དུ་འདོད་དོ། །རྣམ་པར་ཤེས་པ་ལ་སོགས་པ་ཆོས་བཅུ་གཅིག་པོ་དེ་དག་ཀྱང་ཇི་ལྟར་ཉི་མའི་འོད་ཟེར་གཅིག་ཏུ་འདུ་ཡང་འོན་ཀྱང་ངོ་བོ་ཉིད་གཞན་ཡིན་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་གཞན་པ་ནས་སེམས་པའི་བར་དུ་གཞན་ནོ་ཞེས་ས་མང་པོ་པ་བཅུ་ཡིན་པ་དང་། སེམས་སེམས་བྱུང་དེ་དག་རྫས་ཐ་དད་མིན་པར་ཡང་བཤད་པའི་ཕྱིར་རོ། །
གཉིས་པ་དགེ་བའི་ས་མང་པོ་བ་བཤད་པའི་དད་པ་ནི་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྙོག་པ་དང་བྲལ་པར་བྱེད་པའི་དང་བ་སྟེ། དབྱེ་ན་ལས་འབྲས་ལ་ཡིད་ཆེས་པ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དང་བ་དང་། བདེན་བཞི་ལ་སྤང་ཞིང་བསྒྲུབ་པར་འདོད་པའོ། །ལས་ནི་འདུན་པ་བསྐྱེད་པར་བྱེད་པའོ། །བག་ཡོད་པ་ནི་དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་གཅེས་སྤྲས་སུ་བྱེད་ཅིང་སྒོམ་པ་(འམ་ཟག་པ་དང་ཟག་པའི་གནས་ལས་སེམས་བསྲུང་།) སྟེ། དབྱེ་ན་བསོད་ནམས་དང་ཐར་པ་དང་ངེས་འབྱེད་ཆ་མཐུན་དང་ཟག་མེད་ཀྱི་དགེ་བ་སྒོམ་པའི་བག་ཡོད་པ་བཞིའོ། །ལས་ནི་འཇིག་རྟེན་དང་དེ་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པར་བྱེད་པའོ། །
ཤིན་ཏུ་སྦྱངས་པ་ནི་སེམས་དམིགས་པ་ལ་གཏད་བཟོད་པའི་ལས་སུ་རུང་བ་སྟེ། དབྱེ་ན་ལུས་ཤིན་ཏུ་སྦྱངས་པ་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བ་དང་། སེམས་ཤིན་ཏུ་སྦྱངས་པ་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་གཉིས་སོ། །ཡང་ན་ལུས་ཤིན་ཏུ་སྦྱངས་པ་ལུས་ཤིང་བལ་ལྟར་ཡང་བ་དང་རྐེད་པ་གསེར་གྱི་དོང་ཚེ་བརྩེགས་པ་ལྟར་མཉམ་པ་ལ་སོགས་པ་ལུས་ཉིད་ལས་སུ་རུང་བ་ཡིན་པའི་ཕྱིར་སེམས་ལས་བྱུང་བ་ནི་མ་ཡིན་ནོ། །འགྲེལ་པ་ལས་ཀྱང་། ལུས་ཤིན་ཏུ་སྦྱངས་པ་དེས་སེམས་ལས་སུ་རུང་བ་བྱང་ཆུབ་ཀྱི་ཡན་ལག་འདྲེན་པར་བྱེད་པས་དེ་དང་མཐུན་པའི་ཕྱིར་དེ་ལའང་བྱང་ཆུབ་ཀྱི་ཡན་ལག་ཏུ་བཏགས་ནས་བརྗོད་དེ། དཔེར་ན་མདོ་ལས། དགའ་བ་དང་དགའ་བའི་གནས་ལྟ་བུའི་ཆོས་རྣམས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པ་དང་། ཁོང་ཁྲོ་བ་དང་ཁོང་ཁྲོ་བའི་རྒྱུ་མཚན་གནོད་སེམས་ཀྱི་སྒྲིབ་པར་གསུངས་པ་དང་། ཡང་དག་པའི་རྟོག་པ་དང་རྩོལ་བ་ཤེས་རབ་ཀྱི་རང་བཞིན་མ་ཡིན་ཡང་དེ་དག་མཐུན་པས་ཤེས་རབ་ཀྱི་ཕུང་པོར་བརྗོད་པ་བཞིན་ནོ་ཞེས་བཤད་དོ། །
ལས་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པའོ། །(འདུ་བྱེད་)བཏང་སྙོམས་ནི་སེམས་བྱིང་རྒོད་དང་བྲལ་བའི་རྣལ་དུ་འདུག་པ་སྟེ། དབྱེ་ན་ཐོག་མར་རེས་འགའ་བྱིང་རྒོད་འབྱུང་བའི་མཉམ་པ་ཉིད་དང་། བར་དུ་དྭོགས་པ་ཡོད་ཀྱང་མི་འབྱུང་བའི་རྣལ་དུ་གནས་པ་དང་། ཐ་མར་དྭོགས་པའང་མེད་པའི་ལྷུན་གྱིས་གྲུབ་པ་གསུམ་མོ། །ལས་ནི་ཟག་པ་རྣམས་ཀྱི་སྐབས་མི་འབྱེད་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་འཆད་པར་འགྱུར་ལ། དེ་དག་གི་ལས་ནི་ཉེས་སྤྱོད་སྡོམ་པའོ། །རྩ་བ་གཉིས་ནི་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་སྟེ། གཏི་མུག་མེད་པ་ནི་ཤེས་རབ་ཀྱི་ཆ་ལ་བཏགས་པའི་ཕྱིར་འདིར་མ་བརྗོད་དོ། །
འདིར་མ་ཆགས་པ་དང་འདོད་ཆགས་མེད་པ་ཞེས་པའི་མ་དང་མེད་ཅེས་པ་ནི་མེད་པ་དང་། གཞན་པ་དང་། གཉེན་པོ་གསུམ་ལ་འཇུག་པ་ལས་འདིར་ནི་ཆགས་པའི་གཉེན་པོ་ལ་འཇུག་གི་མེད་པ་དང་གཞན་པ་ལ་ནི་མི་འཇུག་གོ། དེ་བཞིན་དུ་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ལའང་བརྗོད་པར་བྱའོ་ཞེས་བྱེ་བཤད་ལས་བཤད་དོ། །
དེ་དག་གི་ལས་ནི་སྲོག་གཅོད་པ་ལ་སོགས་པ་ཉེས་སྤྱོད་ལ་མི་འཇུག་པར་བྱེད་པའོ། །རྣམ་པར་མི་འཚེ་བ་ནི་སྙིང་བརྩེ་བ་སྟེ། དབྱེ་ན་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །སེམས་ཅན་ལ་དབྱུགས་པ་ལ་སོགས་པས་ཐོ་མི་འཚམ་པའི་ལས་ཅན་ནོ། །བརྩོན་འགྲུས་ནི་དགེ་བའི་བྱ་བ་ལ་སེམས་མངོན་པར་སྤྲོ་བ་སྟེ། མི་དགེ་བའི་བྱ་བ་ལ་སེམས་མངོན་པར་སྤྲོ་བ་ནི་བརྩོན་འགྲུས་མ་ཡིན་གྱི་བྱ་བ་ངན་ཞེན་གྱི་ལེ་ལོ་ཡིན་ཏེ། མདོ་ལས། འདི་ལས་ཕྱི་རོལ་པ་རྣམས་ཀྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལེ་ལོ་ཁོ་ན་ཡིན་ནོ། །ཞེས་གསུངས་པས་བརྩོན་འགྲུས་དམན་པ་ལ་དགག་པའི་སྒྲར་བརྗོད་དོ། །དབྱེ་བ་ནི་(ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་ལས། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འགོང་ཆོག་མི་ཤེས་བརྩོན་འགྲུས། །ཞེས་པ་ལྔའམ། ཀུན་ལས་བཏུས་ལས་ནི་གོ་ཆ་དང་། སྦྱོར་བ་དང་། མི་འགོང་པ་དང་། མི་ལྡོག་པ་དང་། ཆོག་པར་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ་སྟེ་ཞེས་པ་ལྔ་དང་། ཡང་ན་)གོ་ཆ་དང་སྦྱོར་བ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་གསུམ་མོ། །ལས་ནི་དགེ་བ་ཐམས་ཅད་རྫོགས་པར་བྱེད་པའོ། །བཅུ་པོ་འདི་དག་ནི་རྟག་ཏུ་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་དགེ་བའི་ས་མང་པོ་པ་དག་ཅེས་བྱའོ། །གལ་ཏེ་དད་པ་ནི་དགའ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། སྙིང་བརྩེ་བ་ནི་ཡིད་གདུང་བ་ཡིན་པའི་ཕྱིར་སེམས་གཅིག་གི་འཁོར་དུ་དེ་དག་ཇི་ལྟར་འབྱུང་བར་འགྱུར། དེ་བཞིན་དུ་ཡིད་ལ་བྱེད་པ་རྩོལ་བཅས་དང་བཏང་སྙོམས་རྩོལ་མེད་དང་། འདོད་ཁམས་པ་རྣམས་ནི་རྣམ་པར་གཡེང་བ་དང་བཅས་པའི་ཕྱིར་ཤིན་ཏུ་སྦྱངས་པ་འབྱུང་བར་ཇི་ལྟར་འགྱུར་ཞེ་ན། དེ་དག་ཤས་ཆེ་ཆུང་མ་གཏོགས་པ་ཆ་ཤས་ཀྱིས་ཐམས་ཅད་ལ་འབྱུང་བར་འདོད་དོ་ཞེས་སྔར་བཤད་ཟིན་ཏོ། །སྡེ་པ་གཞན་གྱིས་ནི་འདི་དག་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་གྱི་དགེ་བའི་སེམས་ཐམས་ཅད་ལ་ནི་འདི་དག་གིས་ཁྱབ་པ་མ་ཡིན་ནོ་ཞེས་བྱ་བར་བཞེད་པ་ཉིད་རིགས་པ་ཡིན་ནོ། །
གསུམ་པ་ཉོན་མོངས་པའི་ས་མང་པོ་པའི་རྨོངས་པ་ནི་ལས་འབྲས་དང་བདེན་པ་དང་དཀོན་མཆོག་ལ་སོགས་པ་མི་ཤེས་ཤིང་མི་གསལ་བ་སྟེ་རྨོངས་པ་དང་མ་རིག་པ་དང་གཏི་མུག་ཅེས་བྱ་བ་ནི་རྣམ་གྲངས་ཏེ། ལས་ནི་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །བག་མེད་པ་ནི་བག་ཡོད་པའི་མི་མཐུན་ཕྱོགས་དགེ་བ་མི་སྒོམ་ཞིང་ཟག་བཅས་ལས་སེམས་མི་བསྲུང་བ་སྟེ། ལས་ནི་ཉེས་སྤྱོད་ཀྱི་རྟེན་བྱེད་པའམ། མི་དགེ་བ་འཕེལ་བ་དང་དགེ་བ་འགྲིབ་པར་བྱེད་པའོ། །
ལེ་ལོ་ནི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དགེ་བ་ལ་སེམས་མངོན་པར་མི་སྤྲོ་བ་སྟེ། ལས་ནི་དགེ་བ་ལ་སྦྱོར་བའི་བར་དུ་གཅོད་པ་ཉིད་དོ། །མ་དད་ནི་དད་པའི་མི་མཐུན་ཕྱོགས་སེམས་མ་དད་པ་སྟེ། (དབྱེ་ན་བྱ་བ་ངན་ཞེན་དང་། སྒྱིད་ལུག་པ་དང་། སྙོམ་ལས་འཛིན་པའི་ལེ་ལོ་སྟེ་གསུམ་མོ། །)ལས་ནི་ལེ་ལོའི་རྟེན་བྱེད་པའོ། །རྨུགས་པ་ནི་ལུས་སེམས་ལྕི་ཞིང་དམིགས་པ་མི་གསལ་བའི་བློང་བློང་པོ་སྟེ་ལུས་སེམས་ལས་སུ་མི་རུང་བའོ། །དབྱེ་ན་(སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་ཀྱི་འཁོར་དུ་འབྱུང་བ།) ལུས་སེམས་ཀྱི་རྨུགས་པ་གཉིས་སོ། །དེ་ལ་ལུས་ཀྱི་རྨུགས་པ་ནི་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་འབྱུང་བའོ། །ལས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ཐམས་ཅད་ཀྱི་གྲོགས་བྱེད་པའོ། །
རྒོད་པ་ནི་སེམས་མ་ཞི་བར་དམིགས་པ་ལས་གཞན་དུ་འཕྲོ་བ་སྟེ། ལས་ནི་ཞི་གནས་ཀྱི་བར་དུ་གཅོད་པ་ཉིད་དོ། །དྲུག་པོ་དེ་དག་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ལ་རྟག་ཏུ་འབྱུང་བའི་ཕྱིར་ཉོན་མོངས་པའི་ས་མང་པོ་བ་ཡིན་ནོ། །གལ་ཏེ་རྒོད་པ་ནི་དམིགས་པ་ལ་གསལ་བར་འཇུག་ལ། རྨོངས་པ་དང་རྨུགས་པ་དག་ནི་མི་གསལ་བར་འཇུག་པའི་ཕྱིར་སེམས་གཅིག་ལ་དེ་དག་ཇི་ལྟར་འབྱུང་ཞེ་ན། འདི་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །འོ་ན་མངོན་པའི་བསྟན་བཅོས་ལས་རྨུག་པ་མི་འབྱུང་ལ། བརྗེད་ངས་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་དང་། རྨོངས་པ་ལ་སོགས་པ་ལྔ་སྟེ་བཅུ་འབྱུང་བའི་སྔ་མ་ལྔ་འདིར་མི་འཆད་པ་ཅི་སྟེ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྨུགས་པ་ནི་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཕྱིར་མངོན་པ་ལས་མ་སྨོས་ལ། བརྗེད་ངས་ལ་སོགས་པ་ནི་དྲན་པ་ལ་སོགས་པ་ལ་བཏགས་པ་ཡིན་པའི་ཕྱིར་འདིར་མ་སྨོས་སོ་ཞེས་སོ་ཞེས་བྱ་བར་འདོད་ལ། སློབ་དཔོན་ནི་རྨུགས་པའང་རྒོད་པ་དང་འདྲ་བར་ཏིང་ངེ་འཛིན་དང་མི་མཐུན་པས་འདིར་སྨོས་སོ་ཞེས་བཞེད་དོ། །(གྲངས་མང་པོ་པ་ཡིན་པ་དེ་དག་ཉོན་མོངས་པའི་ས་མང་པོ་བ་ཡང་ཡིན་ནམ་ཞེ་ན་མུ་བཞི་སྟེ། དང་པོ་ནི་ཀུན་འགྲོ་ལྔའོ། །གཉིས་པ་ནི་མ་དད་པ་ལ་སོགས་པ་ལྔའོ། །གསུམ་པ་ནི་དྲན་པ་ཉོན་མོངས་ཅན་ལ་སོགས་པ་ཡུལ་ངེས་ལྔའི་ཟློག་ཕྱོགས་སོ། །བཞི་པ་ནི་དེ་དག་ལས་གཞན་ནོ། །)
བཞི་པ་མི་དགེ་བའི་ས་མང་པོ་པ་ནི། མི་དགེ་བའི་སེམས་ཐམས་ཅད་ལ་ནི་ཁྲེལ་མེད་པ་དང་ངོ་ཚ་མེད་པ་གཉིས་པོ་འདི་དག་གིས་ཁྱབ་བོ་ཞེས་ཤེས་པར་བྱའོ་ཞེས་བྱ་བ་སྟེ། དེ་དག་ནི་འཆད་པར་འགྱུར་ལ། ལས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པ་ཉིད་དོ། །ལྔ་པ་ཉོན་མོངས་པ་ཆུང་ངུའི་ས་པའི་ཁྲོ་བ་ནི་གནོད་པ་བྱེད་པའི་སེམས་ཅན་ལ་སོགས་པ་མངོན་དུ་གྱུར་བ་ལ་སེམས་ཁོང་ནས་འཁྲུག་པ་སྟེ། ཐོ་འཚམས་པའི་ལས་ཅན་ནོ། །
ཁོན་དུ་འཛིན་པ་ནི་ཁྲོས་པའི་འོག་ཏུ་དེ་ལ་རྒྱུན་དུ་འཛིན་པ་སྟེ། ལས་ནི་མི་བཟོད་པའི་རྟེན་བྱེད་པའོ། །གཡོ་ནི་(རང་གིས་བྱས་པའི་ཉེས་པ་ལ།) ཉེས་པར་ཁས་མི་ལེན་པར་སེམས་གྱ་གྱུ་(ཞིང་གཏམ་རླུང་ལ་བསྐུར།) བ་སྟེ། ཡང་དག་པའི་གདམས་ངག་རྙེད་པ་ལ་བར་དུ་གཅོད་པའི་ལས་ཅན་ནོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྟེ། བློ་མི་བདེ་བའི་རྟེན་བྱེད་པའོ། །འཚིག་པ་ནི་སྡིག་པ་ལ་མངོན་པར་ཞེན་པའོ། །ཕུང་པོ་ལྔ་པ་ལས་ནི་འཚིག་པ་གང་ཞེ་ན། ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ་ཞེས་ཁྲོས་པའི་སེམས་ཀྱིས་ཚིག་བརླང་པོར་ཞེར་འདེབས་པ་ཞེ་སྡང་གི་ཆར་གཏོགས་པ་ལ་བཤད་དེ་དེ་ཉིད་རིགས་པ་ཡིན་ནོ། །ལས་ནི་ངག་གི་ཉེས་སྤྱོད་སྐྱེད་པ་དང་། བདེ་བ་ལ་རེག་པར་མི་གནས་པ་དང་། བསོད་ནམས་མ་ཡིན་པ་འཕེལ་བར་བྱེད་པའོ། །དེའི་ཕྱིར་སློབ་དཔོན་བློ་གྲོས་བརྟན་པས་དེ་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀའ་བའི་ཕྱིར་རོ་ཞེས་བཤད་དོ། །
འཆབ་པ་ནི་ཉེས་པ་སྦེད་ཅིང་གསོང་བ་སྟེ། ལས་ནི་ཉེས་པ་བཅབས་ན་འགྱོད་ཅིང་ངེས་པར་ཡིད་མི་བདེ་འབྱུང་བས་འགྱོད་པ་དང་། བདེ་བ་ལ་རེག་པར་མི་གནས་པའི་རྟེན་བྱེད་པའོ། །སེར་སྣ་ནི་ཆོས་དང་ཟང་ཟིང་དང་(ཡོན་ཏན་གྱི་སེར་སྣ།) མཁས་པའི་དངོས་པོ་རྣམས་ལ་ཆགས་ནས་གཞན་ལ་མི་གཏོང་བར་འཛིན་པ་སྟེ། ཡོ་བྱད་མི་བསྙུངས་པར་བྱེད་པའི་ལས་ཅན་ནོ། །སྒྱུ་ནི་རྙེད་བཀུར་བ་ལ་སོགས་པ་ལ་ཆགས་ནས་རང་ལ་ཡོན་ཏན་ཡོད་པ་ལྟར་འཆོས་པ་སྟེ། ལས་ནི་ལོག་འཚོའི་རྟེན་བྱེད་པའོ། །རྒྱགས་པ་ནི་སྟོན་པར་འགྱུར་ལ། དེའི་ལས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །རྣམ་པར་འཚེ་བ་ནི་སེམས་ཅན་དག་སྡུག་བསྔལ་བར་འདོད་པ་སྟེ། ཐོ་འཚམ་པའི་ལས་ཅན་ནོ། །དེ་ལྟར་རྣམ་པ་བཅུ་པོ་དེ་དག་ནི་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ། རྩ་བའི་ཉོན་མོངས་པ་(གཞན་དང་མཚུངས་པར་མི་ལྡན་ལ་རང་དབང་ཅན་ཡིན་པས་གྲོགས།) མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང་། (བདེན་པ་ལ་ལོག་པར་མི་རྟོགས་པས།) སྤང་བྱ་སྒོམ་སྤང་ཁོ་ན་དང་། སྒོམ་སྤང་གི་ཡིད་ཀྱི་རྣམ་ཤེས་ཁོ་ན་དང་མཚུངས་པར་ལྡན་(པའི་ཡིད་ཀྱི་ས་པ་ཡིན།) པའི་ཕྱིར་རོ། །
གཉིས་པ་ཞར་ལ་མ་ངེས་པ་བཤད་པ་ནི་འོ་ན་སློབ་དཔོན་གང་སྤེལ་དང་དབྱིག་བཤེས་ཀྱི་ཊཱིཀ་ལས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་པ་དག་ཀྱང་སེམས་ལས་བྱུང་བའི་དབྱེ་བར་ཅིའི་ཕྱིར་མ་བཤད་ཅེ་ན། ངེས་པ་རྣམས་དངོས་སུ་བཤད་པ་ཉིད་ཀྱིས་དེ་དག་མ་ངེས་པར་ཤུགས་ལ་གོ་བའི་ཕྱིར་མ་བཤད་དོ། །
ཇི་ལྟར་མ་ངེས་ཤེ་ན། རེ་ཞིག་(སྡེ་ཚན་དང་པོ་བཞི་ནི་མ་ངེས་ཏེ། རིམ་པ་ལྟར་རོ། །)ས་མང་པོ་བ་ནི་མ་ཡིན་ཏེ། སེམས་ཐམས་ཅད་ཀྱི་འཁོར་དུ་མི་འབྱུང་བའི་ཕྱིར་རོ། །དགེ་བའི་ས་པའང་མ་ཡིན་ཏེ། དགེ་བ་ཐམས་ཅད་ཀྱི་འཁོར་དུ་མི་འབྱུང་བའི་ཕྱིར་རོ། །ཉོན་མོངས་པའི་ས་པའང་མ་ཡིན་ཏེ། ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར་རོ། །མི་དགེ་བའི་ས་པའང་མ་ཡིན་ཏེ། མི་དགེ་བ་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར་རོ། །ཉོན་མོངས་པ་ཆུང་ངུའི་ས་པའང་མ་ཡིན་ཏེ། (ཉོན་མོངས་ཆུང་ངུའི་ས་པར་མི་འཇོག་པའི་རྒྱུ་མཚན་)རྟོག་དཔྱོད་ལ་གསུམ་ཆར་དང་། འགྱོད་པ་ལ་དང་པོ་དང་། གཉིད་ལ་དང་པོ་གཉིས་(མེད་དེ་སྤང་བྱ་གཉིས་ཀ་ཡིན་པས།) དང་། ཆགས་སྡང་ལ་ཐ་མ་གཉིས་(སུ་མ་ངེས་པས།) དང་། ང་རྒྱལ་(སྤང་བྱ་གཉིས་ཀ།) དང་ཐེ་ཚོམ་(མཐོང་སྤང་ཡིན་པས་དེ།) ལ་བར་མ་མེད་པས་མ་རིག་པ་ཙམ་དང་སྒོམ་སྤང་ཙམ་དང་ཡིད་ཙམ་དང་མཚུངས་པར་ལྡན་པ་ཁོ་ན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རྒྱུ་མཚན་ཡང་གང་ལས་ཤེ་ན། གསུམ་པ་སེམས་གང་གི་འཁོར་དུ་སེམས་བྱུང་དུ་འབྱུང་བ་བསྟན་པ་ནི་འདོད་པའི་ཁམས་ན་(དགེ་བ་དང་མི་དགེ་འདྲེས་མ་འདྲེས་གཉིས་དང་། ལུང་མ་བསྟན་བསྒྲིབས་མ་བསྒྲིབས་གཉིས་ཏེ་སེམས་ལྔ་ཡོད་པ་ལས།) དགེ་བའི་སེམས་ཐམས་ཅད་ལ་ནི་སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་འབྱུང་ངོ་ཞེས་སྦྱར་རོ། །ཅི་སྟེ་ན། སྡེ་ཚན་དང་པོ་གཉིས་དང་། རྟོག་པ་དང་དཔྱོད་པ་གཉིས་དང་བཅས་པའི་ཕྱིར་དང་། དགེ་བའི་སེམས་ཡིན་པར་སྡེ་ཚན་ཕྱི་མ་གསུམ་དང་། མ་ངེས་པའི་ཁོང་ཁྲོ་དང་ཆགས་པ་དང་ང་རྒྱལ་དང་ཐེ་ཚོམ་རྣམས་མི་འབྱུང་ལ། གཉིད་དང་འགྱོད་པ་རེས་འགའ་འབྱུང་ཡང་མ་ངེས་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་རྣམས་སུའང་ཅི་རིགས་པར་གཏན་ཚིགས་ཤེས་པར་བྱའོ། །འདོད་པའི་དགེ་བའི་སེམས་ཐམས་ཅད་ལ་འགྱོད་པ་མི་འབྱུང་བས་གང་ལ་འགྱོད་པ་དགེ་བ་ཡོད་པའི་སེམས་ལ་ལ་དག་ཏུ་ནི་འགྱོད་པ་བསྣན་པས་དེ་དང་ཉི་ཤུ་རྩ་གསུམ་དུ་རེག་པར་བྱ་སྟེ། དགེ་བ་མ་བྱས་པ་དང་མི་དགེ་བ་བྱས་པ་ལ་འགྱོད་པ་ནི་དགེ་བ་ཡིན་པའི་ཕྱིར་རོ། །འགྱོད་པ་ནི་ངན་པར་བྱས་པ་ལ་དམིགས་པའི་ཡིད་ལ་གཅགས་པ་ཡིན་ལ། དགེ་བ་ལ་འགྱོད་པ་ལའང་ངན་པར་བློ་ལ་སྣང་བ་དང་། མ་བྱས་པ་ལ་འགྱོད་པའང་བྱ་བར་འོས་པ་མ་བྱས་པ་ལ་ངན་པར་བྱས་པའི་མིང་གིས་བརྗོད་པའི་ཕྱིར་མ་ཁྱབ་པ་མ་ཡིན་ནོ་ཞེས་འཆད་མོད་ཀྱི་དམིགས་པ་ལ་གནོད་པའི་ཡིད་ལ་གཅགས་པ་ཡིན་པར་རིགས་སོ། །ལས་ནི་སེམས་གནས་པའི་བར་དུ་གཅོད་པར་བྱེད་པའོ། །
དེ་ལ་འདིར་འདོད་པ་ན་སྤྱིར་སེམས་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ཅིང་། མི་དགེ་བའི་སེམས་ལའང་འདྲེས་པ་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང་། འདྲེས་པ་ཉོན་མོངས་པ་གཞན་དང་ཡང་མཚུངས་པར་ལྡན་པ་གཉིས་དང་། ལུང་མ་བསྟན་ལའང་བསྒྲིབས་པ་དང་། མ་བསྒྲིབས་པ་གཉིས་ཡོད་པས་ལྔར་འགྱུར་བ་ལས་དེ་ལ་རེ་ཞིག་མི་དགེ་བའི་སེམས་ལ་ནི་(རྩ་ཉོན་གཞན་དག་ཉོན་མོངས་ཅན་ཡིན་པས)མ་འདྲེས་པ་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་(ལའང་ཉི་ཤུར་བྱུང་ལ།) དང་། (གི་སྒྲས་འདྲེས་པ་ལའང་ཉི་ཤུ་འབྱུང་བ་ཡོད་དེ་ཡང་།) འཇིག་ཚོགས་དང་མཐར་འཛིན་ལས་གཞན་པ་ལོག་ལྟ་ལ་སོགས་བལྟ་བ། (ཕྱི་མ།) གསུམ་དང་མཚུངས་པར་ལྡན་པ་(འདྲེས་པ་)ལའང་སེམས་ལས་བྱུང་བ་ཉི་ཤུ་འབྱུང་སྟེ། (སེམས་སེམས་བྱུང་ཡིན་པས།) ས་མང་པོ་པ་བཅུ་དང་། (ཉོན་མོངས་ཅན་ཡིན་པས།) ཉོན་མོངས་པའི་ས་པ་དྲུག་དང་། (མི་དགེ་བ་ཡིན་པས་)མི་དགེ་བ་གཉིས་དང་། (འདོད་སེམས་ཡིན་པས་)རྟོག་དཔྱོད་གཉིས་དང་མཚུངས་པར་ལྡན་པའི་ཕྱིར་དང་། མ་རིག་པ་རང་ཉིད་ནི་(དངོས་སུ་མི་སྨོས་པ་)ཉོན་མོངས་པའི་སར་བགྲངས་ཤིང་། ལྟ་བ་(མི་སྨོས་པ་)ནི་ཤེས་རབ་ཀྱིས་བསྡུས་པས་རྫས་གཞན་ཏུ་མེད་ལ། དགེ་བའི་ས་པ་རྣམས་མི་སྲིད་པའི་ཕྱིར་རོ། །
འདིར་འདྲེས་པ་ནི་རྩ་ཉོན་གཞན་དང་ཡང་མཚུངས་པར་ལྡན་པ་ཡིན་ལ། མ་འདྲེས་པ་ནི་རྩ་ཉོན་མ་རིག་པ་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ཏེ། འགྲེལ་པ་ལས། མ་འདྲེས་པ་ཞེས་བྱ་བ་ནི་སེམས་གང་ལ་མ་རིག་པ་འབའ་ཞིག་ཡོད་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་མེད་པའོ་ཞེས་བཤད་པའི་ཕྱིར་རོ། །(ལྟ་བ་དང་པོ་གཉིས་དང་མཚུངས་ལྡན་ནི་འདིར་མི་གཟུང་སྟེ། མི་དགེ་བ་མ་ཡིན་པའི་ཕྱིར་རོ། །)སེམས་མི་དགེ་བ་ལྟ་བ་དང་ལྡན་པ་ནི་འཇིག་ཚོགས་དང་མཐར་འཛིན་ལས་གཞན་པའི་ལྟ་བ་གསུམ་དང་མཚུངས་པར་ལྡན་པ་ཡིན་ཏེ། དེ་གཉིས་ནི་བསྒྲིབས་ལ་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་བཞི་(པོ་གང་ཡང་རུང་བ།) དང་། ཁྲོ་བ་ལ་སོགས་པ་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་(གང་ཡང་རུང་བ།) དང་། འགྱོད་པ་མི་དགེ་བ་དང་མཚུངས་པར་ལྡན་པའི་སེམས་ལ་ནི་ཉི་ཤུ་རྩ་གཅིག་འབྱུང་། (བ་ནི་སྔར་གྱི་ཉི་ཤུའི་སྟེང་དུ་རང་རང་བསྣན་པ།) སྟེ། སྔར་སྨོས་པའི་ཉི་ཤུ་དང་། འདོད་ཆགས་ལ་སོགས་པ་རེ་རེ་(པོ་རང་ཉིད་)བསྣན་པའི་ཕྱིར་དང་། འདོད་ཆགས་དང་མཚུངས་པར་ལྡན་པ་ནི་མ་རིག་པ་མ་གཏོགས་པ་རྩ་བའི་ཉོན་མོངས་པ་ཁོང་ཁྲོ་ལ་སོགས་པ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར་དང་། ཁོང་ཁྲོ་དང་མཚུངས་པར་ལྡན་པའང་མ་རིག་པ་མ་གཏོགས་པ་རྩ་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གཞན་དང་མཚུངས་པར་མི་ལྡན་ལ། ཁྲོ་བ་ལ་སོགས་པའང་མ་རིག་པ་ཙམ་དང་མཚུངས་པར་ལྡན་གྱི་རྩ་ཉོན་གཞན་དང་དེ་དག་ནང་ཡང་ཕན་ཚུན་མཚུངས་པར་མི་ལྡན་པའི་ཕྱིར་དང་། (འདི་དག་ནི་ཚིག་སྐྱ་ཐུབ་པའི་ཉོན་མོངས་ཡིན་པའི་ཕྱིར་དང་།)
མ་རིག་པ་ནི་ཉོན་མོངས་པའི་ས་པར་བགྲངས་ཟིན་པའི་ཕྱིར་རོ། །དེ་ཡང་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་འདི་དང་མཐུན་པར་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་ཐེ་ཚོམ་རྣམས་ནི་ཕན་ཚུན་མི་མཐུན་པའི་ཕྱིར་ཕན་ཚུན་མཚུངས་པར་མི་ལྡན་ཏེ་ཞེས་མ་རིག་པ་མ་གཏོགས་པ་ཕན་ཚུན་མཚུངས་པར་མི་ལྡན་པར་བཤད་ལ། ཀུན་ལས་བཏུས་ལས་ནི་འདོད་ཆགས་དང་ང་རྒྱལ་དང་ལྟ་བ་རྣམས་ཀྱང་མཚུངས་པར་ལྡན་ཞིང་། ཁོང་ཁྲོ་དང་ཐེ་ཚོམ་ཡང་ཕན་ཚུན་མཚུངས་པར་ལྡན་པར་བཤད་མོད་ཀྱི་འདིར་ནི་མ་རིག་པ་མ་གཏོགས་པ་རྩ་ཉོན་རྣམས་ཕན་ཚུན་མཚུངས་ལྡན་དུ་མི་འདོད་དེ། (གལ་ཏེ་དེ་དག་མཚུངས་པར་ལྡན་ན་འདོད་ཆགས་ལ་སོགས་པ་བཞི་དང་མཚུངས་ལྡན་གྱི་སེམས་ལ་སེམས་བྱུང་ཉི་ཤུ་རྩ་གཉིས་འབྱུང་བར་ཐལ་བ་ལས་ཉི་ཤུ་རྩ་གཅིག་ལས་མི་འབྱུང་བར་བཤད་པས་གནད་དོ། །)འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། མཚུངས་པར་ལྡན་པ་(འི་སེམས་གང་ཡིན་དེ་ནི་བསྒྲིབས་ལ་ལུང་མ་བསྟན་ཡིན་པས།) བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་ལ་ནི་སེམས་ལས་བྱུང་བ་བཅོ་བརྒྱད་འབྱུང་སྟེ། སེམས་ཀྱི་ས་མང་པོ་པ་བཅུ་དང་། ཉོན་མོངས་པའི་ས་པ་དྲུག་དང་། (མ་ངེས་པའི་ས་པའི་)རྟོག་དཔྱོད་གཉིས་དང་བཅས་པའི་ཕྱིར་རོ། །བསྒྲིབས་ལ་ལུང་མ་བསྟན་ལས་གཞན་མ་བསྒྲིབས་ལུང་མ་བསྟན་དང་ལྡན་པའི་སྤྲུལ་སེམས་སོགས་བཞི་ལ་ནི་སེམས་ལས་བྱུང་བ་བཅུ་གཉིས་འབྱུང་བ་དག་ཏུ། (ཁ་ཆེ་བ་)འདོད་དེ། སེམས་ཀྱི་ས་མང་པོ་པ་རྣམས་དང་རྟོག་དཔྱོད་གཉིས་དང་བཅས་པའི་ཕྱིར་རོ། །
གཉིད་ནི་རྒྱུ་ཉམ་ཆུང་བ་དང་ངལ་བ་དང་ལུས་ལྕི་བ་དང་མུན་པའི་མཚན་མ་ཡིད་ལ་བྱེད་པ་དང་ཁ་ཟས་ལ་སོགས་པ་ལ་བརྟེན་ནས་ལུས་འཛིན་མི་ནུས་པར་འཇུག་པ་རང་དབང་མེད་པར་དབང་པོ་ལ་སེམས་སྡུད་པ་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །དེ་ལྟ་བུ་དེ་ནི་ཀུན་སློང་དང་མཚུངས་ལྡན་གྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ག་སྲིད་པས་དགེ་མི་དགེའི་སེམས་དང་བསྒྲིབས་པ་དང་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་ཀུན་ལ་མི་འགལ་བར་འབྱུང་སྲིད་པའི་ཕྱིར་སེམས་གང་ལ་གཉིད་ཡོད་པ་དེ་དག་ལ་གཉིད་དེས་བསྣན་ཏེ་བགྲང་བར་བྱའོ། །དེ་ལྟར་ན་ཉི་ཤུ་དང་ལྡན་པ་ལ་ནི་ཉི་ཤུ་རྩ་གཅིག་ལ་སོགས་པ་འབྱུང་ངོ་། །ཉི་འོག་བྱེ་བྲག་ཏུ་སྨྲ་བ་དང་སྡེ་པ་གཞན་དག་ནི་འགྱོད་པའང་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་དུ་འགྱུར་བ་སྲིད་པའི་ཕྱིར་གཉིད་དང་འདྲ་བར་འདོད་དེ། །དེ་ལ་འགྱོད་པ་ལུང་མ་བསྟན་ནི་བྱས་པའམ་མ་བྱས་པ་ལ་ཡིད་ལ་གཅགས་པ་སྟེ་ངས་མ་ཞུ་བར་ཅིའི་ཕྱིར་ཟས་ཟོས་ཞེས་པའམ། རྩིག་པ་དེ་ལ་ཅི་སྟེ་རི་མོ་མ་བྲིས་སྙམ་པ་ཡིན་ལ། དེ་དང་མཚུངས་ལྡན་གྱི་ཡིད་མི་བདེ་བའང་ཡིད་བདེ་དང་འདྲ་བར་ལུང་མ་བསྟན་དུ་འདོད་དོ། །དེ་དག་གི་ལྟར་ན་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་འགྱོད་པ་དང་མཚུངས་པར་ལྡན་པ་ལ་ནི་བཅུ་གསུམ་དུ་འགྱུར་རོ། །ཁ་ཆེ་བ་རྣམས་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་དང་། འདོད་ཆགས་དང་བྲལ་བ་ལ་ཡིད་མི་བདེ་མེད་པའི་ཕྱིར་འགྱོད་པ་ལུང་མ་བསྟན་ནི་མེད་དེ། ཡིད་མི་བདེ་བ་ནི་དགེ་བ་དང་མི་དགེ་བར་ངེས་(པར་སྔར་བཤད་ཟིན།) པའི་ཕྱིར་རོ། །དེའི་ཕྱིར་རྣམ་སྨིན་མ་ཡིན་ནོ་ཞེས་ཀྱང་བཤད་ཟིན་ཏོ་ཞེས་ཟེར་ཏེ་དེའི་རྒྱུ་མཚན་ཡང་དྲི་བར་བྱའོ། །དེ་ལྟ་བུ་ནི་འདོད་ཁམས་ཀྱི་སེམས་ཀྱི་དབང་དུ་བྱས་པ་ཡིན་ནོ། །
ཁམས་གོང་མ་དག་གི་བཤད་པ་ནི་འདོད་ཁམས་ཀྱི་སེམས་གང་ལ་སེམས་ལས་བྱུང་བ་དུ་ཞིག་འབྱུང་བ་བཤད་པ་དེ་ལས་འགྱོད་པ་དང་གཉིད་དང་མི་དགེ་བའི་སེམས་ལས་བྱུང་བ་མ་ངེས་པའི་ཁོང་ཁྲོ་དང་མི་དགེ་བའི་ངོ་ཚ་མེད་པ་དང་ཁྲེལ་མེད་གཉིས་དང་། གཡོ་སྒྱུ་དང་རྒྱགས་པ་གསུམ་མ་གཏོགས་པ་ཉོན་མོངས་པ་ཆུང་ངུའི་ས་པ་བདུན་པོ་རྣམས་ནི་བསམ་གཏན་དང་པོ་དག་ན་མེད་དེ། འགྱོད་པ་ནི་ཡིད་མི་བདེ་དང་མཚུངས་པར་ལྡན་པ་ཡིན་པ་ལ་དེ་ནི་རྒྱུད་ཞི་གནས་ཀྱིས་བརླན་པས་དེ་ནི་གྲོགས་ཡིད་མི་བདེ་མེད་པའི་ཕྱིར་དང་། གཉིད་ནི་དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དང་སེམས་མངོན་པར་སྡུད་པའི་མཚན་ཉིད་ཅན་ཡིན་ལ། གཟུགས་ཁམས་པ་དག་ནི་སེམས་བསྡུས་པ་ན་ཏིང་ངེ་འཛིན་ཁོ་ནར་འགྱུར་བའི་ཕྱིར་རོ། །ཞེས་སློབ་དཔོན་གང་སྤེལ་འཆད་དོ། །གང་དག་བསམ་གཏན་དང་པོ་ན་མེད་པ་དེ་དག་དང་དེ་དག་ཏུ་མ་ཟད་རྟོག་པའང་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་(ཉོན་མོངས་སྐྱེས་ཀྱང་རྣམ་སྨིན་སྡུག་བསྔལ་མི་འབྱིན་ཅིང་ལུས་ངག་གི་ཉེས་སྤྱོད་མི་སློང་བས་ཁྲོ་སོགས་མེད་དོ། །དེས་ན་དེ་ན་དགེ་བ་ལ་མང་ན་ས་མང་བཅུ་རྟོག་དཔྱོད་གཉིས་ཏེ་ཉི་ཤུ་རྩ་གཉིས་དང་། ཉོན་མོངས་ཅན་མ་འདྲེས་པ་ལ་ས་མང་བཅུ་ཉོན་མོངས་ཀྱི་ས་པ་དྲུག་རྟོག་དཔྱོད་གཉིས་ཏེ་བཅོ་བརྒྱད་དོ། །འདྲེས་པ་ལ་ལྟ་བ་དང་ལྡན་པ་ལའང་བཅོ་བརྒྱད་པོ་དེ་ཉིད་དེ་ལྟ་བ་བཏགས་ཡོད་ཡིན་པས་སོ། །གཞན་ཆགས་སོགས་དང་ལྡན་པ་ལ་དེ་ཉིད་དང་བཅུ་དགུའོ། །མ་བསྒྲིབས་པའི་སེམས་གསུམ་ལ་ས་མང་བཅུ། རྟོག་དཔྱོད་གཉིས་དང་བཅུ་གཉིས་སོ། །དེ་ན་བཟོའི་སེམས་མེད་དོ། སྤྱིར་ཁམས་གོང་ན་མི་དགེ་བ་མེད་པས་སེམས་བཞི་ཡོད་དེ་དགེ་བ་དང་། ཉོན་མོངས་ཅན་ལ་འདྲེས་མ་འདྲེས་གཉིས་དང་། མ་བསྒྲིབས་ལུང་མ་བསྟན་ནོ། །དེ་ལ་ཉོན་མོངས་ཅན་ཐམས་ཅད་ནི་བསྒྲིབས་པ་ཁོ་ན་ཡིན་ཏེ་དེ་མི་དགེ་བར་མི་འགྱུར་ཞིང་ཞི་གནས་ཀྱིས་བརླན་པས་སོ། །)གང་དག་བསམ་གཏན་དང་པོ་ན་མེད་པ་དེ་དག་དང་དེ་དག་ཏུ་མ་ཟད་རྟོག་པའང་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་མེད་ཅིང་། (ཐམས་ཅད་ལ་རྟོག་པ་ཕྲི་བས་དགེ་བ་སྔར་བཤད་པ་ཉེར་གཅིག། མ་འདྲེས་པ་ལ་བཅུ་བདུན་འདྲེས་པ་ལ་ལྟ་བ་དང་ལྡན་ནའང་བཅུ་བདུན། གཞན་ཆགས་སོགས་ལྡན་པ་བཅོ་བརྒྱད། མ་བསྒྲིབས་པའི་སེམས་ལ་བཅུ་གཅིག་གོ།) བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་དེ་ཡི་གོང་མ་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་ན་ནི་བསམ་གཏན་དང་པོ་དང་དེའི་དངོས་གཞི་ཁྱད་པར་ཅན་ན་མེད་པར་བཤད་པ་རྣམས་དང་དེ་དག་ཏུ་མ་ཟད་དཔྱོད་པ་ཡང་མེད་དོ་ཞེས་སྦྱར་རོ། །ཡང་ཞེས་པས་དེ་དག་ན་གཡོ་སྒྱུ་གཉིས་ཀྱང་མེད་དོ་ཞེས་སྟོན་པ་སྟེ། གང་ན་རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་པ་དག་དང་། དགེ་སྦྱོང་དང་། རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་དང་། འདུད་དང་། ཚོངས་པའི་འཁོར་ཏེ་འཁོར་བརྒྱད་པོ་དེ་དག་དང་འབྲེལ་བ་དེ་ན་གཡོ་སྒྱུ་ཡོད་ཀྱི་བསམ་གཏན་གཉིས་པ་ཡན་ཆད་ན་འཁོར་དང་འབྲེལ་བ་མེད་པའི་ཕྱིར་རོ། །
གཞན་དག་ནི་འདོད་པའི་ཁམས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ། བསམ་གཏན་དང་པོའི་དངོས་གཞི་མན་ཆད་ཀྱི་དགེ་བའི་སེམས་དང་བསྒྲིབས་པ་དང་མ་བསྒྲིབས་པ་ནི་འདོད་པར་བཤད་པ་ལྟར་ཉི་ཤུ་རྩ་གཉིས་དང་། བཅོ་བརྒྱད་དང་། བཅུ་གཉིས་དང་ལྡན་ཞིང་། དངོས་གཞི་ཁྱད་པར་ཅན་ན་རྟོག་པ་མ་གཏོགས་པ་ཉི་ཤུ་གཅིག་དང་། བཅུ་བདུན་དང་། བཅུ་གཅིག་དང་། བསམ་གཏན་གཉིས་པ་ཡན་ཆད་ནི་(རྟོག་དཔྱོད་གཉིས་བོར་བའི་ས་མང་བཅུ་དགེ་བཅུ་སྟེ། ས་ཉོན་མོངས་ཅན་མ་འདྲེས་པ་ལ་ས་མང་བཅུ། ཉོན་མོངས་པ་ས་མང་དྲུག་སྟེ།) ཉི་ཤུ་དང་བཅུ་དྲུག་དང་(འདྲེས་མའི་ལྟ་བ་དང་ལྡན་ལའང་བཅུ་དྲུག་དང་ཆགས་སོགས་གཞན་དང་ལྡན་པ་ལ་ས་མང་བཅུ་ཉོན་མོངས་ཀྱི་ས་མང་དྲུག་ཆགས་སོགས་རང་ཉིད་དང་བཅུ་བདུན་དང་མ་བསྒྲིབས་པ་ལ་ས་མང་།) བཅུ་དང་ལྡན་པར་འབྱུང་བར་ངེས་སོ་ཞེས་བྱའོ། །
བཞི་པ་འདྲ་བ་ལྟ་བུའི་སེམས་ལས་བྱུང་བ་རྣམས་ཀྱི་ཁྱད་པར་བཤད་པ་ནི་འོ་ན་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལ་(གཉིས་ཀ་འཛེམ་མེད་དུ་གཅིག་པ་མིན་ནམ།) ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། ཡོན་ཏན་དང་ཡོན་ཏན་ཅན་ལ་མ་གུས་པ་ནི་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་སྲོག་གཅོད་པ་ལ་སོགས་པའི་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བ་སྟེ་དེ་དག་གི་ཁྱད་པར་ནི་དེ་ཡིན་ནོ་ཞེས་བྱའོ། །དེ་ལའང་མི་འཇིགས་པར་ལྟ་བ་ནི་ཤེས་རབ་ཡིན་ལ། འཇིགས་པར་མི་ལྟ་ན་ནི་མ་རིག་པ་ཡིན་པའི་ཕྱིར་དེ་གཉིས་ཀྱི་རྒྱུ་ཉེ་བའི་ཉོན་མོངས་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །སྡེ་པ་གཞན་གྱིས་ནི་རིམ་པ་ལྟར་བདག་གཞན་ལ་ལྟོས་ནས་སྡིག་པ་ལ་མི་འཛེམ་པར་འཇུག་པ་ནི་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཡིན་ནོ་ཞེས་ཟེར་རོ། །ངོ་ཚ་མེད་པ་དང་ཁྲེལ་མེད་ལས་བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཡིན་ནོ། །
ཡང་དགའ་བ་དང་གུས་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། དགའ་བ་ལ་གཉིས་ལས་ཉོན་མོངས་ཅན་མ་ཡིན་པ་ཡོན་ཏན་དང་ཡོན་ཏན་ཅན་ལ་དགའ་བ་ནི་དད་པ་ཡིན་ལ། ཉོན་མོངས་ཅན་བུ་དང་ཆུང་མ་ལ་སོགས་པ་ལ་དགའ་བ་ནི་འདོད་ཆགས་ཡིན་ནོ། །དད་པ་ལའང་དགའ་བས་ཁྱབ་པ་མེད་དེ། སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་ལྟ་བུའོ། །དགའ་བ་ལའང་དད་པས་མ་ཁྱབ་སྟེ། དགའ་བ་ཉོན་མོངས་ཅན་བུ་དང་ཆུང་མ་ལ་སོགས་པ་ལ་དགའ་བ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་དགའ་བ་དང་དད་པ་ལ་མུ་བཞི་བཤད་དོ། །གུས་པ་ཉིད་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བའི་ངོ་ཚ་ཤེས་པ་ཡིན་ནོ། །སྡེ་པ་གཞན་དག་ནི་དགའ་བ་དང་གུས་པ་ཉིད་ནི་དད་པ་དང་ངོ་ཚ་ཤེས་པ་མ་ཡིན་གྱི་དད་པ་དང་གུས་པ་ནི་རིམ་པ་ལྟར་ཡོན་ཏན་ལ་ཡིད་ཆེས་པ་དང་ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བ་དང་བཅས་པ་ཡིན་ལ། དེ་གཉིས་ལས་(དེ་ཡང་དད་པ་དང་དགའ་བ་ལ་ཆོས་དང་གང་ཟག་ལ་ལྟོས་ནས་མུ་བཞི་སྟེ། དང་པོ་ཆོས་ལ་དམིགས་པའི་མུ་བཞི་ལ། བདེན་པ་དང་པོ་གཉིས་ལ་ཡིད་ཆེས་པ་ནི་དད་པ་ཡིན་ལ་དགའ་བ་མིན་ཏེ་དེ་གཉིས་དགའ་བྱ་མིན་པས་སོ། །དགའ་བ་ཉོན་མོངས་ཅན་ནི་གཉིས་པ་སྟེ་སྲིད་པ་ཡིན་པས་སོ། །གསུམ་པ་ནི་འགོག་ལམ་ལ་དམིགས་པའི་དད་པ་སྟེ་ཡིད་ཆེས་ཤིང་དགའ་བྱ་ཡིན་པས་སོ། །བཞི་པ་ནི་དེ་དག་མིན་པའི་སེམས་འབྱུང་དང་ལྡན་མིན་སོགས་སོ། །གང་ཟག་ལ་དམིགས་པའི་དགའ་གུས་ཀྱི་མུ་བཞི་ནི་བུ་དང་ཆུང་མ་ལ་སོགས་ལ་དགའ་བ་ནི་དགའ་བ་ཡིན། གུས་པ་མིན་པའི་མུ་དང་པོའོ། །གཉིས་པ་ནི་གཞན་གྱི་བླ་མ་ལ་སོགས་ལ་གུས་པ་དང་། གསུམ་པ་ནི་རང་གི་བླ་མ་སོགས་ལ་གུས་པ་དང་། བཞི་པ་ནི་སྡང་བའི་ཡུལ་གྱི་སེམས་ཅན་ལ་དམིགས་པ་ལྟ་བུའོ། །འདི་གཉིས་ཁྱད་ཆེ་སྟེ་གུས་པ་ནི་དགེ་བ་ཁོ་ན་ཡིན་ལ་དགའ་བ་ལ་དགེ་བ་དང་འདོད་ཆགས་གཉིས་ཡོད་པས་སོ། །)གུས་པ་ཉིད་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བའི་ངོ་ཚ་ཤེས་པ་ཡིན་ནོ། །སྡེ་པ་གཞན་དག་ནི་དགའ་བ་དང་གུས་པ་ཉིད་ནི་དད་པ་དང་ངོ་ཚ་ཤེས་པ་མ་ཡིན་གྱི་དད་པ་དང་གུས་པ་ནི་རིམ་པ་ལྟར་ཡོན་ཏན་ལ་ཡིད་ཆེས་པ་དང་ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བ་དང་བཅས་པ་ཡིན་ལ། དེ་གཉིས་ལས་སྐྱེས་པའི་དགའ་བ་དང་འཇིགས་པ་དང་བཅས་པས་འཛེམ་པ་ནི་རིམ་པ་ལྟར་དགའ་བ་དང་ངོ་ཚ་ཤེས་པ་ཡིན་ནོ་ཞེས་འདོད་དོ། །དགའ་བ་དང་གུས་པ་དེ་གཉིས་ཀྱང་འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ཡོད་དོ་ཞེས་བྱ་བའང་གང་ཟག་ལ་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། (དེ་གཉིས་ནི་ལུས་ངག་གི་ལས་ཡིན་པས་སོ། །)ཆོས་ལ་དམིགས་པའི་དེ་གཉིས་ནི་གཟུགས་མེད་ནའང་ཡོད་པའི་ཕྱིར་རོ། །
ཡང་རྟོག་དཔྱོད་ལ་ཐ་དད་ཅི་ཡོད་ཅེ་ན། རྟོག་པ་དང་དཔྱོད་པ་ནི་རིམ་པ་བཞིན་དུ་སེམས་དོན་གྱི་ངོ་བོའི་རྣམ་པ་ཅན་གྱི་རྩིང་བ་དང་། ཁྱད་པར་གྱི་རྣམ་པ་ཅན་གྱི་ཞིབ་པར་འཇུག་པ་ཉིད་ཡིན་ལ་འདི་གཉིས་ཀྱི་ལས་ནི་བདེ་བ་ལ་རེག་པར་གནས་པ་དང་། རེག་པར་མི་གནས་པའི་རྟེན་བྱེད་པའོ། །འོ་ན་སེམས་གཅིག་ལ་དེ་གཉིས་ཅིག་ཅར་འབྱུང་བར་ཇི་ལྟར་འགྱུར་ཞེ་ན། །ཁ་ཅིག་ན་རེ་རྟོག་པས་ནི་སེམས་ཧ་ཅང་ཞིབ་པར་མི་འགྱུར་ལ། དཔྱོད་པས་ནི་ཧ་ཅང་རྩིང་བར་མི་འགྱུར་ཏེ་ཆུ་ནང་གི་མར་ལ་ཉི་མ་ཕོག་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་བསམ་གཏན་དང་པོ་ཡན་ལག་ལྔ་པར་མི་འགྱུར་ཏེ། རྟོག་དཔྱོད་གཉིས་གཅིག་ཡོད་པའི་ཚེ་གཅིག་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །
སྡེ་པ་གཞན་དག་ནི་དེ་ལྡན་རྟོག་དཔྱོད་སྲིད་རྩེའི་བར་དུ་ཡོད་པར་འགྱུར་ཏེ། ལྟོས་ས་ལ་ལྟོས་པའི་རྩིང་ཞིབ་ཡོད་པའི་ཕྱིར་རོ། །དེས་ན་ཡུལ་གཅིག་ལ་ལྟོས་ནས་རྩིང་ཞིབ་རྣམ་པ་འགལ་བའི་ཕྱིར་སེམས་གཅིག་ལ་ཡོད་པ་ནི་མ་ཡིན་གྱི་འོན་ཀྱང་ཡིད་ཤེས་ཀྱི་འཁོར་དུ་འབྱུང་བ་དོན་གྱི་ངོ་བོ་འཚོལ་བ་ནི་རྟོག་པ་དང་། ཁྱད་པར་འཚོལ་བ་ནི་དཔྱོད་པ་ཡིན་ལ། དེ་དག་ཀྱང་(རྟོག་པས་ངོ་བོ་ཙམ་བརྗོད་པའི་ངག་དང་དཔྱོད་པས་ཁྱད་པར་བརྗོད་པའི་)ངག་ཀུན་ནས་སློང་བ་ཡིན་ཏེ། མདོ་ལས་བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ། །ཞེས་བྱ་བ་དང་།
གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་སྟེ། དེ་བཞིན་གཤེགས་པ་ལ་དབུགས་འབྱུང་བའམ་རྔུབ་པ་མི་མངའ་འོ། །རྣམ་པར་མི་རྟོག་གོ། རྣམ་པར་མི་དཔྱོད་དོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་མེད་ན་ངག་མི་འབྱུང་བ་སྟེ་ཞེས་གསུངས་པ་ལྟ་བུའོ། །བསམ་གཏན་དང་པོ་ཡན་ལག་ལྔར་བཤད་པའང་ས་ལས་ཡིན་གྱི་སྐད་ཅིག་ལས་ནི་མ་ཡིན་ནོ་ཞེས་བྱ་བར་འཆད་དོ། །ཡང་ང་རྒྱལ་དང་རྒྱགས་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། ང་རྒྱལ་ནི་ཕ་རོལ་པོ་ལས་གང་ཡང་རུང་བའི་ཁྱད་པར་བརྟགས་ནས་རིགས་ལ་སོགས་པ་ལ་དམིགས་ནས་སེམས་(ཁོ་ལས་ང་མཐོ་སྙམ་དུ།) ཁེངས་པ་ཡིན་ལ། དབྱེ་ན་བདུན་ཡོད་དེ་འོག་ནས་འཆད་པར་འགྱུར་རོ། །ལས་ནི་བླ་མ་ལ་སོགས་པ་རྣམས་ལ་མི་གུས་པ་དང་ཡང་སྲིད་ཀྱི་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའོ། །རྒྱགས་པ་ནི་རང་གི་རིགས་དང་གཟུགས་ལ་སོགས་པའི་ཆོས་ལ་ཆགས་པའི་སེམས་ཡོངས་སུ་གཏུགས་ཤིང་ཟད་པར་བྱེད་པའོ། །(དེ་གཉིས་རང་གི་ཆོས་ལ་དམིགས་པ་དང་གཞན་གྱི་ཆོས་ལ་དམིགས་པའི་ཁྱད་ཡོད།) སློབ་དཔོན་འདུན་བཟང་ནི་རིགས་ལ་སོགས་པ་ལ་ཆགས་ནས་སེམས་དགེ་བ་ལས་ཕྱིར་ལོག་པ་ནི་གཏུགས་པའི་དོན་དུ་འཆད་དོ། །སློབ་དཔོན་ཁ་ཅིག་ནི་རང་གི་རིགས་ལ་སོགས་པ་ལ་ཆགས་པ་ལས་སྐྱེས་པའི་ཡིད་དགའ་བ་ཡིན་ནོ་ཞེས་འདོད་དོ། །འདི་བྱེ་བྲག་ཏུ་སྨྲ་བས་ནི་མི་འདོད་དེ། ཡིད་དགའ་བ་བསམ་གཏན་གསུམ་པ་ནས་མེད་ལ་རྒྱགས་པ་ཁམས་གསུམ་པར་བཤད་པའི་ཕྱིར་རོ། །
དབྱེ་བ་ནི་བཤེས་སྤྲིང་ལས། རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །ཞེས་རྣམ་པ་ལྔ་བཤད་པ་ཡིན་ནོ། །(བྱེད་ལས་དགེ་བ་ལ་སེམས་མི་འཇུག་པར་བྱེད་པའོ། །)མ་ངེས་པའི་ས་པའི་འདོད་ཆགས་དང་ཁོང་ཁྲོ་དང་ཐེ་ཚོམ་རྣམས་ནི་འོག་ཏུ་སྟོན་པའི་ཕྱིར་འདིར་མ་བཤད་དོ། །
ལྔ་པ་སེམས་དང་སེམས་བྱུང་རྣམས་ཀྱི་རྣམ་གྲངས་བཤད་པ་ནི་མདོ་ལས་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་གསུངས་པ་ནི་དོན་གཅིག་ལ་མིང་གི་རྣམ་གྲངས་ཀྱི་བརྗོད་པ་ཡིན་ཏེ། དགེ་མི་དགེ་ལ་སོགས་པར་འབྱེད་པས་ན་སེམས་དང་། གཟུགས་ལ་སོགས་པ་ཤེས་པས་ན་ཡིད་དང་། དམིགས་པ་རྣམ་པར་ཤེས་པས་ན་རྣམ་ཤེས་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བས་འདོད་དོ། །མདོ་སྡེ་པ་ནི་དགེ་མི་དགེའི་བག་ཆགས་བསགས་པས་ན་སེམས་དང་། རྟེན་དུ་གྱུར་པས་ན་ཡིད་དང་། བརྟེན་པར་གྱུར་པས་ན་རྣམ་པར་ཤེས་པ་དང་། དེ་བཞིན་དུ་(དོན་གསང་ལས་ཉན་ཐོས་ཀྱི་ཐེག་པའི་དབང་དུ་མཛད་ནས་བྱེད་པ་དང་དུས་དང་གདུལ་བྱ་ལ་བསྟན་པའི་བྱེ་བྲག་གིས་ངེས་ཚིག་གསུམ་དུ་བཤད་དོ། །དང་པོ་ནི་རིང་དུ་འགྲོ་ཞིང་གཅིག་པུ་རྒྱུ་ཞེས་འབྱུང་བས་རིང་དུ་འགྲོ་བར་བྱེད་པས་ན་སེམས་དང་ཆོས་ཐམས་ཅད་ཡིད་སྔོན་དུ་འགྲོ་བ་ཅན་ནོ་ཞེས་འབྱུང་བས་ན་སྔོན་དུ་འགྲོ་བར་བྱེད་པས་ན་ཡིད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་འབྱུང་བས་ཉིང་མཚམས་སྦྱོར་བར་བྱེད་པས་ན་རྣམ་པར་ཤེས་པ་དང་། གཉིས་པ་ནི།) མ་འོངས་པ་ནི་སེམས་དང་འདས་པ་ནི་ཡིད་དང་། ད་ལྟ་བྱུང་བ་ནི་རྣམ་པར་ཤེས་པ་དང་། (གསུམ་པ་ནི་)ཁམས་(བསྟན་པར་སེམས་ཀྱི་ཁམས་བདུན་)དང་སྐྱེ་མཆེད་བསྟན་པར་ཡིད་ཀྱི་སྐྱེ་མཆེད་དང་། ཕུང་པོ་བསྟན་པར་རྣམ་པར་ཤེས་པའི་ཕུང་པོ་ཞེས་གསུངས་སོ། །དེའི་ཕྱིར་མཁས་པ་དག་བྱེད་པ་གསུམ་དང་། དུས་གསུམ་དང་། བསྟན་པ་གསུམ་གྱི་དབང་གིས་སོ་ཞེས་འཆད་དོ། །རྣམ་འབྱོར་སྤྱོད་པ་བ་ནི་སེམས་ནི་ཀུན་གཞི་རྣམ་ཤེས་དང་། ཡིད་ནི་ཉོན་ཡིད་དང་། རྣམ་ཤེས་ནི་འཇུག་པའི་རྣམ་ཤེས་ལ་འདོད་དོ། །
འཐུག་པོ་བཀོད་པའི་མདོ་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །དེ་ལ་ངར་འཛིན་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང་། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །ཅེས་གསུངས་པའི་ཕྱིར་རོ། །སེམས་ལ་སོགས་པ་གསུམ་དོན་གཅིག་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་དང་། རྟེན་དང་བཅས་པ་དང་། དམིགས་པ་དང་བཅས་པ་དང་། རྣམ་པ་དང་བཅས་པ་དང་། མཚུངས་པར་ལྡན་པ་ཞེས་གསུངས་པའང་དོན་གཅིག་སྟེ། སེམས་དང་སེམས་ལས་བྱུང་བ་དེ་ཉིད་དབང་པོ་དྲུག་ལ་རྟེན་པའི་ཕྱིར་དང་། གཟུགས་ལ་སོགས་པའི་དམིགས་པ་དང་བཅས་པའི་ཕྱིར་དང་། སྔོན་པོ་ལ་སོགས་པའི་རྣམ་པ་དང་བཅས་པའི་ཕྱིར་དང་། མཚུངས་པར་ལྡན་པ་ལྔས་མཚུངས་པར་གནས་པའི་ཕྱིར་རོ། །རྣམ་པ་ལྔ་ནི་སེམས་དང་སེམས་ལས་བྱུང་བ་དག་རྟེན་གཅིག་པ་དང་། དམིགས་པ་གཅིག་པ་དང་། རྣམ་པ་གཅིག་པ་དང་། དུས་གཅིག་པ་དང་། རྫས་རེ་རེ་བར་འདྲ་བ་ཡིན་ནོ། །
མཚུངས་ལྡན་མ་ཡིན་པ་བཤད་པ།
གཉིས་པ་མཚུངས་ལྡན་མ་ཡིན་པ་བཤད་པ་ལ་གསུམ་ལས་མདོར་བསྟན་པ་ནི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་རྣམ་པ་བཅུ་བཞི་སྟེ། (ཐོབ་པ་རྒྱུད་ཀྱིས་མ་བསྡུས་པའི་ཕྱི་རོལ་གྱི་དོན་ཐུན་མོང་བ་ཞིག་ཡིན་ན་དེ་ནི་ཉེ་རིང་མེད་པས་ཐམས་ཅད་ལ་ཡོད་པ་མི་འགལ་བས་དགྲ་བཅོམ་པ་སོ་སྐྱེའི་ཉོན་མོངས་ཀྱི་ཐོབ་པ་ཡོད་པ་སྲིད་པར་འགྱུར་རོ། །དེ་འདོད་ན་དགྲ་བཅོམ་ཉོན་མོངས་སྤང་བའི་ཕྱིར་འབད་པ་བྱས་པ་དོན་མེད་དུ་ཐལ་ལོ། །ཡང་སོ་སྐྱེ་ལ་དགྲ་བཅོམ་གྱི་མི་སློབ་ལམ་གྱི་ཐོབ་པ་ཡོད་པར་འགྱུར་རོ། །དེ་འདོད་ན་སོ་སྐྱེ་འབད་མེད་དུ་གྲོལ་བར་ཐལ་ལོ། །དེས་ན་འབད་པ་དོན་མེད་མི་འགྱུར་ཞིང་འབད་མེད་དུ་མི་གྲོལ་བ་དེས་ན་རྒྱུད་ཀྱིས་མ་བསྡུས་པའི་འདུས་བྱས་ལ་ཐོབ་པ་མེད་ཅིང་མ་ཐོབ་པ་ཡང་དེ་བཞིན་ཏེ་དངོས་མེད་ལའང་སོ་སྐྱེ་ཡོད་པར་འགྱུར་ཏེ་འཕགས་པའི་ཆོས་མ་ཐོབ་པའི་ཕྱིར་ཞེས་སོགས་འབྱུང་བས་རྒྱུད་ཀྱིས་བསྡུས་སོ། །)ཐོབ་པ་དང་། མ་ཐོབ་པ་དང་། སྐལ་པ་མཉམ་པ་དང་། འདུ་ཤེས་མེད་པ་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་བའི་སྙོམས་འཇུག་ཅེས་བྱ་བ་སྙོམས་པར་འཇུག་པ་དག་སྟེ་གཉིས་དང་། སྲོག་གི་དབང་པོ་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་བཞི་པོ་རྣམས་དང་། མིང་གི་ཚོགས་དང་། སོགས་པའི་སྒྲས་གཟུང་བ་ངག་གི་ཚོགས་དང་། ཡི་གེའི་ཚོགས་དང་། ཡང་གི་སྒྲ་ནི་དགེ་འདུན་གྱི་དབྱེན་ལ་སོགས་པ་དག་ཀྱང་བསྡུ་བའི་ཕྱིར་རོ། །
ཁ་ཅིག་ཆུད་མི་ཟ་བའི་རྫས་ཀྱང་སྡུད་ཅེས་འཆད་པ་ནི་མ་ཡིན་ཏེ། དེ་ནི་བྱེ་བྲག་ཏུ་སྨྲ་བ་མང་པོས་བཀུར་བའི་ལུགས་ཡིན་གྱི་ཁ་ཆེ་བའི་ལུགས་ནི་མ་ཡིན་ཏེ། དེ་ནི་རྒྱུན་གྱིས་མི་རྟག་པར་འདོད་ཀྱི་སྐད་ཅིག་གིས་མི་རྟག་པ་མ་ཡིན་པར་འདོད་པར་དབུ་མའི་གཞུང་དག་ལས་འབྱུང་བའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པ་པའི་གཞུང་དག་ལས་ནི་དེ་དག་དང་། གཞན་ཡང་སྐད་ཅིག་དང་རྒྱུན་ཆད་པ་ལ་རྒྱུ་འབྲས་མི་འཐད་པས་རྒྱུ་འབྲས་རྒྱུན་མི་ཆད་པའི་གནས་སྐབས་ལ་བཏགས་པའི་འཇུག་པ་དང་། རྒྱུ་དགེ་མི་དགེའི་འབྲས་བུ་ཡིད་དུ་འོང་མི་འོང་ཐ་དད་དུ་འབྱུང་བ་ལ་སོགས་པའི་གནས་སྐབས་ལ་བཏགས་པ་སོ་སོར་ངེས་པ་དང་། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པར་རྗེས་སུ་མཐུན་ཞིང་འཚམ་པ་ལ་སོགས་པའི་གནས་སྐབས་ལ་བཏགས་པའི་འབྱོར་པ་དང་། ཁ་ཅིག་ལས་ནི་འབྱོར་འབྲེལ་བ་ཞེས་ཀྱང་འབྱུང་ངོ་། །རྒྱུ་འབྲས་མྱུར་དུ་འབྱུང་བའི་གནས་སྐབས་ལ་བཏགས་པའི་མགྱོགས་པ་དང་། རྒྱུ་འབྲས་གཉིས་དུས་གཅིག་ཅར་མི་འབྱུང་གི་རིམ་པ་ལྟར་འབྱུང་བའི་གནས་སྐབས་ལ་བཏགས་པའི་གོ་རིམ་དང་། རྒྱུ་འབྲས་བྱུང་ནས་འགགས་པ་དང་། མ་བྱུང་བ་དང་། བྱུང་ལ་མ་འགགས་པའི་གནས་སྐབས་ལ་བཏགས་པའི་དུས་དང་། རྒྱུ་འབྲས་གཟུགས་ཅན་ཕྱོགས་བཅུ་ན་ཡོད་པའི་གནས་སྐབས་ལ་བཏགས་པའི་ཡུལ་དང་། འདུ་བྱེད་སོ་སོ་ཐ་དད་པའི་གནས་སྐབས་ལ་བཏགས་པའི་གྲངས་དང་། འབྲས་བུ་བསྐྱེད་པའི་རྒྱུ་རྐྱེན་འདུས་པའི་གནས་སྐབས་ལ་བཏགས་པའི་ཚོགས་པ་ཞེས་བྱ་བ་སྟེ་དགུ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཉི་ཤུ་རྩ་གསུམ་བཤད་ལ། གཞན་ཡང་གནས་བཅུ་བསྟན་པའི་མདོ་ལས་མི་ལྡན་པའི་འདུ་བྱེད་བདུན་བརྒྱ་བཤད་དོ་ཞེས་ཀྱང་གྲག་གོ། ཅིའི་ཕྱིར་དེ་དག་ལ་མི་ལྡན་པའི་འདུ་བྱེད་ཅེས་བྱ་ཞེ་ན། གཟུགས་ཀྱང་མ་ཡིན་ལ་སེམས་སེམས་བྱུང་དང་མཚུངས་པར་ལྡན་པའང་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར་རོ། །འདི་དག་ཀྱང་བྱེ་བྲག་ཏུ་སྨྲས་བས་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་རྣམས་ལས་རྫས་ཐ་དད་པའི་དངོས་པོར་འདོད་ལ། མདོ་སྡེ་པས་ནི་གསུམ་པོ་དེ་དག་གིས་གནས་སྐབས་ལ་བཏགས་པ་དང་། རྣལ་འབྱོར་སྤྱོད་པ་པས་ནི་སེམས་དང་སེམས་བྱུང་གི་གནས་སྐབས་པ་བཏགས་པར་འདོད་དོ། །
གཉིས་པ་སོ་སོའི་རང་བཞིན་བཤད་པ་ལ་དགུ་ལས་དང་པོ་ཐོབ་པ་བཤད་པ་ལ། ཐོབ་པ་ནི་ཐོབ་བྱའི་ཆོས་ལྡན་པར་བྱེད་པའོ། །(དང་པོ་ཐོབ་པ་ལ་སྒྲུབ་བྱེད་དང་། དེས་བསྒྲུབས་པའི་ཐོབ་པ་བསྟན་པ་གཉིས་ལས། དང་པོ་ལ་ལུང་རིགས་གཉིས་ལས། དང་པོ་ལུང་ནི་མདོ་ལས་འཕགས་ལམ་ཡན་ལག་བརྒྱད་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡང་དག་པའི་ཡེ་ཤེས་ཏེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་ཐོབ་ཅིང་ལྡན་ན། འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས་ཏེ་ཡན་ལག་ལྔ་སྤངས་པའི་འཕགས་པར་འགྱུར་རོ་ཞེས་མི་སློབ་པའི་ཆོས་བཅུ་དང་འཕགས་པའི་ཆོས་དེ་དག་གང་ཟག་དེའི་རྒྱུད་ལ་ལྡན་པར་བྱེད་པའི་རྫས་སུ་བཤད་པས་སོ་ཞེས་སོ། །སློབ་དཔོན་དེ་ནི་ཐོབ་པས་བྱས་པ་མིན་ཏེ། ཐོབ་བྱའི་ཆོས་དེ་ལ་དབང་ཐོབ་པ་ཙམ་པ་དེ་དང་ལྡན་པར་བཏགས་ཏེ་དཔེར་ན་རིན་ཆེན་སྣ་བདུན་གྱི་ནོར་བུ་དང་འཁོར་ལོ་སོགས་ཕྱི་རོལ་གྱི་དོན་ཡིན་པས་རྒྱུད་ཀྱིས་མ་བསྡུས་པའི་འདུས་བྱས་ལ་ཐོབ་པ་མེད་པར་ཁྱེད་རང་ཡང་འདོད་ཀྱང་། འཁོར་ལོས་བསྒྱུར་རྒྱལ་རིན་ཆེན་སྣ་བདུན་ལ་དབང་བྱར་འབྱུང་བ་ཙམ་ལ་རིན་ཆེན་སྣ་བདུན་དང་ལྡན་ནོ་ཞེས་ལྡན་པའི་སྒྲ་སྦྱར་བ་བཞིན་ནོ། །གཉིས་པ་རིགས་པ་ནི་ཐོབ་པ་རྫས་སུ་མེད་ན་འཕགས་པས་འཇིག་རྟེན་པའི་ལམ་མངོན་དུ་བྱས་དུས་ན་སོ་སྐྱེ་དང་སྤངས་རྟོགས་ཁྱད་མེད་དུ་ཐལ་ཏེ་འདས་ལམ་མངོན་གྱུར་མེད་ཅིང་འདས་ལམ་གྱི་ཐོབ་པ་རྫས་གྲུབ་ཀྱང་མེད་པར་སོ་སྐྱེ་དང་མཚུངས་པའི་ཕྱིར་རོ། །ཡང་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་སོགས་འཕགས་པ་ནང་ཡང་སྤངས་རྟོགས་ཁྱད་མེད་པར་ཐལ་ཏེ། སྤངས་རྟོགས་མཐོ་དམན་དུ་བྱེད་པའི་ཆོས་ཐོབ་པ་རྫས་སུ་མེད་པའི་ཕྱིར་དེས་ན་དེ་དག་ཐོབ་པས་བྱས་པས་རྫས་ཡོད་དུ་ཡོད་དོ་ཞེས་སོ། །སློབ་དཔོན་ནི་ཐོབ་པ་རྫས་སུ་མེད་ཀྱང་འཕགས་པ་དང་སོ་སྐྱེ་སྤངས་རྟོགས་ཁྱད་པར་ཡོད་དེ་མཐོང་སྤང་ས་བོན་སྤངས་མ་སྤངས་ཡོད་པས་སོ། །འཕགས་པ་ནང་ཡང་སྤང་བྱ་མང་དུ་སྤངས་པ་དང་ཟག་མེད་ཀྱི་དབང་པོ་མང་དུ་ཐོབ་པའི་ཁྱད་པར་ཡོད་པས་སོ། །ཞེས་གསུང་ངོ་། །གཉིས་པ།) དེ་ལའང་གཉིས་ཏེ། གསར་དུ་རྙེད་པ་དང་། (སྐད་ཅིག་གཉིས་པ་ཕན་ཆད་)རྒྱུན་ལྡན་པའོ། །གསར་དུ་རྙེད་པ་ལའང་སྔར་(ཡེ་)མ་ཐོབ་པ་ལས་(གསར་དུ་)རྙེད་པ་ཟག་མེད་ཀྱི་སྐད་ཅིག་མ་དང་པོ(འི་ཐོབ་པ།) ལྟ་བུ་དང་། (སྔར་ཐོབ་པ་)རྣམ་པར་ཉམས་པ་ལས་(ཕྱིས་གསར་དུ།) རྙེད་པ་བསམ་གཏན་དང་གཟུགས་མེད་ལ་སོགས་ལྟ་བུ། (ཉམས་པ་ལས་རྙེད་པའི་ཐོབ་པ་སྟེ་རྙེད་པའི་ཐོབ་པ་གཉིས་དང་)རྒྱུན་ལྡན་པ་(སྟེ་ལྡན་པའི་ཐོབ་པ།) ནི་དེ་དག་གི་རྒྱུན་ལྡན་པ་གཉིས་དང་། སོ་སོའི་སྐྱེ་བོ་རྣམས་ལ་སྲིད་རྩེའི་ཉོན་མོངས་པ(འི་གཉེན་པོ་སྐྱེད་མ་མྱོང་བས་དེའི་ཉོན་མོངས་ཀྱི་ཐོབ་པ་)ཡེ་ནས་ལྡན་པ་སྟེ་མདོར་ན་རྣམ་པ་ལྔའོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་དོ། །གལ་ཏེ་ཐོབ་པ་དང་མ་ཐོབ་པ་འདི་དག་ཆོས་ཐམས་ཅད་ལ་ཡོད་དམ་ཞེ་ན། ཐོབ་པ་དང་མ་ཐོབ་པ་ནི་སོ་སོ་རང་རང་གི་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཀྱི་དེ་དག་འབྱུང་གི་གཞན་གྱི་རྒྱུད་དུ་གཏོགས་པ་དང་། སེམས་ཅན་གྱི་རྒྱུད་དུ་མ་གཏོགས་པའི་ནི་མ་ཡིན་ཏེ། གཞན་གྱི་ཆོས་ནི་གཞན་གྱིས་ཐོབ་(ན་སོ་སྐྱེ་ལ་འཕགས་པ་སྲིད།) པར་འགལ་བའི་ཕྱིར་དང་། རྒྱུད་དུ་མ་གཏོགས་པ་(གོས་དང་རྒྱུན་སོགས།) ལ་ཐོབ་པ་མེད་(ཅིང་ཐུན་མོང་ཡིན།) པའི་ཕྱིར་ཏེ། ཐོབ་པ་ནི་གང་ཟག་གིས་ཐོབ་པ་ཡིན་(པས་ཐུན་མོང་བ་མིན་)པའི་ཕྱིར་རོ། །(འདི་ནི་འདུས་བྱས་ཀྱི་ངེས་པའོ། །)
དེ་ལྟར་སྤྱིར་བཏང་ནས་རྒྱུད་དུ་མ་གཏོགས་ཀྱང་སོ་སོར་བརྟགས་པ་དང་དེ་མ་ཡིན་པས་འགོག་པ་གཉིས་ཀྱི་ཐོབ་པ་ནི་གང་ཟག་གི་རྒྱུད་ལ་འབྱུང་ངོ་། །ཞེས་དམིགས་ཀྱིས་བསལ་བ་སྟོན་ཏེ། དེ་ཡང་ཆོས་མངོན་པ་ལས། ཟག་པ་མེད་པའི་ཆོས་དང་སུ་ཞིག་ལྡན་ཞེ་ན། སྨྲས་པ། སེམས་ཅན་ཐམས་ཅད་དོ་ཞེས་འབྱུང་བས་ན་སོ་སོར་བརྟགས་མིན་དང་ནི་སྐྱེ་འཕགས་ཐམས་ཅད་ལྡན་ལ། སོ་སོར་བརྟགས་འགོག་དང་ནི་འཆིང་བ་མཐའ་དག་དང་ལྡན་པའི་ཟག་མེད་ཀྱི་སྐད་ཅིག་མ་དང་པོ་ལ་གནས་པ་མ་གཏོགས་པའི་འཕགས་པ་ཐམས་ཅད་དང་སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་ལྡན་ཏེ། འཆིང་བ་མཐའ་དག་དང་ལྡན་པའི་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་ནི་བར་ཆད་མེད་པའི་ལམ་ཡིན་གྱི་རྣམ་གྲོལ་གྱི་ལམ་མ་ཡིན་པའི་ཕྱིར་དང་། (འགག་འགྱུར་གྱི་སྤོང་བའི་ཕྱིར་དང་།) སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་བསམ་གཏན་གཟུགས་མེད་ཀྱི་ཉེར་བསྡོགས་ཀྱི་སྟོབས་ཀྱིས་ས་དང་ས་ལས་འདོད་ཆགས་དང་འབྲལ་བའི་རྟགས་ཐོབ་པའི་ཕྱིར་རོ། །ནམ་མཁའ་ལ་ནི་(ཐོབ་བྱ་མེད་པས་རྒྱུད་དང་མ་འབྲེལ་བའི་)ཐོབ་པ་གང་ཡང་མེད་པའི་ཕྱིར་མ་བཤད་དོ། །(འགོག་པ་གཉིས་ལ་མི་མཚུངས་ཏེ་དགག་བྱ་རྒྱུད་དང་འབྲེལ་བས་སོ། །)གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་ལ། གང་ལ་ཐོབ་པ་ཡོད་པ་དེ་ལ་མ་ཐོབ་པ་ཡང་ཡོད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡིན་ནོ། །ཐོབ་པ་དེ་ཡང་ཐོབ་པར་བྱ་བའི་ཆོས་ཕྱིར། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ་དུས་གསུམ་པའི་ཐོབ་པའང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམ་པ་གསུམ་དུ་འགྱུར་ཏེ། (ཐོབ་བྱའི་ཆོས་སྟོབས་ཅན་ཁ་ཅིག་ལ་ཐོབ་པ་དུས་གསུམ་པ་སྲིད་པས་འདིར་དེ་ཉིད་དཔེར་བརྗོད་ན་ཐོབ་བྱའི་ཆོས་འདས་པའི་ཐོབ་པ་འདས་པ་ནི་ཆོས་དེ་རང་དང་དུས་མཉམ་པ་དང་དེའི་སྔར་དེའི་ཐོབ་པ་བྱུང་བ་ཐམས་ཅད་ཡིན་ནོ། །དེའི་ཐོབ་པ་ད་ལྟར་བ་ནི་དེ་འགགས་མ་ཐག་ཏུ་དེའི་ཐོབ་པ་བྱུང་བའོ། །དེའི་ཐོབ་པ་མ་འོངས་པ་ནི་དེ་འགགས་པའི་སྐད་ཅིག་གཉིས་པ་ཕན་ཆད་དུ་དེའི་ཐོབ་པ་བྱུང་བ་རྣམས་སོ། །ཐོབ་བྱའི་ཆོས་ད་ལྟར་བའི་ཐོབ་པ་འདས་པ་ནི་རང་དུས་ལས་སྔར་དེའི་ཐོབ་པ་བྱུང་བ་རྣམས་སོ། །དེའི་ཐོབ་པ་ད་ལྟར་བ་ནི་རང་དང་དུས་མཉམ་དུ་དེའི་ཐོབ་པ་བྱུང་བའོ། །དེའི་ཐོབ་པ་མ་འོངས་པ་ནི་དེ་འགགས་པའི་རྗེས་སུ་དེའི་ཐོབ་པ་བྱུང་བ་རྣམས་སོ། །ཐོབ་བྱའི་ཆོས་མ་འོངས་པ་སྐྱེ་བའི་ཆོས་ཅན་གྱི་ཐོབ་པ་མ་འོངས་པ་ནི་དེ་རང་དང་དུས་མཉམ་པའི་དེའི་ཐོབ་པའོ། །དེའི་ཐོབ་པ་ད་ལྟར་བ་ནི་དེ་ད་ལྟར་བར་འཕོས་པ་དེའི་སྐད་ཅིག་མ་དེའི་ཐོབ་པའོ། །དེའི་ཐོབ་པ་འདས་པ་ནི་དེ་ད་ལྟར་འཕོས་པ་དེའི་སྐད་ཅིག་གཉིས་པ་ཕན་ཆད་དེའི་ཐོབ་པ་འབྱུང་བ་རྣམས་སོ། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས་མ་འོངས་པ་ཐོབ་ཞེས་སོགས་ལ། ཐོབ་པ་དུས་གསུམ་པ་ཡང་ཡོད་ལ། དེ་ཡང་ཆོས་མ་འོངས་པ་ལས་ཀྱང་དེའི་ཐོབ་པ་ད་ལྟར་དང་འདས་པར་འཕོ་བ་ཡོད་པར་འདོད་པས་སོ། །)ཆོས་འདས་པའི་ཐོབ་པའང་འདས་པ་དང་། ཆོས་འདས་ཀྱང་ཐོབ་པ་ད་ལྟར་བ་དང་། མ་འོངས་པ་ན་ཡོད་པའང་སྲིད་ལ། དེ་བཞིན་དུ་ཆོས་ད་ལྟར་བའི་ཐོབ་པ་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པ་དང་། ཆོས་མ་འོངས་པའི་ཐོབ་པ་འདས་པ་དང་ད་ལྟར་བ་དང་མ་འོངས་པར་འབྱུང་བའང་སྲིད་དོ་ཞེས་བྱ་བ་ཡིན་ནོ། །(འགོག་པ་གཉིས་ཀྱི་ཐོབ་པ་དུས་ཀྱིས་བསྡུས་ཀྱང་ཐོབ་བྱའི་ཆོས་ལ་དུས་ཀྱི་དབྱེ་བ་མེད་དོ། །)
ཡང་ཐོབ་པ་འདི་དག་དགེ་མི་དགེ་ལུང་མ་བསྟན་རྣམས་ཀྱི་གང་ཞེ་ན། ཆོས་དགེ་བ་དང་སོགས་པས་གཟུང་བ་མི་དགེ་བ་དང་ལུང་མ་བསྟན་རྣམས་ཀྱི་ཐོབ་པའང་རིམ་པ་ལྟར་སོ་སོར་དགེ་བ་ལ་སོགས་པ་གསུམ་ཡིན་ནོ། །(དེ་ལྟ་མིན་ན་ཆགས་བྲལ་ལ་མི་དགེ་བ་དང་། དགེ་རྩ་ཆད་པ་ལ་དགེ་བའི་ཆོས་ལྡན་པར་ཐལ་ཏེ་ཐོབ་པ་ཐོབ་བྱ་དང་རིས་མི་འདྲ་ན་དེ་ལྡན་དུ་རུང་བས།) དེ་བཞིན་དུ་ཆོས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དེར་གཏོགས་པ་རྣམས་ཀྱི་ཐོབ་པ་ནི་རང་རང་གི་ཁམས་སུ་གཏོགས་པ་སྟེ། རིམ་པ་ལྟར་འདོད་པའི་ཆོས་ཀྱི་ཐོབ་པ་འདོད་པར་གཏོགས་པ་ལ་སོགས་པའོ། །ཆོས་ཁམས་སུ་མ་གཏོགས་པ་ཟག་མེད་འགོག་ལམ་གཉིས་པོ་རྣམས་ཀྱི་ཐོབ་པ་ནི་འདོད་པ་ལ་སོགས་པ་ཁམས་གསུམ་དང་ཁམས་སུ་མ་གཏོགས་པ་ཟག་མེད་རྣམ་པ་བཞི་ཡིན་ཏེ། དེ་ལ་སོ་སོར་བརྟགས་མིན་གྱི་འགོག་པ་(ཐོབ་བྱའི་ཆོས་གང་ཡིན་ཡང་ཐོབ་པ།) འདོད་པར་ཐོབ་པ་ནི་འདོད་པ་དང་། གཟུགས་སུ་ཐོབ་པ་གཟུགས་དང་། གཟུགས་མེད་པར་ཐོབ་པ་གཟུགས་མེད་པར་གཏོགས་ཏེ་རྒྱུད་སྟོབས་ཆེ་བའི་ཕྱིར་རོ། །(དེ་ཡང་བརྟགས་མིན་ཆོས་གང་ལ་ཐོབ་ཀྱང་དེའི་ཐོབ་པ་དེ་ཁམས་དང་ས་གང་དུ་ཐོབ་པའི་ཁམས་དང་ས་དེས་བསྡུས་པར་འཇོག་སྟེ་གང་ཟག་གི་རྒྱུད་དབང་ཆེ་བས་སོ། །ཆོས་དེ་མ་སྐྱེས་པ་དེ་ནི་རྟེན་དེ་ལས་ཐ་དད་དུ་མ་གྲུབ་པའི་ཕྱིར་རོ། །ཐོབ་བྱའི་ཆོས་ཀྱིས་འཇོག་ན་ལམ་གྱི་བརྟགས་མིན་ཐོབ་པ་ཁམས་ཀྱིས་མ་བསྡུས་པར་འགྱུར་རོ། །)སོ་སོར་བརྟགས་འགོག་འཇིག་རྟེན་པའི་བསམ་གཏན་གྱིས་ཐོབ་པ་གཟུགས་དང་། འཇིག་རྟེན་པའི་གཟུགས་མེད་པས་ཐོབ་པ་གཟུགས་མེད་དང་། (འདི་འདོད་པར་གཏོགས་པ་ནི་མེད་དེ་འདོད་པ་གཉེན་པོར་མི་རུང་བས་དེ་དེ་མི་ཐོབ་པས་སོ། །)ཟག་མེད་ཀྱི་ལམ་གྱིས་ཐོབ་པ་ཟག་མེད་དུ་གཏོགས་ཏེ། དེ་ནི་རྒྱུའམ་གཉེན་པོ་སྟོབས་ཆེ་བའི་ཕྱིར་རོ། །(བརྟགས་འགོག་འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་ལ་ཐོབ་པ་གཉིས་ཏེ། ཟག་མེད་དང་ཟག་བཅས་སོ། །དེ་ཡང་འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས་ཞེས་འབྱུང་བས་སོ། །དེ་ལ་ཟག་མེད་ཁམས་སུ་མ་གཏོགས་ལ། ཟག་བཅས་ནི་ཐོབ་བྱེད་ཀྱི་དབང་གིས་གཟུགས་གཟུགས་མེད་གང་རུང་དུ་གཏོགས་ཀྱི་འདོད་པར་མི་གཏོགས་པ་སྔར་བཞིན་ནོ། །སློབ་པས་བརྟགས་འགོག་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ཟག་མེད་ནི་སློབ་པ་དང་ཟག་བཅས་ནི་གཉིས་མིན་ནོ། །དགྲ་བཅོམ་ལའང་དེ་བཞིན་སྦྱར་རོ། །)ལམ་གྱི་བདེན་པའི་ཐོབ་པ་ནི་ཟག་མེད་དུ་གཏོགས་ཏེ། དེ་ནི་ཆོས་སྟོབས་ཆེ་བའི་ཕྱིར་རོ། །
ཡང་སློབ་(པ་དང་མི་སློབ་)པའི་ཆོས་(ལམ་བདེན་)རྣམས་ཀྱི་ཐོབ་པ་ནི་(རིམ་པ་ལྟར་)སློབ་པ་དང་། མི་སློབ་པའི་ཆོས་(ལམ་བདེན་)རྣམས་ཀྱི་ཐོབ་པ་ནི་མི་སློབ་པ་ཡིན་ལ། སློབ་པ་དང་མི་སློབ་པ་གཉིས་ཀ་མིན་པའི་ཆོས་(དེ་ཡང་ནམ་མཁའ་དང་རྒྱུད་ཀྱིས་མ་བསྡུས་པ་ལ་ཐོབ་པ་མེད་པས་འགོག་པ་གཉིས་དང་། རྒྱུད་ཀྱིས་བསྡུས་པའི་ཟག་བཅས།) རྣམས་ཀྱི་ཐོབ་པ་ནི་སློབ་པར་གཏོགས་པ་དང་། མི་སློབ་པར་གཏོགས་པ་དང་། གཉིས་ཀ་མ་ཡིན་པར་གཏོགས་པ་གསུམ་ཡིན་ནོ། །དེ་ལ་སློབ་པ་དང་མི་སློབ་པའི་ཆོས་ནི་ལམ་གྱི་བདེན་པ་དང་། གཉིས་ཀ་མ་ཡིན་པ་ནི་ཟག་བཅས་དང་འདུས་མ་བྱས་རྣམས་ཡིན་ཏེ། དེ་ཡང་ཟག་བཅས་ཀྱི་ཐོབ་པ་དང་། སོ་སོར་བརྟགས་མིན་གྱི་འགོག་པའི་ཐོབ་པ་དང་། སོ་སོར་བརྟགས་འགོག་གི་ཐོབ་པ་འཕགས་པ་མ་ཡིན་པས་ཐོབ་པ་རྣམས་ནི་སློབ་པའང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །སོ་སོར་བརྟགས་འགོག་གི་ཐོབ་པ་སློབ་པས་ཐོབ་པ་(འདས་ལམ།) ནི་སློབ་པ་དང་། མི་སློབ་པས་(འདས་ལམ་སྲིད་རྩེ་སྤོང་བའི་རྣམ་གྲོལ་དགུ་པས་)ཐོབ་པ་ནི་མི་སློབ་པ་ཡིན་ནོ། །(གལ་ཏེ་མི་སློབ་པས་བརྟགས་འགོག་ཐོབ་པའི་ཐོབ་པ་མི་སློབ་པར་འདོད་པ་ནི་མི་རིགས་ཏེ་མི་སློབ་ནི་རྣམ་གྲོལ་གྱི་ལམ་ཡིན་པས་སྤང་བྱ་དང་འབྲལ་བའི་ལམ་མ་ཡིན་པའི་ཕྱིར་དང་། མི་སློབ་པས་བརྟགས་འགོག་ཐོབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་སྤངས་པས་ཐོབ་པའི་ཕྱིར་སློབ་པའི་ཐོབ་པ་ཡིན་གྱི་མི་སློབ་པའི་མ་ཡིན་པའི་ཕྱིར་རོ་ཞེ་ན། བདེན་མོད་ཀྱི་བར་ཆད་མེད་པས་དྲངས་པའི་བྲལ་ཐོབ་ཀྱི་རྟེན་བྱེད་པས་ན་མི་སློབ་པའི་ཐོབ་པར་བརྗོད་དོ། །)ཡང་མཐོང་སྤང་(དང་སྒོམ་སྤང་)གི་ཐོབ་པ་(རིམ་པ་ལྟར་)མཐོང་སྤང་དང་། སྒོམ་སྤང་གི་ཐོབ་པ་སྒོམ་སྤང་ཡིན་ནོ་ཞེས་བྱ་བ་ནི་རྟོགས་པར་སླ་བའི་ཕྱིར་མ་བཤད་ལ། སྤང་བར་བྱ་བ་མིན་པའི་ཐོབ་པ་ནི་སྒོམ་སྤང་དང་སྤང་བྱ་མ་ཡིན་པ་(ཟག་མེད་དང་)རྣམ་པ་གཉིས་སུ་འདོད་དེ། དེ་ལ་སྤང་བྱ་མ་ཡིན་པའི་ཟག་མེད་དོ། །
དེ་ཡང་སོ་སོར་བརྟགས་མིན་གྱི་འགོག་པའི་ཐོབ་པ་(ལུང་མ་བསྟན་ཐམས་ཅད་)དང་། སོ་སོར་བརྟགས་འགོག་འཕགས་པ་མ་ཡིན་པའི་ཐོབ་པའི་ཐོབ་པ་ནི་(དགེ་བ་ཟག་བཅས་ཡིན་པས་)སྒོམ་སྤང་དང་། སོ་སོར་བརྟགས་འགོག་འཕགས་པའི་(འདས་པའི་)ལམ་གྱིས་ཐོབ་པའི་ཐོབ་པ་དང་། ལམ་བདེན་གྱི་ཐོབ་པ་ནི་སྤང་བྱ་མ་ཡིན་པར་ངེས་སོ། །(འཕགས་པས་བརྟགས་འགོག་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ཟག་བཅས་ནི་སྒོམ་སྤང་དང་ཟག་མེད་ནི་སྤང་བྱ་མིན་པའོ། །)གལ་ཏེ་ཆོས་ཐམས་ཅད་ལ་ཐོབ་པ་དུས་གསུམ་པར་ངེས་སམ་ཞེ་ན། དེའི་དམིགས་ཀྱིས་བསལ་བ་ནི་དགེ་བ་དང་ཉོན་མོངས་ཅན་དུ་ལུང་བསྟན་པ་(དབང་པོ་ལྟ་བུ།) མིན་པའི་ཆོས་མ་བསྒྲིབས་ལུང་མ་བསྟན་རྣམས་ཀྱི་ཐོབ་པ་ནི་ཐོབ་བྱའི་ཆོས་དང་ལྷན་ཅིག་སྐྱེའི་སྔ་ཕྱིར་སྐྱེ་བ་མེད་དེ། (རྣམ་སྨིན་མེད་པས་སམ་འདུས་མ་བྱས་པར་སྐྱེ་བས་)ཆོས་དེ་རྣམས་སྟོབས་ཆུང་བའི་ཕྱིར་རོ། །
འོ་ན་མ་བསྒྲིབས་ལུང་མ་བསྟན་དེ་ཡང་ཐམས་ཅད་དུ་ངེས་སམ་ཞེ་ན། ལྷའི་མིག་དང་རྣ་བའི་མངོན་ཤེས་ལུང་མ་བསྟན་གཉིས་དང་། སྤྲུལ་པའི་སེམས་ལུང་མ་བསྟན་མ་གཏོགས་པ་རྣམས་ནི་ད་ལྟར་ངེས་ལ། དེ་གསུམ་ནི་མི་འདྲ་སྟེ། དེ་དག་གི་ཐོབ་པ་ནི་དུས་གསུམ་དུའང་སྐྱེ་བ་ཡོད་དེ། སྦྱོར་བ་(དྲག་པོའི་)ཁྱད་པར་གྱིས་བསྒྲུབ་(དགོས།) པས་སྟོབས་ཆེ་བའི་ཕྱིར་རོ། །དེ་བཞིན་དུ་(འདུ་བྱེད་ཀྱི་ཁྱད་པར་གྱིས་བསྒྲུབས་པས་ལས་ཐམས་ཅད་པའི་ལྟ་བུ།) བཟོ་ཤིན་ཏུ་གོམས་པ་དང་། སྤྱོད་ལམ་ལ་ཤིན་ཏུ་གོམས་པ་(བཅོམ་ལྡན་འདས་དང་རྟ་ཐུལ་གྱི་སྤྱོད་ལམ་ལྟ་བུ།) ཁ་ཅིག་གི་ཐོབ་པའང་དུས་གསུམ་པར་སྐྱེ་བ་སྲིད་(པར་བྱེ་བྲག་སྨྲ་བ་འདོད་)དོ། །(མ་བསྒྲིབས་ལུང་མ་བསྟན་གྱི་ཐོབ་པ་དེ་ལྟར་ངེས་ན་འོ་ན།) ཆོས་དང་ཐོབ་པ་ལྷན་ཅིག་སྐྱེ་བ་གཞན་ཡང་(ཡོད་དམ་ཞེ་ན་)ཡོད་པར་བསྟན་པ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ཀྱི་རིག་བྱེད་ཀྱིའང་ཐོབ་པ་ལྷན་ཅིག་ཏུ་སྐྱེའོ་ཞེས་སྦྱར་རོ། །དེ་ཡང་བསྒྲིབས་ལ་ལུང་མ་བསྟན་གྱི་གཟུགས་ནི་འདོད་པ་ན་མེད་དེ། །ཀུན་སློང་མེད་པའི་ཕྱིར་རོ། །
དེས་ན་དེ་ནི་བསམ་གཏན་དང་པོ་ན་རང་གི་ས་པའི་ཉོན་མོངས་པས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཐམས་ཅད་ཡིན་པས་(དེ་ཁོ་ན་ན་ཡོད་ཀྱི་ཀུན་སློང་མེད་པས་ཁམས་དང་ས་གཞན་ན་མེད་དོ། །)གཉིས་པ་ཡན་ཆད་རང་ས་ན་བསྒྲིབས་པའི་གཟུགས་མེད་པར་འདོད་དོ། །(དགེ་མི་དགེ་ལ་དམིགས་བསལ་ནི་)
གཞན་ཡང་འདོད་པ་ན་སྤྱོད་པའི་དགེ་མི་དགེའི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཐོབ་པའང་ལྷན་ཅིག་དང་ཕྱིས་སྐྱེ་བ་ཡོད་ཀྱི་ཆོས་ལས་སྔར་ནི་སྐྱེ་བ་མེད་(ཅེས་བཀག་པས་དེ་དག་གི་སྐད་ཅིག་མ་དང་པོ་ལྷན་ཅིག་ཁོ་ན་དང་གཉིས་པ་སོགས་ལ་ཕྱིས་སྐྱེ་བའང་ཡོད།) དེ། སོ་སོ་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང་། །སྡོམ་མིན་གནས་པའང་དེ་དང་འདྲ། །ཞེས་པ་དང་། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན་མ་འོངས་མེད། །ཅེས་འཆད་པར་འགྱུར་བའི་ཕྱིར་རོ། །(འདི་ནི་དོན་རྫོགས་པ་མིན་གྱི་སྙོམས་འཇུག་གཉིས་དང་སྐྱེ་བའི་ཆོས་ཅན་གྱི་མཐོང་ལམ་དང་མངོན་ཤེས་དང་ཆད་མེད་ལྟ་བུ་མ་འདྲེས་པ་རྣམས་དང་ཡེ་ཤེས་བསྟན་པའི་ཤེས་པ་དང་ལྟ་བ་ལ་སོགས་པ་སྦྱོར་བས་ཐོབ་པ་ཕལ་ཆེ་བ་རྣམས་ལའང་སྔར་སྐྱེས་མེད་དོ། །)དེས་ན་འདི་སྐད་བསྟན་པ་ཡིན་ཏེ། སེམས་སེམས་བྱུང་ཉོན་མོངས་ཅན་རྣམས་དང་། དགེ་བ་རྣམས་དང་། གཟུགས་ན་ཡོད་པའི་དགེ་བ་གཟུགས་ཅན་རྣམས་དང་། མི་ལྡན་པའི་འདུ་བྱེད་དགེ་མི་དགེ་ཐམས་ཅད་ཀྱི་ཐོབ་པ་ནི་དུས་གསུམ་པ་ཡིན་ནོ་ཞེས་བྱའོ། །
འདིར་སྨྲས་པ། ཆོས་ཀུན་ཐོབ་པ་དུས་གསུམ་བར། །གསུངས་ལ་ལུང་མ་བསྟན་པ་དང་། །བསྒྲིབས་གཟུགས་འདོད་པའི་གཟུགས་དག་གི། ཐོབ་པ་དམིགས་ཀྱིས་བསལ་བའི་ཕྱིར། །མཚུངས་ལྡན་ཉོན་མོངས་ཅན་དང་དགེ། གོང་མའི་དགེ་བ་གཟུགས་ཅན་དང་། །མཚུངས་ལྡན་མིན་པ་དགེ་མི་དགེ། ཐམས་ཅད་དུས་གསུམ་པར་འདོད་དོ། །གལ་ཏེ་ཐོབ་པ་ཐོབ་བྱའི་ཆོས་དང་རྒྱུད་ལས་ཐ་དད་པར་ཡོད་དོ་ཞེས་བྱ་བ་ལ་ཚད་མ་ཅི་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་ལུང་ཚད་མ་ཉིད་དུ་སྟོན་ཏེ། འདི་ལྟར་མདོ་ལས། དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་ཅིང་སོ་སོར་ཐོབ་ལ་ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་ཡན་ལག་ལྔ་ནི་ཁམས་གོང་མ་གཉིས་ཀྱི་འདོད་ཆགས་གཉིས་དང་རྒོད་པ་དང་ང་རྒྱལ་དང་མ་རིག་པ་སྟེ་གོང་མའི་ཆ་མཐུན་ལྔ་ཡིན་ལ། འཕགས་པ་ནི་དགྲ་བཅོམ་པ་ཡིན་ནོ། །(དེ་རྫས་སུ་ཡོད་དེ་དེའི་འབྲས་བུ་དམིགས་པའི་ཕྱིར་ཞེས་ཟེར་རོ། །)དེ་སློབ་དཔོན་གྱིས་སུན་འབྱིན་པ་ན་ལུང་དེ་ནི་འཕགས་པ་དག་དབང་འབྱོར་བས་ལྡན་པར་བཤད་པ་ཡིན་གྱི་ཐོབ་པ་རྫས་སུ་ཡོད་པར་བཞེད་པ་ནི་མ་ཡིན་ཏེ། དེ་ལྟ་ན་རིན་པོ་ཆེ་བདུན་ལ་སོགས་པ་རྒྱུད་དུ་མ་གཏོགས་པ་རྣམས་ལའང་ཐོབ་པ་ཡོད་པར་འགྱུར་ཏེ།
མདོ་ལས། དགེ་སློང་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ལ་གནོད་པར་བྱེད་པའང་ཡོད་དེ། འདི་ལྟར་རྒྱུད་དང་ཆོས་ལས་ཐ་དད་པའི་ཐོབ་པ་ནི་དངོས་པོར་ཡོད་པ་མ་ཡིན་ཏེ། དེ་དག་རྟོགས་པའི་ཚད་མ་ལ་བལྟར་རུང་བ་ལས་མ་དམིགས་པའི་ཕྱིར་ས་ཕྱོགས་ལ་སོགས་པར་བུམ་པ་ལ་སོགས་པ་བཞིན་ནོ། །གཞན་ཡང་དེ་ལ་ངེས་པར་ཡོད་པའི་ཐ་སྙད་དུའང་མི་འགྱུར་ཏེ། ཚད་མས་མ་གྲུབ་པའི་ཕྱིར་དང་། ལུང་གི་དོན་ཡང་གཞན་དུ་བཤད་པའི་ཕྱིར་རོ། །དེ་བཞིན་དུ་མ་ཐོབ་པ་ལ་སོགས་པ་གཞན་ལའང་སྦྱར་བར་བྱའོ། །
གཞན་ཡང་ཐོབ་པ་ཆོས་རྣམས་ཀྱི་(སྔར་སྐྱེས་ནས་)བསྐྱེད་པའི་རྒྱུ་ཡིན་ནམ། འོན་ཏེ་རྣམ་པར་འཇོག་པའི་རྒྱུ་ཡིན། དང་པོ་ལྟར་ན་འདུས་མ་བྱས་གཉིས་ལ་ཐོབ་པ་མེད་པར་འགྱུར་ཏེ། སྐྱེ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཟག་མེད་ཀྱི་སྐད་ཅིག་དང་པོ་མ་ཐོབ་པ་དང་། ས་འོག་མར་སྐྱེ་བ་དང་། འོག་མ་ལས་འདོད་ཆགས་དང་བྲལ་བ་ལ་སོགས་པ་རྣམས་ལ་རིམ་པ་བཞིན་དུ་ཟག་མེད་ཀྱི་ལམ་དང་། འོག་མའི་སས་བསྡུས་པའི་ཉོན་མོངས་པ་ཅན་མ་ཡིན་པ་དང་ཉོན་མོངས་པ་ཅན་རྣམས་དང་། གོང་མའི་སས་བསྡུས་པའི་དེ་དག་མི་སྐྱེ་བར་འགྱུར་ཏེ། (ཐོབ་པ་ཕྱི་མ་སྐྱེས་སྔ་མ་བཏང་བས།) དེ་དག་གི་གོང་དུ་ཐོབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་པ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་ཡང་མི་རུང་སྟེ། (དེ་དག་ཐོབ་པས་མ་སྐྱེད་ཀྱི་སྐྱེ་བས་སྐྱེད་པར་འདོད་པས་)མཚན་ཉིད་དུ་འདོད་པའི་(མ་སྐྱེས་པ་གསར་དུ་རྙེད་པའི།) སྐྱེ་བ་དོན་མེད་པར་ཐལ་བའི་ཕྱིར་རོ། །(གཞན་ཡང་འཆིང་བ་ཀུན་ལྡན་གྱི་ཉོན་མོངས་ཆེ་ཆུང་འབྲིང་དགུའི་ཁྱད་པར་མི་འཐད་པར་ཐལ་ཏེ་དེའི་རྒྱུ་ཐོབ་པ་དང་ལྷན་ཅིག་སྐྱེ་བར་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་གོམས་པ་ལ་སོགས་པས་ཆེ་ཆུང་དུ་འགྱུར་ན་རྒྱུ་གཞན་དེ་ཁོ་ན་ལས་དེ་སྐྱེ་བ་ཡིན་པས་ཐོབ་པ་རྒྱུར་བཞག་པ་དོན་མེད་དོ། །)གལ་ཏེ་ཐོབ་པ་རྣམ་པར་འཇོག་པའི་རྒྱུ་ཡིན་ཏེ། སོ་སོའི་སྐྱེ་བོའི་ཆོས་ཀྱི་ཐོབ་པ་དང་ལྡན་པས་སོ་སོའི་སྐྱེ་བོ་དང་། འཕགས་པའི་ཆོས་ཀྱི་ཐོབ་པ་དང་ལྡན་པས་འཕགས་པའོ། །ཞེས་བྱ་བ་ལ་སོགས་པར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། མཐོང་སྤང་གི་ཉོན་མོངས་པ་ལ་སོགས་པའི་ས་བོན་སྤངས་པ་དང་མ་སྤངས་པ་ཉིད་ཀྱིས་འགྱུར་བའི་ཕྱིར་ཐོབ་པ་དོན་མེད་དོ། །གལ་ཏེ་ས་བོན་ཉིད་ཐོབ་པ་ཡིན་ནོ་ཞེ་ན། མིང་དུ་འདོད་ན་མི་དགག་གོ། དོན་ནི་མ་ཡིན་ཏེ། དེ་ལྟ་ན་ཐོབ་པ་ཆོས་རྣམས་ཀྱི་རྒྱུར་འགྱུར་ན་དེ་ནི་བཀག་ཟིན་ཏོ། །
གཞན་ཡང་ད་ལྟར་བའི་ཐོབ་པ་མ་འོངས་པ་ན་འབྱུང་བར་མ་འགྱུར་ཏེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་བྱང་བའི་ས་བོན་ལ་སོགས་པ་ལའང་སྦྱར་བར་བྱའོ། །གཞན་ཡང་ཐོབ་པ་ལའང་ཐོབ་པ་དང་མ་ཐོབ་པ་ཡོད་ལ། མ་ཐོབ་ལའང་ཐོབ་པ་དང་མ་ཐོབ་པ་ཡོད་དོ། །ཞེས་པའང་རིགས་པ་མ་ཡིན་ཏེ། ཐོབ་པ་ལ་ཐོབ་པ་ཡོད་ན་ཐུག་མེད་དུ་འགྱུར་བའི་ཕྱིར་དང་། ཐོབ་པ་དངོས་པོར་མ་གྲུབ་པས་དེ་མ་ཐོབ་པའང་མི་འཐད་པའི་ཕྱིར་དང་། མ་ཐོབ་པ་ལ་ཐོབ་པ་འགལ་བའི་ཕྱིར་དང་། མ་ཐོབ་པ་ལ་མ་ཐོབ་པ་ཡོད་ནའང་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་རྣམས་ཀྱི་ས་བོན་དང་དབང་དང་མངོན་དུ་རྒྱུ་གསུམ་སྐྱེ་བོ་དང་འཕགས་པ་རྣམས་ཀྱི་རྒྱུད་ལ་ལྡན་པ་ལ་ཐོབ་པ་དང་། མི་ལྡན་པ་ལ་མ་ཐོབ་པ་ཞེས་གདགས་ཀྱི་རྫས་གཞན་དུ་གྱུར་པ་ནི་ཅི་ཡང་མེད་དོ། །དེ་ལ་ས་བོན་ནི་བག་ལ་ཉལ་བ་དང་། དབང་ནི་ས་བོན་མངོན་དུ་རྒྱུ་སྐྱེ་བ་ལ་ཕྱོགས་པ་དང་། མངོན་དུ་རྒྱུ་ནི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཡིན་ནོ། །ཞེས་ཤེས་པར་བྱའོ། །(དེ་ཡང་དགེ་བ་སྐྱེས་ཐོབ་ནི་རྟེན་ལ་ལོག་ལྟས་ས་བོན་ཉམས་པར་མ་བྱས་པའི་ཕྱིར་ལྡན་ལ། ཉམས་ན་མི་ལྡན་ནོ་ཞེས་གདགས་སོ། །སྦྱོར་བྱུང་ནི་སྐྱེས་པ་དང་རྒྱུད་ལ་དེ་སྐྱེ་བའི་དབང་ཐོགས་མེད་ཡོད་པའི་ཕྱིར་ལྡན་ནོ། །ཐོགས་བཅས་ནི་མི་ལྡན་ནོ། །)
གཉིས་པ་མ་ཐོབ་པ་བཤད་པ་ནི་མ་ཐོབ་པ་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆོས་རྣམས་དང་འགོག་པ་གཉིས་དང་མི་ལྡན་པའོ། །དེ་ཡང་མ་རྙེད་པ་དང་། མི་ལྡན་པ་དང་། ཡེ་ནས་མི་ལྡན་པ་སྟེ། དེ་ལ་མ་རྙེད་པ་ནི་ཆོས་དེ་དག་སྔར་ཐོབ་པ་ལས་གསར་དུ་མི་ལྡན་པའོ། མི་ལྡན་པ་ནི་དེའི་རྒྱུན་མི་ལྡན་པའོ། །ཡེ་ནས་མི་ལྡན་པ་ནི་སོ་སོའི་སྐྱེ་བོ་ལ་ཟག་མེད་ཀྱི་ལམ་མི་ལྡན་པ་ལྟ་བུའོ། །(ཐོབ་པ་བཞིན་དུ་མ་ཐོབ་པ་ལའང་དགེ་མི་དགེ་སོགས་ཡོད་དམ་ཞེ་ན་མེད་དེ།) དེ་ལྟ་བུའི་མ་ཐོབ་པའི་ངོ་བོ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་(ཁོ་ན་)ཡིན་ཏེ། གལ་ཏེ་མ་ཐོབ་པ་ཉོན་མོངས་པ་ཅན་(གྱི་ཆོས་དང་འདྲ་བ་)ཡིན་ན་ཉོན་མོངས་སྤངས་པ་རྣམས་ལ་མེད་པར་འགྱུར་ལ་(ཟག་མེད་ཀྱི་མ་ཐོབ་པའང་ཟག་མེད་དུ་འགྱུར་ཞིང་།) དགེ་བ་ཡིན་ན་དགེ་རྩ་ཆད་པ་རྣམས་ལ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་ཏེ། ལ་ལར་ནི་དགེ་བ་ཡིན་ཞིང་། ལ་ལར་ནི་ཉོན་མོངས་ཅན་ཡིན་ལ། ལ་ལར་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ་ཞེས་སྨྲ་བ་ལ་སུ་ཞིག་དགག་པ་བྱེད་པར་འགྱུར།
འོ་ན་ཆོས་རྣམས་ཀྱི་མ་ཐོབ་པའང་དུས་གསུམ་པ་ཡིན་ནམ་ཞེ་ན། ཁྱད་པར་ཡོད་དེ། ཆོས་འདས་པ་དང་མ་སྐྱེས་པ་མ་འོངས་པ་རྣམས་ཀྱི་མ་ཐོབ་པ་དེ་ནི་རྣམ་པ་གསུམ་ཡིན་ཏེ། (མ་ཐོབ་པ་དུས་གསུམ་པ་དེ་ཡང་སྡོམ་པ་ལྟ་བུ་ལ་དཔེ་བརྗོད་ན་སོ་ཐར་གྱི་སྡོམ་པ་འདས་པ་དེ་འདས་པའི་གང་ཟག་དེས་འདས་པར་མ་ཐོབ་པ་ནི་རང་སྐྱེས་པའི་གང་ཟག་དེའི་རྒྱུད་ལ་དེ་མ་སྐྱེས་གོང་དུ་དེའི་མ་ཐོབ་པ་སྐྱེས་པ་ལྟ་བུའོ། །འདས་པའི་དེ་ད་ལྟར་མ་ཐོབ་པ་ནི་དེ་གཏོང་རྒྱུས་བཏང་བའི་སྐད་ཅིག་གཉིས་པར་དེའི་མ་ཐོབ་པ་སྐྱེས་པ་ལྟ་བུའོ། །འདས་པའི་དེ་མ་འོངས་པར་མ་ཐོབ་པ་ནི་དེ་གཏང་བའི་སྐད་ཅིག་གཉིས་པ་ཕྱིན་ཆད་དེའི་མ་ཐོབ་པ་སྐྱེས་པ་རྣམས་ལྟ་བུའོ། །སོ་ཐར་གྱི་སྡོམ་པ་ད་ལྟར་བའི་མ་ཐོབ་པ་ད་ལྟར་བ་ནི་མེད་དེ་ད་ལྟར་བ་ཡིན་ན་དེ་མ་ཐོབ་པར་འགལ་བས་སོ། །དེའི་མ་ཐོབ་པ་འདས་པ་ནི་དེ་ཐོབ་པའི་གང་ཟག་དེའི་རྒྱུད་ལ་དེ་མ་ཐོབ་པ་གོང་དུ་དེའི་མ་ཐོབ་པ་སྐྱེས་པ་ལྟ་བུའོ། །དེའི་ཐོབ་པ་མ་འོངས་པ་ནི་དེ་གཏོང་རྒྱུས་བཏང་བའི་སྐད་ཅིག་གཉིས་པ་ལ་དེའི་ཐོབ་པ་བཏང་ཞིང་མ་ཐོབ་པ་སྐྱེས་པ་ལྟ་བུའོ། །སོ་ཐར་གྱི་སྡོམ་པ་མ་འོངས་པ་སྐྱེ་བའི་ཆོས་ཅན་གྱི་མ་ཐོབ་མ་འོངས་པ་ནི། མ་འོངས་པ་རང་དང་དུས་མཉམ་དུ་སྡོམ་པ་དེའི་མ་ཐོབ་པ་འབྱུང་བ་ལྟ་བུའོ། །དེའི་མ་ཐོབ་པ་ད་ལྟར་བ་ནི་དེའི་མ་ཐོབ་པ་རང་ཉིད་ད་ལྟར་བར་འཕོས་པ་ལྟ་བུའོ། །སོ་ཐར་གྱི་སྡོམ་པ་མ་འོངས་པར་མ་ཐོབ་པ་དེའི་མ་ཐོབ་པ་མ་འོངས་པ་ནི་མ་ཐོབ་པ་མ་འོངས་པ་ད་ལྟར་བར་འཕོས་པ་དེའི་སྐད་ཅིག་གཉིས་པ་ཕན་ཆད་དུ་དེའི་མ་ཐོབ་པ་བྱུང་བ་རྣམས་ལྟ་བུའོ། །དེ་ལྟར་དུ་ངེས་ཏེ།) ཆོས་འདས་པ་དེ་འདས་པར་མ་ཐོབ་པ་དང་། ད་ལྟར་མ་ཐོབ་པ་དང་། མ་འོངས་པར་མ་ཐོབ་པ་ཡོད་པའི་ཕྱིར་དང་། མ་འོངས་པའང་དེ་དང་འདྲ་བའི་ཕྱིར་རོ། །གལ་ཏེ་འདས་པའི་ཆོས་འདས་པར་མ་ཐོབ་པ་དང་། མ་འོངས་པའི་ཆོས་མ་འོངས་པར་མ་ཐོབ་པ་ནི་མི་སྲིད་དེ། དེ་དག་ཏུ་ཆོས་དེ་དག་ཡོད་ན་མ་ཐོབ་པར་འགལ་བའི་ཕྱིར་རོ་ཞེ་ན། དུས་དེ་དག་ནི་རིང་བས་འོད་སྲུང་གི་དུས་ན་ཡོད་པའི་ཆོས་ནི་འཁོར་བ་འཇིག་དང་གསེར་ཐུབ་ཀྱི་དུས་སུ་མ་ཐོབ་པ་ཡོད་ཅིང་། བྱམས་པའི་དུས་ཀྱི་ཆོས་ཀྱང་སེང་གེ་དང་རབ་གསལ་ལ་སོགས་པའི་དུས་ན་མ་ཐོབ་པ་སྲིད་པའི་ཕྱིར་རོ། །ཞེས་བྱ་སྟེ། འོན་ཀྱང་འདི་དག་ནི་བྱེ་བྲག་ཏུ་སྨྲ་བས་རྣམ་པར་བརྟགས་པ་སྟེ་རི་བོང་གི་རྭ་ལ་རིང་ཐུང་དཔྱོད་པ་དང་འདྲའོ། །ད་ལྟར་བའི་ཆོས་ཀྱི་མ་ཐོབ་པ་ནི་འདས་པ་དང་མ་འོངས་པ་ཁོ་ན་ན་ཡོད་ཀྱི་ད་ལྟར་བ་ནི་མ་ཡིན་ཏེ། ཆོས་དེ་ཡོད་ན་མ་ཐོབ་པ་འགལ་བའི་(ཕྱིར་དང་ངེས་པར་ཐོབ་པ་ཡོད་པའི།) ཕྱིར་རོ། །
འོ་ན་མ་ཐོབ་པ་ཁམས་གང་དུ་གཏོགས་ཤེ་ན། འདོད་པའི་ཆོས་འདོད་པར་མ་ཐོབ་པ་ནི་འདོད་པ་དང་། སོགས་པའི་སྒྲས་གཟུང་བ་(ཁམས་གོང་མ་གཉིས་སུ་མ་ཐོབ་པ་ཡང་ཁམས་དེ་དག་ཉིད་དུ།) གཟུགས་སུ་མ་ཐོབ་པ་གཟུགས་དང་། གཟུགས་མེད་པར་མ་ཐོབ་པ་གཟུགས་མེད་པར་གཏོགས་ལ། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཆོས་འདོད་པ་ལ་སོགས་པ་གསུམ་དུ་མ་ཐོབ་པའང་དེ་དག་ཏུ་གཏོགས་པ་དང་(དེ་ཡང་འདོད་པའི་རྟེན་ལ་འདོད་པའི་ཆོས་འདོད་པའི་ཡོན་ཏན་སྦྱོར་བྱུང་དང་སྐྱེས་ཐོབ་དང་གོང་མ་གཉིས་ཀྱི་ཡོན་ཏན་སྦྱོར་བྱུང་དང་ཟག་མེད་ཀྱི་མ་ཐོབ་པའང་འདོད་པས་བསྡུས་པ་ཡིན་པ་ནས་གོང་མ་གཉིས་ཀྱི་ཡང་དེ་བཞིན་ཏེ། འདི་ནི་རྟེན་གྱིས་གཞག་གི་ཆོས་ཀྱིས་མིན་ཏེ་ཟག་མེད་ཀྱི་མ་ཐོབ་པ་ཟག་བཅས་ཡིནཔ་ལ་སོགས་པ་ཆོས་དང་འགལ་བས་སོ། །ཁ་ཅིག་གཟུགས་མེད་ཀྱི་རྟེན་ལ་འོག་མ་གཉིས་ཀྱིས་ཐོབ་པ་མི་སྦྱར་ཏེ་དེ་གཉིས་ཀྱིས་ཐོབ་པ་མི་འཇུག་པས་སོ། །ཞེས་པ་རིགས་སོ། །)ཁམས་སུ་མ་གཏོགས་པ་དྲི་མ་མེད་པ་ལམ་དང་འགོག་པ་གཉིས་ཀྱི་མ་ཐོབ་པའང་འདོད་པ་ལ་སོགས་པར་གཏོགས་སོ་ཞེས་སྦྱར་རོ། །གལ་ཏེ་ཟག་མེད་ཀྱི་མ་ཐོབ་པ་ཇི་ལྟར་ཁམས་གསུམ་དུ་གཏོགས་ཤེ་ན། ཟག་མེད་ཀྱི་ལམ་གྱི་མ་ཐོབ་པ་ནི་སོ་སོའི་སྐྱེ་བོར་འདོད་པས་ཟག་བཅས་ཁོ་ནར་ངེས་པའི་ཕྱིར་ཏེ། བསྟན་བཅོས་རབ་ཏུ་བྱེད་པ་ལས་སོ་སོའི་སྐྱེ་བོ་ཉིད་གང་ཡིན་ཞེ་ན། འཕགས་པའི་ཆོས་རྣམས་ཀྱིས་མ་རྙེད་པའོ་ཞེས་གསུངས་པའི་ཕྱིར་རོ། །འཕགས་པའི་ཆོས་རྣམས་ཞེས་བྱ་བའང་ཉན་རང་དང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱི་ཆོས་གང་ཡང་མ་རྙེད་པ་ཡིན་གྱི་གང་རུང་གི་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་དེ་དག་ཀྱང་སོ་སོའི་སྐྱེ་བོར་འགྱུར་ཏེ། ཉན་ཐོས་ཀྱིས་རང་རྒྱལ་གྱི་མ་རྙེད་པ་ལ་སོགས་པའི་ཕྱིར་རོ། །དེ་བཞིན་དུ་འགོག་པ་གཉིས་ཀྱི་མ་ཐོབ་པའང་ཟག་བཅས་ཁོ་ན་ཡིན་ཏེ། དེ་གཉིས་ནི་ཟག་མེད་ཡིན་ལ། ཟག་མེད་མ་ཐོབ་པ་ནི་ཟག་བཅས་ཡིན་པའི་ཕྱིར་རོ་ཞེས་བྱའོ། །
འོན་ཀྱང་སོ་སོར་བརྟགས་མིན་གྱི་འགོག་པའི་མ་ཐོབ་པ་ནི་འཕགས་པ་རྣམས་ལའང་ཡོད་དེ། ཡེ་ཤེས་ལ་སོགས་པའི་སོ་སོར་བརྟགས་མིན་གྱིས་འགོག་པའི་མ་ཐོབ་པ་མེད་ན་ཡེ་ཤེས་ལ་སོགས་པ་སོ་སོར་བརྟགས་མིན་གྱིས་འགོག་པ་ཡོད་པར་འགྱུར་ལ། དེ་ལྟ་ནའང་ཡེ་ཤེས་དང་ཡོན་ཏན་ལ་སོགས་པ་མེད་པར་ཐལ་བའི་ཕྱིར་རོ། །འགོག་པ་དེའི་མ་ཐོབ་པ་ཟག་བཅས་ཡིན་ནོ་ཞེས་བྱ་བའང་མ་ཡིན་ཏེ། ཡེ་ཤེས་ལ་སོགས་པ་ལས་གཞན་དུ་མེད་པའི་ཕྱིར་རོ། །
གཞན་ཡང་ཟག་མེད་ཀྱི་མ་ཐོབ་པ་ཟག་བཅས་ཡིན་པ་ལྟར་ཟག་བཅས་ཀྱི་མ་ཐོབ་པ་ཅིའི་ཕྱིར་ཟག་མེད་དུ་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཟག་བཅས་ཀྱི་མ་ཐོབ་པ་སོ་སོའི་སྐྱེ་བོ་ལ་ཡོད་པ་རྣམས་ནི་ཁམས་གསུམ་པ་དང་། འཕགས་པ་ལ་ཡོད་པ་རྣམས་ནི་འགོག་པ་ལས་གཞན་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་ཡང་མི་རུང་སྟེ། དེ་ནི་ཟག་མེད་ཀྱི་མ་ཐོབ་པ་ལའང་མཚུངས་པའི་ཕྱིར་དང་ཟག་བཅས་ཀྱི་མ་ཐོབ་པ་འགོག་པ་གཉིས་ཡིན་ན་མ་ཐོབ་པ་ཐམས་ཅད་ཟག་བཅས་སུ་འདོད་པ་ཉམས་པའི་ཕྱིར་དང་། གཞན་ཡང་ལམ་གྱི་མ་ཐོབ་པ་སོ་སོའི་སྐྱེ་བོ་ཡིན་ན་དེའི་མ་ཐོབ་པ་ལམ་དུ་ཅིའི་ཕྱིར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ནའང་མ་ཐོབ་པ་ཟག་མེད་ཡོད་དོ་ཞེས་ངེས་པར་བྱའོ། །
སོ་སོའི་སྐྱེ་བོ་དེ་ཇི་ལྟར་གཏོང་བར་འགྱུར་ཞེ་ན། (དེ་ཡང་འོག་ས་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་དགུ་པ་ལས་དེའི་སོ་སྐྱེ་འདུན་པའི་འདོད་ཆགས་དང་བྲལ་བས་སྤོང་ཡང་རྣམ་པར་ཉམས་པ་མ་ཡིན་ལ། གོང་དུ་སྐྱེས་པའི་ས་འཕོས་པས་རྣམ་པར་ཉམས་པ་ཡིན་ཡང་སྤོང་བ་མ་ཡིན་ཏེ། སྔར་སྤངས་ཟིན་པའི་ཕྱིར་རོ། །སོ་སྐྱེས་སྤངས་ན་འཕགས་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། ས་གཅིག་གི་སོ་སྐྱེ་སྤངས་ཀྱང་ས་གཞན་གྱི་སོ་སྐྱེ་སྐྱེ་བས་སོ། །ཞེས་འཆད་ཀྱང་། བྱིས་པའི་དབང་དུ་བྱས་ཀྱིས་འཕགས་པ་ལ་ནི་ལམ་གྱི་མཐུ་ཁོ་ནས་སོ་སྐྱེའི་ཐོབ་པ་མི་སྐྱེ་བ་ཡིན་ནོ། །ཅི་མ་ཐོབ་པའི་ཐོབ་པ་དང་། ཐོབ་པའི་མ་ཐོབ་པའང་ཡོད་དམ་ཞེ་ན། གཉིས་ཀའང་གཉིས་ཀ་ཡོད་དེ། མ་ཐོབ་པའི་ཐོབ་པ་འཆད་ལ། ཐོབ་པ་འཆད་པས་མ་ཐོབ་པ་སྐྱེ་བའི་ཕྱིར་རོ། །འོ་ན་ཐོབ་པ་ཐུག་མེད་དུ་འགྱུར་རོ་ཞེ་ན། ཕན་ཚུན་ལྡན་པའི་ཕྱིར་མི་འགྱུར་ཏེ། འདི་ལྟར་སོ་ཐར་གྱི་སྡོམ་པ་ལྟ་བུ་ལ་ཐོབ་པའི་དགའ་སྟོན་དཔེར་བརྗོད་ན། ཐོབ་བྱའི་ཆོས་སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་དང་དེའི་ཐོབ་པ་དང་ཐོབ་པའི་ཐོབ་པ་གསུམ་དུས་གཅིག་ཏུ་སྐྱེ་ལ། ཐོབ་པས་ནི་ཆོས་དང་ཐོབ་པའི་ཐོབ་པ་གང་ཟག་དེའི་རྒྱུད་ལ་ལྡན་པར་བྱེད་ལ། ཐོབ་པའི་ཐོབ་པས་རྩ་བའི་ཐོབ་པ་ཁོ་ན་ལྡན་པར་བྱེད་དོ། །སྐད་ཅིག་མ་གཉིས་པ་ལ་ཆོས་གསུམ་པོ་དེ་ལྡན་པར་བྱེད་པའི་ཐོབ་པ་གསུམ། ཐོབ་པ་གསུམ་པོ་ལྡན་བྱེད་རྗེས་ཀྱི་ཐོབ་པ་གསུམ་སྟེ་དྲུག་དུས་གཅིག་ཏུ་སྐྱེ་ལ་ཆོས་དང་བཅས་ན་དགུའོ། །སྐད་ཅིག་གསུམ་པ་ལ་ཆོས་དགུ་པོ་ལྡན་བྱེད་ཐོབ་པ་དགུ་དེ་དགུ་ལྡན་བྱེད་རྗེས་ཐོབ་དགུ་སྟེ་བཅོ་བརྒྱད་དུས་གཅིག་ལ་སྐྱེ་ལ་ཆོས་དང་བཅས་ན་ཉེར་བདུན་ནོ། །སྐད་ཅིག་བཞི་པ་ལ་ཆོས་ཉེར་བདུན་པོ་ལྡན་བྱེད་ཐོབ་པ་ཉེར་བདུན། དེ་ལྡན་བྱེད་རྗེས་ཐོབ་ཉེར་བདུན་ཏེ་ལྔ་བཅུ་ང་བཞི་དུས་གཅིག་ཏུ་སྐྱེ་ལ་ཆོས་དང་བཅས་ན་གྱ་གཅིག་དང་། སྐད་ཅིག་ལྔ་པ་ལ་ཆོས་གྱ་གཅིག་པོ་ལྡན་བྱེད་ཐོབ་པ་གྱ་གཅིག། དེ་ལྡན་བྱེད་རྗེས་ཐོབ་གྱ་གཅིག་སྟེ་བརྒྱ་རེ་གཉིས་དུས་གཅིག་ཏུ་སྐྱེ་ལ། ཆོས་དང་བཅས་ན་ཉིས་བརྒྱ་ཞེ་གསུམ། སོགས་སུ་འགྱུར་རོ། །དེ་ལྟར་གོང་ནས་གོང་དུ་བསྒྲེས་ན་དཔག་ཏུ་མེད་དོ། །དེ་ཡང་སྐད་ཅིག་མ་དང་པོའི་ཐོབ་པའི་ཚུལ་ཅུང་ཟད་ཡིན་གྱི། གཉིས་པ་སོགས་ལ་རྩི་ན་ཐུག་པ་མེད་པས་སེམས་ཅན་གཅིག་གི་ཐོབ་པ་འཇིག་རྟེན་དུ་མི་ཤོང་བ་གཞན་ཡང་འདོད་དོ། །)འཕགས་པའི་ལམ་དེ་ཐོབ་པ་དང་། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་ལ་སོགས་པ་གོང་མར་འཕོ་བ་དང་། སྲིད་རྩེ་ནས་ཅི་ཡང་མེད་པར་སྐྱེ་བ་ལ་སོགས་པ་འོག་མར་སྐྱེ་བའི་ས་འཕོས་ནས་ནི་སོ་སོའི་སྐྱེ་བོ་རྣམ་པར་ཉམས་པར་འགྱུར་རོ་ཞེས་སྦྱར་ཏེ། དེ་ཡང་འཕགས་པའི་ལམ་ཐོབ་པས་ནི་ཁམས་གསུམ་ཆར་གྱི་སས་བསྡུས་པའི་སོ་སོའི་སྐྱེ་བོ་གཏོང་བར་འགྱུར་ལ། ས་འཕོས་པས་ནི་གང་ནས་འཕོས་པ་དེའི་སོ་སོའི་སྐྱེ་བོ་གཏོང་བར་འགྱུར་རོ་ཞེས་ཤེས་པར་བྱའོ། །
འདིར་ཡང་བྱེ་བྲག་ཏུ་སྨྲ་བས་སེམས་ཅན་གྱི་རྒྱུད་ལས་ཐ་དད་པའི་སོ་སོའི་སྐྱེ་བོ་འདོད་པ་ནི་རིགས་པ་མ་ཡིན་ཏེ། འཕགས་པ་དང་སོ་སོའི་སྐྱེ་བོ་གཉིས་ཀ་མ་ཡིན་པའི་སེམས་ཅན་སྲིད་པར་ཐལ་བའི་ཕྱིར་དང་། དེ་ལྟ་བུ་མ་དམིགས་པའི་ཡང་ཕྱིར་རོ། །དེའི་ཕྱིར་འཕགས་པའི་ལམ་དང་མི་ལྡན་པའི་སེམས་ཅན་གྱི་རྒྱུད་ཉིད་སོ་སོའི་སྐྱེ་བོ་ཡིན་ཏེ། དེ་ཉིད་ལས་དང་ཉོན་མོངས་པའི་དབང་གིས་ཁམས་གསུམ་དང་། ས་དགུ་དང་། རིས་ལྔར་སོ་སོ་སོ་སོར་སྐྱེ་བ་དང་འཆི་འཕོ་བའི་ཕྱིར་ཏེ། ཟླ་བ་སྒྲོན་མའི་མདོ་ལས། སོ་སོ་ཐ་དད་འགྲོ་བས་ན། །སོ་སོའི་སྐྱེ་བོར་བརྗོད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེས་ན་འཕགས་པའི་ལམ་དང་ལྡན་པའི་རྒྱུད་ནི་འཕགས་པ་ཡིན་ནོ། །
འགྲེལ་པ་ལས། གཞན་དག་གི་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་དང་སྐྱེས་ཐོབ་ཀྱི་མ་ཐོབ་པ་ནི་དགེ་བ་དེ་དག་ཐོབ་པས་གཏོང་བར་འགྱུར་ལ། ཁམས་གསུམ་པའི་འགྲོ་བས་བསྡུས་པའི་ཕུང་པོ་རྣམས་ནི་ས་འཕོས་པས་གཏོང་བ་ཡིན་ནོ་ཞེས་ཁ་ཅིག་ནི་རྣམ་པར་ཕྱེ་སྟེ་འཆད་དོ། །ཁ་ཅིག་ན་རེ་དེ་དག་གིས་མ་ཐོབ་པ་ནི་ཐོབ་པ་དང་ས་འཕོས་པ་གཉིས་ཀས་གཏོང་སྟེ། བསམ་གཏན་དང་པོའི་དགེ་བ་དང་འགྲོ་བའི་ཕུང་པོ་ནི་འདོད་པ་ན་སྤྱོད་པ་བས་མ་ཐོབ་ལ། དེ་ནི་དེ་དག་ཐོབ་པ་དང་། བསམ་གཏན་དང་པོར་ས་འཕོས་པ་གཉིས་ཀས་གཏོང་བ་ལྟ་བུའོ་ཞེས་ཟེར་རོ། །འོན་ཀྱང་སྦྱོར་བ་ལས་བྱུང་བ་མ་ཐོབ་པ་ནི་ཐོབ་པས་གཏོང་ལ། གཞན་དག་ནི་ཐོབ་པ་དང་ས་འཕོས་པ་གཉིས་ཀས་གཏོང་ངོ་ཞེས་ཤེས་པར་བྱའོ། །
གསུམ་པ་སྐལ་མཉམ་འཆད་པ་ནི་སྐལ་བ་མཉམ་པ་ནི་སློབ་དཔོན་གང་སྤེལ་གྱིས། གཡོ་བ་རང་བཞིན་མཚུངས་འགྱུར་ཅིང་། །བསམ་པ་གུས་མཚུངས་སེམས་ཅན་རྣམས། །གང་གིས་མཉམ་པར་འགྱུར་བ་ནི། །དེ་ལ་སྐལ་བ་མཉམ་ཞེས་བརྗོད། །ཅེས་བཤད་པས་སེམས་ཅན་དང་སེམས་ཅན་གྱིས་བསྡུས་པའི་ཆོས་རྣམས་ཀྱི་འདྲ་བའི་སྤྱིའོ། །སེམས་ཅན་སྨོས་པས་སེམས་ཅན་གྱིས་མ་བསྡུས་པ་ས་ལུ་ལ་སོགས་པ་ལ་སྐལ་མཉམ་མེད་པར་བསྟན་པའི་ཕྱིར་རོ། །སྐལ་མཉམ་ཡང་གཉིས་ཏེ། སྤྱིའི་སྐལ་མཉམ་སེམས་ཅན་ཐམས་ཅད་ཀྱི་སྤྱི་དང་། བྱེ་བྲག་གི་སྐལ་མཉམ་མི་དང་ལྷ་ལ་སོགས་པའི་སྤྱི་ལྟ་བུའོ། །ཡང་ན་སེམས་ཅན་གྱི་སྐལ་མཉམ་སྔར་སྨོས་པ་དེ་ལྟ་བུ་དང་། ཆོས་ཀྱི་སྐལ་མཉམ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་སྤྱི་ལྟ་བུའོ། །འདི་ལ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ལས་ནི་རིས་མཐུན་པ་ཞེས་བཤད་དོ། །
བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གལ་ཏེ་དེ་ལྟ་བུའི་སྐལ་མཉམ་གྱི་སྤྱི་མེད་ན་སེམས་ཅད་དང་ཆོས་རྣམས་ལ་སྒྲ་དང་བློ་མཐུན་པ་འཇུག་པར་མི་འགྱུར་ཏེ། རྒྱུ་མཚན་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། སྲོག་གཅོད་པ་ཀུན་དུ་བསྟན་པ་དང་གོམས་པར་བྱས་པ་དང་ལན་མང་དུ་བྱས་པས་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོང་ན་ཡང་སྲོག་བཅད་པས་ཚེ་ཐུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྐལ་མཉམ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །(འཆི་འཕོ་ཞིང་སྐྱེ་ལ་སྐལ་མཉམ་མི་འདོར་བ་ཡོད་དམ་ཞེ་ན་མུ་བཞི་སྟེ། དང་པོ་འཆི་འཕོ་ཞིང་སྐྱེ་ལ་སྐལ་མཉམ་མི་འདོར་བ་ནི་ས་གང་ནས་འཆི་འཕོས་ནས་ས་དེ་ཉིད་དུ་སྐྱེས་ནའོ། །གཉིས་པ་སྐལ་མཉམ་འདོར་ལ་འཆི་འཕོ་མིན་པ་ནི་ངེས་པ་ལ་འཇུག་པ་སྟེ་སེམས་ཅན་གྱི་སྐལ་མཉམ་འདོར་ལ་འཕགས་པའི་སྐལ་མཉམ་ཐོབ་པས་སོ། །གསུམ་པ་གཉིས་ཡིན་ནི་འགྲོ་བ་འཕོ་བ་ནའོ། །བཞི་པ་གཉིས་མིན་ནི་སྐྱེ་འཕགས་གསོན་བཞིན་ས་གོང་མའི་ཡོན་ཏན་ཅུང་ཟད་ཀྱང་མ་ཐོབ་པའི་རྒྱུན་ནོ། །འདི་ནི་བྱེ་བྲག་གི་འདྲ་བ་ལ་རྩི་ཡི་གཞན་དུ་ནི་མུ་གསུམ་པ་མི་འགྲུབ་བོ། །ཆོས་ལས་ཐ་དད་པའི་སྤྱི་རྫས་གྲུབ་འདོད་པ།) དེ་ནི་ལེགས་པ་མ་ཡིན་ཏེ། མདོའི་དོན་ནི་འགྲོ་བ་རིས་མཐུན་པའི་དབང་དུ་མཛད་ནས་གསུངས་ཀྱི་སྤྱི་ཐ་དད་པ་མ་ཡིན་པའི་ཕྱིར་དང་། སྐལ་མཉམ་(གྱི་སྤྱི།) མེད་པས་སྒྲ་བློ་མཐུན་པ་མི་འཇུག་ན་ས་ལུ་ལ་སོགས་པ་ལའང་མི་འཇུག་པར་ཐལ་བའི་ཕྱིར་དང་། ཐ་དད་པར་སྣང་བའི་བདག་ཉིད་མ་དམིགས་པའི་ཕྱིར་དང་། སོ་སོའི་སྐྱེ་བོ་དོན་མེད་པར་ཐལ་བའི་ཕྱིར་དང་། བྱེ་བྲག་པའི་སྤྱི་དགག་པ་དང་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་དང་ཆོས་རིས་མཐུན་ཙམ་ལ་སྐལ་མཉམ་ཞེས་བཏགས་ཀྱི་སེམས་ཅན་དང་ཆོས་ལ་ཐ་དད་པར་ནི་མེད་དོ། །
བཞི་པ་འདུ་ཤེས་མེད་པ་པ་བཤད་པ་ལ་འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པར་སྐྱེས་པའི་སེམས་ཅན་གྱི་རྒྱུད་ལ་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པའི་རྫས་གང་ཡིན་པའོ། །དེ་ཡང་རེ་ཞིག་སྐྱེར་མི་སྟེར་བར་ཆུ་ལོན་གྱིས་ཆུ་བསྐྱིལ་པ་ལྟར་འགོག་གི་གཏན་དུ་ནི་མ་ཡིན་ཏེ། འགོག་པ་གཉིས་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར་རོ། །དེ་ཡང་(ངོ་བོ་ནི།) འདུ་ཤེས་མེད་པའི་སྙོམས་འཇུག་གི་(རྫོགས་པའི།) རྣམ་སྨིན་གྱི་འབྲས་བུ་ཡིན་གྱི། རྒྱས་བྱུང་ནི་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །(འདིའི་སྲོག་དང་རིས་མཐུན་ལ་སོགས་པའི་འཕེན་བྱེད་ནི་བཞི་པའི་ཉེར་བསྡོགས་ཡིན་ནོ། །)དེ་ལྟ་བུ་དང་ལྡན་པའི་སེམས་ཅན་དེ་ཡང་འབྲས་བུ་ཆེའི་ཕྱོགས་གཅིག་ན་ཡོད་དེ། དེའི་ཕྱིར་བསམ་གཏན་བཞི་པའི་ལྟ་ཡིན་(པས་གནས་གཞན་མེད་པ་ཡིན་)ནོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དུ་མི་འབྱུང་ངམ་ཞེ་ན། སྐྱེ་བ་དང་འཆི་བ་ན་འབྱུང་བར་འགྱུར་ཏེ།
མདོ་ལས། སེམས་ཅན་དེ་དག་དུས་རིང་མོ་ཞིག་ཏུ་འདུག་འདུག་སྟེ་འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ་ཞེས་བྱ་བ་དང་། འདི་ཉིིད་ལས་ཀྱང་། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ་ཞེས་བྱ་བ་དང་། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་ཅེས་བྱ་བ་འདི་ངེས་པའི་ཕྱིར་རོ། །འདི་ཡང་ལྷ་ཚེ་རིང་པོའི་རྒྱུད་ལས་ཐ་དད་པའི་རྫས་ནི་མེད་དེ། མཚུངས་ལྡན་བཀག་པ་ནི་དངོས་པོར་འགལ་བའི་ཕྱིར་དང་། ཇི་སྲིད་དུ་མཚུངས་ལྡན་བཀག་པ་དེ་སྲིད་དུ་ནི་གཏན་དུ་བཀག་པ་ཡིན་པའི་ཕྱིར་དང་། མ་འོངས་པ་ན་སྐྱེ་བ་རྣམས་ནི་དེའི་དགག་བྱ་མ་ཡིན་པའི་ཕྱིར་(གཏན་དུ་འགོག་གི།) རེ་ཞིག་འགོག་པའང་མི་འཐད་དོ། །དེས་ན་མདོ་སྡེ་པས་ལས་ཀྱི་འཕེན་པས་ལྷ་དེའི་ལུས་ལ་བསྐལ་པ་ཆེན་པོ་ལྔ་བརྒྱར་མཚུངས་ལྡན་ཐམས་ཅད་འགོག་པར་འདོད་ལ། རྣལ་འབྱོར་སྤྱོད་པ་པ་ནི་ཀུན་ལས་བཏུས་ལས། འདུ་ཤེས་མེད་པ་པ་གང་ཞེ་ན། སེམས་ཅན་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པ་པ་ཞེས་གདགས་སོ་ཞེས་འབྱུང་བས་ཀུན་གཞི་དང་ཉོན་ཡིད་ལ་ཚོགས་དྲུག་འཁོར་བཅས་འགོག་པར་འདོད་དོ། །གཉིས་ཀ་ལྟར་ནའང་ལུས་སེམས་ལ་མཚུངས་ལྡན་བཀག་པའི་ཕྱིར་བཏགས་པ་པ་ཡིན་གྱི་རྫས་སུ་ནི་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སེམས་ཅན་དེ་ཡང་(ཡུན་རིང་གཉིད་ལོག་པ་ལས་སངས་པ་ལྟར།) སྔོན་གྱི་ལས་(དང་སྙོམས་འཇུག་)ཀྱི་འཕེན་པ་ཟད་པ་དང་། (སེམས་མེད་པས།) ལས་གསར་པ་མ་བསགས་པའི་ཕྱིར་ཤི་འཕོས་ནས་འདོད་པ་ཁོ་ནར་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ལ། འདོད་པར་སྐྱེ་བ་ནི་(སྒྲ་མི་སྙན་པ་ལ་འདོད་ལྷར་སྐྱེ་བའི་ལས་ཡོད་པ་ལྟར་འདོད་པར།) ལན་གྲངས་གཞན་ལ་མྱོང་བར་འགྱུར་བས་ཡིན་ནོ་ཞེས་བཞེད་པ་ཡིན་ནོ། །
ལྔ་པ་འདུ་ཤེས་མེད་པའི་སྙོམས་འཇུག་བཤད་པ་ནི་ཇི་ལྟར་འདུ་ཤེས་མེད་པ་པ་སེམས་དང་སེམས་བྱུང་འགོག་པ་དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའང་སེམས་དང་སེམས་བྱུང་འགོག་པ་ཡིན་ནོ། །འདུ་ཤེས་མེད་པ་པའི་རྒྱུ་ཡིན་པའི་ཕྱིར་རམ། འདི་ལ་འབྲས་བུ་འདུ་ཤེས་མེད་པ་ཡོད་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བས་སྙོམས་འཇུག་དེ་ལས་མ་ལངས་ཀྱི་བར་དུ་མཚུངས་ལྡན་རྣམས་འགོག་པའི་རྫས་སུ་ཡོད་དོ། །དེ་རྫས་སུ་མེད་ན་སེམས་དང་སེམས་བྱུང་རྣམས་སྐྱེ་བར་འགྱུར་ཏེ། འགོག་བྱེད་མེད་པའི་ཕྱིར་ཆུ་ལན་མེད་པའི་རྒྱུན་ངོགས་སུ་ཆུ་ཀླུང་འབབ་པ་བཞིན་ནོ། །དེ་བཞིན་དུ་འདུ་ཤེས་མེད་པ་པ་དང་འགོག་པའི་སྙོམས་འཇུག་ལའང་ཤེས་པར་བྱའོ། །ཞེས་འདོད་དོ། །སྙོམས་འཇུག་དེ་ཡང་ས་ནི་བསམ་གཏན་ཐ་མ་བཞི་པར་གཏོགས་པ་ཡིན་ལ། བསམ་པ་ནི་(འཁོར་བའི།) སྡུག་བསྔལ་ལས་ངེས་པར་འབྱུང་བ་སྟེ་ཐར་པར་འདོད་པས་(ཏེ་སྙོམས་འཇུག་ལ་ལམ་དང་འདུ་ཤེས་མེད་པ་པ་ལ་ཐར་པར་འདུ་ཤེས་པས།) སྙོམས་པར་འཇུག་གོ། དེའི་ཕྱིར་ཀུན་སློང་གིས་དགེ་བའོ། །(དེ་ཡང་བསམ་གཏན་གྱིས་བསྡུས་པའི་དགེ་བའོ། །)དེ་ཡང་སྐྱེས་ནས་མྱོང་བར་འགྱུར་བའི་དགེ་བ་ཉིད་ཡིན་ཏེ། (སྐྱེ་འཆིའི་སེམས་ཡོད་པས།) འདིའི་རྣམ་པར་སྨིན་པ་ནི་འདུ་ཤེས་མེད་པ་པའི་སེམས་ཅན་གྱི་ཕུང་པོ་ལྔ་འགྲུབ་བོ། །གང་དག་གིས་འདི་ཐོབ་ནས་ཉམས་པ་དེ་དག་ཀྱང་(དེ་ལ་གུས་པས་དེ།) གདོན་མི་ཟ་བར་སོར་ཆུད་པར་བྱས་ནས་སྐྱེད་པའི་ཕྱིར་ལན་གྲངས་གཞན་ལ་མྱོང་བ་དང་མྱོང་བར་མ་ངེས་པའང་མ་ཡིན་ལ། སྙོམས་འཇུག་དེ་དང་ལྡན་པ་ཚེ་འདི་ལ་འདུ་ཤེས་མེད་པར་སྐྱེ་བ་མེད་པའི་ཕྱིར་མཐོང་ཆོས་ལ་མྱོང་འགྱུར་ཡང་མ་ཡིན་ནོ། །(དེའི་ཕྱིར་དེ་ཐོབ་པ་ངེས་པ་ལ་མི་འཇུག་སྟེ་འགོག་པ་མངོན་སུམ་དུ་མཐོང་བར་རློམ་པས་སངས་རྒྱས་ཀྱིའང་གདུལ་བྱ་མིན་པའི་ཕྱིར་རོ་ཞེས་ཟེར་རོ། །)
སློབ་དཔོན་གང་སྤེལ་ནི་འགྲེལ་པ་ལས། གང་ཞིག་གིས་འདི་བསྐྱེད་ནས་ཡོངས་སུ་ཉམས་པ་དེ་ཡང་གདོན་མི་ཟ་བར་ཡང་བསྐྱེད་ནས་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་གྲག་གོ་ཞེས་འབྱུང་བའི་གྲག་གོ་ཞེས་བྱ་བའི་སྒྲ་ནི་ལུགས་གཞན་བསྟན་པའི་ཕྱིར་ཏེ། གཞན་དག་ན་རེ་སྐྱེས་ནས་མྱོང་འགྱུར་དང་མྱོང་བར་མ་ངེས་པའང་ཡིན་ནོ་ཞེས་ཟེར་རོ། །དེས་ན་ཉམས་སམ་མ་ཉམས་ཀྱང་རུང་སྟེ། གལ་ཏེ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་སྐྱོན་དུ་ལྟ་བར་གྱུར་ན་ནི་དེ་ནས་ངེས་པ་ལ་འཇུག་ཅིང་ཡང་མི་སྐྱེད་ཅིང་མངོན་དུའང་མི་བྱེད་དོ་ཞེས་འཆད་དོ། །དེ་ཡང་གང་ཟག་ནི་སོ་སོ་སྐྱེ་བོ་ཁོ་ནའི་ཡིན་གྱི་(ཐར་བ་དེ་དང་དེའི་ལམ་མངོན་དུ་གྱུར་པའོ།) འཕགས་པའི་ནི་མ་ཡིན་ཏེ། འདི་ལས་ལྷ་ཚེ་རིང་པོར་སྐྱེ་བ་ཡིན་ལ། དེ་ཡང་མི་ཁོམ་པའི་གནས་ཡིན་པའི་ཕྱིར་རྣམ་པར་ལྟུང་བའི་གནས་སུ་གཟིགས་པའི་ཕྱིར་(དང་སྲིད་པ་ལ་ཐར་པར་འདུ་ཤེས་མེད་པའི་ཕྱིར་)རོ། །དེའི་ཕྱིར་འདི་ལ་ཐར་པར་འདུ་ཤེས་པའི་བྱིས་པ་རྣམས་ཁོ་ན་འཇུག་པ་ཡིན་ནོ། །དེས་ན་གང་དག་ཡིད་ལ་བྱེད་པ་ཐམས་ཅད་བཀག་ནས་སྒོམ་པ་དེ་དག་ནི་འདུ་ཤེས་མེད་པའི་སྙོམས་འཇུག་ཁོ་ན་ཡིན་ཏེ། མཚན་ཉིད་ཐམས་ཅད་ཚང་བའི་ཕྱིར་རོ། །དེ་ཡང་འདས་མ་འོངས་ནི་མི་འཐོབ་ཀྱི་(སྐད་ཅིག་མ་དང་པོ་ལ་ནི།) དུས་གཅིག་པ་ད་ལྟར་བ་ཁོ་ན་འཐོབ་སྟེ་(འདི་འདྲེས་པ་ཡིན་ཡང་འབད་པ་ཆེན་པོས་སྒྲུབ་དགོས་ཤིང་།) སེམས་མེད་པའི་ཕྱིར་རོ། །འོན་ཀྱང་མ་བཏང་གི་བར་དུ་ནི་(ཐོབ་པ་)འདས་པ་དང་ཡང་ལྡན་ཏེ་སོ་སོ་ཐར་པའི་སྡོམ་པ་བཞིན་ནོ། །(སེམས་མེད་པས་མ་འོངས་པ་ནི་མི་ཐོབ་བོ། །)
འདིར་ཡང་ཡིད་ལ་བྱེད་པའི་ཁྱད་པར་གྱི་ལུས་སམ་སེམས་རྣམ་ཤེས་ཚོགས་དྲུག་བཀག་པ་ལ་དེ་ལྟ་བུའི་སྙོམས་འཇུག་ཏུ་བཏགས་ཀྱི་ལུས་སེམས་ལས་རྫས་གཞན་དུ་གྱུར་པ་ནི་མེད་དོ། །དེ་རྫས་སུ་མེད་ཀྱང་ཡིད་ལ་བྱེད་པའི་ཁྱད་པར་གྱིས་མཚུངས་ལྡན་རྣམས་སྐྱེ་བར་ཡང་མི་འགྱུར་ཏེ། རྟོག་པ་ཐམས་ཅད་ནང་དུ་བསྡུས་པའི་ཏིང་ངེ་འཛིན་བཞིན་ནོ། །དེ་བཞིན་དུ་གོང་འོག་དག་ལའང་ཤེས་པར་བྱའོ། །
དྲུག་པ་འགོག་པའི་སྙོམས་འཇུག་བཤད་པ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་གསུངས་པའང་གོང་མ་འདུ་ཤེས་མེད་པའི་སྙོམས་འཇུག་ཇི་ལྟ་བ་དེ་བཞིན་དུ་སེམས་དང་སེམས་བྱུང་འགོག་པ་ཉིད་དེ། ཡིད་ལ་བྱེད་པ་ལ་སོགས་པ་ལ་ཁྱད་པར་ཡོད་པས་དང་པོ་ཡིད་ལ་བྱེད་པ་ནི་སྙོམས་འཇུག་འདི་ནི་འདུ་ཤེས་དང་ཚོར་བ་བཞི་(བ་ནི་ཞི་བའོ་སྙམ་ནས་ཞི་)བར་གནས་པའི་དོན་དུ་སྙོམས་པར་འཇུག་གི་ངེས་པར་འབྱུང་བས་ནི་མ་ཡིན་ནོ། །ས་ནི་སྲིད་པའི་རྩེ་མོར་སྐྱེས་པ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་བརྟེན་པ་ཡིན་ཏེ། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ་ཞེས་འབྱུང་བས་སེམས་ཕྲ་བའི་མཇུག་ཐོགས་སུ་མཚུངས་ལྡན་རྣམས་དགག་སླ་བའི་ཕྱིར་དང་། (དེའི་རྣམ་སྨིན་ལ་སྲིད་རྩེའི་ཕུང་པོ་བཞི་འགྲུབ་པས་སམ་སྲིད་པ་ལ་རྒྱབ་ཀྱིས་ལྟས་ཤིང་སེམས་མཐར་ཐུག་པར་སྤྱོད་པའི་རྣམ་ཐར་དེ་ས་གཞན་ན་མེད་པས་སྲིད་རྩེའི་ས་པའོ། །)
སློབ་དཔོན་གང་སྤེལ་གྱིས་ཀྱང་། ཅིའི་ཕྱིར་སྲིད་རྩེ་ཁོ་ནར་འགོག་པ་ལ་སྙོམས་པར་འཇུག་གི་ས་གཞན་འོག་མ་དག་ཏུ་མ་ཡིན་ཞེ་ན། རྣམ་པར་ཐར་པ་དེ་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། སེམས་མཐར་ཐུག་པར་གཅོད་པ་སྟེ་རྒྱུ་གཉིས་ཀྱིས་བཞག་ན་ས་འོག་མ་རྣམས་ན་དེ་གཉིས་མེད་པའི་ཕྱིར་རོ་ཞེས་བཤད་པའི་ཕྱིར་རོ། །འདི་སྡེ་པ་གཞན་གྱིས་བསམ་གཏན་བཞི་པའི་ས་པར་འདོད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་རྣམས་མཐར་གྱིས་གནས་པའི་སྙོམས་འཇུག་ཏུ་གསུངས་པའི་ཕྱིར་རོ། །(འཕགས་པ་རྣམས་ཉོན་མོངས་ཅན་ནམ་ལུང་མ་བསྟན་ལ་ཞི་བར་མི་འཛིན་པས།) ངོ་བོ་ནི་ཀུན་སློང་གིས་དགེ་བའོ། །(འདི་དགེ་བ་ཟག་བཅས་ཡིན་པར་འདོད་པས།) མྱོང་འགྱུར་ནི་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་ཞེས་བྱ་བ་གཉིས་སུ་མྱོང་བར་འགྱུར་བ་དང་། མྱོང་བར་མ་ངེས་པ་གསུམ་དུ་འགྱུར་གྱི་མཐོང་བའི་ཆོས་ལ་མྱོང་འགྱུར་ནི་མ་ཡིན་ཏེ། འདིའི་རྣམ་སྨིན་སྲིད་རྩེའི་མིང་བཞིའི་ཕུང་པོ་ཡིན་ལ། འདོད་གཟུགས་སུ་སྐྱེས་པ་དག་སྐྱེ་བ་དེ་ལ་དེར་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །
དེ་ལ་སྐྱེས་ནས་མྱོང་འགྱུར་ནི་འདོད་པའི་འཕགས་པ་དག་དེ་ཐོབ་ནས་མ་ཉམས་པར་སྲིད་རྩེར་འགྲོ་བའོ། །ལན་གྲངས་གཞན་ལ་མྱོང་འགྱུར་ནི་འདོད་པར་ཐོབ་པ་ཉམས་པ་དག་གཟུགས་ཁམས་སུ་མངོན་དུ་བྱས་ཏེ་སྲིད་རྩེར་འགྲོ་བའོ། །མྱོང་བར་མ་ངེས་པ་ནི་དེ་གཉིས་ཀ་འདོད་གཟུགས་སུ་དགྲ་བཅོམ་པ་ཐོབ་པར་བྱེད་པའོ། །གང་ཟག་ནི་འཕགས་པའི་ཡིན་གྱི་བྱིས་པའི་སྐྱེ་བོའི་ནི་མ་ཡིན་ཏེ། མདོ་ལས། ཡང་སྲིད་མེད་པས་གནོད་འགྱུར་ཏེ། །གཡང་ས་དག་གིས་བྱིས་པ་བཞིན། །ཞེས་འབྱུང་བས་(སྲིད་རྩེ་ཐོབ་པའི་བྱིས་པ་ནི་སེམས་ཀྱི་རྒྱུད་ལ་བདག་ཏུ་ཞེན་པ་བཀག་ན།) བདག་ཆད་དུ་དྭོགས་པས་འཇིགས་པའི་ཕྱིར་དང་། འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་ནུས་པའི་ཕྱིར་མི་འོང་དང་དགྲ་བཅོམ་དག་ནི་འགོག་པ་འདི་ལ་མོས་པའི་ཕྱིར་དང་། སོ་སོའི་སྐྱེ་བོ་ནི་དེ་ལྟ་བུ་ཡང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་འདུན་བཟང་གིས་ཀྱང་སྲིད་རྩེའི་མཐོང་སྤང་མ་སྤངས་པར་དེར་འགོག་པའི་སྙོམས་འཇུག་བསྐྱེད་མི་ནུས་ལ། སོ་སོའི་སྐྱེ་བོས་ནི་དེ་སྤངས་པ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེས་ན་འཕགས་པའང་ཐམས་ཅད་ཀྱིས་འདི་ལ་སྙོམས་པར་འཇུག་མི་ནུས་ཏེ། འདི་ནི་སྲིད་རྩེའི་སེམས་ལ་བརྟེན་ནས་འཇུག་ན་འཕགས་པ་ཆགས་བཅས་དང་། ཕྱིར་མི་འོང་ཁ་ཅིག་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱིས་ནི་སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སའི་དངོས་གཞི་ལས་ཀྱང་། འགོག་པའི་སྙོམས་འཇུག་ལ་ཆོས་གཉིས་གཅེས་སྤྲས་བྱེད་པ་ཡིན་ཏེ། ཞི་གནས་དང་ལྷག་མཐོང་ངོ་། །དེ་ལ་ཞི་གནས་ནི་འདིར་མཐར་གྱིས་གནས་པའི་སྙོམས་འཇུག་བརྒྱད་ཡིན་ལ། ལྷག་མཐོང་ནི་འཕགས་པའི་ཤེས་རབ་ཡིན་ཏེ། དེ་གཉིས་ལས་གཅིག་མེད་ན་སྙོམས་པར་འཇུག་ཏུ་མི་རུང་བའི་ཕྱིར་གཉིས་ཀ་ཚོགས་ན་གཅེས་སྤྲས་བྱེད་པར་འགྱུར་རོ་ཞེས་བཤད་དོ། །
དེས་ན་ཕྱིར་མི་འོང་སྲིད་རྩེའི་སེམས་ཐོབ་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ནི་མཐོང་བའི་ཆོས་ལ་ཞི་བའི་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་ནུས་པ་ཡིན་པས་དེ་དག་དང་། རང་རྒྱལ་དང་བྱང་ཆུབ་སེམས་དཔའ་ས་དྲུག་པ་ཡན་ཆད་དང་སངས་རྒྱས་རྣམས་ཀྱིས་འདི་ལ་སྙོམས་པར་འཇུག་ནུས་སོ། །འཕགས་པའི་ཡང་སེམས་ཀྱི་སྟོབས་བསྐྱེད་པའི་སྦྱོར་བས་འཐོབ་ཀྱི་འདོད་ཆགས་དང་བྲལ་བ་ཙམ་གྱིས་ནི་མ་ཡིན་ཏེ། དེའི་ཕྱིར་(ཡོངས་སུ་ཉམས་ནས་སྐྱེད་ན་ཡང་སྔོན་མེད་པ་ཁོ་ན་དུས་གཅིག་འཐོབ་སྟེ།) སོ་སོར་ཐར་པའི་སྡོམ་པ་བཞིན་དུ་ད་ལྟར་བ་ཁོ་ན་འཐོབ་ཀྱི་འདས་མ་འོངས་ནི་མི་འཐོབ་བོ། །
འོ་ན་འཕགས་པ་ཐམས་ཅད་ཀྱི་སྦྱོར་བས་འཐོབ་བམ་ཞེ་ན། (དེ་ནི་ཉན་རང་ནི་ཚུལ་ལོ་དམིགས་བསལ་ནི། ཐུབ་པའི་ནི་ཟད་པ་མཁྱེན་པ་ཐོབ་པ་ན་དེ་དང་དུས་མཉམ་དུ་བརྙེས་པས་ན་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བས་ཐོབ་པར་བྱ་བ་ཡིན་པས། དུས་ནི་འཇུག་སེམས་ཀྱི་འཕེན་པ་ལྟར་ཏེ། འགོག་སྙོམས་ལ་ཞུགས་དུས་སུ་འཆི་བ་མེད་ཀྱང་ལངས་མ་ཐག་འཆི་བས། འདོད་པར་ཁམ་ཟས་ཀྱི་ནུས་པ་གཏུགས་པར་འགྱུར་བས་ཞག་བདུན་ལས་ལྷག་པར་མི་འཇུག་ལ། གོང་མར་ཇི་ལྟར་འདོད་པ་ལྟར་རོ། །)བྱང་ཆུབ་ཀྱིས་འཐོབ་པར་བྱ་བ་ཡིན་གྱིས་སྦྱོར་བས་ནི་མ་ཡིན་ཏེ། ཡོན་ཏན་ཐམས་ཅད་ལ་རྩོལ་བ་མེད་པའི་ཕྱིར་ཏེ། ཐམས་ཅད་མཁྱེན་པ་གྲུབ་པར་བསྟོད་པ་ལས། དགེ་བ་མཐར་ཕྱིན་ཁྱོད་ལ་ནི། །སྦྱོར་བ་ལས་བྱུང་ཅུང་ཟད་མེད། །ཁྱོད་ནི་གང་དུ་བཞེད་ངེས་པ། །བཞེད་པ་ཙམ་ལ་རག་ལས་ལགས། །ཞེས་བཤད་པ་ལྟ་བུའོ། །གལ་ཏེ་ཐུབ་པས་ཟད་པ་དང་མི་སྐྱེ་བ་ཤེས་པ་མངོན་དུ་བྱས་པའི་ཚེ་འགོག་པའི་སྙོམས་འཇུག་ཐོབ་པ་ཡིན་གྱི་མངོན་དུ་བྱས་པ་མ་ཡིན་ན་དེ་གཉིས་ཀའི་ཆ་ལས་རྣམ་གྲོལ་མ་ཡིན་པར་འགྱུར་ཏེ། འགོག་པ་མངོན་དུ་མ་བྱས་པར་སྙོམས་འཇུག་གི་སྒྲིབ་པ་ལས་མི་གྲོལ་བའི་ཕྱིར་རོ་ཞེ་ན། འདི་ལ་ཁ་ཆེའི་ནུབ་ཕྱོགས་ན་འཁོད་པའི་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་ཐུབ་པས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་མཐོང་ལམ་བསྐྱེད་ཅིང་། དེའི་རྗེས་ལ་སྲིད་རྩེའི་སེམས་ལ་བརྟེན་ནས་འགོག་པའི་སྙོམས་འཇུག་བསྐྱེད་ལ། དེ་ལས་ལངས་ནས་བསམ་གཏན་བཞི་པའི་སེམས་ལ་བརྟེན་ཏེ་སྲིད་རྩེའི་སྒོམ་སྤང་རྣམས་སྤངས་ཏེ་ཟད་པ་དང་མི་སྐྱེ་བ་ཤེས་པ་མངོན་དུ་བྱས་པའི་ཕྱིར་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡིན་ཏེ།
གནས་བརྟན་ཉེ་བསྲུངས་ཀྱི་ལུགས་ཀྱི་ཚིག་གི་བསྟན་བཅོས་ལས། དེ་བཞིན་གཤེགས་པ་ནི་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཟད་པ་མཁྱེན་པ་བསྐྱེད་པར་མཛད་དོ་ཞེས་བརྗོད་པར་བྱའོ་ཞེས་བཤད་པའི་ཕྱིར་ཞེས་ཟེར་རོ། །
ཁ་ཆེ་བ་ན་རེ་ཟད་པ་དང་མི་སྐྱེ་བ་ཤེས་པའི་དང་པོར་ཏེ་སྔོན་དུ་ནི་འགོག་པ་མངོན་དུ་བྱས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྟན་གཅིག་ཁོ་ན་ལ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་གྱི་ཡེ་ཤེས་སྐད་ཅིག་མ་སུམ་ཅུ་རྩ་བཞི་རྒྱུན་ཆགས་སུ་བསྐྱེད་ནས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །སུམ་ཅུ་རྩ་བཞི་ནི་མཐོང་ལམ་ལ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་དང་། སྲིད་རྩེའི་སྒོམ་སྤང་དགུ་སྤང་བའི་ཕྱིར་སྒོམ་ལམ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ཡེ་ཤེས་སྐད་ཅིག་མ་བཅོ་བརྒྱད་དེ། འོག་ས་བརྒྱད་ཀྱི་མཐོང་སྤང་དང་སྒོམ་སྤང་རྣམས་ནི་དེ་བཞིན་གཤེགས་པ་ཆགས་བྲལ་སྔོན་འགྲོ་ཡིན་པས་རིང་འཕུར་ལྷག་སྤྱོད་ཀྱི་དྲུང་དུ་སྔར་ཉིད་དུ་འཇིག་རྟེན་པའི་ལམ་གྱིས་སྤངས་ཟིན་པའི་ཕྱིར་དེ་དག་གི་གཉེར་པོ་ནི་འདིར་མི་བསྐྱེད་དོ། །འདོད་པའི་མཐོང་སྤང་སྔར་སྤངས་ཟིན་པས་དེ་སྤང་དུ་མེད་པའི་ཕྱིར་ཆོས་བཟོད་བསྐྱེད་མི་དགོས་པར་ཐལ་ལོ་ཞེ་ན་དེ་སྤངས་ཀྱང་ཆོས་བཟོད་ཆོས་ཤེས་བརྒྱད་བསྐྱེད་པ་ནི་ཆོས་ཤེས་ཕྱོགས་ཀྱི་མཐོང་ལམ་མེད་པར་རྗེས་ཤེས་ཕྱོགས་ཀྱི་མཐོང་ལམ་སྐྱེ་མི་སྲིད་པའི་ཕྱིར་རོ། །
དེ་བཞིན་གཤེགས་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་ནི་(ཡིན་ཏེ་འགོག་སྙོམས་བསྐྱེད་པའི་གེགས་དང་བྲལ་བས་)འགོག་པ་མངོན་དུ་བྱས་པ་དང་འདྲ་བར་མངའ་བརྙེས་པའི་ཕྱིར་རོ་ཞེས་ཟེར་རོ། །(མཐོང་སྒོམ་གྱི་བར་དུ་འགོག་པ་བསྐྱེད་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཟག་པ་མེད་པའི་ལམ་ལས་མི་ལྡང་བར་བྱའོ་ཞེས་དམ་བཅའ་བའི་དམ་བཅས་དང་འགལ་ཞིང་བསམ་པ་ལྡང་བ་ཅན་དུ་འགྱུར་རོ་ཞེས་སོ། །)ནུབ་ཕྱོགས་པ་རྣམས་ན་རེ་སྐད་ཅིག་མ་སུམ་ཅུ་རྩ་བཞི་རྒྱུན་མ་ཆད་པར་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་མ་གྲུབ་སྟེ། མཐོང་སྒོམ་གྱི་ལམ་གྱི་བར་དུ་འགོག་པ་ཞུགས་པའི་ཕྱིར་རོ། །དེ་དག་རིམ་པར་གོམས་པས་བྱང་ཆུབ་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་མ་ངེས་པ་ཡིན་ནོ་ཞེས་ཟེར་རོ། །
ཁ་ཆེ་བ་རྣམས་ན་རེ་འགོག་པས་བར་ཆོད་ན་བྱང་ཆུབ་སེམས་དཔའ་བསམ་པ་ལྡང་བ་ཅན་དུ་འགྱུར་རོ་ཞེས་ཟེར་རོ། །ནུབ་ཕྱོགས་པ་ནི་མི་འགྱུར་ཏེ། ལུང་གཞི་ལས་ཇི་སྲིད་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་གཞིག་པར་མི་བྱའོ་ཞེས་དམ་བཅའ་བར་གསུངས་ཀྱི་ཟག་མེད་ཀྱི་ལམ་ལས་མི་ལྡང་བར་ནི་མ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། །(མདོ་ལས་ཀྱང་། སྟན་འདིར་བདག་གི་ལུས་འདི་བསྐམས་ཀྱང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་རྙེད་པར། །སྟན་འདི་ལས་ནི་ལུས་སྐྱོད་མི་བྱའོ། །ཞེས་གསུངས་པས་སོ་སློབ་དཔོན་གྱི་བཞེད་པ་ནི།) འགྲེལ་པ་ལས་ནི། སྔ་མ་ཁོ་ན་ཡིན་ནོ་ཞེས་བརྗོད་དེ་ཞེས་འབྱུང་བས་བར་དུ་འགོག་པ་མ་བསྐྱེད་ཀྱི་ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་པ་ཉིད་རིགས་སོ་ཞེས་བྱ་བའོ། །(སྙོམས་འཇུག་འདི་གཉིས་ཁྱད་པར་ནི་མང་སྟེ། ས་ནི་བསམ་གཏན་བཞི་པ་དང་སྲིད་རྩེ། ཡིད་བྱེད་ངེས་འབྱུང་དང་གནས་པ། རྟེན་སོ་སྐྱེ་དང་འཕགས་པ། འབྲས་བུ་འདུ་ཤེས་མེད་པ་དང་སྲིད་རྩེ་ལས་མྱོང་བར་ངེས་པ་དང་གཉིས་ཀ། དང་པོར་སྐྱེ་བ་ལའང་ཁམས་གཉིས་དང་མིར་སྐྱེད་པའི་ཁྱད་པར་ཡོད་དོ། །ཉན་ཐོས་གཟུགས་མེད་འགོག་པ་ལ་མི་འཇུག་སྟེ་དེར་སྐྱེས་པའི་འཕགས་པ་ལ་མཚུངས་ལྡན་མ་ཞི་བ་མེད་པས། མ་ཞི་བའི་ཚོར་འདུས་མི་སྐྱོ་ཞིང་། སོ་སྐྱེ་ལ་སེམས་སེམས་བྱུང་འགགས་ན་མི་ལྡན་པའི་འདུ་བྱེད་འབའ་ཞིག་གནས་པའི་མཐུ་མེད་པས། དེ་ལ་ཞུགས་ན་ལྷག་མེད་དུ་འདའ་བར་ཐལ་བ་ལས་མྱོང་ངེས་ཀྱི་ལས་འབྲས་བུ་མ་རྫོགས་པར་མྱ་ངན་ལས་འདའ་མི་སྲིད་དེ་ལས་དེ་གེགས་ཀྱི་ངོ་བོར་གནས་པས་སོ། །ཡང་ན་རྟེན་མེད་པས་མི་འཇུག་སྟེ། སྲོག་ནི་ཡང་ན་གཟུགས་དང་ཡང་ན་སེམས་ལ་བརྟེན་ནས་འཇུག་ན་དེར་འགོག་པ་ལ་ཞུགས་ན་དེ་རྒྱུན་ཆད་པར་འགྱུར་བས་སོ་ཞེས་འདོད་དོ། །)
འོ་ན་སྙོམས་འཇུག་ལུས་གང་ལ་བརྟེན་པ་ཡིན་ཞེ་ན། སྙོམས་འཇུག་གཉིས་ཀ་འདོད་པ་དང་གཟུགས་ཀྱི་ཁམས་པའི་རྟེན་ཅན་ཡིན་གྱི་གཟུགས་མེད་པའི་ནི་མ་ཡིན་ཏེ། དགག་གཞི་མེད་པའི་ཕྱིར་དང་། འདུ་ཤེས་མེད་པའི་སྙོམས་འཇུག་བསམ་གཏན་བཞི་པས་བསྡུས་པའི་ཕྱིར་དང་། འགོག་པ་ནི་འདུ་ཤེས་དང་ཚོར་བ་རགས་པས་སྐྱོ་བས་ཡིན་ན་གཟུགས་མེད་པ་ནི་ཞི་བར་གནས་པས་དེ་དག་གིས་སྐྱོ་བ་མེད་པའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། སྐྱེ་བ་ལས་ནི་ཀུན་གཞི་རྣམ་ཤེས་རྣམ་པར་མ་བཞག་ན་ནི་དང་པོར་འདིར་སྐྱེད་ཅིང་དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དེ། མངོན་དུ་བྱེད་པ་དེ་ནི་གཟུགས་ཀྱི་ལུས་ལ་རགས་ལས་པ་ཡིན་པའི་ཕྱིར་རོ། །ཀུན་གཞི་རྣམ་ཤེས་རྣམ་པར་བཞག་ན་ནི་མངོན་དུ་བྱེད་པ་ཁམས་གསུམ་ཐམས་ཅད་དུ་འགྲོ་བ་ཡིན་པར་ལྟ་བར་བྱའོ་ཞེས་འབྱུང་བས་རྣལ་འབྱོར་སྤྱོད་པ་པ་གང་དག་ཀུན་གཞི་རྣམ་ཤེས་ཉིད་དགག་གཞིར་འདོད་པ་དེ་དག་གི་ལྟར་ན་ནི་འགོག་པའི་སྙོམས་འཇུག་གཟུགས་མེད་ཀྱི་ཁམས་སུའང་མངོན་དུ་བྱེད་དོ། །ཁྱད་པར་ནི་འདི་ཡོད་དེ་འགོག་པའི་སྙོམས་འཇུག་ནི་སྔར་མ་ཐོབ་པ་དག་གིས་དང་པོར་མངོན་དུ་བྱེད་པ་ནི་མིའི་ནང་དུ་ཡིན་ཏེ། སྔར་མ་འདྲིས་པས་བསྐྱེད་དཀའ་ལ་མི་བློ་གསལ་བའི་ཕྱིར་རོ། །དེ་ཐོབ་ནས་ཉམས་པ་དག་གིས་ནི་ཕྱིས་གཟུགས་ཀྱི་ཁམས་སུའང་མངོན་དུ་བྱེད་དོ། །(ཁ་ཅིག་འགོག་སྙོམས་ནི་མྱང་འདས་དང་འདྲ་བས་ཉམས་པ་མི་སྲིད་པར་འདོད་ཀྱང་མི་འཐད་དེ།) སློབ་དཔོན་གང་སྤེལ་གྱིས་ཀྱང་འགོག་པའི་སྙོམས་པར་འཇུག་པ་ནི་དང་པོ་མི་ཁོ་ནའི་ནང་དུ་བསྐྱེད་དེ། སྟོན་པ་པོ་དང་འཆད་པ་པོ་དང་སྦྱོར་བའི་སྟོབས་ཡོད་པའི་ཕྱིར་རོ། །ཕྱིས་ཉམས་པ་ནི་གཟུགས་སུ་ཡང་བསྐྱེད་ལ། གཟུགས་མེད་དུ་ནི་མ་ཡིན་ཏེ། རྟེན་མེད་པའི་ཕྱིར་རོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་དང་པོ་གཟུགས་ཀྱི་ཁམས་སུ་ཡང་བསྐྱེད་དེ། འཁོར་བ་ཐོག་མ་མེད་པ་ནས་འདྲིས་པའི་ཕྱིར་རོ། །ཞེས་བཤད་ཅིང་།
འཆར་བྱེད་ཀྱི་མདོ་ལས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུས། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་པ་དེ་ནི་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་མཐོང་བའི་ཆོས་ཁོ་ན་ལ་དང་པོ་ཉིད་དུ་ཀུན་ཤེས་པའི་ཆོས་ཐོབ་པར་ཡང་མི་བྱེད་ཅིང་། འཆི་བའི་དུས་ཀྱི་ཚེ་ཡང་མ་ཡིན་ལ། ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བའི་ལྷ་ལས་འདས་ཏེ་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའི་ཕྱིར་ཏེ། འདི་ལ་ཀུན་ཤེས་པའི་ཆོས་ནི་དགྲ་བཅོམ་པའོ། །ཁམ་གྱི་ཟས་ཟ་བའི་ལྷ་ནི་འདོད་པའི་ལྷ་རྣམས་སོ། །ཡིད་ལས་བྱུང་བའི་ལྷའི་ལུས་ནི་གཟུགས་ཀྱི་ཁམས་པའི་ལྷ་རྣམས་སོ། །གལ་ཏེ་འདོད་པར་འགོག་པའི་སྙོམས་འཇུག་ཐོབ་པ་མ་ཉམས་ན་སྲིད་རྩེར་སྐྱེ་བའི་ཕྱིར་གཟུགས་ཀྱི་ཁམས་སུ་སྐྱེས་ནས་འགོག་པ་མངོན་དུ་བྱེད་པར་ཇི་ལྟར་འགྱུར་ཞེ་ན། ཉམས་པ་སོར་ཆུད་པར་བྱེད་པར་འགྱུར་རོ། །འོ་ན་འགོག་པའི་སྙོམས་འཇུག་ལས་ཉམས་པ་ཡོད་ན་འཕགས་པ་ལ་ཉམས་པ་ཡོད་པར་འགྱུར་ཏེ། འདི་ནི་འཕགས་པ་ཁོ་ནས་མངོན་དུ་བྱེད་པའི་ཕྱིར་རོ་ཞེ་ན།
བྱེ་བྲག་ཏུ་སྨྲ་བ་ནི་འཕགས་པ་ལའང་ཉམས་པ་ཡོད་པར་འདོད་དོ། །མདོ་སྡེ་པ་ནི་འཕགས་པའི་ལམ་ལ་ཉམས་པ་མེད་ཀྱི་མདོའི་དོན་ནི་སྲིད་རྩེའི་སེམས་དང་འགོག་པའི་སྙོམས་འཇུག་ལས་ཉམས་པ་ཡོད་པར་བཤད་པ་ཡིན་ནོ་ཞེས་བྱ་བར་འདོད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་དང་པོ་མངོན་དུ་བྱེད་པའང་འདོད་གཟུགས་གཉིས་ཀར་མངོན་དུ་བྱེད་ལ། ཉམས་པ་སོར་ཆུད་པའང་སོ་སོར་ཡིན་གྱི་འདོད་པར་ཉམས་པ་གཟུགས་སུ་སོར་ཆུད་པ་དང་། བསམ་གཏན་དང་པོར་ཉམས་པ་གཉིས་པ་ལ་སོགས་པར་མངོན་དུ་བྱེད་པ་ནི་མེད་དེ། མྱོང་བར་མ་ངེས་པ་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དུ་ཐལ་བའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་འདུ་ཤེས་མེད་པའི་སྙོམས་འཇུག་ནི་དང་པོར་འདིར་བསྐྱེད་ཅིང་། དེའི་འོག་ཏུ་གཟུགས་ཁམས་སུ་བསམ་གཏན་བཞི་པར་འབྲས་བུ་མྱོང་བར་འགྱུར་རོ་ཞེས་དང་པོ་འདོད་པ་ཁོ་ནར་བསྐྱེད་པར་ཡང་བཤད་དོ། །ཁ་ཅིག་གིས་འདུ་ཤེས་མེད་པའི་སྙོམས་འཇུག་གཟུགས་ཁམས་སུ་མི་འདོད་པ་ནི་མི་རིགས་ཏེ།
ཡེ་ཤེས་ལ་འཇུག་པ་ལས། གཟུགས་ཀྱི་སྲིད་པ་ཡིན་པ་དེ་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་པ་ཡོད་དེ། གཟུགས་ན་སྤྱོད་པའི་སེམས་ཅན་ལྷ་འདུ་ཤེས་ཅན་སེམས་མི་འདྲ་བ་ལ་གནས་པ་རྣམས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་དང་། ལྷ་འདུ་ཤེས་མེད་པ་འདུ་ཤེས་མེད་པ་པ་ཐོབ་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་ལྟ་བུའོ་ཞེས་གསུངས་ཏེ། འདི་ལ་རྣམ་པར་འདྲིད་པ་ཅན་ལྔ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། འདུན་པ་དང་འདོད་ཆགས་དང་ལྡན་པའི་ཕུང་པོ་ལྔ་ནི་དབུ་བ་རྡོས་པ་ལ་སོགས་པས་དང་འདྲ་བས་བྱིས་པ་རྣམས་འདྲིད་ཅིང་སླུ་བའི་ཕྱིར་སངས་རྒྱས་འོད་སྲུང་གི་དུས་ན་ཕུང་པོ་ལྔ་ལ་མིང་དེ་སྐད་དུ་གྲགས་སོ། །སེམས་མི་འདྲ་བ་ནི་སེམས་མེད་མངོན་དུ་བྱས་པ་ཡིན་ལ། འདྲ་བ་ནི་ཟག་བཅས་ཀྱི་སེམས་ཡོད་པའི་ཚེ་ཡིན་ནོ། །
ཁ་ཅིག་སེམས་མི་འདྲ་བ་ལ་གནས་པ་རྣམས་དང་ཞེས་འདོན་ཅིང་སེམས་འདྲ་བ་དང་མི་འདྲ་བ་ནི་ཟག་བཅས་དང་ཟག་མེད་ལ་འདོད་དོ། །དེས་ན་གཟུགས་ན་སྤྱོད་པའི་སེམས་ཅན་ལྷ་འདུ་ཤེས་ཅན་སེམས་མི་འདྲ་བ་སྙོམས་འཇུག་གཉིས་ལ་གནས་པའི་སྲིད་པ་ནི་སེམས་མེད་ཡིན་པའི་ཕྱིར་དང་། འདུ་ཤེས་མེད་པའི་ལྷ་འདུ་ཤེས་མེད་པ་པ་ཐོབ་པ་ལའང་སེམས་མེད་པའི་ཕྱིར་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་ཏེ། དེ་དག་གསུམ་ག་ལའང་ཟག་བཅས་མཚུངས་ལྡན་གྱི་ཕུང་པོ་བཞི་མེད་པའི་ཕྱིར་རོ། །གཟུགས་ཀྱི་སྲིད་པ་ནི་ཡིན་པའི་ཕྱིར་མུ་དང་པོ་ཡིན་ཏེ་དེས་ན་དེ་ལྟ་བུའི་བསྟན་བཅོས་དང་འགལ་ལོ། །
མུ་བཞི་ནི་དེ་ཉིད་ལས་རྣམ་པར་འདྲིད་པ་ཅན་ལྔའི་སྲིད་པ་ཡིན་ལ་གཟུགས་ཀྱི་སྲིད་པ་མ་ཡིན་པ་ནི་འདོད་པ་ན་སྤྱོད་པའི་སེམས་ཅན་སེམས་འདྲ་བ་ལ་གནས་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་ལྟ་བུའོ། །གཟུགས་ཀྱི་སྲིད་པའང་ཡིན་ལ་སྲིད་པ་དེ་རྣམ་པར་འདྲིད་པ་ཅན་ལྔའང་ཡིན་(པའི་མུ་གསུམ།) པ་ནི་གཟུགས་ན་སྤྱོད་པའི་ལྷ་འདུ་ཤེས་ཅན་སེམས་འདྲ་བ་ལ་གནས་པ་རྣམས་དང་། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་འདུ་ཤེས་མེད་པ་པ་མ་ཐོབ་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་ལྟ་བུའོ། །གཟུགས་ཀྱི་སྲིད་པའང་མ་ཡིན་ལ་སྲིད་པ་དེ་རྣམ་པར་འདྲིད་པ་ཅན་ལྔའང་མ་ཡིན་(པའི་མུ་བཞི།) པའང་ཡོད་དེ། འདོད་པ་ན་སྤྱོད་པའི་སེམས་མི་འདྲ་བ་ལ་གནས་པ་རྣམས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་དང་། གཟུགས་མེད་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་ལྟ་བུའོ་ཞེས་གསུངས་ཏེ། འདུ་ཤེས་མེད་པའི་ལྷ་འདུ་ཤེས་མེད་པ་པ་མ་ཐོབ་པ་ནི་དེར་སྐྱེ་བ་དང་འཆི་བའི་ཚེ་སེམས་འབྱུང་བས་དེ་ལ་ཟག་བཅས་ཀྱི་ཕུང་པོ་ལྔ་ཡོད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །
གལ་ཏེ་འགོག་པ་འདི་དག་སེམས་མེད་ཡིན་ན་རྗེས་ཀྱི་སེམས་རྒྱུ་མེད་པར་འགྱུར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་འདས་པའང་རྫས་སུ་གྲུབ་པའི་ཕྱིར་འདས་པའི་སེམས་(སྙོམས་འཇུག་གི་དེ་མ་ཐག་རྐྱེན།) ལས་སྐྱེ་བར་འདོད་ལ། མདོ་སྡེ་པ་ལུས་སེམས་ཕན་ཚུན་ས་བོན་ཅན་ཡིན་པས་དབང་པོ་དང་བཅས་པའི་ལུས་ལ་སེམས་ཀྱི་ས་བོན་ཡོད་པའི་ཕྱིར་དེ་ལས་སྐྱེ་བར་འདོད་མོད་ཀྱི་བྱེ་བྲག་ཏུ་སྨྲ་བ་ལ་འདས་པའི་སེམས་དེའི་རྒྱུད་ལ་ཡོད་ན་སེམས་མེད་དེ་དག་ལ་མཚུངས་ལྡན་ཐམས་ཅད་བཀག་པ་མ་ཡིན་པར་ཐལ་བའི་ཕྱིར་དང་། དེའི་རྒྱུད་ལ་མེད་ན་འདས་པ་རྫས་སུ་མ་གྲུབ་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །
སྡེ་པ་གཞན་ལའང་སེམས་ཀྱི་ས་བོན་སེམས་སུ་འདོད་ན་མཚུངས་ལྡན་ཐམས་ཅད་བཀག་པ་མ་ཡིན་པར་འགྱུར་ཞིང་། ས་བོན་དོན་དུ་འདོད་ན་བེམས་པོ་སེམས་ཀྱི་ཉེར་ལེན་གྱི་རྒྱུར་འགྱུར་ལ། དོན་དང་མཚུངས་ལྡན་ལས་གཞན་པའི་དངོས་པོའང་མི་སྲིད་པའི་ཕྱིར་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་དག་གིས་ཀུན་གཞི་རྣམ་ཤེས་མ་བཀག་པའི་ཕྱིར་དེ་ལས་སྐྱེའོ་ཞེས་སྨྲ་བ་ཉིད་ལེགས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སྙོམས་འཇུག་གཉིས་ལ་ཁྱད་པར་མེད་པར་འགྱུར་ཏེ། སེམས་དང་སེམས་བྱུང་ཐམས་ཅད་ལུས་ལ་བཀག་པ་ཉིད་དེ་དག་གི་ངོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་ནི་དེ་ཙམ་དུ་ཁྱད་པར་མེད་ཀྱང་ཀུན་སློང་དང་། དང་པོ་སྐྱེད་ཚུལ་དང་། ཁམས་དང་། ས་དང་། གང་ཟག་དང་། རྣམ་སྨིན་དང་། མྱོང་འགྱུར་ལ་ཁྱད་པར་ཡོད་པའི་ཕྱིར་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་ནི་དེ་ལ་ཐར་པར་ཤེས་པའི་ལོག་པའི་ཀུན་སློང་དང་། དང་པོའང་ཁམས་འདོད་པ་དང་། (དེས་ན་སྙོམས་འཇུག་འདི་གཉིས་ཀྱི་རྟེན་ལ་མུ་བཞི་སྟེ། དང་པོ་འདུ་ཤེས་མེད་སྙོམས་ཀྱི་རྟེན་མ་ཡིན་པ་ནི་ཚངས་ཆེན་དང་འདོད་ལྷ་རིགས་དྲུག་གོ། འགོག་པའི་ཡིན་ལ་ཅིག་ཤོས་ཀྱི་མིན་པ་ནི་གནས་གཙང་ལྔའོ། །གཉིས་ཀའི་ཡིན་པ་ནི་གཟུགས་ཀྱི་ལྷ་རིས་གནས་གཙང་མ་མ་གཏོགས་པ་བཅུ་གཅིག་དང་གླིང་གསུམ་གྱི་མི་ཕོ་མོའོ། གཉིས་མིན་ངན་སོང་གསུམ་དང་སྒྲ་མི་སྙན་དང་གཟུགས་མེད་བཞིའོ་ཞེས་སོ། །)ཁམས་ནི་འདོད་གཟུགས་ཀྱི་ཁམས་དང་། ས་ནི་བསམ་གཏན་བཞི་པ་དང་། གང་ཟག་ནི་བྱིས་པ་དང་། རྣམ་སྨིན་ནི་འདུ་ཤེས་མེད་པའི་སེམས་ཅན་དང་། མྱོང་འགྱུར་ནི་སྐྱེས་ནས་མྱོང་འགྱུར་ཉིད་དུ་ངེས་ལ། འགོག་པའི་སྙོམས་འཇུག་ནི་ཞི་བར་གནས་པའི་ཀུན་སློང་དང་། དང་པོ་མིའི་ནང་ཁོ་ནར་དང་། གཟུགས་མེད་པའི་ཁམས་པ་དང་། སྲིད་རྩེའི་ས་པ་དང་། འཕགས་པའི་གང་ཟག་དང་། སྲིད་རྩེའི་རྣམ་སྨིན་དང་། སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གསུམ་དུ་ངེས་པའི་ཕྱིར་རོ། །ཞེས་ལན་འདེབས་པར་བྱེད་དོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ནི་དགག་བྱ་ལའང་ཁྱད་པར་ཡོད་དེ། ཀུན་ལས་བཏུས་ལས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་སྟེང་མའི་འདོད་ཆགས་དང་མ་བྲལ་བ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་གདགས་སོ། །
འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་སོ་ཞེས་དང་པོས་ཚོགས་དྲུག་འཁོར་བཅས་དང་། གཉིས་པས་ཚོགས་བདུན་འཁོར་བཅས་འགོག་པར་བཤད་དོ། །སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ནི་དགྲ་བཅོམ་དང་ཕྱིར་མི་འོང་གི་རིམ་པ་ལྟར་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་དང་དེའི་མཐོང་སྤང་སྤངས་པའོ། །དེ་ལ་གང་ཡང་གནས་བརྟན་དབྱིག་བཤེས་ཀྱིས་ཡོངས་སུ་དྲི་བ་ཞེས་བྱ་བའི་བསྟན་བཅོས་ལས། འདི་ནི་གང་གི་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་སེམས་མེད་པ་ཡིན་པ་དེ་ལ་སྐྱོན་དུ་འགྱུར་གྱི་ཁོ་བོ་ནི་འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཡིན་ནོ་ཞེས་ཟེར་རོ། །ཞེས་འབྱུང་བ་དེ་ཡང་སེམས་ཀུན་གཞི་རྣམ་ཤེས་ལ་འདོད་ན་ནི་དེ་ལྟ་མོད་ཀྱི་འོན་ཀྱང་དེ་ནི་མི་འདོད་དེ། བྱེ་བྲག་ཏུ་སྨྲ་བ་ཡིན་པའི་ཕྱིར་རོ། །
རྣམ་ཤེས་ཚོགས་དྲུག་ལ་འདོད་ན་དེ་འདུ་ཤེས་དང་ཚོར་བ་འགོག་པ་མ་ཡིན་པར་འགྱུར་ཏེ། དེ་དག་ནི་སེམས་ཀྱི་ཀུན་འགྲོ་ཡིན་པའི་ཕྱིར་རོ། །མཚུངས་ལྡན་རགས་པ་འགོག་གི་ཕྲ་བ་མི་འགོག་གོ་ཞེས་བྱ་བར་ཡང་མི་རུང་སྟེ། ཕྲ་བའི་དོན་ནི་ཀུན་གཞི་རྣམ་ཤེས་འཁོར་བཅས་ཡིན་ན་དེ་ནི་མི་འདོད་ལ་རྣམ་ཤེས་ཚོགས་དྲུག་ལ་ནི་ཕྲ་རགས་ཀྱི་ཁྱད་པར་དབྱེ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་བཙུན་པ་དབྱངས་སྒྲོགས་ཀྱིས་མདོ་ལས། རྣམ་པར་ཤེས་པ་ཡོད་ན་གསུམ་འདུས་པ་ལས་རེག་པ་དང་རེག་པའི་རྐྱེན་གྱིས་ཚོར་བ་དང་འདུ་ཤེས་དང་སེམས་པའི་ཚོགས་རྣམས་འབྱུང་བར་གསུངས་པ་དང་འགལ་ལོ་ཞེས་བརྗོད་པའང་རིགས་པ་ཡིན་ནོ། །གལ་ཏེ་དེ་དག་ལ་སེམས་མེད་ན་སྙོམས་པར་འཇུག་པར་ཇི་ལྟར་འགྱུར་ཏེ། དེ་ནི་བསམ་གཏན་པ་དག་དམིགས་པ་ལ་སེམས་མཉམ་པར་འཇོག་པ་ལ་འདོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཡིད་ལ་བྱེད་པའི་ཁྱད་པར་གྱིས་འབྱུང་བ་ཆེན་པོ་དག་སེམས་སྐྱེ་བ་དང་མི་མཐུན་པར་ཆ་མཉམ་པར་སྒྲུབ་པའི་ཕྱིར་རམ། ཡང་ན་སྙོམས་འཇུག་གི་སྦྱོར་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རིམ་པ་ལྟར་འདུ་ཤེས་དང་ཚོར་བ་འགོག་པའི་ཕྱིར་དེ་དག་གི་སྙོམས་པར་འཇུག་པ་ཞེས་བྱའོ་ཞེས་སྡེ་པ་དག་གིས་ལན་འདེབས་སོ། །
རྣམ་འབྱོར་སྤྱོད་པ་པ་ནི་ཡིད་ལ་བྱེད་པའི་སྟོབས་ཀྱིས་ཀུན་གཞི་ལ་རྣམ་ཤེས་ཚོགས་དྲུག་དང་བདུན་སྐྱེ་བ་མེད་པར་འཇོག་པའི་ཕྱིར་དེ་དག་ལ་སྙོམས་པར་འཇུག་པ་(དེ་དག་རྫས་སུ་ཡོད་དེ་སེམས་སྐྱེ་བའི་གེགས་བྱེད་ནུས་པས་སོ་ཞེས་སོ། །)ཞེས་ཟེར་རོ། །(སློབ་དཔོན་ནི་དེ་དག་གིས་གེགས་བྱས་པས་སེམས་མ་སྐྱེས་པ་མིན་གྱི་སྙོམས་པར་འཇུག་སེམས་ཀྱིས་གེགས་བྱས་པས་སེམས་མ་སྐྱེས་པ་ཡིན་ན་དེ་ཡང་སེམས་སྐྱེ་བ་དང་མི་མཐུན་པའི་ལུས་སམ་ཀུན་གཞི་སྐྱེད་པ་ཡིན་ནོ། །དེ་ཡང་མ་འོངས་པའི་སེམས་སེམས་འབྱུང་མི་སྐྱེ་བ་དེ་ཙམ་ལ་སྙོམས་འཇུག་ཅེས་བཏགས་སོ། །དེ་མ་སྐྱེས་པའི་གནས་སྐབས་ཀྱི་ལུས་སམ་ཀུན་གཞི་ལ་སྙོམས་འཇུག་ཏུ་བཏགས་པས་འདུས་བྱས་སུ་འདོད་དོ། །)བདུན་པ་སྲོག་གི་དབང་པོ་བཤད་པ་ནི་སྲོག་གི་དབང་པོ་ནི་ཁམས་གསུམ་པའི་ཚེ་ཡིན་ཏེ། (ཆོས་མངོན་པ་ལས།) སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཚེ་དེ་ཡང་(མི་ལྡན་པའི་འདུ་བྱེད་རྫས་གྲུབ།) ལུས་ཀྱི་དྲོད་དང་(གསུམ་ག་ན།) རྣམ་པར་ཤེས་པའི་རྟེན་གང་ཡིན་པ་སྟེ་དེ་ནི་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པའོ། །དེ་ཡང་ཁམས་འོག་མ་གཉིས་སུ་ནི་ལུས་དང་རྣམ་ཤེས་གཉིས་ཀའི་རྟེན་ཡིན་ལ། གཟུགས་མེད་དུ་ནི་རྣམ་ཤེས་གཅིག་པུའི་རྟེན་ཡིན་གྱི་རྣམ་ཤེས་རིས་མཐུན་པ་ཙམ་ནི་སྲོག་གི་དབང་པོ་མ་ཡིན་ཏེ། འདུ་ཤེས་མེད་པ་པ་དང་སེམས་མེད་པའི་སྙོམས་འཇུག་(ལ་གནས་པ་)དག་ལ། སྲོག་གི་དབང་པོ་མེད་པར་ཐལ་བའི་ཕྱིར་དང་། གཟུགས་མེད་པའི་སེམས་ཅན་དག་གི་སྐྱེས་ནས་མ་ཤིའི་བར་གྱི་རྣམ་ཤེས་ཐམས་ཅད་རྣམ་སྨིན་ཁོ་ནར་འགྱུར་ཏེ། དེ་ན་ནི་ཡིད་ཀྱི་རྣམ་ཤེས་གཅིག་པུ་ལས་མེད་པའི་ཕྱིར་དང་། དེ་ཡང་སྲོག་གི་དབང་པོ་ཡིན་པའི་ཕྱིར་དང་། སྲོག་གི་དབང་པོའང་རྣམ་སྨིན་ཁོ་ནར་ངེས་པའི་ཕྱིར་རོ། །དེ་ལྟ་ནའང་གཟུགས་མེད་པ་ལ་དགེ་བ་མི་སྲིད་པར་འགྱུར་ཏེ། རྣམ་སྨིན་ནི་ལུང་མ་བསྟན་ཁོ་ན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྲོག་གི་དབང་པོ་ནི་ལུས་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པ་ཁོ་ན་ཡིན་ཏེ། དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་ནི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །ཞེས་གསུངས་སོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །དེ་ལ་མདོ་སྡེ་པ་དག་ནི་ལུས་དང་རྣམ་ཤེས་སྲོག་ལ་བརྟེན་པར་འདོད་ན་སྲོག་གང་ལ་བརྟེན་པ་ཡིན། དེ་ཡང་རྟེན་མེད་པར་གནས་པར་མི་འགྱུར་ཏེ་ལུས་དང་རྣམ་ཤེས་བཞིན་ནོ། །
སྲོག་ཀྱང་ལུས་དང་རྣམ་ཤེས་ལ་བརྟེན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཕན་ཚུན་ལྟོས་ནས་འགྲུབ་པའི་ཕྱིར་གཉིས་ཀ་མ་གྲུབ་པའམ། གལ་ཏེ་གྲུབ་ནའང་(སྲོག་)ལྡོག་པར་མི་འགྱུར་ཏེ། རྒྱུ་(རྣམ་ཤེས།) མ་ཚང་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་དག་ལས་ཀྱིས་འཕངས་པའི་ཕྱིར་འཇུག་པ་དང་ལྡོག་པར་འགྱུར་རོ་ཞེ་ན། འོ་ན་ནི་ལུས་དང་རྣམ་ཤེས་ལས་ཐ་དད་པའི་སྲོག་གི་དབང་པོ་དོན་མེད་དེ། །ལས་ཀྱི་སྟོབས་ཀྱིས་ལུས་དང་རྣམ་ཤེས་དུས་ངེས་པར་འཕངས་པའི་ཕྱིར་རོ། །དེའི་ཕྱིར་ཡིད་ཀྱི་རྣམ་ཤེས་ས་བོན་དང་བཅས་པ་རིས་མཐུན་པར་གནས་པ་ལ་སྲོག་གི་དབང་པོར་གདགས་སོ་ཞེས་འདོད་དོ། །རྣལ་འབྱོར་སྤྱོད་པ་པ་དག་ཕྱོགས་གཉིས་ཀ་ལ་སྔར་སྨོས་པའི་ཀླན་ཀ་ཡོད་པའི་ཕྱིར་ལས་ཀྱི་སྟོབས་ཀྱིས་ཀུན་གཞི་རྣམ་ཤེས་རིས་མཐུན་པར་གནས་པ་ལ་སྲོག་གི་དབང་པོར་གདགས་སོ་ཞེས་འདོད་པ་ནི་ཆེས་ལེགས་པ་ཡིན་ནོ། །
གལ་ཏེ་ཚེ་ཟད་པ་ཁོ་ནས་འཆི་འཕོ་བར་འགྱུར་རམ་ཞེ་ན། གདགས་པ་ལས། ཚེ་ཟད་ནས་འཆི་བ་དང་། བསོད་ནམས་ཟད་ནས་འཆི་བ་དང་། གཉིས་ཀ་ཟད་ནས་འཆི་བ་དང་། བར་མ་དོར་འཆི་བ་བཞི་ཡོད་པར་གསུངས་ཏེ། (དེ་ལ་ཚེ་ཟད་པས་འཆི་ལ་བསོད་ནམས་ཟད་པས་མིན་པའི་མུ་དང་པོ་ནི་ཚེའི་རྣམ་སྨིན་ཅན་གྱི་ལས་ཟད་པའོ་མུ་གཉིས་པ།) བསོད་ནམས་ཟད་པ་ནི་ལོངས་སྤྱོད་ཀྱི་རྣམ་སྨིན་(ཅན་གྱི་ལས་)ཟད་པའོ། །(མུ་གསུམ་པ་དེ་ནི་གཉིས་ཀ་ཟད་ནས་འཆི་བའོ། །བཞི་པ་ནི་དེ་གཉིས་ཀ་མ་ཟད་པར་བར་མ་དོར་ཤི་བའོ། །)བར་མ་དོར་འཆི་བ་ནི་དུག་ལ་སོགས་པའི་ཟས་དང་། གཡང་ས་ལ་སོགས་པའི་སྦྱོར་བ་དང་། གདོན་ལ་སོགས་པས་མདངས་འཕྲོགས་པས་གནོད་པས་འཆི། (བ་དང་ཚེ་ལ་དབང་བ་རྣམས་ཚེ་གཏོང་།) བའོ། །དེ་ལ་ཚེ་ཟད་པ་དང་། ཚེ་དང་བསོད་ནམས་གཉིས་ཀ་ཟད་ནས་འཆི་བ་ནི་འཕགས་པ་ཚེ་ལ་དབང་འབྱོར་བ་རྣམས་མ་གཏོགས་པ་ཚེ་བསྲིང་བའི་ཐབས་མེད་དོ། །བསོད་ནམས་ཟད་ནས་འཆི་བ་ལ་ནི་དགེ་སྦྱོར་དང་སྦྱིན་པ་ལ་སོགས་པས་ཚེ་བསྲིང་དུ་ཡོད་དོ། །དུག་དང་གཡང་ས་ལ་སོགས་པའི་བར་མ་དོར་འཆི་བ་ལ་ནི་སྨན་དང་སྤྱོད་ལམ་གྱིས་ཚེ་བསྲིང་དུ་ཡོད་དོ། །གདོན་ལ་སོགས་པ་འབྱུང་པོའི་གནོད་པ་ལ་ནི་རིག་སྔགས་འཆང་གྲུབ་པ་རྣམས་ཀྱི་ཆོ་གས་ཚེ་བསྲིང་དུ་ཡོད་དོ། །ཚེ་ལ་དབང་བ་རྣམས་ཚེ་གཏོང་བའང་བར་མ་དོར་འཆི་བ་ཡིན་པར་སྣང་ངོ་། །
ཡང་མདོ་ལས། ལུས་ཐོབ་པ་ནི་བཞི་སྟེ། ལུས་ཐོབ་པ་གང་ལ་བདག་ཉིད་(ཀྱིས།) འཆི་བར་འགྱུར་གྱི་གཞན་གྱིས་གསོད་པས་འཆི་བ་མ་ཡིན་པ་ཡང་ཡོད་ཅེས་པ་ལ་སོགས་པ་མུ་བཞི་གསུངས་པ་ལས། བདག་ཉིད་ཀྱིས་འཆི་ལ་གཞན་གྱིས་མི་འཆི་བ་(མུ་དང་པོ།) ནི་སངས་རྒྱས་རྣམས་དང་འདོད་པའི་ལྷ་རྩེད་མོས་མྱོས་པ་དང་ཡིད་རབ་ཏུ་འཁྲུགས་པ་རྣམས་སོ། །གཞན་གྱིས་འཆི་ལ་བདག་གིས་ནི་མི་འཆི་བ་(མུ་གཉིས་པ།) ནི་མངལ་ན་གནས་པ་དང་སྒོ་ང་ན་གནས་པ་རྣམས་སོ། །གཉིས་ཀས་འཆི་བ་ནི་(མུ་གསུམ་པ།) འདོད་པ་ན་སྤྱོད་པ་ཕལ་ཆེ་བ་རྣམས་སོ། །གཉིས་ཀས་མི་འཆི་བ་(མུ་བཞི་པ།) ནི་འདོད་པ་ན་དམྱལ་བ་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། མཐོང་ལམ་དང་། བྱམས་པ་དང་། སེམས་མེད་པའི་སྙོམས་འཇུག་གཉིས་ལ་སྙོམས་པར་ཞུགས་པ་རྣམས་དང་། རྒྱལ་པོའི་དྲང་སྲོང་དང་། རྒྱལ་པོའི་ཕོ་ཉ་དང་། རྒྱལ་བས་ལུང་བསྟན་པ་དང་། ཆོས་ལེན་དང་། མཆོག་ཅན་དང་། གང་གི་ལེན་དང་། ཚོང་དཔོན་གྱི་བུ་གྲགས་པ་གཞོན་ནུ་དང་། འཚོ་བྱེད་ལ་སོགས་པ་རྣམས་དང་། ལུང་ཕྲན་ཚེགས་ལས། སྲིད་པ་ཐ་མ་པའི་སེམས་ཅན་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་བར་མ་དོར་རྒྱུན་ཆད་ཅིང་དུས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་འབྱུང་བས་སྲིད་པ་ཐ་མ་པ་རྣམས་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའི་ཡུམ་དེ་ལྷུམས་ན་གནས་པ་དང་། འཁོར་ལོས་བསྒྱུར་བ་དང་། འཁོར་ལོས་བསྒྱུར་བའི་མ་དེ་མངལ་ན་གནས་པ་དང་། སྲིད་པ་བར་མ་པ་ཐམས་ཅད་དང་། ཁམས་གོང་མ་གཉིས་ཀྱི་ལྷ་རྣམས་ལྟ་བུ་སྟེ། དེ་ལ་རྒྱལ་པོའི་དྲང་སྲོང་ནི་སྔོན་འཁོར་ལོས་བསྒྱུར་བ་ལས་རབ་ཏུ་བྱུང་བའོ། །དེ་ཡང་བདག་གིས་འཆི་བ་ནི་ལྕེ་བ་པ་ཡིན་ལ། གཞན་གྱིས་འཆི་བ་ནི་གསོད་པའོ། །
བརྒྱད་པ་མཚན་ཉིད་འཆད་པ་ནི་འདུས་བྱས་ཀྱི་མཚན་ཉིད་དག་ནི་(འདུས་བྱས་ཀྱི་)ཆོས་རྣམས་(མ་འོངས་པ་ནས་ད་ལྟར་བར།) སྐྱེད་པར་བྱེད་པའི་སྐྱེ་བ་དང་། རྙིངས་པར་བྱེད་པའི་རྒ་བ་དང་། གནས་པར་བྱེད་པའི་གནས་པ་དང་། འཇིག་པར་བྱེད་པའི་མི་རྟག་པ་ཉིད་ཅེས་བྱ་བ་བཞིའོ། །(དེ་ལ་འདུས་བྱས་གཅིག་སྐྱེ་བ་ན་འདུས་བྱས་སུ་མཚོན་པའི་མཚན་གཞི་བུམ་པ་ལྟ་བུ་གཅིག་དང་དེ་སྐྱེ་བར་བྱེད། གནས་པར་བྱེད། རྒ་བར་བྱེད། འཇིག་པར་བྱེད་པའི་རྩ་བའི་མཚན་ཉིད་བཞི་དང་། རྩ་བའི་སྐྱེ་བ་སྐྱེད་པར་བྱེད་པའི་སྐྱེ་བའི་སྐྱེ་བ་དང་། རྩ་བའི་གནས་པ་སྐྱེད་པའི་གནས་པའི་གནས་པ་དང་། རྩ་བའི་རྒ་བ་སྐྱེད་པའི་རྒ་བའི་རྒ་བ་དང་། རྩ་འཇིག་འཇིག་པ་སྐྱེད་བྱེད་འཇིག་པའི་འཇིག་པ་སྟེ་མཐུན་པའི་མཚན་ཉིད་བཞི་སྟེ་ཆོས་བརྒྱད་མ་འོངས་པ་ནས་ད་ལྟར་བར་སྐྱེད་པར་བྱེད་ཅིང་རང་ཡང་དེ་དུས་སྐྱེ་བས་ཆོས་དགུ་དུས་གཅིག་ཏུ་སྐྱེའོ། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད་ལ་སོགས་པ་ངེས་པར་ལྷན་ཅིག་ཏུ་སྐྱེ་བ་གཞན་དག་ནི་རྩ་བའི་སྐྱེ་བས་སྐྱེད་དོ། །རྒ་འཇིག་གིས་ནི་ད་ལྟར་ནས་མ་འོངས་པར་འཕོ་བར་བསྐྱེད་ལ། གནས་པ་ནི་འདུས་མ་བྱས་ལའང་ཡོད་པས་དེ་ནི་བྱེད་ལས་ཆུང་ངོ་། །དེ་བཞིན་དུ་རྩ་བའི་གནས་རྒ་འཇིག་གསུམ་གྱིས་ཀྱང་རང་རང་མ་གཏོགས་པ་ཆོས་བརྒྱད་བརྒྱད་བསྐྱེད་པས་རྩ་བའི་མཚན་ཉིད་བཞི་པོ་རེ་རེ་ལའང་འདུས་བྱས་ཀྱི་མཚན་ཉིད་གསུམ་གསུམ་ཚང་མོད། སྐྱེ་བ་ལ་སྐྱེ་བ་མ་ཚང་བ་ནས་འཇིག་པ་ལ་འཇིག་པ་མ་ཚང་བའི་བར་དུའོ་ཞེ་ན། སྐྱེ་བའི་སྐྱེ་བས་རྩ་སྐྱེ་ཁོ་ན་སྐྱེད་པ་ནས་འཇིག་པའི་འཇིག་པས་རྩ་འཇིག་ཁོ་ན་སྐྱེད་པའི་བར་དུ་ཡིན་པས་སྐྱོན་མེད་དོ། །དེས་ན་འདུས་བྱས་ཀྱི་མཚན་ཉིད་བཞིའང་འདུས་བྱས་སུ་མཚོན་པ་ལ་རང་མ་གཏོགས་པའི་མཚན་ཉིད་གྲོགས་པོ་གསུམ་གསུམ་མཐུན་པའི་མཚན་ཉིད་སྐྱེ་སོགས་རེ་རེ་བསྣན་པས་མཚན་ཉིད་བཞི་བཞིའང་ཚང་ངོ་ཞེས་སོ། །)(ཉིད་ནི་དངོས་པོའི་རྐྱེན་ནོ། །འོ་ན་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ། །གསུམ་གང་ཞེ་ན། དགེ་སློང་དག་འདུས་བྱས་སྐྱེ་བར་ཡང་མངོན་ནོ། །འཇིག་པར་ཡང་མངོན་ནོ། །གནས་པ་གཞན་དུ་འགྱུར་བ་ཉིད་དུ་ཡང་མངོན་ནོ་ཞེས་གསུམ་དུ་ཇི་ལྟར་གསུང་བར་འགྱུར་ཞེ་ན། མཚན་ཉིད་བཞི་ཡིན་མོད་ཀྱི་མདོ་ལས། གནས་པ་གཞན་དུ་འགྱུར་བའི་རྒས་པ་དང་འགྲེལ་བར་བསྟན་པས་རྟག་འཛིན་དགག་ཅིང་འདུས་བྱས་ལ་ཡིད་སྐྱོ་བར་བྱ་བའི་ཕྱིར་ཏེ་བཀྲ་ཤིས་མ་དང་འབྲེལ་བའི་རྣ་ནག་མ་བཞིན་ནོ། །གལ་ཏེ་བུམ་པ་ལ་སོགས་པ་འདུས་བྱས་སུ་བྱེད་པ་ལ་སྐྱེ་བ་ལ་སོགས་པ་ཐ་དད་དགོས་པར་འདོད་ན་དེ་དག་འདུས་བྱས་སུ་བྱེད་པ་ལའང་སྐྱེ་བ་ལ་སོགས་པ་ཐ་དད་དགོས་པར་འགྱུར་ལ། མི་དགོས་ན་ནི་བུམ་པ་ལ་སོགས་པའང་མི་དགོས་སོ་ཞེ་ན། སྐྱེ་བ་ལ་སོགས་པ་དེ་དག་ལའང་སྐྱེ་བའི་སྐྱེ་བ་དང་། སོགས་པའི་སྒྲས་བཟུང་བ་རྒ་བའི་རྒ་བ་དང་། གནས་པའི་གནས་པ་དང་། མི་རྟག་པའི་མི་རྟག་པ་ཉིད་ཅེས་བྱ་བ་རྗེས་སུ་མཐུན་པའི་མཚན་ཉིད་བཞི་ཡོད་དོ། །འོ་ན་ནི་དེ་དག་ལའང་གཞན་དགོས་པའི་ཕྱིར་ཐུག་པ་མེད་པར་འགྱུར་ཞེ་ན། མ་ཡིན་ཏེ། སྐྱེ་བ་དེ་ནི་རྒ་བ་ལ་སོགས་པ་གསུམ་དང་། སྐྱེ་བའི་སྐྱེ་བ་ལ་སོགས་པ་བཞི་དང་། བུམ་པ་ལ་སོགས་པའི་མཚན་གཞི་དང་། ཆོས་བརྒྱད་ལ་འཇུག་ཅིང་སྐྱེད་པར་བྱེད་ལ། སྐྱེ་བའི་སྐྱེ་བ་དེ་ནི་སྐྱེ་བའི་ཆོས་གཅིག་པུ་དེ་ཁོ་ན་ལ་འཇུག་ཅིང་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་རྒ་བ་ལའང་ཤེས་པར་བྱ་སྟེ། དེའི་ཕྱིར་ཐུག་པ་མེད་པར་ཡང་མི་འགྱུར་ཞེས་འདོད་དོ། །
མདོ་སྡེ་པ་ལ་སོགས་པ་ནི་བུམ་པ་ལ་སོགས་པ་ལས་ཐ་དད་པའི་སྐྱེ་བ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། ཚད་མ་ལ་ལྟར་རུང་བའི་བདག་ཉིད་མ་དམིགས་པའི་ཕྱིར་ས་ཕྱོགས་ལ་བུམ་པ་མ་དམིགས་པ་བཞིན་ནོ། །གཞན་ཡང་འདུས་བྱས་དང་སྐྱེ་བ་ཐ་དད་པར་འདོད་ན་ནི་འདུས་བྱས་རང་ཉིད་སྐྱེ་བ་མེད་པར་འགྱུར་ལ། རང་ཉིད་སྐྱེ་བ་ཡིན་པ་ནའང་ཐ་དད་པར་མི་འགྱུར་རོ། །སྐྱེ་བའང་མ་ཡིན་སྐྱེ་བ་མེད་པའང་མ་ཡིན་ན་ནི་དེ་དག་རྣམ་པར་སྤྱོད་པའི་འགལ་བ་མ་ཡིན་པར་འགྱུར་རོ། །འོ་ན་མདོ་ལས། བཙུན་པ་གཉིས་ཀས་མི་དགུམ་པ་དེ་གང་ལགས། ཤཱ་རིའི་བུ་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་འགྲོ་བ་རྣམས་ཡིན་ནོ། །ཞེས་གསུངས་ཤེ་ན། འདིར་བདག་ཉིད་འཆི་བ་ནི་རང་སའི་ཟག་མེད་དང་། གཞན་གྱིས་གསོད་པ་ནི་གོང་སའི་ཉེར་བསྡོགས་ཀྱིས་སྤོང་བ་ལ་དགོངས་ཏེ། འདུ་ཤེས་མེད་མིན་པ་ན་དེ་གཉིས་ཀ་མེད་པ་ལ་དགོངས་སོ། །འོ་ན་མེད་མིན་པ་དེར་ཡང་ས་གཞན་གྱི་འཕགས་ལམ་གྱིས་སྤོང་ངོ་། །ཞེ་ན་མཉམ་གཞག་གི་ས་པས་སྤོང་བ་ལ་རང་ས་ཟག་མེད་དང་གོང་མའི་ཉེར་བསྡོགས་ཀྱིས་སྤོང་བར་མོས་པས་མཉམ་བཞག་གི་ས་གཉིས་ཀ་དེར་གོའོ། །གཞན་ཡང་འདུས་བྱས་ལས་སྐྱེ་བ་ཐ་དད་པར་འདོད་ན་སྐྱེ་བ་འདུས་མ་བྱས་སུ་འགྱུར་རོ། །འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ན་ནི་དེ་དག་རྣམ་པར་གཅོད་པའི་འགལ་བར་མི་འགྱུར་རོ། །
དེའི་ཕྱིར་མདོ་ལས། གང་ཅུང་ཟད་སྐྱེ་བའི་ཆོས་ཅན་དེ་ཐམས་ཅད་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་གསུངས་པ་དང་ཡང་འགལ་བ་ཡིན་ཏེ། ཆོས་ཅན་གྱི་སྒྲ་ནི་རང་བཞིན་ལ་བཞེད་པ་ཡིན་ནོ། །དེ་བཞིན་དུ་རྒ་བ་དོན་གཞན་ལ་སོགས་པ་ལའང་བརྗོད་པར་བྱའོ། །གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་མདོའི་དོན་ནི་འདུས་བྱས་ཀྱི་རྒྱུན་དང་པོ་ནི་སྐྱེ་བ་དང་། རྒྱུན་རྗེས་སུ་འཇུག་པ་གནས་པ་དང་། རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི་གནས་པ་གཞན་དུ་འགྱུར་བ་དང་། རྒྱུན་འགོག་པ་ལ་མི་རྟག་པའི་དབང་དུ་མཛད་ནས་གསུངས་ལ། དེ་དག་ཀྱང་འདུས་བྱས་ཀྱི་བདག་ཉིད་ཡིན་གྱི་གཞན་ནི་མ་ཡིན་ཏེ། སློབ་དཔོན་གྱི་འགྲེལ་པ་ལས། རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཆད་པ་འཇིག་པ་གནས་པ་དེ། །དེ་ཉིད་སྔ་ཕྱིའི་བྱེ་བྲག་ནི། །གནས་པ་གཞན་དུ་འགྱུར་བ་ཉིད། །ཅེས་བྱ་བ་དང་། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི། །གནས་པ་གཞན་དུ་འགྱུར་བར་འདོད། །ཅེས་གསུངས་པ་ཡིན་ནོ། །མདོ་ལས་སྐད་ཅིག་མའི་དབང་དུ་མཛད་ནས་གསུངས་པ་ནི་མ་ཡིན་ཏེ། སྐད་ཅིག་མ་ནི་སྐད་ཅིག་རེ་རེ་ལ་འཇིག་པ་ཡིན་ན་དེ་ལ་གནས་པ་མི་སྲིད་ཅིང་གནས་ནའང་སྐད་ཅིག་མ་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་ཏུ་གནས་སོ་ཞེས་བྱ་བའང་མ་ཡིན་ཏེ། དེ་ནི་མི་གནས་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འགྲེལ་པ་ལས། སྐད་ཅིག་མའི་ཆོས་ལ་ནི། །གནས་པ་མེད་ན་འཇིག་པར་འགྱུར། །དེ་ཡང་འཇིག་འགྱུར་དེའི་ཕྱིར། །དེ་ཡི་དེ་རྟོག་དོན་མེད་དོ་ཞེས་གསུངས་ཏེ། དེ་ལ་གནས་པ་མེད་ན་འཇིག་པར་འགྱུར་ཞེས་བྱ་བ་ནི་གནས་པ་མེད་པའི་ཕྱིར་འཇིག་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་སྐད་ཅིག་མའོ། །དེར་རྟོག་ཅེས་བྱ་བ་ནི་གནས་པ་དེར་རོ། །དེས་ན་སྐད་ཅིག་མ་ནི་འཇིག་པ་ཡིན་པའི་ཕྱིར་གནས་པ་མ་ཡིན་ནོ་ཞེས་བྱ་བའོ། །འདིས་ཀྱང་སྐད་ཅིག་མ་ལ་སྐྱེ་བ་དང་མི་རྟག་པ་ནི་དོན་གཅིག་པར་སྟོན་པ་མ་བཀག་པའི་ཕྱིར་དོན་གཅིག་ཏུ་བསྟན་ཏོ། །སྐད་ཅིག་མ་ལ་རྒ་བའང་ཡོད་པ་མ་ཡིན་ཏེ། འགྲེལ་པ་ལས། དེ་བཞིན་ན་ནི་རྒ་མི་འགྱུར། །གཞན་དུ་འགྱུར་ན་དེ་གཞན་ཉིད། །དེ་ལྟ་བས་ན་དངོས་གཅིག་ལ། །རྒ་ཞེས་བྱ་བ་མི་འཐད་དོ་ཞེས་འབྱུང་བས་རྒ་བ་ནི་གཞན་དུ་འགྱུར་བ་ཡིན་ན་སྐད་ཅིག་མ་གཅིག་པོ་དེ་ཉིད་གཞན་དུ་འགྱུར་བར་མི་རིགས་པའི་ཕྱིར་དང་། འགྱུར་ནའང་སྐད་ཅིག་མ་གཅིག་ཏུ་མི་འཐད་པའི་ཕྱིར་རོ། །དེ་ལྟར་ཡང་དེའི་ཕྱིར་མདོའི་དོན་ནི་རྒྱུན་གྱིས་དབང་དུ་མཛད་ནས་གསུངས་པ་ཡིན་གྱི་སྐད་ཅིག་ལ་ནི་མ་ཡིན་ལ། དེ་མཚན་ཉིད་དུ་འདོད་ནའང་སྐད་ཅིག་ལ་མ་ཁྱབ་པར་འགྱུར་བས་འདུས་བྱས་ཀྱི་མཚན་ཉིད་ནི་ཡང་དག་པར་ན་སྔར་མེད་པ་སྐྱེ་བ་དང་། སྐྱེས་ནས་ཀྱང་འགག་པ་ཉིད་ཡིན་ཏེ། མདོ་ལས་འདུས་བྱས་ཞེས་བྱ་བ་ནི་གང་མ་བྱུང་བ་ལས་འབྱུང་བ་དང་། བྱུང་ནས་ཀྱང་ཡང་མི་འབྱུང་བ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེས་འདོད་དོ། །གལ་ཏེ་དུས་གཅིག་ཏུ་ཆོས་གཅིག་མཚན་ཉིད་བཞི་ཚང་ན་སྐྱེ་འཇིག་གནས་རྒ་དུས་གཅིག་ཏུ་བྱེད་པར་ཐལ་ལ་མ་ཚང་ན་འདུས་བྱས་སུ་མི་འགྱུར་རོ་ཞེ་ན་སྐྱེ་བ་མ་འོངས་པ་ཆོས་མ་འོངས་པ་ལ་བྱ་བ་བྱེད་ལ། ད་ལྟར་བའི་ཆོས་ལ་གནས་པ་སོགས་བྱ་བ་བྱེད་པས་དུས་ཐ་དད་པས་སྐྱོན་མེད་དོ་ཡང་།) གལ་ཏེ་མ་འོངས་པའི་སྐྱེ་བས་འདུས་བྱས་སྐྱེད་པར་བྱེད་པ་ཡིན་ན་འདུས་བྱས་ཐམས་ཅད་ཅིག་ཅར་སྐྱེ་བར་འགྱུར་རོ་ཞེ་ན། དེ་ལྟར་ཐལ་བར་མི་འགྱུར་ཏེ། རང་རང་གི་རྒྱུ་དང་རྐྱེན་(ཚོགས་པ་)དག་མེད་པར་ནི་སྐྱེ་བ་འབའ་ཞིག་གིས་ནི་བསྐྱེད་པར་བྱ་བ་མ་འོངས་པ་རྣམས་(ད་ལྟར་དུ།) སྐྱེད་པར་བྱེད་པ་མིན་གྱི་འོན་ཀྱང་རྒྱུ་རྐྱེན་དང་ཚོགས་པས་ཡིན་ནོ། །(ཞེ་ན་འོ་ན་རྒྱུ་རྐྱེན་ཚོགས་ན་དེས་འབྲས་བུ་བསྐྱེད་པས་དེ་དག་རྒྱུ་ཡིན་གྱི་སྐྱེ་བ་དོན་གཞན་ཡོད་ཀྱང་རྒྱུ་རྐྱེན་མ་ཚོགས་ན་མི་སྐྱེད་པས་དེ་རྒྱུར་འདོད་པ་དོན་མེད་དོ་ཡོད་དེ་དབང་སོགས་བཞིན།) ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་མོད་ཀྱི་སྐྱེ་བ་དོན་གཞན་ནི་བཀག་ཟིན་ཏོ། །
དགུ་པ་མིང་གི་ཚོགས་ལ་སོགས་པ་བཤད་པ་ནི་མདོར་བསྟན་པར་མིང་གི་ཚོགས་ལ་སོགས་པ་ཡང་ཞེས་བྱ་བའི་སོགས་པའི་སྒྲས་ནི་ངག་དང་ཡི་གེ་གཟུང་བས་དེ་དག་ནི་མིང་དང་ངག་དང་ཡི་གེའི་ཚོགས་གསུམ་མོ། །དེ་ལ་མིང་ནི་དོན་གྱི་ངོ་བོ་རྗོད་པར་བྱེད་པ་སྟེ་གཟུགས་ཞེས་པ་ལྟ་བུའོ། །ངག་ནི་ཚིག་སྟེ་དོན་གྱི་ཁྱད་པར་སྟོན་པ་ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་བྱ་བ་ལ་སོགས་པའམ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཞེས་བྱ་བ་ལྟ་བུ་ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པ(ར་སྟོན་པ་བསྟན་བཅོས་ལ་སོགས་པ།) སྟེ། ཚིག་གང་གིས་ལྷས་བྱིན་(དཀར་ཤམ།) འགྲོ་ཞེས་པ་ལ་སོགས་པའི་བྱ་བ་དང་། ཁ་དོག་དཀར་ཤམ་ལ་སོགས་པའི་ཡོན་ཏན་དང་། བཙོས་སོ་འཚེད་དོ་འཚེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་(ངོ་བོ་དང་ཡོན་ཏན་དང་བྱ་བ་དང་།) དུས་ཀྱི་འབྲེལ་པའི་ཁྱད་པར་རྟོགས་པར་འགྱུར་བའོ། །ཡི་གེ་ནི་མིང་དང་ཚིག་གི་གཞིར་གྱུར་པའམ་ཆ་ཤས་ཏེ་ཀ་ལ་སོགས་པའོ། །ངེས་ཚིག་ནི་ཨཀྵར་ཞེས་བྱ་བ་མི་འགྱུར་བ་སྟེ། བརྡའི་དབང་གིས་རྣམ་གྲངས་གཞན་དུ་མི་འགྱུར་བའི་ཕྱིར་ཏེ་ཀ་ཞེས་བྱ་བའི་ཡི་གེ་ནི་བརྡ་མི་མཐུན་པའི་སྐྱེ་བོ་དུ་མ་ལ་འགྱུར་བ་མེད་པ་བཞིན་ནོ། །བྱ་ཉྫ་ན་ཞེས་པ་(བྱེད་ལས་)གསལ་བར་བྱེད་པ་སྟེ། མིང་དང་ཚིག་གི་གསལ་བྱེད་ཡིན་པའི་ཕྱིར་རོ། །ཡང་ན་(དགོས་པ་)རྒྱུད་ནས་དོན་རྗོད་པར་བྱེད་པའི་ཕྱིར་ཡི་གེའོ། །དེའི་ཕྱིར་སྒྲ་པ་དག་གིས། །རྣམ་གྲངས་དུ་མ་མེད་པ་དང་། །མིང་ཚིག་གསལ་བར་བྱེད་པ་དང་། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན་ཞེས་བཤད་དོ། །མིང་དང་ཚིག་ནི་བརྡའི་དབང་གིས་གཞན་དང་གཞན་དུ་འགྱུར་ཏེ་ལྟོ་ལྡིར་ལ་སོགས་པ་ལ་བུམ་པ་དང་གྷ་ཊ་ལ་སོགས་པ་བཞིན་ནོ། །ཚོགས་ནི་འདུས་པ་སྟེ་ཕྲེང་བ་ལ་སོགས་པ་བཞིན་ནོ། །
དོན་སྟོན་པའང་བྱེ་བྲག་ཏུ་སྨྲ་བ་ནི་ངག་མིང་ལ་འཇུག་ལ་མིང་གིས་དོན་རྗོད་པར་བྱེད་དོ་ཞེས་འདོད་དོ། །མདོ་སྡེ་པ་ན་རེ་(བུམ་པ་ཞེས་སོགས་)བརྡས་མཚམས་བཅད་ན་ནི་གཉིས་ཀས་དོན་(ལྟོ་ལྡིར་བ་)གོ་བར་རུང་བའི་ཕྱིར་ངག་དང་མིང་གི་རིམ་པ་ལ་མི་ལྟོས་ཏེ། འགྲེལ་པ་ལས། ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་དང་དོན་དགུ་ལས། །མཁས་པས་གཽའི་སྒྲ་ངེས་གཟུང་བྱ། །ཞེས་གཽས་དོན་དགུ་བརྗོད་པར་བཤད་པ་ལྟ་བུའོ། །བརྡས་མཚམས་མ་བཅད་ན་ནི་གཉིས་ཀའང་དོན་གྱི་རྗོད་བྱེད་དུ་མི་འགྱུར་བའི་ཕྱིར་དང་། ངག་མིང་ལ་འཇུག་པའང་གསལ་བར་བྱེད་པ་དང་སྐྱེད་པར་བྱེད་པ་གཉིས་ཀ་མི་འཐད་པའི་ཕྱིར་ཏེ། ངག་ནི་སྒྲའི་རང་བཞིན་ཡིན་པའི་ཕྱིར་སྒྲ་ཙམ་ཐམས་ཅད་ཀྱིས་མིང་གསལ་བ་དང་སྐྱེད་པར་འགྱུར་རོ་ཞེས་བྱ་བ་དང་། མིང་ལ་སོགས་པའང་སྒྲའི་རང་བཞིན་ལ་འདོད་ན་ནི་གཟུགས་ཀྱི་ཕུང་པོ་ལ་བཏགས་པ་ཡིན་ལ། རྣམ་རྟོག་གི་ཡུལ་གྱི་སྒྲའི་སྤྱི་ལ་འདོད་ན་ནི་ངོ་བོ་ཉིད་མེད་པའི་ཕྱིར་རྫས་སུ་མེད་དོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ནི་སྒྲའི་རང་བཞིན་ནི་མ་ཡིན་གྱི་འོན་ཀྱང་རྣམ་རྟོག་གི་ཡུལ་ཉིད་ཡིན་ནོ། །དེ་ཡང་རྫས་སུ་མེད་ན་དོན་རྗོད་བྱེད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་འདོད་དོ། །(གལ་ཏེ་ཡི་གེའང་ཡིག་འབྲུའི་ཡན་ལག་གི་མིན་ནམ་ཞེ་ན། མིན་ཏེ་ཡི་གེ་ནི་ཡིད་ཁོ་ན་ལ་གསལ་བའི་ཀ་སོགས་ཡིན་ལ་དེ་དག་གོ་བར་བྱ་བའི་ཕྱིར་ཡིག་འབྲུའི་གཟུགས་སུ་གྱུར་བའི་ཀ་སོགས་བྱས་པའི་ཡིན་ནོ་སྒྲ་ཙམ་གྱིས་དོན་མི་གོ་བའི་ཕྱིར་མིང་ཚིག་ཡི་གེ་གསུམ་ནི་སྒྲ་མིན་དེས་ན་ངག་ནི་མིང་གསལ་བའམ་སྐྱེད་པའི་མིང་ལ་འཇུག་ལ། མིང་གི་དོན་བརྗོད་ཅིང་རྟོགས་པར་བྱེད་དོ་ཞེས་བྱེ་བྲག་སྨྲ་བ་ཟེར་རོ། །མདོ་སྡེ་པ་སྒྲ་ཙམ་ངག་མིན་གྱི། སྒྲ་གང་ཞིག་སྨྲ་བ་པོས་དོན་ལ་བུམ་པ་ཞེས་སོགས་བརྡས་མཚམས་བཅད་པ་ནི་དོན་གོ་བར་བྱེད་པས་ངག་ཡིན་པས་རྟོགས་ཡུལ་གྱི་མིང་སོགས་བཏགས་པས་ཅི་ཞིག་བྱ་ཞེས་ཟེར་རོ། །)
གསུམ་པ་ཆོས་ཀྱི་ཁྱད་པར་བཤད་པའི་སྒོ་ནས་དོན་བསྡུ་བ་ནི་མིང་ལ་སོགས་པ་དེ་དག་ཀྱང་(ཁམས་གསུམ་ལས་)འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་གཏོགས་ཀྱི་གཟུགས་མེད་པར་ནི་མ་ཡིན་ཏེ། དེ་དག་ནི་སྒྲ་རང་གི་མཚན་ཉིད་འཛིན་པའི་ཤེས་པའི་རྗེས་སུ་འབྲང་བའི་རྣམ་རྟོག་ལ་སྣང་བ་ཡིན་ན་གཟུགས་མེད་ན་སྒྲ་དང་སྣང་བའི་རྣམ་ཤེས་མེད་པའི་ཕྱིར་དང་། མིང་ལ་སོགས་པ་ནི་དོན་རྗོད་བྱེད་ཡིན་ལ། གཟུགས་མེད་ན་ནི་གང་ཟག་ཕན་ཚུན་ཡུལ་མ་ཡིན་པས་རྗོད་བྱེད་མ་ཡིན་པའི་ཡང་ཕྱིར་རོ། །ཁ་ཅིག་ན་རེ་གཟུགས་མེད་ན་ནི་མིང་མེད་ན་རྣམ་རྟོག་མེད་པར་ཐལ་བར་འགྱུར་བའི་ཕྱིར་མིང་ཡོད་ཀྱང་ཚིག་མེད་པའི་ཕྱིར་བརྗོད་བྱ་དང་རྗོད་བྱེད་ནི་མ་ཡིན་ནོ་ཞེས་འདོད་དོ། །(སྟོན་པ་གཉིས་ལས།) སེམས་ཅན་དུ་སྟོན་པའང་ཡིན་ཏེ། (རྗོད་པ་པོའི་)རྩོལ་བ་ལས་བྱུང་བ་དང་། རྒྱུད་དུ་གཏོགས་པའི་ཕུང་པོའི་ཚོགས་པ་ན་ཡོད་པའི་ཕྱིར་རོ། །(སྐལ་མཉམ་གྱི་རྒྱུས་བསྐྱེད་པས་བྱུང་བ་གསུམ་ལས།) རྒྱུ་མཐུན་ལས་བྱུང་བ་ཡིན་གྱི་རྒྱས་བྱུང་དང་རྣམ་སྨིན་ལས་བྱུང་བ་ནི་མ་ཡིན་ཏེ། རྡུལ་ཕྲན་བསགས་པ་མ་ཡིན་པས་རྒྱས་པའི་རྒྱུ་དག་གིས་རྒྱས་པར་མི་འགྱུར་བའི་ཕྱིར་དང་། འདོད་པ་ཙམ་གྱིས་སྐྱེ་བ་དང་འགག་པའི་ཕྱིར་དང་། (མཚུངས་ལྡན་མ་ཡིན་པ་ལ།) རྣམ་སྨིན་ལས་བྱུང་བ་ནི་འདོད་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །དགེ་བ་དང་ཉོན་མོངས་ཅན་དུ་ལུང་བསྟན་པ་ནི་མིན་ཏེ། འདོད་ཆགས་དང་བྲལ་བ་དང་དགེ་རྩ་ཆད་པ་རྣམས་ལའང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་མ་བསྒྲིབས་ལུང་མ་བསྟན་ཁོ་ན་ཡིན་ནོ། །ཇི་ལྟར་མིང་ལ་སོགས་པ་དེ་དག་སེམས་ཅན་དུ་སྟོན་པ་དང་། རྒྱུ་མཐུན་ལས་བྱུང་བ་དང་། མ་བསྒྲིབས་ལུང་མ་བསྟན་ཡིན་པ་དེ་བཞིན་དུ་སྐལ་མཉམ་ཡང་ཡིན་ནོ། །འོན་ཀྱང་སྐལ་མཉམ་འདི་ནི་རྣམ་པར་སྨིན་པ་ལས་བྱུང་བའང་ཡིན་ཏེ། དབང་པོ་ལ་སོགས་པ་རྣམ་པར་སྨིན་པའི་སྐལ་མཉམ་དག་སྔོན་གྱི་ལས་ལས་བྱུང་བའི་ཕྱིར་རོ། །(འདིའི་རྒྱུ་མཐུན་ལས་བྱུང་བ་ནི་དགེ་བ་ལ་སོགས་པའི་ཆོས་ཀྱི་སྐལ་མཉམ་མོ། །)འདོད་པ་ལ་སོགས་པའི་ཁམས་གསུམ་པ་སྟེ། གཟུགས་མེད་ནའང་སྐལ་མཉམ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔ་མ་ལས་ཁྱད་པར་ཡིན་ནོ། །ཐོབ་པ་ནི་རྒྱུ་མཐུན་དང་རྣམ་སྨིན་ལས་བྱུང་བ་རྣམ་པ་གཉིས་ཡིན་ལ། ཁྱད་པར་གཞན་དག་ནི་བཤད་ཟིན་ཏོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པའི་མཚན་ཉིད་རྣམས་ཀྱང་རྒྱུ་མཐུན་དང་རྣམ་སྨིན་ལས་བྱུང་བ་དང་། ཁམས་གསུམ་པ་དག་ཡིན་ནོ། །སེམས་ཅན་དུ་སྟོན་མི་སྟོན་གཉིས་ཀ་དང་། དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་དོ། །སྙོམས་འཇུག་གཉིས་དང་། མི་ལྡན་པ་དག་ནི་རྒྱུ་མཐུན་ལས་བྱུང་བ་ཡིན་གྱི་རྒྱས་པ་དང་རྣམ་སྨིན་ལས་བྱུང་བ་ནི་མེད་དེ། དེ་གསུམ་ག་གཟུགས་ཅན་མ་ཡིན་པའི་ཕྱིར་དང་། (རྣམ་སྨིན་གྱི་མ་ཐོབ་པ་ཡང་རྣམ་སྨིན་མིན་ན་གཞན་ལྟ་ཅི་སྨོས་ཤིང་།) སྙོམས་འཇུག་གཉིས་ཀ་དགེ་བ་ཁོ་ནར་ངེས་པ་དང་། མི་ལྡན་པ་དག་ནི་དགེ་མི་དགེའི་ལས་ཀྱིས་འཕངས་པ་མ་ཡིན་པར་ཞར་ལ་འབྱུང་བའི་ཕྱིར་རོ། །དེ་དག་གི་ཁྱད་པར་ལྷག་མ་དང་། འདུ་ཤེས་མེད་པ་པ་དང་། སྲོག་གི་དབང་པོའི་ཁྱད་པར་དག་ནི་བཤད་ཟིན་ཏོ། །
ཞར་ལ་རྒྱུ་དང་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལས། དང་པོ་རྒྱུ་བཤད་པ།
གཉིས་པ་ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལ་རྒྱུ་དང་འབྲས་བུ་དང་རྐྱེན་བཤད་པ་གསུམ་གྱི་དང་པོ་ལའང་གསུམ་ལས་མདོར་བསྟན་པ་ནི་ཆོས་མངོན་པ་པ་རྣམས་ཀྱིས་རྒྱུ་ནི་རྣམ་པ་དྲུག་དུ་འདོད་དོ་ཞེས་འབྱུང་གིས། རྒྱུ་ནི་རྣམ་པ་དྲུག་ཏུ་གསུངས་ཞེས་མི་འབྱུང་བ་ནི། བསྟན་བཅོས་མངོན་པའི་མཛོད་རྩོམ་པའི་དུས་སུ་རབ་ཏུ་བསྡུ་བའི་གཞི་པོ་ཉམས་པས་རྒྱུ་དྲུག་ཕྱོགས་གཅིག་ཏུ་སྟོན་པའི་མདོ་མ་གཟིགས་ལ་རྒྱུ་དྲུག་སོ་སོར་སྟོན་པའི་མདོ་ནི་གཟིགས་ཏེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་པ་གསུངས་པ་ནི་བྱེད་རྒྱུ་སྟོན་པའོ། །ལམ་གྱིས་ཡན་ལག་གསུམ་པོ་འདི་དག་ནི་ཡང་དག་པའི་ལྟ་བའི་རྗེས་སུ་འབྲངས་པ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པའོ། །ཞེས་གསུངས་པ་ནི་ལྷན་ཅིག་འབྱུང་བའི་རྒྱུ་སྟོན་པའི་མདོའོ། །སྐྱེས་བུ་གང་ཟག་འདི་ནི་དགེ་བའི་ཆོས་དང་ལྡན་ལ། མི་རིག་པའི་ཆོས་རྣམས་དང་ཡང་ལྡན་ཞེས་བྱ་བ་ནས་འདི་ལ་དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་གང་ལས་འདིའི་དགེ་བ་རྩ་བ་ལས་དགེ་བ་རྩ་གཞན་སྐྱེ་བར་འགྱུར་བ་ཆུང་ངུ་དང་ལྷན་ཅིག་པ་མངོན། དེ་ལྟར་ན་སྐྱེས་བུ་གང་ཟག་འདི་ཕྱིས་རྣམ་པར་དག་པའི་ཆོས་ཅན་འགྱུར་རོ་ཞེས་པ་ནི་སྐལ་མཉམ་གྱི་རྒྱུ་སྟོན་པའི་མདོའོ། །རྟོགས་ནས་ཤེས་པ་དང་ལྡན་པར་མཚུངས་པ་འདི་ནི་མཐོང་བའི་གཞི་ཅན་གྱི་དད་པའོ་ཞེས་པ་ནི་མཚུངས་པར་ལྡན་པའི་རྒྱུ་སྟོན་པའི་མདོའོ། །སྐྱེས་བུ་གང་ཟག་ལོག་པར་ལྟ་བ་ཅན་གྱི་ལུས་ཀྱི་ལས་གང་ཡིན་པ་དང་། ངག་གི་ལས་གང་ཡིན་པ་དང་། སེམས་པ་གང་ཡིན་པ་དང་། སྨོན་པ་གང་ཡིན་པ་དང་། དེ་དག་དང་རྗེས་སུ་མཐུན་པའི་འདུ་བྱེད་གང་ཡིན་པ་དེ་ཐམས་ཅད་མི་འདོད་པར་འགྱུར་བར་མི་སྡུག་པར་འགྱུར་བ་དང་། མི་དགའ་བ་ཉིད་དུ་འགྱུར་བ་དང་། ཡིད་དུ་མི་འོང་བ་ཉིད་དུ་འགྱུར་བར་བྱེད་པའོ་ཞེས་པ་ཀུན་འགྲོའི་རྒྱུ་སྟོན་པའི་མདོའོ། །ཆེད་དུ་བསམས་པའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ཞེས་པ་ནི་རྣམ་པར་སྨིན་པའི་རྒྱུ་སྟོན་པའི་མདོའོ། །ཞེས་སྦྱར་རོ། །གང་ཞེ་ན་བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ། །(རྒྱུ་དྲུག་ཏུ་གྲངས་ངེས་ཏེ་འབྲས་བུ་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུ་བྱེད་རྒྱུ། སོ་སོའི་རྒྱུ་ལ་ལྷན་ཅིག་འབྱུང་བ་སྤྱིའི་རྒྱུ་ལྷན་ཅིག་འབྱུང་རྒྱུ་དང་། བྱེ་བྲག་གི་རྒྱུ་མཚུངས་ལྡན་ནོ། །དུས་ཐ་དད་པ་ལ་འདྲ་བར་སྐྱེད་པ་སྐལ་མཉམ་དང་། ཉོན་མོངས་ཅན་ཁོ་ན་འདྲ་བར་སྐྱེད་པ་ཀུན་འགྲོ་དང་། མི་འདྲ་བར་སྐྱེད་པ་རྣམ་སྨིན་གྱི་རྒྱུ་དང་དྲུག་ཏུ་ངེས་སོ། །)
སོ་སོའི་རང་བཞིན་བཤད་པ་ལ་དྲུག་ལས་དང་པོ་བྱེད་རྒྱུ་ནི་(རང་ལ་རང་གི་བྱེད་པ་འགལ་བས།) འབྲས་བུ་རང་ཉིད་ལས་གཞན་པ་(འདུས་བྱས་མ་བྱས།) ཐམས་ཅད་ནི་བྱེད་རྒྱུའི་རྒྱུ་ཞེས་བྱ་བར་འདོད་དོ། །ཅི་སྟེ་ན། འབྲས་བུ་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །གལ་ཏེ་གེགས་མི་བྱེད་པ་ཙམ་གྱིས་རྒྱུར་ཇི་ལྟར་འགྱུར་ཏེ། མྱུ་གུ་ལ་སོགས་པའི་རྒྱུར་འདུས་མ་བྱས་དང་། གཟུགས་མེད་པའི་ཕུང་པོའི་རྒྱུ་དམྱལ་བའང་ཡིན་པར་འགྱུར་རོ་ཞེ་ན། འདིར་བྱེད་རྒྱུ་ནི་ནུས་བཅས་དང་ནུས་མེད་གཉིས་ལས་དང་པོ་ནི་མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པ་ལྟ་བུ་སྟེ་བྱེད་རྒྱུ་མཚན་ཉིད་པ་ཡིན་ནོ། །གཉིས་པ་ནི། འདུས་མ་བྱས་ལ་སོགས་པ་དང་གཟུགས་མེད་པའི་ཕུང་པོ་ལ་དམྱལ་བ་ལ་སོགས་པ་ལྟ་བུ་སྟེ། འདི་ནི་གེགས་མི་བྱེད་པ་ལ་རྒྱུར་བརྟགས་པ་ཡིན་ཏེ་གྲོང་བ་རྣམས་རྒྱལ་པོས་ཁྲལ་དམག་ལ་སོགས་པས་སྡུག་བསྔལ་བར་མ་བྱས་པ་ལ་བདག་ཅག་བདེ་བར་བྱས་སོ་ཟེར་བ་ལྟ་བུའོ། །ཁ་ཅིག་ན་རེ་ཐམས་ཅད་ཀྱང་ཐམས་ཅད་ལ་བརྒྱུད་ནས་ཅི་རིགས་པར་འདུས་མ་བྱས་དང་དམྱལ་བ་ལ་སོགས་པས་ཀྱང་ཡིད་ཀྱི་རྣམ་ཤེས་དམིགས་པའི་ཚུལ་གྱིས་བསྐྱེད་པར་ནུས་ལ། དེ་ལས་དགེ་མི་དགེ་དང་། དེ་ལས་ཀྱང་རིམ་གྱིས་སྣོད་ཀྱི་འཇིག་རྟེན་དང་གཟུགས་མེད་ཀྱི་ཕུང་པོ་ལ་སོགས་པ་སྐྱེ་བའི་ཕྱིར་རོ་ཞེས་ཟེར་རོ། །གལ་ཏེ་སྐྱེ་བ་ལ་གེགས་མི་བྱེད་པ་རྒྱུ་ཡིན་ན་སྣང་བ་དང་ཚ་རེག་ལ་སོགས་པ་མུན་པ་དང་གྲང་རེག་ལ་སོགས་པའི་བྱེད་རྒྱུར་མི་འགྱུར་ཏེ། དེ་དག་ནི་ཆོས་དེ་དག་ལ་གེགས་བྱེད་པའི་ཕྱིར་རོ། །དེ་ལྟར་ནའང་རང་ལས་གཞན་པ་ཐམས་ཅད་བྱེད་རྒྱུར་མི་འགྱུར་རོ་ཞེ་ན། སྣང་བ་ལ་སོགས་པ་དེ་དག་མུན་པ་ལ་སོགས་པ་མི་སྐྱེ་བའི་ཆོས་ཅན་ལ་གེགས་བྱེད་ཀྱི་སྐྱེ་བ་ལ་ནི་གེགས་བྱ་བར་མི་ནུས་(ཏེ་མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་བྱེད་ཅེས་འབྱུང་།) པའི་ཕྱིར་དང་། བྱེད་རྒྱུ་ནི་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་པའི་ཕྱིར་དེ་དག་ཀྱང་དེ་དག་གི་བྱེད་རྒྱུ་(ཡིན་ཏེ་གེགས་བྱེད་ནུས་ཀྱང་གེགས་མ་བྱས་པས་རྒྱུ་ཡིན་ཏེ་རྗེ་བོས་བདེ་བར་བྱས་སོ་ཞེས་པ་དང་འདྲ་བས་)ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡིན་ནོ། །ཡང་ན་སྣང་བ་ལ་སོགས་པ་མུན་པ་ལ་སོགས་པ་ནུས་ཆུང་དུ་བསྐྱེད་པ་ལ་གེགས་སུ་འདོད་ན་དེ་ནི་བྱེད་རྒྱུ་ཉིད་ཡིན་པའི་ཕྱིར་དང་། མུན་པ་ལ་སོགས་པ་མེད་པ་དང་འཇིག་པ་ནི་སྣང་བས་བྱས་པ་མ་ཡིན་པའི་ཕྱིར་དང་། དེ་དག་ལས་གཞན་པའི་གེགས་ཀྱང་མི་འཐད་པའི་ཕྱིར་ཡང་དག་པར་ན་གེགས་བྱེད་པ་ནི་རྒྱུ་མ་ཚང་བས་འབྲས་བུ་མི་སྐྱེ་བའམ། ནུས་ཆུང་དུ་སྐྱེས་པའི་རྒྱུ་ལ་བརྗོད་པའི་ཕྱིར་འགལ་བ་མེད་དོ་ཞེས་བྱའོ། །
གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ནི་གང་ཞིག་ཕན་ཚུན་གྱི་འབྲས་བུ་ཅན་ཡིན་ནོ། །དེ་ཡང་དཔེར་བརྗོད་པ་(ཚོགས་པ་གཅིག་པའི་)ནི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་བཞི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་བཞིན་དང་སེམས་ཀྱི་རྗེས་འཇུག་རྣམས་དང་སེམས་ཀྱང་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་བཞིན་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱང་མཚན་གཞིའི་རྒྱུ་ཡིན་ལ། མཚན་གཞིའང་མཚན་ཉིད་ཀྱི་རྒྱུ་ཡིན་པ་བཞིན་ནོ། །བཞིན་ཞེས་པ་ནི་འདིར་དངོས་སུ་མ་བརྗོད་པ་སེམས་ཀྱི་རྗེས་འཇུག་ཕན་ཚུན་དང་། མཚན་ཉིད་རྣམས་ཀྱང་ཕན་ཚུན་འབྲས་བུ་ཡིན་ནོ་ཞེས་མཚོན་པའོ། །ཞེས་སློབ་དཔོན་གང་སྤེལ་འཆད་དོ། །གལ་ཏེ་ཕན་ཚུན་དུ་རྒྱུར་གྱུར་པ་ཡིན་ན་བུམ་པ་ལ་སོགས་པའི་ཆོས་རྣམས་སྐྱེ་བའི་སྐྱེ་བ་ལ་སོགས་པ་མཐུན་པའི་མཚན་ཉིད་རྣམས་ཀྱིས་ལྷན་ཅིག་འབྱུང་བའི་རྒྱུར་མི་འགྱུར་ཏེ། མཐུན་པའི་མཚན་ཉིད་རྣམས་ཆོས་ལ་ཕན་མི་འདོགས་པའི་ཕྱིར་རོ་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ཁྱབ་པ་ནི་མ་ཡིན་ནོ་ཞེས་ཁ་བསྐང་བ་དང་བཅས་པའོ། །(དེ་ལ་སྤྱིར་འདུས་བྱས་སུ་མཚོན་པའི་མཚན་གཞི་བུམ་པ་ལྟ་བུ་གཅིག་གི་རང་གི་མཚན་ཉིད་བཞི་དེ་དག་གི་རྗེས་མཐུན་གྱི་མཚན་ཉིད་བཞི་དང་བརྒྱད་ཀྱི་ལྷན་ཀྱི་ལྷན་ཅིག་འབྱུང་རྒྱུ་བྱེད་ཅིང་སྐྱེད་ཀྱང་མཐུན་པའི་མཚན་ཉིད་བཞི་ནི་མཚན་གཞི་དང་རང་རང་གི་གྲོགས་གསུམ་གསུམ་དང་ལྷན་ཅིག་ཏུ་འབྱུང་ཡང་དེ་དག་སྐྱེད་པའི་ལྷན་ཅིག་འབྱུང་རྒྱུ་མིན་ཏེ་རྒྱལ་པོའི་ཉིང་གཡོག་གིས་རྒྱལ་པོ་ལ་དངོས་སུ་བྱ་བ་བྱེད་མི་ནུས་པ་བཞིན་དང་། གྲོགས་གསུམ་ལའང་སྐྱེད་པའི་བྱ་བ་མི་འཇུག་པས་སོ། །སེམས་དང་སེམས་ཀྱི་རྗེས་འཇུག་རྣམས་གཅིག་གཅིག་གི་འབྱུང་རྒྱུ་ཡིན་ཀྱང་མཐུན་པའི་མཚན་ཉིད་ཐམས་ཅད་རང་རང་གི་མཚན་གཞི་ཐམས་ཅད་ཀྱི་ལྷན་ཅིག་གི་འབྱུང་རྒྱུ་མིན་ཏེ་ཉིང་གཡོག་བཞིན་ནོ། །གཟུགས་སྒྲ་དྲི་རོ་རེག་རྣམས་དང་སོ་ཐར་གྱི་སྤོང་བདུན་དང་འབྱུང་བཞི་ལྷན་ཅིག་འབྱུང་ཞིང་འབྱུང་བ་དེ་དག་གི་ཡིན་ཡང་དེ་དག་འབྱུང་བའི་མིན་ནོ་ཞེས་སོ། །དེ་ཡང་འདུས་བྱས་བུམ་པ་དང་དེའི་མཚན་ཉིད་སྐྱེ་སོགས་རང་རང་མ་གཏོགས་པ་ཆོས་བརྒྱད་བརྒྱད་ཀྱི་ལྷན་ཅིག་འབྱུང་རྒྱུ་བྱེད་ཅིང་སྐྱེ་བའི་སྐྱེ་བས་རྩ་སྐྱེ་ཁོ་ན་སྐྱེད་ཅིང་ལྷན་ཅིག་འབྱུང་རྒྱུ་བྱེད་པ་ནས་འཇིག་པའི་འཇིག་པས་རྩ་འཇིག་ཁོ་ན་སྐྱེད་པའི་བར་དུའོ། །སེམས་བྱུང་དང་སྡོམ་པ་གཉིས་དང་སེམས་དང་སེམས་ཀྱི་རྗེས་འཇུག་དེ་དག་གི་མཚན་ཉིད་རྣམས་ནི་སེམས་ཀྱི་རྗེས་འཇུག་ཡིན་ཏེ་རྣམ་པ་བཅུས་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །རྣམ་པ་བཅུ་ནི་སྤྱིར་དུས་ཙམ་གཅིག་སྟེ། སེམས་གྲུབ་པའི་དུས་སུ་དེ་དག་ཀྱང་གྲུབ་པའི་ཕྱིར་རོ། །ཁྱད་པར་དུ་སྐྱེ་དུས་གཅིག་པ་དང་། གནས་དུས་གཅིག་པ་དང་། འགག་པ་དུས་གཅིག་པ་སྟེ། དུས་གཅིག་པ་བཞི་དང་། བདག་འབྲས་ནི་ཆོས་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པས་དེ་བོར་ལ། སྐྱེས་བུ་བྱེད་འབྲས་དང་བྲལ་འབྲས་གཅིག་པ་འབྲས་བུ་ཙམ་གཅིག་པ་དང་། སེམས་ཀྱི་རྣམ་སྨིན་འབྲས་ཡིན་ན་དེ་དག་གིའང་ཡིན་པས་རྣམ་སྨིན་འབྲས་གཅིག་པ་དང་། དེའི་རྒྱུ་མཐུན་འབྲས་ཡིན་ན་དེ་དག་གིའང་ཡིན་པ་རྒྱུ་མཐུན་གྱི་འབྲས་བུ་གཅིག་པ་སྟེ་འབྲས་བུ་གཅིག་པ་གསུམ་དང་། སེམས་དེ་དག་ནི་རྗེས་འཇུག་དགེ་བ་ལ་སོགས་པ་གསུམ་སྟེ་བཅུས་སེམས་ཀྱི་རྗེས་སུ་འཇུག་གོ།) འདིའི་མཚན་ཉིད་ལ་ཁ་ཅིག་དུས་མཉམ་པའི་རྒྱུ་འབྲས་མཚུངས་ལྡན་གྱི་རྒྱུ་ལས་གཞན་པ་ཞེས་ཟེར་བ་ནི་མ་ཡིན་ཏེ། མཚུངས་ལྡན་གྱི་རྒྱུ་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པར་འགྱུར་བ་དང་། བུམ་པ་དང་དེ་འཛིན་མིག་ཤེས་དང་མར་མེ་དང་འོད་དང་མྱུ་གུ་དང་གྲིབ་མ་དང་ས་གཞི་ལ་ཆུ་བརྟེན་པ་ལ་སོགས་པའང་ལྷན་ཅིག་འབྱུང་བའི་རྒྱུར་ཐལ་བའི་ཕྱིར་རོ། །དེས་ན་འདིའི་མཚན་ཉིད་ནི་སྔ་མ་ཉིད་ཡིན་ནོ། །མ་ཁྱབ་པ་བརྗོད་པ་ནི་གྲུབ་མཐའི་ཉེས་པ་ཡིན་ནོ། །
འོ་ན་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་དེ་དག་གང་ཞེ་ན། སེམས་ལས་བྱུང་བ་རྣམས་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས་དང་སེམས་དང་(སེམས་ཀྱི་རྗེས་འཇུག་)སེམས་བྱུང་རྣམས་དང་སྡོམ་པ་གཉིས་པོ་དེ་དག་གི་སྐྱེ་བ་ལ་སོགས་པའི་མཚན་ཉིད་རྣམས་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་དང་། (སྤྱིར་)དུས་གཅིག་པའི་ཕྱིར་དང་། (བདག་འབྲས་དང་སྐྱེས་བུ་བྱེད་པ་དང་བྲལ་བའོ། །)འབྲས་བུ་གཅིག་པ་དང་སོགས་(པ་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་གཅིག་)པའི་ཕྱིར་དང་། དགེ་བ་ལ་སོགས་པ་གཅིག་པས་སོ། །ཞེས་པའི་གཏན་ཚིགས་ཀྱི་ཕྱིར་རོ། །དེ་ལ་དུས་གཅིག་པ་ནི་སྤྱིར་དུས་(ཙམ་)གཅིག་པ་དང་། ཁྱད་པར་དུ་སྐྱེ་བ་གཅིག་པ་དང་། གནས་པ་གཅིག་པ་དང་འགག་པ་གཅིག་པ་རྣམས་བསྡུས་སོ། །འབྲས་བུ་གཅིག་པ་ནི་བདག་པོའི་འབྲས་བུ་དང་སྐྱེས་བུ་བྱེད་པ་དང་བྲལ་བའི་འབྲས་བུ་རྣམས་གཅིག་པའོ། །སོགས་པའི་སྒྲས་རྒྱུ་མཐུན་དང་རྣམ་སྨིན་གྱི་འབྲས་བུ་གཉིས་གཟུང་སྟེ། དེ་འབྲས་བུ་གཅིག་པ་ནི་ངོ་བོ་གཅིག་པ་སྟེ་གང་སེམས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིན་པ་དེ་སེམས་ཀྱི་རྗེས་འཇུག་གིའང་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དུས་དང་དགེ་(བ་ལ་སོགས།) བར་གཅིག་པ་ནི་སེམས་(སྐྱེ་བ་ལ་སོགས་པ་དང་།) དགེ་བ་(ལ་སོགས་པ།) ཡིན་ན་རྗེས་འཇུག་རྣམས་ཀྱང་(སྐྱེ་བ་ལ་སོགས་པ་དང་།) དགེ་བ་(ལ་སོགས་པ་)ཡིན་པས། འདི་(དག་)ནི་འདྲ་བ་ལ་གཅིག་པར་བརྗོད་པ་ཡིན་ནོ། །སོགས་པའི་སྒྲས་ནི་མི་དགེ་བ་དང་ལུང་མ་བསྟན་གཟུང་ངོ་། །
དེས་ན་འགྲེལ་པ་ལས། རྒྱུ་བཅུས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ་ཞེས་གསུངས་པའང་ཅི་རིགས་(པ་ལ་སོགས་)ཀྱི་དབང་དུ་བྱས་ཀྱི་ཡང་དག་པར་ན་བརྒྱད་ཡིན་ཏེ། དགེ་བ་ལ་སོགས་པ་གསུམ་སེམས་གཅིག་ལ་འདུ་བ་མི་སྲིད་པའི་ཕྱིར་རོ། །བརྒྱད་ཀྱང་མང་བའི་མཐའ་གཟུང་བ་ཡིན་གྱི་མ་བསྒྲིབས་ལུང་མ་བསྟན་དང་ཟག་མེད་ལ་རྣམ་སྨིན་གྱི་འབྲས་བུ་མི་སྲིད་ཅིང་། མི་སྐྱེ་བའི་ཆོས་ཅན་ལ་ནི་དུས་གཅིག་པ་ཙམ་མ་གཏོགས་པ་སྐྱེ་བ་དང་། གནས་པ་དང་། འགག་པ་གཅིག་པའང་མི་སྲིད་པའི་ཕྱིར་རོ། །(དེ་ཡང་ལུང་མ་བསྟན་མི་སྐྱེ་བའི་ཆོས་ཅན་ལ་དགེ་མི་དགེ་གཉིས་སྐྱེ་གནས་འཇིག་གསུམ་རྣམ་སྨིན་གྱི་འབྲས་བུ་དོར་བའི་ལྷག་མ་བཞི། རྣམ་སྨིན་གྱི་རྒྱུ་མི་སྐྱེ་བའི་ཆོས་ཅན་ལ་སྔར་གྱི་བཞིའི་སྟེང་དུ་རྣམ་སྨིན་འབྲས་བུ་བསྣན་པས་ལྔ། ཟག་མེད་སྐྱེ་འགྱུར་ལ་མི་དགེ་བ་ལུང་མ་བསྟན་རྣམ་སྨིན་ཀྱི་འབྲས་བུ་དང་གསུམ་དོར་བས་བདུན་ལུང་མ་བསྟན་སྐྱེ་འགྱུར་ལའང་དགེ་མི་དགེ་གཉིས་རྣམ་སྨིན་འབྲས་དང་གསུམ་དོར་བ་བདུན། རྣམ་སྨིན་སྐྱེ་འགྱུར་ལ་དགེ་མི་དགེ་གཉིས་དོར་བའི་ལྷག་མ་བརྒྱད་འབྱུང་བ་སོགས་ཤེས་པར་བྱའོ། །)དེ་ལ་སེམས་འཁོར་ཉུང་བ་བསམ་གཏན་གཉིས་པ་ཡན་ཆད་ཀྱི་མ་བསྒྲིབས་ལུང་མ་བསྟན་ནི་ལྔ་(འཁོར་ཀུན་འགྲོ་བཅུ་ལས་མི་འབྱུང་བས་ཁོས་ཕར་ལ།) བཅུ་རྩ་བརྒྱད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་བྱེད་དེ། སེམས་ཀྱི་ས་མང་པོ་པ་བཅུ་དང། དེ་དག་གི་མཚན་ཉིད་བཞི་བཅུ་དང་། (སེམས་)རང་ཉིད་ཀྱི་མཚན་ཉིད་བཞི་དང་། (རང་གི་)མཐུན་པའི་མཚན་ཉིད་བཞིའོ། །སེམས་(རང་ཉིད་)ལ་(ཚུར་ལ་རང་གི་བཞི་འཁོར་བཞི་བཅུ་དང་།) ནི་ལྔ་བཅུ་རྩ་བཞིས་བྱེད་དེ། (རང་གི་)མཐུན་པའི་མཚན་ཉིད་བཞི་པོ་(དང་འཁོར་གྱི་མཐུན་པའི་མཚན་ཉིད་བཞི་པོ་)རྣམས་མ་གཏོགས་པ་སྟེ། དེ་དག་ནི་རང་གི་མཚན་ཉིད་སྐྱེ་བ་(ཆོས་ཁོ་ན་)ལ་སོགས་པ་ལ་ཕན་འདོགས་པ་ལྷུར་བྱེད་ཀྱི་གཞན་ལ་ནི་མ་ཡིན་ཏེ་རྒྱལ་པོའི་ཉིང་གཡོག་(གིས་རྒྱལ་པོ་ལ་དངོས་སུ་བྱ་བ་བྱེད་མི་ནུས་པ།) བཞིན་ནོ་ཞེས་ཁ་ཆེ་བྱེ་བྲག་དུ་སྨྲ་བ་རྣམས་འདོད་དོ། །ཉི་འོག་པ་རྣམས་ནི་སེམས་ལ་བཅུ་བཞིས་བྱེད་དེ་སེམས་ལས་བྱུང་བའི་མཚན་ཉིད་རྣམས་ཀྱང་རང་གི་མཚན་གཞི་ལ་བྱེད་ཀྱི་སྟོབས་ཆུང་བས་སེམས་ལ་ནི་མ་ཡིན་ཏེ། (རིང་བའི་ཕྱིར་རོ། །)རྒྱལ་པོའི་ཉིད་གཡོག་བཞིན་ནོ་ཞེས་འདོད་དོ། །
ཁ་ཆེ་བ་རྣམས་ན་རེ་དེ་ལྟ་ན་བསྟན་བཅོས་རབ་ཏུ་བྱེད་པ་ལས་སྡུག་བསྔལ་གྱི་བདེན་པ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དང་། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་། གནས་པ་དང་། མི་རྟག་པ་དག་མ་གཏོགས་པ་དེ་དག་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་པའོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ནི་མ་གཏོགས་པ་གང་ཡིན་པའོ་ཞེས་གསུངས་པ་དང་འགལ་བར་འགྱུར་ཏེ། སེམས་ལས་བྱུང་བའི་མཚན་ཉིད་རྣམས་(ཀྱང་མུ་དང་པོར་འགྱུར་གྱི་མུ་གསུམ་པར་མི་འགྱུར་ཏེ།) སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ན་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་མཚན་ཉིད་རྣམས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་པ་རྒྱུ་མ་ཡིན་པའི་མུར་འགྱུར་ཏེ། མཚན་ཉིད་རྣམས་དེའི་སྐལ་མཉམ་དང་ཀུན་འགྲོ་དང་མཚུངས་ལྡན་གྱི་རྒྱུ་ནི་མ་ཡིན་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཡང་མ་ཡིན་པའི་ཕྱིར་རོ། །
དེས་ན་རབ་ཏུ་བྱེད་པ་ལས་དེ་དག་གཉིས་ཀ་ཡིན་པའི་མུར་བཤད་པའི་ཕྱིར་དང་། ཇི་ལྟར་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་རྣམས་འཇིག་ཚོགས་ལ་ལྟ་བའི་ལྷན་ཅིག་འབྱུང་བ་ཡིན་པ་ལྟར་རྒྱུ་མཚན་མཚུངས་པའི་ཕྱིར་སེམས་དང་མཚུངས་པར་ལྡན་པའི་མཚན་ཉིད་རྣམས་ཀྱང་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །ཉི་འོག་པ་རྣམས་ནི་དེ་སྐད་དུ་ནི་རབ་ཏུ་བྱེད་པ་ལས་མི་འདོན་གྱི་འཇིག་ཚོགས་ལ་ལྟ་བའི་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པར་འདོན་པའི་ཕྱིར་འགལ་བ་མེད་དོ་ཞེས་ཟེར་རོ། །ཁ་ཆེ་བ་རྣམས་ནི་(དངོས་སུ་)མི་འདོན་ཀྱང་དོན་གྱིས་ཐོབ་པས་གདོན་པར་བྱའོ་ཞེས་ཟེར་རོ། །
འདིར་དེ་ཙམ་གྱིས་ཆོག་མོད་ཀྱི་འོན་ཀྱང་བཤད་པ་མཛད་པ་རྣམས་ཀྱིས་རབ་ཏུ་བྱེད་པའི་གཞུང་གི་(འཇིག་ཚོགས་ལ་ལྟ་བའི་རྒྱུ་དང་རྒྱུ་ཅན་གྱི་)མུའི་བཤད་པ་ཤིན་ཏུ་སྤྲོས་པ་དང་བཅས་པར་འཆད་པའི་ཕྱིར་ཁོ་བོས་(ཀྱང་)བྲི་སྟེ། དེ་ལ་འདིར་རྒྱུ་དྲུག་ལས་བྱེད་རྒྱུ་ནུས་མེད་ནི་མི་བརྩི་སྟེ། བཏགས་པ་བ་ཡིན་པའི་ཕྱིར་རོ། །ནུས་བཅས་ཀྱང་(ཤེས་བྱ་ཐམས་ཅད་བྱེད་རྒྱུ་ཡིན་པས་)རྒྱུ་ལྔའང་ཁོའི་ཁོངས་སུ་གཏོགས་པའི་ཕྱིར་ལོགས་སུ་མི་བགྲང་ངོ་། །རྣམ་སྨིན་གྱི་རྒྱུ་འབྲས་དང་བྲལ་འབྲས་ཀྱང་མི་གཟུང་སྟེ། འཇིག་ཚོགས་ལ་ལྟ་བ་(བསྒྲིབས་ལ་ལུང་མ་བསྟན་ཡིན་པས)རྣམ་སྨིན་གྱི་རྒྱུ་འབྲས་གཉིས་ཀར་མི་འཐད་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་བྲལ་བ་མ་ཡིན་ཞིང་(ལམ་མིན་པས་)བྲལ་བའི་རྒྱུར་ཡང་མི་རུང་བའི་ཕྱིར་རོ། །བདག་འབྲས་ཀྱང་མི་བརྩི་སྟེ། འདུས་བྱས་ཐམས་ཅད་བདག་འབྲས་ཡིན་པའི་ཕྱིར་རམ། ཡང་ན་འབྲས་བུ་བཞིའི་ཁོངས་སུ་འདུ་བའི་ཕྱིར་རོ། །དེས་ན་རྒྱུ་ནི་ལྷན་ཅིག་འབྱུང་བ་དང་སྐལ་མཉམ་དང་མཚུངས་ལྡན་དང་ཀུན་འགྲོ་བཞི་དང་། འབྲས་བུ་ནི་རྒྱུ་མཐུན་དང་སྐྱེས་བུ་བྱེད་འབྲས་གཉིས་ལ་རྒྱུ་དང་རྒྱུ་ཅན་གྱི་མུ་བརྩི་བར་བྱའོ། །
(དེ་ཡང་རབ་ཏུ་བྱེད་པ་ལས་བདེན་བཞི་ལ་བརྩམས་ནས་གསུངས་ཀྱང་འདིར་བདེན་བཞི་དང་ནམ་མཁའ་བརྟགས་མིན་དང་བཅས་པ་ལ་བརྩི་སྟེ།) དེ་ཡང་མུ་བཞི་པ་སྔོན་ལ་བཤད་ན་གོ་བདེ་བས་བདེན་པ་བཞི་ལས་འཇིག་ཚོགས་ལ་ལྟ་བའི་རྒྱུ་འབྲས་གཉིས་ཀ་མ་ཡིན་པ་ནི་འགོག་ལམ་གྱི་བདེན་པ་དང་། ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་དང་། སྡུག་བསྔལ་གྱི་བདེན་པའི་སྒོམ་སྤང་ཉོན་མོངས་ཅན་མ་ཡིན་པ་(དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན།) རྣམས་ཏེ། དེ་དག་དང་འཇིག་ཚོགས་ལ་ལྟ་བ་ལ་ཕན་ཚུན་དུ་རྒྱུ་བཞི་དང་འབྲས་བུ་གཉིས་མི་སྲིད་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱིས་ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པའང་གཉིས་ཀ་མ་ཡིན་པར་ལྟའོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པའི་མུ་གཉིས་པ་ནི་མི་སྲིད་དེ། འཇིག་ཚོགས་ལ་ལྟ་བའི་རྒྱུ་རྣམ་པ་བཞི་ཡིན་པ་དེ་ནི་ཉོན་མོངས་ཅན་ཁོ་ནར་ངེས་ལ། ཉོན་མོངས་ཅན་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ཀུན་འགྲོའི་རྒྱུ་ལས་སྐྱེ་བའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པ་ནི་(སྤང་བྱ་རིས་ལྔ་ལས།) སྡུག་བསྔལ་མཐོང་སྤང་གི་ཕྲ་རྒྱས་(བཅུ་ལས་)འཇིག་ཚོགས་ལ་ལྟ་བ་རང་ཉིད་དང་གཞན་རྣམ་པ་དགུ་ལས་མ་རིག་པ་མ་གཏོགས་པ་བརྒྱད་པོ་མ་འོངས་པ་མཚུངས་ལྡན་དང་བཅས་པ་རྣམས་ཡིན་ཏེ། དེ་དག་ནི་ཉོན་མོངས་ཅན་ཡིན་པས་འཇིག་ཚོགས་ལ་ལྟ་བ་འདས་ད་ལྟར་གྱི་ཀུན་འགྲོའི་རྒྱུ་ལས་སྐྱེས་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བའི་རྒྱུ་ནི་མ་ཡིན་ཏེ། མ་འོངས་པ་ནི་(ཀུན་འགྲོ་སྐལ་མཉམ་དུས་གཉིས་པ་ཞེས་པས་)སྐལ་མཉམ་དང་ཀུན་འགྲོའི་རྒྱུ་མ་ཡིན་པའི་ཕྱིར་དང་། མ་རིག་པ་མ་གཏོགས་པ་རྩ་བའི་ཉོན་མོངས་པ་ཕན་ཚུན་མཚུངས་པར་མི་ལྡན་པའི་ཕྱིར་དང་། ལྷན་ཅིག་འབྱུང་བའང་མ་ཡིན་པའི་ཕྱིར་རོ། །
འཇིག་ཚོགས་ལ་ལྟ་བ་རང་ཉིད་མ་འོངས་པའང་རང་ཉིད་འདས་ད་ལྟར་གྱི་སྐལ་མཉམ་ཀུན་འགྲོ་ལས་སྐྱེ་ལ། མ་འོངས་པ་རྒྱུ་དེ་གཉིས་མ་ཡིན་ཞིང་རང་ཉིད་དང་ལྷན་ཅིག་འབྱུང་བ་དང་མཚུངས་པར་མི་ལྡན་པའི་ཕྱིར། ལྟ་བ་དེའི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའོ། །དེ་བཞིན་དུ་ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མ་འོངས་པ་མཚུངས་ལྡན་(མཚན་ཉིད་)དང་བཅས་པ་རྣམས་ཀྱང་(སྤང་བྱ་རིས་ཐ་དད་ལྷན་ཅིག་ཏུ་མི་འབྱུང་བ་སོགས་)རྒྱུ་མཚན་དེ་དག་མཚུངས་པའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའོ། །(དེ་རྣམས་ཀུན་འགྲོ་ཡིན་པས་ཀུན་འགྲོའི་རྒྱུར་མི་རུང་ལ། རིས་ཐ་དད་པས་སྐལ་བ་མི་མཉམ་ལ་མཚུངས་པར་མི་ལྡན་པས་ལྷན་ཅིག་ཀྱང་མི་འབྱུང་བས།) ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མ་ཡིན་པ་མཚུངས་ལྡན་དང་བཅས་པ་དུས་གསུམ་པ་རྣམས་དང་། འགོག་ལམ་མཐོང་སྤང་དང་སྒོམ་སྤང་ཉོན་མོངས་ཅན་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བ་ཀུན་འགྲོའི་རྒྱུ་ལས་སྐྱེས་ལ། (སྡུག་ཀུན་ལས་གཞན་ལ་ཀུན་འགྲོའི་ཉོན་མོངས་མི་འདོད་པས།) དེ་དག་ནི་ཀུན་འགྲོའི་རྒྱུ་མ་ཡིན་ཞིང་(རང་རིས་ས་པའོ་སྔར་སྐྱེས་རྣམས་ཞེས་པས་རིས་ཐ་དད།) སྐལ་བ་མི་མཉམ་ལ་རིས་ཐ་དད་ལ་མཚུངས་པར་མི་ལྡན་པ་དང་ལྷན་ཅིག་འབྱུང་བའང་མ་ཡིན་(པས་རྒྱ་བཞི་མི་སྲིད།) པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ནི་དེ་དག་གི་འབྲས་བུ་མ་ཡིན་ནོ། །
དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་ཅན་ཐམས་ཅད་ཀྱི་ཐོབ་པ་(དུས་གསུམ་པ།) རྣམས་(ཀྱང་ཉོན་མོངས་ཅན་ཡིན་པས་འཇིག་ལྟའི་འབྲས་བུ་ཡིན་ལ་རྒྱུ་མིན་པའི་མུ་སྟེ་འདིའི་བྱེད་པ་ཐོབ་པ་ཕྱི་མ་འཇུག་གི་ཆོས་ལ་མི་འཇུག་ཅིང་ལྷན་ཅིག་འབྱུང་ཡང་ནུས་པ་མི་འཇུག་པས་རྒྱུ་མ་ཡིན་པའི་ཕྱིར།) (དུས་གསུམ་པ་)དང་། འཇིག་ཚོགས་ལ་ལྟ་བ་དང་དེ་དང་མཚུངས་ལྡན་རྣམས་ཀྱི་མཚན་ཉིད་རྣམས་མ་གཏོགས་པ་ཉོན་མོངས་ཅན་(པས་རྒྱུད་ནི་མི་སྲིད་)གཞན་གྱི་མཚན་ཉིད་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་འདས་ད་ལྟར་གྱི་སྐལ་མཉམ་ཀུན་འགྲོ་ཅི་རིགས་པའི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའོ། །རྒྱུ་འབྲས་གཉིས་ཀ་ཡིན་པ་ནི་(ཚན་པ་བཞི་ལས།) སྡུག་བསྔལ་མཐོང་སྤང་ཕྲ་རྒྱས་བཅུ་པོ་འདས་ད་ལྟར་བ་མཚུངས་ལྡན་དང་བཅས་པ་(རྣམས་ནི་འཇིག་ཚོགས་ལ་ལྟ་བ་སྔ་མའི་སྐལ་མཉམ་ཀུན་འགྲོའི་རྒྱུ་ལས་བྱུང་བའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བའང་དེ་དག་སྔ་མའི་སྐལ་མཉམ་ཀུན་འགྲོའི་རྒྱུ་ཅི་རིགས་པ་ལས་བྱུང་བ་ཡིན་ཏེ། ཐམས་ཅད་ཀྱི་སྐལ་མཉམ་དང་། ལྟ་བ་བཞི་དང་མ་རིག་པ་དང་ཐེ་ཚོམ་ཀྱི་ཀུན་འགྲོའི་རྒྱུ་ལས་ཀྱང་བྱུང་བའི་ཕྱིར་རོ། །)ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ནི་བཅུ་པོ་དེ་དག་གི་སྐལ་མཉམ་ཀུན་འགྲོའི་རྒྱུ་ཡིན་པའི་ཕྱིར་དང་། བཅུ་པོའང་འཇིག་ཚོགས་ལ་ལྟ་བའི་སྐལ་མཉམ་གྱི་རྒྱུ་ཡིན་ཞིང་། དེ་དག་གི་ལྟ་བ་རྣམས་དང་ཐེ་ཚོམ་དང་མ་རིག་པ་ནི་ལྟ་བ་དང་པོ་དེའི་ཀུན་འགྲོའི་རྒྱུའང་ཡིན་པའི་ཕྱིར་རོ། །
རྩ་ཉོན་ལས་མ་རིག་པ་དང་དེ་ལས་གཞན་པའི་སེམས་སེམས་བྱུང་འཇིག་ཚོགས་ལ་ལྟ་བ་དང་མཚུངས་ལྡན་དུས་གསུམ་པ་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བའི་རྒྱུ་འབྲས་གཉིས་ཀ་ཡིན་ཏེ། མཚུངས་ལྡན་དེ་དག་འཇིག་ཚོགས་ལ་ལྟ་བའི་རྒྱུ་བཞི་ཀ་ལས་འབྱུང་བའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བའང་མཚུངས་ལྡན་འདས་ད་ལྟར་གྱི་རྒྱུ་བཞི་དང་། མ་འོངས་པའི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་ལས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཀུན་འབྱུང་མཐོང་སྤང་ཀུན་འགྲོའི་ཕྱོགས་འདས་ད་ལྟར་བའང་འཇིག་ཚོགས་ལ་ལྟ་བའི་ཀུན་འགྲོའི་རྒྱུ་ལས་འབྱུང་བའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བའང་དེ་དག་གི་ཀུན་འགྲོའི་རྒྱུ་ལས་འབྱུང་བའི་ཕྱིར་གཉིས་ཀ་ཡིན་པའི་མུ་ཡིན་ནོ། །(འཇིག་ལྟའི་རྒྱུ་འབྲས་གཉིས་ཀ་ཡིན་པ་ནི་སྡུག་བསྔལ་མཐོང་སྤང་བཅུ་པོ་འདས་ད་ལྟར་ལ་འཆད་ཀྱང་དེའི་མ་རིག་པ་ནི་དུས་གསུམ་པ་ལའང་དེ་བརྩིར་རུང་ངོ་། །མ་རིག་པ་མ་གཏོགས་པ་དགུ་པོ་ནི་སྔ་ཕྱི་ལ་ལྟས་ནས་སྐལ་མཉམ་ཀུན་འགྲོའི་རྒྱུ་དང་འབྲས་བུ་ནི་རྒྱུ་མཐུན་གྱི་འབྲས་བུར་ངེས་ཤིང་། མ་རིག་པ་དང་འཇིག་ལྟ་གཉིས་དང་མཚུངས་ལྡན་གྱི་ཉོན་མོངས་གཞན་ནི་འཇིག་ལྟ་དང་ཅི་རིགས་སུ་རྒྱུ་བཞི་དང་འབྲས་བུ་གཉིས་ཀར་འགྱུར་རོ། །ཁོ་ཉིད་མ་འོངས་པའི་མཚུངས་ལྡན་ཡང་དེ་བཞིན་ཏེ། རྒྱུ་བཞི་ཆར་དུ་འགྱུར་ལ་དུས་མཉམ་པ་གཉིས་ཀྱི་འབྲས་བུའོ། །ཁོ་ཉིད་དུས་གསུམ་པའི་མཚན་ཉིད་དང་། དེའི་མཚུངས་ལྡན་གྱི་མཚན་ཉིད་རྣམས་ནི་མཚུངས་ལྡན་ལས་གཞན་པའི་རྒྱུ་གསུམ་གྱིས་རྒྱུ་དང་རྒྱུ་ཅན་ཡིན་གྱི་མཚན་ཉིད་དེ་དག་མི་ལྡན་པ་ཡིན་པས་མཚུངས་ལྡན་གྱི་རྒྱུ་འབྲས་མིན་ནོ། །མུ་བཞི་པ་ནི་དགེ་བ་ཟག་བཅས་དང་། མ་བསྒྲིབས་ལུང་མ་བསྟན་དང་འདུས་མ་བྱས་དང་ལམ་བདེན་ནོ། །)འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་བཞི་དང་། དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་ཀྱི་མཚན་ཉིད་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བའི་སྐལ་མཉམ་དང་ཀུན་འགྲོ་དང་ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེ་ལ་འཇིག་ཚོགས་ལ་ལྟ་བའང་མཚན་ཉིད་དེ་དག་གི་ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེ་བའི་ཕྱིར་གཉིས་ཀ་ཡིན་ནོ་ཞེས་ཁ་ཆེ་བ་དག་འདོད་ལ། ཉི་འོག་པ་ནི་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་རྣམས་དེའི་རྒྱུ་འབྲས་གཉིས་ཀ་ཡིན་གྱི་དེ་དང་མཚུངས་ལྡན་རྣམས་ཀྱི་མཚན་ཉིད་རྣམས་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པས་དེ་ནི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའི་མུ་ཡིན་ནོ་ཞེས་འདོད་དོ། །
འདི་དག་ཀྱང་བྱེ་བྲག་དུ་སྨྲ་བའི་གྲུབ་མཐས་བརྟགས་པ་ཡིན་པས་ཡང་དག་པ་མ་ཡིན་ནོ། །འདིར་བྱེ་བྲག་ཏུ་སྨྲ་བས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་དེ་ནི་ལྷན་ཅིག་པ་ཁོ་ནར་ངེས་ལ། ལྷན་ཅིག་འབྱུང་བ་ལ་ནི་ལྷན་ཅིག་འབྱུང་བའི་རྒྱུས་མ་ཁྱབ་སྟེ། མཐུན་པའི་མཚན་ཉིད་རྣམས་ཆོས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པ་དང་། མཐུན་པའི་མཚན་ཉིད་ནང་རྣམས་ཀྱང་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པ་ལྟ་བུའོ། །(དེ་ཡང་བུམ་པ་འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི་དང་བུམ་པ་གཅིག་གཅིག་གི་ལྷན་ཅིག་འབྱུང་རྒྱུ་ཡིན་གྱི་མཚན་གཞི་ཀུན་དང་མཚན་ཉིད་ཀུན་གྱི་མིན་ནོ་སྤྱིར་འདུས་བྱས་དང་ཁྱད་པར་དུ། སེམས་ཀྱི་མཐུན་པའི་མཚན་ཉིད་ལྷན་ཅིག་འབྱུང་ཡང་འདུས་བྱས་དང་སེམས་ནི་རང་རང་གི་མཐུན་པའི་མཚན་ཉིད་ཀྱི་ལྷན་ཅིག་གི་འབྱུང་རྒྱུ་ཡིན་ཏེ། དཔེར་ན་རྒྱལ་པོ་དེ་རང་གི་འཁོར་ཀུན་སྐྱོང་བ་བཞིན་ནོ། །མཐུན་པའི་མཚན་ཉིད་དེ་དག་ནི་འདུས་བྱས་དང་སེམས་ཀྱི་ལྷན་ཅིག་སྐྱེས་ན་འབྱུང་རྒྱུ་མིན་ཏེ་དེ་དག་རྒྱལ་པོ་དང་འདྲ་བ་ཉིད་གཡོག་གིས་དངོས་སུ་བྱ་བ་བྱེད་མི་ནུས་པ་བཞིན་ནོ། །ཡང་འབྱུང་གྱུར་གྱི་གཟུགས་སྒྲ་དྲི་རོ་རེག་སོགས་རྫས་བརྒྱད་འདུས་པ་ལྟ་བུའི་གཟུགས་སོགས་ལྔ་ལྷན་ཅིག་འབྱུང་ཡང་མཚན་ཉིད་ཀྱིས་རིང་བས་དེ་དག་ལྷན་ཅིག་འབྱུང་རྒྱུ་མིན་ནོ། །བསམ་གཏན་ཟག་མེད་ཀྱི་སྤོང་བྱ་ནི་ནང་ཕན་ཚུན་གཅིག་གཅིག་གི་འབྱུང་རྒྱུ་ཡིན་ཏེ་གཅིག་སྐྱེ་ན་གཞན་རྣམས་ཀྱང་ངེས་པར་སྐྱེ་ལ་གཅིག་མི་སྐྱེ་ན་གཞན་རྣམས་ཀྱང་མི་སྐྱེ་བའི་ཕྱིར་རོ། །སོ་ཐར་ལ་ནི་ངེས་པ་མེད་དེ་སྣ་གཅིག་སྤྱོད་སོགས་ཡོད་པས་སོ། །དུས་མཉམ་པའི་ཐོབ་བྱའི་ཆོས་དང་དེའི་ཐོབ་པ་དུས་གཅིག་འབྱུང་ཡང་འབྱུང་རྒྱུ་མིན་ཏེ་ཐོབ་པ་དེ་ནི་ཤིང་ཤུན་དང་འདྲ་བས་ཆོས་དང་རྒྱུན་ཐ་དད་པས་འབྲས་བུ་མི་གཅིག་པས་སོ། །)ཐོབ་པ་དང་ཐོབ་བྱའི་ཆོས་རྣམས་དང་། འདོད་པ་ན་གཟུགས་དང་དྲི་ལ་སོགས་པ་རྫས་བརྒྱད་ངེས་པར་ལྷན་ཅིག་སྐྱེ་(ཡང་མ་ཡིན་)པ་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་དག་གི་སྤོང་བདུན་(དེ་ཡིན་པས་དེ་)མ་གཏོགས་པ་རྒྱུར་བྱས་པའི་གཟུགས་ཐམས་ཅད་རང་གི་འབྱུང་བ་དག་དང་ལྷན་ཅིག་འབྱུང་ཡང་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་ཤིན་ཏུ་མང་བ་ཡིན་ནོ་ཞེས་འདོད་དོ། །མདོ་སྡེ་པ་ནི་ལྷན་ཅིག་འབྱུང་བ་དག་ནི་རྒྱུ་མ་ཡིན་ཏེ། གཉིས་ཀ་དུས་མཉམ་པར་གྲུབ་པ་དག་ལ་ནི་བསྐྱེད་བྱ་སྐྱེད་བྱེད་མེད་པའི་ཕྱིར་དང་། བསྐྱེད་བྱ་སྐྱེད་བྱེད་དག་ཀྱང་ལྷན་ཅིག་འབྱུང་བ་མ་ཡིན་ཏེ། བསྒྲུབ་བྱ་དང་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །མཚན་ཉིད་དང་མཐུན་པའི་མཚན་ཉིད་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བས་བརྟགས་པ་ཡིན་ལ། འདོད་པ་ན་གཟུགས་ལ་སོགས་པ་ལྷན་ཅིག་འབྱུང་བ་དང་། འབྱུང་བ་ལ་སོགས་པ་ནི་ཚོགས་པ་སྔ་མས་གོ་ས་གཅིག་ཏུ་འཕངས་པའི་ཕྱིར་མཚེ་མའི་སྤུན་དང་འདྲའོ་ཞེས་བྱ་བར་འདོད་དོ། །
གསུམ་པ་སྐལ་མཉམ་གྱི་རྒྱུ་བཤད་པ་ནི་སྐལ་བ་མཉམ་པའི་རྒྱུ་ནི་དགེ་བ་དང་། ཉོན་མོངས་ཅན་དང་། མ་བསྒྲིབས་ལུང་མ་བསྟན་དུ་འདྲ་བ་སྐྱེད་པའི་རྒྱུའོ། །(སྐལ་མཉམ་རྒྱུའི་འདྲ་བའི་དོན་ནི་འབྲས་བུ་དང་དགེ་བའམ་ཉོན་མོངས་ཅན་ནམ་མ་བསྒྲིབས་ལུང་མ་བསྟན་དུ་རྒྱུ་འབྲས་འདྲའོ་ཞེ་ན། འོ་ན་འདོད་པའི་འདོད་ཆགས་དང་འཇིག་ལྟ་གཅིག་གི་གཅིག་གི་སྐལ་མཉམ་གྱི་རྒྱུ་མིན་པར་ཐལ་ཆགས་པ་མི་དགེ་བ་དང་འཇིག་ལྟ་ལུང་མ་བསྟན་རིས་མི་འདྲ་བས་སོ། །དེས་ན་དགེ་བ་ཟག་བཅས་ཟག་བཅས་སུ་དང་། ཟག་མེད་ཟག་མེད་དུ་དང་། ཉོན་མོངས་ཅན་ཉོན་མོངས་ཅན་དུ་དང་། མ་བསྒྲིབས་ལུང་མ་བསྟན་མ་བསྒྲིབས་ལུང་མ་བསྟན་དུ་རིས་གཅིག་པ་གཅིག་དགོས་སོ། །དེ་ཡང་སྤང་བྱ་རིས་ལྔ་ལས་སྡུག་བསྔལ་མཐོང་སྤང་སྡུག་བསྔལ་མཐོང་སྤང་དུ་རིས་འདྲ་བ་ནས། སྒོམ་སྤང་སྒོམ་སྤང་དུ་རིས་འདྲ་བ་སོགས་སོ། །དེ་ཙམ་འདོད་པའི་སྡུག་བསྔལ་མཐོང་སྤང་དང་ཁམས་གོང་གི་ལའང་ཡོད་པས་དེ་དག་གཅིག་གཅིག་གི་སྐལ་མཉམ་དུ་ཐལ་བས། དེས་ན་འདོད་པའི་སྡུག་བསྔལ་མཐོང་སྤང་གིས་འདོད་པའི་སྡུག་བསྔལ་མཐོང་སྤང་གི་སྐལ་མཉམ་བྱེད་པ་ལ་སོགས་པ་འདྲ་བ་གཅིག་དགོས་སོ། །དེ་ཙམ་འདོད་པའི་ལྷས་བྱིན་མཆོད་སྦྱིན་ལའང་ཡོད་པས་གང་ཟག་རྒྱུད་གཅིག་གིས་བསྡུས་པའི་ཆོས་གཅིག་དགོས་སོ། །དེ་ཙམ་རྒྱུད་གཅིག་གིས་སེམས་སེམས་བྱུང་དུས་མཉམ་པ་ལའང་ཡོད་པས་དེ་དག་དེར་ཐལ་བས་དུས་སྔར་བྱུང་བ་རྣམས་རང་གི་རིགས་འདྲ་ཕྱི་མ་རྣམས་ཀྱི་ཡིན་ནོ། །དེས་ན་འདོད་པའི་ལྷས་བྱིན་གྱི་སྡུག་བསྔལ་མཐོང་སྤང་རིས་འདྲ་སྔ་མ་རང་གི་རིས་འདྲ་ཕྱི་མའི་ཡིན་པ་ནས། སྒོམ་སྤང་རིས་འདྲ་སྔ་མ་ཕྱི་མའི་སྐལ་མཉམ་ཡིན་པའི་བར་དུ་ཡིན་ལ། རིས་གཞན་དང་ས་གཞན་ནི་སྐལ་བ་མི་མཉམ་པས་མིན་ནོ། །དེ་ཡང་སྔར་སྐྱེས་རྣམས་ཕྱིས་ཀྱི་འདས་ད་ལྟར་གྱི་ཡིན་གྱི་མ་འོངས་པ་རྣམས་ནི་སྔ་ཕྱི་འཚོལ་ཞིང་ཕྱི་མ་སྐྱེ་བའི་གོ་སྐབས་འབྱེད་པར་མ་ངེས་པས་སྐལ་མཉམ་གྱི་རྒྱུར་མི་གཞག་གོ། སེམས་ཀྱི་སྐལ་མཉམ་ནི་དེའི་འཁོར་གྱིའང་ཡིན་ནོ། །)དགེ་བའང་ཟག་བཅས་ཟག་མེད་སོ་སོར་འདྲ་བ་ཡིན་གྱི་དགེ་བ་ཙམ་དུ་འདྲ་བས་ནི་མ་ཡིན་ཏེ། ཟག་མེད་ཀྱི་སྐད་ཅིག་དང་པོའང་སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །(དེས་ན་ཟག་མེད་སྐད་ཅིག་དང་པོ་མིན་པ་ཀུན་ལ་འདི་ཡོད་དོ། །)དེ་ཡང་སྡུག་བསྔལ་མཐོང་སྤང་དང་ཀུན་འབྱུང་མཐོང་སྤང་དང་འགོག་པ་མཐོང་སྤང་དང་ལམ་མཐོང་སྤང་དང་སྒོམ་སྤང་སྟེ་སྤང་བྱ་རིས་ལྔ་དང་། ཁམས་གསུམ་གྱི་ས་དགུ་པོ་རྣམས་རང་རང་གི་རིས་དང་། རང་རང་གི་ས་པ་སྐྱེད་པར་བྱེད་པ་སྐལ་མཉམ་ཡིན་གྱི་རིས་གཞན་དང་ས་གཞན་ནི་མ་ཡིན་ཏེ། རིས་གཞན་དང་ས་གཞན་ནི་སྐལ་བ་མི་མཉམ་པའི་ཕྱིར་རོ། །(དགེ་བའི་ཕུང་པོ་ལྔ་ནི་དེ་ཉིད་ཀྱི་སྐལ་མཉམ་ཡིན་པ་ནས། ཉོན་མོངས་ཅན་དང་མ་བསྒྲིབས་ལུང་མ་བསྟན་ཡང་རང་རང་གི་ཡིན་པའི་བར་དུའོ། །ལུང་མ་བསྟན་ལ་ཁ་ཅིག་གཟུགས་ནི་དམན་པས་ཕུང་པོ་ལྔའི་ཡིན་ལ། གཞན་བཞི་ནི་དེ་ལས་མཆོག་ཡིན་པས་གཟུགས་ཀྱི་མིན་ཞེས་སོ། །རིས་མཐུན་པ་གཅིག་ལ་མེར་མེར་པོ་ནི་གནས་སྐབས་བཅུའི་ཡིན་པ་ན་རྒས་པ་ནི་རང་རིས་ཕྱི་མ་ཁོ་ན་ཡིའོ། །མི་ནས་མིར་སྐྱེ་བ་ལྟ་བུ་ལ་རྒས་པ་ཡང་བཅུ་ཆར་གྱིའོ། །ཕྱི་ལ་ནས་ནི་ནས་ཀྱི་སོགས་སོ། །ནང་ལ་མིག་ཀྱང་མིག་གི་སོགས་སོ། །དེ་ཡང་གཡས་ནི་གཡས་ཀྱི་སོགས་སོ། །འདིས་ནི་འདས་པའི་འབྱུང་བ་རྣམས་ཀྱང་མ་འོངས་པའི་འབྱུང་བའི་སྐལ་མཉམ་དུ་བསྟན་ཏེ་དེས་དེའི་སྐལ་མཉམ་ཀྱི་རྒྱུ་ལས་རྒྱུ་གཞན་མི་སྲིད་པས་སོ། །)དེ་ཡང་སྔར་སྐྱེས་པ་འདས་པ་དང་ད་ལྟར་བ་རྣམས་ཕྱི་མ་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་ཡིན་གྱི་མ་འོངས་པ་ནི་མ་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོ་དག་ནི་གོ་འབྱེད་པའི་རྒྱུ་ཡིན་ན་འདས་པས་ནི་འདས་པ་དང་ད་ལྟ་བའི་གོ་འབྱེད་ལ། ད་ལྟར་བས་ནི་ད་ལྟར་བ་དང་མ་འོངས་པའི་གོ་འབྱེད་ན་མ་འོངས་པ་ལ་གོ་དབྱེ་བར་བྱ་བའི་འབྲས་བུ་ཉིད་མེད་པའི་ཕྱིར་རོ། །(གལ་ཏེ་)མ་འོངས་པས་མ་འོངས་པ་འབྱེད་ན་མ་འོངས་པ་ལ་རྒྱུ་དང་འབྲས་བུའི་སྔ་ཕྱིའི་དབྱེ་བ་ཡོད་པར་འགྱུར་ན་མ་འོངས་པ་ནི་སྔ་ཕྱིའི་དབྱེ་བ་མེད་དོ་ཞེས་འདོད་དོ། །
དེའི་ཕྱིར་བསྟན་བཅོས་ལས། སྐལ་བ་མཉམ་པའི་རྒྱུ་གང་ཞེ་ན། དགེ་བའི་རྩ་བ་སྔར་བྱུང་བ་རྣམས་ནི་རང་གི་ཁམས་ན་དགེ་བའི་རྩ་བ་ཕྱིས་འབྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུས་རྒྱུ་ཡིན་ནོ། །དེ་ལྟར་ན་འདས་པ་རྣམས་ནི་འདས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡིན་ནོ། །འདས་པ་དང་ད་ལྟར་བྱུང་བ་རྣམས་ནི་མ་འོངས་པ་རྣམས་ཀྱི་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །གལ་ཏེ་མ་འོངས་པ་ལ་སྔ་ཕྱི་མེད་པས་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་འབྲས་མི་རུང་ན་རྒྱུ་གཞན་གསུམ་ཡང་མི་རུང་བར་འགྱུར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་རྒྱུ་གཞན་གསུམ་པོ་ནི་རྒྱུ་འབྲས་མཚན་ཉིད་ཐ་དད་པས་རྣམ་པར་དབྱེ་བ་ཡོད་པའི་ཕྱིར་དང་། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་འབྲས་ནི་སྔ་ཕྱིའི་བྱེ་བྲག་གིས་བཞག་གི་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་མ་འོངས་པ་ལ་མེད་དོ་ཞེས་འདོད་དོ། །མ་འོངས་པ་ལ་སྔ་ཕྱི་མེད་ལ་འདས་པ་ལ་ཡོད་དོ་ཞེས་བྱ་བ་ནི་ཁྱད་པར་མེད་པ་ལ་དབྱེ་བ་བྱེད་པ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། །འདས་པ་ལ་སྔ་ཕྱི་ཡོད་ན་མ་འོངས་པ་ལའང་མཚུངས་ལ། སྔ་ཕྱི་མེད་ན་འདས་པ་འདས་པའི་སྐལ་མཉམ་དང་ཀུན་འགྲོ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ད་ལྟར་བ་ད་ལྟ་བའི་སྐལ་མཉམ་དུ་ཀུན་འགྲོའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའང་མི་རིགས་ཏེ། ད་ལྟར་བ་ལའང་སྔ་ཕྱི་མེད་པའི་ཕྱིར་རོ། །སྔ་ཕྱི་ཡོད་ན་ད་ལྟར་བ་མ་ཡིན་པར་ཐལ་བ་འདི་སྤང་དགོས་སོ། །གྲུབ་པའི་མཐའ་ལས་ནི་ས་ལུ་ནི་ས་ལུའི་སྐལ་མཉམ་དང་། ནས་ནི་ནས་ལ་སོགས་པ་དང་། མི་ནི་མིའི་སྐལ་མཉམ་དང་། མིག་ནི་མིག་གི་སྐལ་མཉམ་ལ་སོགས་པ་རང་གི་རིས་པ་དང་། འདོད་པ་ནི་འདོད་པའི་སྐལ་མཉམ་ལ་སོགས་པ་རང་གི་ས་པ་ཁོ་ནར་བཤད་དོ། །
འོ་ན་སྐལ་མཉམ་གྱི་རྒྱུ་རང་གི་ས་པ་དང་རང་གི་རིས་པ་ཁོ་ནར་ངེས་སམ་ཞེ་ན། ཟག་བཅས་ལ་དེ་ལྟར་ངེས་ཀྱི་ཟག་མེད་ལ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་དང་། ཁྱད་པར་ཅན་དང་། བསམ་གཏན་བཞི་དང་། (བསམ་གཏན་ས་དྲུག་དང་།) གཟུགས་མེད་པ་དང་པོ་གསུམ་སྟེ་ས་དགུའི་ལམ་གྱི་བདེན་པ་ནི་ས་མི་མཚུངས་པ་དག་ཀྱང་ཕན་ཚུན་དུ་སྐལ་པ་མཉམ་པའི་རྒྱུ་ཡིན་ཏེ། ལམ་དེ་དག་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་པས་ས་དེ་དག་གི་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་ཁམས་སུ་མ་གཏོགས་པའོ། །དེ་ཡང་ས་འོག་མའི་ལམ་ནི་གོང་མའི་ས་པའི་ཡང་ཡིན་ལ། གོང་མའང་འོག་མའི་ས་པའི་ཡིན་པའི་ཕྱིར་ཕན་ཚུན་དུ་ཞེས་སྨོས་པ་ཡིན་ནོ། །ཐམས་ཅད་དུའང་ཞེ་ན་དེ་(ཡང་རང་དང་།) མཉམ་པ་དང་(རང་ལས།) ཁྱད་པར་ཅན་གྱི་ཡིན་གྱི་དམན་པའི་ནི་མ་ཡིན་ནོ། །
དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་མཉམ་པ་རང་ཉིད་ཀྱི་རིགས་ཕྱི་མ་དང་། ཁྱད་པར་ཅན་སྡུག་བསྔལ་ཆོས་ཤེས་པ་ལ་སོགས་པ་དང་། སྒོམ་ལམ་དང་མི་སློབ་པའི་ལམ་གྱི་བདེན་པ་ཁྱད་པར་ཅན་གྱི་རྒྱུ་ཡིན་པ་དང་། དེ་བཞིན་དུ་དད་པས་རྗེས་འབྲང་ནི་རང་ཉིད་དང་། ཆོས་ཀྱི་རྗེས་འབྲང་དང་། དད་མོས་དང་། མཐོང་ཐོབ་དང་། དུས་ཀྱིས་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་དྲུག་གི་ཡིན་པ་ལ་སོགས་པའོ། །དེ་ཡང་བསམ་གཏན་བཞི་པའི་ས་པའི་དད་པས་རྗེས་འབྲང་དང་། གསུམ་པ་མན་ཆད་ཀྱི་ས་པའི་དད་པས་རྗེས་འབྲང་ཡང་མཉམ་པ་ཡིན་ཏེ། གཉིས་ཀའང་དབང་པོ་རྟུལ་བའི་ཕྱིར་རོ། །དེ་དག་པས་ནི་བསམ་གཏན་དང་པོའི་ས་པའི་ཆོས་ཀྱི་རྗེས་འབྲང་ཁྱད་པར་ཅན་ཡིན་ཏེ། དེའི་ཕྱིར་ས་གོང་མའི་(ཟག་མེད་ཀྱི་)ལམ་གྱིས་ས་འོག་མའི་(ཟག་མེད་)ལམ་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་ནི་བསམ་གཏན་བཞི་པའི་ས་པ་དབང་པོ་རྟུལ་པོ་དག་དབང་པོ་སྦྱངས་ཏེ་གསུམ་པ་མན་ཆད་ཀྱི་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་འབྲང་གི་ལམ་སྐྱེད་པ་ལྟ་བུའོ། །དེ་བཞིན་དུ་དད་མོས་ལ་སོགས་པ་ལའང་སྦྱར་རོ། །སློབ་དཔོན་རྒྱལ་པོའི་སྲས་ནི་དད་མོས་སྒོམ་ལམ་པ་ཡིན་པས་དེ་ལ་དབང་པོ་འཕོ་བ་ཡོད་ཀྱི་དད་པས་རྗེས་འབྲང་ནི་མཐོང་ལམ་པ་ཡིན་པས་དེ་ལ་ནི་མེད་དོ་ཞེས་འདོད་ལ། སློབ་དཔོན་དབྱིག་བཤེས་ནི་ཡོད་པར་བཞེད་དོ། །ཟག་མེད་ཁོ་ནར་མ་ཟད་སྦྱོར་བྱུང་གི་དགེ་བ་ཟག་བཅས་ཐམས་ཅད་ཀྱང་མཉམ་པ་དང་ཁྱད་པར་ཅན་དེ་གཉིས་ཁོ་ནའི་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །དེ་ཡང་གང་ཞེ་ན། ཐོས་བྱུང་ནི་རང་ཉིད་དང་བསམས་བྱུང་དང་སོགས་པའི་སྒྲས་གཟུང་བ་སྒོམ་བྱུང་དང་གསུམ་གྱི་ཡིན་ལ། བསམས་བྱུང་ནི་རང་ཉིད་དང་སྒོམ་བྱུང་དང་གཉིས་ཀྱི་ཡིན་ལ། སྒོམ་བྱུང་ནི་དེ་ཉིད་ཀྱི་ཡིན་ནོ། །(ལུང་མ་བསྟན་བཞི་དང་འདོད་པའི་སྤྲུལ་པ་བཞི་ནས་གཅིག་གི་བར་དུ་དེ་ལྟར་དུ་སྦྱར་རོ། །དེའི་ཤུགས་ལ་དགེ་བ་སྐྱེས་ཐོབ་རྣམས་དང་ཉོན་མོངས་ཅན་རྣམས་ཕན་ཚུན་སྐལ་མཉམ་དུ་བསྟན་ཏེ་དགེ་བ་སྐྱེས་ཐོབ་ཆུང་ངུའི་སྐལ་མཉམ་ཉོན་མོངས་ཅན་ནི་དགེ་རྩ་གཅད་པ་དང་གཉེན་པོས་སྤོང་བའི་དུས་ལྟ་བུའོ། །)
བཞི་པ་མཚུངས་ལྡན་གྱི་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དག་དང་སེམས་ལས་བྱུང་བ་མིག་ལ་སོགས་པའི་རྟེན་མཚུངས་པ་ཅན་རྣམས་སོ་ཞེས་སྨོས་པས། དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པའང་གཟུང་ངོ་། །དེས་ན་སེམས་དང་སེམས་བྱུང་ནི་ཕན་ཚུན་རྒྱུ་འབྲས་ཡིན་པའི་ཕྱིར་དང་། མཚུངས་པར་ལྡན་པ་ལྔས་མཚུངས་པར་གནས་པའི་ཕྱིར་མཚུངས་ལྡན་གྱི་རྒྱུ་ཞེས་བྱའོ། །དེ་ཡང་ལྷན་ཅིག་འབྱུང་བའི་རྒྱུ་ནི་སྤྱི་ཡིན་ལ། མཚུངས་ལྡན་གྱི་རྒྱུ་ནི་བྱེ་བྲག་ཡིན་ནོ། །
ལྔ་པ་ཀུན་འགྲོའི་རྒྱུ་ནི་ཀུན་འགྲོ་ཞེས་བྱ་བའི་རྒྱུ་ནི་སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ་དང་ཐེ་ཚོམ་དང་མ་རིག་པ་སྟེ་བདུན་དང་། ཀུན་འབྱུང་མཐོང་སྤང་གི་ལྟ་བ་མཆོག་འཛིན་དང་། ལོག་ལྟ་དང་། ཐེ་ཚོམ་དང་། མ་རིག་པ་དང་བཞི་སྟེ་བཅུ་གཅིག་(དང་ཁམས་གོང་མ་གཉིས་ནའང་དེ་ལྟར་བཅུ་གཅིག་བཅུ་གཅིག་སྟེ་ཕྲ་རྒྱས་སུམ་ཅུ་རྩ་གསུམ་ཐོབ་པ་ལས་གཞན་མཚུངས་ལྡན་དང་མཚན་ཉིད་དང་བཅས་པ་གནས་ལྔ་པར་འཆད་འགྱུར་རྣམས་ནི་ཀུན་འགྲོའི་རྒྱུ། གནས་ལྔ་པར་འཆད་པར་འགྱུར་བའི་ཁམས་གསུམ་གྱི་བདེན་པ་དང་པོ་གཉིས་ཀྱི་ཕྲ་རྒྱས་ཀུན་འགྲོ་སུམ་ཅུ་རྩ་གསུམ་ཐོབ་པ་ལས་གཞན་པ་མཚུངས་ལྡན་དང་མཚན་ཉིད་དང་བཅས་པ་རྣམས།) ཡིན་ཏེ་(རྒྱུད་གཅིག་གི།) ཉོན་མོངས་པ་ཅན་རྣམས་ཀྱི་སྔོན་དུ་འགྲོ་བའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་དུའམ་ཞེ་ན་རང་གི་ས་པར་གཏོགས་པའི་ཡིན་གྱི་ས་གཞན་གྱི་ལྟ་བ་ལ་སོགས་པ་ནི་ས་གཞན་གྱི་མ་ཡིན་ནོ། །རིས་གཞན་ནི་རིས་གཞན་གྱི་ཀུན་འགྲོའི་རྒྱུ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་ནི་ཉོན་མོངས་པའི་རིས་ལྔ་ཆར་གྱི་ཀུན་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་མ་འོངས་པ་ལ་ཀུན་འགྲོའི་རྒྱུ་མི་འཐད་པའི་ཕྱིར་ཀུན་འགྲོའི་རྒྱུ་ནི་སྔར་སྐྱེས་པ་ཁོ་ན་ཡིན་ནོ། །
འོ་ན་འཕགས་པའི་གང་ཟག་གི་ཀུན་ནས་ཉོན་མོངས་པ་རྣམས་རྒྱུ་དེ་ལས་མ་སྐྱེས་པར་འགྱུར་ཏེ། ཀུན་འགྲོ་དེ་དག་སྤངས་ནས་མེད་པའི་ཕྱིར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ལྟར་ན་དེ་དག་ནི་འདས་པ་ལས་སྐྱེ་བར་འདོད་དེ། དེ་ལྟར་ཡང་རབ་ཏུ་བྱེད་པ་ལས། མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན། ཉོན་མོངས་པ་ཅན་གྱི་ཆོས་རྣམས་དང་། མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་གང་ཡིན་པའོ་ཞེས་གསུངས་སོ། །གང་དག་ཀུན་འགྲོའི་རྒྱུ་སྐལ་མཉམ་གྱི་བྱེ་བྲག་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་མེད་དེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་ཀུན་འགྲོ་རྣམས་འགོག་ལམ་མཐོང་སྤང་དང་སྒོམ་སྤང་ཉོན་མོངས་ཅན་གྱི་ཀུན་འགྲོའི་རྒྱུ་ཡིན་ཡང་སྐལ་མཉམ་གྱི་རྒྱུ་མ་ཡིན་པའི་ཕྱིར་རོ། །
དྲུག་པ་རྣམ་པར་སྨིན་པའི་རྒྱུ་ནི་མི་དགེ་བ་ཐམས་ཅད་དང་དགེ་བ་ཟག་པ་དང་བཅས་པ་རྣམས་ཁོ་ན་ཡིན་ཏེ། (རང་གི་ངོ་བོ་སྟོབས་དང་ལྡན་ཞིང་རྐྱེན་སྲིད་པའི་རླན་དང་བཅས་པའི་ཕྱིར་རོ། །ལུང་མ་བསྟན་དང་ཟག་མེད་ནི་རིམ་པར་ལྟར་རང་གི་ངོ་བོ་སྟོབས་ཆུང་བ་དང་སྟོབས་དང་ལྡན་ཡང་རྐྱེན་སྲེད་པའི་རླན་མེད་པའི་ཕྱིར་རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། དཔེར་ན་ས་བོན་རུལ་པ་དང་། རླན་དང་བྲལ་བའི་ས་བོན་གྲུང་པོ་བཞིན་ནོ། །དེ་གཉིས་ལས་གཞན་པའི་འདུས་བྱས་ལྷག་མ་ནི་རྣམ་སྨིན་གྱི་རྒྱུ་ཡིན་ནོ། །མི་དགེ་བ་ནི་ལས་དང་ཉོན་མོངས་པ་གཉིས་ཀ་གཟུང་སྟེ་ས་གང་གི་སྲེད་པས་རྐྱེན་བྱས་པ་དེར་རྣམ་སྨིན་འགྲུབ་པོ་འདིའི་འབྲས་བུ་ལས་བྱས་མ་ཐག་ཏུ་འདྲེན་པ་ནི་མེད་ཀྱི་རྒྱུན་ལ་ལྟོས་ནས་མི་འདྲ་བ་སྨིན་ཏེ་བསྐལ་པ་བརྒྱར་ཡང་ཆུད་མི་ཟ་བས་སོ། །)འབྲས་བུ་རྣམ་སྨིན་འབྱིན་པའི་ཕྱིར་རོ། །ལུང་མ་བསྟན་རྣམས་ནི་སྟོབས་ཆུང་བའི་ཕྱིར་རྣམ་སྨིན་འབྱིན་པ་མེད་དེ་ས་བོན་རུལ་པ་བཞིན་ནོ། །ཟག་མེད་རྣམས་ནི་སྲེད་པའི་རླན་དང་བྲལ་བའི་ཕྱིར་རྣམ་སྨིན་མི་འབྱིན་ཏེ་རླན་དང་བྲལ་བའི་ས་བོན་གྲུང་པོ་བཞིན་ནོ། །དེས་ན་འབྲས་བུ་རྣམ་སྨིན་འབྱིན་པའི་ལས་དེ་ནི་རྣམ་སྨིན་གྱི་རྒྱུ་ཡིན་ནོ་ཞེས་ཤེས་པར་བྱའོ། །
གསུམ་པ་རྒྱུ་དེ་དག་གི་དོན་བསྡུ་བ་ནི་ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་ནི་(རྒྱུ་མཐུན་གྱི་འབྲས་བུ་སྐྱེད་པས།) འདས་ད་ལྟ་བའི་དུས་གཉིས་པ་ཁོ་ན་ཡིན་གྱི་མ་འོངས་པ་ནི་མེད་དེ། རྒྱུ་མཚན་ནི་བཤད་ཟིན་པ་ཉིད་དོ། །ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་དང་རྣམ་སྨིན་གྱི་རྒྱུ་གསུམ་པོ་དག་ནི་དུས་གསུམ་པ་ཡིན་ནོ། །བྱེད་རྒྱུའི་འདུས་བྱས་རྣམས་ནི་དུས་གསུམ་པ་དང་། འདུས་མ་བྱས་དུས་ཀྱིས་མ་བསྡུས་པའང་ཡོད་པའི་ཕྱིར་ངེས་པ་མ་བཤད་དོ། །
འབྲས་བུ་བཤད་པ།
གཉིས་པ་འབྲས་བུ་བཤད་པ་ནི་འདུས་བྱས་ལ་རྣམ་སྨིན་དང་རྒྱུ་མཐུན་དང་བདག་པོ་དང་སྐྱེད་པའི་སྐྱེས་བུ་བྱེད་འབྲས་ཏེ་ཕྱེད་དང་བཞི་དང་། འདུས་མ་བྱས་ལ། ཐོབ་པའི་སྐྱེས་བུ་བྱེད་འབྲས་དང་ཟག་བཅས་གཉེན་པོས་བྲལ་འབྲས་སོ་སོར་བརྟགས་འགོག་དང་བཅས་པ་(ཕྱེད་དང་གཉིས་སུ་ཕྱེ་བ།) ནི་འབྲས་བུ་ཡིན་ཏེ། བསྟན་བཅོས་ལས། འབྲས་བུའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དང་། སོ་སོར་བརྟགས་པས་འགོག་པའོ་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་འདུས་མ་བྱས་ལ་ནི་འབྲས་བུ་ཕྱེད་དང་གཉིས་སུ་འགྱུར་རོ། །(ནམ་མཁའ་ནི་བྱ་བྱེད་དང་བྲལ་ཞིང་ཐོབ་བྱ་མིན་ལ། བརྟགས་མིན་ནི་རྐྱེན་མ་ཚང་བ་ཙམ་གྱིས་ཐོབ་པས་འབྲས་བུ་མིན་ནོ། །)གལ་ཏེ་དེ་ལྟར་ན་བརྟགས་འགོག་ནི་འདུས་མ་བྱས་ཡིན་ལ་དེ་ཡང་འབྲས་བུ་ཡིན་པའི་ཕྱིར་དེའི་རྒྱུ་ཡང་བརྗོད་དགོས་ལ། འདུས་མ་བྱས་བྱེད་རྒྱུར་འདོད་པའི་ཕྱིར་དེའི་འབྲས་བུའང་བརྗོད་དགོས་སོ་(དེ་དག་ཡོད་ན་འདས་བྱས་སུ་འགྱུར་རོ། །)ཞེ་ན། འདུས་མ་བྱས་ལ་ནི་(འབྲས་བུར་བཞག་པའི་ཚེ།) དེ་སྐྱེད་པའི་རྒྱུ་རྣམ་པ་དྲུག་དང་། (རྒྱུར་བཞག་པའི་ཚེ།) དེས་བསྐྱེད་པར་བྱ་བའི་འབྲས་བུ་ལྔ་པོ་དེ་དག་མེད་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་ལམ་བྲལ་བའི་བྱེད་རྒྱུ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་ན་འདུས་མ་བྱས་ལ་སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་འདུས་མ་བྱས་ནི་རྒྱུ་འབྲས་བརྟགས་པ་ཡིན་ནོ། །
འོ་ན་མདོ་ལས། དབང་པོ་ལྔ་པོ་འདི་དག་ཀུན་ཏུ་བསྟེན། གོམས་པར་བྱས། ལན་མང་དུ་བྱས་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་སྤངས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ཏེ། སྡུག་བསྔལ་སྤངས་པ་ནི་འགོག་པ་ཡིན་པའི་ཕྱིར་དང་། དེ་ལམ་གྱིས་བྱེད་པར་བཤད་པའི་ཕྱིར་རོ་ཞེ་ན། དེར་ཡང་ལམ་གོམས་པས་ཉོན་མོངས་པ་ཕྱིས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་དང་། ཉོན་མོངས་དང་བྲལ་བའི་རྣམ་གྲོལ་གྱི་ཡེ་ཤེས་བསྐྱེད་པའི་ཕྱིར་དང་། ལམ་གྱི་སྟོབས་ཀྱིས་འགོག་པ་དེ་ཡང་མངོན་དུ་བྱེད་པའི་ཕྱིར་དེ་ལྟར་གསུངས་ཀྱི་འགོག་པ་གསར་དུ་སྐྱེད་པ་ནི་མ་ཡིན་ཏེ། འདུས་བྱས་སུ་ཐལ་བའི་ཕྱིར་རོ། །
འོ་ན་འབྲས་བུ་དེ་དག་རྒྱུ་གང་གི་ཡིན་ཞེ་ན། རྣམ་སྨིན་གྱི་འབྲས་བུ་ནི་རྒྱུ་ཐ་མ་རྣམ་སྨིན་གྱི་རྒྱུའི་ཡིན་ནོ། །བདག་པོ(འམ་དབང་བྱེད་པ)འི་འབྲས་བུ་ནི་རྒྱུ་དང་པོ་བྱེད་རྒྱུའི་ཡིན་ནོ། །རྒྱུ་མཐུན་གྱི་འབྲས་བུ་ནི་སྐལ་མཉམ་དང་ཀུན་དུ་འགྲོ་བའི་རྒྱུ་གཉིས་ཀྱི་ཡིན་ནོ། །(སྐྱེས་བུས་ལས་བྱེད་པ་ལྟར་རྒྱུ་རྐྱེན་ཚོགས་པའང་དེ་དང་འདྲ་བས།) སྐྱེས་བུའི་བྱེད་པ་ཅན་གྱི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་ཡིན་ནོ། །དེ་ཡང་རྒྱུ་གཉིས་པོ་དེ་ལ་འབྲས་བུ་གཞན་ངེས་པ་མེད་པའི་ཕྱིར་དང་། དེ་ནི་ངེས་པའི་ཕྱིར་དེ་ལྟར་བསྟན་གྱི་དེ་གཉིས་ཁོ་ནའི་འབྲས་བུ་ནི་མ་ཡིན་ཏེ། (འདི་དག་གཙོ་ཆེ་བའི་དབང་དུ་བྱས་ཀྱི་དུས་གཅིག་ཏུ་ངེས་པ་མེད་དེ་འདུས་བྱས་ཐམས་ཅད་ལ་བདག་བྱེད་གཉིས་ཀ་ཡོད་ལ་སྐྱེས་ནའང་དུས་མི་མཉམ་ཡོད་པས་སོ། །)བྱེད་རྒྱུ་དང་སྐལ་མཉམ་ཀུན་འགྲོ་རྣམས་ཀྱིས་ཀྱང་སྐྱེས་བུ་བྱེད་པའི་འབྲས་བུ་སྐྱེད་པའི་ཕྱིར། འབྲས་བུ་དེ་དག་(གི་མཚན་ཉིད་)གང་ཞེ་ན། རྣམ་སྨིན་གྱི་འབྲས་བུ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་ཡིན་ནོ། །དེ་ཙམ་ནི་ཕྱིའི་འབྱུང་བ་དང་འབྱུང་འགྱུར་ལའང་ཡོད་པས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆོས་སུ་བརྗོད་དོ་ཞེས་གསུངས་སོ། །(དེ་ཡང་ལས་བྱེད་པ་པོས་མྱོང་བས་སོ། །)དེ་ལྟ་ན་དབང་པོ་ལ་སོགས་པའི་རྒྱས་པ་དང་རྒྱུ་མཐུན་ལས་བྱུང་བའང་དེར་ཐལ་བར་འགྱུར་བས་རྒྱུ་ལུང་བསྟན་པ་དགེ་མི་དགེ་ལས་བྱུང་བ་(དང་)ཞེས་གསུངས་སོ། །དེ་ཙམ་ནི་ཏིང་ངེ་འཛིན་གྱིས་རྒྱས་པ(འི་དབང་པོའི་འབྱུང་བ་)དང་སྤྲུལ་སེམས་ལའང་(སྤྲུལ་སེམས་ཀྱིས་ནི་དེ་ཐག་ཏུ་སྤྲུལ་པ་འདྲེན་ཅིང་ས་ཐ་དད་པ་ཡོད་པའི་ཕྱིར་རོ། །)ཡོད་པས་དེ་གསལ་བའི་ཕྱིར་དགེ་བ་དང་མི་དགེ་བ་ལས་དུས་ཕྱིས་(ལས་ཀྱི་ནུས་པ་སྨིན་ནས།) འབྱུང་བ་སྨོས་པ་ཡིན་ནོ། །
དེ་ནི་ལས་ཀྱི་རྣམ་སྨིན་ཡང་ཡིན་ལ་འབྲས་བུའང་ཡིན་པའི་ཕྱིར་རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་རྒྱུ་དང་འདྲ་བ་(ཕྱིས་སྐྱེས་པ་)སྟེ། དེ་ཡང་ཟག་བཅས་ལ་ནི་ངོ་བོ་དང་རིས་དང་ས་འདྲ་བ་ཡིན་ལ། (དེ་ཡང་ཀུན་འགྲོ་སྐྱེད་པ་ནི་ས་དང་ཉོན་མོངས་ཅན་དུ་འདྲ་ལ་སྐལ་མཉམ་གྱི་སྐྱེད་པ་ནི་རིས་དང་རྣམ་པའང་འདྲའོ། །)ཟག་མེད་ལ་ནི་ངོ་བོ་འདྲ་བ་ཡིན་ཏེ་སྐལ་བ་མཉམ་པར་བཤད་པ་བཞིན་ནོ། །བྲལ་བའི་འབྲས་བུ་ནི་བློ་ཡིས་ཏེ་ཤེས་རབ་ཀྱི་སྟོབས་ཀྱིས་སྤངས་བྱ་ཟག་བཅས་ཟད་པ་སྟེ་སོ་སོར་བཏགས་པས་འགོག་པའོ། །རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་སྐྱེ་བའི་འབྲས་བུ་དེ་ནི་སྐྱེས་བུའི་བྱེད་པ་ལས་སྐྱེས་པའི་འབྲས་བུ་ཞེས་བྱ་སྟེ། ལམ་གྱིས་སོ་སོར་བརྟགས་འགོག་ཐོབ་པ་ལ་ནི་གང་གི་སྟོབས་ཀྱིས་གང་འཐོབ་པ་དེ་ནི་ཞེས་བརྗོད་པར་བྱའོ། །རྒྱུ་དེ་ནི་འབྲས་བུ་ལ་སྐྱེས་བུའི་བྱེད་པ་དང་འདྲ་བའི་ཕྱིར་སྐྱེས་བུ་བྱེད་པ་སྟེ་སྨན་སོར་པོ་ཁྲ་རྐང་དང་ནག་པོ་བྱ་རོག་རྐང་ལ་སོགས་པ་ལྟ་བུའོ། །འདི་ཡང་ཁ་ཅིག་གིས་ནི་རྒྱུའི་དེ་མ་ཐག་གམ་ཅིག་ཅར་དུ་འབྱུང་བ་ལ་འདོད་དེ། ས་(དེ་ཡང་སྐྱེད་པའི་སྐྱེས་བུ་བྱེད་འབྲས་ནི་)འོག་མའི་སྦྱོར་བའི་སེམས་ཀྱིས་ས་གོང་མའི་ཏིང་ངེ་འཛིན་དང་། འཇིག་རྟེན་ཆོས་མཆོག་གི་རྗེས་སུ་མཐོང་ལམ་འབྱུང་བ་ལ་སོགས་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་ལྟ་བུའོ། །(བསམ་གཏན་གྱི་སེམས་ཀྱིས་སྤྲུལ་སེམས་ལྟ་བུའོ། །ཐོབ་པའི་སྐྱེས་བུ་བྱེད་འབྲས་ནི། གང་གི་སྟོབས་ཀྱིས་གང་ཐོབ་པའི། །འབྲས་དེ་སྐྱེས་བུའི་བྱེད་ལས་ཐོབ། །ཅེས་བརྗོད་དེ། ངའི་ནོར་སྐྱེས་སོ་ཞེས་ནོར་ཐོབ་པ་ལའང་སྐྱེས་བུའི་སྒྲ་བརྗོད་པ་བཞིན་ནོ། །དེ་ལ་གང་མཐོང་སྤང་སྤངས་པ་ནི་འཕགས་པ་མཐར་གྱིས་པའི་སྐྱེས་བུ་བྱེད་པ་དང་བྲལ་འབྲས་གཉིས་ཀ་དང་། ཆགས་བྲལ་སྔོན་འགྲོ་ནི་སྐྱེས་བུ་བྱེད་འབྲས་ཁོ་ནའོ། །)ཁ་ཅིག་ནི་ཆོད་པའི་རྒྱུ་ལས་ཀྱང་སྐྱེས་བུ་བྱེད་པའི་འབྲས་བུ་འབྱུང་སྟེ་ཞིང་པ་རྣམས་ཀྱིས་ལོ་ཏོག་ལྟ་བུའོ། །ཞེས་ཟེར་ཏེ། འདི་ལྟར་ན་འབྲས་བུ་ཐམས་ཅད་ལ་སྐྱེས་བུ་བྱེད་པས་ཁྱབ་པར་འདོད་དོ། །(དེ་ལ་འབྲས་བུ་སྔོན་རྒྱུ་དོན་མེད་དུ་ཐལ་བས་རྒྱུ་ལ་ལྟོས་ནས་)སྔོན་བྱུང་བ་མ་ཡིན་པའི་འདུས་བྱས་གསར་དུ་སྐྱེས་པ་(རྒྱུ་དང་དུས་མཉམ་པ་དང་ཕྱིས་བྱུང་བ་)ཐམས་ཅད་ནི་འདུས་བྱས་ཐམས་ཅད་ཀྱི་བདག་པོའི་འབྲས་བུ་ཡིན་ནོ། །(འདུས་མ་བྱས་ལ་འབྲས་བུ་འཛིན་པ་དང་སྨིན་པའི་མཐུ་མེད་པས།) འདུས་མ་བྱས་ཀྱི་མ་ཡིན་པའི་ཕྱིར་ཁོ་ན་ཞེས་སྨོས་པ་ཡིན་ནོ། །འོ་ན་སྐྱེས་བུ་བྱེད་འབྲས་དང་ཁྱད་པར་ཅི་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་ནི་(སྐྱེས་བུ་བྱེད་འབྲས་ནི་བྱེད་པ་པོ་ཁོ་ནའི་འབྲས་བུ་ཡིན་ལ་བདག་འབྲས་ནི་བྱེད་པ་པོ་ལས་གཞན་གྱིའང་ཡིན་ལ་གཞན་ཡང་།) སྐྱེས་བུ་བྱེད་འབྲས་ནི་བཟོ་རྣམས་ནི་བཟོའི་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་ཀ་དང་། སྤྲུལ་པ་རྣམས་ནི་བསམ་གཏན་གྱི་སྐྱེས་བུ་བྱེད་འབྲས་དང་བདག་འབྲས་གཉིས་ཀ་ཡིན་གྱི་གཞན་གྱི་ནི་སྐྱེས་བུ་བྱེད་འབྲས་མ་ཡིན་ནོ། །ཞེས་སོ་སོར་ངེས་པ་ཡིན་ལ། བདག་པོ་ནི་དེ་དག་ཀྱང་འདུས་བྱས་ཐམས་ཅད་ཀྱི་བདག་འབྲས་ཡིན་ཏེ། དེ་དག་སྐྱེ་བ་ལ་འདུས་བྱས་ཐམས་ཅད་མི་སྒྲིབ་པར་གནས་པའི་ཕྱིར་རོ། །ཞེས་འདོད་དོ། །དེ་ལྟ་ན་འདུས་མ་བྱས་ཀྱི་བདག་འབྲས་སུའང་ཐལ་བར་འགྱུར་བས་ཀུན་བརྟགས་སོ། །འོན་ཀྱང་བདག་འབྲས་ནི་སྤྱི་དང་གཞན་ནི་བྱེ་བྲག་ཡིན་ནོ། །རྒྱུས་འབྲས་བུ་སྐྱེད་པའི་ཚུལ་ནི་བྱེད་རྒྱུ་ལས་གཞན་པའི་རྒྱུ་ལྔ་པོ་ད་ལྟར་བ་ནི་འབྲས་བུ་(ས་བོན་ནམ།) ནུས་པའི་ཚུལ་དུ་འཛིན་པ་ཡིན་ནོ། །(འབྲས་བུ་འཛིན་པ་ནི་འབྲས་བུ་སྐྱེད་པའི་ནུས་པ་མཐུ་ཅན་ཡིན་པས་འབྲས་བུ་འབྱིན་པ་ནི་འབྲས་བུ་དངོས་སུ་སྐྱེད་པའོ། །)འདས་པ་ནི་(གཟུང་ཟིན་པས།) བྱ་བ་འགགས་པའི་ཕྱིར་དང་། མ་འོངས་པ་བྱ་བ་མ་སྐྱེས་པའི་ཕྱིར་དང་། བྱེད་རྒྱུ་ནི་(ད་ལྟར་བ་དེ་དང་འདྲ་མོད་ཀྱང་།) འབྲས་བུ་དང་བཅས་པ་ལ་ངེས་པའི་ཕྱིར་ནུས་པ་ཅན་དུ་མ་བརྗོད་དོ། །འབྲས་བུ་ཇི་ལྟར་འབྱིན་ཞེ་ན། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ནི་འབྲས་བུ་འཛིན་འབྱིན་དུས་མཉམ་པས་འབྲས་བུ་ད་ལྟར་(གྱི་ལས་ཁོ་ནས་)དུ་རབ་ཏུ་འབྱིན་པར་བྱེད་པའང་ཡིན་ནོ། །དེ་ལ་འབྱིན་པ་ནི་སྐྱེད་པ་སྟེ་རྒྱུ་དང་དུས་མཉམ་དུ་འབྲས་བུ་སྐྱེད་པ་ཞེས་བྱ་བའི་དོན་ཏོ། །ད་ལྟར་གྱི་རྒྱུ་དང་འདས་པའི་རྒྱུས་འབྲས་བུ་འབྱིན་པ་ནི་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་དག་གིས་ཏེ། ད་ལྟར་འབྱིན་པ་ནི་(མཇུག་ཐོགས་)དེ་མ་ཐག་ཏུ་འབྱིན་པ་ཡིན་ལ། འདས་པས་འབྱིན་པ་ནི་བར་ཆོད་པ་དག་ཡིན་གྱི་དུས་མཉམ་པ་ནི་མེད་དེ། འདི་དག་ནི་རྒྱུ་མཐུན་གྱི་འབྲས་བུ་སྐྱེད་པ་ཡིན་ན་དེ་ནི་རིགས་འདྲ་བ་ཕྱི་མ་སྐྱེད་པ་ལ་འདོད་པའི་ཕྱིར་རོ། །དེས་ན་འདིར་དག་ཅེས་པ་ནི་གཉིས་ཀྱི་སྒྲ་ཡིན་པས་གཉིས་ནི་ད་ལྟར་འདས་པ་དག་གིས་ཞེས་གདོན་པར་བྱའོ། །(གལ་ཏེ་དགེ་བའི་སྐལ་མཉམ་གྱི་རྒྱུ་འབྲས་བུ་འཛིན་ལ་མི་འབྱིན་པ་ཡོད་དམ་ཞེ་ན་མུ་བཞི་སྟེ། མུ་དང་པོ་འཛིན་ལ་མི་འབྱིན་པ་ནི་དགེ་རྩ་གཅོད་པ་ན་དགེ་བའི་ཐོབ་པ་ཐ་མའོ། །གཉིས་པ་འབྱིན་ལ་མི་འཛིན་པ་ནི་ཉིང་མཚམས་སྦྱོར་བའི་ཚེའི་དགེ་བའི་ཐོབ་པ་དང་པོའོ། །གསུམ་པ་གཉིས་ཀ་ཡིན་པ་ནི་དགེ་རྩ་མ་ཆད་པའི་གནས་སྐབས་ལྷག་མའོ། །བཞི་པ་གཉིས་མིན་ན་དེ་དག་མ་གཏོགས་པ་སྟེ། གོང་ས་ལས་ཉམས་པའམ། དགེ་རྩ་ཆད་པའི་གནས་སྐབས་སོ། །)རྣམ་པར་སྨིན་པའི་རྒྱུ་གཅིག་པུ་ནི་འདས་པ་ཁོ་ནས་འབྲས་བུ་འབྱིན་པར་འགྱུར་གྱི་དུས་མཉམ་པ་དང་དེ་མ་ཐག་ཏུ་འབྱིན་པ་ནི་མེད་དོ། །
ཆོས་མངོན་པ་བ་ཁ་ཅིག་རྟེན་གྱི་འབྲས་བུ་རླུང་གི་དཀྱིལ་འཁོར་ལ་ཆུ་བརྟེན་པ་ལ་སོགས་པ་དང་། སྦྱོར་བའི་འབྲས་བུ་ལམ་སྔ་མས་ཕྱི་མ་སྐྱེད་པ་དང་། ཚོགས་པའི་འབྲས་བུ་མིག་ལ་སོགས་པའི་མིག་གི་རྣམ་ཤེས་ལ་སོགས་པ་དང་། བསྒོམས་པའི་འབྲས་བུ་གཟུགས་ན་སྤྱོད་པའི་ལམ་གྱི་སྤྲུལ་པའི་སེམས་ལྟ་བུའོ་ཞེས་ཟེར་བ་ནི་སྐྱེས་བུ་བྱེད་འབྲས་དང་བདག་འབྲས་ཀྱི་བྱེ་བྲག་ཡིན་ནོ། །ཡང་རྒྱུ་དུ་ཞིག་གིས་འབྲས་བུ་གང་ཞིག་སྐྱེད་ཅེ་ན། འབྲས་བུ་རྣམས་ནི་མཚུངས་ལྡན་སེམས་དང་སེམས་བྱུང་དང་། དེ་མ་ཡིན་པ་གཉིས་སུ་ངེས་སོ། །དེ་དག་ཀྱང་རྣམ་པ་བཞི་བཞིར་ངེས་ཏེ། ཉོན་མོངས་ཅན་དང་། རྣམ་སྨིན་སྐྱེས་དང་། ཟག་མེད་དང་པོ་དང་། དེ་དག་གི་ལྷག་མའོ། །དེ་ལ་མཚུངས་ལྡན་སེམས་སེམས་བྱུང་ཉོན་མོངས་ཅན་(མི་དགེ་བ་དང་བསྒྲིབས་པ་)ནི་རིམ་པ་བཞིན་དུ་རྣམ་སྨིན་གྱི་རྒྱུ་མ་གཏོགས་པ་ལྷག་མ་ལྔ་ལས་སྐྱེ་སྟེ་རྣམ་སྨིན་གྱི་རྒྱུ་ལས་མི་སྐྱེ་བ་ནི་ཉོན་མོངས་ཅན་རྣམ་སྨིན་གྱི་འབྲས་བུར་མི་རིགས་པའི་གཏན་ཚིགས་ཀྱི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་རིམ་པ་བཞིན་དུ་ཀུན་འགྲོའི་རྒྱུ་མ་གཏོགས་པ་ལྷག་མ་ལྔ་ལས་སྐྱེ་སྟེ། ཀུན་འགྲོ་ལས་མི་སྐྱེ་བ་ནི་ཉོན་མོངས་ཅན་མ་ཡིན་པའི་ཕྱིར་རོ། །ལྷག་མ་ནི་རྣམ་སྨིན་སྐྱེས་མ་གཏོགས་པའི་མ་བསྒྲིབས་ལུང་མ་བསྟན་སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་སེམས་ལ་སོགས་པ་རྣམས་དང་། ཟག་མེད་ཀྱི་སྐད་ཅིག་མ་དང་པོ་ལས་གཞན་པའི་དགེ་བ་རྣམས་ཏེ། དེ་དག་ནི་རིམ་པ་བཞིན་དུ་རྣམ་སྨིན་དང་ཀུན་འགྲོའི་རྒྱུ་དེ་གཉིས་མ་གཏོགས་པ་ལྷག་མ་བཞི་ལས་སྐྱེ་སྟེ། དེ་གཉིས་ལས་མི་སྐྱེ་བ་(རིག་པ་གང་ཞིག་)ནི་རྣམ་སྨིན་སྐྱེས་དང་ཉོན་མོངས་ཅན་མ་ཡིན་པའི་ཕྱིར་རོ། །དང་པོ་འཕགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་དང་པོ་སྟེ་དེའི་སེམས་དང་སེམས་ལས་བྱུང་བ་ནི་རིམ་པ་བཞིན་དུ་རྣམ་སྨིན་དང་ཀུན་འགྲོའི་རྒྱུ་དེ་གཉིས་དང་སྐལ་མཉམ་གྱི་རྒྱུ་མ་གཏོགས་པ་ལྷག་མ་གསུམ་ལས་སྐྱེ་སྟེ། སྐལ་མཉམ་ལས་མི་སྐྱེ་བ་ནི་འཇིག་རྟེན་ཆོས་མཆོག་མན་ཆད་ཟག་བཅས་ཡིན་པས་(རིགས་འདྲ་སྔོན་དུ་མ་སོང་བས།) དེ་དག་གི་རྒྱུ་མཐུན་ལས་མ་བྱུང་བས་རིས་མི་འདྲ་བའི་ཕྱིར་རོ། །རྣམ་སྨིན་དང་ཀུན་འགྲོ་ལས་མི་སྐྱེ་བ་ནི་དེ་དགེ་བ་ཡིན་པའི་ཕྱིར་རོ། །དེ་དག་ནི་སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པ་ཡིན་ནོ། །ཇི་ལྟར་སེམས་དང་སེམས་བྱུང་ལ་བཤད་པ་ལྟར་སེམས་དང་སེམས་བྱུང་ལས་གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་སྦྱར་ཏེ། དེ་ལ་གཞན་ནི་མི་ལྡན་པའི་འདུ་བྱེད་དང་གཟུགས་སོ། །ཐམས་ཅད་དུ་འདྲའམ་ཞེ་ན། མཚུངས་ལྡན་གྱི་རྒྱུ་ནི་མ་གཏོགས་ཏེ། དེ་དག་ནི་(བེམས་པོ་ཡིན་པས་)སེམས་དང་སེམས་བྱུང་མ་ཡིན་པའི་ཕྱིར་དང་། མཚུངས་ལྡན་གྱི་རྒྱུ་ཡང་དེ་དག་ལ་བརྗོད་པའི་ཕྱིར་རོ། །ཟག་མེད་སྐད་ཅིག་མ་དང་པོའི་གཟུགས་དང་མི་ལྡན་པའི་འདུ་བྱེད་ནི་ཟག་མེད་ཀྱི་སྡོམ་པ་དང་པོར་ཐོབ་པ་དང་སེམས་སེམས་བྱུང་དང་སྡོམ་པ་དེ་དག་གི་ཐོབ་པ་དང་མཚན་ཉིད་ལ་སོགས་པ་ལ་འདོད་དོ། །གཞན་དག་ནི་ཤེས་པར་སླའོ། །
རྐྱེན་བཤད་པ།
གསུམ་པ་རྐྱེན་བཤད་པ་ལ་ལྔ་ལས་མདོར་བསྟན་པ་ནི་རྐྱེན་ནི་བཞི་པོ་དག་ཏུ་གསུངས་སོ་ཞེས་བྱ་སྟེ། གང་ལས་གསུངས་ཤེ་ན། མདོ་ལས་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་ཉིད་དང་། དེ་མ་ཐག་པའི་རྐྱེན་ཉིད་དང་། དམིགས་པའི་རྐྱེན་ཉིད་དང་། བདག་པོའི་རྐྱེན་ཉིད་དོ་ཞེས་གསུངས་སོ། །
འོ་ན་དེ་ལ་འདིར་རྒྱུ་དང་རྐྱེན་གྱི་ཁྱད་པར་གང་ཞེ་ན། ཁ་ཅིག་ན་རེ་འབྲས་བུ་སྐྱེས་པ་ན་རང་གི་རྒྱུན་ལྡོག་པ་དང་མི་ལྡོག་པ་དང་། འབྲས་བུ་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་གི་སྒོ་ནས་ཕན་འདོགས་པ་ནི་རིམ་པ་ལྟར་དེ་གཉིས་ཡིན་ནོ་ཞེས་ཟེར་བ་དང་། ཊཱིཀ་བྱེད་དག་གིས་ཀྱང་ཉེ་བའི་རྐྱེན་ནི་རྒྱུ་ཡིན་ནོ། །རིང་བ་ནི་རྐྱེན་ཁོ་ན་ཡིན་ནོ། །གཞན་དག་ན་རེ་སྐྱེད་པར་བྱེད་པ་ནི་རྒྱུའོ། །རྐྱེན་ནི་དམིགས་པ་ཙམ་དུ་ཟད་དོ་ཞེས་ཟེར་རོ་ཞེས་བྱ་བ་ལ་སོགས་པ་བཤད་མོད་ཀྱི་འདིར་བྱེ་བྲག་ཏུ་སྨྲ་བ་ནི་འདི་གཉིས་མིང་གི་རྣམ་གྲངས་ཙམ་ལ་ཁྱད་པར་མེད་པར་འདོད་དེ། །ཊཱིཀ་དོན་གསལ་ལས། རྒྱུ་རྣམས་དང་རྐྱེན་རྣམས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྨྲས་པ། ཅུང་ཟད་ཀྱང་མེད་དེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་རྒྱུ་གཉིས་དང་རྐྱེན་གཉིས་ནི་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་པ་ཡིན་ནོ། །གཉིས་གང་ཞེ་ན། གཞན་གྱི་སྒྲ་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་པ་དང་། དགེ་སློང་དག་མིག་ནི་རྒྱུ་དང་བཅས། རྐྱེན་དང་བཅས། གཞི་དང་བཅས་པ་ཡིན་ནོ། །དགེ་སློང་དག་མིག་གི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། གཞི་ནི་གང་ཡིན་ཞེ་ན། དགེ་སློང་དག་མིག་གི་རྒྱུ་ནི་ལས་ཡིན་ནོ། །རྐྱེན་ནི་ལས་ཡིན་ནོ། །གཞི་ནི་ལས་ཡིན་ནོ་ཞེས་དང་། དེ་བཞིན་དུ་མ་རིག་པའི་རྒྱུ་རྐྱེན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལའང་(སྦྱར་ནས་)རྒྱས་པར་གསུངས་སོ། །དེས་ན་རྒྱུ་དང་རྐྱེན་དང་གཞི་དང་བྱེད་རྒྱུ་དང་རྒྱུ་མཚན་དང་རྟགས་རྒྱུ་དང་འབྲས་གནས་ཞེས་བྱ་བ་ནི་རྣམ་གྲངས་དག་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེས་ན་འབྲས་བུ་སྐྱེད་པ་དང་འགྲུབ་པར་བྱེད་པར་ན་རིམ་པ་ལྟར་རྒྱུ་དང་རྐྱེན་དུ་བརྗོད་ཀྱི་དོན་ལ་ཐ་དད་མེད་པར་ཤེས་པར་བྱའོ། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལ་ལར་རྒྱུ་དྲུག་དང་། ལ་ལར་རྐྱེན་བཞིར་གསུངས་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་བསྟན་པ་ལྟར་གདུལ་བྱའི་མོས་པ་དང་བསྟུན་པའི་ཕྱིར་རོ། །
རྒྱས་པར་བཤད་པ་ནི་རྐྱེན་བཞི་པོ་དེ་དག་ཀྱང་གང་ཞེ་ན། དེ་ལ་རྒྱུའི་རྐྱེན་ཞེས་བྱ་བ་ནི་བྱེད་རྒྱུ་མ་གཏོགས་པ་རྒྱུ་ལྔ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ་ཞེས་སྦྱར་རོ། །ཐམས་ཅད་དམ་ཞེ་ན། དགྲ་བཅོམ་པ་མྱ་ངན་ལས་འདའ་ཀ་མའི་སེམས་དང་སེམས་ལས་བྱུང་བའི་ཐ་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མིན་ཏེ། སེམས་སེམས་བྱུང་རྒྱུན་ཆད་པར་འདོད་པའི་ཕྱིར་རོ། །འདིར་རྫས་མཚུངས་པའི་ཕྱིར་མཚུངས་པ་ཞེས་བྱ་སྟེ། རྣམ་པར་ཤེས་པ་གཅིག་གི་དེ་མ་ཐག་ཏུ་རྣམ་པར་ཤེས་པ་གཅིག་དང་། ཚོར་བ་གཅིག་གི་དེ་མ་ཐག་ཏུ་ཚོར་བ་གཅིག་(འབྱུང་བ་)ལ་སོགས་པའོ། །དེའི་ཕྱིར་གཟུགས་ལ་ནི་དེ་མ་ཐག་པའི་རྐྱེན་མ་བཤད་དེ། (མི་ཉམས་པར་འབྱུང་བས་)རྫས་མི་མཚུངས་པའི་ཕྱིར་རོ། །དེས་ན་རྐྱེན་འདི་ནི་མཚུངས་པའང་ཡིན་ལ་དེ་མ་ཐག་པའང་ཡིན་པས་མཚུངས་པ་དེ་མ་ཐག་རྐྱེན་ཞེས་བྱའོ། །དེ་ཡང་བཙུན་པ་དབྱིག་བཤེས་ནི་(མི་མཉམ་པའི་དོན་)རྒྱས་བྱུང་གི་གཟུགས་ཀྱི་རྒྱུད་གཅིག་མ་འགགས་པར་རྒྱས་བྱུང་གཉིས་པ་འབྱུང་བའི་ཕྱིར་རོ། །(དེས་ན་འཆོལ་ལོ་)ཞེས་འདོད་དེ། དེའི་དོན་ནི་ཟས་ཀྱིས་རྒྱས་པ་མ་འགགས་པར་གཉིད་དང་ལེགས་པར་བྱ་བ་དང་ཏིང་ངེ་འཛིན་གྱིས་རྒྱས་པ་འབྱུང་བའི་ཕྱིར་རོ་ཞེས་བྱའོ། །མདོ་སྡེ་པའི་གནས་བརྟན་བཙུན་པ་ན་རེ་མང་པོ་ལས་ཉུང་ངུ་དང་། ཉུང་ངུ་ལས་ཀྱང་མང་པོ་འབྱུང་བའི་ཕྱིར་ཏེ། སོག་མ་ལས་ཐལ་བ་ཉུང་ངུ་དང་། ཉ་གྲོ་དྷའི་ས་བོན་ལས་ཡལ་ག་ལ་སོགས་པ་མང་པོ་འབྱུང་བ་བཞིན་ནོ། །ཞེས་ཟེར་རོ། །འགྲེལ་པ་ལས་མི་མཉམ་པར་འབྱུང་བའི་ཕྱིར་གཟུགས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ། འདི་ལྟར་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་མཇུག་ཐོགས་སུ་རེས་འགའ་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་འབྱུང་ངོ་། །རེས་འགའ་ནི་འདོད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་འབྱུང་བས་གཟུགས་མངོན་དུ་འགྱུར་བ་འཆོལ་བ་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་འཆོལ་བ་མ་ཡིན་ནོ་ཞེས་འབྱུང་སྟེ། དེའི་དོན་ནི་སོ་སོ་ཐར་པའི་སྡོམ་པ་བླངས་ནས་གལ་ཏེ་མཉམ་པར་མ་བཞག་ན་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་འབྱུང་ལ། གལ་ཏེ་དེས་ཟག་བཅས་ཀྱི་བསམ་གཏན་ལ་མཉམ་པར་བཞག་ན་བསམ་གཏན་གྱི་སྡོམ་པ་འབྱུང་ལ། འོན་ཏེ། (མཉམ་པར་མ་བཞག་པ་དང་ཟག་བཅས་དང་།) ཟག་མེད་ཀྱི་བསམ་གཏན་ལ་སྙོམས་པར་ཞུགས་ན་(རིམ་པ་ལྟར་སོ་སོ་ཐར་པ་ཁོ་ན་དང་བསམ་གཏན་དང་།) ཟག་མེད་ཀྱི་སྡོམ་པའི་གཟུགས་འབྱུང་བས་འཆོལ་བ་ཡིན་ནོ་ཞེས་བྱ་བ་ཡིན་མོད་ཀྱི་དེ་ནི་སེམས་དང་སེམས་བྱུང་ལའང་མཚུངས་ཏེ། འདོད་པ་ན་སྤྱོད་པའི་སེམས་(དང་།) སེམས་བྱུང་ལས་རེས་འགའ་འདོད་པ་ན་སྤྱོད་པ་དང་། རེས་འགའ་གཟུགས་ན་སྤྱོད་པ་དང་། རེས་འགའ་ཟག་མེད་ཀྱི་སེམས་(དང་)སེམས་བྱུང་(ལ་ཉེར་གཉིས་སོགས་ཀྱང་)འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སྔ་མ་དག་ལེགས་པར་མངོན་ནོ། །དེའི་ཕྱིར་མཚུངས་པ་ནི་(ཚོར་བ་རིས་གཉིས་མི་འབྱུང་བ་ལ་སོགས།) རྫས་མཚུངས་པ་དང་། དེ་མ་ཐག་པ་ནི་འབྲས་བུ་དེ་མ་ཐག་ཏུ་སྐྱེད་པའོ། །(མི་ལྡན་པའི་འདུ་བྱེད་རྣམས་ཀྱང་འཆོལ་ཏེ་ཁམས་གསུམ་པ་དང་། ཟག་མེད་རྣམས་དུས་ཅིག་ཅར་མངོན་དུ་འགྱུར་བས་སོ། །)དེ་ཡང་སྐྱེས་པ་(འདས་ད་ལྟར།) རྣམས་ཁོ་ན་ཡིན་གྱི་མ་འོངས་པ་ནི་མ་ཡིན་ཏེ། མ་འོངས་པ་ལ་སྔ་ཕྱི་མེད་པའི་ཕྱིར་དང་། (ད་ལྟར་བ་ད་ལྟར་བའི་དེ་མ་ཐག་རྐྱེན་མིན་པ་བཞིན་ནོ། །)དེ་མ་ཐག་པའི་རྐྱེན་ཡང་སྔ་ཕྱི་ལ་རྣམ་པར་བཞག་པའི་ཕྱིར་རོ། །གལ་ཏེ་མ་འོངས་པ་ལ་སྔ་ཕྱི་མེད་ན་རིམ་པར་མི་འབྱུང་བ་དང་། དེ་སངས་རྒྱས་ཀྱིས་(འདིའི་རྗེས་སུ་འདི་འབྱུང་ཞེས་)རིམ་ཅན་དུ་མི་མཁྱེན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། སྤྱིར་རྒྱུ་དང་འབྲས་བུ་འབྲེལ་བའི་ཕྱིར་འབྱུང་བ་ན་རིམ་པར་སྐྱེ་ལ། དེ་སངས་རྒྱས་ཀྱིས་མཁྱེན་པ་ནི་འདས་པ་དང་ད་ལྟ་བའི་རིམ་པ་དངོས་སུ་མཁྱེན་པའི་ཤུགས་ལ་ལམ་མཁྱེན་པའམ་འདས་ད་ལྟར་ལས་རྗེས་སུ་དཔགས་པས་མཁྱེན་ཏོ་ཞེས་ཁ་ཅིག་འདོད་ལ། ཁ་ཅིག་ནི་(སེམས་ཅན་གྱི་རྒྱུད་ལ་)མ་འོངས་པ་རིམ་པར་འབྱུང་བའི་འབྲས་བུའི་རྟགས་སུ་གྱུར་པ་མི་ལྡན་པའི་འདུ་བྱེད་ཀྱི་ཁྱད་པར་ཞིག་ཡོད་དེ། དེ་མངོན་སུམ་དུ་མཁྱེན་ནས་མ་འོངས་པའི་རིམ་པ་མཁྱེན་པ་ཡིན་གྱི། ད་ལྟར་བའི་ཡེ་ཤེས་ཀྱིས་མ་འོངས་པའི་རིམ་པ་དངོས་སུ་མཁྱེན་པ་ནི་མ་ཡིན་ཏེ། མ་འོངས་པའི་ཚེ་ནི་རིམ་པ་མེད་པའི་ཕྱིར་རོ། །
མ་འོངས་པ་ལ་རིམ་པ་གསུངས་པ་ནི་དེ་དག་སྐྱེས་པ་ན་རིམ་པར་འབྱུང་བར་འགྱུར་བ་ཡིན་ན་སྐྱེས་པ་ནི་འདས་ད་ལྟར་བར་འགྱུར་པའི་ཕྱིར་ཞེས་འདོད་དེ། མ་འོངས་པའི་རིམ་པ་འདས་ད་ལྟར་བའི་ཤུགས་ལ་མཁྱེན་པར་འདོད་པ་ལ་ནི་སྔོན་གྱི་མཐའ་མ་མཁྱེན་པར་ཕྱི་མའི་མཐའ་མི་མཁྱེན་པར་ཐལ་བའི་སྐྱོན་ཡོད་དོ། །བཅོམ་ལྡན་འདས་ཀྱིས་མ་འོངས་པ་ཆེ་གེ་མོ་ཞིག་གི་མཇུག་ཐོགས་སུ་མ་འོངས་པ་འདི་འབྱུང་ངོ་ཞེས་མ་འོངས་པ་རིམ་པར་འབྱུང་བའི་འབྲས་བུའི་རྟགས་མཁྱེན་པ་ལས་མཁྱེན་པར་འདོད་པ་ལ་ནི་སངས་རྒྱས་ལ་རྗེས་སུ་དཔག་པ་ཡོད་པར་ཐལ་བ་དང་། རྒྱུ་བས་སྔ་བའི་འབྲས་བུ་སྲིད་པར་ཐལ་བའི་སྐྱོན་ཡོད་དོ། །གལ་ཏེ་འདས་པའི་སེམས་དང་སེམས་བྱུང་རང་གི་དུས་ན་མཚུངས་པ་དེ་མ་ཐག་པ་ཉིད་དུ་བྱུང་ངོ་ཞེས་འདོད་ན་མ་འོངས་པའི་སེམས་དང་སེམས་བྱུང་རྣམས་ཀྱང་རང་གི་དུས་ན་འབྱུང་བར་འགྱུར་བའི་ཕྱིར་མ་འོངས་པའང་དེ་མ་ཐག་པའི་རྐྱེན་དུ་འགྱུར་རོ། །མ་འོངས་པ་མ་སྐྱེས་པས་ད་ལྟར་བའི་ཚེ་ན་རྐྱེན་མ་ཡིན་པར་འདོད་ན་ནི་འདས་པའང་མ་ཡིན་པར་འགྱུར་ཏེ་འགགས་པའི་ཕྱིར་རོ། །བྱ་བ་འགགས་ཀྱི་དངོས་པོ་མ་འགགས་སོ་ཞེས་བྱ་བའང་ལན་མ་ཡིན་ཏེ། མ་འོངས་པ་ལའང་མཚུངས་པའི་ཕྱིར་རོ། །འདིས་ནི་སྐལ་མཉམ་དང་ཀུན་འགྲོ་མ་འོངས་པ་ལ་མི་འདོད་པའང་བཀག་པར་ལྟའོ། །འདིར་འགྲེལ་པ་ལས། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དང་སེམས་ཀྱི་དེ་མ་ཐག་པ་ཅན་གྱི་མུ་བཞི་དང་། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དང་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་གྱི་མུ་བཞི་གཉིས་བཤད་དོ། །
དེ་ལ་དང་པོ་ནི་ཆོས་གང་དག་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པ་དེ་དག་སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། དེ་ལ་མུ་དང་པོ་ནི་སེམས་མེད་ཀྱི་སྙོམས་འཇུག་གཉིས་ལས་ལྟ་བའི་སེམས་དང་། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པ་སྟེ། (འཇུག་སེམས་ཀྱིས་བསྐྱེད་ཀྱང་བར་དུ་ཆོད་པའི་ཕྱིར་རོ། །)དེ་ལ་ལྡང་སེམས་ནི་སྙོམས་འཇུག་གི་སྐད་ཅིག་མ་རྣམས་ཀྱིས་བར་དུ་ཆོད་ཀྱང་སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་དང་། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་གསུམ་གྱིས་སྙོམས་པར་འཇུག་པ་གཉིས་ཞེས་འབྱུང་བས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ལ། ལྡང་སེམས་ནི་སྙོམས་འཇུག་གི་སྐད་ཅིག་མ་རྣམས་ཀྱིས་བར་དུ་ཆོད་པའི་ཕྱིར་དང་། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་ཅི་རིགས་པར་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོ་ལ་སོགས་པས་བར་དུ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ནི་མ་ཡིན་ནོ། །
མུ་གཉིས་པ་ནི་སེམས་མེད་ཀྱི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོའི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་། རྗེས་སུ་མཐུན་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་དང་། སེམས་དང་བཅས་པའི་གནས་སྐབས་ཀྱི་སེམས་དང་སེམས་བྱུང་ཐམས་ཅད་ཀྱི་བྱ་བ་ལ་སོགས་པའི་མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་རྣམས་ཏེ། དེ་དག་ནི་སེམས་སྔ་མ་དང་གཉིས་ཀྱི་བར་དུ་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ཡིན་ལ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་ངོ་བོ་མ་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་སེམས་དང་སེམས་བྱུང་རྣམས་དང་སེམས་མེད་ཀྱི་སྙོམས་འཇུག་གཉིས་ཁོ་ན་ཡིན་པའི་ཕྱིར་རོ། །འདུ་ཤེས་མེད་པ་པ་ནི་སེམས་ཀྱིས་མངོན་པར་འདུས་མ་བྱས་པར་ལས་ཀྱི་མཐུས་སྐྱེ་བའི་ཕྱིར་བསྟན་བཅོས་ལས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པར་མི་འབྱུང་ངོ་ཞེས་རྒྱལ་པོའི་སྲས་འཆད་དོ། །
མུ་གསུམ་པ་ནི་སེམས་མེད་ཀྱི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་ཀྱི་སྐད་ཅིག་མ་གཞན་གྱིས་བར་མ་ཆོད་པར་སེམས་སྔ་མའི་མཇུག་ཐོགས་སུ་སེམས་དང་སེམས་བྱུང་ཕྱི་མ་འབྱུང་བ་རྣམས་ཏེ། དེ་དག་ནི་རིམ་པར་ལྟར་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱིས་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར་དང་། སེམས་སྔ་མའི་རྗེས་སུ་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་དེ་མ་ཐག་ཏུ་འབྱུང་བའི་མཚུངས་ལྡན་ཡིན་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་ལ་སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནོ། །
མུ་བཞི་པ་ནི་སེམས་མེད་ཀྱི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པའི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་དང་། སྙོམས་འཇུག་གཉིས་ལས་ལྡང་སེམས་ཀྱི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་སྟེ། དེ་དག་ནི་སེམས་དང་སེམས་བྱུང་དང་སྙོམས་འཇུག་གཉིས་མ་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་མ་ཡིན་ལ། སྙོམས་འཇུག་གི་སྐད་ཅིག་མ་དང་པོ་ལ་སོགས་པས་བར་དུ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ཡང་མ་ཡིན་ནོ། །
མུ་བཞི་གཉིས་པ་ནི་ཆོས་གང་དག་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པ་དེ་དག་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནམ་ཞེ་ན། འདི་ལའང་མུ་བཞི་ལས་མུ་དང་པོ་ནི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་ཀྱི་སེམས་སྔ་མའི་མཇུག་ཐོགས་སུ་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་སེམས་དང་སེམས་བྱུང་ཕྱི་མ་བྱུང་བ་རྣམས་ཏེ། དེ་དག་ནི་རིམ་པ་ལྟར་གསུམ་གྱིས་སྙོམས་པར་འཇུག་པ་གཉིས་ཞེས་པ་དང་། བཞི་ཡིས་སེམས་དང་སེམས་བྱུང་རྣམས་ཞེས་འབྱུང་བས་སྙོམས་འཇུག་གཉིས་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱིས་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར་དང་། སེམས་སྔ་མའི་རྗེས་སུ་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་དེ་མ་ཐག་ཏུ་བྱུང་བའི་མཚུངས་ལྡན་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱིས་བསྐྱེད་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་ཡིན་ལ། སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོ་ལ་སྙོམས་འཇུག་གི་སྐད་ཅིག་མ་སྔ་མ་སྔོན་དུ་སོང་བ་མེད་པའི་ཕྱིར་དང་། སེམས་དང་བཅས་པའི་གནས་སྐབས་དེ་དག་ལའང་སྙོམས་འཇུག་གཉིས་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་སྔོན་དུ་སོང་བ་མེད་པའི་ཕྱིར་རོ། །
མུ་གཉིས་པ་ནི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པའི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་དང་། སྙོམས་འཇུག་གཉིས་ལས་ལྡང་སེམས་ཀྱི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་རྣམས་ཏེ། དེ་དག་ནི་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་ཏུ་འབྱུང་བའི་ཕྱིར་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་ནི་ཡིན་ལ། སྙོམས་འཇུག་གཉིས་དང་སེམས་དང་སེམས་བྱུང་མ་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་མ་ཡིན་ནོ། །
མུ་གསུམ་པ་ནི་སེམས་མེད་པའི་སྙོམས་འཇུག་གཉིས་ལས་ལྡང་སེམས་དང་། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་ལ་སོགས་པ་སྟེ། དེ་དག་ནི་སྙོམས་འཇུག་གི་སྐད་ཅིག་མ་རྣམས་ཀྱིས་བར་དུ་ཆོད་ཀྱང་སེམས་དང་སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་དང་། སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་ཏུ་འབྱུང་བའི་ཕྱིར་རིམ་པ་ལྟར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་ལ། སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནོ། །
མུ་བཞི་པ་ནི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོའི་མཚན་ཉིད་སྐྱེ་སོགས་དང་ཐོབ་པ་ལ་སོགས་པ་དང་། སེམས་དང་བཅས་པའི་གནས་སྐབས་ཀྱི་སེམས་དང་སེམས་བྱུང་རྣམས་ཀྱི་མཚན་ཉིད་སྐྱེ་སོགས་དང་ཐོབ་པ་ལ་སོགས་པ་རྣམས་ཏེ། དེ་དག་ནི་སྙོམས་འཇུག་གཉིས་དང་སེམས་དང་སེམས་བྱུང་མ་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་མ་ཡིན་ལ། དེ་དག་གི་སྔོན་དུ་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་སྙོམས་འཇུག་གཉིས་ཀྱིས་སྐད་ཅིག་མ་སོང་བ་མེད་པའི་ཕྱིར་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་ཡང་མ་ཡིན་ནོ། །
དེ་ལྟར་ན་མུ་བཞི་ཚན་གཉིས་ཡོད་ཀྱང་མུ་བཞི་དང་པོའི་མུ་གསུམ་པ་དང་བཞི་པ་ནི་མུ་བཞི་གཉིས་པའི་མུ་དང་པོ་དང་གཉིས་པ་ཡིན་ལ། མུ་བཞི་དང་པོའི་མུ་དང་པོ་དང་གཉིས་པ་ནི་མུ་བཞི་གཉིས་པའི་མུ་གསུམ་པ་དང་བཞི་པ་ཡིན་ནོ། །ཞེས་འགྲེལ་བ་ལས་འབྱུང་ངོ་། །དེས་ན་གྲུབ་པའི་མཐའ་སྨྲ་བ་འདིའི་ལྟར་ན་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་དང་སེམས་ཀྱི་དེ་མ་ཐག་རྐྱེན་དང་སྙོམས་འཇུག་གི་དེ་མ་ཐག་རྐྱེན་གསུམ་ཡོད་པ་ལས་སེམས་མེད་ཀྱི་སྙོམས་འཇུག་གཉིས་དང་སེམས་དང་སེམས་བྱུང་ལ་ནི་སྤྱིར་གསུམ་ག་ཡོད་དེ། སྙོམས་འཇུག་གཉིས་ལས་ལྡང་སེམས་ཀྱང་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་དུ་བཤད་པའི་ཕྱིར་རོ། །སེམས་མེད་ཀྱི་སྙོམས་འཇུག་གཉིས་དང་སེམས་དང་སེམས་བྱུང་མ་ཡིན་ཡང་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་དང་པོའི་མཚན་ཉིད་སྐྱེ་སོགས་དང་ཐོབ་པ་ལ་སོགས་པ་དང་། སེམས་དང་སེམས་བྱུང་གི་མཚན་ཉིད་སྐྱེ་སོགས་དང་ཐོབ་པ་ལ་སོགས་པ་ལའང་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་མི་འབྱུང་ཡང་སེམས་ཀྱི་དེ་མ་ཐག་རྐྱེན་དང་སྙོམས་འཇུག་གི་དེ་མ་ཐག་རྐྱེན་གཉིས་ཀྱིས་བསྐྱེད་པར་འདོད་ལ། སེམས་མེད་ཀྱི་སྙོམས་འཇུག་གཉིས་མཚུངས་ལྡན་མ་ཡིན་ཡང་སྙོམས་འཇུག་རང་རང་གི་སྐད་ཅིག་མ་ཕྱི་མ་རྣམས་དང་། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པའི་མཚན་ཉིད་སྐྱེ་སོགས་དང་ཐོབ་པ་ལ་སོགས་པ་རྣམས་ཀྱང་སྙོམས་པར་འཇུག་པའི་དེ་མ་ཐག་རྐྱེན་གྱིས་བསྐྱེད་པར་འདོད་དོ། །གལ་ཏེ་སེམས་མེད་གཉིས་ཀྱི་ལྡང་སེམས་ནི་དེ་གཉིས་ལ་འཇུག་སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་འབྲས་བུར་མི་རུང་སྟེ། སྐད་ཅིག་མ་དུ་མས་བར་དུ་ཆོད་པའི་ཕྱིར་རོ་ཞེ་ན། སྐད་ཅིག་མ་དུ་མས་བར་དུ་ཆོད་པ་ཙམ་གྱིས་ནི་དེ་མ་ཡིན་པར་མི་འགྱུར་གྱི་སེམས་གཞན་གྱིས་བར་དུ་ཆོད་ན་དེ་མ་ཡིན་པར་འགྱུར་བ་ལས་འདི་ནི་སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་རོ། །
དེའི་ཕྱིར་འགྲེལ་པ་ལས་ཀྱང་ད་ནི་ཇི་ལྟར་ལྡང་བའི་སེམས་ཡུན་རིང་མོ་ཞིག་ཏུ་ཆད་པ་སྙོམས་པར་འཇུག་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཞེས་བྱ་ཞེ་ན། སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་རོ་ཞེས་བཤད་དོ། །མདོ་སྡེ་པ་ནི་དབང་པོ་དང་བཅས་པའི་ལུས་ལ་སེམས་ཀྱི་ས་བོན་ཡོད་པ་དང་། སེམས་ཙམ་པ་ནི་རྣམ་ཤེས་བརྟན་པ་དག་ཡིན་པར་འདོད་དོ་ཞེས་བཤད་ཟིན་ཏོ། །
དམིགས་པའི་རྐྱེན་ནི་མིག་གི་རྣམ་ཤེས་ལ་སོགས་པ་རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པའི་དམིགས་རྐྱེན་ནི་རང་རང་གི་ཡུལ་ཟག་བཅས་གཟུགས་ལ་སོགས་པའི་ཆོས་ད་ལྟར་བ་རྣམས་ཡིན་ལ། ཡིད་ཀྱི་རྣམ་ཤེས་ཀྱི་དམིགས་རྐྱེན་ནི་ཟག་བཅས་ཟག་མེད་ཀྱི་ཆོས་དུས་གསུམ་དང་དུས་ཀྱིས་མ་བསྡུས་པ་(ཡུལ་དུ་རུང་བ་)ཐམས་ཅད་དོ། །གལ་ཏེ་གཟུགས་ལ་སོགས་པ་དག་ལ་རྣམ་ཤེས་ཀྱིས་མི་དམིགས་པ་དེའི་ཚེ་དམིགས་པའི་རྐྱེན་དུ་ཇི་ལྟར་འགྱུར་ཞེ་ན། དམིགས་པའི་གཟུགས་ལ་སོགས་པ་དང་རིས་འདྲ་བའི་ཕྱིར་དེ་དག་ཀྱང་དམིགས་པར་གཞག་སྟེ་དཔེར་ན་ཤིང་ལ་སོགས་པ་མི་སྲེག་པ་དག་ཀྱང་དེ་ལྟ་བུའི་རིས་དང་མཚན་ཉིད་འདྲ་བའི་ཕྱིར་བུད་ཤིང་ཞེས་བརྗོད་པ་བཞིན་ནོ། །ཡང་ན་འགའ་ཞིག་གིས་མ་དམིགས་ཀྱང་འགའ་ཞིག་གིས་དམིགས་པའི་ཕྱིར་རོ། །ཅི་སྟེ་ཆོས་ཐམས་ཅད་ཡིད་ཀྱི་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་ན་འདུས་མ་བྱས་ཀྱང་ཡིན་པར་འགྱུར་ལ། དེ་ལྟ་ནའང་འདུས་མ་བྱས་དངོས་པོར་འགྱུར་ཏེ། འབྲས་བུ་སྐྱེད་པའི་དོན་བྱེད་ནུས་པའི་ཕྱིར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་འདུས་མ་བྱས་དེ་དག་དངོས་པོར་ཐལ་བ་འདོད་པར་བྱེད་མོད་ཀྱི་འོན་ཀྱང་དེ་དག་གིས་འབྲས་བུ་སྐྱེད་ན་རྟག་ཏུ་སྐྱེད་པའམ། ཡང་ན་ནམ་ཡང་མི་སྐྱེད་པར་འགྱུར་ཏེ། རྟག་པའི་དངོས་པོར་ཁས་བླངས་པའི་ཕྱིར་རོ། །རེས་འགའ་སྐྱེད་པ་དང་མི་སྐྱེད་པ་ནི་རེས་འགའ་བ་ཡིན་པའི་ཕྱིར་མི་རྟག་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་ཡོད་དོ། །དེས་ན་འདུས་མ་བྱས་ནི་ངོ་བོ་མེད་པའི་ཕྱིར་དམིགས་པའི་ཡུལ་ཙམ་ཡིན་གྱི་འབྲས་བུ་སྐྱེད་པའི་རྐྱེན་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་པ་ཉིད་ལེགས་པ་ཡིན་ནོ། །སྔར་སྨོས་པའི་བྱེད་པའི་རྒྱུ་ཞེས་བྱ་བ་གང་ཡིན་པ་དེ་ནི་(བྱེ་བྲག་མེད་པར་ཕན་འདོགས་པས།) བདག་པོའི་རྐྱེན་ཡིན་པར་བཤད་དོ། །འོ་ན་དམིགས་རྐྱེན་ཡང་ཆོས་ཐམས་ཅད་ཡིན་ལ། བདག་རྐྱེན་ཡང་ཆོས་ཐམས་ཅད་ཡིན་པའི་ཕྱིར་ཁྱད་པར་ཅི་ཡོད་ཅེ་ན། (བདག་རྐྱེན་ནི་རང་མ་གཏོགས་པ་རང་དང་ལྷན་ཅིག་འབྱུང་བ་ཆོས་ལ་སོགས་པ་ཐམས་ཅད་ཡིན་ལ་རང་དང་ལྷན་ཅིག་འབྱུང་བ་དམིགས་རྐྱེན་མིན་པའི་ཕྱིར་དང་།) དམིགས་རྐྱེན་ནི་སེམས་དང་སེམས་བྱུང་རང་རང་གི་ཡུལ་ཉིད་དམིགས་རྐྱེན་ཡིན་གྱི་གཞན་གྱི་ཡུལ་ནི་གཞན་གྱི་དམིགས་རྐྱེན་མ་ཡིན་ནོ། །ཆོས་ཐམས་ཅད་དམིགས་རྐྱེན་དུ་བརྗོད་པ་ནི་སེམས་དང་སེམས་ལས་བྱུང་བའི་ཅི་རིགས་པར་དམིགས་པར་བརྗོད་ཀྱི་ཐམས་ཅད་ཀྱིས་ཐམས་ཅད་ལ་དམིགས་པ་མ་ཡིན་ནོ། །
གཞན་ཡང་དམིགས་རྐྱེན་ནི་གང་དག་དམིགས་བཅས་དེ་དག་གི་རྐྱེན་ཡིན་གྱི་དམིགས་བཅས་མ་ཡིན་པ་རྣམས་ཀྱི་ནི་མ་ཡིན་པའི་ཕྱིར་དང་། བདག་རྐྱེན་ནི་རང་ལས་གཞན་པའི་ཆོས་ཐམས་ཅད་ཡིན་པས་ཁྱད་པར་ཡོད་དོ། །མཚུངས་ལྡན་དང་ལྷན་ཅིག་འབྱུང་བ་དག་བདག་རྐྱེན་ཡིན་ཡང་དམིགས་རྐྱེན་མ་ཡིན་པའི་ཡང་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། རྐྱེན་འདི་ནི་ལྷག་པ་ཡིན་པས་བདག་པོའི་རྐྱེན་ནོ་ཞེས་བྱ་བ་དང་། འདི་ལ་ལྷག་པ་ཅི་ཞིག་ཡོད་ཅེ་ན། ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་ནམ་ཡང་དམིགས་པ་མ་ཡིན་གྱི་བདག་པོའི་རྐྱེན་ནི་ཡིན་པས་འདི་ལ་ལྷག་པ་ཡོད་པ་ཉིད་དོ། །
ཡང་ན་ལྷག་པའི་རྐྱེན་ཡིན་ཏེ། ཆོས་ཐམས་ཅད་རང་གི་ངོ་བོ་མ་གཏོགས་པའི་འདུས་བྱས་ཐམས་ཅད་ཀྱི་ཡིན་ནོ་ཞེས་བཤད་དོ། །རྐྱེན་གྱིས་འབྲས་བུ་སྐྱེད་པའི་ཚུལ་ནི་དེ་ལ་རེ་ཞིག་རྒྱུའི་རྐྱེན་ལ་རྒྱུ་རྣམ་པ་ལྔ་ཡོད་པ་ལས་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་པོ་དག་ནི་འབྲས་བུ་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བ་ལ་བྱ་བ་བྱེད་དེ། (ཕན་ཚུན་འབྲས་བུ་ཡིན་པའི་ཕྱིར་རོ། །)སྐལ་མཉམ་དང་ཀུན་འགྲོ་དང་རྣམ་སྨིན་གྱི་རྒྱུ་གསུམ་པོ་ནི་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ལ་མ་འོངས་པ་ལ་བྱ་བ་བྱེད་པའོ། །རྒྱུའི་རྐྱེན་དེ་ལས་གཞན་པ་མཚུངས་པ་དེ་མ་ཐག་པ་དང་དམིགས་པའི་རྐྱེན་གཉིས་པོ་དག་ནི་རྒྱུའི་རྐྱེན་ལ་ད་ལྟར་བ་ལ་བྱ་བ་བྱེད་པ་དང་མ་འོངས་པ་ལ་བྱ་བ་བྱེད་པ་གཉིས་སུ་བསྟན་པའི་གོ་རིམ་དེ་ལས་བཟློག་པ་མཚུངས་པ་དེ་མ་ཐག་རྐྱེན་ནི་སྐབས་འབྱེད་པའི་ཕྱིར་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པ་དང་། དམིགས་རྐྱེན་ནི་སེམས་དང་སེམས་བྱུང་རྣམས་ཀྱིས་འཛིན་པའི་ཕྱིར་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བ་ལ་བྱ་བ་བྱེད་དོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སེམས་དང་སེམས་བྱུང་དང་འདས་མ་འོངས་(དང་འདུས་མ་བྱས་)པ་ལ་མི་དམིགས་པར་འགྱུར་ཏེ། དམིགས་རྐྱེན་ད་ལྟར་བས་སེམས་དང་སེམས་བྱུང་ད་ལྟར་བ་སྐྱེད་པའི་ཕྱིར་རོ་ཞེ་ན། (དེ་ནི་གཙོ་ཆེ་བའི་དབང་དུ་བྱས་བའམ་ཡང་ན།) བྱེ་བྲག་ཏུ་སྨྲ་བས་འདས་མ་འོངས་ཀྱང་ད་ལྟར་དངོས་པོར་ཡོད་པའི་ཕྱིར་དེ་དག་ལ་དམིགས་པའང་དུས་མཉམ་པ་ཁོ་ནའོ་ཞེས་བྱ་བར་མངོན་ནོ། །
མདོ་སྡེ་པ་ནི་རྒྱུ་འབྲས་ཐམས་ཅད་དུས་མི་མཉམ་པ་ཁོ་ན་ཡིན་པའི་ཕྱིར་རྒྱུ་རྐྱེན་ཐམས་ཅད་འབྲས་བུ་སྐྱེ་བར་འགྱུར་བ་ལ་བྱ་བ་བྱེད་པ་ཡིན་གྱི་ད་ལྟར་པ་ནི་བྱ་བ་བྱེད་པ་མེད་དོ་ཞེས་འདོད་དེ། རྣམ་འགྲེལ་ལས། རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན་ཞེས་འབྱུང་བའི་ཕྱིར་རོ། །འོ་ན་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་དག་ཕན་ཚུན་རྒྱུ་འབྲས་སུ་མི་འགྱུར་ལ། དེ་ལྟ་ནའང་རྒྱུ་དེ་དག་མི་སྲིད་པར་འགྱུར་རོ་ཞེ་ན། ཚོགས་པ་སྔ་མའི་སྟོབས་ཀྱིས་ཕྱི་མ་དག་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་རྣམ་པ་ལྔ་ཅན་དུའང་འབྱུང་བའི་ཕྱིར་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་ཡིན་ནོ། །ཕན་ཚུན་རྒྱུ་འབྲས་སུ་གསུངས་པ་ནི་རྒྱུན་ལ་ལྟོས་ནས་ཡིན་གྱི་སྐད་ཅིག་མའི་རྫས་ལ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་དོ། །འོ་ན་ནི་སེམས་མེད་ལས་ལངས་མ་ཐག་པའི་སེམས་ཀྱི་སྐད་ཅིག་མ་དང་པོ་དེ་ལ་ཚོར་བ་ལ་སོགས་པ་མེད་ན་དེ་དག་ཀུན་འགྲོ་མ་ཡིན་པར་འགྱུར་ལ། ཡོད་ན་སེམས་ལས་བྱུང་བར་མི་འགྱུར་ཏེ། དུས་མཉམ་པའི་སེམས་ལས་ནི་མ་བྱུང་བར་འདོད་པའི་ཕྱིར་དང་། སྔ་མ་ན་སེམས་མེད་པའི་ཕྱིར་རོ། །དང་པོ་དུས་མཉམ་པའི་སེམས་ལས་བྱུང་ན་ཕྱི་མ་རྣམས་ཀྱང་འབྱུང་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་སེམས་ལས་མ་བྱུང་ན་ནི་སེམས་ལས་བྱུང་བར་འདོད་པ་ཉམས་པ་ཡིན་ནོ། །མདོ་ལས་ཀྱང་། འདུ་ཤེས་དང་སེམས་པའི་ཚོགས་འདི་དག་ནི་སེམས་ལས་བྱུང་བ། སེམས་ལ་བརྟེན་པ། སེམས་ལས་སྐྱེས་པ་དག་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །
གང་ཡང་ཁ་ཅིག་གིས་སེམས་མེད་ལ་སྙོམས་པར་ཞུགས་པ་ན་ཀུན་གཞི་རྣམ་ཤེས་ལ་སོགས་པའི་རྣམ་ཤེས་མ་འགགས་པ་ཡོད་པ་དེ་ལས་བྱུང་ངོ་ཞེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ཏེ། ཀུན་གཞིའི་སེམས་ལས་བྱུང་བ་ནི་སེམས་གཞན་དང་ལྷན་ཅིག་འབྱུང་བའི་འཁོར་དུ་འགལ་བའི་ཕྱིར་དང་། ཀུན་གཞིའི་ས་བོན་ལས་བྱུང་བ་དེ་ལྟ་ནའང་དེ་རྒྱུའི་རྐྱེན་ཡིན་པའི་ཕྱིར་རོ། །སེམས་ཀྱི་སྐད་ཅིག་མ་དང་པོ་ལ་ནི་ཚོར་བ་ལ་སོགས་པ་དུས་མཉམ་དུ་མེད་དོ་ཞེས་བྱ་བའང་རིགས་པ་མ་ཡིན་ཏེ། ཕྱི་མ་རྣམས་ལའང་མེད་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སྐད་ཅིག་མ་དང་པོ་ལ་སེམས་སྐྱེ་ན་ནི་སེམས་ལས་བྱུང་བའང་སྐྱེ་བར་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པར་མཚུངས་པའི་ཕྱིར་རོ། །དེའི་ཕྱིར། མ་ཚང་མེད་རྒྱུ་དེ་ལས་ནི། །འབྲས་བུ་གང་གིས་ཟློག་པར་འགྱུར། །ཞེས་རྣམ་འགྲེལ་ལས་གསུངས་སོ། །དེའི་ཕྱིར་དུས་མཉམ་པའི་རྒྱུ་འབྲས་ནི་ཡོད་པར་ཤེས་སོ། །འོན་ཀྱང་འདས་མ་འོངས་ལ་དམིགས་པ་ནི་མེད་པ་ལ་དམིགས་པའི་ཕྱིར་དེ་དག་དམིགས་རྐྱེན་མ་ཡིན་ལ། གང་དམིགས་རྐྱེན་ཡིན་པ་དེ་དམིགས་བྱེད་དང་དུས་མཉམ་པའོ་ཞེས་བྱ་བའི་ལན་ལེགས་སོ། །
བདག་རྐྱེན་ནི་(བྱ་བ་དང་བཅས་པར་མ་ངེས་ཤིང་)གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་ངོ་བོར་གནས་པས་དེ་དག་ལས་གཞན་དུ་མེད་པའི་ཕྱིར་ལོགས་ཤིག་ཏུ་མ་བཤད་དོ། །འོ་ན་འདུས་བྱས་དག་རྐྱེན་བཞི་ག་ལས་སྐྱེའམ། འོན་ཏེ་རེ་རེ་ལས་སྐྱེ་ཞེ་ན། རྐྱེན་བཞི་པོ་ཡིས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེད་པར་བྱེད་དོ། །(རྒྱུའི་རྐྱེན་ནི་རྒྱུ་ལྔ་ཅི་རིགས་ལ་སོགས། །)རི་བོང་གི་རྭའོ། །ནམ་མཁའི་མེ་ཏོག་གོ་ཞེས་བྱ་བའི་ཡིད་ཀྱང་ཁ་ཅིག་གིས་རི་བོང་དང་རྭ་ལ་སོགས་པ་ཁ་ཡར་བར་ཡོད་པའི་ཕྱིར་དེ་ལས་སྐྱེ་བར་འདོད་ཅིང་། བྱེ་བྲག་ཏུ་སྨྲ་བ་རི་བོང་གི་རྭ་ལ་སོགས་པའི་མིང་དང་མཚན་མ་རྫས་སུ་ཡོད་པའི་ཕྱིར་དེ་དག་ལས་སྐྱེའོ་ཞེས་འདོད་ལ། ཁ་ཅིག་སེམས་དང་སེམས་བྱུང་ཕྱིན་ཅི་མ་ལོག་པ་དག་དམིགས་རྐྱེན་ལས་སྐྱེའི་ཕྱིན་ཅི་ལོག་ནི་དམིགས་རྐྱེན་ལས་མི་སྐྱེའོ་ཞེས་འདོད་དེ་དེ་ཉིད་ལེགས་སོ། །དམིགས་རྐྱེན་མ་གཏོགས་པ་གསུམ་གྱིས་ནི་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་གཉིས་པོ་དག་སྐྱེད་པ་ཡིན་ཏེ། (རྒྱུའི་རྐྱེན་ལྷན་ཅིག་འབྱུང་བ་དང་ས་མཚུངས་པའི་དགེ་བའི་ཕུང་པོ་ལྔའམ་བཞིའོ། །)འདི་ལ་མཚུངས་པ་དེ་མ་ཐག་རྐྱེན་ནི་སྙོམས་པར་འཇུག་པའི་སེམས་ཡིན་ནོ། །དེའི་ཕྱིར་སྙོམས་འཇུག་འདི་གཉིས་སེམས་ཀྱིས་མངོན་པར་འདུ་བྱེད་པ་ལས་སྐྱེ་བས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་གྱི་སེམས་སྐྱེ་བ་ལ་བགེགས་བྱེད་པས་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ། །དམིགས་པའི་རྐྱེན་ལས་ནི་མི་སྐྱེ་སྟེ། དམིགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་བྱེ་བྲག་ཏུ་སྨྲ་བས་གཟུགས་མཚུངས་པ་དེ་མ་ཐག་རྐྱེན་མི་འདོད་ཀྱི་མཚུངས་ལྡན་མ་ཡིན་པ་འགའ་ཞིག་ལ་ནི་མཚུངས་པ་དེ་མ་ཐག་རྐྱེན་འདོད་དེ། སྙོམས་འཇུག་གཉིས་ཀྱང་མི་ལྡན་པའི་འདུ་བྱེད་མཚུངས་ལྡན་མ་ཡིན་པ་བེམས་པོ་ཡིན་པའི་ཕྱིར་རོ། །འདུ་ཤེས་མེད་པ་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པས་རང་གི་ངང་གིས་འཇུག་པ་ཡིན་གྱི་སེམས་ཀྱིས་མངོན་པར་འདུས་བྱས་པས་བསྐྱེད་པ་མ་ཡིན་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ལས་སྐྱེས་པར་མ་བརྗོད་དོ། །དེའི་ཕྱིར་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་འདུ་ཤེས་མེད་པ་ནི་སེམས་ཀྱིས་མངོན་པར་འདུས་མ་བྱས་པར་ལས་ཀྱི་མཐུས་སྐྱེ་བའི་ཕྱིར་བསྟན་བཅོས་ལས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་མིན་པར་མི་འབྱུང་ངོ་ཞེས་པ་དང་སློབ་དཔོན་གང་སྤེལ་གྱིས་ཀྱང་། གལ་ཏེ་འདུ་ཤེས་མེད་པ་པའང་སེམས་ཀྱི་དེ་མ་ཐག་ཅན་ཡིན་ན་ཅིའི་ཕྱིར་གསུམ་གྱིས་སྙོམས་པར་འཇུག་པ་གཉིས་ཞེས་བཤད་ཅེ་ན། བདེན་མོད་ཀྱི་དེ་ནི་རྣམ་སྨིན་ལས་སྐྱེས་པ་ཡིན་པས་རང་གི་ངང་གིས་འཇུག་པས་སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་མ་སྐྱེས་པས་མ་བརྗོད་དོ། །དེས་ན་འདི་ནི་མདོ་ཕྱི་མར་བསྡུའོ་ཞེས་བཤད་དོ། །
སེམས་དང་སེམས་བྱུང་དང་སྙོམས་པར་འཇུག་པ་དག་ལས་གཞན་ལྡན་པ་མ་ཡིན་པ་ལྷག་མ་རྣམས་དང་གཟུགས་ཅན་རྣམས་ནི་རྒྱུའི་རྐྱེན་དང་བདག་རྐྱེན་གཉིས་པོ་དག་ལས་སྐྱེ་བ་ཡིན་ནོ། མཚུངས་པ་དེ་མ་ཐག་པ་དང་དམིགས་རྐྱེན་ལས་ནི་མི་སྐྱེ་སྟེ། མཚུངས་ལྡན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་སྙོམས་འཇུག་གཉིས་ཀྱང་(མཚུངས་པ་དེ་མ་ཐག་རྐྱེན་ལས་)མི་སྐྱེ་བར་འགྱུར་རོ་ཞེ་ན། སྙོམས་འཇུག་སེམས་མེད་དུ་འདོད་པ་དག་ལ་ནི་སྐྱོན་འདི་ཡོད་པ་ཉིད་དེ། གལ་ཏེ་སེམས་ཀྱི་མཇུག་ཐོགས་སུ་བྱུང་བ་ཙམ་གྱིས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་སྐྱེ་བར་འདོད་ན་རིག་བྱེད་མ་ཡིན་པ་དག་ཀྱང་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་དག་གིས་སྙོམས་འཇུག་སེམས་དང་བཅས་པར་འདོད་པ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་སྐྱེ་བར་རུང་ངོ་། །དེ་ལྟ་ན་དམིགས་རྐྱེན་ལས་ཀྱང་སྐྱེ་བར་འགྱུར་རོ་ཞེ་ན། དགག་གཞི་ནི་དེ་ལྟར་ཡིན་མོད་ཀྱི་འདིར་ནི་བཀག་པའི་ངོ་བོ་ལ་བརྗོད་ལ། དེ་ནི་དམིགས་པ་མེད་པ་ཡིན་པའི་ཕྱིར་རོ། །
འོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ཀྱང་མ་སྐྱེས་པར་འགྱུར་རོ་ཞེ་ན། དེ་ལྟ་མོད་ཀྱི་བཀག་པ་དང་ལྡན་པ་མཚུངས་པ་དེ་མ་ཐག་པ་ལས་སྐྱེ་བའི་ཕྱིར་དེ་སྐད་བརྗོད་དོ། །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་ལྟར་ན་འབྱུང་བཞི་ལ་མི་ལྟོས་པར་སྙོམས་འཇུག་གི་སྦྱོར་སེམས་ཀྱིས་མངོན་པར་འདུས་བྱས་པ་ལས་འབྱུང་བའི་ཕྱིར་སྙོམས་འཇུག་གཉིས་མཚུངས་པ་དེ་མ་ཐག་རྐྱེན་ལས་སྐྱེ་བར་འདོད་དེ། མཚུངས་པའི་དོན་ཡང་རྐྱེན་དང་རྐྱེན་ཅན་གཉིས་སེམས་ཀྱིས་མངོན་པར་འདུས་བྱས་པར་མཚུངས་པ་ཉིད་ལ་འདོད་པའི་ཕྱིར་རོ། །བྱེ་བྲག་པ་ལ་སོགས་པ་དབང་ཕྱུག་རྟག་པ་གཅིག་པུ་ལས་འགྲོ་བ་འདི་དག་སྐྱེ་བར་འདོད་ལ་སོགས་པས་བསྡུས་པ་སྤྱོད་པ་པ་ལ་སོགས་པ་བདག་རྟག་པ་གཅིག་པུ་དང་། གྲངས་ཅན་པ་གཙོ་བོ་རྟག་པ་གཅིག་པུ་དང་། ཁ་ཅིག་གིས་རྡུལ་ཕྲན་རྟག་པ་དང་། སྐྱེས་བུ་དང་དུས་ལ་སོགས་པ་རྟག་པ་ལས་སྐྱེ་བར་འདོད་མོད་ཀྱི་འོན་ཀྱང་དེ་དག་ལས་ནི་འགྲོ་བ་འདི་དག་སྐྱེས་པ་མིན་ཏེ། དུས་རིམ་གྱིས་འབྱུང་བའི་ཕྱིར་དང་། སོགས་ཞེས་བྱ་བ་ཡུལ་རེས་འགའ་བ་དང་། རྫས་རེས་འགའ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་དབང་ཕྱུག་རྟག་པ་དེ་འགྲོ་བ་འདི་སྐྱེད་བྱེད་ཉིད་དུ་རྟག་ཏུ་གནས་ན་ནི་རྫས་ཐམས་ཅད་ཡུལ་ཐམས་ཅད་དུ་དུས་རྟག་ཏུ་འབྱུང་བར་འགྱུར་བ་འདི་ངེས་པ་ཡིན་ནོ། །སྐྱེད་བྱེད་མ་ཡིན་པ་ཉིད་དུ་རྟག་ན་ནི་འགའ་ཡང་གང་དུ་ཡང་ནམ་ཡང་མི་སྐྱེ་བར་འགྱུར་རོ། །དུས་དང་ཡུལ་དང་རྫས་རེས་འགའ་བ་ཡིན་ན་ནི་མི་རྟག་པ་དང་དུ་མ་ཡིན་ཏེ། དེ་དག་གི་མཚན་ཉིད་ནི་དེ་ལྟ་བུ་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་ཕྱུག་རྟག་པ་གཅིག་པུ་ཡིན་ཡང་དེའི་འདོད་པས་འདི་ནི་སྔོན་ལ་སྐྱེ་བར་གྱུར་ཅིག། འདི་ནི་ཕྱིས་སྐྱེ་བར་གྱུར་ཅིག།
འདི་ནི་ཡུལ་འདིར་སྐྱེའི་གཞན་དུ་མ་ཡིན་ལ། རྫས་འདི་སྐྱེའི་གཞན་ནི་མ་ཡིན་ནོ་ཞེས་འདུན་པའི་ཕྱིར་རེས་འགའ་བ་ཡིན་ནོ་ཞེ་ན། འོ་ན་ནི་འདི་དག་དབང་ཕྱུག་ལས་མ་སྐྱེས་པར་འགྱུར་ཏེ། འདོད་པ་མི་རྟག་པ་དུ་མ་ལས་སྐྱེ་བའི་ཕྱིར་དང་། དབང་ཕྱུག་རྟག་པ་གཅིག་པུ་ཡིན་པའི་ཕྱིར་རོ། །འདོད་པ་ཉིད་དབང་ཕྱུག་ཡིན་ནའང་མི་རྟག་པ་དང་དུ་མར་ཐལ་བ་འདི་སོ་ན་ཡོད་དོ། །དེ་བཞིན་དུ་སྐྱེས་བུ་དང་གཙོ་བོ་ལ་སོགས་པ་ལའང་སྦྱར་བར་བྱའོ། །
རྒྱུའི་རྐྱེན་(ནམ་གཉིས་པོ་དག་ལས་སྐྱེ་བ)བྱེ་བྲག་ཏུ་བཤད་པ་ནི་གལ་ཏེ་འབྱུང་བ་དེའི་རྒྱུ་འབྱུང་བ་ཡིན་ན་ནི་སྐལ་མཉམ་དང་ལྷན་ཅིག་འབྱུང་བ་རྣམ་པ་གཉིས་ཡིན་ཏེ་རིས་མཐུན་སྔ་མས་ཕྱི་མ་སྐྱེད་ན་སྐལ་མཉམ་དང་། (གཞན་གསུམ་དང་ཚོགས་པ་གཅིག་པའི་)དུས་མཉམ་པ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བ་ཡིན་ནོ། །འབྱུང་བ་དག་གིས་འབྱུང་བ་ལས་གྱུར་པའི་གཟུགས་(བདག་རྐྱེན་བྱས་ནས་)སྐྱེད་ན་བྱེད་རྒྱུའི་རྒྱུ་ཁོ་ན་རྣམ་པ་ལྔ་བྱེད་དོ། །རྣམ་པ་ལྔ་ནི་འགྲེལ་པ་ལས། སྐྱེད་ཕྱིར་རྟེན་ཕྱིར་གནས་ཕྱིར་དང་། རྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར་ཞེས་པ་དང་། གང་སྤེལ་གྱིས་དེའི་ཚིག་རྐང་པ་སྔ་མ་གཉིས་ཁ་བསྐངས་ཏེ། སྐྱེ་དང་རྗེས་མཐུན་རྟེན་དང་ནི། རྒྱུན་མི་ཆད་དང་འཕེལ་བ་ལས་གསུངས་ཏེ། འབྲས་བུའི་གཟུགས་སྔར་མ་གྲུབ་པ་གསར་དུ་སྐྱེད་པའི་ཕྱིར་དང་། སློབ་དཔོན་ལས་སློབ་མ་ལྟར་སྐྱེས་པའི་རྒྱུན་རྣམས་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་དང་། རི་མོའི་རྩིག་པ་བཞིན་རྒྱུན་གནས་པའི་གཞི་བྱེད་པའི་ཕྱིར་དང་། ལུས་ཀྱི་ཁ་ཟས་ལྟར་རྒྱུན་མི་ཆད་པའི་རྒྱུ་ཡིན་པའི་ཕྱིར་དང་། གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར་རིམ་པ་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ཀྱང་བསྡུ་ན་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གནས་པ་དང་། གནས་པ་འཕེལ་བར་བྱེད་པའི་རྒྱུ་གསུམ་དུ་འགྱུར་རོ། །
དེ་ལྟར་ན་རྣམ་པ་ལྔ་པོ་དེ་དག་ནི་བྱེད་རྒྱུའི་བྱེ་བྲག་ཡིན་པའི་ཕྱིར་འབྱུང་བ་རྣམས་ཀྱིས་ནི་འབྱུང་བ་ལས་གྱུར་པའི་བྱེད་པའི་རྒྱུ་བྱེད་ཀྱི་གཞན་ནི་མ་ཡིན་ཏེ། སྐལ་བ་མི་མཉམ་པ་དང་། ལྷན་ཅིག་འབྱུང་ཡང་ཕན་ཚུན་རྒྱུ་འབྲས་མ་ཡིན་པ་དང་། ཀུན་འགྲོ་མ་ཡིན་པ་དང་། མཚུངས་པར་མི་ལྡན་པ་དང་། འབྱུང་བ་དག་ནི་དགེ་མི་དགེར་འགྱུར་བ་མི་སྲིད་པའི་ཕྱིར་རོ། །འབྱུང་བ་ལས་གྱུར་པའི་གཟུགས་(ཀྱིས་འབྱུང་གྱུར་)ཕན་ཚུན་དུ་སྐྱེད་ན་ལྷན་ཅིག་འབྱུང་བ་དང་སྐལ་མཉམ་དང་རྣམ་སྨིན་གྱི་རྒྱུ་རྣམ་པ་གསུམ་བྱེད་དོ་ཞེས་སྦྱར་རོ། །
དེ་ལ་ལྷན་ཅིག་འབྱུང་བ་ནི་(འབྱུང་བཞི་ཚོགས་པ་གཅིག་ལས་སྐྱེ་བས་)བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་སྤོང་བ་བདུན་པོ་དག་ཕན་ཚུན་ཡིན་གྱི་གཞན་(ཚོགས་པ་ཐ་དད་པས་བསྐྱེད་ནས་མིག་སོགས་དང་དེའི་ཡུལ་ལྔ་དང་སོ་ཐར་སོགས།) ནི་མ་ཡིན་ནོ། །སྐལ་མཉམ་ནི་དགེ་བའམ་ཉོན་མོངས་ཅན་ལ་སོགས་པ་རིས་མཐུན་སྔ་མས་ཕྱི་མ་སྐྱེད་པའི་ཚེའོ། །རྣམ་སྨིན་གྱི་རྒྱུ་ནི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དགེ་བ་ཟག་བཅས་དང་མི་དགེ་བ(འི་ལུས་ངག་གིས་ལས།) དག་གིས་མཐོ་རིས་དང་ངན་སོང་གི་དབང་པོ་དང་བཅས་པའི་(མིག་སོགས་དང་།) ལུས་སྐྱེད་པ་ལྟ་བུའོ། །འབྱུང་བ་རྣམས་ཀྱི་རྒྱུ(འི་རྐྱེན།) འབྱུང་བ་ལས་གྱུར་པ་དེ་ཡིན་ན་རྣམ་སྨིན་གྱི་རྒྱུ་རྣམ་པ་གཅིག་པུ་ཉིད་བྱེད་དོ། །དེ་ཡང་(ལུས་ངག་གི་ལས།) རིག་བྱེད་དང་རིག་བྱེད་མ་ཡིན་པ་དགེ་བ་ཟག་བཅས་དང་མི་དགེ་བ་དག་གིས་སྐྱེ་བ་ཕྱི་མའི་རྣམ་སྨིན་སྐྱེས་ཀྱི་དབང་པོའི་ཚོགས་པ་ན་ཡོད་པའི་འབྱུང་བ་སྐྱེས་པ་ཡིན་ནོ། །བྱེད་རྒྱུའང་ཡོད་མོད་ཀྱི་དེ་ནི་བྱེ་བྲག་མེད་པར་འཇུག་པའི་ཕྱིར་རྟག་ཏུ་མི་བགྲང་ངོ་ཞེས་འགྲེལ་པ་ལས་འབྱུང་ངོ་། །(བདག་རྐྱེན་ནི་རྟོགས་སླ་བས་མ་བཤད་དོ། །)དེ་མ་ཐག་རྐྱེན་རྒྱས་པར་སྟོན་པ་ནི་འདོད་པའི་ཁམས་ཀྱི་ཡིད་དེ་སེམས་སེམས་བྱུང་དང་བཅས་པ་ནི་དགེ་བ་དང་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ་བཞི་ཡིན་ནོ། །གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དག་ན་ནི་མི་དགེ་བའི་སེམས་ལས་གཞན་གསུམ་གསུམ་ཡོད་དོ། །ཟག་མེད་ལ་ནི་སློབ་པ་དང་མི་སློབ་པ་གཉིས་ཡོད་དོ། །དེ་ལྟར་ན་འཁོར་འདས་ཀྱི་སེམས་ཐམས་ཅད་རྣམ་པ་བཅུ་གཉིས་སུ་འདུས་སོ། །
དེ་དག་གང་གི་དེ་མ་ཐག་ཏུ་གང་འབྱུང་ཞེ་ན། འདི་ལ་ནི་ཚེ་དྲུག་གམ་བརྒྱད་ཀྱི་རྣམ་པར་དབྱེ་བ་ཤེས་པར་བྱ་སྟེ། རྒྱུན་གྱི་ཚེ་དང་། ས་མཚུངས་པ་དང་། སྙོམས་པར་འཇུག་པ་དང་། (སྙོམས་འཇུག་)ལས་ལྡང་བ་དང་། ཉིང་མཚམས་སྦྱོར་བ་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ(དྲུག་ལས་དང་པོ)འོ། །དེ་ལ་རྒྱུན་གྱི་ཚེ་ཞེས་བྱ་བ་ནི་རིས་འདྲ་བ་རྒྱུན་ཆགས་སུ་འབྱུང་བའི་དུས་ཏེ། དེ་ནི་དགེ་བ་ལས་དགེ་བ་དང་མི་དགེ་བ་ལས་མི་དགེ་བ་ལ་སོགས་པ་རིས་འདྲ་བ་འབྱུང་བ་ཡིན་ནོ། །ས་མཚུངས་པ་ཞེས་བྱ་བ་(གཉིས་པ་)ནི་(རིས་མི་མཐུན་ཀྱང་)འདོད་པ་ལ་སོགས་པའི་ས་འདྲ་བ་སྟེ། དེར་ནི་རང་གི་ས་པའི་དེ་མ་ཐག་པར་རང་གི་ས་པའི་འདོད་པའི་སྤྲུལ་སེམས་མ་གཏོགས་པ་དགེ་བ་ལ་སོགས་པ་ཐམས་ཅད་འབྱུང་ངོ་། །སྙོམས་པར་འཇུག་པའི་ཚེ་(གསུམ་པ།) ནི་འོག་མའི་དགེ་བ་སྦྱོར་བྱུང་ལས་གོང་མའི་དགེ་བ་སྦྱོར་བྱུང་དང་། ཟག་མེད་གཉིས་འབྱུང་བ་ཡིན་ནོ། །སྙོམས་འཇུག་ལས་ལྡང་བའི་ཚེ་(བཞི་པ།) ནི་གོང་མའི་དགེ་བ་སྦྱོར་བྱུང་དང་ཟག་མེད་གཉིས་ཀྱི་མཇུག་ཐོགས་སུ་འོག་མའི་དགེ་བ་འབྱུང་བ་ནི་འདོད་པའི་དགེ་བ་གཉིས་ཀ་དང་། ཁམས་གོང་མ་གཉིས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བ་ཉིད་དུ་ངེས་སོ། །སྤྲུལ་པ་ལ་འཇུག་པའི་ཚེ་ནི་དག་དང་རང་ལས་དེ་ལས་གཉིས་ཞེས་འབྱུང་བས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་གི་རྗེས་སུ་འདོད་པའི་སྤྲུལ་སེམས་དང་གཟུགས་ཀྱི་སྤྲུལ་སེམས་ལུང་མ་བསྟན་གཉིས་ཁོ་ན་འབྱུང་ངོ་། །སྤྲུལ་པ་ལས་ལྡང་བའི་ཚེ་ནི་སེམས་གཉིས་པོ་དེའི་མཇུག་ཐོགས་སུ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་འགྱུར་ཏེ། སྤྲུལ་བ་ལས་ལངས་ནས་བསམ་གཏན་གྱི་སེམས་མངོན་དུ་བྱེད་པའི་ཕྱིར་རོ། །སྤྲུལ་པ་ལས་འཇུག་པ་ནི་སྙོམས་འཇུག་ལས་ལྡང་བ་དང་། སྤྲུལ་བ་ལས་ལྡང་བ་ནི་སྙོམས་པར་འཇུག་པ་ཡིན་པའི་ཕྱིར་ཚེ་ལོགས་སུ་མ་བཤད་དོ་ཞེས་འདོད་མོད་ཀྱི་ལོགས་སུ་བྱས་ཏེ་ཚེ་བརྒྱད་དུ་བྱས་ན་འཇུག་པ་བདེ་བར་སྣང་ངོ་། །(དེ་ཡང་དགེ་བ་ལས་གོང་འོག་གི་ཉོན་མོངས་འབྱུང་བ་ནི་དགེ་བ་སྐྱེས་ཐོབ་ཀྱི་རྗེས་སུ་ཡིན་ལ། འདོད་པའི་ལུང་མ་བསྟན་ལས་གཟུགས་ཀྱི་དགེ་བ་འབྱུང་བ་ནི་འདོད་པའི་སྤྲུལ་སེམས་ཁོ་ནའི་རྗེས་སུ་ཡིན་ལ། ཟག་མེད་ལ་འཇུག་པ་ནི་ཡིད་བྱེད་གསུམ་གྱི་ཏེ། ཆོས་རང་སྤྱིའི་མཚན་ཉིད་ཡིད་བྱེད་དང་། མི་རྟག་ལ་སོགས་བཅུ་དྲུག་གི་སྤྱི་ཡིད་བྱེད་དང་། རྣམ་ཐར་ཟད་པར་ཟིལ་གནོན་མི་སྡུག་པ་ཚད་མེད་སོགས་ནི་ཡང་དག་དོན་གྱི་ཡུལ་ཅན་མིན་པས་དེ་དག་ཡིད་བྱེད་ནི་མོས་པ་ཡིད་བྱེད་དེ། དེ་གསུམ་གང་རུང་གིས་ཟག་མེད་ལ་འཇུག་ལྡང་བྱེད་དོ། །མི་ལྕོགས་མེད་ལ་བརྟེན་ནས་དགྲ་བཅོམ་ཐོབ་པའི་ལྡང་སེམས་ནི་གོམས་པས་དེ་ཉིད་ཀྱི་ས་པའམ། འདོད་པའི་ས་པ་ཡིན་ལ། ཅི་ཡང་མེད་པ་ལ་བརྟེན་ནས་ཐོབ་པ་ནི་དེ་ཉིད་ཀྱི་ས་པའམ། སྲིད་རྩེར་སྐྱེས་པ་ཡིན་ན། སྲིད་རྩེའི་ས་པས་ལྡང་ངོ་། །ས་ལྷག་མ་རྣམས་སུ་ནི་ལྡང་སེམས་རང་གི་ས་པ་ཁོ་ན་སྟེ། གཞན་གྱི་ས་པ་ནི་སྦྱོར་བ་ཁོ་ནས་བསྒྲུབ་དགོས་ལ། རང་གི་ས་པ་ནི་རང་གིས་འབྱུང་བས་སོ། །ཡིད་ལ་བྱེད་པ་ལའང་འདོད་པ་ན་ཐོས་བསམ་དང་སྐྱེས་ཐོབ་སྟེ་གསུམ་ཡོད་ལ། གཟུགས་ན་ཐོས་སྒོམ་དང་སྐྱེས་ཐོབ་གསུམ་མོ། །གཟུགས་མེད་ན་སྒོམ་སྐྱེས་གཉིས་སོ། །དེ་དག་ལས་སྐྱེས་ཐོབ་གསུམ་མ་གཏོགས་པ་ལྔའི་རྗེས་སུ་འཕགས་ལམ་མངོན་དུ་འགྱུར་ཏེ་སྦྱོར་བ་རག་ལས་པས་སོ། །ལམ་གྱི་མཇུག་ཐོགས་སུ་ནི་གསལ་བས་འདོད་སེམས་དགེ་བ་སྐྱེས་ཐོབ་ཀྱང་མངོན་དུ་བྱེད་དོ། །དེས་ན་དེས་བསམ་གཏན་དང་པོ་དང་གཉིས་པའི་ལྡང་སེམས་ཀྱང་བྱེད་ལ། ཉོན་མོངས་ཅན་གྱིས་གཟིར་བའང་དེ་ལ་བརྟེན་པ་ཡོད་དོ། །གོང་མ་གཉིས་ཀྱི་སྐྱེས་ཐོབ་ནི་མི་གསལ་བས་དེ་དང་མི་མཚུངས་སོ། །)ཉིང་མཚམས་སྦྱོར་བའི་ཚེ་(ལྔ་པ་)ནི་འཆི་སྲིད་ནས་བར་སྲིད་དང་(ནས།) སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་སྟེ། དེ་ཡང་འཆི་སེམས་ནི་ཟག་མེད་གཉིས་དང་དགེ་བ་སྦྱོར་བྱུང་དང་བཟོའི་གནས་པ་དང་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པའི་དགེ་བ་སྐྱེས་ཐོབ་དང་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་དང་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་རྣམས་ཅི་རིགས་པ་ཡིན་ལ། སྐྱེས་སེམས་ནི་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་པ་དང་། འཆི་འཕོ་དག་ལས་ཉོན་མོངས་ཀུན་ཞེས་འབྱུང་བས་གང་དུ་སྐྱེས་པའི་ས་པ་དེའི་ཉོན་མོངས་ཅན་གྱི་སེམས་ཡིན་པའི་ཕྱིར་བསྒྲིབས་ལ་ལུང་མ་བསྟན་དང་མི་དགེ་བ་གཉིས་ཡིན་ནོ། །
དེ་ཡང་ས་འོག་མ་ནས་གོང་མར་སྐྱེ་བའི་འཆི་སེམས་ནི་དགེ་བ་སྐྱེས་ཐོབ་དང་མ་བསྒྲིབས་ལ་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་ཡིན་ལ། སྐྱེས་སེམས་ནི་བསྒྲིབས་ལ་ལུང་མ་བསྟན་ཁོ་ན་ཡིན་ཏེ། ཉོན་མོངས་ཅན་ལས་གོང་མ་མིན་ཞེས་འབྱུང་བས་འོག་མའི་ཉོན་མོངས་ཅན་ལས་གོང་མར་སྐྱེ་བ་མི་སྲིིད་པའི་ཕྱིར་དང་། གོང་ན་མི་དགེ་བ་མེད་པའི་ཕྱིར་རོ། །གོང་མ་ནས་འོག་མར་སྐྱེ་བའི་འཆི་སེམས་ནི་དགེ་བ་སྐྱེས་ཐོབ་དང་བསྒྲིབས་པ་དང་མ་བསྒྲིབས་པ་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་ཅི་རིགས་ཡིན་ཞིང་། སྐྱེ་སེམས་ནི་འདོད་པར་སྐྱེ་ན་མི་དགེ་བ་དང་བསྒྲིབས་པ་ཅི་རིགས་པར་འགྱུར་ལ། ཁམས་གོང་མ་དག་ཏུ་སྐྱེ་ན་བསྒྲིབས་པ་ཁོ་ན་ཡིན་ནོ། །རང་གི་ས་ནས་རང་གི་ས་རུ་སྐྱེ་ན་འཆི་སེམས་ནི་དགེ་བ་སྦྱོར་བྱུང་དང་སྤྲུལ་སེམས་དང་བཟོའི་གནས་པ་མ་གཏོགས་པ་རང་ས་ན་གང་ཡོད་པའི་སེམས་ཡིན་ལ། སྐྱེ་སེམས་ནི་འདོད་པ་ན་ཉོན་མོངས་ཅན་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་དང་། གོང་མ་ན་བསྒྲིབས་པ་ཁོ་ན་ཡིན་མོད་ཀྱི་འདི་ལ་ནི་སྐབས་སུ་ཉེ་བར་མཁོ་བ་མེད་དོ། །ཟག་མེད་གཉིས་ནི་འཆི་བ་དང་སྐྱེ་བའི་སེམས་གཉིས་ཀར་མི་འགྱུར་ཏེ། དེ་ནི་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་(དྲུག་པ་)ནི་ཉོན་མོངས་འོག་མའི་དག་གཅིག་ཀྱང་ཞེས་འབྱུང་བས་གོང་མའི་བསྒྲིབས་ལ་ལུང་མ་བསྟན་ལས་འོག་མའི་དགེ་བ་འབྱུང་སྟེ། དེ་ཡང་གཟུགས་ཀྱི་ཉོན་མོངས་ཅན་གྱི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་འདོད་པའི་དགེ་བ་གཉིས་ཀ་དང་། གཟུགས་མེད་ཀྱི་ཉོན་མོངས་ཅན་གྱི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བའོ། །(དག་དང་རང་ལས་དེ་ལས་གཉིས་ཞེས་འབྱུང་བས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་སྤྲུལ་སེམས་རང་ཉིད་ལས་འདོད་གཟུགས་ཀྱི་སྤྲུལ་སེམས་འབྱུང་བ་སྤྲུལ་པ་ལ་འཇུག་པའི་ཚེ་དང་། འདོད་གཟུགས་ཀྱི་སྤྲུལ་སེམས་ལས་ཀྱང་སྤྲུལ་སེམས་རང་ཉིད་དང་། གཟུགས་ཀྱི་དགེ་བ་སྦྱོར་བྱུང་འབྱུང་བ་སྤྲུལ་པ་ལས་ལྡང་བའི་ཚེ་གཉིས་སྙོམས་པར་འཇུག་ལྡང་གི་ཚེར་བསྡུས་ནས་ཚེ་དྲུག་ཏུ་ཁ་ཅིག་འཆད་མོད་ཀྱི་དེ་གཉིས་ཐ་དད་དུ་བྱས་ཏེ་ཚེ་བརྒྱད་དུ་བྱས་ན་འཇུག་པ་བདེ་བར་སྣང་ངོ་། །)
དོན་དེ་དག་བློ་ལ་བཞག་ནས་སེམས་གང་གི་རྗེས་ཐོགས་སུ་སེམས་གང་འབྱུང་བ་སྟོན་པ་ནི་འདོད་པའི་སེམས་དགེ་བ་ལས་ནི་རྗེས་ཐོགས་སུ་སེམས་དགུ་འབྱུང་སྟེ། རྒྱུན་གྱི་ཚེ་(འདོད་པའི་དགེ་བ་)དང་ས་མཚུངས་པའི་ཚེ་ནི། (ཟླ་བོ་གཞན་གསུམ་སྟེ།) རང་གི་ས་པ་བཞི་འབྱུང་ལ། སྙོམས་པར་འཇུག་པའི་ཚེ་འདོད་པའི་དགེ་བ་སྦྱོར་བྱུང་ལས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། ཟག་མེད་གཉིས་དང་། (གཟུགས་དགེ་སྦྱོར་བྱུང་ནི་དང་པོའི་ཉེར་བསྡོགས་དང་དངོས་གཞིའོ་ཞེས་རྒྱལ་སྲས་ཟེར། ཁ་ཅིག་ཐོད་རྒལ་ཚེ་གཉིས་པ་ལ་སོགས་ཀྱང་འབྱུང་ཞེས་སོ། །ཟག་མེད་གཉིས་ནི་སྔར་ཐོབ་ཟིན་འབྱུང་གི་གསར་པ་མ་འབྱུང་ངོ་། །)ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་དགེ་བ་སྐྱེས་ཐོབ་ལས་ཁམས་གོང་མ་གཉིས་ཀྱི་བསྒྲིབས་པ་གཉིས་སོ། །
གལ་ཏེ་སྙོམས་པར་འཇུག་པའི་ཚེ་འདོད་པའི་དགེ་བའི་རྗེས་སུ་གཟུགས་མེད་ཀྱི་དགེ་བའང་འབྱུང་བ་མ་ཡིན་ནམ་དེ་ལྟ་ན་བཅུ་འབྱུང་བར་འགྱུར་རོ་ཞེ་ན། འདོད་པའི་དགེ་བ་ལས་ནི་གཟུགས་མེད་ལ་སྙོམས་པར་མི་འཇུག་སྟེ། རིང་(རྟེན་ལ་སོགས་པ།) བ་ཉིད་བཞིས་རིང་བའི་ཕྱིར་རོ། །དེ་ལ་རྟེན་རིང་བ་ནི་གཟུགས་མེད་པའི་རྟེན་གྱིས་འདོད་པའི་སྤྲུལ་སེམས་ལ་སོགས་པ་གང་ཡང་མངོན་དུ་མི་བྱེད་པས་སྙོམས་འཇུག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྟེན་དུ་མི་སྲིད་པའི་ཕྱིར་རོ། །(ཡང་ན་འདོད་པའི་སེམས་ནི་གཟུགས་མེད་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་སྲིད་པས་རྟེན་རིང་བའོ། །)རྣམ་པ་རིང་བ་ནི་འདོད་པ་ལ་རགས་པ་དང་དེ་ལ་ཞི་བའི་རྣམ་པར་མི་ལྟ་བའི་ཕྱིར་རོ། །དམིགས་པ་རིང་བ་ནི་(དེས་འོག་ས་ལ་དམིགས་མི་ནུས་པས།) དེས་འདོད་པ་ལ་མི་དམིགས་པའི་ཕྱིར་རོ། །གཉེན་པོས་རིང་བ་ཉིད་ནི་འདོད་པའི་གཉེན་པོ་དེས་མི་བྱེད་པའི་ཕྱིར་(ཏེ་དེའི་འདོད་པ་ཡུལ་མིན་པས་སུན་དབྱུང་མི་ནུས་པའི་ཕྱིར་)རོ། །དེའི་ཕྱིར་གཟུགས་ཀྱི་སེམས་ཀྱིས་འདོད་པའི་སྤྲུལ་སེམས་མངོན་དུ་བྱེད་པས་གཟུགས་ཀྱི་སེམས་ལ་བརྟེན་པ་དང་། དེ་ལ་རགས་པ་དང་གཟུགས་མེད་ལ་ཞི་བའི་རྣམ་པར་ལྟ་བ་དང་། གཟུགས་ལ་དམིགས་པ་དང་། དེས་གཟུགས་ཀྱི་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཕྱིར་འདོད་པའི་དགེ་བས་ཀུན་ནས་བསླང་ནས་གཟུགས་མེད་ལ་སྙོམས་པར་འཇུག་ནའང་བར་དུ་བསམ་གཏན་གྱི་སེམས་མངོན་དུ་བྱེད་པ་ལ་ལྟོས་པའི་ཕྱིར་རོ། །དེས་ན་གཟུགས་མེད་ཀྱི་དགེ་བ་དང་། མ་བསྒྲིབས་ལུང་མ་བསྟན་དང་། གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་གསུམ་དང་འདོད་པའི་དགེ་བ་ལ་ནི་རྒྱུ་འབྲས་སུ་གྱུར་པའི་ཚེ་དྲུག་པོ་དེ་དག་མི་སྲིད་པའི་ཕྱིར་རོ། །འདོད་པའི་དགེ་བའི་སེམས་དེ་ནི་སེམས་བརྒྱད་པོ་ཁོ་ན་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་གི་ས་པ་བཞི་དང་། སྙོམས་འཇུག་ལས་ལྡང་བ་ན་དགེ་བ་སྐྱེས་ཐོབ་ལ་སྙོམས་པར་འཇུག་པ་མི་སྲིད་པས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། ཟག་མེད་གཉིས་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱིས་བསྒྲིབས་པའི་སེམས་ལས་སོ། །(དེ་ཡང་གོང་མའི་ཉོན་མོངས་ཅན་ལས་འོག་མའི་དགེ་བ་བཟང་བས་སོ། །)དེ་ཡང་འདོད་པའི་དགེ་བ་སྐྱེས་ཐོབ་ཀྱང་གསལ་བའི་ཕྱིར་གཟུགས་ཀྱི་སྦྱོར་བྱུང་དང་ཟག་མེད་གཉིས་དང་སྙོམས་འཇུག་ཉོན་མོངས་ཅན་གྱི་ལྡང་སེམས་སུ་འགྱུར་བ་སྲིད་པས་བཞི་པོ་དེ་དག་ལས་འདོད་པའི་དགེ་བ་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་ཀ་འབྱུང་ངོ་། །
འདིར་ས་མཚུངས་པའི་ཚེ་འདོད་པའི་དགེ་བ་ལས་མ་བསྒྲིབས་པ་འབྱུང་བར་བཤད་པ་ནི་སྤྲུལ་སེམས་ལས་གཞན་རྣམས་འབྱུང་བ་ཡིན་གྱི་སྤྲུལ་སེམས་ནི་དག་དང་རང་ལས་དེ་ལས་གཉིས་ཞེས་འབྱུང་བས་རང་ཉིད་དང་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་ལས་འབྱུང་གི་འདོད་པའི་དགེ་བ་ལ་སོགས་པའི་སེམས་རྣམས་ལས་ནི་མི་འབྱུང་ངོ་། །དེ་བཞིན་དུ་འོག་མ་རྣམས་སུ་རྒྱུན་དང་ས་མཚུངས་པའི་ཚེའི་སྐབས་སུའང་ཤེས་པར་བྱའོ། །
གཞན་དག་མི་འབྱུང་བ་ནི་ཚེ་དྲུག་གི་རྣམ་པར་བཞག་པ་མི་འཐད་པའི་ཕྱིར་རོ། །འདོད་པའི་མི་དགེ་བའི་སེམས་ནི་ཟག་མེད་གཉིས་མ་གཏོགས་པ་བཅུ་པོ་དག་ལས་འབྱུང་སྟེ་(གོང་མ་གཉིས་ཀྱི་སེམས་དྲུག་པོ་གང་ལས་ཤི་ཡང་འདོད་པར་མཚམས་སྦྱོར་བ་མི་འགལ་བས་སོ་དེ་ཡང་།) རྒྱུན་དང་ས་མཚུངས་པའི་ཚེ་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་བཞི་དང་། ཉིང་མཚམས་སྦྱོར་བའི་ཚེ་ཁམས་གོང་མ་གཉིས་ནས་ཤི་འཕོས་ནས་འདིར་སྐྱེ་བ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་སྤྲུལ་སེམས་དང་གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་མ་གཏོགས་པ་ལ་འཆི་སེམས་སྲིད་པས་དེ་དག་གི་སེམས་གསུམ་གསུམ་གྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཟག་མེད་གཉིས་དང་ནི་ཚེ་དྲུག་མི་སྲིད་པའི་ཕྱིར་རོ། །འདོད་པའི་མི་དགེ་བའི་སེམས་དེ་ལས་ནི་(རང་གི་ས་པ་)བཞི་(ཁོ་ན།) འབྱུང་སྟེ་རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་དག་གོ། (མི་དགེ་བ་ནི་ས་གོང་མའི་དགེ་བའི་སྦྱོར་བར་མི་སྲིད་ལ། དེ་མ་སྤངས་པར་ས་གོང་མའི་སྐྱེ་བའི་སེམས་ཀྱང་མི་འབྱུང་བའི་ཕྱིར་རོ། །གཞན་ཡང་།) གོང་མའི་སེམས་དྲུག་དང་ཟག་མེད་གཉིས་ནི་མི་འབྱུང་སྟེ། མི་དགེ་བ་སྙོམས་པར་འཇུག་སེམས་མ་ཡིན་པ་དང་། མི་དགེ་བ་ལས་གོང་མར་ཉིང་མཚམས་སྦྱོར་བ་མི་སྲིད་པ་དང་། རྒྱུན་མི་གཅིག་པ་དང་། ས་མི་མཚུངས་པའི་ཕྱིར་རོ། །འདོད་པའི་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་ཀྱང་ཇི་ལྟར་འདོད་པའི་མི་དགེ་བའི་སེམས་སེམས་བཅུའི་རྗེས་སུ་འབྱུང་ཞིང་། དེ་ལས་བཞི་འབྱུང་བར་བཤད་པ་དེ་བཞིན་དུ་སེམས་བཅུའི་རྗེས་སུ་འབྱུང་ཞིང་། དེ་ལས་བཞི་འབྱུང་བར་ཤེས་པར་བྱའོ། །
འདོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་སེམས་ལྔ་དག་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་རང་གི་ས་པ་བཞི་དང་། སྤྲུལ་པ་ལ་འཇུག་པའི་ཚེ་འདོད་པའི་སྤྲུལ་སེམས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ལས་འབྱུང་བའི་ཕྱིར་རོ། །འདོད་པའི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་དེ་ལས་ནི་མཇུག་ཐོགས་སུ་སེམས་(ལྔ་པོ་དེ་ཉིད་དང་གོང་མ་གཉིས་ཀྱི་བསྒྲིབས་པ་གཉིས་ཏེ་)བདུན་འབྱུང་བ་ཡིན་ནོ། །འདི་ལྟར་རྒྱུན་དང་ས་མཚུངས་པ་ན་རང་གི་ས་པ་བཞི་དང་སྤྲུལ་པ་ལས་ལྡང་བ་ན་བསམ་གཏན་ལ་མ་ཞུགས་པར་སྤྲུལ་སེམས་ལས་ལྡང་བ་མེད་པས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། འདོད་པ་ནས་ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་བ་ན་འདི་དག་ལ་གནས་པ་ལ་འཆི་བ་དང་ཤི་ནས་གོང་དུ་སྐྱེ་བ་སྲིད་པས་འདོད་པའི་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་གཉིས་ལས་ཁམས་གོང་མ་དེ་དག་གི་བསྒྲིབས་པ་གཉིས་འབྱུང་བའི་ཕྱིར་རོ། །
གཟུགས་ན་སྤྱོད་པའི་སེམས་དགེ་བ་ལས་ནི་(གཟུགས་མེད་ཀྱི་མ་བསྒྲིབས་ལུང་མ་བསྟན་མ་གཏོགས་པ་)སེམས་བཅུ་གཅིག་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་དགེ་བ་སྦྱོར་བྱུང་ལས་མ་བསྒྲིབས་པ་གསུམ་ག་དང་། སྐྱེས་ཐོབ་ལས་སྤྲུལ་སེམས་ལས་གཞན་གཉིས་དང་། བསྒྲིབས་པ་ནི་དགེ་བ་གཉིས་ཀ་ལས་འབྱུང་བས་རང་གི་ས་པ་གསུམ་དང་། སྙོམས་འཇུག་ལས་ལྡང་བ་ན་གཟུགས་ཀྱི་སྦྱོར་བྱུང་ལས་འདོད་པའི་དགེ་བ་གཉིས་ཀ་དང་། སྤྲུལ་པ་ལ་འཇུག་པ་ན་གཟུགས་ཀྱི་སྦྱོར་བྱུང་ལས་འདོད་པའི་མ་བསྒྲིབས་ལུང་མ་བསྟན་སྤྲུལ་སེམས་ཁོ་ན་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་ཀྱི་སྐྱེས་ཐོབ་ལས་འདོད་པའི་མི་དགེ་བ་དང་བསྒྲིབས་པ་གཉིས་དང་། གཟུགས་ཀྱི་སྐྱེས་ཐོབ་ལས་གཟུགས་མེད་ཀྱི་བསྒྲིབས་པ་དང་། སྙོམས་པར་འཇུག་པ་ན་གཟུགས་ཀྱི་སྦྱོར་བྱུང་ཁོ་ན་ལས་གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་ཟག་མེད་དག་འབྱུང་བའི་ཕྱིར་རོ། །གཟུགས་མེད་ཀྱི་མ་བསྒྲིབས་ལུང་མ་བསྟན་གཅིག་པུ་ནི་འབྱུང་བ་མེད་དེ། དེ་དག་ཚེ་དྲུག་གི་རྣམ་པར་བཞག་པ་མེད་པའི་ཕྱིར་རོ། །གཟུགས་ཀྱི་སེམས་དགེ་བ་དེ་ནི་(གཟུགས་མེད་ཀྱི་མ་བསྒྲིབས་པ་དེ་དང་འདོད་པའི་ཉོན་མོངས་ཅན་གཉིས་མ་གཏོགས་པ་)སེམས་དགུའི་མཇུག་ཐོགས་སུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་(དགེ་བ་)སྦྱོར་བྱུང་ནི་སྤྲུལ་སེམས་ཁོ་ན་ལས་འབྱུང་ལ། སྐྱེས་ཐོབ་ནི་གཞན་(རྣམ་སྨིན་དང་སྤྱོད་ལམ་པ་)གཉིས་ལས་འབྱུང་བས་རང་གི་གསུམ་དང་། སྙོམས་པར་འཇུག་པ་ན་འདོད་པའི་དགེ་བ་སྦྱོར་བྱུང་ལས་གཟུགས་ཀྱིའང་སྦྱོར་བྱུང་ཁོ་ན་དང་། སྤྲུལ་པ་ལས་ལྡང་བ་ན་འདོད་པའི་མ་བསྒྲིབས་ལུང་མ་བསྟན་སྤྲུལ་སེམས་ལས་གཟུགས་ཀྱི་སྦྱོར་བྱུང་དང་སྙོམས་འཇུག་ལས་ལྡང་བ་ན་གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་(ལས་)དང་། ཟག་མེད་གཉིས་ལས་(གཟུགས་དགེ་)སྦྱོར་བྱུང་ཁོ་ན་དང་། (གཟུགས་མེད་ཀྱི་)སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་ན་གཟུགས་མེད་ཀྱིས་བསྒྲིབས་པའི་རྗེས་སུ་གཟུགས་ཀྱི་སྦྱོར་བྱུང་ཁོ་ན་འབྱུང་བའི་ཕྱིར་རོ། །འདོད་པའི་མི་དགེ་བ་དང་། བསྒྲིབས་པ་དང་། གཟུགས་མེད་ཀྱི་མ་བསྒྲིབས་ལུང་མ་བསྟན་གསུམ་ལས་ནི་མི་འབྱུང་སྟེ། དེ་དག་དང་ཚེ་དྲུག་ཏུ་རྣམ་པར་བཞག་པ་མི་འཐད་པའི་ཕྱིར་རོ། །
གཟུགས་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་སེམས་(འདོད་པའི་ཉོན་མོངས་ཅན་གཉིས་ཟག་མེད་གཉིས་མ་གཏོགས་པ།) བརྒྱད་ལས་འབྱུང་སྟེ། རྒྱུན་(དེ་ཡང་འདོད་པའི་ཉོན་མོངས་ཅན་ཤི་བ་གོང་དུ་མི་སྐྱེ་ལ། ཉོན་མོངས་ཅན་གྱི་ཟག་མེད་ལས་ལྡང་བ་མི་སྲིད་པས་སོ་དེ་ལ།) དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་འདོད་པའི་དགེ་བ་སྐྱེས་ཐོབ་དང་། མ་བསྒྲིབས་ལུང་མ་བསྟན་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་གཉིས་དང་། གཟུགས་མེད་ཀྱི་ས་པ་དགེ་བ་སྦྱོར་བྱུང་མ་གཏོགས་པ(འི་འཆི་སེམས་)གསུམ་གྱི་རྗེས་སུ་འབྱུང་བའི་ཕྱིར་རོ། །གཞན་འདོད་པའི་ཉོན་མོངས་ཅན་གཉིས་དང་ཟག་མེད་གཉིས་ལས་མི་འབྱུང་བ་ནི་སྔ་མ་བཞིན་ནོ། །གཟུགས་ཀྱི་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་དེ་ལས་ནི་སེམས་(རང་གི་གསུམ་འདོད་པའི་དང་པོ་གསུམ་དང་།) དྲུག་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རྣམས་འབྱུང་བས་རང་གི་ས་པ་གསུམ་དང་ཉིང་མཚམས་སྦྱོར་བ་ན་འདོད་པའི་མི་དགེ་བ་དང་བསྒྲིབས་པ་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་ན་འདོད་པའི་དགེ་བ་གཉིས་ཀ་འབྱུང་བའི་ཕྱིར་རོ། །གཞན་དག་མི་འབྱུང་བ་ནི་སྔ་མ་བཞིན་ནོ། །
གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་རྒྱུན་གྱི་ཚེ་སྤྲུལ་སེམས་ནི་རང་ཉིད་ལས་འབྱུང་ལ། སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་ནི་སྤྲུལ་སེམས་མ་གཏོགས་པ་ཕན་ཚུན་དང་། ས་མཚུངས་པ་ན་དགེ་བ་སྦྱོར་བྱུང་ལ་མ་བསྒྲིབས་པ་གསུམ་ག་དང་། སྐྱེས་ཐོབ་དང་བསྒྲིབས་པ་ལས་ནི་སྤྲུལ་སེམས་ལས་གཞན་གཉིས་པོ་འབྱུང་བས་ན་རང་གི་ས་པ་གསུམ་ལས་འབྱུང་གི་གཞན་དག་ལས་ནི་མི་འབྱུང་སྟེ། ཚེ་དྲུག་གམ་བརྒྱད་དུ་རྣམ་པར་བཞག་པ་མི་འཐད་པའི་ཕྱིར་རོ། །གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་དེ་ལས་ནི་(རང་གི་ས་པ་གསུམ་འདོད་པ་དང་གཟུགས་མེད་ཀྱི་ཉོན་མོངས་ཅན་གསུམ་དང་)སེམས་རྣམ་པ་དྲུག་འབྱུང་སྟེ། རྒྱུན་གྱི་ཚེ་སྤྲུལ་སེམས་རང་ཉིད་ལས་དང་། སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་ཕན་ཚུན་དུ་འབྱུང་བ་དང་། ས་མཚུངས་པ་ན་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་ཀྱི་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་གཉིས་ལས་འདོད་པའི་མི་དགེ་བ་དང་བསྒྲིབས་པ་དང་། གཟུགས་མེད་པའི་བསྒྲིབས་པའོ། །གཞན་དག་མི་འབྱུང་བ་ནི་སྔ་མ་བཞིན་ནོ། །ཇི་ལྟར་གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་གསུམ་ལས་འབྱུང་ཞིང་། དེ་ལས་དྲུག་འབྱུང་བར་བཤད་པ་ལྟར་གཟུགས་མེད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའང་དེའི་ཚུལ་དུ་ཤེས་པར་བྱ་སྟེ། རང་ཉིད་ནི་རྒྱུན་དང་ས་མཚུངས་པའི་ཚེ་རང་གི་ས་པ་གསུམ་ཁོ་ན་ལས་འབྱུང་ལ། དེ་ལས་ནི་ཉིང་མཚམས་སྦྱོར་བ་ན་རྣམ་སྨིན་སྐྱེས་ལས་འདོད་པའི་ཉོན་མོངས་ཅན་གཉིས་དང་། གཟུགས་ཀྱི་བསྒྲིབས་པ་དང་། རྒྱུན་གྱི་ཚེ་རྣམ་སྨིན་སྐྱེས་རང་ཉིད་དང་། ས་མཚུངས་པ་ན་དགེ་བ་སྐྱེས་ཐོབ་ཁོ་ན་དང་བསྒྲིབས་པ་འབྱུང་བས་རང་གི་ས་པ་གསུམ་སྟེ་དྲུག་ཁོ་ན་འབྱུང་བའི་ཕྱིར་རོ། །
གཟུགས་མེད་པའི་དགེ་བའི་སེམས་ལས་ནི་(འདོད་པའི་དགེ་བ་དང་འདོད་གཟུགས་ཀྱི་མ་བསྒྲིབས་པ་གཉིས་བོར་བས་)སེམས་དགུ་དག་འབྱུང་སྟེ། རྒྱུན་གྱི་ཚེ་དགེ་བ་གཉིས་ཀ་ཕན་ཚུན་དང་། ས་མཚུངས་པ་ན་དགེ་བ་གཉིས་ཀ་ལས་བསྒྲིབས་མ་བསྒྲིབས་གཉིས་ཀ་འབྱུང་བས་རང་གི་ས་པ་གསུམ་དང་། སྙོམས་པར་འཇུག་པ་ན་སྦྱོར་བྱུང་ཁོ་ན་ལས་ཟག་མེད་གཉིས་དང་། (ཟག་མེད་སློབ་པ་ནི་སྒོམ་ལམ་མོ། །)སྙོམས་འཇུག་ལས་ལྡང་བ་ན་གཟུགས་མེད་ཀྱི་སྦྱོར་བྱུང་ཁོ་ན་ལས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་མེད་ཀྱི་དགེ་བ་སྐྱེས་ཐོབ་ཁོ་ན་ལས་འདོད་པའི་ཉོན་མོངས་ཅན་གཉིས་དང་། གཟུགས་ཀྱི་བསྒྲིབས་པ་འབྱུང་བའི་ཕྱིར་རོ། །གཟུགས་མེད་པའི་དགེ་བའི་སེམས་དེ་ནི་(རང་ས་གསུམ་གཟུགས་དགེ་ཟག་མེད་གཉིས་ཏེ་)སེམས་དྲུག་གི་རྗེས་སུ་འབྱུང་སྟེ། རྒྱུན་གྱི་ཚེ་དགེ་བ་གཉིས་ཕན་ཚུན་དང་། ས་མཚུངས་པ་ན་བསྒྲིབས་པ་ལས་དགེ་བ་གཉིས་ཀ་དང་། མ་བསྒྲིབས་པ་རྣམ་སྨིན་སྐྱེས་ལས་དགེ་བ་སྐྱེས་ཐོབ་ཁོ་ན་འབྱུང་བས་རང་གི་ས་པ་གསུམ་དང་། སྙོམས་པར་འཇུག་པ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་ལས་གཟུགས་མེད་ཀྱིའང་སྦྱོར་བྱུང་ཁོ་ན་དང་། སྙོམས་འཇུག་ལས་ལྡང་བ་ན་ཟག་མེད་གཉིས་ཀྱི་རྗེས་སུ་གཟུགས་མེད་ཀྱི་སྦྱོར་བྱུང་ཁོ་ན་འབྱུང་བའི་ཕྱིར་རོ། །
གཟུགས་མེད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ལས་ནི་(རང་ས་གསུམ་འོག་གི་ཉོན་མོངས་ཅན་གསུམ་དགེ་བ་སྦྱོར་བྱུང་སྟེ་)སེམས་བདུན་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་ཀྱི་བསྒྲིབས་པ་དང་། འདོད་པའི་ཉོན་མོངས་ཅན་གཉིས་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བའི་ཕྱིར་རོ། །ཇི་ལྟར་གཟུགས་མེད་པའི་བསྒྲིབས་པ་ལས་བདུན་འབྱུང་བ་ལྟར་བསྒྲིབས་པ་དེ་ཡང་དེ་བཞིན་དུ་(འོག་མ་གཉིས་ཀྱི་ཉོན་མོངས་ཅན་གསུམ་དང་ཟག་མེད་གཉིས་བོར་བ།) བདུན་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་ཀྱི་དགེ་བ་སྐྱེས་ཐོབ་དང་། འདོད་པའི་དགེ་བ་སྐྱེས་ཐོབ་དང་། འདོད་གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་སྦྱོར་ལམ་པ་ཁོ་ནའི་རྗེས་སུ་འབྱུང་བའི་ཕྱིར་རོ། །སློབ་པའི་སེམས་ནི་བཞི་ལས་འབྱུང་སྟེ། སྙོམས་པར་འཇུག་པའི་ཚེ་ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་པོ་ཁོ་ན་དང་། རྒྱུན་གྱི་ཚེ་སློབ་པ་རང་གི་འཇུག་ཐོགས་སུ་སློབ་པ་རང་ཉིད་འབྱུང་བའི་ཕྱིར་རོ། །སློབ་པའི་སེམས་དེ་ལས་ནི་ལྔ་འབྱུང་སྟེ། སྙོམས་འཇུག་ལས་ལྡང་བ་ན་འདོད་པའི་སྐྱེས་ཐོབ་ཀྱང་གསལ་བས་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་ཀ་འབྱུང་ལ། ཁམས་གོང་མ་གཉིས་ཀྱི་སྐྱེས་ཐོབ་ནི་མི་གསལ་བའི་ཕྱིར་ལྡང་སེམས་མ་ཡིན་པས་སྦྱོར་བྱུང་གཉིས་པོ་ཁོ་ན་འབྱུང་བས་ན་ཁམས་གསུམ་གྱི་དགེ་བ་གསུམ་དང་། རྒྱུན་གྱི་ཚེ་སློབ་པ་རང་ཉིད་དང་། སྙོམས་པར་འཇུག་པའི་ཚེ་སློབ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འཇུག་ཐོགས་སུ་མི་སློབ་པ་ཟད་ཤེས་འབྱུང་བའི་ཕྱིར་རོ། །
མི་སློབ་པའི་སེམས་ནི་ལྔ་དག་ལས་འབྱུང་སྟེ། སྙོམས་པར་འཇུག་པའི་ཚེ་ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་པོ་ཁོ་ན་དང་། སློབ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་དང་། རྒྱུན་གྱི་ཚེ་མི་སློབ་པ་རང་ཉིད་ལས་འབྱུང་བའི་ཕྱིར་རོ། །མི་སློབ་པ་དེ་ལས་ནི་སེམས་བཞི་དག་འབྱུང་སྟེ། སྙོམས་འཇུག་ལས་ལྡང་ན་ཁམས་གསུམ་གྱི་དགེ་བ་སྔ་མ་ལྟར་འདོད་པའི་གཉིས་ཀ་དང་ཁམས་གོང་མ་གཉིས་ཀྱི་སྦྱོར་བྱུང་གཉིས་ཏེ་གསུམ་དང་། རྒྱུན་གྱི་ཚེ་(ཟད་ཤེས་ལས་མི་སྐྱེ་བ་ཤེས་པ་ལྟ་བུ།) མི་སློབ་པ་རང་ཉིད་འབྱུང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མི་སློབ་པ་ལས་སེམས་ལྔ་འབྱུང་བར་འགྱུར་ཏེ། ཡོངས་སུ་ཉམས་པའི་ཚེ་མི་སློབ་པའི་མཇུག་ཐོགས་སུ་སློབ་པ་འབྱུང་བའི་ཕྱིར་ཞེ་ན། ཉོན་མོངས་པ་མངོན་དུ་མ་བྱས་པར་ནི་མི་སློབ་པ་ལས་མི་ཉམས་ལ། ཉོན་མོངས་མངོན་དུ་བྱས་པ་ན་ཉོན་མོངས་པས་བར་དུ་ཆོད་པའི་ཕྱིར་རོ། །(དེ་མ་ཐག་རྐྱེན་མིན་པའི་ཕྱིར།) དེ་ཉིད་ཀྱི་ཕྱིར་ཊཱི་ཀ་བྱེད་དག་གིས་ཀྱང་མི་སློབ་པའི་མཇུག་ཐོགས་སུ་སློབ་པ་ནི་མི་འབྱུང་སྟེ། ཡོངས་སུ་ཉམས་པའི་ཚེའང་ཉོན་མོངས་པ་ཀུན་དུ་འབྱུང་བས་བར་དུ་ཆོད་པའི་ཕྱིར་རོ་ཞེས་བཤད་དོ། །
འོན་ཀྱང་ཁམས་གསུམ་གྱི་བསྒྲིབས་པའི་སེམས་གསུམ་དང་བདུན་འབྱུང་བར་ཐལ་བར་འགྱུར་པའི་ཉེས་པ་ནི་སྤང་དགོས་སོ། །(འོ་ན་དེའི་མཇུག་ཐོགས་སེམས་བརྒྱད་འབྱུང་བར་ཐལ་དགེ་བ་གསུམ་མི་སློབ་པ་རང་ཉིད། དེ་ལས་ཉམས་ན་ཁམས་གསུམ་གྱི་ཉོན་མོངས་གསུམ། སློབ་པ་དང་བརྒྱད་འབྱུང་བས་སོ། །ཞེ་ན། ཉོན་མོངས་ཅན་དང་སློབ་པ་དེའི་དེ་མ་ཐག་ཏུ་མི་འབྱུང་ཏེ་མི་སློབ་ལས་མ་ལངས་པར་ནི་མི་ཉམས་ལ། ལངས་པ་ན་དགེ་སེམས་ལས་ལངས་དགོས་པས་ཉོན་མོངས་དང་སློབ་པའི་བར་དུ་དགེ་བས་ཆོད་པས་ཕྱིར་རོ། །)
དེ་དག་ནི་སེམས་བཅུ་གཉིས་ཀྱི་དེ་མ་ཐག་པའི་རྐྱེན་བཤད་པའོ། །(སེམས་ཉི་ཤུ་བཤད་པ་ལ་གསུམ་ལས་དང་པོ་ནི།) ཡང་སེམས་བཅུ་གཉིས་པོ་དེ་དག་ནི་ཉི་ཤུར་ཡང་བཤད་དོ། །ཇི་ལྟར་བྱས་ནས་ཤེ་ན། ཁམས་གསུམ་དུ་དགེ་བ་རྣམ་པ་གཉིས་(གཉིས་)སུ་ཕྱེ་ནས་(བཅོ་ལྔ།) བཤད་པའི་ཕྱིར་རོ་ཞེས་སྦྱར་རོ། །གཉིས་པོ་གང་ཞེ་ན། སྐྱེས་ནས་ཐོབ་པ་དང་། (སྐྱེས་ཐོབ་ནི་ཁམས་འོག་མ་གཉིས་ན་སྦྱོར་བ་ལ་མ་ལྟོས་པར་བར་སྲིད་ཉིང་མཚམས་སྦྱོར་བའི་ཚེ་འཐོབ་ལ། གཟུགས་མེད་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་ཚེ་ཐོབ་པའོ། །སྦྱོར་བྱུང་ནི་སྦྱོར་བ་གོམས་པས་ཐོབ་པ་ཐོས་བསམ་སྒོམ་གསུམ་ཅི་རིགས་པ་ནི།) སྦྱོར་བ་ལས་བྱུང་བའོ། །དེ་ལྟ་ན་བཅོ་ལྔ་ལས་མེད་དོ་ཞེ་ན། འདོད་པའི་ཁམས་ན་དགེ་བ་དང་ཉོན་མོངས་ཅན་དུ་ལུང་བསྟན་པ་མིན་པ་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་རྣམ་པ་བཞིར་ཕྱེ་(ནས་བཅོ་བརྒྱད་ཡོད།) པའི་ཕྱིར་རོ། །བཞི་པོ་གང་ཞེ་ན། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། (འགྲོ་ཉལ་སོགས་)སྤྱོད་ལམ་པ་དང་། བཟོའི་གནས་དང་། (སྤྲུལ་པའི་ཕྱིར།) སྤྲུལ་པའི་སེམས་སོ་ཞེས་སྦྱར་རོ། །
དེ་ལྟར་ནའང་བཅོ་བརྒྱད་དོ་ཞེ་ན། གཟུགས་ཀྱི་ཁམས་ན་བཟོའི་སེམས་མ་གཏོགས་པ་རྣམ་པ་གསུམ་ཡོད་པའི་ཕྱིར་རོ། །དེ་ན་བཟོའི་སེམས་ནི་མེད་དེ། (གཞལ་མེད་ཁང་དང་གོས་དང་རྒྱན་ལ་སོགས་པ་ནི་ལས་ལ་འབྱུང་བ་དང་སྤྲུལ་པ་ཡིན་ལ་མཁན་བཟོས་བྱས་པ་ཅུང་ཟད་ཀྱང་མེད་པས།) བཟོའི་ལས་དག་མེད་པའི་ཕྱིར་རོ། །གཟུགས་མེད་ན་ནི་སྤྱོད་ལམ་པ་དང་སྤྲུལ་སེམས་ཀྱང་མེད་པའི་ཕྱིར་རྣམ་སྨིན་སྐྱེས་གཅིག་པུ་ཡོད་དོ། །དེའི་ཕྱིར་སེམས་ཉི་ཤུར་འགྱུར་རོ། །འདི་དག་གང་གི་མཇུག་ཐོགས་སུ་གང་འབྱུང་བའང་འགྲེལ་པ་ལས་བཤད་དེ་འདིར་ནི་ཡི་གེ་མང་བས་འཇིགས་ནས་མ་བྲིས་སོ། །དེ་ལྟར་ན་ཁམས་གསུམ་ན་དགེ་བ་ལ་གཉིས་གཉིས་དང་། མ་བསྒྲིབས་ལུང་མ་བསྟན་ལ་ཁམས་འོག་མ་གཉིས་ན་བཞི་དང་གསུམ་དུ་དབྱེ་བ་ཡོད་ཀྱང་བཅུ་གཉིས་ཀྱི་སྐབས་སུ་དགེ་བ་གཉིས་ཀའང་གཅིག་ཏུ་བགྲང་ཞིང་། མ་བསྒྲིབས་ལུང་མ་བསྟན་བཞི་གའང་གཅིག་ཏུ་བགྲང་བར་བྱའོ། །(ལུང་མ་བསྟན་བཞིའི་རྣམ་སྨིན་སྐྱེས་ནི་ཡུལ་ཐམས་ཅད་ལ་དམིགས་ཤེས་ཚོགས་དྲུག་ལ་ཡོད་དོ། །ཕྱི་མ་གསུམ་ནི་སྤྱོད་པ་ལ་སོགས་པའི་གཟུགས་རོ་དྲི་རེག་བཞི་དང་བཟོའི་གནས་པའི་སྒྲ་དང་ལྔ་ལ་ཅི་རིགས་ལ་དམིགས་སོ། །རྟོག་པས་མངོན་པར་འདུ་བྱེད་དགོས་པས་ཡིད་ཤེས་ཁོ་ན་ལ་འབྱུང་ངོ་། །སྤྱོད་ལམ་པ་དང་བཟོའི་གནས་པའི་སྦྱོར་བ་ནི་དབང་ཤེས་ལྔ་སྟེ། མཐོང་ཐོས་སོགས་ལས་སྐྱེ་བའི་ཕྱིར་རོ། །རྣམ་སྨིན་སྐྱེས་ལ་ནི་ལས་ཀྱི་མཐུས་རང་གི་རང་གིས་འབྱུང་བས་སྦྱོར་བ་མེད་ལ། སྤྲུལ་སེམས་ཀྱི་སྦྱོར་བ་ནི་བསམ་གཏན་གྱི་དངོས་གཞིའི་སེམས་སོ། །དེས་ན་འདོད་པ་ན་སེམས་བརྒྱད་དང་གཟུགས་ན་དྲུག་དང་གཟུགས་མེད་ན་བཞི་དང་ཟག་མེད་གཉིས་དང་ཉི་ཤུའོ། །ཡང་ན་དགེ་བ་བརྒྱད་དང་ཉོན་མོངས་ཅན་བཞི་དང་བསྒྲིབས་པ་བརྒྱད་དང་ཉི་ཤུའོ། །)
ཉི་ཤུར་ཕྱེ་བའི་དགོས་པ་ནི་ཁམས་གསུམ་གྱི་དགེ་བ་སྐྱེས་ཐོབ་དང་། མ་བསྒྲིབས་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་ལ་འཆི་སེམས་ཡོད་ཀྱི། དགེ་བ་སྦྱོར་བྱུང་དང་། མ་བསྒྲིབས་ལུང་མ་བསྟན་གཞན་གཉིས་ལ་མེད་པ་དང་། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་ཁོ་ན་ལ་སྙོམས་པར་འཇུག་སེམས་ཡོད་ཀྱི་གཞན་ལ་མེད་པ་དང་། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་རང་ཉིད་ལས་འབྱུང་གི་གཞན་ལས་མི་འབྱུང་བ་དང་། སྙོམས་འཇུག་ལས་ལྡང་སེམས་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེའང་འདོད་པའི་ནི་གསལ་བས་དགེ་བ་སྐྱེས་ཐོབ་ལའང་ཡོད་ལ། ཁམས་གོང་མ་གཉིས་ཀྱི་ནི་སྐྱེས་ཐོབ་མི་གསལ་བས་ལྡང་སེམས་མེད་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་ལ་ཡོད་དོ་ཞེས་པའི་དམིགས་བསལ་དེ་དག་ཤེས་པར་བྱས་བའི་ཕྱིར་རོ། །(བཅུ་གཉིས་དང་ཉི་ཤུ་ཁྱབ་གང་ཆེ་དཔྱད་པ་ནི།) འོ་ན་སེམས་ཉི་ཤུ་དང་བཅུ་གཉིས་ཁྱབ་གང་ཆེ་ཞེ་ན། དེ་ནི་བཅུ་གཉིས་ཁྱབ་ཆེ་སྟེ། འགྲེལ་པ་ལས། གཞན་དག་ན་རེ་བཟོའི་གནས་པས་མངོན་པར་བསྒྲུབས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་མཆེད་བཅུ་གཉིས་ལ་དམིགས་པ་ཡང་ཡོད་དོ་ཞེས་ཟེར་རོ་(ཞེས་པས་རྟེན་གྱི་དངོས་པོ་མཐའ་དག་ལ་དམིགས་པའི་ལུང་མ་བསྟན་ཀྱང་ཡོད་དོ། །)ཞེས་འབྱུང་བའི་ཕྱིར་དང་། སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་དེས་མཚོན་ནས་གཞན་ཡང་ཡོད་པར་བསྟན་ཏེ། དེ་ལྟ་མ་ཡིན་ན་གཉིས་པ་སོགས་ན་ལུས་མིག་དང་། རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་ཞེས་པ་དང་། སྨྲར་འཇུག་པ་ནི་འོག་མས་ཀྱང་ཞེས་པ་དག་ཀྱང་སྔར་བཤད་པ་བཞི་པོ་དེ་དག་ཏུ་མ་འདུས་པའི་ཕྱིར་དང་། བཙུན་པ་གོ་ཆ་མཐའ་ཡས་ཀྱི་འགྲེལ་བཤད་ལས་ཀྱང་། བཞི་པོ་དེ་དག་ཏུ་མ་གཏོགས་པའི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་གཞན་དག་ཀྱང་ཡོད་དོ་ཞེས་བཤད་དེ། དེས་ན་བཤད་པ་འདི་ནི་ལྷག་མ་དང་བཅས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་པ་དང་། གནས་གསུམ་པའི་ཊཱིཀར་དགྲ་བཅོམ་པ་ལྷག་མེད་དུ་འཇུག་པའི་སྤྱོད་ལམ་པའི་སེམས་ཀྱང་སྤྱོད་ལམ་པ་དང་འདྲ་བ་ཞིག་ཡིན་ཏེ། ལུང་མ་བསྟན་ནི་བཞི་པོ་ཁོ་ནར་ཟད་པར་མི་འདོད་དོ་ཞེས་བཤད་པའི་ཕྱིར་རོ། །
སེམས་བཅུ་གཉིས་ཀྱི་རྙེད་པ་བཤད་པ་ནི་འདོད་པ་ལ་སོགས་པ་ཁམས་གསུམ་པའི་ཉོན་མོངས་པ་ཅན་ནི་འདོད་པ་ན་མི་དགེ་བ་དང་བསྒྲིབས་པ་གཉིས་དང་། གོང་མ་གཉིས་ན་བསྒྲིབས་པ་གཉིས་ཏེ་བཞི་ལས་རེ་ཞིགདེ་ལ་འདོད་པའི་ཉོན་མོངས་ཅན་གྱི་སེམས་གཉིས་མངོན་དུ་གྱུར་ན་དྲུག་རྙེད་པ་དང་། གཟུགས་ཀྱི་བསྒྲིབས་པའང་མངོན་དུ་གྱུར་ན་དྲུག་རྙེད་པ་དང་། གཟུགས་མེད་ཀྱི་བསྒྲིབས་པ་མངོན་དུ་གྱུར་ན་གཉིས་རྙེད་དོ། །དེ་ཡང་འདིར་འགྲེལ་པ་ལས། སྐྱེ་དང་སྙོམས་པར་འཇུག་པ་དང་། །འདོད་ཆགས་བྲལ་དང་ཡོངས་ཉམས་དང་། །དགེ་བའི་ཉིང་མཚམས་སྦྱོར་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་འབྱུང་སྟེ། དེ་ལ་སྐྱེ་བ་ཁམས་གོང་མ་ནས་འོག་མར་སླར་ལྡོག་པའི་ཚེ་དང་། སྙོམས་པར་འཇུག་པ་ནི་བསམ་གཏན་དང་པོ་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཐོབ་པ་ན་རིམ་པ་ལྟར་ཁམས་གོང་མ་གཉིས་ཀྱི་དགེ་བ་འཐོབ་པ་སྙོམས་པར་འཇུག་པའི་ཚེ་དང་། འདོད་ཆགས་དང་བྲལ་བ་ནི་ས་དང་ས་ལས་འདོད་ཆགས་དང་བྲལ་བའི་ཚེ་དང་། ཡོངས་སུ་ཉམས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་མངོན་དུ་གྱུར་ནས་དགྲ་བཅོམ་ལས་ཉམས་པའི་ཚེ་དང་། དགེ་བའི་ཉིང་མཚམས་སྦྱོར་བ་ནི་དགེ་རྩ་ཆད་ནས་ཐེ་ཚོམ་མམ་ཡང་དག་པའི་ལྟ་བས་ཉིང་མཚམས་སྦྱོར་བའི་ཚེ་སྟེ་ཚེ་ལྔ་བཤད་པ་ལས། འདི་ལྟར་འདོད་ཁམས་སུ་སླར་ལྡོག་པའི་ཚེ་འདོད་པའི་ཉོན་མོངས་ཅན་མི་དགེ་བའམ་བསྒྲིབས་པའི་སེམས་གང་ཡང་རུང་བ་ཞིག་མངོན་དུ་གྱུར་ན་ཉོན་མོངས་ཅན་དེ་གཉིས་ཀའི་ཐོབ་པ་དང་། (འདོད་པའི་)དགེ་བ་སྐྱེས་ཐོབ་ཀྱི་ཐོབ་པ་འབྱུང་ངོ་། །
འདོད་ཁམས་སུ་དགེ་རྩ་ཆད་པ་དག་ཐེ་ཚོམ་གྱིས་ཉིང་མཚམས་སྦྱོར་བ་(དང་གོང་མ་གཉིས་ནས་འདིར་སྐྱེས།) ན་སྔར་དུ་བགྲངས་པའི་དགེ་བ་སྐྱེས་ཐོབ་ཀྱི་ཐོབ་པ་འབྱུང་བ་དང་། འདོད་པའི་མི་དགེ་བས་དགྲ་བཅོམ་ལས་ཉམས་པ་ན་ཁམས་གོང་མ་གཉིས་ཀྱིས་བསྒྲིབས་པ་གཉིས་དང་། སློབ་པའི་ཐོབ་པ་འབྱུང་སྟེ། དེ་ལྟར་ན་སྤྱིར་འདོད་པའི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་ན་སེམས་དྲུག་གི་ཐོབ་པ་སྔར་མི་ལྡན་པ་ལས་གསར་དུ་རྙེད་པ་ཡིན་གྱི་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །(དེ་ཡང་དྲུག་ཀ་ཅིག་ཅར་རྙེད་པ་མིན་གྱི་སེམས་ཉོན་མོངས་ཅན་གཅིག་དང་པོར་མངོན་དུ་གྱུར་ན་ཅི་རིས་ནས་དྲུག་གི་རྙེད་པ་འབྱུང་རུང་གི་རྒྱུན་ལ་བརྩིའོ། །དེ་ལ་ཚེ་ལྔ་པ་བརྩི་བས། དགེ་རྩ་ཆད་པ་འདོད་པའི་ཐེ་ཚོམ་ཉོན་མོངས་ཅན་མངོན་དུ་གྱུར་བས་མཚམས་སྦྱོར་ན་འདོད་པའི་དགེ་བ་སྐྱེས་ཐོབ་ཀྱི་ཐོབ་པ་གསར་དུ་རྙེད་དོ། །གོང་མ་གཉིས་ནས་འདོད་པར་སྐྱེ་ནའང་དེ་ཉིད་གསར་དུ་རྙེད་དེ་སྔར་འདོད་པའི་དགེ་བའི་ཐོབ་པ་ནི་གོང་དུ་སྐྱེས་པས་བཏང་བས་སོ། །གཟུགས་ནས་འདོད་པར་སྐྱེ་བ་ལ་འདོད་པའི་ཉོན་མོངས་ཅན་གཉིས་གང་མངོན་དུ་གྱུར་ཀྱང་འདོད་པའི་ཉོན་མོངས་ཅན་གཉིས་ཀའི་ཐོབ་པ་གསར་དུ་རྙེད་དོ། །དེ་ཡང་བར་སྲིད་དུ་རྙེད་དོ། །གཟུགས་མེད་ནས་འདོད་པར་སྐྱེ་བའི་ཚེ་བར་སྲིད་གཟུགས་ཀྱི་ཉོན་མོངས་ཅན་དང་འདོད་པའི་ཉོན་མོངས་ཅན་གཉིས་དང་གསུམ་གྱི་ཐོབ་པ་གསར་དུ་རྙེད་དོ། །འདོད་པའི་མི་དགེ་བ་མངོན་དུ་གྱུར་ནས་དགྲ་བཅོམ་ལས་ཉམས་ན་ཁམས་གསུམ་གའི་ཉོན་མོངས་ཅན་གསུམ་གྱི་ཐོབ་པ་དང་སློབ་པའི་ཐོབ་པའང་གསར་དུ་རྙེད་དུ་རུང་ངོ་། །འདོད་པའི་ཉོན་མོངས་ཅན་མི་དགེ་བ་མ་གཏོགས་བསྒྲིབས་པའི་འཇིག་ལྟ་མཐར་ལྟ་སོགས་ཀྱིས་ནི་འཕགས་པ་ཉམས་པ་དེ་མཐོང་སྤང་ཡིན་པས་སོ། །དེས་ན་འདོད་པའི་སེམས་ཉོན་མོངས་ཅན་དང་པོར་མངོན་དུ་གྱུར་ན་འདོད་པའི་དགེ་བ་སྐྱེས་ཐོབ་ཉོན་མོངས་ཅན་གཉིས་ཏེ་འདོད་སེམས་གསུམ་གོང་མ་གཉིས་ཀྱི་ཉོན་མོངས་ཅན་གཉིས། ཟག་མེད་སློབ་པ་དང་དྲུག་གི་ཐོབ་པ་གསར་དུ་རྙེད་དུ་རུང་ཞེས་པའོ། །)གཟུགས་ཁམས་ཀྱི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པ་ལས་ཀྱང་སྔར་མི་ལྡན་པ་ལས་དྲུག་རྙེད་དེ། །གཟུགས་མེད་ནས་གཟུགས་ཁམས་སུ་སྐྱེ་བའི་ཚེ་གཟུགས་ཀྱི་བསྒྲིབས་པ་མངོན་དུ་གྱུར་ན་དེ་ཉིད་དང་། གཟུགས་ཀྱི་དགེ་བ་སྐྱེས་ཐོབ་དང་། (ཐོབ་པ་སྔར་སྐྱེས་ཡོད་པས།) གཟུགས་ཀྱི་སྤྲུལ་སེམས་དང་། འདོད་པའི་སྤྲུལ་སེམས་(དང་གཉིས་ཏེ།) བཞི་ཐོབ་པ་འབྱུང་ངོ་། །གཟུགས་ཀྱི་བསྒྲིབས་པས་དགྲ་བཅོམ་ལས་ཉམས་པ་ན་གཟུགས་མེད་ཀྱི་བསྒྲིབས་པ་དང་། སློབ་པའི་སེམས་(ཀྱི་ཐོབ་པ་)འབྱུང་ངོ་། གཟུགས་མེད་ཀྱི་ཉོན་མོངས་ཅན་གྱི་སེམས་ཀྱིས་དགྲ་བཅོམ་ལས་ཉམས་པ་ན་གཟུགས་མེད་ཀྱི་ཉོན་མོངས་ཅན་དེ་(ཉིད་)དང་སློབ་པ་སྟེ་གཉིས་རྙེད་དོ། །(འདི་ཁམས་སུ་སླར་ལོག་པ་ལས་རྙེད་པ་ནི་མེད་དེ་རང་གི་གོང་ན་གནས་གཞན་མེད་ཅིང་རང་སའི་སྔར་ནས་ལྡན་པས་སོ། །)
འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་གཟུགས་ཀྱི་ཁམས་སུ་སྐྱེས་པ་བསམ་གཏན་དངོས་གཞིའི་དགེ་བ་(དང་པོར་)མངོན་དུ་བྱས་པ་ལ་ནི། (རང་སའི་དགེ་བ་དང་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ཏེ།) གསུམ་དག་འཐོབ་སྟེ། གཟུགས་ཀྱི་དགེ་བ་དང་། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ཏེ། བསམ་གཏན་གྱི་སེམས་ཐོབ་པ་ན་དེ་དག་གི་ཐོབ་པའང་ངེས་པར་འབྱུང་བའི་ཕྱིར་རོ། །སློབ་པའི་སེམས་མངོན་དུ་གྱུར་པ་ལ་ནི་བཞི་འཐོབ་བོ། །ངེས་པ་(སྟེ་ཟག་མེད་སྐད་ཅིག་དང་པོ།) ལ་འཇུག་པ་ན་སློབ་པ་དེ་ཉིད་དང་། འཕགས་པའི་ལམ་(གྱིས་མི་ལྕོགས་མེད་ཟག་མེད་)འདོད་པ་ལས་འདོད་ཆགས་དང་བྲལ་བ་(འི་རྣམ་གྲོལ་དགུ་པའི་ཚེ།) ན་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་དང་། (ས་དྲུག་གང་རུང་ལ་བརྟེན་པའི་)འཕགས་པའི་ལམ་གྱིས་གཟུགས་ལས་འདོད་ཆགས་དང་བྲལ་བ་ན་གཟུགས་མེད་ཀྱི་དགེ་བའི་ཐོབ་པ་འབྱུང་སྟེ་དེ་ལྟར་ན་རིས་བཞིའོ། །གཟུགས་ཀྱི་དགེ་བ་ནི་རིགས་ཙམ་སྔར་ནས་(དྲོད་ཐོབ་པ་)ཡོད་པས་སློབ་པའི་སྟོབས་ཀྱིས་གསར་ཐོབ་མ་ཡིན་པས་མི་བགྲང་ངོ་། །ལྷག་(དྲུག་པོ་དེ་དག་གི)མ་(འདོད་པ་དང་གཟུགས་མེད་ཀྱི་དགེ་བ་དང་མི་སློབ་པ་དང་ཁམས་གསུམ་གྱི་མ་བསྒྲིབས་ལུང་མ་བསྟན་གསུམ་སྟེ།) སེམས་(དྲུག་)ལ་ནི་དེ་ཉིད་ཀྱི་ཐོབ་པ་འབྱུང་གི་གཞན་མ་ཡིན། (སེམས་ཁ་ཅིག་ནི་སྔར་ནས་ཐོབ་ལ། ལ་ལ་དེའི་ཚེ་མ་ཐོབ་པས་སོ། །)ལྷག་མ་ནི་དྲུག་སྟེ། འདོད་པ་དང་གཟུགས་མེད་ཀྱི་དགེ་བ་དང་། མི་སློབ་པ་དང་། ཁམས་གསུམ་གྱི་མ་བསྒྲིབས་ལུང་མ་བསྟན་ནོ། །སྤེལ་མ་མཛད་པའི་སློབ་དཔོན་དག། ཉོན་མོངས་ཅན་གྱི་སེམས་ལ་ནི། །མཁས་པ་རྣམས་ཀྱིས་(གཟུགས་མེད་ཀྱི་དགེ་བ་དང་མ་བསྒྲིབས་པ་དེ་གཉིས་མི་སློབ་པ་དང་གསུམ་མ་གཏོགས་པ།) དགུ་རྙེད་བརྗོད། །དགེ་བའི་སེམས་ལ་(སྤྲུལ་སེམས་གཉིས་གོང་དགེ་གཉིས་ཟག་མེད་དང་པོ་ཐ་མ་གཉིས་ཏེ།) དྲུག་ཡིན་ཏེ། ལུང་མ་བསྟན་ལ་དེ་ཉིད་དོ་ཞེས་འཆད་པ་ནི་ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པ་ལས་འདོད་པའི་བཞི་དང་། གཟུགས་ཀྱི་གསུམ་དང་། གཟུགས་མེད་ཀྱི་བསྒྲིབས་པ་དང་། ཟག་མེད་དང་དགུ་ཅི་རིགས་པར་རྙེད་དོ་ཞེས་བྱ་བ་སྟེ་སྔར་བསྟན་པ་ལས་མ་འདས་སོ། །(རང་རང་གི་ཏིང་ངེ་འཛིན་ཐོབ་ཅིང་།) དགེ་བའི་སེམས་མངོན་དུ་གྱུར་པ་ལས་(གོང་སེམས་གཉིས་སམ།) ཁམས་གསུམ་གྱི་དགེ་བ་གསུམ་དང་། (འདོད་ཆགས་དང་བྲལ་བ་ཐོབ་པ་ལས།) འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་དང་། ཟག་མེད་དང་དྲུག་རྙེད་དོ་ཞེས་ཟག་མེད་གཅིག་ཏུ་བསམས་མོད་ཀྱི་དེར་ནི་དགེ་བའི་སེམས་ལ་བདུན་ཡིན་ཏེ་ཞེས་བརྗོད་པར་རིགས་ཏེ། (ཁ་ཅིག་ཡང་དག་ལྟ་བས་དགེ་རྩ་ཆད་པ་མཚམས་སྦྱོར་བ་ལས་འདོད་དགེ་འབྱུང་བས་དེ་དང་བདུན་དུ་འདོད་དོ་ཁ་ཅིག་ནི།) ཟག་མེད་ལ་སློབ་མི་སློབ་གཉིས་སུ་དབྱེར་ཡོད་པའི་ཕྱིར་(བདུན་ནོ་ཞེས་ཟེར་)རོ། །
དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས། དེས་འཇུག་དགྲ་བཅོམ་ཉིད་ཀྱི་ཚེ། །སློབ་པ་དང་ནི་མི་སློབ་པའོ། །ཞེས་ངེས་པ་ལ་འཇུག་པ་མཐོང་ལམ་ཐོབ་པ་ན་སློབ་པ་ཟག་མེད་དང་། དགྲ་བཅོམ་ཐོབ་པ་ན་མི་སློབ་པ་ཟག་མེད་ཐོབ་པར་བཤད་དོ། །མ་བསྒྲིབས་ལུང་མ་བསྟན་གསུམ་ལ་ནི་(ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ་ཞེས་པས་)དེ་ཉིད་ཀྱི་རྙེད་པ་འབྱུང་ངོ་ཞེས་བྱ་སྟེ་(དེའི་ཞར་ལ་རང་གཞན་སྔ་ཕྱིར་ཐོབ་པ་ནི་མེད་ཅེས་)སྔར་བསྟན་པ་བཞིན་ནོ། །(དེའི་ཞར་ལ་སེམས་ཉི་ཤུ་རང་གཞན་གང་གིས་རྙེད་ཚུལ་དཔྱད་པ་ནི་མ་བསྒྲིབས་ལུང་མ་བསྟན་བརྒྱད་ཀྱིས་སྤྲུལ་སེམས་གཉིས་ལས་གཞན་དྲུག་ལ་ཐོབ་པ་སྔར་སྐྱེས་མེད་པས་རང་ཉིད་མངོན་དུ་གྱུར་པའི་ཚེ་རྙེད་ལ། འདོད་པ་དང་གཟུགས་ཀྱི་དགེ་བ་སྦྱོར་བྱུང་གཉིས་ནི་རང་གི་སྦྱོར་བས་ཐོབ་ལ། མི་སློབ་པ་ཟད་པ་ཤེས་པས་འཐོབ་པའི་ཕྱིར་རང་ཁོ་ནས་རྙེད་པ་དགུ་དང་། སྤྲུལ་སེམས་གཉིས་ནི་གཟུགས་ཀྱི་དགེ་བ་དང་བསྒྲིབས་པ་དང་སློབ་པས་རྙེད་ལ། གོང་མ་གཉིས་ཀྱི་སྐྱེས་ཐོབ་ཀྱང་ཉིང་མཚམས་སྦྱོར་བའི་བསྒྲིབས་པས་རྙེད་པའི་ཕྱིར་གཞན་ཁོ་ནས་རྙེད་པ་བཞི་དང་འདོད་པའི་སྐྱེས་ཐོབ་ཡང་དག་པའི་ལྟ་བས་མཚམས་སྦྱར་ན་རབ་དང་། ཐེ་ཚོམ་གྱིས་མཚམས་སྦྱོར་བ་དང་། སྐྱེ་བ་ལེན་པའི་ཚེ་གཞན་གྱིས་རྙེད་ལ། ཉོན་མོངས་ཅན་གཉིས་པོ་སྐྱེ་བའི་ཚེ་གང་མངོན་དུ་གྱུར་པ་རང་གིས་དང་ཅིག་ཤོས་གཞན་གྱིས་དང་། གོང་མའི་བསྒྲིབས་པ་གཉིས་རང་རང་གིས་ཉམས་ན་རང་དང་འོག་མས་ཉམས་ན་གཞན་དང་གཟུགས་མེད་ཀྱི་སྦྱོར་བྱུང་ནམ་མཁའི་ཉེར་བསྡོགས་ལ་བཞུགས་པའི་ཚེ་རང་དང་། སློབ་པས་རྙེད་ན་གཞན་དང་། སློབ་པ་ཡང་ཟག་མེད་སྐད་ཅིག་དང་པོའི་ཚེ་རང་དང་། དགྲ་བཅོམ་ལས་ཉམས་པའི་ཚེ་གཞན་གྱིས་རྙེད་པའི་ཕྱིར་གཉིས་ཀས་རྙེད་པ་བདུན་ཡིན་ནོ་ཞེས་གསུངས་སོ། །)མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའི་བཤད་པའོ།། །།
གནས་གསུམ་པ། འཇིག་རྟེན་བསྟན་པ།
༈ ད་ནི་འཇིག་རྟེན་བསྟན་པའི་མཛོད་འཆད་པ་ན་ཁམས་བསྟན་པར་འདོད་ཁམས་གཏོགས་པ་ཐམས་ཅད་དོ་ཞེས་བྱ་བ་ལ་སོགས་པ་དང་། དབང་པོ་བསྟན་པར་དྲི་མེད་མ་གཏོགས་འདོད་པ་གཏོགས་ཞེས་བྱ་བ་ལ་སོགས་པས་ཁམས་གསུམ་གྱི་མིང་ཙམ་ཞིག་བཤད་པས་དེའི་དོན་བསྟན་པའི་ཕྱིར་འཇིག་རྟེན་བསྟན་པའི་མཛོད་འཆད་པར་བྱེད་དོ། །ཡང་ན་གནས་དང་པོ་གཉིས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པའི་དམིགས་པ་ཐུན་མོང་དུ་བཤད་ནས། འདི་མན་ཆད་ཀྱིས་གཙོ་ཆེར་ཇི་ལྟ་བའི་དམིགས་པ་སྟོན་ནོ། །དེ་ཡང་བདེན་པ་བཞི་ཡིན་པ་ལས་ཐོག་མར་སྡུག་བདེན་འཆད་པའི་མཚན་གཞི་ནི་གང་སྐྱེ་བ་སེམས་ཅན་དང་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་དང་གཉིས་ཏེ། ཐུན་མོང་མིན་པ་དང་ཐུན་མོང་གི་ལས་གྲུབ་པའོ། །མཚན་ཉིད་ནི་སྡུག་བསྔལ་གསུམ་གྱིས་ཅི་རིགས་སུ་སྡུག་བསྔལ་བའོ། །འཇིག་རྟེན་ཐམས་ཅད་སྡུག་བསྔལ་ཡིན་ནམ་ཞེ་ན། སྡེ་པ་གཉིས་ནི་དེ་ལྟར་འདོད་དེ། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་བཤད་པས་སོ། །འོན་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་དང་མི་ལྡན་པ་དེ་དག་ཡོངས་སུ་དག་པའི་འཇིག་རྟེན་ཡིན་ནོ། །དག་པའི་འཇིག་རྟེན་སློབ་དཔོན་འཕགས་པ་ལམ་བདེན་དུ་འདོད་ཅིང་བསྡུ་བ་ལས་དེ་དག་དུས་གསུམ་པ་ཐོབ་པའི་བྱང་སེམས་རྣམས་སྨོན་ལམ་གྱི་དབང་གིས་སྐྱེ་བར་བཤད་དོ། །
སེམས་ཅན་གྱི་འཇིག་རྟེན་བསྟན་པ།
དེ་ལའང་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་གཉིས་ལས་དང་པོ་ལའང་(ལས་གསོག་པ་པོ་སེམས་ཅན་བཤད་པ་ལ།) སེམས་ཅན་གྱི་དབྱེ་བ་དང་། ཁྱད་པར་གྱི་ཆོས་དང་། རྣམ་གཞག་གིས་རྒྱས་པར་བཤད་པ་གསུམ་ལས་དང་པོ་ལའང་ཁམས་གསུམ་དུ་དབྱེ་བ་ནི་བསོད་ནམས་མ་ཡིན་པའི་ལས་ཀྱིས་ཁྲིད་པའམ། དགའ་བར་མི་བྱེད་པའི་ཕྱིར་དམྱལ་བ་སྟེ། ན་ར་ཀ་ཞེས་བྱ་བ་ལ་ན་དགག་པ་དང་རཀ་དགའ་བ་ཡིན་པའི་ཕྱིར་རོ། །སློབ་དཔོན་འདུན་བཟང་ན་རེ་སྐྱབས་མེད་པས་ན་དམྱལ་བ་ཞེས་བྱའོ་ཞེས་ཟེར་རོ། །ཟས་སྐོམ་ཡིད་ལ་བཏགས་པའམ་དེར་སོང་བ་རྣམས་ཕྱིར་མི་ལྡོག་པས་སམ། སྐོམ་པ་དང་ལྡན་པས་ཡི་དྭགས་ཏེ་པྲེ་ཏ་ཞེས་བྱ་བའི་དོན་ཏོ། །དུད་ཅིང་འགྲོ་བས་ན་དུད་འགྲོ་སྟེ་ཏིཪྱག་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་རྣམས་ཡིད་ཀྱི་བུ་ཞེས་ཟེར་ཞིང་ཡིད་ཤས་ཆེ་བས་མི་སྟེ་མནུ་ཥའི་དོན་ཏོ། །དེས་ན་བསྐལ་པ་དང་པོའི་མི་རྣམས་ཀྱང་ཡིད་ལས་སྐྱེས་ཞེས་བྱ་བར་སྒྲོགས་སོ། །རྣམས་ཞེས་པ་ནི་བཞིག་ལ་སྦྱར་རོ། །ལྷ་ནི་ཚངས་པའི་ལུས་ལས་སྐྱེས་པ་དང་། (བདུད་རྩི་ཟ་བས་སམ་ལུས་ལ་འོད་ཡོད་པས་སམ།) བདེ་བ་ལ་རོལ་པ་དང་། མཆོད་པར་འོས་པ་དང་། གཞལ་ཡས་ཁང་ནམ་མཁའ་ལ་ཡོད་པའི་ཕྱིར་ཏེ་དེ་བའི་དོན་ཏོ། །དེ་ཡང་རྒྱལ་ཆེན་(རིས་བཞི་)པ་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་བ་དང་། དགའ་ལྡན་པ་དང་། འཕྲུལ་དགའ་བ་དང་། གཞན་འཕྲུལ་དབང་བྱེད་པ་སྟེ་དྲུག་གོ།
དེ་ལྟར་ན་དམྱལ་བ་ནས་ལྷ་དྲུག་གི་བར་སྣོད་དང་བཅས་པ་དག་ནི་འདོད་པའི་ཁམས་ཡིན་ཏེ། འདིར་སེམས་ཅན་རྣམས་ནི་(ཡུལ།) ཁམ་ཟས་དང་འཁྲིག་པ་ལ་འདོད་ཆགས་དང་བཅས་ཤིང་འདོད་ཡོན་ལྔས་འཚོ་བའི་ཕྱིར་དང་། (མཉམ་པར་མ་གཞག་པ་དང་འདོད་པའི་འདོད་ཆགས་རྒྱས་པར་འགྱུར་བའི་ཕྱིར་དང་།) སྣོད་ཀྱང་འདོད་པ་དང་ལྡན་པའི་སེམས་ཅན་གྱི་གནས་ཡིན་པའི་ཕྱིར་དང་། རང་གི་མཚན་ཉིད་འཛིན་པའི་ཕྱིར་ཏེ། ལུང་སིལ་བུ་ལས། འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་དག་ན་སྣ་ཚོགས་དེ་བཞིན་གནས། །འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུ་ཞེས་གསུངས་པ་བཞིན་ནོ། །(འོ་ན་འདོད་པའི་སྤྲུལ་སེམས་ལའང་འདོད་པའི་འདོད་ཆགས་རྒྱས་པར་ཐལ་ལོ་ཞེ་ན། སྤྲུལ་པའི་དབང་གིས་སྤྲུལ་སེམས་ལའང་ཆགས་པའམ་འདོད་པ་ཁོ་ནའི་ཆོས་དྲི་རོ་སྤྲུལ་པ་སྟེ་ས་གཞན་གྱི་སྤྲུལ་སེམས་གྱིས་ས་གཞན་གྱི་སྤྲུལ་པ་བྱེད་པ་མེད་པའི་ཕྱིར་དང་མངན་སྤྲུལ་པ་བྱེད་པ་གཞན་ལས་ཐོས་པར་བྱེད་པས་ཆགས་པ་མེད་ཀྱང་བྱེད་པའམ་ཡང་ན་རང་གི་སྤྲུལ་པ་ཉམས་ན་དེ་ལ་ཆགས་པ་འབྱུང་བས་སོ། །དེ་ལ་དེ་རྒྱས་པར་མི་འགྱུར་རོ། །)དེ་རྣམས་ཀྱང་རྒྱས་པར་དབྱེ་ན་དམྱལ་བ་ལ་ཚ་དམྱལ་བརྒྱད་དང་། མི་ལ་གླིང་བཞིར་དབྱེ་བ་ལས་ནི་འདོད་པའི་ཁམས་དེ་ཉི་ཤུར་ཤེས་པར་བྱའོ། །གྲང་དམྱལ་དང་ཉེ་འཁོར་བ་རྣམས་ནི་ཚ་དམྱལ་གྱི་འཁོར་ལྟ་བུར་གནས་པའི་ཕྱིར་དང་། །ཉི་ཚེ་བ་ལ་གནས་ངེས་པ་མེད་པའི་ཕྱིར་མ་བགྲངས་སོ། །གླིང་ཕྲན་རྣམས་ཀྱང་གླིང་གི་འཁོར་ཡིན་པའི་ཕྱིར་རོ། །ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱང་འདོད་ཁམས་ཡིན་མོད་ཀྱི་དེ་ནི་འདོད་པའི་འགྲོ་བ་ལྔར་འདུས་པར་འཆད་པར་འགྱུར་རོ། །
དེ་ལྟར་ན་ངན་སོང་གནས་བཅུ་དང་མཐོ་རིས་གནས་བཅུ་སྟེ་ཉི་ཤུའོ། །སའི་དངོས་གཞི་ལས་ནི་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས་དང་། ལྷ་མ་ཡིན་དང་། མིའི་གླིང་བཞི་གླིང་ཕྲན་བརྒྱད་དེ་བཅུ་གཉིས། རྒྱལ་ཆེན་རིས་བཞི་ལ་སོགས་པ་ལྷའི་རིས་དྲུག་སྟེ་གནས་གཞན་སུམ་ཅུ་རྩ་དྲུག་པོ་འདི་དག་ནི་འདོད་པའི་ཁམས་ཞེས་བྱའོ། །དུད་འགྲོ་ནི་ལྷ་དང་མི་དང་ལྷན་ཅིག་རྒྱུ་བ་ཉིད་ཡིན་པས་དེའི་ཕྱིར་དེ་དག་གི་གནས་གཞན་ལོགས་ཤིག་ཏུ་རྣམ་པར་མི་གཞག་གོ་ཞེས་བཤད་ཅིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་ས་ལུ་ལྗང་པའི་འགྲེལ་པ་ལས། ཁམས་འགྲོ་སྐྱེ་འགྲོ་བྱེ་བྲག་གིས། །འདོད་སྲིད་རྣམ་པ་སུམ་ཅུ་དྲུག་ཅེས་པ་དང་མཐུན་པར་སུམ་ཅུ་རྩ་དྲུག་ཉིད་དུ་བཤད་དོ། །གཞན་དག་ནི་དམྱལ་བ་ལ་བཅོ་བརྒྱད་དང་། ཡི་དྭགས་དང་དུད་འགྲོ་ལ་གནས་ན་གནས་པ་དང་། ཁ་འཐོར་བ་གཉིས་གཉིས་སུ་ཕྱེ་བས་བཞི་དང་། མི་ལ་བཅུ་གཉིས་དང་། ལྷ་མ་ཡིན་(ལ་སྒྲ་གཅན་མགུལ་འཕྲེང་རབ་གནོན། ཐག་བཟང་རིས་ཏེ།) བཞི་དང་། ལྷ་དྲུག་སྟེ་(མཐོ་རིས་ཉེར་གཉིས། ངན་སོང་ཉེར་གཉིས་ཏེ་འདོད་པའི་གནས་གཞན།) བཞི་བཅུ་རྩ་བཞིའོ་ཞེས་ཟེར་རོ། །གཟུགས་ཀྱི་ཁམས་བཤད་པ་ནི་འདོད་པ་ལས་ཡོན་ཏན་དང་གནས་གཞན་གྱིས་གོང་མའི་གནས་བཅུ་བདུན་པོ་དག་ནི་གཟུགས་ཀྱི་ཁམས་ཀྱི་གནས་ཡིན་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་ཞིང་གཟུགས་ལ་འདོད་ཆགས་དང་བཅས་པའི་ཕྱིར་དང་། (སྙོམས་འཇུག་དང་དེའི་རྟེན་ལུས་ལ་གཟུགས་ཀྱི་འདོད་ཆགས་དང་བཅས་པའི་ཕྱིར་དང་བྱེད་པ་མེད་ལ།) རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །གལ་ཏེ་གཟུགས་ཀྱི་ཁམས་ནི་བསམ་གཏན་བཞིས་བསྡུས་པའི་ཕྱིར་ཇི་ལྟར་བཅུ་བདུན་དུ་དབྱེ་ཞེ་ན། གཟུགས་ཀྱི་ཁམས་དེར་བསམ་གཏན་དང་པོ་གསུམ་པོ་སོ་སོའི་ས་སྟེ་རྒྱུ་སྙོམས་འཇུག་གི་སེམས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་དུ་གོམས་པས་འབྲས་བུ་སྐྱེ་བའི་གནས་གཞན་ཡང་ཚངས་པའི་སྡེར་གཏོགས་པས་ཚངས་རིས་པ་དང་། ཚངས་པའི་མདུན་ན་རིག་བྱེད་འདོན་པ་ལྟར་གནས་པས་ཚངས་པའི་མདུན་ན་འདོན་དང་། ཚེ་དང་ཁ་དོག་ལ་སོགས་པ་ཁྱད་པར་འཕགས་ཤིང་ཚངས་པའི་གཙོ་བོ་ཡིན་པའི་ཕྱིར་ཚངས་ཆེན་ཏེ་བསམ་གཏན་དང་པོ་ལ་གསུམ་དང་། གོང་མ་བས་འོད་ཆུང་བས་འོད་ཆུང་དང་། འོད་ཚད་མེད་པས་ཚད་མེད་འོད་དང་། འོད་ཤིན་ཏུ་གསལ་བའི་ཕྱིར་འོད་གསལ་ཏེ་བསམ་གཏན་གཉིས་པ་ལ་གསུམ་དང་། གོང་མ་བས་སེམས་ཀྱི་བདེ་བ་ཆུང་བས་བདེ་ཆུང་དང་། བདེ་བ་ཚད་མེད་པ་དང་ལྡན་པའི་ཕྱིར་ཚད་མེད་བདེ་དང་། བདེ་བ་ཤིན་ཏུ་རྒྱས་པའི་ཕྱིར་བདེ་རྒྱས་ཏེ་བསམ་གཏན་གསུམ་པ་ལ་གསུམ་སྟེ། འདི་ལ་དགེ་ཆུང་ལ་སོགས་པར་བཤད་པ་ནི་ཀུ་ཤ་ལ་ཞེས་བྱ་བ་བདེ་བ་དང་དགེ་བ་གཉིས་ཀ་ལ་འཇུག་པས་ལོཙྪ་བ་རྣམས་ཀྱིས་དགེ་བར་བསྒྱུར་ཏེ། དོན་ནི་ཡིད་ཀྱི་ས་པའི་བདེ་བ་ཡིན་པའི་ཕྱིར་རོ། །
དེས་ན་བསམ་གཏན་དང་པོ་གསུམ་རེ་རེ་ལའང་གསུམ་གསུམ་པ་ཡིན་པའི་ཕྱིར་དང་། བསམ་གཏན་བཞི་པ་ནི་རྒྱུ་ཟག་བཅས་ཀྱིས་བསམ་གཏན་བཞི་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་། དེ་ཉིད་ཟག་མེད་དང་སྤེལ་མ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་དུ་ཆེན་པོ་དང་ཆེས་ཤིན་ཏུ་ཆེན་པོ་ལྔ་སྟེ་བརྒྱད་དུ་བསྒོམས་པའི་བྱེ་བྲག་གིས་འབྲས་བུ་གནས་གཞན་ཡང་འོག་གཞི་སྤྲིན་ལྟར་འདབ་ཆགས་པར་གནས་པ་མེད་པས་སྤྲིན་མེད་དང་། མི་གཡོ་བའི་བསོད་ནམས་ལས་སྐྱེས་པས་བསོད་ནམས་སྐྱེས་དང་། གཟུགས་ཀྱི་ཁམས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བའི་འབྲས་བུ་ཤིན་ཏུ་ཆེ་ཤོས་ཡིན་པའི་ཕྱིར་འབྲས་བུ་ཆེ་ཞེས་བྱ་བ་སོ་སོའི་སྐྱེ་བོའི་གནས་གཞན་གསུམ་དང་། གནས་གཙང་མ་གོང་མ་དག་པས་དམན་པའི་ཕྱིར་མི་ཆེ་བ་དང་། ཉོན་མོངས་པས་གདུང་བ་མེད་པའི་ཕྱིར་མི་གདུང་བ་དང་། ཆོས་མཐོང་བ་བཟང་པའི་ཕྱིར་གྱ་ནོམ་སྣང་བ་དང་། ལྟ་བ་བཟང་པའི་ཕྱིར་ཤིན་ཏུ་མཐོང་བ་དང་། དེའི་གོང་ན་གནས་གཞན་མེད་པའི་ཕྱིར་འོག་མིན་ཞེས་བྱ་བ་འཕགས་པའི་གནས་གཞན་ལྔ་སྟེ་བརྒྱད་པ་ཡིན་པའི་ཕྱིར་རོ། །འཕགས་པའི་གནས་ལྔ་པོ་དག་ལ་སོ་སོའི་སྐྱེ་བོ་དང་མ་འདྲེས་པས་གཙང་མའི་རིས་ཞེས་ཀྱང་བྱའོ། །
འདི་ལ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནི་འགྲེལ་པ་ལས། ཚངས་པའི་མདུན་ན་འདོན་ཁོ་ན་དག་ནི་ཚངས་པ་ཆེན་པོའི་གནས་ཆེས་མཆོག་ཏུ་གྱུར་པ་གཙོ་བོ་གཅིག་པ་གཅིག་སྤགས་པ་བཞིན་དུ་མངོན་པར་གྲུབ་ཀྱིས་གཞན་ནི་མེད་དོ་ཞེས་གྲག་གོ་ཞེས་འབྱུང་བས་མདུན་ན་འདོན་ལས་གནས་གཞན་ཐ་དད་པའི་ཚངས་ཆེན་མེད་པས་གནས་གཞན་བཅུ་དྲུག་ཏུ་འདོད་ལ། ཉི་འོག་པ་དང་མདོ་སྡེ་པ་ནི་གནས་གཞན་ལོགས་པ་ཡིན་པས་བཅུ་བདུན་ཡིན་ནོ་ཞེས་འདོད་དོ། །
ཐེག་ཆེན་པ་ནི་སའི་དངོས་གཞི་ལས། གནས་གཙང་མ་རྣམས་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་ཡོངས་སུ་བསྒོམས་ནས་གང་དུ་སྐྱེ་བའོ་ཞེས་པ་དང་། ཟླ་གསང་ཐིག་ལེ་ལས། གཙང་མའི་གནས་ནི་རྣམ་སྤངས་ནས། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་འཚང་རྒྱ། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་གསུངས་པས་འོག་མིན་གྱི་སྟེང་ནའང་འོག་མིན་ཆེན་པོ་ཞེས་བྱ་བ་ཡོད་དེ། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་ཡིན་ལ། དེ་ཉིད་ལ་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་སྟེ། དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་ཆོས་ཀྱི་སྤྲིན་ལ་ཆོས་ཀྱི་དབང་ཕྱུག་ཐོབ་པའི་ཕྱིར་རོ་ཞེས་སྟོད་འགྲེལ་ལས་བཤད་པའི་ཕྱིར་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བར་བཤད་པའི་ཕྱིར་རོ་ཞེས་བཞེད་དོ། །
མདོ་ལས། བསམ་གཏན་དང་པོ་ལ་ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། གཉིས་པ་ལ་སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། གསུམ་པ་ལ་དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། བཞི་པ་ལ་ཆེ་བ་དང་། ཚུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་ཞེས་བསམ་གཏན་རེ་རེ་ལ་གནས་གཞན་བཞི་བཞིར་བཤད་པའི་དང་པོ་ནི་མདོར་བསྟན་དང་། གཞན་དག་ནི་མིང་གི་རྣམ་གྲངས་ཡིན་པར་སྣང་ངོ་། །སྒྲ་དོན་ནི་གཟུགས་མཆོག་དང་ལྡན་ཞིང་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་བཤད་པ་ནི་གཟུགས་མེད་པའི་ཁམས་ན་ནི་(སྔར་བཤད་པ་ལྟར།) གནས་གཞན་ཐ་དད་པ་ནི་མེད་དོ། །ཅི་སྟེ་ན་གཟུགས་མེད་པའི་ཕྱིར་དང་། གནས་གཞན་ཐ་དད་པའང་གཟུགས་ཀྱིས་ཕྱེ་བའི་ཕྱིར་རོ། །འོན་ཀྱང་(ལུས་)གང་དུ་ཤི་བ་དེ་ཉིད་དུ་གཟུགས་མེད་པའི་ཏིང་ངེ་འཛིན་དང་(གང་ཐོབ་པ་དེ་)ལྡན་པ་ཉིད་དུ་སྐྱེའོ། །
འོ་ན་(མཐོང་པས་)རྣམ་པ་བཞིར་ཇི་ལྟར་འགྱུར་ཞེ་ན། སྔོན་རྒྱུ་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་འཇུག་བསྒོམས་པས་ཁམས་དེར་འབྲས་བུའི་སྙོམས་འཇུག་མི་འདྲ་བར་སྐྱེ་བའི་བྱེ་བྲག་ལས་ནི་ནམ་མཁའ་མཐའ་ཡས་ལ་སོགས་པ་རྣམ་པ་བཞིར་གཞག་གོ། མཚན་ཉིད་ནི་འདོད་གཟུགས་ལས་འདོད་ཆགས་དང་བྲལ་ཞིང་གཟུགས་མེད་ལ་འདོད་ཆགས་དང་བཅས་པའོ། །ཁམས་ཀྱི་དོན་ནི་སྔ་མ་བཞིན་ནོ། །སྒྲ་དོན་ནི་གནས་བརྒྱད་པར་འཆད་པར་འགྱུར་རོ། །གོས་དམར་བ་ལ་སོགས་པའི་སྡེ་པ་གཞན་ནི་གཟུགས་མེད་ནའང་གཟུགས་ཕྲ་བ་ཡོད་པར་འདོད་དེ། དེ་དག་གི་ལྟར་ན་དམན་པ་ལ་དགག་པའི་སྒྲ་སྦྱར་བ་ཡིན་ལ། གནས་གཞན་ཡང་འོག་མིན་གྱི་སྟེང་ན་ཡར་བརྩེགས་ཏེ་ཡོད་པར་ལྟའོ། །གལ་ཏེ་གཟུགས་མེད་ན་གཟུགས་ཅི་ཡང་མེད་པ་ལྟར་ན་སེམས་གང་ལ་བརྟེན་ཞེ་ན། གཟུགས་མེད་པའི་ཁམས་དེར་ནི་རིས་མཐུན་པ་དང་སྲོག་གི་དབང་པོ་ལ་སེམས་ཀྱི་རྒྱུད་ནི་བརྟེན་པར་འདོད་པ་ཡིན་ལ། ཡང་གི་སྒྲས་ནི་ལས་ལ་བརྟེན་པ་གསུང་ངོ་། །སློབ་དཔོན་རྒྱལ་པོའི་སྲས་ནི་ཡང་གི་སྒྲས་སོ་སོའི་སྐྱེ་བོ་དང་། མི་ལྡན་པ་དང་། ཐོབ་པ་དང་། སྐྱེ་བ་ལ་སོགས་པ་བསྡུའོ་ཞེས་འཆད་དོ། །
གལ་ཏེ་འདོད་གཟུགས་ནའང་དེ་དག་ལ་ཇི་ལྟར་མི་བརྟེན་ཞེ་ན། དེ་དག་ཏུ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བས་སྲོག་ལ་སོགས་པ་སྟོབས་ཆུང་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་སུ་ནི་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པས་སྔོན་གྱི་ལས་ཀྱིས་འཕངས་པའི་སྲོག་ལ་སོགས་པ་སྟོབས་ཆེ་བའི་ཕྱིར་དེ་ལ་སེམས་རྟེན་ལ་སེམས་ལའང་དེ་དག་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །མདོ་སྡེ་པ་ནི་སྔོན་གྱི་ལས་ཀྱི་སྟོབས་ཀྱིས་དེར་མིང་བཞིའི་ཕུང་པོ་འགྲུབ་ཀྱི་སྲོག་ལ་སོགས་པའི་རྫས་གཞན་ནི་མི་འདོད་དོ། །དེ་ལའང་གཟུགས་མེད་པའི་མིང་བཞིའི་ཕུང་པོ་རིལ་པོ་རྣམ་པར་སྨིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རྣལ་འབྱོར་སྤྱོད་པ་པས་མིང་བཞིའི་ཕུང་པོ་གཞན་ནི་ཀུན་གཞི་རྣམ་ཤེས་ལ་རྟེན་ལ། ཀུན་གཞི་ནི་སྔོན་གྱི་ལས་ལ་བརྟེན་པ་ཉིད་རིགས་པ་ཡིན་ནོ་ཞེས་འདོད་པ་ཡིན་ནོ། །(འདོད་པ་དང་གཟུགས་དང་མིང་བཞིའི་ཕུང་པོ་ལ་སྲེད་པས་སོ་སོར་བཅད་པས་ཁམས་གསུམ་ཡིན་ལ། འདོད་པ་ན་གནས་རིགས་དུ་མ་ཡོད་ཀྱང་ས་སོ་སོའི་སྲེད་པ་མི་འདྲ་བ་མེད་པས་སའང་གཅིག་གོ། གོང་མ་གཉིས་ནི་སྲེད་པ་མི་འདྲ་བ་བཞི་བཞིས་རིས་སུ་བཅད་པས་སའང་མི་འདྲ་བ་བཞི་བཞི་བྱུང་ངོ་། །)དེ་ལྟར་ན་ཁམས་གསུམ་དུ་རྣམ་པར་བཞག་པ་ཡིན་ནོ། །
འགྲོ་བ་ལྔར་བཤད་པ་ནི་ཁམས་གསུམ་པོ་བཤད་པ་གང་ཡིན་པ་དེར་ནི་དམྱལ་བ་དང་སོགས་པའི་སྒྲས་བཟུང་བ་དུད་འགྲོ་དང་ཡི་དྭགས་དང་ལྷ་དང་མི་སྟེ་འགྲོ་བ་ལྔ་ཡིན་པར་སྲིད་པ་བདུན་བསྟན་པའི་མདོ་ལ་སོགས་པ་ལས་རང་རང་གི་མིང་གིས་བསྟན་ཏོ། །(དེའང་འདོད་པར་བཞི་དང་ལྷའི་ཕྱོགས་གོང་མ་གཉིས་སུ་ནི་ལྷའི་ཕྱོགས་སོ། །)ཁྱད་པར་གྱི་ཆོས་ལ་གཉིས་ལས་དང་པོས་ནི་དེ་ལྟ་བུའི་འགྲོ་བ་ལྔ་པོ་གང་དག་ཡིན་པ་དེ་དག་གི་ངོ་བོ་ཡང་ཉོན་མོངས་པ་ཅན་བསྒྲིབས་པ་དང་མི་དགེ་བ་ཡང་མིན་ལ། ལུང་བསྟན་པ་དགེ་བ་ཡང་མིན་ཏེ། གལ་ཏེ་ཉོན་མོངས་ཅན་དང་དགེ་བ་ཡིན་ན་འཕགས་པ་དང་དགེ་རྩ་ཆད་པ་རྣམས་འགྲོ་བས་མ་བསྡུས་པར་འགྱུར་བའི་ཕྱིར་རོ། །ལ་ལར་དགེ་བ་དང་། ལ་ལར་ཉོན་མོངས་ཅན་དང་། ལ་ལར་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ་ཞེས་བྱ་བའང་མི་རིགས་ཏེ། ཚེ་མ་བརྗེས་པར་འགྲོ་བ་རྣམ་པར་འཕོ་པར་ཐལ་བའི་ཕྱིར་རོ། །འགྲོ་བ་དེ་དག་སེམས་ཅན་ཞེས་བྱ་བ་ཡིན་ཀྱང་བར་སྲིད་ནི་མིན་ཏེ།
སྲིད་པ་བདུན་བསྟན་པའི་མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དྭགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ། །ཞེས་བར་སྲིད་དམྱལ་བ་ལ་སོགས་པ་ལས་ཐ་དད་པར་གསུངས་པའི་ཕྱིར་དང་། གདགས་པ་ལས་ཀྱང་། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི་འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་ཞིག་མ་བསྡུས་ཤེ་ན། སྲིད་པ་བར་མའོ་ཞེས་གསུངས་ལ། ཆོས་ཀྱི་ཕུང་པོ་ལས་ཀྱང་། མིག་གི་ཁམས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་དང་བ་གང་ཡིན་པ་དམྱལ་བ་པའམ། དུད་འགྲོའི་སྐྱེ་གནས་པ་འམ། ཡི་དྭགས་ཀྱི་ཡུལ་པའམ། ལྷའམ། མིའམ། བསྒོམས་པ་ལས་བྱུང་བའམ། སྲིད་པ་བར་མ་པའི་མིག་དང་། མིག་གི་དབང་པོ་དང་། མིག་གི་སྐྱེ་མཆེད་དང་། མིག་གི་ཁམས་སོ་ཞེས་སྲིད་པ་བར་མའི་མིག་དམྱལ་བ་ལ་སོགས་པ་ལས་ཐ་དད་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་མ་བསྒྲིབས་ལུང་མ་བསྟན་དུ་གྲུབ་སྟེ། འགྲོ་བ་དེ་དག་འགྲུབ་པའི་རྒྱུ་ལས་ཀྱི་སྲིད་པ་ལས་ཐ་དད་པར་གསུངས་པའི་ཕྱིར་དང་། ལུང་སིལ་བུ་ལས། གནས་བརྟན་ཤཱ་རིའི་བུས་ཚེ་དང་ལྡན་པ་དམྱལ་བའི་ཟག་པ་རྣམས་མངོན་དུ་གྱུར་པ་ལས་དམྱལ་བ་མྱོང་བར་འགྱུར་བའི་ལས་རྣམས་བྱེད་ཅིང་སྩོགས་པར་འགྱུར་རོ། །ཚེ་དང་ལྡན་པ་ལུས་དང་ངག་དང་ཡིད་ཀྱི་དཀྱིལ་འཁོར་དང་སྐྱོན་དང་སྙིགས་མ་དེ་དག་གི་རྣམ་པར་སྨིན་པ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནི་དམྱལ་བ་དག་ཏུ་སྨིན་པར་འགྱུར་ཏེ། རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཚེ་དང་ལྡན་པ་དེ་ལ་ཆོས་དེ་དག་ལས་མ་གཏོགས་པ་དམྱལ་བ་མི་དམིགས་སོ་ཞེས་གསུངས་པའི་ཕྱིར་ཏེ། ལས་ཀྱིས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ནི་འགྲོ་བར་བཤད་པའི་ཕྱིར་རོ། །(དེའང་རྣམ་སྨིན་ཁོ་ནར་འདོད་པ་དང་། རྒྱས་བྱུང་ཡོད་པར་འདོད་པ་ཡོད་དེ།) གལ་ཏེ་འགྲོ་བ་ལྔ་ཡིན་ན་མདོ་གཞན་དག་ལས་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པ་གང་དག་བཤད་པ་དེ་དག་གང་གིས་བསྡུས་ཤེ་ན། ལྷ་མ་ཡིན་ནི་དྲན་པ་ཉེར་གཞག་ལས་ཡི་དྭགས་ཀྱི་འགྲོ་བར་གཏོགས་པ་དང་། དུད་འགྲོའི་འགྲོ་བར་གཏོགས་པ་རྣམས་སོ། །དེ་ལ་དང་པོའི་བདུད་ཀྱི་རིས་ཀྱི་ཡི་དྭགས་རྣམས་དང་། ཡི་དྭགས་རྫུ་འཕྲུལ་ཆེན་པོ་རྣམས་སོ། །
གཉིས་པ་ནི་རྒྱ་མཚོའི་གཏིང་གི་ས་གཞི་ལ་གནས་པ་སྟེ་རི་རབ་ཀྱི་རྟེན་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པའི་ས་འོག་ན་གནས་སོ་ཞེས་ཡི་དྭགས་དང་དུད་འགྲོར་འདུས་པར་གསུངས་ལ། སློབ་དཔོན་ཐོགས་མེད་ནི་ལྷ་དང་ལོངས་སྤྱོད་འགྲན་བཟོད་པ་དང་གཉེན་ཡང་སྡེབ་པའི་ཕྱིར་ལྷའི་ནང་དུ་འདུས་པར་བཞེད་དེ། ས་ལས། ལྷ་མ་ཡིན་རྣམས་ཀྱང་ལྷའི་འགྲོ་བས་བསྡུས་པ་ཁོ་ནར་ལྟ་བར་བྱའོ། །འོན་ཀྱང་དེ་དག་གཡོ་སྒྱུ་ཤས་ཆེ་བས་ལྷ་རྣམས་བཞིན་དུ་དཀར་པོའི་ཆོས་ཀྱི་སྣོད་དུ་མ་གྱུར་པས་དེའི་ཕྱིར་ཆེད་འགའ་མདོ་གཞན་དག་ལས་འགྲོ་བ་ཐ་དད་པར་བསྟན་ཏོ། །དེ་དག་ལྷ་ཉིད་ཡིན་ཡང་ལྷའི་ཆོས་ཡང་དག་པར་བླངས་ཏེ་གནས་པ་མ་ཡིན་པས་དེའི་ཕྱིར་ལྷ་མ་ཡིན་རྣམས་ཞེས་བྱའོ། །ཞེས་དམན་པ་ལ་དགག་པའི་སྒྲར་བཤད་དོ། །(སའི་སྟོད་འགྲེལ་ལས་སློབ་དཔོན་འདུན་བཟང་ལྷ་མ་ཡིན་ནི་བདེན་པ་མི་རྟོགས་པས་མི་མ་ཡིན་པ་ཞིག་ཏུ་ངེས་པས་ཡི་དྭགས་ཀྱི་འགྲོ་བར་གཏོགས་སོ་ཞེས་པ་ནི་རྟགས་མ་ངེས་པས་མི་རིགས་སོ་ཞེས་སུན་ཕྱུང་ངོ་། །)
སློབ་དཔོན་ཡོན་ཏན་འོད་ནི་ལྷ་དང་ཡི་དྭགས་ཀྱི་འགྲོ་བར་འདུས་པར་འདོད་དེ། ཕུང་པོ་ལྔ་པའི་རྣམ་བཤད་ལས། ལྷ་མ་ཡིན་གྱི་འགྲོ་བ་ནི་ལྷ་དང་ཡི་དྭགས་ཀྱི་འགྲོ་བར་འདུས་པའི་ཕྱིར་གུད་དུ་མ་སྨོས་སོ་ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ནི་ཡབ་དང་སྲས་མཇལ་བ་ལས། སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ་(སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང་། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །ཚངས་པ་ལ་ལྟ་བ་དེ་འབྱུང་བའི་རྒྱུ་ནི་ཁོས་སྨོན་ལམ་བཏབ་མ་ཐག་དེ་དག་སྐྱེས་པས་ལན་ནོ། །)ཞེས་གསུངས་པའི་ཕྱིར་རིས་དྲུག་པ་ཡིན་པར་འདོད་དོ། །དྲི་ཟ་ནི་བར་སྲིད་དང་། ལྷའི་རོལ་མོ་བྱེད་པ་གཉིས་ལས་དང་པོ་ནི་འགྲོ་བས་མ་བསྡུས་ལ། ཕྱི་མ་ནི་ལྷ་ཡིན་ནོ། །གྲུལ་བུམ་དང་ལུས་སྲུལ་པོ་ནི་ཡི་དྭགས་ཤས་ཆེ་ལ་ལྷའི་སྡེར་གཏོགས་པ་དག་ཀྱང་ཡོད་དོ། །ཀླུ་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ནི་དུད་འགྲོའི་ནང་དུ་གཏོགས་སོ། །ཤ་ཟ་དང་སྨྱོ་བྱེད་དང་བརྗེད་བྱེད་དང་མ་མོ་དང་རྡུལ་ཁྲོད་ཀྱི་ཤ་ཟ་ལ་སོགས་པ་ནི་ཡི་དྭགས་སོ། །སྲིན་པོ་ནི་མིའི་བྱེ་བྲག་ཡིན་ལ། གནོད་སྦྱིན་དང་། ཕྱོགས་སྐྱོང་དང་། འཇིག་རྟེན་སྐྱོང་བ་དང་། བདུད་རྣམས་ནི་ཕལ་ཆེར་ལྷའི་སྡེར་གཏོགས་ལ། ཀླུ་དང་ཡི་དྭགས་སུ་གཏོགས་པའང་ཡོད་དོ། །རྣམ་ཤེས་གནས་བ་དང་སེམས་ཅན་གྱི་གནས་བཤད་པ་ནི་འགྲོ་བ་ལྔའི་ཁམས་གསུམ་པོ་འདིར་རྣམ་ཤེས་གནས་པ་བདུན་བཤད་དེ། མདོ་ལས། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་གོ། འདི་ནི་རྣམ་པར་ཤེས་པ་གནས་པ་དང་པོའོ་ཞེས་གསུངས་ཏེ། དེ་ལ་ལུས་དང་འདུ་ཤེས་ཐ་དད་པའི་སེམས་ཅན་ནི་(ངན་སོང་གསུམ་དང་།) མི་རྣམས་དང་། འདོད་པའི་ལྷ་རྣམས་དང་། བསམ་གཏན་དང་པོར་ཕྱིས་སྐྱེས་པ་རྣམས་ཏེ། ལུས་ཀྱང་ཁ་དོག་དང་རྟགས་དང་དབྱིབས་ཐ་དད་པའི་ཕྱིར་དང་། འདུ་ཤེས་ཀྱང་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཐ་དད་པའི་ཕྱིར་རོ། །ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག་གོ། འདི་ནི་རྣམ་པར་ཤེས་པ་གནས་པ་གཉིས་པའོ། །ཞེས་གསུངས་ཏེ། དེ་ལ་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ནི་བསམ་གཏན་དང་པོར་སྔར་སྐྱེས་པ་རྣམས་ཏེ། (སྨྲ་བ་དང་གོས་དང་ཚངས་ཆེན།) ལུས་ཆེ་བ་དང་(འཁོར།) ཆུང་བའི་ཕྱིར་དང་། འདུ་ཤེས་ནི་ཚངས་པ་ཆེན་པོ་ནི་འདི་དག་བདག་གི་འདོད་པ་ལས་བྱུང་ངོ་སྙམ་(དུ་རྒྱུ་འདིས་བྱེད་པར་མཚུངས་)ལ། དེའི་འཁོར་དུ་དང་པོར་སྐྱེས་པ་དེ་དག་ཀྱང་བདག་ཅག་ནི་ཚངས་པ་ཆེན་པོའི་འདོད་པ་ལས་བྱུང་ངོ་སྙམ་དུ་སེམས་པའི་ཕྱིར་རོ། །གལ་ཏེ་ཚངས་པའི་འཁོར་དུ་བྱུང་བ་དེ་དག་གིས་བདག་ཅག་ཚངས་པ་ཆེན་པོའི་སྨོན་པ་ལས་བྱུང་ངོ་ཞེས་ཇི་ལྟར་ཤེས་ཏེ། (དེ་དག་གིས་བསམ་གཏན་གཉིས་པ་ལ་སེམས་ཐོབ་ན་ཚངས་པ་ལ་དམིགས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་སྤངས་བས་འབྱུང་བར་མི་རིགས་ལ། མ་ཐོབ་ན་དམན་པའི་ཡུལ་མཆོག་མ་ཡིན་པས་གཉིས་པའི་སྔོན་གྱི་གནས་དྲན་པར་མི་རིགས་པའི་ཕྱིར་རོ། །)དེ་དག་ནི་བསམ་གཏན་གཉིས་པ་ནས་ཤི་འཕོས་པ་ཡིན་ན་ས་དེ་ན་གནས་པའི་ཚེ་ཚངས་པ་ཆེན་པོ་སྨོན་ལམ་འདེབས་པ་མཐོང་ཡང་འོག་མར་སྐྱེས་པ་ན་དྲན་པ་མེད་པའི་ཕྱིར་ཏེ། དྲན་ན་ནི་ས་འོག་མ་པ་དག་གོང་མ་ལ་དམིགས་པར་ཐལ་བའི་ཕྱིར་རོ། །གོང་མ་ན་གནས་པ་དེའི་ཚེ་ཚངས་པ་ཆེན་པོའི་སྨོན་ལམ་ལས་བདག་ཅག་སྐྱེའོ་ཞེས་འཛིན་པའང་མ་ཡིན་ཏེ། དེ་ནི་ས་གོང་མའི་སེམས་ཅན་ཡིན་པའི་ཕྱིར་ཚངས་པ་ཆེན་པོ་ལ་དམིགས་པའི་རྒྱུ་མ་ཡིན་དུ་འཛིན་པ་མི་སྲིད་པའི་ཕྱིར་རོ། །སྲིད་ཀྱང་གོང་མའི་འདུ་ཤེས་ཡིན་པའི་ཕྱིར་རོ། །
ཁ་ཅིག་ན་རེ་བར་དོའི་ཚེ་སྔོན་ཀྱི་གནས་དྲན་པ་ཡིན་ནོ་ཞེས་ཟེར་བའང་རིགས་པ་མ་ཡིན་ཏེ། བར་དོ་ནི་དུས་ཐུང་བ་ཡིན་པས་ཚངས་པ་ཆེན་པོའི་ཡུན་རིང་པོར་གཅིག་བུར་གནས་པ་མི་མཐོང་བའི་ཕྱིར་དང་། མདོ་ལས། བདག་ཅག་གིས་སེམས་ཅན་འདི་ཚེ་རིང་ཞིང་དུས་རིང་པོར་གནས་པར་མཐོང་ལ་ཞེས་ཡུན་རིང་པོར་གནས་པ་མཐོང་བར་བཤད་པའི་ཕྱིར་རོ་ཞེ་ན། བསམ་གཏན་དང་པོར་སྐྱེས་པ་ན་ས་དེ་པའི་སྔོན་གནས་རྗེས་དྲན་སྐྱེས་ཐོབ་ཀྱིས་སྔོན་ཚངས་པ་ཆེན་པོ་སྨོན་ལམ་འདེབས་པ་དྲན་པའི་ཕྱིར་སྐྱོན་མེད་དེ། གཉིས་ཀའང་བསམ་གཏན་དང་པོའི་ས་པར་མཚུངས་བའི་ཕྱིར་རོ། །ཡང་ན་དེ་ལས་ཐོབ་པའི་ཕྱིར་རོ། །ཞེས་རྒྱལ་པོའི་སྲས་འཆད་དོ། །ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ་ཞེས་གསུངས་ཏེ། དེ་ལ་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ལས་བཟློག་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ནི་བསམ་གཏནགཉིས་པའི་ལྷ་རྣམས་ཏེ། ལུས་ནི་འོད་ཀྱི་རང་བཞིན་དུ་གཅིག་པ་དང་ཁ་དོག་དང་དབྱིབས་དང་རྟགས་ཀྱང་འདྲ་བའི་ཕྱིར་དང། འདུ་ཤེས་ནི་དངོས་གཞིའི་ཡིད་བདེས་སྐྱོན་ཉེར་བསྡོགས་ཀྱི་བཏང་སྙོམས་མངོན་དུ་བྱེད་ལ། ཉེར་བསྡོགས་ཀྱི་བཏང་སྙོམས་ཀྱིས་སྐྱོན་དངོས་གཞིའི་ཡིད་བདེ་མངོན་དུ་བྱེད་པས་ཐ་དད་པའི་ཕྱིར་རོ། །དེ་ལྟ་ན་བསམ་གཏན་གསུམ་པ་རྣམས་ཀྱང་དེར་ཐལ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཡིད་བདེ་ནི་སེམས་གཡོ་བར་བྱེད་པས་མ་ཞི་བས་དེས་སྐྱོ་ལ། བདེ་བ་ནི་ཞི་བ་ཡིན་པས་དེས་མི་སྐྱོ་བའི་ཕྱིར་རོ། །མདོ་སྡེ་པ་ནི་མདོ་ལས་བསམ་གཏན་གཉིས་པར་སྐྱེས་ནས་རིང་དུ་ལོན་པ་འཇིག་ཆགས་ལ་མཁས་པ་རྣམས་ནི་བསྐལ་པ་འཇིག་པ་ན་དང་པོ་མན་ཆད་མེར་འབར་བས་འཇིགས་པ་མེད་པའི་ཕྱིར་དང་། དེར་སྐྱེས་ནས་རིང་པོ་མ་ལོན་པ་འཇིག་ཆགས་ལ་མི་མཁས་པ་རྣམས་ནི་འཇིགས་པ་དང་བཅས་པར་གསུངས་པའི་ཕྱིར་འདུ་ཤེས་ཐ་དད་པར་འདོད་དོ། །
འདི་ལ་མདོ་ལས་འོད་གསལ་གྱི་ལྷ་འབའ་ཞིག་སྨོས་པ་ནི་ཡ་མཐའ་གཟུང་བས་འོད་ཆུང་དང་ཚད་མེད་འོད་ཀྱང་མཚོན་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་དེ་དག་རྣམ་ཤེས་གནས་པ་བདུན་གྱིས་མ་བསྡུས་བར་འགྱུར་རོ། །མདོ་ལས། སེམས་ཅན་གཟུགས་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བཞི་པའོ། །ཞེས་གསུངས་ཏེ། དེ་ལ་ལུས་དང་འདུ་ཤེས་གཉིས་ཀ་གཅིག་པ་ནི་བསམ་གཏན་གསུམ་པའི་ལྷ་རྣམས་ཏེ། ལུས་ནི་ཁ་དོག་དང་དབྱིབས་དང་རྟགས་འདྲ་བའི་ཕྱིར་དང་། འདུ་ཤེས་ནི་སེམས་བདེ་བར་འདྲ་བའི་ཕྱིར་རོ། །འདི་ལའང་མདོ་ལས་དགེ་རྒྱས་འབའ་ཞིག་སྨོས་པ་ནི་འོག་མ་གཉིས་ཀྱང་མཚོན་པའི་ཕྱིར་རོ། །(དེ་ལ་འདུ་ཤེས་དང་པོ་ནི་ཉོན་མོངས་ཅན་དང་། གཉིས་པ་ནི་སྙོམས་འཇུག་གི་དབང་གིས་དགེ་བ་དང་གསུམ་པ་ནི་རྣམ་སྨིན་སྐྱེས་ཀྱི་འདུ་ཤེས་སུ་གཅིག་པ་སྟེ། གཞན་དུ་བཏང་སྙོམས་ཀྱང་ཡོད་དོ་དེ་དག་ནི་གཟུགས་ཅན་གྱི་རྣམ་ཤེས་གནས་པ་བཞིན་ཡིན་ནོ། །)གཟུགས་(དེ་བཞིན་དུ།) ཅན་མ་ཡིན་པ་(ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་ཅི་ཡང་མེད་པའི་སྐྱེ་མཆེད།) གསུམ་པོ་དག་ཀྱང་རྣམ་ཤེས་གནས་པ་ཡིན་ཏེ། མདོ་ལས། སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པའང་ཡོད་དེ། འདི་ལྟ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་དག་གོ། འདི་ནི་རྣམ་པར་ཤེས་པ་གནས་པ་ལྔ་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པའང་ཡོད་དེ། འདི་ལྟ་སྟེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་དག་གོ། འདི་ནི་རྣམ་པར་ཤེས་པ་གནས་པ་དག་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྗོགས་པར་བྱས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་དག་གོ། འདི་ནི་རྣམ་པར་ཤེས་པ་གནས་པ་བདུན་པའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི་རྣམ་ཤེས་གནས་པ་ཞེས་བྱ་སྟེ། དེ་དག་ཏུ་རྣམ་ཤེས་(སྲིད་པའི་ཚུལ་གྱིས་རྟེན་ཅིང་།) རྒྱས་པའི་ཕྱིར་རོ། །
གལ་ཏེ་སེམས་ཀྱི་གནས་གཞན་དག་ཀྱང་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་དེ་དག་ཁོ་ན་རྣམ་ཤེས་གནས་པར་བསྟན་ཞེ་ན། སྔར་སྨོས་པ་དེ་དག་གི་ལྷག་མ་ངན་སོང་གསུམ་དང་བསམ་གཏན་བཞི་པ་དང་སྲིད་རྩེ་བ་རྣམས་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ཏེ། (ངན་སོང་གསུམ་ན་སྡུག་བསྔལ་དང་། བསམ་གཏན་བཞི་པ་ན་འདུ་ཤེས་མེད་པ་པ་རྒྱུ་འབྲས་དང་སྲིད་རྩེ་ན་འགོག་པའི་སྙོམས་འཇུག་གིས་)རྣམ་པར་ཤེས་པ་དེ་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར་དང་། ངན་སོང་རྣམས་སུ་སྡུག་བསྔལ་གྱིས་འཇོམས་པའི་ཕྱིར་དང་། བསམ་གཏན་བཞི་པ་ན་འདུ་ཤེས་མེད་པ་བ་དང་འདུ་ཤེས་མེད་པ་བའི་སྙོམས་འཇུག་དང་། སྲིད་རྩེ་ན་འགོག་པའི་སྙོམས་འཇུག་གིས་རྣམ་ཤེས་འཇོམས་པའི་ཕྱིར་རོ། །
གཞན་ཡང་ངན་སོང་བ་ནི་དེར་གནས་པར་མི་འདོད་པར་གོང་དུ་བསྐྱོད་པར་འདོད་པའི་ཕྱིར་དང་། བསམ་གཏན་བཞི་པའི་སོ་སོའི་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པ་དང་། འཕགས་པ་རྣམས་ནི་གནས་གཙང་མར་བསྐྱོད་པར་འདོད་པའི་ཕྱིར། (དང་གནས་གཙང་བ་རྣམས་མྱང་འདས་སུ་བསྐྱོད་པར་འདོད་པའི་ཕྱིར།) དེ་དག་རྣམ་ཤེས་གནས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་གནས་པ་ནི་གཞན་ན་གནས་པ་དེར་འགྲོ་བར་འདོད་པ་དང་དེར་གནས་པ་གཞན་དུ་བསྐྱོད་པར་མི་འདོད་པ་ཡིན་ན་དེ་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང་། (རྣམ་ཤེས་གནས་པ་ནི་སེམས་གསལ་ལ།) སྲིད་རྩེ་བ་སེམས་ཀྱི་རྒྱུ་བ་མི་གསལ་པའི་ཕྱིར་རོ་ཞེས་འཆད་དོ། །ཡང་སེམས་ཅན་གྱི་གནས་དགུ་བཤད་པ་གང་ཞེ་ན། སྔར་སྨོས་པའི་རྣམ་ཤེས་གནས་པ་བདུན་དང་། སྲིད་པའི་རྩེ་མོ་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་སེམས་ཅན་གྱི་གནས་དགུ་ཡིན་པར་མདོ་ལས་བཤད་(འདི་དག་ཏུ་སེམས་ཅན་རྣམས་རང་དགར་གནས་པས་སོ། །)དོ། །འདི་ལ་འདུ་ཤེས་མེད་པའི་སེམས་ཅན་སྨོས་པས་བསམ་གཏན་བཞི་པ་ཐམས་ཅད་གཟུང་སྟེ། འདུ་ཤེས་མེད་པའང་སེམས་ཅན་གྱི་གནས་མིན་ན་གཞན་ལྟ་ཅི་སྨོས་པའི་ཕྱིར་རོ། །སློབ་དཔོན་འདུན་བཟང་ནི་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པའི་བསམ་གཏན་བཞི་པ་གཞན་རྣམས་ནི་སེམས་ཅན་གྱི་གནས་མ་ཡིན་ཏེ། སྔར་རྣམ་ཤེས་གནས་པ་མ་ཡིན་པར་བཤད་པ་ལྟར་བསམ་གཏན་བཞི་པའི་སོ་སོའི་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པར་འཇུག་པར་འདོད་ལ། འཕགས་པ་ནི་སྤྲིན་མེད་པ་དང་བསོད་ནམས་སྐྱེས་པ་རྣམས་གནས་གཙང་མ་དང་གཟུགས་མེད་དུ་འཇུག་པར་འདོད་ཅིང་། གནས་གཙང་མ་པ་རྣམས་མྱང་འདས་སུ་འཇུག་པར་འདོད་པས་དེ་ན་གནས་འདོད་ཀྱི་བློ་མེད་ཅིང་། དེ་ནས་བསྐྱོད་པར་འདོད་པའི་བློ་དང་ལྡན་པའི་ཕྱིར་རོ། །
འོ་ན་སློབ་དཔོན་གྱིས་འགྲེལ་པ་ལས། གཞན་གང་ཞེ་ན། ངན་སོང་རྣམས་ཏེ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སྒོ་ཙམ་ཞིག་བཤད་པར་ཟད་དོ་ཞེས་འདོད་དོ། །གལ་ཏེ་ངན་སོང་རྣམས་སེམས་ཅན་གྱི་གནས་སུ་ཇི་ལྟར་མི་འགྱུར་ཞེ་ན། དེ་དག་ཏུ་ནི་སེམས་ཅན་སྔོན་གྱི་ལས་ཀྱིས་མི་འདོད་བཞིན་གནས་ཀྱི་རང་དགར་གནས་པ་མེད་པའི་ཕྱིར་སྔར་གྱི་དགུ་ལས་གཞན་ངན་སོང་བ་རྣམས་ནི་སེམས་ཅན་གྱི་གནས་མིན་པར་རིག་པར་བྱ་སྟེ། བཙོན་ར་དང་གཤེད་མ་ལ་སོགས་པ་སེམས་ཅན་གྱི་རང་དགར་དགའ་མགུར་གནས་པའི་གནས་མ་ཡིན་པ་བཞིན་ནོ། །ཡང་མདོ་གཞན་ལས། རྣམ་པར་ཤེས་པ་(འདོད་པར།) གནས་པ་གཟུགས་སུ་ཉེ་བར་འགྲོ་བ་དང་། (གཟུགས་སུ།) ཚོར་བ་དང་། (གཟུགས་མེད་དང་པོ་གསུམ་དུ།) འདུ་ཤེས་དང་(སྲིད་རྩེར།) འདུ་བྱེད་དུ་ཉེ་བར་འགྲོ་བའོ་ཞེས་རྣམ་པར་ཤེས་པའི་གནས་པ་དག་ནི་ཡང་བཞིར་གསུངས་ཏེ། (རྣམ་ཤེས་གནས་པ།) དེ་དག་ཀྱང་རིམ་པ་བཞིན་དུ་ཟག་པ་དང་བཅས་པའི་གཟུགས་ལ་སོགས་པའི་ཕུང་པོ་བཞི་ཡིན་ལ། དེ་ཡང་རང་གི་ས་པ་ཉིད་ཡིན་གྱི་ཟག་མེད་དང་། ས་གཞན་ནི་མ་ཡིན་ཏེ། ཟག་མེད་ནི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པའི་ཕྱིར་དང་། ས་གཞན་ནི་ས་གཞན་གྱི་རྣམ་ཤེས་ཀྱི་རྟེན་དུ་མི་འཐད་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པ་ཁོ་ན་ཡིན་གྱི་རྣམ་ཤེས་མ་ཡིན་པ་ཅི་ཞེ་ན་རྣམ་ཤེས་ནི་རྣམ་པར་ཤེས་པའི་གནས་པར་མ་བཤད་དོ། །ཅི་སྟེ་ན། རྣམ་ཤེས་ནི་གནས་པ་པོ་(ཡིན་པས་རྣམ་ཤེས་ཀྱི་ངོ་བོ་)འབའ་ཞིག་(ནི་གནས་པ་མ་)ཡིན་པའི་ཕྱིར་དང་། གནས་པ་པོ་དང་གནས་ནི་ས་བོན་དང་ཞིང་ལྟར་བརྟེན་པ་དང་རྟེན་ཡིན་པའི་ཕྱིར་དང་། གཅིག་ལ་རྟེན་དང་བརྟེན་པ་འགལ་བའི་ཕྱིར་རོ། །
གལ་ཏེ་རྣམ་ཤེས་གནས་པ་བདུན་དང་གནས་པ་བཞི་པོ་དག་གང་གིས་གང་བསྡུས་ཤེ་ན། དེ་དག་གི་བསྡུ་བ་དཔྱད་ན་མུ་ནི་བཞི་ཡིན་ནོ། །འདི་ལྟར་བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ནི་རྣམ་པར་ཤེས་པ་གནས་པ་བདུན་དུ་གཏོགས་པའི་རྣམ་ཤེས་སོ། །(དེ་ཡང་བདུན་ནི་ཕུང་པོ་ལྔའི་ངོ་བོ་ཡིན་པས་སོ། །)བཞིས་བསྡུས་ལ་བདུན་ཀྱིས་མ་བསྡུས་བ་ནི་ངན་སོང་གསུམ་དང་བསམ་གཏན་བཞི་པ་(ཟག་བཅས་)དང་སྲིད་པའི་རྩེ་མོ་བ་རྣམས་ཀྱི་རྣམ་ཤེས་ལས་གཞན་པའི་ཕུང་པོའོ། །གཉིས་ཀ་ཡིན་པ་ནི་རྣམ་པར་ཤེས་པ་གནས་པ་བདུན་དུ་(གཏོགས་ལ་རྣམ་ཤེས་སུ་མ་)གཏོགས་པའི་ཕུང་པོར་བཞིའོ། །གཉིས་ཀ་མ་ཡིན་པ་ནི་ངན་སོང་གསུམ་དང་བསམ་གཏན་བཞི་པ་དང་སྲིད་རྩེའི་རྣམ་ཤེས་དང་ཟག་པ་མེད་པའོ། །
ད་ནི་དེ་(སེམས་ཅན་)རྣམ་གཞག་གིས་རྒྱས་པར་བཤད་པ་ལ་སེམས་ཅན་གྱི་སྐྱེ་བ་དང་། གནས་པ་དང་། འཆི་བ་བཤད་པ་གསུམ་ལས། དང་པོ་ལའང་གང་དུ་འཇུག་པའི་སྐྱེ་བའི་གནས་ནི་འགྲོ་བ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཁམས་གསུམ་པོ་བཤད་པ་གང་ཡིན་པ་དེར་ནི་སེམས་ཅན་སྐྱེ་བའི་གནས་བཞི་དག་ཏུ་རིག་པར་བྱའོ། །གང་ཞེ་ན་སྒོ་ང་ལས་སྐྱེ་བ་དང་། སོགས་པས་གཟུང་བ་(ནང་མའི་)མངལ་ནས་སྐྱེ་བ་དང་། (ཕྱིས་འབྱུང་བའི་དང་།) དྲོད་གཤེར་(རྒྱུན་ཆགས་)ལས་སྐྱེ་བ་དང་། (མཛེས་པར་སྐྱེ་བ།) རྫུས་ཏེ་སྐྱེ་བའི་སྐྱེ་གནས་(ཅིག་ཅར་ཡན་ལག་དང་ཉིད་ལག་སྐྱེ་བས་རྒྱུ་གཞན་གསུམ་ལ་མི་ལྟོས་)སོ། །དེ་དག་ནི་སེམས་ཅན་རྣམས་སྐྱེ་བའི་གཞི་ཡིན་པའི་ཕྱིར་གནས་སོ། །
སློབ་དཔོན་གང་སྤེལ་ནི་སྐྱེ་གནས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རིགས་ཡིན་གྱི་སྐྱེ་བ་ནི་མ་ཡིན་ནོ། །དེས་ན་སྒོ་ང་ལས་སྐྱེས་པའི་སྐྱེ་གནས་ནི་སྒོ་ང་ལས་སྐྱེས་པའི་རིགས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྐྱེ་གནས་གསུམ་ལའང་སྦྱོར་རོ། །འདི་དག་གི་རང་བཞིན་ཡང་རྗུས་སྐྱེས་ནི་ཕུང་པོ་བཞི་དང་ལྔའི་རང་བཞིན་ཡིན་ལ། །གཞན་གསུམ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །ཐམས་ཅད་ཀྱང་རྣམ་སྨིན་དང་རྒྱས་པའི་རྒྱུད་ཀྱི་རང་བཞིན་ཡིན་ནོ་ཞེས་པ་དང་། སྐྱེ་གནས་ཐམས་ཅད་དུ་སྐྱེས་པ་རྣམས་ལ་འཕགས་པའི་ཆོས་ཐོབ་བའི་གོ་སྐབས་ཡོད་མོད་ཀྱི་འཕགས་པའི་ཆོས་ཐོབ་ཟིན་པ་རྣམས་ནི་སྒོ་ང་དང་དྲོད་གཤེར་སྐྱེས་ཀྱི་སྐྱེ་གནས་དག་ཏུ་མི་སྐྱེའོ་ཞེས་འཆད་དོ། །(སྐྱེ་གནས་དེ་དག་གང་བཟང་ཞེ་ན།) སྒོ་ང་ལས་སྐྱེ་བ་ནི་མངལ་ནས་ཀྱང་སྐྱེ་བའི་ཕྱིར་སྐྱེ་གནས་གཉིས་པ་སྟེ་འདི་ཁོ་ན་དམན་པ་ཡིན་ནོ། །དེ་བས་མངལ་ནས་སྐྱེ་བ་དང་། དེ་བས་དྲོད་གཤེར་ལས་སྐྱེ་བ་དང་། །དེ་བས་ཀྱང་རྫུས་ཏེ་སྐྱེ་བའི་སྐྱེ་གནས་བཟང་ངོ་། །འགྲོ་བ་གང་ན་སྐྱེ་གནས་དུ་ཞིག་ཡོད་ཅེ་ན། མི་དང་དུད་འགྲོ་རྣམས་ནི་སྐྱེ་གནས་རྣམ་པ་བཞི་ག་ལས་སྐྱེ་བ་ཡིན་ཏེ། དེ་ལ་རེ་ཞིག་མི་སྒོ་ང་ལས་སྐྱེ་བ་ནི་གནས་བརྟན་བྲག་དང་ཉེ་བའི་བྲག་དང་། རི་དྭགས་འཛིན་གྱི་མའི་(ས་ག་)བུ་སུམ་ཅུ་རྩ་གཉིས་དང་། རྒྱལ་པོ་ལྔ་ལེན་གྱི་(བཙུན་མོ་ལྷ་ཆེན་ལ་སྒོ་ང་ལྔ་བརྒྱ་སྐྱེས་པ། སྒྲོམ་དུ་བཅུག་ནས་ཆུ་ལ་བསྐུར་བ་ལས་)བུ་ལྔ་བརྒྱ་(བྱུང་བ་)རྣམས་ལྟ་བུའོ། །མངལ་ནས་སྐྱེ་བ་ནི་ད་ལྟར་གྱི་མི་རྣམས་ལྟ་བུའོ། །
དྲོད་གཤེར་ལས་སྐྱེ་བ་ནི་རྒྱལ་པོ་ང་ལས་ནུ་དང་། (དེའི་ཕྲག་པ་གཡས་ལས་སྐྱེས་པ་)མཛེས་པ་དང་། (དེའི་གཡོན་ལས་)ཉེ་མཛེས་དང་། (དེའི་བརླ་གཡས་ལས་)མཛེས་ལྡན་དང་། (དེའི་བརླ་གཡོན་ལས་)མཛེས་ཅན་དང་། (དེའི་བྲང་ལས་སྐྱེས་པ་)བུ་མོ་ཐི་པའི་ཕྲེང་བ་ཅན་དང་། (ཨ་སྨྲའི་སྡོང་པོ་ལས་སྐྱེས་པ་)ཨ་སྨྲ་སྐྱོང་མ་ལ་སོགས་པ་ལྟ་བུའོ། །རྫུས་ཏེ་སྐྱེ་བ་ནི་བསྐལ་པ་དང་(རྒྱལ་པོ་བསྙེན་གནས་པའི་སྤྱི་བོ་ལས་སྐྱེས་པ་)པོའི་མི་རྣམས་དང་། འཕགས་པ་ལྷ་དང་། མཚོ་སྐྱེས་ལ་སོགས་པ་བཞིན་ནོ། །དུད་འགྲོ་ལ་སྐྱེ་གནས་གཞན་དག་ནི་མངོན་དུ་གྱུར་ལ། རྫུས་ཏེ་སྐྱེ་བ་ནི་ཀླུ་དང་ནམ་མཁའ་ལྡིང་རྣམས་ལ་ཡོད་པར་(འདོད་དེ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་ཀླུ་རིགས་སྟོང་རྒྱ་མཚོ་ཆེན་པོ་ན་གནས་སོ། །ནམ་མཁའ་ལྡིང་གི་རིགས་སྟོང་ཤིང་ཤལ་མ་ལི་ལ་གནས་སོ། །དེ་ལ་སྒོ་ང་ལས་སྐྱེས་པ་སྟོང་དང་མངལ་ནས་སྐྱེས་པ་སྟོང་དང་། དྲོད་གཤེར་ལས་སྐྱེས་པ་སྟོང་དང་། རྫུས་ཏེ་སྐྱེ་བ་སྟོང་རྣམས་སོ་ཞེས།) གདགས་པ་ལས་བཤད་དོ། །དམྱལ་བ་རྣམས་དང་ལྷ་རྣམས་དང་སྲིད་པ་བར་མ་རྣམས་ནི་རྫུས་ཏེ་སྐྱེ་བ་འབའ་ཞིག་ཡིན་ལ། ཡི་དྭགས་རྣམས་ནི་མངལ་ནས་སྐྱེ་བའང་ཡིན་ནོ། །འང་གི་སྒྲ་ནི་ཕལ་ཆེར་རྫུས་ཏེ་སྐྱེ་བ་ཡིན་ནོ་ཞེས་བསྡུ་བའོ། །མངལ་ནས་སྐྱེ་བ་ཡོད་པར་ནི་ཡི་དྭགས་མོའི་རྟོགས་པ་བརྗོད་པ་ལས་(ཡི་དྭགས་མོས།) བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་མོ་གཞན་ལྔ་དག། བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད་ཅེས་གནས་བརྟན་མོའུ་དགལ་གྱི་བུ་ལ་སྨྲས་པས་ཤེས་སོ། །གལ་ཏེ་སྐྱེ་གནས་དག་ལས་རྫུས་སྐྱེས་བཟང་(དེ་ལྟ།) ན་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་ལ་དབང་ཐོབ་པ་མངལ་ནས་སྐྱེ་བར་སྟོན་ཞེ་ན། དེ་ནི་(རིགས་བཟང་བར་རློམ་པའི་ཤཱཀྱ།) ཉེ་དུ་རྣམས་ཆོས་ལ་གཟུང་བའི་ཕྱིར་དང་། འཁོར་ལོས་བསྒྱུར་བའི་རིགས་སུ་ཤེས་ནས་གཞན་དེ་ལ་རིམ་གྲོ་བསྐྱེད་དུ་གཞུག་པའི་ཕྱིར་དང་། མི་རྣམས་ཕལ་ཆེར་མངལ་ནས་སྐྱེ་བ་དང་རྗེས་སུ་མཐུན་པར་མཛད་པའི་ཕྱིར་རམ། ཡང་ན་མིར་གྱུར་པ་དག་གིས་ཀྱང་གྲུབ་པ་འདི་འཐོབ་བོ་ཞེས་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །
གཞན་ཡང་(རིགས་དང་གདུང་མེད་ན།) མུ་སྟེགས་ཅན་གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་དག་ཁ་ཟེར་བའི་སྒྱུ་མར་རྟོག་པ་སྤང་པ་དང་། སྐུ་གདུང་རིང་བསྲེལ་བཞག་པའི་ཕྱིར་རོ། (རྫུས་སྐྱེས་ཤི་བ་རྣམས་ཀྱི་ལུས་མི་གནས་པས་དེ་མི་རུང་བས་སོ་ཞེས་ཟེར་རོ། །)དེས་ན་སྐྱེ་གནས་ཐམས་ཅད་ཀྱི་ནང་ན་རྫུས་སྐྱེས་ཁོ་ན་མང་སྟེ། དེ་ནི་འགྲོ་བ་(ལྷ་དམྱལ་)གཉིས་དང་(གཞན་)གསུམ་གྱི་ཕྱོགས་དང་སྲིད་པ་བར་མ་པ་ཐམས་ཅད་ཡིན་པའི་ཕྱིར་རོ། །ད་ནི་གང་གིས་འཇུག་པའི་བར་སྲིད་ལའང་གསུམ་ལས་(དང་པོ་)ངོ་བོ་ནི་འདིར་ཕུང་པོ་(ལྔའི་རྒྱུན་)གང་ཞིག་(ཡུལ་གཞན་དུ་སྐྱེ་བར་བྱ་བའི་ཕྱིར་སྔར་གྱི།) འཆི་སྲིད་དང་གང་དུ་སྐྱེ་བའི་སྲིད་པ་གཉིས་ཀྱི་བར་དུ་འབྱུང་བ་དེ་ནི་སྲིད་པ་བར་མའོ། །དེ་ནི་བགྲོད་པར་བྱ་བའི་ཡུལ་རྣམ་པར་སྨིན་པའི་ཕུང་པོ་ཡོངས་སུ་རྫོགས་པར་མ་ཕྱིན་པའི་ཕྱིར་སྲིད་པ་བར་མ་ལ་བྱུང་བའི་སྲིད་པ་ཞེས་བྱ་བ་ནི་མིན་ཏེ། བྱུང་བ་ནི་སྔོན་དུས་ཀྱི་སྲིད་པ་ཡིན་པའི་ཕྱིར་རོ། །(དབྱེ་ན་ཁམས་ཀྱི་གཉིས་དང་། སས་ལྔ་དང་། གནས་གཞན་གྱི་སོ་བདུན་དང་། རབ་འབྲིང་གིས་སངས་རྒྱས་རང་རྒྱལ་འཁོར་ལོ་བསྒྱུར་བ་གསུམ་དེ་ལས་གཞན་དང་བཞི་ཡིན་ནོ་གསུང་ངོ་། །)གཉིས་པ་སྒྲུབ་བྱེད་ནི་ཕལ་ཆེན་པའི་སྡེ་པ་དག་ནི་འཆི་སྲིད་ནས་སྐྱེ་སྲིད་དུ་འཇུག་པའི་བར་ན་ནི་སྲིད་པ་མེད་དེ། དེས་ན་བར་ཆད་པ་ཁོ་ན་ལས་སྐྱེ་བའི་སྲིད་པར་འཇུག་སྟེ། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྒན་པོའི་དབང་དུ་མཛད་ནས། བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང་། །ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང་། །ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན་ཞེས་སྲིད་པ་གཉིས་ཀྱི་བར་ན་གནས་མེད་པར་བཤད་པའི་ཕྱིར་དང་།
བདུད་སུན་འབྱིན་བྱེད་ཅེས་བྱ་བས་སངས་རྒྱས་འོད་སྲུང་གི་ཉན་ཐོས་མཁས་མགུ་ཞེས་བྱ་བའི་ཀླད་དུ་ཁུ་ཚུར་བསྣུན་པ་ལས་དེས་མ་རངས་པའི་སྐད་ཕྱུང་བ་དང་སྐད་ཅིག་དེ་ཉིད་ལ་རང་གི་ལུས་ཁོ་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བར་བཤད་པའི་ཕྱིར་དང་། །གཞན་ཡང་མདོ་ལས། མཚམས་མེད་པ་ལྔའི་ལས་གང་དག་བྱས་ཤིང་བསགས་ནས་དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེའོ་ཞེས་གསུངས་པའི་ཕྱིར་ཞེས་འདོད་དོ། །དེ་ནི་འཐད་པ་མ་ཡིན་པས་སྐྱེ་བའི་སྲིད་པ་དེ་ནི་འཆི་སྲིད་དང་གཉིས་ཀྱི་བར་ཆད་པ་ལས་འབྱུང་བ་མིན་ཏེ་ཞེས་བྱ་བས་བར་སྲིད་ལས་བྱུང་བ་ཡིན་ནོ་ཞེས་བསྒྲུབ་པར་བྱའོ། །གང་གི་ཕྱིར་ཞེ་ན། ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་ལ་སོགས་པ་བར་མ་ཆད་པར་འབྱུང་བའི་འབྲུའི་རྒྱུན་དང་རྒྱུན་གྱི་འབྲས་བུ་ཉིད་དུ་ཆོས་མཐུན་པའི་ཕྱིར་རོ། །འདི་ནི་རྟགས་དང་དཔེ་ཅིག་ཅར་དུ་སྟོན་པའི་ངག་སྟེ་འབྲུའི་རྒྱུན་བཞིན་ཞེས་བྱ་བ་ནི་དཔེའོ། །དེ་དང་ཆོས་མཐུན་པ་ནི་སྔ་མའི་ཕུང་པོའི་རྒྱུན་གྱི་འབྲས་བུ་ཡིན་པའོ་དེས་ན་གང་ཞིག་རྒྱུན་གྱི་འབྲས་བུ་ཡིན་པ་དེ་ནི་སྔ་མའི་རྒྱུན་མ་ཆད་པ་ལས་སྐྱེས་པའི་འབྲས་བུ་ཡིན་ཏེ་འབྲུའི་རྒྱུན་བཞིན་ནོ། །སྐྱེ་བའི་སྲིད་པའང་རྒྱུན་གྱི་འབྲས་བུ་ཡིན་ནོ་ཞེས་རྒྱུ་སྔོན་དུ་སོང་བ་ཉིད་དུ་སྒྲུབ་པའི་འབྲས་བུའི་རྟགས་ཡིན་ནོ། །
གལ་ཏེ་བར་མ་ཆད་པ་ཡིན་མོད་ཀྱི་བར་སྲིད་ནི་མི་འགྲུབ་སྟེ། འཆི་སྲིད་ཀྱི་རྗེས་ཉིད་དུ་སྐད་ཅིག་མ་གཞན་གྱིས་བར་མ་ཆད་པར་སྐྱེ་སྲིད་འབྱུང་བའི་ཕྱིར་རོ་ཞེ་ན། དེ་ནི་འཐད་པ་མ་ཡིན་ཏེ། འདི་ནས་ཤི་འཕོས་ནས་མནར་མེད་དང་ལྷའི་གནས་ལ་སོགས་པ་ཡུལ་ཐག་རིང་པོར་སྐྱེ་བ་རྣམས་ལ་སྐད་ཅིག་མ་ཙམ་ལ་འགྲོ་བ་མི་རིགས་པའི་ཕྱིར་རོ། །གང་དུ་ཤི་བའི་ཡུལ་དེ་ཉིད་དུ་ཡུལ་གཞན་དང་རིས་གཞན་གྱི་སྲིད་པ་འགྲུབ་པའང་མ་ཡིན་ཏེ། འགྲོ་བ་རྣམས་ཡུལ་ལ་སོགས་པ་འཆོལ་བར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འདི་ནས་ཤི་འཕོས་ནས་སྐྱེ་སྲིད་དུ་སྦྱོར་བའི་ཕུང་པོའི་རྒྱུན་ནི་བར་སྲིད་ཡིན་ནོ། །གལ་ཏེ་ཡུལ་དུས་ཀྱིས་བར་དུ་ཆོད་པ་ལས་ཀྱང་འབྲས་བུ་འབྱུང་བ་མཐོང་སྟེ། སྐྱེས་བུའི་བྱད་བཞིན་ལས་མེ་ལོང་ལ་སོགས་པར་གཟུགས་བརྙན་འབྱུང་བ་བཞིན་ནོ། །དེའི་ཕྱིར་རྟགས་འདི་མ་ངེས་པ་ཡིན་ནོ་ཞེ་ན། མེ་ལོང་གི་ནང་དུ་ནི་གཟུགས་བརྙན་གྱི་གཟུགས་མ་གྲུབ་པའི་ཕྱིར་འཁྲུལ་པའི་དཔེ་མ་ཡིན་(ཞིང་རྟགས་གྲུབ།) ཏེ། ཡུལ་གཅིག་ན་དུས་ལྷན་གཅིག་དུ་མེ་ལོང་དང་གཟུགས་བརྙན་གྱི་གཟུགས་གཉིས་མེད་པའི་ཕྱིར་རོ། །འདི་ལྟར་མེ་ལོང་ལས་ཐ་དད་པའི་གཟུགས་བརྙན་ནི་མ་གྲུབ་སྟེ། མེ་ལོང་གི་ཡུལ་ལས་ཐ་དད་པར་མ་དམིགས་པའི་ཕྱིར་དང་། མེ་ལོང་གི་ཡུལ་ན་ཡོད་ནའང་རྡུལ་ཕྲན་རྣམས་ཐོགས་བཅས་མ་ཡིན་པར་ཐལ་བའི་ཕྱིར་རོ། །མེ་ལོང་ཉིད་བྱད་བཞིན་གྱི་རྣམ་པ་ཅན་དུ་སྐྱེས་སོ་ཞེས་བྱ་བའང་མི་རིགས་ཏེ། ཟུར་ན་གནས་པས་ཀྱང་དེ་དེ་ལྟར་དུ་མཐོང་བར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་བརྙན་ནི་འགའ་ཞིག་གི་འབྲས་བུ་ཉིད་དུ་མ་གྲུབ་སྟེ། རྐྱེན་གྱི་སྟོབས་ཀྱིས་མེད་བཞིན་དུ་སྣང་བའི་ཕྱིར་སྒྲ་བརྙན་ལ་སོགས་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་གཟུགས་བརྙན་གྲུབ་དུ་ཟིན་ཀྱང་རྒྱུན་གྱི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བའི་རྟགས་དང་མི་འདྲ་བའི་ཕྱིར་ན་འཁྲུལ་བའི་དཔེ་མ་ཡིན་ཏེ། གཟུགས་བརྙན་ནི་བྱད་བཞིན་གྱི་རྒྱུན་གྱི་འབྲས་བུ་མིན་པའི་ཕྱིར་དང་། བྱད་བཞིན་དང་མེ་ལོང་གཉིས་ལས་འབྱུང་བའི་ཕྱིར་དང་། སྐྱེ་སྲིད་ནི་བར་སྲིད་ཀྱི་ཕུང་པོའི་རྒྱུན་གཅིག་པུའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེས་ན་འདི་སྐད་དུ་གཟུགས་བརྙན་མ་གྲུབ་པའི་ཕྱིར་རམ། གྲུབ་ཀྱང་བྱད་བཞིན་གྱི་རྒྱུན་གྱི་འབྲས་བུ་མ་ཡིན་པའི་ཕྱིར་རྟགས་ཁྱད་པར་བ་མ་ཞུགས་པས་མ་ངེས་པའི་ཡུལ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། སྐྱེ་སྲིད་བར་སྲིད་གཅིག་པུ་ལས་སྐྱེས་པ་ཞེས་བྱ་བ་ནི་གཙོ་བོའི་རྒྱུའི་དབང་དུ་མཛད་པ་ཡིན་ཏེ། མངལ་ནས་སྐྱེ་བ་དག་བར་དོ་དང་ཕྱིའི་ཁུ་ཁྲག་ལ་སོགས་པ་ལས་ཀྱང་སྐྱེ་བའི་ཕྱིར་དང་། ཁུ་ཁྲག་ལ་སོགས་པ་གཙོ་བོའི་རྒྱུ་ཡིན་ནོ་ཞེས་བྱ་བའང་རིགས་པ་མ་ཡིན་ཏེ། རྫུས་ཏེ་སྐྱེ་བ་རྣམས་ལ་དེ་མེད་ཀྱང་སྐྱེ་བའི་ཕྱིར་རོ། །དེས་ན་རིགས་པས་སྲིད་པ་བར་མ་ཡོད་པ་ཉིད་དུ་ཤེས་སོ། །
ལུང་གིས་བསྒྲུབ་པ་ནི་སྲིད་པ་བདུན་པའི་མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དྭགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་སྟོན་པའི་མགུར་ཉིད་ནས་དངོས་སུ་གསུངས་པའི་ཕྱིར་བར་སྲིད་ཡོད་པར་གྲུབ་བོ། །གལ་ཏེ་མདོ་དེ་མི་འདོན་ནོ་ཞེ་ན། འོ་ན་མངལ་དུ་འཇུག་པའི་མདོ་ལ་སོགས་པ་ལས། གནས་གསུམ་མངོན་དུ་གྱུར་པ་ལས་མའི་མངལ་དུ་བུ་འཆགས་པར་འགྱུར་ཏེ། གསུམ་གང་ཞེ་ན། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་དྲི་ཟ་གསུངས་ཤིང་དྲི་ཟ་ནི་སྲིད་པ་བར་མ་ཡིན་པའི་ཕྱིར་ཏེ། ཅི་སྟེ་དེ་ཡང་དྲི་ཟ་ཞེས་ནི་མི་འདོན་གྱི། ཕུང་པོ་ཞིག་པ(འི་མེད་དགག་གཅིག་གསར་དུ་)ཉེ་བར་གནས་པར་གྱུར་ནའོ་ཞེས་འདོན་ཏོ་ཞེ་ན། དེ་ལྟ་ན་རྔ་ལེན་གྱི་བུའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྔ་ལེན་གྱི་བུ་ལ། རྔ་ལེན་གྱི་བུ་ཁྱོད་ཀྱིས་མཆིས་བྲང་ལ་དྲི་ཟ་ཉེ་བར་གནས་པ་གང་ཡིན་པ་དེ་རྒྱལ་རིགས་སམ། བྲམ་ཟེ་འམ། རྗེའུ་རིགས་སམ། དམངས་རིགས་སམ། འོན་ཏེ་ཤར་ཕྱོགས་ནས་འོངས་པ་ཞིག་གམ། འོན་ཏེ་ལྷོ་དང་ནུབ་དང་བྱང་ནས་འོངས་པ་ཞིག་ཤེས་སམ་ཞེས་གསུངས་པའི་ཕྱིར་ཏེ། ཕུང་པོ་ཞིག་པ་ལ་རིགས་དང་ཕྱོགས་ཀྱི་བརྟག་པ་དང་། དེ་ནི་འོང་བར་ཡང་མི་འཐད་པའི་ཕྱིར་རོ། །ལུང་ཕྲན་ཚེགས་ལས། དགའ་བོ་ཕ་མ་ཆགས་བར་གྱུར་ཅིང་ཕྲད་པ་དང་། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ཅིང་འཇུག་པར་འདོད་ན་སྟེ། དགའ་བོ་དྲི་ཟ་ཞེས་བྱ་བ་དེ་ནི་སྲིད་པ་བར་མ་བའི་སེམས་ཅན་གྱི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འོན་ཏེ་དེ་ཡང་ཁོ་བོ་ཅག་མི་འདོན་ནོ་ཞེ་ན། འོ་ན་ཕྱིར་མི་འོང་བ་ལྔར་གསུངས་པའི་མདོ་ལས་ཤེས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱིར་མི་འོང་བ་ནི་ལྔ་སྟེ། བར་མདོ་དང་། སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བའོ་ཞེས་གསུངས་པའི་བར་མ་དོར་མྱ་ངན་ལས་འདའ་བ་ནི་སྲིད་པ་བར་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཡང་ཁམས་བར་མའམ་བར་མ་དོ་ཞེས་བྱ་བའི་ལྷ་དག་ཅིག་ཡིན་ནོ་ཞེ་ན། དེ་ལྟ་ན་སྐྱེས་ནས་ལ་སོགས་པའང་ལྷ་དག་ཅིག་ཡིན་པར་ཐལ་བར་འགྱུར་རོ། །གཞན་ཡང་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པའི་མདོ་ལས་ཞོགས་མའི་མེ་ཆུང་དུ་མངོན་པར་གྲུབ་བཞིན་དུ་འཆི་བ་དང་། ལྕགས་ཀྱི་ཚྭ་ཚྭ་གནམ་དུ་ཡར་བཞིན་དུ་འཆི་བ་དང་། ལྕགས་ཀྱི་ཚྭ་ཚྭ་གནམ་དུ་ཡར་ནས་ས་ལ་མ་ལྷུང་བ་ཉིད་དུ་འཆི་བར་འགྱུར་བ་ལྟ་བུའི་དཔེ་གསུམ་གྱིས་མཚོན་ནས་བར་མ་དོར་མྱ་ངན་ལས་འདའ་བ་ལ་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་དུ་ཕྱེ་ནས་སྐྱེས་ནས་མྱ་ངན་ལས་འདའ་བ་ལ་སོགས་པ་བཞི་སྟེ་སྐྱེས་བུ་དམ་པའི་འགྲོ་བ་བདུན་གསུངས་པའི་ཕྱིར་ཡང་གྲུབ་སྟེ། ཁམས་བར་མ་དོར་མྱུར་བ་ལ་སོགས་པ་ནི་སྐྱེས་ནས་མྱ་ངན་ལས་འདའ་བ་ལ་སོགས་པ་ཡིན་པའི་ཕྱིར་རོ། །
གཞན་ཡང་ཀྱང་ཞེས་པས་དེ་ལྟ་མ་ཡིན་ན་གཟུགས་མེད་དུའང་བར་མ་དོར་མྱང་འདས་གསུང་བར་འགྱུར་བ་ཞིག་ན་ཉན་ཐོས་ཀྱི་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཉི་ཤུ་པ་ལས་སྤེལ་མ་མཛད་པས། བསམ་གཏན་དག་གིས་བཅུ་ཚན་བཞི། །གཟུགས་མེད་དག་གིས་བདུན་ཚན་གསུམ། །འདུ་ཤེས་ཀྱིས་ནི་དྲུག་ཚན་དུ། །མཛད་ནས་ཚོམས་སུ་ཡང་དག་བསྡེབས་ཞེས་བསམ་གཏན་རེ་རེ་ལ་གནས་གཞན་གསུམ་གསུམ་དང་། སྔར་བཤད་པའི་བར་མདོར་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་རྣམ་པ་ལྔ་དང་། འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང་། སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་བཅུ་བཅུ་དང་། གཟུགས་མེད་དང་པོ་གསུམ་ལ་བར་མ་དོར་མྱ་ངན་ལས་འདའ་བ་མ་གཏོགས་པ་བཞི་བཞི་དང་། གནས་གཞན་ཐ་དད་མེད་པའི་རིས་གཅིག་དང་། འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང་། སེམས་རྣམ་པར་གྲོལ་བ་བདུན་བདུན་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་གོང་དུ་འཕོ་བ་མ་གཏོགས་པ་དྲུག་གསུངས་པས་ཀྱང་གྲུབ་སྟེ། དེ་ལ་འཆི་བ་མེད་པ་ནི་མྱ་ངན་ལས་འདས་པ་དང་། སེམས་རྣམ་པར་གྲོལ་བ་ནི་ཟག་པ་ལས་གྲོལ་བའི་ཡེ་ཤེས་ཏེ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཡིན་པར་མངོན་ནོ། །
དེས་ན་གཟུགས་ཁམས་སུ་བར་མདོར་མྱ་ངན་ལས་འདའ་བ་གསུངས་ལ། གཟུགས་མེད་དུ་མ་གསུངས་པའི་ཕྱིར་ཡང་བར་སྲིད་ཡོད་པར་ཤེས་སོ། །(རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། ཤི་འཕོས་ནས་སེམས་དང་སེམས་བྱུང་རྟེན་མེད་པ་རྣམས་ནི་ཡུལ་གཞན་དུ་ཕྱིན་མི་སྲིད་པའི་ཕྱིར་དང་། རྣམ་པར་འཁྲུལ་བ་ཙམ་ཡིན་པས་བྲག་ཆ་ལྟ་བུར་མི་རུང་། མ་འགགས་པའི་ཕྱིར་གཟུགས་བརྙན་ལྟ་བུར་ཡང་མི་རུང་ངོ་། །མེད་པའི་ཕྱིར་དམིགས་པ་འཛིན་པ་ལྟ་བུར་ཡང་མི་རུང་སྟེ། གང་གི་ཕྱིར་དཔེ་དེ་དག་མི་རུང་བ་དེའི་ཕྱིར་བར་མདོའི་སྲིད་པ་ཡོད་པར་རིག་པར་བྱའོ་ཞེས་གསུངས་སོ། །)བྲམ་ཟེ་ལ་བར་ན་གནས་མེད་པར་བཤད་པ་ནི་སྐྱེ་བ་འདི་དང་ངན་སོང་གི་བར་ན་མཐོ་རིས་ཀྱི་གནས་མེད་པར་བཤད་པ་ཡིན་ལ། བདུད་སུན་འབྱིན་བྱེད་མེ་འབར་བཞིན་པའི་ལུས་ཀྱིས་དམྱལ་བར་སོང་བ་ནི་མཐོང་བའི་ཆོས་ལ་ལུས་འདི་ལ་མེ་འབར་ཏེ་ཤི་ནས་བར་སྲིད་ནས་དམྱལ་བར་སྐྱེ་བར་གསུངས་པ་ལ་དགོངས་པ་ཡིན་ནོ། །(དེ་ཡང་སྐྱེས་ནས་མྱོང་འགྱུར་སྐྱེ་བ་དེ་ཉིད་དུ་སྨིན་པ་མེད་པའི་ཕྱིར་རོ། །)མཚམས་མེད་པ་ལྔའི་ལས་གང་དག་བྱས་ཤིང་བསགས་ནས་དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེའོ་ཞེས་གསུངས་པ་ནི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །
གསུམ་པ་ཁྱད་པར་གྱི་ཆོས་ལ་ཁྱད་པར་གྱི་ཆོས་རྒྱས་པར་བཤད་པ་དང་། །སྐྱེ་གནས་སུ་འཇུག་པའི་ཚུལ་གཉིས་ལས་དང་པོ་ནི་སྲིད་པ་བར་མ་དེ་ནི་སྔོན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བའི་ཤ་ཚུགས་དང་ཆ་བྱད་ཅན་ཡིན་ཏེ། འབྱུང་བར་འགྱུར་བའི་སྔོན་དུས་ཀྱི་སྲིད་པ་དང་བར་སྲིད་གཉིས་འཕེན་པའི་ལས་གཅིག་ལས་སྐྱེས་པའི་ཕྱིར་རོ། །འོ་ན་ཁྱི་མོ་ལ་སོགས་པའི་མངལ་དུ་གནས་པ་དག་ཤི་སྟེ་དམྱལ་བའི་སྲིད་པ་བར་མ་གྲུབ་ན་མངལ་དང་དེ་ན་གནས་པ་གཞན་དག་ཀྱང་འཚིག་པར་འགྱུར་ཏེ། དེའི་སྔོན་དུས་ནི་མེ་འབར་བའི་རྣམ་པ་ཅན་ཡིན་ལ། བར་སྲིད་གང་དུ་ཤི་བ་དེ་ཉིད་དུ་འགྲུབ་པའི་ཕྱིར་རོ་ཞེ་ན་མི་འགྱུར་ཏེ། །རང་རང་གི་ལས་ཀྱིས་མཚམས་བཅད་པའི་ཕྱིར་དང་། སྲིད་པ་བར་མ་ཤིན་དུ་དང་བ་ཡིན་པས་བལྟར་མི་རུང་བ་བཞིན་དུ་རེག་ཏུའང་མི་རུང་བའི་ཕྱིར་རོ། །(དེའི་ཁ་དོག་ནི་ལུང་ཕྲན་ཚེགས་ལ་སོགས་པ་ལས་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་དང་འདོད་པའི་ལྷ་མི་དང་གཟུགས་ཁམས་པ་རྣམས་ཀྱི་བར་སྲིད་ནི་རིམ་པ་ལྟར་སྡོང་དུ་མ་འཚིག་པ་དང་དུ་བ་ཆུ་དང་གསར་ལྟ་བུ་དང་དཀར་པོར་གསུངས་ཤིང་།) ཡང་གལ་ཏེ་བར་སྲིད་གང་དུ་སྐྱེ་བར་འགྱུར་བའི་ཤ་ཚུགས་ཅན་ཡིན་ནོ། །
འོ་ན་འཛམ་བུའི་གླིང་ནས་འོག་མིན་དུ་སྐྱེ་བའི་བར་སྲིད་འཛམ་བུའི་གླིང་དུ་འགྲུབ་པའི་སྐབས་མེད་པར་འགྱུར་ཏེ། བར་སྲིད་ནི་གང་དུ་ཤི་བ་དེར་འགྲུབ་པ་ཡིན་པ་ལ་འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་པ་ཡིན་པའི་ཕྱིར་དང་། གཟུགས་ཁམས་པའི་བར་སྲིད་ལུས་རྫོགས་པར་འགྲུབ་པའི་ཕྱིར་དང་། འཛམ་བུའི་གླིང་ལ་ནི་དཔག་ཚད་དྲུག་སྟོང་དང་ཕྱེད་དང་བཞི་ལས་མེད་པའི་ཕྱིར་རོ་ཞེ་ན། ནམ་མཁའ་ཡངས་ཤིང་རྟེན་འོད་ལྟར་དང་བས་འགར་ཡང་ཐོགས་པ་མེད་པའི་ཕྱིར་རོ། །ཞེས་སློབ་དཔོན་གང་སྤེལ་འཆད་དོ། །དེའི་ཕྱིར་ཀུན་ལས་བཏུས་ལས་ཀྱང་གང་དུ་སྐྱེ་བར་འགྱུར་པ་དེའི་བྱད་གཟུགས་སོ་ཞེས་བཤད་དོ། །དེའི་ཁ་དོག་ནི་ལུང་ཕྲན་ཚེགས་ལས། དེ་ཡང་ཁ་དོག་བཟང་པོ་དང་ངན་པ་རྣམ་པ་གཉིས་ཏེ། སེམས་ཅན་དམྱལ་བ་རྣམས་གྱི་སྲིད་པ་བར་མ་ནི་ཁ་དོག་ངན་པ་དཔེར་ན་སྡོང་པོ་འཚིག་པ་ལྟ་བུའོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱི་སྲིད་པ་བར་མ་ནི་ཁ་དོག་དུ་བ་ལྟ་བུའོ། །ཡི་དྭགས་རྣམས་ཀྱི་ནི་ཁ་དོག་ཆུ་ལྟ་བུའོ། །མི་རྣམས་དང་ལྷ་རྣམས་ཀྱི་ནི་སྲིད་པ་བར་མ་ནི་ཁ་དོག་གསེར་ལྟ་བུའོ། །གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་ནི་དཀར་པོའོ་ཞེས་པ་དང་། ཀུན་ལས་བཏུས་ལས་ཀྱང་། མི་དགེ་བ་བྱེད་པའི་བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་ནི་དཔེར་ན་ཕྱར་བ་ནག་པོའམ་མཚན་མོ་མུན་པ་མུན་ནག་ཏུ་སྣང་བ་ལྟ་བུའོ། །དགེ་བ་བྱེད་པ་ནི་དཔེར་ན་སྣམ་བུ་དཀར་པོའམ་ཟླ་བའི་འོད་དང་བཅས་པའི་མཚན་མོར་སྣང་བ་ལྟ་བུའོ་ཞེས་བཤད་དོ། །
འོ་ན་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པར་ཡུམ་གྱི་རྨི་ལམ་དུ་སྣང་བ་དང་། སློབ་དཔོན་ཆོས་ལྡན་རབ་འབྱོར་གྱིས་ཀྱང་། གླང་ཆེན་དཀར་པོ་མཆེ་བ་དྲུག་ལྡན་པ། །རྐང་བཞི་མཛེས་དང་ལྡན་པར་ཞལ་བཞེས་ནས། །དྲང་སྲོང་གནས་ཤེས་པ་ནི་ཇི་བཞིན་དུ། །ཡུམ་གྱི་ལྷུམས་ཀྱི་གནས་སུ་ཞུགས་པར་གྱུར། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཡུམ་གྱི་རྨང་ལམ་ནི་རྨི་ལམ་གྱི་རྣམ་པ་ཉིད་ཡིན་པའི་ཕྱིར་དང་། སློབ་དཔོན་རྟ་དབྱངས་ཀྱིས་ཀྱང་རྨི་ལམ་དང་རྗེས་སུ་མཐུན་པར་མཛད་པའི་ཕྱིར་ཏེ། དཔེར་ན་མ་ག་ངྷ་བཟང་མོའི་རྟོགས་པ་བརྗོད་པ་ལས། རྒྱལ་པོ་ཀྲི་ཀྲིས་གླང་པོ་ཆེ་ལུས་ཐོན་ནས་མཇུག་མ་སྐར་ཁུང་ལ་ཐོགས་པ་དང་། ཁྲོན་པས་སྐོམ་པ་མ་རྙེད་པའི་མིའི་རྗེས་བསྙགས་ནས་ང་ལ་འཐུང་ཞེས་ཟེར་བ་དང་། ཕྱེ་དང་མུ་ཏིག་མཉམ་པོར་བརྗེ་བ་དང་། ཙན་དན་གོར་ཤིར་ཤ་དང་ཤིང་ཕལ་པ་མཉམ་པོར་བརྗེ་བ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་ཆོམ་རྐུན་པས་ལོངས་སྤྱོད་པ་དང་། གླང་པོ་ཆེའི་ཕྲུག་གུས་སྤོས་ཀྱི་གླང་པོ་ཆེ་སྐྲོད་པ་དང་། སྤྲེའུ་ཞིག་རང་གི་རྒྱབ་མི་གཙང་པས་གོས་པར་གྱུར་པ་དེ་སྤྲེའུ་གཞན་ལ་བཀོད་པར་བྱེད་པ་དང་། སྤྲེའུ་གཅིག་གིས་གཅིག་ལ་དབང་བསྐུར་བ་དང་། མི་བཅོ་བརྒྱད་རས་ཡུག་གཅིག་ལ་བརྩད་པས་ཐམས་ཅད་ཀྱིས་རས་ཡུག་རེ་རེ་ཐོབ་ནས་གཅིག་ཤུལ་དུ་ལུས་པ་དང་། སྐྱེ་བོ་ཕལ་པོ་ཆེ་འཐབ་པ་ཞེས་བྱ་བ(གླང་པོ་ཁྲོན་པ་ཕྱེ་དང་ཙན་དན་ཚལ་། །གླང་ཕྲུག་སྤྲེལ་གཉིས་རས་ཡུག་འཐབ་མོས་ཞེས་པ།) འི་རྨི་ལམ་བཅུ་ཤཱཀྱའི་རྒྱལ་པོའི་ཉན་ཐོས་ཀྱི་རྣམ་པར་ཐར་པའི་མཚན་མ་ཉེ་བར་ཤར་བར་གསུངས་པ་བཞིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་བར་སྲིད་ཀྱང་གཞོན་ནུ་ཐོར་བུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡིན་ལ། མི་གཞན་རྣམས་ཀྱིས་ནི་ལོ་ལྔའམ་དྲུག་གི་ཚད་དུ་ཡོད་ཅིང་། གཟུགས་ཁམས་པའི་ལྷ་རྣམས་ཀྱི་ནི་ལུས་རྫོགས་པ་དང། །ངོ་ཚ་ཤེས་པ་ཤས་ཆེ་བས་གོས་དང་བཅས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་དང་། དགེ་སློང་མ་དཀར་མོ་ནི་འདོད་ཁམས་པ་ཡིན་ཡང་གོས་དང་བཅས་པ་ཡིན་ནོ། །འདོད་ཁམས་ན་སྲིད་པར་བར་མ་གཞན་དག་ནི་ངོ་ཚ་མེད་པ་ཤས་ཆེ་བས་གཅེར་བུ་ཡིན་ནོ། །དྲན་པ་ཉེར་གཞག་ལས་རབ་ཏུ་ཚ་བ་དང་མནར་མེད་ཀྱི་བར་སྲིད་ནི་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པའི་བྱིས་པ་ལོ་བརྒྱད་ལོན་པའི་ཚད་དུ་གསུངས་སོ། །
གལ་ཏེ་སྲིད་པ་བར་མ་སྔོན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བའི་རྣམ་པ་ཅན་ལ་ཡིན་ན་སྔོན་དུས་ཀྱི་སྲིད་པ་ཉིད་གང་ཞེ་ན། སྔོན་དུས་ཀྱི་སྲིད་པ་དེ་ནི་འཆི་བའི་སྲིད་པའི་སྔོན་རོལ་གྱི་སྲིད་པ་ཡིན་ཏེ། སྐྱེ་བའི་སྲིད་པའི་སྐད་ཅིག་མ་ཕན་ཆད་ཀྱི་ཉེར་ལེན་གྱི་ཕུང་པོ་ལྔའི་རྒྱུན་ཉིད་དོ། །དེས་ན་སྲིད་པ་བཞི་ལས་བར་སྲིད་དང་སྔོན་དུས་ཀྱི་སྲིད་པ་ནི་བཤད་ཟིན་ལས། སྐྱེ་བའི་སྲིད་པ་ནི་འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །སྔོན་དུས་ཀྱི་སྲིད་པ་ནི་དེ་ཕན་ཆད་སྐྱེས་ནས་མ་ཤིའི་བར་གྱི་ཕུང་པོ་ལྔའི་རྒྱུན་ནོ། །འཆི་བའི་སྐད་ཅིག་མ་ཐ་མ་ནི་འཆི་བའི་སྲིད་པ་ཡིན་ཏེ། གལ་ཏེ་སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེ་ན་གང་གི་འོག་ཏུ་བར་སྲིད་འབྱུང་བའོ། །དེས་ན་སྐྱེ་སྲིད་དང་འཆི་སྲིད་གཉིས་ནི་སྐད་ཅིག་མ་དང་། སྲིད་པ་གཞན་གཉིས་ནི་རྒྱུན་ཡིན་ནོ། །དེ་ཡང་འདས་པ་ནི་བྱུང་བ་ཡིན་ལ། སྲིད་པ་བར་མ་ནི་འབྱུང་བར་འགྱུར་བའི་སྔོན་དུས་ཀྱི་སྲིད་པའི་ཆ་བྱད་ཅན་ཡིན་ནོ་ཞེས་ཤེས་པར་བྱའོ། །སྲིད་པ་བར་མ་དེ་ཡང་ལྷ་ལ་སོགས་པའི་སྲིད་པ་བར་མར་རེས་མཐུན་པ་དང་། ལྷའི་མིག་རྣམ་པར་དག་པ་བསྒོམས་པ་ལས་བྱུང་བ་རྣམས་ཀྱིས་མཐོང་གི་(བར་སྲིད་འདི་)ཤིན་ཏུ་དང་བས་སྐྱེས་ནས་ཐོབ་པ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་ཀུན་ལས་བཏུས་ལས་ཀྱང་སྐལ་པ་མཉམ་པའི་སེམས་ཅན་རྣམས་ཀྱང་མཐོང་ངོ་ཞེས་བཤད་དོ། །
དེ་ལ་ལྷའི་མིག་རྣམ་པར་དག་པ་ནི་དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་ལས་འབྱུང་བའི་ཐེ་ཚོམ་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རྨུགས་པ་དང་གཉིད་དང་རྒོད་པ་དང་། བརྩོན་འགྲུས་བརྩམ་དྲགས་པ་དང་། སེམས་ཡ་ཡ་བོ་དང་། བག་ཚ་བ་དང་། འདུ་ཤེས་སྣ་ཚོགས་དང་། སྨྲ་བ་མང་པ་དང་། ཧ་ཅངསྒོམ་དྲགས་པ་ཞེས་བྱ་བའི་སྐྱོན་བཅུ་གཅིག་དང་བྲལ་བའོ། །ཁ་ཅིག་ན་རེ་རིས་མཐུན་པ་དང་། དེ་ཡང་ལྷའི་བར་སྲིད་ཀྱིས་འགྲོ་བ་ལྔ་གའི་བར་སྲིད་མཐོང་བ་ནས་མི་དང་ཡི་དྭགས་དང་དུད་འགྲོའི་བར་སྲིད་ཀྱིས་བཞི་དང་གསུམ་དང་གཉིས་དང་དམྱལ་བའི་བར་སྲིད་ཀྱིས་དམྱལ་བའི་བར་སྲིད་ཁོ་ན་མཐོང་བས་གོང་མ་གོང་མའི་སྲིད་པ་བར་མ་དང་(དམན་པའི་ཡུལ་མཆོག་མིན་པར་བསམ་པའོ། །)ལྷའི་མིག་རྣམ་པར་དག་པ་གསུམ་གྱིས་མཐོང་ངོ་ཞེས་ཟེར་རོ། །སྲིད་པ་བར་མ་དེ་ཡང་སྔོན་གྱི་ལས་ཀྱིས་བསྐྱེད་པའི་རྫུ་འཕྲུལ་གྱི་ཤུགས་ཆེན་པོ་དང་ལྡན་པས་ཤིན་ཏུ་མགྱོགས་པ་ཡིན་ནོ། །དེའི་ཕྱིར་འགྲེལ་པ་ལས་ཀྱང་། དེས་ན་འདི་ནི་སངས་རྒྱས་རྣམས་ཀྱིས་ཀྱང་དགག་པར་མི་སྤྱོད་དེ་ལས་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ཡང་རྣམ་པར་སྨིན་པའི་སྙིང་པོ་དང་པོ་ཡིན་པའི་ཕྱིར་རོ། །སྲིད་པ་འཆོལ་བ་ཡིན་པའི་ཕྱིར་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་ལྔ་པོ་ཀུན་ཚང་ཞིང་། རི་དང་བྲག་ལ་སོགས་པ་ལའང་ཐོགས་པ་མེད་པ་དང་ལྡན་པ་ཡིན་ཏེ། རྡོ་བ་དང་བྲག་སྲ་བ་ལ་སོགས་པའི་དཀྱིལ་ནའང་སྲིན་བུ་ལ་སོགས་པ་དམིགས་པའི་ཕྱིར་རོ། །འོན་ཀྱང་མའི་ལྟོ་དང་རྡོ་རྗེའི་གདན་ལ་ཐོགས་སོ་ཞེས་གྲག་གོ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། སྲིད་པ་བར་མ་པ་ནི་ལྟོ་བ་བརྟོལ་ཏེ་འཇུག་པ་མ་ཡིན་གྱི་སྐྱེ་གནས་ཀྱི་སྒོ་ནས་འཇུག་སྟེ། དེ་ཉིད་ཀྱི་ཕྱིར་མཚེམ་ལས་གང་ཕྱིས་བྱུང་བ་དེ་ནི་ཕུ་བོ་ཞེས་བྱའོ། །གང་སྔར་བྱུང་བ་དེ་ནི་ནུ་བོ་ཞེས་བྱའོ་ཞེས་བཤད་དོ། །
ཁ་ཅིག་རིང་བ་ལའང་ཐོགས་པར་འཆད་པ་ནི་མི་རིགས་ཏེ་དྲན་པ་ཉེར་གཞག་ལས་འབྱུང་བ་ཕྲ་མོ་དེ་ལྟར་མེད་ཅིང་ཐོགས་པ་མེད་པས་གང་རི་རབ་ཕུག་ནས་འགྲོ་བའང་བདག་ཉིད་དང་རི་རབ་ལའང་གནོད་པ་མེད་ན་རི་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་འབྱུང་བའི་ཕྱིར་རོ། །ཀུན་ལས་བཏུས་ལས་ཀྱང་། འགྲོ་བ་ལ་ཐགས་ཐོགས་མེད་དོ་ཞེས་འབྱུང་ངོ་། །དམྱལ་བ་ལ་སོགས་པ་འགྲོ་བ་གང་དུ་སྐྱེ་བར་འགྱུར་བའི་སྲིད་པ་བར་མ་གྲུབ་ན་ནི་ལྷ་ལ་སོགས་པའི་བར་སྲིད་གཞན་དུ་མི་བཟློག་ཏེ། ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པ་གྲུབ་ཟིན་པའི་ཕྱིར་རོ། །
འོ་ན་ཤི་འཕོས་པའི་རྗེས་སུ་དགེ་བ་བྱེད་པ་རྣམས་དོན་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དམྱལ་བ་ལ་སོགས་པར་སྐྱེས་ཀྱང་སྡུག་བསྔལ་ཆུང་བ་དང་མྱུར་དུ་ཐར་བ་དང་། དེ་ནས་མཐོ་རིས་སུ་སྐྱེ་བ་ལ་སོགས་པའི་དོན་བྱེད་པའི་ཕྱིར་རོ། །ཀུན་ལས་བཏུས་ལས་ནི། ཅི་སྟེ་ན་ལྡོག་གོ། དེ་ན་གནས་པ་ཡང་ལས་གསོག་གོ་ཞེས་དམྱལ་བ་ལ་སོགས་པའི་སྲིད་པ་བར་མ་གྲུབ་ནས་མིའི་སྲིད་པ་བར་མར་འགྱུར་ཏེ་མིར་སྐྱེ་བ་ལ་སོགས་པའང་ཡོད་པར་བཤད་དེ། དེ་དག་གི་ལུགས་ལ་ནི་ཤི་འཕོས་པའི་དོན་གྱི་དགེ་བ་ནི་ཤིན་དུའང་འབྲས་བུ་དང་བཅས་པ་ཡིན་ནོ། །
འདོད་པའི་བར་སྲིད་དེ་ནི་སྐལ་པ་བཟང་ངན་གྱིས་དྲི་ཞིམ་པ་དང་མི་ཞིམ་པ་ཟ་བའི་ཕྱིར་དེ་ལ་དྲི་ཟ་ཞེས་ཀྱང་བྱའོ། །གཟུགས་ཀྱི་ལྷའི་བར་སྲིད་ནི་དྲི་ཟ་བ་མ་ཡིན་ཏེ། ཁམ་གྱི་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འོ་ན་སྲིད་པ་བར་མ་པ་དེ་དུས་ཇི་སྲིད་ཀྱི་བར་དུ་གནས་ཤེ་ན། བཙུན་པ་དབྱིག་བཤེས་ན་རེ་ཞག་བདུན་དུ་གནས་ལ། གལ་ཏེ་དེའི་ཚེ་སྐྱེ་གནས་ཀྱི་ཚོགས་པ་མ་རྙེད་ན་དེ་ཤི་འཕོས་ནས་ཡང་སྲིད་པ་བར་མར་སྐྱེས་ནས་སྐྱེ་བའི་གནས་འཚོལ་བར་བྱེད་དོ་ཞེས་ཟེར་རོ། །ཀུན་ལས་བཏུས་ལས་ཀྱང་། རེ་ལྟར་ཐོགས་ན་ཞག་བདུན་གནས་ཏེ་དེ་ཚུན་ཆད་ཀྱིས་འཆི་འཕོའོ་ཞེས་བཤད་དེ། གཞན་དག་ནི་ཞག་བདུན་ཕྲག་བདུན་དུ་གནས་སོ་ཞེས་འདོད་དོ། །མདོ་སྡེ་པ་བཙུན་པ་ན་རེ་དེ་ལྟ་བུའི་ངེས་པ་ནི་མེད་དེ་ཇི་སྲིད་སྐྱེ་གནས་ཀྱི་ཚོགས་པ་མ་རྙེད་ཀྱི་བར་དུ་གནས་ལ། དེའི་ཚེ་འཕེན་པ་ལོགས་ཤིག་ན་མེད་དེ། རིས་མཐུན་པ་གཅིག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེའི་ཚེ་ཟད་པས་འཆི་སྲིད་དུའང་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་སྲིད་པ་འཚོལ་བ་ཡིན་པས་དུས་ཐུང་བར་གནས་ཏེ་སྐྱེ་བའི་གནས་སུ་འཇུག་གོ།
འོ་ན་སྐྱེ་བའི་གནས་མ་རྙེད་ན་ཇི་ལྟར་ཞེ་ན། གལ་ཏེ་དེར་ངེས་པར་སྐྱེ་བར་འགྱུར་བ་ཞིག་ཡིན་ན་ནི་དེའི་ལས་ཀྱིས་སྐྱེ་གནས་ཀྱི་ཚོགས་པ་(ཕ་མ་ལ་སོགས།) འདྲེན་ལ། འོན་ཏེ་དེར་སྐྱེ་བར་མ་ངེས་ན་ནི་དེ་ལས་གཞན་པའི་ཡུལ་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་དང་འདྲ་བའི་སྐྱེ་གནས་སུ་འཇུག་པར་འགྱུར་ཏེ་དབྱར་ལྟ་བུ་དུས་ངེས་པ་ཅན་བ་ལང་གི་སྲིད་པ་བར་མ་རང་གི་སྐྱེ་གནས་མ་རྙེད་པ་རྣམས་ནི་དུས་མ་ངེས་པ་བ་མིན་དང་། ཁྱི་རྣམས་ནི་ལྕེ་སྤྱང་དང་། རྟ་རྣམས་ནི་བོང་བུ་དང་། དོམ་རྣམས་ནི་དྲེད་རྣམས་སུ་སྐྱེའོ་ཞེས་ཟེར་རོ། དེ་ལ་ནི་འཕེན་པ་གཅིག་པའི་ཕྱིར་གང་དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་ཅན་ཡིན་ནོ་ཞེས་པས་གནོད་པས་སྔ་མ་ཉིད་འཐད་པ་ཡིན་ནོ། །
གཉིས་པ་སྐྱེ་གནས་སུ་འཇུག་པ་ནི་སེམས་ཅན་དེ་(ལས་ལས་བྱུང་བའི་མིག་གིས་ཐག་རིང་ན་གནས་པའི་རང་སྐྱེ་བའི་གནས་མཐོང་སྟེ།) ཕོར་སྐྱེ་བར་འགྱུར་བ་ཡིན་ན་ནི་ཕ་ལ་སྡང་བ་དང་མ་ལ་(འཁྲིག་པ་བྱ་བར།) ཆགས་པའི་བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་མ་དེ་དང་རྩེ་བ་དང་དགའ་བར་བྱ་བར་འདོད་པས་འགྲོ་བར་བྱ་བའི་ཡུལ་དུ་མངོན་པར་འདོད་པའི་མངལ་དུ་འགྲོ་སྟེ། དེར་སོང་ནས་མའི་ལྟོ་གཡས་ཕྱོགས་སུ་ཁ་རྒྱབ་ཏུ་བསྟན་ཏེ་ཙོག་ཙོག་པོར་སྐྱེའོ། །འོན་ཏེ་མོར་སྐྱེ་བ་ཞིག་ཡིན་ན་མ་ལ་སྡང་བ་དང་། འོན་ཏེ་ཕ་ལ་ཆགས་པའི་བློ་ཕྱིན་ཅི་ལོག་ཏུ་གྱུར་པས་ཕ་དང་རྩེ་བ་དང་དགའ་བར་བྱ་བར་འདོད་པས་འགྲོ་བའི་ཡུལ་མའི་མངལ་དུ་སོང་སྟེ་མའི་ལྟོ་གཡོན་དུ་ཁ་མདུན་ཕྱོགས་སུ་བསྟན་ཏེ་འདུག་གོ། གལ་ཏེ་མ་ནིང་དུ་སྐྱེ་བ་ཡིན་ནའང་བར་སྲིད་ནི་ཕོ་མོ་གང་རུང་ཞིག་ཏུ་ཡོད་དེ། དབང་པོ་ཀུན་ཚང་བར་འདོད་པའི་ཕྱིར་རོ། །དེའི་ཕྱིར་མངལ་དུ་ཞུགས་པ་ན་ཕྱིས་མ་ནིང་གི་ལུས་འཛིན་ཅིང་ཕོ་མོའི་འདོད་ཆགས་གང་དང་ལྡན་པ་བཞིན་དུ་གནས་པར་འགྱུར་རོ། །དེའི་ཕྱིར་གདགས་པ་ལས། དེའི་ཚེ་དྲི་ཟ་ལ་སེམས་གཉིས་ལས་རྗེས་སུ་ཆགས་པ་དང་ལྔན་པའམ་ཁོང་ཁྲོ་བ་དང་ལྡན་པའི་སེམས་གང་ཡང་རུང་བ་ཞིག་མངོན་དུ་གྱུར་པ་ཡིན་ནོ། །ཞེས་པ་དང་། སློབ་དཔོན་གང་སྤེལ་གྱིས་ཀྱང་། འདི་ནི་རང་གི་རིགས་སུ་མངལ་སྐྱེས་སམ། །གལ་ཏེ་སྒོ་ང་ལས་སྐྱེས་འབྱུང་འགྱུར་ན། །དེའི་དུས་སུ་མ་དེ་དང་ནི་ཕ། །སྦྱོར་བ་མཐོང་ནས་དྲེགས་པས་རབ་དགར་འགྱུར། །རྩེ་དགས་དེ་དག་དྲུང་རྒྱུག་ཕ་ཡི་ནི། །ཁུ་ཆུ་དེ་མཐོང་ཀུན་དུ་རྨོངས་པ་ཡིས། །བདག་ཉིད་ཇི་བཞིན་དེ་ལ་ཆགས་འགྱུར་ཏེ། །མོ་ན་མོ་བཞིན་ཕོ་ན་ཕོ་བཞིན་ནོ། །ཞེས་བཤད་དོ། །དེ་ལྟར་མངལ་དུ་ཞུགས་པ་ན་བར་སྲིད་ཐོགས་མེད་འགགས་ནས་རྣམ་སྨིན་ཐོགས་བཅས་འགྲུབ་པར་འགྱུར་རོ། །གལ་ཏེ་ཕ་མའི་མི་གཙང་བ་ལས་དབང་པོ་རྣམས་སྐྱེ་ན་དེ་དག་ཉིད་ལས་སམ། འོན་ཏེ་དེ་དག་ལས་བྱུང་བའི་འབྱུང་བ་གཞན་ཞིག་ལས་ཡིན་ཞེ་ན། ཁ་ཅིག་ན་རེ་དེ་དག་ལས་སྐྱེ་སྟེ། ཁུ་ཁྲག་དབང་པོ་མེད་པ་འགགས་ནས་ནུར་ནུར་པོ་དབང་པོ་དང་བཅས་པ་སྐྱེ་བའི་ཕྱིར་ཏེ། མདོ་ལས། དགེ་སློང་དག་ཁྱེད་ཀྱིས་ནི་ཡུན་རིང་པོར་སྡུག་བསྔལ་དྲག་པ་ཚ་བ་རྩུབ་པ་ཉམས་སུ་མྱོང་ཞིང་དུར་ཁྲོད་བསྐྱེད་དོ། །ཁྲག་གི་ཐིགས་པ་བླངས་སོ་ཞེས་པ་དང་། ཡང་མདོ་གཞན་ལས་ཀྱང་། ཕ་མའི་ནུར་ནུར་པོ་མི་གཙང་བ་ལས་སྐྱེས་པ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཕ་མའི་མི་གཙང་བ་ལས་འབྱུང་བ་གཞན་ཞིག་སྐྱེ་ལ། དེ་ལས་ནི་དབང་པོ་དང་བཅས་པའི་ལུས་སྐྱེ་སྟེ་ལོ་མ་ལས་བྱུང་བའི་སྲིན་བུ་ལ་སོགས་པ་བཞིན་ནོ། །མདོའི་དོན་ནི་མི་གཙང་བ་ལ་བརྟེན་ནས་སྐྱེས་པ་ལ་དེ་སྐད་བརྗོད་པར་ཟད་དོ་ཞེས་ཟེར་རོ། །དེ་དག་ནི་སྐྱེ་གནས་དང་པོ་གཉིས་སུ་འཇུག་ཚུལ་ལོ། །འགྲེལ་པར་གཞན་ལ་ནི་ཅི་རིགས་པར་བརྗོད་པར་བྱའོ་ཞེས་ཟེར་ཏེ། དེ་ལ་རིགས་པ་ནི་འདི་ཡིན་པར་སྣང་ངོ་ཞེས་འབྱུང་བ་ནི་ཆོས་མངོན་པ་བའི་སློབ་དཔོན་དག་སྐྱེ་གནས་ཕྱི་མ་གཉིས་ལ་ནི་ཅི་རིགས་པར་བརྗོད་པར་བྱའོ་ཞེས་ཟེར་བའི་རིགས་པའི་དོན་སློབ་དཔོན་གྱིས་འཆད་པ་ནི་ལས་ཇི་ལྟ་བ་བཞིན་དུ་དྲི་དང་གནས་ལ་མངོན་པར་འདོད་ཅིང་སྲེད་པས་(སྐྱེ་གནས་སུ།) འཇུག་པ(ར་འདོད་པ་)ནི་(རིམ་པ་ལྟར།) སྐྱེ་གནས་(དང་པོ་གཉིས་ལས།) གཞན་དྲོད་གཤེར་སྐྱེས་དང་རྫུས་སྐྱེས་གཉིས་སུ་འཇུག་ཚུལ་ལོ། །གལ་ཏེ་དམྱལ་བར་མེ་འབར་བ་དང་གྲང་བའི་རེག་པ་ལ་མངོན་པར་འདོད་པ་ཇི་ལྟར་འབྱུང་ཞེ་ན། (འདིར་ཡང་།) བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ཏེ་རླུང་དང་ཆར་པ་ལ་སོགས་པས་སྡུག་བསྔལ་བདག་མེ་འབར་བར་འདོད་པ་དང་། ཉི་མ་དང་མེ་ལ་སོགས་པས་གདུངས་པ་དག་བསིལ་བར་འདོད་ནས་རྒྱུག་པའི་ཕྱིར་ཚ་བ་དང་གྲང་བའི་དམྱལ་བར་སྐྱེ་བ་ལེན་ནོ། །སྔོན་གྱི་སློབ་དཔོན་ཐོགས་མེད་ལ་སོགས་པ་ཁ་ཅིག་ནི་སྔར་སྲོག་གཅོད་ལ་སོགས་པ་བྱས་པའི་སེམས་ཅན་དག་རྨི་ལམ་ལྟར་མཐོང་སྟེ། དེ་དག་ལ་ཞུགས་པ་ན་དམྱལ་བར་སྐྱེ་སྟེ།
མདོ་ལས། ཇི་ལྟར་འགྱུར་བས་དེ་མྱོང་ལས། །སྔར་བྱས་པ་ནི་རྨི་ལམ་ལྟར། །སེམས་ཅན་དེ་འདྲ་མཐོང་གྱུར་ནས། །དམྱལ་བར་རབ་ཏུ་རྒྱུག་པར་འགྱུར། །ཞེས་གསུངས་སོ་ཞེས་ཟེར་རོ། །(འོ་ན་ཤའི་ཕུང་པོ་རི་རབ་ཙམ་ཡོད་ན་འབུ་རི་ཙམ་འགྲུབ་འགྱུར་གྱི་བར་སྲིད་དེ་དག་ཤ་དེ་མ་བྱུང་བར་དུ་གང་དུ་གནས་ཤེ་ན། དེ་མ་བྱུང་གི་བར་དུ་སྡོད་པ་ནི་མིན་ཏེ། འདི་ལྟར་སྲིན་བུར་གྱུར་པའི་བར་སྲིད་གྲངས་མེད་པ་ཡོད་དེ། དེ་དག་རང་སྐྱེ་བ་དང་མཐུན་པའི་དྲོད་གཤེར་གྱི་ཚོགས་པ་གང་དང་ཕྲད་པ་དེར་སྐྱེའི་དྲོད་གཤེར་གྱི་ཚོགས་པ་འདི་ཁོ་ན་ལས་སྐྱེ་བའི་ངེས་པ་མེད་པར་མངོན་ནོ། །)སྲིད་པ་བར་མ་དེ་དག་ལས་དམྱལ་བའི་སྲིད་པ་བར་མའི་དབྱིབས་ནི་གཤིན་རྗེའི་ཞགས་པས་བཏགས་ཏེ་སྤྱིའུ་ཚུགས་ཁོ་ནར་འཁྲིད་པ་ཡིན་ཏེ། ཡོངས་སུ་གདུང་བ་དང་བཅས་པ་དང་ཡོངས་སུ་གདུང་བ་མེད་པ་བསྟན་པའི་མདོ་ལས། ཡང་དག་སྡོམ་དང་བཀའ་ཐུབ་ཅན། །དྲང་སོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་ལྟུང་བར་འགྱུར་ཞེས་པ་དང་།
རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། གཞན་ཡང་འདི་ནི་ལོག་གཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུངས་བདག་ཉིད་ཅན། །མནར་མེད་པར་ནི་སྤྱིའུ་ཚུགས་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །ཡི་དྭགས་དང་དུད་འགྲོའི་ནི་སྐས་ལ་འབབ་པ་ལྟ་བུའོ། །མིའི་ནི་ཐང་ལ་འགྲོ་བ་ལྟ་བུའོ། །(ཡི་དྭགས་ཀྱི་ནི་རྒྱབ་ཀྱིས་འགྲོ་བ་ཡང་བཤད་དོ། །)ལྷ་ཡི་ནི་སྟན་ལས་ལྡང་བ་ལྟ་བུར་གྱེན་དུ་འགྲོའོ། །གལ་ཏེ་བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ཞེས་གང་བཤད་པ་དེ་མངལ་དུ་འཇུག་པ་ཐམས་ཅད་ལ་དེ་ལྟར་ངེས་སམ་ཞེ་ན། མ་ངེས་ཏེ། འདི་ལ་རྣམ་པར་དབྱེ་བ་ཡོད་པས་མདོ་དང་ལུང་ཕྲན་ཚེགས་ལས། དགའ་བོ་མངལ་དུ་འཇུག་པ་ནི་བཞི་སྟེ་ཞེས་གསུངས་ཏེ། འདིར་གནས་པ་དང་འབྱུང་བ་འཇུག་པ་མ་ཡིན་ཡང་འཇུག་པ་གཙོ་བོ་ཡིན་པས་དེའི་མིང་གིས་བསྟན་ཏོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །བཞི་གང་ཞེ་ན། དེ་ལ་གཅིག་ནི་མའི་མངལ་དུ་ཤེས་བཞིན་དུ་འཇུག་གོ། གནས་པ་དང་འབྱུང་བ་ནི་མི་ཤེས་པ་དག་གོ། གཞན་དག་ནི་འཇུག་པར་མ་ཟད་གནས་པ་ཡང་ཤེས་བཞིན་དུ་གནས་ལ་འབྱུང་བ་ནི་མི་ཤེས་པ་དག་གོ། ཡང་གཞན་དག་ནི་འཇུག་པ་དང་གནས་པ་ཤེས་བཞིན་དུ་བྱེད་པར་མ་ཟད་འབྱུང་བའང་ཤེས་བཞིན་དུ་འབྱུང་ངོ་། །ཡང་མངལ་དུ་འཇུག་པ་སྔ་མ་གསུམ་ལས་གཞན་དག་ནི་འཇུག་གནས་འབྱུང་བ་ཐམས་ཅད་ལ་རྨོངས་པ་དག་གོ། འདི་ལ་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་འཇུག་གནས་འབྱུང་བ་ལ་རྨོངས་པ་ཁོ་ནའོ། །འདིར་སྐྱེས་པ་ཞེས་བརྗོད་པ་ནི་འབྱུང་འགྱུར་གྱི་མིང་གིས་བསྟན་པ་སྟེ་ཕྱེ་འཐག་ཅེས་ཟེར་བ་བཞིན་ནོ། །དེའི་ཕྱིར་གནས་བརྟན་བྲག་དང་ཉེ་བའི་བྲག་དང་ཡུལ་ལྔ་ལེན་གྱི་རྒྱལ་པོའི་བུ་སྒོང་སྐྱེས་ཀྱི་རང་རྒྱལ་རྣམས་ཀྱང་འཇུག་པ་ལ་སོགས་པ་ལ་རྨོངས་པ་ཡིན་ནོ། །དེས་ན་བློ་ཕྱིན་ཅི་ལོག་གིས་མངལ་དུ་འཇུག་པ་ནི་ཤེས་བཞིན་མ་ཡིན་པར་འཇུག་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །
གཞན་ཡང་ཤེས་བཞིན་མ་ཡིན་པར་མངལ་དུ་འཇུག་པ་ནི་གཉིས་ལས་སེམས་ཅན་དབང་ཆུང་བར་གྲགས་པ་རྣམས་ནི་མའི་མངལ་དུ་འཇུག་པ་ན་རླུངས་ལངས་པའམ་ཆར་པ་འབབ་པའམ་གྲང་བའམ་ཡུལ་ངན་ནམ་སྐྱེ་བོ་ཕལ་པོ་ཆེའི་ཅ་ཅོ་འདོན་བསྙམ་བྱེད་ནས་རྩྭ་ཐིབས་པོའམ་ནགས་ཐིབས་པོའམ་རྩྭ་དང་ལོ་མའི་སྤྱིལ་པོ་དང་ཤིང་དྲུང་ངམ་རྩིག་པའི་དྲུང་དུ་འགྲོའོ་སྙམ་ནས་འཇུག་ལ། གནས་པ་དང་འབྱུང་བ་ནའང་དེ་དག་ཏུ་གནས་པ་དང་དེ་དག་ནས་འབྱུང་བའི་འདུ་ཤེས་དང་མོས་པ་ཕྱིན་ཅི་ལོག་འབྱུང་ངོ་། །སེམས་ཅན་དབང་ཆེ་བར་གྲགས་པ་རྣམས་ནི་འཇུག་པ་ན་ཀུན་དགའ་ར་བའམ་སྐྱེད་མོས་ཚལ་ལམ་ཁང་བཟང་དུ་འཇུག་པའམ། ཁང་པ་བརྩེགས་པའམ། ཁྲི་ལ་འཛེག་གོ་སྙམ་པ་དང་། གནས་པ་དང་འབྱུང་བ་ན་ཡང་དེ་དག་ཏུ་གནས་སོ། །དེ་དག་ནས་འབྱུང་ངོ་སྙམ་དུ་འདུ་ཤེས་དང་མོས་པ་ཕྱིན་ཅི་ལོག་འབྱུང་བའོ། །ཤེས་བཞིན་དུ་འཇུག་པ་ནི་མའི་མངལ་ཉིད་དུ་ཤེས་ནས་དེ་ཉིད་དུ་འཇུག་པ་དང་གནས་པ་དང་དེ་ཉིད་ནས་འབྱུང་བར་ཤེས་པས་ཕྱིན་ཅི་ལོག་གི་འདུ་ཤེས་དང་མོས་པ་མི་འབྱུང་བའོ། །གལ་ཏེ་སྔར་ཕ་མ་ལ་ཆགས་སྡང་གིས་མངལ་དུ་འཇུག་པར་བཤད་བཞིན་དུ་ཡང་འདིར་ནགས་ཐིབས་པོ་དང་ཀུན་དགའ་ར་བ་ལ་སོགས་པར་འཇུག་པའི་ཚུལ་གཞན་བཤད་ཅེ་ན། དེ་ནི་ཆགས་སྡང་གཉིས་ཁོ་ནས་འཇུག་པའི་ངེས་པ་མེད་ཀྱི་འོན་ཀྱང་རྩྭའི་ཐིབས་པོ་དང་ཀུན་དགའ་ར་བ་ལ་སོགས་པར་འདུ་ཤེས་པས་ཀྱང་འཇུག་པར་བསྟན་པའི་ཕྱིར་ཏེ། དེ་ལྟར་བཤད་ན་སྐྱེ་བའི་སྲིད་པ་ཉོན་མོངས་ཅན། རང་གི་ས་པའི་ཉོན་མོངས་ཀུན་ཞེས་པ་འདིའང་འཐད་པར་འགྱུར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །
ཁ་ཅིག་ན་རེ་སྔ་མ་ནི་རང་དང་རིང་པའི་གནས་སྐབས་སུ་ཡིན་ལ། འདི་ནི་རང་དང་ཉེ་བའི་གནས་སྐབས་སུ་ཡིན་ནོ་ཞེས་ཟེར་རོ། །ཡང་འཇུག་པ་ཤེས་ལ་ཕྱི་མ་ལ་གཉིས་མི་ཤེས་པ་དང་། དང་པོ་གཉིས་ཤེས་ལ་འབྱུང་བ་མི་ཤེས་པ་དང་། གསུམ་ག་ཤེས་པ་ཞེས་བྱ་བའི་མངལ་དུ་འཇུག་པ་ནི་གསུམ་དག་སྟེ། དེ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་དང་པོ་དང་། རང་བྱུང་རང་རྒྱལ་དང་(རྗོགས་པའི་)སངས་རྒྱས་བཅོམ་ལྡན་འདས་གཉིས་ནི་གཉིས་པ་དང་གསུམ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁོར་ལོས་བསྒྱུར་བ(འི་བར་སྲིད།) ནི་(བསོད་ནམས་ཀྱི།) ལས་རྒྱ་ཆེ་བའི་ཕྱིར་དང་། རང་སངས་རྒྱས་ནི་བསྐལ་པ་བརྒྱར་གོམས་(ཤིང་དངོས་པོ་དྲུག་ཤེས།) པའི་ཡེ་ཤེས་རྒྱ་ཆེ་བའི་ཕྱིར་དང་། སངས་རྒྱས་ནི་བསོད་ནམས་དང་ཡེ་ཤེས་གཉིས་ཀ་རྒྱ་ཆེ་བའི་ཕྱིར་ན་གོ་རིམ་བཞིན་དུ་སྦྱར་རོ། །(བསྒྱུར་རང་གཉིས་གནས་སྐབས་དེར་མ་ལ་སྲེད་པས་སེམས་ཉོན་མོངས་ཅན་ཡིན་ཡང་ཤེས་བཞིན་ནི་འདུ་ཤེས་དང་མོས་པ་ཕྱིན་ཅི་མ་ལོག་པ་ལ་བརྗོད་དོ། །)དེ་དག་འཇུག་པ་ན་སངས་རྒྱས་ལ་སོགས་པ་མ་ཡིན་ཀྱང་འབྱུང་བར་འགྱུར་བའི་མིང་གིས་བསྟན་པའོ། །སྒོ་ང་ལས་སྐྱེ་བ་དང་གང་ཟག་གསུམ་པོ་དེ་ལ་དམིགས་ཀྱིས་བསལ་བས་སྐྱེ་གནས་གཞན་དག་ལ་ནི་ཤེས་བཞིན་དུ་འཇུག་པ་ལ་སོགས་པ་བཞི་པོ་དེ་ཅི་རིགས་པར་ཡོད་དོ་ཞེས་བྱ་བ་འདི་ཤུགས་ལ་འཕངས་པ་ཡིན་ནོ། །གལ་ཏེ་རང་སངས་རྒྱས་ཀྱིས་འཇུག་གནས་གཉིས་ཤེས་པ་དང་སྒོང་སྐྱེས་རྟག་ཏུ་རྨོངས་པ་གཉིས་འགལ་ཏེ། ལྔ་ལེན་གྱི་རྒྱལ་པོའི་བུ་ལ་སོགས་པ་སྒོང་སྐྱེས་ཡིན་ཡང་རང་སངས་རྒྱས་ཡིན་པའི་ཕྱིར་རོ་ཞེ་ན། འཇུག་གནས་ཤེས་པ་ནི་རང་སངས་རྒྱས་བསེ་རུ་ལྟ་བུའི་དབང་དུ་བྱས་ནས་གསུངས་པ་ཡིན་ལ། སྒོང་སྐྱེས་དེ་དག་ནི་ཚོགས་ན་སྤྱོད་པ་ཡིན་པས་ཉེས་པ་མེད་དོ། །ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཡང་ན་འཇུག་གནས་ཤེས་པ་ནི་མངལ་སྐྱེས་ཀྱི་དབང་དུ་བྱས་པའོ། །(འཇུག་པ་མི་ཤེས་པ་ལ་གཞན་གཉིས་ཤེས་པ་མེད་དོ། །)ད་ནི་བར་དུ་གནས་པའི་ཚུལ་འཆད་པ་ན་ཇི་ལྟར་གནས་པའི་རྟེན་འབྲེལ་དང་། གང་གིས་གནས་པའི་ཟས་བཤད་པ་གཉིས་ལས་དང་པོ་ལ་གསུམ་གྱི་(དང་པོ་)མདོར་བསྟན་པ་ནི་ཆོས་འདི་ལས་ཕྱི་རོལ་པ་རྣམས་ནི་འཆི་སྲིད་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་ནི་བར་སྲིད་མ་ཡིན་ཏེ། དེ་ནི་མི་རྟག་པར་ཁས་བླངས་པའི་ཕྱིར་རོ། །སྐྱེ་བ་གཞན་དུ་འཕོ་བའི་གང་ཟག་མི་རྟག་པ་ཡིན་ན་བདག་ཆད་པ་དང་ལས་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པར་ཐལ་བའི་སྐྱོན་ཡོད་དོ། །དེའི་ཕྱིར་བདག་རྟག་པ་ཉིད་སྐྱེ་བ་གཞན་དུ་འཕོ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་བུའི་སྲིད་པ་གཞན་དུ་འཕོ་བའི་བདག་རྟག་པ་ནི་མེད་དེ། སྐྱེ་སྲིད་ལ་སོགས་པ་ལས་གཞན་དུ་མ་དམིགས་པའི་ཕྱིར་དང་། དེ་དག་གི་བདག་ཉིད་ཡིན་ན་མི་རྟག་པར་ཐལ་བའི་ཕྱིར་ཏེ། དེ་ནི་མི་རྟག་པར་ཚད་མས་གྲུབ་པའི་ཕྱིར་རོ། །འདི་དགག་པ་རྒྱས་པར་ནི་གང་ཟག་དགག་པ་ཉིད་དུ་ཤེས་པར་བྱའོ། །
འོ་ན་འཆི་སྲིད་ནས་ཉིང་མཚམས་སྦྱོར་བ་དེ་གང་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལྔའི་རྒྱུན་ཙམ་ཉིད་དོ། །དེ་ལ་ཙམ་ནི་ལྷག་པ་འགོག་པ་སྟེ། ཕུང་པོ་ཆོས་ཙམ་ལས་མ་གཏོགས་པའི་བདག་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྐྱེ་བ་སྔ་མའི་ཉོན་མོངས་པ་དང་ལས་ཀྱི་མངོན་པར་འདུས་བྱས་པའི་སྲིད་པ་བར་མའི་ཕུང་པོའི་རྒྱུན་གྱིས་ན་སྐྱེ་བ་འདིའི་སྐྱེ་བའི་གནས་སུ་གྱུར་པའི་མངལ་དུ་འགྲོ་སྟེ་སྐྱེ་བའི་སྲིད་པར་མཚམས་སྦྱོར་རོ། །མངལ་དུ་འགྲོ་བས་ནི་དྲོད་གཤེར་ལ་སོགས་པའི་སྐྱེ་གནས་གཞན་དུ་འགྲོ་བའང་མཚོན་པར་བྱེད་དོ། །བར་སྲིད་ཉིད་སྐྱེ་སྲིད་དུ་འཕོ་བ་ནི་མ་ཡིན་ཏེ། བར་དོའི་ཕུང་པོ་ལ་བརྟེན་ནས་སྐྱེ་སྲིད་ཀྱི་ཕུང་པོ་ལྔ་སྐྱེ་བ་དང་། དེ་ལས་དུས་སྔ་མ་དང་། དེ་ལས་འཆི་བ་དང་། དེ་ལས་བར་དོ་དང་། དེ་ལས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་ཕྱིར་ཏེ། དཔེར་ན་མར་མེ་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་བཞིན་དུ་འདིར་ཡང་ཡིན་ནོ། །དེས་ན་བདག་རྟག་པ་མེད་ཀྱང་ཕུང་པོའི་རྒྱུན་མའི་མངལ་དུ་འཇུག་པ་མི་འགལ་ལོ། །དཔེ་འདིས་ནི་ཁ་ཐོན་ལས་ཕ་རོལ་པོ་ལ་རྟོགས་པ་སྐྱེ་བ་དང་། མེ་ལོང་ལས་གཟུགས་བརྙན་དང་། རྒྱ་ལས་འབུར་དང་། མེ་ཤེལ་ལས་མེ་དང་། སྐྱུར་བའི་རོ་ལས་འགྲམ་ཆུ་དང་། ས་བོན་ལས་མྱུ་གུ་འབྱུང་བ་ལ་སོགས་པ་རྟེན་ཅིང་འཕོ་བ་མེད་པའི་དཔེ་གཞན་ཡང་ཤེས་བར་བྱ་སྟེ།
འཕགས་པ་ཀླུ་སྒྲུབ་ཀྱིས། ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་ཐོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་སོ། །དོན་དེ་ཉིད་སྟོང་པ་ཉིད་ཆེན་པོའི་མདོ་ལས་ཀྱང་། ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་གང་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་ཉིང་མཚམས་སྦྱོར་བར་བྱེད་པའི་བྱེད་པ་པོ་ནི་མི་དམིགས་སོ། །དེ་ལ་ཆོས་སུ་བརྡར་བཏགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་དང་། ལུང་ཕྲན་ཚེགས་ལས། བྲམ་ཟེ་རྒྱ་ཤུག་གི་བུའི་དབང་དུ་མཛད་ནས། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས་ཞེས་བྱ་བ་དང་། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་ཀྱང་། ལུས་ལས་ལུས་གཞན་དག་ཏུ་ནི། །ཕྲ་བའི་སྲོག་ནི་འཕོ་ཞེས་གྲག། ཁྱོད་ཀྱི་ལུས་ལས་གཞན་གྱུར་པའི། །སྲོག་ཡོད་པ་ནི་མིན་ཞེས་གསུངས་ཞེས་པ་དང་། བྲམ་ཟེ་འགྲོ་བ་རྣམས་ཀྱི་རྒྱུ། །སྐྱེས་བུ་རྟག་པ་ཡིན་ཞེས་བསྒྲགས། །ཁྱོད་ཀྱིས་རྟག་པ་ཞེས་བྱ་བའི། །རྒྱུ་ནི་ཅི་ཡང་མེད་ཅེས་བསྟན། །ཞེས་པ་དང་། སེར་སྐྱ་དེ་ཉིད་རིག་པས་ནི། །གཙོ་ལས་འགྲོ་བ་སྐྱེ་བར་བཤད། །ཁྱོད་ཀྱིས་འགྲོ་བའི་སྐྱེ་བ་ནི། །ཉོན་མོངས་ལས་ལས་འབྱུང་བར་བསྒྲགས་ཞེས་གསུངས་སོ། །
གལ་ཏེ་བར་སྲིད་ལས་སྐྱེ་སྲིད་འབྱུང་ན་དེ་ལས་ཅི་འབྱུང་ཞེ་ན། སྔོན་གྱི་ལས་དང་ཉོན་མོངས་པས་ཇི་ལྟར་འཕངས་པ་བཞིན་ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། འཁྲང་གྱུར་དང་། རྐང་ལག་འགྱུས་པ་སྟེ། མངལ་གྱི་གནས་སྐབས་ལྔ་དང་། དེ་ལས་སྐྱེ་མཆེད་དྲུག་དོད་པ་དང་། (དེ་ནས་མངལ་ནས་བྱུང་སྟེ།) བྱིས་པ་དང་གཞོན་ནུ་དང་དར་ལ་བབ་པ་དང་དར་ཡོལ་བ་དང་རྒས་པ་ཞེས་བྱ་བ་བཙས་པའི་གནས་སྐབས་ལྔའི་རིམ་གྱིས་ཕུང་པོ་ལྔའི་རྒྱུན་སྐྱེ་སྟེ། གནོད་སྦྱིན་དབང་པོས་ཞུས་པའི་མདོ་ལས། ཇི་ལྟར་རིམ་གྱིས་གོང་བུར་འགྱུར། །ཇི་ལྟར་ལུས་འདི་མངོན་འཕེལ་འགྱུར་ཞེས་གནོད་སྦྱིན་དབང་པོས་ཞུས་པའི་ལན་དུ་དང་པོར་ནུར་ནུར་པོ་ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་སྐྱེ། །མེར་མེར་པོ་ལས་ནར་ནར་(པོ་)སྐྱེ། །ནར་ནར་པོ་ལས་འཁྲང་གྱུར་སྐྱེ། །འཁྲང་ལས་རྐང་ལག་འགྱུས་པ་དང་། །སྐྲ་སྤུ་སེན་མོ་ལ་སོགས་དང་། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་སྐྱེ་བར་འགྱུར་ཞེས་གསུངས་པ་ལྟ་བུའོ། །འདི་དག་ལ་སའི་དངོས་གཞི་ལས་ནི། ནུར་ནུར་པོ་ལ་སོགས་པ་མངལ་ན་གནས་པའི་དུས་དང་། བཙས་ནས་འཁོགས་པའི་བར་སྤྱི་ལ་བཙས་པའི་དུས་དང་། །བཙས་ནས་འགྲོ་བ་དང་རྩེ་མི་ནུས་པ་མན་ཆད་བྱིས་པའི་དུས་དང་། དེ་དག་ནུས་ལ་འདོད་པ་སྤྱོད་མི་ནུས་པའི་བར་ལ་གཞོན་ནུའི་དུས་དང་། འདོད་པ་སྤྱོད་ནུས་ནས་ལོ་སུམ་ཅུ་མན་ཆད་ལང་ཚོའི་དུས་དང་། དེ་ནས་ལོ་ལྔ་བཅུ་མན་དར་ལ་བབ་པའི་དུས་དང་། དེ་ནས་ལོ་བདུན་ཅུ་མན་ཆད་རྒས་པའི་དུས་དང་། དེ་མན་ཆད་འཁོགས་པའི་དུས་སོ་ཞེས་(དུས་བརྒྱད་དུ།) བཤད་དོ། །
དེ་ལྟར་སྐྱེས་ནས་ཉོན་མོངས་པས་ལས་གསོག་ཅིང་ཡང་འཆི་སྲིད་དང་ཚེ་འདིར་བསགས་པའི་ལས་དང་ཉོན་མོངས་པ་རྣམས་ཀྱིས་འཇིག་རྟེན་ཕ་རོལ་ཀྱི་བར་སྲིད་དང་། དེ་ནས་ཡང་དེའི་སྐྱེ་བའི་སྲིད་པར་རིམ་གྱིས་སྐྱེ་བ་དག་ཏུ་འགྲོ་ལ། བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་སྲིད་པའི་རྩ་བ་མ་བཅད་པ་རྣམས་དེ་ནས་ཀྱང་འཆི་འཕོ་དང་སྐྱེ་བར་གཞོལ་བ་ཐུག་པ་མེད་པའི་ཕྱིར་སྲིད་པ་བཞིའི་འཁོར་ལོ་འཁོར་བ་ལ་ནི་ཐོག་མ་དང་ཐ་མའང་མེད་པ་ཡིན་ནོ། །(འཆི་བ་འབྱུང་བར་ཡང་མི་རྟག་པའི་ཚོམས་ལས། ཁ་ཅིག་མངལ་དུ་འཆི་འགྱུར་ཏེ། །དེ་བཞིན་ཁ་ཅིག་བཅས་པ་དང་། །དེ་བཞིན་ཁ་ཅིག་གོག་ཙམ་དང་། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་དང་། །ལ་ལ་གཞོན་དང་ལ་ལ་རྒན། །དར་ལ་བབ་པར་གྱུར་པའི་མི། །རིམ་གྱིས་རབ་ཏུ་འཆིང་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །ཞེས་གསུངས་སོ། །)འདིར་སྐྱེ་བ་སྔ་མ་དང་ཕྱི་མ་སྒྲུབ་པའི་རིགས་པའང་ཤེས་པར་བྱ་སྟེ། རྣམ་འགྲེལ་དང་། ཀ་མ་ལ་ཤཱི་ལའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་ལ་སོགས་པར་རྒྱས་པར་བལྟའོ། །དེས་ན་ཁ་ཅིག་གིས་འཁོར་བ་ཐམས་ཅད་སྟོངས་པར་འགྱུར་རོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། སེམས་ཅན་ལ་མཐའ་ཡོད་པར་ཐལ་བ་ལས་བཟང་པོ་སྤྱོད་པ་ལས། ནམ་མཁའ་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ་ཞེས་གསུངས་པའི་ཕྱིར་རོ། །འཁོར་བ་ལ་མཐའ་ཡོད་པར་འགྱུར་ཏེ། སྣོན་པ་མེད་ལ་འབྲིད་པ་ཡོད་པའི་ཕྱིར་དབུལ་པོའི་ནོར་བཞིན་ནོ་ཞེས་བྱ་བའང་རིགས་པ་མ་ཡིན་ཏེ། ཚད་མེད་པ་རྣམས་ནི་ཕྲི་ཡང་ཟད་པར་མི་འགྱུར་བའི་ཕྱིར་ཏེ་ནམ་མཁའ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་འཁོར་བ་ལ་ཐོག་མ་ནི་སྤྱི་དང་བྱེ་བྲག་ཐམས་ཅད་ལ་མེད་དེ། གང་ཐོག་མ་དང་བཅས་པའི་སེམས་ཅན་དེ་རྒྱུ་མེད་པར་ཐལ་བའི་ཕྱིར་དང་། རྒྱུ་མེད་ན་རེས་འགའ་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །མཐའ་མ་ནི་སྤྱི་ལ་མེད་ལ་བྱེ་བྲག་འགའ་ཞིག་ལ་ཡོད་དོ། །ཞེས་བྱ་བར་འདོད་དེ། ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ་ཞེས་གསུངས་པའི་ཕྱིར་རོ། །
འོ་ན་དགྲ་བཅོམ་པ་མྱ་ངན་ལས་འདའ་ཀ་མའི་སེམས་དེས་སེམས་ཕྱི་མ་སྐྱེད་ན་བྱེ་བྲག་ལའང་མཐའ་མེད་པར་འགྱུར་ལ། མི་བསྐྱེད་ན་དངོས་པོ་མེད་པར་འགྱུར་ཏེ། དོན་བྱེད་པས་སྟོང་པའི་ཕྱིར་རོ་ཞེ་ན། སྡེ་པ་དག་གིས་ནི་སེམས་ཀྱི་རྒྱུན་ཕྱི་མ་མི་བསྐྱེད་པའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དམིགས་རྐྱེན་ལ་སོགས་པ་འགའ་ཞིག་བྱེད་པའི་ཕྱིར་སྐྱོན་གཉིས་ཀ་མེད་དོ་ཞེས་འདོད་དོ། །ཐེག་པ་གོང་མ་པ་དག་ནི་འཁོར་བ་ལས་གྲོལ་བའི་ཡེ་ཤེས་ཀྱི་རྒྱུན་ཕྱི་མ་བསྐྱེད་པའི་ཕྱིར་དང་། འཁོར་བའི་ནང་དུ་ཆུད་པའི་སེམས་ནི་མི་བསྐྱེད་པའི་ཕྱིར་སྐྱོན་དུ་གླེངས་པ་མེད་དོ་ཞེས་ལན་འདེབས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གནས་སྐབས་པའི་རྟེན་འབྲེལ་དང་། ཀུན་ནས་ཉོན་མོངས་པ་གསུམ་དུ་བསྡུ་བ་དང་། རྒྱུ་དང་འབྲས་བུའི་དབྱེ་བ་དང་། མདོའི་དོན་བཤད་པ་དང་། རྒྱུན་ཆགས་པ་དང་། མཚོན་པའི་དཔེ་དྲུག་ལས་དང་པོ་ནི་དེ་ལྟར་ཕུང་པོའི་རྒྱུན་སྐྱེ་བ་སྔ་མ་དང་ད་ལྟར་བ་དང་ཕྱི་མའི་བདག་ཉིད་ཀྱིས་འཁོར་བའི་འཁོར་ལོ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་སུ་འགྱུར་རོ། །
དེ་ཡང་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་གྱི་ཆ་འམ་སྡེ་ཚན་གསུམ་མོ། །དེ་ཡང་ཇི་ལྟར་ཞེ་ན། སྔོན་གྱི་མཐའ་མ་རིག་པ་དང་འདུ་བྱེད་གཉིས་དང་། ཕྱི་མའི་མཐར་སྐྱེ་བ་དང་རྒ་ཤི་གཉིས་དང་། བར་དུ་རྣམ་(མ་རིག་པ་ནས་རྒ་ཤིའི་བར།) ཤེས་དང་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པའི་བར་སྟེ་བརྒྱད་དོ། །དེ་ཡང་འདོད་པའི་སྐྱེ་གནས་དང་པོ་གསུམ་གྱིས་བསྡུས་པའི་ཚེ་ཡོངས་སུ་རྫོགས་པ་དང་ལྡན་པ་ལ་དགོངས་པ་ཡིན་གྱི་རྫུས་སྐྱེས་དང་བར་མ་དོར་འཆི་བ་དང་ཁམས་གོང་མ་གཉིས་ལ་ནི་དེ་ལྟར་མ་ངེས་པའི་ཕྱིར་རོ། །དེ་ལྟ་བུ་དེ་དག་ཀྱང་གང་ཞེ་ན། མ་རིག་པ་ནི་སྐྱེ་བ་སྔོན་(ཚེ་སྔ་)མ་ལ་ཉོན་མོངས་པ་སྤྱོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་(སྟེ་ཉོན་མོངས།) ཡིན་ནོ། །(མ་རིག་པ་ནི་འཕེན་བྱེད་ཡིན་པས་མཐོང་སྤང་ཡིན་ནོ་ཞེས་འདོད་ཀྱང་བདེན་པ་མ་མཐོང་བ་ལ་སྒོམ་སྤང་གི་མ་རིག་པས་ཀྱང་འཕེན་པ་དང་མཐོང་སྤང་རྫོགས་བྱེད་ཀྱི་ལས་སློང་བ་མི་འགལ། མཐོང་ནས་འཕེན་པ་ནི་འཁོར་བ་ལ་སྲེད་པ་ལོག་པའོ། །ཞེས་འཆད་དོ། །སློབ་དཔོན་ཐོགས་མེད་མཐོང་སྒོམ་གཉིས་ཀའི་སྤང་བྱར་འདོད་དོ། །)འདུ་བྱེད་དག་ནི་སྐྱེ་བ་སྔོན་(ཚེ་སྔ་)མ་ལ་(བསོད་ནམས་)དགེ་བ་ལ་སོགས་པའི་ལས་(གསུམ་)སྤྱོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ(སྟེ་ལས་སོ། །)འོ། །རྣམ་ཤེས་ནི་སྐྱེ་བ་འདིར་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་གིས་ཕུང་པོ་ལྔ་ཡིན་ནོ། །(རྣམ་ཤེས་དང་སྐྱེ་བ་གཉིས་སྐད་ཅིག་མ་རེ་རེ་ལ་གཞན་རྣམས་རྒྱུན་ཆགས་པ་ཡིན་ནོ། །)མིང་དང་གཟུགས་ནི་མཚམས་སྦྱར་བའི་སྐད་ཅིག་མ་དེ་ཕན་ཆད་ནས་གཟུང་ནས་སྐྱེ་མཆེད་དྲུག་དོད་ཚུན་ཆད་དེ་སྐྱེ་མཆེད་དྲུག་མ་དོད་ཀྱི་བར་ཏེ། (མངལ་གྱི་གནས་སྐབས་དང་པོ་བཞི་ཡིན་ནོ། །)དེ་ལ་མིང་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་ཡིད་ཀྱི་རྣམ་ཤེས་ཡིན་ཏེ། མིང་ལྟར་ཐོགས་པ་མེད་པའི་ཕྱིར་རོ། །གཟུགས་ནི་མེར་མེར་པོ་ལ་སོགས་པའོ། །(དོད་ནས་སྐྱེ་མཆེད་དྲུག་ཏུ་འཇོག་སྟེ།) སྐྱེ་མཆེད་དྲུག་པོ་དེ་ནི་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་འདུས་ནས་ཡུལ་ལ་ལོངས་སྤྱོད་པ་ཚུན་ཆད་དེ་སྐྱེ་མཆེད་དྲུག་དོད་ནས་དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་མ་འདུས་ཀྱི་བར་གྱི་མིག་ལ་སོགས་པ་དོད་པའི་གནས་སྐབས་(སྟེ་མ་བཙས་ཀྱི་བར་རོ། །)སོ། །(གསུམ་འདུས་ནས་རེག་པར་འཇོག་སྟེ།) རེག་པ་ནི་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པ་ནས་གཟུང་སྟེ་བདེ་བ་དང་སྡུག་བསྔལ་དང་(སོགས་པ།) བཏང་སྙོམས་ཀྱི་རྒྱུ་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་དང་བར་མ་ལ་བླང་དོར་ཤེས་ནུས་པ་ཚུན་ཆད་དོ། །དེ་ཡང་གསུམ་འདུས་ནས་ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ་གཅོད་པར་མི་ནུས་པའི་བར་གྱི་ཕུང་པོ་ལྔའོ། །(སྟེ་སྡུག་བསྔལ་གྱི་རྒྱུར་ཤེས་ན་མེ་ལ་རེག་པའི་དུས་སོགས་སོ། །)ཚོར་(ཡུལ་ལོངས་སྤྱོད་ནུས་ནས་ཚོར་བར་འཇོག་སྟེ།) བ་ནི་ཚོར་བ་གསུམ་གྱི་རྒྱུ་སྤྱོད་ནུས་པ་དེ་ནས་བཟུང་ནས་འཁྲིག་པ་ལ་སྤྱོད་མི་ནུས་པ་ཚུན་ཆད་དེ་དངོས་སུ་མི་སྤྱོད་པའི་བར་གྱི་ཕུང་པོ་ལྔའོ། །(འཁྲིག་སྦྱོད་ནུས་ནས་སྲེད་པར་འཇོག་སྟེ།) སྲེད་པ་ནི་འདོད་ཡོན་གྱི་ལོངས་སྤྱོད་དང་འཁྲིག་པ་ལ་སྤྱོད་ཅིང་ཡུལ་འཚོལ་བ་ལ་མ་ཞུགས་ཀྱི་བར་གྱི་ཆགས་པ་ཅན་གྱི་ཕུང་པོ་ལྔའོ། །ཉེ་བར་ལེན་པ་ནི་སྲེད་པའི་ཡུལ་དུ་གྱུར་པའི་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །(དེ་ནི་ཞིང་ལས་དང་གཉེན་ཐབས་ལ་སོགས་པའི་དུས་ཀྱི་སྲིད་པ་ཕྱི་མའི་ལས་སློང་བྱེད་ཚོར་བའི་རྒྱུ་ལ་དམིགས་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་ཕུང་པོ་ལྔ་ཡིན་ནོ། །)དེ་ནས་དེ་ལྟར་རྒྱུག་པ་དེ་ཡང་སྲིད་སྐྱེ་བ་ཕྱི་མའི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་འབྲས་བུ་འབྱུང་བར་འགྱུར་བའི་རྒྱུ་ལས་དགེ་མི་དགེ་བྱེད་པའི་ཕུང་པོ་ལྔ་པོ་དེ་ཉིད་ནི་སྲིད་པ་ཡིན་ནོ། །འདི་ནས་ཤི་འཕོས་ནས་སྐྱེ་བ་ཕྱི་(བ་སྟེ་འཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུ།) མར་ཉིང་མཚམས་སྦྱོར་བ་དེ་ནི་སྐྱེ་བ་ཡིན་ལ།
འདི་ལ་རྣམ་ཤེས་ཀྱི་ཡན་ལག་(འགྲེལ་པ་ལས་འདི་ལ་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་ནི་ཚེ་གཞན་དུ་སྐྱེ་བ་ཡིན་ནོ་ཞེས་པ་དང་། འདི་ལ་ཡན་ལག་བཞི་པོ་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་གང་དག་ཡིན་པ་དེ་དག་ཉིད་གཞན་དུ་རྒ་ཤི་ཡིན་ནོ་ཞེས་འབྱུང་བས།) གང་ཡིན་པ་དེ་ནི་ཚེ་གཞན་དུ་སྐྱེ་བ་ཡིན་ནོ། །ཞེས་འགྲེལ་པ་ལས་འབྱུང་ངོ་། །ཕྱི་མའི་གནས་སྐབས་ཀྱི་མིང་གཟུགས་ནས་ཚོར་བའི་བར་བཞི་ནི་(ཚེ་འདི་གཞལ་བའི་)རྒ་ཤི་ཡིན་ནོ། །དེ་ལྟ་བུའི་རྟེན་འབྲེལ་དེ་ཡང་སྐད་ཅིག་མ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་ཅན་དང་། གནས་སྐབས་པ་དང་བཞིར་གསུངས་པ་ལས་དེ་ལྟར་བསྟན་པ་འདི་ནི་གནས་སྐབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བར་འདོད་པ་ཡིན་ནོ། །ལོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་སྟེ་འདིའི་དཔྱད་པ་ནི་འོག་ཏུ་བྱའོ། །
གལ་ཏེ་ཕུང་པོ་ལྔ་པ་ཉིད་དུ་ཐམས་ཅད་ངེས་པ་ཡིན་ན་ཅིའི་ཕྱིར་མ་རིག་པ་ལ་སོགས་པར་བསྟན་ཞེ་ན། གནས་སྐབས་དེ་ན་མ་རིག་པ་གཙོ་བོ་ཡིན་པའི་ཕྱིར་ན་གཙོ་བོའི་མིང་གིས་ཡན་ལག་བསྒྲགས་པ་ཡིན་ཏེ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ལའང་རྒྱལ་པོ་བྱུང་ངོ་ཞེས་བརྗོད་པ་བཞིན་ནོ། །དེ་བཞིན་དུ་འདུ་བྱེད་ལ་སོགས་པ་ལའང་ཤེས་པར་བྱའོ། །དེ་ཉིད་ནི་འབྲེལ་བ་ཅན་དང་། རྒྱུན་ཆགས་པའི་རྟེན་འབྲེལ་ཡང་ཡིན་ཏེ། རྒྱུ་དང་འབྲས་བུར་འབྲེལ་བའི་ཕྱིར་དང་། ཚེ་གསུམ་པར་ཚད་མེད་པར་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་རོ། །སྐད་ཅིག་མའི་རྟེན་འབྲེལ་ནི་སྲོག་གཅོད་པ་ལ་སོགས་པའི་ཚེ་ཀུན་ནས་སློང་བ་རྨོངས་པ་ནི་མ་རིག་པ་དང་། སེམས་པ་ལས་འདུ་བྱེད་དང་། ཡུལ་རིག་པ་རྣམ་ཤེས་དང་། དེ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་བཞི་མིང་དང་གཟུགས་དང་། མིག་གི་དབང་པོ་ལ་སོགས་པ་སྐྱེ་མཆེད་དྲུག་དང་། གསུམ་འདུས་པ་རེག་པ་དང་། རེག་པ་ཉམས་སུ་མྱོང་བ་ཚོར་བ་དང་། ཤ་ལ་སོགས་པ་ལ་ཆགས་པ་སྲེད་པ་དང་། དེ་དང་མཚུངས་པར་ལྡན་པའི་ངོ་ཚ་མེད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་རྣམས་ལེན་པ་དང་། དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ནི་སྲིད་པ་དང་། སྔར་མེད་པ་འབྱུང་བ་སྐྱེ་བ་དང་། ཡོངས་སུ་སྨིན་པ་རྒ་བ་དང་། དེ་ཞིག་པ་ཤི་བ་ཞེས་བྱ་བ་རྣམས་སྐད་ཅིག་མ་གཅིག་ལ་ཚང་བར་ཡོད་པའི་ཕྱིར་རོ། །གལ་ཏེ་སེམས་ཅན་མ་ཡིན་པར་སྟོན་པ་ས་བོན་ལས་མྱུ་གུ་ལ་སོགས་པ་འབྱུང་བའང་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནམ། སེམས་ཅན་དུ་སྟོན་པ་མ་རིག་པ་ལ་སོགས་པ་ཁོ་ན་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བར་གསུངས་ཤེ་ན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་གསུམ་པོ་དག་ལ་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏོ། །མ་འོངས་པ་ན་འབྱུང་བ་འགྱུར་རོ། །ད་ལྟར་བདག་ཟས་ནི་འདི་ལྟ་བུ་ཞིག་ཟའོ། །གོས་ནི་འདི་ལྟ་བུ་ཞིག་གྱོན་ནོ་ཞེས་པ་དང་། ཅི་བདག་འདས་པ་ན་བྱུང་ངམ། མ་བྱུང་ངམ། མ་འོངས་པ་ན་འབྱུང་ངམ། མི་འབྱུང་ངམ། ད་ལྟར་གྱི་འདི་ཇི་ལྟ་བུ་ཞིག་སྙམ་དུ་ཐེ་ཚོམ་སྐྱེ་བས་དེ་ལྟ་བུའི་ཐེ་ཚོམ་དང་དེའི་རྒྱུ་བདག་ཏུ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་རོ། །
གཉིས་པ་ཀུན་ནས་ཉོན་མོངས་པ་གསུམ་དུ་བསྡུ་བ་ནི་རྟེན་འབྲེལ་དེ་དག་ལས་ཉོན་མོངས་པ་ནི་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་མོ། །ལས་ནི་འདུ་བྱེད་དང་སྲིད་པ་གཉིས་སོ། །ལས་དང་ཉོན་མོངས་པའི་རྟེན་ཡིན་པའི་ཕྱིར་གཞི་ནི་རྣམ་ཤེས་ལ་སོགས་པ་(གཞན་)ལྔ་དང་སྐྱེ་བ་དང་རྒ་ཤི་གཉིས་ཏེ་བདུན་ནོ། །ཇི་ལྟར་ཡན་ལག་བདུན་པོ་གཞི་ཡིན་པ་དེ་བཞིན་དུ་འབྲས་བུའི་ཡན་ལག་ཀྱང་ཡིན་ནོ། །ལས་དང་ཉོན་མོངས་པ་དེ་དག་ནི་རྒྱུའི་ཡན་ལག་ཀྱང་ཡིན་པས་ཐམས་ཅད་ཀྱང་རྒྱུ་དང་འབྲས་བུའི་ཡན་ལག་གཉིས་སུ་འགྱུར་རོ། །དེའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་རྟེན་འབྱུང་ལས། བཅུ་གཉིས་ཆོས་ནི་གསུམ་དུ་འདུས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན་ཞེས་བཤད་དོ། །
དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྣམ་པ་གཉིས་ཏེ། སྔོན་གྱི་མཐའ་པ་དང་། ཕྱི་མའི་མཐའ་པའོ། །དེ་དག་རེ་རེ་ལ་ཡང་རྒྱུ་དང་འབྲས་བུ་གཉིས་གཉིས་ཡོད་པ་ལས་མ་རིག་པ་དང་འདུ་བྱེད་ནི་སྔོན་གྱི་མཐའ་པའི་རྒྱུ་དང་། རྣམ་ཤེས་ནས་ཚོར་བའི་བར་ནི་འབྲས་བུ་ཡིན་ལ། སྲེད་ལེན་སྲིད་པ་གསུམ་ནི་ཕྱི་མའི་མཐའ་པའི་རྒྱུ་དང་། སྐྱེ་བ་རྒ་ཤི་ནི་འབྲས་བུ་ཡིན་ནོ། །ཀུན་ལས་བཏུས་ལས་ནི། འདུ་བྱེད་གང་ཡིན་པ་དག་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། སྲེད་པ་གང་ཡིན་པ་འདི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུའོ་ཞེས་ཀུན་གཞི་རྣམ་ཤེས་ལས་ཀྱི་བག་ཆགས་འཛིན་པའི་ཆ་ནས་ལས་སུ་བཤད་དོ། །དེ་བཞིན་དུ་དེ་ཉིད་ལས། འཕེན་པའི་ཡན་ལག་དང་། འཕངས་པའི་ཡན་ལག་དང་། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་། མངོན་པར་གྲུབ་པའི་ཡན་ལག་དང་བཞིར་བཤད་དེ། དེ་ལ་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་གསུམ་ནི་འཕེན་པའི་ཡན་ལག་ཡིན་ཏེ། མ་རིག་པས་ཀུན་ནས་བསླང་བའི་ལས་ཀྱི་བག་ཆགས་སེམས་ལ་བསྒོས་ནས་མིང་གཟུགས་ལ་སོགས་པ་འཕེན་པའི་ཕྱིར་རོ། །མིང་གཟུགས་ནས་ཚོར་བའི་བར་བཞི་ནི་འཕངས་པའི་ཡན་ལག་ཡིན་ཏེ། དེ་དག་ནི་ལས་ཀྱི་བག་ཆགས་ལས་སྐྱེས་པས་རྣམ་ཤེས་ཀྱིས་དངོས་དང་སྔ་མ་གཉིས་ཀྱིས་བརྒྱུད་ནས་འཕངས་པའི་ཕྱིར་རོ། །སྲེད་ལེན་སྲིད་པ་གསུམ་ནི་མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་ཡིན་ཏེ། སྐྱེ་བ་དངོས་སུ་འགྲུབ་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་གཉིས་ནི་མངོན་པར་གྲུབ་པའི་ཡན་ལག་ཡིན་ཏེ། སྲེད་ལེན་སྲིད་པ་གསུམ་ལས་གྲུབ་པའི་ཕྱིར་རོ། །
གསུམ་པ་རྒྱུ་དང་འབྲས་བུའི་དབྱེ་བ་ནི་གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲས་བུར་འབྲེལ་བ་ལ་ཁྱད་པར་མེད་བཞིན་དུ་སྔོན་གྱི་མཐའ་པའི་རྒྱུ་ནི་གཉིས་སུ་བསྡུས་ཤིང་འབྲས་བུ་ནི་ལྔར་ཕྱེ་ལ། ཕྱི་མའི་མཐའ་པའི་རྒྱུ་ནི་གསུམ་དུ་ཕྱེ་ལ་འབྲས་བུ་ནི་གཉིས་སུ་བསྡུས་ཤེ་ན། སྔོན་གྱི་མཐའ་པའི་འབྲས་བུ་ནི་རྣམ་པ་ལྔར་ཕྱེ་ཞེ་ན། སྐྱེ་བ་སྔ་ཕྱི་གཉིས་ཀྱི་གོ་རིམ་བཞིན་དུ་རྒྱུ་དང་འབྲས་བུ་མདོར་བསྡུས་ཏེ་བསྟན་པ་ནི་བར་མ་འདིར་འབྲས་བུ་ལ་རྣམ་པ་ལྔར་ཕྱེ་བ་དང་རྒྱུ་ལ་གསུམ་དུ་ཕྱེ་བའི་རྗེས་སུ་དཔག་པ་ལས་ཕྱི་མའི་སྐྱེ་བ་དང་རྒ་ཤི་ཡང་རྣམ་པ་ལྔར་རྗེས་སུ་དཔག་པར་ནུས་ལ། སྔ་མའི་མ་རིག་པ་དང་འདུ་བྱེད་ཀྱང་རྣམ་པ་གསུམ་དུ་རྗེས་སུ་དཔག་པར་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སྔ་མའི་རྒྱུ་དང་ཕྱི་མའི་འབྲས་བུ་མདོར་བསྡུས་ཏེ་བསྟན་པའི་རྗེས་སུ་དཔག་པ་ལས་བར་མའི་འབྲས་བུ་དང་རྒྱུ་མདོར་བསྡུ་བར་ཡང་རྗེས་སུ་དཔག་པར་ནུས་སོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་མདོར་བསྡུ་བ་དང་དབྱེ་བ་རྒྱས་པར་རྟོགས་པའི་དོན་དུ་དེ་ལྟར་བསྟན་པ་ཡིན་གྱི་དོན་ལ་ནི་ཁྱད་པར་མེད་དོ་ཞེས་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ནའང་མ་རིག་པ་ལ་རྒྱུ་ཡོད་ཅིང་རྒ་ཤི་ལ་འབྲས་བུ་ཡོད་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་སུ་ངེས་པར་མི་འགྱུར་ལ། མེད་ན་མ་རིག་པ་རྒྱུ་མེད་པ་དང་། རྒ་ཤི་དོན་བྱེད་པས་སྟོང་པ་དང་། འཁོར་བ་ཐོག་མཐའ་ཅན་དུའང་འགྱུར་རོ་ཞེ་ན། བཤད་པ་ཉོན་མོངས་པ་སྲེད་པ་ལས་ཉོན་མོངས་པ་ལེན་པ་འབྱུང་བ་དང་། ཉོན་མོངས་པ་ལེན་པ་དང་མ་རིག་པ་ལས་བྱ་བ་སྟེ་ལས་སྲིད་པ་དང་འདུ་བྱེད་འབྱུང་བ་ཉིད་དོ། །ལས་སྲིད་པ་དང་འདུ་བྱེད་དེ་(བྱ་བ།) དེ་ལས་ནི་གཞི་འབྱུང་སྟེ། འདུ་བྱེད་ལས་རྣམ་ཤེས་དང་སྲིད་པ་ལས་སྐྱེ་བ་འབྱུང་བའི་ཕྱིར་རོ། །གཞི་དེ་དག་ལས་ཀྱང་གཞི་འབྱུང་སྟེ། རྣམ་ཤེས་ལས་མིང་དང་གཟུགས་ནས་རེག་པ་ལས་ཚོར་བ་འབྱུང་བའི་བར་དང་སྐྱེ་བ་ལས་རྒ་ཤི་འབྱུང་བའི་ཕྱིར་རོ། །གཞི་དེ་དག་ལས་ཀྱང་ཉོན་མོངས་པ་སྐྱེ་སྟེ། ཚོར་བ་ལས་སྲེད་པ་དང་། ཚོར་བའི་བར་ནི་རྒ་ཤི་ཡིན་ལ་སྲེད་པ་མ་རིག་པ་ཡིན་པས་རྒ་ཤི་ལས་མ་རིག་པ་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་དེ་ལྟ་བུ་འདི་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ལུགས་རྣམ་པར་བཞག་པ་ཡིན་པས། དེའི་ཕྱིར་སྐྱོན་གཉིས་ཀ་ལས་གྲོལ་ཏེ། མ་རིག་པའི་རྒྱུ་ནི་རྒ་ཤི་ཡིན་པའི་ཕྱིར་དང་། རྒ་ཤིའི་འབྲས་བུའང་མ་རིག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྔོན་དང་ཕྱི་མའི་མཐའ་མེད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཉིད་འཁོར་བ་ཡིན་ཏེ།
རྟེན་འབྱུང་ལས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལས་སེམས་ཅན་གཞན་ཅིའང་མེད་ཅེས་པ་དང་། རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་ནི་ལྔ་དང་འབྲས་བུ་ནི་བདུན་ཡིན་ནོ། །ཀུན་ལས་བཏུས་ལས་ནི། རྣམ་ཤེས་ནི་ས་བོན་གྱི་ཀུན་གཞི་ཡིན་པས་རྒྱུ་ཡིན་པའི་ཕྱིར་རྒྱུ་དྲུག་དང་འབྲས་བུ་དྲུག་ཏུ་བཤད་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོའི་འགྲེལ་པར་ནི་མིང་གཟུགས་ལ་སོགས་པ་བཞི་ཡང་ས་བོན་གྱི་ཀུན་གཞི་ཡིན་པའི་ཕྱིར་རྒྱུ་བཅུ་དང་འབྲས་བུ་གཉིས་ཡིན་པར་བཤད་མོད་ཀྱི། འདིར་རྒྱུ་ནི་ལས་དང་ཉོན་མོངས་པ་ཡིན་ལ་འབྲས་བུ་ནི་སྡུག་བསྔལ་གྱི་གཞིའི་དབང་དུ་བྱས་པ་ཡིན་པས་ན་མིང་གཟུགས་ལ་སོགས་པ་ནི་གཞི་ཉིད་དུ་ངེས་པའི་ཕྱིར་རྒྱུའི་ཡན་ལག་མ་ཡིན་ནོ། །གལ་ཏེ་འབྲས་བུ་བསྐྱེད་པ་ཙམ་གྱིས་དེ་དག་རྒྱུའི་ཡན་ལག་ཏུ་སྨྲ་ན་ནི་སྐྱེ་བ་དང་རྒ་ཤིའང་དེ་ལྟར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་སྔ་མ་ཁོ་ན་ལེགས་སོ། །གལ་ཏེ་ཉོན་མོངས་པའི་ཡན་ལག་ཏུ་མ་རིག་པ་དང་། སྲེད་ལེན་ཁོ་ན་སྨོས་ཀྱི་ཁོང་ཁྲོ་ལ་སོགས་པ་ཅིའི་ཕྱིར་མ་སྨོས་ཤེ་ན། མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་དེ་སྨོས་ན་གཞན་དག་ཀྱང་མཚོན་པར་འགྱུར་བའི་ཕྱིར་ཏེ། དོན་ནི་སྐྱེ་བ་སྔ་མའི་ཉོན་མོངས་པ་ཐམས་ཅད་རྒྱུ་ཡིན་པའི་ཕྱིར་རོ། །སྲེད་ལེན་ནི་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའི་གཙོ་བོ་ཡིན་པའི་ཕྱིར་དེ་དག་བསྟན་པས་གཞན་ཐམས་ཅད་ཀྱང་མཚོན་པའི་ཕྱིར་ཡིན་ནོ། །
བཞི་པ་མདོའི་དོན་བཤད་པ་ནི་མདོ་ལས། དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་བྱུང་བའི་ཆོས་རྣམས་ཀྱང་བསྟན་པར་བྱའོ་ཞེས་གསུངས་པའི་དོན་ཅི་ཞེ་ན། བསྟན་བཅོས་ལས་ནི་གཉིས་ཀའང་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཡིན་པར་ཁྱད་པར་ཅུང་ཟད་ཀྱང་མེད་པར་བཤད་མོད་ཀྱི་འོན་ཀྱང་གང་ལ་ལྟོས་ནས་རྒྱུ་ཡིན་པ་དེ་དེ་ལ་ལྟོས་ནས་འབྲས་བུ་མ་ཡིན་ལ། གང་ལ་ལྟོས་ནས་འབྲས་བུ་ཡིན་པ་དེ་དེ་ལ་ལྟོས་ནས་རྒྱུ་མ་ཡིན་པས་མདོ་ལས། དེ་ལྟར་གསུངས་པ་འདིར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཕྱི་མ་སྐྱེད་པའི་རྒྱུ་(འི་ཡན་ལག་ལྔ་)ཡིན་ཏེ་འདི་ལས་འབྲས་བུ་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་བྱུང་བ་ནི་སྔ་མ་ལས་སྐྱེས་པའི་འབྲས་བུ་ཡིན་པར་འདོད་དེ། རྒྱུ་ལས་བྱུང་བའི་ཕྱིར་རོ། །ཅིའི་ཕྱིར་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། འདིར་སམ་སྐྲི་ཏའི་སྐད་ལ་པྲ་ཏཱི་ཏྱ་ས་མུད་པཱ་ད་ཞེས་འབྱུང་སྟེ། དེ་ལ་ཉེར་བསྒྱུར་པྲ་ཏི་ནི་ཕྲད་པ་དང་རྟེན་པའོ། །སྐད་ཀྱི་དབྱིངས་ཨི་ཏི་ནི་འགྲོ་བ་ཡིན་ཡང་ཉེར་བསྒྱུར་པྲ་ཏི་དང་འབྲེལ་བ་ན་ནས་དང་ཅིང་ལ་སོགས་པར་ཡོངས་སུ་འགྱུར་བའི་ཕྱིར་ཕྲད་ཅིང་ཞེས་བྱ་བ་ཡིན་ཏེ། སྒྲ་པ་དག་གིས། སྐད་ཀྱི་དབྱིངས་ནི་སྟོབས་ལྡན་ཡང་། །ཉེ་བར་བསྒྱུར་བས་ཟིལ་གནོན་འགྱུར། །གང་གཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་ཇི་བཞིན་ནོ། །ཞེས་བཤད་པ་ལྟ་བུའོ། །
སྐད་ཀྱི་དབྱིངས་པཱ་ད་ཡོད་པ་ཡིན་ཡང་ཉེར་བསྒྱུར་ས་མུད་གོང་ན་ཡོད་པ་ནི་འབྱུང་བ་ལ་འཇུག་པའི་ཕྱིར་རྒྱུ་རྐྱེན་དང་འབྲས་བུ་ཕྲད་ནས་ཡང་དག་པར་འབྱུང་བ་ཡིན་ནོ། །ཕྲད་པའི་དོན་ཡང་བར་མ་ཆད་པར་འབྱུང་བ་ཡིན་ལ། ཕྲད་ནས་འབྱུང་བའང་ཕྲད་པ་ཉིད་ཀྱི་ཚེ་འབྱུང་བ་ཡིན་ཏེ་ཁ་གདངས་ནས་ཉལ་ལོ་ཞེས་བརྗོད་པ་བཞིན་ནོ། །དེའི་ཕྱིར་བརྡ་སྤྲོད་པ་པས་མེད་པ་ཕྲད་པར་མི་རུང་བའི་ཕྱིར་དང་། ཡོད་པ་ཕྲད་ནའང་དེའི་རྗེས་ལ་འབྱུང་བ་མི་འཐད་དེ། གྲུབ་ཟིན་པའི་ཕྱིར་དང་། ཕྲད་ནས་འབྱུང་བའང་རིམ་གྱིས་པའི་སྒྲ་ཡིན་པའི་ཕྱིར་ཕྲད་ནས་འབྱུང་བའི་སྒྲ་ནི་སྐྱོན་དང་བཅས་སོ་ཞེས་སྨྲས་པའང་བསལ་བ་ཡིན་ནོ། །ཁ་ཅིག་གིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ས་མཚུངས་དཔྱད་མོད་ཀྱི། འདིའི་ལུགས་ནི་ཚེ་གསུམ་དང་ཆ་གསུམ་དུ་བསྟན་པ་ཉིད་ཀྱི་ཤུགས་ལ་ཤེས་པའི་ཕྱིར་དང་། རྣམ་པར་དཔྱད་པ་དེ་ཡང་གཞན་གྱི་ལུགས་ཡིན་པའི་ཕྱིར་བདག་གིས་མ་བྱས་སོ། །ཡང་མདོ་ལས། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེའོ་ཞེས་རྣམ་གྲངས་གཉིས་གསུངས་པ་ནི་མ་རིག་པ་ལ་སོགས་པ་འདི་ཡོད་ན་འདུ་བྱེད་ལ་སོགས་པ་འདི་འབྱུང་གི་མེད་ན་ནི་མི་འབྱུང་ལ། དེ་བཞིན་དུ་འདི་སྐྱེས་ན་འདི་སྐྱེའི་འདི་མ་སྐྱེས་ན་ནི་འདི་མི་སྐྱེའོ་ཞེས་ངེས་པར་གཟུང་བའི་དོན་དང་། མ་རིག་པ་འདི་ཡོད་ན་འདུ་བྱེད་འདི་འབྱུང་ལ། འདུ་བྱེད་འདི་སྐྱེས་པས་རྣམ་པར་ཤེས་པ་འདི་སྐྱེའོ། །ཞེས་བྱ་བ་ལ་སོགས་པ་ཡན་ལག་བརྒྱུད་པར་བསྟན་པའི་ཕྱིར་རམ། སྔོན་གྱི་མཐའ་འདི་ཡོད་ན་ད་ལྟར་གྱི་མཐའ་འདི་འབྱུང་ལ། ད་ལྟར་གྱི་མཐའ་འདི་སྐྱེས་པས་ཕྱི་མའི་མཐའ་འདི་སྐྱེའོ་ཞེས་ཚེ་བརྒྱུད་པ་གཉིས་བསྟན་པའི་ཕྱིར་རམ། དེ་དག་གཉིས་ཀ་ལྟར་ན་ཡང་དངོས་དང་བརྒྱུད་པའི་རྒྱུ་དང་འབྲས་བུར་བསྟན་པའི་ཕྱིར་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་འདི་ཡོད་ན་འདི་འབྱུང་བས་ནི་སེམས་པ་མེད་པའི་རྒྱུ་ལ་ལྟོས་པ་དང་། འདི་སྐྱེས་པས་འདི་སྐྱེ་བས་ནི་མི་རྟག་པའི་རྒྱུ་ལ་ལྟོས་པ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པས་ནི་ནུས་པའི་རྒྱུ་ལ་ལྟོས་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ལྷན་ཅིག་པ་དང་དེ་མ་ཐག་པ་དང་འགགས་ནས་ཡུན་རིང་དུ་ལོན་པའང་རྒྱུར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་འདི་ཡོད་ན་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐམས་ཅད་ཀྱི་ལྟར་ནའང་རྒྱུ་མེད་པ་དང་བདག་རྟག་པ་ལ་སོགས་པ་མི་མཐུན་པའི་རྒྱུ་དགག་པའི་ཕྱིར་གསུངས་པ་ཡིན་ནོ། །
ལྔ་པ་རྒྱུན་ཆགས་པའི་རྟེན་འབྲེལ་འཆད་པ་ནི་མདོ་སྡེ་པ་ལ་སོགས་པ་ན་རེ་མ་རིག་པ་ལ་སོགས་པ་གནས་སྐབས་ཕུང་པོ་ལྔ་པ་ནི་མ་ཡིན་ཏེ། མདོ་ལས། མ་རིག་པ་གང་ཞེ་ན། སྨྲས་པ། སྔོན་གྱི་མཐའ་མི་ཤེས་པ་གང་ཡིན་པའོ་ཞེས་པ་ལ་སོགས་པ་མ་རིག་པ་ནི་མི་ཤེས་པའི་སེམས་ལས་བྱུང་བ་དང་། འདུ་བྱེད་ནི་སེམས་པ་ལ་སོགས་པ་ཁོ་ན་ལ་གསུངས་པའི་ཕྱིར་རོ། །མ་རིག་པ་ལ་སོགས་པ་གཙོ་ཆེ་བའང་མ་ཡིན་ཏེ། རྣམ་ཤེས་ཁོ་ན་གཙོ་ཆེ་བའི་ཕྱིར་དེ་འབའ་ཞིག་སྟོན་པར་ཐལ་བའི་ཕྱིར་རོ། །ཤས་ཆེ་བ་ལ་གཙོ་བོའི་སྒྲས་བརྗོད་ན་ཚེ་སྔ་མ་ལ་མ་རིག་པ་ཁོ་ན་ཤས་ཆེ་ལ་འདི་ལ་སྲེད་ལེན་ཁོ་ན་ཤས་ཆེ་བའི་ངེས་པ་མེད་པའི་ཕྱིར་དང་། རྣམ་ཤེས་དང་མིང་གཟུགས་ནི་འདོད་གཟུགས་ན་ཁྱད་པར་མེད་པར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་བསྟན་བ་འདི་ནི་རྒྱུ་དང་འབྲས་བུའི་བྱེ་བྲག་འབའ་ཞིག་ཁོ་ན་སྟོན་པ་ཡིན་གྱི་འདུས་བྱས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྤྱི་སྟོན་པ་ནི་མ་ཡིན་ཏེ། ས་བོན་ལས་མྱུ་གུ་འབྱུང་བ་ལ་སོགས་པ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའང་མ་བསྡུས་པའི་ཕྱིར་རོ། །དེས་ན་མ་རིག་པ་དང་འདུ་བྱེད་ལ་སོགས་པ་སྒྲ་ཇི་བཞིན་པ་ཁོ་ན་ཡིན་པའི་ཕྱིར་དེ་བཤད་པར་བྱའོ་ཞེས་ཟེར་རོ། །
འོ་ན་མ་རིག་པ་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། འདི་ལྟར་ཡང་དག་པར་རིག་པའི་དངོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་བདེན་པ་དང་ལས་དང་འབྲས་བུ་དང་དཀོན་མཆོག་ལ་སོགས་པ་མི་གསལ་བའི་སེམས་ལས་བྱུང་བ་ཆོས་གཞན་ཞིག་མ་རིག་པ་ཡིན་གྱི་དངོས་མེད་དང་བེམས་པོའང་དེར་འགྱུར་བས་རིག་པ་མེད་པ་དང་མ་ཡིན་པར་དགག་པ་ཙམ་ནི་མ་རིག་པ་མ་ཡིན་ཏེ་དཔེར་ན་མི་མཛའ་བ་དང་རྫུན་ཏེ་མི་བདེན་པ་དང་། སོགས་པའི་སྒྲས་གཟུང་བ་ཆོས་མ་ཡིན་པ་དང་དོན་མ་ཡིན་པ་དང་བྱ་བ་མ་ཡིན་པ་ལ་སོགས་པ་དགྲ་དང་རྫུན་དང་མི་དགེ་བ་དང་ལོག་པའི་དོན་དང་ངན་པའི་བྱ་བ་ལ་སོགས་པ་གོ་བ་བཞིན་ནོ། །གལ་ཏེ་མ་རིག་པ་རིག་པ་མེད་པ་ཙམ་མ་ཡིན་པར་གང་ལས་ཤེ་ན། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་ངོ་ཞེས་རྐྱེན་གྱིས་དངོས་པོར་བསྟན་པའི་ཕྱིར་དང་། གཞན་ཡང་མདོ་དག་ལས་མ་རིག་པའི་ཀུན་དུ་སྦྱོར་བ་དང་སོགས་པས་བསྡུས་པ་འཆིང་བ་དང་ཕྲ་རྒྱས་དང་ཆུ་བོ་དང་སྦྱོར་བ་ཞེས་བྱ་བའི་ཚིག་གིས་གསུངས་པའི་ཕྱིར་ཏེ། མེད་པ་ནི་དེ་དག་ཏུ་འོས་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་གལ་ཏེ་ཤེས་རབ་ངན་པ་ནི་མ་རིག་པ་ཡིན་ཏེ་བུ་ངན་པ་ལ་བུ་མ་ཡིན་ཞེས་བརྗོད་པ་བཞིན་ནོ་ཞེ་ན། དེ་ནི་ཡང་དག་པ་མིན་ཏེ། ཤེས་རབ་ངན་པ་ནི་ལྟ་བ་ཡིན་པའི་ཕྱིར་དང་། ལྟ་བ་དང་མ་རིག་པ་རྩ་བའི་ཉོན་མོངས་པ་ཐ་དད་དུ་གསུངས་པའི་ཕྱིར་དང་། ཆུ་བོ་ལ་སོགས་པའང་ཐ་དད་དུ་གསུངས་པའི་ཕྱིར་རོ། །གལ་ཏེ་ལྟ་བ་མ་ཡིན་པའི་ཤེས་རབ་མ་རིག་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། ལྟ་བ་ནི་མ་རིག་པ་དེ་དང་མཚུངས་པར་ལྡན་པར་བཤད་པའི་ཕྱིར་དང་། ལྟ་བའང་ཤེས་རབ་ཡིན་པས་ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་ལྡན་པའང་མི་སྲིད་པའི་ཕྱིར་དང་།
མདོ་ལས། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་འགྲོལ་ལོ། །མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ་ཞེས་མ་རིག་པ་ནི་ཤེས་རབ་ཀུན་ནས་ཉེ་བར་ཉོན་མོངས་པར་བྱེད་པོ་ཉིད་དུ་བསྟན་པའི་ཕྱིར་དང་། ཤེས་རབ་རང་ཉིད་ནི་རང་ཉིད་ལ་ཉོན་མོངས་པར་བྱེད་པར་འགལ་བའི་ཕྱིར་རོ། །འདི་དག་གིས་ནི་བཙུན་པ་དཔལ་ལེན་མ་རིག་པ་ཉོན་མོངས་པ་སྤྱིའི་མིང་དུ་འདོད་པ་དང་། བཙུན་པ་ཆོས་སྐྱོབ་ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པས། ཉེས་པའི་རྣམ་པ་མ་ལུས་པ། །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་ཅེས་འཇིག་ཚོགས་ལ་ལྟ་བ་མ་རིག་པར་བཞེད་པའང་གསལ་བར་ལྟའོ། །དེའི་རྗེས་ལ་མིང་དང་གཟུགས་ཀྱི་གཟུགས་ནི་བཤད་ཟིན་ལ། མིང་ནི་ཚོར་བ་ལ་སོགས་པ་གཟུགས་ཅན་མིན་པའི་ཕུང་པོ་བཞི་ཡིན་ཏེ། དེ་དག་ནི་(ལྷས་བྱིན་ཞེས་སོགས་ཀྱི།) མིང་གི་དབང་གིས་དོན་ལ་འཇུག་པའི་ཕྱིར་དང་། མིང་ལྟར་ཐོགས་པ་མེད་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །དེའི་རྗེས་ལ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་སྟེ། དེ་དག་ཀྱང་(དབང་པོ་དང་ཡུལ་དང་།) མིག་གི་དབང་པོ་དང་གཟུགས་དང་མིག་གི་རྣམ་ཤེས་གསུམ་འདུས་ཏེ་ཡུལ་ཡོངས་སུ་གཅོད་པ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པ་ལ་སོགས་པ་ལའང་ཤེས་པར་བྱའོ། །འདི་ལ་སྔོན་གྱི་སློབ་དཔོན་ཁ་ཅིག་ནི་མདོ་ལས། དེ་ལྟར་ན་ཆོས་གསུམ་པོ་འདི་དག་འབྲེལ་ཞིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ནི་རེག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རེག་པ་གསུམ་འདུས་པ་ལ་བཏགས་པ་ཡིན་གྱི་གཞན་ནི་མེད་དོ་ཞེས་ཟེར་རོ། །ཁ་ཅིག་ནི་དྲུག་ཚན་དྲུག་གི་མདོ་ལས། ཆོས་ཀྱི་རྣམ་གྲངས་དྲུག་ཚན་དྲུག་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་། རེག་པའི་ཆོགས་དྲུག་དང་། ཚོར་བའི་ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་གོ་ཞེས་གསུངས་པའི་ཕྱིར་རེག་པ་ནི་གསུམ་འདུས་པ་ལས་བྱུང་བའི་ཡུལ་ཡོངས་སུ་གཅོད་པའི་སེམས་ལས་བྱུང་བ་གཞན་ཞིག་ཡིན་ཏེ། གལ་ཏེ་གསུམ་འདུས་པ་ཙམ་ཡིན་ན་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང་རྣམ་ཤེས་དྲུག་ལས་ལོགས་སུ་གསུང་པར་མི་རིགས་པའི་ཕྱིར་རོ་ཞེས་ཟེར་རོ། །རེག་པའི་ཚོགས་དྲུག་པོ་དེ་དག་ལས་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་(དང་པོ་)ལྔ་ནི་ཐོགས་པའི་རེག་པ་ཡིན་ཏེ། ཐོགས་བཅས་ཀྱི་དབང་པོ་ལ་རྟེན་པའི་ཕྱིར་རོ། །དྲུག་པ་ཡིད་ཀྱི་འདུས་ཏེ་རེག་པ་ནི་ཚིག་བླ་དྭགས་ཀྱི་རེག་པ་ཞེས་བྱ་སྟེ། ཚིག་བླ་དྭགས་ནི་མིང་ཡིན་ལ། ཡིད་ནི་གཙོ་བོར་མིང་ལ་དམིགས་པས་ཡུལ་གྱིས་ཡུལ་ཅན་ལ་བཏགས་པའི་ཕྱིར་རོ། །
དེའི་ཕྱིར་མདོ་ལས་ཀྱང་། མིག་གི་རྣམ་པར་ཤེས་པས་ནི་སྔོན་པོ་རྣམ་པར་ཤེས་ཀྱི་སྔོན་པོའོ་ཞེས་བྱ་བར་ནི་རྣམ་པར་མི་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པས་ནི་སྔོན་པོའང་རྣམ་པར་ཤེས་ལ་སྔོན་པོའོ་ཞེས་བྱ་བར་ཡང་རྣམ་པར་ཤེས་སོ་ཞེས་གསུངས་སོ། །(ཡང་ན་ཚོགས་པ་སྔ་མས་ཕྱི་མ་སྐྱེད་པ་ཙམ་ལ་དུས་མཉམ་དུ་གཞག་གོ།) དེས་ན་ཐོགས་པའི་རེག་པ་ནི་རྟེན་གྱིས་རབ་ཏུ་ཕྱེ་བ་ཡིན་ལ། གཉིས་པ་ནི་དམིགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཁ་ཅིག་ན་རེ་སྒོ་ལྔའི་རྣམ་ཤེས་ནི་ཚིག་ལ་མ་ལྟོས་པར་དོན་ལ་འཇུག་གི་ཡིད་ཤེས་ནི་ཚིག་གི་དབང་དུ་བྱས་ནས་དོན་ལ་འཇུག་པས་ན་ཚིག་བླ་དྭགས་ཡིན་ལ་དེ་དང་མཚུངས་ལྡན་གྱི་རེག་པ་ལའང་ཚིག་བླ་དྭགས་ཀྱི་རེག་པ་ཞེས་བྱ་སྟེ། དེས་ན་འདི་ནི་མཚུངས་ལྡན་གྲོགས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ཟེར་རོ། །ཡང་རེག་པ་ནི་གསུམ་སྟེ། རིག་པའི་རེག་པ་དང་། མ་རིག་པའི་རེག་པ་དང་། དེ་གཉིས་ལས་གཞན་རིག་པའང་མ་ཡིན་མ་རིག་པའང་མ་ཡིན་པའི་རེག་པ་སྟེ། དེ་དག་ཀྱང་རིམ་པ་བཞིན་དུ་དྲི་མ་སྟེ་ཟག་པ་མེད་པའི་རེག་པ་དང་། ཉོན་མོངས་པ་ཅན་གྱི་རེག་པ་དང་། ལྷག་མ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་དང་མཚུངས་པར་ལྡན་པའི་རེག་པའོ། །མ་རིག་པའི་རེག་པའང་གཉིས་ཏེ། གནོད་སེམས་དང་རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་རེག་པའོ། །
ཡང་རེག་པ་ཐམས་ཅད་བསྡུ་ན་གསུམ་སྟེ། བདེ་བ་མྱོང་བར་འགྱུར་བ་དང་། དེ་ལ་སོགས་པ་སྡུག་བསྔལ་མྱོང་བར་འགྱུར་བ་དང་། བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་དང་གསུམ་ཡིན་ནོ། །དེ་ལྟར་ན་རེག་པ་བཅུ་དྲུག་གོ། དེའི་རྗེས་ལ་ཚོར་བ་ནི་(དབྱེ་ན།) རེག་པ་དེ་དག་ལས་བྱུང་བའི་ཚོར་བ་(ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ལ་སོགས་པ།) དྲུག་(ཡིན་པ།) སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་སོགས་པའོ། །ཚོར་བའི་མཚན་ཉིད་ནི་བཤད་ཟིན་པའི་ཕྱིར་འདིར་དབྱེ་བ་ཙམ་ཞིག་སྨོས་སོ། །ཚོར་བ་དྲུག་པོ་དེ་དག་ལས་དང་པོ་ལྔ་ནི་དབང་པོ་གཟུགས་ཅན་ལ་རྟེན་པའི་ཕྱིར་ལུས་ཀྱི་ཚོར་བ་སྟེ། ལུས་ནི་གཟུགས་ལ་བརྗོད་པར་འདོད་པའི་ཕྱིར་རོ། །སེམས་ཀྱི་ཚོར་བ་ནི་མིག་ལ་སོགས་པ་ལས་གཞན་པའི་ཡིད་ལ་རྟེན་པ་སྟེ། དེ་ནི་བདག་པོའི་རྐྱེན་སེམས་ཙམ་ལ་རྟེན་པའི་ཕྱིར་རོ། །གལ་ཏེ་རེག་པ་ལས་ཚོར་བ་དུས་མཉམ་དུའམ་དེའི་རྗེས་སུ་འབྱུང་། དུས་མཉམ་པ་ནི་མ་ཡིན་ཏེ། གཉིས་ཀ་གྲུབ་པ་དག་ལ་བསྐྱེད་བྱ་སྐྱེད་བྱེད་གཉིས་མི་འཐད་པའི་ཕྱིར་རོ། །
དེའི་རྗེས་སུ་འབྱུང་བ་ཡིན་ན་རེག་པ་དང་ལྡན་པའི་སེམས་ལ་ཚོར་བ་མེད་པར་འགྱུར་ན། དེ་ལྟ་ནའང་ཚོར་བ་སེམས་ཀྱི་ས་མང་པོ་པ་མ་ཡིན་པར་འགྱུར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དུས་མཉམ་དུ་འབྱུང་སྟེ་མར་མེ་ལས་འོད་དང་མྱུ་གུ་ལས་གྲིབ་མ་བཞིན་ནོ། །མདོ་ལས་ཀྱང་། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་དང་། གསུམ་འདུས་པའི་རེག་པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་སྐྱེའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་འཆད་དོ། །མདོ་སྡེ་པ་ནི་རེག་པའི་རྗེས་སུ་ཚོར་བ་ཡིན་ཏེ། དུས་མཉམ་པའང་རྒྱུ་འབྲས་ཡིན་ན་ཕན་ཚུན་རྒྱུ་དང་འབྲས་བུར་འགྱུར་ན་མདོ་ལས། མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྐྱེའི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་སྐྱེ་བ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཚོར་བ་ལ་སོགས་པས་མང་པོ་པར་བཤད་པ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱིས་དང་། རྟོག་པའང་མེད་དཔྱོད་པའང་མེད་པའི་ས་དང་། དགེ་བའི་ས་དང་། མི་དགེ་བའི་ས་དང་། ལུང་དུ་མ་བསྟན་པའི་ས་དང་སློབ་པའི་ས་དང་། མི་སློབ་པའི་ས་དང་། གཉིས་ཀ་མ་ཡིན་པའི་ས་ཐམས་ཅད་ན་ཡོད་པའི་ཕྱིར་ས་མང་པོ་པར་བཤད་ཀྱི་སེམས་ཐམས་ཅད་ལ་ཁྱབ་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །འདི་ལ་བཙུན་པ་དཔལ་ལེན་ན་རེ་རེག་པ་དང་ལྡན་པའི་སེམས་ལ་རེག་པའི་སྐད་ཅིག་སྔ་མ་ལས་སྐྱེས་པའི་ཚོར་བ་ཡོད་པའི་ཕྱིར་ཚོར་བ་ལ་སོགས་པ་སེམས་ཐམས་ཅད་ལ་ཁྱབ་པ་མ་ཡིན་པར་མི་འགྱུར་རོ་ཞེས་ཟེར་བ་ནི་མ་ཡིན་ཏེ། སེམས་མེད་ལས་ལངས་མ་ཐག་པའི་སེམས་ལ་དེ་མེད་པར་འགྱུར་བའི་ཕྱིར་དང་། མིག་གི་རྣམ་ཤེས་ཀྱི་རྗེས་ཐོགས་ཉིད་དུ་རྣམ་ཤེས་གཞན་འབྱུང་བ་ལ་རེག་པ་དང་ཚོར་བ་མེད་པར་འགྱུར་ཏེ། གཞན་ལ་དམིགས་པའི་རྣམ་ཤེས་ཀྱིས་གཞན་ལ་དམིགས་པའི་རེག་པ་དང་ཚོར་བ་བསྐྱེད་པ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་སེམས་ཐམས་ཅད་ལ་ཁྱབ་པར་སྨྲ་ན་དུས་མཉམ་པའི་རྒྱུ་འབྲས་ཁས་བླང་བར་བྱའོ། །
ཡང་སེམས་ཀྱི་ཚོར་བ་དེ་ཉིད་(ངོ་བོ་ལས་ཡིད་བདེ་མི་བདེ་བཏང་སྙོམས་གསུམ་དང་དམིགས་པ་ལས་གཟུགས་སོགས་ཡུལ་དྲུག་ལ་དམིགས་པ་དང་། མཚུངས་ལྡན་ལས་ཡིད་དང་མཚུངས་པར་ལྡན་པས།) ཡིད་ཉེ་བར་རྒྱུ་བའི་བྱེ་བྲག་ལས་རྣམ་པ་དག་ནི་(ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་སྟེ། སྔར་དྲུག་ཏུ་དབྱེ་བ་ལ་ལྟོས་ནས།) ཡང་བཅོ་བརྒྱད་དུ་དབྱེ་ཞིང་། གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གོ། གལ་ཏེ་དེ་དག་ངོ་བོ་ཉིད་དམ། མཚུངས་ལྡན་ནམ། དམིགས་པ་གང་ལས་གཞག། དང་པོ་ལྟར་ན་ནི་ཡིད་བདེ་མི་བདེ་བཏང་སྙོམས་གསུམ་ཁོ་ནར་འགྱུར་ཞིང་། གཉིས་པ་ལྟར་ན་ནི་ཡིད་དང་མཚུངས་པར་ལྡན་པས་གཅིག་ཁོ་ནར་འགྱུར་ལ། གསུམ་པ་ལྟར་ན་ནི་ཡུལ་དྲུག་ལ་དམིགས་པའི་ཕྱིར་དྲུག་ཁོ་ནར་འགྱུར་རོ་ཞེ་ན། གསུམ་ག་ལས་གཞག་སྟེ། ངོ་བོ་ཉིད་ལས་ནི་ཡིད་བདེ་མི་བདེ་བཏང་སྙོམས་གསུམ་དང་། མཚུངས་ལྡན་ལས་ནི་ཡིད་ཀྱི་ཉེར་རྒྱུ་དང་། དམིགས་པ་ལས་ནི་གསུམ་པོ་རེ་རེ་འང་དྲུག་དྲུག་ཏུ་འགྱུར་ཏེ། གཟུགས་ལ་སོགས་པ་ཡུལ་དྲུག་ཡོད་པའི་ཕྱིར་རོ། །
དེ་དག་ཀྱང་བཅོ་ལྔ་ནི་གཟུགས་སོགས་ཡུལ་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་མ་འདྲེས་པ་ལ་དམིགས་པ་ཡིན་ལ། ཆོས་ལ་དམིགས་པའི་ཉེར་རྒྱུ་གསུམ་ནི་འདྲེས་པ་དང་མ་འདྲེས་པ་གཉིས་ཀ་ལ་དམིགས་པ་ཡིན་ནོ། །ཉེ་བར་རྒྱུ་བ་ནི་ཡིད་ལ་བརྟེན་ནས་ཚོར་བ་བདེ་བ་ལ་སོགས་པ་ཡུལ་ལ་རྒྱུ་བའི་ཕྱིར་རམ། ཚོར་བ་ལ་བརྟེན་ནས་ཡིད་ཡུལ་ལ་རྒྱུ་བའི་ཕྱིར་རོ། །ལུས་ཀྱི་ཚོར་བ་ནི་ཡིད་ཉེར་རྒྱུ་མ་ཡིན་ཏེ། ཡིད་ཉེར་རྒྱུ་ནི་རྟོག་བཅས་ཀྱི་ཡིད་ལ་རྟེན་པ་ཡིན་པ་ལ་ལུས་ཚོར་ནི་དབང་པོ་གཟུགས་ཁོ་ན་ལ་རྟེན་པའི་རྟོག་མེད་ཡིན་པའི་ཕྱིར་རོ། །བསམ་གཏན་གསུམ་པའི་བདེ་བའང་ཡིད་ཉེར་རྒྱུ་མ་ཡིན་ཏེ། བརྟན་པར་གནས་པའི་ཕྱིར་རོ། །(དེ་ཡང་བྱེ་བྲག་ཏུ་སྨྲ་བ་ཡིད་ལ་བརྟེན་ནས་ཚོར་བ་ཡུལ་ལ་རྒྱུ་བར་འདོད་ལ། མདོ་སྡེ་པ་ཚོར་བའི་དབང་གིས་ཡིད་ཡུལ་ལ་རྒྱུ་བར་འདོད་དོ། །)དེ་རྣམས་ཁམས་གང་ན་དུ་ཡོད་ཅེ་ན། འདོད་པ་ན་ནི་ཡིད་ཉེ་བར་རྒྱུ་བ་(བཅོ་བརྒྱད་པོ།) ཐམས་ཅད་ཡོད་དེ། དེ་དག་ཀྱང་འདོད་པ(འི་ཁམས།) རང་ཉིད་ལ་དམིགས་པའི་ཡུལ་ཅན་ཡིན་གྱི་གཟུགས་དང་གཟུགས་མེད་ས་(ཁམས་གོང་མ་གཉིས།) དམིགས་པ་ལ་ནི་བཅོ་བརྒྱད་མི་ཚང་བའི་ཕྱིར་རོ། །འདོད་པའི་ཡིད་ཉེར་རྒྱུའི་སྤྱོད་ཡུལ་ཏེ་དམིགས་པ་གཟུགས་ཅན་གྱི་ཁམས་པ་ཡིན་ན་ནི། དེ་ན་དྲི་རོ་མེད་པས་དེ་གཉིས་ལ་དམིགས་པ་དྲུག་མ་གཏོགས་པ་བཅུ་གཉིས་སོ། །འདོད་གཟུགས་ཀྱི་གོང་མ་གཟུགས་མེད་ནི་དེ་ན་ཡུལ་ལྔ་མེད་པས་ཆོས་ལ་དམིགས་པའི་འདོད་པའི་ཡིད་བདེ་མི་བདེ་བཏང་སྙོམས་གསུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། །དེ་དག་ནི་འདོད་པའི་དབང་དུ་བྱས་པ་ཡིན་ནོ། །
གཟུགས་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་གཉིས་ན་ནི་བཅུ་གཉིས་ཡོད་དེ། དེ་དག་ན་ཡིད་མི་བདེ་བ་དྲུག་མེད་པའི་ཕྱིར་རོ། །བཅུ་གཉིས་པོ་དེ་དག་ཀྱང་འདོད་པའི་ཁམས་ལ་ཡིད་འགྲོ་ཞིང་དམིགས་པ་རྣམས་ཡིན་གྱི་རང་དང་གོང་མ་ལ་དམིགས་པ་ནི་མ་ཡིན་ཏེ། །དེ་དག་ན་དྲི་རོ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་ཀྱི་ཁམས་རང་ལ་དམིགས་ན་བརྒྱད་དེ། དྲི་རོའི་མ་གཏོགས་པ་གཟུགས་དང་སྒྲ་དང་རེག་བྱ་དང་ཆོས་ལ་དམིགས་པའི་ཡིད་བདེ་དང་བཏང་སྙོམས་དག་ཡོད་པའི་ཕྱིར་རོ། །གཟུགས་མེད་པ་ནི་ཆོས་ལ་དམིགས་པའི་བདེ་བ་དང་བཏང་སྙོམས་གཉིས་ཀྱི་དམིགས་པ་ཡིན་ནོ། །བསམ་གཏན་གསུམ་པ་བཞི་པ་གཉིས་ན་ནི་(བཏང་སྙོམས་ཀྱི།) ཡིད་ཉེ་བར་རྒྱུ་བ་དྲུག་ཡོད་དེ་དེ་དག་ན་ཡིད་བདེ་མེད་པའི་ཕྱིར་དང་། སེམས་བདེ་ནི་ཡིད་ཉེར་རྒྱུར་མི་འགྱུར་བའི་ཕྱིར་བཏང་སྙོམས་ཀྱི་དྲུག་གོ། དྲུག་པོ་དེ་དག་གི་དམིགས་པ་ནི་འདོད་པའི་ཁམས་ཡིན་ཏེ། ཡུལ་དྲུག་ལ་དམིགས་པའི་བཏང་སྙོམས་དྲུག་ཡོད་པའི་ཕྱིར་རོ། །
གཟུགས་ཀྱི་ཁམས་རང་ཉིད་ནི་བཏང་སྙོམས་ཀྱི་ཉེར་རྒྱུ་བཞིའི་དམིགས་པ་ཡིན་ཏེ། དྲི་རོ་ལ་དམིགས་པ་གཉིས་མེད་པའི་ཕྱིར་རོ། །(གཟུགས་ཁམས་ཀྱི།) གོང་མ་གཟུགས་མེད་པ་ནི་ཆོས་ལ་དམིགས་པའི་བཏང་སྙོམས་ཀྱི་ཡིད་ཉེ་བར་རྒྱུ་བ་གཅིག་གི་དམིགས་པ་ཡིན་ནོ། །གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་ན་ནི་བཏང་སྙོམས་ཀྱི་ཉེར་རྒྱུ་བཞི་ཡོད་དེ། དེ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་བསམ་གཏན་བཞི་པ་ལ་ཞི་བ་དང་རགས་པར་ལྟ་བ་ཡིན་པ་ན་དམིགས་པ་གཟུགས་ཁམས་(ཀྱི་བཞི།) པ་ལ་ཡིད་ཉེ་བར་འགྲོ་བའི་ཕྱིར་དང་། (བཞི་པ།) དེ་ནའང་ཡུལ་བཞི་ཡོད་པའི་ཕྱིར་རོ། །དེ་ཡང་ཡུལ་བཞི་པོ་སོ་སོ་ལ་དམིགས་པ་ལྟར་ན་བཞིར་འགྱུར་གྱི་གང་དག་གི་ལྟར་ན་ཡུལ་བཞི་པོ་བཟླུམས་ཏེ་དམིགས་པ་དེ་དག་གི་ལྟར་ན་ནི་དེ་ན་ཆོས་ལ་ཉེ་བར་རྒྱུ་བ་འདྲེས་པ་ལ་དམིགས་པ་གཅིག་ཁོ་ན་ཡོད་དོ། །གཟུགས་ཁམས་ལས་གོང་མ་གཟུགས་མེད་པར་འགྲོ་བ་ནི་ཉེར་བསྡོགས་ཡིན་ཡང་གཅིག་སྟེ། ཆོས་འབའ་ཞིག་ལས་མེད་པའི་ཕྱིར་རོ། །གཟུགས་མེད་ཀྱི་དངོས་གཞི་བཞི་ན་ཡང་ཡིད་ཉིད་ཉེ་བར་རྒྱུ་བ་གཅིག་སྟེ། དེ་དག་ནི་གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན་ཞེས་འབྱུང་བས་འདོད་གཟུགས་ལ་མི་དམིགས་པའི་ཕྱིར་དང་། རང་ས་ན་ཆོས་གཅིག་པུ་ལས་མེད་པའི་ཕྱིར་རོ། །དེའི་ཕྱིར་རང་ཡུལ་ཅན་ཞེས་སྨོས་སོ། །དེ་དག་ཐམས་ཅད་ཀྱི་དོན་བསྡུ་བ་ནི་ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་པོ་དེ་དག་ཐམས་ཅད་ནི་ཟག་པ་དང་བཅས་པ་ཡིན་ཏེ། (སྲིད་པ་འཕེལ་བར་བྱེད་པའི་ཕྱིར་དང་། འཕགས་ལམ་ནི་སྲིད་པ་ལ་རྒྱབ་ཀྱིས་ལྟས་པའི་ཕྱིར།) དེ་དག་གི་ཡིད་ཡུལ་ལ་ཞེན་པ་དང་བཅས་པས་ཉེ་བར་རྒྱུ་བའི་ཕྱིར་རོ། །འདི་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་ལ། སློབ་དཔོན་ཟག་བཅས་ཐམས་ཅད་ཀྱང་ཡིད་ཉེར་རྒྱུ་མ་ཡིན་ཏེ། འདི་ནི་ཞེན་པ་ལ་རྟེན་པའི་བདེ་བ་ལ་སོགས་པ་ལ་བཤད་པས་ན་དེ་ནི་ཉོན་མོངས་པ་ཅན་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་འཆད་དོ། །གལ་ཏེ་རྟེན་འབྲེལ་སྟོན་པ་ན་འདིར་མ་རིག་པ་དང་མིང་དང་རེག་པ་དང་ཚོར་བ་རྣམས་ཁོ་ན་སྟོན་གྱི་གཞན་ནི་མ་ཡིན་ཞེ་ན། གཟུགས་དང་རྣམ་ཤེས་དང་སྐྱེ་མཆེད་དྲུག་ནི་ཁམས་བསྟན་པར་བཤད་ཟིན་པའི་ཕྱིར་དང་། འདུ་བྱེད་དང་སྲིད་པ་དང་སྲེད་ལེན་ནི་གནས་བཞི་པ་དང་ལྔ་པར་འཆད་པར་འགྱུར་བའི་ཕྱིར་(དེ་དག་གིས་ནི་རྒྱུན་ཆགས་པའི་རྟེན་འབྲེལ་བཤད་ཟིན་ཏོ། །)གཞན་དག་ནི་མ་བཤད་དོ། །
དྲུག་པ་རྟེན་འབྲེལ་མཚོན་པའི་དཔེ་བཤད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉོན་མོངས་པ་དང་ལས་དང་གཞི་གསུམ་དུ་བསྡུས་ནས་བསྟན་པའི་སྐབས་འདིར་ཉོན་མོངས་པ་རྣམས་ནི་ས་བོན་ལ་སོགས་པ་འདི་དག་དང་འདྲ་བ་ཡིན་ཏེ། ཇི་ལྟར་ཞེ་ན། དཔེར་ན་ས་བོན་ལས་སྡོང་བུ་ལ་སོགས་པ་འབྱུང་བ་བཞིན་དུ་ཉོན་མོངས་པ་ལས་ཀྱང་ཉོན་མོངས་པ་དང་ལས་དང་གཞི་རྣམས་འབྱུང་བའི་ཕྱིར་དང་། ཀླུ་གནས་པའི་མཚོ་མི་སྐམ་པ་བཞིན་དུ་ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་མཚོ་ཡང་མི་སྐམ་པའི་ཕྱིར་དང་། ནགས་ཚལ་སོགས་རྩ་བ་ནས་མ་ཕྱུང་ན་བཅད་ཀྱང་སླར་སྐྱེ་བ་བཞིན་དུ་ཉོན་མོངས་པའི་རྩ་བ་མ་ཕྱུངས་ན་འགྲོ་བ་རྣམས་ཀྱི་སྐྱེ་བའང་སླར་སྐྱེ་བའི་ཕྱིར་དང་། ལྗོན་ཤིང་གི་དུས་དུས་སུ་མེ་ཏོག་དང་འབྲས་བུ་སྐྱེད་པ་བཞིན་དུ་ཉོན་མོངས་པས་ཀྱང་ལན་ཅིག་མ་ཡིན་པར་ཉོན་མོངས་པ་དང་ལས་དང་གཞིའི་མེ་ཏོག་དང་འབྲས་བུ་རྣམས་སྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་ཀྱི་ཤུན་པ་བཞིན་དུ་འདོད་དེ་དཔེར་ན་ཤུན་པ་དང་བཅས་པའི་འབྲས་ཐུག་པོ་ཆེ་རྣམས་སྐྱེ་བར་ནུས་ཀྱི་ཤུན་པ་མེད་པར་སྐྱེ་མི་ནུས་པ་ལྟར་ཉོན་མོངས་པའི་ཐོབ་པའི་ཤུན་པ་དང་བཅས་པའི་ལས་ཀྱིས་སྲིད་པའི་མྱུ་གུ་བསྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལས་ནི་ཤུན་པ་དང་བཅས་པའི་འབྲས་དང་འདྲ་སྟེ། ཉོན་མོངས་པའི་ཤུན་པ་དང་བཅས་པའི་ལས་ནི་སྲིད་པའི་མྱུ་གུ་སྐྱེད་པའི་ཉེར་ལེན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྨན་དང་ཡང་འདྲ་སྟེ། སྨན་གྱིས་ནད་གཅིག་བསལ་ནས་ནུས་པ་ཞི་བ་ལྟར་ལས་ཀྱིས་ཀྱང་རྣམ་པར་སྨིན་པ་གཅིག་ཕྱུང་ནས་གཉིས་པ་མི་འབྱིན་པའི་ཕྱིར་རོ། །དེ་བཞིན་དུ་མེ་ཏོག་འབྲས་བུའི་ཉེ་བའི་རྒྱུ་ཡིན་པ་བཞིན་དུ་ལས་ཀྱང་རྣམ་སྨིན་གྱི་ཉེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱི་གཞི་(བདུན་པོ།) རྣམས་ནི་བཟའ་བ་དང་བཏུང་བ་གྲུབ་ཟིན་པ་ནི་ལོངས་སྤྱད་བྱ་འབའ་ཞིག་ཡིན་པ་བཞིན་དུ་ལོངས་སྤྱད་ནས་ཡང་(ས་བོན་དུ་མི་རུང་བས་ཉིང་།) མཚམས་མི་སྦྱོར་བའི་ཕྱིར་རོ། །(དེས་ན་རྣམ་སྨིན་ལས་ཚེ་རབས་གཞན་དུ་རྣམ་སྨིན་འབྱུང་བ་མེད་དེ། འབྱུང་ན་ནི་དགྲ་བཅོམ་ལའང་རྣམ་སྨིན་ཡོད་པས་འཁོར་བ་ལས་ཐར་བར་མི་འགྱུར་རོ། །དེ་ལྟར་སྲིད་པ་ལ་བཞི་ལས་མི་འདའ་བས་སོ། །)
གསུམ་པ་སྲིད་པ་བཞི་བཤད་པས་དོན་བསྡུ་བ་ནི་སྐྱེ་སྲིད་ལ་སོགས་པ་སྲིད་པ་བཞི་པོ་དེ་དག་ལས་གཅིག་ཏུ་སྐྱེ་བའི་སྲིད་པ་ནི་ཉོན་མོངས་པ་ཅན་ཁོ་ན་ཡིན་ཏེ། (ལས་ཀྱི་རྣམ་སྨིན་སྐྱེད་པ་ཉོན་མོངས་ལ་ལྟོས་པར་ཡང་ཡང་བཤད་དོ། །དེ་ཡང་ས་གཞན་གྱི་ཉོན་མོངས་ཀྱིས་ས་གཞན་གྱི་མཚམས་མི་སྦྱོར་བས་དེས་ན།) ཉོན་མོངས་པ་གང་གིས་ཤེ་ན། རང་གི་ས་པའི་ཉོན་མོངས་པ་ཀུན་གྱིས་སྐྱེ་བ་ལེན་པ་སྲིད་དེ། འོན་ཀྱང་ཀུན་དཀྲིས་ཆིག་རྐྱང་ཐུབ་པ་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་ཕྲག་དོག་དང་སེར་སྣ་དང་ཁྲོ་བ་དང་འཆབ་པ་བཞི་དང་སློབ་དཔོན་གང་སྤེལ་གྱིས་འགྱོད་པ་དང་ལྔ་བཤད་དེ་དེ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་བར་སྲིད་དུ་ཉིང་མཚམས་སྦྱོར་བའང་ཉོན་མོངས་ཅན་ཁོ་ནར་ངེས་སོ། །སྐྱེ་སྲིད་ལས་གཞན་བར་སྲིད་དང་སྔོན་དུས་ཀྱི་སྲིད་པ་དང་འཆི་བའི་སྲིད་པ་གསུམ་ནི་ཉོན་མོངས་པ་ཅན་དང་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་རྣམ་པ་གསུམ་མོ། །ཐེག་ཆེན་པ་ནི་སའི་དངོས་གཞི་ལས། དགེ་བའི་སེམས་དང་ལྡན་པར་འཆི་འཕོ་བ་ཇི་ལྟ་བུ་ཞེ་ན། ཁ་ཅིག་འཆི་བའི་ཚེ་དགེ་བའི་ཆོས་སྔོན་དུ་བསྟེན་པ་རྣམས་དྲན་ནམ་གཞན་གྱིས་དྲན་པར་བྱས་ཀྱང་རུང་སྟེ་དེའི་ཚེ་དད་པ་ལ་སོགས་པ་དགེ་བའི་ཆོས་གང་དག་སེམས་ལ་ཀུན་དུ་སྤྱོད་པ་དེ་དག་ཇི་སྲིད་དུ་འདུ་ཤེས་རགས་པ་འབྱུང་བའི་བར་དུའོ། །འདུ་ཤེས་ཆ་ཕྲ་མོ་རྒྱུ་བར་གྱུར་པའི་ཚེ་ནི་དགེ་བའི་སེམས་ལྡོག་ཅིང་ལུང་དུ་མ་བསྟན་པའི་སེམས་ཉིད་དུ་གནས་ཏེ། འདི་ལྟར་དེས་དེའི་ཚེ་སྔོན་གོམས་པར་བྱས་པའི་དགེ་བ་ལ་རང་གིས་བརྩལ་བར་ཡང་མི་ནུས་ལ་གཞན་དག་གིས་ཀྱང་དྲན་པར་བྱེད་མི་ནུས་སོ། །དེ་བཞིན་དུ་མི་དགེ་བ་ལའང་སྦྱར་རོ་ཞེས་པ་དང་། དོན་གསང་རྣམ་པར་ཕྱེ་བ་ལས་ཀྱང་། ཐེག་པ་ཆེན་པོ་ལས་ནི་འཆི་བའི་སེམས་ཐམས་ཅད་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་བརྗོད་ན་ཞེས་འབྱུང་བས་འཆི་བའི་སྔོན་རོལ་གྱི་སེམས་གསལ་བའི་ཚེ་དགེ་མི་དགེ་འབྱུང་ཡང་འཆི་སེམས་ནི་ལུང་མ་བསྟན་ཁོ་ན་ཡིན་པར་བཞེད་དོ། །ཡང་སྲིད་པ་བཞི་པོ་དེ་དག་ལས་འདོད་གཟུགས་གཉིས་ན་ནི་བཞི་ག་ཡོད་ལ། གཟུགས་མེད་ན་ནི་གསུམ་སྟེ། དེ་ན་བར་སྲིད་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀུན་ལས་བཏུས་ལས་ཀྱང་། བར་མ་དོའི་སྲིད་པ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་སྐྱེ་བ་ནའོ། །གཟུགས་མེད་པ་ནས་ནི་འཕོ་བ་ནའོ་ཞེས་འབྱུང་སྟེ། དེ་ནི་གཟུགས་མེད་ནས་ཤི་ནས་ཁམས་འོག་མ་གཉིས་སུ་སྐྱེ་བའི་དབང་དུ་བྱས་པ་སྟེ། དེའི་བར་སྲིད་ནི་ཁམས་འོག་མ་གཉིས་སུ་གཏོགས་པའི་ཕྱིར་རོ། །
ད་ནི་གང་གིས་གནས་པའི་ཟས་བཤད་པ་ནི་འགྲོ་བ་རྣམས་ནི་ཟས་ཀྱིས་གནས་པ་ཡིན་ནོ་ཞེས་ཡང་དག་པར་ལྡན་པའི་ལུང་ལས། བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་གཅིག་བཀའ་སྩལ་པ་འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ཟས་ཀྱིས་གནས་པའོ་ཞེས་གསུངས་སོ། །ཟས་ཀྱང་བཞི་སྟེ། རགས་པ་དང་ཕྲ་བའི་ཁམ་གྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་སོ། །དེ་དག་ལས་དང་པོ་ཁམ་གྱི་ཟས་ནི་(གོང་མ་གཉིས་འདོད་ཆགས་བྲལ་བས།) འདོད་པའི་ཁམས་ཁོ་ན་ན་ཡོད་དེ། དེ་ཡང་དྲི་(སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ཅིང་མིད་པས་དེ་དང་འདོད་པའི་)རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཅི་སྟེ་ན། དེ་དག་སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ཅིང་མིད་ནས་ཟ་བའི་ཕྱིར་རོ། །ཁམ་ཟས་ལའང་ཕྲ་རགས་གཉིས་ལས་དང་པོ་ནི་བར་སྲིད་པ་དང་འདོད་ལྷ་དང་བསྐལ་པ་དང་པོའི་མི་རྣམས་ཀྱི་ཡིན་ཏེ། དྲི་ཟ་བའི་ཕྱིར་དང་། བྱེ་མ་ལ་ཏིལ་མར་བླུགས་པ་ལྟར་ཡན་ལག་གི་ནད་དུ་འཇུ་བས་རྒྱུ་མཐུན་མེད་པའི་ཕྱིར་རོ། །ཡང་ན་བྱིས་པ་དང་དྲོད་གཤེར་སྐྱེས་ལ་སོགས་པ་སེམས་ཅན་ཕྲ་མོ་རྣམས་ཀྱིས་ནི་ཕྲ་བ་དང་། དེ་དག་ལས་གཞན་ནི་རགས་པའོ། །དེ་བཞིན་དུ་ཁྲུས་དང་བསྐུ་མཉེ་ལ་སོགས་པ་གང་དག་མི་མིད་ལ་ལུས་གནས་པར་བྱེད་པ་དེ་དག་ཀྱང་ཟས་ཕྲ་མོ་ཡིན་ནོ། །འོ་ན་གྲིབ་མ་དང་ཉི་མ་དང་མེ་ལ་སོགས་ལ་ཡོད་པའི་རེག་བྱ་དེ་དག་ཇི་ལྟར་ཟས་ཡིན་ཞེ་ན། འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་པས་དེ་དག་ནི་མ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །(འདིས་ནི་སྐྱེ་མཆེད་གསུམ་ཕལ་ཆེར་ཟས་སུ་བསྟན་ལ་ཉི་གྲིབ་ལ་སོགས་པ་ཁ་ཅིག་ཁམ་དུ་བྱེད་པར་མི་སྟོན་ནོ། །)གལ་ཏེ་འབྲས་ཆན་ལ་སོགས་པ་ལ་ཡོད་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཁམ་དུ་བྱས་ནས་མིད་པས་ཅིའི་ཕྱིར་ཁམ་ཟས་མ་ཡིན་ཞེ་ན། གཟུགས་ཀྱི་སྐྱེ་མཆེད་ནི་ཁམ་ཀྱི་ཟས་མ་ཡིན་ཏེ། ཟས་ནི་དབང་པོ་དང་དེའི་རྟེན་འབྱུང་བ་ལ་ཕན་འདོགས་པས་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་དེས་རང་གི་དབང་པོ་མིག་ལ་མི་ཕན་པའི་ཕྱིར་དང་། དབང་པོའི་རྟེན་གྱི་འབྱུང་བ་ལའང་མི་ཕན་པའི་ཕྱིར་རོ། །དེ་མིད་པའི་ཚེ་རང་གི་དབང་པོ་དང་དེའི་རྟེན་གྱི་འབྱུང་བ་ལའང་ཕན་མི་འདོགས་ན་གཞན་གྱི་དབང་པོ་དང་འབྱུང་བ་ལ་ཇི་ལྟར་ཕན་འདོགས་པར་འགྱུར། གལ་ཏེ་བཀྲེས་པས་ཉེན་པ་ཟས་མཐོང་བ་ཙམ་གྱིས་ཀྱང་ཕན་པ་མ་ཡིན་ནམ་ཞེ་ན། ཟས་མཐོང་བ་ཙམ་གྱིས་ཡིད་བདེ་བ་ནི་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་སུ་བྱས་པ་ཡིན་གྱི་གཟུགས་ནི་མ་ཡིན་ཏེ། གལ་ཏེ་གཟུགས་མཐོང་བ་ཙམ་གྱིས་ཡིན་ན་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་དང་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་ཟས་མཐོང་བ་ཙམ་གྱིས་ཚིམ་པར་འགྱུར་ན་འདོད་པའི་ཉོན་མོངས་ལས་རྣམ་པར་གྲོལ་བ་རྣམས་ལ་མི་ཕན་པའི་ཕྱིར། (ད་ལྟ་ཕང་རི་བ་དང་བྲལ་བའི་ཟས་མཐོང་བས་མི་ཕན་པའི་ཕྱིར།) དེའི་ཚེ་ཡང་སྲིད་པ་དང་བཅས་པའི་(སེམས་པའམ།) རེག་པ་(ཉོན་མོངས་ཅན།) ཁོ་ན་ཟས་སུ་འདོད་དོ། །(གང་སྤེལ་ན་རེ་གཟུགས་ཁམ་ཟས་མིན་ཏེ་ཕྲད་ནས་འཛིན་པའི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་སྒྲ་བཞིན་ནོ་ཞེས་གསུངས་པ་ཉིད་ལེགས་སོ། །གཞན་ཡིད་དང་ཆོས་གཟུགས་ཅན་མིན་ལ། དབང་པོ་ལྔ་འོད་ལྟར་དང་བ་དང་སྒྲ་ལ་རྒྱུན་མེད་པས་ཁམ་ཟས་མ་ཡིན་ཞེས་གསུང་ངོ་། །)
བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཟས་ཀྱི་དོན་ནི་སྲིད་པ་གསོ་བར་བྱེད་པ་ཡིན་པས་རེག་པ་དང་སེམས་པ་དང་རྣམ་པར་ཤེས་པ་ནི་ཟག་བཅས་ཁོ་ན་ཟས་ཡིན་གྱི་ཟག་མེད་ནི་སྲིད་པ་ཟད་པར་བྱེད་པས་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་(རེག་སོགས་ཟག་མེད་གསུམ་ཡང་།) ཟས་མ་ཡིན་ནོ་ཞེས་ཟེར་རོ། །(དེས་ན་ཁམས་དང་སྐམ་བ་མི་མཉམ་པའི་ཟག་བཅས་ཀྱིས་རྒྱས་པར་བྱེད་ཀྱང་ཟས་མ་ཡིན་ནོ། །)དེ་དག་གི་ངོ་བོ་ནི་བཤད་ཟིན་ཏོ། །དེ་དག་ཁམས་གསུམ་པོ་དག་ན་ཡོད་དོ། །
འོ་ན་མདོ་ལས་ཟས་རྣམས་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་འཚོ་བར་བྱེད་པ་དང་། སྲིད་པ་འཚོལ་བ་རྣམས་ལ་ཕན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་(ཕྱིར་དེའི།) བྱུང་བ་ནི་སྐྱེས་པ་ཡིན་ན་སྲིད་པ་འཚོལ་བ་གང་ཞེ་ན། ཡིད་ཀྱིས་རྫུས་ཏེ་སྐྱེས་པའི་ཕྱིར་ཕ་མའི་མི་གཙང་བ་ལ་མི་ལྟོས་པས་ཡིིད་ལས་བྱུང་བ་དང་། (སྔོན་དུས་སམ།) སྐྱེ་བའི་སྲིད་པ་འཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སྲིད་པ་འཚོལ་བ་དང་། ཟས་སུ་དྲི་ཕྲ་བ་ཟ་བའི་ཕྱིར་དྲི་ཟ་དང་། འཆི་བ་དང་སྐྱེ་བའི་བར་ན་གནས་པའི་ཕྱིར་སྲིད་པ་བར་མ་དང་། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པའི་སྲིད་པ་ཞེས་བྱ་བ་ནི་རྣམ་གྲངས་སུ་ལྟའོ། །དེས་ན་མདོ་ལས། མངོན་པར་འགྲུབ་པའི་ཀུན་སྦྱོར་སྤངས་ལ་སྐྱེ་བའི་ཀུན་སྦྱོར་མ་སྤངས་པ་ལ་སོགས་པ་མུ་བཞི་གསུངས་པའི་མུ་དང་པོ་ནི། ཕྱིར་མི་འོང་ཁམས་འོག་མ་གཉིས་ལས་འདོད་ཆགས་དང་བྲལ་བ་དང་། གཉིས་པ་བར་མ་དོར་མྱ་ངན་ལས་འདའ་བ་དང་། གསུམ་པ་དགྲ་བཅོམ་པ་དང་། བཞི་པ་དེ་དག་མ་གཏོགས་པ་(བདག་ཅག་ལ་སོགས་པ།) འོ། །ཡང་ན་བྱུང་བ་ནི་དགྲ་བཅོམ་པ་ཡིན་ལ། སྲིད་པ་འཚོལ་བ་ནི་སྲིད་པ་དང་བཅས་པ་རྣམས་སོ། །ཡང་ཅིའི་ཕྱིར་ཟས་བཞིར་བསྟན་ཞེ་ན། ཚེ་འདི་ལ་རྟེན་པ་སེམས་དང་སེམས་བྱུང་གི་གནས་ཏེ་རྟེན་དུ་གྱུར་པའི་དབང་པོ་དང་བཅས་པའི་ལུས་རྒྱས་པའི་དོན་དུ་ནི་ཁམ་གྱི་ཟས་དང་། རྟེན་པ་སེམས་དང་སེམས་བྱུང་དེ་དག་ཉིད་རྒྱས་པའི་དོན་དུ་རེག་པ་སྟེ། དེ་ལྟར་ན་འདིར་སྐྱེས་པའི་སྲིད་པ་གསོ་བར་བྱེད་པ་ལ་གཙོ་བོ་ཡིན་པས་མ་མ་ལྟ་བུའི་ཁམ་རེག་གི་ཟས་སྔ་མ་གཉིས་བསྟན་ཏོ། །སྲིད་པ་ཕྱི་མ་གཞན་འཕེན་པའི་ཕྱིར་སེམས་པའི་ཟས་དང་། ལས་ཀྱིས་འཕངས་པའི་རྣམ་ཤེས་ཀྱི་སྲིད་པ་ཕྱི་མ་མངོན་པར་འགྲུབ་པའི་དོན་དུ་རྣམ་པར་ཤེས་པ་སྟེ། དེ་ལྟར་ན་མ་སྐྱེས་པའི་སྲིད་པ་བསྐྱེད་པ་ལ་གཙོ་བོ་ཡིན་པས་ན་མ་ལྟ་བུའི་ཟས་ཕྱི་མ་གཉིས་ཏེ་གོ་རིམ་བཞིན་དུ་བསྟན་པས་ན་ཟས་བཞིར་ངེས་སོ། །འོན་ཀྱང་འདི་དག་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ཁམ་ཟས་དང་རེག་པས་ཀྱང་བརྒྱུད་ནས་སྲིད་པ་འཕེན་ཏེ། དེ་དག་ལས་ཉོན་མོངས་པ་དང་དེས་ལས་གསོག་པའི་ཕྱིར་དང་། མདོ་ལས་ཀྱང་། དགེ་སློང་དག་ཟས་བཞི་པོ་འདི་དག་ནི་ནད་དང་འབྲས་དང་ཟུག་རྔུའི་རྩ་བ་ཡིན་ནོ། །རྒ་ཤིའི་རྐྱེན་ཡིན་ཏེ་ཞེས་གསུངས་པའི་ཕྱིར་རོ། །
སེམས་པ་དང་རྣམ་པར་ཤེས་པས་ཀྱང་སེམས་ཅན་གནས་པར་བྱེད་དེ། མུ་གེས་ཉོན་མོངས་པར་བྱས་པ་དག་ཐལ་བའི་རྐྱལ་པ་ལ་ཕྱེའི་སེམས་པ་ཡོད་པ་དེ་སྲིད་དུ་མ་ཤི་བ་(དང་དབུ་པའི་ཕུང་པོ་ལ་ཐད་དུ་ཡོད་པ་དེ་སྲིད་དུ་མ་ཤི་བ་)ལ་རེ་བ་མེད་པ་ན་ཤི་བར་གྲགས་པའི་ཕྱིར་དང་། རྣམ་ཤེས་ཀྱིས་ཟིན་ན་ལུས་དང་དེ་ལ་བརྟེན་པའི་སེམས་ལས་བྱུང་བ་རྣམས་ཀྱང་རྒྱས་པའི་ཕྱིར་རོ། །(རྒྱ་མཚོ་འགྲམ་གྱི་སྒོར་མའི་སེམས་པས་མ་བརྗེད་པ་མི་འབྲུལ་ལ་བརྗེད་པ་འབྲུལ་ལོ་ཞེས་ཀྱང་གྲག་གོ། །སློབ་དཔོན་ན་རེ་དེ་ལྟ་ན་གཞན་གྱི་སེམས་པ་གཞན་གྱི་ཟས་སུ་ཐལ་བས་སྒོ་ངས་མ་དྲན་ན་མི་འབྲུལ་ལམ་མ་དྲན་ན་འབྲུལ་ལོ་ཞེས་སོ། །ཡང་དྲན་པ་ཉེར་གཞག་ལས་སྒོ་ང་ལས་སྐྱེས་པ་དང་ཆུ་སྲིན་ལ་སོགས་པ་རྣམས་ཡིད་ལ་སེམས་པའི་ཟས་དེས་འཚོ་བར་བྱེད་དོ། །གལ་ཏེ་མའམ་ཕ་མ་རང་གི་བུ་དྲན་ན་དྲན་པ་དེས་ཚིམ་པར་བྱེད་དོ། །དེ་ནས་ཡར་འཕེལ་བར་བྱེད་ཅིང་འཚོ་བར་བྱེད་ལ་ཟས་ཀྱི་བྱ་བ་ཡང་བྱེད་དོ་ཞེས་གསུངས། །)རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་ཞུ་བས་ཞུ་བ་ལས་གྱུར་པ་དང་། ཡུལ་གྱི་ཡུལ་ལས་གྱུར་པ་དང་། རེ་བས་རེ་བ་ལས་གྱུར་པ་དང་། ཟིན་པས་ཟིན་པ་ལས་གྱུར་པ་ཞེས་བཤད་དེ། ལུས་རྒྱས་པ་དང་། ཚོར་བ་རྒྱས་པ་དང་། སེམས་རྒྱས་པ་དང་། སེམས་ལས་བྱུང་བའི་ཆོས་རྒྱས་པའི་ཕྱིར་རམ། ལུས་དྲན་པ་ཉེར་གཞག་ལ་སོགས་པ་ལ་འཇུག་པའི་ཕྱིར་བཞིར་ངེས་པར་འདོད་དོ། །(ཁམས་དང་ཟས་ལ་མུ་བཞི་རྩི་ན། མུ་དང་པོ་ཁམ་ཡིན་ལ་ཟས་མིན་པ་ནི་ཐོ་ལུམ་འབར་བ་ལ་སོགས་པ་ཟ་བ་དང་འཇུ་བའི་ཚེ་གཉིས་ཀ་ཕན་མི་འདོགས་པའོ། །ཟས་ཡིན་ཁམ་མིན་རེག་སོགས་གསུམ་མོ། །གཉིས་ཡིན་ནི་དབང་པོ་རྟེན་བཅས་རྒྱས་པར་འགྱུར་བའི་ཁམ་གང་ཡིན་པའོ། །གཉིས་མིན་ནི་སྒྲ་དང་ཚོར་བ་སྡུག་བསྔལ་མཚུངས་ལྡན་ཐམས་ཅད་དོ། །དེ་བཞིན་དུ་རེག་པ་དང་། ཟས་ལའང་མུ་བཞི་སྟེ། རེག་པ་ཡིན་ལ་ཟས་མིན་པ་རེག་པ་ཟག་མེད་དོ། །ཟས་ཡིན་རེག་མིན་ནི་སེམས་པ་སོགས་ཟས་གསུམ་མོ། །གཉིས་ཡིན་ནི་རེག་པ་ཟག་བཅས་སོ། །གཉིས་མིན་ནི་དེ་དག་མ་གཏོགས་པ་སྟེ་ཟས་གཞན་གསུམ་ལའང་མུ་བཞི་སྦྱར་རོ། །བྱེ་བྲག་སྨྲ་བ་དག་ཟས་ནི་ཟ་བ་དང་། འཇུ་པའི་ཚེ་གཉིས་སུ་བྱ་བ་བྱེད་པས། ཐུ་ལུམ་འབར་བ་ལ་སོགས་པའང་ཟས་ཡིན་ཏེ་ཟ་བའི་ཚེ་བཀྲེས་སྐོམ་འཇོམས་ནུས་པས་སོ། །བསྟན་བཅོས་ལས་རྒྱས་འགྱུར་གྱི་ཟས་ལ་དགོངས་སོ། །ཞེས་ཟེར་རོ། །)དེ་དག་གིས་ནི་གནས་པའི་ཚུལ་བཤད་ཟིན་ཏོ། །
ད་ནི་འཆི་བའི་ཚུལ་སྟོན་པ་ལ་འཆི་བའི་སེམས་དང་། ཚུལ་དང་། ཤི་ནས་ཇི་ལྟར་འགྱུར་བ་གསུམ་ལས་དང་པོ་ནི་(ལོག་ལྟས།) དགེ་བའི་རྩ་བ་ཆད་པ་དང་། དེ་(ཐེ་ཚོམ་མམ་ཡང་དག་ལྟ་བས།) མཚམས་སྦྱོར་བ་དང་། (མཉམ་གཞག་གིས་)ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་དང་། དེ་ལས་(ཚུལ་བཞིན་མིན་པས་ཡིད་བྱེད་ཀྱིས་)ཉམས་པ་དང་། (དབང་པོ་འགགས་པ།) འཆི་འཕོ་བ་དང་། བར་སྲིད་དང་སྐྱེ་སྲིད་དུ་སྐྱེ་བ་ལེན་པའི་སེམས་དྲུག་པོ་རྣམས་ནི་ཁ་ཅིག་རྟོག་བཅས་དང་ཁ་ཅིག་མཉམ་གཞག་དང་ཁ་ཅིག་མི་གསལ་བས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནར་འདོད་དོ་ཞེས་བྱ་བ་ནི་སྡེ་པ་དག་སྟེ། རྣལ་འབྱོར་སྤྱོད་པ་པ་ནི་སྐྱེ་བ་དང་འཆི་བའི་(སེམས་)ནི་ཀུན་གཞི་རྣམ་ཤེས་ཡིན་པར་འདོད་དོ། །ཆོར་བ་ནི་འཆི་འཕོ་བ་དང་སྐྱེ་བའི་བཏང་སྙོམས་ཉིད་ལ་ཡིན་པར་འདོད་དེ། ཚོར་བ་གཞན་དག་ནི་རྣམ་པ་གསལ་བའི་ཕྱིར་མི་འདོད་དོ། །དེའི་ཕྱིར་བསམ་གཏན་གསུམ་ན་ཉེར་བསྡོགས་ཁོ་ན་ལ་འཆི་སེམས་དང་སྐྱེ་སེམས་ཡོད་ཀྱི་དངོས་གཞི་དག་ན་ནི་མེད་དེ། བཏང་སྙོམས་མེད་པའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཡིད་ཀྱི་རྣམ་ཤེས་དེ་ཡང་བློ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་བཞིན་པའི་མཉམ་གཞག་ལ་སྐྱེ་བ་དང་འཆི་བ་མེད་དེ། (མཉམ་གཞག་དང་།) རིས་མི་འདྲ་བའི་སེམས་མངོན་དུ་བྱས་པའི་ཕྱིར་དང་། ཏིང་ངེ་འཛིན་མངོན་པར་འདུ་བྱེད་པ་ལས་བྱུང་བའི་སྦྱོར་བྱུང་ཡིན་(པས་གསལ་)པའི་ཕྱིར་དང་། (ཤིན་ཏུ་སྦྱངས་པས།) ལུས་ལ་ཕན་འདོགས་(པས་གོང་མ་གཉིས་སུ་མཉམ་གཞག་གི་སེམས་ལ་དེ་དག་མེད།) པའི་ཕྱིར་རོ། །སེམས་མེད་(གསུམ་ལ་གནས།) པའི་ངང་ལའང་(འཆི་འཕོ་བ་དང་སྐྱེ་བ་)དེ་དག་མེད་དེ་(དེ་དག་ལ་གནས་པ་ལ་གནོད་པར་བྱ་བར་མི་ནུས་པའི་ཕྱིར་དང་།) འཆི་བ་དང་སྐྱེ་བ་ནི་སེམས་གཞན་དུ་འཕོ་བ་དང་ཉིང་མཚམས་སྦྱོར་བ་ཡིན་པ་ན་སེམས་མེད་པའི་ཕྱིར། །དེའི་ཕྱིར་འདུ་ཤེས་མེད་པའི་སེམས་ཅན་དག་སྐྱེ་བ་དང་འཆི་བ་ནའང་སེམས་འབྱུང་བར་བཤད་དོ། །(ཡང་ཉོན་མོངས་པ་མེད་པར་མི་སྐྱེ་བའི་ཕྱིར་རོ། །)གང་ཞིག་འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་པ་དེ་ལས་དགྲ་བཅོམ་པ་མྱ་ངན་ལས་འདའ་བ་ནི་(འདོད་པ་ན་རྣམ་སྨིན་བཏང་སྙོམས་ཡོད་པར་འདོད་པ་ལྟར་ན་)སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་(གང་རུང་དང་མེད་པ་ལྟར་ན་སྤྱོད་ལམ་པའི།) སེམས་དགེ་བ་དང་ཉོན་མོངས་ཅན་དུ་ལུང་བསྟན་པ་མིན་པ་གཉིས་ལས་གང་རུང་ཡིན་ནོ་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བ་ཡིན་ཏེ། སེམས་གཉིས་པོ་དེ་སྟོབས་ཆུང་བས་སེམས་རྒྱུན་ཆད་པ་དང་མཐུན་པའི་ཕྱིར་དང་། གཞན་དག་ནི་སྟོབས་ཆེ་བའི་ཕྱིར་རོ། །སློབ་དཔོན་གང་སྤེལ་གྱིི་ཊཱི་ཀར་ཁ་ཅིག་ན་རེ་དགྲ་བཅོམ་པས་མི་དགེ་བ་(དང་ཉོན་མོངས་ཅན་)སྤངས་ཤིང་ཟག་མེད་གསལ་བས་དེ་ལས་མྱ་ངན་ལས་མི་འདའ་ལ། དགེ་བ་ཟག་བཅས་ནི་རྣམ་སྨིན་དང་བཅས་ཤིང་དགྲ་བཅོམ་ནི་མ་འོངས་པའི་རྣམ་སྨིན་ལ་རྒྱབ་གྱིས་ཕྱོགས་པ་ཡིན་པས་དགེ་བའི་སེམས་ལ་མྱ་ངན་ལས་འདའ་བ་མེད་དོ། །ཞེས་ཟེར་རོ། །གཞན་དག་ན་རེ་མཐར་གྱིས་འཁོར་བ་སྤོང་བ་ཡིན་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་བས་ནི་མི་དགེ་བ་དང་། སྲིད་རྩེ་ལས་འདོད་ཆགས་དང་བྲལ་བས་ནི་བསྒྲིབས་ལ་ལུང་མ་བསྟན་དང་། མྱ་ངན་ལས་འདའ་བའི་སེམས་མ་བསྒྲིབས་ལུང་མ་བསྟན་མངོན་དུ་གྱུར་པས་ནི་དགེ་བ་དང་། ལྷག་མེད་ཀྱི་དབྱིངས་སུ་ཞུགས་པས་ནི་མ་བསྒྲིབས་ལུང་མ་བསྟན་སྤོང་བའི་ཕྱིར་རོ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །
གཉིས་པ་འཆི་བའི་ཚུལ་ནི་གལ་ཏེ་འཆི་བ་ན་ལུས་ཀྱི་ཕྱོགས་གང་དུ་རྣམ་ཤེས་འགག་ཅེ་ན། འོག་ངན་སོང་གསུམ་དང་མི་དང་ལྷར་འགྲོ་སྟེ་སྐྱེ་བ་དང་མི་སྐྱེ་བ་དགྲ་བཅོམ་པ་མྱ་ངན་ལས་འདའ་བ་རྣམས་རྫུས་སྐྱེས་ལ་ནི་འདི་ལྟར་མ་ངེས་པས་(ཅིག་ཅར་འཆི་ན་ཡིད་དང་ལུས་དབང་ཐམས་ཅད་ཅིག་ཅར་འགགས་པ།) རིམ་གྱིས་ཏེ་སྐྱེ་གནས་དང་པོ་གསུམ་འཆི་བ་ན་རིམ་པ་ལྟར་ངན་སོང་བ་རྐང་པ་དང་མི་ལྟེ་བ་དང་ལྷ་དང་དགྲ་བཅོམ་པ་ནི་སྙིང་གར་ཡིད་འཆི་འཕོའོ། །ཁ་ཅིག་ན་རེ་དགྲ་བཅོམ་པ་ནི་སྤྱི་བོ་ནས་འཕོའོ། །ཞེས་ཟེར་རོ། །དེ་ཡང་རྣམ་ཤེས་ནི་གཟུགས་མེད་ཅིང་བསྟན་མེད་ཡིན་པས་ཡུལ་ན་མི་གནས་མོད་ཀྱི། འོན་ཀྱང་འཆི་བ་ན་ལུས་ཀྱི་དབང་པོ་རྡོ་བསྲེགས་པ་ལ་ཆུ་བཏབ་པ་ཡལ་བར་འགྱུར་བ་ལྟར་ལུས་ཀྱི་རྐང་པ་ལ་སོགས་པར་ནུབ་པར་འགྱུར་བ་ལ་ཡིད་འཕོ་ཞེས་བྱའོ། །ཀུན་ལས་བཏུས་ལས་ནི་དགེ་བ་བྱེད་པའི་ལུས་ནི་ཐོག་མ་ཉིད་དུ་སྨད་གྲང་བར་འགྱུར་རོ། །མི་དགེ་བ་བྱེད་པའི་ལུས་ནི་སྟོད་གྲང་བར་འགྱུར་རོ་ཞེས་བཤད་དེ། འདིའི་ལྟར་ན་དྲོད་སྡུད་ཕྱོགས་མ་གཏོགས་པ་མཐར་ཐམས་ཅད་ཀྱི་སྙིང་ག་ནས་ཀུན་གཞི་འཕོ་བར་འདོད་དོ། །
གལ་ཏེ་འཆི་འཕོ་བ་ན་གནད་གཅོད་པ་དེ་དག་(རྒྱུ་)གང་(གིས་)ཞེ་ན། གནད་གཅོད་པ་ནི་(བད་ཀན་དང་མཁྲིས་པ་དང་རླུང་ཤས་ཆེ་ན་རིམ་པ་ལྟར།) ཆུ་དང་སོགས་པའི་སྒྲས་གཟུང་བ་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་དྲག་ཏུ་འཁྲུགས་པའི་སྟོབས་ཀྱིས་ལུས་ཀྱི་ཕྱོགས་འགའ་ཞིག་ཉམས་ནས་འཆི་བ་སྟེ། དེ་ཡང་མཚོན་ཆ་རྣོན་པོས་བཏབ་པ་ལྟར་ཚོར་བ་མི་བཟད་པས་ཉམས་པས་བཅད་པ་དང་འདྲ་བར་གཡོ་བ་མེད་པ་ཡིན་གྱི་འདྲེ་དང་གདོན་གྱིས་དངོས་སུ་ཤིང་དུམ་བུར་བྱེད་པ་ལྟར་གཅོད་པ་ནི་མ་ཡིན་ནོ། །གལ་ཏེ་སའི་ཁམས་ཀྱིས་ཅིའི་ཕྱིར་མི་གཅོད་ཅེ་ན། སེམས་ཅན་རྣམས་ལ་རླུང་དང་མཁྲིས་པ་དང་བད་ཀན་དག་ལས་སྐྱོན་བཞི་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རླུང་ཤས་ཆེ་ན་རླུང་དང་མཁྲིས་པ་ཤས་ཆེ་ན་མེ་དང་། བད་ཀན་ཤས་ཆེ་ན་ཆུ་དག་གིས་གཅོད་དོ། །ཁ་ཅིག་ན་རེ་སྣོད་ཀྱི་འཇིག་རྟེན་འཇིག་པ་དང་ཆོས་མཐུན་པས་སོ་ཞེས་ཟེར་རོ། །དགེ་བ་བྱེད་ཅིང་གཞན་གྱི་གནད་དུ་བསྣུན་པར་མི་བྱེད་པ་དང་ལྷ་ལ་སོགས་པ་ཅིག་ཅར་འཆི་བ་རྣམས་ནི་གནད་གཅོད་མེད་པར་འཆི་བའི་ཕྱིར་རོ། །ཞེས་སློབ་དཔོན་གང་སྤེལ་གྱིས་བཤད་པས་དེ་དག་གིས་མི་གཅོད་པ་དག་ཀྱང་སྲིད་དོ། །(ལྷ་དག་ནི་ནང་ན་གནད་འཆད་པ་མེད་ཀྱང་འདོད་པ་ན་ལྷའི་བུ་འཆི་བ་ལ་གོས་དང་རྒྱན་ལས་སྒྲ་ཡིད་དུ་མི་འོང་བ་འབྱུང་བ་དང་། ལུས་ཀྱི་འོད་སྔར་བས་ཆུང་བར་འགྱུར་བ་དང་། ཁྲུས་བྱས་པའི་ཆུའི་ཐིགས་པ་ལུས་ལ་འཆགས་པ་དང་། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་གནས་པར་འགྱུར་བ་དང་། མིག་འབྱེད་འཛུམས་བྱེད་པར་འགྱུར་བ་སྟེ་མ་ངེས་པ་ཉེ་བའི་འཆི་ལྟས་ལྔ་དང་། གོས་དྲི་མ་ཅན་དུ་གྱུར་པ་དང་། མེ་ཏོག་ཕྲེང་རྙིངས་པར་འགྱུར་བ་དང་། མཆན་ཁུང་གཉིས་ནས་རྡུལ་འབྱུང་བ་དང་། ལུས་ལས་དྲི་ང་བ་འབྱུང་བ་དང་། ལྷའི་བུ་རང་གི་སྟན་ལ་མི་དགའ་བར་འགྱུར་བ་སྟེ་དེ་དག་བྱུང་ན་འཆི་བར་ངེས་པས། ངེས་པ་ཅན་གྱི་འཆི་ལྟས་ལྔ་འབྱུང་ཞིང་། སློབ་དཔོན་གང་སྤེལ་གྱི་ཊཱི་ཀ་ལས། ངེས་པ་ཅན་གྱི་འཆི་ལྟས་འདི་དག་ནི་ཐམས་ཅད་ལ་གདོན་མི་ཟ་བར་མི་འབྱུང་ལ། ཐམས་ཅད་ཀྱང་མི་འབྱུང་མོད་ཀྱིས་ལྷའི་འཆི་ལྟས་བསྡོམས་ནས་ལྔ་ཞེས་བརྗོད་དོ། །འཆི་ལྟས་དེ་དག་ནི་ལྷའི་ཞག་ལྔ་འབྱུང་ངོ་། །ཞེས་བཤད་དོ། །དེས་ན་ལུས་ཀྱི་སྡུག་བསྔལ་མནར་མེད་ཆེ་ཡང་སེམས་ཀྱི་སྡུག་བསྔལ་འཆི་ལྟས་བྱུང་བའི་ལྷ་ཆེ་སྟེ། དྲན་པ་ཉེར་གཞག་ལས། ལྷའི་ཡུལ་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེའི་ཁྱད་པར་སེམས་ཅན་དམྱལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པས་སོ། །འཆི་ལྟས་ཕོག་ནས་ལྷའི་བུ་གཞན་གྱིས་རྒྱང་ནས་མེ་ཏོག་ཅན་གྱི་ཤིང་གི་ཡལ་ག་སྙིང་གར་བཞག་ནས། ལྷའི་བུ་ཁྱོད་འདི་ནས་ཤི་འཕོས་ནས་ལེགས་པར་སྤྱད་པ་མིའི་འཇིག་རྟེན་འཛམ་གླིང་དུ་སྐྱེ་བར་གྱུར་ཅིག། དེ་ཡང་དད་པའི་གཤོལ་གྱིས། བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག། ཅེས་བརྗོད་པ་ནི། སྲིན་བུ་བྱེ་ཚན་ལ་སྒྲེས་པ་ལྟར། །ཀྱེ་ཧུ་ཤིང་རྟ་སྣ་ཚོགས་ཚལ། །ཀྱེ་ཧུད་ཚེའུ་དལ་གྱིས་འབབ། །ཀྱེ་ཧུད་སྡུག་པའི་རྣམ་ཤེས་ལྷ། །སྨྲེ་སྔགས་འདོན་ཞིང་ས་ལ་ལྷུང་། །ཞེས་སྨྲེ་སྔགས་འདོན་ནོ། །)
གསུམ་པ་ཤི་ནས་ཇི་ལྟར་འགྱུར་བ་ནི་སེམས་ཅན་རྣམས་སྐྱེ་བ་དང་གནས་པ་དང་འཆི་བ་ན་མདོ་ལས། སེམས་ཅན་གྱི་ཚོགས་རྣམ་གསུམ་དུ་གསུངས་ཏེ། གང་ཞེ་ན་ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་པ་ཞེས། དེ་ལས་འཕགས་པ་དང་མཚམས་མེད་པ་བྱེད་པ་དག་ནི་རིམ་པ་ལྟར་ཡང་དག་པ་དང་ལོག་པ་ཉིད་དུ་ངེས་པ་ཡིན་ཏེ། ངན་འགྲོ་མེད་པར་མཐོ་རིས་སུ་སྐྱེས་ནས་ཐར་པར་ངེས་པའི་ཕྱིར་དང་། ཤི་འཕོས་མ་ཐག་ཏུ་དམྱལ་བར་སྐྱེ་བར་ངེས་པའི་ཕྱིར་རོ། །ལྷག་མ་རྣམས་ནི་མ་ངེས་པ་ཡིན་ནོ། །དེ་དག་གིས་ནི་སེམས་ཅན་གྱི་འཇིག་རྟེན་བཤད་ཟིན་ཏོ།། །།
གཉིས་པ་སྣོད་ཀྱི་འཇིག་རྟེན་འཆད་པ།
ད་ནི་སྣོད་ཀྱི་འཇིག་རྟེན་འཆད་པ་ན་འདིར་འཇིག་རྟེན་གྱི་ཁམས་མ་ལུས་པའི་རྣམ་པར་བཞག་པ་ནི་བསྟན་པར་མི་ནུས་ཏེ། འཇིག་རྟེན་གྱི་ཁམས་ཁ་ཅིག་ནི་སྤྱིའུ་ཚུགས་དང་། ཁ་ཅིག་ནི་སྣྲེལ་ཞི་དང་། ཁ་ཅིག་སྟེང་གཡོགས་མེད་པ་དང་། ཁ་ཅིག་ནི་ཉི་ཟླ་མེད་པ(ར་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་ནོར་བུས་བྱ་བ་བྱེད་པ་ནོར་བུ་བཀོད་པའི་ཞིང་ལྟ་བུ་)དང་། ཁ་ཅིག་ནི་སྟོང་གསུམ་ཉི་ཟླ་གཅིག་གིས་འཁོར་བ་(ཀུན་བཟང་གི་ཞིང་ལྟ་བུ།) དང་། ཁ་ཅིག་ནི་བྱང་ཆུབ་ཀྱི་ཤིང་ལའང་སྟོང་གསུམ་འདིའི་ཚད་ཙམ་ཡོད་པ་ལ་སོགས་པ་རྣམ་པར་བཞག་པ་མཐའ་ཡས་པ་ཡོད་པར་མདོ་དེ་དང་དེ་ལས་གསུངས་པའི་ཕྱིར་རོ། །(འཇིག་རྟེན་རྣམས་ཀྱི་དབྱིབས་ཀྱང་སྣ་ཚོགས་ཡོད་དེ། ཕལ་ཆེན་ལས། ཕྱོགས་རྣམས་ཀུན་ན་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་གྲུ་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་བྲིས་ཞེས་སོ། །འཇིག་རྟེན་འདི་ཡང་ཕལ་ཆེན་ལས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་ན་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཕྱག་མཐིལ་གྱི་ནོར་བུ་རིན་པོ་ཆེའི་ནང་ན་རྣམ་པར་ཤེས་པའི་ཁམས་དང་ཆོས་ཀྱི་དབྱིངས་དང་ནམ་མཁའ་དང་མེ་དང་ཆུ་དང་སའི་ཁམས་རྒྱ་མཚོ་དང་མེ་ཏོག་ཚད་མེད་དང་ཕྱག་མཐིལ་གྱི་རྒྱུད་ལ་སོགས་པ་འཇིག་རྟེན་ཁམས་མིང་ཅན་ཉི་ཤུ་རྩ་ལྔ་ཡོད་པའི་བཅུ་གསུམ་པར་བཤད་ལ་མི་མཇེད་འདིའི་ཤར་གྱི་འདབ་ཆགས་པ་ན་འཇིག་རྟེན་གྱི་ཁམས་ཁེངས་པ་ཅན་དང་། ལྷོ་ན་ལྷག་པ་དང་། ནུབ་ན་རྡུལ་བསམ་པ་དང་། བྱང་ན་རྣམ་པར་བྱུང་དང་། བྱང་ཤར་ན་འཕོ་བར་བྱེད་པ་དང་། ཤར་ལྷོ་ན་ཕན་པ་དང་། ལྷོ་ནུབ་ན་ཀུན་ཏུ་སོང་བ་དང་། ནུབ་བྱང་ན་ཡོངས་སུ་དགའ་བ་དང་། འོག་ན་མི་ཆེ་བ་དང་། སྟེང་ན་ཞིང་ཁམས་དབྱངས་སྒྲོགས་ཞེས་བྱ་བ་ཡོད་པར་བཤད་དོ། །གླིང་བཞི་པ་འདི་ན་བཅོམ་པ་དང་ལྡན་པ་ཞེས་བྱ་ལ། འདིའི་ཤར་གྱི་འདབ་ཆགས་པ་ན་གླིང་བཞི་པ་ཤིན་ཏུ་བསྲུངས་བ་དང་། ལྷོ་ན་བཟོད་པར་དཀའ་བ་དང་། ནུབ་ན་གཉེན་དང་ལྡན་པ་དང་། བྱང་ན་སེང་གེ་ཡོད་པ་དང་། བྱང་ཤར་ན་རྣམ་པར་བརྩེགས་པ་དང་། ཤར་ལྷོ་ན་དགའ་བ་དང་། ལྷོ་ནུབ་ན་སྙིང་པོ་དམ་པ་དང་། ནུབ་བྱང་ན་ས་བཟང་པོ་ཞེས་བྱ་བ་ཡོད་པར་གསུངས་སོ། །)
མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་རྣམ་བཞག་བསྟན་པ།
དེའི་ཕྱིར་འདིར་བསྟན་པ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་རྣམ་པར་བཞག་པ་ཙམ་ཞིག་བསྟན་ཏོ། །ཞེས་ཤེས་པར་བྱ་སྟེ། (འཇིག་རྟེན་གཉིས་ཡོད་པའི།) སེམས་ཅན་གྱི་འཇིག་རྟེན་བསྟན་པའི་རྗེས་དེ་ལ་སྣོད་ཀྱི་འཇིག་རྟེན་(ཏེ་སྟོང་གསུམ་)བསྟན་པར་བྱའོ་ཞེས་མཚམས་སྦྱར་བའོ། །དེ་འཆད་པ་ན་སྣོད་ཀྱི་འཇིག་རྟེན་གྱི་རིམ་པ་དང་ཚད་དང་། སེམས་ཅན་གྱི་འཇིག་རྟེན་དང་། ཚད་ཉིད་བཤད་པ་གསུམ་ལས།
དང་པོ་ལའང་གསུམ་ཡོད་པའི་རྟེན་ནི་སྣོད་ཀྱི་འཇིག་རྟེན་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་འདོད་པའི་མངོན་པ་བ་ལྟར་ན་སྣོད་ཀྱི་འོག་དག་གི་གཞིར་གྱུར་པའི་རླུང་གི་དཀྱིལ་འཁོར་གྱི་རྔམས་ཏེ་སྟེང་འོག་ཏུ་ནི་དཔག་ཚད་ས་ཡ་(ཕྲག་གཅིག་དང་།) དྲུག་འབུམ་ཡོད་ལ། (སྟོང་གསུམ་དང་མཉམ་པས།) རྒྱར་གྲངས་མེད་པ་དང་ལྡན་པ་སེམས་ཅན་སྤྱིའི་ལས་ཀྱི་སྟོབས་ཀྱིས་འཆགས་སོ། །རླུང་གི་སྟེང་དུ་གནས་སོ་ཞེས་བྱ་བས་ཁྱབ་འཇུག་པ་རུས་སྦལ་གྱི་སྟེང་ན་གནས་པ་དང་། དབང་ཕྱུག་པ་དབང་ཕྱུག་གི་འདོད་པ་ལས་བྱུང་བར་འདོད་པ་ལ་སོགས་པ་སེལ་ལོ། །(ཕྱོགས་རྒྱུ་ཁ་དོག་དབྱིབས་དང་ཚད། །ཡོན་ཏན་བྱེད་ལས་ངེས་པའི་ཚིག། ཅེས་པ་བརྒྱད་གྱིས་ངེས་པར་བྱའོ། །)རླུང་དེའི་མིང་ནི་འཇམ་པོ་ཞེས་བྱ་བ་དང་། དབྱིབས་ནི་ཟླུམ་པོའོ། །ཁ་དོག་སྣ་ཚོགས་པའམ། ཁ་ཅིག་ནི་སྔོ་སྐྱར་འདོད་ལ། ཡོན་ཏན་ནི་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་(འི་སྲ་བ་)དང་། ལས་ནི་བརྟེན་པ་རྣམས་འདེགས་པ་དང་། ངོ་བོ་ནི་ས་ལ་སོགས་པ་རྫས་བརྒྱད་ཀྱི་རང་བཞིན་ཡིན་ཡང་རླུང་ཤས་ཆེ་བའི་ཕྱིར་རླུང་གི་དཀྱིལ་འཁོར་ཞེས་བརྗོད་དོ། །དེ་ལྟ་བུའི་རླུང་དེའི་སྟེང་དུ་ནམ་མཁའ་ལ་སྤྲིན་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་འཁྲིགས་པ་ལས་ཆར་གྱི་རྒྱུན་ལོ་མང་པོར་བབ་པ་ལས་ཆུའི་དཀྱིལ་འཁོར་འཆགས་ཏེ་ཆུ(འི་དཀྱིལ་འཁོར་འཆགས་པ་)དེའི་ཚད་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་དག་ནི་ཉི་ཤུ་ཡོད་པའོ། །(ཐད་ཀར་མི་འཕོ་བ་ནི་ལས་ལས་གྲུབ་པ་སྟེ་ཟས་མ་ཞུ་བ་ལོང་གར་སྡོད་པ་བཞིན་ནོ། །ཡང་གློ་ན་གནས་པའི་རླུང་གིས་བརྟེན་པའོ། །)དེ་ལྟ་བུའི་ཆུ་དེ་(ཡུན་རིང་པོར།) རླུང་གིས་དཀྲུགས་པ་ལས་(དུས།) ཕྱིས་ནི་(ཆུའི་)རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་ཡོད་པའི་མཚོར་གྱུར་ཏོ། །དེའི་ལྷག་མ་(དཔངས་སུ་)དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་(ཁོར་ཡུག་ཏུ་ས་པ་ཕྲག་གསུམ་དྲུག་འབུམ་ཁྲི་དང་སུམ་བརྒྱ་ལྔ་བཅུ།) དག་ནི་མཚོའི་སྟེང་དུ་གསེར་གྱི་དཀྱིལ་འཁོར་དུ་གྱུར་ཏོ། །ཆུ་དེ་དང་གསེར་གྱི་དཀྱིལ་འཁོར་གཉིས་ཀྱི་དཀྱིལ་གྱི་ཐད་ཀར་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ནའོ། །དེ་དག་གི་ཁོར་ཡུག་སྟེ་མཐའ་སྐོར་དུ་ནི་སུམ་འགྱུར་དུ་བརྩི་སྟེ། དཔག་ཚད་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་ཕྱེད་དང་བཞིའོ། །གལ་ཏེ་དཀྱིལ་འཁོར་དག་ཚད་མཉམ་པ་མ་ཡིན་ནམ་ཇི་ལྟར་ན་རླུང་གི་དཀྱིལ་འཁོར་གྱི་ཐད་ཀར་དང་མཐའ་མར་ཚད་མེད་ལ་ཆུ་དང་གསེར་ལ་ཡོད་ཅེ་ན། སྐྱོན་མེད་དེ། རླུང་ནི་སྟོང་གསུམ་གྱི་འོག་གཞིར་གནས་པ་ལ་ཚད་མེད་པར་བཤད་པ་ཡིན་ལ། ཆུ་དང་གསེར་ལ་ཚད་བཤད་པ་ནི་གླིང་བཞིའི་འོག་གཞིར་གྱུར་པའི་ཚད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གླིང་བཞིའི་འོག་གཞིར་གྱུར་པའི་རླུང་ལའང་ཆུ་དང་གསེར་གྱི་ཚད་ཙམ་(ལ་བྱེ་བ་ཕྲག་བརྒྱ་ཆུ་ཟིལ་ལྟར་)ཡོད་ལ། སྟོང་གསུམ་གྱི་འོག་གཞིར་གྱུར་པའི་ཆུ་དང་གསེར་ལའང་ཚད་མེད་དོ་ཞེས་ཤེས་པར་བྱའོ་ཞེས་བྱ་བ་ནི་ཁ་ཅིག་གི་ཡིན་ནོ། །
ཁ་ཅིག་ན་རེ་རླུང་ནི་སྟོང་གསུམ་གྱི་འོག་གཞི་གཅིག་ཏུ་འདབ་ཆགས་པར་འབྲེལ་པའི་དེ་ལ་ཚད་མེད་ལ། ཆུ་དང་གསེར་ནི་དེའི་སྟེང་དུ་གླིང་བཞིའི་འོག་གཞིར་གྱུར་པ་ཟིལ་པའི་ཐིགས་པ་ལྟར་དུམ་བུར་ཆགས་པའི་ཕྱིར་ཏེ་དེ་དག་གི་ཚད་བསྟན་པ་ཡིན་ལ། དེ་དག་གི་བར་རྣམས་ན་ནི་གླིང་བར་གྱི་མུན་པ་ཡོད་དེ། གདགས་པ་ལས། འཇིག་རྟེན་བར་མཚམས་ཕན་ཆད་དུ། །ཉི་ཟླ་དེ་བཞིན་སྐར་མ་དང་། །རྒྱུ་སྐར་ཚོགས་ནི་རྒྱ་ཆེན་ཀུན། །ཁོར་ཡུག་མི་འདའ་འཇིག་རྟེན་གྱི། །བར་མཚམས་ཐམས་ཅད་མུན་པར་འདུག་ཅེས་བཤད་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་ཁོར་ཡུག་གི་ཕྱི་རོལ་ཏུ་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཕྱོགས་རེར་དཔག་ཚད་སྟོང་ཉིས་བརྒྱ་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་ལྷག་པར་བཤད་པའི་ཕྱིར་དང་། སློབ་དཔོན་གང་སྤེལ་བས་ཀྱང་། གང་དག་གི་རེ་རེའི་ཚད་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་ཞེས་བྱ་བ་ལ་སོགས་པར་བཤད་པ་ཆུ་དང་གསེར་གྱི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱར་གནས་སོ་ཞེས་བཤད་པའི་ཕྱིར་རོ། །ཞེས་ཟེར་ཏེ་དེ་ཉིད་རིགས་པར་བལྟའོ། །སློབ་དཔོན་འཕགས་པས་ནི་དཀྱིལ་འཁོར་གསུམ་ག་ལ་ཚད་མ་གསུངས་སོ། །འོ་ན་ཆུ་དེ་དག་ཇི་ལྟར་ཐད་ཀར་འབོ་བར་མི་འགྱུར་ཞེ་ན། ཁ་ཅིག་ན་རེ་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་མི་འབོ་སྟེ་ཟས་མ་ཞུ་བ་ལོང་དུ་མི་ལྟུང་བ་བཞིན་ནོ་ཞེས་ཟེར་རོ། །འཕགས་པ་ཐོགས་མེད་ནི་རླུང་དེ་ནི་གློ་ན་གནས་པ་དང་། འོག་གཞིར་གནས་པ་གཉིས་ཡོད་པའི་ཕྱིར་རླུང་གིས་བརྟེན་པས་འབོ་བར་མི་འགྱུར་རོ་ཞེས་བཞེད་དོ། །རྟེན་པ་བཤད་པ་ལ་རི་བཤད་པ་ནི། དེའི་རྗེས་ལ་(ལས་ཀྱི་དབང་གིས།) ནམ་མཁའ་ལ་ས་བོན་(ནམ་ཁམས།) སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སྤྲིན་འཁྲིགས་ཏེ་ཆར་ལོ་མང་དུ་བབ་པ་ལས་ཡང་མཚོ་ཆེན་པོ་ཞིག་འཆགས་ཏེ། ཚད་ནི་དཔག་ཚད་བརྒྱད་ཁྲི་ཙམ་ཞིག་ཏུ་ངེས་སོ། །དེ་ལ་ཁམས་རབ་སྡུད་ཅིང་འབྱེད་པའི་རླུང་གིས་གྲུ་གཞིར་དཀུགས་པ་ལས་གསེར་གྱི་ས་གཞི་དེ་ལ་ལྷུན་པོའི་རི་འཆགས་ཏེ། བརྗིད་ཆེ་བས་ན་ལྷུན་པོ་དང་། རིའི་རྒྱལ་པོ་ཡིན་པས་ན་རི་རབ་བོ། །(དེ་བཞིན་དུ་རི་ཕྱི་མ་རྣམས་དང་གླིང་རྣམས་ཀྱང་རང་རང་གི་དབྱིབས་དང་འདྲ་བའི་རླུང་ལས་རིམ་གྱིས་འགྲུབ་བོ། །)
ཡང་ཁམས་འབྲིང་སྡུད་ཅིང་འབྱེད་པའི་རླུང་གིས་གྲུ་བཞིར་རི་དེ་ལ་བསྐོར་དེ་དཀྲུགས་པ་ལས་ལྷུན་པོའི་ཕྱི་རོལ་ཏུ་གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། དེ་བཞིན་བལྟ་ན་སྡུག་གི་རི་དང་། རྟ་རྣ་དང་། རྣམ་པར་འདུད་དང་། མུ་ཁྱུད་འཛིན་གྱི་རི་ཞེས་བྱ་བ་བདུན་ཆགས་ཏེ། རི་དེ་དག་གི་རྩེ་མོ་ཉི་མའི་ཤིང་རྟའི་གཉའ་ཤིང་འཛིན་པའམ། གཉའ་ཤིང་གི་རྣམ་པ་དང་། གཤོལ་མདའི་རྣམ་པ་དང་། སེང་(གསེར་གྱི་སེང་ལྡེང་ཡོད་པས་སམ།) ལྡེང་གི་མདངས་འདྲ་བ་དང་། ཡིད་དུ་འོང་བ་དང་། བྲག་རྟའི་རྣ་བ་འདྲ་བ་དང་། དབུས་ཕྱོགས་སུ་རྣམ་པར་འདུད་པ་དང་། ཐམས་ཅད་ཀྱི་མཐའ་བསྐོར་བའི་ཕྱིར་རིམ་པ་བཞིན་དུ་དེ་སྐད་དུ་བརྗོད་དོ། །(དེ་དག་ནི་རི་དགུ་ཡིན་ལ་སའི་དངོས་གཞི་ལས་ནི་རྣམ་པར་འདུད་དང་། རྟ་རྣ་རི་དང་། བལྟ་ན་སྡུག་དང་། སེང་སྡེང་ཅན་དང་། གཤོལ་མདའ་འཛིན་དང་། ཞེས་བར་པ་ལྔ་གོ་རིམ་གཞན་དུ་བཤད་ཅིང་། རི་དེ་དག་གི་མིང་དེ་རྣམས་ནི་དེ་དག་གི་རྩེ་མོའི་རྣམ་པ་འདྲ་བའི་བྱེ་བྲག་ལས་བལྟ་བར་བྱའོ། །ཞེས་བཤད་དོ། །)དེ་ནས་ནི་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་དུ་ཁམས་ཐ་མ་སྡུད་ཅིང་འབྱེད་པའི་རླུང་གིས་ཁོལ་བུར་དཀྲུགས་པས་ལུས་འཕགས་ཀྱི་གླིང་ལ་སོགས་པ་རྣམས་འཆགས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་མཐའ་ནས་ཀུན་དུ་བསྐོར་བས་གླིང་དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་ལྕགས་རི་སྟེ། (དེའི་ཕྱིའི་མཐའ་སྐོར་དུ་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པ།) དེས་ནི་གླིང་བཞི་ཁོར་ཡུག་ཏུ་བསྐོར་ཏོ། །གླིང་བཞི་པོ་ཐམས་ཅད་ཀྱང་དེ་ལྟ་བུའི་ཚུལ་གྱིས་དུས་མཉམ་དུ་འཆགས། རི་དེ་དག་ལས་མུ་ཁྱུད་འཛིན་ལ་སོགས་པ་བདུན་ནི་གསེར་གྱི་རང་བཞིན་ཡིན་ལ་ཁོར་ཡུག་དེ་ནི་ལྕགས་ཀྱི་རང་བཞིན་ནོ། །(གདགས་པ་ལས། ཤར་ཤེལ། ནུབ་དངུལ་དུ་བཤད་དོ། །)ལྷུན་པོ་ནི་ཤར་དངུལ་དང་ལྷོ་བཻ་ཌཱུཪྱ་དང་ནུབ་ཤེལ་དམར་པོ་དང་བྱང་གསེར་ཏེ་རིན་ཆེན་བཞིའི་རང་བཞིན་ཡིན་ནོ། །རི་རབ་ཀྱི་ངོས་རིན་པོ་ཆེ་གང་གི་རང་བཞིན་ཡིན་པ་དེའི་འོད་ཀྱིས་དེའི་ངོས་ཀྱི་ནམ་མཁའང་དེའི་ཁ་དོག་ཏུ་སྣང་ལ། དེའི་འོད་ཀྱིས་ངོས་ཀྱི་རྒྱ་མཚོའང་དེའི་ཁ་དོག་ཏུ་སྣང་སྟེ། དེས་ན་འཛམ་བུའི་གླིང་གི་ངོས་བཻ་ཌཱུཪྱ་ཡིན་པས་དེའི་འོད་ཀྱིས་འདིའི་ནམ་མཁའ་དང་རྒྱ་མཚོའང་བཻ་ཌཱུཪྱའི་ཁ་དོག་ཏུ་སྣང་ངོ་། །ཚད་ནི་རི་དགུ་པོ་ཐམས་ཅད་ཀྱང་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་དག་ནུབ་བོ་ཞེས་བྱ་སྟེ། ཐམས་ཅད་གསེར་གྱི་ས་གཞི་ལ་བརྟེན་པའི་ཕྱིར་རོ། །ཆུའི་སྟེང་དུ་ཡང་རི་རབ་ནི་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་པའོ། །མདོ་ཕལ་ཆེར་ལས་ནི། རི་རབ་དཔག་ཚད་འབུམ་དྲུག་ཁྲི་བརྒྱད་སྟོང་པ་དང་། རྒྱ་མཚོའང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པར་བཤད་མོད་ཀྱི།
འདིར་ནི་འདུལ་བ་ལུང་གཞི་ལས། རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ནི་འོག་ཏུ་གསེར་གྱི་ས་གཞི་ལ་ཐུག་པར་འདུག་གོ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་སྟེང་དུ་བྱུང་སྟེ་དེ་ལྟར་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །ཞེས་གསུངས་པ་དང་མཐུན་པར་བཤད་དོ། །རི་ཕྱི་མ་བརྒྱད་པོའི་འཕང་གི་ཚད་དུ་ནི་རི་རབ་ཀྱི་ཕྱེད་ཕྲི་བ་གཉའ་ཤིང་འཛིན་ཡིན་པ་ལ་སོགས་པ་ཕྱེད་ཕྱེད་འབྲི་བར་བྱ་སྟེ། འདི་ལྟར་གཉའ་ཤིང་འཛིན་དཔག་ཚད་བཞི་ཁྲི་ཡིན་པ་ནས་ཁོར་ཡུག་དཔག་ཚད་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་ཡིན་ནོ་ཞེས་བྱ་བའི་བར་དུ་སྦྱར་ཏེ། དེས་ན་རི་བརྒྱད་པོའི་ཆུ་མཚམས་ཡན་ཆད་ཀྱི་འཕང་ཚད་བསྡོམས་པས་ལྷུན་པོའི་ཆུ་མཚམས་ཡན་ཆད་ཀྱི་འཕང་ལ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་གྱིས་མ་སླེབ་པར་ཤེས་པར་བྱའོ། །རི་དེ་དག་ཐམས་ཅད་ཀྱི་རྔམས་སུ་སྟེ་ཞེང་དུའང་རང་རངགི་འཕང་དང་ཚད་མཉམ་སྟེ། དེ་དག་ཀྱང་ཆུའི་སྟེང་ཡན་ཆད་གྱི་དབང་དུ་བྱས་སོ། །དེས་ན་རི་རབ་དཔག་ཚད་བརྒྱད་ཁྲི་པ་དང་གཉའ་ཤིང་འཛིན་བཞི་ཁྲི་པ་ལ་སོགས་པའོ། །(ཁམས་ངན་པ་རྣམས་ལས་རི་རབ་ཀྱི་བང་རིམ་བཞི་དང་གླིང་བཅུ་གཉིས་དང་ཁོར་ཡུག་གི་རི་རྣམས་གྲུབ་ལ་གླིང་བཅུ་གཉིས་ནི་ཆུའི་གླིང་ན་གནས་སོ། །)
གཉིས་པ་མཚོ་བཤད་པ་ནི་རི་རབ་ནས་མུ་ཁྱུད་འཛིན་ལ་ཐུག་པའི་རི་དེ་དག་གི་བར་བདུན་ནི་རོལ་པའི་མཚོ་བདུན་ཡིན་ཏེ། ཀླུའི་རྒྱལ་པོ་རྣམས་རོལ་ཞིང་རྩེ་བའི་གནས་ཡིན་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །དེ་དག་ནི་བསིལ་དང་ཞིམ་དང་ཡང་བ་དང་། །འཇམ་དང་དང་དང་དྲི་ང་མེད། །འཐུངས་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ་ཞེས་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་(ཞིང་། དགའ་བོ་ཉེར་དགའ་རྟས་རྒལ་དང་། བཏང་གཟུང་དང་ནི་གཟི་ཅན་དང་། ཡུལ་འཁོར་བསྲུང་དང་ནག་པོ་ཆེ། །ཨེ་ལའི་འདབ་མ་ཕྱི་མ་ཡིན་ཞེས་པའི་གླུ་ཆེན་བརྒྱད་རྩེ།) བའོ། །ཚད་ཇི་ཙམ་ཞེ་ན། དེ་དག་ཐམས་ཅད་ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་པར་མཚུངས་ཤིང་དང་པོ་རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་རོལ་མཚོ་ལ་ཁ་ཞེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །
དེ་ཡང་རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་ཚད་ཡིན་གྱི་ཤར་ནུབ་ཏུ་ནི་དཔག་ཚད་ཉིས་འབུམ་བཞི་ཁྲི་ཡོད་པའི་ཕྱིར་རོ། །ནང་གི་རྒྱ་མཚོ་དང་ཕྱིའི་རྒྱ་མཚོ་གཉིས་ལས་རོལ་མཚོ་བདུན་པོ་དེ་དག་ནི་ནང་གི་རྒྱ་མཚོ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། ནང་ཁོ་ནར་ངེས་པའི་ཕྱིར་དང་། གཟའ་སྐར་ལ་སོགས་པའི་གཟུགས་བརྙན་འཆར་བ་དང་། ཆུའི་གཏེར་ཡིན་པའི་ཕྱིར་རོ། །མཚོ་དེའི་གཉའ་ཤིང་འཛིན་གྱི་ངོས་ལ་ནི་ཕྱོགས་རེ་རེ་ལའང་ཞེང་གི་སུམ་འགྱུར་རོ་སྟེ། དཔག་ཚད་ནི་ཉིས་འབུམ་བཞི་ཁྲི་པ་རེ་རེ་ཡོད་ལ། རོལ་མཚོ་གཞན་དྲུག་ནི་སྔ་མ་སྔ་མའི་ཕྱེད་ཕྱེད་ཀྱི་ཚད་དེ། རིམ་པ་ལྟར་དཔག་ཚད་བཞི་ཁྲི་དང་ཉི་ཁྲི་དང་ཁྲི་དང་ལྔ་སྟོང་དང་ཉིས་སྟོང་ལྔ་བརྒྱ་དང་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དོ། །དེ་དག་གི་ངོས་ཀྱི་ཚད་ནི་སྔ་མ་སྔ་མ་བས་ཆེས་ཆེ་བར་ཤེས་པར་བྱའོ། །ལྷག་མ་མུ་ཁྱུད་འཛིན་དང་ཁོར་ཡུག་གི་བར་གྱི་ཆུ་རྣམས་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ཡིན་ཏེ། དེའི་ཚད་ནི་མུ་ཁྱུད་འཛིན་གྱི་ཐེལ་ནས་ཁོར་ཡུག་གི་ཐེལ་གྱི་བར་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་སོ། །མཐའ་སྐོར་གྱི་ཚད་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་བདུན་བརྒྱ་ལྔ་བཅུ་ཡོད་དོ། །དེ་ལྟར་བརྩིས་པས་ཁོར་ཡུག་ལྕགས་རིའི་ཕྱིའི་མཐའ་སྐོད་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །ཕྱིའི་རྒྱ་མཚོ་དེ་ནི་བ་ཚྭ་ཅན་གྱི་ཆུས་གང་ངོ་། །(ཕལ་ཆེན་ལས་ཕྱིའི་རྒྱ་མཚོ་དེར་གླིང་འདི་ནས་ཆུ་ཀླུང་སྟོང་ཕྲག་ཕྱེད་དང་གསུམ་དང་། མྱང་འདས་ལས་ཆུ་བོ་ས་ཡ་བྱེ་བ་དབུས་ནས་ཐིག་བཏབ་པ་བཞིན་འབབ་ལ། བྱང་ན་སྟོང་ཕྲག་བཅུ་དང་། ནུབ་ན་སྟོང་ཕྲག་ལྔ་དང་། ཤར་ན་སྟོང་ཕྲག་ཕྱེད་དང་བརྒྱད་འབབ་བོ། །དེ་དག་བས་ཀྱང་ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་བསྒྲེས་པའི་ཀླུའི་རྒྱལ་པོའི་སྤྲིན་ལས་བྱུང་བའི་ཆུ་ལས། ཀླུ་གངས་ཅན་མཚོའི་བུ་འཛམ་བུ་རྒྱལ་ཚན་གྱི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་དག་ཐམས་ཅད་ལས་གངས་ཅན་མཚོ་ཉིད་ཀྱིས་སྤྲུལ་པའི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་དག་ཐམས་ཅད་གངས་ཅན་མཚོའི་གནས་ནས་འབབ་བའི་ཆུ་བོ་དེ་བཻ་ཌཱུཪྱ་ལྟ་བུ་ཞེས་བྱ་བ་ཆེས་མང་ངོ་། །དེ་དག་ཐམས་ཅད་ཀྱིས་ཀྱང་རྒྱ་མཚོ་ཆེན་པོའི་དབྲེས་ལས་མི་འདའོ་ཞེས་བཤད་དོ། །གཞན་ཡང་རྦ་རླབས་ལས་ཡོལ་བ་མེད་པ་དང་། མི་རོ་དང་ཞག་གཅིག་ཏུ་མི་འགྲོགས་པ་དང་། འབྱུང་པོ་དང་རིན་པོ་ཆེ་ཟད་མི་ཤེས་པའི་འབྱུང་གནས་དང་། ལྟ་བས་ཆོག་མི་ཤེས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས་ཀྱང་། དེ་ན་རིན་པོ་ཆེ་ཐམས་ཅད་སྡུད་པ་ཞེས་བྱ་བའི་རིན་པོ་ཆེ་ཡོད་དེ། དེ་འཇིག་རྟེན་གཞན་དུ་མ་འཕོས་ན་བསྐལ་པ་འཇིག་པའི་མེས་ཀྱང་རྒྱ་མཚོ་ཆེན་པོ་ཅུང་ཟད་ཀྱང་འབྲིད་མི་ནུས་པར་བཤད་དོ། །)གལ་ཏེ་དེ་ལྟ་ན། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཞེས་བྱ་བ་འདི་མི་འགྲིག་པར་འགྱུར་ཏེ། རི་དང་མཚོ་དང་ཁོར་ཡུག་གི་བར་གྱི་ཚད་བརྩིས་ན་འབུམ་ཕྲག་བཅུ་གཉིས་དང་བརྒྱ་ཕྲག་བརྒྱད་དང་བདུན་ཅུ་རྩ་ལྔ་ལས་མེད་པའི་ཕྱིར་རོ་ཞེ་ན། སློབ་དཔོན་རྒྱལ་པོའི་སྲས་ནི་ཁོར་ཡུག་གི་ཕྱི་རོལ་ཏུ་ངོས་རེ་རེར་གསེར་དང་ཆུ་དཔག་ཚད་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཉིས་དང་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་ལྷག་པས་ཁོར་ཡུག་ཚུན་ཆད་པས་ཆུ་དང་གསེར་རྒྱ་ཆེ་བར་འདོད་པའི་ཕྱིར་སྐྱོན་མེད་དེ། ངོས་གཅིག་ནའང་དེ་བཞིན་ཏེ་དེ་ལྟར་ཕྱོགས་གཉིས་ཀ་བསྡོམས་ཏེ། སྟོང་ཕྲག་གཉིས་དང་བརྒྱ་ཕྲག་ལྔ་དང་བདུན་ཅུ་རྩ་ལྔ་དག་གིས་བསྣན་ན་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་དང་ཕྱེད་དང་ལྔ་བརྒྱར་འགྱུར་བས་ཆུ་དང་གསེར་གྱི་ཚད་དང་མཉམ་པར་འགྱུར་རོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་གཞན་དག་ནི་རི་ཐམས་ཅད་འབྲུའི་ཕུང་པོ་ལྟར་གནས་ཀྱི་ཟང་ཡག་ནི་མ་ཡིན་པའི་ཕྱིར་རི་རབ་ལ་སོགས་པའི་ཚད་དེ་དག་རྔམས་སུའང་འཕང་དང་མཉམ་ཞེས་པ་ནི་སྟེང་ཕྱོགས་ཆུ་མཚམས་ཀྱི་ཚད་བརྩིས་པ་ཡིན་གྱི་ཁོར་ཡུག་གི་རྩ་བས་ནི་ཇི་སྐད་བཤད་པའི་ཚད་དང་ལྡན་པའི་ཆུ་དང་གསེར་ཁྱབ་པར་གནས་པས་ན་འགལ་བ་མེད་དོ་ཞེས་འཆད་པ་ཡིན་ནོ། །
གསུམ་པ་གླིང་བཤད་པ་ལ་སྤྱིར་བསྟན་པ་ནི་མཚོ་དེ་ལ་ནི་(ཐོག་མར་ལྷོ་དེ་ནས་ཤར་དང་ནུབ་དང་བྱང་དང་ཁོར་ཡུག་རྣམས་རིམ་པ་ལྟར་འགྲུབ་པ་ལས་)རི་རབ་ཀྱི་ལྷོ་ན་ཤིང་འཛམ་བུས་མཚོན་པ་དང་མཐའ་ཆུས་འཁོར་ཞིང་རང་གི་ངོ་བོ་སྐམ་སར་གནས་པས་འཛམ་བུའི་གླིང་སྟེ་ཚད་ནི་ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་ལ་ངོས་གཅིག་སྟེ་ཁོར་ཡུག་ལ་བསྟན་པ་ལ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་དོ་ཞེས་སྦྱར་རོ། །ངོས་དག་ཚད་མཉམ་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གླིང་འདི་ནི་ཤིང་རྟའི་དབྱིབས་སུ་ཡོད་པའི་ཕྱིར་ཏེ། མཐའ་སྐོར་ན་དཔག་ཚད་སྟོང་ཕྲག་དྲུག་དང་ཕྱེད་དང་བཞི་ཡོད་དོ། །དེའི་དབུས་སུ་གསེར་གྱི་ས་གཞི་ལ་གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་མཛད་པའི་རྡོ་རྗེའི་གདན་མངོན་པར་འགྲུབ་སྟེ། ཏིང་ངེ་འཛིན་དེ་ནི་ལུས་དང་ས་ཕྱོགས་གཞན་གྱིས་བཟོད་པར་མི་ནུས་སོ། །
འདི་ནས་ཤར་ཕྱོགས་གྱི་རི་རབ་ཀྱི་ངོས་ན་ལུས་འཕགས་པོ་ཞེས་བྱ་བའི་གླིང་ཡོད་དེ། དབྱིབས་ནི་ཟླ་ཁམ་འདྲ་སྟེ་བཅད་ཁམ་ནི་རི་རབ་ལ་བསྟན་པའོ། །ཚད་ནི་དེའི་ངོས་གསུམ་ལ་ནི་འཛམ་བུའི་གླིང་འདི་དང་འདྲ་བར་སྟོང་ཕྲག་གཉིས་གཉིས་ཡོད་དོ། །ངོས་ཆུང་ཤོས་(ནང་དུ་བསྟན་ཡང་གསུང་)ཁོར་ཡུག་ལ་བསྟན་པ་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །མཐའ་སྐོར་ན་དཔག་ཚད་སྟོང་ཕྲག་དྲུག་སྟོང་དང་ཕྱེད་དང་བཞི་བརྒྱའོ། །གླིང་དེ་ནི་གཞན་པས་ཤིང་ཏ་ལ་བདུན་སྲིད་ཀྱིས་འཕགས་པའམ་དེར་སྐྱེས་པའི་མི་རྣམས་འདི་པ་བས་ལུས་ཆེ་བའི་ཕྱིར་ལུས་འཕགས་པོའོ། །འདི་ནས་ནུབ་ཕྱོགས་ཀྱི་རི་རབ་ཀྱི་ངོས་ལོགས་ན་བ་ལང་སྤྱོད་ཅེས་བྱ་བའི་གླིང་ཡོད་དེ། དེ་ནི་དབྱིབས་ཀུན་ནས་ཟླུམ་པོ་སྟེ་མཐའ་སྐོར་གྱི་ཚད་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་ཡིན་ནོ། །གླིང་དེ་ན་གཙོ་བོར་བ་ལང་དང་རིན་པོ་ཆེ་ལ་ལོངས་སྤྱོད་པའི་ཕྱིར་བ་ལང་སྤྱོད་དོ། །འདི་ནས་བྱང་ཕྱོགས་ཀྱི་རི་རབ་ཀྱི་ངོས་ན་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཡོད་དེ། ཚད་ནི་ངོས་རེ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་སྟེ་ཀུན་ནས་བསྐོར་ན་དཔག་ཚད་སྟོང་ཕྲག་བརྒྱད་ཀྱིས་འཁོར་ཏེ་དབྱིབས་ནི་གྲུ་བཞིར་མཉམ་པར་གནས་སོ། །དེར་སྐྱེས་པའི་སེམས་ཅན་དེ་དག་འཆི་བའི་ཞག་བདུན་གྱི་གོང་དུ་ཁྱོད་འཆིའོ་ཞེས་པའི་སྒྲ་མི་སྙན་པ་ནམ་མཁའ་ལས་ཐོས་པའི་ཕྱིར་རམ། པི་ཤ་ཙི་ཏ་འདྲེའི་སྐད་དུ་སྨྲ་བའི་ཕྱིར་སྒྲ་མི་སྙན་ནོ། །གླིང་གང་གི་དབྱིབས་ཅི་འདྲ་བ་དེ་ན་གནས་པའི་མི་རྣམས་ཀྱི་གདོང་གི་དབྱིབས་(དང་བུད་མེད་ཀྱི་སྐྱེ་གནས།) ཀྱང་དེ་དང་འདྲའོ། །སའི་དངོས་གཞི་ལས་ནི་ནུབ་དང་བྱང་གི་ཚད་འདི་དང་མཐུན་ལ་ལྷོ་ཤར་གཉིས་རིམ་པ་ལྟར་དཔག་ཚད་ཕྱེད་དང་བདུན་སྟོང་དང་བདུན་སྟོང་པར་བཤད་དོ། །(རྡོ་འཕངས་པའི་མདོར། ཤར་བརྒྱད་སྟོང་། ནུབ་དགུ་སྟོང་། བྱང་ཁྲིར་བཤད་པ་ཡང་སྣང་ངོ་། །)གླིང་བཞི་པོ་དེའི་བར་གྱི་གླིང་ཕྲན་བརྒྱད་པོ་རྣམས་ནི་ལུས་འཕགས་པའི་ལྷོ་ན་ལུས་དང་བྱང་ན་ལུས་འཕགས་ཞེས་བྱ་བ་ནི་ལུས་འཕགས་པོའི་གླིང་གཡོག་ཡིན་ནོ། །སྒྲ་མི་སྙན་གྱི་ཤར་ན་སྒྲ་མི་སྙན་དང་ནུབ་ན་སྒྲ་མི་སྙན་གྱི་ཟླ་དང་། གཉིས་ནི་སྒྲ་མི་སྙན་གྱི་གླིང་གཡོག་གོ། འཛམ་བུའི་གླིང་གི་ནུབ་ན་རྔ་ཡབ་དང་ཤར་ན་རྔ་ཡབ་གཞན་གཉིས་ནི་འཛམ་བུའི་གླིང་གི་གླིང་གཡོག་ཡིན་ནོ། །བ་ལང་སྤྱོད་ཀྱི་བྱང་ན་གཡོ་ལྡན་དང་ལྷོ་ན་ལམ་མཆོག་འགྲོ་(ཞེས་བྱ་བ་གནས་སོ། །)གཉིས་ནི་བ་ལང་སྤྱོད་ཀྱི་གླིང་གཡོག་ཡིན་ནོ། །ཁ་ཅིག་ན་རེ་རྔ་ཡབ་ན་སྲིན་པོ་གནས་སོ་ཞེས་ཟེར་ཏེ། དེ་ཡང་མི་ཡིན་པའི་ཕྱིར་ཐམས་ཅད་ན་མི་གནས་སོ། །གླིང་དེ་རྣམས་ཀྱང་རྩ་བ་གསེར་གྱི་ས་གཞི་ལ་རྟེན་པའོ། །འདི་རྣམས་ཀྱི་དབྱིབས་ནི་གླིང་གཙོ་བོ་དང་འདྲ་ལ། ཚད་ནི་མངོན་པར་མ་གསུངས་སོ། །དུས་འཁོར་ལས་ནི་གླིང་གཙོ་བོའི་ཕྱེད་ཕྱེད་དུ་གསུངས་ཀྱི་གཙོ་བོ་དང་ཉེ་རིང་གི་ཚད་ནི་མ་གསུངས་སོ། །
འཛམ་བུའི་གླིང་གི་རྒྱུ་མཚན་བྱེ་བྲག་ཏུ་བཤད་པ་ནི་འཛམ་བུའི་གླིང་འདི་ཉིད་ནས་གླིང་འདི་ཉིད་ཀྱི་བྱང་དུ་རི་ནག་པོ་གསུམ་ཡོད་དོ། །དེ་ནས་བྱང་ན་ཡང་རི་ནག་པོ་གསུམ་ཡོད་དོ། །དེ་ནས་ཡང་བྱང་ན་ཡང་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པའོ། །གངས་རི་དེ་འདས་ནས་ནི་(བྱང་ངོས་ན།) སྤོས་ཀྱི་ངད་ལྡང་བའི་རི་ཡོད་དོ། །གངས་རིའི་ཕ་རོལ་སྤོས་ཀྱི་ངད་ལྡང་བའི་ཚུར་རོལ་དཔག་ཚད་བཅུ་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ཟངས་དང་ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད། (པ་ཀླུ་མ་དྲོས།) པའི་(གནས།) མཚོ་མ་དྲོས་པ་ཞེས་བྱ་བ་མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱས་འཁོར་བའི་གྲུ་བཞི་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། མེ་ཏོག་ཨུཏྤལ་དང་པད་མ་དང་ཀུ་མུ་ཏ་དང་པད་མ་དཀར་པོས་ཁེབས་པ་ཡོད་དེ། །དེའི་ནང་ནས་གང་གཱ་ལ་སོགས་པ་ཆུ་བོ་ཆེན་པོ་བཞི་རེ་རེའང་ཆུ་བྲན་ལྔ་བརྒྱ་ལྔ་བརྒྱ་དང་བཅས་པ་མཚོ་མ་དྲོས་པ་ལ་གཡས་ཕྱོགས་སུ་བསྐོར་ནས་ཤར་ཕྱོགས་བྲག་གླང་པོའི་ཁ་དང་། ལྷོ་ཕྱོགས་ཁྱུ་མཆོག་གི་ཁ་དང་། ནུབ་ཕྱོགས་རྟའི་ཁ་དང་། བྱང་ཕྱོགས་སེང་གེའི་ཁ་ལྟ་བུ་ལས་བབས་ཏེ་རིམ་པ་ལྟར་ཤར་ལྷོ་ནུབ་བྱང་གི་རྒྱ་མཚོར་འགྲོ་སྟེ་གདགས་པ་ལས། ཆུ་ཀླུང་གང་གཱ་སིནྡྷུ་པཀྵུ་དང་། །སིཏ་དབའ་རླབས་དབུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོར་ཁོར་ཡུག་དག་ནས་འབྱུང་། །གང་གཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིན་དྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེའི་བྱང་ཕྱོགས་རྒྱ་མཚོར་སི་ཏ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་ཞིང་ཡང་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ་ཞེས་འབྱུང་ངོ་། །འགྲེལ་པ་ལས། དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པར་དཀའོ། །ཞེས་བཤད་ལ། ལུང་སྨན་གྱི་གཞི་ལས་ཀྱང་། གནོད་སྦྱིན་གཏུམ་པོ་མི་བཟད་གནས་པ་ཡིད་འོང་ཞིང་། །མེ་ཏོག་སྣ་ཚོགས་ཤིང་གིས་རྣམ་པར་མཛེས་བྱས་པས། །དེ་ལས་རྒྱ་མཚོ་དུག་ཅན་དག་ཏུ་འགྲོ་བ་ཡི། །ཆུ་བོ་བཞི་པོ་འདི་དག་ཕྱོགས་བཞིར་འབབ། །གང་གཱ་སིན་ངྷུ་དེ་བཞིན་པུཀྵ་དང་། །སི་ཏ་དེ་ལ་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པ། །དེར་ནི་ཐུབ་པ་དགེ་འདུན་བཅས་པ་བཞུགས། །ཞེས་གསུངས་སོ། །
ཕལ་ཆེན་ལས་ནི་ཆུ་ཀླུང་བཞི་པོ་དེ་དག་གོ་རིམ་བཞིན་དུ་ཕྱོགས་བཞིའི་དངུལ་དང་གསེར་དང་བཻ་ཌཱུཪྱ་དང་རྡོ་རྗེའི་ཁ་དོག་ཅན་གྱི་བྲག་གླང་པོ་ཆེ་ལ་སོགས་པའི་ཁའི་སྒོ་དཔག་ཚད་ཙམ་ནས་བབས་ཏེ་རིམ་པ་ལྟར་དངུལ་དང་གསེར་དང་བཻ་ཌཱུཪྱ་དང་། རྡོ་རྗེའི་བྱེ་མ་འདྲེན་ཅིང་དེ་དག་གི་བྱེ་མ་ལ་གནས་ནས་མ་དྲོས་པ་ལ་ལན་བདུན་བདུན་གཡས་ཕྱོགས་སུ་བསྐོར་ནས་ཕྱོགས་བཞིའི་རྒྱ་མཚོར་འགྲོ་ལ། གཡས་ཕྱོགས་སུ་བསྐོར་བའི་བར་གྱི་གླིང་དེ་དག་ཀྱང་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་དང་། མ་དྲོས་པའི་ས་གཞི་ཡང་རིན་པོ་ཆེའི་གསེག་མ་བདལ་ཅིང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ལ། ངོས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྩིགས་པ་ལྟ་བུར་གནས་པར་གསུངས་སོ། །དེའི་ཕྱིར་དེ་ནི་འཛམ་བུ་གླིང་གི་ཆུ་ཀླུང་ཐམས་ཅད་ཀྱི་འབྱུང་ཁུངས་དང་། མེ་ཏོག་དང་འབྲས་བུ་དང་སྨན་དང་ནགས་ཚལ་ལ་སོགས་པ་དང་། རྒྱ་མཚོའི་རིན་པོ་ཆེ་ཐམས་ཅད་ཀྱང་དེའི་མཐུས་འབྱུང་སྟེ། སྡུད་པའི་ཚིགས་སུ་བཅད་པ་ལས། །འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་ནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན་ཞེས་པ་དང་། དཔེར་ན་མ་དྲོས་གནས་པའི་ཀླུ་བདག་མེད་གྱུར་ན་(འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར་)ཞེས་གསུངས་པའི་ཕྱིར་རོ། །(མཚོ་དེའི་གཡས་རོལ་ནས་འཇིག་རྟེན་ཆགས་པའི་ཚེ་ཁམས་སྙིང་པོ་ཟོང་གི་མཆོག་ལས་རླུང་གིས་བསྡུས་པ་ལས་གྲུབ་པ་ཤིང་ཆེན་བཞིའི་ཡ་གྱལ།) མཚོ་དེའི་འགྲམ་ན་ཤིང་འཛམ་བུ་ཞེས་བྱ་བ་གང་ལ་འབྲས་བུ་མངར་པོ་རྫ་མ་ཙམ་དང་ལྡན་པ་དེ་སྨིན་པ་ཆུའི་ནང་དུ་ལྷུང་བ་ལས་འཛམ་བུ་ཞེས་བྱ་བའི་སྒྲ་འབྱུང་བ་ཡོད་དེ། དེ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཉར་སྤྲུལ་ནས་ཟ་བར་བྱེད་དོ། །མ་ཟོས་པ་ཆུའི་ནང་དུ་ལྷུང་བ་རྣམས་ནི་མ་དྲོས་པའི་ཆུ་དང་ཕྲད་པས་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་རོ། །ཤིང་དེས་མཆོན་པའི་ཕྱིར་རམ། ཡང་ན་ཤིང་དེའི་འབྲས་བུའི་དབང་གིས་གླིང་འདི་ནི་འཛམ་བུའི་གླིང་ཞེས་བྱའོ། །(གདགས་པར་གངས་རིའི་ཉེ་འཁོར་དུ་བཤད།)
རི་སྤོས་ཀྱི་ངད་ལྡང་གི་བྱང་དུ་དཔག་ཚད་ཉི་ཤུ་འདས་པ་ན་བྲག་གསེར་གྱི་བྱ་སྐྱིབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ངོས་རེ་ལ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་པ་མཐའ་སྐོར་ན་དཔག་ཚད་ཉིས་བརྒྱས་འཁོར་བ་སྟེང་དུ་དཔག་ཚད་ཕྱེད་དང་བཞི་འཕགས་པ་བྲག་གཡོག་(བྱ་སྐྱིབས།) བརྒྱད་སྟོང་དང་བཅས་པ་དང་། (ལམ་སྲིད་དུ་དཔག་ཚད་ཉི་ཤུ་བཞེད་དུ་ཕྱེད་དང་གཉིས་པ།) བྲག་དེའི་བྱང་དུ་དཔག་ཚད་ཉི་ཤུ་འདས་པ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་སཱ་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་ཞིག་ཡོད་དེ། སཱ་ལའི་རྒྱལ་པོའི་རྩ་བ་ནི་འདོམ་བཞི་བཅུ་ཐུར་དུ་ཟུག་པ་སཱ་ལའི་(ཁོར་ཡུག་ཏུ་གསེར་གྱི།) སྡོང་པོའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བའི་རིམ་པ་དང་པོའི་རྩ་བ་འདོམ་བཅུ་གསུམ་ཐུར་དུ་ཟུག་པ་ནས་བདུན་པའི་རྩ་བ་འདོམ་བདུན་གྱི་བར་དུ་ཟུག་པ་(གྱེན་དུ་འཕགས་པ་ནི་རིམ་པ་དང་པོ་དཔག་ཚད་བཅུ་གསུམ་ནས་བདུན་པ་དཔག་ཚད་བདུན་གྱི་བར་དུའོ། །)སཱ་ལའི་རྒྱལ་པོའི་ཡལ་ག་ལོ་འདབ་ཀྱིས་སཱ་ལའི་ཕྲེང་བ་དང་པོ་ལ་ཐུག་པ་ནས་ཕྲེང་བ་དྲུག་པའི་ཡལ་ག་ལོ་འདབ་ཀྱིས་ཕྲེང་བ་བདུན་པ་ལ་ཐུག་ཅིང་བདུན་པའི་ཡལ་ག་ལོ་འདབ་ནི་ནམ་མཁའ་ཁྱབ་པའོ། །ཤིང་དེའི་ཤར་དུ་དཔག་ཚད་ཉི་ཤུ་འདས་པ་ན་རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ཡོད་པ་མཐའ་སྐོར་ལ་དཔག་ཚད་ཉིས་བརྒྱས་འཁོར་བ་རྫིང་གཡོག་བརྒྱད་སྟོང་དང་བཅས་པ་ཡོད་དོ། །བརྒྱ་བྱིན་གྱི་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་ནི་གླང་གཡོག་བརྒྱད་སྟོང་དང་བཅས་ཏེ་དགུན་(དང་དཔྱིད་དང་དབྱར།) ཟླ་བ་བཞི་(བཞིར་རིམ་པ་ལྟར།) བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་དང་དཔྱིད་ཟླ་བ་བཞི་སཱ་ལའི་རྒྱལ་པོ་རབ་བརྟན་གྱི་དྲུང་དང་། དབྱར་ཟླ་བ་བཞི་རྫིང་བུ་དལ་གྱིས་འབབ་ཏུ་གནས་སོ། །(འདིའི་ལུས་ཀྱི་ཚད་ནི་སྲིད་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་གཅིག་པ་མཐའ་བདུན་གྱིས་འཁོར་བ། འཕང་དུ་ཕྱེད་དང་གཉིས་པ་སྟེ། ལུས་དཀར་པོ་མགོ་སྔོ་ལ་མགོ་བོའི་དབུས་དམར་བ་མཆེ་བ་དྲུག་དང་ལྡན་པ་གནས་གཞན་དུ་འགྲོ་བ་ན་ཐ་མལ་པའམ། ལྷའི་རྫུ་འཕྲུལ་ཆེ་བ་གང་རུང་དུ་སྤྲུལ་ནས་གླང་པོ་དག་གི་མཆོག་ལ་ཞོན་ནས་སིལ་སྙན་ལ་སོགས་པ་རྒྱ་ཆེར་བྱེད་ཅིང་འགྲོའོ། །དེར་གནས་པ་ན་འཁོར་རྣམས་ཀྱིས་ཁ་ནང་དུ་ལྟས་ཕྲེང་བ་རིམ་བདུན་གྱི་ས་ལ་པད་མའི་རྩ་བ་ཟའོ། །)གཞན་ཡང་གླིང་འདིའི་ནུབ་ན་ཨུ་རྒྱན་རྡོ་རྗེ་ཆེན་པོའི་ཕོ་བྲང་ན་རིག་པ་འཛིན་པ་རྣམས་ཀྱི་གནས་དང་། ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་རི་གྲུ་འཛིན་ཞེས་བྱ་བའི་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྩ་བ་ན་རྗེ་བཙུན་མ་སྒྲོལ་མ་བཞུགས་པའི་གནས་དང་། རྒྱའི་རི་བོ་རྩེ་ལྔ་ན་འཕགས་པ་འཇམ་དཔལ་བཞུགས་པའི་གནས་དང་། ཡུལ་དབུས་ན་དུས་གསུམ་གྱི་སངས་རྒྱས་བཞུགས་པའི་རྡོ་རྗེའི་གདན་མེ་དང་ཆུ་དང་རླུང་གིས་འཇིག་པར་མི་འགྱུར་བ་(དང་། གྲོང་ཁྱེར་ཆེན་པོ་དྲུག)ཡོད་དོ། །
གཞན་ཡང་འཛམ་བུའི་གླིང་འདི་ན་(མཐའ་འཁོབ་ཐོ་དཀོར་དུ། རྒྱ་ཡུལ་དང་ཧུ་ན་དང་ཕུ་ན་དང་ཀམ་པོ་རྩེ་དང་ཤ་ཁ་དང་སྦལ་ཁ་དང་ཁྱི་གདོང་དང་ཝ་གདོང་དང་གྲིབ་ཤའི་གདོང་དང་གནམ་གདོང་དང་ཕྱིར་ཕྱོགས་གདོང་དང་གཤོག་ཐོགས་གཅེར་བུ་དང་སྒྱུས་ཏེ་འགྲོ་བ་དང་སྣ་མེད་དང་། ཀླག་ཀྲ་སྟེ།) ཡུལ་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་དང་། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང་། སྐད་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་དོ་ཞེས་གྲག་གོ།
གཉིས་པ་སེམས་ཅན་གྱི་གནས་བསྟན་པ།
གཉིས་པ་སེམས་ཅན་གྱི་གནས་བསྟན་པ་ལ་ངན་སོང་གི་གནས་ནི་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་འདས་པ་ན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ཀྱི་ཡ་ཐོག་ཡོད་དོ། །གནས་དེའི་ཚད་(ཀྱང་ཕྱོགས་རེར་།) སྟོང་ཕྲག་ཉི་ཤུ་པ་གྲུ་བཞིར་གནས་པའི་ཕྱིར་དེ་ཙམ་མོ་ཞེས་བྱའོ། །(གླིང་འདིའི་ནང་དུ་ཇི་ལྟར་ཆུད་ཅེ་ན། གླིང་རྣམས་ནི་ཟང་ཡག་མ་ཡིན་གྱི་འབྲུའི་ཕུང་པོ་ལྟར་གནས་པས།) དེས་ན་དེའི་འོག་གཞི་ནི་འདི་ནས་དཔག་ཚད་བཞི་ཁྲི་ན་ཡོད་དོ། །(ཛྙཱན་ཤྲཱི་རི་རབ་ཀྱི་འོག་ཟེར།) དེར་གནས་པའི་སེམས་ཅན་དེ་དག་སྡུག་བསྔལ་གྱིས་ངལ་བསོར་མེད་པས་སྡུག་བསྔལ་བར་ཆད་མེད་པའི་ཕྱིར་མནར་མེད་པའོ། །མནར་མེད་པ་དེའི་སྟེང་ན་ཡང་རབ་ཏུ་ཚ་བ་དང་ཚ་བ་དང་དུ་འབོད་ཆེན་པོ་དང་ངུ་འབོད་དང་བསྡུས་འཇོམས་དང་ཐིག་ནག་དང་ཡང་སོས་ཏེ་ཚ་བའི་དམྱལ་བདུན་གོང་ནས་གོང་དུ་བརྩེགས་ཏེ་གནས་སོ། །ཁ་(མཛོད་འགྲེལ་དུ།) ཅིག་ན་རེ་བདུན་པོ་དེ་དག་མནར་མེད་ཀྱི་གློ་དག་ན་གནས་སོ་ཞེས་ཟེར་རོ། །
སའི་དངོས་གཞི་ལས་ནི་(རི་གངས་ཅན།) འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད་ལ་གཞན་བདུན་པོ་རྣམས་ཀྱི་བར་ན་དཔག་ཚད་བཞི་སྟོང་ཡོད་པར་བཤད་དེ། དེ་དང་འདིར་བཤད་པའི་མནར་མེད་ཀྱི་གནས་ཀྱི་འཕངས་སུ་དཔག་ཚད་ཉི་ཁྲི་ཡོད་པ་གཉིས་བསྟུན་ན་འདི་ནས་དཔག་ཚད་བརྒྱད་ཁྲིར་འགྱུར་བས་མནར་མེད་ཀྱི་གནས་ཀྱི་འོག་གཞི་གསེར་གྱི་ས་གཞི་ལ་གནས་པར་མངོན་ནོ། །དེ་ལ་ཡང་སོས་ནི་སེམས་ཅན་དེ་དག་སྔོན་གྱི་ལས་ཀྱིས་མཐུས་ལག་ན་མཚོན་ཆ་སྣ་ཚོགས་(འབྱུང་སྟེ་དེ་དག་)ཐོགས་ནས་ཕན་ཚུན་དགྲའི་འདུ་ཤེས་ཀྱིས་མཚོན་ཆ་རྣམས་འདེབས་ཏེ། དེ་དག་དུམ་བུར་བྱས་པས་བརྒྱལ་བ་ལྟར་གནས་པ་ན་(རླུང་བསིལ་བ་ལྡང་ཞིང་)ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱུང་སྟེ་སེམས་ཅན་དེ་དག་ཡང་སོས་པ་ན་ཕན་ཚུན་འཐབ་པར་བྱེད་(ཞེ་སྡང་དྲག་པོས་བསླང་བའི་ལས་དང་འཁོན་འཛིན་ཅན་དང་མི་གསོད་པ་དག་དེར་སྐྱེའོ། །)དོ། །
ཐིག་ནག་ནི་སེམས་ཅན་དེ་དག་གི་ལུས་ལ་ཐིག་ནག་པོ་བཏབ་ནས་སྤྱི་བོ་ནས་རྐང་པའི་བར་དུ་སོག་ལེ་ལ་སོགས་པས་གཤེག་པར་བྱེད་པ་ན་སྟོད་གཤེགས་པ་ན་སྨད་སོས་པར་འགྱུར་ལ་སྨད་གཤེག་པ་ན་སྟོད་སོས་པར་འགྱུར་བ་དག་ཡོད་དོ། །(འདིར་ནི་དཀོན་མཆོག་གསུམ་དང་ཕ་མ་དང་ཉན་རང་ལ་སྡང་བ་དང་བྱ་བ་མ་ཡིན་པ་ལ་བསྐུལ་བ་དང་རྫུན་དང་ཕྲ་མ་སྨྲ་བ་དང་གཡོ་སྒྱུ་བྱེད་པ་དག་སྐྱེའོ། །)
བསྡུས་འཇོམས་ནི་སེམས་ཅན་དེ་དག་ལྕགས་ཀྱི་ཐོ་བས་བརྡུངས་པ་དང་ལྕགས་ཀྱི་རི་ལུག་གི་གདོང་པ་འདྲ་བ་དག་གི་བར་དུ་རྣམ་པར་འཇོམས་ཤིང་འཚིར་བར་བྱེད་དེ། ཕྱིར་གྱེད་པ་ན་རང་སོས་པར་འགྱུར་ལ་ཡང་འཇོམས་པར་བྱེད་པ་དག་ཡོད་(འདིར་ནི་བ་ལང་ར་ལུག་དང་རི་དྭགས་གསོད་པ་ལ་དགའ་བ་དང་ལུས་ཀྱི་མི་དགེ་བ་གསུམ་ཤས་ཆེར་སྤྱོད་པ་དག་སྐྱེའོ། །)དོ། །
ངུ་འབོད་ནི་ལྕགས་ཀྱི་ས་གཞི་མེ་འབར་བས་འཇིགས་ཏེ་ནགས་ཐིབས་པོར་ཞུགས་པ་ན་མེ་འབར་ཏེ་དེ་དག་ལོ་མང་པོར་སྲེག་པ་དང་། ལས་ཀྱི་དབང་གིས་ལྕེ་དཔག་ཚད་སྟོང་ཡོད་པ་ལ་རྭ་དང་རྨིག་པ་ལྕགས་ལས་གྲུབ་པའི་གླང་གིས་དྲུད་པའི་ལྕགས་ཀྱི་ཐོང་ཤོལ་མེ་འབར་བས་རྨོད་པར་བྱེད་པ་ཡིན་(འདིར་ནི་སྲོག་གཅོད་ཅིང་ཁྲག་འཐུང་བ་ལ་དགའ་བ་དང་གཞལ་བ་སྒྱུ་བྱེད་པ་དག་སྐྱེའོ། །)ནོ། །
ངུ་འབོད་ཆེན་པོ་ནི་དེ་ལྟ་བུ་ལ་དེ་བས་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་བའོ། །(ལྟ་ངན་འཛིན་པ་དང་སྲེད་པ་ཆེ་བ་དང་སྒྱུ་བྱེད་པ་དག་དེར་སྐྱེའོ། །)ཚ་བ་ནི་ལྕགས་ཀྱི་བུམ་པ་སུམ་རིམ་གྱི་ནང་དུ་སྐྱེས་ནས་མེ་འབར་བས་འཚེད་ཅིང་སྲེག་པར་བྱེད་པའོ། །(དགེ་སྦྱོང་བྲམ་ཟེ་དང་ཕ་མ་དང་སེམས་ཅན་མང་པོ་ལ་གནོད་པ་བྱེད་པ་དག་དེར་སྐྱེའོ། །)རབ་ཏུ་ཚ་བ་ནི་དེ་ལྟ་བུ་ལས་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་(མཆོད་འོས་བསད་པ་དག་སྐྱེ་)བའོ། །
མནར་མེད་པ་ནི་ལྕགས་ཀྱི་ཁང་པའི་ནང་དུ་ལུས་མེ་ལྕེ་གཅིག་ཏུ་འབར་ཞིང་སྔུག་བསྔལ་མྱོང་སྟེ། (གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་པ་ཆོས་སུ་སྨྲ། །སྐྱེ་བོ་དམ་པ་དག་ལ་སྡང་། །མེད་པར་སྨྲ་བ་མནར་མེད་ལྟུང་ཞེས་པ་དག་འདིར་སྐྱེའོ། །)དེ་ལྟར་བརྒྱད་པོ་དེ་དག་ནི་ཚ་བའི་སྡུག་བསྔལ་ཤས་ཆེ་བས་ཚ་བའི་དམྱལ་བ་བརྒྱད་ཅེས་བྱ་བ་ཡིན་ནོ། །
ཚ་དམྱལ་བརྒྱད་པོ་ཀུན་ལའང་ཕྱོགས་ཀྱིས་ལྷག་པ་(ཕྱེ་བས་འཁོར།) བཅུ་དྲུག་བཅུ་དྲུག་ཡོད་དོ། །གང་ཞེ་ན། ཚ་དམྱལ་དེ་དག་གི་ནི་ངོས་བཞི་ན་བཞི་བཞི་ཡོད་པའི་ཕྱིར་རོ། །(བཞི་པ་ནི།) ཚ་བའི་སྡུག་བསྔལ་གྱི་དངོས་གཞི་ལས་ཐར་པ་ན་མེ་མར་མུར་གྱི་འོབས་པུས་མོ་ནུབ་པ་ཙམ་ཡོད་དོ། །དེ་ལ་དམྱལ་བ་དེ་དག་འགྲོ་བ་ན་རྐང་པའི་པགས་པ་དང་ཤ་ཁྲག་དག་ཞིག་སྟེ་རུས་པ་འབའ་ཞིག་ལུས་ཤིང་ཡང་རྐང་པ་བཏེག་པ་ན་སླར་ཤ་སྐྱེ་བ་དང་། དེ་རྒལ་བ་ན་རོ་མྱགས་ཀྱི་འདམ་ཞེས་བྱ་བ་མི་གཙང་བའི་འདམ་རྫབ་རྐེད་པ་ནུབ་པ་ཙམ་ཡོད་དེ། དེ་ལ་དམྱལ་བ་དག་འགྲོ་བ་ན་སྲིན་བུ་མཆུ་རྣོན་ཞེས་བྱ་བ་ལུས་དཀར་ལ་མགོ་གནག་པས་ལྕགས་ཀྱི་མཆུས་རུས་པའི་བར་དུ་ཟད་ཐལ་དུ་འབྱིན་པ་དང་། །དེ་དག་ལས་ཐར་པ་ན་མཚོན་ཆའི་བསྐོར་ཞེས་བྱ་བ་སྤུ་གྲི་(རབ་ཏུ་རྣོ་བ།) གཏམས་པའི་ལམ་ཞེས་བྱ་བ་(སྤུ་གྲི་)རབ་ཏུ་རྣོ་བ་གཏམས་པའི་ཐང་ལ་འགྲོ་བ་ནི་རྐང་ལ་འཇོག་པ་དང་འདེགས་པ་ན་ཤ་ཁྲག་འཇིག་པ་དང་སྐྱེ་བར་བྱེད་པ་དག་ཡོད་དོ། །སོགས་པའི་སྒྲས་གཟུང་བ་གང་དུ་རལ་གྲི་རྣོན་པོ་རྣམས་ལྷུང་ནས་ཡན་ལག་དང་ཉིང་ལག་རྣམས་གཅོད་པ་རལ་གྲི་ལོ་མའི་ནགས་ཚལ་དང་། དེ་ན་ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན་(གྱིས་སྒྱེལ་ནས་རྒལ་ཚིགས་ཕྱུང་བ།) དང་། ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་སེམས་ཅན་དེ་དག་འབབ་འཛེག་བྱེད་པ་ན་ཁ་གྱེན་ཐུར་དུ་ལྟ་བས་ལུས་འབིགས་པ་དང་། སྟེང་ན་བྱ་ཁཱ་ཏ་འདབ་འཇིགས་ཞེས་བྱ་བ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་ཕྱུང་ནས་ཟ་བ་རྣམས་ཏེ། དེ་དག་རྣམས་ནི་མཚོན་ཆའི་སྐོར་ཞེས་གཅིག་ཏུ་བགྲང་ངོ་། །དེའི་ཕྱིར་ཊཱིཀ་བྱེད་དག་གིས་ཀྱང་། །ཁྱི་སྲེ་བོ་ནི་ནགས་ཚལ་རལ་གྲི་ལྟ་བུ་ན་ཡོད་ལ། ཁྭ་ཏ་ལྕགས་ཀྱི་མཆུ་ཅན་ནི་ཤལ་མ་རིའི་ནགས་ན་ཡོད་པའོ་ཞེས་བཤད་དོ། །དེའི་ཕ་རོལ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་པ་ཡོད་དེ་དེར་དམྱལ་བ་དག་འབྲས་འཚེད་པ་བཞིན་དུ་འཚེད་པ་ཡིན་ནོ། །(ལྕགས་ཀྱི་དྲ་བར་བཅུག་ནས་ལྕགས་བསྲེགས་ཀྱི་ས་གཞི་ལ་གན་རྐྱལ་དུ་བཞག་ནས་སྲུངས་མ་དག་གིས་ཅི་འདོད་དྲིས་པ་ན། བདག་ཅག་གིས་ཀྱང་མི་ཤེས་མི་མཐོང་སྟེ། འོན་ཀྱང་བདག་བཀྲེས་སོ་ཞེས་ཟེར་བ་དང་ཐུ་ལུམ་འབར་དང་ཟངས་ཞུན་ཁར་བླུག་པས་ཁ་ལྐོག་རྒྱུ་མ་བསྲེག་པའི་སྡུག་བསྔལ་མྱོང་སྟེ། འདི་དག་གི་རྒྱུ་ཡང་རིམ་པ་བཞིན་བསླབ་པ་ཉམས་པ་དང་ལོག་འཚོ་སྤྱད་པ་དང་། ཆོས་ཀྱི་སྟེགས་འཇིག་པ་དང་། བག་ཕབ་ལ་གནོད་པ་བྱེད་པ་དང་། ཆུ་ལ་གནས་པ་གསོད་པ་ལ་སོགས་པའོ། །སྲུངས་མ་དེ་དག་སེམས་ཅན་ཡིན་མིན་ཞེ་ན་བྱེ་བྲག་སྨྲ་བ། སེམས་ཅན་ཡིན་ཏེ་དེས་བྱས་པའི་ལས་དེ་ཡང་དམྱལ་བ་དེ་ཉིད་དུ་སྨིན་ནོ་ཞེས་འདོད་དོ། །དེ་དག་དམྱལ་མེས་མི་འཚིག་པ་ནི་ལས་ཀྱིས་མཚམས་བཅད་པས་སོ་ཞེས་སོ། །མདོ་སྡེ་པ་ལས་ཀྱི་དབང་གིས་འབྱུང་བ་ཉིད་སེམས་ཅན་ལྟར་སྣང་བས་གཟུགས་སུ་འདོད་དོ། །སེམས་ཙམ་པ་རང་གི་སེམས་སུ་འདོད་པ་ཉིད་ལེགས་སོ། །)དེ་ལྟར་ན་ཕྱོགས་རེ་ན་བཞི་བཞིའི་བྱེ་བྲག་གིས་བཅུ་དྲུག་ཏུ་བགྲང་ངོ་། །དེ་དག་ནི་གནོད་པ་ལྷག་པའི་གནས་ཡིན་པའི་ཕྱིར་ལྷག་པ་ཞེས་བྱ་སྟེ། དམྱལ་བ་ཆེན་པོ་དག་ཏུ་གནོད་པ་བྱས་ན་ཡང་འདི་དག་ཏུ་གནོད་པ་བྱེད་པའི་ཕྱིར་རོ། །
དེ་དག་ལ་ནི་ཉེ་འཁོར་བའི་དམྱལ་བ་ཞེས་ཀྱང་བྱ་སྟེ། ཡོངས་སུ་གདུང་བ་དང་བཅས་པ་དང་ཡོངས་སུ་གདུང་བ་མེད་པ་བསྟན་པའི་མདོ་ལས། ཡང་སོས་དང་ནི་ཐིག་ནག་དང་། །བསྡུས་འཇོམས་ངུ་འབོད་གཉིས་དང་ནི། །ཚ་བ་རབ་ཏུ་ཚ་བ་དང་། །མནར་མེད་པ་ཞེས་བྱ་བ་སྟེ། །དེ་ལྟར་དེ་དག་དམྱལ་བ་ནི། །བརྒྱད་ཅེས་བྱ་སྟེ་རྒལ་བར་དཀའ། །དྲག་པོའི་ལས་ཀྱིས་ཀུན་ཏུ་གང་། །རེ་རེ་ལ་ཡང་ལྷག་བཅུ་དྲུག། རྩིག་པ་བཞི་དང་སྒོ་བཞི་སྟེ། །རྣམ་ཕྱེ་རིས་སུ་ཆད་པ་ཡིན། །ལྕགས་ཀྱི་ར་བས་ཀུན་དུ་བསྐོར། །ལྕགས་དག་གིས་ནི་གང་བ་ཡིན། །དེ་ན་ལྕགས་འབར་ས་གཞི་སྟེ། །འབར་བའི་མེ་དང་ལྡན་པ་ཡིན། །དཔག་ཚད་བརྒྱ་ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། །ཞེས་གསུངས་པ་ཡིན་ནོ། །
གྲང་བའི་དམྱལ་བ་ནི་ཧ་ཅང་གྲང་བས་ཉེན་པས་ལུས་ཆུ་བུར་ཅན་དང་། སོགས་པས་བསྡུས་པ་དེ་བས་ཀྱང་གྲང་བས་ཆུ་བུར་རྡོལ་བ་ཅན་དང་། གྲང་བས་ཉེན་པས་སོ་བསྡམས་ནས་སྲོན་པ་ནི་སོ་ཐམ་ཐམ་པ་དང་། གྲང་བས་སྨྲེ་སྔགས་སུ་ཨ་ཆུ་ཟེར་བ་དང་། སྨྲེ་སྔགས་སུ་ཀྱི་ཧུད་ཟེར་བ་དང་། ལུས་གྲང་བས་ཨུཏྤ་ལའི་འདབ་མ་ལྟར་དུ་མར་གས་པ་དང་། དེ་བས་ཀྱང་གྲང་བས་ལུས་པདྨའི་འདབ་མ་ལྟར་གས་པ་དང་། དེ་བས་ཀྱང་ཆེས་གྲང་བས་པདྨ་ལྟར་ཆེར་གས་པ་སྟེ་(གསུམ་ནི་སྐད་ཀྱི་དང་ལྔ་ནི་ལས་ཀྱི་སྒོ་ནས་མིང་བཏགས་པ་སྟེ།) དེ་ལྟར་གྲང་བའི་དམྱལ་བ་བརྒྱད་ནི་ཚ་དམྱལ་ལས་གཞན་ཡིན་ནོ། །དེ་ལ་དང་པོ་གཉིས་དང་ཕྱི་མ་གསུམ་སྟེ་ལྔ་ནི་ལུས་འགྱུར་བ་དང་མཐུན་པའི་མིང་དང་། ལྷག་མ་གསུམ་ནི་སྒྲ་འགྱུར་བ་དང་མཐུན་པའི་མིང་ངོ་། །དེ་དག་ཀྱང་འཛམ་བུའི་གླིང་གི་འོག་ཚ་དམྱལ་གྱི་ཐད་ཀའི་བྱང་ཕྱོགས་འཁྱག་རུམ་གྱི་ནང་ན་གནས་སོ། །སློབ་དཔོན་གང་སྤེལ་ནི་གྲང་དམྱལ་བརྒྱད་ནི་ཡང་སོས་ལ་སོགས་པ་རྣམས་ཀྱི་ངོས་བཞིན་འཁོར་ལྟ་བུར་གནས་པར་འདོད་ལ། དེའི་ཊཱིཀ་ལས། ཁ་ཅིག་ནི་རྒྱ་མཚོ་ཆེན་པོ་དང་ཉེ་བ་ན་གནས་པས་གྲང་བ་ཡིན་ནོ་ཞེས་འདོད་ཅིང་། ཁ་ཅིག་ན་རེ། །གྲང་དམྱལ་གྱི་གནས་ནི་ཁོར་ཡུག་གི་རི་གླིང་བཞི་ཡོངས་སུ་བསྐོར་བའི་ངོས་ན་གཅིག་ཏུ་མུན་གནག་ཏུ་གྱུར་པ་ཡིན་ནོ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །སའི་དངོས་གཞི་ལས་ནི། དམྱལ་བ་ཡང་སོས་ཀྱི་ཐད་ཀ་དཔག་ཚད་བཞི་ཁྲིའི་ཕ་རོལ་ན་ཆུ་བུར་ཅན་ཡོད་པ། གྲང་དམྱལ་གཞན་བདུན་ནི་དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གི་འོག་ན་གནས་སོ་ཞེས་བཤད་དོ། །(འདི་དག་ཏུ་སྐྱེ་བའི་རྒྱུ་ནི་རྟེན་གསུམ་གྱི་ན་བཟའ་བཤུས་པ་དང་ཆོས་འཆད་པའི་མདུན་ཁང་བཤིག་པ་དང་ཕ་མ་དང་སྡུག་བསྔལ་བའི་གོས་བཤུས་པ་ལ་སོགས་པ་ཡིན་ནོ། །གྲང་དམྱལ་ལས་ཚ་དམྱལ་སྡུག་བསྔལ་ཆེ་ལ། སྤྱིར་དམྱལ་བའི་སྡུག་བསྔལ་ལ་བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ཡིས་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡིས། །འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་དོ། །ཞེས་བཤད་དོ། །)དེ་ལྟར་ན་ཚ་གྲང་གི་དམྱལ་བ་དེ་དག་སོ་སོའི་ལས་གང་ལས་བྱུང་བ་ནི་དྲན་པ་ཉེར་གཞག་ལ་སོགས་པའི་མདོ་ལས་ཤེས་པར་བྱ་སྟེ་ཡི་གེ་མངས་སུ་དྭོགས་ནས་མ་བྲིས་སོ། །
ཉི་ཚེ་བའི་སེམས་ཅན་དམྱལ་བ་ནི་མིའི་ཡུལ་གྱི་མྱ་ངམ་གྱི་ཐང་སྟོང་པ་ལ་སོགས་པ་(དང་རྒྱ་མཚོའི་འགྲམ་དང་འོག་ནའང་ཡོད་པས་)ན་(ངེས་པ་མེད་ཅིང་)ཉིན་ཞག་རེ་ལ་དམྱལ་བ་དང་མཐོ་རིས་ཀྱི་བདེ་བ་འདྲེན་མར་མྱོང་བ་སྟེ། ལུང་ཀོ་ལྤགས་ཀྱི་གཞི་ལས། ཉིན་པར་གཞན་གྱི་སྲོག་གཅོད་ཅིང་། །ནུབ་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན་ཞེས་པ་དང་། མཚན་མོ་བྱི་བ་བྱེད་ལ་ཆགས། །ཉིན་པར་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་ཉི་ཚེ་བ་དག་གིས་ཚོང་དཔོན་གྲོ་ཞུན་སྐྱེས་ལ་སྨྲས་པ་བཞིན་ནོ། །དེ་དག་གིས་ནི་དམྱལ་བ་བཤད་ཟིན་ཏོ། །
ཡི་དྭགས་ཀྱི་གནས་ཀྱི་རྩ་བ་(ནི་རྒྱ་མཚོ་ཆེན་པོ་ཡིན་ལ་དེ་དག་གི་)རྒྱལ་པོའི་ཁབ་ནི་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་དེ། དེ་ན་ཡི་དྭགས་ཀྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་འཕེན་བྱེད་མི་དགེ་བས་བྱས་ཤིང་རྫོགས་བྱེད་དགེ་བས་བྱས་པ་ལྷའི་དཔལ་ལྟ་བུ་མྱོང་བ་ཞིག་ཡོད་དོ། །(ལ་འཐོར་བ་ནི་ལྷ་མིའི་གནས་ནའང་ཡོད་དེ། ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་པ་དག་ཡིན་ནོ། །རྒྱལ་པོ་)དེའི་འཁོར་ན་ཡི་དྭགས་ཀྱི་རིས་སུམ་ཅུ་རྩ་དྲུག་ཡོད་པར་དྲན་པ་ཉེར་གཞག་ལས་བཤད་དེ། འདི་ལྟར། ལྟོ་གུག་ཁ་ཁབ་ལྟར་ཕྲ་དང་། །བཤང་ཟ་ཀུན་སྟོན་དྲི་ཟ་དང་། །ཆོས་ཟ་སྦྱིན་པ་ཟ་བ་དང་། །ཆུ་འཐུང་བསམ་པས་འཚོ་བ་དང་། །མཆིལ་མ་ཟ་དང་ཕྲེང་བ་ཟ། །ཁྲག་ཟ་ཤ་ཟ་བདུག་པ་ཟ། །དྲག་ཤུལ་སྤྱོད་དང་གླགས་ལྟ་དང་། །ས་འོག་གནས་དང་མཐུ་བོ་ཆེ། །མཚན་མོ་ལུས་འབར་མི་གླགས་ལྟ། །འདོད་གཟུགས་གླིང་བར་གནས་པ་དང་། །གཤིན་རྗེའི་དབྱུག་པ་བྱིས་པ་ཟ། །ཚངས་སྲིན་འབྲུ་ཡི་ཤུན་པ་ཟ། །མི་གཙང་ཟ་དང་ལམ་ཆེན་གནས། །མང་དུ་ཟ་དང་མེ་འདག་ཟ། །དུག་ཟ་དགོན་པར་གནས་པ་དང་། །དུར་ཁྲོད་གནས་དང་ཤིང་ལ་གནས། །ལམ་གྱི་བཞི་མདོར་གནས་པ་དང་། །བདུད་ཀྱི་སྡེ་སྟེ་སུམ་ཅུ་དྲུག་ཅེས་བྱ་བ་དག་ཡིན་ནོ། །
སའི་དངོས་གཞི་ལས་ནི་བཀྲེས་སྐོམ་གྱིས་གདུངས་ནས་ཆུ་ཀླུང་ལ་སོགས་པར་ཕྱིན་པ་ན་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་སྲུང་བ་དང་། ཆུ་ལ་སོགས་པའང་རྣག་ཁྲག་ཏུ་མཐོང་སྟེ་ལོངས་སྤྱད་དུ་མི་རུང་བར་འགྱུར་བ་ཟས་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་དང་། གཞན་གྱིས་གེགས་མ་བྱས་པར་ཟས་སྐོམ་རྙེད་ཀྱང་ཁ་དང་མགྲིན་པ་དང་རྐང་ལག་ཕྲ་ཞིང་ལྟོ་ཆེ་བ་ལ་སོགས་པས་ལོངས་སྤྱད་པར་མི་ནུས་པ་ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་དང་། ཡི་དྭགས་མེ་ལྕེའི་ཕྲེང་བ་ཅན་དང་། ལྗན་ལྗིན་ཟ་བ་ལ་སོགས་པ་ཁ་ཅིག་གི་ཟས་སྐོམ་གྱིས་ལུས་འཚིག་པ་དང་། བཤང་གཅི་ལ་སོགས་པར་འགྱུར་བ་དང་། ཁ་ཅིག་རང་གི་ཤ་བཅད་ཅིང་ཟ་བ་ཙམ་ལས་བཟའ་བཏུང་བསོད་པ་ལོངས་སྤྱད་པར་མི་ནུས་པ་ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ཞེས་བྱ་བ་ཡི་དྭགས་ཀྱི་རིགས་གསུམ་བཤད་དོ། །
ཁ་འཐོར་བ་ནི་དེ་དག་ལས་འཕྲོས་པ་སྟེ། མཁའ་ལ་རྒྱུ་བའི་ཡི་དྭགས་རྡུལ་ཁྲོད་ཀྱི་ཤ་ཟར་བགྲང་བ་ལ་སོགས་པ་རྣམས་ཡིན་ནོ། །ཡི་དྭགས་ཁ་འཐོར་བ་ནི་མྱ་ངམ་གྱི་ཐང་ལའང་ཡོད་པར་བཤད་དེ། ཀོ་ལྤགས་ཀྱི་གཞི་དེ་ཉིད་ལས། བདག་ཅག་ངག་རྩུབ་ཁྲོ་ལྡན་ཞིང་། །བདག་ཅག་སེར་སྣས་འཇུངས་པས་ན། །སྦྱིན་པ་ཅུང་ཟད་མ་བཏང་དེས། །བདག་ཅག་ཡི་དྭགས་འཇིག་རྟེན་ལྷགས་ཞེས་པ་དང་། ནད་མེད་རྒྱགས་པས་མྱོས་པ་དང་། །ལང་ཚོ་ལོངས་སྤྱོད་དྲེགས་མྱོས་སྟེ། །སྦྱིན་པ་ཅུང་ཟད་མ་བཏང་དེས། །བདག་ཅག་ཡི་དྭགས་འཇིག་རྟེན་ལྷགས་ཞེས་གྲོ་ཞུན་སྐྱེས་རྒྱ་མཚོའི་འགྲམ་དུ་འཁྱམས་པ་ལ་ཡི་དྭགས་རྣམས་ཀྱིས་སྨྲས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་ནི་དམྱལ་བ་ནའང་ཡོད་པར་འདོད་དེ། །དམྱལ་བསྲུངས་གཤིན་རྗེ་རྣམས་ཡི་དྭགས་ཀྱི་སྡེར་གཏོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཆོས་ལྡན་རབ་འབྱོར་གྱིས་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་ལས་ཀྱང་། གང་དག་ཁྲོ་ཞིང་གཏུམ་ལས་དང་། །སྡིག་ལ་མངོན་པར་དགའ་བ་དང་། །སྡུག་བསྔལ་བ་ལ་དགའ་དེ་དག། གཤིན་རྗེའི་སྲིན་པོར་སྐྱེ་བར་འགྱུར། །ཞེས་བཤད་དོ་ཞེས་འདོད་དོ། །མདོ་སྡེ་པ་ན་རེ་དེ་ན་དམྱལ་བ་མིན་པའི་སེམས་ཅན་ནི་མེད་དེ། མི་དགེ་བའི་དབང་འབྲས་ཕྱི་རོལ་གྱི་དོན་ཉིད་གཤིན་རྗེའི་སྐྱེས་བུ་དང་ལྕགས་ཀྱི་ཁྱི་དང་ཁྭ་ཏ་འདབ་འཇིགས་ལ་སོགས་པར་སྣང་བའི་ཕྱིར་རོ་ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་བ་དང་དབུ་མ་པ་རྣམས་ནི་དེ་ལྟར་གནས་ལ་སོགས་པ་ངེས་པར་བསྟན་པ་ནི་སེམས་ཅན་དེ་དག་གི་བསམ་པ་དང་མཐུན་པར་བཤད་པ་ཡིན་གྱི། དེ་དག་ན་དམྱལ་བ་མ་གཏོགས་པའི་སེམས་ཅན་གཞན་དག་ཀྱང་ཡོད་པ་མ་ཡིན་ལ། ཕྱི་རོལ་གྱི་དོན་ཡང་མ་ཡིན་གྱི། རང་གི་སེམས་ཉིད་མི་དགེ་བའི་སྟོབས་ཀྱིས་གཤིན་རྗེའི་སྲིན་པོ་དང་། ལྕགས་བསྲེགས་ཀྱི་ས་གཞི་དང་མེ་འབར་བ་དང་འཇིགས་པའི་སྣང་བར་སྐྱེས་ནས་གདུང་བར་བྱེད་དོ་ཞེས་འདོད་དེ། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་བྱུང་བར་ཐུབ་པས་གསུངས། །ཞེས་བཤད་པའི་ཕྱིར་རོ། །དུད་འགྲོ་ཕལ་ཆེ་བའི་གནས་ནི་ཕྱིའི་རྒྱ་མཚོ་ན་གནས་ལ། ཁ་འཐོར་བ་ནི་མི་དང་འདོད་ལྷའི་གནས་དང་། བྱེ་བྲག་ཏུ་སྨྲ་བ་དམྱལ་བ་ནའང་ཡོད་པར་འདོད་དོ། །
ལྷ་མ་ཡིན་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོང་གསེང་ན་གནས་ཏེ། །དེ་ཡང་དྲན་པ་ཉེར་གཞག་ལས་རི་རབ་གྱི་ཆུ་མཚམས་མན་ཆད་ལ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པའི་ནང་ནས་གཞི་བཞི་ཡོད་པའི་དང་པོ་ནི་ཆུ་མཚམས་ནས་དཔག་ཚད་ཁྲི་ཆིག་སྟོང་གཞལ་བའི་ཁོང་སྟོང་ན་ས་གཞི་དང་པོ་དཔག་ཚད་ཉི་ཁྲི་ཆིག་སྟོང་ཡོད་པ་ན་གྲོང་ཁྱེར་འོད་ལྡན་ཞེས་བྱ་བ་དཔག་ཚད་བརྒྱད་སྟོང་ཡོད་པ་ན་སེང་གེ་མོའི་བུ་སྒྲ་གཅན་དང་། དེ་ནས་ཁྲི་ཆིག་སྟོང་གཞལ་བའི་ཁོང་སྟོང་ནས་གཞི་གཉིས་པ་ཡུལ་ས་ཐ་དད་པ་ཟླ་བའི་ཕྲེང་བ་ཞེས་བྱ་བ་ན་གཉིས་ཤིང་རྩེ་བ་དང་སྐར་ཕྲེང་གི་གྲོང་ན་མགུལ་ཕྲེང་དང་བརྟན་པ་གཉིས་དང་། སྐར་ཕྲེང་གི་དབུས་ན་མཚོ་ཀུན་མཐོང་ཞེས་བྱ་བ་ཆུ་ཞེང་དཔག་ཚད་ལྔ་ལྔ་ཡོད་པ་ཞིག་ལ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་དང་འཕམ་རྒྱལ་དང་གཡུལ་དུ་འཆི་བ་དང་། མི་ཆོས་དང་ལྡན་པ་ཤི་ནས་ལྷར་སྐྱེ་ལ་དེའི་མཐུས་ལྷ་རྣམས་རྒྱལ་ཞིང་ལྷ་མ་ཡིན་རྣམས་ཕམ་པར་འགྱུར་བ་མེ་ལོང་ལ་གཟུགས་བརྙན་ལྟར་མཐོང་བ་ཡོད་དོ། །
དེ་ནས་(དཔག་ཚད་)ཁྲི་ཆིག་སྟོང་གཞལ་བའི་ཁོང་གསེང་ན་ས་གཞི་གསུམ་པ་གནས་བཟང་པོ་ཞེས་བྱ་བ་ན་ཟབ་པའི་གྲོང་ན་མེ་ཏོག་ཕྲེང་དང་། དེ་ནས་(དཔག་ཚད་)ཁྲི་ཆིག་སྟོང་གཞལ་བ་ན་ས་གཞི་བཞི་པ་མི་གཡོ་བ་ཞེས་བྱ་བ་ན་མཛེས་པའི་གྲོང་ན་རབ་སྤྲོ་དང་ཐག་བཟང་རིས་དང་རབ་དགོད་ཅེས་བྱ་བ་འཁོར་དང་བཅས་པ་ཡོད་ལ། ས་གཞི་ཕྱི་མ་གསུམ་ལའང་དཔག་ཚད་ཉི་ཁྲི་ཆིག་སྟོང་ཆིག་སྟོང་དང་། གྲོང་ཁྱེར་ཕྱི་མ་རྣམས་ལའང་དཔག་ཚད་བརྒྱད་སྟོང་བརྒྱད་སྟོང་ཡོད་པར་བཤད་དོ། །གདགས་པ་ལས་ནི། སྲུངས་མ་ལྷ་ཡི་གྲོང་ཁྱེར་སྲང་དང་རྣམ་རྒྱལ་བྱེད། །ཆོས་བཟང་རྒྱུ་བའི་ལམ་དང་འོབས་དང་སྐྱེད་མོས་ཚལ། །ས་གཞི་དང་ནི་ཡོངས་འདུ་རྡོ་དང་གླང་ཆེན་རྣམས། །ལྷ་མ་ཡིན་རྣམས་ཀྱི་ཡང་དེ་དང་འདྲ་བར་ཡོད་ཅེས་ཇི་ལྟར་སུམ་ཅུ་རྩ་གསུམ་པ་ལ་འོག་ནས་འཆད་པའི་སྲུངས་མ་ནས་རྟའི་བར་དུ་ཡོད་པ་ལྟར་ལྷ་མ་ཡིན་བཞི་པ་ལ་ཡང་སྲུངས་མ་དང་། ཐགས་བཟང་རིས་གནས་པའི་གྲོང་ཁྱེར་གསེར་ལྡན་དང་། སྲང་དང་འོབས་དང་། ཟམ་པ་དང་། ཕོ་བྲང་ཁང་བཟང་གཏམས་པ་ཅན་དང་། དཔག་བསམ་གྱི་ཤིང་ཙི་ཏ་པ་ལི་དང་། མདུན་ས་ནོར་བཟང་དང་། རྡོ་ལེབ་བཟང་པོ་དང་། ཚལ་ཀུན་ཏུ་དགའ་བ་དང་། །རབ་ཏུ་དགའ་བ་དང་། དགའ་བ་དང་། ཀུན་ཏུ་རབ་དགའ་ཞེས་བྱ་བ་བཞི་དང་། ས་གཞི་ཀུན་དགའ་མ་དང་། རབ་དགའ་མ་དང་། དགའ་མ་དང་། ཀུན་ཏུ་རབ་དགའ་མ་ཞེས་བྱ་བ་དང་། གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་བཟོད་པར་དཀའ་བ་དང་། སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ཏི་སེ་གང་བརྩེགས་དང་། རྟའི་རྒྱལ་པོ་བྲག་འཇིང་ཞེས་བྱ་བ་ཐམས་ཅད་ཀྱང་བརྒྱ་བྱིན་ལ་འགྲན་པར་བྱེད་པ་ཡོད་པར་བཤད་དོ། །
ལྷའི་གནས་བཤད་པ་ལ་གཞལ་ཡས་ཁང་ལ་གནས་པ་བཤད་པ་ནི་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་ནི་ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་དཔག་ཚད་བཞི་ཁྲིའི་སྟེང་ན་འཁོར་བའི་རླུང་གི་སྟེང་ནས་རྒྱུའོ། །(ཟླ་བའི་འོག་གཞིའི་ཆུའི་ཁམས་ཤས་ཆེ་བའི་ཤེལ་ཡིན་ཏེ་ཡོན་ཏན་བསིལ་བ་དང་མིག་ལ་ཕན་པ་དང་ལོ་ཐོག་སྨིན་པར་བྱེད་པ་དང་སྣང་བར་བྱེད་པའི་ལས་ཅན་ནོ། །)དེ་དག་གི་ཚད་ནི་ཟླ་བའི་དབུས་ཀྱི་ཐད་ཀར་དཔག་ཚད་ལྔ་བཅུ་དང་ཉི་མའི་(གཞི་མ་མེ་ཤེལ་ལས་གྲུབ་པ་ལས་གཉིས་ཟློག་གཉིས་ཟླ་བ་དང་མཐུན་པ་ཚད་)ཐད་ཀར་ལྔ་བཅུ་གཅིག་དང་བཅས་པ་སྟེ་མཐའ་སྐོར་དུ་ཟླ་བ་ལ་དཔག་ཚད་བརྒྱ་ལྔ་བཅུ་དང་ཉི་མ་ལ་བརྒྱ་ལྔ་བཅུ་རྩ་གསུམ་གྱིས་འཁོར་བའོ། །གཉིས་ཀའི་འཕང་དུ་ནི་དཔག་ཚད་ཕྱེད་དང་དྲུག་དང་(དཔག་ཚད་གཅིག་གི་)བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་པའོ། །དེ་དག་གི་འོག་གི་ཕྱི་རོལ་ཉི་མའི་རིན་པོ་ཆེ་མེ་ཤེལ་ལས་གྲུབ་ཅིང་ཟླ་བའི་ནོར་བུ་ཆུ་ཤེལ་ལས་གྲུབ་པ་གཉིས་ཀའི་སྟེང་ན་གསེར་གྱི་ར་བས་བསྐོར་བ་དངུལ་དང་བཻ་ཌཱུཪྱ་དང་ཤེལ་དང་གསེར་གྱི་རྩིག་སྐྱབས་བཞི་དང་། མདའ་ཡབ་དང་། ཟམ་པ་བརྒྱུད་མ་བཞི་དང་ལྡན་པ། གཞལ་ཡས་ཁང་དང་། སྐྱེད་མོས་ཚལ་དང་། (ཡང་ཐོག་དང་བསིལ་ཁང་དང་བདུད་རྩི་རྣམ་པ་བཞི་དང་སྦྲང་རྩི་དང་སྦྲང་ཆར་རོལ་མོ་རྣམས་ཀྱང་བསམས་པ་ཙམ་གྱིས་ལག་ཏུ་འོང་བ་དང་།) དཔག་བསམ་གྱི་ཤིང་ལ་སོགས་པའི་འབྱོར་བ་དུ་མ་དང་བཅས་པ་སྟེ་ལྷའི་བུ་ཉི་མ་དང་ཟླ་བ་འཁོར་དང་བཅས་པའི་གནས་ཡིན་ནོ། །སྐར་མ་རྣམས་ནི་འགྲེལ་པ་ལས། ཆུང་བ་ལ་རྒྱང་གྲགས་གཅིག་ཡོད་པར་བཤད་ཅིང་། སློབ་དཔོན་གང་སྤེལ་གྱིས་ནི། སྐར་མའི་གཞལ་མེད་ཁང་གང་ཞིག་ཐམས་ཅད་ཀྱི་ནང་ན་ཆེ་བ་དེའི་ཚད་ནི་དཔག་ཚད་བཅུ་དྲུག་གོ་ཞེས་བཤད་ལ། གདགས་པ་ལས་ནི་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་ཆུང་བ་ལ་རྒྱང་གྲགས་གསུམ་དང་ཕལ་ཆེ་བ་ནི་རྒྱང་གྲགས་བཅུ་པ་དང་བཅུ་གཉིས་པར་བཤད་ཅིང་། ས་ལས་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་འབྲིང་ལ་རྒྱང་གྲགས་བཅུ་དང་ཆུང་ངུ་ལ་རྒྱང་གྲགས་བཞིར་བཤད་དོ། །དེ་དག་ནི་དཀྱིལ་གྱི་ཚད་དེ་མཐའ་སྐོར་དུ་སུམ་འགྱུར་དང་བཅས་པ་ཡོད་དོ། །
གླིང་བཞི་གཅིག་གི་སྐར་མའི་གྲངས་ནི། (དྲང་སྲོང་གར་གའི་ལྟས་ཀྱི་རྣམ་པ་བསྟན་པ་ལས།) དུང་འཕྱུར་གཉིས་དང་བྱེ་བ་བརྒྱད་དང་ས་ཡ་ལྔ་ཡོད་པར་བཤད་དོ། །སྐར་མ་དེ་དག་ནི་རྒྱུ་ཤེལ་ལས་གྲུབ་པ་སྟེང་ན་ཐམས་ཅད་ལའང་གསེར་གྱི་ར་བས་བསྐོར་བ་རིན་པོ་ཆེའི་རྩིག་སྐྱབས་དང་། མདའ་ཡབ་དང་ཟམ་པ་བརྒྱུད་མ་བཞི་དང་ལྡན་པ་སྟེ་རྒྱུ་སྐར་ལ་གནས་པའི་ལྷ་རྣམས་ཀྱི་གནས་ཡིན་ནོ། །ཉི་མས་གླིང་བཞི་ཉིན་ཞག་གཅིག་ལ་འཁོར་བར་བྱེད་དེ། །དེ་ཡང་བྱང་གི་སྒྲ་མི་སྙན་དུ་ནམ་ཕྱེད་པ་དང་། ཤར་གྱི་ལུས་འཕགས་སུ་ཉི་མ་ནུབ་པ་དང་། འཛམ་བུའི་གླིང་དུ་ཉི་མ་ཕྱེད་པ་དང་། བ་ལང་སྤྱོད་དུ་ཉི་མ་འཆར་བ་རྣམས་དུས་གཅིག་གོ། དེ་བཞིན་དུ་གཞན་ལའང་སྦྱར་ཏེ། དེ་ཡང་སའི་སྟོད་འགྲེལ་ལས། གང་གི་ཚེ་ཉིན་ཞག་མཉམ་པ་དེའི་ཚེ་ན་དེ་ལྟར་བགྲང་གི་གཞན་ན་ནི་ཆ་ཡོད་པར་བལྟའོ་ཞེས་འབྱུང་བས་ཉིན་མཚན་མཉམ་པའི་དབང་དུ་བྱས་ཀྱི་མི་མཉམ་པའི་དུས་སུ་ནི་དེ་ལྟར་ངེས་པ་མེད་པའི་ཕྱིར་རོ། །ཉི་མ་ལྡོག་པའི་དུས་ནི་འཇིག་རྟེན་པ་རྣམས་ཀྱི་དབྱར་དང་སྟོན་དང་དགུན་དང་དཔྱིད་ལ་ཟླ་བ་གསུམ་གསུམ་དུ་རྩི་ལ། འདུལ་བ་ལས་དགུན་དང་དཔྱིད་དང་དབྱར་དང་དབྱར་ཐུང་ངུ་དང་དབྱར་རིང་པོ་ཞེས་བྱ་བ་ལྔ་དགུན་ཟླར་བ་ནས་བཟུང་སྟེ་རིམ་པ་ལྟར་ཟླ་བ་བཞི་དང་བཞི་དང་གཅིག་དང་ཞག་གཅིག་དང་ཞག་གཅིག་གིས་ཆད་པའི་ཟླ་བ་གསུམ་དང་། ཡང་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་བཟུང་སྟེ་ཟླ་བ་བཞི་བཞིར་བྱས་ནས་དགུན་དང་དཔྱིད་དང་དབྱར་གསུམ་དང་། ཡང་རེ་རེ་ལ་ཟླ་བ་གཉིས་གཉིས་སུ་བྱས་ཏེ་དགུན་སྟོད་དང་དགུན་སྨད་དང་དཔྱིད་དང་ས་ག་དང་དབྱར་དང་སྟོན་ཞེས་དྲུག་ཏུ་བྱེད་པའང་བཤད་མོད་ཀྱི་དེ་དག་ལས་འདིར་ནི་(དབྱུ་གུ། སྨིན་དྲུག། སྨལ་པོ། རྒྱལ་དང་བཞི།) དགུན་དང་(རྟ་བ། བྱ་ཁྲ། ནག་པ། ས་ག་དང་བཞི།) དཔྱིད་དང་(གདུ་བུ། བྲ་ཉེ། བྱ་སྦོ། སྒྲོག་ཁྲུམས་དང་བཞི།) དབྱར་ཏེ་ཟླ་བ་བཞི་བཞི་པར་བཤད་པ་དེ་སྐབས་སུ་བབ་པས་དེ་ལ་དགུན་གྱི་ཟླ་བ་དང་པོ་ནི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་འཛིན་པ་ལས་ཁ་ཅིག་མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་པ་དང་། བྲ་ཉེ་དང་ནི་སྨིན་དྲུག་ཀྱང་། །ལན་གཉིས་ཡོངས་སུ་འཁོར་བར་བྱེད། །ཅེས་སྨིན་དྲུག་གི་ཟླ་བ་ལ་སྟོན་ཟླ་ཐ་ཆུང་དུ་བཤད་པའི་ཕྱིར་དེ་ཉིད་ཀྱི་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་ཡིན་པར་འདོད་ལ། ཁ་ཅིག་ནི་དགེ་ཚུལ་གྱི་དང་པོའི་ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟེང་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ་ཞེས་པ་དང་།
འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་དང་། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་སྨིན་དྲུག་གི་མར་ངོའི་ཚེས་བཅུ་བཞི་ལ་གསོ་སྦྱོང་མི་ཐུབ་པ་བྱེད་པར་བཤད་ལ། གསོ་སྦྱོང་མི་ཐུབ་པའང་(འདུལ་བའི་མདོ་ལས། ཉིན་ཞག་གཅིག་གིས་མཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་པ་དང་།) འགྲེལ་པ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར་ཞེས་ཟླ་བ་ཕྱེད་དང་གཉིས་འདས་ཤིང་ཕྱེད་ལུས་པ་ན་བྱེད་པར་བཤད་པའི་ཕྱིར་དབྱུག་གུའི་ཟླ་བ་ཉིད་སྟོན་ཟླ་ཐ་ཆུང་ཡིན་པས་དེ་ཉིད་ཀྱི་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་ཡིན་ནོ་ཞེས་འདོད་མོད་ཀྱི། འོན་ཀྱང་འདིར་ནི་སྒྲོག་ཁྲུམས་ཀྱིས་ཉ་བའི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་ཡིན་ལ། དེའི་ཚེས་བཅུ་དྲུག་ནས་ཐ་སྐར་གྱི་ཟླ་བ་ཡིན་པས་དེའི་མར་ངོ་དང་ཐ་སྐར་གྱི་ཟླ་བའི་ཡར་ངོ་བསྡོམས་པ་ནི་དགུན་ཟླ་དང་པོ་དང་ཐ་སྐར་གྱི་ཟླ་བའང་ཡིན་པར་ཤེས་ཏེ། དགུན་རྣམས་ཀྱི་ཟླ་བ་བཞི་པའི་ཡར་ངོ་ལ་(དབྱར་)ཉི་མ་ལྡོག་པར་བཤད་ཅིང་། དེ་ཉིད་དཔྱིད་ཟླ་ར་བ་ཡིན་པར་འགྲེལ་པ་ལས་བཤད་པའི་ཕྱིར་དང་། ཟླ་བ་ཉ་ཚེ་ཟླ་རངས་འགྱུར་ཞེས་སྐར་མ་གང་གིས་ཉ་པ་དེ་ཡན་ཆོད་(ཀྱིས་)དེའི་ཟླ་(བ་རངས་ཞིང་རྗོགས་)བར་བཤད་པས་སྒྲོག་ཁྲུམས་ཀྱིས་ཉ་བའི་ཚེས་བཅུ་དྲུག་ནས་དབྱུག་གུའི་ཟླ་བ་ཡིན་པའི་ཕྱིར་དང་། སྨིན་དྲུག་གི་ནག་པོའི་ཕྱོགས་ལ་གསོ་སྦྱོང་མི་ཐུབ་པ་འབྱུང་བར་བཤད་ཅིང་། དེ་ནི་རང་གི་ཟླ་སྟོད་ཡིན་ཀྱང་ཟླ་བ་འགྲིབ་པ་ལ་ལྟོས་ན་ནག་པོའི་ཕྱོགས་ཡིན་པའི་ཕྱིར་རོ། །
དེའི་ཕྱིར་འདིར་དབྱར་གྱི་ཟླ་བ་གཉིས་པ་ཞེས་བྱ་བ་དང་། འགྲེལ་པ་ལས། སྟོན་ཟླ་ར་བའི་ཡར་གྱི་ངོ་ཚེས་དགུ་ནས་མཚན་མོ་རིང་ངོ་ཞེས་བཤད་པའང་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་མཆུ་དང་དབོའི་ཟླ་བ་ལ་དགུན་དང་། བྱི་ཞུན་དང་སྒྲོག་ཁྲུམས་ཀྱི་ཟླ་བ་ལ་དབྱར་གྱི་ཉི་མ་ལྡོག་པར་འགྱུར་ན་དགུན་རྒྱལ་དང་དབྱར་ཆུ་སྟོད་ལ་ལྡོག་པར་མངོན་སུམ་གྱིས་གྲུབ་པ་དང་འགལ་བའི་ཕྱིར་རོ། །དེས་ན་འདིར་དབྱར་གྱི་ཟླ་བ་གཉིས་པ་ནི་སྟོན་ཟླ་ར་བ་སྟེ། དེ་ནི་དབྱར་ཟླ་ཐ་ཆུང་(བྲ་ཉེ་དང་།) སྣྲོན་གྱི་ཟླ་བའི་མར་ངོ་དང་། སྟོན་ཟླར་བ་ཆུ་སྟོད་ཀྱི་ཟླ་བའི་ཡར་ངོ་བསྡོམས་པ་སྟེ་དེའི་ཐ་མ་ནི་(ཆུ་སྟོད་ཟླ་བའི།) ཡར་ངོ་སྟེ། (སྣོན་ཟླ་བའི།) མར་ངོ་ནི་དང་པོ་ཡིན་པས་སྔར་སོང་བའི་ཕྱིར་དང་། ཡར་ངོ་ནི་ཐ་མ་ཡིན་པས་ཕྱི་ནས་འབྱུང་བའི་ཕྱིར་དང་། ཊཱིཀ་བྱེད་དག་གིས་ཀྱང་། ཟླ་བ་ཐམས་ཅད་མར་གྱི་ངོ་སྔ་སྟེ་ཞེས་བཤད་པའི་ཕྱིར་རོ། །དེའི་ཚེས་བརྒྱད་ཀྱི་ཉིན་མོ་རིང་དུ་སོང་སྟེ་ཡུད་ཙམ་བཅོ་བརྒྱད་ཀྱི་ཡུན་དུ་ཐུབ་པའི་ཕྱིར་རོ། །མཚན་མོ་ཤིན་ཏུ་ཐུང་སྟེ། ཡུད་ཙམ་བཅུ་གཉིས་ལས་མི་ཐུབ་པའི་ཕྱིར་རོ། །དེའི་རྗེས་ལ་(ཚེས་བརྒྱད་ཚེས་མ་ཐག་དབྱར་གྱི་)ཉི་མ་ལོག་སྟེ་ཚེས་དགུ་ནས་མཚན་མོ་ནི་རིིང་བར་འགྱུར་ལ། ཉིན་མོ་ནི་རིང་བ་ལས་བཟློག་ནས་(ཆུ་སྲང་གཉིས་དང་དབུགས་གསུམ་གྱི་)ཐུང་ངུ་འགྱུར་རོ། །དགུན་རྣམས་ཀྱི་ནི་(ཟླ་བ།) བཞི་པ་(ནི་དགུན་ཟླ་ཐ་ཆུང་མགོའི་ཟླ་བའི་མར་ངོ་དང་དཔྱིད་ཟླ་ར་བ་རྒྱལ་གྱི་ཟླ་བའི་ཡར་ངོ་བསྡོམས་པ་ཡིན་ལ། དེའི་ཐ་མ་རྒྱལ་གྱི་ཡར་ངོའི་ཚེས་བརྒྱད་ལ་མཚན་མོ་ཤིན་ཏུ་རིང་སྟེ་ཡུད་ཙམ་བཅོ་བརྒྱད་དང་། ཉིན་མོ་ཤིན་ཏུ་ཐུང་སྟེ་ཡུད་ཙམ་བཅུ་གཉིས་ལས་མི་ཐུབ་པ་ལས་དེའི་རྗེས་ལ་ཉི་མ་ལོག་སྟེ་ཚེས་དགུ་)ལ་(ནི་མཚན་མོ་)ཐུང་ངུར་འགྱུར་རོ། །ཞེས་བྱ་བ་ལ་དགུན་གྱི་ཟླ་བ་བཞི་པ་ནི་དགུན་ཟླ་ཐ་ཆུང་མགོའི་ཟླ་བའི་མར་ངོ་དང་། དཔྱིད་ཟླ་ར་བ་རྒྱལ་གྱི་ཟླ་བའི་ཡར་ངོ་བསྡོམས་པ་ཡིན་ལ་དེའི་ཐ་མ་རྒྱལ་གྱི་ཡར་ངོའི་ཚེས་བརྒྱད་ཀྱི་ཚེ་མཚན་མོ་ཤིན་ཏུ་རིང་སྟེ་ཡུད་ཙམ་བཅོ་བརྒྱད་ཐུབ་པའི་ཕྱིར་རོ། །ཉིན་མོ་ཤིན་དུ་ཐུང་སྟེ་ཡུད་ཙམ་བཅུ་གཉིས་ལས་མི་ཐུབ་པའི་ཕྱིར་རོ། །དེའི་རྗེས་ལ་ཉི་མ་ལོག་སྟེ་(རྒྱལ་གྱི་ཡར་ངོའི་ཚེས་བརྒྱད་ཀྱི་ཁོངས་སུ་དགུན།) ཚེས་དགུའི་ཚེ་ནས་ནི་མཚན་མོ་(ཆུ་སྲང་གཉིས་དང་དབུགས་གསུམ་གྱིས་)ཐུང་དུ་འགྱུར་རོ། །ཉིན་མོ་ནི་དེ་ལས་བཟློག་སྟེ་རིང་དུ་འགྱུར་རོ། །
རང་གི་རྣམ་བཤད་ཀྱི་འགྱུར་འགའ་ཞིག་དང་སློབ་དཔོན་འདུན་བཟང་དང་ཕྱོགས་གླང་གི་འགྲེལ་པ་ལས་ནི་དབྱར་གྱི་ཟླ་བ་གཉིས་པ་དང་དགུན་རྣམས་ཀྱི་ཟླ་བ་བཞི་པ་ནི་རིམ་པ་ལྟར་དབྱར་ཟླ་ཐ་ཆུང་དང་དགུན་ཟླ་ཐ་ཆུང་གཉིས་ལ་བཤད་དེ། དེ་དག་གི་ལྟར་ན་ནི་སྟོན་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་ཡིན་པས་དེའི་ཚེས་བཅུ་དྲུག་ནས་དགུན་གྱི་ཟླ་བ་དང་པོ་བརྩི་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཁ་ཅིག་དབྱར་ལྡོག་གི་ཡར་ངོ་(དང་མར་ངོ་ལ་ལྡོག་ན་རིམ་པ་ལྟར་སྟོན་ཟླ་ར་བ་དང་། དབྱར་ཟླ་ཐ་ཆུང་ཡིན་ལ། དགུན་ལྡོག་པའང་ཡར་ངོ་དང་མར་ངོ་ལ་ལྡོག་ན་རིམ་པ་ལྟར། དཔྱིད་ཟླ་ར་བ་དང་། དགུན་ཟླ་ཐ་ཆུང་ཡིན་པར་འཆད་ལ། འཇིག་རྟེན་པ་དག་ཀྱང་མགོ་དང་རྒྱལ་ལ་ཉི་མ་ལྡོག་ན་རིམ་པ་ལྟར་ཟླ་སྨད་དང་ཟླ་སྟོད་ལ་ལྡོག་གོ་ཞེས་ཟེར་རོ། །)ལ་ལྡོག་པ་ཐམས་ཅད་ནི་སྟོན་ཟླ་ར་བ་ཡིན་ལ། མར་ངོ་ལ་ལྡོག་པ་ཐམས་ཅད་ནི་དབྱར་ཟླ་ཐ་ཆུང་ཡིན་ནོ། །དེ་བཞིན་དུ་དགུན་ལྡོག་ལའང་ཡར་ངོ་ལ་ལྡོག་ན་དཔྱིད་ཟླ་ར་བ་དང་མར་ངོ་ལ་ལྡོག་ན་དགུན་ཟླ་ཐ་ཆུང་ཡིན་ནོ་ཞེས་འཆད་ལ། འཇིག་རྟེན་པ་དག་ཀྱང་མགོའི་ཟླ་བ་ལ་ཉི་མ་ལྡོག་ན་རྒྱལ་སྨད་དང་རྒྱལ་ལ་ལྡོག་ན་ཟླ་སྟོད་ལ་ལྡོག་གོ་ཞེས་ཟེར་རོ། །(འདི་ནི་དཔེ་བརྗོད་པ་ཙམ་སྟེ་དབྱར་ཚེས་བརྒྱད་ལ་ལོག་ན་དགུན་བཅུ་དྲུག་ལ་ལྡོག་ལ། དེ་བཞིན་དུ་ནུར་བས་ལོ་གསུམ་གསུམ་ན་དབྱར་ལྡོག་གི་ཤུལ་དུ་ལན་རེ་འཁོར་བས། ཉི་མ་བརྒྱད་གསུམ་དག་ལ་ལྡོག། ལྔ་འགྱུར་དག་གིས་ཤེས་པར་བྱ་ཞེས་འཇིག་རྟེན་པ་ལ་གྲགས་པ་ལྟར་ཡིན་ནོ། །)ཚད་ཇི་ཙམ་ཞིག་གིས་རིང་ཐུང་དུ་འགྱུར་ཞེ་ན། ཉིན་མོ་དང་མཚན་མོ་རིང་བ་(དང་ཐུང་བ་)ནི་ཉིན་ཞག་རེ་ལ་ཐང་གཅིག་(རེ་རེས་)རིང་ཐུང་དུ་འགྱུར་ལ་དེ་ནི་ཉིན་ཞག་གཅིག་གི་དགུ་བརྒྱའི་ཆ་སྟེ་དུས་འཁོར་བ་ལྟར་ན་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པའི་དབུགས་ཉི་ཤུ་རྩ་བཞི་ཡིན་ཏེ། ཆུ་སྲང་བཞི་བཞིས་རིང་ཐུང་བྱེད་པར་བཤད་ཅིང་ཆུ་སྲང་རེ་ལ་དབུགས་དྲུག་དྲུག་ཡོད་པའི་ཕྱིར་རོ། །འདིར་ཉི་མ་ལྡོག་པ་ཐམས་ཅད་སྤྱིར་ཚེས་དགུ་འབའ་ཞིག་ལ་(ཉི་མ་)ལྡོག་པར་འདོད་པ་ནི་མ་ཡིན་ཏེ། དགུ་ལ་ལྡོག་པ་གསལ་བའི་དཔེ་བྱས་ནས་གཞན་ཡང་མཚོན་པའི་ཕྱིར་རོ། །
དེ་ཡང་དབྱར་དགུ་ལ་ལོག་ན་དགུན་བཅོ་ལྔ་ལ་ལྡོག་པ་ལ་སོགས་པ་ཞག་དྲུག་དྲུག་ཕྱིར་ནུར་པའི་ཕྱིར་ལོ་གསུམ་ན་ནི་དགུ་ལ་ལྡོག་པར་སོར་ཆུད་པར་འགྱུར་རོ་ཞེས་ཁ་ཅིག་ཟེར་རོ། །འོ་ན་ཉི་མ་ལྡོག་པ་ཉིད་གང་ཞེ་ན། དེའི་ཕྱིར་ཉི་མ་ལྷོ་བྱང་འགྲོ་ཆེའོ། །ཞེས་བྱ་སྟེ། དེ་ལ་ཉི་མ་ལྷོར་(ཟླ་བ་དྲུག་ཏུ།) འགྲོ་བ་ནི་དབྱར་གྱི་ལྡོག་པ་སྟེ་འཛམ་བུའི་གླིང་གི་དཀྱིལ་ནས་རྒྱུ་བའི་ཚེ་ཉིན་མོ་ཤིན་དུ་རིང་ལ་མཚན་མོ་ཐུང་བར་ཡོད་པ་དེ་ལྷོར་ཉེ་བར་གྱུར་པ་ནི་བྱང་ནས་ལྷོར་ལྡོག་པའི་ཕྱིར་དབྱར་གྱི་ལྡོག་པའོ། །གང་ཚེ་རིམ་གྱིས་ལྷོར་བགྲོད་དེ་འཛམ་བུའི་གླིང་ལས་དཔག་ཚད་དྲུག་དང་བཅོ་བརྒྱད་ཀྱི་ཆས་ཕྱི་རོལ་ཏུ་གྱུར་པའི་རྒྱ་མཚོའི་སྟེང་ནས་འཆར་བ་དེའི་ཚེ་མཚན་མོ་རིང་ལ་ཉིན་མོ་ཤིན་ཏུ་ཐུང་ངོ་། །དེའི་ཚེ་བྱང་དུ་(ཟླ་བ་དྲུག་)ཉེ་བར་འགྲོ་བ་ནི་དགུན་གྱི་ལྡོག་པ་སྟེ་འདིར་དགུན་ལྡོག་པ་ནི་བྱང་སྒྲ་མི་སྙན་དུའང་དགུན་ལྡོག་པ་དང་། འདིར་དབྱར་ལྡོག་པ་ནི་སྒྲ་མི་སྙན་དུའང་དབྱར་ལྡོག་པ་ཡིན་ལ་གླིང་གཞན་གཉིས་སུ་ནི་དེ་ལས་བཟློག་པར་འདོད་དེ། ཉི་མ་རིང་བ་དང་ཐུང་བའི་དུས་སུ་ཤར་ནུབ་དང་ལྷོ་བྱང་དུ་ཤིན་ཏུ་རིང་བ་དང་ཐུང་ངུར་རྒྱུ་བར་འདོད་པའི་ཕྱིར་དང་། (ཉི་མ་ལོག་ནས་ཟླ་གསུམ་དང་ཞག་གསུམ་ན།) མཚན་མོ་དང་ཉིན་མོ་(ཡུད་ཙམ་བཅོ་ལྔ་བཅོ་ལྔ་)མཉམ་པ་ན་ཉེ་རིང་མེད་པར་མཉམ་པོར་(འགྱུར་བ་གདགས་པ་ལས་དཔྱིད་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ལ་མཉམ་པར་བཤད་ཀྱང་བརྟག་དགོས་པར་སྣང་ངོ་། །མཉམ་དུས་དེར།) ཟླུམ་པོར་བསྐོར་བའི་ཕྱིར་ཏེ། རྨ་བྱ་ཆེན་མོ་ལས། ཉི་མ་དང་ནི་ཟླ་བ་དང་། །སུམ་ཅུ་རྩ་བདུན་ཚང་བ་དག། འཆར་བ་དང་ནི་ནུབ་པ་ན། །འཁོར་ལོའི་མཚོན་ཆ་བཞིན་དུ་རྒྱུ། །ཞེས་བཤད་པའི་ཕྱིར་རོ། །དེའི་ཕྱིར་སོ་ག་ནི་ཉི་མའི་འོད་ཟེར་ཚ་སྟེ། འོད་ཟེར་གླིང་གི་སྟེང་ནས་ཐད་ཀར་འབབ་པའི་ཕྱིར་རོ། །ཉི་མ་རིང་བའང་ཡིན་ཏེ། ཤར་ནུབ་ཏུ་རྒྱུ་བའི་ཐག་རིང་བའི་ཕྱིར་རོ། །དགུན་ནི་ཉི་མའི་འོད་ཟེར་དེ་ཙམ་དུ་ཚ་བ་མ་ཡིན་ཏེ། གླིང་གི་སྟེང་གི་ཐད་ཀ་ནས་མི་འཕོག་པར་ལྷོ་ནས་འདིར་ཟུར་གྱིས་འཕོག་པའི་ཕྱིར་རོ། །ཉི་མ་ཐུང་བའང་ཡིན་ཏེ། ཤར་ནུབ་ཏུ་བགྲོད་པའི་ཐག་ཐུང་བའི་ཕྱིར་རོ་ཞེས་(མཁས་པ་དག་)འཆད་དོ། །(ལྷོར་བགྲོད་ལ་ཉི་མ་ལྡོག་དུས་སུ་གླིང་ལས་དཔག་ཚད་དྲུག་དང་གཅིག་གི་བཅོ་བརྒྱད་ཆ་གཅིག་གིས་གླིང་ལས་ཉི་མ་ཕྱིར་རྒྱ་མཚོའི་སྟེང་དུ་ཡོལ་ནས་འོད་ཟེར་ཕལ་ཆེར་རྒྱ་མཚོར་ཕོག་པས་རྒྱ་མཚོ་དང་རྒྱ་མཚོ་ལས་འབབ་པའི་ཆུ་རྣམས་དྲོ་ཞིང་ཆུ་ལ་སྐྱེས་པའི་ཤིང་སོགས་སྐྱེའོ། །དབྱར་བྱང་བགྲོད་དུས་སུ་དེ་ལས་ཟློག་པས་གླིང་དྲོ་ལ། རྒྱ་མཚོ་བྲང་ངོ་། །དེ་ཡང་གདགས་པ་ལས་དེའི་ཆ་འཛམ་བུའི་གླིང་གི་མཐའ་མྱུར་དུ་སྤོང་བའི་ཕྱིར་མཚན་མོ་རིང་ལ། དབུས་ཡུན་རིང་པོས་སྤོང་བས་དཔྱིད་དང་དབྱར་ཉིན་མོ་རིང་ངོ་ཞེས་སོ། །གླིང་གང་གི་མཐའ་ནས་ཉི་མ་རྒྱུ་བ་ཐུང་ལ། དབུས་ནས་རྒྱུ་བའི་ཚེ་རིང་བ་ཡིན་ནོ། །)
དཔལ་དུས་ཀྱི་འཁོར་ལོ་བ་རྣམས་ནི་ཟླུམ་པོར་བསྐོར་བ་ཉིད་ཉེ་རིང་བྱེད་པར་འདོད་དོ། །འོ་ན་ཟླ་བ་ཡར་གྱི་ངོ་ལ་དང་པོ་ཅུང་ཟད་ཀྱང་མི་སྣང་བ་དང་། དེ་ནས་རིམ་གྱིས་སྣང་བ་དང་རངས་པ་སྣང་བ་དང་མར་གྱི་ངོ་ལ་འགྲིབ་པར་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་ཉི་མའི་དཀྱིལ་འཁོར་དང་ཤིན་དུ་ཉེ་བ་ལས་དེའི་འོད་ཟེར་ཟླ་བ་ལ་ཕོག་སྟེ་ཕར་ཕྱོགས་སུ་རང་གི་གྲིབ་མ་འབབ་པས་ཟླ་བ་མ་ལུས་པ་འགྲིབ་པར་སྣང་བའི་ཕྱིར་དང་(དེ་ཡང་གནམ་སྟོང་ལ་ཉི་ཟླ་སྦྱར་བས་ཅུང་ཟད་ཀྱང་མི་མཐོང་བའི་ཕྱིར་རོ། །)ཉི་མ་དང་རིང་བར་གྱུར་པ་དང་རང་གི་གྲིབ་མས་བསྒྲིབས་པ་ཆུང་བར་གྱུར་པའི་ཕྱིར་ཟླ་བ་སྣང་བ་ཆེ་བར་འགྱུར་ལ། གང་གི་ཚེ་ཟླ་བ་ཉི་མ་དང་ཤིན་ཏུ་རིང་བར་གྱུར་པས་རང་གི་གྲིབ་མས་ཅུང་ཟད་ཀྱང་བསྒྲིབས་པ་མེད་པ་དེའི་ཚེ་ཟླ་བ་མ་ལུས་པ་སྣང་བ་ཡིན་ནོ། །
འདིར་ཁ་ཅིག་ན་རེ་འཕགས་པ་ཐོགས་མེད་ལ་སོགས་པ་ནི་ཟླ་བའི་ཕྱེད་ནི་ཆུ་ཤེལ་ལས་གྲུབ་ལ་ཕྱེད་ནི་བཻ་ཌཱུཪྱ་ལས་གྲུབ་པའི་ཕྱིར་དེ་བླ་འོག་འགྱུར་བའི་ཁྱད་པར་ལས་འཕེལ་བ་དང་འགྲིབ་པར་སྣང་སྟེ། ཆུ་ཤེལ་མ་ལུས་པ་སྣང་བའི་ཚེ་རངས་པ་སྣང་ལ། བཻ་ཌཱུཪྱ་མ་ལུས་པ་སྣང་བའི་ཚེ་མི་སྣང་ཞིང་། དེ་དག་ཕྱེད་མར་སྣང་བའི་ཚེ་སྣང་བ་ཕྱེད་ཡིན་ནོ་ཞེས་འདོད་དོ་ཞེས་ཟེར་བ་ནི་དེ་ལྟ་མ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས་གྲིབ་མ་བླ་འོག་འཛུར་བའི་བྱེ་བྲག་ལས་འཕེལ་བ་དང་འགྲིབ་པར་བཤད་ལ། དེའི་བླ་འོག་ནི་ཕ་རོལ་དང་ཚུ་རོལ་གྱི་ངོས་ལ་བཞེད་པའི་ཕྱིར་སྔ་མ་དང་འདྲ་ལ་བཻ་ཌཱུཪྱ་ལས་གྲུབ་པར་བཤད་པ་ནི་མེད་དོ། །ཉི་ཟླ་དང་རྒྱུ་སྐར་ལ་གནས་པའི་ལྷ་དེ་དག་ནི་རྒྱལ་ཆེན་རིས་བཞི་པའི་ནང་དུ་བགྲང་བ་དག་ཡིན་ནོ། །(ཟླ་བའི་ར་རི་ནི་ལྷའི་དབང་པོས་བྱང་སེམས་རི་བོང་གི་གཟུགས་ལྷ་ལ་བསྟན་པའི་ཕྱིར་བྲིས་པའོ། །གདགས་པ་ལས་བང་རིམ་འོག་མ་ཆུ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་པར་བཤད་པས། བང་རིམ་བཞི་པ་ལས་རི་རབ་ཀྱི་རྩེ་མོ་དཔག་ཚད་སུམ་ཁྲིས་གྱེན་དུ་འཕགས་སོ། །བང་རིམ་དང་པོ་ནི་རི་རབ་ལས་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཕྱིར་འཕགས་ལ། གཞན་གསུམ་ཕྱེད་ཕྱེད་འཕགས་སོ། །)
རི་ལ་གནས་པ་བཤད་པ་ནི་རི་རབ་འདི་ལ་ཆུའི་མཚམས་ཡན་ཆད་ན་བང་རིམ་བཞི་ཡོད་དེ། དེ་དག་གི་བར་གྱི་ཐག་ནི་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་དོ། །དེ་ལ་བང་རིམ་དང་པོ་ནི་དཔག་ཚད་སྟོང་ཕྲག་དག་ནི་བཅུ་དྲུག་དང་། གཉིས་པ་ནི་བརྒྱད་དང་། གསུམ་པ་ནི་བཞི་དང་། བཞི་པ་ནི་གཉིས་ཕྱིར་འཕགས་སོ། །དེ་ཡང་ཁ་ཅིག་ནི་ཆུའི་སྟེང་ནས་ཕྱིར་དཔག་ཚད་སུམ་ཁྲི་འཕགས་ལ། དེ་ནས་དཔག་ཚད་སྟོང་ཕྲག་བཅུ་སྟེང་དུ་འདས་པ་ན་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཞུམ་པ་ལ་སོགས་པར་འདོད་དོ། །བླ་མ་དག་ནི་ཆུའི་སྟེང་ནས་རི་རབ་བགས་ཀྱིས་སྦྲམ་དུ་སོང་སྟེ་དཔག་ཚད་ཁྲི་འཕགས་པ་ན་ཞུམ་པ་ནི་སྟོང་ཕྲག་བཅུ་དྲུག་ཡིན་པ་ལ་སོགས་པར་བཞེད་དོ། །གཉིས་ཀ་ལྟར་ནའང་འཕགས་པ་ནི་རི་རབ་ཀྱི་དངོས་གཞི་ལས་ཡིན་ནོ། །སློབ་དཔོན་འདུན་བཟང་ནི་ཞུམ་པའི་ཚད་བཤད་པ་ནི་སྟོང་ཕྲག་བཅུ་དྲུག་ལ་སོགས་པ་ཡིན་པའི་ཕྱིར་རི་རབ་ནི་ཆུ་མཚམས་ཡན་ཆད་མཆོད་རྟེན་ལྟར་ཇེ་ཕྲར་གྱུར་པར་འདོད་ལ། དེའི་ངོས་ལ་བརྒྱད་ཁྲིའོ་ཞེས་བྱ་བ་ནི་མཐའ་བསྐོར་བའི་དབང་དུ་བྱས་པ་ཡིན་ནོ་ཞེས་འདོད་དོ། །བང་རིམ་བཞི་ཡོད་པ་དེ་ལ་དང་པོ་ལ་གནོད་སྦྱིན་ལག་ན་རིན་པོ་ཆེའི་གཞོང་ཐོགས་ཞེས་བྱ་བ་དང་། གཉིས་པ་ལ་མེ་ཏོག་གི་ཕྲེང་བ་ཐོགས་པ་དང་། གསུམ་པ་ལ་དགུན་ཆང་གིས་རྟག་ཏུ་མྱོས་པ་དང་། བཞི་པ་ལ་ནི་རྒྱལ་པོ་ཆེན་པོ་བཞི་བདག་ཉིད་དང་དེ་དག་གི་འཁོར་བའི་ལྷ་རྣམས་གནས་སོ། །ཇི་ལྟར་བང་རིམ་རྣམས་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གནས་པ་དེ་བཞིན་དུ་གསེར་གྱི་རི་བདུན་པོ་དག་ལ་ཡང་རྒྱལ་ཆེན་རིས་བཞི་པའི་ལྷ་དག་གནས་སོ། །
ཡང་གི་སྒྲས་ནི་ཁོར་ཡུག་དང་གླིང་རྣམས་ཀྱི་རི་དང་ཤིང་དང་ཆུ་ལ་སོགས་པ་ལའང་ཡོད་དོ་ཞེས་བསྡུ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྷའི་རིས་དེ་ན་ལྷ་ཐམས་ཅད་པས་ཆེ་བ་ཡིན་ནོ་ཞེས་འགྲེལ་པ་ལས་འབྱུང་བ་ལ་ཊཱིཀ་བྱེད་དག་ཆེ་བའི་དོན་ཡང་རབ་ཏུ་མང་བས་ཡིན་གྱི་ཕུན་སུམ་ཚོགས་པས་ཆེ་བ་ནི་མ་ཡིན་ནོ་ཞེས་འཆད་དོ། །གདགས་པ་དང་ས་ལས་ནི་གཉའ་ཤིང་འཛིན་གྱི་ཤར་དང་ལྷོ་དང་ནུབ་དང་བྱང་ན་(སྟེང་གི་ཕྱོགས་བཞི་ན་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་སྟེ་མཐའ་སྐོར།) དཔག་ཚད་སྟོང་སྟོང་གིས་འཁོར་བའི་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། སྣ་ཚོགས་གཟུགས་དང་། ལྕང་ལོ་ཅན་ཞེས་བྱ་བའི་ཕོ་བྲང་ཡོད་དེ། དེ་དག་ན་རིམ་པ་ལྟར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་འཁོར་དང་བཅས་པ་ལྷའི་འབྱོར་པ་ཆེན་པོས་བརྒྱན་ཏེ་གནས་ལ།
རི་རབ་ཀྱི་བང་རིམ་གཉིས་པ་ལག་ན་ཁྲག་ཐོགས་པ་དང་། བཞི་པ་ལ་ཕྲེང་བ་ཐོགས་པ་ཡོད་པར་བཤད་དོ། །ལྷུན་པོའི་རྩེ་མོ་ན་ནི་སུམ་ཅུ་རྩ་གསུམ་ཡོད་དོ། །ཅིའི་ཕྱིར་དེ་ལ་དེ་སྐད་ཅེས་བྱ་ཞེ་ན། (དྲན་པ་ཉེར་གཞག་གི་མདོ་ལས། ཆོས་བཟང་དང་། མཐོང་བ་དང་། རི་རྩེ་དང་། ལེགས་མཐོང་དང་། ཕྱོགས་གཅིག་དང་། ཤིང་གསེབ་དང་། ཤིང་རྟ་སྣ་ཚོགས་དང་། དགའ་བྱེད་དང་། རྣམ་མཛེས་དང་། ཡོངས་འདུ་དང་། འདྲེས་པའི་འགྲམ་དང་། ཚང་ཚིང་གི་འགྲམ་དང་། ནོར་བུའི་སྙིང་པོ་དང་། ཀུན་དུ་གསལ་བར་སྤྱོད་པ་དང་། གསེར་ཕུག་གི་ཁང་པ་དང་། ཕྲེང་བའི་གྲིབ་མ་དང་། དམའ་བ་དང་། མཐོ་བ་ན་རྒྱུ་བ་དང་། བཀྲ་བ་སྣ་ཚོགས་ཀྱི་ཕྱེ་བ་དང་། སྦྱོར་བ་ལ་འཇུག་པ་དང་། ཞིབ་ཏུ་སྤྱོད་པ་དང་། གླུའི་སྒྲ་ལ་ཤིན་ཏུ་དགའ་ཞིང་མངོན་པར་ཆགས་པ་དང་། གཟི་བརྗིད་འབར་བ་དང་། ཟླ་བའི་གནས་ལྟར་རྒྱུ་བ་དང་། ཤིང་ས་ལ་ཟུང་དང་། མིག་ཕྱེ་ཞིང་འགྲོ་བ་དང་། བཙུམས་ནས་འགྲོ་བ་དང་། ལུས་ཀྱི་མདོག་བཟང་ཞིང་ཆེ་བ་དང་། ནོར་བུ་འཕྱང་བ་དང་། རིས་མཐུན་པ་དང་། འཁོར་ན་གནས་པ་དང་། མཐོ་བར་སྤྱོད་པ་དང་། གཟི་བརྗིད་མཆོག་དང་། གཟི་བརྗིད་ཕྲེང་དང་། མ་འདྲེས་པ་ཞེས་བྱ་བའི་གནས་སུམ་ཅུ་རྩ་གསུམ་ན་གནས་པས་དེ་སྐད་ཅེས་བྱ་བའམ། ཡང་ན། ཆུ་དང་ཟླ་བ་བསྟན་པ་དང་། །འཛིན་བྱེད་རླུང་དང་མེ་དང་ནི། །ནམ་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ་ཞེས་པ་བརྒྱད་དང་། མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གཞན་ལས་རྒྱལ་བ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ་ཞེས་པ་བཅུ་གཅིག་དང་། དབང་པོ་བྱེད་པོ་ལམ་པ་དང་། །ཆར་འབེབས་སྟོད་བྱེད་སྔོན་མིན་འཕགས། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། །ཆུ་བདག་གཤིན་རྗེ་ཞེས་བྱའོ་ཞེས་པ་ཉི་མ་བཅུ་གཉིས་དང་། ཚོགས་བདག་དང་། སྨིན་དྲུག་གི་བུ་ནི་ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་སོ་གསུམ་མོ། །)དེ་ན་ནོར་ལྷ་བརྒྱད་དང་། དྲག་པོ་བཅུ་གཅིག་དང་། ཉི་མ་བཅུ་གཉིས་དང་། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་དབང་པོ་དང་ཉེ་དབང་སུམ་ཅུ་རྩ་གཉིས་ཏེ་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར་རམ། རྣམ་པར་མཉམ་འཕྲུལ་དང་། རབ་འབབ་དང་། ལྗང་བུ་དང་། ཡིད་སེང་སེང་པོ་དང་། མེ་ཏོག་གི་འཕྲལ་ཐབས་དང་། དགའ་བའི་ཚལ་ལ་སོགས་པ་གནས་འཛམ་བུའི་གླིང་པ་ལ་བསྒྲག་ཏུ་རུང་བ་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར་རོ། །རི་རབ་དེའི་ངོས་རེ་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་སྟེ་མཐའ་སྐོར་དུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ་ཞེས་སློབ་དཔོན་འཆད་ལ། ལུང་གཞི་ལས་ཀྱང་། རི་རབ་ཀྱི་ངོས་རེ་རེ་ལའང་དཔག་ཚད་བརྒྱད་ཁྲི་ཡོད་དེ། དེའི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ་ཞེས་གསུངས་སོ། །སློབ་དཔོན་འདུན་བཟང་ནི་ངོས་རེ་ལ་དཔག་ཚད་ཉི་ཁྲི་ཡོད་པས་ངོས་ཀུན་བསྐོར་ན་བརྒྱད་ཁྲི་ཡིན་ལ་ལུང་ལས་བཤད་པ་ནི་ཆུ་མཚམས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་འཆད་དོ། །རི་རབ་དེའི་ཕྱོགས་མཚམས་གྲྭ་བཞི་ན་གདགས་པ་ལྟར་ན་ངོས་རེ་ལ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་ལྔ་ཡོད་པ་མཐའ་སྐོར་ན་ལྔ་བརྒྱ་ལྔ་བརྒྱས་འཁོར་བ། འཕང་དུ་ནི་འདི་དང་ས་ལས་དཔག་ཚད་ལྔ་བརྒྱ་འཕགས་པར་བཤད་ལ། གདགས་པ་ལྟར་ན་དཔག་ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་པའི་བརྩིགས་པ་བཞི་ཡོད་དེ། དེ་དག་ལ་ལ་ནི་གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་པ་ཅན་ཞེས་བྱ་བ་གནས་ཏེ། དེ་དག་ནི་བག་མེད་པའི་ལྷ་རྣམས་བསྲུང་བའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །གསང་བ་པའི་བདག་པོ་ནི་དེ་དག་གི་ཆ་ལུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་གྱི་དེའི་སྡེར་གཏོགས་པ་ནི་མ་ཡིན་ནོ། །དེ་དག་ནི་གདགས་པ་ལས་ནུབ་ལྷོ་ཤར་བྱང་རིམ་པ་བཞིན་དངུལ་དང་བཻ་ཌཱུཪྱ་དང་ཤེལ་དང་གསེར་གྱི་རང་བཞིན་ལས་གྲུབ་པར་བཤད་དོ། །
རི་རབ་ཀྱི་རྩེ་མོ་དེའི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ངོས་རེ་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱ་པ་མཐའ་སྐོར་ན་དཔག་ཚད་ཁྲིས་འཁོར་བ་ཡོད་དོ། །དེའི་འཕང་དུ་དཔག་ཚད་ཕྱེད་དང་གཉིས་(སམ་ཕྱེད་དང་གསུམ་)གྱེན་དུ་འཕགས་པ་གསེར་གྱི་རང་བཞིན་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེའི་ཀ་བ་དྲུག་ཁྲི་ཡོད་པ་གསེར་གྱི་ར་བ་འཕང་དུ་དཔག་ཚད་ཕྱེད་དང་གསུམ་པས་བསྐོར་བ་དང་། ར་བ་དེ་ལ་གསེར་དངུལ་བཻ་ཌཱུཪྱ་ཤེལ་བཞི་ལས་བྱས་པའི་རྩིག་སྐྱབས་དང་། གྱེན་དུ་འཕང་བ་དང་ཐུར་དུ་འཕང་པའི་མདའ་ཡབ་དང་། རིན་པོ་ཆེ་སྣ་བཞིའི་ཟམ་པ་བརྒྱུད་མ་བཞི་དང་། ནང་གི་ས་གཞི་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པ་མནན་ན་ནེམས་ཞེས་བྱེད་པ་བཏེག་ན་སྤར་ཞེས་བྱེད་པའི་མཉེན་པ་དང་ལྡན་པ་མེ་ཏོག་མན་ད་ར་བས་བུས་ནུབ་ཙམ་དུ་ཁེབས་ཤིང་དེ་དག་རླུང་གིས་རྙིང་པ་འདོར་ཞིང་གསར་པ་འགྲེམས་པར་བྱེད་པ་ཡོད་དེ།
གདགས་པ་ལས། ལྷ་རྣམས་བསོད་ནམས་དབང་གིས་མཐུ་སྟོབས་ཀྱིས། །ལྷའི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད། །མེ་ཏོག་གསར་བ་རྣམས་ནི་ལེགས་པར་འགྲེམ་ཞེས་འབྱུང་ངོ་། །གཞན་ཡང་ལྷའི་གྲོང་ཁྱེར་ལ་རིན་པོ་ཆེ་སྣ་བཞིའི་སྐར་མའི་གཟུགས་དང་ཟླ་བ་ཕྱེད་པ་དང་མེ་ལོང་ལ་སོགས་པས་བརྒྱན་ཅིང་འཕང་དུ་དཔག་ཚད་ཕྱེད་དང་གསུམ་ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པའི་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་ལ། སྒོ་རེ་རེ་ལའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྲུང་བའི་ཕྱིར་སྲུངས་མ་གོ་ཆ་བགོས་ཤིང་མཚོན་ཆ་ཐོགས་པའི་གནོད་སྦྱིན་གོས་སྔོན་པོ་ཅན་ལྔ་བརྒྱ་ལྔ་བརྒྱ་བཀོད་དེ་གནས་སོ། །དེའི་ལམ་སྲང་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཞེང་དུ་དཔག་ཚད་བཅུ་གཉིས་པ་གསེར་གྱི་བྱེ་མ་བདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཡོད་ལ། དེའི་གཡས་གཡོན་ན་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་ཞིང་མེ་ཏོག་དང་སྐད་སྙན་པ་འབྱིན་པའི་བྱ་སྣ་ཚོགས་དང་ལྡན་པའི་རྫིང་བུ་རིན་པོ་ཆེ་སྣ་བཞིའི་ཕ་གུ་བརྩིགས་ཤིང་ཐེམ་སྐས་དང་ལྡན་པ་དང་། རྫིང་བུའི་ཉེ་འཁོར་ན་སེམས་བསྐྱེད་མ་ཐག་ཏུ་གང་འདོད་པའི་མེ་ཏོག་དང་འབྲས་བུ་དང་གོས་དང་རྒྱན་དང་རོལ་མོ་དང་བདུད་རྩི་ཁ་དོག་བཞི་པ་སྦྲང་རྩི་དང་སྦྲང་ཆང་ལ་སོགས་པ་འབྱུང་བའི་ཤིང་སྣ་ཚོགས་སྐྱེས་ཤིང་ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་འབྱིན་པ་ཡོད་དོ། །
གཞན་ཡང་གྲོང་ཁྱེར་དེ་ལ་རིན་པོ་ཆེ་སྣ་བཞིའི་ཕ་གུས་བརྩིགས་ཤིང་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་བ་མེ་ཏོག་དང་ཆུ་བྱ་སྐད་སྙན་པ་འབྱིན་པ་སྣ་ཚོགས་དང་། གང་དུ་ལྷ་རྣམས་ཞུགས་ནས་ཆུ་ལ་རྩེ་བའི་གྲུ་སྣ་ཚོགས་དང་བཅས་པའི་འོབས་ཟབས་དང་ཁ་ཚོན་དུ་དཔག་ཚད་རེ་རེ་ཡོད་པ་རིམ་པ་བདུན་གྱིས་བསྐོར་བ་དང་། འོབས་དེའི་ཉེ་འཁོར་ནའང་དཔག་བསམ་གྱི་ཤིང་དང་ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་འབྱིན་པ་ཡོད་དོ། གཞན་ཡང་ཡང་ཐོག་དང་ཁང་པ་བརྩེགས་པ་དང་ཁང་བཟང་དང་བསིལ་ཁང་དང་ལྟད་མོ་ལྟ་བའི་ས་དང་ཟམ་པ་རྣམས་ལྷའི་བུ་མོའི་ཚོགས་ཀྱིས་མཛེས་ཤིང་ཡིད་དུ་འོང་བའི་འདོད་ཡོན་དང་ལྡན་པ་དག་ན་ལྷ་རྣམས་རྩེ་ཞིང་དགའ་བས་རང་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ་ཞེས་གདགས་པ་ལས་འབྱུང་ངོ་། །གྲོང་ཁྱེར་དེའི་དབུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡོད་དེ། དེའི་ངོས་རེ་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་ཅིང་མཐའ་སྟོང་གིས་འཁོར་བ་གྱེན་དུ་ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་ལྔ་འཕགས་པ་ཀ་བ་བཞི་བཅུ་དང་ལྡན་པ་ཡོད་དེ། དེ་ལ་བ་གམ་བརྒྱད་དང་བ་གམ་རེ་རེ་ལའང་ཁང་པ་བརྩེགས་པ་བདུན་བདུན། དེ་རེ་རེ་ལའང་གནས་ཁང་བདུན་བདུན། དེ་རེ་རེ་ལའང་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལའང་གཡོག་མོ་བདུན་བདུན། དེ་རེ་རེ་ལའང་སིལ་སྙན་བདུན་བདུན་ཡོད་པས་བརྒྱ་བྱིན་བསུ་སྐྱེལ་དང་མི་སྐྱོ་བར་བྱེད་པར་གདགས་པ་ལས་བཤད་ལ། སའི་དངོས་གཞི་ལས་ནི་བ་གམ་བརྒྱ་རྩ་གཅིག་དང་། བ་གམ་རེ་རེ་ལའང་ཁང་པ་བརྩེགས་པ་བདུན་བདུན། དེ་རེ་རེ་ལའང་ཁང་མིག་བདུན་བདུན། དེ་རེ་རེ་ལའང་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལའང་གཡོག་མོ་བདུན་བདུན་ཡོད་པར་བཤད་ཀྱི་གཉིས་ཀ་ལས་རྗིང་དང་པདྨ་ནི་མ་བཤད་དོ། །
ཁང་བཟང་རྣམ་པར་རྒྱལ་བའི་ནང་ན་སྔར་བཤད་པའི་ཁྱད་པར་དང་ལྡན་པའི་རྫིང་བུ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་མཐའ་ཉིས་བརྒྱས་འཁོར་བ་ཡོད་དོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་ཕྱི་རོལ་དཔག་ཚད་ཉི་ཤུ་ཉི་ཤུའི་ཤར་ན་ཤིང་རྟ་སྣ་ཚོགས་ཅན་དང་། ལྷོ་ན་ཙུབ་འགྱུར་དང་། ནུབ་ན་འདྲེས་པའི་ཚལ་དང་། བྱང་ན་དགའ་བའི་ཚལ་ཞེས་བྱ་བས་བརྒྱན་ཏེ། རེ་རེའང་ཆུ་ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་པ་མཐའ་སྟོང་གིས་འཁོར་བའི་གྲུ་བཞི་པ་གསེར་གྱི་ར་བ་འཕང་དུ་དཔག་ཚད་རེས་བསྐོར་བ། དེའི་རྩིག་སྐྱབས་དང་མདའ་ཡབ་དང་ནང་གི་ས་གཞི་ལ་སོགས་པ་སྔར་བཤད་པ་འདྲ་བར་ཡོད་དེ། དེ་དག་གི་དང་པོ་ན་རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་ཡོད་དོ། །གཉིས་པར་ནི་ལྷའི་བུ་དག་དེར་ཞུགས་པ་ན་ཤེས་པ་རྩུབ་པར་འགྱུར་རོ། །གསུམ་པར་ནི་ལྷའི་བུ་དང་བུ་མོ་དག་འདྲེས་ནས་སྤྱོད་ལམ་སྣ་ཚོགས་ལ་འཇུག་གོ། བཞི་པར་ནི་ལྷའི་བུ་དང་བུ་མོ་དག་འདོད་པའི་ཡོན་ཏན་ལ་དགའ་ཞིང་རྩེ་བར་བྱེད་དོ། །གཞན་ཡང་ཚལ་བཞི་པོ་དེ་དག་ན་རིམ་པ་ལྟར་སྔར་བཤད་པའི་ཁྱད་པར་དང་ལྡན་པའི་རྫིང་བུ་སྣ་ཚོགས་དང་། རྩུབ་འགྱུར་དང་འདྲེས་པ་དང་། དགའ་པ་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་མཐའ་ཉིས་བརྒྱས་འཁོར་བ་ཡོད་དོ། །ཚལ་དེ་དག་གི་ཕྱི་རོལ་གྱི་ཕྱོགས་བཞི་ན་དཔག་ཚད་ཉི་ཤུ་ཉི་ཤུས་བཅད་པ་ན་ཤར་ཕྱོགས་ན་ས་གཞི་བཟང་པོ་སྣ་ཚོགས་ཅན་དང་། ལྷོ་ན་རྩུབ་འགྱུར་དང་། ནུབ་ན་འདྲེས་པ་ཅན་དང་། བྱང་ན་དགའ་བ་ཞེས་བྱ་བ་ཚལ་གྱི་ཚད་དང་མཉམ་པ་ཕན་ཚུན་འགྲན་པ་ལྟ་བུ་བཞིའང་ཡོད་དེ། དེ་དག་ན་ལྷའི་དྲང་སྲོང་རྣམས་ཀྱང་རང་དགར་ཚངས་པར་སྤྱད་པ་སྤྱོད་པ་ཡོད་དོ། །ལྷའི་གྲོང་ཁྱེར་དང་སྐྱེད་མོས་ཚལ་དང་། སྐྱེད་མོས་ཚལ་ནས་ས་གཞིའི་བར་དག་ན་གྲོང་ཁྱེར་ནས་ཚལ་དང་། ཚལ་ནས་ས་གཞིར་འགྲོ་བའི་ལམ་སྔར་བཤད་པའི་ཁྱད་པར་དང་ལྡན་པ་ཆུར་དཔག་ཚད་ཉི་ཤུ་ཉི་ཤུ་ཞེང་དུ་དཔག་ཚད་ཕྱེད་དང་གཉིས་གཉིས་ཡོད་པ་དག་ན་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་ཁྱོགས་ཀྱི་བཞོན་པ་བཀོད་པ་དག་ཡོད་པ་ལ་ལྷ་རྣམས་ཞོན་ཏེ་ཚལ་དང་ས་གཞིར་འགྲོ་ཞིང་འདོད་ཡོན་གྱི་དགའ་བ་མྱོང་བར་བྱེད་དོ། །
གྲོང་ཁྱེར་བལྟ་ན་སྡུག་དེའི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ན་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་ཡོད་དེ། འདི་དང་ས་ལས་དཔག་ཚད་ལྔ་ཐུར་དུ་ཟུག་པར་བཤད་ལ། གདགས་པ་ལྟར་ན་རྩ་བ་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པ་སྟེང་དུ་དཔག་ཚད་བརྒྱ་འཕགས་པ་སྟེང་དུ་ཡལ་ག་དང་ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུ་ལྔ་བཅུར་ཁྱབ་པས་ཆུ་ཞེང་དུ་དཔག་ཚད་བརྒྱ་ལྔ་བཅུ་ལྔ་བཅུ་སྟེ་མཐའ་སྐོར་དུ་དཔག་ཚད་བཞི་བརྒྱ་ལྔ་བཅུ་ཡོད་པ་དེའི་མེ་ཏོག་དང་འདབ་མ་རྒྱས་པའི་དྲི་ཡིས་རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུར་ལྡང་བ་རྫི་ཕྱོགས་སུ་དཔག་ཚད་བརྒྱར་ལྡང་བ་(འོག་དཔག་ཚད་བརྒྱ་བཅུར་གསལ་བ།) ཞིག་ཡོད་དོ། །འོ་ན་ལུང་བར་མའི་ཡོངས་འདུའི་མདོ་ལས། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། རྩ་བའམ་རྒྱ་སྤོས་ཙན་དན་ཡང་མ་ཡིན། །མཁས་རྣམས་དྲི་ནི་རྫི་ཕྱོགས་མིན་འགྲོ་སྟེ། །སྐྱེས་བུ་དམ་པ་ཕྱོགས་རྣམས་ཀུན་ཏུ་འགྲོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཁ་ཅིག་ན་རེ་རྫི་ཕྱོགས་མ་ཡིན་པར་འགྲོ་བ་ནི་ཤིང་དེའི་ཡལ་ག་དང་ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུར་ཁྱབ་པས་དེ་ལས་མ་འདས་པའི་ཕྱིར་རོ་ཞེས་ཟེར་བ་ནི་མ་ཡིན་ཏེ། དེ་ནི་ཤིང་གཞན་ལའང་ཡོད་ན་དེ་ཁོ་ནའི་ངོ་མཚར་བའི་ཆོས་སུ་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་མདོའི་དགོངས་པ་ནི་མིའི་མེ་ཏོག་གི་དབང་དུ་བྱས་པ་ཡིན་ནོ་ཞེས་གསུངས་པ་འདོད་པར་བྱའོ། །(སའི་སྟོད་འགྲེལ་ལས་ཀྱང་གལ་ཏེ་རྫི་ཕྱོགས་མ་ཡིན་པར་དྲི་འགྲོ་བ་ནི་མི་རིགས་ཏེ། འདི་ན་མ་མཐོང་བའི་ཕྱིར་རོ་ཞེ་ན་དེ་ལྟ་ན་གཟུགས་མེད་པ་རྣམས་ཀྱང་མེད་པར་འགྱུར་རོ། །གཞན་ཡང་དེ་དང་འདིའི་འབྱོར་པའི་ཁྱད་པར་མི་འདྲ་བས་རྫི་ཕྱོགས་སུ་ཡང་དྲི་ལྡང་བ་མི་འགལ་ཏེ། ལས་ཀྱིས་ཁྱད་པར་གྱིས་མངོན་པར་གྲུབ་པའི་ཕྱིར་དཔེར་ན་འདི་ན་མ་བརྡུངས་པར་རྔ་ལས་སྒྲ་མི་འབྱུང་ཡང་དེ་ན་མ་བརྡུངས་པར་ཡང་སྒྲ་འབྱུང་བ་བཞིན་ནོ་ཞེས་བཤད་དོ། །)
ས་སྟོན་སྡེ་པ་ནི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་དྲིའི་ངད་ལྡང་ངོ་། །རླུང་མེད་ན་ནི་དཔག་ཚད་ལྔ་བཅུར་ལྡང་ངོ་ཞེས་འདོན་ཏོ། །དེ་ལྟ་བུའི་ཤིང་དེ་ནི་སུམ་ཅུ་རྩ་གསུམ་པའི་འདོད་པའི་ཡོན་ཏན་དག་སྟེར་བའི་དཔག་བསམ་གྱི་ཤིང་ཡིན་ནོ། །ཤིང་དེའི་དྲུང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་མཐའ་དཔག་ཚད་ཉིས་བརྒྱས་འཁོར་བའི་གྲུ་བཞི་པ་འཕང་དུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་བཅོ་བརྒྱད་ཆ་གཅིག་ཡོད་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་ཞིང་རེག་ན་འཇམ་པ་མེ་ཏོག་མན་ད་ར་བས་པུས་ནུབ་ཙམ་དུ་ཁེབས་པ་ཡོད་དེ། དེའི་དབུས་སུ་བརྒྱ་བྱིན་གྱི་སེང་གེའི་ཁྲི་དང་དེའི་དྲུང་ན་ཉེ་དབང་ལ་སོགས་པ་རྣམས་ཀྱི་སེང་གེའི་ཁྲི་བཤམས་པ་ལ་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་དབྱར་ཟླ་བ་བཞིར་ལྷའི་འདོད་ཡོན་ལ་རྩེ་ཞིང་རང་རང་གི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ་ཞེས་གདགས་པ་ལས་བཤད་དོ། །
གྲོང་ཁྱེར་གྱི་ཕྱི་རོལ་གྱི་ལྷོ་ནུབ་ཀྱི་མཚམས་(དཔག་ཚད་བཅུ་གཉིས་)ན་གང་དུ་ལྷ་རྣམས་འཁོར་ནས་བྱ་བ་དང་བྱ་བ་མ་ཡིན་པ་བགྲོ་བར་བྱེད་པ་ཆོས་བཟང་ལྷའི་མདུན་ས་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་སུམ་བརྒྱ་སུམ་བརྒྱ་མཐའ་སྐོར་དུ་དགུ་བརྒྱ་ཡོད་པ་ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་བཞིས་གྱེན་དུ་འཕགས་པ་མཛེས་ཤིང་བལྟ་ན་སྡུག་པ་ས་གཞི་དང་ཡ་ཐོག་དང་། བགབ་པ་དང་སྤྱི་བསྡུས་ཀྱི་གདུང་དང་ཡང་ཐོག་གི་རྩེ་བཞི་དང་ཕྱམ་རྟེན་དང་ཕྱམ་དགུ་པོ་ཐམས་ཅད་ཤེལ་ལས་བྱས་པས། སྤྲིན་དཀར་པོའི་ཕུང་པོ་ལྔར་དཀར་བ། རིན་པོ་ཆེ་སྣ་བཞིའི་ལན་ཀན་གྱིས་བསྐོར་བ་ཕྱམ་དགུ་པོ་རེ་རེའང་ཀ་བ་བཅུ་དྲུག་བཅུ་དྲུག་གིས་བརྟེན་པ། དབུས་ནི་བཻ་ཌཱུཪྱའི་ཀ་བ་ཟུར་བརྒྱད་པ་གསལ་ཞིང་འཕན་མེད་པ་སྤྱི་བསྡུས་ཀྱི་གདུང་ལ་སྐྲ་རྩེ་ཙམ་གྱིས་མ་རེག་པ་དེའི་དྲུང་ན་བརྒྱ་བྱིན་ཆོས་སྟོན་པའི་གསེར་གྱི་ཁྲི་བཤམས་པ་ཡོད་དོ། །དེའི་མཐར་ཉེ་དབང་གཞན་རྣམས་ཀྱི་གསེར་གྱི་ཁྲི་བཤམས་ཏེ་དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུས་ནས་ལྷ་དང་མི་རྣམས་ཀྱི་དོན་དང་ཆོས་སེམས་ཤིང་དཔྱོད་པ་དང་ཆོས་དང་ཆོས་མ་ཡིན་པའི་མདུན་མ་བགྲོ་བར་བྱེད་དོ། །
དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གནས་པ་ན་སུམ་ཅུ་རྩ་གསུམ་པའི་སྲུངས་མ་རྒྱལ་པོ་ཆེན་པོ་བཞིའི་གཡོག་ཞོ་ཤས་འཚོ་བ་རྣམས་དང་། རྒྱལ་ཆེན་བཞིའི་བུ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་གོ་རིམ་བཞིན་དུ་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་འཇིག་རྟེན་འདི་ཐམས་ཅད་མྱུལ་ཞིང་འཇིག་རྟེན་པ་རྣམས་ཆོས་དང་མཐུན་པ་དང་མི་མཐུན་པ་སྒྲོགས་པར་བྱེད་དོ། །དེའི་ཚེ་ཆོས་དང་མི་མཐུན་པ་ཐོས་ན་ལྷ་རྣམས་མི་དགའ་ཞིང་སྨོད་ལ། ཆོས་དང་མཐུན་པ་ཐོས་ན་དགའ་ཞིང་བསྔགས་པར་བརྗོད་དོ། །ལྷའི་གྲོང་ཁྱེར་ནས་མདུན་ས་ཆོས་བཟང་དུ་རྒྱུ་བའི་ལམ་སྲིད་དུ་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་གཉིས་ཡོད་པ་གསེར་གྱི་བྱེ་མ་བདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་གཡས་གཡོན་ན་མེ་ཏོག་དང་འབྲས་བུའི་ཤིང་སྣ་ཚོགས་སྐྱེས་ཤིང་ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་ཡོད་དེ། འདིའི་ལྟར་ན་མདུན་ས་ནི་གྲོང་ཁྱེར་ནས་དཔག་ཚད་བཅུ་གཉིས་ན་ཡོད་པར་མངོན་ནོ། །དེ་ལྟ་བུའི་མདུན་ས་དེ་ཡང་གདགས་པ་ལས། ཤར་ལྷོའི་མཚམས་ན་ཡོད་པར་བཤད་ལ། སའི་དངོས་གཞི་ལས་ནི་གྲོང་ཁྱེར་གྱི་བྱང་ཤར་གྱི་མཚམས་ན་མདུན་ས་དང་། ཤིང་ཡོངས་འདུས་བརྟོལ་ནི་གྲོང་གི་ནང་ན་ཡོད་པར་བཤད་དེ་ཕྱོགས་གང་ན་ཡོད་པ་ནི་མ་བཤད་དོ། །དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་ནི་མདུན་ས་དབྱིབས་གྲུ་བཞི་ལྷམ་པ་མཐའ་སྐོར་དུ་དཔག་ཚད་བརྒྱ་ཡོད་པར་གསུངས་སོ། །གཞན་ཡང་བརྒྱ་བྱིན་ལ་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟེན་དང་། སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེས་སྲུང་གི་བུ་གཉིས་ཀའང་མཐའ་དཔག་ཚད་བདུན་བདུན་གྱིས་འཁོར་བ་འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཀྱི་ཚད་དུ་ཡོད་པ་རེ་རེའང་གླང་གཡོག་བརྒྱད་སྟོང་དང་བཅས་པ་དང་། ཕལ་ཆེར་ནུབ་ཕྱོགས་ཀྱི་གླིང་ཕྲན་ཁམ་བུ་ཅན་ཞེས་བྱང་ན་གནས་པ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་རྟ་གཡོག་བརྒྱད་སྟོང་དང་བཅས་པ་ཡོད་དོ། །ལྷའི་རྔ་བོ་ཆེ་ཆོས་ཀྱིས་མཐོ་བ་ཞེས་བྱ་བ་ལས་འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་ན་ལྷའི་བུ་དག་ཅིའི་ཕྱིར་བག་མེད་པར་གནས་ཞེས་ལྷའི་བུ་དག་འདོད་པའི་ཡོན་ཏན་གྱིས་མྱོས་པ་ལས་སྐུལ་བར་བྱེད་པ་དང་། ཀྱེ་ལྷ་རྣམས་རྒྱལ་བར་འགྱུར། །ལྷ་མ་ཡིན་རྣམས་ཕམ་པར་འགྱུར་རོ། །ཞེས་ལྷ་མ་ཡིན་གྱི་དམག་གི་འཚེ་བ་ཉེ་བར་ཞི་བར་བྱེད་པའི་སྒྲ་འབྱུང་བ་ཡོད་དོ། །
ནམ་མཁའ་ལ་གནས་པ་བཤད་པ་ནི་སུམ་ཅུ་རྩ་གསུམ་དེའི་སྟེང་ན་ནི་འཐབ་བྲལ་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རྣམས་སྤྲིན་གྱི་ཕུང་པོ་ལྟར་གོང་ནས་གོང་དུ་བརྩེགས་ནས་གནས་པ་ལས་འདོད་པ་སྤྱོད་པ་ནི་རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དྲུག་ཡིན་ནོ། །དང་པོ་གཉིས་ན་ནི་ལྷ་མ་ཡིན་རྣམས་དང་འཐབ་པ་ཡོད་དེ། (བཤེས་སྤྲིང་ལས། ལྟ་མིན་ན་ཡང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཞིང་ཡིད་ཀྱིི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བསྒྲིབས་པས་བདེན་པ་མཐོང་བ་མེད། །ཅེས་འབྱུང་བས།) འདི་ལྟར་ལྷ་མ་ཡིན་དང་ལྷ་རྣམས་ལྷ་མ་ཡིན་གྱི་བུ་མོ་དང་ལྷའི་བདུད་རྩི་ལ་སེར་སྣ་དང་ཕྲག་དོག་གིས་བརྩོད་པའི་ཕྱིར་འཐབ་པ་ན་རེས་འགའ་ནི་ཐགས་བཟང་རིས་ལ་སོགས་པའི་ལྷ་མ་ཡིན་གྱི་རྒྱལ་པོ་བཞི་ག་འོང་ལ་རེས་འགའ་གོང་མ་དག་འོང་སྟེ། གསེར་དངུལ་བཻ་ཌཱུཪྱ་ཤེལ་བཞིའི་གོ་ཆ་སྲ་བ་རྣམས་གྱོན་ཞིང་རལ་གྲི་དང་མདུང་དང་འཕང་མདུང་དང་མདའ་གཞུ་ཐོགས་པའི་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་ཆུ་མཚམས་ནས་འཐོན་ཏེ། བརྒྱ་བྱིན་གྱིས་སྲུངས་མ་ལྔ་ལས་དང་པོ་དཀར་པོ་ལ་དགའ་བའི་ཀླུའི་རྒྱལ་པོ་རོལ་མཚོ་ན་གནས་པ་དང་གཡུལ་སྤྲོད་ཅིང་དེ་དག་གིས་ཐུབ་ན་ལྡོག་ལ་གལ་ཏེ་མ་ཐུབ་ན་སྲུངས་མ་གཉིས་པ་གཞོང་ཐོགས་པ་དང་། གསུམ་པ་ཕྲེང་ཐོགས་པ་དང་། བཞི་པ་རྟག་མྱོས་པ་དང་། ལྔ་པ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཏུ་རིམ་གྱིས་སོང་ཞིང་འོག་མ་འོག་མ་དང་བསྡོམས་ཤིང་འཐབ་པར་བྱེད་པ་ན་ཕལ་ཆེར་ནི་དེ་དག་གིས་བཟློག་པར་འགྱུར་རོ། །གལ་ཏེ་དེ་དག་གིས་མ་བཟློག་ན་རྒྱལ་ཆེན་བཞི་པོ་དག་སུམ་ཅུ་རྩ་གསུམ་གྱི་གནས་སུ་སོང་སྟེ། ཀྱེ་ལྷའི་དབང་པོ་མཁྱེན་པར་མཛོད་ཅིག། བདག་ཅག་སྲུངས་མ་ལྔ་པོ་དག་གིས་ལྷ་མ་ཡིན་གྱི་དམག་བཟློག་པར་མ་ནུས་སོ་(ཞིང་རི་རབ་ཀྱི་བང་རིམ་ལ་རྫེས་པ་མཁྱེན་པར་མཛོད་ཅིག)ཞེས་ཞུ་བར་བྱེད་དོ། །
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་བསྒོས་ཏེ་གཡུལ་སྤྲོད་པར་བྱེད་དོ། །(གླང་པོ་ཆེ་རབ་བརྟན་ལ་བསམས་པ་དང་། རབ་བརྟན་འཁོར་དང་བཅས་པ་འཛམ་བུའི་གླིང་ནས་འོངས་ན་མགོ་བོ་སོ་གཉིས་དང་མགོ་བོ་རེ་རེ་ལ་མཆེ་བ་དང་རྗིང་དང་པདྨ་དང་། ལྷའི་བུ་མོ་དང་གཡོག་མོ་དང་སིལ་སྙན་རྣམས་བདུན་བདུན་སྤྲུལ་ནས་འོངས་པ་ལ་དབང་པོ་དང་ཉེ་དབང་རྣམས་ཞོན་ནས་གྲོང་ཁྱེར་གྱི་སྒོ་ནས་རྩུབ་འགྱུར་གྱི་ཚལ་དུ་འགྲོའོ། །དེར་རྩེས་པས་ལུས་སེམས་རྩུབ་པར་གྱུར་ཏེ། གཡུལ་འགྱེད་པ་ལ་མོས་པས་དཔུང་གི་ཚོགས་བཞི་བཤམས་ཤིང་གོ་ཆ་དང་མཚོན་ཆ་བཞི་ཐོགས་ཏེ་རི་རབ་ཀྱི་ལྷོ་ཕྱོགས་སུ་འཐབ་བོ། །སུ་ཕམ་ཡང་ལན་གསུམ་འཐབ་ལ། གང་ཕམ་ཡང་རང་རང་གི་གྲོང་དུ་གྲོས་ནས་སྒོ་བཅད་པས་ཐུབ་ཀྱང་སྐྲག་པ་འབྱུང་ངོ་། །)དེའི་ཚེ་ལྷ་མ་ཡིན་རྣམས་རྒྱལ་ན་གྲོང་ཁྱེར་བལྟ་ན་སྡུག་གི་ནང་དུ་འདེད་པར་བྱེད་དོ། །(དེའི་ཚེ་མཚོན་ཆ་དང་རོའི་དུམ་བུ་རྒྱ་མཚོར་ལྷུང་བའི་ཐོ་ལ་སྲོག་ཆགས་ཤི་བའི་ཁྲག་གིས་མཚོའི་ཁ་དོག་འགྱུར་པ་དང་། སྐར་ཕྲེང་གི་མཚོ་ཀུན་སྣང་ལ་དམག་ཇི་ལྟར་འཐབ་པའི་གཟུགས་བརྙན་འཆར་བས་ལྷ་ཡིན་ཤི་བའི་ཉེ་དུ་རྣམས་དམག་མ་ལོག་གོང་དུ་མྱ་ངན་བྱེད་སོགས་དྲན་པ་ཉེར་གཞག་ལས་བཤད་དོ། །)ལྷ་རྣམས་རྒྱལ་ན་རོལ་མཚོ་དང་པོའི་བར་དུ་འདེད་པར་བྱེད་དོ། །(རྔ་ལས་ལྷ་རྣམས་ནི་རྒྱལ་བར་འགྱུར་རོ། །ལྷ་མིན་རྣམས་ནི་ཕམ་པར་འགྱུར་རོ། །དུད་འགྲོ་དག་བདའ་བར་བྱའོ། །བྲེད་པར་བྱའོ་ཞེས་པའི་སྒྲ་འབྱུང་བས་ལྷ་མིན་རང་གནས་སུ་ལྡོག་གོ།) དེ་དག་ཕན་ཚུན་མགོ་དང་རྐེད་པ་ཆད་ན་འཆི་བར་འགྱུར་ལ། ཡན་ལག་དང་ཉིད་ལག་ཆད་པ་ནི་སླར་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་འཐབ་མོ་དང་བྲལ་བའི་ཕྱིར་འཐབ་བྲལ་དང་། ལྷའི་བུ་དང་བུ་མོ་གཉིས་གཉིས་ལྷའི་བུ་མོ་རེ་རེའི་པང་དུ་རྫུས་ཏེ་སྐྱེ་བའི་ཕྱིར་མཚེ་མ་ཞེས་ཀྱང་བྱའོ། །ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་པ་བས་ཀྱང་ཁྱད་པར་དུ་འཕགས་སོ། །ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་ལྡན་པའི་ཕྱིར་དང་། རང་གི་སྤྲུལ་པའི་འདོད་པའི་ཡོན་ཏན་གྱིས་དགའ་བའི་ཕྱིར་དང་། གཞན་གྱིས་སྤྲུལ་པ་ལའང་དགའ་བའི་ཕྱིར་དགའ་ལྡན་ལ་སོགས་པ་རིམ་པ་བཞིན་དུ་བརྗོད་དོ། །གཟུགས་དང་གཟུགས་མེད་པའི་མིང་གི་དོན་ནི་བཤད་ཟིན་ཏོ། །
འདོད་པ་པ་དེ་དག་འདོད་པ་ལ་ཇི་ལྟར་སྤྱོད་ཅེ་ན། རྒྱལ་ཆེན་རིས་བཞི་པ་དང་སུམ་ཅུ་རྩ་གསུམ་པ་གཉིས་ནི་དབང་པོ་གཉིས་སྤྲད་པས་ལྷའི་བུ་དང་བུ་མོ་གཉིས་འཁྲིག་པ་སྤྱོད་དེ་འོན་ཀྱང་(དེ་དག་གི་ཟས་ལ་མི་གཙང་བའི་རྒྱུ་མཐུན་མེད་པས་)ས་བོན་འབྱུང་བ་ནི་མེད་དེ་རླུང་རྒྱུ་བས་གདུང་བ་དང་བྲལ་བར་གནས་སོ། །འཐབ་བྲལ་བ་ནི་འཁྱུད་པ་ཙམ་དང་། དགའ་ལྡན་པ་ལག་པ་བཅངས་པ་དང་། འཕྲུལ་དགའ་བརྒོད་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་འཁྲིག་པ་སྤྱོད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཇི་ཙམ་དུ་ཡུལ་ཤས་ཆེ་བ་དེ་ཙམ་དུ་འདོད་ཆགས་ཤས་ཆེ་བའི་ཕྱིར་ཐམས་ཅད་ཀྱང་གཉིས་ཀྱིས་གཉིས་སྤྲས་ནས་འཁྲིག་པ་སྤྱོད་པ་ཡིན་ཏེ། དབང་པོ་གཟུགས་ཅན་རྣམས་ནི་ཡུལ་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །གདགས་པ་ལས་བཤད་པ་ནི། དུས་ཀྱི་ཚད་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་ས་བོན་འབྱུང་བ་མེད་ན་ལྷའི་བུ་དང་བུ་མོ་ཞེས་ཇི་ལྟར་བརྗོད་ཅེ་ན། (རྒྱལ་ཆེན་རིགས་བཞིར་)བོང་ཚོད་བྱིས་པ་ལོ་ལྔ་ལོན་པ་ནས་(སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་རྣམས་སུ་རིམ་པ་ལྟར་ལོ་དྲུག་དང་བདུན་དང་བརྒྱད་དང་དགུ་དང་།) ལོ་བཅུ་ལོན་པ་ལྟ་བུའི་བར་གྱི་ལྷའི་བུ་དང་བུ་མོ་དག་རྒྱལ་ཆེན་རིས་བཞི་ལ་གྲོགས་པ་དེ་དག་དུ་ལྷ་དང་ལྷ་མོའི་བང་དུ་རྫུས་ཏེ་མྱུར་བར་སྐྱེ་སྟེ། དེའི་ཕྱིར་གང་ཞིག་གང་དག་གི་པང་དུ་སྐྱེས་པ་དེ་དེ་དག་གི་ལྷའི་བུ་དང་བུ་མོ་ཞེས་བརྗོད་དོ། །
དེ་ལ་རྒྱལ་ཆེན་རིས་བཞིར་ནི་ལོ་ལྔ་ལོན་པ་དང་། སུམ་ཅུ་རྩ་གསུམ་དུ་ལོ་དྲུག་དང་། འཐབ་བྲལ་དུ་ལོ་བདུན་དང་། དགའ་ལྡན་དུ་བརྒྱད་དང་། འཕྲུལ་དགར་དགུ་དང་། གཞན་འཕྲུལ་དབང་བྱེད་དུ་བཅུ་ལོན་པ་ལྟ་བུའོ། །གཟུགས་ཅན་གྱི་ལྷ་རྣམས་ནི་བོངས་ཚོད་ལུས་ཀུན་རྫོགས་པ་དང་། གོས་(ངོ་ཚ་ཁྲེལ་མེད་སྤངས་པས།) དང་བཅས་པ་ཉིད་དུ་སྐྱེའོ། །(འཆི་བ་ནའང་གོས་བཅས་སུ་འཆིའོ། །)གཟུགས་ཁམས་པའི་ལྷ་ཐམས་ཅད་ཀྱང་རྫུན་སྤངས་པའི་ཕྱིར་བདེན་པར་སྨྲ་བས་འཕགས་པའི་སྐད་དུ་སྨྲ་བ་ཡིན་ནོ། །སེམས་ཅན་གྱི་ཁྱད་པར་ལ་འདོད་པ་སྐྱེ་བ་ནི་མདོ་ལས། འདོད་པ་སྐྱེ་བ་གསུམ་བཤད་པའི་འདོད་པ་སྐྱེ་བ་གསུམ་པོ་ནི་འདོད་པའི་ལྷ་དང་མིར་བཅས་པ་རྣམས་ཡིན་ཏེ། དེ་ལ་འདོད་པའི་མི་རྣམས་དགའ་ལྡན་གྱི་བར་གྱི་ལྷའི་རིས་བཞི་ནི་འདོད་པ་ཉེ་བར་གནས་པ་དག་ལ་དབང་ཕྱུག་གིས་དབང་བྱེད་པའི་འདོད་པ་སྐྱེ་བ་ཡིན་ནོ། །(དེ་ཡང་རང་གི་རྣམ་སྨིན་ལས་ཇི་ལྟར་བྱུང་བ་ལོངས་སྤྱོད་པས་སོ། །)འཕྲུལ་དགའ་བ་ནི་རང་གི་སྤྲུལ་པ་ལ་དབང་བྱེད་པའི་འདོད་པ་སྐྱེ་བ་ཡིན་ནོ། །(དེ་ཡང་ཇི་ལྟར་འདོད་པ་བཞིན་བདག་ཉིད་ཀྱིས་སྤྲུལ་པ་ལ་ལོངས་སྤྱོད་པས་སོ། །)གཞན་འཕྲུལ་དབང་བྱེད་པ་ནི་གཞན་གྱི་སྤྲུལ་པ་ལ་དབང་བྱེད་པའི་འདོད་པ་སྐྱེ་བ་ཡིན་ནོ། །(དེ་ཡང་ཇི་ལྟར་འདོད་པ་བཞིན་རང་གཞན་གཉིས་ཀས་སྤྲུལ་པ་ལ་དབང་བྱེད་པས་སོ། །(བདེ་བ་སྐྱེ་བ་ནི། མདོ་ལས། (གསུངས་པའི།) དབེན་པ་ལས་སྐྱེས་པའི་བདེ་བ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། དགའ་བ་མེད་པའི་བདེ་བ་སྐྱེ་བ་གསུམ་བཤད་པའི་བདེ་བ་སྐྱེ་བ་གསུམ་པོ་ནི་བསམ་གཏན་དང་པོ་གསུམ་རེ་རེ་ལས་གསུམ་གསུམ་ཡོད་པས་ས་དགུར་བཤད་པ་རྣམས་ཡིན་ཏེ། དེ་ལ་བསམ་གཏན་དང་པོའི་གསུམ་ནི་འདོད་པ་ལས་དབེན་པ་ལས་སྐྱེས་པའི་བདེ་བ་དང་། གཉིས་པའི་གསུམ་ནི་(རྟོག་དཔྱོད་སྤངས་པའི་)ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། གསུམ་པའི་གསུམ་ནི་དགའ་བ་མེད་པའི་བདེ་བ་ཡིན་(པའི་ཕྱིར་རོ་འདོད་པའི་མི་ནི་དེ་ལྟ་མ་ཡིན་ནོ། །)གལ་ཏེ་དེ་ལྟ་ན་དང་པོའི་བསམ་གཏན་ཁྱད་པར་ཅན་སྐྱེས་པ་དེ་བདེ་བ་སྐྱེ་བ་མ་ཡིན་པར་འགྱུར་ཏེ། བཏང་སྙོམས་ཀྱི་ས་པ་ཡིན་པས་དགའ་བ་དེ་མེད་པའི་ཕྱིར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདི་ནི་ཕལ་ཆེ་བ་བསྟན་པ་ཡིན་ཏེ། དཔེར་ན་མདོ་(རབ་ཏུ་བྱེད་པ་)ལས། མངོན་པར་ཤེས་པ་གང་ཞེ་ན། ཤེས་རབ་དགེ་(ཡིན་ནོ། །)བའོ་ཞེས་འབྱུང་བ་བཞིན་ནོ་ཞེས་ཟེར་རོ། །གལ་ཏེ་འདི་ནས་རྒྱལ་ཆེན་རིས་བཞི་ལ་སོགས་པ་གོང་མ་རྣམས་བརྩེགས་ཏེ་གནས་ན་(གང་དག་ལྷའི་གནས་ཉི་ཤུ་རྩ་གཉིས་བཤད་པ་)དེ་དག་གི་བར་ཐག་གི་ཚད་ཇི་ཙམ་ཞེ་ན། རང་རང་གི་གནས་ནས་གནས་འོག་མའི་གནས་ཀྱི་བར་ཐག་ཇི་སྲིད་པ་དེ་རང་གི་གནས་དེ་ནས་དེའི་གོང་མའི་གནས་སུའང་དེ་སྲིད་དེ། འདི་ལྟར་གནས་རྒྱལ་ཆེན་རིས་བཞི(འི་རྩ་བའི་གནས་བང་རིམ་བཞི་པ་)ནས་འོག་འཛམ་བུའི་གླིང་དུ་དཔག་ཚད་བཞི་ཁྲི་ཡིིན་པ་དེ་བཞིན་དུ་སུམ་ཅུ་རྩ་གསུམ་དུའང་དེ་སྲིད་(དེ་བཞི་ཁྲི་)ཡིན་ནོ། །གནས་སུམ་ཅུ་རྩ་གསུམ་ནས་གནས་འོག་འཛམ་བུའི་གླིང་དུ་བརྒྱད་ཁྲི་ཡིན་པ་དེ་བཞིན་དུ་འཐབ་བྲལ་དུའང་བརྒྱད་ཁྲི་ཡིན་པ་ལ་སོགས་པའོ། །ས་ལས་ནི་ཤིན་དུ་མཐོང་མན་ཆད་དཔག་ཚད་བཞི་ཁྲི་བཞི་ཁྲི་དང་དེ་ནས་འོག་མིན་ལ་དཔག་ཚད་འབུམ་དྲུག་ཁྲི་ཡོད་པར་བཤད་དོ། །
དེ་དག་ཏུ་བགྲོད་པར་བྱེད་པ་ཇི་ལྟར་ཞེ་ན། རྫུ་འཕྲུལ་དང་ལྡན་པའམ་རྫུ་འཕྲུལ་དང་ལྡན་པ་གཞན་ལ་བརྟེན་པ་མ་གཏོགས་པ་ཁམས་དང་ས་འོག་མ་པ་དེ་དག་གིས་གོང་མར་བགྲོད་པ་དང་གོང་མ་པ་དག་མཐོང་བའང་མེད་དོ། །དེའི་ཕྱིར་གང་དག་(འོག་མ་བས་གོང་མ་)མཐོང་བ་དེ་དག་ནི་སྤྲུལ་པའི་གཟུགས་ཡིན་གྱི་དམན་པའི་ཡུལ་མཆོག་མ་ཡིན་པས་འོག་མས་གོང་མའི་གཟུགས་མཐོང་བ་མ་ཡིན་ནོ། །འོ་ན་གོང་མ་དེ་དག་གི་གནས་ཀྱི་རྒྱའི་ཚད་ཇི་ཙམ་ཞེ་ན། འཐབ་བྲལ་ལ་སོགས་པ་བཞི་ནི་སུམ་ཅུ་རྩ་གསུམ་དང་ཚད་མཉམ་མོ། །ཁ་ཅིག་ན་རེ་ཉིས་འགྱུར་གྱིས་གོང་མ་གོང་མ་ཆེ་བ་ཡིན་ནོ་ཞེས་ཟེར་རོ། །
བསམ་གཏན་བཞིའི་ཚད་ནི་རིམ་པ་ལྟར་གླིང་བཞི་དང་སྟོང་ཆུང་ངུ་དང་སྟོང་གཉིས་བར་མ་དང་སྟོང་གསུམ་དང་མཉམ་མོ། །ཁ་ཅིག་ན་རེ་བསམ་གཏན་དང་པོ་ལ་སོགས་པ་གསུམ་ནི་སྟོང་ཆུང་ངུ་ལ་སོགས་པ་གསུམ་དང་མཉམ་ལ་བཞི་པ་ལ་(འོག་གཞི་གཅིག་ཏུ་འབྲེལ་བ་མེད་པས།) ཚད་མེད་དོ་ཞེས་ཟེར་རོ། །སྟོང་གསུམ་བཤད་པ་ནི་གླིང་བཞི་པ་དང་ཉི་མ་དང་ཟླ་བ་དང་དབུས་ཀྱི་རི་རབ་དང་གསེར་གྱི་རི་རྣམས་དང་མཚོ་རྣམས་དང་ཁོར་ཡུག་གི་ལྕགས་རིའི་བར་དང་འདོད་པའི་ལྷ་དྲུག་དང་ཚངས་པའི་འཇིག་རྟེན་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ཡིན་པར་འདོད་ལ། སྟོང་སྤྱི་ཕུད་དེ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་དེ་ལ་ནི་གླིང་བཞི་ནས་ཚངས་པའི་འཇིག་རྟེན་གྱི་བར་ས་ཡ་ཕྲག་གཅིག་ཡོད་དོ། །སྟོང་གཉིས་པ་དེ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། དེ་ལ་ནི་གླིང་བཞི་ནས་ཚངས་པའི་འཇིག་རྟེན་གྱི་བར་བྱེ་བ་ཕྲག་བརྒྱ་ཡོད་དོ། །སྟོང་ཆུང་ངུ་ལ་སོགས་པ་གསུམ་ཡང་ཁོར་ཡུག་གི་ལྕགས་རི་རེ་རེས་བསྐོར་ཏེ་གནས་སོ། །(དེ་ཅིའི་ཕྱིར་སྟོང་གསུམ་ཞེས་བྱ་ཞེ་ན།) དེ་ལྟ་བུའི་སྟོང་གསུམ་དེ་ནི་མཐར་མཉམ་དུ་འཇིག་ཅིང་དང་པོ་མཉམ་དུ་འབྱུང་བ་སྟེ་ཆགས་པ་ཡིན་ནོ། །དེས་ན་བསམ་གཏན་གཉིས་པ་ཡན་ཆད་ནི་སྟོང་གསུམ་དུ་མ་འདུས་ཏེ། ཚངས་པའི་འཇིག་རྟེན་མན་ཆད་ཁོ་ན་ལ་དེར་བཤད་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཀྱང་། ཚངས་པའི་འཇིག་རྟེན་སྟོང་ལ་ནི་ཞེས་སྨོས་པས་བསམ་གཏན་གཉིས་པ་ལ་སོགས་པ་རྣམས་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་མ་ཡིན་ནོ་ཞེས་བཤད་དོ། །རྒྱ་ཆེར་རོལ་པའི་མདོ་ལས་ནི། གླིང་བཞི་བྱེ་བ་ཕྲག་བརྒྱ་ནས་འོག་མིན་གྱི་བར་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཅེས་བྱ་སྟེ་ཡངས་ཤིང་རྒྱ་ཆེ་བའོ་ཞེས་འོག་མིན་མན་ཆད་སྟོང་གསུམ་དུ་གསུངས་སོ། །
ལུས་ཀྱི་ཚད་བསྟན་པ་ལ་ངན་སོང་གསུམ་གྱི་ལུས་ཚད་ནི་མ་ངེས་པའི་ཕྱིར་འདིར་མ་བསྟན་ཏོ། །(སའི་དངོས་གཞི་ལས་ཀྱང་། སེམས་ཅན་དམྱལ་བ་ཆེན་པོ་དག་གི་ཚད་ནི་ངེས་པ་མེད་དེ། གང་གིས་སྡིག་པ་མི་དགེ་བའི་ལས་ཤིན་ཏུ་དྲག་པོ་བྱས་ཤིང་བསགས་པ་དེའི་ལུས་ནི་ཆེས་ཆེ་བར་འགྲུབ་པར་འགྱུར་ལ། གཞན་དག་གི་ནི་གཞན་དུ་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དག་གི་ཇི་ལྟ་བ་བཞིན་དུ་གྲང་བའི་སེམས་ཅན་དམྱལ་བ་རྣམས་དང་། ཉེ་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང་། ཉེ་འཁོར་བའི་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དྭགས་རྣམས་ཀྱང་དེ་དང་འདྲའོ། །ཞེས་མི་དགེ་བ་ཆེ་ཆུང་གིས་ལུས་ཆེ་ཆུང་དུ་འགྱུར་བར་བཤད་དོ། །)མི་རྣམས་ལས་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལུས་ཚད་ནི་ཆེ་བ་རྣམས་ཁྲུ་བཞི་པ་དང་ཆུང་བ་རྣམས་ཕྱེད་དང་བཞི་པ་ཡིན་ནོ། །ཁྲུ་ནི་ཐམས་ཅད་དུ་འོག་ནས་འཆད་པའི་ཕྲ་རབ་རྡུལ་ལ་སོགས་པ་བསགས་པའི་ཚད་དང་ལྡན་པ་ཡིན་གྱི་རང་རང་གི་ཁྲུ་ནི་མ་ཡིན་ནོ། །(སའི་དངོས་གཞི་ལས་ནི། འཛམ་བུའི་གླིང་གི་མི་རྣམས་ནི་ལུས་ཀྱི་ཚད་ནི་ངེས་པ་མེད་དེ། རེས་འགའ་ནི་ཆེན་པོར་འགྱུར་རོ། །རེས་འགའ་ནི་ཆུང་ངུར་འགྱུར་ཏེ། དེ་ཡང་རང་རང་གི་ཁྲུ་ཚད་ཕྱེད་དང་བཞིའོ་ཞེས་བཤད་དོ། །)ཤར་ལུས་འཕགས་པ་དང་ནུབ་བ་ལང་སྤྱོད་པ་དང་བྱང་སྒྲ་མི་སྙན་པ་ཞེས་བྱ་བ་རྣམས་ནི་རིམ་པ་ལྟར་སྔ་མ་སྔ་མ་ཉིས་འགྱུར་གྱིས་བསྐྱེད་པ་ཁྲུ་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་པ་ཡིན་ནོ། །དེ་དག་ཀྱང་འཛམ་བུའི་གླིང་པའི་ཁྲུའི་དབང་དུ་བྱས་ཀྱི་(སའི་དངོས་གཞི་ལས་ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་ཡིན་ཏེ། དེ་དག་ཀྱང་རང་གི་ཁྲུ་ཚད་ཕྱེད་དང་བཞི་པ་སྟེ་ལུས་ཤིན་ཏུ་ཆེ་བའོ། །ཤར་གྱི་ལུས་འཕགས་པ་ཇི་ལྟ་བ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ཀྱང་ལུས་ཤིན་ཏུ་ཆེའོ། །ཞེས་འབྱུང་བས་)རང་རང་གི་ནི་ཁྲུ་བཞི་པ(འམ་ཕྱེད་དང་བཞི་)ཁོ་ན་ཡིན་ནོ་ཞེས་གསུང་ངོ་། །གླིང་ཕྲན་རྣམས་ཀྱི་མི་རྣམས་ནི་གཙོ་བོའི་གླིང་གི་མིའི་ལུས་ཀྱི་ཕྱེད་ཕྱེད་དང་ལྡན་ནོ་ཞེས་གྲག་གོ།
སློབ་དཔོན་གང་སྤེལ་གྱིས་ཀྱང་བར་གྱི་གླིང་བརྒྱད་པོ་དེ་དག་ཐམས་ཅད་ནི་ལས་ངན་པའི་དབང་གིས་གྲུབ་པ་ཞིག་སྟེ། དེའི་ཕྱིར་དེ་ན་གནས་པའི་མི་རྣམས་ནི་ལུས་ཆུང་བ་ཡིན་ནོ་ཞེས་བཤད་དོ། །འདོད་པ་དང་ལྡན་པའི་ལྷ་དྲུག་པོའི་ལུས་ཚད་ནི་རྒྱལ་ཆེན་རིས་བཞི་པ་རྒྱང་གྲགས་བཞི་ཆ་གཅིག་ཡིན་པ་ནས་སུམ་ཅུ་རྩ་གསུམ་པ་རྒྱང་གྲགས་ཕྱེད་དང་། འཐབ་བྲལ་བ་བཞི་གསུམ་དང་། དགའ་ལྡན་པ་གཅིག་དང་། འཕྲུལ་དགའ་བ་གཅིག་དང་བཞི་ཆ་དང་། གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་དག་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་པར་བྱའོ། །(སའི་དངོས་གཞི་ལས་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་པས་ལྷག་གོ། ལྷའི་དབང་པོ་བརྒྱ་བྱིན་གྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །འཐབ་བྲལ་པ་རྣམས་ཀྱང་རྒྱང་གྲགས་ཕྱེད་དོ། །དེ་ཡན་ཆད་ནི་བཞི་ཆ་རེ་རེ་ལྷག་པར་བལྟ་བར་བྱའོ་ཞེས་པ་དང། ལྷ་མ་ཡིན་རྣམས་ཀྱི་ལུས་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཚད་བཞིན་དུ་རྣམ་པར་བཞག་པར་རིག་པར་བྱའོ་ཞེས་བཤད་དོ། །)ལྷ་མ་ཡིན་རྣམས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལུས་ཚད་མཉམ་པར་ས་ལས་བཤད་དོ། །གཟུགས་ཅན་གྱི་ལྷ་རྣམས་ཀྱི་དང་པོ་ཚངས་རིས་པའི་ལུས་ཀྱི་ཚད་ནི་དཔག་ཚད་ཕྱེད་པ་ཡིན་ནོ། །ཚངས་རིས་པ་དེའི་གོང་མ་ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་པ་དང་། འོད་ཆུང་བ་རྣམས་ཀྱི་ལུས་ནི་རིམ་པ་ལྟར་དཔག་ཚད་ཕྱེད་ཕྱེད་ཀྱིས་བསྐྱེད་པ་དཔག་ཚད་གཅིག་དང་། ཕྱེད་དང་གཉིས་དང་གཉིས་ཡིན་ནོ། །འོད་ཆུང་བ་རྣམས་ཀྱི་ལྟག་ཚད་མེད་འོད་ཡན་ཆད་ནི་ལུས་ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་སྟེ། འོན་ཀྱང་སྤྲིན་མེད་པ་ཉིས་འགྱུར་གྱིས་བསྐྱེད་པ་ལས་དཔག་ཚད་གསུམ་དོར་རོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ། འདི་ལྟར་ཚད་མེད་འོད་པ་དཔག་ཚད་བཞི་དང་། འོད་གསལ་བ་བརྒྱད་དང་། དགེ་ཆུང་བ་བཅུ་དྲུག་དང་། ཚད་མེད་དགེ་བ་སུམ་ཅུ་རྩ་གཉིས་དང་། དགེ་རྒྱས་པ་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པ་དཔག་ཚད་བརྒྱ་ཉི་ཤུ་རྩ་བརྒྱད་ལ་གསུམ་དོར་བའི་བརྒྱ་ཉི་ཤུ་རྩ་ལྔ་དང་། བསོད་ནམས་སྐྱེད་པ་ཕྱེད་དང་སུམ་བརྒྱ་དང་། འབྲས་བུ་ཆེ་བ་ལྔ་བརྒྱ་དང་། མི་ཆེ་བ་སྟོང་དང་། མི་གདུང་བ་ཉིས་སྟོང་དང་། གྱ་ནོམ་སྣང་བ་བཞི་སྟོང་དང་། ཤིན་ཏུ་མཐོང་བ་བརྒྱད་སྟོང་དང་། འོག་མིན་པ་ཁྲི་དྲུག་སྟོང་ངོ་། །གཟུགས་མེད་པ་ནི་ལུས་ཅན་མ་ཡིན་པའི་ཕྱིར་ལུས་ཀྱི་ཚད་མེད་ལ། དེ་ན་སྤྲུལ་པའི་གཟུགས་ཡོད་པར་འདོད་པ་ལྟར་ནའང་ཚད་ངེས་པ་མེད་ཕྱིར་རོ། །ཚེའི་ཚད་བསྟན་པ་ནི་བྱང་གི་སྒྲ་མི་སྙན་ན་ནི་ཚེ་ལོ་སྟོང་ཐུབ་སྟེ། ནུབ་དང་ཤར་གྱི་གླིང་གཉིས་ན་ནི་རིམ་པ་བཞིན་སྔ་མ་སྔ་མའི་ཕྱེད་ཕྱེད་སྤངས་པས་ལྔ་བརྒྱ་དང་ཕྱེད་དང་སུམ་བརྒྱའོ། །
འཛམ་བུའི་གླིང་འདི་ན་ཚེའི་ཚད་མ་ངེས་ཏེ། ཐ་མ་ཐུང་ངུར་གྱུར་པ་ན་ནི་ཚེའི་ཚད་ལོ་བཅུ་པ་དང་དང་པོ་ནི་ཚེ་དཔག་ཏུ་མེད་པ་དང་དེ་དག་གི་བར་དུའང་འཕེལ་འགྲིབ་དུ་མ་ཡོད་པའི་ཕྱིར་རོ། །འདོད་པའི་ལྷ་རྣམས་ཀྱི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་འདོད་པ་དག་གི་ལྷ་རྣམས་ལས་ཐམས་ཅད་ཀྱི་འོག་མ་རྒྱལ་ཆེན་རིས་བཞི་པའི་ལྷ་དག་གི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་པ་དེས་ན་ཚེའི་ཚད་རང་གི་ལོ་ལྔ་བརྒྱའོ། །རྒྱལ་ཆེན་རིས་བཞིའི་གོང་མ་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་ནི་ཞག་དང་ལོ་གཉིས་ཀ་ཉིས་འགྱུར་རོ་སྟེ། (སྔ་མའི་བཞི་འགྱུར་ཕྱི་མའི་ཚེ་ཚད་ཡིན་པས།) འདི་ལྟར་སུམ་ཅུ་རྩ་གསུམ་པ་རྣམས་ནི་མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་པ་ནས་གཞན་འཕྲུལ་དབང་བྱེད་པས་མིའི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའི་བར་དུའོ། །(དེ་དག་ལ་མིའི་ལོ་ནི་རིམ་པ་ལྟར་དང་པོ་ལ་ས་ཡ་ཕྲག་དགུ་དང་། གཉིས་པ་ལ་ས་ཡ་ཕྲག་སུམ་ཅུ་རྩ་དྲུག་དང་། གསུམ་པ་ལ་དུང་འཕྱུར་དང་བྱེ་བ་བཞི་དང་། ས་ཡ་བཞི་དང་། བཞི་པ་ལ་དུང་འཕྲུར་ལྔ་དང་བྱེ་བ་བདུན་དང་། ས་ཡ་དྲུག་དང་། ལྔ་པ་ལ་ཐེར་འབུམ་གཉིས་དང་། དུང་འཕྱུར་གསུམ་དང་ས་ཡ་བཞི་དང་། དྲུག་པ་ལ་ཐེར་འབུམ་དགུ་དུང་འཕྱུར་གཉིས་བྱེ་བ་གཅིག་ས་ཡ་དྲུག་ཡོད་དོ། །)
གལ་ཏེ་སུམ་ཅུ་རྩ་གསུམ་ཡན་ཆད་ན་ཉི་ཟླ་མེད་པས་ཉིན་མཚན་མེད་པའི་ཕྱིར་ཞག་ལ་སོགས་པ་རྣམ་པར་བཞག་པ་དང་སྣང་བའི་བྱ་བ་ཡོད་པར་མི་འགྱུར་རོ་ཞེ་ན། ཉི་ཟླ་མེད་ཀྱང་ཉིན་མཚན་ཡོད་དེ། དུས་ཀྱི་དབང་གིས་མེ་ཏོག་ཁ་ཟུམ་པ་དང་བྱ་སྐད་མི་འབྱིན་པ་དང་གཉིད་བྲོ་བ་ན་མཚན་མོ་དང་། མེ་ཏོག་ཁ་བྱེ་བ་དང་། བྱ་སྐད་འབྱིན་པ་དང་གཉིད་སངས་པ་ནི་ཉིན་མོ་ཡིན་པའི་ཕྱིར་རོ། །སྣང་བའི་བྱ་བ་ནི་རང་གི་ལུས་ལ་འོད་ཡོད་པས་བྱེད་དོ། །ལྷ་མ་ཡིན་གྱི་ཚེ་ཚད་ནི་ས(འི་དངོས་གཞི་)ལས་སུམ་ཅུ་རྩ་གསུམ་པ་རྣམས་དང་འདྲའོ་ཞེས་བཤད་ལ། དྲན་པ་ཉེར་གཞག་ལས་ནི་མི་ལོ་ལྔ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་སྟོང་སྒྲ་གཅན་གྱིས་ཐུབ་ཅིང་། མི་ལོ་དྲུག་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་དྲུག་སྟོང་མགུལ་ཕྲེང་དང་རྟེན་པས་ཐུབ་ལ། མི་ལོ་བདུན་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་བདུན་སྟོང་མེ་ཏོག་ཕྲེང་གིས་ཐུབ་པར་གསུངས་ཤིང་། ཐགས་བཟང་རིས་ཀྱི་ཚེ་ཚད་ནི་མ་གསུངས་སོ། །གཟུགས་ཅན་རྣམས་ལ་ནི་ཉིན་མཚན་མེད་དོ། །ཉིན་མཚན་གྱི་རྣམ་པར་འཇོག་བྱེད་མེད་པའི་ཕྱིར་རོ། །གཟུགས་ཅན་དེ་དག་གི་ཚེ་ཚད་ནི་རང་གི་ལུས་ཀྱི་ཚད་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱི་ཚད་ཀྱི་བསྐལ་པ་ཡིས་འཇལ་པ་ཡིན་ཏེ། འདི་ལྟར་གཟུགས་ཅན་དང་པོ་སྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ་ཞེས་འདོན་པ་བསྒྱུར་རོ། །རྒྱལ་བའི་ཡུམ་ལ་སོགས་པ་མདོ་ཁ་ཅིག་ལས་ནི་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་གོ་རིམ་བསྣོར་ནས་གྱ་ནོམ་སྣང་གི་རྗེས་ལ་འོག་མིན་བཤད་ཅིང་། སློབ་དཔོན་ཞི་གནས་ལྷས་མདོ་དྲངས་པ་ལས་ཀྱང་། ཤིན་དུ་མཐོང་དང་གྱ་ནོམ་སྣང་བའི་ཚེ་ཚད་རིམ་པ་ལྟར་བསྐལ་པ་བཞི་སྟོང་དང་། བརྒྱད་སྟོང་དུ་བཤད་དོ། །གཟུགས་མེད་པ་རྣམས་ནི་བསྐལ་པ་སྟོང་ཕྲག་ཉི་ཤུ་ཉི་ཤུ་ལྷག་པ་ཡིན་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་(ལ་སོགས་པ་བཞི་རིམ་པ་ལྟར།) བསྐལ་པ་སྟོང་ཕྲག་ཉི་ཤུ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བཞི་བཅུ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དྲུག་ཅུ་དང་། སྲིད་པའི་རྩེ་མོ་པས་བརྒྱད་ཅུ་ཐུབ་པོ་ཞེས་བྱ་བའི་དོན་ཏོ། །
འོ་ན་དེ་དག་ཐམས་ཅད་བར་བསྐལ་ལམ་བསྐལ་ཆེན་ཡིན་ཞེ་ན། །འོད་ཆུང་ནས་གཟུང་ནས་བསྐལ་པ་ཆེན་པོ་ཡིན་ཏེ། འོད་ཆུང་དེའི་འོག་མ་ཚངས་ཆེན་མན་ཆད་ནི་བསྐལ་པ་ཆེན་པའི་ཕྱེད་བར་བསྐལ་བཞི་བཅུ་ལ་བསྐལ་པར་བཏགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚངས་ཆེན་པ་མ་ཤི་བར་སྣོད་འཇིག་པའི་མེ་འབར་བར་འགྱུར་བ་དང་། །སྟོངས་ནས་ཀྱང་ཡོད་པར་འགྱུར་བའི་ཕྱིར་རོ། །དེས་ན་ཚངས་རིས་པ་བར་བསྐལ་ཉི་ཤུ་དང་ཚངས་པ་མདུན་ན་འདོན་པ་བར་བསྐལ་བཞི་བཅུ་དང་ཚངས་ཆེན་པ་བར་བསྐལ་དྲུག་ཅུར་བར་བསྐལ་གཉིས་ཀྱིས་ཆད་པ་ཡོད་དེ། སྣོད་འཇིག་འཆགས་ལ་བར་བསྐལ་རེ་རེ་ཡོད་ལ་སྣོད་འཆགས་པ་མ་རྫོགས་པའི་ཚེ་ཚངས་པ་མ་སྐྱེས་ཤིང་སྣོད་འཇིག་པའི་གོང་དུ་ཚངས་པ་ཤི་བའི་ཕྱིར་རོ། །འོན་ཀྱང་བསྐལ་པ་བཞི་གསུམ་ཐུབ་པར་བཤད་པ་ནི་དེ་དང་ཉེ་བའི་ཕྱིར་རོ། །དེས་ན་ཚངས་ཆེན་དང་འོད་ཆུང་གི་ཚེ་ཚད་ཀྱི་བར་ན་བར་བསྐལ་བརྒྱ་ཡོད་དོ། །སའི་དངོས་གཞི་ལས་ནི་བར་བསྐལ་ཉི་ཤུ་དང་བཞི་བཅུ་དང་དྲུག་ཅུ་ལ་བསྐལ་པའི་(རེ་རེ་)ཐ་སྙད་དུ་མཛད་ནས་ཚངས་རིས་པ་ལ་སོགས་པ་གསུམ་གྱི་ཚེ་ཚད་བསྐལ་པ་རེ་རེར་བཤད་དོ། །ངན་སོང་གི་ཚེའི་ཚད་ལ་ཡང་སོས་ལ་སོགས་པ་ཚ་བའི་དམྱལ་བ་དྲུག་གི་ཚེ་ཚད་ནི་རིམ་པ་བཞིན་དུ་འདོད་པའི་ལྷ་རྒྱལ་ཆེན་རིས་བཞི་ལ་སོགས་པ་དྲུག་པོའི་ཚེའི་ཚད་ཇི་ཙམ་བཤད་པ་དང་ཡང་སོས་ལ་སོགས་པ་དྲུག་གི་ཉིན་ཞག་མཉམ་པར་ཤེས་པར་བྱ་སྟེ། (དང་པོ་དྲུག་སྔ་མའི་བརྒྱད་འགྱུར་ཕྱི་མའི་ཚེ་ཚད་ཡིན་པས།) འདི་ལྟར་རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་པའི་(ཉིན་)ཞག་(གཅིག་)ཏུ་བརྩི་བ་ལ་སོགས་པའོ། །དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་དང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་པ་དེས་ན་ཡང་སོས་ལ་སོགས་པ་དེ་དག་རྣམས་ཀྱི་ཚེ་ཚད་ནི་རང་གི་ལོ་ལྔ་བརྒྱ་དང་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་ཐུབ་པར་འདོད་པའི་ལྷ་དྲུག་པོ་རྣམས་དང་ལོའི་གྲངས་འདྲ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །(འདིར་ཡང་ཡང་སོས་ཀྱི་ཉིན་ཞག་གཅིག་ལ་མི་ལོ་ས་ཡ་ཕྲག་དགུ་དང་། རང་ལོ་ལྔ་བརྒྱ་ལ་མིའི་ལོ་ཁྲག་ཁྲིག་བཅུ་དྲུག་དང་ཐེར་འབུམ་ཆེན་པོ་གཉིས་ཡོད་པ་ནས་ཚ་བའི་རང་ལོ་ཁྲི་དྲུག་སྟོང་ལ་མིའི་ལོ་གཏམས་གསུམ་གཏམས་ཆེན་པོ་ལྔ་རབ་བཀྲམ་བརྒྱད་དང་རབ་བཀྲམ་ཆེན་པོ་བརྒྱད། ཁྲག་ཁྲིག་དགུ་ཐེར་འབུམ་ཆེན་པོ་གཉིས་ཡོད་པའི་བར་དུ་སྦྱར་བའོ། །)རབ་ཏུ་ཚ་བའི་དམྱལ་བས་ནི་བར་གྱི་བསྐལ་པ་ཕྱེད་ཐུབ་བོ། །མནར་མེད་པས་ནི་བར་གྱི་བསྐལ་པ་གཅིག་ཐུབ་པའོ། །དུད་འགྲོ་རྣམས་ཀྱི་ཚེ་ཐུང་བ་ལ་ངེས་པ་མེད་པས་ཚེ་མཆོག་ཏུ་རིང་བས་ནི་བར་གྱི་བསྐལ་པ་གཅིག་ཐུབ་སྟེ། ལུང་ལས། དགེ་སློང་དག་ཀླུ་བརྒྱད་པོ་འདི་དག་ནི་ཀླུ་ཆེན་པོ་སྟེ། བསྐལ་པར་གནས་པ་ས་འཛིན་པ་བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་མི་ཕྱིན་པ་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་ཉམས་སུ་མྱོང་ཞིང་སོ་སོར་ཉམས་སུ་མྱོང་བ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེར་དགའ་བོ་དང་། རྟ་མགོ་དང་། བཏང་བཟུང་དང་། ཡིད་ལས་བྱུང་དང་། ཡུལ་འཁོར་སྲུང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་པོ་ཞེས་གསུངས་པ་ལྟ་བུའོ། །ཤིན་ཏུ་ཐུང་བ་ནི་ཡུད་ཙམ་རེའི་ཚེའི་ཚད་དང་བཅས་པ་དག་ཀྱང་ཡོད་དོ། །ཡི་དྭགས་རྣམས་ནི་མིའི་ཟླ་སྟོད་ལ་ཉིན་མོ་དང་། ཟླ་སྨད་ལ་མཚན་མོར་བྱས་ནས་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་གི་གྲངས་སུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་ཡིན་ལ། བཤེས་སྤྲིང་ལས། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པས། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ཡི། །དྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར་ཞེས་འབྱུང་བ་ནི་མིའི་ལོའི་དབང་དུ་མཛད་པའོ། །དྲན་པ་ཉེར་གཞག་ལས་ནི་མིའི་ལོ་བཅུ་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་ཏེ། (དེའི་ལྟར་ན་རང་ལོ་ལྔ་བརྒྱ་ལ་མི་ལོ་ས་ཡ་ཕྲག་གཅིག་དང་དགུ་འབུམ་དུ་འགྱུར་རོ། །སའི་དངོས་གཞི་ལས་ནི་དུད་འགྲོ་དང་ཡི་དྭགས་རྣམས་ཀྱི་ཚེ་ཚད་ནི་ངེས་པ་མེད་དོ་ཞེས་པ་དང་། དེ་བཞིན་དུ་ཉེ་འཁོར་གྱི་སེམས་ཅན་དམྱལ་བ་དང་། ཉེ་འཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཆེ་ཚད་ནི་ངེས་པ་མེད་དོ་ཞེས་བཤད་དོ། །)གྲང་དམྱལ་གྱི་ཚེ་ཚད་ནི་ཏིལ་གྱི་སྦྱངས་པ་མ་ག་དྷའི་བྲེའི་ཏིལ་ཁལ་བརྒྱད་ཅུས་གང་བའི་ནང་ནས་འགའ་ཞིག་གིས་ལོ་བརྒྱ་བརྒྱ་ཞིང་ཏིལ་གཅིག་སྟེ་རེ་རེ་ཕྱུང་བས་ཏིལ་དེ་དག་ཟད་པར་གྱུར་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཏེ། ཆུ་བུར་རྡོལ་བ་ཅན་ལ་སོགས་པ་གཞན་གྱི་ཚེ་ནི་ཉི་ཤུར་བསྒྱུར་བའི་འགྱུར་གྱིས་ཕྱི་མ་ཕྱི་མ་རིང་ངོ་། །(སའི་དངོས་གཞི་ལས་ནི་གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱའོ་ཞེས་འབྱུང་སྟེ། དེའི་དོན་ཁ་ཅིག་ཚ་དམྱལ་རྣམས་ཀྱི་ཕྱེད་ཕྱེད་ཐུབ་པར་འཆད་མོད་ཀྱི། ཚེའི་མཐའི་མདོ་ལྟར་ན་ཚ་དམྱལ་དང་པོ་དྲུག་པས་གྲང་དམྱལ་དང་པོ་དྲུག་རིང་བར་མངོན་ནོ། །)ཅི་སྔར་སྨོས་པའི་སེམས་ཅན་དེ་དག་བར་མ་དོར་མི་འཆི་བར་ཚེ་ཚད་ལྟར་ངེས་པ་ཁོ་ན་ཡིན་ནམ་ཞེ་ན། སྒྲ་མི་སྙན་པ་དག་ནི་སྟོང་དུ་ངེས་ཏེ། བར་མ་དོར་འཆི་བ་མེད་པའི་ཕྱིར་རོ། །སྒྲ་མི་སྙན་པ་མ་གཏོགས་པ་རྣམས་ལ་བར་མ་དོར་འཆི་བ་ཡོད་པའི་ཕྱིར་ངེས་པ་ནི་མ་ཡིན་གྱི་སྤྱིའི་ཚེ་ཚད་སྨོས་པ་ཡིན་ནོ། །
དེ་ལྟར་ཚེ་ཚད་ལ་སོགས་པ་རྒྱས་པར་བསྟན་ནས་འདིར་མ་སྨོས་པ་གདགས་པ་ལས་འབྱུང་བ་ནི། བཀྲེས་སྐོམ་གླིང་བཞི་འདོད་ལྷ་ན། །གོང་མ་ན་མེད་གླིང་གསུམ་ན། །འབྲས་ཆན་ཟན་ཕྱེ་ཤ་འཁུར་བའི། །ཟས་ཟ་སྒྲ་མི་སྙན་པ་རྣམས། །མ་རྨོས་(མ་བཏབ་པའི་)འབྲས་ཀྱི་(ས་ལུའི་)འབྲུ་དག་ཟ། །འདོད་ལྷ་(ཁ་དོག་བཞི་པའི་)དྲི་དང་བདུད་(དང་སྦྲང་སོགས་ཆང་)རྩིའོ། །གོང་ན་ཁམ་ཟས་རྣམ་པར་སྤངས། །བཤང་གཅི་གླིང་བཞི་དག་ན་ཡོད། །ཡན་ཆད་ན་མེད་ཆར་བ་དག། འབབ་ཉེས་པ་དང་ལེགས་པ་དང་། །ལོ་ཉེས་ལོ་ལེགས་མུ་གེ་དག། གླིང་གསུམ་ན་ཡོད་སྒྲ་མི་སྙན། །འདོད་ལྷ་ཡན་ཆད་དེ་དག་མེད། །འཇིགས་དང་ཡིད་བདེ་རེས་འཇོག་ནི། །གླིང་གསུམ་དག་དང་འདོད་ལྷ་ལ། །སྒྲ་མི་སྙན་དང་གོང་ན་མེད། །ནོར་འབྲུ་གསེར་དངུལ་ཉོ་ཚོང་དག། གླིང་གསུམ་ན་ཡོད་སྒྲ་མི་སྙན། །ལྷ་རྣམས་ཀུན་ལ་ཡོད་མ་ཡིན། །བཞིན་མདོག་དཀར་ནག་སྔོ་སངས་དང་། །སྐྱ་སྣང་(བཞི་ཀ་གླིང་)གླིང་གསུམ་(དང་)འདོད་ལྷ་རྣམས། །སྔོ་སེར་དཀར་དམར་(བཞི་)སྒྲ་མི་སྙན། །(དང་གཟུགས་ཁམས་པ་)ཚངས་རིས་ཡན་ཆད་དཀར་པོར་གནས། །(ཁ་དོག་དཀར་པོ་ཁོ་ནའོ། །)ཆེད་དུ་བྱས་དང་མ་བྱས་པའི། །ཁང་པ་གླིང་གསུམ་འདོད་ལྷ་ན། །སྒྲ་མི་སྙན་དང་གཟུགས་ཁམས་པ། །ཆེད་དུ་བྱས་པ་མ་ཡིན་ངེས། །བལ་གོས་རས་དང་ཟབ་དར་སོགས། (ལྕི་ཡང་གཉིས་ཀ།) གླིང་གསུམ་ན་ཡོད་སྒྲ་མི་སྙན། །(སྒྲ་མི་སྙན་པ་སྲང་གཅིག་དང་། འདོད་ལྷ་དྲུག་པའོ། །)འདོད་ལྷ་དྲུག་པོ་སྲང་གཅིག་ནས། །དྲུག་ཅུ་རྩུ་བཞི་ཆ་ཡི་བར། །ཆེས་ཡང་སྔོ་སེར་དཀར་དམར་དག། དཔག་བསམ་ཤིང་ལས་འབྱུང་བར་བཤད། །
གཟུགས་ཁམས་གོས་དང་བཅས་པར་སྐྱེ། །རང་ལུས་ཚད་ལས་ཉིས་འགྱུར་གྱིས། །ལྷག་པའི་གོས་དག་གོན་པར་བཤད། །བག་མ་ལེན་དང་གཏོང་བ་ནི། །གླིང་གསུམ་འདོད་ལྷ་རྣམས་ལ་ཡོད། །སྒྲ་མི་སྙན་དང་གོང་ན་མེད། །ལུས་ལ་ཚ་དང་གྲང་བ་ནི། །གླིང་གསུམ་དག་ན་སྒྲ་མི་སྙན། །ལྷ་རྣམས་རྣམ་པར་སྤངས་པ་ཡིན། །དགུན་དཔྱིད་དབྱར་དང་སྟོན་རྣམས་ནི། །གླིང་བཞི་འདོད་ལྷ་རྣམས་ན་ཡོད། །གོང་མ་ན་མེད་ཉིན་མཚན་དང་། །ཕ་མ་རྣམས་ཀྱང་དེ་བཞིན་ནོ། །རྗེ་བྲན་གླིང་གསུམ་འདོད་ལྷ་རྣམས། །སྒྲ་མི་སྙན་དང་གོང་ན་མེད། །ནོར་དང་འབྲུ་ཡོད་གླིང་གསུམ་ནའོ། །འབྲུ་ཡོད་ནོར་མེད་སྒྲ་མི་སྙན། །ནོར་ཡོད་འབྲུ་མེད་འདོད་ལྷ་རྣམས། །གཉིས་ཀ་མེད་པ་གོང་མ་ཡིན། །ཕ་མ་ནས་ནི་འབྲུའི་བར། །ཀུན་ལ་ཞེན་པ་གླིང་གསུམ་ན། །འབྲུ་མ་གཏོགས་ལ་ཞེན་པ་ནི། །འདོད་ལྷའོ་སྒྲ་མི་སྙན་དང་ནི། །གོང་མའི་ལྷ་རྣམས་ཞེན་པ་མེད། །ཟླ་མཚན་སྦྲུམ་མ་བུ་བཙའ་བ། །གླིང་བཞི་ན་ཡོད་ལྷ་རྣམས་ནི། །རྫུས་སྐྱེས་ཁུ་བ་འབྱུང་བ་ཡང་། །མི་རྣམས་འདོད་ལྷ་རླུང་དག་རྒྱུ། །ཚེ་དང་ལུས་དང་འཁྲིག་པ་སྤྱོད། །རྩ་བར་བཤད་ཕྱིར་འདིར་མ་བྲིས། །མཐོ་རིས་ཀྱི་ནི་ལོངས་སྤྱོད་དག། ལུང་བཞིན་དུ་ནི་བསྡེབས་པ་ཡིན། །ཞེས་ཤེས་པར་བྱའོ། །
གསུམ་པ་འཇལ་བྱེད་ཀྱི་ཚད་བཤད་པ།
ད་ནི་དེ་དག་འཇལ་བྱེད་ཀྱི་ཚད་བཤད་པ་ལ་དོན་དངོས་དང་། ཞར་ལས་བྱུང་བ་གཉིས་ཀྱི་དང་པོ་ལའང་གཉིས་ལས་གཟུགས་ཅན་གྱི་ཚད་བསྟན་པ་ནི་གཟུགས་ཀྱི་ཆུང་བའི་མཐའ་ནི་རྡུལ་ཕྲ་རབ་དང་། མིང་གི་ཆུང་བའི་མཐའ་ནི་ཡི་གེ་(གཅིག་ཡིན་ཏེ་དེ་ལས་ཆུང་བའི་ཡི་གེ་མེད་པའི་ཕྱིར།) དང་། དུས་ཀྱི་ཐུང་བའི་མཐའ་ནི་སྐད་ཅིག་མ་ཡིན་(ཏེ་སེ་གོལ་གཅིག་གི་ཡུན་གྱི་རེ་ལྔའི་ཆ་གཅིག་ཡིན།) ནོ། །ཕྲ་རབ་ཀྱི་རྡུལ་བདུན་ལ་ནི་རྡུལ་ཕྲན་གཅིག་དང་། ཇི་ལྟར་རྡུལ་ཕྲ་རབ་རྡུལ་བདུན་ལ་རྡུལ་ཕྲན་གཅིག་ཡིན་པ་དེ་བཞིན་དུ་རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག་དང་། དེ་བདུན་ལ་ཆུ་རྡུལ་གཅིག་དང་། དེ་བདུན་ལ་རི་བོང་གི་རྡུལ་གཅིག་དང་། དེ་བདུན་ལ་ལུག་གི་རྡུལ་གཅིག་དང་། དེ་བདུན་ལ་གླང་གི་རྡུལ་གཅིག་དང་། དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག་དང་། དེ་བདུན་ལ་སྲོ་མ་གཅིག་དང་། དེ་བདུན་ལ་སྲོ་མ་དེ་ལས་བྱུང་བའི་ཤིག་གཅིག་དང་། ཇི་ལྟར་སྲོ་མ་བདུན་ལ་ཤིག་གཅིག་ཡིན་པ་དེ་བཞིན་དུ་ཤིག་བདུན་ལ་ནས་དང་། དེ་བདུན་ལ་སོར་མོའོ་ཚིགས་ཞེས་བྱ་བའོ། །(ཡིན་ཏེ་བཅོམ་ཞིང་བསལ་ཡང་དེ་ལས་ཆུང་བ་མི་དམིགས་པའི་ཕྱིར།) དེའི་ཕྱིར་གོང་མ་གོང་མ་རེ་རེ་ནི་འོག་མ་འོག་མ་བདུན་བདུན་དུ་བསྒྱུར་རོ། །
གདགས་པ་ལས་ནི། ལྕགས་ཆུ་གཉིས་མི་འབྱུང་བར་ཕྲ་རབ་རྡུལ་དང་། རྡུལ་ཕྲན་དང་། ཉི་ཟེར་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་(འདི་དག་རྡུལ་འདུས་པའི་གནས་སྐབས་ལ་མིང་དེ་ལྟར་བཏགས་ཀྱི་སྲོག་ཆགས་ཀྱི་སྤུའི་རྩེ་མོལ་བརྩི་བལ་སོགས་ནི་མིན་ནོ། །)དང་། སྲོ་མ་དང་། ཨ་བ་ག་ན་དང་། བ་ཏི་ཀ་དང་། སོར་རྣམས་སྔ་མ་བདུན་བདུན་ལ་ཕྱི་མ་རེ་རེར་བཤད་ལ། རྒྱ་ཆེ་རོལ་པ་ལས་ནི་རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། རྡུལ་ཆུང་ངུ་དང་། ཉི་ཟེར་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། སྲོ་མ་དང་། ཡུངས་འབྲུ་དང་། ནས་དང་། སོར་རྣམས་སྔ་མ་བདུན་བདུན་ལ་ཕྱི་མ་རེ་རེར་གསུངས་མོད་ཀྱི་མིང་ཐ་དད་ཙམ་ལས་རྡུལ་ཕྲ་རབ་ལ་ནི་ཆེ་ཆུང་མེད་དོ། །སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །ཁྲུ་བཞི་ལ་ནི་གཞུ་འདོམ་གང་ངོ་། །འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་ཡིན་ལ། གྲོང་ལས་རྒྱང་གྲགས་ཀྱིས་འཕགས་པ་དེ་ལ་ནི་དགོན་པར་འདོད་དོ། །རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་གཅིག་ཅེས་བྱའོ། །རྒྱ་ཆེ་རོལ་པ་ལས་ནི། གཞུ་སྟོང་ལ་ཡུལ་མ་ག་ངྷའི་རྒྱང་གྲགས་གཅིག་དང་རྒྱང་གྲགས་བཞི་ལ་དཔག་ཚད་གཅིག་ཏུ་བཤད་དོ། །དེ་དག་གིས་ནི་སྣོད་བཅུད་ཀྱི་ཚད་ཐམས་ཅད་འཇལ་ལོ། །
གཉིས་པ་དུས་ཀྱི་ཚད་ལ་ལོ་བཤད་པ་ནི་སྔར་བཤད་པའི་དུས་མཐའི་སྐད་ཅིག་མ་ནི་རྡུལ་ཕྲ་རབ་འཛུར་བའི་དུས་སམ། རྒྱུ་ནུས་པ་ཐོགས་པ་མེད་པའི་དུས་ཞེས་དཔེར་མཛད་མོད་ཀྱི་དེ་ཡང་མི་ཤེས་པས་ཆོས་མངོན་པ་བ་རྣམས་ན་རེ་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའོ་ཞེས་ཟེར་རོ། །དེ་ལྟ་བུའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་ནི་དེའི་སྐད་ཅིག་དང་། དེའི་སྐད་ཅིག་མ་དེ་དག་དྲུག་ཅུ་ལ་ཐང་གཅིག་གོ། ཐང་གཅིག་སུམ་ཅུ་ལ་ཡུད་ཙམ་དང་། དེ་སུམ་ཅུ་ལ་ཉིན་ཞག་གཅིག་དང་། དེ་སུམ་ཅུ་ལ་ཟླ་བ་གཅིག་སྟེ། དེ་ལྟར་ན་དེ་གསུམ་ནི་གོང་ནས་གོང་དུ་སུམ་ཅུར་བསྒྱུར་རོ། །ཟླ་བ་ཐམས་ཅད་ཞག་སུམ་ཅུ་སུམ་ཅུ་ཁོ་ནར་ངེས་པ་ནི་མ་ཡིན་ཏེ། སྔར་བསྟན་པ་ལྟར་འགྲེལ་པ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་པ་དང་། (འདུལ་བའི་མདོ་ལས་ཉིན་ཞག་གཅིག་གིས་མི་མཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱིས་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་པ་དང་།) འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། (ཁ་བ་སོག་དབྱར་རྣམས་ཀྱི། ཟླ་བར་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ་ཞེས་པ་དང་།) དུས་རྣམས་མཐའ་དག་འཕོ་བས་ན། །ཟླ་ཕྱེད་གསུམ་གསུམ་རྗེས་ལ་འཆད། །ལོ་ལ་ཞག་རེས་མ་ཚང་བའི། །ཟླ་བ་དྲུག་ཏུ་བསྟན་པ་ཡིན། །ཞེས་འབྱུང་བས་སྟོན་ཟླ་ཐ་ཆུང་ཚེས་བཅུ་དྲུག་ནས་གཟུང་སྟེ་ཟླ་བ་ཕྱེད་དང་གཉིས་གཉིས་ནི་འདས་ལ་ཟླ་བ་ཕྱེད་ཕྱེད་ལུས་པའི་མཚམས་སུ་ཞག་མི་ཐུབ་པ་རེ་རེ་འབྱུང་བའི་ཕྱིར་ཏེ། དེ་དག་ཀྱང་དབྱར་དགུན་འབྲིང་ཐུབ་སྟོན་དཔྱིད་འབྲིང་མི་ཐུབ་ཅེས་པས་དགུན་ཟླ་ར་བ་དང་། དགུན་ཟླ་ཐ་ཆུང་དང་། དཔྱིད་ཟླ་འབྲིང་ངོ་དང་། དབྱར་ཟླ་ར་བ་དང་། དབྱར་ཟླ་ཐ་ཆུང་དང་། སྟོན་ཟླ་འབྲིང་པོ་དྲུག་གི་མར་ངོའི་ཚེས་བཅུ་བཞི་པ་རྣམས་ལ་ཟླ་བ་ཟད་པས་གསོ་སྦྱོང་བཅུ་བཞི་པ་བྱེད་པ་རྣམས་ཏེ། དེ་ལ་མི་ཐུབ་པའི་དོན་ནི་གནམ་ཟླས་ས་ཟླའི་དོད་མ་ཐུབ་པ་ཡིན་ལ། གནམ་ཟླས་མི་ཐུབ་པའི་རྒྱུ་མཚན་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་གྱི་བསམ་པའི་ཡུལ་ལས་འདས་པས་མཐའ་གཅིག་ཏུ་མི་ངེས་པའི་ཕྱིར་ཁོ་བོས་ནི་མ་དཔྱད་ལ་གཞན་གྱིས་དཔྱད་པ་རྣམས་ཀྱང་ཇི་ལྟ་བར་མི་སྣང་ངོ་། །དེ་ལྟར་ཞག་མི་ཐུབ་པ་དྲུག་ལོ་ཕྱི་མ་ལ་བླངས་པ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ནི་ལོ་གཅིག་གོ། གལ་ཏེ་དེ་ལྟ་ན་ལོ་ལྔ་ལྔ་ན་ཟླ་བཤོལ་འབྱུང་བས་དེ་ལྟར་རྟ་བྱ་བྱི་བ་ཡོས་ལ་བཤོལ། །སྟོན་དགུན་དཔྱིད་དབྱར་འབྲིང་པོ་གཉིས། །ཞེས་ལོ་གསུམ་གསུམ་ན་འདོར་བ་དང་འགལ་ལོ་ཞེ་ན། དངོས་པོ་ལ་དེ་ལྟར་ཡིན་ཀྱང་(ཤིན་ཏུ་ཕྲ་ཞིབ་ཆེ་བས་)ལོ་གསུམ་གསུམ་ན་འདོར་བ་ནི་རྒྱལ་པོ་དང་མཐུན་པར་བྱ་བའི་ཕྱིར་ཡིན་པས་ཉེས་པ་མེད་དེ། (ལུང་སྡེ་བཞིའི་གཞུང་དམ་པ་ལ་ཞུ་བ་དང་། འདུལ་བྱེད་དང་། གཅིག་ལས་འཕྲོས་པ་དང་། ལྔ་ཚན་དང་། བཅུ་དྲུག་ཚན་དང་། གླེང་གཞི་དང་། རྐྱང་པའམ་བསིལ་བུ་དང་། གཏམ་གྱི་གཞིའམ་དངོས་པོ་དང་། མ་ན་བི་ཀའམ། བྲམ་ཟེའི་བུ་མོ་ལྟ་བུ་བསྙེན་པར་རྫོགས་པའི་ཕུང་པོ་རབ་ཏུ་ལྡན་པའི་ཕུང་པོ་གསུམ་སྟོན་པ་དང་། མ་མོ་ལྟ་བུ་དང་། ལུས་ལ་སོགས་པ་དམིགས་པ་དང་། བྱིན་རླབས་དང་། མཚན་ཉིད་དང་། གླེང་གཞི་དང་། ངོ་བོ་དང་། འབྲས་བུ་དང་བདུན་སྟོན་པ་སྟེ་ལེའུ་ཡན་ལག་བཅུ་གཅིག་ཡོད་པ་ལས་དྲུག་གླེང་གཞི་ལ་སྒོ་ལྔ་ཡོད་པ་ལས། སྒོ་དང་པོ་བཞི་ལ་བསྡོམས་ཚིགས་བཅུ་བཅུ། སྒོ་ལྔ་པ་ལ་བསྡོམས་ཀྱི་ཚིགས་དྲུག་ཡོད་པ་ལས་གླེང་བཞིའི་སྒོ་དང་པོའི་བསྡོམས་ཚིགས་ཚིགས་བཅད་གཉིས་པའི་སྐབས་ལས་སྟོན་པ་མཉན་ཡོད་ཀྱི་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ་དགེ་སློང་རྣམས་ལ་ལོ་ལྔ་ལྔ་ན་བཤོལ་དོར་ཅིག་ཅེས་གསུངས་ནས་ལོ་ལྔ་ལྔ་ན་བཤོལ་འདོར་རོ། །རྒྱལ་པོ་དག་ནི་ལོ་གསུམ་གསུམ་ན་བཤོལ་འདོར་བར་བྱེད་དོ། །དགེ་སློང་དག་གིས་རྒྱལ་པོའི་ལྟར་མ་བྱས་པ་དང་། བློན་པོ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཀའ་སྩལ་བ། དགེ་སློང་དག་བློན་པོ་རྣམས་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན། རྒྱལ་པོའི་གཞུང་བཞིན་དུ་ཡང་གྱིས་ཤིག་ཅེས་གསུངས་ལ་དེ་དང་མཐུན་པར།) འདུལ་བའི་མདོ་ལས་ཟླ་བ་བཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ་ཞེས་པ་དང་།
འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། ལོ་དང་ཟླ་བ་ཟླ་བཤོལ་དག། རྒྱལ་པོའི་བཀའ་ཡིས་ཀྱང་ནི་བསྔགས། བཀའ་བཙན་གྲགས་ལྡན་ཤེས་རབ་ཅན། །དཔུང་ལྡན་དེ་ཡི་རྗེས་འབྲང་བྱ། །ཞེས་འབྱུང་བའི་ཕྱིར་རོ། །(དེ་བཞིན་དུ་ལུང་དེ་ཉིད་ལས་སྐར་མ་བརྩི་བ་མི་མཐུན་པར་གྱུར་ཏེ། དགེ་སློང་དག་གིས་དེ་ལྟར་མ་བྱས་པ་དང་། སྐར་མ་བརྩི་བ་ལ་མཁས་པ་དག་འཕྱ་ནས་དགེ་སློང་རྣམས་ཀྱིས་སྟོན་པ་ལ་གསོལ་བ་ན། དགེ་སློང་དག་སྐར་མ་བརྩི་བ་དག་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་སྐར་མ་བརྩི་བ་དག་གི་རྗེས་སུ་ཡང་འཇུག་པར་བྱོས་ཤིག་ཅེས་གསུངས་ལ། འདུལ་བའི་མདོ་ལས་ཀྱང་། རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་སོ། །ཞེས་འབྱུང་ངོ་། །དེ་ཡང་དངོས་ཀྱི་ཟླ་བ་ཐུབ་ན་བཤོལ་ཡང་ཐུབ་ལ། མི་ཐུབ་ན་བཤོལ་ཡང་དེའི་རྗེས་སུ་འབྲང་ངོ་། །)དེ་ལྟ་བུའི་ལོས་ནི་འདོད་པའི་ལྷ་མི་དང་ཚ་དམྱལ་དྲུག་དང་ཡི་དྭགས་རྣམས་ཀྱི་ཚེ་ཚད་འཇལ་ལོ། །
བསྐལ་པ་བཤད་པ་ནི་མདོ་ལས་བར་གྱི་བསྐལ་པ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། གནས་པའི་བསྐལ་པ་དང་། སྟོངས་པའི་བསྐལ་པ་དང་། བསྐལ་པ་ཆེན་པོ་ཞེས་བསྐལ་པ་རྣམ་པ་མང་པོ་བཤད་པ་དེ་དག་ལས་འཇིག་པའི་བསྐལ་པ་ནི་དམྱལ་བའི་སྲིད་པ་མེད་པ་ནས་འགོ་བརྩམས་ཏེ་སྣོད་ཀྱི་འཇིག་རྟེན་ཟད་པའི་བར་ཏེ། འདི་ལྟར་འཇིག་རྟེན་འདི་བར་བསྐལ་ཉི་ཤུར་གནས་(ཤིང་ཚེ་ལོ་བརྒྱད་ཁྲི་པ་མཐར་གྱུར།) པའི་རྗེས་ལ་སེམས་ཅན་དམྱལ་བའི་སེམས་ཅན་དག་གསར་དུ་སྐྱེ་བ་ཆད་དེ་(དེའི་ཚེ་གནས་པ་རྫོགས་ལ་འཇིག་པའི་འགོ་འཛུག་པ་ཡིན་ནོ་དེ་ལྟར།) སྔར་སྐྱེས་པ་རྣམས་ཀྱང་ལས་ཟད་ན་གོང་དུ་སྐྱེ་བའམ། མ་ཟད་ན་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེས་ཏེ་དམྱལ་བ་རྣམས་རིམ་གྱིས་སྟོངས་པར་འགྱུར་རོ། །(ཞིང་དམྱལ་བ་ཞིག་པ་ཡིན་ནོ། །)དེའི་རྗེས་ལ་ཚུལ་དེ་ལྟ་བུས་དུད་འགྲོ་དང་ཡི་དྭགས་རྣམས་ཀྱང་སྟོངས་པར་འགྱུར་རོ། །དེ་ནས་ལྷོ་འཛམ་བུའི་གླིང་པའི་མི་རྣམས་ལ་(ལུང་མེད་པར།) ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་སྐྱེས་ཏེ་(ཀྱེ་མའོ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བ་ཡིན་ནོ་ཞེས་ལན་གཉིས་སུ་སྒྲོགས་ཏེ། སྒྲ་དེ་ཚེགས་ཆུང་ངུས་འཛམ་བུ་གླིང་ཐམས་ཅད་དུ་ཁྱབ་པར་འགྱུར་རོ། །དེ་ཐོས་ནས་གཞན་ཡང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ་འཛམ་གླིང་གི་མི་ཐམས་ཅད།) ཤི་འཕོས་ནས་བསམ་གཏན་དང་པོར་སྐྱེ་བར་འགྱུར་རོ། །དེའི་རྗེས་ལ་ཚུལ་དེ་ཉིད་ཀྱིས་ཤར་ནུབ་ཀྱི་གླིང་གི་མི་རྣམས་ཀྱང་སྟོངས་པར་འགྱུར་རོ། །དེའི་རྗེས་ལ་བྱང་གི་སྒྲ་མི་སྙན་པ་རྣམས་ལ་རྣམ་སྨིན་གྱི་སྒྲིབ་པས་ཏིང་ངེ་འཛིན་མི་སྐྱེ་བས་འདོད་པའི་ལྷ་རྣམས་སུ་སྐྱེས་ཏེ་སྟོངས་པར་འགྱུར་རོ། །
འདོད་པའི་ལྷ་རྣམས་ལའང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་སྐྱེས་ཏེ། (སྔར་བཞིན་དུ་བསྒྲགས་པས་ཐམས་ཅད་ཀྱིས་བསམ་གཏན་དང་པོ་ཐོབ། ཤི་ནས་)བསམ་གཏན་དང་པོར་སྐྱེ་བར་འགྱུར་ལ། (དེས་འདོད་པའི་བཅུད་ཞིག་པ་ཡིན་ནོ། །)བསམ་གཏན་དང་པོ་པ་རྣམས་ཀྱང་(ཚངས་པའི་འཇིག་རྟེན་དུའང་ཁ་ཅིག་ལ་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་སྐྱེས་ཏེ་ཀྱེ་མ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བ་ཡིན་ནོ་ཞེས་ལན་གཉིས་བསྒྲགས་པ་གཞན་གྱིས་ཀྱང་ཐོས་ཏེ་དེ་ལ་ཞུགས་པས་དང་པོ་བ་རྣམས་ཤི་ནས་གཉིས་པར་སྐྱེའོ། །མེས་འཇིག་ན་དེ་ཙམ་གྱིས་སེམས་ཅན་ཞིག་པ་ཡིན་ནོ། །ཆུས་འཇིག་ན་གཉིས་པ་ལ་གསུམ་པ་སྐྱེས་ནས་གསུམ་པར་སྐྱེའོ། །དེ་ཙམ་སོགས་འགྲེའོ། །རླུང་གིས་འཇིག་ན་གསུམ་པ་ལ་བཞི་པ་སྐྱེས་ནས་བཞི་པར་སྐྱེའོ། །)བསམ་གཏན་གཉིས་པའི་ཏིང་ངེ་འཛིན་(སྔར་བཞིན་)ཐོབ་ནས་གཉིས་པ་ཡན་ཆད་དུ་སྐྱེ་བར་འགྱུར་བ་རྣམས་ནི་(མེས་འཇིག་པའི་ཚེ་དེ་ཙམ་གྱིས།) སེམས་ཅན་འཇིག་པ་སྟེ་དེ་ལ་ནི་བར་བསྐལ་བཅུ་དགུ་ཐོགས་སོ། །(སའི་དངོས་གཞི་ལས་ནི་འདོད་པའི་ལྷ་མི་ཐམས་ཅད་ཀྱིས་ཀྱང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པའང་ཐོབ་ནས་འདོད་པ་ནས་ཤི་ནས་ཐམས་ཅད་འོད་གསལ་དུ་སྐྱེ་བར་བཤད་དོ། །)དེའི་རྗེས་ལ་འོག་ནས་འབྱུང་བ་ལྟར་(སྣོད་འཕེན་པའི་ལས་ཟད་ནས།) སྣོད་འཇིག་པ་ལའང་བར་བསྐལ་གཅིག་གོ། (གདགས་པ་ལས། དུས་མཐའི་ཚེ་ན་འཚོ་བའི་འཇིག་རྟེན་འདིར། །སྤྲིན་རྣམས་ཆུ་ནི་ཅུང་ཟད་གཏོད་མི་བྱེད། །ཉི་མ་གཅིག་པུས་རྩ་དང་གེལ་པ་དང་། །སྨན་དང་ས་བོན་ཤིད་མ་ཟད་པར་བྱེད། །ཉི་མ་གཉིས་པས་ལྟེང་ཀ་ཆུང་ངུའི་ཚོགས། །དེ་བཞིན་ཆུ་ཀླུང་ཆུང་ངུ་སྐམ་པར་འགྱུར། །ལྟེང་ཀ་ཆེན་པོའི་ཚོགས་དང་ཀླུང་ཆེན་དང་། །ཆུ་རྣམས་ཉི་མ་གསུམ་པས་མེད་པར་བྱེད། །མི་མ་ཡིན་གནས་འཚེ་བ་རྒྱ་ཆེ་བ། །མ་དྲོས་ཞེས་བྱ་ཤིན་དུ་ཡིད་འོང་ཞིང་། །གཙང་མའི་ཆུ་ཡིས་ཤིན་དུ་གང་བ་ན། །ཉི་མ་བཞི་པ་ཡིས་ནི་སྐམ་པར་འགྱུར། །རིན་ཆེན་མང་བས་གང་ཞིང་རབ་འཇིགས་ལ། །སེམས་ཅན་ཚོགས་ཆེན་དག་གིས་གནས་གྱུར་པ། །རྒྱ་མཚོ་དག་ནི་ཉི་མ་ལྔ་རྣམས་ཀྱིས། །ཡོངས་སུ་གདུང་བས་མ་ལུས་སྐམ་པར་འགྱུར། །ས་དང་གངས་དང་དེ་བཞིན་རི་རབ་དང་། །གསེར་གྱི་རི་དབང་དེ་བཞིན་བདུན་པོ་རྣམས། །ཉི་མ་དྲུག་པ་དག་གིས་རབ་གདུངས་པས། །ཀུན་ནས་དུད་པ་ཤིན་དུ་འཐོན་པར་བྱེད། །གང་ཚེ་ཉིམ་བདུན་པ་ཤར་གྱུར་ཅིང་། །འདིར་ནི་འོད་ཟེར་དྲ་བ་རབ་གཏོང་བ། །དེའི་ཚེ་ན་ས་དང་རི་རྣམས་ཀུན། །ཤིན་ཏུ་རབ་ཏུ་འབར་བར་འགྱུར་ཞེའོ། །འོད་ཟེར་དྲ་བ་རབ་འཇོམས་ལྡན་པ་ཡི། །ཉི་མ་དེ་བདུན་རྣམ་པར་རྒྱུ་ཞེའོ། །ས་འདི་དང་ནི་དེ་བཞིན་གསེར་གྱི་གཞི། །སེམས་ཅན་དམྱན་བརྒྱད་རི་རྣམས་ཐམས་ཅད་དང་། །འདོད་ལྡན་ལྷ་རྣམས་ཀྱི་ནི་ཁང་པ་དང་། །འདོད་པ་ཀུན་གྱི་གནས་སུ་སོང་ནས་ཀྱང་། །འདོད་པའི་ལྷ་མང་ཤིན་དུ་ཡིད་འོང་བྲལ། །ཚངས་པའི་གནས་རྣམས་ཤིན་དུ་སྲེག་པར་བྱེད། །ཇི་སྐད་སྨྲས་བཞིན་མ་ལུས་ཀུན་བསྲེགས་ནས། །དུས་མཐའི་ཉི་མ་གཟི་བརྗིད་ཆེ་ལྡན་པ། །དེ་དག་ཉིད་ཀྱང་དབང་ནི་མེད་འགྱུར་ཞིང་། །མི་རྟག་པས་ནི་བཅོམ་ནས་ཞིག་པར་འགྱུར། །དེ་ལྟར་ལྷུན་པོ་རྒྱ་མཚོ་ཆེ་དང་ས། །དེ་བཞིན་མཐོ་རིས་ཟད་འགྱུར་ཤེས་ནས་ནི། །སྐྱེ་བོ་དམ་པ་དག་གིས་བསྟེན་པའི་ཕྱིར། །འཕགས་པའི་གནས་ལ་རྟག་ཏུ་བློ་ཞོག་ཅིག། ཅེས་བཤད་དོ། །བསམ་གཏན་དང་པོ་འཇིག་པའི་མེ་ཡངས་དེ་བས་བསྡུས་སོ། །ལས་ཐ་དད་ལས་གྲུབ་པས་འདོད་མེས་གནོད་མི་ནུས་པས་སོ། །ཆུས་འཇིག་པ་ནི། སྣོད་སྟོང་པར་ལྷན་ཅིག་སྐྱེས་པའི་རང་གི་ས་པའི་ཆུ་ཁོ་ནས་བསམ་གཏན་གཉིས་པའི་བར་དུ་འཇིག་སྟེ་ལན་ཚ་ཆུར་བསྐྱུར་བ་ལྟར་འཇུ་བར་བྱེད་དོ། །འདོད་པའི་ཆུ་ལ་དང་པོའི་ཆུ་དང་། དེ་ལ་གཉིས་པའི་ཆུ་འབྲེལ་ཏེ་དེའི་ཆུ་ནི་སྣོད་དང་ལྷན་ཅིག་ཏུ་འགག་གོ། རླུང་གིས་འཇིག་པ་ནི་ལྷན་ཅིག་སྐྱེ་བའི་རྣམ་པར་འཐོར་རླུང་རང་གིས་ས་པས་བསམ་གཏན་གསུམ་པའི་སྣོད་ཀྱི་བར་དུ་འཐོར་ཏེ་འབྲེལ་ཚུལ་ནི་སྔ་མ་བཞིན་ནོ། །)
འཆགས་པ་ནི་མེས་ཞི་གནས་སྟོངས་པའི་རྗེས་ལ་དང་པོ་ཁོ་ནར་བསམ་གཏན་དང་པོའི་འོག་གཞིའི་རླུང་གི་དཀྱིལ་འཁོར་འཆགས་པ་ནས་བརྩམས་ནས་ནི་དམྱལ་བ་མནར་མེད་པར་སེམས་ཅན་གཅིག་སྲིད་པའི་བར་དུའོ་སྟེ་སྣོད་འཆགས་པ་ལ་བར་བསྐལ་གཅིག་དང་། སེམས་ཅན་འཆགས་པ་ལ་བར་བསྐལ་བཅུ་དགུ་སྟེ་ཉི་ཤུ་ཐོགས་སོ། །དེ་ལ་སྣོད་ཀྱི་འཇིག་རྟེན་འཆགས་པའི་ཚུལ་ཕལ་ཆེར་ནི་བཤད་ཟིན་མོད་ཀྱི་འོན་ཀྱང་འགྲེལ་པ་དང་རྒྱལ་པོའི་སྲས་ཀྱི་ཊཱིཀར་ལུགས་ཀྱིས་ན་ཐ་མར་འཇིག་པ་གང་ཡིན་པ་དེ་ནི་དང་པོར་འཆགས་པ་ཡིན་ནོ། །དེའི་ཕྱིར་(མེས་ཞིག་ན།) དང་པོར་ཚངས་པའི་གཞལ་མེད་ཁང་འབྱུང་ངོ་། །དེའི་འོག་ཏུ་གཞན་འཕྲུལ་དབང་བྱེད་ཀྱི་གཞལ་མེད་ཁང་ནས་རིམ་པ་ལྟར་འཐབ་བྲལ་བའི་གཞལ་མེད་ཁང་གི་བར་དུ་(ས་དང་མ་འབྲེལ་པ་རྣམས།) འབྱུང་ངོ་། །འཐབ་བྲལ་བའི་གཞལ་མེད་ཁང་བྱུང་བ་དེའི་འོག་ཏུ་ནི་(འོག་གཞི།) རླུང་གི་དཀྱིལ་འཁོར་ལ་སོགས་པའི་ཞེས་འབྱུང་བས་བསམ་གཏན་དང་པོ་ནས་འཐབ་བྲལ་གྱི་བར་ནི་གླིང་བཞི་པ་རྣམས་མ་ཆགས་ཀྱི་གོང་དུ་ཡས་རིམ་གྱིས་འཆགས་སོ་ཞེས་བྱ་བ་ནི་སྔར་སྨོས་པའི་ཁྱད་པར་ཡིན་ནོ། །དེ་བཞིན་དུ་ཆུས་ཞིག་ན་བསམ་གཏན་གཉིས་པ་དང་། རླུང་གིས་ཞིག་ན་(དང་པོར།) གསུམ་པའི་སྣོད་འཆགས་པའང་ཡིན་ནོ། །བཅུད་ཀྱི་སེམས་ཅན་ནི་(མེས་ཞིག་རྗེས་ཡིན་ན།) དང་པོར་ཁོ་ནར་འོད་གསལ་བའི་ལྷ་ནས་ཚེ་དང་ལས་དང་བསོད་ནམས་ཟད་ནས་ཤི་འཕོས་པ་བསམ་གཏན་དང་པོའི་གཞལ་ཡས་ཁང་སྟོང་པར་(དང་པོར།) སྐྱེའོ། །དེ་གཅིག་པུར་གྱུར་པས་སྐྱོ་སྟེ་བདག་དང་སྐལ་པ་མཉམ་པ་གཞན་དག་ཀྱང་འདིར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེའི་སྨོན་ལམ་ལས་སྐྱེས་པ་མ་ཡིན་ཡང་སྟེས་དབང་གིས་(བྱ་རོག་དང་ཏ་ལའི་ཚུལ་དུ།) བསམ་གཏན་གཉིས་པའི་ལྷ་ཚེ་དང་ལས་དང་བསོད་ནམས་ཟད་པ་ཤི་ནས་དེར་སྐྱེའོ། །དེའི་ཕྱིར་དང་པོར་སྐྱེས་པ་ནི་ལུས་ཆེ་བ་དང་འབྱིན་པ་པོར་སེམས་པའི་ཕྱིར་ཚངས་པ་ཆེན་པོ་ཞེས་བྱ་བ་དང་མེས་པོ་ཞེས་བྱ་བ་དང་གཅོ་བོ་ཞེས་བྱ་བ་ཡིན་ནོ། །
མུ་སྟེགས་པ་དག་གིས་ནི་གསེར་གྱི་པདྨའི་སྙིང་པོ་ལས་སྐྱེས་པའི་ཕྱིར་གསེར་གྱི་སྙིང་པོ་ཅན་དང་པད་མོའི་སྐྱེས་གནས་པ་ཞེས་ཀྱང་བསྒྲགས་སོ། །(འཕགས་པ་འོག་སར་མི་སྐྱེ་བས་དེ་ནི། སོ་སྐྱེར་ངེས་སོ། །)ཕྱིས་སྐྱེས་པ་དེ་དག་ནི་ལུས་ཆུང་བ་དང་དེའི་འདོད་པ་ལས་སྐྱེས་པར་སེམས་པའི་ཕྱིར་འཁོར་ཡིན་ནོ། །དེ་བཞིན་དུ་རིམ་གྱིས་ཚངས་པའི་མདུན་ན་འདོན་དང་གཞན་འཕྲུལ་དབང་བྱེད་ལ་སོགས་པ་འདོད་པའི་ལྷ་རྣམས་རིམ་གྱིས་འཆགས་ཤིང་། དེའི་རྗེས་ལ་རིམ་པ་ལྟར་བྱང་དང་ནུབ་དང་ཤར་དང་ལྷོའི་གླིང་གི་མི་རྣམས་སྐྱེ་ལ། དེ་ནས་གླིང་གསུམ་དུ་མི་དགེ་བ་ཆུང་ངུ་དང་འབྲིང་དང་ཆེར་སྤྱད་པས་རིམ་པ་ལྟར་ཡི་དྭགས་དང་དུད་འགྲོ་དང་དམྱལ་བ་རྣམས་སུ་སྐྱེ་སྟེ་དམྱལ་བ་མནར་མེད་པར་སེམས་ཅན་གསར་དུ་སྐྱེས་པ་དེའི་ཚེ་འཆགས་པ་རྫོགས་(ཤིང་གནས་)པ་(འགོ་བརྩོམ་པ་)ཡིན་ནོ། །(དེ་ལ་བར་བསྐལ་བཅུ་དགུའོ། །)བསམ་གཏན་གཉིས་པ་དང་གསུམ་པ་ནས་འཆགས་ནའང་(དགེ་རྒྱས་དང་བཞི་པ་ནས་འོག་མ་རྣམས་སུ་སྐྱེ་བ་སོགས།) ཚུལ་དེ་ཉིད་ཡིན་ནོ། །གནས་པའི་བསྐལ་པ་ལ་བར་བསྐལ་ཉི་ཤུ་ཡོད་དེ། དེ་ལ་བར་གྱི་བསྐལ་པ་ནི་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ནས་རིམ་གྱིས་མར་འགྲིབས་ཏེ་བརྒྱད་ཁྲི་པར་གྱུར་པའི་བར་ནི་འཆགས་པར་གཏོགས་ལ། གང་གི་ཚེ་བརྒྱད་ཁྲི་པ་འགྲིབ་སྟེ་འཛམ་བུའི་གླིང་པའི་མིའི་ཚེ་ཚད་ལོ་བཅུ་པར་གྱུར་པའི་བར་ནི་(བར་གྱི།) བསྐལ་པ་དང་པོ་ཡིན་ནོ། །དེ་ནས་ཡང་ཡར་(བརྒྱད་ཁྲི་བར་)སྐྱེ་བ་དང་མར་(བཅུ་པའི་བར་དུ་)འབྲི་བའི་བསྐལ་པ་གཞན་ནི་(ཡར་འཕེལ་མར་འགྲིབ་ཟུང་རེ་རེ་བགྲངས་པས།) བཅོ་བརྒྱད་ཡོད་དོ། །དེ་དག་ནི་ཡར་འཕེལ་བ་དང་མར་འགྲིབ་པ་གཉིས་གཉིས་རེ་རེར་འགྲིབ་པ་ཡིན་ནོ། །དེའི་རྗེས་ལ་ཚེ་ལོ་བཅུ་པ་ནས་ཡར་སྐྱེ་བ་ནི་བར་གྱི་བསྐལ་པ་(ཉི་ཤུ་པ་)གཅིག་ཡིན་ཏེ་དེ་ལྟར་ན་བར་གྱི་བསྐལ་པ་ཉི་ཤུའོ། །
ཡར་ཇི་སྲིད་དུ་སྐྱེ་ཞེ་ན། བར་གྱི་བསྐལ་པ་དེ་དག་ཚེ་ནི་བརྒྱད་ཁྲིའི་བར་དུ་ཡར་སྐྱེའི་དེ་ལས་མཐོ་བར་ཡང་ནི་མི་སྐྱིའོ། །བར་གྱི་བསྐལ་པ་དང་པོ་མར་འགྲིབ་པ་(རྐྱང་པ་གཅིག་)དང་། ཐ་མ་ཡར་འཕེལ་བ་(རྐྱང་པ་)གཅིག་དང་། དེ་དག་གི་བར་གྱི་བསྐལ་པ་བཅོ་བརྒྱད་ཀྱིས་འཕེལ་བ་དང་འགྲིབ་པ་གཉིས་གཉིས་བསྡོམས་པ་ནི་དུས་མཉམ་སྟེ། དང་པོ་དང་ཐ་མ་ནི། (དལ་གྱིས་འགྲོ་བས།) འགྲིབ་པ་དང་འཕེལ་བ་བུལ་བའི་ཕྱིར་དང་། གཞན་དག་ནི་མྱུར་བའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཀྱང་། ཅིའི་ཕྱིར་ཡར་སྐྱེ་བ་དང་མར་འབྲི་བའི་མཐའི་བར་བསྐལ་གཉིས་དང་བཅོ་བརྒྱད་ཀྱི་ཟུང་དག་མཉམ་ཞེ་ན། མགྱོགས་པ་དང་བུལ་པར་འགྲོ་བའི་ཁྱད་པར་ཏེ། མཐའི་བསྐལ་པ་གཉིས་ནི་དལ་གྱིས་འགྲོ་ལ། བར་མ་བཅོ་བརྒྱད་ནི་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་མོ་ཞེས་བཤད་དོ། །དེའི་མགྱོགས་བུལ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་པའི་ཕྱིར་རོ། །སའི་དངོས་གཞི་ལས་ནི་མར་འབྲི་བ་ཉི་ཤུ་དང་ཡར་སྐྱེ་བ་ཉི་ཤུ་སྟེ་བཞི་བཅུ་ལ་བར་བསྐལ་དུ་བྱས་ནས་ཡ་ཐོག་དང་མ་ཐོག་གཉིས་ལའང་ཟུང་རེ་ཡོད་པར་བཤད་དོ། །དེ་ལྟར་ན་འཇིག་རྟེན་སྔར་ཆགས་པ་འདི་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ཡིན་ནོ། །འཆགས་པ་དང་འཇིག་པ་དང་ཞིག་ནས་འདུག་པ་སྟོངས་པའི་བསྐལ་པ་དག་ནི་གནས་པ་དང་དུས་མཉམ་པ་ཁོ་ན་སྟེ་ཐམས་ཅད་ལ་བར་བསྐལ་ཉི་ཤུ་ཉི་ཤུ་ཡོད་དོ། །དེ་ལྟར་ན་བར་གྱི་བསྐལ་པ་དེ་དག་བརྒྱད་ཅུ་ལ་ནིི་བསྐལ་པ་ཆེན་པོ་གཅིག་ཏུ་བྱེད་དོ། །(བསྐལ་པ་ནི་ཕུང་པོ་ལྔས་བསྡུས་སོ། །)
གཉིས་པ་ཞར་བྱུང་ནི་བསྐལ་ཆེན་དུ་བཤད་པ་གང་ཡིན་པ་དེ་གཅིག་ནས་གཉིས་སུ་བགྲངས་པའི་བསྐལ་པ་གྲངས་མེད་པ་གསུམ་ལ་ཞེས་པའི་ལ་ནི་སྨྲ་སྒོ་ལས་དུ་ལ་སོགས་པ་ལ་དང་མཐུན་ཞེས་འབྱུང་བས་དུ་དང་འཇུག་པ་མཐུན་པས་དུར་བྱས་ཏེ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ལས་ནི་སངས་རྒྱས་འབྱུང་ངོ་། །དེ་ཡང་བརྒྱད་ཁྲི་པ་ནས་མར་འགྲིབ་པའི་ཚེ་ཚད་ལོ་བརྒྱ་པའི་བར་ལ་སངས་རྒྱས་དེ་དག་འབྱུང་གི་བརྒྱད་ཁྲི་པ་ཡན་ཆད་ནི་མ་ཡིན་ཏེ། འཆགས་པ་མ་རྫོགས་པའི་ཕྱིར་རོ། །ཡར་འཕེལ་བ་དང་བརྒྱ་ལས་མར་འགྲིབ་པའི་དུས་སུ་ནི་འབྱུང་བ་མ་ཡིན་ཏེ། རིམ་པ་ལྟར་འཁོར་བ་ལས་སེམས་ཅན་རྣམས་ཡིད་སྐྱོ་བ་མེད་པའི་ཕྱིར་དང་། ཚེ་དང་དུས་དང་ཉོན་མོངས་པ་དང་ལྟ་བ་དང་སེམས་ཅན་གྱི་སྙིགས་མ་(སྲོག་རྒུད་པ་ཚེའི་སྙིགས་མ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་སྟེ་འབྲས་བུ་རྣམས་རོ་དང་ནུས་པ་དང་མཐུ་ཆུང་བར་འགྱུར་བས་སོ། །ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་ཀྱི་སྙིགས་མ། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མའོ། །དེ་དག་སྙིགས་མ་ཡིན་ཏེ། བོངས་ཚོད་དང་གཟུགས་དང་ནད་མེད་པ་དང་སྟོབས་དང་བློ་དང་དྲན་པ་དང་བརྩོན་འགྲུས་དང་བརྟན་པ་ཉམས་པའི་ཕྱིར་ངན་སྙིགས་སུ་གྱུར་པས་སྙིགས་མའོ། །)ལྔ་ཤིན་དུ་ལྷག་པའི་ཕྱིར་རོ། །རྣམ་པར་བཞག་པ་དེ་དག་ཀྱང་བསྐལ་པ་འདིའི་དབང་དུ་བྱས་ཀྱི་གཞན་ལ་ནི་དེ་ལྟར་ངེས་པ་མེད་དོ། །(ཐུབ་པའི་དགོངས་པའི་རྒྱན་ལས་ཀྱང་། བསྐལ་པ་འགའ་ཞིག་ནི་བར་བསྐལ་བརྒྱད་ཅུར་ངེས་པ་དེ་ལྟ་བུ་མ་ཡིན་ཏེ། །སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་ཤིན་ཏུ་རིང་བ་ཡིན་པའི་ཕྱིར་རོ། །དཔེར་ན་བསྐལ་པ་སྐར་མ་ལྟ་བུ་ཡིན་ཏེ། འདི་ལྟར་དེའི་དུས་འགྲིབ་པའི་བར་གྱི་བསྐལ་པའི་ཚད་ནི་བསྐལ་པ་སྟོང་ཕྲག་ཉི་ཤུར་གསུངས་པ་ཡིན་ནོ་ཞེས་བཤད་དོ། །)གལ་ཏེ་བསྐལ་པ་གྲངས་མེད་པར་ལམ་བསྒོམ་དགོས་ན་གསུམ་གྱི་རྣམ་པར་བཞག་པ་མི་འཐད་ལ། གསུམ་ཡིན་ན་གྲངས་མེད་པར་མི་འཐད་དོ་ཞེ་ན། ཡེ་གྲངས་མེད་པ་ནི་མ་ཡིན་ཏེ། གྲངས་ཀྱི་གནས་གཞན་དྲུག་ཅུར་ཕྱིན་པ་ན་གྲངས་མེད་ཅེས་བྱ་བའི་མིང་ཅན་གྱི་གནས་གཞན་ཡོད་པ་དེའི་དབང་དུ་བྱས་པའི་ཕྱིར་རོ། །
གྲངས་ཀྱི་གནས་གཞན་དྲུག་ཅུར་ལུང་སིལ་བུ་ལས་འབྱུང་བ་སྡོམ་དུ་བསྡུས་པ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་འཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །པང་སྟེང་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་བྱིང་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་དང་ནི་སྟོབས་མིག་རྣམས། །ཆེན་པོ་དང་ནི་བཅས་པ་སྟེ། །གྲངས་མེད་པ་ནི་ཐ་མ་ཡིན། །བར་ནས་བརྒྱད་ནི་མ་རྙེད་པས། །དུང་འཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣན་ཏོ། །ཞེས་བྱ་བར་ཤེས་པར་བྱའོ། །བྱང་ས་ལས་ནི། བསྐལ་པ་གྲངས་མེད་པ་ནི་གཉིས་སུ་རིག་པར་བྱ་སྟེ། བསྐལ་པ་ཆེན་པོ་གང་ཡིན་པ་དེ་ཡང་ཉིན་མཚན་དང་ཟླ་བ་དང་ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དཔག་ཏུ་མེད་པའི་ཕྱིར་གྲངས་མེད་པ་ཞེས་བྱའོ། །བསྐལ་པ་ཆེན་པོ་དེ་དག་གིས་བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་གྲངས་གང་ཡིན་པ་དེ་ཡང་གྲངས་མེད་པ་ཞེས་བྱ་སྟེ། དེ་ལ་བསྐལ་པ་གྲངས་མེད་པ་སྔ་མ་ཤོས་ཀྱིས་ནི་བསྐལ་པ་གྲངས་མེད་པ་མི་ཉུང་བ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུར་རོ། །བསྐལ་པ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི་གསུམ་ཁོ་ནས་འཐོབ་ཀྱི་ལྷག་པས་ནི་མ་ཡིན་ཏེ་ཞེས་བསྐལ་པ་ཆེན་པོ་གཅིག་ལའང་ཉིན་མཚན་ལ་སོགས་པས་བགྲང་བར་མི་ནུས་པས་གྲངས་མེད་ཅེས་བྱ་ལ། བསྐལ་ཆེན་དེ་དག་གཅིག་ནས་བགྲངས་པ་གྲངས་ཀྱི་གནས་གཞན་དྲུག་ཅུར་ཕྱིན་པ་ལའང་གྲངས་མེད་ཅེས་བཤད་དོ། །དེས་ན་མདོ་དག་ལས་གྲངས་མེད་མང་པོས་བྱང་ཆུབ་འཐོབ་པར་གསུངས་པ་ནི་གྲངས་མེད་སྔ་མའི་དབང་དུ་མཛད་ནས་གསུངས་པ་ཡིན་ལ་གྲངས་མེད་གསུམ་གྱིས་འཐོབ་པར་གསུངས་པ་ནི་གྲངས་མེད་ཕྱི་མའི་དབང་དུ་མཛད་ནས་གསུངས་པར་བཞེད་དོ། །
དེ་ཡང་བྱེ་བྲག་ཏུ་སྨྲ་བ་ལྟར་ན་གྲངས་མེད་གསུམ་ག་ཚོགས་ལམ་མན་ཆད་དུ་འདའ་བར་འདོད་ལ། བརྒྱད་སྟོང་འགྲེལ་པ་ལ་སོགས་པར། གྲངས་མེད་སུམ་ཅུ་རྩ་གསུམ་ལ་སོགས་པར་ལམ་བསྒྲུབ་དགོས་པར་བཤད་མོད་ཀྱི། བྱང་ས་ལས་ནི་ས་དང་པོ་རབ་ཏུ་དགའ་བ་འཐོབ་པ་མན་ཆོད་དང་། དེ་ནས་ས་བདུན་པའི་བར་དང་། དེ་ནས་སངས་རྒྱས་འཐོབ་ཀྱི་བར་གསུམ་རིམ་པ་ལྟར་གྲངས་མེད་དང་པོ་དང་། གཉིས་པ་དང་གསུམ་པས་འཐོབ་པར་བཤད་དོ། །(པད་དཀར་ལས། མཐེ་བོང་ཅན་གྱི་འཇིག་རྟེན་དུ་སངས་རྒྱས་སྐར་མ་ལ་དགའ་བ་ཚེ་ལོ་བཅུ་པ་ལ་འབྱུང་བ་དང་། མདོ་གཞན་ལ་ཚེ་ལོ་དཔག་མེད་ཀྱི་དུས་དང་། བརྒྱད་པ་ལ་འབྱུང་བ་ཡང་བཤད་དོ། །)གྲངས་མེད་གང་ལ་སངས་རྒྱས་གང་བསྟེན་པ་ནི་འཆད་པར་འགྱུར་རོ། །(སངས་རྒྱས་མི་བཞུགས་པའི་ཞིང་དུ་འབྱུང་བའི་)རང་སངས་རྒྱས་རྣམས་ནི་བསྐལ་པ་ཡར་འཕེལ་བ་དང་། མར་འགྲིབ་པ་གཉིས་ཀ་ལ་འབྱུང་ཞིང་། དེ་ཡང་བསེ་རུ་ལྟ་བུ་དང་ཚོགས་ན་སྤྱོད་པ་གཉིས་ཡིན་ནོ། །དེ་ལ་ཚོགས་ན་སྤྱོད་པ་ནི་ཉན་ཐོས་སྔོན་དུ་འགྲོ་བའི་རང་རྒྱལ་ལོ། །ཁ་ཅིག་ན་རེ་སོ་སོའི་སྐྱེ་བོ་སྔོན་དུ་འགྲོ་བའང་ཡོད་དོ་ཞེས་ཟེར་རོ། །དེ་དག་ལས་བསེ་རུ་ལྟ་བུ་ནི་བསྐལ་པ་ཆེན་པོ་བརྒྱར་བདེན་པ་དང་རྟེན་འབྲེལ་དང་དགེ་བ་བཅུ་ལ་གོམས་པའི་རྒྱུས་འཐོབ་པ་ཡིན་ནོ། །དེ་ཡང་སློབ་དཔོན་མེད་པར་རང་ཉིད་གཅིག་པུའི་དོན་དུ་བྱང་ཆུབ་པའི་ཕྱིར་རང་སངས་རྒྱས་ཞེས་བྱ་བ་ཡིན་ལ། སྒྲ་མེད་པར་ཆོས་སྟོན་པ་དང་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཛད་པའི་སྒོ་ནས་སེམས་ཅན་ཀྱི་དོན་བྱེད་དོ། །ཚོགས་ན་སྤྱོད་པ་ནི་བསྐལ་པ་འདི་སྲིད་ཅིག་ན་ཞེས་མ་ངེས་པའི་ཕྱིར་རོ། །
འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་བ་ནི་མི་རྣམས་ཀྱི་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་ལས་མི་འཆི་བ་ནི་སྔ་བ་སྟེ་དེ་ཡན་ཆད་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་ཞེས་བྱ་བའི་དོན་ཏོ། །(སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ནི་འབྱུང་སྟེ་ཀ་ནི་ཀ་ལ་སོགས་པའོ། །)དེ་མན་ཆད་དུ་ནི་མ་ཡིན་ཏེ། བསོད་ནམས་མི་ཆུད་པའི་ཕྱིར་རོ། །ཅིའི་ཕྱིར་འཁོར་ལོས་བསྒྱུར་བ་ཞེས་བྱ་ཞེ་ན། དེ་དག་ལ་འཁོར་ལོ་རིན་པོ་ཆེ་དག་ཡོད་ལ་དེས་རྒྱལ་སྲིད་ལ་མངའ་བསྒྱུར་བའི་ཕྱིར་རོ། །འཁོར་ལོས་བསྒྱུར་བ་དེ་ཡང་གསེར་དང་དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་ལོ་ཅན་བཞི་ཡིན་ནོ། །(འཁོར་ལོས་བསྒྱུར་བ་དེ་དག་ཀྱང་འཛམ་བུ་གླིང་པའི་རྟེན་ཅན་དུ་ངེས་སོ། །)དེ་རྣམས་ཀྱང་རྡོ་འཕངས་པའི་མདོ་ལས། རིམ་པ་ལྟར་ཁོར་ཡུག་ཏུ་རྒྱང་གྲགས་བཞི་པ་དང་གསུམ་པ་དང་གཉིས་པ་དང་གཅིག་པ་ཅན་དུ་གསུངས་སོ། །དེ་དག་ཀྱང་འཛམ་བུའི་གླིང་གཅིག་དང་ལྷོ་དང་ཤར་གྱི་གླིང་གཉིས་དང་བྱང་མ་གཏོགས་པ་གསུམ་དང་བཞི་ཆར་ལ་མས་རིམ་བཞིན་དུ་མངའ་བསྒྱུར་རོ་ཞེས་གདགས་པ་ལས་བཤད་དོ། །མདོ་ལས་ནི་གསེར་གྱི་འཁོར་ལོ་ཅན་ཁོ་ན་གསུངས་སོ། །འཁོར་ལོས་བསྒྱུར་བ་དེ་དག་གླིང་བཞི་གཅིག་ཏུ་(གང་གིས་དབང་བྱེད་པའི་གླིང་དུ།) དུས་ལྷན་ཅིག་ཏུ་གཉིས་ལ་སོགས་པ་འབྱུང་བ་ནི་མིན་ཏེ། འགྲན་ཟླ་མེད་པའི་ལས་ཅན་ཡིན་པའི་ཕྱིར་དཔེར་ན་སངས་རྒྱས་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་དུས་གཅིག་ལ་མི་འབྱུང་བ་བཞིན་ནོ། །
འདི་ཡང་བྱེ་བྲག་ཏུ་སྨྲ་བ་དག་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་གཅིག་ལས་མི་འབྱུང་སྟེ། གང་དག་སངས་རྒྱས་གཅིག་གིས་འདུལ་བར་མི་ནུས་པའི་སེམས་ཅན་དེ་དག་ནི་གཞན་གྱིས་ཀྱང་འདུལ་བར་མི་འོས་པའི་ཕྱིར་ཏེ། །སངས་རྒྱས་རྣམས་མཁྱེན་པ་དང་ཐུགས་རྗེ་དང་མཐུ་ཐོགས་པ་དང་བཅས་པར་ཐལ་བའི་ཕྱིར་རོ། །ཁམས་མང་པོ་པའི་མདོ་ལས་ཀྱང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་འདི་ནི་གནས་མེད་ཀྱི་གཅིག་གང་ཡིན་པ་དེ་ནི་གནས་ཡོད་དོ། །དེ་བཞིན་གཤེགས་པ་དག་ཇི་ལྟ་བ་དེ་ལྟར་འཁོར་ལོས་བསྒྱུར་བ་དག་ཀྱང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེས་འདོད་དོ། །ཕལ་ཆེན་སྡེ་པ་ལ་སོགས་པ་གཞན་དག་ནི་མདོའི་དགོངས་པ་ནི་འཇིག་རྟེན་གྱི་ཁམས་གཅིག་གི་དབང་དུ་མཛད་ནས་གསུངས་པ་ཡིན་གྱི་མདོ་གཞན་ལས་ཤར་ལ་སོགས་པའི་འཇིག་རྟེན་ནའང་སངས་རྒྱས་དུ་མ་ཡོད་པར་གསུངས་པའི་ཕྱིར་རོ་ཞེས་འདོད་པ་ཉིད་རིགས་པ་ཡིན་ནོ། །འཁོར་ལོས་བསྒྱུར་བ་བཞི་པོ་དེ་དག་གིས་ཕྱོགས་ལས་རྒྱལ་བར་བྱེད་པའི་ཚུལ་ནི་གསེར་གྱི་འཁོར་ལོ་ཅན་ནི། (ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས།) ཕས་བསུ་བ་བྱེད་པ་དང་། དངུལ་གྱི་འཁོར་ལོ་ཅན་ནི་རང་འགྲོ་བ་དང་། ཟངས་ཀྱི་འཁོར་ལོ་ཅན་ནི་གཡུལ་བཤམས་པ་ཙམ་དང་། ལྕགས་ཀྱི་འཁོར་ལོ་ཅན་ནི་མཚོན་ཆ་བརྩམས་པ་ཙམ་(དེ་ཡང་དུས་མཉམ་དུ་སེམས་བསྐྱེད་ཅིང་ཚོགས་བསགས་པ་དག་ལ་ཁ་ཅིག་སངས་རྒྱལ་ཁ་ཅིག་ལ་གེགས་བྱེད་པ་སུ་ཡོད། དེས་ན་ཞིང་གཅིག་ཏུ་ལྷན་ཅིག་མི་འབྱུང་ཡང་གཞན་དུ་འབྱུང་ངོ་། །མདོ་དེ་ནི་ཞིང་གཅིག་ལ་དགོངས་པ་སྟེ། གཞན་དུ་ན་འཁོར་ལོས་བསྒྱུར་པའང་གཅིག་ལས་མི་འབྱུང་བར་མཚུངས་སོ་ཞེས་ཟེར་རོ། །དེ་ན་སྐྱེ་བའི་རྒྱུ་ནི་སྔར་མ་བཞེངས་པའི་སར་མཆོད་རྟེན་རྩིག་པ་དང་གླེགས་བམ་བཞེངས་པ་དང་ཆོས་འཁོར་བྱེད་པ་ལ་སོགས་པ་ཡིན་ནོ། །)གྱིས་ཕ་རོལ་པོས་འདུད་ཅིང་རྒྱལ་བར་བྱེད་ཀྱང་སེམས་ཅན་འགའི་ཡང་སྲོག་ལ་གནོད་པ་མེད་དེ། དེས་མི་དགེ་བ་བཅུ་སྤངས་པའི་ཕྱིར་རོ། །
དེ་བཞིན་དུ་འཁོར་ལོས་བསྒྱུར་བ་དེ་དག་ལ་ཡོ་བྱད་ཕུན་སུམ་ཚོགས་པ་རིན་པོ་ཆེ་གཞན་དྲུག་ཀྱང་ཡོད་དེ། གླང་པོ་དང་། རྟ་དང་། ནོར་བུ་དང་། བུད་མེད་དང་། ཁྱིམ་བདག་དང་། བློན་པོ་རིན་པོ་ཆེ་སྟེ་རྒྱལ་སྲིད་རིན་པོ་ཆེ་བདུན་དང་། དྲན་པ་ཉེར་གཞག་གི་མདོ་ལས། རལ་གྲི་དང་། པགས་པ་དང་། མལ་ཆ་དང་། ཚལ་དང་། ཁྱིམ་དང་། གོས་དང་། ལྷམ་ཉེ་བའི་རིན་པོ་ཆེ་བདུན་ཡང་འབྱུང་བར་གསུངས་ལ། ལུས་ཕུན་སུམ་ཚོགས་པ་སྐྱེས་བུ་ཆེན་པོའི་(མཛོད་སྤུ་དང་གཙུག་གཏོར་མ་གཏོགས་པ་)མཚན་སུམ་ཅུ་ཡང་ཡོད་དེ། འོན་ཀྱང་རིན་པོ་ཆེའི་ཕྲེང་བ་ལས། འཁོར་ལོས་བསྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་དང་། ཉི་མ་རྣམས་ཀྱིས་འོད་བྱེད་པ། །མེ་ཁྱེར་རྣམས་དང་བག་འདྲ་ལྟར། །སངས་རྒྱས་རྣམས་ཀྱི་མཚན་དང་ནི། །འཁོར་ལོས་བསྒྱུར་རྣམས་བག་ཙམ་འདྲ། །ཞེས་འབྱུང་བ་ལྟར་ཐུབ་པ་སངས་རྒྱས་ཀྱི་མཚན་སུམ་ཅུ་རྩ་གཉིས་ནི་ཤིན་ཏུ་ཡུལ་ན་གནས་པ་དང་གསལ་ལ་རྫོགས་པས་ཁྱད་པར་དུ་འཕགས་པ་ཡིན་ལ་འཁོར་ལོས་བསྒྱུར་བའི་ནི་དེ་ལྟ་མ་ཡིན་ནོ། །འཇིག་རྟེན་འགྲིབ་པའི་ཚུལ་ནི་འཇིག་རྟེན་འདི་འཆགས་ནས་རིང་པོ་མ་ལོན་པ་ན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་བབ་པས་ས་ཆེན་པོ་འདི་ཆུས་གང་བར་གྱུར་པ་རླུང་གིས་བསྡུས་ཤིང་འཐས་པར་བྱས་པས་སའི་སྟེང་དུ་སའི་རོའམ་བཅུད་ཁ་དོག་མར་གསར་འདྲ་བ་རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་དྲི་ཕུན་སུམ་ཚོགས་པ་ཆགས་པར་གྱུར་ཏོ། །དེ་ནས་སེམས་ཅན་ཚེ་དང་ལས་དང་བསོད་ནམས་ཟད་པ་དག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པར་གྱུར་ཏེ་དེ་དག་ལ་ནི་བསྐལ་པ་དང་པོ་པ་ཞེས་བྱའོ། །དེའི་ཚེ་ནི་ཉི་ཟླ་དང་རྒྱུ་སྐར་དང་དུས་ཚིགས་དང་ལོ་ཟླ་དང་ཉིན་མཚན་དང་སྐད་ཅིག་ཐང་ཅིག་ཡུད་ཙམ་དང་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ཐ་དད་དང་གཤང་གཅི་དང་ཁང་ཁྱིམ་དང་མིང་དང་རིགས་དང་མདོག་དབྱིབས་ཐ་དད་ཀྱང་མེད་དེ་གཞན་དུ་ན་སེམས་ཅན་སེམས་ཅན་ཞེས་བྱའོ། །ཡང་ཅི་བསྐལ་པ་དང་པོའི་མི་རྣམས་ཀྱང་རྒྱལ་པོ་དང་བཅས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྔར་བྱུང་བའི་སེམས་ཅན་བསྐལ་པ་དང་པོ་པའི་མི་རྣམས་ནི་གཟུགས་ཅན་གྱི་ལྷ་བཞིན་དུ་རྫུས་ཏེ་སྐྱེས་པ་དབང་པོ་ཚང་བ་མཛེས་པ་ཁ་དོག་བཟང་བ་ལུས་ལ་འོད་ཡོད་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་བསམ་གཏན་གྱི་དགའ་བ་ཟས་སུ་ཟ་བ་ཚེ་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །
དེ་ནས་རིམ་གྱིས་སེམས་ཅན་རོ་ལ་བརྐམ་ཞིང་ཆགས་པའི་རང་བཞིན་ཅན་ཞིག་གིས་སའི་རོ་འཛུབ་མོས་བླངས་ཏེ་བསྣམས་ཤིང་ཟོས་ལ་སེམས་ཅན་གཞན་གྱིས་ཀྱང་མཐོང་ནས་ཟོས་ཏེ་ཁམ་གྱི་ཟས་དེ་དག་ཟོས་པས་ལུས་ལྕི་ཞིང་རྩུབ་ལ་འོད་ཀྱང་འགགས་ཏེ་མུན་པར་གྱུར་པ་ན་ཆོས་ཉིད་ཀྱིས་ཉི་ཟླ་དང་རྒྱུ་སྐར་དང་དུས་ཚིགས་ལ་སོགས་པ་བྱུང་སྟེ་ཉི་མ་དང་ཟླ་བས་གླིང་བཞིར་སྣང་བའི་བྱ་བ་བྱས་སོ། །(དེའི་ཚེ་ཤར་ཕྱོགས་ནས་ཉི་མ་ཤར་བ་ན་སེམས་ཅན་དེ་དག་འདི་སྐད་དུ་ལྷའི་འོད་དེ་ཉིད་འདི་རེ་ཞེས་པས་ཉིན་མོ་བྱུང་ངོ་། །དེ་ནུབ་པ་ན་ལྷའི་འོད་དེ་དམར་པོར་གྱུར་པ་འདི་རེ་ཞེས་པ་ལ་མཚན་མོ་བྱུང་ངོ་། །དེ་ནས་ཟླ་བ་ཤར་བ་མཐོང་སྟེ་མུན་པ་བཀྲ་བར་བྱེད་དོ། །ཞེས་པས་ཟླ་བ་ཞེས་ཆགས་སོ། །ཡང་ཉི་མ་ཤར་བ་ན་ལྷའི་འོད་དེ་ཉིད་འཁོར་བ་འདི་རེ་ཞེས་བརྗོད་པས་ཉི་མ་ཞེས་ཆགས་སོ། །)དེ་ནས་གང་ཁ་ཟས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་ཞིང་ལུས་ལྕི་ལ་གང་ཉུང་ངུ་ཟ་ན་དེ་ནི་ཁ་དོག་བཟང་བས་ཁ་དོག་སྣ་ཚོགས་ཀྱང་བྱུང་ཞིང་ཁ་དོག་བཟང་བའི་ང་རྒྱལ་ཅན་དག་གིས་ངན་པ་རྣམས་ལ་བརྙས་པ་དང་མི་དགེ་བ་སྤྱད་པས་སའི་རོ་དེ་ནུབ་པར་འགྱུར་ཏོ། །དེ་ནས་སའི་རོའམ་བཅུད་ཟད་ནས་མྱ་ངན་བྱས་པ་དང་སའི་ཞག་དྲི་རོ་སྔ་མ་དང་འདྲ་བ་ཁ་དོག་དོང་ཀའི་མེ་ཏོག་ལྟ་བུ་བྱུང་བ་ཟོས་བས་དེ་ཡང་སྔ་མ་ལྟར་ནུབ་བོ། །དེ་ཟད་པ་ན་མྱུ་གུའི་ཚལ་དྲི་རོ་སྔར་དང་འདྲ་བ་ཁ་དོག་ཀ་དམ་ཡུ་ཀའི་མེ་ཏོག་ལྟ་བུ་ཞིག་བྱུང་བ་ཟོས་སོ། །སའི་བཅུད་དང་ཞག་དང་མྱུ་གུའི་ཚལ་རྣམས་ནི་རིམ་པ་ལྟར་སོར་བཅུ་དྲུག་དང་བཅུ་གཉིས་དང་བརྒྱད་ཡིན་པར་གཞན་དག་འཆད་དོ། །སྔ་མ་ལྟར་དེ་ཡང་ཟད་པ་ན་མ་རྨོས་མ་བཏབ་པའི་འབྲས་ས་ལུ་སོར་བཞི་ཙམ་པ་ནང་བརྔས་ན་ནུབ་སྐྱེ་ནུབ་བརྔས་ན་ནད་སྐྱེ་བ་ཕུབ་ཤུན་མེད་པ་བྱུང་བ་ཟོས་སོ། །དེ་ནི་ཁམ་གྱི་ཟས་ཆེས་རགས་ཤིང་རྩུབ་པ་ཡིིན་པས་མི་གཙང་བ་འབྱུང་བའི་ལམ་ཕོ་མོའི་དབང་པོ་དང་དབྱིབས་ཐ་དད་པ་དག་ཀྱང་བྱུང་བར་གྱུར་ཏོ། །དེ་ནས་དེ་དག་ཕན་ཚུན་དུ་བལྟས་པ་ན་སྔོན་གོམས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འདོད་ཆགས་སྐྱེས་ཏེ་ལོག་པར་ཞུགས་པ་ན་གཞན་དག་གིས་(བླུན་པ་བྱ་བ་མ་ཡིན་པ་བྱེད་པ་སེམས་ཅན་སུན་འབྱིན་པ་ཞེས་བརྗོད་ཅིང་།) ས་རྡུལ་ལ་སོགས་པ་གཏོར་ཞིང་སྨད་པས་དེའི་ཆེད་དུ་ཁང་(བྱ་བ་མིན་པ་དེ་བྱ་བའི་ཕྱིར།) ཁྱིམ་དག་བྱས་སོ། །མ་རྨོས་མ་བཏབ་པའི་འབྲས་ས་ལུ་དེ་དག་ཀྱང་ནམ་འདོད་པ་ན་ལེན་པ་ན་ལེ་ལོ་ཅན་རྣམས་ཀྱིས་(ནང་བར་ཟ་རྒྱུ་ནུབ་མོ་བསླངས་ནས་གཞན་ཡང་དེ་ལ་འགྲན་ནས།) གསོག་འཇོག་བྱུས་པ་ན་ཕུབ་ཤུན་ཀྱང་བྱུང་ལ་དེ་བརྔས་པའི་ཤུལ་དུ་ཡང་མི་སྐྱེ་བས་དེ་ནས་ནི་སེམས་ཅན་དེ་དག་མ་མཐུན་པར་སོ་སོར་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ཀྱིས་ཞིང་བགོས་ཏེ་གནས་པ་ནི་ཕན་ཚུན་(དུ་ལན་གསུམ་དུ་)རྐུ་འཕྲོག་ཏུ་གྱུར་པ་ན་(དེ་ལ་བརྩད་པར་གྱུར་ཏེ་ཚར་བཅད་པའི་ཕྱིར་ཚོགས་ནས་བཅོས་ཤིང་།) དེ་དགག་པའི་ཕྱིར་སྐྱེ་བོ་རང་བཞིན་བཟང་པོ་ཞིག་ཞིང་དཔོན་དུ་བསྟབས་ཤིང་བསྐོས་ནས་ལོ་ཐོག་གི་དྲུག་ཆ་སྟེར་བ་བྱས་པ་ནི་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཆོས་དང་ཚུལ་ཁྲིམས་ཀྱི་ཀུན་སྤྱོད་དང་ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་པས་འཁོར་མགུ་བར་བྱེད་པས་རྒྱལ་པོ་དང་། ཞིང་རྣམས་ཀྱི་བདག་པོར་གྱུར་ཅིང་ཕོངས་པ་ལས་སྐྱོབ་པས་ན་རྒྱལ་རིགས་ཞེས་བྱ་སྟེ་རྒྱལ་པོ་རྣམས་ཀྱི་དང་པོ་ནི་དེ་ཡིན་ལ། (དེ་ནི་བདག་ཅག་གི་སྟོན་པ་ཡིན་ནོ། །)དེའི་ཁྱིམ་ལའང་རྒྱལ་པོའི་ཁབ་ཅེས་བྱའོ། །དེའི་ཚེ་གང་དག་འདོད་པ་ཆུང་ཞིང་ཁྱིམ་ལས་ཡིད་ཕྱིར་ཕྱོགས་ཏེ་དགོན་པ་དང་ནགས་སུ་གནས་པ་དེ་དག་ལ་ནི་བྲམ་ཟེ་དང་། རྐུ་བ་ལ་སོགས་པ་མི་བྱེད་པ་ལ་རྗེའུའི་རིགས་དང་། བྱེད་པ་ལ་དམང་རིགས་དང་གདོལ་པའི་རིགས་ཞེས་བྱ་བའི་མིང་དུ་གྱུར་ཏེ་རིགས་ཐ་དད་ཀྱང་བྱུང་ངོ་། །
མང་པོས་བཀུར་བའི་བུ་འོད་མཛེས་དང་། དེའི་བུ་དགེ་བ་དང་། དེའི་བུ་དགེ་མཆོག་དང་། དེའི་བུ་གསོ་སྦྱོང་འཕགས་ཏེ། དེ་དག་ལ་ནི་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཞེས་ཟེར་རོ། །དེའི་རྗེས་ལ་ང་ལས་ནུ་དང་མཛེས་པ་དང་ཉེ་མཛེས་དང་མཛེས་ཅན་དང་མཛེས་ལྡན་རྣམས་ནི་འཁོར་ལོས་བསྒྱུར་བ་ལྔ་ཞེས་ཟེར་རོ། །དེ་དག་ལས་རྒྱལ་པོའི་བརྒྱུད་པ་ཇི་ལྟར་བྱུང་བའི་ཚུལ་ནི་གདགས་པ་དང་། ལུང་གཞི་དང་། མངོན་པར་འབྱུང་བའི་མདོ་དག་ཏུ་བལྟ་བར་བྱའོ། །(དེའི་བུ་འོད་མཛེས་ཏེ། དེའི་ཚེ་སེམས་ཅན་རྣམས་ཀྱི་མིང་ཆ་སྟོད་ཅེས་བྱའོ། །དེའི་བུ་དགེ་བ་སྟེ། དེའི་ཚེ་མི་རྣམས་ཀྱི་མིང་ཏིལ་སྐྱེས་ཞེས་བྱའོ། །དེའི་བུ་དགེ་མཆོག་སྟེ། དེའི་མི་རྣམས་ཀྱི་མིང་སྤྲིན་མགྲིན་ཞེས་བྱའོ། །དེའི་བུ་གསོ་སྦྱོང་འཕགས་ཏེ། དེའི་ཚེ་མི་རྣམས་ཀྱི་མིང་ཏ་ལའི་རྗེ་ངར་ཞེས་བྱའོ། །དེ་དག་ནི་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཡིན་ནོ། །གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་སྐྱེས་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ང་ལས་ནུ་སྟེ་གླིང་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ཕྱེད་ལ་དབང་བྱས་སོ། །དེའི་མི་རྣམས་ཀྱི་མིང་སྤྱོད་པ་ཅན་དང་། སེམས་པ་ཅན་དང་། ཉེར་རྟོགས་པ་ཅན་དང་། ཤེད་ལས་སྐྱེས་པ་ཞེས་པ་བཞི་བཤད་དེ། མིང་གི་རྣམ་གྲངས་ཐ་དད་འདི་ནས་བྱུང་བར་གསལ་ལོ། །དེའི་བརླ་གཡས་ལས་སྐྱེས་པ་མཛེས་པ་སྟེ་གླིང་གསུམ་ལ་དབང་ངོ་། །དེའི་བརླ་གཡོན་ལས་སྐྱེས་པ་ཉེ་མཛེས་ཏེ་གླིང་གཉིས་ལ་དབང་ངོ་། །དེའི་ཕོལ་ལས་སྐྱེས་པ་མཛེས་ཅན་ཏེ། གླིང་གཅིག་ལ་དབང་བྱས་སོ། །དེའི་རྐང་མཐིལ་ལས་སྐྱེས་པ་མཛེས་ལྡན་ཏེ། གླིང་གཅིག་ལ་དབང་ངོ་། །འདི་མན་ཆད་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ནི་གླིང་གཅིག་ལ་དབང་བ་ཤ་སྟག་ཏུ་བཤད་ཅིང་མཐར་སྒྲ་གཅན་ཟིན་གྱིས་མང་པོས་བཀུར་བའི་རྒྱལ་བརྒྱུད་མཐར་ཐུག་པར་བཤད་དོ། །ཁམས་ཀྱི་རྒྱལ་ཕྲན་ནི་མ་ག་ངྷའི་གཟུགས་ཅན་སྙིང་པོ། ཀོ་ས་ལའི་གསལ་རྒྱལ། བད་ས་ལའི་འཆར་བྱེད། འཕགས་རྒྱལ་གྱི་རབ་སྣང་ལ་སོགས་པའོ། །)གང་གི་ཚེ་མང་པོས་བཀུར་བ་ལ་སོགས་པ་རྒྱལ་པོར་བསྐོས་པ་དེའི་ཚེ་སེམས་ཅན་གཅིག་ལ་གཅིག་ལོག་པར་སྤྱོད་པའི་འདོད་ལོག་དང་མ་བྱིན་པར་ལེན་པ་དང་སྲོག་གཅོད་པ་དང་རྫུན་དུ་སྨྲ་བ་ལ་སོགས་པ་མི་དགེ་བ་དུ་མ་བྱས་སོ། །དེ་ནས་(མི་དགེ་བའི་)ལས་ཀྱི་ལམ་དེ་དག་ལྷག་པར་སྤྱད་པས་ཚེ་དང་གཟུགས་དང་ལོངས་སྤྱོད་རྣམས་འགྲིབས་ཏེ་ཚེ་ཤིན་ཏུ་ཐུང་བས་ལོ་ནི་(རིང་ཤོས་ཀྱང་།) བཅུ་པའི་བར་དུ་མར་འགྲིབ་པ་(ཡིན་པས་དེས་ན་ཕུང་ཀྲོལ་གྱི་རྩ་བ་རོ་ལ་ཆགས་པ་དང་ལེ་ལོ་)ཡིན་ནོ། །(དེའི་ཚེ་ན་བུ་མོ་ནི་ལོ་ལྔ་ནས་བག་མར་གཏོང་ངོ་། །གོས་ཀྱི་མཆོག་སྐྲའི་ལ་བ། ཟས་ཀྱི་མཆོག་ཀོ་ཏྲ་པ། རྒྱན་གྱི་མཆོག་མཚོན་ཆ། རོ་ཁ་བ་མིན་པ་ལྔ་ནུབ་བོ། །མར་ཏིལ་མར་སྦྲང་རྩི་བུ་རམ་ལན་ཚཱ་ལྔ་ཡང་ནུབ་བོ། །མཚོན་གྱི་དུས་སུ་བསམ་པ་རྩུབ་པ་མཐོང་ཚད་ལ་སྡང་བའི་གནོད་སེམས་དྲག་པོ། མཚོན་ཆ་རྩུབ་པ་ཅི་བསླངས་མཚོན་དུ་གྱུར་ཏེ། རྔོན་པས་རི་དྭགས་མཐོང་བ་བཞིན། གཅིག་གིས་གཅིག་གསོད་པ་ཞག་བདུན་འབྱུང་ལ་དེས་ཤི་བ་ཐམས་ཅད་དམྱལ་བར་སྐྱེའོ། །མ་ཤི་བ་ཁ་ཅིག་འདུས་ནས་སྲོག་གཅོད་སྤངས་པས། ཚེ་དང་ཁ་དོག་དང་སྟོབས་དང་བདེ་བ་དང་ལོངས་སྤྱོད་འཕེལ་ཏེ་དེ་དག་གི་བུ་བུ་མོ་རྣམས་ཀྱིས་ལོ་ཉི་ཤུ་ཐུབ་བོ། །དེ་བཞིན་དུ་མི་དགེ་བཅུ་སྤངས་པས་བརྒྱད་ཁྲི་བར་འགྱུར་རོ། །དེ་ནས་ཡང་མི་དགེ་བ་སྤྱད་པས་བཅུ་པར་གྱུར་བ་ན་མི་མ་ཡིན་རྣམས་འཁྲུགས་ནས་ནད་གསོར་མི་རུང་བ་ཟླ་བ་བདུན་བཏང་བས་ཕལ་ཆེར་འཆི་སྟེ་དེས་ཤི་བ་རྣམས་ཀྱང་དམྱལ་བར་སྐྱེའོ། །དེའི་ལྷག་མ་ཚོགས་ན་འབྲིང་དུ་སྐྱེས་ནས་མི་དགེ་བཅུ་སྤངས་པས་བརྒྱད་ཁྲིར་འཕེལ་ལ། དེ་ལས་ཡང་འགྲིབས་ནས་ལྷས་ཆར་མ་ཕབ་པས་མུ་གེ་ལོ་བདུན། ཟླ་བདུན། ཞག་བདུན་འབྱུང་བས་ཕལ་ཆེར་འཆི་ལ། ལྷག་མ་ལུས་ནས་ཆེར་སྐྱེ་བས་དེ་ཆད་ནས་བརྒྱད་ཁྲིར་འཕེལ་ལོ། །དེས་ཤི་བ་རྣམས་ཡི་དྭགས་སུ་སྐྱེ་བར་བཤད་དོ། །)དེའི་ཚེ་བར་གྱི་བསྐལ་པ་དེ་མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། མུ་གེའི་བསྐལ་པ་དག་གིས་ཚར་ཕྱིན་པར་གྱུར་ཏོ། །དེ་ལ་མུ་གེ་ནི་(འབྲུ་གབ་ཙེར་ཀུང་བ་)གབ་ཙེ་དང་། (རུས་པ་སྣུམ་དང་བྲལ་བ།) རུས་གོང་དཀར་པོ་དང་། (འབྲུ་རེ་ཙམ་གྱི་)ཐུར་མས་འཚོ་བ་ཞེས་བྱ་བ་གསུམ་ཡིན་ནོ། །མཚོན་ལ་སོགས་པའི་བསྐལ་པ་དེ་དག་ནི་ཞག་བདུན་པོ་རྣམས་དང་། ཟླ་བ་བདུན་དང་ཞག་བདུན་དང་། ལོ་བདུན་དང་ཟླ་བ་བདུན་དང་ཞག་བདུན་དག་ཏུ་མཚོན་ཆས་གསོད་པ་དང་ནད་དང་མུ་གེ་གསུམ་དང་གོ་རིམ་བཞིན་དུ་སྦྱར་རོ། །བར་བསྐལ་དེ་དག་ལས་ཐར་པའི་རྒྱུ་ནི་ཉིན་རེ་ཙམ་སྲོག་གཅོད་སྤོང་བ་དང་དགེ་འདུན་ལ་སྨན་དང་ཞལ་ཟས་འབུལ་བ་རྣམས་ཡིན་ཏེ། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ། །གསུམ་པོ་གང་ཞེ་ན། མཚོན་གྱི་བར་གྱི་བསྐལ་པ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པའོ། །ཀུན་དགའ་བོ་དེ་ལ་གང་གིས་ཉི་མ་གཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཨ་རུ་ར་གཅིག་ཙམ་ཡང་དགེ་འདུན་ལ་འབུལ་བར་བྱེད་ན་དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཟས་ནལ་ཟེ་གང་ཙམ་དགེ་འདུན་ལ་ཕུལ་ན་དེ་མུ་གེའི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །(ས་ལས་སུམ་ཅུ་པ་ལ་མུ་གེ་དང་། ཉི་ཤུ་པ་ལ་ནད་དང་། བཅུ་པ་ལ་མཚོན་འབྱུང་བར་བཤད་དོ། །དེ་དག་གི་དུས་སུ་གླིང་གཉིས་སུ་གནོད་སེམས་ལྷག་པ་དང་། ཁ་དོག་ངན་པ་དང་། ཉམས་ཆུང་བ་དང་། བཀྲེས་པ་དང་། སྐོམ་པ་ཙམ་དུ་འགྱུར་པ། བྱང་ན་ནི་ཅུང་ཟད་ཀྱང་མི་འབྱུང་ངོ་། །སྣོད་རགས་པ་ཆགས་པའི་ས་བོན་ནི་འཇིག་པའི་རྩེ་མོའི་རླུང་གི་དཀྱིལ་འཁོར་ལས་བྱུང་ངོ་ཡང་ན་རླུང་གི་འཇིག་རྟེན་གཞན་ནས་ཁྱེར་ནས་འོངས་བ་ལས་འབྱུང་ངོ་ཞེས་སོ། །)
འཇིག་པའི་ངེས་པ་བཤད་པ་ནི་མེ་དང་ཆུ་དང་རླུང་དག་གིས་སྣོད་འཇིག་པ་དག་ནི་ཡང་གསུམ་ཡིན་ཏེ། འདི་ལྟར་མེས་འཇིག་པ་ནི་ཉི་མ་བདུན་གྱིས་འཇིག་སྟེ། གང་གི་ཚེ་བར་བསྐལ་བཅུ་དགུར་སེམས་ཅན་གྱི་འཇིག་རྟེན་ཞིག་སྟེ་བསམ་གཏན་དང་པོ་མན་ཆད་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་དེའི་ཚེ་ནམ་མཁའ་ལ་སྤྲིན་མེད་ཅིང་ཉི་མ་འདི་ཉིད་བཞི་འགྱུར་གྱིས་ཚ་བར་གྱུར་པས་ནི་ཆུ་ལས་གྱུར་པའི་རྩ་ཤིང་དང་ནགས་ཚལ་རྣམས་སྐེམ་པར་བྱེད་དོ། །དེ་བཞིན་དུ་གཉིས་པས་ནི་ཆུ་ཕྲན་དང་ལྟེང་ཀ་ཆེ་ཆུང་རྣམས་དང་། གསུམ་པས་ནི་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་ནི་མཚོ་ཆེན་པོ་མ་དྲོས་པ་དང་། ལྔ་པས་ནི་ཕྱིའི་རྒྱ་མཚོའང་སྐེམ་པར་བྱེད་དོ། །དྲུག་པས་ནི་ས་ཆེན་པོ་དང་མཆོག་ཏུ་སྲ་བའི་རི་རབ་ལའང་དུ་བ་འཐུལ་བར་བྱེད་དོ། །བདུན་པས་ནི་ཐམས་ཅད་མེ་ལྕེ་གཅིག་ཏུ་འབར་ཏེ་མེ་དེ་ཡང་རང་ཞི་བར་འགྱུར་རོ། །ཆུས་འཇིག་པ་ནི་འོད་གསལ་གྱི་གནས་སུ་སྤྲིན་འཁྲིགས་པ་ལས་ཆར་ཆེན་པོ་བབས་ནས་ལན་ཚྭ་ཆུའི་ནང་དུ་ཞུ་བ་ལྟར་འགྱུར་རོ། །རླུང་གིས་འཇིག་པ་ནི་ལས་ཀྱི་རླུང་གིས་རི་རབ་ཀྱང་གཏོར་ཡང་དུ་བྱེད་ན་གཞན་རྣམས་ལྟ་ཅི་སྨོས་པའི་རླུང་གིས་འཇིག་པར་བྱེད་དོ། །ཁ་ཅིག་ན་རེ་རླུང་གིས་སྐེམ་པར་བྱེད་པ་ཡིན་ཏེ་མི་རླུང་ནད་ཅན་སྐམ་པ་བཞིན་ནོ་ཞེས་ཟེར་རོ། །
དེ་དག་གིས་གང་འཇིག་ཅེ་ན། མེ་དང་ཆུ་དང་རླུང་གསུམ་གྱིས་འཇིག་པ་ན་རིམ་པ་ལྟར་བསམ་གཏན་དང་པོ་གཉིས་པ་གསུམ་པ་མན་ཆད་འཇིག་གོ། དེའི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་བསམ་གཏན་གསུམ་པ་དང་བཞི་པ་གསུམ་པོ་ནི་མེ་དང་ཆུ་དང་རླུང་གིས་འཇིག་པ་དེ་དག་གི་མ་ཞིག་པར་ལུས་པའི་རྩེ་མོ་ཡིན་པར་གོ་རིམ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། (སྐྱེ་བའི་)བསམ་གཏན་གསུམ་པོ་དེའི་ནང་གི་སྐྱོན་རིམ་པ་ལྟར་རྟོག་དཔྱོད་དང་དགའ་བ་དང་དབུགས་འབྱུང་རྔུབ་མེ་ཆུ་རླུང་གསུམ་དང་ཆོས་མཐུན་པའི་ཕྱིར་རོ། །བསམ་གཏན་བཞི་པ་ན་ནི་(སྣོད་ལ་)ཕྱི་རོལ་གྱི་འཇིག་པའི་རྒྱུ་མེད་དེ། གནས་བརྒྱད་པར་འཆད་པའི་སྐྱོན་བརྒྱད་ཀྱིས་མི་གཡོ་བའི་ཕྱིར་རོ། །འོ་ན་བཞི་པའི་སྣོད་དེ་དག་རྟག་པར་འགྱུར་རོ་ཞེ་ན། དེ་དག་ནི་མི་རྟག་སྟེ་བཞི་པ་(འདི་ཡན་ཆད་ན་རླུང་ལ་སོགས་པ་འོག་གཞི་གཅིག་ཏུ་འབྲེལ་བ་ནི་མེད་ལ། དེའི་གཞལ་མེད་ཁང་ནི་སེམས་ཅན་དང་བཅས་ཏེ་འབྱུང་བ་དང་འཇིག་པའི་ཕྱིར་རོ། །གོ་རིམ་ནི་མེ་ཡིས་ལན་བདུན་བཏུད་དེ་འཇིག་པ་ཡིན་ནོ། །དེའི་འོག་ཏུ་གཅིག་གནས་གཙང་མ་རྣམས་ཀྱི་མཐུ་ཡིན་ཏེ། དེ་དག་ནི་ལྷག་མཐོང་སྤྱོད་པས་གཟུགས་མེད་དུ་འཇུག་མི་ནུས་ལ། གཞན་དུ་ཡང་མི་འགྲོ་སྟེ། ཕྱིར་མི་འོང་རྣམས་ཁྱད་པར་དུ་འགྲོ་བའི་ཕྱིར་རོ་ཞེས་ཟེར་རོ། །)ཆུ་ཡིས་འཇིག་པ་ལན་ཅིག་ཡིན་ནོ། །
དེ་ནས་མེ་བདུན་བདུན་བཏུད་དེ་འཇིག་པའི་འོག་ཏུ་ཆུས་འཇིག་པ་རེ་རེ་སྟེ་དེ་ལྟར་ཆུས་འཇིག་པ་ལན་བདུན་ཐལ་ནས་ཀྱང་ཡང་མེ་ཡིས་ལེན་བདུན་འཇིག་པ་ཡིན་ནོ། །མེས་བདུན་ཞིག་པའི་རྗེས་དེ་ནས་ནི་དེའི་མཇུག་ཏུ་རླུང་གིས་འཇིག་པ་ཡིན་ཏེ། (དེ་ལྟ་ན་གདགས་པ་ལས་དགེ་རྒྱས་པ་རྣམས་ཀྱི་ཚེ་ཚད་བསྐལ་ཆེན་དྲུག་ཅུ་རེ་བཞི་ཡིན་ནོ་ཞེས་པ་ཡང་ལེགས་པར་དྲངས་པ་ཡིན་ནོ་ཞེས་སོ། །འདིར་ཚངས་ཆེན་གྱི་ཚེ་ཚད་བར་བསྐལ་དྲུག་ཅུར་བཤད་ཀྱང་སྣོད་འཆགས་འཇིག་གི་བར་བསྐལ་གཉིས་ཀྱིས་མ་ཚང་ངོ་། །གལ་ཏེ་སྣོད་འཆགས་མ་ཐག་སྐྱེས་ལ། འཇིག་ཁར་འཆི་འཕོ་བས་ཚང་ངོ་ཞེ་ན། དེ་ལྟ་ན་སྣོད་འཆགས་འཇིག་ལ་བར་བསྐལ་རེ་རེ་དང་། སེམས་ཅན་འཆགས་འཇིག་ལ་བར་བསྐལ་བཅུ་དགུ་བཅུ་དགུ་བཤད་པ་དང་འགལ་ལོ། །དེ་བཞིན་དུ་འོད་གསལ་བའི་ཚེ་ཚད་བསྐལ་ཆེན་བརྒྱད་དུ་བཤད་པའང་བར་བསྐལ་ཉི་ཤུ་རྩ་གཉིས་ཀྱིས་མ་ཐེམ་ལ། དགེ་རྒྱས་པའི་དྲུག་ཅུ་རེ་བརྒྱད་བཤད་པའང་དེ་དང་འདྲ་མོད་ཀྱི། འོན་ཀྱང་དེ་དང་ཉེ་བས་དེ་སྐད་བཤད་དོ། །གལ་ཏེ་ཆུས་འཇིག་པ་ནི་དུས་རིང་པོ་ན་འབྱུང་ལ། རླུང་གིས་འཇིག་པ་དེ་བས་ཀྱང་རིང་བ་ན་འབྱུང་ཞེ་ན། རྒྱུ་སྙོམས་འཇུག་གི་ཁྱད་པར་ལས་ཏེ། དང་པོ་བས་གཉིས་པ་སྙོམས་འཇུག་ཁྱད་པར་འཕགས་ལ། གཉིས་པ་ལས་གསུམ་པ་ཁྱད་པར་དུ་འཕགས་པས་ལུས་གནས་པའང་ཡུན་རིང་ལ་སྣོད་ཀྱང་དེ་དག་གི་ཚེ་དང་མཐུན་པར་གནས་པའི་ཕྱིར་རོ། །)དེ་ལྟར་ན་བསམ་གཏན་དང་པོ་མན་ཆད་ནི་འཆགས་པ་དང་གནས་པ་དང་འཇིག་པ་དང་སྟོངས་པ་ཐམས་ཅད་བསྡོམས་པ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བྱེད་ཅིང་། བསམ་གཏན་གཉིས་པ་ནི་བསྐལ་པ་ཆེན་པོ་བརྒྱད་ན་འཇིག་ལ། བསམ་གཏན་གསུམ་པ་ནི་བསྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞི་ན་འཇིག་གོ་ཞེས་བྱ་བ་ཡིན་ནོ། །
ཁམས་གསུམ་འགྲོ་ལྔ་སྐྱེ་གནས་རྟེན་འབྲེལ་དང་། །སྲིད་ཞི་ཟས་དང་སྣོད་བཅུད་ཚད་རྣམས་དང་། །འཇལ་བྱེད་བསྐལ་པའི་རྣམ་དབྱེ་ལ་སོགས་པ། །རྟོགས་པར་འདོད་པས་གནས་འདི་མཉན་པར་གྱིས། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའི་བཤད་པའོ།། །།
གནས་བཞི་པ། ལས་བསྟན་པ།
༈ ད་ནི་ལས་བསྟན་པ་འཆད་པ་ན་འོ་ན་(སྡུག་བདེན་གྱིས་བསྡུས་པའི་)སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་བཤད་པ་གང་ཡིན་པ་དེ་དག་སུས་བྱས་ཤེ་ན། དབང་ཕྱུག་ལ་སོགས་པ་སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་མ་ཡིན་གྱི་འོན་ཀྱང་སེམས་ཅན་རྣམས་ཀྱི་ལས་དགེ་མི་དགེ་སྣ་ཚོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་བདེ་སྡུག་དང་བཟང་ངན་ལ་སོགས་པ་སྣ་ཚོགས་སྐྱེས་ཞེས་བྱ་བས་མཚམས་སྦྱར་ནས། ལས་དངོས་སྟོན་པ་ལ་ལས་ཀྱི་རང་བཞིན་དང་། མདོ་ལས་གསུངས་པའི་ལས་རྒྱས་པར་བཤད་པ་གཉིས་ལས།
དང་པོ་ལས་ཀྱི་རང་བཞིན་བཤད་པ།
དང་པོ་ལའང་མདོར་བསྟན་པ་ནི་འོ་ན་དེ་ལྟ་བུའི་འཇིག་རྟེན་སྐྱེད་བྱེད་ཀྱི་ལས་དེ་ཡང་གང་ཞེ་ན། སྨྲས་པ། (ཐུན་མོང་དང་སོ་སོའི།) ལས་དེ་ནི་སེམས་པའི་ལས་དང་སེམས་པ་དེས་བྱས་པ་(སྟེ་དེས་ཀུན་ནས་བསླང་བ།) བསམ་པའི་ལས་གཉིས་ལས་སེམས་པའི་ལས་ནི་ཡིད་ཤེས་དང་མཚུངས་ལྡན་(ཡིད་ཡུལ་ལ་གཡོ་བར་བྱེད་པ།) ལུས་ངག་གི་ལས་མངོན་པར་འདུ་བྱེད་པའི་སེམས་བྱུང་ཡིན་པའི་ཕྱིར། ཡིད་ཀྱི་ལས་ཡིན་ནོ། །ཡིད་ནི་འདིར་སྐྱེ་མཆེད་ཀྱི་ཡིད་ཡིན་ནོ། །(ཡིད་ཀྱང་རིག་བྱེད་མིན་པར་འགྱུར་རོ་ཞེ་ན། རིག་བྱེད་མིན་པ་ནི་རྟེན་འབྱུང་བ་ལ་ལྟོས་ལ་ཡིད་ལ་མི་ལྟོས་སོ། །ལས་ཀྱང་རྐྱེན་ལ་ལྟོས་པར་སྨྲ་བས་ཁོ་ན་རྒྱུར་སྨྲ་བའི་ལྟ་བར་མི་འགྱུར་དེ་ཡང་རྣམ་སྨིན་ཁོ་ན་མིན་གྱི་སྐྱེས་བུ་བྱེད་འབྲས་གཙོ་ཆེའོ། །འཇིག་རྟེན་གཉིས་པོ་དེ་ཡང་ཡུལ་དང་ལུས་ལ་ཆགས་པས་འགྲུབ་བོ། །)སེམས་པ་དེས་བསྐྱེད་པའི་(བསམ་པའི་)ལས་ནི་ལུས་ཀྱི་ལས་དང་ངག་གི་ལས་ཏེ། དེ་དག་ནི་སེམས་པས་ཀུན་ནས་བསླང་པའི་ཕྱིར་རོ། །ཡང་ལུས་ཀྱི་ལས་ནི་ལུས་ལ་བརྟེན་པས་དེའི་ལས་དང་། ངག་ནི་ངག་གི་རང་བཞིན་ཉིད་ལས་དང་། ཡིད་ཀྱི་ལས་ནི་ཡིད་ཀྱིས་ཀུན་ནས་བསླངས་པའི་ཕྱིར་ལས་སུ་འདོད་དོ། །ལུས་ངག་གི་ལས་དེ་དག་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་གཉིས་ཡིན་ནོ། །
རྒྱས་པར་བཤད་པ་ལ་རིག་བྱེད་དང་། རིག་བྱེད་མ་ཡིན་པ་དང་། དེ་དག་གི་ཁྱད་པར་བཤད་པ་གསུམ་ལས་དང་པོ་ལ་ལུས་ཀྱི་རིག་བྱེད་དང་ངག་གི་རིག་བྱེད་གཉིས་ལས་ལུས་ཀྱི་རྣམ་པར་རིག་བྱེད་ནི་བྱེ་བྲག་ཏུ་སྨྲ་བ་འགྲོ་བ་དང་ཕྱག་འཚལ་བ་དང་སྲོག་གཅོད་པ་ལ་སོགས་པ་རྣམ་སྨིན་གྱི་ལུས་(དང་རྒྱས་བྱུང་གི་ལུས་)ལས་ཐ་དད་པའི་(ལུས་དེ་ལྟ་བུའི་)དབྱིབས་སུ་(རྫས་གྲུབ་ཏུ་)འདོད་དེ། འདི་ལྟར་རྣམ་སྨིན་གྱི་ལུས་ཉིད་ཡིན་ན་ནི་རིག་བྱེད་དགེ་མི་དགེ་མི་སྲིད་པར་འགྱུར་ཏེ། དེ་ནི་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱག་འཚལ་བ་ལ་སོགས་པའི་ཚེ་ལུས་ཀྱི་རིག་བྱེད་དབྱིབས་སུ་གྲུབ་པ་ཞིག་སྤྱི་བོའི་གཙུག་ནས་རྐང་པའི་བར་དུ་ཡོད་ལ་དེ་ནི་རིག་བྱེད་འོད་ལྟར་དང་བའི་ཕྱིར་དང་། རྣམ་སྨིན་གྱི་ལུས་ཀྱི་གསེབ་ཏུ་ཚུད་པའི་ཕྱིར་ཆེ་བར་ཡང་མི་འགྱུར་ལྕི་བར་ཡང་མི་འགྱུར་ཞེས་འདོད་དེ་ནགས་ལ་མེ་ཞུགས་པ་བཞིན་ནོ་ཞེས་ཟེར་རོ། །(འོ་ན་རྣམ་སྨིན་གྱི་ལུས་ལས་རྫས་ཐ་དད་ཅིང་དེ་དང་མཉམ་པའི་རིག་བྱེད་ཀྱི་ལུས་དབྱིབས་སུ་སྐྱེ་ན་རྣམ་སྨིན་གྱི་ལུས་སྔར་བས་ཆེ་བར་འགྱུར་རོ། །རྣམ་སྨིན་གྱི་ལུས་གསེབ་དང་བཅས་པ་དེ་ལ་ཐད་ཀ་ཐད་ཀར་ཐིམ་པས་སོ་ཞེ་ན། འོ་ན་རྣམ་སྨིན་གྱི་ལུས་སྔར་བས་འཁྲེགས་ཤིང་ལྕིར་སོང་བར་ཐལ་ལོ་ཞེ་ན། རིག་བྱེད་ཀྱི་ལུས་འོད་ལྟར་དང་བས་མི་འགྱུར་ཞེས་སོ་མཚན་ཉིད་ནི་དེ་ལ་དམིགས་པའི་སེམས་པས་ཀུན་ནས་བསླང་བའི་དབྱིབས་སོ། །དེ་སྨྲ་བ་ན་མཆུ་འགུལ་བ་དང་། འགྲོ་བ་ན་ཡན་ལག་གཡོ་བ། སྟོན་པའི་མཆུ་བིམ་པ་ལྟར་དམར་བ་སོགས་བསལ་ཏེ། རིམ་པ་ལྟར་མཆུ་ལག་འགུལ་བ་ནི་འགུལ་བར་བྱའོ་སྙམ་དུ་དེ་ལ་དམིགས་པའི་སེམས་བསྐྱེད་པ་མིན་གྱི་ཞར་བྱུང་ཡིན་ལ། ཕྱག་འཚལ་བ་སོགས་ནི་འགུལ་བར་བྱའོ་སྙམ་པའི་སེམས་སྐྱེས་པས་སོ། །སྟོན་པའི་མཆུ་ནི་སྨོན་ལམ་གྱིས་བསྐྱེད་པ་ཡིན་ལ། དེ་ལ་དམིགས་པའི་སེམས་བསྐྱེད་པ་མིན་པས་སོ། །ཞེས་འདོད་དོ། །)དོན་འདི་ལ་གནས་མའི་བུའི་སྡེ་བ་ནི་ཡུལ་གཞན་ན་ཡོད་པའི་ལུས་ཀྱི་རིག་བྱེད་ཉིད་མ་ཉམས་པར་ཡུལ་གཞན་དུ་(སེམས་པས་ཇི་ལྟར་དམིགས་ལུས་ཀྱང་དེ་ལྟར་འགྱུར་བས་ལུས་ཉིད།) འགྲོ་བར་(རིག་བྱེད་དུ་)འདོད་དེ། (ལུས་ཀྱི་ལས་ནི་ལུས་ཀྱི་བྱ་བ་ཡིན་ན་དེ་ནི་ལུས་གཡོ་བ་ལ་རིགས་ཀྱི་མི་གཡོ་བ་ལ་མིན་པས་དེས་ན།) འདིས་སེམས་སེམས་བྱུང་དང་སྒྲ་དང་མེ་ལྕེ་དང་གློག་དང་འབབ་ཆུ་ལས་གཞན་སྐད་ཅིག་མར་མི་འདོད་(ཀྱི་འཇིག་རྒྱུ་དང་ཕྲད་ནས་མི་རྟག་པར་འདོད།) པའི་ཕྱིར་དངོས་པོ་གཞན་ཡང་དེ་བཞིན་དུ་འདོད་དོ། །དེ་ནི་འཐད་པ་མ་ཡིན་ཏེ། ལུས་ཀྱི་དབྱིབས་མ་ཉམས་པར་ཡུལ་གཞན་དུ་འགྲོ་བ་ནི་མིན་ཏེ། གང་གི་ཕྱིར་ཞེ་ན། འདུས་བྱས་རྣམས་ནི་གྲུབ་མ་ཐག་འཇིག་པའི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱུ་གཞན་མེད་པར་འཇིག་པའི་གཏན་ཚིགས་ཀྱི་ཕྱིར་རོ། །
ཕྱོགས་སྔ་མ་ན་རེ་རྒྱུ་མེད་པར་འཇིག་པ་ནི་མ་ཡིན་ཏེ། བུམ་པ་འཇིག་པ་ཐོ་བ་དང་གྲང་བ་འཇིག་པ་ཚ་བ་ལ་སོགས་པ་ལ་ལྟོས་སོ་ཞེ་ན། འཇིག་པ་ཞེས་བྱ་བ་འདི་བུམ་པ་ལ་སོགས་པ་མེད་པའམ། དེ་ལས་གཞན་པའི་དངོས་པོའམ། དེའི་བདག་ཉིད་ཀྱིས་འཇིག་པ་ཡིན། ཕྱོགས་དང་པོ་ནི་ཐོ་བ་ལ་སོགས་པ་བྱེད་པ་མ་ཡིན་ཏེ། མེད་པ་བྱ་བར་འགལ་བའི་ཕྱིར་རོ། །གཉིས་པའང་མ་ཡིན་ཏེ་བུམ་པ་ལ་སོགས་པ་འཇིག་པའི་རྒྱུ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཕྱོགས་གསུམ་པའང་མ་ཡིན་ཏེ། འཇིག་པའི་བདག་ཉིད་དུ་རང་གི་རྒྱུ་ལས་གྲུབ་པའི་ཕྱིར་རོ། །མ་གྲུབ་ན་འཇིག་པ་བུམ་པ་ལ་སོགས་པའི་བདག་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་སྐྱོན་རིགས་པ་མཁྱེན་པ་རྣམས་ཀྱིས་བརྗོད་མོད་ཀྱི་འོན་ཀྱང་འདིར་བྱེ་བྲག་ཏུ་སྨྲ་བ་རང་གི་གྲུབ་པའི་མཐའ་ལ་གནོད་པར་དྭོགས་ནས་སྐྱོན་གཞན་བརྗོད་པར་བྱེད་དེ།
འདི་ལྟར་འཇིག་པ་རྒྱུ་གཞན་ལ་ལྟོས་པ་ཡིན་ན་བློ་དང་སྒྲ་དང་མེ་ལྕེ་དང་གློག་ལ་སོགས་པ་འཇིག་པའི་རྒྱུ་གཞན་མེད་པ་རྣམས་ལས་འཇིག་པ་འགའ་ཡང་མི་འབྱུང་བར་འགྱུར་ཏེ། རྒྱུ་མེད་པའི་ཕྱིར་རོ། །དེ་དག་ངང་གིས་འཇིག་པར་འདོད་ན་(སྤྱིར་འཇིག་པ་ཕྱིས་)རྒྱུ་ལ་ལྟོས་པར་འདོད་པ་ཉམས་པ་ཡིན་ནོ། །བྱེ་བྲག་པ་བློ་ཡང་བློ་ཕྱི་མས་འཇིག་ལ། སྒྲ་ཡང་སྒྲ་ཕྱི་མས་འཇིག་གོ་ཞེས་བྱ་བར་འདོད་པའང་མ་ཡིན་ཏེ། དེ་དག་(ཅིག་ཅར་མི་འབྱུང་བས་)ཕྲད་པ་མེད་པའི་ཕྱིར་རོ། །གཞན་ཡང་(ཕྱི་མ་ཕྱི་མས་སྔ་མ་སྔ་མ་འཇིག་པར་བྱེད་ན་འོ་ན།) མེ་ལ་སོགས་པས་འབྲས་ཆན་ལ་སོགས་པ་འཚེད་པ་ན་མ་ཚོས་བ་ཚོས་པ་དང་ཆེས་ཚོས་པ་དང་ཆེས་ཆེར་ཚོས་པར་བྱེད་པ་ན་ཕྱི་མ་ཕྱི་མས་སྔ་མ་སྔ་མ་འཇིག་པར་བྱེད་པའི་ཕྱིར་སྐྱེད་པར་བྱེད་པའི་རྒྱུ་ཡང་འཇིག་པར་བྱེད་པ་པོའི་རྒྱུར་འགྱུར་རོ། །དེ་ལྟ་ན་སྐྱེད་བའི་རྒྱུ་དེ་ཉིད་འཇིག་པའི་རྒྱུ་ཡིན་ན་ནི་(འབྲས་བུ་འགལ་བ་གཉིས་བྱེད་པའམ།) སྐྱེས་ཙམ་ཉིད་ན་འཇིག་པའི་ཕྱིར་འདུས་བྱས་རྣམས་(མི་འཇིག་པར་)ཡུལ་གཞན་དུ་འཕོ་བ་མ་ཡིན་པ་དང་། (ཕྱིས་)རྒྱུ་གཞན་ལ་ལྟོས་པ་མེད་པར་ཡང་གྲུབ་བོ། །བྱེ་བྲག་ཏུ་སྨྲ་བས་ལུས་ཀྱི་རིག་བྱེད་ཁ་དོག་ལས་རྫས་ཐ་དད་པའི་དབྱིབས་སུ་འདོད་པ་ལ་མདོ་སྡེ་པ་ན་རེ་དབྱིབས་གཅིག་པོ་དེ་ཉིད་མིག་ཤེས་ཀྱིས་ཀྱང་མཐོང་ལ་ལུས་ཀྱི་དབང་པོས་རེག་པ་ན་ལུས་ཀྱི་རྣམ་ཤེས་ཀྱིས་ཀྱང་ཤེས་པའི་ཕྱིར་སྐྱེ་མཆེད་ཀྱི་གཟུགས་གཅིག་དབང་པོ་གཉིས་ཀྱི་གཟུང་བར་འགྱུར་ན་དེ་ལྟ་བུ་ནི་མེད་དེ། དེའི་ཕྱིར་ཁ་དོག་གི་རྔུལ་ཕྲ་རབ་བཀོད་པ་ལ་ཁ་དོག་གི་དབྱིབས་དང་རེག་བྱའི་རྔུལ་ཕྲ་རབ་བཀོད་བ་ལ་རེག་བྱའི་དབྱིབས་སུ་འདོགས་པའི་ཕྱིར་དེ་གཉིས་ལས་རྫས་གཞན་བ་ནི་མེད་དོ། །(གལ་ཏེ་རིང་པོ་ལ་སོགས་པའི་དབྱིབས་མིག་དང་མིག་ཤེས་ཀྱིས་འཛིན་ན། དེ་ཙམ་དུ་ལུས་ཀྱིས་རེག་ནའང་རིང་པོ་ལ་སོགས་པར་འཛིན་པའི་བློ་སྐྱེ་བར་མྱོང་བས་གྲུབ་པའི་ཕྱིར་དབྱིབས་དེ་ཉིད་དབང་པོ་གཉིས་ཀྱིས་གཟུང་བར་ཐལ་བ་ལས་མི་འཛིན་པས་སོ། །དེས་ན་ཁ་དོག་དང་རེག་བྱའི་རྔུལ་རགས་པ་མིག་ཤེས་དང་ལུས་ཤེས་ལ་སྣང་བའི་བཀོད་པའི་ཁྱད་པར་ལ་ཡིད་ཤེས་རྟོག་པས་དབྱིབས་སུ་སྒྲོ་བཏགས་པ་ཡིན་གྱི་དབྱིབས་མིག་ཤེས་དང་ལུས་ཤེས་གཉིས་ཀས་འཛིན་པ་མེད་ཀྱི། ལུས་ཀྱིས་འཛིན་ཞེས་པའང་མིག་གིས་འཛིན་ན་རྒྱུ་མཚན་མཚུངས་ཞེས་དགག་པའོ། །གཞན་ཡང་དབྱིབས་དུ་མ་ཡུལ་གཅིག་ན་གནས་པར་ཐལ་དཀྱིལ་འཁོར་ལ་སོགས་གྲུ་བཞིའམ་ཟླུམ་པོ་ལྟ་བུ་གཅིག་ལ་ཁ་དོག་སྣ་ཚོགས་སུ་སྣང་བའི་ཕྱིར་འདོད་ན། གོ་ས་གཅིག་ཏུ་དབྱིབས་དུ་མ་མི་འབྱུང་བར་འདོད་པ་ཉམས་སོ། །དབྱིབས་ཀྱི་གཟུགས་རགས་པ་མི་སྲིད་པར་འགྱུར་ཏེ་དེའི་སོག་བྱེད་རྡུལ་ཕྲན་ལ་དབྱིབས་མེད་པས་སོ། །)གཞན་ཡང་དབྱིབས་རྫས་སུ་ཡོད་ན་རྡུལ་ཕྲ་རབ་ལ་དབྱིབས་ཡོད་པར་འགྱུར་ཏེ། གཟུགས་ཅན་རྫས་སུ་གྲུབ་པ་ནི་རྡུལ་ཕྲ་རབ་ཁོ་ན་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ལ་དབྱིབས་ཡོད་པ་དེ་ལྟའང་མ་ཡིན་ཏེ། ཆ་དང་བཅས་པར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་དབྱིབས་དེ་རྡུལ་ཕྲ་རབ་ལ་མེད་པ་དེའི་ཕྱིར་ཡང་དབྱིབས་རྫས་སུ་མེད་དོ་ཞེས་ཟེར་མོད་ཀྱི་དེ་ལྟ་ན་ཁ་དོག་དང་རེག་བྱའང་མེད་པར་འགྱུར་ཏེ། དབྱིབས་ནི་དེ་དག་གི་བདག་ཉིད་ཡིན་ལ་དེ་རྫས་སུ་མེད་པའི་ཕྱིར་རོ། །དེ་དག་གི་བདག་ཉིད་ཀྱང་མ་ཡིན་དེ་ལས་དོན་གཞན་དུའང་མེད་ན་དངོས་པོར་མ་གྲུབ་པའི་ཕྱིར་དབང་པོའི་ཤེས་པ་མ་འཁྲུལ་པ་ལ་མི་སྣང་བར་ཐལ་བ་ལ་ལན་མེད་པ་ཉིད་ཡིན་ནོ། །དེའི་ཕྱིར་དབྱིབས་རྫས་སུ་གཏན་ནས་ཀྱང་མ་གྲུབ་བོ་ཞེས་བྱ་བ་ནི་དོན་སྨྲ་བ་ལ་ལེགས་པར་མ་མཐོང་ངོ་། །ངག་གི་རྣམ་པར་རིག་བྱེད་ནི་ངག་གི་རང་བཞིན་གྱི་སྒྲ་ཉིད་ཡིན་ནོ། །ངག་གི་སྒྲ་སྨོས་པ་ནི་སྤྱི་ལ་ཐལ་བ་སྤང་བའི་ཕྱིར་རོ། །རིག་བྱེད་ནི་རང་ཀུན་ནས་སློང་བའི་བསམ་པ་རིག་པར་བྱེད་པའི་ཕྱིར་ཡིན་ནོ། །མདོ་སྡེ་པ་རྣམས་ནི་ལུས་ངག་གི་རང་བཞིན་ནི་ལས་མ་ཡིན་གྱི་འོན་ཀྱང་དེ་དག་གི་དུས་སུའང་སེམས་པ་ཉིད་ལས་ཡིན་ཏེ། སེམས་པ་དགེ་མི་དགེ་བར་གྱུར་ན་ལུས་ངག་མི་དགེ་བ་དང་དགེ་བར་སྣང་ཡང་དོན་དགེ་བ་དང་། སྡིག་པར་འགྱུར་བའི་ཕྱིར་རོ། །འོ་ན་སེམས་པ་དང་བསམ་པའི་ལས་གཉིས་གསུངས་པ་མ་ཡིན་ནམ་ཞེ་ན། སེམས་པ་དང་བསམ་པའི་ལས་ནི་རིམ་པ་ལྟར་རྒྱུ་དང་དུས་ཀྱི་ཀུན་སློང་གི་དབང་དུ་མཛད་ནས་གསུངས་པ་ཡིན་ལ། ལུས་ངག་ལས་སུ་གསུངས་པ་ནི། སེམས་པ་དེ་མཐར་ཕྱིན་པར་བྱེད་པའི་ཕྱིར་ལས་སུ་བཏགས་ནས་གསུངས་པ་ཡིན་གྱི་ཐམས་ཅད་དུའང་སེམས་པ་ཉིད་ལས་ཡིན་ནོ་ཞེས་བྱ་བར་འདོད་ལ། དོན་འདི་ནི་ཐེག་པ་གོང་མ་པ་ཐམས་ཅད་ཀྱང་བཞེད་པ་ཡིན་ནོ། །
གཉིས་པ་རིག་བྱེད་མ་ཡིན་པ་བཤད་པ་ནི། འོ་ན་རིག་བྱེད་མ་ཡིན་པའི་ངོ་བོ་ནི་བཤད་ཟིན་ན་དེ་ཡོད་པར་གང་གིས་ཤེས་ཤེ་ན། ལུང་གིས་ཤེས་ཏེ། མདོ་ལས་གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ཅད་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་པ་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ། །ཞེས་གཟུགས་རྣམ་པ་གསུམ་གསུངས་པའི་ཕྱིར་ཏེ། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ནི་རིག་བྱེད་མིན་པ་ལས་གཞན་མེད་པའི་ཕྱིར་དང་། གཞན་ཡང་ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། གཟུགས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གང་ལ་རྗེས་སུ་ཆགས་པའམ་ཁོང་ཁྲོ་བ་མི་སྐྱེ་བ་འདི་དག་ནི་ཟག་པ་མེད་པའི་ཆོས་རྣམས་ཞེས་བྱའོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་དྲི་མ་མེད་པའི་གཟུགས་གསུངས་པའི་ཕྱིར་ཏེ། ཟག་པ་མེད་པའི་གཟུགས་ནི་ཟག་མེད་ཀྱི་སྡོམ་པ་ལས་གཞན་མེད་པའི་ཕྱིར་དང་། གཞན་ཡང་ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཡུལ་ཀོའུ་ཤམ་བི་ན་དབྱངས་ལེན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྫས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་གདགས་པ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་དེ་ལ་སྐུལ་བྱེད་ཡོད་དོ་ཞེས་བཀའ་སྩལ་ཏེ། སྐུལ་བྱེད་བདུན་པོ་འདི་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་ཡིན་ཏེ། དེ་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ནི་རྒྱུ་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་མི་ཉལ་ཡང་རུང་སྟེ་རྟག་ཏུ་རྒྱུན་མི་ཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་རོ། །བདུན་གང་ཞེ་ན་སྐུལ་བྱེད་འདི་ནི་དད་པའི་རིགས་ཀྱི་བུའམ་བུ་མོ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་འབུལ་བར་བྱེད་དེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དང་པོ་ཡིན་ཏེ། དེ་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་རྒྱུ་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་མི་ཉལ་ཡང་རུང་སྟེ་རྟག་ཏུ་རྒྱུན་མི་ཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་ཞིང་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནས། དེ་བཞིན་དུ་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་པ་དང་། མལ་ཆ་དང་སྟན་འཕུལ་བ་དང་། འཚོ་བ་ནར་མ་འབུལ་བ་དང་། འགྲོན་བུ་གློ་བུར་དུ་འགྲོ་འོང་བྱེད་པ་ལ་སྦྱིན་པ་གཏོང་བ་དང་། ནད་པ་དང་ནད་གཡོག་ལ་སྦྱིན་པ་གཏོང་བ་དང་། རླུང་དང་ཆར་པ་ལ་སོགས་པ་ཡུལ་ངན་པའི་ཚེ་གཙུག་ལག་ཁང་གི་ནང་དུ་བསོད་སྙོམས་འབུལ་བ་ཞེས་བྱ་བ་དྲུག་ལའང་སྦྱར་ནས་རྒྱས་པར་གསུངས་སོ། །དེ་བཞིན་དུ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་འཕེལ་བ་བདུན་ཡང་ལན་གཉིས་ཀྱི་བར་དུ་ཡང་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་སྐུལ་བྱེད་ཀྱི་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྫས་ལས་བྱུང་བ་མ་ལགས་པའི་བསོད་ནམས་བགྱི་བའི་དངོས་པོའི་འབྲས་བུ་ཆེ་བ་ནས་རྒྱ་ཆེ་བའི་བར་གདགས་སུ་མཆིས་པ་ལགས་སམ་བཅོམ་ལྡན་འདས་ཀྱིས་དེ་ལ་སྐུལ་བྱེད་ཡོད་དོ་ཞེས་བཀའ་སྩལ་ཏེ། སྐུལ་བྱེད་བདུན་པོ་འདི་དག་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ཏེ། དེ་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ནས། བདུན་གང་ཞེ་ན། སྐུལ་བྱེད་འདི་ནི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་གྲོང་ངམ་ཞིང་ཆེ་གེ་མོ་ཞིག་ན་རྟེན་ཅིང་བཞུགས་སོ་ཞེས་ཐོས་ཤིང་ཐོས་ནས་ཀྱང་། དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེ་བ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་པོ་ཡིན་ནོ་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་དུ་གསུངས་སོ། །
དེ་བཞིན་དུ་དེ་བཞིན་གཤེགས་པའམ་དེའི་ཉན་ཐོས་ཚུར་གཤེགས་པ་བརྩོམ་པ་དང་། ལམ་དུ་ཞུགས་པ་དང་། ཉེ་བའི་གྲོང་དང་གྲོང་ཁྱེར་དུ་ཕྱིན་པ་དང་། ལྟ་བའི་ཕྱིར་འགྲོ་ཞིང་མཐོང་བ་དང་། ཆོས་ཐོས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་འཛིན་པ་ན་དགའ་བ་དང་། རབ་ཏུ་དགའ་བ་རྒྱ་ཆེ་བ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་བདུན་པ་ཡིན་ནོ། །ཞེས་བསོད་ནམས་རྣམ་པར་འཕེལ་བ་རྫས་ལས་བྱུང་བ་དང་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བདུན་ཚན་གཉིས་རྒྱས་པར་གསུངས་ཏེ། དེ་དག་ལ་མཁས་པ་དག་གིས། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་ཚོར་བ་ནར་མ་དང་། །གློ་བུར་ནད་པ་ནད་གཡོག་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང་། །ཕྱིན་པ་ཐོས་དང་མཐོང་བ་དང་། །ཆོས་ཐོས་བསླབ་པའི་གཞི་འཛིན་ལས། །དགའ་དང་དད་པ་བསྐྱེད་པ་ནི། །རྫས་ལ་མ་ལྟོས་བསོད་ནམས་བདུན། །ཞེས་སྡོམ་དུ་མཛད་དོ། །དེ་དག་ཀྱང་བར་མ་དགེ་བའི་རིག་བྱེད་མ་ཡིན་པ་ཡིན་གྱི་རིག་བྱེད་དང་སེམས་པ་ཡིན་ན་ཉལ་བ་ལ་སོགས་པའི་གནས་སྐབས་སུ་མི་འབྱུང་བར་ཐལ་བ་ལས་འབྱུང་བའི་ཕྱིར་དང་། དེ་བཞིན་དུ་རང་ཉིད་ཀྱིས་མ་བྱས་པའི་ལས་ཀྱི་ལམ་ལ་སོགས་པ་གསུངས་པའི་ཡང་ཕྱིར་ཏེ། འདི་ལྟར་འགའ་ཞིག་གིས་གཞན་དག་བསྐུལ་ཏེ། འགའ་ཞིག་གསོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་བྱེད་དུ་བཅུག་ན་ཕ་རོལ་པོའི་སྲོག་ཆད་པ་དང་། ནོར་ཐོབ་པ་ལ་སོགས་པའི་ཚེ་བསྐུལ་བར་བྱེད་པོ་པོ་ལུས་ངག་གི་རིག་བྱེད་དང་སེམས་པ་དགེ་བར་གནས་པའི་ཚེའང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་གྱི་དངོས་གཞི་འབྱུང་བར་གསུངས་པའི་ཕྱིར་དེ་ནི་རིག་བྱེད་མ་ཡིན་པ་ཡིན་ཏེ། རིག་བྱེད་དང་སེམས་པ་ནི་དགེ་བར་ཡོད་པའི་ཕྱིར་རོ། །སོགས་པའི་སྒྲས་བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་བཅུ་གཉིས་སྟོན་པ་ན། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་པ་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ནས་ལུས་ཀྱི་བར་དང་། དགེ་སློང་གཟུགས་དག་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན། བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ནས་རེག་བྱའི་བར་དུ་གསུངས་ལ། དགེ་སློང་ཆོས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་གསུངས་ཏེ། འདི་ལ་རིག་བྱེད་མ་ཡིན་པ་གཟུགས་སུ་མེད་ན་གཟུགས་ཅན་མ་ཡིན་པ་ཞེས་གསུངས་པར་རིགས་པ་ལས། དེ་སྐད་དུ་མ་གསུངས་པའི་ཕྱིར་རོ། །
གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པར་ཡང་མི་འགྱུར་ཏེ། མཉམ་པར་བཞག་པ་ན་ལུས་ངག་གི་རིག་བྱེད་དག་མེད་པའི་ཕྱིར་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་མེད་པར་འགྱུར་བ་ལས་ལམ་ཡན་ལག་བརྒྱད་པར་བཤད་པའི་ཕྱིར་ཡང་དག་པའི་ངག་ལ་སོགས་པ་ནི་སྤོང་བ་བདུན་གྱི་བདག་ཉིད་ཀྱི་རིག་བྱེད་མ་ཡིན་པར་བཞེད་པ་ཡིན་ནོ། །གཞན་ཡང་རིག་བྱེད་མ་ཡིན་པ་མེད་ན་སོ་སོ་ཐར་པའི་སྡོམ་པ་རྒྱུན་ཆགས་པར་ཡང་མི་འགྱུར་ཏེ། རིག་བྱེད་དང་སྤོང་བའི་སེམས་པ་དག་ཡིད་གཞན་ལ་གཡེངས་པའམ། སེམས་མེད་པའི་གནས་སྐབས་སུ་མེད་པའི་ཕྱིར་རོ། །གཞན་ཡང་མདོ་ལས་སྤོང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པའི་ཕྱིར་ཆུ་ལོན་དུའང་གསུངས་ན་མེད་པ་ནི་ཆུ་ལོན་དུ་མི་རིགས་པའི་ཕྱིར་རོ། །དྲན་པ་ཉེར་གཞག་ལས་ཀྱང་། གང་གི་ཚེ་ཆོས་ཐམས་ཅད་ཀྱི་བྱེད་པ་དང་ལྡན་པ་གང་སྡོམ་པ་ཉིད་བླངས་བ་དེ་ཕན་ཆད་གཉིད་ལོག་གམ་མྱོས་སམ་རབ་ཏུ་མྱོས་ཀྱང་དགེ་བའི་ཆོས་ཀྱི་རྒྱུན་ཉིད་རབ་ཏུ་འཇུག་སྟེ། དཔེར་ན་ཆུ་བོའི་རྒྱུན་བར་ཆད་མེད་པར་རྟག་ཏུ་འབབ་པ་དེ་བཞིན་དུ་སྐྱེས་བུ་གཉིད་ལོག་གམ་རབ་ཏུ་མྱོས་པའི་འཇུག་པ་ཡང་དེ་བཞིན་ནོ། །དེ་ལྟར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་པར་འདོད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་རིག་བྱེད་མ་ཡིན་པ་གཟུགས་སུ་ཡོད་དོ་ཞེས་ཟེར་རོ། །དོན་འདི་ལ་མདོ་སྡེ་པ་ལ་སོགས་པ་ནི་རིག་བྱེད་མ་ཡིན་པ་གཟུགས་རང་གི་མཚན་ཉིད་པ་ནི་མ་ཡིན་ཏེ། ཐོགས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གཟུགས་སུ་རུང་བའི་མཚན་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་གཟུགས་ལས་སྐྱེས་པས་གཟུགས་སུ་འདོད་ན། མིག་གི་རྣམ་ཤེས་ལ་སོགས་པའང་ཐལ་བར་འགྱུར་བའི་ཕྱིར་རོ། །མདོའི་དགོངས་པའང་དོན་ལ་མི་གནས་པ་ཁོ་ནར་གསལ་བར་ཤེས་ཏེ། བསྟན་མེད་ཐོགས་མེད་ཀྱི་གཟུགས་ནི་བསམ་གཏན་པ་རྣམས་ཀྱི་ཏིང་ངེ་འཛིན་ལ་ཟད་པར་ཟིལ་གནོན་དང་མི་སྡུག་པ་ལ་སོགས་པར་སྣང་བ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཀྱི་དབང་དུ་མཛད་ནས་གསུངས་པས་གཟུགས་སུ་བཏགས་པ་ཡིན་ལ། དེ་ཉིད་ལ་ཟག་པ་མེད་པའི་གཟུགས་སུའང་གསུངས་སོ། །ཆོས་ཀྱི་སྐྱེ་མཆེད་ལ་གཟུགས་ཅན་མ་ཡིན་པ་མི་གསུང་བའི་རྒྱུ་ཡང་དེ་ཉིད་ཡིན་ནོ། །དཔེས་སྟོན་པ་ནི་ཟག་མེད་ཀྱི་གཟུགས་གསུངས་པ་ནི། དགྲ་བཅོམ་པའི་གཟུགས་དང་དེ་དག་ལ་སྣང་བའི་ཕྱི་རོལ་ཀྱི་གཟུགས་ཡིན་ཏེ། ཟག་པའི་རྟེན་མ་ཡིན་པའི་ཕྱིར་རོ། །འོ་ན་མདོ་ལས། ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། མིག་ཇི་སྙེད་པ་དང་གཟུགས་ཇི་སྙེད་བ་དག་ཡིན་ནོ་ཞེས་གསུངས་ཤེ་ན། དེ་ནི་ཟག་པའི་གཉེན་པོ་མ་ཡིན་པའི་དབང་དུ་མཛད་ནས་ཟག་བཅས་སུ་གསུངས་སོ་ཞེས་འཆད་དོ། །བསོད་ནམས་རྣམ་པར་འཕེལ་བ་དག་ཀྱང་ཡུལ་དང་བསམ་པ་དང་དངོས་པོའི་ཁྱད་པར་གྱིས་བག་ཆགས་བསྒོས་པའི་རྒྱུད་འགྱུར་བའི་དབང་དུ་མཛད་ནས་གསུངས་པ་ཡིན་ལ། མ་བྱས་པའི་ལས་ཀྱི་ལམ་ཡང་བྱེད་དུ་འཇུག་པའི་སེམས་པ་དང་། ལུས་ངག་གི་རིག་བྱེད་དང་གཞན་གྱིས་བྱས་པའི་རྐྱེན་ལས་སྡིག་པའི་བག་ཆགས་བརྟན་པ་ཐོབ་པ་ཆོས་ཉིད་དོ། །ཞེས་དགོངས་པ་ནི་དེ་ཡིན་ནོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པར་བཤད་པ་ནི་མཉམ་པར་བཞག་པའི་སྟོབས་ཀྱིས་དེ་ལས་ལངས་པ་ན་རྫུན་ལ་སོགས་པ་མི་བྱེད་པ་ཐོབ་པའི་ཕྱིར་ཡན་ལག་བརྒྱད་པར་བཤད་པ་ཡིན་ནོ། །སྡོམ་པ་རྣམས་ནི་དྲན་ཤེས་བཞིན་གྱིས་ཟིན་པའི་སེམས་པའི་རྒྱུན་ལ་འདོད་པའི་ཕྱིར་དང་། ཆུ་ལོན་དུ་གསུངས་པ་ནི་སྤང་བྱ་ཉེ་བ་ན་ངོ་ཚ་ཤེས་པས་དམ་བཅས་པ་དྲན་ནས་གཉེན་པོས་འཆལ་ཚུལ་སྤོང་བ་ཡིན་གྱི། གལ་ཏེ་རིག་བྱེད་མ་ཡིན་པ་ཁོ་ནས་འཆལ་ཚུལ་གྱི་གེགས་བྱེད་ན་བརྗེད་པ་ལ་སོགས་པ་ལ་ཚུལ་ཁྲིམས་འདྲལ་བ་མི་སྲིད་པར་འགྱུར་རོ་ཞེས་བརྗོད་པར་བྱེད་དོ། །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་ནི། གཟུགས་སུ་ཡོད་དོ་ཞེས་འདོད་དོ། །
གལ་ཏེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྫས་སུ་ཡོད་ལ་དེ་ཡང་འབྱུང་བཞི་རྒྱུར་བྱས་པར་འདོད་ན། དེ་ཅི་རྣམ་པར་རིག་བྱེད་སྐྱེད་བྱེད་ཀྱི་འབྱུང་བ་ཁོ་ན་ལས་སྐྱེའམ། འོན་ཏེ་རིག་བྱེད་སྐྱེད་བྱེད་ལས་གཞན་པའི་འབྱུང་བ་ལས་སྐྱེ་ཞེ་ན། རིག་བྱེད་མ་ཡིན་བ་བསྟན་མེད་ཐོག་མེད་ཡིན་བས་ཕྲ་བ་དང་། རིག་བྱེད་དེ་ལས་བཟློག་པས་རགས་པ་ཡིན་ལ། འབྱུང་བཞིའི་ཚོགས་པ་གཅིག་གིས་འབྲས་བུ་ཕྲ་རགས་གཉིས་བསྐྱེད་པ་འགལ་བས་རིག་བྱེད་སྐྱེད་བྱེད་ལས་གཞན་པའི་འབྱུང་བ་ལས་སྐྱེའོ། །
འོ་ན་རིག་བྱེད་མ་ཡིན་པ་རང་རང་དང་དུས་མཉམ་པའམ་དུས་ཐ་དད་པའི་འབྱུང་བ་ལས་སྐྱེ་ཞེ་ན། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་རྣམ་པར་རིག་བྱེད་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་དང་། ཕྱི་ནང་གི་གཟུགས་ཐམས་ཅད་ནི་རང་རང་དང་དུས་མཉམ་པའི་འབྱུང་བ་ཁོ་ན་ལས་སྐྱེ་ལ། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་སྡོམ་པ་སྡོམ་མིན་བར་མས་བསྡུས་པ་རྣམས་ནི་སྐད་ཅིག་མ་དང་པོ་ནི་རང་དང་དུས་མཉམ་པ་ལྷན་ཅིག་པ་ད་ལྟར་བའི་འབྱུང་བ་ལས་སྐྱེ་སྟེ། སློབ་དཔོན་རྒྱལ་པོའི་སྲས་ཀྱིས། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྡོམ་པ་ལ་སོགས་པ་ནོད་པའི་ཚེ་ལྷན་ཅིག་སྐྱེ་བའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་འབྱུང་ལ། དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་གཞན་ཡང་དེ་དག་ཁོ་ན་རྒྱུར་བྱས་ནས་འབྱུང་ངོ་། །འདི་ལྟར་དེ་དག་ནི་གཞིའི་དོན་དུ་འགྱུར་ཏེ་ཞེས་པ་དང་། སློབ་དཔོན་གང་སྤེལ་གྱིས་ཀྱང་། སྐད་ཅིག་མ་དང་པོ་ནི་འཕེན་པར་བྱེད་པའི་འབྱུང་བ་དང་། ལྷན་ཅིག་སྐྱེ་བའི་ཕྱིར་རོ་ཞེས་བཤད་པའི་ཕྱིར་རོ། །དེས་ན་དེ་དག་ནི་འདིའི་ངོ་བོ་སྐྱེད་བྱེད་དང་འཇུག་པ་དང་འཕེན་པའི་རྒྱུ་ཡིན་པའི་ཕྱིར་གཞིའི་དོན་གྱི་འབྱུང་བ་ཞེས་བྱ་སྟེ། དཔེར་ན་འཁོར་ལོ་ས་ལ་འདྲིལ་བ་ལག་པས་འཕུལ་བ་བཞིན་ནོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པའི་འབྱུང་བ་ཆེན་པོ་དག་ལས་སྐྱེ་སྟེ། ལུས་ཀྱི་ཚོགས་པ་ན་ཡོད་པའི་འབྱུང་བ་ད་ལྟར་བ་རྣམས་ནི་སྐྱེས་ཟིན་གནས་པ་དང་རྗེས་སུ་འཇུག་པ་དང་རྟེན་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། རྟེན་གྱི་དོན་གྱི་འབྱུང་བ་ཞེས་བྱ་སྟེ། དཔེར་ན་འཁོར་ལོ་འདྲིལ་བ་ལ་ས་ཕྱོགས་བཞིན་ནོ། །དེས་ན་འདོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་སྲོག་གཅོད་པ་སྤོང་བ་ལྟ་བུ་གཅིག་ཀྱང་སྐད་ཅིག་མ་དང་པོའི་ཚེ་ལྷན་ཅིག་པ་ད་ལྟར་བའི་འབྱུང་བ་བཞི་ཚན་ཁོ་ན་དང་། སྐད་ཅིག་མ་གཉིས་པ་ཕན་ཆད་ངོ་བོ་སྐྱེད་བྱེད་གཞིའི་འབྱུང་བ་འདས་བ་དང་། སྐྱེས་ཟིན་གནས་པའི་རྟེན་གྱི་འབྱུང་བ་ད་ལྟར་བ་ལུས་ཀྱི་ཚོགས་པ་ན་ཡོད་པ་ལས་ཀྱང་སྐྱེ་བས་འབྱུང་བ་བཞི་ཚན་གཉིས་གཉིས་ལས་སྐྱེ་ཞིང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི་སྤོང་བ་བདུན་ཆར་ཡང་དུས་མཉམ་པ་དང་ད་ལྟར་བའི་འབྱུང་བ་བཞི་ཚན་གཅིག་ཁོ་ན་ལས་སྐྱེ་ལ། དེ་དག་ལས་གཞན་པ་རྒྱུར་བྱས་པའི་གཟུགས་ཐམས་ཅད་ནི་རང་རང་དང་དུས་མཉམ་པ་ལྷན་ཅིག་པའི་འབྱུང་བ་བཞི་ཚན་ཐ་དད་ཁོ་ན་ལས་སྐྱེ་སྟེ། སློབ་དཔོན་གང་སྤེལ་གྱིས་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་ཀྱི་རྟེན་འབྱུང་བ་ཆེན་པོ་རྣམས་ནི་སེམས་དང་འདྲ་བར་དུས་མཉམ་པའི་ཕྱིར་རོ། །ཞེས་པ་དང་། སྤྱིར་བཏང་གི་དབང་དུ་བྱས་ནས་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་། རྒྱུར་བྱས་པའི་གཟུགས་རྣམ་པར་རིག་པ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། བསམ་གཏན་དང་ཟག་པ་མེད་པས་བསྡུས་པ་དང་། མིག་དང་རྣ་བ་དང་གཟུགས་དང་སྒྲ་ལ་སོགས་པ་ཐམས་ཅད་ནི་ད་ལྟར་དུས་མཉམ་པའི་འབྱུང་བ་ཆེན་པོ་དག་ཁོ་ན་རྒྱུར་བྱས་ནས་འབྱུང་ངོ་ཞེས་པ་དང་། ཇི་ལྟར་རྒྱུར་བྱས་པའི་གཟུགས་གཞན་དག་གི་གཞི་ད་ལྟར་བའི་འབྱུང་བ་ཆེན་པོ་རྣམས་ཡིན་པ་དེ་བཞིན་དུ་དེའི་རྟེན་ནི་འདས་པ་རྣམས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །
འབྱུང་བ་དེ་ཡང་ས་གང་གིས་བསྡུས་པ་ཡིན་ཞེ་ན། ཟག་བཅས་ཀྱི་ལུས་དང་ངག་གི་ལས་རིག་བྱེད་དང་རིག་བྱེད་མ་ཡིན་པ་ཐམས་ཅད་ནི་རང་གི་ས་པའི་འབྱུང་བ་དག་རྒྱུར་བྱས་པ་ཡིན་ཏེ། འདོད་པར་གཏོགས་པའི་ལུས་ངག་གི་ལས་འདོད་པའི་འབྱུང་བ་རྒྱུར་བྱས་པ་ཡིན་པ་ནས་བསམ་གཏན་བཞི་པའི་ས་པའི་ལུས་ངག་གི་ལས་ནི་བསམ་གཏན་བཞི་བའི་ས་པ་ཁོ་ནའི་འབྱུང་བ་རྒྱུར་བྱས་པའི་བར་དུའོ། །ཟག་མེད་ཀྱི་ལུས་ངག་གི་ལས་ནི་རྟེན་དབང་བཙན་པས་སྡོམ་པ་དེ་གང་དུ་སྐྱེས་པའི་ས་པ་དེའི་འབྱུང་བ་དག་ཡིན་ཏེ། ཟག་མེད་ཁམས་སུ་མ་གཏོགས་ཤིང་འབྱུང་བ་ལ་ངེས་པར་ལྟོས་ལ་ཟག་མེད་ལ་འབྱུང་བ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་འདོད་ཁམས་པའི་རྒྱུད་ལ་ཟག་མེད་ཀྱི་སྡོམ་པ་སྐྱེས་ན་དེ་འདོད་པའི་འབྱུང་བ་ལས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་རྣམ་པར་རིག་བྱེད་མིན་པ་དེའི་རང་གི་ངོ་བོ་ནི་རྡུལ་ཕྲན་བསགས་པའི་གཟུགས་མ་ཡིན་པས་ཡུལ་ན་མི་གནས་ཤིང་ཕན་གནོད་ཀྱིས་ཚོར་བ་བདེ་སྡུག་ལ་སོགས་པ་སེམས་སེམས་བྱུང་གི་རྟེན་མ་ཡིན་པས་མ་ཟིན་པ་དང་། སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པའི་ཕྱིར་རྒྱུ་མཐུན་ལས་བྱུང་བ་ཡིན་གྱི་རྣམ་སྨིན་དང་རྒྱས་བྱུང་ནི་མ་ཡིན་ཏེ། རིམ་པ་ལྟར་དགེ་མི་དགེར་ངེས་པས་ལུང་མ་བསྟན་མ་ཡིན་པའི་ཕྱིར་དང་། རྡུལ་ཕྲན་བསགས་པ་མ་ཡིན་པས་རྒྱས་པའི་རྒྱུ་དག་གིས་རྒྱས་པར་མི་བྱེད་པའི་ཕྱིར་རོ། །སེམས་ཅན་དུ་སྟོན་པ་ཡིན་ཏེ། རྒྱུད་དུ་གཏོགས་པའི་ཆོས་ཡིན་པའི་ཕྱིར་རོ། །འདོད་པའི་རིག་བྱེད་མ་ཡིན་པ་དེ་ནི་ཀུན་སློང་གི་སེམས་ལ་ལྟོས་པ་དང་། མཉམ་གཞག་མ་ཡིན་པ་དང་། གཟུགས་ཅན་ཆད་ནས་མཚམས་སྦྱོར་བའི་ཕྱིར་རིམ་པ་ལྟར་གཉིད་དང་། ཏིང་ངེ་འཛིན་གྱིས་རྒྱས་པ་དང་། རྣམ་སྨིན་སྐྱེས་ཀྱི་འབྱུང་བ་ལས་སྐྱེ་བ་མ་ཡིན་གྱི་སྐལ་མཉམ་གྱིས་བསྐྱེད་པས་རྒྱུ་མཐུན་ལས་བྱུང་བའི་འབྱུང་བ་དང་། ད་ལྟར་གྱི་ལུས་ཀྱི་ཚོགས་པ་ན་ཡོད་པས་རྒྱུད་ཀྱིས་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་སྐྱེ་བ་དང་། སེམས་ཀྱི་རྗེས་འབྲང་མ་ཡིན་པས་འབྱུང་བ་བཞི་ཚན་ཐ་དད་ལས་སྐྱེ་བ་ཡིན་ནོ། །ཏིང་ངེ་འཛིན་ལས་སྐྱེས་པའི་རིག་བྱེད་མ་ཡིན་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་ཊཱི་ཀར་མཉམ་པར་བཞག་པའི་སེམས་ཀྱི་ངང་གིས་ལུས་དེ་ལ་སེམས་ཀྱི་རྗེས་སུ་འབྱུང་བའི་འབྱུང་བ་འབྱུང་བའི་ཕྱིར་ཏེ། ཟིན་པའི་འབྱུང་བ་ཆེན་པོ་རྣམས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་དག་ན་སེམས་མེད་པར་འབྱུང་ངོ་། །ཞེས་འབྱུང་བས་མ་ཟིན་པའི་འབྱུང་བ་དང་། རྒྱས་པ་ལས་བྱུང་བའི་འབྱུང་བ་ལས་སྐྱེ་སྟེ། ཏིང་ངེ་འཛིན་གྱིས་རྒྱས་པའི་ཕྱིར་རོ། །སེམས་ཀྱི་རྗེས་སུ་འཇུག་པས་འབྱུང་བ་ཐ་དད་མིན་པ་ལས་སྐྱེ་བ་ཡིན་ཏེ། སྤོང་བ་བདུན་ཀའང་འབྱུང་བ་བཞི་ཚན་གཅིག་ལ་བརྟེན་པའི་ཕྱིར་རོ། །
དེའི་ཕྱིར་འགྲེལ་པ་ལས། སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར་རོ། །ཞེས་པ་དང་། ཊཱིཀ་བྱེད་དག་གིས་ཀྱང་། ཇི་ལྟར་དེ་སྐྱེད་པར་བྱེད་པའི་སེམས་ཐ་དད་པ་མ་ཡིན་པ་དེ་བཞིན་དུ་དེ་སྐྱེད་པར་བྱེད་པའི་འབྱུང་བ་རྣམས་ཀྱང་ཐ་མི་དད་པ་ཁོ་ན་ཡིན་ནོ། །འབྱུང་བ་ཆེན་པོ་དག་ནི་རྟེན་གྱི་དོན་གྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཞིར་གྱུར་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་འཇུག་པར་བྱེད་པའི་དོན་གྱིས་ཏེ། དེ་ལྟ་བས་ན་འབྱུང་བ་ཐ་མི་དད་པ་ལས་སྐྱེའོ་ཞེས་བཤད་དོ། །འདིས་ནི་ཏིང་ངེ་འཛིན་ལས་སྐྱེས་པ་མ་ཡིན་པ་ནི་སྤོང་བ་རེ་རེའང་འབྱུང་བ་བཞི་ཚན་སོ་སོ་ལས་སྐྱེ་བའི་ཕྱིར་ཐ་དད་པའི་འབྱུང་བ་ལས་སྐྱེའོ་ཞེས་བསྟན་པ་ཡིན་ནོ། །
གསུམ་པ་དེ་དག་གི་ཁྱད་པར་ལའང་ངོ་བོ་དང་སའི་ཁྱད་པར་དང་། དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་དབྱེ་བ་དང་། རིག་བྱེད་མ་ཡིན་པ་རྒྱས་པར་དབྱེ་བ་དང་། ལྡན་པའི་ཚུལ་དང་། འཐོབ་པའི་ཚུལ་དང་། གཏོང་བའི་ཚུལ་དང་། རྟེན་གྱི་ཁྱད་པར་བདུན་ལས་དང་པོ་ནི། རྣམ་པར་རིག་བྱེད་མིན་པ་ནི་ལུང་བསྟན་པ་དགེ་མི་དགེ་མིན་པ་ལུང་མ་བསྟན་ནི་ཅུང་ཟད་ཀྱང་མེད་དེ། འདི་ནི་ཀུན་སློང་གིས་དགེ་བ་ལ་སོགས་པར་འགྱུར་བ་ཡིན་ན་ལུང་མ་བསྟན་གྱི་སེམས་ལ་སྟོབས་ཆུང་བས་ཀུན་སློང་འགགས་ཀྱང་རྒྱུན་རྗེས་སུ་འཇུག་པའི་ལས་འཕེན་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་ལས་གཞན་རིག་བྱེད་དང་སེམས་པ་དག་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡིན་ནོ། །དེ་དག་ལས་མི་དགེ་བའི་རིག་བྱེད་མ་ཡིན་པ་དང་རིག་བྱེད་དང་སེམས་པ་དག་ནི་འདོད་པ་ཁོ་ན་ན་ཡོད་པར་རིག་པར་བྱའོ། །གཟུགས་ནའང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་རྣམ་པར་རིག་བྱེད་མིན་པ་ཡོད་ལ། འང་གི་སྒྲས་ནི་འདོད་པ་ན་ཡོད་པར་སྟོན་པ་སྟེ། གཟུགས་མེད་ན་ནི་གཟུགས་ཅན་ཐམས་ཅད་མེད་པའི་ཕྱིར་རོ། །ལུས་ངག་གི་རྣམ་པར་རིག་བྱེད་ནི་གཉིས་པ་ཡན་ཆད་ན་ཀུན་སློང་མེད་པས་རྟོག་དཔྱོད་དང་བཅས་པའི་ས་འདོད་པ་དང་བསམ་གཏན་དང་བོ་དག་ཁོ་ན་ན་ཡོད་ཀྱི་འདོད་པའི་ཁམས་ན་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རིག་བྱེད་མེད་དེ། གང་གི་ཕྱིར་ཞེ་ན་དེ་ན་ཀུན་ནས་སློང་བའི་བསྒྲིབས་པའི་སེམས་མེད་པའི་ཕྱིར་ཏེ། འདི་ལྟར་འདོད་པ་ན་ལྟ་བ་དང་པོ་གཉིས་མཚུངས་ལྡན་དང་བཅས་པ་བསྒྲིབས་ལ་ལུང་མ་བསྟན་ཡོད་མོད་ཀྱི་དེ་དག་ནི་མཐོང་སྤང་ཡིན་པས། ཁ་ནང་དུ་ལྟས་པའི་ཕྱིར་རིག་བྱེད་ཀུན་ནས་སློང་བ་མ་ཡིན་ནོ། །དེའི་ཕྱིར་བསྒྲིབས་པའི་ལུས་ངག་གི་རིག་བྱེད་ནི་ཚངས་པ་ཆེན་པོ་གཡོ་སྒྱུས་ཀུན་ནས་བསླངས་ནས་ངག་སྨྲ་བ་ལ་སོགས་པ་བྱེད་པས་བསམ་གཏན་དང་པོ་ཁོ་ན་ན་ཡོད་དོ། །
གཉིས་པ་ལ་དོན་དངོས་ནི། འདིར་དགེ་བ་ནི་དོན་དམ་པ་དང་། ངོ་བོ་ཉིད་དང་། མཚུངས་ལྡན་དང་། ཀུན་སློང་གིས་དགེ་བ་བཞི་ལས་ཐར་པ་མྱ་ངན་ལས་འདས་པ་ནི་དམ་པའི་དོན་དུ་དགེ་བ་ཡིན་ཏེ། མི་དགེ་བ་དང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བས་མཆོག་ཏུ་བདེ་བའི་ཕྱིར་ནད་མེད་པ་ལ་བདེ་བ་ཞེས་ཟེར་བ་བཞིན་ནོ། །འདོད་ཆགས་མེད་པ་ལ་སོགས་པའི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དག་ནི། མཚུངས་ལྡན་དང་ཀུན་སློང་ལ་མི་ལྟོས་པས་འཕྲོད་པའི་སྨན་ལྟར་བདག་སྟེ་ངོ་བོ་ཉིད་ཀྱིས་དགེ་བའོ། །བཅུ་གཅིག་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་མོད་ཀྱི་འདིར་ལྔ་སྨོས་པ་ནི་བཟློག་པ་ངོ་བོ་ཉིད་ཀྱིས་མི་དགེ་བར་བསྟན་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་དགེ་བ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་རྣམས་ནི་དེ་དག་དང་མཚུངས་པར་ལྡན་ན་དགེ་བར་འགྱུར་གྱི་མི་ལྡན་ན་མི་འགྱུར་བས་སྨན་དང་སྦྱར་བའི་བཏུང་བ་ལྟར་མཚུངས་ལྡན་གྱིས་དགེ་བ་ཡིན་ནོ། །ངོ་བོ་ཉིད་དང་མཚུངས་ལྡན་དེ་དག་གིས་ཀུན་ནས་བསླངས་བའི་ལུས་ངག་གི་བྱ་བའི་ལས་རྣམས་དང་། སོགས་པའི་སྒྲས་གཟུང་བ་ཐོབ་པ་དང་མཚན་ཉིད་དང་སེམས་མེད་པའི་སྙོམས་འཇུག་གཉིས་པོ་རྣམས་ནི། སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་ལྟར་ཀུན་ནས་སློང་བས་དགེ་བ་ཡིན་ནོ། །(གལ་ཏེ་དེ་ལྟ་ན་དགེ་རྩ་ཆད་པ་ཐེ་ཚོམ་གྱིས་མཚམས་སྦྱར་བ་དང་ཉིང་མཚམས་སྦྱོར་བའི་ཚེའི་དགེ་བའི་ཐོབ་པ་རྣམས་ཇི་ལྟར་དགེ་བ་ཡིན་ཏེ། སྐལ་བ་མི་མཉམ་པའི་སེམས་ཀྱིས་ཀུན་ནས་བསླང་བས་དགེ་བ་བཞི་གང་ཡང་མིན་པས་སོ་ཞེ་ན། འདི་ལ་དེ་དག་ནི་ཐོབ་པའི་གེགས་སེལ་བའམ། སྐྱེ་བའི་རྐྱེན་ཙམ་དུ་ཟད་དེ། དགེ་བར་ནི་ཐོབ་བྱ་ཉིད་ཀྱིས་བྱེད་དོ་ཞེས་ལན་འདེབས་སོ། །)དགེ་བ་ཉིད་དུ་བཤད་པ་དེ་དག་ལས་བཟློག་པ་ནི་མི་དགེ་བ་རྣམ་པ་བཞི་ཡིན་ཏེ། འཁོར་བ་ནི་མི་དགེ་བ་དང་སྡུག་བསྔལ་ཐམས་ཅད་འཇུག་བས་མཆོག་ཏུ་མི་བདེ་བའི་ཕྱིར་ནད་ལྟར་དོན་དམ་པར་མི་དགེ་བ་ཡིན་ནོ། །མི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་རྣམས་ནི་མི་འཕྲོད་པའི་སྨན་ལྟར་ངོ་བོ་ཉིད་ཀྱིས་མི་དགེ་བའོ། །ཁྲོ་བ་དང་ཁོན་དུ་འཛིན་པ་ལ་སོགས་པའང་ངོ་བོ་ཉིད་ཀྱིས་མི་དགེ་བ་ཡིན་མོད་ཀྱི་གོང་མ་པ་རྩ་བ་གསུམ་གྱི་ཆ་ལ་བཏགས་པའི་ཕྱིར་ལོགས་ཤིག་ཏུ་མ་བསྟན་པའམ། འདི་པ་ལྟར་ན་དགེ་རྩ་གསུམ་ལས་བཟློག་པ་མ་ཡིན་པས་མ་བསྟན་ཏོ། །
ངོ་བོ་ཉིད་ཀྱིས་མི་དགེ་བ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་རྣམས་ནི་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལྟར་མཚུངས་ལྡན་གྱིས་མི་དགེ་བ་ཡིན་ནོ། །དེ་དག་གིས་ཀུན་ནས་བསླང་བའི་ལུས་ངག་གི་ལས་དང་མཚན་ཉིད་དང་ཐོབ་པ་རྣམས་ནི་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་ལྟར་ཀུན་སློང་གིས་མི་དགེ་བ་ཡིན་ནོ། །ལུང་མ་བསྟན་རྣམ་པ་བཞི་ལས་དོན་དམ་པར་ལུང་དུ་མ་བསྟན་པ་ནི་བརྟན་པ་སོ་སོར་བཏགས་མིན་གྱི་འགོག་པ་དང་ནམ་མཁའ་དག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟག་ཅིང་དགེ་བ་བཞི་དང་མི་དགེ་བ་བཞིར་འགྱུར་མི་སྲིད་པའི་ཕྱིར་རོ། །གཞན་དག་ནི་ཅི་རིགས་པར་དགེ་བ་བཞི་དང་མི་དགེ་བ་བཞིའི་ནང་དུ་འདུས་ཏེ། ཟག་བཅས་ཐམས་ཅད་དོན་དམ་པར་མི་དགེ་བ་དང་། ལམ་བདེན་ནི་ངོ་བོ་ཉིད་དང་མཚུངས་ལྡན་དང་ཀུན་ནས་སློང་བ་དང་དོན་དམ་པར་དགེ་བར་ཡང་འདུས་པའི་ཕྱིར་རོ། །འདུས་པ་དག་ལའང་བཟོ་དང་སྤྱོད་ལམ་པ་དང་སྤྲུལ་སེམས་དང་རྣམ་སྨིན་སྐྱེས་ཀྱི་སེམས་བཞི་དང་(ཕྱི་ནང་གི་)བེམས་པོ་རྣམས་ནི་ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ཡིན་ནོ། །(འདོད་པ་ན་འཇིག་ལྟ་མཐད་ལྟ་མཚུངས་ལྡན་དང་བཅས་པ་དང་གོང་མ་གཉིས་ཀྱི་སེམས་སེམས་བྱུང་ཉོན་མོངས་ཅན་ཐམས་ཅད་དང་།) བཟོའི་སེམས་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མཚུངས་པར་ལྡན་པས་ལུང་མ་བསྟན་ཡིན་ནོ། །(རྣམ་སྨིན་སྐྱེས་མ་གཏོགས་པ་)བཟོ་དང་སྤྱོད་ལམ་པ་དང་སྤྲུལ་སེམས་ཀྱིས་(བསླང་བའི་)ལུས་ངག་གི་རིག་བྱེད་(མཚན་ཉིད་ཐོབ་པ་དང་བཅས་པ།) དག་ནི་ཀུན་སློང་གིས་ལུང་མ་བསྟན་(ཡིན་ལ་བསྒྲིབས་པ་མ་བསླང་བ་ནི་དང་པོ་ཁོ་ན་ན་ཡོད་པ་)ཡིན་ནོ། །དགེ་མི་དགེ་ལུང་མ་བསྟན་གྱི་དབྱེ་བ་འདི་དག་ལ་གཅིག་གཅིག་གི་ནང་དུ་འདུ་བ་ནི་ཡོད་མོད་ཀྱི། ལྡོག་པ་ལ་ལྟོས་ནས་འབྱེད་པའི་ཕྱིར་ཁྱད་པར་ཡོད་དོ་ཞེས་བྱའོ། །ཞར་ལ་ཀུན་སློང་བཤད་པ་ནི་གལ་ཏེ་མཐོང་སྤང་གིས་རིག་བྱེད་མི་སློང་ན་འོ་ན་མདོ་ལས་ལོག་པར་ལྟ་བ་དེ་ལས་ནི་ལོག་པར་རྟོག་པ་དང་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། (གལ་ཏེ་སེམས་པ་དགེ་མི་དགེས་ཀུན་ནས་བསླང་བས་དགེ་མི་དགེར་འཇོག་ན། ལུས་ངག་གི་རྟེན་འབྱུང་བའང་དགེ་མི་དགེར་འགྱུར་ཏེ། སེམས་ཀྱིས་ལུས་ངག་གི་ལས་དང་ལྷན་ཅིག་ཏུ་འབྱུང་བའང་སློང་བར་བྱེད་པའི་ཕྱིར་རོ་ཞེ་ན། ལན་ལ་བྱེད་པ་པོ་ནི་ལས་བྱའོ་སྙམ་དུ་སེམས་ཀྱི་འབྱུང་བ་ལ་མི་སེམས་པས་དེ་ལྟར་མི་འགྱུར་རོ་ཞེ་ན། བསམ་པའི་དབང་གིས་ཡིན་གྱི་ཀུན་སློང་ཙམ་ལས་མིན་ན་མཉམ་གཞག་གི་རིག་བྱེད་མིན་པ་དགེ་བར་མི་འགྱུར་རོ། །མཉམ་པར་འཇོག་པའི་སྔོན་དུ་བསམས་སོ་ཞེ་ན། དེ་ནི་སྐལ་བ་མི་མཉམ་པས་དེ་ཀུན་ནས་སློང་བྱེད་མ་ཡིན་ནོ། །ཡིན་ན་ལྷའི་མིག་དང་རྣ་བ་ཡང་དགེ་བར་འགྱུར་ཏེ། སྦྱོར་བའི་ཚེ་དེ་ལ་སེམས་པའི་ཕྱིར་རོ། །མི་མཚུངས་ཏེ། ལུས་ངག་གི་ལས་ནི་སེམས་མེད་པར་མ་མཐོང་ལ། འབྱུང་བ་རྣམས་ནི་སེམས་མེད་ཀྱང་འབྱུང་བས་དགེ་བ་ལ་སོགས་པར་མི་དབྱེ་སྟེ་མིག་ལ་སོགས་པ་བཞིན་ནོ། །འོན་ཀྱང་མཚན་ཉིད་དང་ཐོབ་པ་ལ་སོགས་པ་ལ་མི་མཚུངས་ཏེ། འདི་དག་ཆོས་ཀྱི་དབང་གིས་དགེ་བ་ལ་སོགས་པར་འཇོག་ལ། འབྱུང་བ་རྣམས་ནི་ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ཡིན་ནོ། །ལྷའི་མིག་དང་རྣ་བའི་སྦྱོར་བ་ཡང་སྣང་བ་དང་སྒྲ་ཡིད་ལ་བྱེད་པ་ཡིན་པས་སྦྱོར་བའི་དབང་གིས་དགེ་བ་མ་ཡིན་ནོ་ཞེས་བཤད་དོ། །)
ཞར་ལ་ཀུན་སློང་བཤད་པ་ནི་གལ་ཏེ་མཐོང་སྤང་གིས་རིག་བྱེད་མི་སློང་ན་འོ་ན་མདོ་ལས་ལོག་པར་ལྟ་བ་དེ་ལས་ནི་ལོག་པར་རྟོག་པ་དང་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། འདི་ལྟར་ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་སློང་དང་(བྱ་བ་)དེའི་དུས་ཀྱི་ཀུན་སློང་ཞེས་བྱའོ། །ཀུན་སློང་གཉིས་པོ་དེ་དག་ལས་དང་པོ་རྒྱུའི་ཀུན་སློང་ནི་ལས་ལ་དང་བོར་རབ་ཏུ་འཇུག་པར་བྱེད་པའི་རྒྱུ་(སྦྱོར་བ་ལྟ་བུ་)ཡིན་ལ། གཉིས་པ་དུས་ཀྱི་ཀུན་སློང་ནི་ལས་བྱ་བའི་དུས་སུ་མཐུན་པར་བྱེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་(དངོས་གཞི་ལྟ་བུ་)ཡིན་ནོ། །དེ་དག་ལས་མཐོང་བས་སྤང་བར་བྱ་བའི་ཡིད་ཀྱི་རྣམ་ཤེས་ནི་(ལོག་ལྟ་ལས་དེ་བསྟན་འདོད་ཀྱི་ཤེས་པ་ཁ་ཕྱིར་བལྟས་འབྱུང་བས་ངེས་ལུས་ངག་སློང་པས་སམ། ལོག་ལྟས་གསོད་སོགས་ཀུན་ནས་སློང་བས་སོ་ཞེས་པའམ།) ཁ་ནང་དུ་བལྟས་པས་རིག་བྱེད་ཀྱི་རབ་ཏུ་འཇུག་པར་བྱེད་པ་རྒྱུའི་ཀུན་སློང་ཡིན་གྱི་དུས་ཀྱི་ཀུན་སློང་ནི་མ་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་བསྒོམ་པས་སྤང་བར་བྱ་བ་ནི་རིག་བྱེད་ཀྱི་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཉིས་ཀ་ཡིན་ནོ། (རྟོག་བཅས་ཁ་ཕྱིར་བལྟས་ཀྱང་ཡོད་པས་སོ། །)མིག་ལ་སོགས་པའི་རྣམ་ཤེས་ལྔ་ནི་རྟོག་མེད་ཡིན་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་དུས་ཀྱི་ཀུན་སློང་ཁོ་ན་ཡིན་ནོ། །དེའི་ཕྱིར་དེ་དག་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་མདོ་ལས། ལོག་པར་ལྟ་བ་མཐོང་སྤང་གིས་རིག་བྱེད་ཀུན་ནས་སློང་བར་བཤད་པ་ནི་རྒྱུའི་ཀུན་སློང་གི་དབང་དུ་མཛད་པ་ཡིན་ལ། འདོད་ཁམས་ན་བསྒྲིབས་པའི་རིག་བྱེད་ཀྱི་ཀུན་སློང་མེད་པར་བཤད་པ་ནི་དུས་ཀྱི་ཀུན་སློང་གི་དབང་དུ་མཛད་པ་ཡིན་ཏེ། དེས་ན་འདོད་པའི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་(དང་པོ་གཉིས་)བསྒྲིབས་ལ་ལུང་མ་བསྟན་མཐོང་སྤང་གིས་རིག་བྱེད་ཀྱི་རྒྱུའི་ཀུན་སློང་བྱེད་ཀྱང་དུས་ཀྱི་ཀུན་སློང་ནི་སྒོམ་སྤང་གི་རྣམ་ཤེས་ཁོ་ན་ལ་ལྟོས་ལ། སྒོམ་སྤང་གི་རྣམ་ཤེས་བསྒྲིབས་པའང་འདོད་པ་ན་མེད་པའི་ཕྱིར་འདོད་པ་ན་བསྒྲིབས་པའི་རིག་བྱེད་མེད་དོ་ཞེས་བྱ་བ་ཡིན་ནོ། །
འོ་ན་ནི་དུས་ཀྱི་ཀུན་སློང་གཙོ་བོ་ཡིན་པའི་ཕྱིར་རྒྱུའི་ཀུན་སློང་དགེ་བས་བྱས་ནས་དུས་ཀྱི་ཀུན་སློང་མི་དགེ་བའམ་ལུང་མ་བསྟན་གྱིས་བྱས་པའི་སྡོམ་པ་དགེ་བར་མི་འགྱུར་རོ་ཞེ་ན། ཀུན་སློང་གི་བསམ་པ་དེ་དག་མཐོང་སྤང་དང་སྒོམ་སྤང་རིགས་ཐ་དད་ན་དུས་ཀྱི་ཀུན་སློང་གཙོ་བོར་འགྱུར་གྱི་རིས་གཅིག་པ་ལ་ནི་རྒྱུའི་ཀུན་སློང་ཉིད་གཙོ་བོ་ཡིན་པའི་ཕྱིར་དེ་ལྟར་ཐལ་བ་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། །གལ་ཏེ་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་དག་འདྲ་བའམ་མི་འདྲ་བ་ཡིན་ཞེ་ན། དེ་ནི་ཅི་རིགས་པར་ཡོད་དེ། རབ་ཏུ་འཇུག་པར་བྱེད་པ་རྒྱུའི་ཀུན་སློང་དགེ་བ་ལས་རྗེས་སུ་འཇུག་དུས་ཀྱི་ཀུན་སློང་ཡང་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་དུ་འགྱུར་ལ། དེ་བཞིན་དུ་སོགས་པའི་སྒྲས་བཟུང་བ་རབ་ཏུ་འཇུག་བྱེད་མི་དགེ་བ་དང་ལུང་མ་བསྟན་ལས་ཀྱང་རྗེས་སུ་འཇུག་བྱེད་རྣམ་པ་གསུམ་དུ་ཤེས་པར་བྱའོ། །(དེས་ན་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་ལ་མུ་བཞི་སྟེ། མཐོང་སྤང་གི་སེམས་ནི་རབ་ཏུ་འཇུག་བྱེད་ཁོ་ན་དང་། སྒོ་ལྔའི་རྣམ་ཤེས་ནི་རྗེས་སུ་འཇུག་བྱེད་ཁོ་ན་དང་། ཡིད་ཤེས་སྒོམ་སྤང་ནི་གཉིས་ཀ་དང་། ཟག་མེད་ནི་གཉིས་ཀ་མིན་པའི་མུའོ། །)
དེ་ལ་དམིགས་ཀྱིས་བསལ་བ་ནི་འདི་ཡིན་ཏེ། ཐུབ་པའི་རབ་ཏུ་འཇུག་བྱེད་དགེ་བ་དང་ལུང་མ་བསྟན་ལས་རྗེས་སུ་འཇུག་བྱེད་ཀྱང་དགེ་བ་དང་ལུང་མ་བསྟན་དུ་འདྲ་བ་འབྱུང་བའམ། ཡང་ན་སངས་རྒྱས་རྣམས་ཀྱི་སྟོན་པ་ནི་དམན་པར་མི་འགྱུར་བས་དགེ་བ་ལས་ལུང་མ་བསྟན་དུ་མི་འགྱུར་གྱི་དགེ་བ་ལས་དགེ་བ་དང་ལུང་མ་བསྟན་ལས་ཀྱང་དགེ་བ་ཁོ་ན་འབྱུང་བས་རྗེས་སུ་འཇུག་བྱེད་དེ་ནི་དགེ་བ་ཁོ་ན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །སྡེ་པ་གཞན་དག་ན་རེ་སངས་རྒྱས་རྣམས་ཀྱི་རྒྱུད་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་སྤྱོད་ལམ་བཞི་ཆར་ཡང་དགེ་བ་ཁོ་ནར་རྒྱུད་གཅིག་པ་ཡིན་གྱི་ལུང་མ་བསྟན་གྱི་སེམས་མེད་དེ། མདོ་ལས་ཀྱང་། གླང་ཆེན་གཤེགས་ནའང་མཉམ་པར་བཞག། གླང་ཆེན་བཞེངས་ནའང་མཉམ་པར་བཞག། གླང་ཆེན་མནལ་ནའང་མཉམ་པར་བཞག། བཞུགས་ནའང་མཉམ་པར་བཞག་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདིར་གླང་ཆེན་ཞེས་བྱ་བ་ནི་སངས་རྒྱས་ཏེ་ཉེས་པ་མི་མངའ་བས་ན་གླང་ཆེན་ཏེ། མདོ་ལས། འཆར་བྱེད་དེ་བཞིན་གཤེགས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱིས་ངན་པར་མི་མཛད་པས་ན་གླང་པོ་ཆེ་ཆེན་པོ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ནི་སངས་རྒྱས་ཀྱི་ཐུགས་ནི་སྤྱོད་ལམ་བཞི་ཆར་དུ་བཞུད་ནའང་བཞུད་དོ་སྙམ་པ་ལ་སོགས་པ་ནས་བཞུགས་ན་འང་བཞུགས་སོ་སྙམ་དུ་དགོངས་པ་ཉེ་བར་གནས་པས་ཐུགས་མི་བཞེད་བཞིན་དུ་ཡུལ་ལ་མི་འཇུག་པའི་ཕྱིར་མདོ་ལས་དེ་སྐད་དུ་གསུངས་ཀྱི་སངས་རྒྱས་ལ་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་དང་སྤྲུལ་སེམས་མི་མངའ་བ་ནི་མ་ཡིན་ནོ་ཞེས་འདོད་དོ་ཞེས་ཟེར་རོ། །(ཡིད་དང་སྒོ་ལྔའི་ཤེས་པ་ཀུན་སློད་དུ་བཤད་པ་ཡང་རྣམ་སྨིན་སྐྱེས་ལས་གཞན་ལ་དགོངས་ཀྱི།) རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་ནི་མངོན་པར་འདུ་བྱེད་པ་མེད་པར་ངང་གིས་འཇུག་པའི་ཕྱིར་དང་། ཀུན་སློང་ཡང་འདུ་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་མིན་ལ། དེ་བཞིན་དུ་ཟག་མེད་ཀྱི་སེམས་ཀྱང་མི་རྟོག་ཅིང་ནང་དུ་མཉམ་པར་བཞག་པའི་ཕྱིར་གཉིས་ཀ་མ་ཡིན་ནོ། །དོན་འདི་ལ་རིག་བྱེད་མ་ཡིན་པ་ཀུན་སློང་གིས་དགེ་མི་དགེར་འགྱུར་རོ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པ་མ་ཡིན་ཏེ། ཀུན་སློང་གི་བསམ་པ་ནི་རིག་བྱེད་མ་ཡིན་པ་ལ་སེམས་པ་མེད་པའི་ཕྱིར་རོ། །གལ་ཏེ་བསམ་པའི་སྟོབས་ཙམ་ལས་བྱུང་བས་ཡིན་ན་རིག་བྱེད་མ་ཡིན་པ་དང་ལྷན་ཅིག་པའི་འབྱུང་བཞི་དང་མིག་དང་རྣ་བའི་མངོན་ཤེས་དག་ཀྱང་དགེ་བར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་སྡོམ་པ་ལ་སོགས་པ་ནི་རིག་བྱེད་མ་ཡིན་པའི་གཟུགས་ཉིད་མ་ཡིན་གྱི་ཕན་པ་དང་གནོད་པའི་སེམས་པའི་རྒྱུན་ཡིན་པའི་ཕྱིར་འདིར་རྣམ་པར་བཞག་པ་ཐམས་ཅད་ནི་བྱེ་བྲག་ཏུ་སྨྲ་བས་ཀུན་བརྟགས་པ་ཁོ་ནར་སྣང་ངོ་། །
ད་ནི་རིག་བྱེད་མ་ཡིན་པའི་དབྱེ་བ་མདོར་བསྟན་པ་ནི་སྔར་བཤད་པའི་རྣམ་པར་རིག་བྱེད་མིན་པ་དེ་ནི་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། གང་ཞེ་ན། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ་དང་། གནོད་པ་གཞི་དང་བཅས་པ་ལ་རྒྱུན་དུ་ཞུགས་པ་ནི་སྡོམ་པ་མིན་པ་དང་། གནོད་པའམ་གནོད་པའི་གཞི་དག་ཕྱོགས་རེ་སྤོང་བའམ་ཕྱོགས་རེ་ལ་འཇུག་ན་སྡོམ་པ་དང་སྡོམ་མིན་གཉིས་ལས་གཞན་པའི་བར་མ་ཡིན་ནོ། །འདི་ལའང་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་དེ། གནོད་པ་དང་ཕན་པའི་སྟོབས་རེ་ལ་རྒྱུན་དང་ལྡན་པར་གནས་པ་ནི་རིག་བྱེད་མ་ཡིན་པ་སྟེ་སྔར་སྨོས་པའི་རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞི་བདུན་ལ་སོགས་པ་དང་། ལོ་རེ་རེ་ཞིང་ལུག་ལ་སོགས་པ་འདི་བསད་དོ་ཞེས་དམ་བཅས་ནས་གསོད་པ་ལྟ་བུའོ། །དེ་ལ་གནོད་པ་ནི་ལུས་ངག་གི་མི་དགེ་བ་བདུན་དང་གཞི་ནི་ཡིད་ཀྱི་གསུམ་མམ། ཡང་ན་གནོད་པ་རང་བཞིན་དང་གཞི་བཅས་པའི་ཁ་ན་མ་ཐོ་བའོ། །རྒྱས་པར་བཤད་པ་ལ་སྡོམ་པའི་དབྱེ་བ་དང་། སོ་སོ་ཐར་པའི་སྡོམ་པའི་ཁྱད་པར་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པའི་ཁྱད་པར་གསུམ་ལས་དང་པོ་སྡོམ་པ་ལ་དབྱེ་ན་སོ་སོ་ཐར་པའི་སྡོམ་པ་ཞེས་བྱ་བ་དང་། དེ་བཞིན་དུ་ཟག་མེད་དང་བསམ་གཏན་ལས་སྐྱེས་པའི་སྡོམ་པ་གཉིས་ཏེ་གསུམ་ཡིན་ནོ། །(དགེ་སློང་གི་སྤོང་བདུན་དང་། ཟག་བཅས་ཀྱི་མཉམ་གཞག་ལས་སྐྱེས་པའི་སྤོང་བདུན་དང་། ཟག་མེད་ཀྱི་མཉམ་གཞག་ལས་སྐྱེས་པའི་སྤོང་བདུན་རྣམས་མཚན་བཞི། སོ་ཐར་དང་། བསམ་གཏན་དང་། ཟག་མེད་ཀྱི་སྡོམ་པའི་ཐ་སྙད་དུ་བྱར་རུང་། མཚན་ཉིད་རིམ་པ་ལྟར། འདོད་པའི་དགེ་བ་གཟུགས་ཅན་གང་གི་ངེས་པ་ལྔ་དང་བྲལ་བ་དང་། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་བཅས་དང་། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་མེད་དོ། །གསུམ་དུ་གྲངས་ངེས་པ་ནི་མཉམ་པར་འཇོག་པའི་རྟེན་དང་། དེའི་འབྲས་བུ་ཟག་བཅས་ཟག་མེད་ཀྱི་ཏིང་ངེ་འཛིན་གཉིས་ཀྱི་དབང་གིས་སོ། །གོ་རིམ་ངེས་པ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་སོ། །འོ་ན་ཕྱི་རོལ་པ་ལ་སོ་ཐར་མེད་པའི་ཕྱིར་བསམ་གཏན་གྱི་སྡོམ་པ་མེད་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ་དེ་དག་གི་བསམ་གཏན་གྱི་སྡོམ་པ་ནི་ལུས་ངག་གི་ཉེས་སྤྱོད་སྡོམ་པ་ལས་སྐྱེ་བས་སོ། །ཡང་ན་འབྲས་བུ་ལ་སྤྱི་མིང་གིས་བཏགས་པ་སྟེ་ཀ་བ་དང་མིག་ཤེས་རྒྱུ་འབྲས་སུ་བརྗོད་པ་བཞིན་ནོ། །)
གཉིས་པ་སོ་སོ་ཐར་པ་ཞེས་བྱ་བའི་སྡོམ་པ་ནི་གང་ཟག་གིས་ཕྱེ་ན་རྣམ་པ་བརྒྱད་དེ། དགེ་སློང་ཕ་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་མ་དང་། དགེ་བསྙེན་ཕ་མ་དང་། བསྙེན་གནས་པའི་སྡོམ་པའོ། །(བཤེས་སྤྲིང་འགྲེལ་པར་དགེ་སློབ་མ་དོར་ནས་བསྙེན་གནས་ལ་གཉིས་སུ་ཕྱེ་ནས་བརྒྱད་དུ་མཛད་དོ། །)གང་ཟག་ཐ་དད་པ་མ་གཏོགས་པ་སྡོམ་པའི་རྫས་སུ་ནི་རྣམ་པ་བཞི་ཡིན་ཏེ། །དགེ་སློང་ཕ་མའི་སྡོམ་པ་དག་ནི་རྫས་འདྲ་བ་དང་། དགེ་སློབ་མ་དང་དགེ་ཚུལ་ཕ་མ་གསུམ་ཡང་སྡོམ་པའི་རྫས་འདྲ་བ་དང་། དགེ་བསྙེན་ཕ་མ་དག་ཀྱང་(སྤང་བྱ་ལྔ་བརྒྱད་བཅུ་ལ་སོགས་པ་མཚན་ཉིད་སོ་སོར་ངེས་པས་སོ། །)སྡོམ་པའི་རྫས་འདྲ་བའི་ཕྱིར་རོ། །འདིར་རྫས་ནི་མཚན་ཉིད་ལ་འདོད་དོ། །(དེ་ལ་ཉེས་སྤྱོད་དང་མི་ཚངས་སྤྱོད་ཇི་སྲིད་འཚོའི་བར་དུ་སྤོང་བའི་དབང་དུ་བྱས་ནས་སྡོམ་པ་དང་པོ་ལྔ་བཞག་ལ། ཉེས་སྤྱོད་དང་ལོག་གཡེམ་ཇི་སྲིད་འཚོའི་བར་དུ་སྤོང་ནུས་ཙམ་གྱི་དབང་དུ་བྱས་ནས་དགེ་བསྙེན་གྱི་སྡོམ་པ་བཞག་ལ། ཉེས་སྤྱོད་དང་འདོད་ལོག་ཞག་རེ་ཙམ་སྤོང་ནུས་པའི་དབང་དུ་བྱས་ནས་བསྙེན་གནས་པའི་སྡོམ་པ་རྣམ་པར་བཞག་གོ།) བསྙེན་གནས་ལ་གཉིས་སུ་མ་ཕྱེ་བ་ནི་ཡུན་ཐུང་པའི་ཕྱིར་རོ། །(བསྡུ་བ་ལས་ཟ་མ་ལ་སོགས་པ་ལའང་སྐྱེ་བར་བཤད་པའི་ཕྱིར་རོ། །)གལ་ཏེ་དགེ་སློང་ཕ་མ་ལ་སོགས་པའི་སྡོམ་པའི་རྫས་འདྲ་བར་ཇི་ལྟར་འགྱུར་ཏེ། དགེ་སློང་མའི་ལྕི་བའི་ཆོས་བརྒྱད་དགེ་སློང་ལ་མ་བཅས་ཤིང་། དགེ་སློབ་མས་དགེ་ཚུལ་(ཕ་མའི་བཅུ་པོ་སྤོང་བའི་སྟེང་དུ་ཡང་ལོ་གཉིས་སུ།) སྐྱེས་པ་ལ་རེག་པ་དང་སྐྱེས་པ་དང་(དབེན་བ་སྐྱབས་ཡོད་དུ་)ལྷན་ཅིག་ཏུ་འདུག་པ་དང་། གཅིག་པུར་ལམ་དུ་འགྲོ་བ་དང་། རྐྱལ་བྱེད་པ་དང་། སྨྱན་བྱེད་པ་དང་། ཟླ་མོའི་ཉེས་པ་འཆབ་པ་སྟེ་ཆོས་དྲུག་དང་། གསེར་ལ་རེག་པ་དང་། མདོམས་ཀྱི་སྤུ་འདྲེག་པ་དང་། བྱིན་ལེན་མ་བྱས་པ་ཟ་བ་དང་། གསོག་འཇོག་བྱས་པ་ཟ་བ་དང་། རྩ་གཅོད་པ་དང་། ས་རྐོ་བ་སྟེ། ཉེ་བའི་ཆོས་དྲུག་སྟེ་བཅུ་གཉིས་སྤངས་ནས། དགེ་སློབ་མ་བྱེད་པར་བཤད་པས་སྤང་བྱ་ལ་མང་ཉུང་ཡོད་པའི་ཕྱིར་རོ་ཞེ་ན། སྤང་བྱ་ལ་འཕེལ་འགྲིབ་ཡོད་ཀྱང་དེ་དག་སྡོམ་པའི་རྫས་ལ་ཁྱད་པར་མེད་དེ། (དེའི་སྤོང་བ་བཅུ་ནི་དགེ་ཚུལ་ཕ་མའི་སྡོམ་པའང་ཡིན་པའི་ཕྱིར་དང་།) མཚན་(ལན་གཉིས་སུ།) གྱུར་པ་ལས་ནི་མིང་འཕོ་བ་ཙམ་ཡིན་པའི་ཕྱིར་ཏེ། དགེ་བསྙེན་མཚན་གྱུར་ན་དགེ་བསྙེན་མ་དང་། དགེ་བསྙེན་མ་མཚན་གྱུར་ན་དགེ་བསྙེན་དང་། དགེ་ཚུལ་མཚན་གྱུར་ན་དགེ་ཚུལ་མ་དང་། དགེ་ཚུལ་མ་དང་དགེ་སློབ་མ་མཚན་གྱུར་ན་དགེ་ཚུལ་དང་། དགེ་སློང་མཚན་གྱུར་ན་དགེ་སློང་མ་དང་། དགེ་སློང་མ་མཚན་གྱུར་ན་དགེ་སློང་དུ་འགྱུར་བ་ཙམ་ལས་སྡོམ་པ་སྔར་ཡོད་(གཏོང་རྒྱུ་ལྔ་པོ་གང་གིས་ཀྱང་།) གཏོང་བ་དང་(གཞན་གྱི་རིག་བྱེད་ལ་སོགས་པའི་རྒྱུ་གང་གིས་ཀྱང་།) སྔར་མེད་འཐོབ་པ་མེད་པའི་ཕྱིར་རོ། །རྫས་ལ་ཁྱད་པར་ཡོད་ན་མཚན་གྱུར་བ་ཙམ་གྱིས་དེ་དག་ཏུ་འགྱུར་བར་མི་རིགས་པའི་ཕྱིར་རོ། །
ཡང་དགེ་བསྙེན་ལ་སོགས་པའི་སྡོམ་པ་དེ་དག་ཐ་དད་པ་ཡིན་གྱི་སྔ་མ་སྔ་མ་གནས་གྱུར་པ་ཕྱི་མ་ཕྱི་མའམ་གཅིག་ཏུ་ཡོད་པ་ནི་མ་ཡིན་ཏེ། དགེ་སློང་གི་སྡོམ་པ་ཕུལ་བས་དགེ་ཚུལ་ལ་སོགས་པའང་གཏོང་བར་ཐལ་བའི་ཕྱིར་དང་། ཕྱི་མ་རྣམས་སྔ་མའི་གཏོང་རྒྱུར་ཐལ་བའི་ཕྱིར་རོ། །(དེ་ལྟ་མ་ཡིན་ན་གཞན་གཉིས་ཀྱང་དེར་འདུས་པས་དགེ་སློང་གི་སྡོམ་པ་བཏང་བས་གསུམ་ཆར་གཏང་བར་འགྱུར་ན་དེ་ནི་མི་འདོད་དེ་ན་སྨད་ཙམ་དུ་འགྱུར་བར་བཤད་པས་སོ། །གལ་ཏེ་དགེ་སློང་གི་རྩ་ལྟུང་བྱུང་བས་སྔ་མ་གཉིས་ལ་མི་གནོད་པར་ཐལ། དེ་དག་རྫས་ཐ་དད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ་ཟག་མེད་ཀྱི་ལམ་གཅིག་གིས་སྤང་བྱའི་རྫས་དུ་མ་དུས་གཅིག་ལ་ཉམས་པར་བྱེད་པ་བཞིན་ནོ། །འོན་ཀྱང་རིག་བྱེད་མངོན་གྱུར་ནི་རྫས་གཅིག་སྟེ་དགེ་སློང་དུ་འཛིན་པའི་བསམ་པས་སློང་ཞིང་དེར་བརྗོད་པས་སོ། །སྤོང་སེམས་ལ་འདོད་པ་ལྟར་ནའང་རྫས་མཚུངས་ཉམས་པར་མི་འགྱུར་ཏེ། ས་བོན་ཐ་དད་པས་སོ། །ཞེས་གསུང་ངོ་། །ཐ་དད་ཀྱང་སྡོམ་པ་ཕྱི་མ་བླངས་པས་སྔ་མ་གཏོང་བ་མ་ཡིན་ཏེ། དེ་དག་ཕན་ཚུན་འགལ་བ་མེད་པའི་ཕྱིར་རོ། །)འོ་ན་དགེ་སློང་གི་རྒྱུད་གཅིག་ལ་སྡོམ་པ་གསུམ་ག་ཡོད་ན་ཐ་དད་པ་གསུམ་འགལ་ལོ་ཞེ་ན་དེ་དག་ཐ་དད་དུའང་རྒྱུད་གཅིག་ལ་འགལ་བ་མེད་དེ། འདི་ལྟར་དགེ་སློང་ལ་སྲོག་གཅོད་སྤོང་བ་ནས་ཆང་འཐུང་བ་སྤོང་བའི་བར་ལྔ་ནི་གསུམ་གསུམ་དང་། གླུ་གར་ལ་སོགས་པ་སྤོང་བ་གཉིས་གཉིས་དང་། སྤོང་བ་གཞན་དག་ནི་རེ་རེ་བ་ཡིན་ནོ། །འོན་ཀྱང་(བསླབ་པའི་གཞི་མང་པོ་ལེན་པར་འདོད་པའི་སེམས་པ་ལས་སྐྱེས་པས་རྒྱགས་པ་དང་བག་མེད་པའི་གནས་ཆེས་མང་པོ་ལས་ཟློག་ལ་གཞན་ནི་དེ་ལྟ་མ་ཡིན་པས།) གཞི་དང་བསམ་པའི་ཁྱད་པར་གྱིས་དགེ་སློང་གི་སྲོག་གཅོད་སྤོང་བ་ཆེ་ལ། དགེ་ཚུལ་གྱི་འབྲིང་། དགེ་བསྙེན་གྱི་ཆུང་ངོ་ཞེས་བྱ་བར་འདོད་དོ། །
འོ་ན་དགེ་སློང་དེ་ཉིད་དགེ་ཚུལ་དང་དགེ་བསྙེན་དུའང་འགྱུར་རོ་ཞེ་ན། དེ་ལྟར་ནི་ཡིན་མོད་ཀྱི་དགེ་སློང་ཞེས་བརྗོད་པ་ནི་གཙོ་ཆེ་བའི་ཕྱིར་ཏེ། དགྲ་བཅོམ་པ་དགེ་སློང་ཡིན་ཡང་དགྲ་བཅོམ་ཞེས་བརྗོད་པ་བཞིན་ནོ། །དེ་དག་ནི་སྡེ་པའི་ལུགས་སོ། །དོན་ལ་གནས་པ་ནི་འདི་ཡིན་ཏེ་སྤོང་བའི་སེམས་པ་གཅིག་ཡིན་གྱི་ཐ་དད་པ་ནི་མ་ཡིན་ཏེ། སེམས་པ་གཉིས་དང་གསུམ་ལ་སོགས་པ་དུས་ཅིག་ཅར་མི་འབྱུང་བའི་ཕྱིར་དང་། ཚིགས་སྔ་མ་མེད་པ་ལ་བསྙེན་པར་རྫོགས་པ་སྐྱེ་བ་དང་། ན་སྨད་པ་དག་ནི་སེམས་པའི་ཁྱད་པར་ཁས་བླངས་པའི་སྟོབས་ཀྱིས་འཐོབ་པ་དང་གཏོང་བའི་ཕྱིར་རོ། །འོན་ཀྱང་དགེ་ཚུལ་གྱི་སྡོམ་པའི་ཁོངས་སུ་དགེ་བསྙེན་འདུ་བ་དང་། དགེ་སློང་གི་ཁོངས་སུ་འོག་མ་གཉིས་ཀའང་འདུ་བའི་ཕྱིར་སྡོམ་པ་གསུམ་ལྡན་ཞེས་བྱ་བར་བརྗོད་དོ། །གཉིས་པ་ནི་དགེ་བསྙེན་ཉིད་ལ་གནས་པའི་ཆེད་དུ་(སྐྱབས་འགྲོ་དང་ཐར་པ་འདོད་པ་སྔོན་དུ་སོང་བས།) སྲོག་གཅོད་དང་། མ་བྱིན་ལེན་དང་། འདོད་ལོག་དང་། རྫུན་དང་། ཆང་འཐུང་བ་ཞེས་བྱ་བའི་སྤང་བྱ་ལྔ་སྤོང་བ་མནོས་པ་ལས་དགེ་བསྙེན་དང་། དེ་བཞིན་དུ་ཉིད་དང་ཆེད་དུ་ཞེས་བྱ་བ་བསྙེན་གནས་ལ་སོགས་པ་ལའང་སྦྱར་ཏེ། སྲོག་གཅོད་དང་། མ་བྱིན་ལེན་དང་། མི་ཚངས་སྤྱོད་དང་། རྫུན་དང་། ཆང་འཐུང་པ་དང་། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་དང་གར་དང་གླུ་དང་རོལ་མོ་དང་(སྟེ་འདི་དག་སྡོམ་པས་གཅིག)ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་སྟེ། (འདི་གཉིས་གཅིག་ཏུ་བསྡུས་པ།) དུས་མ་ཡིན་པའི་ཁ་ཟས་ཏེ་སྤང་བྱ་བརྒྱད་སྤོང་བ་མནོས་པ་ལས་བསྙེན་གནས་དང་། དེ་དག་ལས་གར་དང་གླུ་དང་རོལ་མོ་ལ་རེག་པ་གཅིག་དང་། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་གཅིག་སྟེ་གཉིས་སུ་ཕྱེ་ལ། གསེར་དངུལ་ལེན་པ་བསྣན་པའི་སྤང་བྱ་བཅུ་སྤོང་བ་མནོས་པ་ལས་ནི་དགེ་ཚུལ་དང་(སྔ་མ་ལ་གར་སོགས་ཕྲེང་སོགས་གཅིག་ཏུ་བཞག་པ་ནི་བསླབ་བྱ་མང་ངོ་སྙམ་པས་ཁྱིམ་པ་རྣམས་སྒྱིད་ལུག་པ་སྤང་བར་བྱ་བའི་ཕྱིར་སླ་བར་བསྟན་པའི་ཕྱིར་གཅིག་ཏུ་བྱས་སོ། །བསྡུ་བ་ལས་རབ་བྱུང་གར་སོགས་བྱེད་པ་དང་གསོག་འཇོག་གིས་འཚོ་ན་ཉེས་པ་ཆེ་བས་ཉེས་པ་གཉིས་དང་གསེར་དངུལ་སྤོང་བ་བསྟན་ཏོ་ཞེས་སོ། །)ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ་དང་། སྤང་ལྷུང་སུམ་ཅུ་དང་། ལྟུང་བྱེད་(འབའ་ཞིག་པ།) དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བ་བཞི་དང་། བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད་(དམ་ལུས་དག་གི་ལས་བདུན་པོ་ཐམས་ཅད།) སྤོང་བ་མནོས་པ་ལས་དགེ་སློང་དུ་འགྱུར་རོ། །མིང་གི་རྣམ་གྲངས་ནི་མི་དགེ་བའི་ལས་ནི་སེམས་ཅན་ལ་མི་མཉམ་པར་འཇུག་པས་ཚུལ་ཁྲིམས་བླངས་པ་ན་ལས་མི་མཉམ་པ་ཅན་རྣམས་ཡང་དག་པར་འཇོག་ཅིང་འདོར་བས་སམ། ཡང་ན་མདོ་ལས། ལུས་ལ་ཡོངས་སུ་གདུང་མེད་པས། །ཚུལ་ཁྲིམས་ཡང་དག་བླང་བ་བདེ། །གཉིད་ལོག་པ་ཡང་བདེ་བ་སྟེ། །སད་པ་ན་ཡང་བདེ་བར་འགྱུར། །ཞེས་འབྱུང་བས་འགྱོད་པ་ལ་སོགས་པ་ལུས་སེམས་ལ་གདུང་བ་མེད་པས་བསིལ་བ་ཐོབ་པའི་ཕྱིར་ཚུལ་ཁྲིམས་དང་མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་སྤྱད་དང་། བྱ་བའི་རང་བཞིན་ཡིན་པས་ལས་(ཡིན་ཏེ་རིག་བྱེད་དང་སེམས་པ་དག་གིས་བྱེད་པའི་ཕྱིར།) དང་ལུས་ངག་གི་ཉེས་སྤྱོད་སྡོམ་པའི་ཕྱིར་སྡོམ་པ་ཞེས་བྱའོ། །དེ་བཞིན་དུ་རྩ་བ་དང་རྒྱན་དང་བྱུག་པ་དང་སྤོས་ཞེས་ཀྱང་བྱའོ། །
ཡང་སོ་སོ་ཐར་བའི་སྡོམ་པ་ཐོབ་པའི་སྐད་ཅིག་མ་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་ནི་སོ་སོ་ཐར་པ་དང་སྡོམ་པ་(གཞི་མཐུན་པ་)དང་བྱ་བའི་ལས་ཀྱི་ལམ་(དངོས་)ཞེས་ཀྱང་བྱ་སྟེ། སྡིག་པ་ལས་(དང་པོར།) ཐར་པའི་ཕྱིར་དང་། ལུས་ངག་སྡོམ་པའི་ཕྱིར་དང་། ལས་འབྱུང་བའི་སྒོའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ཕན་ཆད་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོ་ཐར་པ་ནི་མ་ཡིན་ཏེ། སོ་སོ་ཐར་པའི་དོན་ནི་པྲ་ཏི་མོཀྵ་ཞེས་བྱ་བ་དང་པོར་ཐར་པ་ཡིན་ན་ཐར་ཟིན་པའི་ཕྱིར་རོ། །ལས་ཀྱི་ལམ་གྱི་མཇུག་ཡིན་གྱི་དངོས་ནི་མ་ཡིན་ནོ། །(འདི་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཏེ། བསམ་གཏན་ཟག་མེད་ནི་ཆོས་ཉིད་ཀྱིས་ཐོབ་པས་སོ། །)ཡང་སོ་སོ་ཐར་པའི་སྡོམ་པ་དང་ལྡན་པའི་གང་ཟག་ནི་བརྒྱད་དེ་དགེ་སློང་ལ་སོགས་པའོ། །(ཕྱི་རོལ་པ་རྣམས་ལ་སོ་ཐར་མེད་དམ་ཡོད་ཅེ་ན། དེ་དག་ལ་ཡང་མི་དགེ་བ་སྡོམ་པ་ཙམ་ཡོད་མོད་ཀྱི་སོ་སོ་ཐར་པའི་སྡོམ་པ་ནི་མེད་དེ། དེ་དག་ནི་ལོག་ལྟ་ལ་སོགས་པས་ཉམས་པའི་ཕྱིར་དང་། སྲིད་པའི་ཁྱད་པར་ཁོ་ན་ལ་ཐར་པར་འདུ་ཤེས་པས་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོ་ཐར་པར་བྱེད་པ་མ་ཡིན་ནོ། །)གསུམ་པ་ནི་བསམ་གཏན་ལས་སྐྱེས་པའི་སྡོམ་པ་དང་ནི་བསམ་གཏན་ཉེར་བསྡོགས་(ཡར་བཅད་དང་དངོས་གཞི་)དང་བཅས་པ་དེ་དང་ལྡན་པ་རྣམས་དང་ལྡན་ལ། (ཉེར་བསྡོགས་ལའང་རྟེན་དུ་བརྗོད་དོ། །)ཟག་མེད་ཀྱི་སྡོམ་པ་དང་ནི་འཕགས་པའི་སེམས་ཅན་(སློབ་མི་སློབ།) རྣམས་དང་ལྡན་ནོ། །སྡོམ་པ་གསུམ་པོ་དེ་དག་ལས་ཐ་མ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ནི་སེམས་ཀྱི་རྗེས་སུ་འབྲང་བ་སྟེ་མཉམ་པར་བཞག་པ་ན་ཡོད་ལ་མ་བཞག་པ་ན་མེད་པའི་ཕྱིར་རོ། །(སོ་ཐར་ནི་གཡེངས་པ་དང་སེམས་མེད་པའི་རྗེས་སུ་བྱེད་པས་མིན་ནོ། །)ཡང་སྤོང་བའི་སྡོམ་པ་ཞེས་བཤད་པ་གང་ཞེ་ན། བར་ཆད་མེད་པའི་ལམ་དགུ་དག་ཏུ་སྐྱེས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ་གཉིས་ནི་སྤོང་བའི་སྡོམ་པ་ཞེས་བྱའོ། །བར་ཆད་མེད་པའི་ལམ་ཐམས་ཅད་དམ་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ལ་ཡིན་ཏེ། འཆལ་བའི་ཚུལ་ཁྲིམས་དང་དེ་ཀུན་ནས་སློང་བའི་ཉོན་མོངས་རྣམས་སྤོང་བའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་གྱི་སྡོམ་པ་ཡིན་ལ། སྤོང་བའི་སྡོམ་པ་མ་ཡིན་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པའི་ཟག་བཅས་ཀྱི་བསམ་གཏན་གྱི་སྡོམ་པའོ། །སྤོང་བའི་སྡོམ་པ་ཡིན་ལ་བསམ་གཏན་གྱི་སྡོམ་པ་མ་ཡིན་པ་ནི་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་གྱི་ཟག་མེད་ཀྱི་སྡོམ་པའོ། །གཉིས་ཀ་ཡིན་པ་ནི་ཉེར་བསྡོགས་མི་ལྕོགས་མེད་པའི་བར་ཆད་མེད་པའི་ལམ་གྱི་བསམ་གཏན་གྱི་སྡོམ་པའོ། །གཉིས་ཀ་མ་ཡིན་པ་ནི་དེ་ལས་མ་གཏོགས་པ་མི་ལྕོགས་པ་མེད་པའི་ལམ་མ་གཏོགས་པའི་ཟག་མེད་ཀྱི་སྡོམ་པའོ་ཞེས་བྱ་བའི་མུ་བཞི་དང་། དེ་བཞིན་དུ་ཟག་མེད་ཀྱི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་མ་ཡིན་པ་ལ་སོགས་པའི་མུ་བཞིའང་ཤེས་པར་བྱའོ། །
ཡང་སོ་སོ་ཐར་པ་ལས་ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་གསུངས་པའི་ལུས་ངག་གི་སྡོམ་པ་མ་ཡིན་པ་ཡིད་དང་དབང་པོའི་སྡོམ་པ་དེ་དག་ཀྱང་རིག་བྱེད་མ་ཡིན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལྟུང་བ་དང་དེའི་གཉེན་པོ་ཤེས་པའི་ཤེས་བཞིན་དང་། སྤོང་བའི་སེམས་པ་མ་བརྗེད་པའི་དྲན་པ་དག་གཉིས་ཀ་ནི་ཡིད་ཀྱི་སྡོམ་པ་དང་དེ་གཉིས་ཀ་དབང་པོའི་སྡོམ་པའང་ཡིན་ཏེ། དེ་གཉིས་ཀྱིས་ཡིད་ཀྱི་ཉེས་སྤྱོད་ཀྱང་སྤོང་ལ་དབང་པོ་ཡུལ་ལ་ལོག་པར་སྤྱོད་པ་དག་ཀྱང་སྤོང་བའི་ཕྱིར་རོ། །དེ་དག་གིས་ལྡན་པའི་ཚུལ་སྟོན་པ་ནི་སོ་སོ་ཐར་པ་ལ་གནས་པའི་གང་ཟག་ནི་ཇི་སྲིད་དུ་འོག་ནས་འཆད་པའི་གཏོང་རྒྱུ་དག་གིས་མ་བཏང་གི་བར་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་རྣམ་པར་རིག་བྱེད་མིན་པར་དང་ལྡན་ལ། སྡོམ་པ་ཐོབ་པའི་སྐད་ཅིག་མ་དང་པོ་ཕྱིན་ཆད་(ནི་དེར་མ་ཟད།) འདས་པ་དང་ཡང་ལྡན་ཏེ། (དེ་ལྟ་མིན་ན་སྡོམ་པ་སྔ་མ་རྣམས་བཏང་བར་ཐལ་ཏེ་ཐོབ་ནས་མི་ལྡན་པའི་ཕྱིར་རོ། །འདི་སེམས་ཀྱི་རྗེས་འབྲང་མ་ཡིན་པས་གཏོང་རྒྱུས་མཚམས་བཅད་པ་དང་མ་འོངས་པའི་ཐོབ་པ་མ་བྱུང་བའི་ཕྱིར་སྐད་ཅིག་མ་དང་པོ་ད་ལྟར་བ་ཁོ་ན་དང་ལྡན་པར་བཤད་དོ། །)དེ་ཡང་ཇི་སྲིད་དུ་མ་བཏང་གི་བར་དུ་ཞེས་བྱ་བ་དང་སྦྱར་རོ། །སོ་སོ་ཐར་པའི་སྡོམ་པའི་ལྡན་པ་ཇི་ལྟ་བ་དེ་ལྟར་སྡོམ་མིན་ལ་གནས་པའང་དེ་དང་འདྲ་(བས་འདོན་པ་བསྒྱུར།) བར་ཤེས་པར་བྱའོ། །བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི་ཇི་སྲིད་མ་བཏང་གི་བར་དུ་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་གཏོང་རྒྱུས་བར་དུ་མ་ཆོད་པའི་ཐོབ་པ་དག་དང་ཡང་ལྡན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །(དེ་ཡང་སྐད་ཅིག་མ་དང་པོ་ལ་ཡང་ཚེ་གཞན་དང་འདིར་བཏང་བའི་བསམ་གཏན་གྱི་སྡོམ་པ་འདས་པ་ཐོབ་ལ། འོན་ཀྱང་ངེས་འབྱེད་ཆ་མཐུན་གྱིས་བསྡུས་པ་ནི་མ་གཏོགས་སོ་ཞེས་འཆད་དོ། །)འཕགས་པ་ཟག་མེད་ཀྱི་སྡོམ་པ་ནི་སྐད་ཅིག་མ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་ནི་འདས་པ་དང་ལྡན་པ་མིན་ཏེ། ཟག་མེད་ཀྱི་ལམ་སྔོན་མ་བསྐྱེད་པས་དེ་ལྟ་བུའི་འདས་པ་མི་སྲིད་པའི་ཕྱིར་རོ། །(གལ་ཏེ་འབྲས་བུ་ཐོབ་པ་དང་དབང་པོ་འཕོ་བའི་དུས་ནའང་འདི་མཚུངས་པ་མིན་ནམ་ཞེ་ན་དབྱིག་བཤེས་ན་རེ་དེ་ལ་ཟག་མེད་ཀྱི་སྡོམ་པའི་འདྲ་བ་ཡོད་པས་དེ་ནི་མི་བརྗོད་དོ་ཞེས་ཟེར་ལ། ཊཱིཀ་བྱེད་འདྲ་བའི་དོན་ཟག་བཅས་ཀྱི་སྡོམ་པ་ཡིན་ན་སྐད་ཅིག་དང་པོའི་ཚེའང་ཡོད་ལ། ཟག་མེད་ཡིན་ན་དེ་བཏང་ནས་ཇི་ལྟར་ཡོད། དེས་ན་སྔོན་མ་བསྐྱེད་པས། དེ་དག་གི་དང་པོའང་འདས་པ་དང་མི་ལྡན་ནོ་ཞེས་འདོད་དོ། །)
གཞན་དག་ནི་བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་ཚུལ་བཞིན་དུ་ཤེས་པར་བྱའོ། །དེ་དག་ནི་འདས་མ་འོངས་ཀྱི་དབང་དུ་བྱས་པ་ཡིན་ལ། ད་ལྟར་བའི་དབང་དུ་བྱས་ན་ཟག་བཅས་ཀྱི་བསམ་གཏན་ལ་མཉམ་པར་བཞག་པ་དང་འཕགས་པའི་ལམ་ལ་གནས་པ་སྟེ་སྙོམས་པར་ཞུགས་པའི་ཚེ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ་གཉིས་ཀྱི་རིག་བྱེད་མ་ཡིན་པ་ད་ལྟར་བ་དང་ལྡན་གྱི་མཉམ་གཞག་ལས་ལངས་པ་ན་ནི་མ་ཡིན་ཏེ། དེ་དག་ད་ལྟར་བ་ནི་(མཉམ་གཞག་གི་)སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །འདས་མ་འོངས་ཀྱི་ཐོབ་པ་ནི་མཉམ་པར་མ་བཞག་པའི་ཚེའང་གཏོང་རྒྱུ་མ་བྱུང་གི་བར་དུ་ལྡན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །
སྡོམ་པའང་མ་ཡིན་སྡོམ་མིན་ཡང་མ་ཡིན་པའི་བར་མ་ལ་གནས་པ་ལ་གལ་ཏེ་རིག་བྱེད་མ་ཡིན་པ་ཡོད་ན་སྐད་ཅིག་མ་དང་པོ་ལ་གནས་པའི་བར་ད་ལྟར་གྱི་དང་ལྡན་ལ་སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ད་ལྟར་བའི་དུས་གཉིས་ཀྱི་དང་ལྡན་ནོ། །དེ་ཡང་མ་བཏང་གི་བར་དུའོ། །འོ་ན་སྡོམ་མིན་དང་ལྡན་པ་(བར་མའི་)དགེ་བའི་རིག་བྱེད་མ་ཡིན་པ་དང་། སྡོམ་པ་དང་ལྡན་པའང་(བར་མའི་)མི་དགེ་བའི་རིག་བྱེད་མ་ཡིན་པ་དང་ལྡན་པ་ཡོད་དམ་ཞེ་ན། ཡོད་དེ། (དུས་ཇི་སྲིད་དུ་ཡོད་ཅེ་ན།) སྡོམ་མིན་ལ་གནས་པ་ཤན་པ་ལ་སོགས་པའང་དགེ་བའི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཏེ། ཇི་སྲིད་དུ་རབ་ཏུ་དང་བའི་ཤུགས་དང་ལྡན་པས་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་བྱེད་པའི་བར་དེ་སྲིད་དུ་བར་མ་དགེ་བའི་བར་མའི་རིག་བྱེད་མ་ཡིན་པ་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་སོ་སོ་ཐར་པའི་སྡོམ་པ་ལ་གནས་པའང་མི་དགེ་བའི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཏེ། ཇི་སྲིད་དུ་ཉོན་མོངས་པའི་ཤུགས་དང་ལྡན་པས་སྲོག་ཆགས་གསོད་པ་དང་འཆིང་བ་དང་རྡེག་པ་དང་འཚེ་བ་ལ་སོགས་པ་བྱེད་པའི་བར་དེ་སྲིད་དུ་བར་མ་མི་དགེ་བའི་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར་རོ། །དེ་དག་ནི་རིག་བྱེད་མ་ཡིན་པའི་དབང་དུ་བྱས་པའོ། །
ད་ནི་རིག་བྱེད་ཀྱི་དབང་དུ་བྱས་ནས་སྟོན་ཏེ། ལུས་ངག་གི་རྣམ་པར་རིག་བྱེད་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་བར་མ་ལ་གནས་པ་ཐམས་ཅད་ལའང་རིག་བྱེད་དངོས་སུ་བྱེད་པ་དག་ལ་ད་ལྟར་བ་དང་ལྡན་ལ་གཏོང་བའི་རྒྱུ་དག་གིས་མ་བཏང་གི་བར་དུ་སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ནོ། །མ་འོངས་པ་(འི་རེག་བྱེད་)དང་ནི་ལྡན་པ་མེད་དེ། རིག་བྱེད་ནི་སེམས་ཀྱི་རྗེས་འབྲང་མ་ཡིན་པའི་(ཕྱིར་དང་)བེམས་པོ་ཡིན་པའི་ཕྱིར་དེ་ལྟ་བུའི་ནུས་པ་མེད་དོ། །དམིགས་ཀྱིས་བསལ་བ་བསྒྲིབས་པའི་རིག་བྱེད་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རིག་བྱེད་དང་ནི་མ་འོངས་པ་མི་ལྡན་པར་མ་ཟད་འདས་པ་དག་དང་ལྡན་པའང་མེད་དེ། ལུང་དུ་མི་བསྟན་པའི་ཆོས་རྣམས་ནི་སྟོབས་ཆུང་བས་(དེ་དང་ལྷན་ཅིག་སྐྱེས་པའི།) ཐོབ་པའང་སྟོབས་ཆུང་བའི་ཕྱིར་(ཆོས་དེ་འགགས་ནས་དེའི།) ཐོབ་པ་སྔ་ཕྱིར་འདྲེན་མི་ནུས་པའི་ཕྱིར་རོ། །
ཞར་ལ་སྡོམ་པ་མ་ཡིན་པའི་རྣམ་གྲངས་ནི་ལུས་ངག་མི་སྡོམ་པའི་ཕྱིར་སྡོམ་པ་མིན་པ་དང་། དམ་པ་རྣམས་ཀྱིས་སྨད་ཅིང་འབྲས་བུ་ཡིད་དུ་མི་འོངས་པ་སྐྱེད་པའི་ཕྱིར་ཉེས་སྤྱད་དང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་བའི་ཚུལ་ཁྲིམས་དང་། ལུས་ངག་གི་ལས་ཡིན་པའི་ཕྱིར་ལས་དང་། དངོས་ཀྱིས་བསྡུས་པའི་ཕྱིར་ལས་དེའི་ལམ་ཞེས་བྱའོ། །དེས་ན་འདིར་རིག་བྱེད་དང་ལྡན་ལ་རིག་བྱེད་མ་ཡིན་པ་དང་མི་ལྡན་པའང་ཡོད་ཅེས་པ་མུ་བཞི་སྟེ། སྡོམ་པ་སྡོམ་མིན་གཉིས་ཀ་མ་ཡིན་པའི་བར་མ་དོར་(བར་མ་དགེ་མི་དགེ་གང་རུང་ལ།) གནས་པ་ཞིག་ཀུན་སློང་དགེ་མི་དགེའི་སེམས་ཞན་པ་སྟེ་དྲག་པོ་མ་ཡིན་པའི་སེམས་ཀྱིས་དགེ་མི་དགེའི་ལུས་ངག་གི་རིག་བྱེད་དག་བྱེད་ན་ནི་(སེམས་ཞན་པས་རིག་བྱེད་མིན་པ་སློང་མི་ནུས་པས།) རྣམ་པར་རིག་བྱེད་ཉིད་དང་ལྡན་ལ་རིག་བྱེད་མ་ཡིན་པ་དང་ནི་མི་ལྡན་ནོ་འདིར་དགེ་མི་དགེའི་སེམས་ཞན་པ་ཞེས་སྨོས་པ་ནི་སེམས་དྲག་པོས་བྱེད་ན་ནི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་ལྡན་ནོ་ཞེས་པ་དང་། དགེ་མི་དགེའི་སེམས་ཞན་པས་ཀྱང་རིག་བྱེད་མ་ཡིན་པ་སྐྱེད་མི་ནུས་ན་ལུང་མ་བསྟན་གྱིས་བྱེད་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར་རོ། །
འདིར་ཡང་སྤྱིར་བཏང་བ་སྟེ་དམིགས་ཀྱིས་བསལ་ན་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་དང་། སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་རྣམས་ནི་སེམས་ཞན་པ་དང་ལུང་མ་བསྟན་གྱིས་བྱེད་ཀྱང་རིག་བྱེད་མིན་པ་དང་ལྡན་ནོ། །ཚེ་འདིའི་རྣམ་པར་རིག་བྱེད་བཏང་བ་དང་ཕྱི་མའི་རྣམ་པར་རིག་བྱེད་མ་སྐྱེས་པའི་འཕགས་པའི་གང་ཟག་(ནུར་ནུར་པོ་ལ་སོགས་པ་དང་གཟུགས་མེད་དུ་སྐྱེས་པ་ལྟ་བུ་རིག་བྱེད་ཉམས་པ་)དག་ནི་(ཟག་མེད་ཀྱི་)རྣམ་པར་རིག་བྱེད་མིན་པ་ཁོ་ན་དང་ལྡན་ཏེ། རིག་བྱེད་ནི་འགགས་ཤིང་མ་སྐྱེས་ལ་ཟག་མེད་ཀྱི་སྡོམ་པའི་ཐོབ་པ་དང་ངེས་པར་ལྡན་པའི་ཕྱིར་རོ། །(འདིར་སོ་སོའི་སྐྱེ་བོ་དཔེར་མ་བརྗོད་པ་ནི་དེ་བསམ་གཏན་ཐོབ་པ་ཚེ་བརྗེས་ནས་རིག་བྱེད་མ་སྐྱེས་པ་ལ་དེ་ཡོད་ཀྱང་སྤྱིར་བྱིས་པ་ལ་མ་ངེས་ལ་འཕགས་པ་ལ་ངེས་པས་སོ། །ཡང་ན་འདོད་པ་ལ་བསམ་ནས་སྨྲས་ལ། ཡང་ན་འཕགས་པ་ནི་དཔེར་བརྗོད་པ་ཡིན་ལ་སོ་སོའི་སྐྱེ་བོ་ཡང་དེ་དང་འདྲ་བ་ཡོད་ཅེས་རྒྱལ་སྲས་གསུང་ངོ་། །གལ་ཏེ་བྱིས་པ་བསམ་གཏན་གྱི་ཉེར་བསྡོགས་དང་པོ་ཐོབ་པ་དག་ཤི་ན་འདོད་པར་ཡང་ཡོད་དོ་ཞེ་ན། མ་ཧཱའི་ཞལ་ནས་བྱས་པས་དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ན་ཤི་བས་གཏོང་བར་མཚན་ཉིད་འདྲ་སྟེ། བསྟན་བཅོས་ལས་ལུས་དང་ལྡན་ལ་ལུས་ཀྱི་ལས་དང་མི་ལྡན་པ་ནི་སྒོ་ངའི་ནང་ན་འདུག་པའི་མེར་མེར་པོ་ལ་སོགས་པའོ། །ཞེས་བཤད་པས་སོ་ཞེས་གསུང་ལ། འོན་ཀྱང་འདོད་པའི་རྟེན་ལ་ཡང་རྫས་ལ་ལྟོས་པ་དང་མི་ལྟོས་པའི་བསོད་ནམས་སྐྱེ་བ་འགའ་ཞིག་ལ་འདི་སྲིད་པའི་རྟོགས་སོ། །)འདི་ཡང་ས་འཕོས་པ་དག་གི་དབང་དུ་མཛད་པ་ཡིན་གྱིས་མ་འཕོས་པ་ནི་སོ་སོའི་སྐྱེ་བོ་བསམ་གཏན་གྱི་སྡོམ་པ་ཐོབ་པ་ཤི་འཕོས་པ་ལའང་དེ་ཡིན་པའི་ཕྱིར་རོ། །དེ་ལ་ནི་མཉམ་གཞག་ལས་ལངས་པ་ན་ད་ལྟར་གྱི་རིག་བྱེད་མ་ཡིན་པ་མེད་དོ་ཞེ་ན། དེ་ནི་འཕགས་པ་ལའང་མཚུངས་སོ། །དེ་ལ་འདས་པ་དང་མ་འོངས་པའི་ཐོབ་པ་ཡོད་དོ་ཞེ་ན། དེ་ནི་བསམ་གཏན་ལའང་མཚུངས་སོ། །གཉིས་ཀ་དང་ལྡན་པ་ནི་སྡོམ་པ་དང་སྡོམ་མིན་དང་(བར་མ་དང་།) ལྡན་པ་(སེམས་དྲག་པོས་དགེ་མི་དགེའི།) རིག་བྱེད་(བྱེད་བཞིན་པ།) དང་བཅས་པའོ། །གཉིས་ཀ་དང་མི་ལྡན་པ་ནི་གཟུགས་མེད་ཀྱི་སོ་སོའི་སྐྱེ་བོ་(དང་འདོད་ཆགས་དང་མ་བྲལ་བར་ཤི་ནས་རིག་བྱེད་མ་བྱུང་བ)འོ། །དེ་བཞིན་དུ་སྡོམ་པ་དང་ལྡན་ལ་བར་མ་དང་མི་ལྡན་པ་ལ་སོགས་པའང་ཤེས་པར་བྱའོ། །
འཐོབ་པའི་ཚུལ་བཤད་པ་ནི་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ནི་ཟག་བཅས་ཀྱི་བསམ་གཏན་དངོས་གཞི་དང་། ཉེར་བསྡོགས་ཀྱི་ས་སྟེ་སེམས་གང་ཡང་རུང་བ་ཐོབ་པ་ཉིད་ཀྱིས་འཐོབ་སྟེ། དེ་དག་དང་དུས་མཉམ་དུ་འབྱུང་བའི་ཕྱིར་རོ། །ཟག་མེད་ཀྱི་སྡོམ་པ་ནི་འཕགས་པ་ཟག་མེད་ཀྱི་བསམ་གཏན་ས་དྲུག་གི་སེམས་ཐོབ་པ་དེས་འཐོབ་པ་ཡིན་(བསམ་གཏན་གྱི་སྡོམ་པ་འཐོབ་པའང་། ཉེར་བསྡོགས་ཀྱིས་བསྡུས་པ་ནི་འོག་སར་སྦྱོར་བ་དང་། གོང་ནས་འོག་ཏུ་སྐྱེ་བས་འཐོབ་བོ། །དངོས་གཞིས་བསྡུས་པ་ནི་འདོད་ཆགས་དང་བྲལ་བས་སམ། སྐྱེ་བས་ཏེ་བཤད་མ་ཐག་ལྟར་རོ། །ཟག་མེད་འཐོབ་པ་ཡང་། མི་ལྕོགས་མེད་ལ་བརྟེན་པ་ནི་སྦྱོར་བས་དང་། རྣམ་གྲོལ་དགུ་པ་ལ་དངོས་གཞིས་བསྡུས་པ་ནི་འདོད་ཆགས་དང་བྲལ་བས་ཏེ། འཇིག་རྟེན་པའི་ལམ་གྱིས་ཡིན་ན་མ་འོངས་པ་ཁོ་ན་དང་། འདས་པས་ད་ལྟར་བའང་འཐོབ་བོ། །ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོས་སྦྱོར་བ་ཁོ་ནས་འཐོབ་བོ། །)ནོ། །སོ་སོ་ཐར་པ་ཞེས་བྱ་བའི་སྡོམ་པ་ནི་གཞན་གྱི་(མཁན་སློབ།) གསོལ་བ་དང་བརྗོད་པ་ལ་སོགས་པའི་རྣམ་པར་རིག་བྱེད་སོགས་ཀྱིས་བསྡུས་པ་རང་གི་རིག་བྱེད་ཀྱིས་ཀྱང་འཐོབ་བོ། །དེ་ལ་སོགས་པའི་སྒྲས་ནི་རང་གི་སེམས་པ་དང་ལུས་ངག་གི་རིག་བྱེད་གཟུང་ངོ་། །དེ་ཡང་དགེ་སློང་ཕ་མ་དང་དགེ་སློབ་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་འཐོབ་ལ། དགེ་བསྙེན་ཕ་མ་དང་། དགེ་ཚུལ་ཕ་མ་དང་། བསྙེན་གནས་པ་རྣམས་ནི་གང་ཟག་ལས་སོ། །
བྱེ་བྲག་ཏུ་སྨྲ་བའི་འདུལ་བ་འཛིན་པ་རྣམས་ན་རེ་བསྙེན་པར་རྫོགས་པའི་ཚུལ་བཅུ་བཟུང་བའི་ཕྱིར་སོགས་པའི་སྒྲ་མཛད་དེ། སངས་རྒྱས་དང་རང་སངས་རྒྱས་ནི་རང་བྱུང་གིས་བསྙེན་པར་རྫོགས་པའོ། །ཀུན་ཤེས་ཀོའུ་ཌིཉ་དང་། རྟ་ཐུལ་དང་། བཟང་པོ་དང་། རླངས་པ་དང་། མིང་ཆེན་ཏེ་ལྔ་སྡེ་རྣམས་ནི་ངེས་པ་ལ་འཇུག་པ་སྟེ་བདེན་པ་མཐོང་བས་སོ། །གྲགས་པ་དང་ལག་བཟང་དང་བ་ལང་བདག་དང་དྲི་མེད་དང་གང་བོ་སྟེ་ཉེ་བའི་ལྔ་སྡེ་ལ་སོགས་པ་རྣམས་ནི་དགེ་སློང་ཚུར་ཤོག་ཞེས་བརྗོད་བས་སོ། །འོད་སྲུངས་ཆེན་པོ་ནི་སྟོན་པར་ཁས་བླངས་པ་ཙམ་གྱིས་སོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་(ལེགས་བྱིན་གཅིག་ཏུ་གཅེས་པའི་ཆོས་གང་ཡིན། ཐར་བ་ལགས་སོ། །དེ་ལ་དགོས་པ་གང་ཡིན། དད་པ་ལགས་སོ། །ཞེས་ལན་བཏབ་ཞེས་པཎ་ཆེན་གསུང་ངོ་། །)ནོ། །སྐྱེ་དགུའི་བདག་མོ་ལ་སོགས་པ་ནི་ལྕི་བའི་ཆོས་བརྒྱད་ཁས་བླངས་བས་ཏེ། བརྒྱད་གང་ཞེ་ན། དགེ་སློང་ལས་བསྙེན་པར་རྫོགས་པར་བྱ་བ་དང་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་ལས་གདམས་ངག་མནོད་པར་བྱ་བ་དང་དབྱར་དགེ་སློང་མེད་པའི་གནས་སུ་མི་འགྲོ་བ་དང་། དགག་དབྱེའི་ཚེ་གཉིས་ཀའི་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་བྱ་བ་དང་། དགེ་སློང་གི་ལྟུང་བ་གླེང་བར་མི་བྱ་བ་དང་། དགེ་སློང་ལ་ལྟུང་བ་བྱུང་བ་ལ་ཁྲོ་བར་མི་བྱ་བ་དང་། བླ་མའི་ཆོས་(ཏེ་ལྕི་ཆོས་བརྒྱད།) ཀྱི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་དུ་མཉེས་པར་བྱ་བ་སྤྱད་པར་བྱ་བ་དང་། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་ཀྱང་དགེ་སློང་གསར་བུ་ལའང་ཕྱག་བྱ་བ་རྣམས་སོ། །རྒྱལ་རིགས་ཆོས་སྦྱིན་ཞེས་བྱ་བ་བཙུན་མོའི་འཁོར་གྱི་ནང་ན་འདུག་པ་ལས་ནེ་ཙོ་བཞིན་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་རབ་ཏུ་བྱུང་བར་གསོལ་བའི་འཕྲིན་གྱིས་སོ། །
ཡང་ན་ས་གའི་ཆུང་མ་ཆོས་སྦྱིན་མ་ཨུཏྤལའི་མདོག་ལས་འཕྲིན་གྱིས་བསྙེན་པར་རྫོགས་པ་ལྟ་བུའོ། །དགེ་སློང་བཞི་དང་འདུལ་བ་འཛིན་པ་དང་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་ཏེ། འདུལ་བ་འཛིན་པ་ནི་ཊཱིཀ་བྱེད་དག་གསོལ་བ་བརྗོད་པ་པོ་ལ་འདོད་དེ་གསོལ་བ་དང་ལས་བརྗོད་མཁན་ནོ། །ཡུལ་དབུས་སུ་ནི་གསོལ་བ་བརྗོད་པ་གཏོགས་པ་བཅུའི་ཚོགས་ཀྱིས་སོ། །དབུས་དང་མཐའ་འཁོབ་ཀྱི་ཁྱད་པར་ནི་དཔག་ཚད་དྲུག་ཅུའི་ནང་དང་ཕྱི་རོལ་ཏེ་ལུང་ཀོ་ལྤགས་ཀྱི་གཞི་ལས། རྡོ་རྗེའི་གདན་ནས་ཤར་ན་ལི་ཁ་ར་ཤིང་འཕེལ་གྱི་ནགས་དང་། ལྷོ་ན་ཆུ་ཀླུང་འདམ་བུ་དང་འདམ་བུའི་ཆུ་རྒྱུན་ཅན་དང་། ནུབ་ན་བྲམ་ཟེ་སྤུན་གཉིས་ཀྱིས་བྱས་པའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་དང་། བྱང་ན་ཨུ་ཤི་རའི་རི་སྟེ་དེ་དག་ཕན་ཆད་ནི་མཐའ་འཁོབ་དང་ཚུན་ཆད་ནི་དབུས་སུ་བཤད་དོ། །སྐྱབས་སུ་འགྲོ་བ་ལན་གསུམ་བརྗོད་པས་ནི་སྡེ་བཟང་དྲུག་ཅུ་པོ་རྣམས་བསྙེན་པར་རྫོགས་སོ། །དེ་དག་གི་བསྙེན་པར་རྫོགས་པའི་སྡོམ་པ་ནི་གདོན་མི་ཟ་བར་གཞན་གྱི་རྣམ་པར་རིག་བྱེད་ལ་(ལྟོས་པར་མ་ངེས་པས་དེ་ལ་ངེས་པར་)མི་ལྟོས་པའི་ཕྱིར་རོ་ཞེས་ཟེར་རོ། །(སྡེ་ལྔ་པོ་དང་གྲགས་པ་ལ་སོགས་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་སྟེ་བསམ་པ་ཕུན་སུམ་ཚོགས་པའམ། སངས་རྒྱས་ཀྱི་མཐུས་རྣམ་པར་རིག་བྱེད་མེད་པར་ཡང་སོ་སོ་ཐར་པའི་སྡོམ་པ་འཐོབ་བོ་ཞེས་འཆད་དོ། །)དུས་ཇི་སྲིད་དུ་བླང་བར་བྱ་ཞེ་ན། དུས་ཀྱི་མཐའ་ནི་སྲོག་གི་མཐའ་དང་ཉིན་ཞག་གི་མཐའ་གཉིས་ལས་དགེ་བསྙེན་ལ་སོགས་པ་བདུན་ནི་སྲོག་གི་མཐའ་ཇི་སྲིད་འཚོ་བ་མ་ཤིའི་བར་དུ་དང་། བསྙེན་གནས་པས་ནི་ཉིན་ཞག་གི་མཐའ་ཉིན་ཞག་གཅིག་ཏུ་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ཡིན་ནོ། །
གལ་ཏེ་ཇི་སྲིད་འཚོའི་འོག་ཏུ་ནི་ཡང་དག་པར་བླངས་པ་ཡོད་ཀྱང་ལུས་སྐལ་བ་མི་འདྲ་བའི་ཕྱིར་དང་། དེས་ཀྱང་ཚེ་ཕྱི་མ་དེར་སྦྱོར་བ་མ་བྱས་པའི་ཕྱིར་དང་། མི་དྲན་པའི་ཕྱིར་སྡོམ་པ་མི་སྐྱེ་བར་རིགས་ན། ཉིན་ཞག་གི་འོག་ཏུ་བསྙེན་གནས་ཀྱི་སྡོམ་པ་མི་སྐྱེ་བ་ལ་རྒྱུ་མཚན་ཅི་ཞིག་ཡོད་ཅེ་ན། མདོ་ལས་ཉིན་ཞག་གཅིག་པ་ཁོ་ནར་བསྟན་པས་ཉིན་ཞག་གི་འོག་ཏུ་སྐྱེ་བ་ལ་གེགས་བྱེད་ཡོད་པར་ཤེས་སོ། །དེ་ལྟ་ན་རེ་ཞིག་སྟོན་པས་ཉིན་ཞག་གི་འོག་ཏུ་བསྙེན་གནས་ཀྱི་སྡོམ་པ་མི་སྐྱེ་བར་གཟིགས་ནས་ཉིན་ཞག་པའི་བསྙེན་གནས་བསྟན་ནམ། འོན་ཏེ་དབང་པོ་གདུལ་དཀའ་བ་ཞག་མང་པོ་སྲུང་མི་ནུས་པ་རྣམས་ཀྱི་ཆེད་དུ་ཡིན་ཞེ་ན། སློབ་དཔོན་འདུན་བཟང་ན་རེ་དེ་ལྟ་བུའི་རྒྱུ་མཚན་ནི་བརྟག་པར་མི་ནུས་ཏེ། འདུལ་བའི་དོན་དག་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་རྟོག་གེས་ཁོང་དུ་ཆུད་པར་མི་ནུས་ཏེ། གང་སྡོམ་པ་དེ་དག་ལས་ཁ་ཅིག་ནི་ཚོགས་ཀྱི་ནང་དུ་གསོལ་བ་དང་བཞིའི་ལས་ཀྱིས་འཐོབ་ལ། ཁ་ཅིག་ནི་གང་ཟག་གཅིག་ལས་གསོལ་བ་ཙམ་གྱིས་འཐོབ་པ་འདི་ལའང་རྒྱུ་ཅི་ཞིག་ཡོད། དེས་ན་འདི་ལ་རྒྱུ་མཚན་བཙལ་བར་མི་བྱའོ། །དབང་པོ་གདུལ་དཀའ་བ་ལ་ལྟོས་པའང་མ་ཡིན་ཏེ། ཆེས་གདུལ་དཀའ་བ་ལ་ཡུད་ཙམ་དང་ཉིན་མོ་ཙམ་དང་མཚན་མོ་ཙམ་པའང་སྟོན་པར་ཐལ་བར་འགྱུར་བའི་ཕྱིར་དང་། གཞན་ཡང་ཁྱིམ་པ་ཐམས་ཅད་དབང་པོ་གདུལ་དཀའ་བར་ཡང་མ་ངེས་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་ནི་མདོ་ལས་དེ་ལྟར་གསུངས་པར་ཟད་ཀྱི་འོན་ཀྱང་ཇི་སྲིད་འཚོ་བ་ལྟར་ཉིན་ཞག་གི་འོག་ཏུ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་ལའང་རིགས་པ་དང་འགལ་བ་ནི་མེད་དོ་ཞེས་བཞེད་དོ། །ཉིན་ཞག་པའི་སྡོམ་པ་མིན་པ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། བདག་ནི་ཉིན་ཞག་གཅིག་ཏུ་སྡོམ་མིན་དང་ལྡན་པར་གྱུར་ཅིག་ཅེས་དེ་དེ་ལྟར་ནོད་པ་མེད་པའི་ཕྱིར་རོ་ཞེས་གྲག་གོ། དེའི་ཕྱིར་སྡོམ་མིན་ནི་ཇི་སྲིད་འཚོ་བ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་མོད་ཀྱི་དེ་ལྟར་ལེན་པ་མེད་པས་མེད་པར་འགྱུར་ན་ནི་ཇི་སྲིད་འཚོ་བའི་སྡོམ་མིན་ཡང་མེད་པར་འགྱུར་ཏེ། ལས་སྨད་པ་ཡིན་པས་ལེན་པ་མེད་པའི་ཕྱིར་རོ། །གལ་ཏེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པས་འཚོ་བར་བྱའོ་སྙམ་དུ་སེམས་པ་ཉིད་ལེན་པར་འདོད་ན་ཉིན་ཞག་པའང་ཡོད་པའི་ཕྱིར་རོ། །གྲོ་བཞིན་སྐྱེས་ཀྱི་རྟོགས་པ་བརྗོད་པ་ལས་ཉིན་ཞག་པའི་སྡོམ་པ་དང་སྡོམ་མིན་ཡང་གསུངས་པའི་ཕྱིར་རོ། །(མདོ་སྡེ་པ་མི་དགེ་བའི་སེམས་པ་ལ་སྡོམ་པ་མིན་པར་འདོད་དོ། །)འོ་ན་བསྙེན་གནས་ཀྱི་སྡོམ་པ་ལེན་པའི་ཚུལ་ཇི་ལྟར་ཞེ་ན་མནོད་པར་བྱའོ་ཞེས་ཁྱད་གཞིར་བྱས་ལ། གང་གིས། ཇི་སྲིད་དུ། གང་། གང་གི་ཚེ། གང་ལས་མནོད་པར་བྱ་ཞེ་ན། རིམ་པ་ལྟར་(ཇི་ལྟར་ནུས་པ་བཞིན་དུ།) ལུས་ཀྱི་སྤྱོད་ལམ་མ་གུས་པ་ལ་སྡོམ་པ་མི་སྐྱེ་བས་ནད་པ་མ་གཏོགས་པ་སྟན་དམའ་བར་ཙོག་ཙོག་པོའམ་པུས་མོ་བཙུགས་ཏེ་འདུག་ནས་ལག་པ་ཐལ་མོ་བསྣོལ་བའམ་སྦྱར་ཏེ། ནར་མས་གསར་དུ་རྒྱགས་པར་མི་བྱེད་པས་ནར་མ་མ་གཏོགས་པ་རྒྱན་གསར་པས་མི་བརྒྱན་པ་དང་། ངག་གི་སྤྱོད་ལམ་སློབ་དཔོན་གྱིས་སྨྲས་པའི་རྗེས་སུ་བཟླས་པ་ཡིས་མནོད་པར་བྱའི། སྔར་དང་ཁ་བསྙམས་ཏེ་སྨྲས་པས་ནི་འབོགས་ནོད་ཀྱི་དོན་མེད་པས་གཞན་ལས་མནོད་པར་མི་འགྱུར་རོ། །དུས་ནི་ནང་པར་ནམ་ནངས་ནས་ཉི་མ་ཤར་གྱི་བར་དུའོ། །ངོ་བོ་ནི་ཡན་ལག་མ་ཚང་ན་བར་མར་འགྱུར་བས་བསྙེན་གནས་ཀྱི་སྡོམ་པ་སྲོག་གཅོད་སྤོང་བ་ལ་སོགས་པའི་ཡན་ལག་བརྒྱད་པོ་ཚང་བར་ནི་མནོད་པར་བྱ་སྟེ། སྤོང་བ་རྣམས་ཕན་ཚུན་རག་ལུས་པའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །དེ་ཡང་ནང་པར་ཉི་མ་མ་ཤར་ཞིང་ཟན་མ་ཟོས་ཀྱི་གོང་དུ་དང་། (རྐྱེན་ཡོད་ཀྱང་མི་འདའ་བར་བྱ་བའི་ཕྱིར།) ཡུལ་གཞན་ལས་མནོད་པར་བྱའོ། །གཞན་དེ་ཡང་འདུལ་བ་ལས་དགེ་སློང་ལས་ལེན་པར་བཤད་མོད་ཀྱི། གནས་འཇོག་གི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་བླང་བར་འདོད་པས་ནང་པར་ལངས་ལ་དགེ་སྦྱོང་ངམ་བྲམ་ཟེ་གཞན་གང་ཡང་རུང་བ་ཤེས་པ་ཞིག་གི་དྲུང་དུ་སོང་སྟེ་ཞེས་གསུངས་པའི་ཕྱིར་ཆོ་ག་ཤེས་པ་ཙམ་གྱིས་ཀྱང་ཆོག་པར་བཤད་ལ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་ཡུལ་མེད་ན་རང་གིས་ལེན་པའང་བཤད་(ཅིང་ཚེ་གང་གི་བསྙེན་གནས་གནས་གཅིག་ཏུ་ལེན་པའང་བཤད་)དོ། །
ཅིའི་ཕྱིར་ཡན་ལག་བརྒྱད་ཅེས་བཤད་ཅེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་དང་པོ་བཞི་དང་། ཆང་འཐུངས་ན་ཚུལ་ཁྲིམས་དང་ལྡན་ཡང་བག་མེད་པར་གྱུར་པས་ན་བག་ཡོད་པའི་ཡན་ལག་ཆང་སྤོང་བ་གཅིག་པུ་དང་དེ་བཞིན་དུ་སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་བརྟུལ་ཞུགས་ཀྱི་ཡན་ལག་ཕྱི་མ་གསུམ་སྟེ་རིམ་པ་བཞིན་དུ་སྦྱར་རོ། །
གལ་ཏེ་སྲོག་གཅོད་སྤོང་བ་ལ་སོགས་པ་བཞི་བླངས་པས་ཚུལ་ཁྲིམས་རྫོགས་ན་ཆང་ལ་སོགས་པ་སྤངས་ཏེ་ཅི་བྱ་ཞེ་ན། ཆང་མཐུངས་བ་དེ་ཡིས་ནི་སྤོང་བའི་གཉེན་པོ་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་དང་ཤེས་བཞིན་ཉམས་པར་འགྱུར་བའི་ཕྱིར་དང་། གླུ་དང་གར་ལ་སོགས་པ་བསྟན་པས་ནི་དྲེགས་པ་དང་རྒྱགས་པར་འགྱུར་ཞིང་དྲེགས་པར་གྱུར་པ་ལ་འཆལ་བའི་ཚུལ་ཁྲིམས་ཐག་མི་རིང་བའི་ཕྱིར་དང་། དུས་མ་ཡིན་པའི་ཁ་ཟས་མ་སྤངས་ན་བསྙེན་གནས་ཀྱི་དྲན་པ་དང་སྐྱོ་བའི་དྲན་པ་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་ཚུལ་ཁྲིམས་དེ་སྲུང་བའི་ཡན་ལག་ཏུ་གསུངས་པ་ཡིན་ནོ། །
བསྙེན་གནས་པ་ལ་གར་སོགས་དང་ཕྲེང་སོགས་སྤོང་བ་ཡན་ལག་གཅིག་ཏུ་མཛད་ལ་དགེ་ཚུལ་ལ་དེ་དག་སྤོང་བ་ཡན་ལག་གཉིས་སུ་མཛད་པ་ནི་ཁྱིམ་པ་རྣམས་ལ་ནི་དེ་དག་ཧ་ཅང་ཚུལ་དང་མི་མཐུན་པ་མ་ཡིན་པས་དེ་དག་དང་འགལ་ན་ཉེས་པ་གཅིག་བཤགས་པས་ཆོག་པས་ཡང་བར་མཛད་ནས་གཅིག་ཏུ་བསྡུས་ཏེ་བཅས་ལ། རབ་ཏུ་བྱུང་བ་ལ་ནི་དེ་དག་ཚུལ་དང་མི་མཐུན་པས་དེ་དག་དང་འགལ་ན་ཉེས་པ་གཉིས་བཤགས་དགོས་པས་ལྕི་བར་མཛད་དེ་གཉིས་སུ་བཅས་སོ། །དེ་བཞིན་དུ་གསེར་དངུལ་ལེན་པ་སྤོང་བའང་རབ་ཏུ་བྱུང་བའི་ཕྱོགས་ལ་ནི་ཚུལ་དང་མི་མཐུན་པས་བཅས་ཀྱི་ཁྱིམ་པ་ལ་ནི་དེ་ལྟ་མ་ཡིན་པས་མ་བཅས་སོ་ཞེས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བཤད་དོ། །
སློབ་དཔོན་གང་སྤེལ་ནི་ཤིན་ཏུ་མང་པོ་སྙམ་དུ་སྒྱིད་ལུག་པའི་ཁྱིམ་པ་རྣམས་ལ་སླ་བར་བསྟན་པའི་ཕྱིར་གཅིག་ཏུ་རྣམ་པར་བཞག་སྟེ་བྲི་རྫིའི་བུ་ལ་བསླབ་པའི་གཞི་བསྟན་པ་བཞིན་ནོ་ཞེས་འཆད་དོ། །ཅིའི་ཕྱིར་བསྙེན་གནས་ཞེས་བྱ་ཞེ་ན། འདིས་དགྲ་བཅོམ་པ་ལ་ཉེ་བར་གནས་པའི་ཕྱིར་རམ་ཇི་སྲིད་འཚོ་བའི་སྡོམ་པ་དང་ཉེ་བའི་ཕྱིར་རོ། །ཡང་ན་བསྙེན་གནས་ནི་དགེ་བསྙེན་རྣམས་ཀྱི་གསོ་སྦྱོང་ཡིན་པས་དགེ་བ་གསོ་བ་དང་ལྟུང་བ་སྦྱང་བའི་ཕྱིར་འདི་ནི་གསོ་སྦྱོང་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། ལུང་ལས། གང་ཕྱིར་ཡིད་ཀྱི་དགེ་བ་གསོས་འདེབས་དེ་ཡི་ཕྱིར། །འདི་ནི་བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་བཤད་ཅེས་གྲག་ཅེས་གསུངས་པའི་ཕྱིར་རོ། །འོ་ན་དགེ་བསྙེན་མ་ཡིན་པ་ལ་བསྙེན་གནས་མེད་དམ་ཞེ་ན། (སྐྱབས་སུ་སོང་ནས་ལེན་ན།) དགེ་བསྙེན་ལས་གཞན་ལའང་བསྙེན་གནས་ཡོད་མོད་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བ་ལ་མེད་དོ། །
དེ་ཡང་འགྲེལ་པ་ལས། དགེ་བསྙེན་མ་ཡིན་པ་ཡང་གང་ཞིག་ཉིན་ཞག་དེ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་སྟེ་བསྙེན་གནས་ནོད་པ་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །མི་ཤེས་པ་ནི་མ་གཏོགས་སོ་ཞེས་འབྱུང་བའི་མ་གཏོགས་པའི་དོན་ནི་སློབ་དཔོན་རྒྱལ་པོའི་སྲས་སྐྱབས་འགྲོ་བརྗོད་པ་(མི་ཤེས་པ།) དང་མ་བྱང་བ་ལ་འཆད་མོད་ཀྱི། སློབ་དཔོན་གང་སྤེལ་གང་ཞིག། དཀོན་མཆོག་གསུམ་ལ་ཐེ་ཚོམ་ཟ་བ་དང་ལོག་པར་ཞུགས་པའི་བསམ་པས་སྐྱབས་སུ་མི་འགྲོ་བ་ཅན་ལ་ནི་སྡོམ་པ་མི་སྐྱེ་ལ། གང་ཞིག་འབོགས་པ་པོ་དང་ལེན་པ་པོས་སྐྱབས་སུ་འགྲོ་དགོས་པར་མ་ཤེས་པས་སྐྱབས་སུ་མི་འགྲོ་བ་ཡིན་གྱི་ལོག་པར་ཞུགས་པའམ་ཐེ་ཚོམ་ཟ་བས་སྐྱབས་སུ་མི་འགྲོ་བ་མ་ཡིན་པ་དེ་ལ་ནི་སྐྱབས་སུ་མ་སོང་ཡང་བསྙེན་གནས་ཀྱི་སྡོམ་པ་སྐྱེའོ་ཞེས་འཆད་པ་ལྟར་ཡིན་ནོ། །
འོ་ན་མིང་ཆེན་གྱི་མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ཚིག་ཏུའང་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ་ཞེས་གསུངས་པ་དེ་ཅི་སྐྱབས་སུ་འགྲོ་བ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན། ཉི་འོག་པ་རྣམས་ན་རེ་འགྱུར་རོ་ཞེས་ཟེར་རོ། །(འདི་ནི་ཐོབ་པ་ལ་བསམས་སོ། །)
ཁ་ཆེ་བ་རྣམས་ནི་དེ་ཙམ་གྱིས་མི་འགྱུར་(ཏེ་སྡོམ་པ་མ་སྐྱེས་པའི་ཕྱིར་དེས་ན།) གྱི་དགེ་བསྙེན་ཉིད་དུ་ཁས་བླངས་པས་འདིའི་སྡོམ་པ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་མདོ་དེ་ལས་ཀྱང་བདག་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ཁས་བླངས་པ་ཉིད་ཡིན་ནོ། །འོ་ན་སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ་ཞེས་བྱ་བ་ལ་སོགས་པའི་བསླབ་པའི་གནས་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། སྡོམ་པ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་བྱ་བས་ཐོབ་ཀྱང་སྲོག་གཅོད་སྤོང་བ་ལ་སོགས་པའི་བསླབ་པའི་གནས་བསྟན་པ་ན་དཔེར་ན་དགེ་སློང་གི་སྡོམ་པ་གསོལ་བ་དང་བཞིའི་ལས་ཀྱིས་ཐོབ་ཀྱང་བསླབ་པའི་གནས་རྣམས་བརྗོད་དགོས་པ་བཞིན་ནོ། །
གལ་ཏེ་སྡོམ་པ་ནི་ཡན་ལག་(ལྔ་པོ་)ཐམས་ཅད་(ཀྱིས་)བསྡམས་པ་ཡིན་ན་མིང་ཆེན་གྱིས་ཞུས་པ་ལས་སྲོག་གཅོད་སྤོང་བའི་སྣ་གཅིག་སྤྱོད་པ་དང་། སོགས་པས་བསྡུས་པ་སྲོག་གཅོད་དང་མ་བྱིན་ལེན་གཉིས་སྤོང་བའི་ཕྱོགས་གཅིག་སྤྱོད་པ་དང་། འདོད་ལོག་དང་གསུམ་སྤོང་བའི་ཕལ་ཆེར་སྤྱོད་པ་དང་། རྩ་བ་བཞི་ཆར་དང་ལྔ་ཆར་སྲུང་བའི་ཡོངས་སུ་རྫོགས་པའི་དགེ་བསྙེན་ཞེས་བྱ་བའི་དབྱེ་བ་གསུངས་པ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་(དང་པོ་ནི་ལྔ་ཀར་བླངས་པར་མཚུངས་ཀྱང་དེ་ལས་རེ་རེ་གཉིས་གཉིས་ཉམས་པས་ལྷག་མ་དེ་བསྲུང་བ་ལ་དགོངས་ནས།) གང་ཞིག་སྣ་གཅིག་པ་དང་ཕལ་ཆེར་དང་ཡོངས་སུ་རྫོགས་པ་ལ་སོགས་པ་དེ་དང་དེ་སྲུང་བ་ལ་དེ་དང་དེ་ལྟ་བུར་གསུངས་པར་ཟད་ཀྱི་ཐམས་ཅད་ཀྱང་(དང་པོར་)སྡོམ་པ་ལྔ་ཆར་ཐོབ་པར་ནི་འདྲའོ། །ཞེས་གྲག་སྟེ། (རྩ་བའི་ལྟུང་བ་གཅིག་བྱུང་བས་སྡོམ་པ་གཞན་མི་གཏོང་བ་འདོད་པས་སོ་དེ་ནི་མི་རིགས་ཏེ།) དེ་ལྟ་བུ་ལ་ཞུ་བ་དང་དྲི་བའང་མི་རིགས་པའི་ཕྱིར་འདིར་མདོའི་དགོངས་པ་ནི་དང་པོ་ཉིད་ནས་སྣ་གཅིག་ལ་སོགས་པ་བླངས་ནས་སྲུང་བ་ཉིད་ཡིན་པར་ཤེས་སོ། །གཞན་ཡང་ལུང་རྣམ་འབྱེད་ལས། བཞིན་བཟང་ཇི་སྲིད་འཚོའི་བར་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྔ་པ་ཚངས་པར་སྤྱོད་པའི་བསླབ་པའི་གཞི་དག་ལོང་ཞིག་ཅེས་མི་ཚངས་སྤྱོད་སྤོང་བའི་དགེ་བསྙེན་ཡང་གསུངས་ལ། ཇི་སྲིད་འཚོའི་བར་དུ་བསྙེན་གནས་ཡན་ལག་བརྒྱད་སྲུང་བ་གོ་མིའི་དགེ་བསྙེན་ཞེས་བྱ་བ་དང་། སྐྱབས་གསུམ་ཙམ་འཛིན་པ་དང་ཉིན་མོ་ཙམ་དང་མཚན་མོ་ཙམ་པའི་དགེ་བསྙེན་ཡང་སློབ་དཔོན་ཨ་བྷྱ་ལ་སོགས་པའི་གཞུང་ལས་བཤད་དོ། །དགེ་སློང་ལ་སོགས་པའི་སྡོམ་པ་ཆུང་ངུ་དང་། སོགས་པས་གཟུང་བ་འབྲིང་དང་ཆེན་པོ་ནི་ཡང་དག་པར་ལེན་པའི་ཀུན་སློང་ཡིད་ཆུང་བ་དང་འབྲིང་དང་ཆེན་པོ་ཇི་ལྟ་བ་བཞིན་ཡིན་ནོ། །དེའི་ཕྱིར་དགྲ་བཅོམ་པ་བས་སོ་སོའི་སྐྱེ་བོའི་སྡོམ་པ་ཆེ་བའང་སྲིད་དོ། །གལ་ཏེ་སྡོམ་པ་ཐམས་ཅད་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བ་ཅན་ཡིན་ན་གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ཅི་ལ་སྐྱབས་སུ་འགྲོ་ཞེ་ན། གང་ཞིག་སངས་རྒྱས་དང་དགེ་འདུན་དང་ཆོས་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ནི་གོ་རིམ་བཞིན་དུ་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པའི་ལམ་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་གཉིས་ཀའི་ལམ་དང་ཆོས་སུ་བྱེད་པའི་ཆོས་མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། མི་སློབ་པའི་ལམ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དང་། སློབ་མི་སློབ་ཀྱི་དགེ་འདུན་གང་ཟག་ཡ་བརྒྱད་དུ་འབྱེད་པར་བྱེད་པའི་ཕྱིར་དང་། མྱ་ངན་ལས་འདས་པ་ནི་འགོག་པའི་ཆོས་ཡིན་པའི་ཕྱིར་རོ། །
འོ་ན་སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མཚམས་མེད་དུ་མི་འགྱུར་ཏེ། ཆོས་ཀྱི་སྐུ་ལ་ཁྲག་དབྱུང་དུ་མེད་པའི་ཕྱིར་རོ་ཞེ་ན། དེའི་རྟེན་ལ་གནོད་པའི་ཕྱིར་རམ། གཙོ་ཆེ་བས་ཆོས་ཀྱི་སྐུ་ཞེས་སྨོས་ཀྱི་གཞན་དུ་ན་གཟུགས་ཀྱི་སྐུ་སངས་རྒྱས་སུ་བྱེད་པའི་ཕྱིར་རོ། སྐྱབས་སུ་འགྲོ་བའི་དོན་གང་ཞེ་ན། ཀུན་ནས་སློང་བ་དང་བཅས་པའི་ངག་གི་རིག་བྱེད་དེ། ཀུན་སློང་ནི་དེ་ལ་བརྟེན་པར་འདོད་པའོ། །འགྲེལ་པ་ལས་ཀྱང་། སྐྱབས་སུ་འགྲོ་བ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཞེས་འབྱུང་སྟེ། ཊཱི་ཀ་ལས། དེ་ནི་ནོད་པའི་དུས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་འབྱུང་ངོ་། །གང་ལས་སྐྱོབ་ཅེ་ན། སྡུག་བསྔལ་ཐམས་ཅད་ལས་སྐྱབས་པའི་ཕྱིར་རོ། །འགྲེལ་བ་ལས་ཀྱང་། སྐྱབས་ཀྱི་དོན་ཅི་ཞེ་ན། དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེའི་ཕྱིར་འཇིག་རྟེན་པའི་སྐྱབས་སུ་འགྲོ་བ་ལས་ཡུལ་དང་ཀུན་སློང་དང་བྱེད་པས་ཁྱད་པར་དུ་འཕགས་ཏེ།
ལུང་ཕྲན་ཚེགས་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་མི་འགྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ལ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །འཕགས་པའི་བདེན་པ་བཞི་པོ་དག། ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །
ཡང་ཅིའི་ཕྱིར་སྡོམ་པ་གཞན་དག་ལ་མི་ཚངས་སྤྱོད་སྤོང་བ་ཡན་ལག་ཏུ་བཞག་ལ་དགེ་བསྙེན་ལ་འདོད་ལོག་སྤོང་བ་ཡན་ལག་ཏུ་འཇོག་པའི་རྒྱུ་གང་ཞེ་ན། །འདོད་པས་ལོག་པར་གཡེམ་པ་ནི་གཞན་གྱི་ཆུང་མ་སུན་འབྱིན་པའི་ཕྱིར་དང་། (གཅིག་ཏུ་)ངན་སོང་གི་རྒྱུ་ཡིན་པས་འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་དང་། ཁྱིམ་པ་རྣམས་ཀྱིས་སྤང་སླ་བའི་ཕྱིར་དང་། འཕགས་པ་རྣམས་ཀྱིས་ཚེ་བརྗེས་ནས་ཀྱང་འདོད་ལོག་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དེ་དགེ་བསྙེན་གྱི་སྡོམ་པ་ལ་སྤོང་བར་བཤད་ལ། (ཁྱིམ་པས་སྤང་དཀའ་ཞིང་འབྱུང་ཉེ་བས་)མི་ཚངས་སྤྱོད་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །དགེ་ཚུལ་ལ་སོགས་པ་ལ་ནི་སྤང་དཀའ་བ་དེ་སྤོང་བར་བཤད་པ་ནི་རིམ་གྱིས་བསླབ་པའི་ཕྱིར་རོ། །གལ་ཏེ་དགེ་བསྙེན་རང་གི་ཆུང་མ་མ་ཡིན་པ་ལ་འདོད་ལོག་སྤྱོད་ན་དགེ་བསྙེན་སྔར་ཆུང་མ་མེད་པ་དག་ཕྱིས་ལེན་པའམ་ཆུང་མ་སྔ་མ་ཤི་ནས་གསར་པ་ལེན་པ་ན་སྡོམ་པ་ཉམས་པར་འགྱུར་ཏེ། སྡོམ་པ་ལེན་པའི་དུས་ན་དེ་དག་ལའང་འདོད་ལོག་མི་སྤྱོད་པར་དམ་བཅས་པའི་ཕྱིར་རོ་ཞེ་ན། དགེ་བསྙེན་གྱི་སྡོམ་པ་ནི་ལེན་པའི་དུས་སུ་འདོད་ལོག་མི་སྤྱོད་དོ་ཞེས་ཇི་ལྟར་ཁས་བླངས་པ་བཞིན་དུ་འཐོབ་ཀྱི་རྒྱུད་འདི་ལ་འདོད་པ་མི་སྤྱོད་དོ་ཞེས་རྒྱུད་ལས་ནི་ཁས་ལེན་པ་དང་འཐོབ་པ་མ་ཡིན་ནོ། །དེའི་ཕྱིར་བུད་མེད་དེ་དག་དགེ་བསྙེན་གྱི་ཆུང་མར་མ་བྱས་པའི་ཚེ་དེ་དག་ལ་འདོད་ལོག་ཏུ་འགྱུར་གྱི་ཆུང་མར་བྱས་པ་ན་ནི་མ་ཡིན་ཏེ། རང་གི་ཆུང་མ་ལ་སྤྱད་པ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་རྫུན་དང་ཕྲ་མ་དང་ཚིག་རྩུབ་དང་ཀྱལ་པ་དག་ངག་གི་ལས་མི་དགེ་བར་ཁྱད་པར་མེད་པ་ལ་བརྫུན་སྤོང་བ་ཁོ་ན་སྡོམ་པའི་ཡན་ལག་ཏུ་འགྱུར་ཞེ་ན། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པ་ཐམས་ཅད་ལས་འདས་པར་གྱུར་ན་ཁྱོད་ལ་ལྟུང་བ་འདི་དག་བྱུང་ངོ་ཞེས་བརྗོད་པ་ན་རྫུན་སྤོང་བ་མ་བཤད་ན་མ་བྱུང་ཞེས་རྫུན་དུ་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་རྫུན་དུ་སྨྲ་བ་སྤོང་བ་བཤད་དོ། །ཕྲ་མ་ལ་སོགས་པ་སྤང་བར་བྱ་བ་ཡིན་ཡང་དེ་ལྟ་བུའི་དགོས་པ་མེད་པའི་ཕྱིར་མ་བཤད་དོ། །
དེ་བཞིན་དུ་རྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང་། སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ་ཞེས་བྱ་བ་ཡང་ཤེས་པར་བྱའོ། །(མདོ་ལས་ཀྱང་། ཆོས་གཅིག་ལས་ནི་འདས་གྱུར་ཅིང་། །འཇིག་རྟེན་ཕ་རོལ་དོར་བ་ཡིས། །ལུས་ཅན་རྫུན་དུ་སྨྲ་བ་ཡིས། །འདི་ན་སྡིག་པ་མི་བྱ་མེད། །ཅེས་སོ། །)འདི་ནི་དགེ་ཚུལ་ལ་སོགས་པ་ལའང་ཤེས་པར་བྱའོ། །ཡང་ཅིའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་དག་ལས་ཆང་སྤོང་བ་ཁོ་ན་དེའི་ཡན་ལག་ཏུ་བརྗོད་ཅེ་ན། སངས་རྒྱས་ཀྱིས་བཀག་ཅིང་བཅས་པའི་ཁ་ན་མ་ཐོ་བ་མྱོས་པར་འགྱུར་བ་སྤོང་བ་ནི་དེ་སྤངས་པས་དེ་ལས་གཞན་སྲོག་གཅོད་སྤོང་བ་ལ་སོགས་པའི་བསླབ་པ་བསྲུང་བའི་ཕྱིར་རོ། །མྱོས་པར་འགྱུར་བ་མ་སྤངས་ན་ནི་(དེས་དྲན་ཤེས་བཞིན་ཉམས་ནས།) བསླབ་པ་གཞན་དེ་དག་ཉམས་པར་འགྱུར་བའི་ཕྱིར་རོ། །འདིར་བྱེ་བྲག་ཏུ་སྨྲ་བའི་འདུལ་བ་འཛིན་པ་རྣམས་ནི་ཆང་འཐུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། སྟོན་པས་ཤཱཀྱ་ནད་པ་རྣམས་ལ་བཅས་པའི་ཁ་ན་མ་ཐོ་བ་(གཞན་མཐའ་དག་)གནང་ཆང་རྩྭའི་རྩེ་མོས་ཀྱང་འཐུང་བ་མ་གནང་བའི་ཕྱིར་དང་། གཞན་ཡང་ཆང་འཐུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། འཕགས་པ་རྣམས་ཚེ་འཕོས་ཀྱང་མི་སྤྱོད་པའི་ཕྱིར། སྲོག་གཅོད་པ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ཆང་འཐུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། འདུལ་བ་མུ་ཏིག་གི་ལུས་ངག་གི་ཉེས་པར་སྤྱོད་པའི་ཚོམ་དང་། དགའ་བྱེད་ཀྱི་མདོ་ལས། ལུས་ཀྱི་ཉེས་སྤྱོད་དུ་གསུངས་པའི་ཕྱིར་སྲོག་གཅོད་ལ་སོགས་པ་བཞིན་ནོ། །དེ་ལ་དང་པོ་ནི་ལུང་ཕྲན་ཚེགས་ལས། ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་ལ་བཙུན་པ་བདག་གིས་ནད་པ་རྣམས་ཀྱི་ཇི་ལྟར་བྲོ་གཡོག་བགྱི་ཞེས་ཞུས་པ་ན་ཉེ་བར་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པ་རྣམས་ཀྱིས་ནད་པ་རྣམས་གསོ་བར་བྱའོ་ཞེས་བཀའ་སྩལ་ནས། གཞན་དུ་ཤཱཀྱ་ནད་པ་རྣམས་ལའང་ཆང་འཐུང་བ་བཀག་པའི་ཕྱིར་དང་།
འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། ཁ་ཡི་ནད་ལ་འཁུར་ཕུག་ཏུ། །སྲེལ་བ་ཙམ་ལ་ཉེས་པ་མེད། །སྨན་པའི་ངག་གིས་འཐུངས་པར་ནི། །སྲོག་ལ་བབ་ཀྱང་འདོད་མི་བྱ་ཞེས་བཤད་པའི་ཕྱིར་དང་། །གཞན་ཡང་ལུང་རྣམ་འབྱེད་ལས། དགེ་སློང་དག་ང་སྟོན་པ་ཡིན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །མངོན་པ་བ་རྣམས་ན་རེ་(ཆང་འཐུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་ཏེ། དེའི་མཚན་ཉིད་དང་མ་ལྡན་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ། དེའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དེ་ལ་དེ་དག་གི་མཚན་ཉིད་ནི་རིམ་པ་ལྟར་སེམས་ཉོན་མོངས་ཅན་ཁོ་ནས་སྤྱོད་ཅིང་། གང་ཟག་བསླབ་པ་བཅས་མ་བཅས་ཐམས་ཅད་ལ་སྡིག་ཏུ་འགྱུར་བ་སྲོག་གཅོད་པ་ལྟ་བུ་དང་། རེས་འགའ་གཉེན་པོའི་བློས་ཀྱང་སྤྱད་དུ་རུང་ཞིང་བསླབ་བ་བཅས་པ་ཁོ་ན་ལ་སྡིག་ཏུ་འགྱུར་བ་ས་རྐོ་བ་ལྟ་བུ་ཡིན་པ་ནི། ཆང་འཐུང་བ་ནི་བསླབ་པ་མ་བཅས་པའི་ནད་པ་ལྟ་བུ་འགའ་ཞིག་གིས་མྱོས་པར་མི་འགྱུར་བར་གཉན་པོའི་བློས་ཀྱང་བཏུང་བར་ནུས་པའི་ཕྱིར་རོ། །)རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་བཅོམ་ལྡན་འདས་ཀྱིས་མ་བཀག་ཀྱང་སྡིག་པར་འགྱུར་བ་ཡིན་ན་ཆང་ནི་རེས་འགའ་གཉེན་པོའི་བློས་ཀྱང་བཏུང་བར་ནུས་པའི་ཕྱིར་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ་བཅས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀག་པའོ། །དེས་ན་ཁྲིམས་སུ་བྱས་པས་བཀག་པ་སྤྱད་ན་སྡིག་ཏུ་འགྱུར་བ་དེ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ་བཅོམ་ལྡན་འདས་དང་བསྟན་པ་ལ་མ་གུས་པའི་སྒོ་ནས་སྡིག་བར་འགྱུར་བའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་བཅོམ་ལྡན་འདས་ཀྱི་ཁྲིམས་ཀྱིས་མ་བཀག་ཀྱང་སྡིག་ཏུ་འགྱུར་བ་སྟེ་སྲོག་གཅོད་པ་ལ་སོགས་པ་ལྟ་བུའོ། །ལུང་ལས་ནད་པ་ལ་བཅས་པའི་ཁ་ན་མ་ཐོ་བ་གནང་བ་ནི་སྤྱིར་བཏང་བ་ཡིན་ལ། ཤཱཀྱ་ནད་པ་ལ་མ་གནང་བ་ནི་དམིགས་ཀྱིས་བསལ་བའོ། །རྩྭའི་རྩེ་མོའི་ཚད་ཀྱིས་ཀྱང་འཐུང་བ་བཀག་བ་ནི་དེའི་ནུས་པ་མ་ངེས་པའི་ཕྱིར་ཏེ། ལ་ལ་ནི་ཉུང་ངུས་ཀྱང་མྱོས་པར་འགྱུར་ལ། ལ་ལ་ནི་མང་པོས་ཀྱང་མི་མྱོས་པའི་ཕྱིར་དང་། ཆགས་པ་འཕེལ་བས་ཚོད་མི་ཟིན་པའི་ཕྱིར་ཏེ།
མདོ་ལས་ཀྱང་། གནས་གསུམ་པོ་ཆང་དང་། མི་ཚངས་པར་སྤྱོད་པ་དང་། རྨུགས་པ་དང་གཉིད་ལ་བརྟེན་པ་ནི་ངོམས་པའམ་ཆོག་པའམ་ཚིམ་པ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འཕགས་པ་རྣམས་ཚེ་བརྗེས་ནས་ཀྱང་མི་གསོལ་བ་ནི་མདོ་ལས་དད་པ་དང་བརྩོན་འགྲུས་དང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་བསླབ་བའི་སྟོབས་ལྔ་གསུངས་པས་ངོ་ཚ་ཁྲེལ་ཡོད་དང་ལྡན་པའི་ཕྱིར་དང་། དགའ་བྱེད་ལ་སོགས་པའི་མདོ་ལས། ལུས་ཀྱི་ཉེས་སྤྱོད་དུ་གསུངས་པ་ནི་བག་མེད་པའི་གནས་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །
ད་ནི་དེ་དག་ཐོབ་པའི་གཞི་ལ་སོགས་པ་སྟོན་པ་ནི་འདོད་པར་གཏོགས་པའི་སྡོམ་པ་སོ་སོ་ཐར་པ་ནི་(དགེ་བའི་)ལས་ཀྱི་ལམ་གྱི་སྦྱོར་བ་དང་དངོས་དང་མཇུག་ཐམས་ཅད་ལས་དང་། གཞི་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་གཉིས་ཀ་དང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀ་ལས་དང་། (འདི་སེམས་ཅན་གྱི་རྟེན་ལ་འཇུག་པས།) དུས་ད་ལྟར་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལས་འཐོབ་པར་འགྱུར་གྱི་འདས་མ་འོངས་ལས་ནི་མ་ཡིན་ཏེ། དེ་དག་སེམས་ཅན་དུ་མི་བགྲང་བའི་ཕྱིར་རོ། །(དེས་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡང་ད་ལྟར་ཁོ་ན་ལས་ཐོབ་པར་སྟན་ནོ། །)བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་ལས་ཀྱི་ལམ་དངོས་གཞི་ཁོ་ན་ལས་དང་། (འདི་དག་ལ་མཉམ་པར་བཞག་པ་ན་ལས་ཀྱི་ལམ་དངོས་གཞི་འོག་ས་སྤངས་པའི་ངོ་བོར་སྐྱེ་བས་སྦྱོར་མཇུག་ནི་ཕལ་ཆེར་འོག་སའི་ངོ་བོར་གཏོགས་པའི་ཕྱིར་རོ། །དེས་ན་ལས་ཀྱི་སྦྱོར་མཇུག་ལས་ཀྱང་མ་ཡིན་ན་བཅས་པའི་ཁ་ན་མ་ཐོ་བ་ལས་ལྟ་ཅི་སྨོས་ཏེ་ཁས་བླངས་པ་མེད་པའི་ཕྱིར་ཞེས་པའམ། ཡང་ན་འདི་གཉིས་ནི་ཉོན་མོངས་དང་དེས་བསླད་པའི་ལས་སྤོང་བ་ཡིན་པ་ལས་བཅས་པའི་ཁ་ན་མ་ཐོ་བ་ནི་ཉོན་མོངས་ཀྱིས་བླང་བར་མ་ངེས་པས་སོ་ཞེས་འཆད་དོ། །)དུས་ནི་གསུམ་པོ་(སྟེ་སེམས་རྗེས་འབྲང་།) ཐམས་ཅད་(ཀྱི་ཕུང་ཁམས།) ལས་འཐོབ་པས་སོ། །དེའི་ཕྱིར་སྦྱོར་མཇུག་དང་བཅས་པའི་ཁ་ན་མ་ཐོ་བ་དང་། སེམས་ཅན་མ་ཡིན་པ་ལས་མ་འཐོབ་བོ་ཞེས་ཤེས་པར་བྱའོ། །ཡང་(སྡོམ་པ་དང་སྡོམ་མིན་ནི་སེམས་ཅན་ཐམས་ཅད་དང་ཡན་ལག་ཐམས་ཅད་རྒྱུ་ཐམས་ཅད་ལས་འཐོབ་པའམ། འོན་ཏེ་བྱེ་བྲག་འགའ་ཞིག་ལས་འཐོབ་ཅེ་ན།) སྡོམ་པ་(གསུམ་པོ་)ནི་སེམས་ཅན་ཐམས་ཅད་ལས་འཐོབ་ལ། ཡན་ལག་དང་རྒྱུ་ལ་ནི་དབྱེ་བ་ཡོད་དེ། (ལས་ཀྱི་ལམ་དང་།) ཡན་ལག་ཐམས་ཅད་ལས་འཐོབ་པ་ནི་དགེ་སློང་གི་སྡོམ་པའོ། །(དེ་ལས་ལམ་ཐམས་ཅད་སྤོང་བ།) ཡན་ལག་ལྔ་ལས་འཐོབ་པ་ནི་དགེ་བསྙེན་ནོ། །བརྒྱད་ལས་འཐོབ་པ་ནི་བསྙེན་གནས་སོ། །བཅུ་ལས་འཐོབ་པ་ནི་དགེ་ཚུལ་ལོ། །ཡང་ན་ལས་ཀྱི་ལམ་བཅུ་པོ་ཐམས་ཅད་ལས་འཐོབ་པ་ནི་དགེ་སློང་ངོ་། །སྲོག་གཅོད་པ་ལ་སོགས་པ་གསུམ་དང་རྫུན་དུ་སྨྲ་བ་དང་བཞི་ལས་འཐོབ་པ་ནི་དགེ་ཚུལ་ལ་སོགས་པ་ཡིན་པར་འགྲེལ་པ་ལས་བཤད་དོ། །རྒྱུ་ནི་མ་ཆགས་པ་ལ་སོགས་པ་དགེ་རྩ་གསུམ་ཡིན་ན་ཐམས་ཅད་ལས་དང་། སེམས་ཆུང་ངུ་དང་འབྲིང་དང་ཆེན་པོས་ཡིན་ན་དུས་གཅིག་ལ་གསུམ་ཅར་མི་འབྱུང་བས་རེ་རེ་ལས་འཐོབ་པའི་ཕྱིར་རོ། །སྡོམ་པ་མིན་པ་ནི་སེམས་ཅན་ཐམས་ཅད་ལས་འཐོབ་པ་དང་། ཡན་ལག་ཀྱང་སྲོག་གཅོད་ལ་སོགས་པ་ལས་ཀྱི་ལམ་ཀུན་ལས་འཐོབ་(སྟེ་མ་ཚང་བའི་སྡོམ་པ་ནི་མེད་ཅེས་འདོད་དོ། །)ལ། རྒྱུ་ནི་ཆགས་སྡང་གཉིས་མཚུངས་པར་མི་ལྡན་པས་འདོད་ཆགས་ཀྱིས་རྒྱུ་བྱས་ན་ཞེ་སྡང་གིས་མ་ཡིན་པ་ལ་སོགས་པའི་ཕྱིར་དང་། ཆུང་ངུས་བྱས་ན་ཆེན་པོས་མ་ཡིན་པའི་ཕྱིར་(ཆུང་ངུ་ལ་སོགས་པ་ཅིག་ཅར་མི་འབྱུང་བས།) ཐམས་ཅད་ཀྱིས་འཐོབ་པ་མིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །
དེ་ལ་སྡོམ་མིན་ཅན་ནི་འགྲེལ་པ་ལས། ཤན་པ་དང་། བྱ་གག་གསོད་པ་དང་། ཕག་གསོད་པ་དང་། བྱ་བ་དང་། ཉ་པ་དང་། རི་དྭགས་འཆོར་པ་དང་། ཆོམས་རྐུན་པ་དང་། གཤེད་མ་དང་། བཙོན་རྫི་དང་། གླང་པོ་ཆེ་འཆོར་བ་དང་། ཁྱི་འཆོར་བ་དང་། པ་གུ་རི་འཆོར་བ་རྣམས་སོ་ཞེས་དངོས་སུ་བཅུ་གཉིས་བཤད་དོ། །འགྲེལ་པ་ལས། རྒྱལ་པོ་དང་བློན་པོ་དང་ཤགས་ཟིན་པོ་རྣམས་ཀྱང་དོན་གྱིས་ན་སྡོམ་པ་མ་ཡིན་པ་ཅན་ཡིན་ནོ་ཞེས་འབྱུང་བ་ལ། ཊཱིཀ་བྱེད་དག་རྒྱལ་པོ་དང་བློན་པོ་རྣམས་ཀྱང་ཆད་པས་གཅོད་པར་བྱེད་པའི་ཕྱིར་མདོ་ལ་སོགས་པ་ལས་དངོས་སུ་མི་འབྱུང་ཡང་སྡོམ་མིན་ཅན་ཁོ་ནར་ལྟའོ་ཞེས་འཆད་དོ། །ཀུན་ལས་བཏུས་ལས་ནི་འདིར་བཤད་པའི་དང་པོ་བཅུ་དང་། བོང་རྒྱས་འཆོར་བ་དང་། སྦྲུལ་བཟུང་ནས་རྩེ་བས་འཚོ་བ་དང་། སྦྲུལ་གྱིས་འཚོ་བ་དང་། གཞན་ལ་ཕྲ་མ་བྱས་ནས་འཚོ་བའི་ཉན་རྣ་བྱེད་པ་དང་། གནོད་པ་བྱེད་པ་དང་བཞི་སྟེ་སྡོམ་མིན་ཅན་བཅུ་བཞི་བཤད་ལ། སློབ་དཔོན་ཨ་བྷྱས་ནི་དེ་དག་དང་རྒྱལ་པོའི་ཆད་པ་བ་དང་ཡུལ་ཆོས་པ་རྣམས་ཀྱང་སྡོམ་མིན་ཅན་དུ་བཤད་དོ། །དྲིན་ལན་བསབ་པ་ལས་ནི་དར་གྱི་སྲིན་བུ་གསོ་བའང་སྡོམ་མིན་ཅན་དུ་གསུངས་སོ། །
མདོ་སྡེ་པ་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་གསོད་པར་འདོད་པ་དང་སྒོ་ཐམས་ཅད་དང་ལས་ཀྱི་ལམ་ཐམས་ཅད་སྤྱོད་པ་ནི་མི་སྲིད་པའི་ཕྱིར་ཏེ། ཤན་པ་ལ་སོགས་པའང་རང་གི་ཕ་མ་ལ་སོགས་པ་གསོད་པར་མི་འདོད་པའི་ཕྱིར་དང་། སྲོག་གཅོད་ཀྱང་མ་བྱིན་པར་མི་ལེན་(པའང་ཡོད་)པའི་ཕྱིར་རོ། །གལ་ཏེ་ཕ་ལ་སོགས་པའང་ལུག་ལ་སོགས་པར་གྱུར་པ་ན་གསོད་པར་འདོད་པའི་ཕྱིར་རོ་ཞེ་ན། འོ་ན་ནི་ལུག་ཀྱང་ཕ་མར་གྱུར་པ་ན་གསོད་པར་མི་འདོད་པའི་ཕྱིར་ལུག་ལའང་གསོད་པར་འདོད་པ་མེད་པར་འགྱུར་རོ། །ཕ་མར་གྱུར་པ་ན་ལུག་མ་ཡིན་ནོ་ཞེས་བྱ་བའང་མཚུངས་ཏེ། ལུག་ཏུ་གྱུར་བ་ན་ཕ་མ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ལུག་ཏུ་གྱུར་བ་ཐམས་ཅད་བདག་གིས་བསད་དོ་སྙམ་དུ་སེམས་ཤིང་གསོད་པའང་མི་སྲིད་པའི་ཕྱིར་སྡོམ་མིན་ནི་སེམས་ཅན་ཐམས་ཅད་ལས་ཀྱང་མ་ཡིན་ལ་ཡན་ལག་ཐམས་ཅད་ལས་ཀྱང་མ་ཡིན་ནོ། །འོན་ཀྱང་བདག་གིས་སྲོག་གཅོད་པ་ཙམ་དང་མ་བྱིན་པར་བླངས་པ་ཙམ་གྱིས་འཚོ་བར་བྱའོ། །གཞན་གྱི་བུད་མེད་ལ་རྒྱུན་དུ་སྤྱད་དོ་སྙམ་དུ་བསམས་ཏེ་དེ་དག་གིས་ལས་རྫོགས་པར་སྤྱད་པ་ཙམ་གྱིས་སྡོམ་མིན་དུ་འགྱུར་རོ། །དེ་བཞིན་དུ་རྫུན་ལ་སོགས་པ་ལའང་ཤེས་པར་བྱའོ་ཞེས་བྱ་བར་འདོད་དེ་དེ་ཉིད་རིགས་པ་ཡིན་ནོ། །སྡོམ་པ་ལ་ནི་སེམས་ཅན་ཐམས་ཅད་དང་། རང་རང་གི་ཡན་ལག་ཐམས་ཅད་དང་། ཡུལ་ཐམས་ཅད་དང་། དུས་ཐམས་ཅད་དང་། ཚེའམ་གནས་སྐབས་ཐམས་ཅད་དུ་སྤོང་བ་མ་ཡིན་(པར་ལྷས་བྱིན་ལྟ་བུའི་སེམས་ཅན་ངེས་པ་དང་། སྲོག་གཅོད་པ་ལྟ་བུའི་ཡན་ལག་ངེས་པ་དང་། བོད་ལྟ་བུའི་ཡུལ་ངེས་པ་དང་། ཟླ་བ་གཅིག་གི་བར་དུ་ཞེས་པ་ལྟ་བུའི་དུས་ངེས་པ་དང་། འཐབ་མོའི་ཚེ་མ་གཏོགས་སོ་ཞེས་པ་ལྟ་བུའི་ཚེ་ངེས་པ་ལྔ་དང་བྲལ་བ་མ་ཡིན།) ན་ལེགས་སྤྱད་ཙམ་དུ་འགྱུར་གྱི་སྡོམ་པར་མི་འགྱུར་བས་ན་ངེས་པ་ལྔ་དང་བྲལ་བ་ཉིད་ངེས་པར་དགོས་སོ། །
རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི། རྒྱུ་དྲུག་གིས་དགེ་སློང་གི་སྡོམ་པ་ལེན་པར་མི་འདོད་ཅིང་འདོད་ཀྱང་མི་འཐོབ་སྟེ། རྒྱལ་པོ་དང་ཆོམ་རྐུན་དང་བུ་ལོན་པ་དང་འཚོ་བ་མེད་པས་འཇིགས་ཏེ་འཚོ་བ་ཙམ་ལ་སོགས་པའི་བསམ་པས། རབ་ཏུ་འབྱུང་བར་འདོད་པའི་བསམ་པ་ཉམས་པ་དང་། ལུས་ལ་འབྲས་དང་ཕོལ་མིག་ལ་སོགས་པ་ནད་སྣ་ཚོགས་དང་ལྡན་པས་བླ་མ་ལ་སོགས་པ་ལ་བསྙེན་བཀུར་དང་སྦྱིན་བདག་གི་ཡོན་སྦྱར་བར་མི་ནུས་པའི་ལུས་ཉམས་པ་དང་། ཟ་མ་དང་མ་ནིང་དང་མཚན་གཉིས་པར་གྱུར་པ་སྐྱེས་པ་ཉིད་ཉམས་པ་དང་། མཚམས་མེད་བྱེད་པ་དང་དགེ་སློང་མ་སུན་འབྱིན་བ་དང་མུ་སྟེགས་ཅན་དང་རྐུ་ཐབས་སུ་གནས་པ་དང་ཐ་དད་དུ་གནས་པ་དང་གནས་པར་མི་བྱ་བ་རྣམས་ནི་ངོ་ཚ་ཁྲེལ་མེད་ཆེན་པོས་ངོ་ཚ་ཁྲེལ་ཡོད་ཆུང་ངུར་བྱས་པ་དགེ་བའི་ཆོས་ཉམས་པ་དང་། རྒྱལ་པོས་བཀྲབས་པ་དང་རྒྱལ་པོ་ལ་གནོད་པ་བྱས་པ་རྒྱལ་པོ་དང་མི་མཐུན་པའི་ལས་བྱེད་པ་དང་བུ་ལོན་ཅན་དང་བྲན་དང་ཕྲོགས་པ་དང་ཕ་མས་མ་གནང་བ་ལ་སོགས་པ་གཞན་གྱི་དབང་དུ་གྱུར་པ་དང་། མིའི་འགྲོ་བ་མ་ཡིན་པ་ཀླུ་ལ་སོགས་པའི་སྤྲུལ་པར་གྱུར་པ་རབ་ཏུ་བྱུང་ན་གཞན་མ་དད་པར་འགྱུར་བས་གཞན་རྗེས་སུ་སྲུང་བ་སྟེ་དྲུག་པོ་དེ་དག་དང་། མཁན་སློབ་དང་དགེ་འདུན་མ་ཚང་བ་སྟེ་བདུན་ནི་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བཤད་དོ། །ཁ་ཅིག་གཞན་གྱི་དབང་དུ་གྱུར་པ་ལ་སོགས་པ་གསུམ་ཡང་ཉམས་པ་ཡིན་པས་ཉམས་པ་བདུན་ངེས་པ་ལྔས་མི་འཐོབ་ཅེས་བྱ་བར་འགྱུར་རོ་ཞེས་འཆད་དོ། །(ཇི་ལྟར་ན་མི་ནུས་པ་དག་ལས་སྡོམ་པ་འཐོབ་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་ཁས་བླངས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ནུས་པ་ཁོ་ན་ལས་འཐོབ་ན་མི་དང་ལྷ་ལ་སོགས་པ་ནུས་པ་དང་མི་ནུས་པ་ཕན་ཚུན་འཕོ་བས་འཕེལ་འགྲིབ་ཏུ་འགྱུར་ལ། དེ་ལྟར་ན་སྡོམ་པ་འཐོབ་གཏོང་གི་རྒྱུ་མེད་པར་ཡང་དེར་འགྱུར་རོ་ཞེས་ཟེར་རོ། །སློབ་དཔོན་གྱིས་རྩྭ་ལ་སོགས་པ་སྐྱེས་པ་དང་སྐམས་པས་སྡོམ་པ་འཕེལ་འགྲིབ་མེད་པ་ལྟར་འཕོས་ཀྱང་མི་འགྱུར་རོ་ཞེས་གསུང་ངོ་། །སེམས་ཅན་ནི་སྔོན་དང་ཕྱིས་ཡོད་ལ་རྩྭ་ལ་སོགས་པ་ནི་མེད་པས་མི་མཚུངས་སོ་ཞེ་ན། དེ་ཡང་མྱ་ངན་ལས་འདས་ན་མེད་པར་འགྱུར་བས་མཚུངས་སོ། །དེས་ན་གཏན་ཚིགས་སྔ་མ་ཉིད་བཟང་ངོ་ཞེས་སོ། །)
སྡོམ་མིན་འཐོབ་པའི་ཚུལ་ནི་སྡོམ་པ་མིན་པ་ནི་ཤན་པ་ལ་སོགས་པའི་རིགས་སུ་སྐྱེས་པ་རྣམས་ནི་སྲོག་གཅོད་པ་ལ་སོགས་པའི་བྱ་བ་བྱས་པ་ཙམ་ན་འཐོབ་པར་འགྱུར་ལ། གཞན་གྱི་རིགས་སུ་སྐྱེས་པ་རྣམས་ནི་རྒྱལ་པོ་ལ་སོགས་པའི་དྲུང་དུ་བདག་འཚོ་བ་འདིས་འཚོ་བར་བྱའོ་ཞེས་ཁས་ལེན་པ་ལས་འཐོབ་པར་འགྱུར་རོ། །བར་མའི་འཐོབ་ཚུལ་ནི་སྡོམ་པ་སྡོམ་མིན་གྱི་ལྷག་མ་བར་མའི་རྣམ་པར་རིག་བྱེད་མིན་པའི་དགེ་བ་ནི་རྫས་ལས་བྱུང་བ་དང་རྫས་ལས་བྱུང་བ་མ་ཡིན་པའི་རིག་བྱེད་མ་ཡིན་པ་ལྟ་བུ་ཞིང་དང་། ཟས་མ་ཟོས་ཀྱི་གོང་དུ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བར་དམ་བཅས་ནས་དེ་ལྟར་བྱེད་པ་ལྟ་བུ་ཡི་དམ་ནར་མར་ཁས་ལེན་ཞིང་དམ་བཅས་པ་དང་། རབ་ཏུ་དང་བ་དང་ཉོན་མོངས་པ་དྲག་པོས་ཕྱག་དང་སྐོར་བ་བྱེད་པ་ལྟ་བུ། དགེ་བ་དང་བརྡེག་པ་སོགས། མི་དགེ་བ་བྱེད་པ་ལྟ་བུ་བསམ་སྦྱོར་གུས་པར་བྱེད་པ་ལས་འཐོབ་བོ། །(བར་མ་མི་དགེ་བ་ནི་སྲོག་གཅོད་པའི་ཁང་པ་བྱས་ནས་སྟེར་བ་ལྟ་བུ་ཞིང་། ཉིན་རེ་ལ་སྲོག་ཆགས་འཚེ་བ་ལྟ་བུ་ལེན་པ་དང་། ཉོན་མོངས་དྲག་པོས་རྡེག་པ་ལ་སོགས་པ་མ་གུས་པར་བྱེད་པ་ལས་འཐོབ་པའོ། །)
ད་ནི་དེ་དག་གཏོང་བའི་རྒྱུ་འཆད་པ་ནི་འདིས་དབང་པོ་འདུལ་བར་བྱེད་པས་ན་སོ་སོ་ཐར་པའི་འདུལ་བ་སྟེ་རིས་བརྒྱད་ལས་བསྙེན་གནས་མ་གཏོགས་པའི་སྡོམ་པ་རྣམས་ནི་(དང་པོ་ཇི་སྲིད་འཚོ་བར་དུ།) ཡང་དག་པར་བླངས་པ་དང་(ཕྱིས།) འགལ་བའི་རིག་བྱེད་བསྐྱེད་པའི་ཕྱིར་མི་བརྡ་ཕྲད་པའི་དྲུང་དུ་བསམ་པ་ཐག་པ་ནས་བསླབ་པ་ཕུལ་བ་དང་། (གང་གིས་སྡོམ་པ་བླངས་པའི།) རྟེན་བོར་བ་དང་འཕེན་པའི་དུས་ཟད་པའི་ཕྱིར་ཤི་འཕོས་པ་དང་། (ཕོ་མོ་གང་རུང་གི་)རྟེན་ཉམས་པའི་ཕྱིར་ཕོ་མོའི་མཚན་གཉིས་པོ་དག་ནི་དུས་ཅིག་ཅར་བྱུང་བ་དང་། (ས་ཆད་ན་དེ་ལ་བརྟེན་པའི་ཤིང་ཆད་པ་ལྟར།) གཞི་སྐྱེས་ཐོབ་ཆད་ན་སྦྱོར་བྱུང་ཡང་ལྡོག་པས་དགེ་བའི་རྩ་བ་ཆད་པ་དང་བཞིས་གཏོང་ལ། བསྙེན་གནས་ནི་དེ་དག་དང་མཚན་མོ་འདས་པ་ལས་ཀྱང་གཏོང་སྟེ། མདའི་ཤུགས་ཟད་པ་ལྟར་འཕེན་པའི་དུས་ཟད་པའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི། དགེ་བསྙེན་དང་བསྙེན་གནས་ནི་མི་མཐུན་པའི་སེམས་སྐྱེས་པ་ཙམ་གྱིས་ཀྱང་གཏོང་བར་བཤད་དོ། །མདོ་སྡེ་པ་དང་ཉི་འོག་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཁ་ཅིག་ནི་རྩ་བའི་ལྟུང་བར་འགྱུར་བ་མིའམ་མིར་ཆགས་པ་བསད་པ་དང་། རིན་ཐང་ཚང་བའི་ནོར་གཞན་ལ་བརྐུས་པ་དང་། མི་ཚངས་པར་སྤྱད་པ་དང་། མི་ཆོས་བླ་མའི་རྫུན་སྨྲས་པ་བཞི་ལས་གང་ཡང་རུང་བ་ཞིག་བྱུང་ན་སྡོམ་པ་ཐམས་ཅད་གཏོང་བར་སྨྲ་ལ། སྡེ་པ་གཞན་གོས་དམར་བ་དག་ནི་དམ་པའི་ཆོས་ནུབ་ན་བསླབ་པའི་མཚམས་ཐམས་ཅད་དང་ལས་ཀྱི་མཐའ་རྣམས་མེད་པར་འགྱུར་བས་དམ་པའི་ཆོས་ནུབ་པ་ལས་ཀྱང་གཏོང་བར་འདོད་དོ། །སློབ་དཔོན་སྐུ་མཆེད་ནི་དམ་པའི་ཆོས་ནུབ་པས་དེ་ཕྱིན་ཆད་བླང་དུ་མེད་པས་མི་སྐྱེ་བ་ཡིན་གྱི་སྔར་ཡོད་གཏོང་བར་མི་བཞེད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དམ་པའི་ཆོས་ནུབ་པ་ན་ནི་དགེ་སློང་ལ་སོགས་པའི་སྡོམ་པ་སྔར་མ་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་ཡོངས་སུ་མི་གཏོང་བར་རིག་པར་བྱ་སྟེ་ཞེས་པ་དང་། འགྲེལ་པ་ལས་ཀྱང་། དམ་པའི་ཆོས་ནུབ་ན་འདུལ་བའི་ལས་མེད་པའི་(ཕྱིར་སྔོན་མེད་པའི།) འདུལ་བ་འཐོབ་པ་ནི་མེད་ཀྱི་ཐོབ་ཟིན་པ་གཏོང་བ་མེད་དོ་ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ན་རེ་དེ་ལྟར་ན་དགེ་སློང་ལ་སོགས་པའི་སྡོམ་ལྡན་ཡོད་པའི་ཕྱིར་དམ་པའི་ཆོས་མ་ནུབ་པར་འགྱུར་བས་ན་སྔ་མ་གཉིས་ལེགས་སོ་ཞེས་ཟེར་རོ། །
གཞི་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་རྩ་བའི་ལྟུང་བ་གང་རུང་ཞིག་བྱུང་བ་ལ་སྡོམ་པ་ཡོད་པའི་ཆ་ནས་ཚུལ་ཁྲིམས་དང་ལྡན་པ་དང་གང་བཏང་བའི་ཆ་ནས་ཚུལ་ཁྲིམས་འཆལ་བ་གཉིས་སུ་འདོད་དེ་དཔེར་ན་བུ་ལོན་དང་ནོར་གཉིས་ཀ་ཡོད་པའི་སྐྱེས་བུ་བཞིན་ནོ། །ལྟུང་བ་དེ་བཤགས་ན་ནི་ཚུལ་ཁྲིམས་དང་ལྡན་པ་ཁོ་ན་ཡིན་ཏེ་དེས་བུ་ལོན་བཅོལ་ན་ནོར་ལྡན་ཁོ་ནར་འགྱུར་བ་བཞིན་ནོ། །འདི་ལའང་སྲོག་གཅོད་པའི་རྩ་ལྟུང་གཅིག་བྱུང་ན་སྲོག་གཅོད་སྤོང་བའི་སྡོམ་པའི་ཆ་ཐམས་ཅད་གཏོང་བ་དང། དེའི་ཡང་ཐམས་ཅད་མི་གཏོང་བར་གང་བསད་པའི་སེམས་ཅན་དེ་ཁོ་ནའི་ཆའི་སྡོམ་པ་གཏོང་བར་འདོད་པའི་ལུགས་གཉིས་ཡོད་དོ། །
དེ་དག་གང་ལས་ཤེས་ཤེ་ན། ལུང་དང་རིགས་པ་ལས་ཏེ། ལུང་ནི་འདུལ་བ་རྣམ་འབྱེད་ལས། དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་འདོམས་པར་བྱེད་ན་ལྟུང་བྱེད་དོ་ཞེས་བཤད་དེ། ཚུལ་ཁྲིམས་མེད་ན་ལྟུང་བའི་རྣམ་གཞག་མི་འཐད་པའི་ཕྱིར་རོ། །གཞན་ཡང་དྲུག་ཚན་དྲུག་པའི་མདོ་ལས། འགར་བའི་བུ་ཙུན་དེས། ཕ་རོལ་རྒལ་ཅིང་སོམ་ཉི་སྤངས། །ཐུབ་པ་རབ་སད་རྣམ་འདྲེན་མཆོག། ཁ་ལོ་བསྒྱུར་མཆོག་འཇིག་རྟེན་ན། །དགེ་སྦྱོད་དུ་མཆིས་བདག་འདིའོ་ཞེས་ཞུས་པ་ན། སྟོན་པའི་ཞལ་ནས་ཙུན་པ། །དགེ་སྦྱོང་བཞི་སྟེ་ལྔ་པ་མེད། །དེ་དག་གསལ་བར་ངས་ཤེས་བྱ། །ལམ་གྱིས་རྒྱལ་དང་ལམ་སྟོན་དང་། །ལམ་ཕྱིར་འཚོ་དང་ལམ་སུན་འབྱིན་ཞེས་གསུངས་པ་དང་། ཡང་ཙུན་དས། ལམ་གྱིས་རྒྱལ་བ་གང་ལ་བརྗོད། །ཇི་ལྟར་མཚུངས་མེད་ལམ་སྟོན་ཡིན། །ལམ་ཕྱིར་འཚོ་བ་འདྲི་བས་གསུངས། །ལམ་སུན་འབྱིན་པ་གསལ་བར་འདོད། །ཅེས་ཞུས་པ་ན། གང་ཞིག་ཐེ་ཚོམ་ཟུག་རྔུ་སྤངས། །གཞན་གྱིས་བཀྲི་མིན་མྱ་ངན་འདས། །འཇིག་རྟེན་ལྷར་བཅས་སྟོན་པ་ཡི། །སངས་རྒྱས་ལམ་གྱིས་རྒྱལ་ཞེས་བརྗོད། །བླང་དང་དོར་བྱ་མཆོག་རིག་ནས། །ཆོས་རྣམས་དེ་བཞིན་སྟོན་ཅིང་འབྱེད། །ཐུབ་པ་བཀྲི་མིན་ཐེ་ཚོམ་ཆད། །ལམ་སྟོན་དགེ་སྦྱོང་གཉིས་པ་ཡིན། །གང་ཞིག་ཆོས་གནས་ལེགས་སྟོན་ཅིང་། །དྲན་པའི་བདག་ཉིད་ལམ་ཕྱིར་འཚོ། །ཁ་ན་མ་ཐོ་མེད་གནས་སློབ། །དགེ་སྦྱོང་གསུམ་པ་ལམ་ཕྱིར་འཚོ། འཕགས་པའི་རྟགས་ཀྱིས་གཡོགས་བྱས་ནས། །འགྲན་ཅིང་ཁྱིམ་སུན་འབྱིན་པ་དང་། །འཆལ་ཞིང་མ་དུལ་སྒྱུ་དང་བཅས། །གཟུགས་བརྙན་བཞིན་སྤྱོད་ལམ་སུན་འབྱིན། །ཞེས་གསུངས་སོ། །ཊཱིཀ་བྱེད་དག་གིས་ལམ་གྱིས་རྒྱལ་བ་སློབ་མི་སློབ་དང་། ལམ་སྟོན་སངས་རྒྱས་དང་། ལམ་ཕྱིར་འཚོ་བ་དགེ་སློང་གི་ཚུལ་ཁྲིམས་དང་ལྡན་པ་ལམ་ལ་སློབ་པའི་ཆེད་དུ་འཚོ་བ་དང་། ལམ་སུན་འབྱིན་པ་ཚུལ་ཁྲིམས་འཆལ་བར་བཤད་པས་དེ་ཡང་དགེ་སྦྱོང་གི་དབྱེ་བར་བཤད་པའི་ཕྱིར་རོ། །
ཡང་རྩ་ལྟུང་བྱུང་བས་སྡོམ་པ་གཏང་ན་ལུང་ཕྲན་ཚེགས་ལས་དགའ་བ་ཅན་རྩ་ལྟུང་བྱུང་ནས་འཆབ་སེམས་མ་སྐྱེས་པ་དེ་ཆད་པའི་ལས་ཀྱི་བསླབ་པ་བྱིན་པས་དགེ་སློང་དུ་མི་འགྱུར་བ་ལས་དེ་ལྟར་འགྱུར་བར་བཤད་པའི་ཕྱིར་རོ། །
ཡང་ལུང་རབ་ཏུ་བྱུང་བའི་གཞི་ལས། བྱ་རོག་སྐྲོད་དང་སུན་ཕྱུང་དང་། །རྐུ་ཐབས་གནས་དང་མ་ནིང་དང་། །ཞེས་དགེ་སློང་མ་སུན་ཕྱུང་བ་ལ་སོགས་པ་ཚུལ་ཁྲིམས་འཆལ་བ་རབ་ཏུ་འབྱུང་དུ་མི་རུང་བར་བཤད་པའི་ཕྱིར་ཏེ། དེ་ནི་ཚུལ་ཁྲིམས་ངན་པ་དེས་གོ་བཀག་ནས་སྡོམ་པ་གསར་པ་མི་སྐྱེ་བ་ཡིན་གྱི་གལ་ཏེ་དེ་ལ་སྡོམ་པ་མེད་ན་ཕྱིས་བླངས་པ་སྐྱེ་བར་འགྱུར་རོ། །དེ་ལ་མི་སྐྱེ་ན་བསླབ་པ་ཕུལ་བ་ལའང་ཕྱིས་བླང་དུ་མེད་པར་འགྱུར་རོ་ཞེས་བྱ་བའོ། །
རིགས་པའང་སྡོམ་པ་ནི་སྤོང་བདུན་ཡིན་པས་ན་སྲོག་གཅོད་སྤོང་བ་བཏང་བས་གཞན་བཏང་བར་ནི་མི་འགྱུར་ཏེ། (ལུང་གཞིའི་འགྲེལ་པ་ལས། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས། ཕྱོགས་གཅིག་འཁྲུག་ཀྱང་དགེ་སློང་གི་དངོས་པོ་ལྷག་མ་དང་མ་བྲལ་བའི་ཕྱིར་ཏེ། ཕྱོགས་གཅིག་འཁྲུགས་པས་ནི་སྡོམ་པ་མཐའ་དག་ཡོངས་སུ་གཏོང་བར་མི་རིགས་སོ། །དེ་ལྟར་ཡང་། ཇི་ལྟར་ཕྱོགས་གཅིག་བླངས་གྱུར་པས། །མཐའ་དག་བླངས་པར་མི་བཞེད་ལྟར། །དེ་བཞིན་ཕྱོགས་གཅིག་འཁྲུགས་གྱུར་པས། །མཐའ་དག་འཁྲུགས་པར་ཇི་ལྟར་འགྱུར་ཞེས་གསུངས་པ་དང་ཞེས་འགྱུར་བ་ལྟར་རོ། །)དེ་དག་གི་མི་མཐུན་ཕྱོགས་མ་བྱས་པའི་ཕྱིར་རོ། །དེ་ལྟར་ན་སྲོག་གཅོད་པ་སྤོང་བ་བླངས་པས་ཀྱང་གཞན་བླངས་པར་ཐལ་བའི་ཕྱིར་རོ། །ཕྱོགས་གཅིག་བཏང་བས་ཕྱོགས་ཐམས་ཅད་གཏང་བ་ནི་རིགས་པ་མ་ཡིན་ཏེ། ལག་པ་བཅད་ན་རྐང་པ་ལ་སོགས་པ་རིལ་བཅད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་དགོངས་པ་ཡིན་ན་ཞེས་ཟེར་རོ། །འདི་ནི་འཐད་པ་མ་ཡིན་ཏེ། ཚུལ་ཁྲིམས་འཆལ་བ་དགེ་སློང་མ་ལ་འདོམས་ན་ལྟུང་བྱེད་དུ་བཤད་པ་ནི་ངན་སོང་དུ་ལྟུང་བ་ཙམ་ལ་དགོངས་པའི་ཕྱིར་དང་། དེ་དགེ་སྦྱོང་དུ་བཤད་པ་ནི་སྟོན་པ་ཉིད་ཀྱིས་(འཕགས་པའི་རྟགས་ཀྱིས་གཡོགས་བྱས་ནས། །འགྲན་ཅིང་ཁྱིམ་སུན་འབྱིན་པ་དང་། །འཆལ་ཞིང་མ་དུལ་སྒྱུ་དང་བཅས།) གཟུགས་བརྙན་བཞིན་སྤྱོད་ལམ་སུན་འབྱིན་ཞེས་གསུངས་པས་མིང་ཙམ་གྱི་དགེ་སྦྱོང་སྟེ་ས་བོན་རུལ་བ་དང་སེམས་ཅན་ཤི་བ་དང་མཚེའུ་སྐམ་པོ་ལ་སོགས་པ་བཞིན་ནོ། །
གཞན་ཡང་ལུང་ལས། གལ་ཏེ་སེམས་ནི་གཅིག་གིས་ཀྱང་། བཅབས་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང་། །དེ་ནི་ཕས་ཕམ་མི་འགྱུར་རོ་ཞེས་པ་དང་། འདུལ་བ་ཚིག་ལེའུར་བྱས་པ་ལས་ཀྱང་། མི་འཆབ་པ་ཡི་སེམས་ཀྱིས་ནི། །གལ་ཏེ་བྱུང་ན་གཅིག་ལའང་མཐོལ། །ཆུང་ངུ་ལ་ཡང་འཇིགས་པའི་ཕྱིར། །དེ་ལ་ཕས་ཕམ་མི་འབྱུང་ངོ་ཞེས་འབྱུང་བས་ཁོ་བོ་ཅག་ཀྱང་མི་ཚངས་སྤྱོད་བྱས་པ་ཐམས་ཅད་ལ་ཕམ་པ་འབྱུང་བར་མི་འདོད་ཀྱི་འོན་ཀྱང་འཆབ་སེམས་སྐྱེས་ན་ཕམ་པར་འགྱུར་གྱི་འཆབ་སེམས་སྐད་ཅིག་ཀྱང་མ་སྐྱེས་པ་ནི་རྩ་བའི་ལྟུང་བ་མ་ཡིན་པའི་ཕྱིར་དང་། (ཕམ་པ་བྱུང་ན་དགེ་སློང་མ་ཡིན་ནོ། །དེས་བྱས་ཀྱང་སེམས་འགས་ཀྱང་མི་འཆབ་ན་ཕམ་བར་མི་འགྱུར་བའི་ཕྱིར། དེ་བཤགས་ནས་དགེ་སློང་ཐམས་ཅད་ལས་གཞོན་རབས་སུ་འདུག་པ་སོགས་ཆད་པའི་ལས་ཀྱི་བསླབ་པ་རྣམས་བྱིན་པས་སོར་ཆུད་པ་སྟེ་དགེ་སློང་དགའ་བ་ཅན་བཞིན་ནོ། །དེ་སྐད་དུ། གལ་ཏེ་སེམས་ནི་གཅིག་གིས་ཀྱང་། །བཅབས་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང་། །དེ་ནི་ཕས་ཕམ་མི་འགྱུར་རོ་ཞེས་སོ། །)ཚུལ་ཁྲིམས་འཆལ་བ་རབ་ཏུ་མི་འབྱིན་པ་ནི་རྒྱུད་ངོ་ཚ་ཁྲེལ་མེད་ཤས་ཆེན་པོས་ཉམས་པར་བྱས་པའི་ཕྱིར་ཡིན་ནོ། །
གཏོང་བ་ལ་རྩ་བའི་ལྟུང་བ་གཅིག་བྱུང་བས་གཏོང་ཡང་ལེན་པ་ན་གཅིག་བླངས་པས་ཀུན་བླངས་པར་ནི་མི་འགྱུར་ཏེ། སྡོམ་པ་ནི་ཐམས་ཅད་བསྡམས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱོགས་གཅིག་བཏང་བས་གཞན་དག་གཏོང་བར་མི་རིགས་ཞེས་པ་ལ་ནི་སྟོན་པ་ཉིད་ཀྱིས་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་ཞེས་པ་ལ་སོགས་པས་ལན་བཏབ་པ་ཡིན་ཏེ་ཤིང་ཏ་ལའི་མགོ་བཅད་ན་ཐམས་ཅད་སྐམ་པ་བཞིན་ནོ། །དེ་དག་སྲིད་པ་ཙམ་གྱིས་གཞན་ལའང་ཐལ་བར་མི་འགྱུར་ཏེ། ཁྱབ་པ་ཁས་མི་ལེན་པའི་ཕྱིར་རོ། །ལུང་དང་འགལ་བའང་ཡོད་དེ། ལུང་རབ་ཏུ་བྱུང་བའི་གཞི་ལས། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་བར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་བར་འགྱུར་དུ་མི་རུང་བ་བཞིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དོན་དམ་པའི་དགེ་སློང་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འདི་ནི་ངེས་པའི་དོན་གཞན་དུ་དྲངས་པས་བཀའ་ལ་ཐུགས་ཐུབ་ཆེར་བྱས་ཤིང་། ཉོན་མོངས་པ་མང་པོ་ཅན་རྣམས་ལ་འཆལ་བའི་ཚུལ་ཁྲིམས་ཀྱིས་རྐྱེན་བྱེད་པའི་ཕྱིར་རོ། །ཇི་ལྟར་ངེས་དོན་ཡིན་ཞེ་ན།
ལུང་རྣམ་འབྱེད་ལས། དགེ་སློང་ནི་རྣམ་པ་བཞི་སྟེ། མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་། སློང་བས་ན་དགེ་སློང་དང་། ཉོན་མོངས་པ་བཅོམ་པས་ན་དགེ་སློང་ངོ་། །དོན་འདི་ལ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ཡིན་ནོ་ཞེས་པ་དང་། ལུང་རབ་ཏུ་བྱུང་བའི་གཞི་ལས་ཀྱང་། བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ལུང་ལས་ཚུལ་ཁྲིམས་འཆལ་བ་ནི་དགེ་འདུན་གྱི་ཞལ་ཟས་དང་གཙུག་ལག་ཁང་དག་ལ་ཁམ་གཅིག་དང་གོམ་པ་གཅིག་འདོར་བ་ཙམ་ཡང་མ་གནང་བར་ལོངས་སྤྱོད་ཐམས་ཅད་ལས་བཀར་ཏེ། དེའི་དབང་དུ་མཛད་ནས་མདོ་ལས། དགེ་སློང་མིན་ལ་དགེ་སློང་དུ། །སྨྲ་བ་སྲེ་ད་བསལ་བར་གྱིས། །ཤིང་རུལ་དག་ནི་སྤང་བར་གྱིས། །སྙིང་པོ་མེད་པ་དོར་བར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །
རིགས་པ་དང་འགལ་བའང་ཡོད་དེ། གལ་ཏེ་སྲོག་གཅོད་བྱས་པས་སྡོམ་པ་མ་ལུས་པ་མི་གཏོང་ན་སྡོམ་པ་ཡན་ལག་ཐམས་ཅད་བསྡམས་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡན་ལག་ཐམས་ཅད་བསྡམས་པ་ཡིནའང་སྲོག་བཅད་པ་ལ་སོགས་པས་ཇི་ལྟར་མི་གཏོང་བར་འགྱུར། གལ་ཏེ་ཕྱོགས་གཅིག་བསྲུངས་པས་སྡོམ་པར་འགྱུར་ན་ནི་ལེན་པ་ནའང་དེ་ལྟར་ཐལ་བར་འགྱུར་རོ། །གལ་ཏེ་སྡོམ་པ་དང་འགལ་བར་སྤྱད་པས་སྡོམ་པ་མི་གཏོང་ན་བསླབ་པ་ཕུལ་བ་ལ་སོགས་པས་ཀྱང་མི་གཏོང་བར་ཐལ་བའི་ཕྱིར་རོ། །འགའ་ཞིག་གིས་སྲོག་བཅད་ཀྱང་འགའ་ཞིག་ལ་ལྟོས་པའི་སྲོག་གཅོད་པ་སྤོང་བ་ཡོད་དོ་ཞེས་བྱ་བ་ནི་ཤིན་ཏུའང་བླུན་པ་ཡིན་ཏེ། གང་གི་ཚེ་སྔར་སྡོམ་པ་བླངས་ནས་བསླབ་པ་ཕུལ་བ་ལ་སོགས་པ་མེད་པར་སྡོམ་མིན་ལ་ཞུགས་པ་དེའི་ཚེ་ནའང་སྡོམ་པ་ཡོད་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་གསོད་པ་དང་ནོར་ཐམས་ཅད་མ་བྱིན་པར་ལེན་པ་དང་གཞན་གྱི་བུད་མེད་ཐམས་ཅད་ལ་སྤྱོད་པ་དང་སེམས་ཅན་ཐམས་ཅད་ལ་རྫུན་སྨྲ་བ་ནི་སུས་ཀྱང་མི་ནུས་པའི་ཕྱིར་རོ། །
གཞན་ཡང་སྲོག་གཅོད་པ་ལ་སོགས་པ་བྱེད་བཞིན་དུ་སྡོམ་པར་འགྱུར་ན་གང་སྡོམ་པའི་ཕྱིར་སྡོམ་པ་ཡིན་པ་དེ་སོམས་ཤིག། མ་བྱིན་ལེན་ལ་སོགས་པ་སྡོམ་པ་ཡིན་ནོ་ཞེ་ན། དེས་ནི་བར་མའི་དགེ་བར་འགྱུར་གྱི་སྡོམ་པ་ནི་ངེས་བ་ལྔ་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེ་ནི་ལེན་པ་མ་ཡིན་ནོ་ཞེ་ན། སྲུང་བ་ནའང་ཤིན་ཏུ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་རྩ་ལྟུང་བྱུང་བས་སྡོམ་པ་མི་གཏོང་བར་འདོད་པ་འདི་ནི་དགེ་སྦྱོང་གི་ཚུལ་ཁྲིམས་བསླུ་བའི་ཕྱིར་བདུད་ཀྱིས་བྱས་པ་ཡིན་པར་ཤེས་སོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཏོང་བའི་རྒྱུ་ནི་བསམ་གཏན་དུ་གཏོགས་པའི་དགེ་བ་(གཟུགས་ཅན་ཡིན་པ་)ཐམས་ཅད་ནི་འོག་ས་ནས་གོང་སར་སྐྱེས་པ་དང་གོང་ས་ནས་འོག་སར་སྐྱེས་བ་ན་རིམ་པ་ལྟར་འོག་ས་དང་གོང་སས་བསྡུས་པ་གཏོང་བས་ན་ས་འཕོས་པ་དང་། སྙོམས་པར་འཇུག་པ་དེ་ཐོབ་ནས་ཡང་ཉམས་པ་དག་གིས་ཀྱང་གཏོང་བའི་ཕྱིར་རྒྱུ་གཉིས་ཀྱིས་གཏོང་ངོ་། །དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ཙམ་(དང་དེ་ལ་བརྟེན་པའི་སྦྱོར་ལམ་ལ་སོགས་པ།) ནི་ཤི་བས་ཀྱང་གཏོང་སྟེ། འགྲེལ་པ་ལས། རིས་མཐུན་པ་བཏང་བ་ལས་ཀྱང་ཅུང་ཟད་གཏོང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང་། འོག་ནས་ཀྱང་འཕགས་མིན་ཤི་བས་སོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །(བསམ་གཏན་དངོས་གཞི་ལ་བརྟེན་ནས་སྐྱེས་པའི་སྦྱོར་ལམ་ན་ཤི་འཕོས་པས་མི་གཏོང་སྟེ། ཚེ་དེ་ལ་བདེན་པ་མཐོང་བའི་ཕྱིར་རོ། །དངོས་གཞི་དག་པའི་ཆ་མཐུན་ནི་ས་དེ་ལ་འདོད་ཆགས་དང་བྲལ་བས་ཀྱང་གཏོང་སྟེ། ཉོན་མོངས་པ་བཞིན་དུ་སྤངས་པའི་ཕྱིར་ཞེས་འཆད་དོ། །)ཇི་ལྟར་གཟུགས་སུ་གཏོགས་པའི་དགེ་བ་ས་འཕོས་པ་དང་ཡོངས་སུ་ཉམས་པས་གཏོང་བ་དེ་བཞིན་དུ་གཟུགས་མེད་དུ་གཏོགས་པའི་དགེ་བའང་ས་འཕོས་པ་དང་ཉམས་པ་དག་གིས་གཏོང་ངོ་། །འཕགས་པའི་(དགེ་བ་སོགས་)དགེ་བ་ཟག་མེད་ནི་རྒྱུ་གསུམ་གྱིས་གཏོང་སྟེ། འབྲས་བུ་ཕྱི་མ་ཐོབ་པས་(ཞུགས་པ་དང་)སྔ་མ་དང་དབང་པོ་རྟུལ་པོ་སྦྱངས་པས་རྣོན་པོ་ཐོབ་པ་ན་རྟུལ་པོའི་སེམས་ཀྱིས་བསྡུས་པ་དང་དེ་དག་ལས་འབྲས་བུ་ཕྱི་མ་གསུམ་ལས་ཉམས་པ་ལས་ཀྱང་གཏོང་ངོ་། །
སྡོམ་མིན་གྱི་གཏོང་ཚུལ་ནི་སྡོམ་མིན་རྣམས་ནི་རྒྱུ་གསུམ་གྱིས་གཏོང་སྟེ། སྡོམ་པ་(དང་པོ་གཉིས་ལས་)གང་ཡང་རུང་བ་ཐོབ་པ་དང་ཤི་འཕོས་པ་དང་མཚན་གཉིས་བྱུང་བ་ལས་གཏོང་བར་འགྱུར་ཏེ། གཉེན་པོ་སྟོབས་ལྡན་ཐོབ་པའི་ཕྱིར་དང་། རྟེན་བོར་བ་དང་ཤུགས་ཆད་པའི་ཕྱིར་དང་། རྟེན་ཉམས་པའི་ཕྱིར་གོ་རིམ་དུ་སྦྱར་རོ། །(དེ་ཡང་དགེ་སློང་གི་སྡོམ་པ་ཐོབ་ན་ལས་ལམ་བདུན་པོ་དང་། ལྷག་མ་དགེ་ཚུལ་སོགས་ཐོབ་ན་ཕམ་པར་འགྱུར་བ་བཞི་པོ་གཏོང་ལ་ཕྲ་མ་སོགས་གསུམ་པར་མར་འགྱུར་ཞེས་ཟེར་རོ། །ཟག་མེད་ཐོབ་ན་གཏོང་ཞེས་མི་བརྗོད་པ་ནི། དེའི་སྔོན་དུ་བསམ་གཏན་སྐྱེ་དགོས་ལ། དེས་སྡོམ་མིན་དེའི་གོང་དུ་གཏོང་བས་སོ། །མཚོན་དང་རྒྱ་ལ་སོགས་པ་མི་བྱ་བའི་བསམ་པ་ཐག་བས་བོར་ཀྱང་སྡོམ་པ་མ་བླངས་བར་སྡོམ་མིན་མི་ཆད་དེ། སྨན་མེད་པར་ནད་རྙིང་མི་བཟློག་པ་བཞིན་ནོ། །)
གལ་ཏེ་སྡོམ་མིན་དང་ལྡན་པ་བསྙེན་གནས་བླངས་ཏེ་བསྲུངས་པའི་ཚེ་སྡོམ་མིན་གཏོང་བ་དེ་ལྟ་ནའང་བསྙེན་གནས་ནི་མཚན་མོ་འདས་པ་ན་གཏོང་བའི་ཕྱིར་དེ་བཏང་བ་ན་སྡོམ་མིན་དང་ལྡན་ནམ། འོན་ཏེ་མ་ཡིན་ནམ་ཞེ་ན། ཁ་ཅིག་ན་རེ་ལྕགས་ཀྱི་ཐོ་ལུམ་འབར་བ་མེ་དང་བྲལ་བ་ན་སྔོན་པོར་འགྱུར་བ་ལྟར་གཏན་དུ་གཏོང་བའི་བསམ་པ་དང་མི་ལྡན་པའི་ཕྱིར་སྡོམ་མིན་དང་ལྡན་པར་འགྱུར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གསོད་པ་ལ་སོགས་པའི་སྦྱོར་བ་མི་བྱེད་པ་དེ་སྲིད་དུ་སྡོམ་པ་དང་ཡང་མི་ལྡན་ལ་སྡོམ་མིན་དང་ཡང་མི་ལྡན་གྱི་ཕྱིས་མི་དགེ་བའི་སྦྱོར་བ་བྱེད་པ་ནས་སྡོམ་མིན་དང་ལྡན་པར་འགྱུར་ཏེ། སྡོམ་མིན་ཐོབ་པ་ནི་རིག་བྱེད་ལ་རག་ལས་པའི་ཕྱིར་རོ། །ཞེས་ཟེར་རོ། །
བར་མའི་གཏོང་ཚུལ་ནི་བར་མ་དགེ་མི་དགེའི་རིག་བྱེད་མ་ཡིན་པ་ནི་རྫ་མཁན་གྱི་འཁོར་ལོའམ་མདའི་འཕེན་པའི་ཤུགས་ལྟར་རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་(དྲག་པོ་)གང་གིས་རིག་བྱེད་མ་ཡིན་པ་དེ་འཕངས་པ་ན་འཕངས་པའི་ཤུགས་དེ་ཆད་པས་གཏོང་བའང་ཡོད་དེ། རྫས་ལས་བྱུང་བ་མ་ཡིན་པའི་གཞི་བདུན་ལྟ་བུ་རབ་ཏུ་དང་བ་ལོག་པ་ན་གཏོང་བ་དང་། ཞེ་སྡང་གི་ཤུགས་ཆད་ནས་མཐུན་པར་གྱུར་པ་ན་བར་མ་མི་དགེ་བ་གཏོང་བ་ལྟ་བུ་བཞིན་ནོ། །བླངས་པ་ཆད་པས་ཀྱང་གཏོང་སྟེ་ལོ་གསུམ་དུ་སྲོག་གཅོད་པ་སྤོང་ངོ་ཞེས་ཁས་བླངས་པ་དང་། དེའི་བར་དུ་ལོ་རེ་ལ་སྲོག་གཅོད་པའི་མཆོད་སྦྱིན་བྱའོ། །ཞེས་ཁས་བླངས་བ་ན་ལོ་གསུམ་འདས་པ་ན་དེ་དག་གཏོང་བ་ལྟ་བུའམ་ཡང་ན་ཡང་དག་པར་བླངས་པ་འདིས་ཆོག་གིས་ད་ཕྱིན་ཆད་བསྒྲུབ་པར་མི་ནུས་སོ། །ཞེས་སྔར་བླངས་པ་བཏང་བས་ཀྱང་གཏོང་ངོ་། །
བྱ་བ་ཆད་པས་ཀྱང་གཏོང་སྟེ། ལོ་རེ་ལ་དགེ་འདུན་ལ་བསྙེན་བཀུར་བྱ་བར་ཁས་བླངས་ནས་བྱེད་པ་ན་ནམ་ཞིག་ན་དེ་མ་གྲུབ་ན་གཏོང་བ་ལྟ་བུའོ། །དོན་ཆད་པས་གཏོང་བའང་ཡོད་དེ། གཙུག་ལག་ཁང་ལ་སོགས་པ་ཞིག་པ་དང་། རྒྱ་དང་རྡོས་ལ་སོགས་པ་ཞིག་པ་ན་བར་མ་དགེ་མི་དགེའི་རིག་བྱེད་མ་ཡིན་པ་གཏོང་བ་ལྟ་བུའོ། །ཚེ་ཆད་པ་དང་དགེ་བའི་རྩ་བ་ཆད་པ་ལས་(ཀྱང་)གཏོང་བ་ནི་ཤི་འཕོས་པ་ན་བར་མ་དགེ་མི་དགེའི་རིག་བྱེད་མ་ཡིན་པ་གཉིས་ཀྱང་གཏོང་ལ། ལོག་ལྟ་སྐྱེས་ཏེ་དགེ་རྩ་གཅོད་པར་རྩོམ་པ་ན་བར་མ་དགེ་བའི་རིག་བྱེད་མ་ཡིན་བ་གཏོང་བ་ལྟ་བུའི་ཕྱིར་རོ། །
གཟུགས་ཅན་མ་ཡིན་པའི་གཏོང་ཚུལ་ནི་འདོད་པའི་ཁམས་སུ་གཏོགས་པའི་དགེ་བ་གཟུགས་ཅན་མིན་པ་སེམས་དང་སེམས་བྱུང་དགེ་བ་ཐོབ་པ་དང་མཚན་ཉིད་དང་བཅས་པ་དག་ནི་དགེ་རྩ་ཆད་པ་དང་། འདོད་པའི་གོང་མ་གཟུགས་དང་གཟུགས་མེད་དུ་སྐྱེས་པ་ལས་གཏོང་བར་འགྱུར་རོ། །(དེ་དག་དང་གཞན་ཡང་འདོད་ཆགས་དང་བྲལ་བས་ཀྱང་ཅུང་ཟད་གཏོང་བ་ཡོད་དེ་དཔེར་ན་ཡིད་མི་བདེའི་དབང་པོ་དགེ་བ་ལྟ་བུའོ་ཞེས་ཊཱི་ཀ་ལས་འཆད་དོ། །གང་བཏང་བ་དེ་སྤངས་བ་ཡིན་ནམ་ཞེ་ན། དགེ་བ་ཟག་བཅས་ནི་འདུན་པའི་འདོད་ཆགས་དང་བྲལ་བས་སྤོང་བས་མུ་བཞི་ཡོད་དོ། །)ཁམས་གོང་མ་གཉིས་ཀྱི་དགེ་བའི་གཏོང་རྒྱུ་ནི་ཁྱད་པར་མེད་པར་བཤད་ཟིན་ཏོ། །ཁམས་གསུམ་ཆར་གྱི་ཉོན་མོངས་པ་ཅན་གཟུགས་ཅན་མིན་པ་སེམས་སེམས་བྱུང་མི་དགེ་བ་དང་བསྒྲུབས་པ་མཚན་ཉིད་དང་ཐོབ་པ་དང་བཅས་པ་དག་ནི་རང་རང་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཉེན་བོ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་སོ་སོའི་སྐྱེ་བོས་སྲིད་རྩེའི་ཉོན་མོངས་སྤངས་པ་མི་སྲིད་དེ། འཇིག་རྟེན་པའི་ལམ་གྱི་གཉེན་པོ་ནི་དེའི་གོང་ན་གཞན་མེད་ལ་འཇིག་རྟེན་ལས་འདས་པའི་ལམ་ནི་མ་སྐྱེས་པའི་ཕྱིར་རོ། །
ས་གཞན་གྱི་ཉོན་མོངས་པ་སྤངས་བ་ནི་ཡོད་དེ། དེ་དག་ལ་འཇིག་རྟེན་པའི་ལམ་གྱི་གཉེན་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །རྟེན་གྱི་ཁྱད་པར་བཤད་པ་ལ་ཟ་མ་ནི་དབང་པོ་གང་ཡང་མེད་པའོ། །མ་ནིང་ནི་དབང་པོ་ཡོད་ཀྱང་ཉམས་པའོ། །མཚན་གཉིས་པ་ནི་ཕོ་མོའི་དབང་པོ་གཉིས་ཀ་ཅིག་ཅར་བྱུང་བའོ། །དེ་དག་དང་བྱང་གི་སྒྲ་མི་སྙན་པ་མ་གཏོགས་པའི་མི་རྣམས་ལ་སྡོམ་མིན་ཡོད་དེ། འདི་ལྟར་ཟ་མ་ལ་སོགས་པ་ལ་ནི་སྡོམ་མིན་མེད་དེ། སྡིག་པ་བྱ་བའི་བསམ་པ་མི་བརྟན་པའི་ཕྱིར་དང་། གཉེན་པོ་ཡིན་པའི་ཕྱིར་གང་ལ་སྡོམ་པ་ཡོད་པ་དེ་ལ་སྡོམ་མིན་ཡང་ཡོད་པ་ཡིན་ན་དེ་ལ་གཉེན་པོ་སྡོམ་པ་མི་སྐྱེ་བའི་ཡང་ཕྱིར་རོ། །རྒྱུ་མཚན་དེ་དག་དང་། གཞན་ཡང་གང་མེད་པས་སྡོམ་མིན་དུ་འགྱུར་པའི་ངོ་ཚ་ཁྲེལ་ཡོད་ཤས་ཆེན་པོ་མེད་པ་ཉིད་ཀྱི་ཕྱིར་ངན་སོང་བ་རྣམས་ལའང་སྡོམ་མིན་མེད་(དེ་གཉེན་པོའི་རྟེན་དུ་མི་རུང་བས་སྡོམ་པའང་མེད་)དོ། །བྱང་གི་སྒྲ་མི་སྙན་པ་ལ་ནི་སྡིག་པ་བྱ་བའི་བསམ་པ་མེད་པའི་ཕྱིར་དང་། (ཏིང་ངེ་འཛིན་མེད་པའི་ཕྱིར་དང་།) དེ་དག་ལ་སྡོམ་པའང་མེད་པའི་ཕྱིར་དང་། ལྷ་རྣམས་ལ་ནི་ལས་རྒྱུ་འབྲས་མངོན་སུམ་དུ་གྱུར་པས་སྡིག་པ་བྱ་བའི་བསམ་པ་བརྟན་པོ་མེད་པའི་ཕྱིར་རོ། །
འདུལ་བ་ལས་ནི། སྐྱེས་ནས་དང་། ཟླ་བ་ཕྱེད་པ་དང་། འཁྱུད་ནས་ལྡང་བ་དང་། ཕྲག་དོག་ཅན་དང་། ཉམས་པའོ་ཞེས་ཕོ་མ་ནིང་ལྔ་དང་། མཚན་གཉིས་པའོ། །གླེ་འདམས་པའོ། །རྟག་ཏུ་ཟླ་མཚན་ཟག་པའོ། །ཟླ་མཚན་མི་ཟག་པའོ། །མཚན་མ་ཙམ་ཡོད་པའོ་ཞེས་མོ་མ་ནིང་ལྔ་སྟེ་བཅུ་བཤད་ཅིང་། (དང་པོ་ལྔའི་མཚན་ཉིད་ནི།) ཀུན་ལས་བཏུས་ལས་ཀྱང་། སྐྱེས་ནས་མ་ནིང་དུ་གྱུར་པ་དང་། མ་ནིང་ཕྲག་དོག་ཅན་དང་། མ་ནིང་ཟླ་བ་ཕྱེད་པ་དང་། རླུགས་པའི་མ་ནིང་དང་། ཉམས་པའི་མ་ནིང་ངོ་ཞེས་མ་ནིང་ལྔ་བཤད་དེ། དེ་དག་གི་དང་པོ་ཟ་མ་ཡིན་ཞིང་། མཚན་གཉིས་པ་ནི་དེ་ཉིད་ཡིན་ལ། གཞན་དག་ནི་མ་ནིང་གི་དབྱེ་བར་སྣང་ངོ་། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཡོངས་མ་ནིང་དང་། ཕྱོགས་གཅིག་པའི་མ་ནིང་དང་། ཉམས་པའི་མ་ནིང་གསུམ་བཤད་པའི་དང་པོ་ནི་ཕོ་མོའི་དབང་པོ་དང་མི་ལྡན་པར་བཙས་པ་སྟེ་ཟ་མ་དང་མ་ནིང་གཉིས་ཀ་ཡིན་ལ། གཉིས་པ་ནི་ཟླ་བ་ཕྱེད་ཕྱེད་ཅིང་སྐྱེས་པའི་སྤོབས་པ་སྐྱེ་བ་དང་བདག་ཉིད་ལ་ཕ་རོལ་ཀྱིས་སུན་འབྱིན་པའམ། གཞན་འདོད་པ་བསྟེན་པ་མཐོང་ན་སྐྱེས་པའི་སྤོབས་པ་སྐྱེ་བར་འགྱུར་བ་སྟེ་དེ་ནི་མ་ནིང་ཁོ་ན་ཡིན་གྱི་ཟ་མ་ནི་མ་ཡིན་ནོ། །
གསུམ་པ་ནི་མཚོན་ཆ་ལ་སོགས་བས་བཅད་པའམ། ནད་དང་དུག་དང་མེ་དང་སྔགས་ལ་སོགས་པས་ཆད་ནས་སྐྱེས་པའི་སྤོབས་པ་མི་འབྱུང་བ་སྟེ། དེ་ནི་གལ་ཏེ་ཕ་རོལ་པོས་བདག་ལ་སུན་འབྱིན་པར་མི་བྱེད་ན་ནི་ཟ་མ་ཁོ་ན་ཡིན་ལ་སུན་འབྱིན་པར་བྱེད་ན་ནི་གཉིས་ཀ་ཡིན་ནོ་ཞེས་བཤད་དོ། །
འདུལ་པ་ཚིག་ལེའུར་བྱས་བ་ལས། འཁྱུད་ཆགས་ཕྲག་དོག་ནད་དང་སྐྱེས། །ཟླ་ཕྱེད་ཅེས་བྱ་མ་ནིང་ལྔ། །འདི་དག་རེ་རེའི་མཚན་ཉིད་ནི། །རྟོགས་པའི་དོན་དུ་བརྗོད་པར་བྱ། །གང་ལ་གཞན་གྱིས་མནན་བ་ན། །འཁྲིག་ཕྱིར་སེམས་ལ་འདོད་ཆགས་ནི། །རྣམ་རྒྱས་དེ་ནི་བློ་ལྡན་གྱིས། །འཁྱུད་ལྡང་མ་ནིང་ཤེས་པར་བྱ། །གཞན་གྱི་མཚན་ནི་མཐོང་བ་ལས། །རང་ལ་འདོད་སྐྱེ་ཕྲག་དོག་གྲགས། །མཚོན་ནད་ཀྱིས་ནི་རྟགས་ཉམས་པ། །དེ་ནི་ནད་ཀྱི་མ་ནིང་བརྗོད། །གང་སྐྱེས་ཉིད་ན་མཚན་མ་ནི། །གཉིས་ཀ་མེད་པ་སྐྱེས་ནས་ཡིན། །ཟླ་ཕྱེད་བུད་མེད་ཟླ་ཕྱེད་ནི། །སྐྱེས་འགྱུར་ཟླ་ཕྱེད་མ་ནིང་བརྗོད། །འདིར་ནི་སོགས་ཀྱི་སྒྲ་མེད་ཀྱང་། །ཟླ་སོགས་མ་ནིང་འགྲུབ་པ་ཡིན། །གང་ཞིག་གྲོང་གི་ཆོས་དག་གི། ནུས་མེད་དེ་ནི་ཟ་མ་སྟེ། །གཉིས་ཀའི་མཚན་ནི་དོད་པ་ནི། །མཚན་གཉིས་པར་ནི་འདོད་པ་ཡིན། །ཞེས་དང་པོ་ནས་མཚན་གཉིས་ཀ་མེད་པ་ནི་སྐྱེས་ནས་མ་ནིང་དང་། འཁྲིག་པ་སྤྱོད་མི་ནུས་པ་ཟ་མ་ཡིན་ལ། ཟླ་བ་ཕྱེད་པ་དངོས་སུ་བཤད་པས་ཤུགས་ལ་ཟླ་བ་གཅིག་པ་ལ་སོགས་པའི་མ་ནིང་ཡང་ཡོད་པར་བཤད་དོ། །སྡོམ་མིན་གང་ལ་སྐྱེ་བ་དེ་དག་ལ་གཉེན་པོ་ཡིན་པའི་ཕྱིར་སྡོམ་པའང་དེ་བཞིན་དུ་སྐྱེ་ལ་འོན་ཀྱང་(བསམ་གཏན་ཟག་མེད་ཀྱི་)སྡོམ་པ་ནིལྷ་ལའང་སྐྱེའོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །
འོ་ན་ཅིའི་ཕྱིར་ཟ་མ་ལ་སོགས་པ་ལ་སྡོམ་པ་མེད་ཅེ་ན། ལུང་དང་རིགས་པ་ལས་ཏེ། ལུང་ནི་མིང་ཆེན་གྱི་མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་གྱོན་བ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་ཅེས་པ་ལ་སོགས་པ་དང་། འདུལ་བ་རབ་ཏུ་བྱུང་བའི་གཞི་ལས་ཀྱང་། །རྐུ་ཐབས་གནས་དང་མ་ནིང་དང་ཞེས་པ་དང་། །ཁྱོད་ཟ་མ་མ་ཡིན་ནམ་(མ་ནིང་མ་ཡིན་ནམ།) ཞེས་དྲི་ཞིང་གལ་ཏེ་ཡིན་ཞེས་ཟེར་ན་ཁྱོད་མི་སྐྱེ་བའི་ཆོས་ཅན་ཡིན་གྱི་སོང་ཞིག་ཅེས་བརྗོད་བར་བྱའོ་ཞེས་ཟ་མ་ལ་སོགས་པ་གསལ་བར་གསུངས་པའི་ཕྱིར་དང་། བཤེས་སྤྲིང་ལས་ཀྱང་། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་གསོལ་བར་བགྱི་ཞེས་གསུངས་པའི་ཕྱིར་རོ། །རིག་པ་ནི་རྟེན་ཕོ་མོ་གཉིས་ཀའི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་དང་། གཉེན་པོ་སོ་སོར་རྟོག་པའི་ཤེས་རབ་མི་བཟོད་པའི་ཕྱིར་དང་། རྒྱུད་ལ་ངོ་ཚ་ཁྲེལ་ཡོད་ཤས་ཆེན་པོ་མེད་པའི་ཕྱིར་རོ། །དེས་ན་འདུལ་བ་ཚིག་ལེའུར་བྱས་པ་ལས། མ་ནིང་ལ་སོགས་གནས་མི་བྱ། །ཚ་སྒོའི་ཞིང་ལྟར་དེ་དག་ལ། །ཚུལ་ཁྲིམས་ས་བོན་སྐྱེ་བ་མེད། །ཅེས་འབྱུང་བས་ཟ་མ་དང་མ་ནིང་དང་མཚན་གཉིས་པ་དང་ངན་སོང་ལ་སོགས་པ་དེ་དག་ནི་ཞིང་ཚྭ་སྒོ་ཅན་ལ་འབྲས་བུ་དང་རྩཱ་གཉིས་ཀ་མཚར་གཅིག་མི་སྐྱེ་བ་ལྟར་རྟེན་ཞན་པས་སྡོམ་པ་དང་སྡོམ་མིན་གཉིས་ཀ་མི་སྐྱེ་བར་ཤེས་པར་བྱའོ། །དེ་ལྟར་ན་སྡོམ་བ་ནི་ལྷ་དང་མི་ཁོ་ན་ལ་ཡོད་ལ། སྡོམ་མིན་ནི་མི་ཁོ་ན་ལ་ཡོད་དོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་ཟ་མ་དང་མ་ནིང་དག་ཉོན་མོངས་བ་མང་བ་དང་ཉོན་མོངས་པའི་སྒྲིབ་བས་བསྒྲིབས་པས་ཚུལ་ཁྲིམས་དག་པ་དང་ཡོན་ཏན་ཁྱད་པར་ཅན་མི་ཐོབ་པའི་ཕྱིར་དང་། དགེ་སློང་གི་ཕྱོགས་སུ་བཞག་ནའང་རེག་པ་ལ་སོགས་པ་བུད་མེད་ཀྱི་ཉེས་པ་བསྟེན་པར་འགྱུར་ལ། དགེ་སློང་མའི་ཕྱོགས་སུ་བཞག་ནའང་ནོམ་པ་དང་ཀུན་དུ་ནོམ་ལ་སོགས་པ་སྐྱེས་པའི་ཉེས་པ་བསྟེན་པར་འགྱུར་བའི་ཕྱིར་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་ནི་མི་བྱེད་དོ། །འོན་ཀྱང་དེ་དག་གསུམ་ལ་སྐྱབས་སུ་སོང་ཞིང་དགེ་བསྙེན་གྱི་བསླབ་པའི་གཞི་དག་བླངས་ནས་བསྲུང་ན་བསོད་ནམས་ནི་དགེ་བསྙེན་དང་མཚུངས་པར་ཐོབ་ལ། དགེ་བསྙེན་ཞེས་བྱ་བའི་མིང་ནི་མི་འཐོབ་སྟེ། དགེ་སློང་ཕ་མ་ལ་བསྙེན་བཀུར་བྱེད་པའི་ངང་ཚུལ་ཅན་ནི་དགེ་བསྙེན་ཞེས་བྱ་བ་ཡིན་ལ། དེ་དག་ནི་ཕོ་མོ་གཉིས་ཀའི་ཉེས་པ་བསྟེན་པས་ཕྱོགས་གཉིས་ལ་བསྙེན་བཀུར་བྱེད་པའི་འོས་མ་ཡིན་པས་དེ་དག་གིས་ཀྱང་དགེ་སློང་ཕ་མ་ལ་ཀུན་ཏུ་འདྲེ་བས་བསྙེན་བཀུར་མི་བྱ་ཞིང་། དགེ་སློང་ཕ་མས་ཀྱང་དེ་དག་གི་བསྙེན་བཀུར་བདག་གིར་མི་བྱ་རེག་པ་དང་ཡིད་བརྟན་པར་མི་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །
འོ་ན་མདོ་ལས། དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བརྒྱད་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་སོ། །ཞེས་དུད་འགྲོ་ལ་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལེགས་སྤྱད་ཙམ་ལ་སྡོམ་པའི་མིང་གིས་བཏགས་པ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ་ཞེས་འཆད་དོ། །མི་དང་ལྷ་ལ་སྡོམ་པ་ཐམས་ཅད་ཡོད་དམ་ཞེ་ན་མི་རྣམས་ལ་ནི་སོ་སོ་ཐར་པ་དང་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གསུམ་ག་ཡོད་དོ། །འདོད་པའི་ལྷ་རྣམས་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་ནི་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་ཀྱི་གཟུགས་མེད་ན་ནི་མ་ཡིན་ཏེ། རང་ས་ན་གཟུགས་མེད་པའི་ཕྱིར་དང་། འོག་མར་ཐོབ་པ་དག་ཀྱང་ས་འཕོས་པས་གཏོང་བའི་ཕྱིར་རོ། །ཟག་མེད་ཀྱི་སྡོམ་པ་ནི་བསམ་གཏན་ཁྱད་པར་ཅན་གྱི་སེམས་ཅན་ཚངས་པ་ཆེན་པོ་དང་འདུ་ཤེས་མེད་པར་སྐྱེས་པའི་སེམས་ཅན་མ་གཏོགས་པ་འདོད་པ་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་(ལ་གནས་གཙང་ན་ངེས་པར་ཡོད་པ་དང་གཞན་ལ་ཡོད་རུང་བ་)དང་གཟུགས་མེད་པ་ནའང་(འཕགས་པ་ལ་འདས་མ་འོངས་ལྡན་པའི་སྒོ་ནས།) ཡོད་དེ། གཟུགས་མེད་རང་ས་ན་གཟུགས་མེད་ཀྱང་གཟུགས་ཁམས་སུ་ཟག་མེད་ཀྱི་སྡོམ་པ་ཐོབ་པ་གཏོང་རྒྱུ་མ་བྱུང་བར་གཟུགས་མེད་དུ་སྐྱེས་བ་དག་ལ་ཐོབ་པ་ལྡན་པའི་ཕྱིར་རོ། །ཚངས་པ་ཆེན་པོ་དང་འདུ་ཤེས་མེད་པའི་སེམས་ཅན་ལ་མི་ལྡན་པ་ནི་དང་པོ་ནི་ཕྱིན་ཅི་ལོག་གི་ལྟ་བ་དང་ལྡན་པའི་ཕྱིར་དང་། གཉིས་པ་ནི་མི་ཁོམ་པའི་གནས་ཡིན་པའི་ཕྱིར་རོ། །སློབ་དཔོན་གང་སྤེལ་གྱིས་ཀྱང་། སོ་སོ་ཐར་པ་ནི་མི་ཁོ་ན་ལ་ཡོད་ཀྱི་ལྷ་ལ་ནི་མེད་དེ། མདོ་ལས། ལྷ་རྣམས་ནི་མི་དག་གིས་གནས་གསུམ་གྱིས་ཟིལ་གྱིས་གནོན་ཏེ། དཔའ་བ་དང་། དྲན་པ་དང་ལྡན་པ་དང་། འདིར་ཚངས་པར་སྤྱོད་པ་ལ་གནས་པའོ་ཞེས་གསུངས་ཏེ། འདིར་ཚངས་པར་སྤྱོད་པ་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་བ་དགེ་སློང་གི་དངོས་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། སྐྱོ་བ་མེད་པས་འདོད་པའི་ལྷ་ཤེས་རབ་ཅན་རྣམས་ལའང་མེད་ན་གོང་དུ་སྐྱེས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་འོན་ཀྱང་གོང་མ་རྣམས་ལ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་ཅི་རིགས་པར་རྒྱུ་དང་ལས་དང་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེའོ། །བསམ་གཏན་ཁྱད་པར་ཅན་དང་འདུ་ཤེས་མེད་པའི་སེམས་ཅན་ལ་ནི་ཟག་མེད་མེད་དེ། འཕགས་པ་རྣམས་དེ་གཉིས་སུ་མི་སྐྱེ་བའི་ཕྱིར་རོ། །གཟུགས་མེད་ན་ཟག་མེད་ནི་ཟག་མེད་ཀྱི་སྡོམ་པ་ལྡན་པས་ཡོད་ཀྱི་མངོན་གྱུར་ནི་མེད་དེ། དེ་ན་གཟུགས་མེད་པའི་ཕྱིར་རོ་ཞེས་བཤད་དོ། །ཐེག་པ་གོང་མ་པ་དག་ལས་ཀྱི་དབང་གིས་སྐྱེས་པའི་ཚངས་པ་ཆེན་པོ་ལ་ཟག་མེད་མེད་ཀྱང་བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱི་དབང་གིས་ཚངས་པ་ཆེན་པོར་ཡང་སྐྱེ་བས་དེ་ལ་ནི་ཟག་མེད་ཡོད་དོ་ཞེས་བཞེད་མོད་ཀྱི་བྱེ་བྲག་ཏུ་སྨྲ་བ་ནི་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་འཕགས་པར་མི་འདོད་པས་དེ་ལ་ཟག་མེད་ཡོད་པར་མི་འདོད་དོ། །
གཉིས་པ་མདོ་ལས་གསུངས་པའི་ལས་རྒྱས་པར་བཤད་པ།
ད་ནི་མདོ་ལས་གསུངས་པའི་ལས་ཀྱི་དབྱེ་བ་ནི་གསུམ་ཚན་གསུམ་པའི་མདོ་ལས། ཡོན་སྐྱོན་སྙིགས་མ་སྙིགས་མ་ཅན། །ཉེས་པར་སྤྱད་པ་རྣམ་གསུམ་དང་། །གཙང་ཐུབ་ལུས་བསོད་བསོད་མིན་དང་། །འདས་སོགས་བདེ་གཤེགས་གསལ་བར་མཛད། །གནས་གསུམ་གྱིས་ནི་བསྡུས་བ་དང་། །ཆེད་དུ་བསམ་བརྗོད་གསུམ་དག་དང་། །ལས་རྣམས་གསུམ་དང་འདས་དང་དགེ། སློབ་དང་མཐོང་དང་འདོད་དང་གཟུགས། །མཐོང་བའི་ཆོས་ལ་བདེ་བ་དང་། །ཡིད་བདེ་བ་དང་སྡུག་བསྔལ་དང་། །ལོག་ལྟ་སྤང་བྱ་ཆུང་ངུ་དང་། །སེར་སྣ་དང་ནི་སེར་སྣ་མེད། །བརྣབ་སེམས་བརྣབ་སེམས་མེད་པ་དག། ཚོགས་སུ་ཡང་དག་བསྡེབས་པ་ཡིན། །ཞེས་གསུངས་པ་རྣམས་ཀྱི་དོན་སྟོན་པ་ཡིན་པས་དེ་ལ་ལས་སུམ་ཚན་དུ་དབྱེ་བ་དང་། མྱོང་འགྱུར་གྱི་དབྱེ་བ་དང་། དཀར་ནག་ལ་སོགས་པ་བཞིར་དབྱེ་བ་དང་། ཐུབ་པ་དང་གཙང་བྱེད་ཀྱི་དབྱེ་བ་དང་། ལེགས་སྤྱད་ཉེས་སྤྱད་ཀྱི་དབྱེ་བ་དང་། དགེ་བཅུ་མི་དགེ་བཅུར་དབྱེ་བ་དང་། ལས་འབྲས་བུ་དང་བཅས་པར་དབྱེ་བ་དང་། རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པའི་དབྱེ་བ་དང་འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ་དང་། སྒྲིབ་པ་གསུམ་བཤད་པ་དང་། མཚམས་མེད་ལྔ་བཤད་པ་དང་། དེ་དང་ཉེ་བ་ལྔ་བཤད་པ་དང་། བསོད་ནམས་བྱ་བའི་གཞི་གསུམ་བཤད་པ་དང་། ཆ་མཐུན་གསུམ་བཤད་པ་དང་། རིག་པས་རབ་ཏུ་བཅུག་པའི་ལས་གསུམ་བཤད་པ་བཅོ་ལྔ་ཡོད་པ་ལས།
དང་པོ་གསུམ་ཚན་དུ་དབྱེ་བ།
དང་པོ་ནི་གསུམ་ཚན་གསུམ་པའི་མདོ་ལས་ལས་དགེ་མི་དགེ་ལུང་མ་བསྟན་གསུམ་གསུངས་པ་ལས་དུས་རེ་ཞིག་ལས་ཀྱི་རྣམ་སྨིན་ཡིད་དུ་འོང་བ་བདེ་བ་མྱོང་བ་དང་གཏན་དུ་སྡུག་བསྔལ་ལས་སྐྱོབ་པ་མྱང་འདས་ཐོབ་བྱེད་ནི་དགེ་བ་དང་། རྣམ་སྨིན་ཡིད་དུ་མི་འོང་བ་མི་བདེ་བ་མྱོང་བ་ནི་མི་དགེ་བ་དང་། ཡིད་དུ་འོང་མི་འོང་སྐྱེད་པ་དེ་གཉིས་ལས་གཞན་པའི་ལས་ནི་དགེ་མི་དགེ་ལས་གཞན་པ་ལུང་མ་བསྟན་ཡིན་ནོ། །འོ་ན་བསམ་གཏན་བཞི་པ་དང་གཟུགས་མེད་པའི་དགེ་བའང་ལུང་མ་བསྟན་དུ་འགྱུར་ཏེ། བདེ་མི་བདེ་གཉིས་ཀ་མི་མྱོང་བའི་ལས་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ས་དེ་དག་གི་དགེ་བ་ནི་ཉེ་བར་ཞི་བའི་བདེ་བ་མྱོང་བའི་ལས་ཡིན་པའི་ཕྱིར་རམ། ཡང་ན་བདེ་བ་མྱོང་འགྱུར་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་ཕལ་ཆེ་བའི་དབང་དུ་བྱས་སོ་ཞེས་ཤེས་པར་བྱའོ། །ཡང་དེ་བཞིན་དུ་མདོ་ལས་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་ལས་གསུམ་དང་། བདེ་བ་མྱོང་བར་འགྱུར་བ་དང་སོགས་པའི་སྒྲས་གཟུང་བ་སྡུག་བསྔལ་མྱོང་བར་འགྱུར་བ་དང་གཉིས་ཀ་མ་ཡིན་པ་མྱོང་བར་འགྱུར་པ་གསུམ་ཡང་གསུངས་སོ། །
དེ་ལ་རེ་ཞིག་བསོད་ནམས་ནི་འདོད་པའི་ཁམས་སུ་གཏོགས་པའི་དགེ་བའི་ལས་ཡིན་ལ། མི་གཡོ་བའི་ལས་ནི་འདོད་པའི་གོང་མ་གཟུགས་དང་གཟུགས་མེད་ལས་སྐྱེས་པའི་དགེ་བ་ཡིན་ནོ། །འོ་ན་མདོ་ལས། འདི་ལ་རྣམ་པར་བརྟགས་པ་དང་རྣམ་པར་དཔྱད་པ་གང་ཡིན་པ་འདི་ནི་འདིར་འཕགས་པ་རྣམས་ཀྱིས་གཡོ་བའོ་ཞེས་གསུངས་སོ་ཞེས་བསམ་གཏན་དང་པོ་གསུམ་གཡོ་བར་གསུངས་པ་དང་འགལ་ལོ་ཞེ་ན། དེར་ནི་བསམ་གཏན་གྱི་སྐྱོན་གྱིས་གཡོ་བར་བཤད་དེ། དང་པོ་ལ་ནི་རྟོག་དཔྱོད་དག་གིས་གཡོ་བ་ཡིན་ཞིང་། གཉིས་པ་ལ་ནི་ཡིད་དགའ་བ་དང་མ་བྲལ་བས་གཡོ་བ་ཡིན་ལ། གསུམ་པ་ནི་བདེ་བ་ལ་བདེའོ་སྙམ་པ་འཕགས་པ་རྣམས་ཀྱིས་གཡོ་བར་བཤད་པའི་ཕྱིར་དང་། བཞི་པ་ནི་དེ་དག་གིས་གཡོ་བ་མེད་པར་བཤད་པའི་ཕྱིར་རོ། །འདིར་ནི་རྣམ་པར་སྨིན་པ་མི་གཡོ་བའི་ཕྱིར་བསམ་གཏན་དང་པོ་ལ་སོགས་པའང་མི་གཡོ་བར་བཤད་དོ། །
ཇི་ལྟར་མི་གཡོ་ཞེ་ན། གང་གི་ཕྱིར་བསམ་གཏན་དང་གཟུགས་མེད་པའི་ལས་དགེ་བ་ནི་རྣམ་པར་སྨིན་པ་རང་རང་གི་ས་དེ་དག་ཏུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཕྱིར་དང་ས་གཞན་དུ་རྣམ་པར་སྨིན་པ་མི་གཡོ་བའི་ཕྱིར་ཏེ། (གཞན་ཡང་ལུས་དང་ལོངས་སྤྱོད་དུ་འགྱུར་བའི་ལས་ལྷའི་ནང་དུ་སྨིན་པར་འགྱུར་བ་ནི་རེས་འགའ་ལས་དང་ཉོན་མོངས་དང་སྨོན་ལམ་ལ་སོགས་པའི་མཐུས་མི་དང་དུད་འགྲོ་དང་ཡི་དྭགས་རྣམས་སུ་སྨིན་པར་འགྱུར་བ་ཡོད་དེ།) འདི་ལྟར་འདོད་པ་ན་སྤྱོད་པའི་ལས་དགེ་བ་ནི་འགྲོ་བ་གཞན་གྱི་ལས་དགེ་བའང་འགྲོ་བ་གཞན་དུ་རྣམ་པར་སྨིན་པའི་ཕྱིར་ཏེ། །མདོ་ལས་འདི་ལྟ་སྟེ། འདི་ན་ལ་ལ་སྦྱིན་པ་པོ་ཡིན་ཞིང་སྦྱིན་བདག་ཡིན་ལ་དེ་ཤིན་ཏུ་སྲོག་གཅོད་པ་ཡིན་ཞེས་བྱ་བ་ནས་དེ་གླང་པོ་ཆེར་གྱུར་ན་གླང་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པ་དག་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་དང་། དེ་བཞིན་དུ་ཡང་འདི་ལྟ་སྟེ། འདི་ན་ལ་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བ་ཆུང་ངུ་ཀུན་ཏུ་བསྟེན་ཅིང་བསྒོམས་པ་དང་ལན་མང་དུ་བྱས་པ་ཡིན་ལ། དེ་འདི་སྙམ་དུ་བདག་ལྷ་བཟང་པོ་རྣམས་སམ་མི་བཟང་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ན་ཅི་མ་རུང་སྙམ་དུ་སེམས་ན་ཞེས་པ་ནས་དེ་ནི་དེར་སྐྱེའོ་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་རྐྱེན་གྱི་སྟོབས་ཀྱིས་ལྷ་ཡང་ལྷའི་རིས་གཞན་དང་། ལྷའི་ནང་དུ་མྱོང་བར་འགྱུར་བ་དེ་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་ནང་དུ་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང་པོ་ལ་སོགས་པ་ནི་ས་དེ་བའི་དགེ་བས་དེ་དག་ཁོ་ནར་སྨིན་པའི་ཕྱིར་རྣམ་པར་སྨིན་པ་མི་གཡོ་བ་ཡིན་ནོ། །བསོད་ནམས་མ་ཡིན་པའི་ལས་ནི་མི་དགེ་བ་ཡིན་པར་གྲགས་པའི་ཕྱིར་མ་བཤད་དོ། །
འདོད་པ་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བ་ནི་བདེ་བ་མྱོང་བར་འགྱུར་བའི་ལས་ཞེས་བྱ་སྟེ། ས་དེ་དག་ན་ཚོར་བ་བདེ་བ་ཡོད་པའི་ཕྱིར་དང་། དེ་ཡང་དགེ་བ་ཁོ་ན་ལས་སྐྱེས་པའི་ཕྱིར་རོ། །བསམ་གཏན་གསུམ་པ་དེ་ཡན་ཆད་བསམ་གཏན་བཞི་པ་དང་གཟུགས་མེད་པ་དག་གི་དགེ་བ་ནི་སྡུག་བསྔལ་ཡང་མིན་བདེ་བའང་མིན་པ་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཏེ། ས་དེ་དག་ན་ཚོར་བ་དེ་དག་མེད་པའི་ཕྱིར་དང་། བཏང་སྙོམས་ཡོད་པའི་ཕྱིར་རོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ནི་འདོད་པའི་ཁམས་འདིའི་མི་དགེ་བ་ཡིན་ནོ། །འདི་དག་ཀྱང་ཚོར་བ་འབའ་ཞིག་པ་ནི་མ་ཡིན་ཏེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་ཚོགས་དང་བཅས་པའོ། །འདིའི་ཞེས་སྨོས་པ་ནི་འདོད་ཁམས་ཁོ་ན་ན་མི་དགེ་བ་ཡོད་པར་བསྟན་པའི་ཕྱིར་རོ། །མི་དགེ་བ་སྨོས་པ་ནི་དགེ་བ་དང་ལུང་མ་བསྟན་བསལ་བའི་ཕྱིར་རོ། །བསམ་གཏན་བཞི་པའི་འོག་མ་གསུམ་པ་ལ་སོགས་པ་རྣམས་ནའང་བར་མ་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡོད་དོ་ཞེས་སྔོན་གྱི་སློབ་དཔོན་ཁ་ཅིག་ཟེར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཏེ་འདི་ལྟར་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ནི་ཚོར་བ་བཏང་སྙོམས་ཀྱི་ས་པ་ཡིན་པའི་ཕྱིར་དང་། དེ་ཡང་དགེ་བའི་ལས་ཀྱི་རྣམ་སྨིན་ཡིན་པའི་གཏན་ཚིགས་ལས་ཤེས་པའི་ཕྱིར་རོ། །འདི་ལའང་རྒྱུ་ནི་སྙོམས་འཇུག་ཁྱད་པར་ཅན་གྱི་ཏིང་ངེ་འཛིན་དང་། འབྲས་བུ་ནི་སྐྱེ་བའི་བསམ་གཏན་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དེ་ལྟ་མ་ཡིན་ན་(དེ་ན་བདེ་སྡུག་ཀྱང་མེད་པས་དེའི་རྒྱུ།) སྙོམས་འཇུག་ཟག་བཅས་ཀྱི་བསམ་གཏན་ཁྱད་པར་ཅན་ལ་རྣམ་པར་སྨིན་པ་མེད་པའམ། (དང་པོའི་དངོས་གཞི་ནི་དམན་ཞིང་ས་ཐ་དད་པའི་ཕྱིར།) སྐྱེ་བའི་བསམ་གཏན་ཁྱད་པར་ཅན་དུ་ལས་གང་གིས་ཀྱང་རྣམ་པར་སྨིན་པར་མི་འགྱུར་བར་ཐལ་བའི་ཕྱིར་རོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི་བསམ་གཏན་ཁྱད་པར་ཅན་གྱི་རྣམ་སྨན་ནི་བསམ་གཏན་དང་པོའི་མིག་གི་རྣམ་ཤེས་ལ་སོགས་པ་གསུམ་གྱི་འཁོར་དུ་བྱུང་བའི་བདེ་བའི་དབང་པོ་ཡིན་ནོ། །ཞེས་ཟེར་རོ། །
ཁ་ཅིག་ནི་ས་དེ་ན་རྣམ་སྨིན་གྱི་ཚོར་བ་ནི་མེད་ཀྱི་འོན་ཀྱང་ཚོར་བ་བཏང་སྙོམས་པ་གང་ཇི་སྙེད་པ་དེ་ནི་རྒྱུ་མཐུན་ལས་བྱུང་བ་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་ཀའང་བསྟན་བཅོས་དང་འགལ་ཏེ། རབ་ཏུ་བྱེད་པ་ལས། ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་རྣམ་པར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། རྟོག་པ་མེད་པའི་ལས་དགེ་བ་ཡིན་ནོ་ཞེས་འབྱུང་སྟེ། རྟོག་པ་མེད་པའི་ལས་དགེ་བ་ནི་བསམ་གཏན་ཁྱད་པར་ཅན་ཡན་ཆད་ན་ཡོད་དེ་དང་པོའི་དངོས་གཞི་མན་ཆད་རྟོག་པ་དང་བཅས་པའི་ཕྱིར་དང་། དང་པོའི་དངོས་གཞི་ཁྱད་པར་ཅན་ཡན་ཆད་ན་རྟོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལུང་འདི་ལས་ནི་བསམ་གཏན་ཁྱད་པར་ཅན་གྱི་ལས་ལ་རྣམ་སྨིན་ཡོད་ཅིང་དེ་ཡང་སེམས་ཀྱི་ཚོར་བ་ཡིན་པར་བསྟན་པའི་ཕྱིར་ས་དེ་ན་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡོད་པར་ཤེས་སོ། །ཡང་བསྟན་བཅོས་ལས་སྔ་ཕྱི་མེད་པར་ལས་གསུམ་གྱི་རྣམ་པར་སྨིན་པར་སྨིན་པར་འདོད་པའི་ཕྱིར་ཡང་འོག་འདོད་པ་ནའང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡོད་པར་ཤེས་ཏེ། བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། འདི་ལྟར་ལས་གསུམ་པོ་རྣམས་ཀྱི་རྣམ་པར་སྨིན་པ་སྔ་ཕྱི་མེད་པར་རྣམ་པར་སྨིན་པ་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། བདེ་བ་མྱོང་བར་འགྱུར་བ་ནི་གཟུགས་སོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་བ་མྱོང་བར་འགྱུར་བ་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ་ཞེས་འབྱུང་བའི་ཕྱིར་ཏེ། ས་གཞན་ན་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་མེད་པའི་ཕྱིར་རོ། །
ལུང་གི་དོན་ཡང་བདེ་བ་མྱོང་བར་འགྱུར་བ་ནི་གཟུགས་སོ་ཞེས་བྱ་བ་ནི་མཐོ་རིས་ཀྱི་མིག་ལ་སོགས་པའོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་བྱ་བ་ནི་རྣམ་ཤེས་ཚོགས་ལྔའི་སྡུག་བསྔལ་གྱི་དབང་པོ་སྟེ། ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་སྲོག་གི་དབང་པོ་ལ་སོགས་པའོ། །འདི་ཡང་དགེ་བ་སྟོབས་ཆུང་བའི་དབང་དུ་བྱས་པ་ཡིན་ཏེ། སྟོབས་ཆེན་སེམས་དང་སེམས་ལས་བྱུང་བའང་བདེ་བ་མྱོང་བར་འགྱུར་བའི་ཕྱིར་དང་། མི་དགེ་བས་བདེ་བ་མྱོང་བར་འགྱུར་བ་མི་སྲིད་པའི་ཕྱིར་དང་། ལུང་མ་བསྟན་ལ་རྣམ་སྨིན་མེད་པའི་ཕྱིར་རོ། །དེས་ན་འོག་ན་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་དེ། འདོད་པ་ལས་གཞན་ན་ལས་གསུམ་གྱི་རྣམ་སྨིན་སྔ་ཕྱི་མེད་པར་དུས་ཅིག་ཅར་སྨིན་པ་མེད་པའི་ཕྱིར་རོ། །
འོ་ན་བསམ་གཏན་གསུམ་པའི་བར་དགེ་བ། བདེ་བ་མྱོང་འགྱུར་ཞེས་བྱ་བ་དང་། རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་དགེ་བ་ཡིན་ནོ་ཞེས་བཤད་པ་དང་འགལ་བར་འགྱུར་ཏེ། བཏང་སྙོམས་མྱོང་འགྱུར་གྱི་དགེ་བའང་ཡོད་པའི་ཕྱིར་རོ་ཞེ་ན། བསྟན་པ་དེ་དག་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ཅུང་ཟད་ཡོད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་ལས་དེ་དག་ཚོར་བའི་ངོ་བོ་མ་ཡིན་ན་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པར་ཇི་ལྟར་འགྱུར་ཞེ་ན། བདེ་བའི་ཚོར་བ་མྱོང་བར་བྱེད་པའི་ལས་ཡིན་པའི་ཕྱིར་འབྲས་བུའི་མིང་གིས་བཏགས་ནས་བདེ་བ་མྱོང་འགྱུར་གྱི་ལས་ཞེས་བྱ་སྟེ་འཁྲུ་བར་བྱེད་པའི་འདག་ཆལ་ལ་འཁྲུ་བའི་འདག་ཆལ་ཞེས་བརྗོད་པ་བཞིན་ནོ། །དེ་བཞིན་དུ་སྡུག་བསྔལ་མྱོང་འགྱུར་ལ་སོགས་པ་ལའང་བརྗོད་པར་བྱའོ། །
གཉིས་པ་མྱོང་འགྱུར་གྱི་དབྱེ་བ།
གཉིས་པ་མྱོང་འགྱུར་གྱི་དབྱེ་བ་ནི་གཞན་ཡང་མྱོང་བར་འགྱུར་བ་ནི་རྣམ་པ་ལྔ་ཡིན་ནོ་ཞེས་སྦྱར་ཏེ། གང་ཞེ་ན་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་ཚོར་བ་དང་། མཚུངས་ལྡན་གྱིས་མྱོང་བར་འགྱུར་བ་ནི་རེག་པ་སྟེ། བདེ་བ་མྱོང་བར་འགྱུར་པའི་རེག་པ་ཞེས་གསུངས་པ་ལྟ་བུ་དང་། དམིགས་པ་མྱོང་བར་འགྱུར་བ་ནི་ཡུལ་རྣམས་ཏེ། མདོ་ལས་མིག་གིས་གཟུགས་རྣམས་མཐོང་ནས་གཟུགས་སོ་སོར་ཡང་དག་པར་མྱོང་བར་འགྱུར་གྱི་གཟུགས་ལ་འདོད་ཆགས་སོ་སོར་ཡང་དག་པར་མྱོང་བ་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་དང་། རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ལ་སོགས་པ་ལྟ་བུ་དང་། མངོན་སུམ་དུ་གྱུར་པ་མྱོང་བར་འགྱུར་བ་ལས་ནི་གླེང་གཞི་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། གང་གི་ཚེ་བདེ་བའི་ཚོར་བ་མྱོང་བར་བྱེད་པ་དེའི་ཚེ་དེའི་ཚོར་བ་གཉིས་འགག་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེས་ན་དང་པོ་ནི་ཚོར་བ་སྤྱི་དང་ལྔ་པ་ནི་བྱེ་བྲག་མྱོང་བའོ། །དེ་ལྟར་ན་མྱོང་འགྱུར་རྣམ་པ་ལྔ་ལས་འདིར་ནི་རྣམ་སྨིན་མྱོང་འགྱུར་ཡིན་ནོ། །གོང་དུ་བཤད་པའི་བདེ་བ་མྱོང་འགྱུར་ལ་སོགས་པའི་ལས་རྣམ་པ་གསུམ་པོ་གང་ཡིན་པ་དེ་ཡང་མྱོང་བར་ངེས་པ་དང་མྱོང་བར་མ་ངེས་པ་གཉིས། ངེས་པ་ལའང་མཐོང་བའི་ཆོས་སྐྱེ་བ་དེ་ཉིད་ལ་མྱོང་བར་འགྱུར་བ་དང་། སོགས་པའི་སྒྲས་བཟུང་བ་སྐྱེ་བ་ཕྱི་མ་ཁོ་ན་ལ་མྱོང་བ་སྐྱེས་ནས་མྱོང་བར་འགྱུར་བ་དང་། སྐྱེ་བ་ཡང་ཕྱི་མ་ཕན་ཆད་ལ་མྱོང་བ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་གསུམ་ཡོད་པའི་ཕྱིར་ན་མྱོང་བར་ངེས་པའང་རྣམ་པ་གསུམ་སྟེ་དེ་ལྟར་ན་ངེས་པ་གསུམ་མ་ངེས་པ་དང་བཞི་ཡིན་ནོ། །
སྔོན་གྱི་སློབ་དཔོན་ཁ་ཅིག་ནི་མྱོང་བར་འགྱུར་བ་མ་ངེས་པ་ལའང་རྣམ་པར་སྨིན་པ་ངེས་པ་དང་མ་ངེས་པ་གཉིས་སུ་ཕྱེ་ནས་ལས་རྣམ་པ་ལྔ་ཡིན་ནོ་ཞེས་ཟེར་ཏེ། འདིའི་མྱོང་བར་ངེས་པ་ནི་མཐོང་བའི་ཆོས་ལ་སོགས་པ་གནས་སྐབས་ངེས་པའོ། །(མདོ་སྡེ་པ་ལ་སོགས་པ་དེ་ལྟ་ན་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་ནི་ལས་སྟོབས་ལྡན་ཡིན་ཀྱང་འབྲས་བུ་ཆུང་བར་འགྱུར་ཏེ། དུས་ཐུང་བའི་ཕྱིར་རོ། །དེས་ན་དེའི་རྣམ་སྨིན་ནི་ཚེ་རབས་གཞན་ནའང་ཡོད་མོད་ཀྱི་མྱོང་བའི་འགོ་འདི་ནས་རྩོམ་པས་མཐོང་ཆོས་ལ་མྱོང་འགྱུར་དུ་གཞག་གོ་ཞེས་ཟེར་རོ། །བྱེ་བྲག་སྨྲ་བ་དེ་མི་འཐད་དེ། དེ་ལྟ་ན་ལས་གསུམ་གྱི་དུས་ངེས་པ་མི་འཐད་པར་ཐལ་བས་སོ། །འབྲས་བུ་ཉེ་བ་ནི་ལས་ཀྱི་རིགས་ལས་ཡིན་གྱིས་སྟོབས་ཆེ་བས་མིན་ཏེ། ཕྱིའི་ས་བོན་བཞིན་ནོ། །ཞེས་ཟེར་རོ། །)དཔེས་སྟོན་པ་ནི་སྡེ་པ་གཞན་དག་ནི་གནས་སྐབས་མྱོང་བར་ངེས་པ་དང་། མ་ངེས་པ་དང་། རྣམ་སྨིན་མྱོང་བར་ངེས་པ་དང་། མ་ངེས་པ་གཉིས་ཡོད་པའི་ཕྱིར་དེ་དག་མུ་ནི་རྣམ་པ་བཞི་ཡིན་ནོ་ཞེས་ཟེར་རོ། །དེ་ལ་གནས་སྐབས་ངེས་ལ་རྣམ་སྨིན་མྱོང་བར་མ་ངེས་པ་ནི་གལ་ཏེ་མྱོང་ན་མཐོང་བའི་ཆོས་ལ་མྱོང་འགྱུར་ལ་སོགས་པ་ཡིན་ལ་རྣམ་པར་སྨིན་པ་ནི་མ་ངེས་པ་ཡིན་ནོ། །རྣམ་པར་སྨིན་པར་ནི་ངེས་ལ་གནས་སྐབས་མ་ངེས་པ་ནི་རྣམ་སྨིན་ནི་གདོན་མི་ཟ་བར་མྱོང་ལ། མཐོང་བའི་ཆོས་ལ་སོགས་པ་ནི་མ་ངེས་པ་ཡིན་ནོ། །གཉིས་ཀ་ངེས་པ་ནི་མཐོང་ཆོས་ལ་རྣམ་སྨིན་མྱོང་བར་ངེས་པ་ལ་སོགས་པ་ལྟ་བུའོ། །གཉིས་ཀ་མ་ངེས་པ་ནི་གནས་སྐབས་ཀྱང་མ་ངེས་ལ་རྣམ་སྨིན་ཡང་མྱོང་བར་མ་ངེས་པའོ། །དེའི་ལྟར་ན་ངེས་པ་ལ་མཐོང་ཆོས་ལ་སོགས་པ་ལ་ངེས་མ་ངེས་གཉིས་གཉིས་ཏེ་དྲུག་དང་མ་ངེས་པ་ལ་རྣམ་སྨིན་མ་ངེས་པ་དང་གནས་སྐབས་མ་ངེས་པ་དང་གཉིས་ཏེ་ལས་རྣམ་པ་བརྒྱད་དུ་འགྱུར་རོ། །ཁ་ཅིག་ནི་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་ནི་ལས་སྟོབས་ལྡན་ཡིན་པའི་ཕྱིར་རྣམ་སྨིན་སྐྱེས་ནས་མྱོང་བ་ལ་སོགས་པའང་ཡོད་དེ། གཞན་དུ་ན་ལས་ཆེ་བའི་འབྲས་བུ་ཆུང་བར་ཐལ་བའི་ཕྱིར་རོ། །འོ་ན་མཐོང་ཆོས་ལ་མྱོང་འགྱུར་དུ་འགལ་ལོ་སྙམ་ན། དེ་ནི་ཐོག་མར་འགོ་རྩོམ་པའི་དབང་གིས་མིང་དེར་རྣམ་པར་བཞག་པའི་ཕྱིར་རོ་ཞེས་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་ནི་ལས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་མཐོང་ཆོས་ལ་མྱོང་བ་ནི་སྐྱེས་ནས་མྱོང་བ་ལ་སོགས་པ་མ་ཡིན་ཏེ། དཔེར་ན་ལྕམ་པ་ལ་སོགས་པ་ཟླ་བ་ཕྱེད་དང་གཉིས་ན་འབྲས་བུ་སྨིན་ལ་ནས་དང་གྲོ་ལ་སོགས་པ་ཟླ་བ་དྲུག་ན་སྨིན་པ་བཞིན་ནོ་ཞེས་བྱ་བར་འདོད་དོ། །སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གསུམ་གྱིས་ནི་(སྐྱེ་བ་གཞན་གྱི་)རིས་མཐུན་པའི་སྲོག་གི་དབང་པོ་འཕེན་(ཅིང་རྫོགས་)པར་བྱེད་པ་སྲིད་ཀྱི་མཐོང་ཆོས་ལ་མྱོང་འགྱུར་གྱིས་ནི་མ་ཡིན་ཏེ། སྐྱེ་བ་དེའི་སྲོག་གི་དབང་པོ་ནི་སྔར་ཐོབ་ཟིན་པའི་ཕྱིར་དང་། (སྐྱེ་བ་གཞན་ནས་འཕངས་པའི་)སྐྱེ་བ་གཞན་གྱིས་འཕེན་ན་མཐོང་ཆོས་ལ་མྱོང་འགྱུར་མ་ཡིན་པར་ཐལ་བའི་ཕྱིར་རོ། །(དེས་ན་གཞན་གྱིས་འཕངས་པའི་རིས་མཐུན་དེ་ཉིད་དུ་འབྲས་བུ་འབྱིན་པར་བྱེད་དོ། །)བསོད་ནམས་བསགས་པས་ཚེ་སྲིང་བ་ལ་སོགས་པའང་བར་ཆད་སེལ་བ་ཙམ་དུ་ཟད་པའི་ཕྱིར་རོ། །རྣམ་སྨིན་ནི་བཞི་གིས་ཀྱང་འཕེན་པར་བྱེད་དོ། །
གལ་ཏེ་ལས་བཞིས་རྣམ་སྨིན་འཕེན་པ་ཁམས་དང་ས་ཐམས་ཅད་ན་ཡོད་དམ་ཞེ་ན། ཁམས་གསུམ་དང་ས་དགུ་དང་འགྲོ་བ་ལྔ་པོ་ཐམས་ཅད་ན་ནི་དགེ་མི་དགེའི་ལས་ཀྱི་འཕེན་པ་བཞི་ཅར་ཡོད་དོ་ཞེས་བྱ་བ་ནི་སྤྱིར་བཏང་བའོ། །དམིགས་ཀྱིས་བསལ་བ་ནི་དམྱལ་བ་ན་ནི་ལས་དགེ་བའི་སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གསུམ་ཡོད་ཀྱི་མཐོང་ཆོས་ལ་མྱོང་བ་ནི་མེད་དེ། དེ་ན་རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་མི་དགེ་པའི་ནི་བཞི་གའང་ཡོད་དོ། །འདོད་པ་ལ་སོགས་པའི་ས་གང་ལས་འདོད་ཆགས་དང་བྲལ་བ་བརྟན་པ་སྟེ་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདོད་པ་ལ་སོགས་པའི་ས་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་མི་བྱེད་དེ། དེ་ནི་སྐྱེ་བ་ཕྱི་མ་ལ་སོགས་པ་ལ་ས་གོང་མ་ཁོ་ནར་སྐྱེ་བར་ངེས་པའི་ཕྱིར་རོ། །མཐོང་ཆོས་ལ་མྱོང་བ་ལ་སོགས་པ་གསུམ་ནི་བྱེད་དོ། །འདོད་པ་ལ་སོགས་པའི་ས་(བར་མ་བདུན་པོ།) གང་ལས་འདོད་ཆགས་དང་བྲལ་བའི་འཕགས་པའི་གང་ཟག་(བརྟན་པ།) ཡིན་ལ་དེ་ཡང་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཞིག་ཡིན་ན་ནི་སྐྱེས་ནས་མྱོང་འགྱུར་དུ་མ་ཟད་སྐྱེ་བ་ཡང་ཕྱི་ལ་སོགས་པ་ལན་གྲངས་གཞན་དུའང་མྱོང་བར་འགྱུར་བའི་ལས་ཀྱང་མི་བྱེད་དེ། དེ་ནི་ས་དེ་དག་ཏུ་ཕྱིར་མི་འོང་བའི་ཕྱིར་རོ། །མཐོང་ཆོས་ལ་མྱོང་བ་དང་མྱོང་བར་མ་ངེས་པ་ནི་བྱེད་དོ། །བྱིས་པ་དང་འཕགས་པས་དེ་དག་ལས་འདོད་ཆགས་དང་བྲལ་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ན་ནི་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱང་བྱེད་དོ། །(དེའང་སྲིད་རྩེའི་སེམས་ཐོབ་པའི་འཕགས་པའང་ཉམས་ནས་གཟུགས་སུ་སྐྱེ་བ་བཤད་པས་སོ། །)འདོད་པ་ལས་འདོད་ཆགས་དང་བྲལ་བ་དང་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་ནི་མི་བརྟན་པ་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཡང་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱེད་པ་མིན་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བ་དང་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཡིན་པ་ན་འབྲས་བུ་ལས་ཉམས་པ་ནི་འབྲས་ལས་ཉམས་པ་འཆི་བ་མེད་ཅེས་འབྱུང་བས་ངེས་བར་སོར་ཆུད་པར་བྱེད་པས་ཁྱབ་པའི་ཕྱིར་རོ་(མ་ངེས་པ་དང་། མཐོང་ཆོས་ལ་མྱོང་འགྱུར་བྱེད་པ་ནི་སྲིད་དོ། །ཐམས་ཅད་ན་འཕེན་པ་བཞི་ཡོད་ན།)
ཅི་སྲིད་པ་བར་མ་ནའང་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན། ཡོད་དེ་འདོད་པའི་སྲིད་པ་བར་མ་ནི་འདོད་པའི་ཁམས་སུ་འཕེན་པ་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་པར་བྱེད་དེ། འདི་ལྟར་ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུས་པའི་གནས་སྐབས་ཏེ་མངལ་གྱི་གནས་སྐབས་ལྔ་དང་། བྱིས་པ་དང་གཞོན་ནུ་དང་། དར་ལ་བབ་པ་དང་། དར་ཡོལ་བ་དང་། རྒན་པོའི་གནས་སྐབས་ཏེ་སྐྱེས་པའི་གནས་སྐབས་ལྔ་སྟེ་བཅུའོ། །དེ་ལྟར་བཅུ་པོ་དང་མྱོང་བར་ངེས་པ་དང་མ་ངེས་པ་གཉིས་གཉིས་སུ་ཕྱེ་བའི་ཕྱིར་དང་། སྲིད་པ་བར་མ་རང་ཉིད་དུ་མྱོང་བར་ངེས་པ་དང་མ་ངེས་པ་གཉིས་སྤྱོད་པའི་ཕྱིར་རོ། །དེ་དག་ལས་མྱོང་བར་ངེས་པའི་ལས་བཅུ་གཅིག་པོ་དེ་དག་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་འབྲས་བུ་ཅན་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྲིད་པ་བར་མ་དང་དེའི་ངེས་པའི་འབྲས་བུ་གནས་སྐབས་བཅུ་གཅིག་གོ(དེ་ནི་འཕེན་པ་གཅིག་པའི་ཕྱིར་ཞེས་པས། བྱིས་པ་ནས་རྒན་པོའི་བར་ལྟར་སྐྱེས་ནས་མྱོང་འགྱུར་ཁོ་ནས་འཕངས་པས་)དེ་དག་ནི་རིས་མཐུན་པ་གཅིག་ཁོ་ན་ཡིན་(པའི་ཕྱིར།) ཏེ། དེ་དག་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་གཅིག་ཁོ་ནས་འཕངས་པའི་ཕྱིར་རོ། །དེའི་ཕྱིར་སྲིད་པ་བར་མ་༴ངེས་ན་བར་སྲིད། ༴མྱོང་བར་འགྱུར་བའི་ལས་གཞན་མ་བཤད་དོ། །(འདི་བློ་མི་གསལ་བས་ལས་གཞན་གཉིས་ནི་མི་བྱེད་དོ་ཞེས་གསུངས་ཏེ་མི་ཟློག་པར་འདོད་པས་སོ། །)མྱོང་བར་མ་ངེས་པ་ནི་བཤད་ཟིན་ཏོ། །
འདོད་ཁམས་སུ་ཞེས་བྱ་བ་ནི་གཟུགས་ཁམས་ན་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་བཅུ་པོ་ཉིད་མེད་པའི་ཕྱིར་དང་། གཟུགས་མེད་ན་བར་སྲིད་ཀྱང་མེད་པའི་ཕྱིར་རོ། །མྱོང་བར་ངེས་པའི་ལས་གང་ཞེ་ན། ཀུན་སློང་ཉོན་མོངས་པ་དྲག་པོས་བྱས་པའི་མི་དགེ་བ་དང་རབ་ཏུ་དང་བ་དྲག་པོས་བྱས་པའི་དགེ་བ་(གང་ཡིན་བ་དེ་ནི་བསམ་པའི་སྟོབས་ཀྱིས་རྣམ་སྨིན་ངེས་པ་)དང་། ཀུན་སློང་ཉོན་མོངས་དང་རབ་ཏུ་དང་བ་དྲག་པོའང་མེད་ལ་རྒྱུན་དུ་བྱེད་པའང་མེད་ཀྱང་དཀོན་མཆོག་གསུམ་དང་འབྲས་བུ་ཁྱད་པར་ཅན་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་དང་། སྙོམས་འཇུག་ཁྱད་པར་ཅན་འགོག་པ་དང་བྱམས་པ་དང་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་ཡོན་ཏན་གྱི་ཞིང་(འོག་ནས་འབྱུང་བའི་དཀོན་མཆོག་གསུམ་དང་འགོག་པ་ལ་སོགས་པ་ལ་གནས་པ།) ལ་ཕན་གནོད་བྱས་པ་དང་། དགེ་བ་དང་མི་དགེ་བ་རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང་། དེ་བཞིན་ཀུན་སློང་དྲག་པོ་དང་རྒྱུན་དུ་བྱེད་པ་མེད་ཀྱང་ཕ་མ་གསོད་པའི་ལས་གང་ཡིན་པ་དེ་བར་སིག་པ་རྣམས་ཀྱི་ལྟར་བསོད་ནམས་ཀྱི་བློས་བྱས་ཀྱང་མཚམས་མེད་དུ་འགྱུར་བས་ན་(ཀུན་སློང་གང་གིས་བྱས་ཀྱང་མཚམས་མེད་དུ་འགྱུར་བས།) རྣམ་པར་སྨིན་པ་མྱོང་བར་ངེས་སོ། །(དེ་ལྟར་ན་དེ་དག་ནི་ཞིང་དང་བསམ་པ་དང་སྦྱོར་བ་གསུམ་སྟོབས་དང་ལྡན་པས་མྱོང་བར་ངེས་པ་ཡིན་ལ།) དེ་དག་ལས་གཞན་ནི་མ་ངེས་པ་ཡིན་ནོ། །
ཡང་མཐོང་ཆོས་ལ་མྱོང་བར་འགྱུར་བའི་ལས་ཅི་འདྲ་བ་ཡིན་ཞེ་ན། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་འབྲས་བུ་ཅན་གྱི་ལས་ནི་ཞིང་གི་ཁྱད་པར་ལས་འགྱུར་བ་དང་བསམ་པའི་ཁྱད་པར་ལས་འགྱུར་བ་གཉིས་སོ། །དེ་ལ་ཞིང་གི་ཁྱད་པར་ལས་འགྱུར་བ་ནི་སྔོན་འདས་པའི་དུས་ན་སངས་རྒྱས་མ་ཕམ་པ་ཞེས་བྱ་བའི་བསྟན་པ་ལ་སྟོན་པ་འདི་ཉིད་ཕྱུག་པོའི་བུར་གྱུར་པ་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་པར་གྱུར་ཏོ། །དེའི་ཚེ་དགེ་འདུན་ལ་རྩོད་པ་བྱུང་བ་ལ་སྡེ་སྣོད་གསུམ་པ་དེས་རྩོད་པ་དེ་སླར་འཕེལ་བར་བྱས་པ་དང་། དགེ་སློང་མདོ་སྡེ་འཛིན་པ་ཞིག་གིས་སྡེ་སྣོད་གསུམ་པ་བཏོན་ནས་རྩོད་པ་ཞི་བར་བྱས་པ་དང་། སྡེ་སྣོད་གསུམ་པ་ཁྲོས་ཏེ་བུད་མེད་རྣམས་ཀྱི་རྩོད་པ་ཞི་བར་བྱས་སམ་ཞེས་ཚིག་རྩུབ་པོ་སྨྲས་པས་དེ་མ་ཐག་ཏུ་བུད་མེད་དུ་གྱུར་ཅིང་སླར་ཡང་སྐྱེ་བ་ལྔ་བརྒྱར་བུད་མེད་དུ་སྐྱེས་སོ། །ཕྱིས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་ལ་དད་པར་བྱས་པས་སྐྱེས་པའི་ལུས་ཐོབ་པར་འགྱུར་ཏོ། །འདི་ཉིད་ཕྲན་ཚེགས་ལས་སངས་རྒྱས་མང་པོའི་རྟོགས་པ་བརྗོད་པར། དེ་ནས་སངས་རྒྱས་མ་ཕམ་པའི། །སྔོན་བྱུང་སྡེ་སྣོད་གསུམ་པར་གྱུར། །དགེ་སློང་དགེ་འདུན་རྩོད་པ་ན། །དགེ་འདུན་བུད་མེད་ཅེས་བརྗོད་པའི། །ངག་གི་ཉེས་པར་སྤྱད་བྱས་པས། །བུད་མེད་ཉིད་དུ་ཉེ་བར་སོང་། །སླར་ཡང་སེམས་རབ་དང་པ་ཡིས། །སྐྱེས་པའི་དངོས་པོ་ཉིད་དུ་གྱུར་ཅེས་གསུངས་པ་ལྟ་བུའོ། །
བསམ་པའི་ཁྱད་པར་ལས་འགྱུར་བ་ནི་སྔོན་རྒྱལ་པོ་ཀ་ནིཤ་ཀའི་ཉུག་རུམ་ལོང་བ་ཞེས་བྱ་བ་ཞིག་གིས་མི་ཞིག་གིས་གླང་ལྔ་བརྒྱ་དེད་ནས་འགྲོ་བ་མཐོང་ནས་ཅི་བྱེད་དྲིས་པས་འབྲས་བུ་འབྱིན་ཏོ་ཞེས་ཟེར་བ་ན་དེ་བདག་གིས་ཀྱང་སྔོན་འདི་ལྟ་བུ་བྱས་པས་ད་ལྟར་སྡུག་བསྔལ་འདི་ལྟ་བུ་མྱོང་ལ། མི་འདིས་ཀྱང་ལས་འདི་བྱས་པས་སྐྱེ་བ་མང་པོར་བདག་ལྟ་བུར་སྡུག་བསྔལ་མྱོང་བར་འགྱུར་རོ་སྙམ་ནས་གླང་དེ་རྣམས་ནོར་གྱིས་ཉོས་ཏེ་བསམ་པ་དྲག་པོས་འབྲས་བུ་འབྱིན་པ་ལས་བཏང་བ་དང་དེ་ལ་མཐོང་བའི་ཆོས་དེ་ཁོ་ན་ལ་སྐྱེས་པའི་དབང་པོ་བྱུང་ངོ་ཞེས་གྲག་པ་ལྟ་བུའོ། །ཡང་ན་འདོད་པ་ལ་སོགས་པའི་ས་དེའི་དགེ་མི་དགེ་ལས་འདོད་ཆགས་དང་གཏན་དུ་བྲལ་བའི་ཕྱིར་ཕྱིན་ཆད་དེར་མི་སྐྱེ་བས་ཡུལ་འཕོ་བ་ན་བུ་ལོན་པ་ལྡང་བ་ལྟར་ས་དེར་མྱོང་བར་ངེས་པའི་ལས་གཞན་གང་ཡིན་པ་དེ་ལ་འབྲས་བུ་ནི་མཐོང་ཆོས་དེ་ཁོ་ན་ལ་མྱོང་བར་འགྱུར་རོ། །(དེ་ཡང་སྔོན་བྱས་པའི་ལས་ཀྱི་འབྲས་བུ་འདིར་མྱོང་ན་མཐོང་ཆོས་ལ་མྱོང་བ་བཏགས་པ་བ་དང་འདིར་བྱས་པ་མྱོང་ན་མཚན་ཉིད་པའོ། །མྱོང་འགྱུར་གྱི།) ལས་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ནི་གནས་སྐབས་མ་ངེས་ཀྱང་རྣམ་སྨིན་མྱོང་བར་ངེས་པ་གང་ཡིན་པ་སྟེ། (དེའི་རྣམ་སྨིན་མ་མྱོང་ན་གཏན་དུ་འདོད་ཆགས་དང་བྲལ་བ་ལ་གེགས་བྱེད་དོ། །)ས་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་བས་སྐྱེས་ནས་མྱོང་གྱུར་ལ་སོགས་པའང་མ་ཡིན་པའི་ཕྱིར་རོ། །ས་དེའི་ལས་མ་ངེས་པ་གང་ཡིན་པ་དེ་ནི་གཏན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་ནམ་ཡང་མི་སྨིན་པ་ཉིད་དོ། །
འོ་ན་གང་ལ་བརྟེན་ནས་མཐོང་ཆོས་ལ་མྱོང་བར་འགྱུར་བའི་ཞིང་དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་གང་ཟག་ཡིན་ཡང་འཕགས་པ་གང་དག་འགོག་པ་དང་བྱམས་པ་དང་ཉོན་མོངས་པ་མེད་པ་དང་མཐོང་བའི་ལམ་དང་དགྲ་བཅོམ་པའི་འབྲས་བུ་ལ་སྙོམས་པར་ཞུགས་པ་ལས་ལངས་པ་སྟེ་ལྔ་པོ་དེ་དག་ལ་ཕན་པ་དང་གནོད་པ་བྱས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་འཕྲལ་དུ་མཐོང་ཆོས་ཁོ་ན་ལ་མྱོང་བར་འགྱུར་ཏེ། འགོག་པ་ལས་ལངས་བ་ནི་སེམས་མཆོག་ཏུ་ཞི་བ་ཐོབ་པས་མྱ་ངན་ལས་འདས་པ་ལས་སླར་ལོག་པ་དང་འདྲ་བའི་ཕྱིར་དང་། ཉོན་མོངས་པ་མེད་པ་དང་བྱམས་པ་ལས་ལངས་བ་ནི་སེམས་ཅན་ཚད་མེད་པ་ལ་ཉོན་མོངས་པ་མེད་པ་དང་ཕན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་བ་དང་། ཤིན་ཏུ་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་བའི་ཕྱིར་དང་། མཐོང་ལམ་དང་དགྲ་བཅོམ་ལས་ལངས་པའི་རྒྱུད་ནི་མཐོང་སྤང་མ་ལུས་པར་སྤངས་པ་དང་སྒོམ་སྤང་མ་ལུས་པར་སྤངས་པས་གནས་གྱུར་གསར་པ་ཐོབ་པས་དྲི་མ་མེད་པ་ཡིན་པའི་ཕྱིར་རོ། །
ལྷག་མ་སྒོམ་ལམ་(གནས་པའི་འབྲས་བུ་བར་མ་གཉིས་)ནི་རང་བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པས་དེ་ལས་ལངས་པའི་རྒྱུད་ནི་སྔ་མ་གཉིས་ལྟར་གནས་གྱུར་གསར་བ་དང་དག་པ་མ་ཡིན་བས་མཐོང་ལམ་དང་དགྲ་བཅོམ་ལས་ལངས་པ་ལྟར་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་མ་ཡིན་ནོ། །གལ་ཏེ་ལས་ཀྱི་རྣམ་སྨིན་གྱི་གཙོ་བོ་ནི་ཚོར་བ་ཡིན་པས་དེ་སེམས་ཀྱི་ཚོར་བ་ཁོ་ན་ཡིན་པ་དང་ལུས་ཀྱི་ཁོ་ན་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། རྣམ་པར་རྟོག་པ་མེད་པའི་ས་བསམ་གཏན་ཁྱད་བར་ཅན་ནས་བཟུང་སྟེ་སྲིད་རྩེའི་བར་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་སེམས་ཀྱི་ཚོར་བ་ཡིད་བདེ་དང་བཏང་སྙོམས་ཁོ་ན་ཡིན་པར་འདོད་དེ་གཉིས་པ་ཡན་ཆད་ན་ལུས་ཀྱི་ཚོར་བ་མེད་པའི་ཕྱིར་དང་། ས་འོག་མ་ན་ཡོད་ཀྱང་དེ་ནི་ངེས་པར་རྟོག་དཔྱོད་དང་བཅས་པ་ཡིན་པའི་ཕྱིར་རོ། །མི་དགེ་བའི་ལས་ཀྱི་རྣམ་སྨིན་(གྱི་གཙོ་བོ་དེ་ཡང་ནི་ཚོར་བ་སྡུག་བསྔལ་ཡིན་པའི་ཕྱིར་རོ། །)ནི་ལུས་ཀྱི་ཚོར་བ་སྡུག་བསྔལ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་སེམས་ཀྱི་མ་ཡིན་ཞེ་ན། མི་དགེ་བའི་རྣམ་སྨིན་ནི་སྡུག་བསྔལ་ཡིན་ལ་སེམས་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བ་ཡིན་ན་ཡིད་མི་བདེ་བ་ནི་རྣམ་སྨིན་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །
དེའི་ཕྱིར་བསམ་གཏན་དང་པོའི་དངོས་གཞི་མན་ཆད་ཀྱི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་ལུས་སེམས་གཉིས་ཀའི་ཚོར་བ་ཡིན་པར་དོན་གྱི་ཤུགས་ལ་རྟོགས་པར་ནུས་སོ། །འོ་ན་སེམས་ཅན་རྣམས་ཀྱི་སེམས་རྣམ་པར་གཡེངས་བ་སྨྱོ་བའི་སེམས་དེ་(ཡིད་མི་བདེ་མ་ཡིན་ནམ།) སེམས་གང་ལ་འབྱུང་ཞིང་རྒྱུ་ཅི་ཞིག་གིས་འགྱུར་ཞེ་ན། སེམས་རྣམ་པར་གཡེངས་བ་སྨྱོ་བའི་སེམས་ནི་(ཡང་དག་མིན་པར་རྟགས་པས།) ཡིད་ཀྱི་རྣམ་ཤེས་ཀྱི་སེམས་ལ་ཡིན་ཏེ། རྣམ་ཤེས་ཚོགས་ལྔ་ནི་(ངེས་པར་རྟོག་དང་རྗེས་དྲན་གྱི།) རྟོག་པ་མེད་པའི་ཕྱིར་དང་། གཡེངས་པའི་སེམས་ཀྱང་ངེས་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །སེམས་གཡེངས་བ་དེ་ནི་རྒྱུ་བཞི་པོ་(གཞན་སྨྱོ་བར་བྱས་པ་དང་དུག་དང་ཆང་ལྡུད་པ་དང་གཡང་ལ་སྐྱུར་བ་ལ་སོགས་པ།) ལས་ཀྱི་རྣམ་སྨིན་ལས་སྐྱེས་བ་དང་། མི་མ་ཡིན་(པས་གཟུགས་མི་སྡུག་པ་བསྟན་པ།) ལ་སོགས་པས་སྐྲག་པར་བྱས་པ་དང་། མི་མ་ཡིན་ཁྲོས་ཏེ་གནད་དུ་བསྣུན་བས་གནོད་པ་བྱས་པ་དང་། (རླུང་མཁྲིས་བད་ཀན་འཁྲུགས་བས།) འབྱུང་བ་ཆ་མ་མཉམ་པ་དང་། (སྔོན་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་ཁྱོ་ཤུག་གཉིས་ལ་བུ་བདུན་ཡོད་པ་ལས་བུ་དྲུག་ཤི་བས་མྱ་ངན་གྱིས་སྨྱོ་བར་གྱུར་ཏེ་གཅེར་བུ་ཁོ་ནར་བཅོམ་ལྡན་འདས་མི་ཐི་ལའི་ཨ་མྲའི་ཚལ་ན་བཞུགས་པའི་དྲུང་དུ་ཕྱིན་པ་ན་སངས་རྒྱས་ཀྱི་མཐུས་དྲན་པ་རྙེད་ནས་ངོ་ཚ་བར་གྱུར་པ་ལ་སྟོན་པའི་བཀས་ཀུན་དགའ་བོས་གོས་བྱིན་ཏེ། དེ་ལ་སྟོན་པས་ཆོས་བསྟན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་སླར་རང་གི་ཁྱིམ་དུ་ཕྱིན་པ་ན་བུ་བདུན་པའང་ཤི་བ་དང་དེ་ལ་དེ་མྱ་ངན་མི་བྱེད་པ་ལ། རང་གི་ཁྱོ་ན་རེ་ཁྱོད་སྔར་བུ་ཤི་བ་ལ་མྱ་ངན་བྱེད་ལ། ད་བུ་བདུན་པ་ཤི་བ་ལ་མྱ་ངན་མི་བྱེད་པ་ལས་ན་བུ་དེ་དག་ཁྱོད་རང་གིས་ཟོས་སོ་ཞེས་ཟེར་བ་ལ། བྲམ་ཟེ་མོས། བྲམ་ཟེ་ངས་ནི་ཡུན་རིངས་ནས། །བུ་དང་ཚ་བོ་སྟོང་ཕྲག་དང་། །གཉེན་མང་བརྒྱ་ཕྲག་དག་ཟོས་ཏེ། །ཁྱོད་ཀྱིས་ཀྱང་ནི་དེ་དང་འདྲ། །སྐྱེ་བ་དེ་དང་དེ་དག་ཏུ། །བུ་དང་ཚ་བོ་སྟོང་ཕྲག་དག། གཅིག་ལ་གཅིག་ནི་ཟ་རྣམས་ཀྱི། །ཚད་ནི་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ན་ནི་སྐྱེ་བ་དང་། །འཆི་ལས་ངེས་འབྱུང་ཤེས་ནས་ནི། །སུ་ཞིག་མྱ་ངན་ཡོངས་གདུང་བའམ། །སྨྲེ་སྔགས་འདོན་པར་བྱེད་པར་འགྱུར། །བདག་གིས་སངས་རྒྱས་བསྟེན་བྱས་ཏེ། །སྐྱེ་བ་དང་ནི་འཆི་བ་ལས། །ངེས་བར་འབྱུང་བ་ཤེས་པས་ན། །མྱ་ངན་མི་བྱེད་གདུང་བ་མེད་ཅེས་སྨྲས་པ་ལྟ་བུ།) མྱ་ངན་གྱི་རྐྱེན་གྱིས་འབྱུང་བར་འགྱུར་རོ། །
ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་ནི། རྫས་དང་སྔགས་ཀྱི་སྦྱོར་བས་གཞན་གྱི་སེམས་གཡེངས་པར་བྱེད་པ་དང་། མི་འདོད་བཞིན་དུ་དུག་དང་ཆང་ལ་སོགས་པ་མྱོས་པར་བྱེད་པ་ལྡུད་པ་དང་། རི་དྭགས་ལ་སོགས་པ་སེམས་ཅན་གཞན་སྐྲག་པར་བྱེད་པ་དང་། ནགས་མེས་གཏོང་པ་དང་། སྲོག་ཆགས་གཡང་དུ་འདོར་བ་ལ་སོགས་པའི་ལས་ལས་སྐྱེས་པ་སྟེ་དེ་ལ་ནི་སྨན་དང་མན་ངག་དང་ནུས་བ་ཅན་གྱིས་བཅོས་སུ་མེད་དོ། །སྐྲག་པ་ནི་མི་དང་མི་མ་ཡིན་པས་གཟུགས་མི་སྡུག་པ་བསྟན་པ་ལ་སོགས་པས་སེམས་དངངས་བར་བྱས་པ་སྟེ་དེ་ལ་ནི་སྐྱེས་བུ་དམ་བའི་མན་ངག་གིས་བཅོས་སུ་ཡོད་དོ། །མི་མ་ཡིན་པས་གནོད་པ་ནི་གདོན་གྱིས་བྱས་པ་སྟེ་དེ་ལ་ནི་རིག་སྔགས་འཆང་ལ་སོགས་པའི་བྱིན་རླབས་ཀྱིས་ཞི་བར་བྱེད་དོ། །འབྱུང་བ་ཆ་མ་མཉམ་པ་ནི་ནད་ཀྱིས་བྱས་པ་སྟེ། དེ་ནི་གསོ་བ་རིག་བ་རྣམས་ཀྱིས་བཅོས་སུ་ཡོད་དོ། །མྱ་ངན་གྱིས་བྱས་པ་ནི་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་ལྟ་བུ་སྟེ་དེ་ལ་ནི་མྱ་ངན་བསལ་བ་དང་སྤྱོད་ལམ་གྱིས་བཅོས་སུ་ཡོད་དེ། (དེ་དག་ནི་རིམ་པ་ལྟར་བསག་སྦྱང་དང་། སྐྱེས་བུ་དམ་པའི་མན་ངག་དང་། རིགས་སྔགས་འཆང་ལ་སོགས་པའི་བྱིན་རླབས་དང་། གསོ་བ་རིག་པ་དང་། མྱ་ངན་བསལ་བའི་ཐབས་དང་སྤྱོད་ལམ་ཀྱིས་བཅོས་སུ་ཡོད་དོ། །)
གལ་ཏེ་ཡིད་ཀྱི་རྣམ་ཤེས་ལ་སེམས་གཡེངས་པ་ཡོད་ལ་དེ་ཡང་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་ཡིན་ན་དེ་ལྟ་ན་སེམས་ཀྱི་ཚོར་བ་མི་དགེ་བའི་ལས་ཀྱི་རྣམ་སྨིན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མི་དགེ་བའི་ལས་ཀྱིས་ནི་ལས་ལས་སྐྱེས་པའི་འབྱུང་བ་རྣམས་འཁྲུག་ལ་འབྱུང་བ་འཁྲུགས་པས་སེམས་འཁྲུགས་ཤིང་གཡེངས་པར་གྱུར་བའི་ཕྱིར་རོ། །དེས་ན་འབྱུང་བ་རྣམས་ནི་ལས་མི་དགེ་བ་ལས་སྐྱེས་པས་རྣམ་སྨིན་ཡིན་ལ་སེམས་གཡེངས་བ་ནི་འབྱུང་བ་རྣམ་སྨིན་དེ་དག་ལས་སྐྱེས་བས་ལས་ཀྱི་བདག་འབྲས་ཡིན་གྱི་མི་དགེ་བའི་ལས་ལས་དངོས་སུ་སྐྱེས་པ་མ་ཡིན་པས་རྣམ་སྨིན་མ་ཡིན་ནོ། །
དེ་ལ་འཕྲོས་ནས་འགྲེལ་པ་ལས། སེམས་གཡེངས་པ་དང་རྣམ་པར་གཡེངས་པ་ལ་མུ་བཞི་བཤད་དེ། དེ་ལ་གཡེངས་བ་ནི་སྔར་བསྟན་པའི་འབྱུང་བ་འཁྲུགས་པ་ལ་སོགས་པ་ལས་བྱུང་བའི་སེམས་འཁྲུགས་པ་ཡིན་ལ་རྣམ་པར་གཡེངས་པ་ནི་སེམས་ཉོན་མོངས་ཅན་ནོ། །དེས་ན་དེ་དག་གཉིས་ཀའང་རྣམ་སྨིན་མ་ཡིན་ནོ། །རྣམ་པར་གཡེངས་བའི་སེམས་དེ་ཡང་རྟེན་གང་ལ་ཡོད་ཅེ་ན། (དགེ་བའི་རྣམ་སྨིན་འབའ་ཞིག་ལ་སྤྱོད་ཅིང་གཡེངས་བའི་རྒྱུ་གཞན་ཡང་མེད་པས།) སྒྲ་མི་སྙན་པ་མིན་ཏེ་དེ་མ་གཏོགས་པའི་འདོད་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ཅི་རིགས་པར་ཡོད་དེ། འདོད་པའི་ལྷ་རྣམས་ལའང་སྨྱོན་པ་དག་ཡོད་ན་དུད་འགྲོ་དང་ཡི་དྭགས་རྣམས་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །དམྱལ་བ་རྣམས་ནི་ཚོར་བ་མི་བཟད་པས་ཉེན་པས་རེ་ཞིག་བདག་ཉིད་ཀྱང་མི་དྲན་ན་བྱ་བ་དང་བྱ་བ་མ་ཡིན་པ་ལྟ་ཅི་སྨོས་པས་རྟག་ཏུ་རྣམ་པར་གཡེངས་པ་དག་ཡིན་ནོ། །
སངས་རྒྱས་མ་གཏོགས་པ་འཕགས་པ་རྣམས་ལའང་འབྱུང་བ་མ་སྙོམས་པའི་སེམས་རྣམ་པར་གཡེངས་བ་ནི་ཡོད་ལ། ལས་ཀྱིས་རྣམ་པར་གཡེངས་བ་དང་། འཇིགས་པས་གཡེངས་བ་དང་། གནོད་པས་གཡེངས་པ་དང་། མྱ་ངན་གྱིས་གཡེངས་པ་རྣམས་ནི་མེད་དེ། རིམ་པ་ལྟར་ལས་ངེས་པ་རྣམས་ནི་སྨིན་ཟིན་ལ་མ་ངེས་པ་ནི་དེ་ཕྱིན་ཆད་མི་སྨིན་པའི་ཕྱིར་དང་། འཚོ་བ་མེད་པ་དང་། ཚིགས་སུ་བཅད་པ་མེད་པ་དང་། འཁོར་གྱི་ནང་དུ་སྐྲག་པ་དང་། འཆི་བ་དང་། ངན་འགྲོའི་འཇིགས་པ་ལྔ་ལས་འདས་པའི་ཕྱིར་དང་། མི་མ་ཡིན་པ་འཁྲུགས་པའི་རྒྱུ་མི་མཛེས་པ་མི་བྱེད་པའི་ཕྱིར་དང་། མྱ་ངན་མེད་པའི་ཆོས་ཉིད་མངོན་པར་ཤེས་པའི་ཕྱིར་རོ། །སངས་རྒྱས་ལ་ནི་ཐུགས་གཡེངས་པ་དང་རིམས་ཀྱིས་འགྲོངས་པ་དང་གསུང་འཛེར་བ་དང་དབུ་སྐྱ་བ་མི་འབྱུང་སྟེ། ལས་ཤིན་ཏུ་དང་བའི་རྣམ་པར་སྨིན་པའི་སྙིང་པོ་ཡིན་པའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཡང་གསུམ་མཚན་གསུམ་པའི་མདོ་ལས། ལུས་ངག་ཡིད་གསུམ་གྱི་ཡོན་པོ་གསུམ་དང་། སྐྱོན་ནམ་ཉེས་པ་གསུམ་དང་། སྙིགས་མ་གསུམ་གསུངས་པ་དེ་དག་གང་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་ལས་ཡོན་པོ་གསུམ་(དང་སྐྱོན་ནམ་ཉེས་པ་གསུམ་དང་། སྙིགས་མ་གསུམ་ཞེས་བྱ་བར་གསུངས་པ་རྣམས་ནི་རིམ་པ་ལྟར་སྒོ་གསུམ་གྱི་ལས་སེམས་ལས་བྱུང་བ་གྱ་གྱུ་བའི་གཡོ་དང་། ཞེ་སྡང་དང་། འདོད་ཆགས་ལས་སྐྱེས་པ་རྣམས་སོ། །)གསུངས་པ་ནི་སྒོ་གསུམ་གྱི་ལས་སེམས་ལས་བྱུང་བ་གྱ་གྱུ་བའི་གཡོ་ལས་སྐྱེས་པ་དང་། སྐྱོན་ནམ་ཉེས་པ་གསུམ་གསུངས་པ་ནི་སྒོ་གསུམ་གྱི་ལས་ཞེ་སྡང་ལས་སྐྱེས་པ་དང་། སྙིགས་མ་(གསུམ་ཞེས་བྱ་བ་)ར་གསུངས་པ་གསུམ་ནི་སྒོ་གསུམ་གྱི་ལས་འདོད་ཆགས་ལས་སྐྱེས་པའོ། །
གསུམ་པ་དཀར་ནག་ལ་སོགས་པ་བཞིར་དབྱེ་བ།
གསུམ་པ་དཀར་ནག་ལ་སོགས་པ་བཞིར་དབྱེ་བ་ནི་མདོ་ལས་ལས་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དང་། ལས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་དང་། སོགས་པའི་སྒྲས་བཟུང་བ་ལས་དཀར་ནག་འདྲེས་མ་ལ་རྣམ་པར་སྨིན་པ་ཡང་དཀར་གནག་འདྲེན་མ་དང་། ལས་མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་ལ་ལས་ཟད་པར་བྱེད་པའི་བྱེ་བྲག་གི་ལས་ནི་རྣམ་པ་བཞི་ཡིན་པར་གསུངས་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། ལས་མི་དགེ་བ་ཉིད་ནི་རིམ་པ་བཞིན་དུ་ཁྱད་པར་མེད་པ་ཉོན་མོངས་ཅན་ཡིན་པས་ལས་གནག་ལ་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་རྣམ་སྨིན་ཀྱང་གནག་པ་དང་། གཟུགས་སུ་གཏོགས་པའི་དགེ་བ་ནི་རིམ་པ་བཞིན་དུ་མི་དགེ་བ་དང་མ་འདྲེས་བས་ལས་དཀར་འབྲས་བུ་ཡིད་དུ་འོང་བས་རྣམ་སྨིན་ཀྱང་དཀར་བ་དང་། འདོད་པར་གཏོགས་པའི་དགེ་བ་ཉིད་ནི་རིམ་པ་བཞིན་དུ་མི་དགེ་བ་དང་འདྲེས་པས་ལས་ཀྱང་དཀར་གནག་འདྲེན་མ་ལ་རྣམ་སྨིན་ཡང་ཡིད་དུ་འོང་མི་འོང་འདྲེན་མར་འབྱུང་བས་དཀར་གནག་གཉིས་ཀའི་ལས་ཞེས་བྱ་སྟེ། དེ་ཡང་རྒྱུད་ཀྱི་སྒོ་ནས་འདྲེས་བ་ཡིན་གྱི་ལས་ཀྱི་ངོ་བོ་གཅིག་ལ་དཀར་གནག་འདྲེས་པ་ནི་མེད་དེ་འགལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མི་དགེ་བའང་འདྲེས་པར་འགྱུར་ཏེ་མི་དགེ་བ་དང་ལྡན་པའི་རྒྱུད་ལ་དགེ་བའང་འབྱུང་བའི་ཕྱིར་རོ། །ཞེ་ན། དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་འདོད་པ་རང་ས་ན་གཉེན་པོ་ཏིང་ངེ་འཛིན་མེད་པས། དགེ་བས་མི་དགེ་བ་གཏན་མེད་པར་བྱ་བར་མི་ནུས་ལ་མི་དགེ་བ་ནི་སྟོབས་དང་ལྡན་པའི་ཕྱིར་ལོག་ལྟས་དགེ་རྩ་གཅོད་ནུས་པས་དགེ་བ་དང་གདོན་མི་ཟ་བར་འདྲེ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདོད་པའི་དགེ་བ་ནི་སྟོབས་ཆུང་བའི་ཕྱིར་འདྲེ་བར་འགྱུར་རོ་ཞེས་འགྲེལ་པ་ལས་བཤད་དོ། །
ཀུན་ལས་བཏུས་ལས་ནི། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། ཁམས་གསུམ་པའི་དགེ་བའོ། །དཀར་ནག་ཏུ་གྱུར་ལ་རྣམ་པར་སྨིན་པ་དཀར་ནག་ཏུ་འགྱུར་བ་གང་ཞེ་ན། གང་འདོད་པ་དང་རབ་ཏུ་ལྡན་པའི་འདྲེན་མ་སྟེ། བསམ་པས་གནག་ལ་སྦྱོར་པས་དཀར་བའམ། སྦྱོར་བས་གནག་ལ་བསམ་པས་དཀར་བའོ་ཞེས་འདོད་པའི་བསམ་སྦྱོར་དཀར་ནག་འདྲེན་མ་ནི་དཀར་ནག་གཉིས་ཀའི་ལས་སུ་བཤད་ལ། བསམ་སྦྱོར་དཀར་ནག་འདྲེན་མ་ལས་གཞན་པའི་འདོད་པའི་དགེ་བ་དང་གཟུགས་མེད་ཀྱི་དགེ་བའང་དཀར་ལ་རྣམ་སྨིན་དཀར་བའི་ལས་སུ་བཤད་དོ། །འོ་ན་ཅིའི་ཕྱིར་གཟུགས་མེད་པའི་དགེ་བ་དཀར་བར་མ་བཤད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་གང་ན་རྣམ་སྨིན་སྐྱེ་སྲིད་དང་བར་སྲིད་གཉིས་ཡོད་པ་དང་ལུས་ལ་སོགས་པའི་ལས་གསུམ་ག་ཡོད་པ་འདིར་དེ་དག་གི་དབྱེ་བ་འཆད་ན་གཟུགས་མེད་ན་དེ་དག་མེད་པའི་ཕྱིར་རོ། །ཞེས་འཆད་མོད་ཀྱི། འོན་ཀྱང་མདོ་གཞན་ལས་ནི་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། གཟུགས་མེད་པ་བཞིའོ་ཞེས་གཟུགས་མེད་པའི་དགེ་བའང་དེར་བཤད་པའི་ཕྱིར་དེ་ཡང་ཡིན་ནོ། །ལས་དང་རྣམ་སྨིན་གསུམ་པོ་དེ་དག་ཟད་ཅིང་སྤོང་བར་བྱེད་པ་ནི་ཟག་པ་མེད་པའི་ལས་ཡིན་ཏེ། དེ་ལ་ནི་མི་གནག་ཅིང་མི་དཀར་བ་ཞེས་བྱ་སྟེ། ཟག་བཅས་ཀྱི་ལས་དགེ་མི་དགེ་གཉིས་ཀ་མ་ཡིན་པའི་ཕྱིར་དང་། འཁོར་བར་འཇུག་པ་དང་འགལ་བས་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་འོང་མི་འོང་གཉིས་ཀ་མེད་པའི་ཕྱིར་རོ། །ལུང་བར་མའི་སྟོང་པ་ཆེན་པོའི་དོན་གྱི་མདོ་ལས་ནི་མི་སློབ་པའི་ཆོས་ལས་བརྩམས་ཏེ། ཀུན་དགའ་བོ་ཆོས་འདི་དག་ནི་གཅིག་ཏུ་དཀར་བ། གཅིག་ཏུ་དགེ་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང་།
བསྟན་བཅོས་རབ་ཏུ་བྱེད་པའི་རྐང་པ་ལས་ཀྱང་། ཆོས་དཀར་པོ་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ནོ་ཞེས་གསུངས་པའི་ཕྱིར་གཅིག་ཏུ་དཀར་བ་ནི་ཟག་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པ་ཡིན་ནོ། །དེ་ལ་མ་བསྒྲིབས་ལུང་མ་བསྟན་ནི་ཉོན་མོངས་ཅན་མ་ཡིན་པས་དཀར་བའོ། །སློབ་དཔོན་གང་སྤེལ་གྱིས་ཀྱང་དཀར་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱིས་དཀར་བ་དང་། རྣམ་པར་སྨིན་པས་དཀར་བའོ། །དེ་ལ་གཟུགས་སུ་གཏོགས་པའི་དགེ་བ་ནི་གཉིས་ཀ་ཡིན་ལ། ཟག་པ་མེད་པ་ནི་དང་པོ་ཡིན་ནོ་ཞེས་བཤད་དོ། །གལ་ཏེ་ཟག་མེད་ཀྱི་ལས་དང་ལམ་ཐམས་ཅད་དཀར་པ་ལ་སོགས་པའི་ལས་གསུམ་པོ་ཐམས་ཅད་ཟད་པར་བྱེད་པ་ཡིན་ནམ་ཞེ་ན། ཐམས་ཅད་ནི་མ་ཡིན་ནོ། །
འོན་ཀྱང་མཐོང་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་དང་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱི་བར་ཆད་མེད་པའི་ལམ་བརྒྱད་ཀྱི་སེམས་པ་སྟེ་དེ་ལྟར་སེམས་པ་རྣམ་པ་བཅུ་གཉིས་པོ་གང་དག་ཡིན་པ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ཟག་པ་མེད་པའི་ལས་ཡིན་ཏེ། འདོད་པའི་སྡིག་པ་མི་དགེ་བའི་ཆོས་སྤོང་བར་བྱེད་པའི་ཕྱིར་རོ། །ཆོས་ཤེས་པ་བཞི་དང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་བརྒྱད་དེ་བཅུ་གཉིས་ནི་མ་ཡིན་ཏེ། (བར་ཆད་མེད་པའི་ལམ་གྱིས་ཟད་པར་བྱས་ཟིན་པའི་ཕྱིར་རོ། །)དེ་དག་རྣམ་གྲོལ་གྱི་ལམ་ཡིན་པའི་ཕྱིར་རོ། །
རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པ་བརྒྱད་ཀྱང་ནག་པོའི་གཉེན་པོ་མ་ཡིན་ཏེ། དེ་དག་ནི་ཁམས་གོང་མའི་གཉེན་པོ་ཡིན་གྱི་འདོད་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། (འཇིག་རྟེན་པའི་བར་ཆད་མེད་ལམ་གྱིས་དེ་དག་སྤོང་ཡང་མ་བཤད་པ་ནི་ཟག་མེད་ཀྱི་སྐབས་ཡིན་པས་སོ། །འདོད་པའི་ཉོན་མོངས་དགུ་པ་མ་སྤངས་པ་དེ་སྲིད་དུ་འདོད་པའི་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་ཐམས་ཅད་འདུན་པའི་འདོད་ཆགས་ཡོད་དོ། །དེས་ན།) འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་སྒོམ་ལམ་བར་ཆད་མེད་པའི་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་འདྲེས་པའི་ལས་ཟད་པར་བྱེད་པ་ཡིན་ཏེ། (དེས་ཡུལ་ཅན་འདོད་པའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྤངས་པ་ན་དམིགས་ཡུལ་དགེ་བའང་སྤོང་བའི་ཕྱིར་རོ། །)དེ་ནི་འདོད་པའི་དགེ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་སྔ་མ་དག་ནི་འདོད་པའི་དགེ་བའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །འདིར་འདོད་པའི་དཀར་ནག་འདྲེས་པའི་ལས་དགུ་བའི་བར་ཆད་མེད་པའི་ལམ་གྱིས་སྤོང་ངོ་ཞེས་བྱ་བའང་ལས་དེའི་རང་གི་ངོ་བོ་ཐོབ་པ་ཆད་པའི་ཚུལ་གྱིས་སྤོང་བ་ནི་མ་ཡིན་ཏེ། ལན་ཅིག་སྤངས་ཀྱང་ཡང་འདོད་པའི་དགེ་བ་མངོན་དུ་བྱེད་པའི་ཕྱིར་རོ། །
འོན་ཀྱང་དེ་ལ་དམིགས་པའི་ཡུལ་ཅན་གྱི་ཉོན་མོངས་སྤངས་པ་ལ་དེ་སྐད་བརྗོད་དེ། མདོ་ལས། དགེ་སློང་དག་མིག་ལ་འདུན་པའི་འདོད་ཆགས་དེ་སྤོངས་ཤིག་དང་དེ་ལྟ་ན་མིག་དེ་སྤངས་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དགུ་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་སྔ་མ་དག་ནི་དེའི་གཉེན་པོར་མ་བཤད་དེ། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་འབྱུང་བས་འདོད་པའི་དགེ་བ་ལ་དམིགས་པའི་ཡུལ་ཅན་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཡོད་པའི་ཕྱིར་རོ། །ནག་པོ་ནི་ཐོབ་པ་ཆད་པའི་ཚུལ་གྱིས་སྤོང་བའི་ཕྱིར་སྔ་མ་དག་གིས་སྤོང་ངོ་། །དེ་བཞིན་དུ་དཀར་པོ་ཟད་པར་བྱེད་པའང་དེའི་ཡུལ་ཅན་སྤངས་པས་ཡིན་གྱི་ངོ་བོ་སྤོང་བ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །འོ་ན་དཀར་པོའི་ལས་ཟད་པར་བྱེད་པ་ཇི་ལྟ་བུ་ཞེ་ན། དཀར་པོ་གཟུགས་ཁམས་ཀྱི་དགེ་བའི་ལས་ཟད་པར་བྱེད་པ་ནི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་པའི་ལམ་དགུ་དགུ་སྐྱེས་པའི་ཐ་མ་བཞི་པོ་དག་གིས་ཡིན་ཏེ། དེ་དག་གིས་གཟུགས་ཀྱི་དགེ་བའི་ངོ་བོ་མི་སྤོང་ཡང་དེ་ལ་དམིགས་པའི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །གང་དག་གཟུགས་མེད་པའི་དགེ་བའང་དཀར་པོའི་ལས་སུ་འཆད་པ་དེ་དག་གི་ལྟར་ན་(དཀར་པོ་གཟུགས་མེད་ཆགས་བྲལ་བའི། བར་ཆད་མེད་ལམ་སྐྱེས་ཐ་མས་ཞེས་པར་འགྱུར་བས།) གཟུགས་མེད་པའི་ཉོན་མོངས་པ་སྤོང་བའི་བར་ཆད་མེད་པའི་ལམ་ཐ་མ་བཞི་ཡང་དཀར་པོ་ཟད་བྱེད་ཡིན་ནོ། །འཇིག་རྟེན་པའི་ལམ་ཡང་དེ་དག་གི་གཉེན་པོ་ཡིན་མོད་ཀྱི་ཟག་མེད་ཀྱི་དབང་དུ་བྱས་པའི་ཕྱིར་འདིར་ནི་མི་འདོད་དོ། །
སྔོན་གྱི་སློབ་དཔོན་གཞན་དག་ནི་དམྱལ་བ་མྱོང་བར་འགྱུར་བའི་ལས་ནི་གཅིག་ཏུ་མི་དགེ་བ་དང་རྣམ་སྨིན་ཡིད་དུ་མི་འོང་བར་ངེས་པའི་ཕྱིར་ལས་གནག་ལ་རྣམ་སྨིན་གནག་པ་དང་། དམྱལ་བ་མ་གཏོགས་པའི་འདོད་པའི་ཁམས་གཞན་མྱོང་བར་འགྱུར་བའི་ལས་ནི་དཀར་གནག་འདྲེན་མ་གཉིས་སུ་རིག་པར་བྱ་སྟེ། གཞན་དེ་དག་ན་དགེ་མི་དགེ་གཉིས་ཀའི་རྣམ་སྨིན་ཡོད་པའི་ཕྱིར་རོ། །དཀར་པོ་དང་དེ་དག་ཟད་བྱེད་ཀྱི་ལས་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ་ཞེས་འདོད་དོ། །སྔོན་གྱི་སློབ་དཔོན་གཞན་དག་ནི་མཐོང་བས་སྤང་བར་བྱ་བའི་འདོད་པའི་ལས་ནི་གནག་པོའི་ལས་ཏེ་དགེ་བ་དང་མ་འདྲེས་པས་མི་དགེ་བ་ཁོ་ནར་ངེས་པའི་ཕྱིར་རོ། །འདོད་པ་ལས་སྐྱེས་པའི་ལས་མཐོང་སྤང་ལས་གཞན་སྒོམ་སྤང་ནི་དཀར་གནག་འདྲེན་མ་སྟེ་དགེ་མི་དགེ་གཉིས་ཀ་ཡིན་པའི་ཕྱིར་ཞེས་འདོད་དོ། །དཀར་པོ་དང་མི་གནག་མི་དཀར་བ་ནི་ཁྱད་པར་མེད་པ་སྔ་མ་ཁོ་ན་ཡིན་ནོ། །
བཞི་པ་ཐུབ་པ་གསུམ་ལ་སོགས་པར་དབྱེ་བ།
བཞི་པ་ཐུབ་པ་གསུམ་ལ་སོགས་པར་དབྱེ་བ་ནི་མདོ་ལས། ཐུབ་པའི་གསུམ་སྟེ། ཐུབ་པའི་ལུས་དང་ཐུབ་པའི་ངག་དང་ཐུབ་པའི་ཡིད་དོ་ཞེས་གསུངས་པ་ལ་རིག་བྱེད་ནི་ཟག་བཅས་ཡིན་པས་མི་སློབ་པའི་ལུས་ངག་གི་ལས་སྤོང་བའི་རང་བཞིན་ཟག་མེད་ཀྱི་རིག་བྱེད་མ་ཡིན་པ་གཉིས་དང་། མི་སློབ་པའི་ཡིད་ཉིད་ཐུབ་པ་ཡིན་གྱི་ཡིད་ཀྱི་ལས་ནི་ཐུབ་པ་མ་ཡིན་ནོ། །དེ་ནས་ཐུབ་པའི་ལུས་ལ་སོགས་པ་གསུམ་ཞེས་བྱ་སྟེ་གོ་རིམ་བཞིན་དུ་སྦྱར་རོ། །སློབ་པ་དང་སོ་སོའི་སྐྱེ་བོ་དག་ནི་ཐུབ་པ་མ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པ་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་རྣམས་ཀྱིས་ནི་སྤངས་པའི་ཕྱིར་ཐུབ་པ་ཡིན་ནོ། །འདི་ལ་བྱེ་བྲག་ཏུ་སྨྲ་བ་ལུས་ངག་གི་རིག་བྱེད་མ་ཡིན་པའི་ལས་ལས་ཡིད་ཐུབ་པ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་ཟེར་བ་ནི་མ་ཡིན་ཏེ། ཁྱེད་ལྟར་ན་སྤོང་བ་ལ་ཐུབ་པར་འདོད་ཅིང་སྤང་བའང་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་ན་སེམས་ལ་རིག་བྱེད་མ་ཡིན་པའི་གཟུགས་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་སྒོ་གསུམ་གྱི་མི་དགེ་བ་དང་ཉོན་མོངས་པ་ཐམས་ཅད་སྤོང་བའི་སེམས་པ་ཉིད་ཐུབ་པ་གསུམ་ཡིན་ལ་དེ་ནི་ལུས་ངག་གི་རིག་བྱེད་ཀྱིས་དཔག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་སྒོ་གསུམ་མི་དགེ་བ་དང་ཉོན་མོངས་པ་ལས་ཡང་དག་པར་བསྡམས་པ་ནི་ཐུབ་པ་ཡིན་ནོ། །
ཡང་མདོ་ལས། ལུས་དང་ངག་དང་ཡིད་གཙང་བྱེད་རྣམ་པ་གསུམ་གསུངས་པ་ལ་ལུས་དང་ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་(དགེ་བ་)གསུམ་པོ་ཐམས་ཅད་ནི་ལུས་དང་ངག་དང་ཡིད་གཙང་བྱེད་རྣམ་པ་གསུམ་ཡིན་ཏེ། གཙང་བྱེད་ནི་དུས་རེ་ཞིག་དང་གཏན་དུ་ཉེས་པར་སྤྱོད་པའི་དྲི་མ་སྤོང་བའི་ཕྱིར་རོ། །ལེགས་པར་སྤྱད་པ་ནི་དགེ་བ་ཡིན་ནོ། །དེ་དག་གི་དགོས་པ་ནི་ལོག་པའི་ཐུབ་པ་མི་སྨྲ་བར་འདུག་པ་ཙམ་གྱིས་བདག་པར་ལྟ་བ་ལ་མོས་པའམ། ཡང་ན་སེར་སྐྱ་དང་རྐང་མིག་ལ་སོགས་པ་ལོག་པའི་ཐུབ་པ་དང་། ལུས་ཀྱི་དྲི་མ་དག་པ་ཙམ་གྱིས་འདག་པར་ལྟ་བ་འཇུག་དོགས་བཞིར་ཁྲུས་བྱེད་པ་ལ་སོགས་པ་གཙང་བྱེད་མ་ཡིན་པ་ལ་ཡིན་པར་མོས་པ་དགག་པའི་ཕྱིར་ཏེ། ཇི་སྐད་དུ་མདོ་ལས། ལུས་ཀྱི་དཀའ་ཐུབ་མི་བཟང་ཞེས། །མཁས་པ་རྣམས་ནི་དེ་སྐད་གསུང་། །སེམས་ཀྱི་དཀའ་ཐུབ་ཉིད་ཀྱིས་ནི། །ཉོན་མོངས་རི་ཀུན་སྲེག་པར་བྱེད། །ཅེས་པ་དང་། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་ཀྱང་། ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས། །མདུད་པ་འཇིག་པ་གཅེར་བུ་འཚལ། །ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཀྱིས། །མདུད་པ་འཇིག་པར་བཞེད་པ་ལགས། །ཞེས་པ་དང་། རྣམ་འགྲེལ་གྱི་རྒྱན་ལས། སྐྱེས་བུའི་ནང་ན་གནས་པའི་སྐྱོན། སེམས་ཀྱི་ནང་ན་གནས་པའི་སྐྱོན། འཇུག་དོགས་ཁྲུས་ཀྱིས་དག་མི་འགྱུར། །ཕྱི་རོལ་ཁྲུས་ཀྱིས་མི་འདག་སྟེ། །དེ་ནི་ལན་བརྒྱར་ཁྲུས་བྱས་ཀྱང་། །ཆང་བུམ་བཞིན་དུ་གཙང་མི་འགྱུར། །ཞེས་འབྱུང་བ་བཞིན་ནོ། །
ལྔ་པ་ལེགས་སྤྱད་ཉེས་སྤྱད་དུ་དབྱེ་བ།
ལྔ་པ་ལེགས་སྤྱད་ཉེས་སྤྱད་དུ་དབྱེ་བ་ནི་ཉེས་པར་སྤྱད་པ་གསུམ་མདོ་ལས་གསུངས་པའི་དོན་གང་ཞེ་ན། དེ་ལ་(མདོ་ལས་ཉེས་པར་སྤྱད་པ་དང་ལེགས་པར་སྤྱད་པ་གསུམ་གསུངས་པ་ལས།) ལུས་ཀྱི་ལས་མི་དགེ་བ་དང་སོགས་པའི་སྒྲས་གཟུང་བ་ངག་དང་ཡིད་ཀྱི་ལས་མི་དགེ་བ་ནི་འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་རིམ་པ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་ཉེས་པར་སྤྱད་པ་གསུམ་དུ་འདོད་དོ། །འོ་ན་ཡིད་ཀྱི་ལས་མི་དགེ་བ་ཁོ་ན་ཡིད་ཀྱི་ཉེས་པར་སྤྱད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། བརྣབ་སེམས་དང་སོགས་པས་གཟུང་བ་གནོད་སེམས་དང་ལོག་ལྟ་གསུམ་ནི་འདོད་ཆགས་དང་རྣམ་པར་འཚེ་བ་དང་ལྟ་བའི་རང་བཞིན་གྱི་ཉོན་མོངས་པ་ཡིན་པའི་ཕྱིར་དང་། ཡིད་ཀྱི་ལས་ནི་སེམས་པའི་རང་བཞིན་ལས་ཡིན་པའི་ཕྱིར་དང་། ལས་དང་ཉོན་མོངས་པ་ཐ་དད་ཡིན་པའི་ཕྱིར་ཡིད་ཀྱི་ལས་ཀྱི་རང་བཞིན་མིན་ཡང་ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་གསུམ་དུ་གསུངས་པ་ཡིན་ནོ། །(མདོ་སྡེ་བའི་བྱེ་བྲག་)དཔེ་སྟོན་པ་རྣམས་ན་རེ་ཆེད་དུ་བསམ་པར་བྱ་བའི་མདོ་ལས། དགེ་སློད་དག་ཆེད་དུ་བསམ་པར་བྱ་བའི་ལས་བྱས་ཤིང་བསགས་པས་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །ཇི་ལྟར་ཆེད་དུ་བསམ་པར་བྱ་བའི་ལས་བྱས་ཤིང་བསགས་པ་ཡིན་ཞེ་ན། དགེ་སློང་དག་འདི་ན་ལ་ལ་ཆེད་དུ་བསམས་ནས་ལུས་ཀྱི་ལས་རྣམ་པ་གསུམ་བྱེད་ཅིང་སྩོགས་པ་ཡིན་ལ་ངག་གི་ལས་རྣམ་པ་བཞི་དང་ཡིད་ཀྱི་ལས་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས་དཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ཡིད་ཀྱི་ཆེད་དུ་བསམ་པར་བྱ་བའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་ཡིན་ཞེ་ན། འདི་ན་དགེ་སློང་ལ་ལ་བརྣབ་སེམས་དང་ལྡན་པ་ཡིན། གནོད་སེམས་ཅན་གྱི་སེམས་སུ་གྱུར་པ་ཡིན། ལོག་པར་ལྟ་བ་ཡིན་ཞེས་བྱ་བ་ནས། དགེ་སློང་དག་ཡང་འདི་ན་ལ་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་ཡིན་ཞེས་བྱ་བའི་བར་དུ་གསུངས་ཏེ། མདོ་དེར་བརྣབ་སེམས་ལ་སོགས་པ་མ་གཏོགས་པ་ཡིད་ཀྱི་ལས་གཞན་མ་གསུངས་ཀྱི་བརྣབ་སེམས་ལ་སོགས་གསུམ་པོ་ཉིད་ཡིད་ཀྱི་ལས་སུ་གསུངས་པའི་ཕྱིར་དང་། ཡིད་ཀྱི་ལས་འགའ་ཞིག་ནི་ཉོན་མོངས་པའང་ཡིན་པའི་ཕྱིར་ཡིད་ཀྱི་ལས་ཀྱང་ཡིན་ལ་ཉོན་མོངས་པའང་ཡིན་པ་མི་འགལ་ལོ་ཞེས་ཟེར་རོ། །
བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ལྟ་ན་ལས་དང་ཉོན་མོངས་པ་དག་གཅིག་ཏུ་འགྱུར་ལ་དེ་འདོད་ན་མདོ་དང་འགལ་ཏེ། མདོ་ལས་ནི། བརྣབ་སེམས་དང་ལྡན་པ་ཡིན་ཞེས་བྱ་བ་ལ་སོགས་པས་སེམས་པ་དེ་ཉིད་སྟོན་པར་བྱེད་པ་ཡིན་པས་ཉོན་མོངས་པའི་སྒོ་ནས་ཡིད་ཀྱི་སེམས་པའི་ལས་འཇུག་པར་བཤད་པའི་ཕྱིར་རོ། །ཞེས་ཟེར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ལས་བཟློག་པའི་དགེ་བ་དག་ནི་ལེགས་པར་སྤྱད་པ་ཡིན་ནོ། །གལ་ཏེ་ཡང་དག་པའི་ལྟ་བ་དང་ལོག་ལྟ་ནི་དགེ་བ་དང་མི་དགེ་བ་མ་ཡིན་པར་འགྱུར་ཏེ། ཕ་རོལ་ལ་ཕན་གནོད་བྱེད་པའི་བསམ་པ་མེད་པའི་ཕྱིར་རོ་ཞེ་ན། ཕན་གནོད་བྱེད་པའི་བསམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །
དྲུག་པ་དགེ་བཅུ་མི་དགེ་བཅུར་དབྱེ་བ།
དྲུག་པ་དགེ་བཅུ་མི་དགེ་བཅུར་དབྱེ་བ་ལ་མདོར་བསྟན་པ་ནི་ཉེས་སྤྱད་དང་ལེགས་སྤྱད་དེ་དག་ལས་ཆེ་ལོང་ཙམ་ཞིག་མདོར་བསྡུས་ནས་ནི་དགེ་བའི་ལས་ཀྱི་ལམ་ནི་བཅུ་དང་མ་དགེ་བའི་ལས་ཀྱི་ལམ་ཡང་བཅུར་གསུངས་སོ། །དགེ་མི་དགེའི་རགས་རིམ་ཙམ་ཞིག་བསྡུས་ཀྱི་ཐམས་ཅད་མ་ཡིན་པའི་ཕྱིར་ཅི་རིགས་པར་ཞེས་སྨོས་སོ། །གང་དག་མ་བསྡུས་ཤེ་ན། རེ་ཞིག་མི་དགེ་བའི་ལུས་ཀྱི་ལས་གསུམ་གྱི་སྦྱོར་མཇུག་དང་། ཉོན་མོངས་པ་ཅན་གྱི་ལུས་ཀྱི་ལས་མི་ཚངས་སྤྱོད་དང་རྡེག་པ་དང་འཆིང་བ་ལ་སོགས་པ་དང་། སྲོག་གཅོད་ཀྱི་སྦྱོར་བ་ཡིན་པས་མཚམས་མེད་ལྔའི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཉེ་བ་ལྔའི་མཆོད་རྟེན་འཇིག་པའང་མ་བསྡུས་ཤིང་ངག་གི་ལས་ཆུང་བ་དག་ཀྱང་མ་བསྡུས་ལ། ཡིད་ཀྱི་ལས་ཁྲོ་བ་ལ་སོགས་པ་དགུ་དང་ངོ་ཚ་ཁྲེལ་མེད་དང་སེམས་པ་མི་དགེ་བ་དག་ཀྱང་མ་བསྡུས་སོ། །དེ་བཞིན་དུ་དགེ་བའི་ཕྱོགས་ལའང་ལུས་ཀྱི་དགེ་བ་བདུན་གྱི་སྦྱོར་མཇུག་དང་ལུས་ཀྱི་དགེ་བ་ཆང་མི་འཐུང་བ་དང་ཕྱི་དྲོའི་ཁ་ཟས་སྤོང་བ་ལ་སོགས་པ་དང་སྦྱིན་པ་དང་མཆོད་པ་ལ་སོགས་པ་དང་ངག་གིས་སྙན་པར་སྨྲ་བ་དང་བསྟོད་བ་ལ་སོགས་པ་དང་ཡིད་ཀྱི་སེམས་པ་དགེ་བ་དང་ངོ་ཚ་ཁྲེལ་ཡོད་དང་དད་པ་ལ་སོགས་པ་བཅུ་ཡང་མ་བསྡུས་སོ། །
རྒྱས་པར་བཤད་པ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་། ཀུན་སློང་དང་། གཞི་དང་། ངོ་བོ་དང་། ལས་ཀྱི་ལམ་དུ་དང་སེམས་པ་ལྷན་ཅིག་ཏུ་འབྱུང་བ་དང་། ལྡན་པའི་ཚུལ་དང་། འབྲས་བུ་བཤད་པ་བདུན་ལས་དང་པོ་ནི་ལས་ཀྱི་ལམ་དེ་རྣམས་ལས་མི་དགེ་བ་སྲོག་གཅོད་དང་མ་བྱིན་ལེན་དང་ངག་གི་ལས་བཞི་སྟེ་དྲུག་ནི་གཞན་བྱེད་དུ་འཇུག་པ་ན་རྣམ་པར་རིག་བྱེད་མིན་པའི་རང་བཞིན་ཡིན་ཏེ། དེ་དག་གཞན་བྱེད་དུ་བཅུག་པས་ཀྱང་རང་ཉིད་ལའང་ལས་ཀྱི་ལམ་དུ་འགྱུར་བའི་ཕྱིར་དང་། རང་ལ་དངོས་ཀྱི་རིག་བྱེད་མེད་པའི་ཕྱིར་རོ། །འདོད་ལོག་གཅིག་པུ་ནི་རང་ཉིད་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཀ་ཡིན་ཏེ། ལས་དེ་ནི་བདག་ཉིད་ཀྱིས་བྱས་ན་དངོས་གཞིར་འགྱུར་གྱི་གཞན་བྱེད་དུ་བཅུག་པས་རྫོགས་པ་མ་ཡིན་པའི་ཕྱིར་ཏེ། གཞན་གྱིས་བྱས་པ་ལས་བདག་གིས་བདེ་བ་མི་མྱོང་བས་སོ། །སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་དྲུག་པོ་དེ་དག་ཀྱང་བདག་ཉིད་ཀྱིས་བྱེད་ཅིང་དུས་དེ་ཉིད་ཀྱི་ཚེ་ཤི་བ་ལ་སོགས་པར་གྱུར་ན་རིག་བྱེད་དང་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཀར་འགྱུར་རོ། །(དེ་ཡང་སྲོག་གཅོད་པ་ལ་རེག་བྱེད་ཀྱི་དུས་དེའི་ཚེ་ཤི་ན་གཉིས་ཀ་ཡིན་གྱི་ཕྱིས་ཤི་ན་ནི་རིག་བྱེད་མིན་པ་ཁོ་ན་ཡིན་ནོ། །)བདག་ཉིད་ཀྱིས་བྱས་ཀྱང་སེམས་ཅན་དེ་དུས་ཕྱིས་ཤི་ན་ནི་རིག་བྱེད་མ་ཡིན་པ་ཁོ་ནར་འགྱུར་ཏེ། སྦྱོར་བའི་ཚེ་དངོས་གཞི་མ་བྱུང་བའི་ཕྱིར་དང་། དངོས་གཞིའི་ཚེ་རིག་བྱེད་མེད་པའི་ཕྱིར་རོ། །ཡིད་ཀྱི་ལས་གསུམ་ནི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་མ་ཡིན་ནོ། །
དགེ་བ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལུས་ངག་གི་ལས་ཀྱི་ལམ་གཟུགས་ཅན་བདུན་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་དེ་ནི་གཞན་ལས་ནོད་པས་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཀའོ། །བསམ་གཏན་དང་ཟག་མེད་ཀྱི་ཏིང་ངེ་འཛིན་ལས་སྐྱེས་པའི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྡོམ་པས་བསྡུས་པ་བདུན་ནི་མཉམ་གཞག་གི་སེམས་ཙམ་ལ་རག་ལས་པས་རྣམ་པར་རིག་བྱེད་མིན་པ་ཁོ་ནའོ། །དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་བདུན་པོ་དེ་དག་གི་ཉེར་བསྡོགས་ཏེ་སྦྱོར་བ་རྣམས་ནི་ངེས་པར་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཡིན་ཏེ། ལུས་ངག་གི་རང་བཞིན་ཡིན་པའི་ཕྱིར་རོ། །སྦྱོར་བ་དེ་ཡང་གལ་ཏེ་ཀུན་སློང་ཉོན་མོངས་པ་དྲག་པོའམ་རབ་ཏུ་དང་བ་དྲག་པོས་རྩོམ་ན་ནི་རྣམ་པར་རིག་བྱེད་མིན་པར་ཡང་འགྱུར་བ་ཡིན་ལ། །འོན་ཏེ་ཀུན་སློང་དྲག་པོ་མ་ཡིན་པས་སྦྱོར་བ་རྩོམ་ན་ནི་རིག་བྱེད་ཁོ་ནར་འགྱུར་གྱི་རིག་བྱེད་མ་ཡིན་པར་འགྱུར་བ་མ་ཡིན་ནོ། །དེས་ན་གཅིག་ཏུ་མ་ངེས་པའི་ཕྱིར་རྣམ་པར་བརྟགས་པའི་སྒྲའམ་ཞེས་སྨོས་སོ། །སྦྱོར་བ་ཉེར་བསྡོགས་ལས་བཟློག་པ་རིག་བྱེད་མ་ཡིན་པའི་རང་བཞིན་ནི་ངེས་པར་ཡིན་ལ། རིག་བྱེད་དུ་ནི་འགྱུར་བའམ་ཡང་ན་མ་ཡིན་པ་ནི་ལས་ཀྱི་ལམ་གྱི་མཇུག་ཡིན་ནོ། །ཇི་ལྟར་ཞེ་ན། གལ་ཏེ་ལས་ཀྱི་ལམ་བྱས་ནས་དེ་དང་རྗེས་སུ་མཐུན་པའི་ཆོས་སྤོང་ན་ནི་རིག་བྱེད་དུའང་འགྱུར་ལ། འོན་ཏེ་མི་སྤྱོད་ན་ནི་རིག་བྱེད་མ་ཡིན་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །སྦྱོར་བ་དང་དངོས་དང་མཇུག་གི་ཁྱད་པར་གང་ཞེ་ན། འདི་ལྟར་འགའ་ཞིག་སྲོག་ཆགས་གསོད་པར་འདོད་ནས་ཁྲི་ལ་སོགས་པ་ལས་ལངས་ཏེ་སྲོག་ཆགས་དེའི་དྲུང་དུ་འགྲོ་བ་ལ་སོགས་པ་ནས་མཚོན་བླངས་ཏེ་ལན་གཅིག་གམ་གཉིས་བསྣུན་པར་བྱེད་ཅིང་དངོས་སུ་སྲོག་གཅོད་པར་མི་བྱེད་པའི་བར་ནི་སྦྱོར་བ་ཡིན་ནོ། །བསྣུན་པ་གང་གིས་དངོས་སུ་སྲོག་གཅོད་པར་བྱེད་པ་དེའི་ཚེ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །དེ་ཕྱིན་ཆད་ཀྱི་རིག་བྱེད་མ་ཡིན་པ་དང་། ལྤགས་པ་བཤུ་བ་དང་། འཁྲུད་པ་དང་། ཤ་འཚོང་བ་དང་། འཚེད་པ་དང་ཟ་བ་དང་སྒྲོགས་པ་ལ་སོགས་པའི་རིག་བྱེད་དག་ནི་མཇུག་ཡིན་ནོ། །དེ་བཞིན་དུ་གཞན་གྱི་ནོར་བདག་གིར་བྱ་བར་འདོད་པས་འགྲོ་བ་ནས་བཟུང་སྟེ་ལེན་པ་དང་སྦེད་པ་ལ་སོགས་པ་ནི་མ་བྱིན་པར་ལེན་པའི་སྦྱོར་བ་ཡིན་ནོ། །གང་གི་ཚེ་ཐོབ་པའི་བློ་སྐྱེས་ཏེ་གནས་ནས་སྦགས་པའམ་བདག་གིར་བྱས་པ་དེའི་ཚེའི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐད་ཅིག་ནི་དངོས་ཡིན་ནོ། །དེ་ཕྱིན་ཆད་ནི་མཇུག་ཡིན་ནོ་ཞེས་བྱ་བ་ལ་སོགས་པའང་ཤེས་པར་བྱའོ། །བརྣབ་སེམས་ལ་སོགས་པ་གསུམ་ནི་མངོན་དུ་གྱུར་པ་ཙམ་གྱིས་དངོས་གཞིར་འགྱུར་བའི་ཕྱིར་སྦྱོར་བ་དང་མཇུག་མེད་དོ། །གལ་ཏེ་གསད་བྱ་དེ་འཆི་བའི་སྲིད་པ་ལ་གནས་པ་དེའི་ཚེའི་གསོད་པ་པོའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དེ་ལས་ཀྱི་ལམ་དངོས་ཡིན་ནམ། འོན་ཏེ་ཤི་ཟིན་པ་དེའི་ཚེའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དེ་ཡིན། དང་པོ་ལྟར་ན་གསོད་བ་པོ་དང་གསད་བྱའི་སྲོག་ཆགས་ལྷན་ཅིག་ཤི་བའང་དངོས་སུ་འགྱུར་ན། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ་ཞེས་འཆད་པ་དང་འགལ་ལོ། །གཉིས་པ་ལྟར་ན་བསྣུན་པ་གང་གིས་དངོས་སུ་སྲོག་གཅོད་པར་བྱེད་པ་དེའི་ཚེའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དེ་དངོས་མ་ཡིན་པར་འགྱུར་ཏེ། དེའི་ཚེ་ཤི་བ་མེད་པའི་ཕྱིར་རོ་ཞེ་ན། ཉེས་པ་མེད་དེ། སྲོག་གཅོད་པར་བྱེད་པ་ཞེས་བྱ་བ་ནི་སྦྱོར་བའི་འབྲས་བུ་ལས་ཀྱི་ལམ་དངོས་སུ་རྫོགས་པ་ལ་འདོད་པའི་ཕྱིར་ན་སྲོག་ཆགས་ཤི་བའི་གནས་སྐབས་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་དེ་ཉིད་ལས་ཀྱི་ལམ་དངོས་ཡིན་ནོ། །
འོ་ན་བསྟན་བཅོས་ལས། སྲོག་ཆགས་བསད་ལ་སྲོག་གཅོད་པ་མ་འགགས་པ་ཡོད་དམ་ཞེ་ན། ཡོད་དེ། འདི་ལྟ་སྟེ་དཔེར་ན་སྲོག་ཆགས་ཀྱི་སྲོག་བཅད་ལ་སྦྱོར་བ་མེད་པར་མ་གྱུར་པ་ལྟ་བུའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ་དེར་ནི་མཇུག་ལ་སྦྱོར་བའི་སྒྲར་གསུངས་ཏེ་སྲོག་ཆགས་ཀྱི་སྲོག་ཆད་ཀྱང་འཐུབ་པ་དང་སྙིང་འབྱིན་པ་དང་མགོ་གཅོད་པ་ལ་སོགས་པའི་མཇུག་མ་འགག་པར་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །
སློབ་དཔོན་གྱིས་དེ་ལྟ་ན་ཁྱེད་རང་གི་འདོད་པ་དང་འགལ་ཏེ། ཁྱེད་སྲོག་ཆགས་ཤི་ནས་ལས་ཀྱི་ལམ་དངོས་སུ་འདོད་པས་དེའི་ཚེ་སྲོག་གཅོད་པའི་དངོས་གཞི་མ་འགགས་པའི་ཕྱིར་རོ་ཞེས་བརྗོད་པ་ན། བྱེ་བྲག་ཏུ་སྨྲ་བས་འོ་ན་ནི་བསྟན་བཅོས་དེར་དངོས་ཁོ་ན་ལ་སྦྱོར་བའི་སྒྲར་གསུངས་པས་ཉེས་པ་མེད་དོ་ཞེས་སྨྲས་པ་དང་། སློབ་དཔོན་གྱིས་འོ་ན་དེའི་ཚེའི་རིག་བྱེད་ལས་ཀྱི་ལམ་དངོས་སུ་མི་འགྱུར་ཏེ། ཤི་ཟིན་པ་ལ་རིག་བྱེད་དེས་ཡང་གསོད་པར་མི་ནུས་པའི་ཕྱིར་རོ་ཞེས་བརྗོད་པ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ་དེ་ལྟ་ན་དེའི་ཚེའི་རིག་བྱེད་མ་ཡིན་པའང་དངོས་སུ་མི་འགྱུར་ཏེ། ཤི་ཟིན་པ་ལ་དེས་གསད་པར་མི་ནུས་པའི་ཕྱིར་རོ། དེས་ན་དེའི་ཚེ་མི་ནུས་ཀྱང་རིག་བྱེད་མ་ཡིན་པ་ལས་ཀྱི་ལམ་དངོས་ཡིན་པ་ལྟར་རིག་བྱེད་ཀྱང་དེ་དང་འདྲ་བར་དངོས་ཡིན་ནོ། །དེས་ན་ཤི་ཟིན་པ་ལ་དངོས་སུ་བྱས་ན་དངོས་ལ་སྦྱོར་བའི་སྒྲར་གསུངས་པ་ཡིན་ལ། འཆི་བ་ལ་དངོས་སུ་བྱས་ན་མཇུག་ལ་སྦྱོར་བའི་སྒྲར་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་ཡང་ལས་ཀྱི་ལམ་གཞན་གྱི་སྦྱོར་བ་དང་མཇུག་གཞན་གྱི་དངོས་སུ་འགྱུར་བའང་ཡོད་དེ། འགའ་ཞིག་བསད་པའི་ཕྱིར་གཞན་གྱི་ནོར་འཕྲོག་པ་དང་དེའི་ཆུང་མ་ལ་ཉལ་པོ་བྱེད་པ་དང་རྫུན་སྨྲ་བ་ལ་སོགས་པ་ལྟ་བུའོ། (སློབ་དཔོན་གྱིས་ཡིད་ཀྱི་གསུམ་བྱ་བ་མ་བརྩམས་པའི་ཕྱིར་སྦྱོར་བར་མི་འགྱུར་བར་བཞེད་དོ། །)
གཉིས་པ་ཀུན་སློང་བཤད་པ་ལ་མི་དགེ་བའི་ལས་ཀྱི་ལམ་དེ་དག་ཀྱང་མཐར་ཕྱིན་པར་ནི་འོག་ནས་འབྱུང་བ་ལྟར་ཆགས་སོགས་སོ་སོས་བྱེད་ལ། དང་པོའི་ཀུན་སློང་གི་དབང་དུ་བྱས་ནས་སྦྱོར་བ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་ཏེ། །ལས་ཀྱི་ལམ་དངོས་ནི་སྦྱོར་བས་སྐྱེད་པ་ཡིན་ལ་སྦྱོར་བའང་འདོད་ཆགས་ལ་སོགས་པ་གསུམ་ལས་སྐྱེས་པའི་ཕྱིར་རོ། །འདི་ལྟར་སྲོག་གཅོད་པ་འདོད་ཆགས་ལས་སྐྱེས་པ་ནི་ཤ་ལ་སོགས་པ་ལ་སྲེད་ནས་གསོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་འཁོན་གྱིས་གསོད་པའོ། །གཏི་མུག་ལས་སྐྱེས་པ་ནི་མཆོད་སྦྱིན་བྱེད་པ་རྣམས་དང་། རྒྱལ་པོ་རྣམས་ཀྱི་བསྟན་བཅོས་ལས་མི་མ་རུངས་པ་རྣམས་བསད་ན་བསོད་ནམས་སུ་འགྱུར་རོ་ཞེས་བཤད་དོ་སྙམ་ནས་གསོད་པ་དང་། པར་སིག་པ་རྣམས་ཕ་མ་རྒས་སམ་ནད་ཚབས་ཆེན་པོས་བཏབ་པ་ན་བསད་ན་བསོད་ནམས་སུ་འགྱུར་རོ་ཞེས་བྱ་བ་དང་། སྦྲུལ་དང་སྡིག་པ་དང་སྤྲང་བུ་ཏྲྱཻ་མ་བུ་ཀ་ལ་སོགས་པ་ནི་མི་རྣམས་ལ་གནོད་པར་བྱེད་པའི་ཕྱིར་བསད་ན་བསོད་ནམས་སུ་འགྱུར་རོ་ཞེས་བྱ་བ་དང་། རི་དྭགས་དང་ཕྱུགས་དང་བྱ་ལ་སོགས་པ་ནི་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་བསད་དོ་ཞེས་ཟེར་བ་ཚད་མར་བྱས་ནས་གསོད་པ་དང་། (འཇིག་རྟེན་ཕ་རོལ་མེད་དོ་སྙམ་ནས་གསད་པ།) ལོག་པར་ལྟ་བས་རབ་ཏུ་བཅུག་པའི་སྲོག་གཅོད་པ་རྣམས་ཀྱང་ཡིན་ནོ། །མ་བྱིན་པར་ལེན་པ་འདོད་ཆགས་ལས་སྐྱེས་པ་ནི་ནོར་ལ་སོགས་པ་ལ་སྲེད་པས་ལེན་པའོ། །ཞེ་སྡང་ལས་སྐྱེས་པ་ནི། འཁོར་ལས་འཕྲོག་པའོ། །གཏི་མུག་ལས་སྐྱེས་པ་ནི་རྒྱལ་པོ་རྣམས་ཀྱི་བསྟན་བཅོས་ཚད་མར་བྱས་ནས་མི་སྲུན་པ་ལ་ཆད་པས་གཅོད་པའི་ཕྱིར་འཕྲོག་པ་དང་། བྲམ་ཟེ་རྣམས་ན་རེ། འདི་ཐམས་ཅད་ཚངས་པ་དབང་བ་ཡིན་ལ་བྲམ་ཟེ་རྣམས་ནི་ཚངས་པའི་བུ་ཡིན་པའི་ཕྱིར་འདི་ཐམས་ཅད་ནི་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་ན་བྲམ་ཟེ་རྣམས་དམས་པས་དམང་རིགས་ལ་སོགས་པས་ལོངས་སྤྱོད་པར་ཟད་དོ། །དེ་ལྟ་བས་ན་བྲམ་ཟེ་རྣམས་གཞན་གྱི་ནོར་ལེན་པ་ནི་རང་གི་ནོར་ལེན་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ་(དེ་ཡང་། བྲམ་ཟེ་རྒུད་ཆེ་རྐུ་བ་ཆོས་སུ་བཤད། །ངོ་འཐོན་དུ་ནི་ནོར་འཕྲོག་ནུས་གྱུར་ཀྱང་། །རང་གི་གྲགས་པ་ཉམས་པར་འགྱུར་བས་ན། །དེ་ཕྱིར་མ་མཐོང་བར་ནི་བླང་བར་གྱིས།) ཞེས་ཟེར་ནས་རྐུ་བ་ལྟ་བུ་དང་། ལོག་པར་བལྟ་བས་ལེན་པ་ལྟ་བུའོ། །
འདོད་ལོག་འདོད་ཆགས་ལས་སྐྱེས་པ་ནི་གཞན་གྱི་ཆུང་མ་ལ་ཆགས་པས་ལོངས་སྤྱོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་འཁོན་གྱིས་ལོངས་སྤྱོད་པའོ། །གཏི་མུག་ལས་སྐྱེས་པ་ནི་པར་སིག་པ་རྣམས་མ་ལ་སོགས་པ་ལ་ལོངས་སྤྱོད་པ་དང་། བ་ལང་འབྲང་གི་མཆོད་སྦྱིན་ལས་ཆོ་ག་ཅན་གྱིས་ཆུ་བཏུང་ངོ་རྩྭ་བཅད་དོ། །མའི་གན་དུ་ཉལ་པོ་ལ་འགྲོའོ། །སྲིང་མོའི་གན་དུ་འགྲོའོ། །རུས་གཅིག་པའི་གན་དུ་འགྲོའོ། །ཞེས་བཤད་པའི་རྗེས་སུ་འབྲངས་ནས་དེ་དག་ལ་ལོངས་སྤྱོད་པ་ལྟ་བུའོ། །ཁ་ཅིག་ནུབ་ཕྱོགས་ཀྱི་བྲམ་ཟེ་མཆུ་སྐྱེས་ཞེས་བྱ་བ་དག་ན་རེ་བུད་མེད་ནི་གཏུན་དང་། མེ་ཏོག་དང་། འབྲས་བུ་དང་། ཟས་སྨིན་པ་དང་ངོགས་དང་། ལམ་དང་འདྲ་བའི་ཕྱིར་སྤྱད་ཀྱང་ཉེས་པ་མེད་པས་ཐམས་ཅད་ཀྱིས་སྤྱད་པར་བྱའོ་ཞེས་ཟེར་བ་དང་མཐུན་པར་བྱེད་པ་དང་། ལོག་ལྟས་བཅུག་པའོ། །རྫུན་ལ་སོགས་པ་ཆགས་པ་ལས་སྐྱེས་པ་ནི་བདག་དང་མཛའ་བོ་སྐྱོབ་པའི་ཕྱིར་དང་། རྙེད་པ་དང་བཀུར་སྟིའི་ཕྱིར་སྨྲའོ། །ཞེ་སྡང་ལས་སྐྱེས་པ་ནི་འཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་སྐྱེས་པ་ནི། རྒྱལ་པོ་གཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་རྐུན་འཕྲོགས་ཚེ་རྫུན་བྱས་གནོད་མེད་དེ། །རྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད་ཅེས་དྲང་སྲོང་དག་གིས་རྒྱལ་པོ་ལ་སྨྲས་པའི་རྗེས་སུ་འབྲངས་ནས་དེ་དག་གི་ཚེ་དང་ལོག་ལྟས་སྨྲ་བ་ལྟ་བུའོ། །ཕྲ་མ་ལ་སོགས་པ་གཏི་མུག་ལས་སྐྱེས་པ་ནི་ལོག་ལྟས་ཀུན་ནས་བསླང་བ་དང་། ཕྱི་རོལ་པའི་རིག་བྱེད་ལ་སོགས་པའི་བསྟན་བཅོས་ངན་པ་ལ་ཞེན་པའི་བློས་འདོན་པའོ། །གལ་ཏེ་བརྣབ་སེམས་ལ་སོགས་པ་འདོད་ཆགས་ལ་སོགས་པས་ཇི་ལྟར་སློང་སྟེ་དེ་དག་ཉིད་ཀུན་སློང་གི་བསམ་པ་ཡིན་པའི་ཕྱིར་རོ་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་པོ་དེའི་མཇུག་ཐོག་ལས་བྱུང་བའི་ཕྱིར་བརྣབ་སེམས་ལ་སོགས་པའང་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་ཏེ།
རིན་པོ་ཆེའི་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་འབྱུང་བ་ལྟར་དེ་དག་ནི་མི་དགེ་པའི་རྩ་བ་གསུམ་པོས་ཅི་རིགས་པར་ཀུན་ནས་སློང་བ་ཡིན་པའི་ཕྱིར་རོ། །དགེ་བའི་ལས་ཀྱི་ལམ་དངོས་སྦྱོར་བ་དང་མཇུག་དང་བཅས་པ་རྣམས་ནི་ཁྱད་པར་མེད་པར་ཆགས་པ་མེད་པ་དང་སྡང་བ་མེད་པ་དང་གཏི་མུག་མེད་པ་ལས་སྐྱེས་པ་ཡིན་ཏེ། དེ་དག་གིས་ཀུན་ནས་བསླང་བའི་ཕྱིར་དང་། མཚུངས་པར་ལྡན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ལས་སྐྱེས་པ་ནི་དགེ་བར་མི་རུང་བའི་ཕྱིར་དང་། དགེ་བ་དག་ནི་དགེ་བའི་སེམས་ལས་སྐྱེ་བའི་ཕྱིར་རོ། །དགེ་བའི་ལས་ཀྱི་ལམ་གྱི་སྦྱོར་དངོས་མཇུག་གསུམ་ནི་རིམ་པ་ལྟར་མི་དགེ་བའི་ལས་ཀྱི་ལམ་གྱི་སྦྱོར་དངོས་མཇུག་གསུམ་སྤོང་བ་ཉིད་ཡིན་ཏེ། འདི་ལྟར་དགེ་ཚུལ་བསྙེན་པར་རྫོགས་པར་བྱེད་པ་ན་སྡོམ་པའི་སྦྱོར་བ་ནི་གནས་སུ་འཇུག་པ་དང་མཁན་སློབ་དང་དགེ་འདུན་ལ་ཕྱག་འཚལ་བ་དང་མཁན་པོ་ལ་གསོལ་བ་འདེབས་པ་ལ་སོགས་པ་ནས་ལས་ལན་གཉིས་བརྗོད་པ་ཡན་ཆད་དོ། །ལས་ལན་གསུམ་པ་བརྗོད་པའི་ཐ་མའི་དུས་ཀྱི་རིག་བྱེད་དང་དེའི་སྐད་ཅིག་གི་རིག་བྱེད་མ་ཡིན་པ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །དེ་ཕྱིན་ཆད་གནས་བསྐོ་བ་དང་། དེའི་རྟེན་རྣམ་པར་རིག་པར་བྱེད་བ་དང་། ཇི་སྲིད་དུ་རིག་བྱེད་མ་ཡིན་པ་རྗེས་སུ་འབྲང་བ་སྡོམ་པ་མ་བཏང་བ་དེ་སྲིད་ནི་མཇུག་ཡིན་ནོ། །གལ་ཏེ་མི་དགེ་བའི་ལས་ཀྱི་ལམ་དེ་དག་ཀུན་ནས་སློང་བ་ན་འདོད་ཆགས་ལ་སོགས་པ་གསུམ་ཆར་གྱིས་ཅི་རིགས་པར་སློང་ལ་དེ་དག་རྫོགས་ཤིང་མཐར་ཕྱིན་པར་བྱེད་པ་ནི་འདོད་ཆགས་ལ་སོགས་པ་སོ་སོས་བྱེད་དོ་ཞེས་བཤད་ན་དེ་དག་གང་ཞིག་གང་གིས་མཐར་ཕྱིན་པར་བྱེད་ཅེ་ན་གསོད་པ་སྲོག་གཅོད་དང་གནོད་སེམས་དང་ཚིག་རྩུབ་པོ་གསུམ་(དང་པོས།) ནི་སེམས་ཅན་ཡོངས་སུ་འདོར་བ་དང་(གཞན་གཉིས་)རྩུབ་པའི་སེམས་མངོན་དུ་གྱུར་པའི་ཕྱིར་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་དོ། །
འདོད་པས་ལོག་པར་གཡེམ་པ་དང་བརྣབ་སེམས་དང་མ་བྱིན་པར་ལེན་པ་རྣམས་ནི་ཆགས་པ་ཡིས་རྫོགས་པར་བྱེད་ལ། ལོག་པར་ལྟ་བ་ནི་ཆེར་རྨོངས་ན་ལོག་པར་ལྟ་བས་གཏི་མུག་གིས་རྫོགས་པར་བྱེད་དོ། །ལྷག་མ་རྫུན་ཕྲ་མ་ངག་ཀྱལ་རྣམས་ནི་འདོད་ཆགས་ལ་སོགས་པ་གསུམ་གྱིས་ཅི་རིགས་པར་རྫོགས་ཤིང་མཐར་ཕྱིན་པར་བྱེད་པར་འདོད་དོ། །གསུམ་པ་གཞི་བཤད་པ་ནི་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་པ་ལ་སོགས་པ་བཞིའི་གཞི་ནི་གོ་རིམ་བཞིན་དུ་གསོད་བྱ་ལ་སོགས་པའི་སེམས་ཅན་དང་། རེག་བྱ་ལ་སོགས་པའི་ལོངས་སྤྱོད་དང་། ཕུང་པོ་ལྔ་ཆར་ལ་སྐུར་བ་འདེབས་པས་མིང་དང་གཟུགས་དང་། རྫུན་ལ་སོགས་པ་ངག་ཡིན་ཞིང་ངག་མིང་ལ་འཇུག་པས་མིང་ཡིན་ནོ། །ཡང་ན་ཚིག་རྩུབ་ཀྱི་གཞི་སེམས་ཅན་ཡིན་པ་ལྟར་རྫུན་ལ་སོགས་པ་གསུམ་གྱིའང་ཡིན་ལ། གསུམ་གྱི་གཞི་མིང་ཡིན་པ་ལྟར་ཚིག་རྩུབ་ཀྱིའང་ཡིན་ནོ་ཞེས་ཕན་ཚུན་མཚོན་པའོ་ཞེས་གསུངས་ངོ་། །
འདིར་གཞིའི་སྒྲ་ནི་རྟེན་ནམ་ཡུལ་ལ་བརྗོད་པ་ཡིན་ཏེ་གསོད་པ་ལ་སོགས་པ་ནི་སེམས་ཅན་ལ་འཇུག་པའི་ཕྱིར་དང་། འདོད་ལོག་ལ་སོགས་པ་ནི་ལོངས་སྤྱོད་ལ་འཇུག་པའི་ཕྱིར་དང་། ལོག་ལྟ་ནི་ཕུང་པོ་ལྔ་ག་ལ་སྐུར་བ་འདེབས་པའི་ཕྱིར་དང་། རྫུན་ལ་སོགས་པ་ནི་ངག་ཡིན་ལ་དེ་མིང་ལ་འཇུག་པའི་ཕྱིར་རོ། །སྲོག་གཅོད་པ་ལ་ཁྱད་པར་བརྗོད་པ་ནི་གང་ཞིག་གིས་ཕ་རོལ་པོ་འཆི་ངེས་པར་བྱས་ཏེ་རང་ཉིད་ཕ་རོལ་པོ་འཆི་བའི་སྔ་རོལ་དང་ཕ་རོལ་དང་གསོད་པ་པོ་མཉམ་དུ་ཤི་བ་དེ་ལ་ནི་སྲོག་གཅོད་པའི་སྦྱོར་བས་རེག་པར་འགྱུར་གྱི་ལས་ཀྱི་ལམ་དངོས་དང་མཇུག་འབྱུང་བ་མེད་དེ། གང་ཞིག་བསད་པར་བྱ་བ་དེ་མ་ཤི་བར་ནི་སྲོག་གཅོད་པའི་ཁ་ན་མ་ཐོ་བ་བྱུང་བར་མི་རིགས་ལ་དེ་ཤི་བ་ན་ནི་གསོད་པ་པོའང་ཤི་སྟེ་ལུས་གང་གིས་སྦྱོར་བ་བྱས་པའི་ལུས་དེ་ལ་བརྟེན་ནས་འབྲས་བུ་རྫོགས་པ་ཡིན་པ་ན་སྲོག་ཆད་པའི་ཚེ་སྦྱོར་བ་བྱེད་པ་པོའི་ལུས་(དེ་དང་སྐལ་བ་མི་མཉམ་པའི་)ལས་གཞན་པའི་ལུས་སྐྱེས་པའི་ཕྱིར་རོ། །(དེར་འགྱུར་བ་ལ་གང་གིས་སྦྱོར་བ་བྱས་པ་དེ་ལ་དངོས་གཞི་འགྲུབ་དགོས་པས་སོ། །)
དེ་ཉིད་ཀྱི་ཕྱིར་མདོ་ལས། སྦྱོར་བ་ཡང་བྱས་ལ་འབྲས་བུ་ཡང་ཡོངས་སུ་རྫོགས་པར་གྱུར་ཀྱང་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་བ་ལྟ་མཆིས་སམ། བཀའ་སྩལ་པ་ཡོད་དེ། འདི་ལྟ་སྟེ་གསོད་པ་པོ་སྔར་རམ་མཉམ་དུ་ཤི་བ་ལྟ་བུའོ་ཞེས་གསུངས་སོ། །འོ་ན་མང་པོ་ཚོགས་ཏེ་གྲོས་བྱས་ནས་དམག་དང་རི་དྭགས་ཀྱི་ལིངས་དང་རྒྱར་འཆུབ་ལ་སོགས་པ་བྱེད་པ་ན་དངོས་སུ་གཅིག་གིས་སེམས་ཅན་སྲོག་དང་བྲལ་བར་བྱས་པ་ན་གཞན་དེ་དག་སྲོག་གཅོད་པ་ལ་སོགས་པ་དང་ལྡན་པར་འགྱུར་རམ་མི་འགྱུར་ཞེ་ན། །དམག་དང་རི་དྭགས་ཀྱི་ལིངས་ལ་སོགས་པ་ནི་སེམས་ཅན་དེ་གསོད་པ་ལ་སོགས་པ་བྱེད་པར་དོན་གཅིག་ལ་ཞུགས་པའི་སྦྱོར་བ་ཅན་ཡིན་པའི་ཕྱིར་དངོས་སུ་གསོད་པ་པོ་མ་ཡིན་པ་ཐམས་ཅད་ལའང་དངོས་སུ་གསོད་པར་བྱེད་པ་པོ་བཞིན་དུ་སྲོག་གཅོད་པའི་དངོས་ཀྱི་ལས་ཀྱི་ལམ་དང་ལྡན་ནོ། །འོ་ན་གང་ཞིག་ནན་གྱིས་ཁྲིད་པ་དེ་ལས་ཀྱི་ལམ་དང་ལྡན་ནམ་ཞེ་ན། དེ་ནི་དམག་ལ་སོགས་པའི་ཚོགས་པ་ན་ཡོད་ཀྱང་གལ་ཏེ་རང་གི་སྲོག་ལ་ཐུག་ཀྱང་གཞན་གྱི་སྲོག་མི་གཅོད་དོ་སྙམ་དུ་ངེས་པར་བྱས་ཏེ་འགྲོ་ན་ནི་དེ་ལ་སྲོག་གཅོད་པས་རིག་པར་མི་འགྱུར་ལ། འོན་ཏེ་བསམ་པ་ངེས་པ་དེ་ལྟ་བུ་མེད་ན་ནི་ལྡན་པར་འགྱུར་རོ། །
བཞི་པ་ངོ་བོ་བཤད་པ་ནི་སྲོག་གཅོད་པ་ནི་འདི་བསད་དོ་སྙམ་དུ་བསམས་བཞིན་དུ་གསོད་པ་དང་། མ་ནོར་བར་གསོད་པ་དང་། གཞན་བསད་པའི་ཡན་ལག་གསུམ་དང་ལྡན་པས་གསོད་པའོ། །བསམས་བཞིན་དུ་ཞེས་བྱ་བས་ནི་གཅེར་བུ་པ་དག། བསྲེགས་པར་མ་བསམས་ཀྱང་མེ་ལ་རེག་ན་འཚིག་པ་ལྟར་མ་བསམས་བར་རྐང་པའི་འོག་ཏུ་སྲོག་ཆགས་ཤི་བ་དང་། སེམས་ཅན་གྱི་བསམ་པ་མེད་པ་ཤིང་གཅོད་པ་ལ་སོགས་པའང་སྲོག་གཅོད་པའི་ཉེས་པ་དང་ལྡན་ནོ་ཞེས་ཟེར་བ་སྤངས་ཏེ། གལ་ཏེ་གསོད་པའི་བསམ་པ་མེད་པར་འཆི་བའི་རྐྱེན་བྱས་པ་ཙམ་གྱིས་སྲོག་གཅོད་པར་འགྱུར་ན་ཕ་མ་རྣམས་བུ་དང་བུ་མོ་ཤི་བ་ན་སྲོག་གཅོད་དང་ལྡན་པར་འགྱུར་ཏེ། དེ་དག་བསྐྱེད་པ་ཉིད་ཀྱིས་འཆི་བའི་རྒྱུ་བྱས་པའི་ཕྱིར་རོ། །དེ་བཞིན་དུ་སྨན་པ་རྣམས་ཀྱིས་སྨན་སྤྱད་ཉེས་པ་དང་། ཡོན་བདག་རྣམས་ཀྱིས་བསོད་སྙོམས་ཕུལ་བ་ན་གསོལ་དྲགས་ཏེ་གསུང་དེ་ཤི་ན་སྨན་པ་དང་ཡོན་བདག་རྣམས་ཀྱང་སྲོག་གཅོད་པ་དང་ལྡན་པར་འགྱུར་རོ། །གལ་ཏེ་དེ་དག་ལ་གསོད་པའི་བསམ་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱིས་ན་བསམས་བཞིན་དུ་ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་དྲན་པ་ཉེར་གཞག་ལས། རྒྱུ་ལྔས་སྲོག་གཅོད་པ་བྱས་ཀྱང་ཁ་ན་མ་ཐོ་བས་གོས་པར་མི་འགྱུར་ཏེ། འདི་ལྟ་སྟེ་ལམ་དུ་ཞུགས་པ་ན་མི་ཤེས་པས་སྲོག་ཆགས་ཕྲ་མོ་དང་གྲོག་སྦུར་ལ་སོགས་པ་སྲོག་དང་བྲལ་བར་བྱེད་པ་དང་། གཞན་ལ་མཚོན་ཆ་གཟས་པ་ལས་བསམ་པ་དང་མི་ལྡན་པ་གཞན་ལ་ཕོག་སྟེ་དེ་སྲོག་དང་བྲལ་བ་དང་། ནད་པ་ལ་སྨན་པ་ཕན་པར་འདོད་པས་ཉེས་པར་མ་མཐོང་སྟེ་སྨན་བྱིན་པ་ལས་དེ་ཤི་བ་དང་། མས་བུ་འདུལ་བའི་ཕྱིར་བརྡེགས་བ་ལས་དེ་སྲོག་དང་བྲལ་བ་དང་། མེ་འབར་བའི་ནང་དུ་སྲོག་ཆགས་མི་འདོད་བཞིན་དུ་ལྷུང་བ་སྟེ་རྒྱུ་དེ་ལྔས་སོ་ཞེས་གསུངས་སོ། །ནོར་བར་བསད་པ་དང་བདག་བསད་པས་ནི་སྲོག་གཅོད་པའི་སྦྱོར་བ་ཙམ་དུ་འགྱུར་གྱི་དངོས་སུ་ནི་མི་འགྱུར་ཏེ། དང་པོ་ལ་བསམས་པའི་དོན་མ་རྫོགས་པའི་ཕྱིར་དང་། གཉིས་པ་ལ་རྫོགས་པ་ན་ལུས་གཞན་སྐྱེས་པའི་ཕྱིར་རོ། །སྲོག་ཅེས་བྱ་བ་ཅི་ཡིན་ཞེ་ན། ལུས་སེམས་ལ་བརྟེན་ནས་འཇུག་པའི་རླུང་དང་རྣམ་ཤེས་ལ་མི་འཁྲུལ་བའི་དྲོད་དང་རྣམ་ཤེས་རིས་མཐུན་པར་གནས་པ་དང་སྲོག་གི་དབང་པོ་རྣམས་ལ་ཅི་རིགས་པར་སྲོག་ཅེས་བྱ་ལ་དེ་དག་གཅོད་པའི་ཕྱིར་སྲོག་གཅོད་པའོ། །
དེ་ལྟར་ཡང་མདོ་ལས། གང་ཚེ་ཚེ་དང་དྲོད་རྣམ་ཤེས། །འདི་དག་གིས་ནི་ལུས་འདོར་ཞིང། །བོར་བས་དེ་ཚེ་འདུག་པ་ནི། །ཇི་ལྟར་ཤིང་ལ་སེམས་མེད་བཞིན་ཞེས་གསུངས་སོ། །(ཐེ་ཚོམ་ཟ་ནས་གང་ཡིན་བསད་སྙམ་ནས་བསད་པའང་དངོས་ཡོད་དོ། །)མ་བྱིན་པར་ལེན་པ་ནི་གཞན་གྱིས་བདག་གིར་བཟུང་བའི་ནོར་དབང་གིས་འཕྲོག་པའི་མཐུ་དང་མ་ཚོར་བར་འཇབ་བུས་བདག་གིར་བྱེད་པའོ། །(རྫས་མངོན་དུ་གྱུར་པ་ལ་ཐོབ་བློ་སྐྱེས་པ་ན་དངོས་གཞིར་འགྱུར་རོ། །)འདིར་ཡང་བསམས་བཞིན་དུ་མ་ནོར་བར་ཞེས་ཤེས་པར་བྱ་སྟེ། མ་བསམས་པར་བདག་གི་ནོར་གྱི་གསེབ་ཏུ་གཞན་གྱི་ནོར་བླངས་པ་ལ་ནི་ཉེས་པ་མེད་པའི་ཕྱིར་དང་། ནོར་བར་གཞན་གྱི་ནོར་བླངས་པ་ནི་སྦྱོར་བའི་ཉེས་པར་འགྱུར་གྱི་དངོས་མེད་པའི་ཕྱིར་རོ། །འོ་ན་མཆོད་རྟེན་གྱི་དཀོར་ཕྲོགས་པ་དང་གཏེར་བྲུས་པ་(དང་ཤི་བའི་ནོར་བླངས་ན་གང་ལས་མ་བྱིན་ལེན་དུ་འགྱུར་ཞེ་ན།) ལས་མ་བྱིན་པར་ལེན་པར་མི་འགྱུར་ཏེ། གཞན་གྱིས་བདག་ཏུ་མ་གཟུང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མཆོད་རྟེན་གྱི་དཀོར་ནི་སངས་རྒྱས་དང་མཆོད་རྟེན་གྱི་སྲུངས་མ་དག་གིས་བཟུང་བའི་ཕྱིར་དང་། གཏེར་ནི་ཡུལ་གྱི་བདག་པོས་ཡོངས་སུ་བཟུང་བའི་ཕྱིར་རོ། །
ཤི་བའི་ནོར་བླངས་པ་ནི་ཁྱིམ་པ་ཡིན་ན་ཉེ་དུ་རྣམས་ཀྱིས་བཟུང་བའི་ཕྱིར་དང་། རབ་ཏུ་བྱུང་བ་ཡིན་ན་དགེ་འདུན་གྱིས་བཟུང་བའི་ཕྱིར་དེ་དག་ལས་མ་བྱིན་པར་ལེན་པར་འགྱུར་པའི་ཕྱིར་རོ། །དེ་ལའང་དང་པོ་ཐ་མའི་ཆོ་གའམ་གསོལ་བའི་ལས་བྱས་ན་མཚམས་ནང་དེའི་དགེ་འདུན་ལས་མ་བྱིན་ལེན་དུ་འགྱུར་ལ། མ་བྱས་ན་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་མ་བྱིན་ལེན་དུ་འགྱུར་ཏེ། ལུང་གོས་ཀྱི་གཞི་ལས། གསོལ་བའམ་ཐོག་མ་དང་ཐ་མ་མ་བྱས་པའི་ཤི་བའི་ཡོ་བྱད་ཀྱི་རྙེད་པ་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །བགྲོད་པར་བྱ་བ་མིན་པ་རྣམ་པ་བཞིར་འགྲོ་བ་འདོད་པ་ཡིས་ལོག་པར་སྤྱོད་པའི་ཕྱིར་འདོད་པས་ལོག་པར་གཡེམ་པ་རྣམ་པ་བཞི་སྟེ། བགྲོད་པར་བྱ་བ་མ་ཡིན་པ་དང་། ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པར་བགྲོད་པའོ། །དེ་ལ་དང་པོ་ནི་གཞན་གྱིས་བཟུང་བའི་བུད་མེད་རྣམས་དང་མ་དང་བུ་མོ་དང་ཕ་མ་དང་བདུན་རྒྱུད་དུ་འབྲེལ་པ་རྣམས་སོ། །དེ་ལ་དགེ་སྦྱོང་མ་རྣམས་ནི་ཡུལ་གྱི་བདག་པོས་ཡོངས་སུ་བཟུང་བའི་ཕྱིར་དང་། གཞོན་ནུ་མ་རྣམས་ནི་གང་ལ་བྱིན་པ་དེ་ལས་དང་། བྱིན་པ་མེད་ན་དེའི་ཕ་མ་དང་མིང་པོ་ལ་སོགས་པ་དང་། སྲུང་བ་གཞན་མེད་ན་ཐ་ན་རྒྱལ་པོ་ལ་ལྟོས་ནས་ཀྱང་དེས་ཡོངས་སུ་བཟུང་བའི་ཕྱིར་གཞན་གྱིས་བཟུང་བའི་ནང་དུ་གཏོགས་སོ། །
རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང་། དྲན་པ་ཉེར་གཞག་ལས་ནི། སྐྱེས་པ་དང་མ་ནིང་དང་དུད་འགྲོ་ལ་སོགས་པ་ཡང་བགྲོད་པར་བྱ་བ་མ་ཡིན་པར་བཤད་དོ། །གཉིས་པ་ནི་ཁ་དང་བཤང་བའི་ལམ་ལ་སོགས་པ་རྨའི་སྒོ་གཞན་དུ་སྩོལ་བ་སྟེ། དེ་དག་ཀྱང་རང་གི་ཆུང་མ་ཡིན་ཡང་འདོད་ལོག་ཏུ་འགྱུར་ན་གཞན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་ལ་ཚོད་ནི་ལན་ལྔའི་བར་དུ་བྱེད་པ་ཡིན་ལ། དེ་ལས་ལྷག་པ་ནི་ཚོད་མ་ཡིན་པའོ་ཞེས་འབྱུང་བས་ལན་ལྔ་ལས་ལྷག་པ་བྱེད་པའི་ཚོད་མ་ཡིན་པ་དང་ལྔར་འགྱུར་བའམ། ཡང་ན་དེ་ཉིད་ལས། དེའི་ཚོད་ལས་ལྷག་པ་ན་དུས་མ་ཡིན་པ་ཞེས་བྱའོ་ཞེས་དུས་མ་ཡིན་པར་འདུས་པར་ཡང་བཤད་དོ། །
གསུམ་པ་ནི་སྣང་བ་དང་བཅས་པ་དང་། སྐྱེ་བོ་མང་པོའི་མངོན་སུམ་དང་། གང་དུ་དེ་ལ་གནོད་པའི་ས་ཕྱོགས་འབར་འབུར་ཅན་དང་སྲབ་མོ་ལ་སོགས་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་དང་། རང་གི་ཕ་མ་དང་། སློབ་དཔོན་དང་བླ་མ་དང་། དགེ་སྦྱོང་ལ་སོགས་པའི་དྲུང་དུ་སྤྱོད་པ་སྟེ། དེ་དག་ནི་རང་གི་ཆུང་མ་ལ་སྤྱོད་པའང་ལོག་གཡེམ་དུ་འགྱུར་རོ། །བཞི་པ་ནི་སྦྲུམ་མ་དང་ནུ་ཞོ་འཐུང་བ་དང་འཁྲིག་པ་སྤྱད་དུ་མི་རུང་བའི་ནད་ཀྱིས་ཐེབས་པ་དང་མྱ་ངན་གྱིས་ཡིད་མི་བདེ་བ་དང་ཉིན་པར་དང་བསྙེན་གནས་ལ་གནས་པའོ་དུས་ཏེ་དེ་དག་ཏུ་རང་གི་ཆུང་མ་ཡིན་ཡང་འདོད་ལོག་ཏུ་འགྱུར་རོ། །འདིར་ཡང་མ་ནོར་བར་ཞེས་ཤེས་པར་བྱ་སྟེ། ནོར་བ་ལ་ནི་དེའི་ཉེས་པ་མེད་པའི་ཕྱིར་རོ། །(རབ་བྱུང་ཡིན་ན་ཕམ་པར་འགྱུར།) དེའི་ཕྱིར་གཞན་གྱི་ཆུང་མ་ལ་རང་གིར་འདུ་ཤེས་ནས་སྤྱད་པ་ལ་ནི་འདོད་ལོག་ཏུ་མི་འགྱུར་རོ། །འོ་ན་གཞན་གྱི་ཆུང་མ་ལ་གཞན་ཞིག་གི་ཆུང་མར་འདུ་ཤེས་ཏེ་སྤྱད་ནའང་འདོད་ལོག་ཏུ་མི་འགྱུར་ཏེ། མ་ནོར་བ་མེད་པའི་ཕྱིར་རོ་ཞེ་ན། སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ་ཁྱད་པར་ལ་འདུ་ཤེས་འཁྲུལ་བར་གྱུར་ཀྱང་སྤྱིར་གཞན་གྱི་ཆུང་མར་འདུ་ཤེས་པ་མ་འཁྲུལ་བས་སྦྱོར་བ་བྱས་པའི་ཕྱིར་དང་། དངོས་པོའང་རྫོགས་པར་སྤྱད་པའི་ཕྱིར་འགྱུར་རོ་ཞེས་ཟེར་རོ། །ཁ་ཅིག་ནི་སྦྱོར་བའི་ཚེ་གཞན་དུ་འདུ་ཤེས་པས་དངོས་ཀྱི་ཚེ་གཞན་ལ་སྤྱད་པའི་ཕྱིར་མི་འགྱུར་ཏེ་དཔེར་ན་སྲོག་གཅོད་པ་བཞིན་ནོ་ཞེས་ཟེར་ཏེ་ལུགས་སྔ་མ་ཡིན་ནོ། །དེ་དག་ནི་ལུས་ཀྱི་ལས་གསུམ་མོ། །
རྫུན་གྱི་ཚིག་ནི་སྨྲ་བ་པོ་རང་གིས་ས་དོན་སྨྲ་བ་གང་ཡིན་པ་དེ་ལ་ཕ་རོལ་པོ་འདུ་ཤེས་གཞན་དུ་བསྒྱུར་བའི་བསམ་པས་མི་བདེན་པ་སྨྲས་པས་ཚིག་དེའི་དོན་མངོན་པར་གོ་བའོ། །འདིར་ཡང་བསམས་བཞིན་དུ་ཞེས་བྱ་བ་དང་མ་ནོར་བར་ཞེས་ཤེས་པར་བྱ་སྟེ། མ་བསམས་པ་དང་ནོར་བ་ལ་དངོས་མེད་པའི་ཕྱིར་རོ། །ཚིག་དོན་མངོན་པར་གོ་བའོ་ཞེས་བྱ་བ་ནི་ཕྲ་མ་ལ་སོགས་པ་ལའང་ཤེས་པར་བྱའོ། །(མཐོང་དང་མ་མཐོང་ཐོས་མ་ཐོས། །རྟོགས་དང་མ་རྟོགས་ཤེས་མ་ཤིས། །ཇི་བཞིན་སྨྲ་བ་འཕགས་པ་ཡི། །ཐ་སྙད་འདོད་པ་བྱིས་པ་ཡིན། །ཞེས་སོ། །)འོ་ན་བརྒྱད་ཚན་བརྒྱད་པའི་མདོ་ལས། འཕགས་པ་མ་ཡིན་པའི་ཐ་སྙད་བརྒྱད་དང་འཕགས་པའི་ཐ་སྙད་བརྒྱད་དེ་བཅུ་དྲུག་བཤད་པ་ལ་མཐོང་བ་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པ་ལ་མ་མཐོང་བར་སྨྲ་བ་ལ་སོགས་བཞི་དང་། མ་མཐོང་བ་ལ་སོགས་པ་བཞི་ལ་མཐོང་བ་ལ་སོགས་པར་སྨྲ་བ་བཞི་སྟེ་བརྒྱད་ནི་བྱིས་པའི་ཐ་སྙད་དེ་རྫུན་དུ་འགྱུར་རོ། །མཐོང་བ་ལ་མཐོང་བ་ལ་སོགས་པར་སྨྲ་བ་བཞི་དང་། མ་མཐོང་བ་ལ་མ་མཐོང་བ་ལ་སོགས་པར་སྨྲ་བ་བཞི་སྟེ་བརྒྱད་ནི་འཕགས་པའི་ཐ་སྙད་དེ་བདེན་པའི་དོན་ཅན་ཡིན་ནོ་ཞེས་འབྱུང་བའི་མཐོང་བ་ལ་སོགས་པ་བཞི་ཉིད་གང་ཞེ་ན། མིག་གི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་མཐོང་བ་ཡིན་ནོ། །རྣ་བའི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཐོས་པ་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཡིན་ནོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་ཤེས་གསུམ་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རྟོགས་པ་ཡིན་ཏེ་དེ་ལྟར་ན་རིམ་པ་བཞིན་དུ་བཤད་དོ། །དེ་ལ་དྲི་རོ་རེག་བྱ་གསུམ་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་པས་རྣམ་སྨིན་འབྱིན་མི་ནུས་པའི་ཕྱིར་ཤི་བ་དང་འདྲ་བར་ནུས་པ་ཆུང་བས་རྟོགས་པ་ཞེས་བྱ་སྟེ། །རྟོགས་པའི་སྒྲ་ནི་ཤི་བར་ཡང་འདྲེན་པའི་ཕྱིར་རོ། །
ཡང་ཁ་ཅིག་ན་རེ་ཤི་བའི་རོ་ལ་དགེ་མི་དགེ་གཉིས་རྗེས་སུ་མི་འཇུགས་ལ་ལུང་མ་བསྟན་རྗེས་སུ་འཇུག་པ་ལྟར་གསུམ་པོ་དེ་དག་ཀྱང་ལུང་མ་བསྟན་ཡིན་པས་ཤི་བ་དང་འདྲའོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟར་ཡིན་པར་གང་གིས་ཤེས་ཤེ་ན། ལུང་དང་རིགས་པ་ལས་ཏེ། དེ་ལ་ལུང་ནི་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་གྱིས་ཞུས་པའི་མདོ་ལས། མཆོད་བྱེད་མ་ཅན་ཇི་སྙམ་དུ་སེམས་གཟུགས་གང་དག་ཁྱོད་ཀྱི་མིག་གིས་མ་མཐོང་སྟེ་སྔོན་མ་མཐོང་ཞིང་མི་བལྟ་ལ་ཁྱོད་ནི་འདི་སྙམ་དུ་བལྟ་བར་བྱའོ་སྙམ་དུའང་མི་སེམས་ན་གཞི་དེ་ལས་ཁྱོད་འདུན་པའམ། འདོད་ཆགས་སམ། འདོད་པའམ། དགའ་བའམ། ཆགས་པའམ། འཆམས་པའམ། ལྷག་པར་ཆགས་པ་སྐྱེའམ། བཙུན་པ་མ་ལགས་སོ་ཞེས་པ་དང་། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་བར་ལ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་ཤེས་ལའང་སྦྱར་ཏེ་རྒྱས་པར་གསུངས་ནས་མདོར་བསྡུ་བའི་ཕྱིར་མཆོད་བྱེད་ཀྱི་མ་ཅན་ཁྱོད་འདི་ལ་མཐོང་ནའང་མཐོང་བ་ཙམ་དུ་འགྱུར་ལ། ཐོས་པ་དང་། རྟོག་པ་དང་། རྣམ་པར་ཤེས་ནའང་རྣམ་པར་ཤེས་པ་ཙམ་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར། མིག་དང་། རྣ་བ་དང་ཡིད་ཤེས་གསུམ་གྱི་ཡུལ་གསུམ་ནི་བང་གི་མིང་གིས་བསྟན་པས་རྟོགས་པའི་སྒྲས་དྲི་ལ་སོགས་པ་གསུམ་གཟུང་བར་དོན་གྱིས་གོ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དྲི་ལ་སོགས་པ་གསུམ་ལ་ཐ་སྙད་འདོགས་པ་རྒྱུན་ཆད་པར་འགྱུར་ཏེ། དེ་དག་མཐོང་བ་ལ་སོགས་པའི་ནང་དུ་ནི་མ་གཏོགས་ལས་རྟོགས་པའང་མ་ཡིན་པའི་ཕྱིར་རོ། །ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །
སློབ་དཔོན་འདུན་བཟང་ན་རེ་གང་ཞིག་རང་གི་དབང་པོ་དང་ཕྲད་པ་དེ་ནི་རྟོགས་པ་ཡིན་ལ་དབང་པོ་གསུམ་པོ་འདི་དག་ཀྱང་རང་གི་ཡུལ་དང་ཕྲད་པའི་ཕྱིར་རོ། །ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་དག་ནི་མདོའི་དོན་ནི་དེ་ལྟར་མ་ཡིན་ཏེ། ཡུལ་ལྔ་པོ་དེ་དག་དབང་པོ་ལྔ་ལ་བརྟེན་པའི་རྣམ་པར་ཤེས་པས་མངོན་དུ་བྱས་པ་ནི་མཐོང་བའོ། །ཕ་རོལ་ལས་འོངས་པའི་སྒྲ་ལ་བརྟེན་ནས་ཡུལ་དྲུག་ཅར་ཤེས་པ་ནི་ཐོས་པའོ། །བདག་ཉིད་ཀྱིས་མི་འཁྲུལ་པའི་རིགས་པས་རྗེས་སུ་དཔག་ནས་ཡུལ་དྲུག་རྟོགས་པ་ནི་རྟོགས་པའོ། །ཡིད་ཀྱི་མངོན་སུམ་དུ་འགྱུར་པ་བསྒོམས་ནས་རྟོགས་པ་སོ་སོ་རང་གིས་རིག་པར་བྱ་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཡིན་ཏེ། མཐོང་བ་ཙམ་ལ་སོགས་པར་ཤེས་པར་བྱའི་སྡུག་མི་སྡུག་ཏུ་བདེན་པ་དང་མཚན་མར་བཟུང་བར་མི་བྱ་བ་འདི་སྟོན་པ་ཡིན་ནོ་ཞེས་འཆད་དོ། །སྔོན་གྱི་རྣལ་འབྱོར་སྤྱོད་པ་པའི་སློབ་དཔོན་གཞན་དག་ནི་མིག་ཁོ་ནས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་མཐོང་བའོ། །རྣ་བས་ཐོས་པ་དང་ཕ་རོལ་ལས་འོངས་པ་གང་ཡིན་པ་དེ་གཉིས་ཀ་ནི་ཐོས་པའོ། །བདག་ཉིད་ཀྱིས་བསམས་པ་གང་ཡིན་པ་རྟོགས་པའོ། །བདག་ཉིད་ཀྱིས་མཉམ་པར་མ་བཞག་པས་སོ་སོར་ཡང་དག་པར་རིག་པ་དང་འཇིག་རྟེན་པའི་མཉམ་གཞག་གིས་རྟོགས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ་ཞེས་ཟེར་རོ། །དེ་ལྟར་ན་ལུགས་སྔ་མ་ལྟར་ན་ཡུལ་ལྔ་པོ་རེ་རེ་ལའང་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པའི་ཐ་སྙད་འདོགས་ཤིང་ཆོས་ལ་ནི་མཐོང་བ་མ་གཏོགས་པའི་ཐ་སྙད་འདོགས་ལ། ལུགས་ཕྱི་མ་ལྟར་ན་ཡུལ་དྲུག་ཅར་ལ་ཡང་སོ་སོར་ཅི་རིགས་བར་མཐོང་བ་ལ་སོགས་པའི་ཐ་སྙད་བཞི་འདོགས་པའི་ཕྱིར་དྲི་ལ་སོགས་པ་གསུམ་ལ་ཐ་སྙད་འདོགས་པ་མེད་པར་ཐལ་བར་འགྱུར་པའི་ཉེས་པའང་མེད་དོ། །
གལ་ཏེ་སྲོག་གཅོད་ལུས་ཀྱི་ལས་ཁོ་ན་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡིད་དང་ངག་གིས་ཀྱང་བྱེད་པའི་ཕྱིར་ཏེ། དང་པོ་ནི་ཉི་ཤུ་པ་ལས། དྲང་སྲོང་ཁྲོས་པས་དན་ཏ་ཀའི། །དགོན་པ་ཇི་ལྟར་སྟོངས་པར་འགྱུར་ཞེས་ཁྱིམ་བདག་ཉེ་བར་འཁོར་གྱི་མདོ་ལས། དྲང་སྲོང་རྣམས་ཀྱི་ཡིད་རབ་ཏུ་ཁྲོས་པས་དན་ད་ཀ་དང་ཀ་ལི་ད་ཀ་དང་མ་ཏང་ཀའི་དགོན་པའི་སྐྱེ་བོ་རྣམས་ཤི་བར་གསུངས་པའི་ཕྱིར་དང་། གཉིས་པ་ནི་གཞན་ལ་བསྒོ་ནས་གསོད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་རྫུན་ངག་གི་ལས་ཁོ་ན་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལུས་དང་ཡིད་ཀྱིས་ཀྱང་བྱེད་པའི་ཕྱིར་ཏེ། དང་པོ་ནི་ཡོད་པ་ལ་ལུས་ཀྱིས་མེད་པའི་བརྡ་བྱེད་པ་ལ་སོགས་པའི་ཕྱིར་དང་།
གཉིས་པ་ནི་སོ་སོ་ཐར་པ་ལས་གསོ་སྦྱོང་བྱེད་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིན་ནོ་འདུལ་བ་འཛིན་པས་ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་དྲིས་པ་ན། གལ་ཏེ་དགེ་སློང་འགའ་ཞིག་ལྟུང་བ་ཡོད་བཞིན་དུ་འཆགས་པར་མི་བྱེད་པར་ཅང་མི་སྨྲ་བར་འདུག་པར་བྱེད་ན་རྫུན་དུ་སྨྲ་བར་འགྱུར་བར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ལུས་ངག་གི་རིག་བྱེད་མེད་ཀྱང་སྲོག་གཅོད་དང་རྫུན་དུ་སྨྲ་བ་ཡོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཟེར་རོ། །སློབ་དཔོན་གྱིས་འོ་ན་དྲང་སྲོང་ཡིད་ཁྲོས་པ་དང་གསོ་སྦྱོང་གི་རྫུན་ལ་དེའི་ཚེ་རིག་བྱེད་མེད་ན་རིག་བྱེད་མ་ཡིན་པའང་མེད་པར་འགྱུར་ཏེ། འདོད་པའི་རིག་བྱེད་མ་ཡིན་པ་ནི་ངེས་པར་རིག་བྱེད་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་ཡིད་ཀྱིས་སྲོག་གཅོད་དང་རྫུན་གཉིས་ལས་ཀྱི་ལམ་དུ་མི་འགྲུབ་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ལ་བྱེ་བྲག་ཏུ་སྨྲ་བས་ལན་གདབ་དགོས་སོ་ཞེས་བརྗོད་དོ། །འདི་ལ་སློབ་དཔོན་འདུན་བཟང་དྲང་སྲོང་ཁྲོས་པ་དང་གསོ་སྦྱོང་གི་ཚེའང་ལུས་ངག་གི་རིག་བྱེད་མེད་པར་མ་གྲུབ་སྟེ། དྲང་སྲོང་ལ་དད་པའི་མི་མ་ཡིན་པ་དག་གིས་གང་གིས་དྲང་སྲོང་དེ་དག་ལ་ལས་ཀྱི་ལམ་སྐྱེ་བར་འགྱུར་བ་སྐྱེ་བོ་རྣམས་ལ་གནོད་པ་བྱེད་པའི་ལུས་ཀྱི་རིག་བྱེད་དང་། དྲང་སྲོང་རང་ཉིད་ལའང་གཞན་ལ་ཁྲོས་པ་ན་ལུས་ངག་གི་གཡོ་བ་དམོད་པ་འདོར་བ་ལ་སོགས་པའི་ལུས་ངག་གི་རེག་བྱེད་ཅུང་ཟད་ངེས་པར་ཡོད་པའི་ཕྱིར་དང་། གསོ་སྦྱོང་གི་ཚེའང་མ་དག་བཞིན་དུ་ཅང་མི་སྨྲ་བས་བདག་ཉིད་དག་པར་གོ་བར་བྱེད་པའི་ཕྱིར་དང་། ཡོངས་སུ་མ་དག་པ་ཞིག་དགེ་འདུན་གྱི་ནང་དུ་འཇུག་པར་བྱེད་ཅིང་འདུག་པར་བྱེད་རང་གི་སྤྱོད་ལམ་སྟོན་པར་བྱེད་ལ་དེ་དང་འབྲེལ་བ་ཅུང་ཟད་སྨྲ་བར་བྱེད་ན་དེ་ཉིད་འདིའི་རིག་བྱེད་ཡིན་པའི་ཕྱིར་རྟགས་མ་གྲུབ་པ་ཡིན་ནོ་ཞེས་ལན་འདབས་པར་བྱེད་ལ། གཞན་དག་ནི་དེ་དག་ལ་རིག་བྱེད་མེད་པར་གྱུར་ཀྱང་འདོད་པའི་རིག་བྱེད་མ་ཡིན་པ་ཐམས་ཅད་རིག་བྱེད་ལ་རག་ལས་པར་ངེས་པའང་མེད་དེ་དཔེར་ན་ལྔ་སྡེ་ལ་སོགས་པ་འབྲས་བུ་ཐོབ་པའི་མོད་ལ་རིག་བྱེད་མེད་ཀྱང་སོ་སོ་ཐར་པའི་སྡོམ་པ་སྐྱེས་པ་དེ་བཞིན་དུ་མི་དགེ་བའི་རིག་བྱེད་མ་ཡིན་པའང་འགའ་ཞིག་རིག་བྱེད་མེད་པར་ཡང་འབྱུང་བ་སྲིད་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་དེ་མ་ངེས་པ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་དོ། །དེ་ཡང་ངག་གིས་བསྒོས་ཏེ་སྲོག་བཅད་པ་དང་ལུས་ཀྱིས་བརྡ་བྱས་ཏེ་རྫུན་བྱས་ཀྱང་དངོས་ཀྱིས་བསྡུས་པའི་རིག་བྱེད་མ་ཡིན་པ་ནི་རིམ་པ་ལྟར་ལུས་དང་ངག་ཁོ་ནའི་ཡིན་ཏེ། དེ་དག་རིམ་པ་ལྟར་ལུས་ངག་གི་ལས་ཡིན་པའི་ཕྱིར་རོ་ཞེས་སློབ་དཔོན་རྒྱལ་པོའི་སྲས་འཆད་དོ། །
ཕྲ་མ་ནི་ཕ་རོལ་པོ་དག་དབྱེ་ཞིང་མི་མཛའ་བར་བྱ་བའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཀུན་ནས་བསླང་བའི་ཚིག་སྨྲ་བ་སྟེ་ཚིག་དོན་མངོན་པར་གོ་བ་དང་མ་ནོར་བཞེས་འདིར་ཡང་སྦྱར་རོ། །དེ་ལ་བདེན་པ་བརྗོད་ན་ཕྲ་མ་ཙམ་དང་མི་བདེན་པ་སྨྲས་ན་རྫུན་དང་གཉིས་ཀར་འགྱུར་རོ། །ཉོན་མོངས་པས་ཀུན་ནས་བསླང་བའི་ཚིག་རྩུབ་པོ་ནི་མི་སྙན་པ་བརྗོད་པའི་ངག་སྟེ་དེ་ཡང་ཕ་རོལ་ལ་སྨྲས་ཤིང་དེས་ཀྱང་དོན་མངོན་པར་གོ་ལ་གང་ལ་སྨྲ་བར་འདོད་པ་དེ་ཉིད་ལ་མ་ནོར་བར་སྨྲས་པ་གང་ཡིན་པ་དེ་ནི་ཚིག་རྩུབ་པོ་ཡིན་ནོ་ཞེས་སྦྱར་རོ། །སེམས་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླང་བའི་རྫུན་ལ་སོགས་པའི་ཚིག་ཀུན་ནི་ངག་ཀྱལ་པ་ཉིད་ཡིན་ཏེ། དེའི་ཕྱིར་རྫུན་ལ་སོགས་པ་གསུམ་གའང་ཀྱལ་པ་ཡིན་མོད་ཀྱི་ཉེས་པ་ཆེ་བས་ལོགས་སུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་ཁ་ཅིག་གི་ཡིན་ནོ། །སྔོན་གྱི་སློབ་དཔོན་གཞན་དག་ནི་ངག་གི་ལས་རྫུན་ལ་སོགས་པ་གསུམ་པོ་དེ་དག་ལས་གཞན་པའི་ཉོན་མོངས་པ་ཅན་གྱི་ཚིག་གངཡིན་པ་དེ་ནི་ངག་ཀྱལ་ཡིན་ནོ་ཞེས་ཟེར་ཏེ། །དཔེར་ན་དགེ་སློང་ལོག་འཚོ་ཅན་ཁ་གསག་སྨྲ་བ་དང་། ཆགས་པས་གླུ་ལེན་པ་དང་ཟློས་གར་མཁན་དག་གཞན་མགུ་བར་བྱ་བའི་ཕྱིར་ངག་ཀྱལ་གྱི་ཚིག་འདོན་པ་བཞིན་དང་། ཕྱི་རོལ་པའི་ལྟ་བ་ལ་ཞེན་ནས་དེའི་བསྟན་བཅོས་ངན་པ་ལ་ཁ་ཏོན་བྱེད་པ་དང་དེ་བཞིན་དུ་རྫུན་ལ་སོགས་པ་གསུམ་ལས་གཞན་པའི་སྨྲེ་སྔགས་འདོན་པ་དང་། འདུ་འཛིའི་གཏམ་ལ་སོགས་པ་ཉོན་མོངས་ཅན་གྱི་སེམས་ཀྱིས་ཀུན་ནས་བསླང་བའི་སྨྲ་བ་ཐམས་ཅད་ཀྱང་ཡིན་ནོ། །
འོ་ན་ནི་འཁོར་ལོས་བསྒྱུར་བ་འཇིག་རྟེན་དུ་བྱུང་བ་ནའང་ངག་ཀྱལ་ཡོད་པར་འགྱུར་ཏེ། གླུ་ལེན་པའི་ཕྱིར་རོ། །དེ་ལྟ་ན་དེའི་ཚེ་མི་དགེ་བ་བཅུ་སྤངས་པ་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཚེ་འཁོར་བ་ལས་ཡིད་ངེས་བར་འབྱུང་བ་དང་ལྡན་པའི་གླུ་ལེན་གྱི་སྨྲེ་སྔགས་དང་ལྡན་པ་ནི་མ་ཡིན་ནོ། །ཁ་ཅིག་ན་རེ་དེའི་ཚེ་ནའང་གླུ་དང་བག་མ་གཏོང་ལེན་ལ་སོགས་པའི་ཚིག་མངོན་པར་བརྗོད་པ་ཡོད་པས་དག་ཀྱལ་ཡོད་ཀྱང་དེ་དག་(ལ་རིག་བྱེད་མ་ཡིན་པ་མེད་པས།) ལས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ནི་ངག་གི་ལས་བཞིའོ། །
བརྣབ་སེམས་ནི་ཕ་རོལ་པའི་དེ་བདག་གི་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་ནས་མཐུ་འམ་མ་འཇབ་བུའམ་གཞན་གྱིས་ཀྱང་རུང་སྟེ་ལོག་པ་མི་རིགས་པས་བདག་གིར་བྱེད་འདོད་བས་གཞན་གྱི་ནོར་ལ་ཆགས་པའོ། །སློབ་དཔོན་གཞན་ནི་འདོད་པ་ན་སྤྱོད་པའི་སྲེད་པ་ཐམས་ཅད་བརྣབ་སེམས་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས་སྒྲིབ་པ་ལྔ་བསྟན་པའི་སྐབས་སུ་འདོད་པ་ལ་འདུན་པའི་སྒྲིབ་པའི་དབང་དུ་མཛད་ནས་དེ་འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ་བརྣབ་སེམས་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་ཤིང་། འཇིག་རྟེན་ན་གནོད་སེམས་དང་། །རྨུགས་པ་དང་གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་སྤངས་ཏེ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་ཏེ། ཁ་ཅིག་ན་རེ་དེ་ལྟ་ན་འཁོར་ལོས་བསྒྱུར་བ་དང་བྱང་གི་སྒྲ་མི་སྙན་པ་ལའང་བརྣབ་སེམས་ཀྱི་ལས་ཀྱི་ལམ་ཡོད་པར་ཐལ་བར་འགྱུར་དུ་འོང་བས་འདོད་སྲེད་ཐམས་ཅད་བརྣབ་སེམས་ཡིན་ཡང་དེའི་བྱེ་བྲག་ལོག་པས་གཞན་གྱི་ནོར་ལ་ཆགས་པ་ཁོ་ན་ལས་ཀྱི་ལམ་ཡིན་གྱི་བརྣབ་སེམས་ཐམས་ཅད་ལས་ཀྱི་ལམ་ནི་མ་ཡིན་ཏེ། ཉེས་སྤྱད་ཆེ་ལོང་བསྡུས་བ་ཡིན་པའི་ཕྱིར་རོ། །ཞེས་ཟེར་རོ། །དེའི་ཕྱིར་བཤད་པ་སྔ་མ་ཡིན་ནོ། །
གནོད་སེམས་ནི་སེམས་ཅན་ལ་སྡང་བ་སྟེ་གནོད་བར་ཞུགས་པའོ། །ལས་དགེ་བ་དང་མི་དགེ་བ་མེད་པར་ལྟ་བ་ནི་རྒྱུ་ལས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་ཡིན་ཏེ། དེ་ཡང་མདོ་ལས། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མིད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ་ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བས་རྒྱུ་ལས་དང་འབྲས་བུ་དང་འཕགས་པ་ལ་སྐུར་པ་འདེབས་པ་གསུམ་གསུངས་ཏེ། །དེ་ལ་སྦྱིན་པ་མེད་དོ་ཞེས་པ་ནས་ཉེས་པར་སྤྱད་པ་མེད་དོ་ཞེས་པའི་བར་དང་། མ་མེད་དོ། །ཕ་མེད་དོ་ཞེས་པ་རྣམས་ནི་རྒྱུ་ལས་ལ་སྐུར་བ་འདེབས་པ་ཡིན་ཞིང་། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་པ་ནས་སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་པའི་བར་ནི་འབྲས་བུ་ལ་སྐུར་བ་འདེབས་པ་ཡིན་ལ། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ། །ཞེས་པ་ནི་འཕགས་པ་ལ་སྐུར་པ་འདེབས་པ་ཡིན་པས་གསུམ་ཆར་ལོག་པར་ལྟ་བ་ཡིན་མོད་ཀྱི་ཚིགས་སུ་བཅད་པར་ནི་མཚོན་པའི་དོན་དུ་དང་བོ་ཙམ་ཞིག་བསྟན་བར་ཟད་དོ། །
དེ་ལྟར་མི་དགེ་བ་བཅུར་གསུངས་པ་འདི་ལ་བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཡིན་གྱི་ལས་ནི་མ་ཡིན་ཏེ། དེ་དག་ཉོན་མོངས་པ་ཡིན་པའི་ཕྱིར་དང་། །དེ་དག་གི་དབང་གིས་དེ་དག་དང་མཐུན་པར་མཚུངས་པར་ལྡན་པའི་སེམས་པ་འཇུག་པའི་ཕྱིར་རོ། །ལུས་ངག་གི་ལས་བདུན་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ཏེ། བྱ་བ་ཡིན་པའི་ཕྱིར་དང་། དེ་དག་ཀུན་ནས་སློང་བའི་སེམས་པའང་བདུན་པོ་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བརྣབ་སེམས་མེད་པ་ལ་སོགས་པ་དགེ་བ་བཅུ་པོ་ལའང་ཤེས་པར་བྱའོ། །ཅིའི་ཕྱིར་སྦྱོར་བ་དང་མཇུག་ལས་ཀྱི་ལམ་དུ་མི་འགྱུར་ཞེ་ན། སྦྱོར་བ་ནི་དངོས་དེའི་དོན་དུ་འཇུག་པའི་ཕྱིར་དང་། མཇུག་ནི་དངོས་དེའི་རྩ་བ་ཅན་དུ་འཇུག་པའི་ཕྱིར་དང་། དེ་ལས་ཆེ་ལོང་བསྡུས་ནས་ནི། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པས་འདིར་ཆེ་ལོང་བསྡུས་པའི་ཕྱིར་ལས་ཀྱི་ལམ་དུ་མི་འགྱུར་རོ། །མདོ་སྡེ་པ་ལ་སོགས་པ་གང་དག་བརྣབ་སེམས་ལ་སོགས་པ་ལས་སུ་འདོད་པ་དེ་དག་གི་ལྟར་ན་ནི་དེ་དག་བདེ་འགྲོ་དང་ངན་འགྲོའི་ལས་དང་ལམ་ཡིན་པའམ། ཡང་ན་ཕན་ཚུན་གཅིག་གིས་གཅིག་འདྲེན་པས་ན་ཐམས་ཅད་ལས་ཀྱང་ཡིན་ལ་ལམ་ཡང་ཡིན་ནོ། །ད་ནི་ལོག་ལྟའི་བྱེད་པ་བསྟན་པ་ནི་ལས་ལ་སོགས་པ་ལ་སྐུར་བ་འདེབས་པ་ནི་སེམས་མེད་པར་ལྟ་བ་ཆེན་པོའི་ཆེན་པོ་ཡོངས་སུ་རྫོགས་པས་ནི་དགེ་བའི་རྩ་བ་ཐམས་ཅད་གཅོད་པར་བྱེད་དོ། །འོ་ན་བསྟན་བཅོས་ལས། མི་དགེ་བའི་རྩ་བ་ཆེན་པོ་རྣམས་གང་དག་ཡིན་ཞེ་ན། །མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་གཅོད་པར་བྱེད་པ་དང་། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་དང་པོ་ཉིད་དུ་སྤོང་བ་གང་དག་ཡིན་པའོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལོག་ལྟས་མི་དགེ་བའི་རྩ་བ་ཀུན་ནས་བསླང་ལ་དེས་དགེ་རྩ་གཅོད་པའི་ཕྱིར་དེ་སྐད་དུ་བཤད་དེ་དངོས་སུ་མེས་བསྲེག་ཀྱང་ཆོམ་རྐུན་པས་གྲོང་བསྲེགས་སོ་ཞེས་བརྗོད་པ་བཞིན་ནོ། །དགེ་བའི་རྩ་བ་གང་གཅོད་ཅེ་ན། འདོད་པར་གཏོགས་པའི་སྐྱེས་ནས་ཐོབ་པ་རྣམས་ཏེ། དགེ་བ་གཅོད་པའི་ལོག་ལྟ་ཅན་ལ་གཟུགས་དང་གཟུགས་མེད་ཁམས་གོང་མ་གཉིས་ཀྱི་དགེ་བ་མི་ལྡན་པའི་ཕྱིར་དང་། འདོད་པའི་སྦྱོར་བྱུང་དགེ་བ་ནི་ལོག་ལྟ་ཆུང་ངུ་ལྷ་ཆཡང་དུ་སྐྱེས་པའི་དུས་སུ་ཉམས་ཟིན་པའི་ཕྱིར་རོ། །འོ་ན་གདགས་པ་ལས། གང་གིས་བསམས་བཞིན་དུ་ཕ་དང་མ་སྲོག་དང་ཕྲལ་ནས་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་དོ་ཞེས་ལོག་པར་ལྟ་ཞིང་འགྱོད་པ་ཅུང་ཟད་ཀྱང་མི་སྐྱེད་ན་འདི་ཙམ་གྱིས་ན་གང་ཟག་འདིས་ཁམས་གསུམ་པའི་དགེ་བའི་རྩ་བ་རྣམས་ཀུན་དུ་བཅད་པ་ཡིན་ནོ་ཞེས་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ནི་རྒྱུད་དེ་དེའི་སྣོད་མ་ཡིན་པས་ཁམས་གསུམ་པའི་དགེ་བའི་ཐོབ་པ་ཐག་སྲིད་བལ་དགོངས་པ་ཡིན་ནོ། །
ལོག་ལྟ་ཇི་ལྟ་བུས་ཤེ་ན་ལེགས་པར་སྦྱད་པ་དང་ཉེས་པར་སྤྱད་པ་མེད་དོ་ཞེས་རྒྱུ་ལ་སྐུར་བ་འདེབས་པ་དང་ལེགས་པར་སྦྱད་པ་དང་ཉེས་པར་སྦྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་འབྲས་བུ་ལ་སྐུར་བ་འདེབས་པའི་ལོག་ལྟས་གཅོད་དོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པ་ནི་རིམ་པ་ལྟར་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་ཡང་ཟག་བཅས་སྡུག་ཀུན་ལ་དམིགས་པ་དངསྐལ་པ་མཉམ་པའི་ཁམས་ལ་དམིགས་པ་ཁོ་ནས་གཅོད་ཀྱི་ཟག་མེད་འགོག་ལམ་ལ་དམིགས་པ་དང་སྐལ་པ་མི་མཉམ་པའི་ཁམས་ལ་དམིགས་པས་ནི་མ་ཡིན་ཏེ། ཟག་མེད་གོང་མའི་ཡུལ་ཅན་མིན་བདག་གིར་མ་བྱས་གཉེན་པོའི་ཕྱིར་ཞེས་འབྱུང་པས་ཟག་མེད་དང་སྐལ་པ་མི་མཉམ་པའི་ཁམས་ལ་དམིགས་པའི་ལོག་ལྟ་ནི་མཚུངས་ལྡན་གྱི་སྒོ་ནས་རྒྱས་ཀྱི་དམིགས་པའི་སྒོ་ནས་རྒྱས་པ་མེད་པས་སྟོབས་ཆུང་བའི་ཕྱིར་རོ། དེའི་ཕྱིར་འཕགས་པ་ལ་སྐུར་བ་འདེབས་པ་ལ་སོགས་པས་ནི་དགེ་རྩ་གཅོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དགེ་རྩ་ཇི་ལྟར་ཆད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་རྒྱུ་འབྲས་ལ་སྐུར་བ་འདེབས་པ་དགསྐལ་པ་མཉམ་མི་མཉམ་གྱི་ཁམས་ལ་དམིགས་པ་དང་ཟག་བཅས་ཟག་མེད་ལ་དམིགས་བའི་ལོག་ལྟ་ཀུན་གྱིས་གཅོད་དོ་ཞེས་བརྗོད་དོ། །ཁ་ཅིག་ན་རེ་དགེ་རྩ་དགུ་པོ་ཐམས་ཅད་ཀྱང་ཅིག་ཅར་དུ་ཆད་པར་འགྱུར་ཏེ་བདེན་པ་མཐོང་བ་ན་མཐོང་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་ཅར་ཡང་ཅིག་ཅར་སྤོང་བ་བཞིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ལོག་ལྟ་ཆུང་ངུའི་ཆུ་འདུ་ལ་སོགས་པ་དགུས་དགེ་རྩ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་རིམ་གྱིས་གཅོད་དེ་སྒོམ་ལམ་གྱིས་སྒོམ་སྤང་སྤོང་བཞིན་ནོ་ཞེས་ཟེར་ཏེ། དེ་ལྟར་ན་བསྟན་བཅོས་ལས། ཕྲ་མོ་དང་ལྷན་ཅིག་ཏུ་གྱུར་པའི་དགེ་བའི་རྩ་བ་རྣམས་གང་ཞེ་ན། དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པར་བྱེད་ཕན་ཐམས་ཅད་ཀྱི་ཐ་མར་འདོར་བ་གང་ཡིན་པ་སྟེ། གང་དག་མེད་པས་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ་ཞེས་འབྱུང་བ་འདི་ལེགས་པར་དྲངས་བར་འགྱུར་རོ་ཞེས་ཟེར་རོ། །(ཁ་ཅིག་མཐོང་ལམ་ལྟར་སྟན་ལས་མ་ལངས་བར་སྤྱོད་པར་འདོད་ཀྱང་ལངས་ནས་ཀྱང་མི་འགལ་ལ། སྡར་སྡོམ་པ་སྤོང་ལ་ཕྱིས་དགེ་རྩ་གཅོད་ཟེར་ཡང་སྡོམ་པ་སེམས་གང་གི་འབྲས་བུ་ཡིན་པ་དེ་བཏང་བས་དེ་ཡང་གཏོང་བར་འདོད་པ་ཡིན་ནོ། །)གང་དུ་གཅོད་ཅེ་ན། འདོད་པའི་ཁམས་སུ་གླིང་གསུམ་གྱི་མིའི་ནང་དུ་གཅོད་ཀྱི་ངན་སོང་བ་དང་ལྷ་རྣམས་སུ་ནི་མ་ཡིན་ཏེ། ངན་སོང་བ་ནི་དགེ་སྡིག་གི་བསམ་མི་པ་བརྟན་པའི་ཕྱིར་དང་། ལྷ་རྣམས་ནི་ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་བའི་ཕྱིར་རོ། །དེ་ཡང་བྱང་གི་སྒྲ་མི་སྙན་དུ་ནི་མ་ཡིན་ཏེ། སྡིག་པའི་བསམ་པ་དེ་ལྟ་བུ་མེད་པའི་ཕྱིར་རོ། །
སྔོན་གྱི་སློབ་དཔོན་ཁ་ཅིག་འཛམ་བུའི་གླིང་ཁོ་ནར་གཅོད་དོ་ཞེས་ཟེར་པ་ནི་མ་ཡིན་ཏེ། བསྟན་བཅོས་ལས། འཛམ་བུའི་གླིང་པ་ཐམས་ཅད་པས་ཉུང་ན་དབང་པོ་བརྒྱད་དང་ལྡན་པ་ཡིན་ཏེ། ཤར་གྱི་ལུས་འཕགས་པ་དང་ནུབ་ཀྱི་བ་ལང་སྤྱོད་པའང་དེ་དང་འདྲའོ་ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །དབང་པོ་བརྒྱད་ནི་ཚོར་བའི་དབང་པོ་ལྔ་དང་ལུས་དང་སྲོག་དང་ཡིད་དོ། །དད་པ་ལ་སོགས་པ་ནི་ལོག་ལྟ་སྐྱེས་པ་ལ་ཆད་པའི་ཕྱིར་དང་། སོ་སོའི་སྐྱེ་བོ་ལ་ཟག་མེད་ཀྱི་དབང་པོ་མི་ལྡན་པ་དང་། རིམ་གྱིས་འཆི་བ་དང་ཞར་བ་ལ་སོགས་པ་ལ་མིག་ལ་སོགས་པའང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །གང་ཟག་གང་གིས་གཅོད་ཅེ་ན། སྐྱེས་པ་དང་བུད་མེད་ཀྱིས་གཅོད་ཀྱི་ཟ་མ་ལ་སོགས་པ་ནི་མ་ཡིན་ཏེ། བསམ་པ་མི་བརྟེན་པའི་ཕྱིར་རོ། །
ཁ་ཅིག་འདུན་པ་དང་བརྩོན་འགྲུས་ཞན་པས་བུད་མེད་ཀྱིས་མི་གཅོད་དོ་ཞེས་ཟེར་པ་ནི་མ་ཡིན་ཏེ། བསྟན་བཅོས་ལས། གང་མོའི་དབང་པོ་དང་ལྡན་པ་དེ་ངེས་པར་དབང་པོ་བརྒྱད་དང་ལྡན་ནོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །སྐྱེས་པ་དང་བུད་མེད་དེ་ཡང་བསམ་པ་གཡོ་བའི་ཕྱིར་སྲེད་པ་སྤྱོད་བས་མ་ཡིན་གྱི་སྡིག་བའི་བསམ་པ་བརྟན་པ་དང་། སྡིག་པ་འཆབ་པ་ཅན་ཡིན་པའི་ཕྱིར་ལྟ་བ་སྤྱད་པས་ཡིན་ནོ། །དགེ་རྩ་ཆད་པ་དེ་ནི་དགེ་བའི་ཐོབ་པ་དང་མི་ལྡན་ཞིང་མ་ཐོབ་པ་སྐྱེས་པའོ། །དགེ་རྩ་ཆད་པ་དེ་ཉིད་མཚམས་སྦྱོར་བ་ནི་ལས་རྒྱུ་འབྲས་ལ་ཐེ་ཚོམ་སྐྱེས་པའམ་ལས་འབྲས་ཡོད་པར་ལྟ་བའི་ཡང་དག་པའི་ལྟ་བས་སོ། །གང་དག་མཚམས་མེད་པ་བྱེད་པའི་དགེ་རྩ་ཆད་བ་དེ་དག་ནི་ཚེ་འདི་ལ་དགེ་རྩ་ཉིད་མཚམས་སྦྱོར་བ་མ་ཡིན་ཏེ། མདོ་ལས། གང་ཟག་འདི་ནི་མཐོང་བའི་ཆོས་ཁོ་ན་ལ་དགེ་བའི་རྩ་བ་རྣམས་ཉིད་མཚམས་སྦྱོར་བའི་སྐལ་བ་དང་ལྡན་པ་མ་ཡིན་གྱི་འདི་ནི་ངེས་པར་དམྱལ་བ་དག་ཏུ་སྐྱེ་བའམ་འཆི་འཕོ་བ་ནད་དགེ་བའི་རྩ་བ་རྣམས་ཉིད་མཚམས་སྦྱོར་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དམྱལ་བར་སྐྱེ་བ་ནི་དམྱལ་བའི་བར་དོའོ། །འཆི་བ་ནི་དམྱལ་བ་ནས་འཆི་བ་འོ། །དེས་ན་མཚམས་མེད་མ་བྱས་པའི་ནི་ཚེ་འདི་ཉིད་ལ་མཚམས་སྦྱོར་བའང་ཡོད་དོ་ཞེས་ཤེས་པར་བྱའོ། །དེ་ལ་གང་ཞིག་སྐལ་མཉམ་གྱི་རྒྱུའི་སྟོབས་ཀྱིས་གཅོད་དེ་ནི་འཆི་བ་ན་ཉིད་མཚམས་སྦྱོར་ལ། གཞན་གྱི་སྒྲའི་སྟོབས་ཀྱིས་གཅོད་པ་ནི་སྐྱེ་བ་ན་སྦྱོར་རོ། །དེ་བཞིན་དུ་རང་གི་རྟོག་གེའི་སྟོབས་ཀྱིས་གཅོད་པ་དང་གཞན་ལས་ཐོས་པའི་སྟོབས་ཀྱིས་གཅོད་པའང་དེ་བཞིན་ནོ། །
ཡང་གང་ཞིག་བསམ་པ་ཉམས་པས་དགེ་རྩ་གཅོད་པ་དེ་ནི་ཚེ་འདི་ལ་མཚམས་སྦྱོར་བར་འགྱུར་ལ། །བསམ་པ་དང་སྦྱོར་བ་གཉིས་ཀ་ཉམས་པས་དགེ་རྩ་གཅོད་པ་དེ་ནི་ལུས་ཞིག་ནས་ཉིང་མཚམས་སྦྱོར་བར་འགྱུར་རོ། །དེ་ལ་བསམ་པ་ཉམས་པ་ནི་ལོག་ལྟ་མངོན་དུ་གྱུར་པ་ཡིན་ལ། བསམ་པ་དང་སྦྱོར་བ་ཉམས་པ་ནི་ལོག་ལྟ་མངོན་དུ་གྱུར་པ་དང་མཚམས་མེད་གཉིས་ཀ་བྱས་པའོ། །དེ་བཞིན་དུ་ལོག་ལྟ་སྐྱེས་པའི་ལྟ་བ་ཉམས་པ་དང་། ལོག་ལྟའང་སྐྱེས་ལ་མཚམས་མེད་ཀྱང་བྱས་པའི་ལྟ་བ་ཚུལ་ཁྲིམས་(གཉིས་ཀ་)ཉམས་པའང་རབ་ཏུ་ཤེས་པར་བྱ་སྟེ། དེ་དག་དང་རང་སྟོབས་དང་གཞན་སྟོབས་ཀྱིས་ཉམས་པ་ནི་སྔ་མ་ཁོ་ནའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེས་ན་འདིར་དགེ་རྩ་ཆད་ལ། ལོག་པ་ཉིད་དུ་ངེས་པ་ལ་མུ་བཞི་ལས། མུ་དང་པོ་ནི་འོད་སྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་སྟེ་རྟོག་གེ་བ་དྲུག་ལ་སོགས་པའོ། །གཉིས་པ་ནི་མ་སྐྱེས་དགྲའོ། །གསུམ་པ་ནི་ལྷས་བྱིན་ནོ། །བཞི་པ་ནི་དེ་དག་ན་གཏོགས་པའོ། །
ལྔ་པ་ལས་ཀྱི་ལམ་དུ་དང་ལྷན་ཅིག་ཏུ་འབྱུང་བ་ནི་མི་དགེ་བ་བཅུ་པོ་དེ་དག་ལ་གཅིག་ནས་བརྒྱད་ཀྱི་བར་དག་སེམས་པ་ཅིག་ཅར་ལྷན་ཅིག་ཏུ་འབྱུང་གི་ལས་ཀྱི་ལམ་དགུ་དང་བཅུ་དང་སེམས་པ་ལྷན་ཅིག་འབྱུང་བ་ནི་མེད་དེ། །བརྣབ་སེམས་ལ་སོགས་པ་ཡིད་ཀྱི་གསུམ་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །དེ་ལ་གཅིག་དང་ལྷན་ཅིག་འབྱུང་བ་ནི་སྲོག་གཅོད་པ་ལ་སོགས་བའི་ལས་གཞན་མེད་པར་བརྣབ་སེམས་ལ་སོགས་པ་གཅིག་མངོན་དུ་གྱུར་བར་པའམ། སེམས་པ་དགེ་བའམ་མ་བསྒྲིབས་ལུང་མ་བསྟན་གྱིས་འདོད་ལོག་མ་གཏོགས་པའི་སྲོག་གཅོད་པ་ལ་སོགས་པ་གཟུགས་ཅན་རྣམས་ལས་གང་ཡང་རུང་བ་ཞིག་བྱེད་ནའོ། །གཉིས་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་དང་ལྡན་པས་སྲོག་ཆགས་བསད་པ་ལ་སོགས་པ་ནའོ། །གསུམ་དང་ལྷན་ཅིག་འབྱུང་པ་ནི་གནོད་སེམས་དད་ལྡན་པས་དུས་ཅིག་ཅར་གཞན་གྱི་སྲོག་ཆགས་འཕྲོག་ཅིང་གསོད་པ་དང་། བརྣབ་སེམས་མངོན་དུ་གྱུར་པས་སྲོག་གཅོད་དང་མ་བྱིན་ལེན་གཞན་ལ་བཅོལ་བ་ལ་སོགས་པ་ནའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་སམ་བརྣབ་སེམས་ཀྱིས་དབྱེ་བའི་བསམ་པ་དང་ལྡན་པས་རྫུན་གྱི་ཚིག་གམ་ཚིག་རྩུབ་མོ་སྨྲ་བ་དང་བརྣབ་སེམས་ལ་སོགས་པ་གང་རུང་དང་ལྡན་པས་སྲོག་གཅོད་པ་ལ་སོགས་པ་གསུམ་གཞན་ལ་བཅོལ་བ་ནའོ། །དེ་བཞིན་དུ་ལྔ་དང་དྲུག་དང་བདུན་དང་ལྷན་ཅིག་འབྱུང་བའང་ཤེས་པར་བྱའོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི་རང་བརྣབ་སེམས་ལ་སོགས་པ་གང་རུང་མངོན་དུ་གྱུར་པས་ལུས་ངག་གི་དྲུག་གཞན་ལ་བཅོལ་ནས་འདོད་ལོག་རང་ཉིད་ཀྱིས་བྱས་ཏེ་ཐམས་ཅད་དུས་མཉམ་དུ་མཐར་ཕྱིན་པར་གྱུར་ནའོ། །(ལས་ཀྱི་ལམ་གཞན་མེད་པར་ཡིད་ཀྱི་གསུམ་གང་རུང་གཅིག་མངོན་དུ་གྱུར་པའམ། སེམས་པ་ཉོན་མོངས་ཅན་མ་ཡིན་པའི་ཚེ་འདོད་ལོག་ལས་གཞན་པའི་གཟུགས་ཅན་དྲུག་གང་རུང་གཅིག་བཅོ་ལངས་མཐར་ཕྱིན་ན་སེམས་པ་ལས་ཀྱི་ལམ་གཅིག་དང་ལྷན་ཅིག་འབྱུང་ངོ་། །གནོད་སེམས་ཀྱིས་སྲོག་གཅོད་པའམ། བརྣབ་སེམས་ཀྱིས་མ་བྱིན་ལེན་ནམ། ལོག་གཡེམ་མམ། ཚིག་ཀྱང་སྨྲ་ན་གཉིས་དང་ངོ་། །ཡིད་ཀྱི་གསུམ་ལས་གང་རུང་གཅིག་མངོན་དུ་གྱུར་བས། རང་གིས་ལོག་གཡེམ་བྱས་གཞན་དྲུག་གཞན་ལ་བཅོལ་བས་གྲུབ་ན་བརྒྱད་དང་ལྡན་ཅིག་འབྱུང་ངོ་། །གཅིག་དང་ལྷན་ཅིག་པ་ནས་བརྒྱད་དང་ལྷན་ཅིག་པའི་བར་དུ་བརྩིའོ། །)དགེ་བ་ནི་བཅུའི་བར་དག་དང་སེམས་པ་ལྷན་ཅིག་འབྱུང་ངོ་ཞེས་བྱ་བ་ནི་སྤྱིར་བཏང་པ་ཡིན་ནོ། །དམིགས་ཀྱིས་བསལ་བ་སྟོན་པ་ནི་ལས་ཀྱི་ལམ་གཅིག་དང་བརྒྱད་དང་ལྔ་དང་ནི་སེམས་པ་ལྷན་ཅིག་འབྱུང་བ་མིན་ནོ་ཞེས་བྱ་བའོ། །
དེ་ལ་གཅིག་དང་ལྷན་ཅིག་མི་འབྱུང་བ་ནི་སེམས་པ་དགེ་བ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་མི་འབྲལ་བར་ཡོད་པའི་ཕྱིར་རོ། །གཉིས་དང་ལྷན་ཅིག་འབྱུང་བ་ནི་སྒོ་ལྔའི་རྣམ་ཤེས་དགེ་བ་ལ་གནས་པ་དང་། གཟུགས་མེད་ཀྱི་སྙོམས་འཇུག་ལ་བརྟེན་ནས་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་གནས་པ་སྟེ། སྒོ་ལྔའི་ཤེས་པ་རྟོག་མེད་ཡིན་ཞིང་། ཟད་པ་དང་མི་སྐྱེ་བའི་བློ་ལྟ་མིན་ཞེས་འབྱུང་བས་དེ་དག་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་དང་། བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་ངེས་པར་ཡོད་པའི་ཕྱིར་རོ། །
གཟུགས་མེད་སྨོས་པ་ནི་བསམ་གཏན་ལ་བརྟེན་པ་ཡིན་ན་ཟག་མེད་ཀྱི་སྡོམ་པ་ཡོད་པས་སྤོང་བ་བདུན་ཡོད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་ཤེས་ལ་གནས་པ་སྟེ། ཡང་དག་པའི་ལྟ་བ་ཅན་ལ་ཡིད་ཀྱི་དགེ་བ་གསུམ་འབྲལ་མི་སྲིད་པས་དེ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པའང་ངེས་པར་ཡོད་པའི་ཕྱིར་རོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་སེམས་མི་དགེ་བའང་ལུང་མ་བསྟན་ལ་གནས་ཏེ་དགེ་ཚུལ་དང་དགེ་བསྙེན་གྱི་སྡོམ་པ་ལེན་པ་ན་སྟེ། ལུས་ཀྱི་དགེ་བ་གསུམ་དང་ངག་གི་རྫུན་སྤོང་བ་ཡོད་པའི་ཕྱིར་རོ། །ལྔ་དང་ལྷན་ཅིག་འབྱུང་བ་ནི་མེད་དེ། སེམས་དགེ་བ་ལ་གནས་པས་དགེ་ཚུལ་ལམ་དགེ་བསྙེན་གྱི་སྡོམ་པ་ལེན་ན་ངེས་པར་དྲུག་གམ་བདུན་ལྷན་ཅིག་འབྱུང་བའི་ཕྱིར་དང་། དགེ་སློང་གི་སྡོམ་པ་ནི་སྤོང་བདུན་ངེས་པར་ལྷན་ཅིག་འབྱུང་བའི་ཕྱིར་རོ། །དྲུག་དང་ལྷན་ཅིག་འབྱུང་བ་ནི་མིག་ལ་སོགས་པའི་རྣམ་ཤེས་ལྔ་དགེ་བ་ལ་གནས་པས་དགེ་ཚུལ་ལམ་དགེ་བསྙེན་གྱི་སྡོམ་པ་ལེན་པ་ན་སྟེ། དེ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་ངེས་པར་ཡོད་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །བདུན་དང་ལྷན་ཅིག་འབྱུང་བ་ནི་ཡིད་ཤེས་དགེ་བས་རྩ་བ་གསུམ་དང་སྤོང་བཞི་ཡོད་པས། དགེ་ཚུལ་ལམ་དགེ་བསྙེན་གྱི་སྡོམ་པ་ལེན་པའམ། སེམས་མི་དགེ་བའམ་ལུང་མ་བསྟན་གྱིས་དགེ་སློང་གི་སྡོམ་པ་ལེན་པ་ནའོ། །དེ་ལ་སྤོང་བདུན་ཡོད་པས་སོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི་མེད་དེ། དགེ་སློང་གི་སྤོང་བདུན་ནི་ཉོན་མོངས་ཅན་དང་ལུང་མ་བསྟན་གྱི་སེམས་ཀྱིས་ལེན་ནའང་བདུན་ཅར་ལྷན་ཅིག་ཡོད་ལ། དགེ་བའི་སེམས་ཀྱིས་ལེན་པ་ན་ནི་སྒོ་ལྔའི་ཤེས་པ་དང་ཡིད་ཤེས་ལ་རིམ་པ་ལྟར་དགུའམ་བཅུ་ཡོད་པའི་ཕྱིར་རོ། །དགུ་དང་ལྷན་ཅིག་འབྱུང་བ་ནི་སྒོ་ལྔའི་རྣམ་ཤེས་དགེ་བ་ལ་གནས་པས་དགེ་སློང་གི་སྡོམ་པ་ལེན་པ་དང་། ཟད་པ་དང་མི་སྐྱེ་བ་དང་ཤེས་པ་དང་མཚུངས་ལྡན་གྱི་ཡིད་ཤེས་ཀྱིས་དགེ་སློང་གི་སྡོམ་པ་ལེན་པ་དང་། བསམ་གཏན་ལ་བརྟེན་ནས་ཟད་པ་དང་མི་སྐྱེ་བ་ཤེས་པ་མངོན་དུ་བྱེད་པ་ནའོ། །བཅུ་དང་ལྷན་ཅིག་འབྱུང་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ལས་གཞན་པའི་ཡིད་ཤེས་དགེ་བས་དགེ་སློང་གི་སྡོམ་པ་ལན་པ་དང་། (རྩ་བ་གསུམ་སྤོང་བདུན་འབྱུང་བས།) ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་(འདི་གཉིས་ལ་སྤོང་བདུན་འབྱུང་བས་ཁྱབ་པས།) དང་ལྷན་ཅིག་འཇུག་པའི་སེམས་པ་ཐམས་ཅད་དོ། །
དེ་དག་ཀྱང་སྡོམ་པའི་དབང་དུ་བྱས་པ་ཡིན་གྱི་དགེ་བ་ལས་གཞན་པའི་སེམས་ལ་གནས་པས་(བར་མའི་དགེ་བ་ལ་ནི།) སྲོག་གཅོད་སྤོང་བ་ལ་སོགས་པའི་ཡན་ལག་གང་རུང་གཅིག་ལེན་པ་དང་། དགེ་བའི་ཡིད་ཤེས་ཀྱིས་ཅིག་ཅར་ཡན་ལག་གཉིས་དང་ལྔ་ལེན་པ་ན་ཡིད་ཀྱི་གསུམ་དང་དེ་དག་ལྷན་ཅིག་འབྱུང་བས་བར་མ་དགེ་བ་ལ་ནི་གཅིག་དང་ལྔ་དང་བརྒྱད་དང་ཡང་ལྷན་ཅིག་འབྱུང་ངོ་ཞེས་ཤེས་པར་བྱའོ། །དྲུག་པ་ལྡན་པའི་ཚུལ་བཤད་པ་ནི་མི་དགེ་བ་བཅུ་པོ་དེ་དག་ལས་དམྱལ་བ་ན་ནི་ཚིག་ཀྱལ་བ་དང་ཚིག་རྩུབ་དང་གནོད་སེམས་གསུམ་ནི་ལྡན་པ་དང་མངོན་གྱུར་རྣམ་པ་གཉིས་ཀའི་སྒོ་ནས་ཡོད་དེ། དམྱལ་བ་པ་དག་སྨྲེ་སྔགས་འདོན་པའི་ཕྱིར་དང་། མི་སྙན་པར་བརྗོད་པའི་ཕྱིར་དང་། རྩུབ་པའི་སེམས་ཡོད་པའི་ཕྱིར་རོ། །(གཉེན་པོ་མ་སྐྱེས་པས།) བརྣབ་སེམས་དང་ལོག་ལྟ་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་དུ་གྱུར་པའི་སྒོ་ནས་ནི་མ་ཡིན་ཏེ། ཡིད་དུ་འོང་བའི་དངོས་པོ་མེད་པའི་ཕྱིར་དང་ལས་དང་འབྲས་བུ་མངོན་དུ་གྱུར་པའི་ཕྱིར་དང་། ཐོབ་པ་ལ་ནི་གཉེན་པོ་མེད་པའི་ཕྱིར་རོ། །འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་སྟེ། མཚམས་མེད་བྱེད་པའི་འདི་ལ་མིན་ཞེས་བསམ་སྦྱོར་ཉམས་པས་དགེ་རྩ་ཆད་པ་ནི་དམྱལ་བ་ནས་འཆི་བ་ན་མཚམས་སྦྱོར་བར་བཤད་པའི་ཕྱིར་རོ། །
སྲོག་གཅོད་པ་ནི་མེད་དོ། དེ་ལས་མ་ཟད་ན་བསད་ཀྱང་མེ་འཆི་བའི་ཕྱིར་དང་། འཆི་བ་ནི་ལས་ཟད་ནས་འཆི་བའི་ཕྱིར་རོ། །མ་བྱིན་པར་ལེན་པའང་མེད་དེ། རྫས་ཡོངས་སུ་བཟུང་བ་མེད་པའི་ཕྱིར་རོ། །འདོད་ལོག་ཀྱང་མེད་དེ། བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར་དང་། བདེ་བའི་སྐབས་ཀྱང་མི་རྙེད་པའི་ཕྱིར་རོ། །དགོས་པ་མེད་པའི་ཕྱིར་དང་། ཕན་ཚུན་སྙིང་དུ་སྡུག་པ་ལ་སོགས་པ་མེད་པས་རྟག་ཏུ་བྱེ་ཟིན་པའི་ཕྱིར་རྫུན་དང་ཕྲ་མའང་མེད་དོ། །སྲོག་གཅོད་པ་ལ་སོགས་པ་དེ་དག་སྔར་ཐོབ་པ་དག་བཏང་བའི་ཕྱིར་དང་། མ་འོངས་པའི་ཐོབ་པ་དེ་དག་ལ་མེད་པའི་ཕྱིར་ལྡན་པའང་མེད་དོ། །(དེས་ན་ལྔ་པོ་དེ་དག་མངོན་གྱུར་མེད་ཅིང་དེ་མེད་པར་འདོད་པའི་གཟུགས་ཅན་འཐོབ་པའང་མི་འབྱུང་ངོ་། །)བྱང་གི་སྒྲ་མི་སྙན་ན་ནི་བརྣབ་སེམས་དང་གནོད་སེམས་དང་ལོག་ལྟ་གསུམ་ལྡན་པའི་སྒོ་ནས་ཡོད་དེ། དེ་དག་གི་གཉེན་པོ་མེད་པའི་ཕྱིར་རོ། །མངོན་དུ་གྱུར་བའི་སྒོ་ནས་ནི་མེད་དེ། གོ་རིམ་བཞིན་དུ་ང་ཡིར་འཛིན་པ་མེད་པས་རྫས་བཟུང་བ་མེད་པའི་ཕྱིར་དང་། རྒྱུད་འཇམ་པ་དང་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་མེད་པའི་ཕྱིར་དང་། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་རོ། །སྒྲ་མ་སྙན་དེ་ན་དེ་དག་རེས་འགའ་ཉོན་མོངས་ཅན་གྱི་སེམས་ཀྱིས་གླུ་ལེན་པའི་ཕྱིར་མེ་དགེ་བ་བདུན་པ་ངག་ཀྱལ་ནི་དངོས་སུ་ཡང་ཡོད་དོ། །ཡང་གི་སྒྲ་ནི་ལྡན་པའི་སྒོ་ནས་ཀྱང་ཡོད་པ་སྡུད་པའོ། །སྲོག་གཅོད་པ་ནི་མེད་དེ། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པ་དང་ཚོངས་པའི་ཕྱིར་རོ། །རྫས་དང་བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར་དང་། མ་ལ་སོགས་པ་བགྲོད་པར་བྱ་བ་མ་ཡིན་པ་ཡིན་ན་ནི། རང་གི་དཔག་བསམ་གྱི་ཤིང་གིས་མི་སྐྱོབ་པས་དེ་དག་མི་སྤྱོད་པའི་ཕྱིར་མ་བྱིན་པར་ལེན་པ་དང་འདོད་ལོག་མེད་དེ། དགོས་པ་མེད་པའི་ཕྱིར་དང་། རྒྱུད་འཇམ་པའི་ཕྱིར་རྫུན་དང་ཕྲ་མ་དང་ཚིག་རྩུབ་ཀྱང་མེད་དོ། །དམྱལ་བ་དང་སྒྲ་མི་སྙན་མ་གཏོགས་པའི་འདོད་པའི་ཁམས་གཞན་ན་ནི་མི་དེ་བཅུ་ཀ་ལྡན་པ་དང་མངོན་གྱུར་གྱི་སྒོ་ནས་ཀྱང་ཅི་རིགས་པར་ཡོད་དེ། དེ་ལ་ཡི་དྭགས་དང་དུང་འགྲོ་དང་འདོད་ལྷའི་ནང་ན་ནི་སྡོམ་མིན་གྱིས་བསྡུས་པ་མེད་ཀྱི་གཞན་པར་མ་མི་དགེ་བས་བསྡུས་པ་དག་ཡོད་ལ་མིའི་ནང་ན་ནི་སྡོམ་མིན་གྱིས་བསྡུས་པའང་ཡོད་དོ། །
གལ་ཏེ་ལྷ་ལ་སྲོག་གཅོད་པ་ཇི་ལྟར་ཡོད་ཅེ་ན། ཁ་ཅིག་ན་རེ་ལྷས་ལྷ་གསོད་པ་མེད་ཀྱང་ལྷས་འགྲོ་བ་གཞན་དག་གསོད་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ལྷའང་ཕན་ཚུན་མགོ་དང་རྐེད་པ་བཅད་ན་འཆི་བའི་ཕྱིར་ཡོད་དོ་ཞེས་ཟེར་རོ། །བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དང་ཡང་དག་པའི་ལྟ་བ་ཞེས་བྱ་བའི་(ཡིད་ཀྱི།) དགེ་བ་གསུམ་ནི་ཁམས་དང་ས་དང་འགྲོ་བ་ཐམས་ཅད་ར་རྙེད་པ་དང་མངོན་དུ་གྱུར་པ་གཉིས་ཀའི་སྒོ་ནས་ཡོད་དོ། །གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ལ་ནི་རྙེད་པའི་སྒོ་ནས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལུས་ངག་གི་དགེ་བ་བདུན་ཡོད་དེ། (གཟུགས་མེད་ཀྱི་འཕགས་པ་ལ་ནི་ལུས་ངག་གི་བདུན་རྙེད་པས་ཡོད་དེ། འདས་པ་ནི་སྡོ་ནས་གང་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་སྐྱེད་དེ། འགགས་པ་དང་ལྡན་ཏེ། འདི་ནི་སྐྱེས་བ་དེ་ཁོ་ནས་བསྙད་དོ། །མ་འོངས་པ་ནི་ས་ལྔ་ཆར་ལ་བརྟེན་པ་དང་ལྡན་ཏེ། འདི་ནི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡིན་ནོ། །དེ་ཡང་དགྲ་བཅོམ་ཡིན་ན་ནི་ཞུགས་ལམ་བཏང་བས་མ་འོངས་པ་ཁོ་ན་དང་ལྡན་ནོ་ཞེས་འཆད་དོ། །)གཟུགས་ཁམས་སུ་ཟག་མེད་ཀྱི་སྡོམ་པ་ཐོབ་པ་གཏོང་བའི་རྒྱུ་མ་བྱུང་ན་གཟུཌ་མེད་དུ་སྐྱེས་པའི་འཕགས་པ་དག་ལ་ནི་ཟག་མེད་ཀྱི་སྤོང་བ་བདུན་གྱི་འདས་མ་འོངས་ཀྱི་ཐོབ་པ་དང་ལྡན་པའི་ཕྱིར་དང་། འདུ་ཤེས་མེད་པའི་སེམས་ཅན་ལའང་བསམ་གཏན་གྱི་སྡོམ་པའི་ཐོབ་པ་ལྡན་པའི་ཕྱིར་རོ། མངོན་གྱུར་ནི་མེད་དེ། གཟུགས་མེད་ན་གཟུགས་ཅན་ཐམས་ཅད་མེད་པའི་ཕྱིར་དང་། བསམ་གཏན་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་དང་། འདུ་ཤེས་མེད་པའི་སེམས་ཅན་ལ་སེམས་མེད་པའི་ཕྱིར་རོ། །
གཟུགས་མེད་པ་དང་འདུ་ཤེས་མེད་པའི་སེམས་ཅན་ལས་ལྷག་མར་བྱས་པའི་ཁམས་དང་འགྲོ་བ་གཞན་དག་ན་ནི་སྲོག་གཅོད་སྤོང་བ་ལ་སོགས་པ་བདུན་པོ་ཐོབ་པར་མ་ཟད་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དོ་ཞེས་སྤྱིར་བསྟན་ནས་དམྱལ་བ་དང་བཅས་པའི་སྒྲ་མི་སྙན་པ་མ་གཏོགས་ཞེས་དམིགས་ཀྱིས་བསལ་བ་ཡིན་ནོ། །དེ་ལ་དུད་འགྲོ་དང་ཡི་དྭགས་ན་ནི་སྡོམ་པས་བསྡུས་པ་མེད་ཀྱང་བར་མས་བསྡུས་པ་ཡོད་དོ། །གཟུགས་ཁམས་ན་ནི་བསམ་གཏན་ཟག་མེད་ཀྱི་སྡོམ་པས་བསྡུས་པ་ཡོད་དོ། །མི་རྣམས་ལ་ནི་སྡོམ་པ་(གསུམ་ག)དང་བར་མས་བསྡུས་པ་གཉིས་ཀ་ཡོད་དོ། །(འདོད་ལྷ་ལ་སྡོམ་པ་གཉིས་དང་བར་མ་ཡོད་དོ། །)དམྱལ་བ་དང་སྒྲ་མི་སྙན་པ་མ་གཏོགས་པ་ཞེས་བྱ་བ་ནི་དེ་ན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་པའི་ཕྱིར་རོ་ཞེས་ཊཱི་ཀ་བྱེད་པ་འཆད་མོད་ཀྱི་དེ་ལྟ་ན་ཡི་དྭགས་དང་དུད་འགྲོའང་མ་གཏོགས་པའི་ནང་དུ་བགྲང་བར་ཐལ་བའི་ཕྱིར་རོ། །དེས་ན་དམྱལ་བ་ན་ནི་སྡུག་བསྔལ་གྱིས་རྣམ་པར་གཡེང་པས་སྲོག་གཅོད་སྤོང་བ་ལ་སོགས་པའི་སེམས་པའི་སྐབས་མེད་པའི་ཕྱིར་དང་། སྒྲ་མི་སྙན་པ་ནི་ཤིན་ཏུ་བླུན་པའི་ཕྱིར་(དང་ལེན་སེམས་དང་ཏིང་ངེ་འཛིན་མེད་པའི་ཕྱིར།) དེ་དག་སྤོང་བའི་སེམས་པ་མེད་དོ། །སེམས་པ་མེད་པའམ་སྲོག་གཅོད་པ་མེད་པ་ཙམ་གྱིས་ནི་དགེ་བར་མི་འགྱུར་ཏེ། རྡོའི་དུམ་བུ་ལ་སོགས་པའང་དགེ་བར་ཐལ་བའི་ཕྱིར་རོ། །འོ་ན་དུད་འགྲོའང་ཤིན་ཏུ་བླུན་པའི་ཕྱིར་སྲོག་གཅོད་སྤོང་བ་ལ་སོགས་པ་མེད་པར་འགྱུར་རོ་ཞེ་ན། དུད་འགྲོ་ཁ་ཅིག་ནི་བློ་གསལ་བའི་ཕྱིར་རོ། །
བདུན་པ་འབྲས་བུ་བཤད་པ་ནི་མི་དགེ་བ་བཅུ་པོ་ཐམས་ཅད་ཀྱིས་ཀྱང་བདག་པོ་དང་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་འབྲས་བུ་གསུམ་གསུམ་འབྱིན་པར་འདོད་དེ། དེ་ལ་མི་དགེ་བ་བཅུ་པོ་དེ་དག་ཆེན་པོས་དམྱལ་བ་དང་འབྲིང་གིས་དུད་འགྲོ་དང་ཆུང་ངུས་ཡི་དྭགས་སུ་རྣམ་པར་སྨིན་པར་འགྱུར་ཏེ་འདི་ནི་རྣམ་སྨིན་གྱི་འབྲས་བུའོ། །དེ་ལྟར་ཡང་མདོ་ལས། མི་དགེ་བ་ཀུན་ཏུ་བསྟེན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པ་ཐམས་ཅད་ཀྱིས་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ་འདི་ནི་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ་ཞེས་པ་དང་། རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱིས་དང་པོར་ངན་འགྲོའོ། །ཞེས་གསུངས་ཏེ། དེ་ལ་ཀུན་དུ་བསྟེན་པ་ནི་སྦྱོར་བའོ། །གོམས་པར་བྱས་པ་ནི་དངོས་སོ། །ལན་མང་དུ་བྱས་པ་ནི་མཇུག་སྟེ་དེ་དག་གསུམ་ག་ཚང་བ་ནི་ཆེན་པོ་ཡིན་ལ་གཉིས་ཚང་བ་ནི་འབྲིང་དང་གཅིག་ནི་ཆུང་དུ་ཡིན་ནོ་ཞེས་ཤེས་པར་བྱའོ། །ལས་གདགས་པ་ལས་ཀྱང་། མི་དགེ་བ་བཅུ་པོ་དེ་དག་ཆེན་པོ་དང་འབྲིང་དང་ཆུང་ངུ་གསུམ་ལས་ཆེན་པོ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པས་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ལ། འབྲིང་གིས་ནི་དུད་འགྲོ་དང་། ཆུང་དུས་ནི་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །དེ་དག་གི་ཆེ་ཆུང་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་དང་ཆེན་པོས་ཀུན་ནས་དཀྲིས་ཏེ་བྱེད་ན་གོ་རིམ་བཞིན་དུ་རྣམ་པར་སྨིན་པ་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་རོ་ཞེས་བཤད་དོ། །སའི་དངོས་གཞི་ལས་ནི། ཆུང་ངུར་སྤྱད་པས་དུད་འགྲོར་སྐྱེ་བར་བཤད་དོ། །རྒྱུ་མཐུན་ལ་བྱེད་པ་རྒྱུ་མཐུན་ནི་མི་དགེ་བ་བྱེད་པ་ལ་གོམས་ལངས་ཅན་དུ་འགྱུར་ལ།
མྱོང་བ་རྒྱུ་མཐུན་ནི་རིན་པོ་ཆེའི་ཕྲེང་བ་ལས། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བ་བྱེད་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་མང་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །རྩུབ་པོ་ཡིས་ནི་མི་སྙན་ཐོས། །མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་གལ་ཏེ་དམྱལ་བ་ལ་སོགས་པ་ནས་ཐར་ནས་དགེ་བས་མིར་སྐྱེས་ན་དེ་ལྟ་བུ་འབྱུང་བར་བཤད་ལ། འདིའི་འགྲེལ་པར་ནི་(རིམ་པ་ལྟར་དུག་གསུམ་ཤས་ཆེ་བར་འགྱུར་བར།) བརྣབ་སེམས་ཀྱིས་མི་འདོད་ཆགས་ཤས་ཆེ་བར་འགྱུར་རོ། །གནོད་སེམས་ཀྱིས་ནི་ཞེ་སྡང་ཤས་ཆེ་བར་འགྱུར་རོ། །ལོག་པར་ལྟ་བས་ནི་གཏི་མུག་ཤས་ཆེ་བར་འགྱུར་ཏེ་དེ་ལ་ནི་གཏི་མུག་མང་བའི་ཕྱིར་རོ་ཞེས་བཤད་ལ། གཞན་དག་ནི་འདྲ་བར་བཤད་དོ། །བདག་པོའི་འབྲས་བུ་ནི་ཡུལ་ངན་པ་རྣམས་སུ་སྐྱེ་བར་འགྱུར་ཏེ། །འདི་ལྟར་གསོད་པས་གཟི་ཆུང་བརྐུ་ས་པ་ཡིས། །(ལོ་ཐོག་ལ་)སེར་བ་བཙའ་ཆར་འདོད་ལོག་གིས། (སྤུས་ངན་པས།) རྡུལ་འཁྲིགས་ཅན་འགྱུར་རྫུན་གྱིས་ནི། །དྲི་ད་ཕྲ་མས་མཐོན་དམན་ཅན། །རྩུབ་པོས་ཚྭ་སྒོ་ཅན་དང་ནི། །(འབྲུ་མི་སྐྱེ་བ།) དགོན་གདུང་(ནི་ཆུ་མེད་པ་)ཐ་ཆད་(ནི་ཀླ་ཀློའི་ཡུལ་སོགས།) སྡིག་པ་ཅན། (སེམས་ཅན་ལ་གནོད་པ་མང་བ།) ནུས་པ་ཆུང་བས། ཀྱལ་བས་དུས་ལོག། (ཆར་དུས་སུ་མི་འབབ་པ་སོགས།) བརྣབ་སེམས་ཀྱིས། འབྲས་བུ་ཕྲ་དང་གནོད་སེམས་ཀྱིས། །འབྲས་བུ་ཁ་དང་ལོག་ལྟས་ནི། །འབྲས་བུ་ཆུང་བའམ་མེད་པར་འགྱུར། །ཞེས་ཤེས་པར་བྱའོ། །
འདི་ལ་ཁ་ཅིག་ན་རེ་ལས་གཅིག་པོ་དེ་ལ་འབྲས་བུ་གསུམ་ཡོད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སྦྱོར་བས་ངན་སོང་དུ་སྐྱེ་ལ། དངོས་གཞིས་ཚེ་ཐུང་བ་ལ་སོགས་པར་འགྱུར་རོ་ཞེས་ཟེར་རོ། །(དེ་དག་ཀྱང་རང་རྒྱུད་ལ་སྨིན་པ་རྣམ་སྨིན་དང་། ཕྱི་རོལ་ལ་སྨིན་པ་བདག་འབྲས་དང་། རིས་མཐུན་བསྐྱེད་པ་རྒྱུ་མཐུན་འབྲས་ཡིན་ནོ། །དགེ་བ་ལ་བྲལ་འབྲས་ཀྱང་ཡོད་ལ། གཉིས་ཀ་ལ་སྐྱེས་བུ་བྱེད་འབྲས་ཡོད་ཀྱང་། འདིར་འབྲས་བུ་གསུམ་དུ་བསྡུས་ནས་བསྟན་ནོ། །)འོ་ན་དེ་དག་ལས་འབྲས་བུ་གསུམ་འབྱུང་བ་ཇི་ལྟར་ཞེ་ན། སྲོག་གཅོད་པས་ཕ་རོལ་པོ་སྡུག་བསྔལ་བར་བྱས་པའི་ཕྱིར་དང་། སྲོག་དང་ཕྲལ་ནས་བསད་པའི་ཕྱིར་དང་། བསད་ནས་གཟི་བྱིན་མེད་པར་བྱས་པའི་ཕྱིར་རིམ་པ་ལྟར་རྣམ་སྨིན་ངན་སོང་གི་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་ཚེ་ཐུང་བ་དང་། བདག་འབྲས་ཡུལ་དང་ཕྱིའི་སྨན་རྣམས་གཟི་མཐུ་ཆུང་བའི་ཕྱིར་འབྲས་བུ་རྣམ་པ་གསུམ་དུ་ངེས་སོ་ཞེས་བྱའོ། །དེ་བཞིན་དུ་མ་བྱིན་ལེན་ལ་སོགས་པ་ལའང་སྦྱར་རོ། །དགེ་བ་ཟག་བཅས་རྣམས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི་མཐོ་རིས་སུ་སྐྱེས་ནས་བདེ་བ་མྱོང་བ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་ལས་བཟློག་པས་ལྷ་དང་མི་ཉིད་དོ་ཞེས་བཤད་དོ། །བྱེད་པ་རྒྱུ་མཐུན་ནི་དགེ་བ་བྱེད་པ་ལ་གོམས་པར་འགྱུར་རོ། །མྱོང་བ་རྒྱུ་མཐུན་ནི་སྲོག་གཅོད་པ་སྤངས་པས་ཚེ་རིང་བ་ལ་སོགས་པ་ཡིན་ནོ། །བདག་པོའི་འབྲས་བུ་ནི་གཟི་མཐུ་ཆེ་བའི་ཡུལ་དུ་སྐྱེ་བ་ལ་སོགས་པར་འགྱུར་རོ། །
རིན་པོ་ཆེའི་ཕྲེང་བ་ལས། མི་དགེ་ཞེས་བྱ་དེ་དག་གི། རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང་། །ཞེས་བཤད་དོ། །ཞར་ལ་ལོག་པའི་ངག་ལ་སོགས་པ་བཤད་པ་ནི་ཡང་མདོ་ལས་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་དང་ལོག་པའི་འཚོ་བ་གསུམ་གསུངས་པ་ལ་ཞེ་སྔར་དང་གཏི་མུག་ལས་སྐྱེས་པའི་ངག་ནི་ལོག་པའི་ངག་གོ། དེ་གཉིས་ལས་སྐྱེས་པའི་ལུས་ཀྱི་ལས་ནི་ལོག་པའི་ལས་ཀྱི་མཐའོ། །ལུས་དང་ངག་གི་ལས་ཆགས་པ་ལས་སྐྱེས་པ་ནི་ལོག་པའི་འཚོ་བ་ཡིན་ནོ། །ཅིའི་ཕྱིར་ཆགས་པ་ལས་སྐྱེས་པའི་ལས་གཉིས་ཕྱོགས་གཅིག་ཏུ་ལོག་འཚོར་བསྟན་ཞེ་ན། ཆགས་པ་ལས་སྐྱེས་པའི་ལུས་ངག་གི་ལས་ལོག་འཚོ་དེ་ནི་གཉེན་པོས་སྦྱང་བར་དཀའ་བའི་ཕྱིར་ཞེ་སྡང་གཏི་མུག་ལས་སྐྱེས་པ་ལས་ལོགས་ཤིག་ཏུ་ལོག་པའི་འཚོ་བར་བསྟན་ཏོ། །དེའི་ཕྱིར་སློབ་དཔོན་གྱིས། རྟག་ཏུ་ལྟ་བ་སྣ་ཚོགས་ཀྱི། །ཁྱིམ་བས་ལྟ་བ་སྦྱང་བར་དཀའ། །འཚོ་བ་གཞན་ལ་རག་ལུས་པའི། །དགེ་སློང་གིས་ནི་འཚོ་བ་ཉིད་ཅེས་གསུངས་པ་ཡིན་ནོ། །འདི་ལ་སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ་ཟས་གོས་ལ་སོགས་འཚོ་བའི་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་ངག་གི་ལས་ཁོ་ན་ལོག་འཚོ་ཡིན་གྱི་རང་ཉིད་དགའ་བར་བྱ་བའི་ཆེད་དུ་གླུ་གར་ལ་སོགས་པ་བྱེད་པ་ནི་ལོག་འཚོ་བ་ཡིན་ནོ། །ཞེས་ཟེར་བ་ནི་མིན་ཏེ། གལ་ཏེ་འཚོ་བའི་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་ངག་གི་ལས་ཁོ་ན་ལོག་འཚོ་ཡིན་ན་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་དང་འགལ་བའི་ཕྱིར་རོ། །མདོ་ནི་འདི་ཡིན་ཏེ། དབྱུག་གུ་གསུམ་པ། དེ་ལ་འདི་ལྟ་སྟེ། དགེ་སྦྱོང་དམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱད་ནས་ལྟད་མོ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེ་འཐབ་པ་དང་། རྟ་འཐབ་པ་དང་། ཤིང་རྟས་འཐབ་པ་དང་། རྐང་ཐང་འཐབ་པ་དང་། དབྱུག་པས་འཐབ་པ་དང་ཞེས་བྱ་བ་ནས་དམག་བྱིན་པོ་སྟོན་པ་ལ་ལྟ་བར་རྩོམ་པའི་བརྩོན་པ་དང་ལྡན་པར་གནས་པའམ། འདུས་པ་ཆེན་པོ་ཉམས་སུ་མྱོང་བར་བྱེད་དེ། དགེ་སྦྱོང་ནི་དེ་ལྟ་བུའི་ལྟད་མོ་སྣ་ཚོགས་ལྟ་བར་རྩོམ་བར་བརྩོན་པ་སྤང་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་ལ། དེ་བཞིན་དུ་གླང་པོ་ཆེའི་སྒྲ་ལ་སོགས་པ་ཉན་བ་ལའང་སྦྱར་ནས་གསུངས་ཏེ། གཟུགས་སྒྲ་ལ་སོགས་པ་ལ་ཆགས་པས་ལྟ་བ་དང་ཉན་པ་ལ་སོགས་པའང་ཡང་དག་པ་མ་ཡིན་པ་ལོག་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ལོག་འཚོར་གསུངས་པའི་ཕྱིར་རོ། །
བདུན་པ་ལས་འབྲས་བུ་དང་བཅས་པར་དབྱེ་བ།
བདུན་པ་ལས་འབྲས་བུ་རུ་དང་བཅས་པར་དབྱེ་བ་ནི་འོ་ན་ལས་གང་ཞིག་འབྲས་བུ་ལྔ་ལས་འབྲས་བུ་དུ་ཞིག་གིས་འབྲས་བུ་དང་བཅས་པ་ཡིན་ཞེ་ན། དྲི་བཅས་ཏེ་ཟག་པ་དང་བཅས་པའི་སྤོང་བའི་ལམ་(འཇིག་རྟེན་པའི་སྒོམ་ལ་མ་བར་ཆད་མེད་པ་)དག་གི་ལས་ནི་རྣམ་སྨིན་དང་། བདག་འབྲས་དང་། རྒྱུ་མཐུན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་འབྲས་དང་། བྲལ་འབྲས་དང་། ལྔ་ཡིས་འབྲས་བུར་བཅས་པ་ཡིན་ནོ། །དེ་ལ་དྲི་བཅས་སྤོང་བའི་ལམ་ནི་འཇིག་རྟེན་པའི་སྒོམ་པའི་ལམ་བར་ཆད་མེད་པའོ། །འདིའི་རྣམ་སྨིན་གྱི་འབྲས་བུ་ནི་རང་གི་སར་གཏོགས་འཇིག་རྟེན་པའི་རྣམ་སྨིན་ཡིད་དུ་འོང་བ་ཡིན་ལ། བདག་འབྲས་ནི་སྔར་བྱུང་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུས་བྱས་ཐམས་ཅད་དོ། །རྒྱུ་མཐུན་གྱི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །སྐྱེས་བུ་བྱེད་འབྲས་ནི་རྣམ་གྲོལ་གྱི་ལམ་དང་ཐོབ་བ་དང་སྤངས་པ་ལ་སོགས་པ་དེ་མ་ཐག་དང་ཅིག་ཅར་འབྱུང་བ་རྣམས་སོ། །བྲལ་འབྲས་ནི་ས་འོག་མའི་ཉོན་མོངས་པ་སྤངས་པའོ། །དྲི་མེད་ཀྱི་སྤོང་བའི་ལམ་ནི་འབྲས་བུ་བཞི་ཡིས་འབྲས་བུ་དང་བཅས་པ་ཡིན་ཏེ། ཟག་མེད་ལ་རྣམ་སྨིན་གྱི་འབྲས་བུ་མེད་པའི་ཕྱིར་རོ། །ཟག་པ་དང་བཅས་པ་སྤོང་བའི་ལམ་ལས་གཞན་པའི་དགེ་བ་དང་མི་དགེ་བ་གང་ཡིན་པ་དེའང་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ཏེ། དེ་དག་ལ་བྲལ་འབྲས་མི་སྲིད་པའི་ཕྱིར་རོ། །
ཟག་པ་མེད་པ་སྤོང་པའི་ལམ་གྱི་ལྷག་མ་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་གྱི་ལམ་དང་། དགེ་མི་དགེར་ལུང་བསྟན་པ་མིན་པ་བསྒྲིབས་བ་དང་མ་བསྒྲིབས་ལུང་མ་བསྟན་གང་དག་ཡིན་པ་དེ་དག་ནི་རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྲས་བུ་གསུམ་གྱིས་འབྲས་བུ་དང་བཅས་སོ་དགེ་བའི་འབྲས་བུ་དགེ་བ་ཡིན་པ་ལ་ནི་འབྲས་བུ་བཞི་ཡིན་ཏེ། དེ་ལ་རྣམ་སྨིན་གྱི་འབྲས་བུ་མི་སྲིད་པའི་ཕྱིར་དང་། སྤོང་ལམ་གྱི་བྲལ་འབྲས་ཀྱང་དོན་དམ་པར་དགེ་བ་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲས་གཟུང་བ་དགེ་བས་མི་དགེ་བ་སྐྱེད་པ་ལ་ནི་འབྲས་བུ་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་ཡིན་ཏེ། རྣམ་སྨིན་དང་བྲལ་འབྲས་དང་རྒྱུ་མཐུན་གྱི་འབྲས་བུ་གསུམ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་དགེ་བས་ལུང་མ་བསྟན་སྐྱེད་བ་ལ་ནི་འབྲས་བུ་གསུམ་ཡིན་ཏེ། བྲལ་བ་དང་རྒྱུ་མཐུན་པའི་འབྲས་བུ་གཉིས་མི་སྲིད་པའི་ཕྱིར་རོ། །
མི་དགེ་བའི་འབྲས་བུ་དགེ་བ་མིན་པ་ལ་ནི་རིམ་པ་བཞིན་དུ་འབྲས་བུ་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་ཡིན་ཏེ། རྣམ་སྨིན་དང་རྒྱུ་མཐུན་དང་བྲལ་བའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །སོགས་པའི་སྒྲས་བསྟན་པ་མི་དགེ་བས་མི་དགེ་བ་བསྐྱེད་པ་ལ་ནི་སྐྱེས་བུ་བྱེད་པ་དང་བདག་པོ་དང་རྒྱུ་མཐུན་པའི་འབྲས་བུ་གསུམ་ཡིན་ཏེ། རྣམ་སྨིན་དང་བྲལ་འབྲས་མི་སྲིད་པའི་ཕྱིར་རོ། །མི་དགེ་བའི་ལས་ཀྱིས་ལུང་མ་བསྟན་སྐྱེད་པ་ལ་འབྲས་བུ་བཞི་ཡིན་ཏེ། བྲལ་འབྲས་མ་གཏོགས་པའི་ཕྱིར་རོ། །མི་དགེ་བས་ལུང་མ་བསྟན་བསྐྱེད་པ་ལ་རྒྱུ་མཐུན་གྱི་འབྲས་བུ་ནི་ཉོན་མོངས་ཅན་དུ་འདྲ་བས་ཀུན་འགྲོ་མི་དགེ་བསྡུག་བསྔལ་མཐོང་སྤང་གིས། བསྒྲིབས་ལ་ལུང་མ་བསྟན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་རྣམས་སྐྱེད་པ་ལ་ཡིན་པའི་ཕྱིར་རོ། །ལུང་དུ་བསྟན་པོ་མིན་པ་ཉིད་ཀྱི་འབྲས་བུ་དགེ་བ་ཡིན་པ་ལ་ནི་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་ཏེ། རྣམ་སྨིན་དང་བྲལ་བ་དང་རྒྱུ་མཐུན་པའི་འབྲས་བུ་གསུམ་མ་གཏོགས་པའི་ཕྱིར་རོ། །སོགས་དང་དེ་དག་ཅེས་པའི་སྒྲས་བཟུང་བ་ལུང་མ་བསྟན་གྱིས་མི་དགེ་བསྐྱེད་པ་ལ་ནི་འབྲས་བུ་གསུམ་སྟེ། བྲལ་འབྲས་དང་རྣམ་སྨིན་གཉིས་མ་གཏོགས་པའོ། །
འདིའི་རྒྱུ་མཐུན་གྱི་འབྲས་བུ་ནི་བསྒྲིབས་ལ་ལུང་མ་བསྟན་འཇིག་ཚོགས་མཐར་འཛིན་གྱི་སྡུག་བསྔལ་མཐོང་སྤང་ལ་སོགས་པའི་མི་དགེ་བ་བསྐྱེད་པ་ཡིན་ཏེ། དེ་དག་ནི་ཉོན་མོངས་ཅན་དུ་འདྲ་བའི་ཕྱིར་རོ། །ལུང་མ་བསྟན་གྱིས་ལུང་མ་བསྟན་སྐྱེད་པ་ལའང་འབྲས་བུ་གསུམ་སྟེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པའི་ཕྱིར་རོ། །འདས་པའི་ཆོས་ཟག་བཅས་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཐམས་ཅད་བསྐྱེད་པ་ལ་ནི་(འབྲལ་འབྲས་དུས་ཀྱིས་མ་བསྡུས་པས་དེ་མ་གཏོགས་པ།) འབྲས་བུ་བཞི་བཞི་ཡིན་ནོ། །གང་ཞེ་ན། བྲལ་འབྲས་མ་གཏོཌ་པ་སྟེ། དེ་ནི་ཁམས་སུ་མ་གཏོགས་ཤིང་དུས་ཀྱིས་མ་བསྡུས་པའི་ཕྱིར་མི་སྲིད་དོ། །དེ་བཞིན་དུ་བར་མ་ད་ལྟར་བྱུང་བ་ཡི་ནི་འབྲས་བུ་མ་འོངས་པ་ཡིན་པ་ལའང་བཞི་ཡིན་ཏེ་སྔ་མ་དང་འདྲའོ། །བར་མང་ལྟར་བྱུང་བསད་ལྟར་བྱུང་བ་བསྐྱེད་ན་རྣམ་སྨིན་དང་རྒྱུ་མཐུན་དང་བྲེལ་འབྲས་གསུམ་མི་སྲིད་པས་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་སོ། །
ལས་མ་སྐྱེས་པ་ནི་མ་འོངས་པ་སྟེ་དེའི་འབྲས་བུ་མ་འོངས་པ་ཡིན་ན་རྒྱུ་མཐུན་དང་བྲལ་འབྲས་མ་གཏོགས་པ་གསུམ་ཡིན་ནོ། །དེ་ལྟར་བས་འདས་པ་བསྐྱེད་པ་དང་། མ་འོངས་པས་འདས་པ་དང་ད་ལྟར་བ་བསྐྱེད་པ་ནི་མི་སྲིད་པའི་ཕྱིར་དཔྱད་པ་མ་མཛད་དོ། །ཟག་བཅས་རང་གི་ས་པའི་ལས་ཀྱིས་རང་གི་ས་པའི་ཆོས་བསྐྱེད་ན་བྲལ་འབྲས་སས་མ་བསྡུས་པས་དེ་ལས་གཞན་པའི་འབྲས་བུ་བཞི་ཡིན་ནོ། །རང་ས་ཟག་མེད་ཡིན་ན་རྣམ་སྨིན་དང་བྲལ་འབྲས་ལས་གཞན་གསུམ་མོ། །གཞན་གྱིས་པའི་ལས་ཀྱིས་གཞན་གྱིས་པའི་ཆོས་བསྐྱེད་ན་འབྲས་བུ་གསུམ་བྱེད་པ་ནི་ས་དགུའི་ལམ་ནི་ཕན་ཚུན་དུ་ཞེས་འབྱུང་བས་ཟག་མེད་ས་གཞན་ལ་རྟེན་བས་ཟག་མེད་ས་གཞན་ལ་རྟེན་པའི་རྒྱུ་མཐུན་གྱི་འབྲས་བུའང་བྱེད་པའི་ཕྱིར་དང་། བདག་འབྲས་དང་སྐྱེས་བུ་བྱེད་འབྲས་ཀྱང་བྱེད་པའི་ཕྱིར་དང་། རྣམ་སྨིན་དང་བྲལ་འབྲས་ནི་མི་སྲིད་པའི་ཕྱིར་རོ། །གཉིས་བྱེད་པ་ནི་ཟག་པ་དང་བཅས་པ་སྟེ། དེ་ལ་སྐྱེས་བུ་བྱེད་པ་དང་བདག་འབྲས་ཡོད་ཀྱི་རྣམ་སྨིན་དང་རྒྱུ་མཐུན་དང་བྲལ་འབྲས་རྣམས་མི་སྲིད་པའི་ཕྱིར་རོ། །སློབ་པའི་ལས་ཀྱིས་སློབ་པའི་ཆོས་བ་སྐྱེད་ན་གསུམ་ཡིན་ཏེ། རྣམ་སྨིན་དང་བྲལ་འབྲས་སློབ་པ་མ་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲས་བསྟན་པ་སློབ་པས། མི་སློབ་པ་སྐྱེད་པའང་དེ་དང་འདྲའོ། །སློབ་པས་སློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པའི་ཆོས་བསྐྱེད་ནའང་གསུམ་ཡིན་ཏེ། རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །
མི་སློབ་པའི་ལས་ཀྱི་འབྲས་བུ་ནི་སློབ་པའི་ཆོས་ཡིན་ན་བདག་པོའི་འབྲས་བུ་གཅིག་ཁོ་ན་ཡིན་ཏེ། མི་སློབ་པ་ལས་ཉམས་པའི་ཚེ་ནའང་ཉོན་མོངས་པ་ཀུན་ཏུ་འབྱུང་བས་བར་དུ་ཆོད་པའི་ཕྱིར་མི་སློབ་པའི་མཇུག་ཐོགས་སུ་དེ་མ་ཐག་གམ་ཅིག་ཅར་དུ་སློབ་པ་འབྱུང་བ་མེད་པས་སྐྱེས་བུ་བྱེད་འབྲས་ཀྱང་མི་སྲིད་པའི་ཕྱིར་དང་། རྣམ་སྨིན་གྱི་འབྲས་བུ་ལ་སོགས་པ་གསུམ་ཡང་མི་སྲིད་བའི་ཕྱིར་རོ། །གང་དག་སྐྱེས་བུ་བྱེད་འབྲས་ཆོད་པ་ལས་ཀྱང་སྐྱེ་བར་འབོད་ལ་དེ་དག་གི་ལྟར་ན་མི་སློབ་པས་སློབ་བསྐྱེད་ན་འབྲས་བུ་གཉིས་བྱེད་པ་ཡིན་ནོ། །སོགས་པས་བསྡུས་པ་མི་སློབ་པས་མི་སློབ་པའི་ཆོས་བསྐྱེད་ན་འབྲས་བུ་གསུམ་བྱེད་པ་ཡིན་ཏེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པའི་ཕྱིར་རོ། །མི་སློབ་པས་སློབ་པ་འདམ་ཡིན་མི་སློབ་པའང་མ་ཡིན་པའི་ཆོས་བསྐྱེད་ན་དེ་ལ་རྒྱུ་མཐུན་དང་བྲལ་འབྲས་གསུམ་མི་སྲིད་པས་སྐྱེས་བུ་བྱེད་པ་དང་བདག་བོའི་འབྲས་བུ་གཉིས་བྱེད་པ་ཡིན་ནོ། །
སློབ་པ་དང་མི་སློབ་པ་དེ་གཉིས་ལས་གཞན་བསློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པའི་ལས་ཀྱི་འབྲས་བུ་ནི་སློབ་པ་ཡིན་ན་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་ཡིན་ཏེ་རྣམ་སྨིན་དང་རྒྱུ་མཐུན་དང་བྲལ་འབྲས་གསུམ་ནི་མི་སྲིད་པའི་ཕྱིར་རོ། །སོགས་པའི་སྒྲས་གཟུང་བ་སློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པའི་འབྲས་བུ་མི་སློབ་པ་ཡིན་ནའང་འབྲས་བུ་གཉིས་ཡིན་ཏེ་སྔ་མ་དང་འདྲའོ། །སློབ་བའང་མ་ཡིན་མི་སློབ་པའང་མ་ཡིན་པས་སློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པའི་ཆོས་སྐྱེད་པ་ལ་ནི་འབྲས་བུ་ལྔ་བོ་ཐམས་ཅད་སྲིད་པ་ཡིན་ནོ། །མཐོང་བས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བ་དེ་ཡིན་ན་འབྲས་བུ་གསུམ་ཡིན་ཏེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པའི་ཕྱིར་རོ། །སོགས་པས་གཟུང་བ་མཐོང་སྤང་གི་འབྲས་བུ་སྒོམ་སྤང་ཡིན་ན་བཞི་ཡིན་ཏེ། བྲལ་འབྲས་མ་གཏོགས་པའོ། མཐོང་སྤང་གི་འབྲས་བུ་སྤང་བྱ་མ་ཡིན་ན་གཅིག་སྟེ་བདག་འབྲས་ཁོ་ན་ཡིན་ནོ། །བསྒོམ་པས་སྤང་པར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་། སྒོམ་སྤང་དང་སྤང་བྱ་མ་ཡིན་པ་དེ་དག་ཡིན་རིམ་པ་བཞིན་དུ་འབྲས་བུ་གཉིས་དང་བཞི་དང་གསུམ་ཡིན་ཏེ། དང་པོ་ལ་ནི་རྣམ་སྨིན་དང་རྒྱུ་མཐུན་དང་བྲལ་འབྲས་གསུམ་མི་སྲིད་པའི་ཕྱིར་དང་། གཉིས་པ་ལ་ནི་བྲལ་འབྲས་མི་སྲིད་པའི་ཕྱིར་དང་། གསུམ་པ་ལ་ནི་རྒྱུ་མཐུན་དང་རྣམ་སྨིན་གཉིས་མི་སྲིད་པའི་ཕྱིར་རོ། །སྤང་བར་བྱ་བ་མིན་པའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མ་ཡིན་པ་དེ་དག་ཡིན་ན་འབྲས་བུ་གཅིག་དང་གཉིས་དང་བཞི་སྟེ་གོ་རིམ་བཞིན་དུ་སྦྱར་ཏེ། དང་པོ་ལ་བདག་འབྲས་དང་། གཉིས་པ་ལ་ཟག་མེད་ཀྱི་ལམ་ལས་ལངས་པའི་ཚེ་དེའི་མཇུག་ཏུ་སྒོམ་སྤང་ཁམས་གསུམ་གྱི་དགེ་བ་ཟག་བཅས་འབྱུང་བ་ནི་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་དང་། གསུམ་པ་ལ་ནི་རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པ་བཞི་བྱེད་པའི་ཕྱིར་རོ། །
བརྒྱད་པ་རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པའི་དབྱེ་བ།
བརྒྱད་པ་རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པའི་ལས་ཀྱི་དབྱེ་བ་ནི་བསྟན་བཅོས་ལས་རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པས་བསྐྱེད་པ་དང་། གཉིས་ཀས་བསྐྱོད་པ་མ་ཡིན་པའི་ལས་གསུམ་གསུངས་པ་ལ་རིགས་པ་མིན་པས་བསྐྱེད་པ་ནི་ལས་ཉོན་མོངས་པ་ཅན་ཡིན་ཏེ། དེ་ཡང་མི་དགེ་བ། རང་བཞིན་གྱིས་ཁ་ན་མ་ཐོག་དང་བསྒྲིབས་ལ་ལུང་མ་བསྟན་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སྐྱེད་པའི་ཕྱིར་རོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ་དེ་ནི་ལས་ཉོན་མོངས་ཅན་ཁོ་ནར་མ་ཟད་ཀྱི་བཅས་པའི་ཁ་ན་མ་ཐོ་བ་འགྲོ་བ་དང་གནས་པ་དང་བཟའ་བ་དང་གོ་བ་ལ་སོགས་པ་འཇིག་རྟེན་ན་འདི་ལྟར་བྱའོ་ཞེས་གྲགས་པའི་ཆོ་ག་ལས་ཉམས་ནས་དེ་དང་མི་མཐུན་པར་བྱེད་པའང་རིགས་པ་མ་ཡིན་པས་བསྐྱེད་པ་ཡིན་ནོ་ཞེའོ། །
རིགས་པས་བསྐྱེད་པ་ནི་ལས་དགེ་བ་ཡིན་ནོ། །ཁ་ཅིག་ནི་དེར་མ་ཟད་ཀྱི་ཆོ་ག་མཉམས་པའང་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་ལས་གཞན་པ་ནི་གཉིས་ཀ་མ་ཡིན་པའོ། །
དགུ་པ་འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ།
དགུ་པ་འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ་ནི་ཅི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ནམ། འོན་ཏེ་དུ་མའང་འཕེན། དེ་བཞིན་དུ་ལས་དུ་མས་ཀྱང་སྐྱེ་བ་དུ་མ་ཁོ་ན་འཕེན་ནམ། འོན་ཏེ་གཅིག་ཀྱང་འཕེན་ཞེ་ན། ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་པར་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པའང་མེད་ལ། རིས་མཐུན་པ་དུ་མ་བུར་འཕེན་དུ་འོང་བས་ན་(ལས་ཀྱི་འབྲས་བུ་གཅིག་ཟད་ཅིང་གཞན་སྐྱེས་པ་ན་འཆི་འཕོ་བ་དང་སྐྱེ་བར་འགྱུར་བར་ཐལ་བས་ན།) ལས་དུ་མས་སྐྱེ་བ་གཅིག་འཕེན་པའང་མེད་དོ་(གཅིག་གིས་དུ་མ་འཕེན་ན་སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གནས་སྐབས་ངེས་པའང་མ་འཐད་དོ། །)ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་ཡིན་ནོ། །འོ་ན་རྒྱལ་པོ་དང་ཡང་དག་པར་ལྡན་པའི་མདོ་ལས། གནས་བརྟན་མ་འགགས་པས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལས་ལྡན་པ་དགབདག་བར་ཎ་སེར་སྐྱེས་བུ་དབུལ་པོ་རྣ་ཐུ་བ་ཞིག་ཏུ་གྱུར་པ་ན་རང་སངས་རྒྱས་སྟེང་གནས་ཞེས་བྱ་བའམ་སྤྱི་གཙུག་མེ་ཏོག་ཏ་ཀར་ལྟ་བུ་ཞེས་བྱ་བ་ལ་བསོད་སྙོམས་ཕུལ་ཏེ། བདག་ནི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་བསལ་ན་བདུན་གྱི་བར་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཤིང་ལན་བདུན་གྱི་བར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་པ་ནས་ད་ལྟར་ཤཱཀྱ་ཕྱུག་པོའི་རིགས་སུ་སྐྱེས་པའི་བར་དུ་ཡིན་ནོ་ཞེས་(པ་དང་། ལུང་སྨན་གྱི་གཞི་ལས། སུམ་ཅུ་རྩ་གསུམ་ལྷ་རྣམས་སུ། །བདག་གིས་ལན་བདུན་སྐྱེ་བ་བླངས། །སླར་ཡང་མིའི་ནང་དུ་ནི། །མི་ཡི་དབང་པོ་ལན་བདུན་བྱས། །དེ་ཚེ་འཛམ་གླིང་དབང་ཕྱུག་གི། པ་རྒྱལ་རིགས་སྤྱི་བོར་དབང་བསྐུར་རོ། །འདིར་ནི་བདུན་དང་དེར་བདན་གེ་བདག་གིས་ལན་ནི་བཅུ་བཞིར་འཁོར་ཞེས།)གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བསོད་ནམས་དེས་བདེ་འགྲོའི་འབྱོར་བ་རྙེད་ནས་སྐྱེ་བ་དྲན་ཏེ་ཡང་བསོད་ནམས་བྱས་པས་དེ་དང་དེ་དག་ཏུ་སྐྱེས་པ་ལ་བསོད་སྙོམས་གཅིག་པོ་དེས་བསྐྱེད་དོ་ཞེས་བཤད་དེ། གཅིག་པོ་དེ་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏེ་དཔར་ན་དོང་ཙེ་གཅིག་ལན་དུ་མར་བསྒྱུར་བས་ཕྱུག་པོར་གྱུར་པ་ལ་བདག་ནི་དོང་ཙེ་གཅིག་གིས་ཕྱུག་པོར་གྱུར་ཏོ་ཞེས་བརྗོད་པ་ལྟ་བུའོ། །
ཡང་ན་བསོད་སྙོམས་གཅིག་ཕུལ་བ་དེ་ལ་བརྟེན་ནས་དགའ་བ་དང་ཡིད་རང་བ་ལ་སོགས་པ་སེམས་པའི་ལས་དུ་མ་ཡོད་པའི་ཕྱིར་དེ་དག་དེ་དག་གི་འབྲས་བུ་ཡིན་ནོ། །ལས་གཅིག་གིས་འཕངས་པའི་རིས་མཐུན་པའི་སྐྱེ་བ་དེའི་ཁྱད་པར་གྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་ལས་ནི་དུ་མ་ཡིན་ཏེ། །དཔེར་ན་རི་མོ་མཁན་དག་སྐྱ་རིས་རི་ལུ་གཅིག་གིས་བྱས་ནས་ཚོན་སྣ་ཚོགས་ཀྱིས་རྫོགས་པར་བྱེད་པ་ལྟར་མིར་མཚུངས་ཀྱང་ཁ་ཅིག་ནི་(རྫོགས་བྱེད་དགེ་བས་)གཟུགས་བཟང་བ་དང་དབང་པོ་ཚང་བ་དང་ལོངས་སྤྱོད་ཆེ་བ་དང་ནད་མེད་པ་དང་དབང་ཐང་ཕུན་སུམ་ཚོགས་པ་ལ་སོགས་པ་ཡིན་ལ། ཁ་ཅིག་ནི་(རྫོགས་བྱེད་མི་དགེ་བས་)གཟུགས་ངན་པ་ལ་སོགས་པ་ཡིན་ནོ། །གཟུགས་བཟང་པ་ལ་སོགས་པ་ནི་དགེ་བས་རྫོགས་པར་བྱེད་ལ། ངན་པ་ལ་སོགས་པ་ནི་མི་དགེ་བས་རྫོགས་པར་བྱེད་དོ། །
འདི་ལ་འཕེན་བྱེད་དགེ་བས་བྱས་ལ་རྫོགས་བྱེད་མི་དགེ་བས་བྱས་པའང་ཡོད་དེ་ལྷ་དང་མི་དབུལ་པོ་དང་ནད་པ་ལ་སོགས་པ་ལྟ་བུའོ། །རྫོགས་བྱེད་དགེ་བས་བྱས་ལ་འཕེན་བྱེད་མི་དགེ་བས་བྱས་པའང་ཡོད་དེ་ཡི་དྭགས་ན་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། དུད་འགྲོ་ན་ཀླུའི་རྒྱལ་པོ་ནོར་རྒྱས་ལ་སོགས་པ་ལྟ་བུའོ། །གཉིས་ཀ་དགེ་བས་བྱས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་ལྟ་བུའོ། གཉིས་ཀ་མི་དགེ་བས་བྱས་པ་ནི་དམྱལ་བ་མནར་མེད་ལྟ་བུའོ། །(གལ་ཏེ་ཁ་དོག་ལ་སོགས་པ་རྫོགས་བྱེད་ཀྱི་འབྲས་བུ་རིགས་མོད། དབང་པོ་དྲུག་འཕེན་བྱེད་ཀྱི་འབྲས་བུ་མ་ཡིན་ནམ་ཞེ་ན། དེ་དག་ལ་ཡང་རྫོགས་བྱེད་ཀྱི་ལས་ཀྱི་ནུས་པ་འཇུག་སྟེ། དེ་ལྟར་མིན་ན་སྐྱེ་བ་འཕངས་ཕན་ཆད་འགའ་ཡང་དབང་པོ་མ་ཚང་བར་མི་འགྱུར་རོ། །)གལ་ཏེ་(ལས་དང་ལྷན་ཅིག་པའི་ཚོར་བ་ལ་སོགས་པ་ཡང་སྐྱེད་འཕེན་བྱེད་ཡིན་ནོ། །)ལས་ཐམས་ཅད་སྐྱེ་བ་འཕེན་པར་བྱེད་པ་ཡིན་ནམ་ཞེ་ན་(རྣམ་སྨིན་དང་བཅས་ཀྱང་།) སེམས་མེད་པ་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དག་ནི་འཕེན་པར་བྱེད་མ་ཡིན་ཏེ། དེ་དག་ལ་སེམས་མེད་པས་ལས་སེམས་པ་དང་ལྷན་ཅིག་མི་འབྱུང་བའི་ལས་ནི་སྟོབས་ཆུང་བའི་ཕྱིར་རོ། །
དེའི་ཕྱིར་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་སྨིན་ལྷ་ཚེ་རིང་པོ་དང་། འགོག་པའི་སྙོམས་འཇུག་གི་རྣམ་སྨིན་སྲིད་རྩེ་བ་ཡིན་ནོ་ཞེས་བྱ་བའང་རྫོགས་བྱེད་ཀྱི་དབང་དུ་བྱས་པ་ཡིན་གྱི་འཕེན་བྱེད་ནི་བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མེའི་སྙོམས་འཇུག་ཡིན་པའི་ཕྱིར་རོ། །དགེ་བ་དང་མི་དགེ་བའི་ཐོབ་པའང་ལས་དང་ལྷན་ཅིག་པ་ཡིན་ཀྱང་འཕེན་བྱེད་མིན་ཏེ། ལས་དང་ཐོབ་པ་འབྲས་བུ་མི་གཅིག་པའི་ཕྱིར་དང་། ཐོབ་པ་ལ་སེམས་པ་མེད་པར་ཞར་ལ་འབྱུང་བས་སྟོབས་ཆུང་བའི་ཕྱིར་དང་། ཐོབ་པ་ནི་ཤིང་གི་ཤུན་པ་ལྟར་ལས་ལས་ཐ་དད་པའི་ཕྱིར་རོ། །(སྦྱོར་ལམ་དང་འཕགས་ལམ་ཡང་འཕེན་བྱེད་མིན་གྱི་རྫོགས་བྱེད་ཡིན་ནོ། །)འོན་ཀྱང་དགེ་བ་ཟག་བཅས་ཀྱི་ཐོབ་པ་དང་མི་དགེ་བའི་ཐོབ་པ་དེ་དག་ནི་རྫོགས་པར་བྱེད་པའི་ལས་ཡིན་ནོ། །ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ཡིན་ནོ། །(དེ་བཞིན་དུ་འཕགས་པའི་རྒྱུད་ལ་ཡོད་པའི་ཟག་བཅས་ཀྱི་ལས་དང་སྦྱོར་ལམ་ངེས་འབྱེད་ཆ་མཐུན་བཞིའང་རྫོགས་བྱེད་ཁོ་ན་ཡིན་ནོ། །)མདོ་སྡེ་པ་དང་ཐེག་པ་གོང་མ་བ་དག་ནི་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་མདོ་དེ་དང་དེ་ལས་རྣམ་པ་དུ་མ་བཤད་པའི་སྦྱོར་ཕྱིར་ལས་གཅིག་གིས་སྐྱེབ་དུ་མ་འཕེན་པ་དང་། གཅིག་གིས་གཅིག་འཕེན་པའང་ཡོད་དེ་ཞེས་བྱ་བ་འདི་འདོད་པ་ཡིན་ནོ། །
བཅུ་པ་སྒྲིབ་པ་གསུམ་བཤད་པ།
བཅུ་པ་སྒྲིབ་པ་གསུམ་བཤད་པ་ན་མདོ་ལས། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་གསུམ་བཤད་པ་ལ་མ་དང་། ཕ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་བ་སྟེ་སྐྱེ་བ་ཕྱི་མ་ཁོ་ན་ལ་དམྱལ་བར་སྐྱེ་བ་ལ་ལས་དང་འགྲོ་བ་གཞན་གྱིས་མཚམས་སམ་བར་བཅད་པར་མི་ནུས་པས་མཚམས་མེད་པ་ལྔའི་ལས་རྣམས་ནི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པ་ཤས་ཆེན་པོ་ནི་ཉོན་མོངས་པའི་སྒྲིབ་པ་ཡིན་ནོ། །དེ་ལ་ཉོན་མོངས་པ་ལ་ཤས་ཆེ་བ་དང་རྣོབ་གཉིས་ལས་དང་པོ་ནི་རྒྱུན་ཆགས་སུ་འབྱུང་བ་གང་ཡིན་པ་སྟེ། དེ་ཉིད་ཆུང་དུ་ལས་འབྲིང་འབྲིང་ལས་ཆེན་པོ་རྒྱུན་མི་ཆད་པར་འབྱུང་བས་གཉེན་པོས་སྤོང་བའི་སྐབས་མི་རྙེད་པས་ཉོན་མོངས་པའི་སྒྲིབ་པར་གཞག་གོ། (གཉིས་པ་ནི།) དྲག་ཏུ་འབྱུང་བ་གང་ཡིན་པ་སྟེ་དེ་ནི་སྤང་སླ་བའི་ཕྱིར་སྒྲིབ་པ་གསུམ་གྱི་ནང་དུ་མ་གཏོགས་སོ། །ངན་འགྲོ་རྣམ་པ་གསུམ་དང་འདུ་ཤེས་མེད་པའི་སེམས་ཅན་དང་བྱང་གི་སྒྲ་མི་སྙན་དུ་སྐྱེས་པ་རྣམས་ནི་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། སྔར་གྱི་ལས་ཀྱིས་རྒྱུ་དང་ན་པར་འཕངས་པའི་ཕྱིར་རོ། །
དེ་ལྟར་ན་སྒྲིབ་པ་ནི་རྣམ་པ་གསུམ་དུ་འདོད་དེ། འཕགས་པའི་ལམ་དང་དྲོ་བར་གྱུར་པ་ལ་སོགས་པ་འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་དགེ་བ་ལ་སྒྲིབ་པ་དང་གེགས་སུ་གྱུར་པའི་ཕྱིར་རོ། །འོ་ན་ནི་ལམ་ཕྲན་པ་དང་སོར་མོའི་ཕྲེང་བ་ཅན་དང་དགའ་པོ་ལ་སོགས་པ་ནི་ཉོན་མོངས་པ་ཆེན་པོ་དང་ལྡན་པའི་ཕྱིར་དེ་དག་ལ་འཕགས་པའི་ལམ་མི་སྐྱེ་བར་འགྱུར་ཞེ་ན། དེ་དག་གིའང་ཇི་སྲིད་སྒྲིབ་པ་དེ་དག་མ་སྦྱངས་པ་དེ་སྲིད་དུ་ལམ་མི་སྐྱེ་བ་ཡིན་ལ་སྐྱེ་བ་ན་ནི་ཉོན་མོངས་པ་ཆེན་པོ་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་འཕགས་པའི་ལམ་དང་དེའི་སྦྱོར་ལམ་ལ་སྒྲིབ་པས་མཚམས་མེད་རྣམས་ལས་ཀྱི་སྒྲིབ་པ་ཡིན་ན་ངན་སོང་གསུམ་དང་། ཚངས་པ་ཆེན་པོ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། སྒོང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། བུད་མེད་དུ་འགྱུར་བ་དང་། ཟ་མ་ལ་སོགས་པ་དང་། སྲེད་པ་བརྒྱད་པ་འགྲུབ་པར་འགྱུར་བའི་ལས་རྣམས་ཀྱང་ལས་ཀྱི་སྒྲིབ་པར་འགྱུར་ཏེ། དེ་དག་ཏུ་སྐྱེས་པ་ལ་འཕགས་པའི་ལམ་དང་སྦྱོར་བའི་དགེ་བ་མི་སྐྱེ་བའི་ཕྱིར་དང་། འཕགས་པ་རྣམས་ཀྱང་དེ་རྟག་ཏུ་མེ་སྐྱེ་བའི་ཕྱིར་རོ་ཞེ་ན། དེ་དག་ཀྱང་སྒྲིབ་པར་ནི་འགྱུར་མོད་ཀྱི་(སྐྱེས་གནས་གཉིས་སུ་སྐྱེས་པ་ཁ་ཅིག་བུད་མེད་ལ་ཡང་འཕགས་ལམ་སྐྱེའོ། །)འོན་ཀྱང་འདིར་མཚམས་མེད་ཁོ་ན་ལས་སྒྲིབ་ཏུ་བསྟན་པ་ནི་(རྒྱུ་ལྔ་པོ།) གཞི་དང་། འབྲས་བུ་དང་། འགྲོ་བ་དང་། སྐྱེ་བ་དང་། གང་ཟག་གི་སྒོ་ནས་གཞན་ལ་བསྟན་པར་སླ་ཞིང་རང་གིས་ཐ་སྙད་གདགས་སླ་བའི་ཕྱིར་རོ། །
དེ་ལ་ཕ་མ་དང་དགྲ་བཅོམ་གསོད་པ་གསུམ་གྱི་གཞི་ནི་སྲོག་གཅོད་པའོ། །དགེ་འདུན་གྱི་དབྱེན་གྱི་གཞི་ནི་རྫུན་ནོ། །དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའི་གཞི་ནི་སྲོག་གཅོད་པའི་སྦྱོར་བའོ། །འབྲས་བུ་ནི་ཐམས་ཅད་ཀྱི་འབྲས་བུ་ནི་ཡིད་དུ་མི་འོང་པའོ། །འགྲོ་བ་ནི་དམྱལ་བའི་འགྲོ་བ་ཐོབ་པར་བྱེད་པའོ། །སྐྱེ་བ་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་ཡིན་པའི་ཕྱིར་རོ། །གང་ཟག་ནི་ཉོན་མོངས་པ་ཤས་ཆེན་པོ་ཀུན་དུ་སྤྱོད་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་འབྲས་བུ་ནི་དམྱལ་བ་དང་། འགྲོ་བ་ནི་མཚམས་མེད་གླིང་གསུམ་དག་ན་ཡོད་ཅེས་འབྱུང་བས་མི་དང་། གང་ཟག་ནི་སྐྱེས་པ་དང་བུད་མེད་ཁོ་ན་ཡིན་ལ། །གཞན་ནི་སྔ་མ་བཞིན་ནོ་ཞེས་ཟེར་རོ། །སྒྲིབ་པ་གསུམ་པོ་དེ་དག་ལས་ཉོན་མོངས་པའི་སྒྲིབ་པ་ནི་(སྐྱེ་བ་མང་པོར་གསོར་མི་རུང་བས།) ཐམས་ཅད་ཀྱི་ཐ་ཤལ་ཡིན་ལ། དེ་ནས་(སྐྱེ་བ་གཉིས་སུ་སྒྲིབ་པས།) ལས་ཀྱི་སྒྲིབ་པ་ཐར་ཤལ་ཡིན་ནོ། །(ཞེས་ཟེར་རོ། །)དེ་གཉིས་ཀྱིས་ནི་ཚེ་ཕྱི་མ་ལའང་གསོར་མི་རུང་བར་འགྱུར་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་འདྲེན་པས་སྔ་མས་སྔ་མ་ཉེས་པ་ཆེ་སྟེ། ཉོན་སྒྲིབ་ཀྱིས་ལས་སྒྲིབ་འདྲེན་ལ་ལས་སྒྲིབ་ཀྱི་རྣམ་སྨིན་གྱི་སྒྲིབ་པ་ངན་སོང་ལ་སོགས་པར་འདྲེན་པའི་ཕྱིར་རོ། །དེས་ན་རྣམ་སྨིན་གྱི་སྒྲིབ་པ་ནི་མཐོང་ཆོས་ཁོ་ན་ལ་སྒྲིབ་ལ། སྔ་མ་གཉིས་ཀྱིས་ནི་སྐྱེ་བ་གཞན་དུའང་སྒྲིབ་པའི་ཕྱིར་རོ་ཞེས་ཟེར་རོ། །
སྒྲིབ་པ་གསུམ་པོ་དེ་དག་ལས་མཚམས་མེད་ལྔ་ནི་གླིང་གསུམ་དག་ན་ཡོད་ཀྱི་སྒྲ་མི་སྙན་དང་འགྲོ་བ་གཞན་དག་ན་མེད་དེ། ངན་སོང་བ་དག་ན་ཕ་གསོད་པ་ལ་སོགས་པ་ཡོད་ཀྱང་མཚམས་མེད་པར་མི་འགྱུར་ཏེ། སྡིག་པའི་བསམ་པ་མི་བརྟན་པའི་ཕྱིར་དང་གཉེན་པོ་ལ་མ་མེད་པའི་ཕྱིར་རོ། །ལྷ་ལ་ནི་ཕ་གསོད་པ་ལ་སོགས་པ་མེད་དེ། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར་དང་། ལས་འབྲས་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །སྒྲ་མི་སྙན་ལའང་མེད་དེ། དེ་དག་ནི་རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དང་། དེ་ན་བསྟན་པ་མེད་པའི་ཕྱིར་རོ། །(ཞེས་སློབ་དཔོན་རྒྱལ་པོའི་སྲས་འཆད་པ་ནི། དེ་ན་ལུས་ངག་གི་ཚུལ་ཁྲིམས་མེད་པས་མི་འཐད་ཀྱི། སློབ་དཔོན་གང་སྤེལ་རང་བཞིན་བཟང་བའི་ཕྱིར་དང་། ཆ་ངེས་པའི་ཕྱིར་དང་། དེ་ན་བསྟན་པ་མེད་པའི་ཕྱིར་ཞེས་པ་ནི་རིགས་སོ། །)གླིང་གསུམ་གྱི་ཡང་ཟ་མ་དང་སོགས་པའི་སྒྲས་གཟུང་བ་མ་ནིང་དང་མཚན་གཉིས་པ་ལའང་མཚམས་མེད་འབྱུང་བར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། འགྲེལ་པ་ལས་སྔོམ་པ་མེད་པའི་གཏན་ཚིགས་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་སྟེ། སྡིག་པ་དག་ལའང་བསམ་པ་མི་བརྟན་པའི་ཕྱིར་དང་། གཉེན་པོ་ཡིན་པའི་ཕྱིར་གང་ལ་སྡོམ་པ་ཡོད་པ་དེ་ལ་སྡོམ་མིན་ཡང་ཡོད་པ་ཡིན་ན་དེ་དག་ལ་སྡོམ་པ་མེད་པའི་ཡང་ཕྱིར་རོ། །གཞན་ཡང་དེ་དག་གི་ཕ་མ་དེ་དག་དབང་པོ་མ་ཚང་བར་བསྐྱེད་པ་དང་བྱམས་པ་ཆུང་བས་ཕན་པ་ཆུང་བའི་ཕྱིར་དང་། རང་བཞིན་གྱིས་རྒྱུད་ཞིང་ཚ་སྒོ་ཅན་ལྟར་དེ་དག་ཀྱང་ཕ་མ་ལ་ངོ་ཚ་ཁྲེལ་ཡོད་ཤས་ཆུང་པའི་ཕྱིར་ཡང་སྟེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་ཉམས་པ་མེད་པའི་ཕྱིར་རོ། །ཕན་པ་དང་ངོ་ཚ་ཆུང་བ་དེ་ཉིད་ཀྱི་ཕྱིར་ཡི་དྭགས་དང་དུད་འགྲོ་ལ་འང་མེད་པར་ཤེས་པར་བྱའོ། །བཙུན་པ་ན་རེ་གླིང་གསུམ་དུ་སྐྱེས་པ་ལས་གཞན་ནི་བློ་མི་གསལ་ན་ཕ་མ་ལ་སོགས་པ་བསད་ཀྱང་མཚམས་མེད་པར་མི་འགྱུར་ལ། གང་དག་བློ་གསལ་བ་དེ་དག་ནི་དུད་འགྲོ་ཡིན་ཡང་ཕ་ལ་སོགས་པ་བསད་ན་འགྱུར་ཏེ་རྟ་ཅང་ཤེས་མ་ལ་འདོད་ལོག་སྤོང་བ་བཞིན་ནོ་ཞེས་ཟེར་རོ། །
གལ་ཏེ་དབང་པོ་མ་ཚང་བར་བསྐྱེད་པས་ཕན་ཆུང་བས་དེ་ལྟ་བུའི་ཕ་མ་བསད་པས་མཚམས་མེད་པར་མི་འགྱུར་ན་སྐྱེས་པ་དང་བུད་མེད་ལོང་བ་དང་འོན་པས་ཕ་མ་བསད་ཀྱང་དེར་མི་འགྱུར་བར་ཐལ་བར་འགྱུར་རོ་ཞེ་ན། འདིར་དབང་པོ་མ་ཚད་བ་ཞེས་བྱ་བ་ནི་མངོན་པ་རྟོགས་པ་སྐྱེ་བའི་སྐལ་པ་ཅན་གྱི་དབང་པོ་ལ་འདོད་པ་ན་ལོང་བ་ལ་སོགས་པ་ལ་མངོན་པར་རྟོགས་པ་སྐྱེ་པའི་སྐལ་པ་ཅན་གྱི་དབང་པོ་ཡོད་པའི་ཕྱིར་རོ། །རང་ཉིད་མི་ཡིན་ཡང་ཕ་མ་མི་མ་ཡིན་པར་གྱུར་ན་དེ་དག་བསད་ཀྱང་མཚམས་མེད་པར་མི་འགྱུར་རོ། །ལས་ཀྱི་སྒྲིབ་པའི་ལྷག་མ་ནི་ཉོན་མོངས་པའི་སྒྲིབ་པ་དང་རྣམ་པར་སྨིན་པའི་སྒྲིབ་པའོ། །དེ་གཉིས་ནི་ལྷ་ལ་སོགས་པའི་འགྲོ་བ་ལྔ་དག་ན་ཡོད་དེ། དེ་ལ་རྣམ་སྨིན་གྱི་སྒྲིབ་པ་ནི་ལྷའི་ནང་ན་ནི་འདུ་ཤེས་མེད་པའི་སེམས་ཅན་དང་། མིའི་ནི་བྱང་གི་སྒྲ་མི་སྙན་པ་དང་། ངན་སོང་གསུམ་ནི་ཐམས་ཅད་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ནོ། །ཉོན་མོངས་པའི་སྒྲིབ་པ་ནི་འགྲོ་བ་ལྔ་པོ་དག་ལ་ཅི་རིགས་པར་ཡོད་དོ། །
བཅུ་གཅིག་པ་མཚམས་མེད་པ་ལྔ་བཤད་པ།
བཅུ་གཅིག་པ་མཚམས་མེད་པ་ལྔ་བཤད་པ་ནི་མཚམས་མེད་ལྔ་པོ་དག་ལས་དང་པོ་གསུམ་སྲོག་གཅོད་དང་། ལྔ་པ་སྲོག་གཅོད་ཀྱི་སྦྱོར་བ་ཡིན་པས་བཞི་ནི་ལུས་ཀྱི་ལས་དང་། བཞི་པ་ནི་རྫུན་ཡིན་པས་ངག་གི་ལས་སོ། །དེ་ལས་གཞན་དག་ནི་རྟོགས་པར་སླ་བས་མ་བཤད་ལ་དགེ་འདུན་གྱི་དབྱེ་ན་ནི་དགེ་འདུན་སྡེ་གཉིས། (ཐུགས་རྩེ།) མི་འཕྲོད་པའི་རང་བཞིན་དུ་གྱུར་པ་ལྡན་པ་མ་ཡིན་པའི་ཆོས་འདུ་བྱེད་རྫས་སུ་གྲུབ་པ་ཞིག་ཡོད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་ཡིན་ནོ། །དེ་ཡང་ཉོན་མོངས་པ་ཅན་ཡང་མིན་ལ་དགེ་བར་ལུང་བསྟན་པའང་མིན་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་ལྟ་བུའི་དབྱེ་ན་དེ་དང་ནི་ཕྱོགས་གཉིས་ཀྱི་དགེ་འདུན་རྣམས་ཡང་དག་པར་ལྡན་ལ་མཚམས་མེད་པའི་ལས་ནི་མ་ཡིན་ནོ། །
ལས་དེ་ཡང་གང་ཞེ་ན། དགེ་འདུན་གྱི་དབྱེ་ན་དེའི་རྒྱུ་ཁ་ན་མ་ཐོ་བའི་ལས་ནི་དགེ་འདུན་འབྱེད་པར་བྱེད་པའི་རྫུན་ཏེ། དེ་ལྟ་བུའི་རྫུན་དེ་ནི་མ་ཚམས་མེད་ཡིན་ལ། དེ་དང་ནི་དགེ་འདུན་འབྱེད་པར་བྱེད་བ་པོ་ལྷས་བྱིན་ལ་སོགས་པ་ཡང་དག་པར་ལྡན་ནོ། །དགེ་འདུན་གྱི་དབྱེན་གྱི་མཚམས་མེད་པའི་ལས་དེའི་རྣམ་སྨིན་གྱིས་འབྱེད་པ་པོ་དེ་བར་གྱི་བསྐལ་བར་མནར་མེད་པའི་དམྱལ་བར་སྡུག་བསྔལ་རྣམ་པར་སྨིན་པར་འགྱུར་རོ། །འོ་ན་མཚམས་མེད་ལྷག་མ་རྣམས་བྱས་པས་ཇི་ལྟར་ཞེ་ན། མཚམས་མེད་པ་གཞན་དག་གིས་ནི་སྤྱིར་དམྱལ་བར་སྐྱེ་བར་ངེས་ཀྱང་མནར་མེད་ཁོ་ནར་སྐྱེ་བར་ནི་མ་ངེས་སོ། །(གལ་ཏེ་མཚམས་མེད་གཉིས་ལ་སོགས་པ་བྱས་པས་དམྱལ་བར་ཚེ་གཅིག་ཁོ་ན་ལས་མི་སྐྱེ་ན་ལས་ཆེ་ཆུང་ལ་ཁྱད་མེད་པར་འགྱུར་ལ། ཚེ་གཉིས་ལ་སོགས་པར་ཡང་སྐྱེ་ན་ནི་མཚམས་མེད་དང་སྐྱེས་ནས་མྱོང་འགྱུར་ཁོ་ན་མ་ཡིན་པ་འགྱུར་རོ་ཞེ་ན།)
བྱེ་བྲག་ཏུ་སྨྲ་བ་ན་རེ་མཚམས་མེད་པ་གཉིས་དང་གསུམ་ལ་སོགས་པ་ལྷག་པར་བྱས་པས་ལས་ཀྱི་གྲངས་བཞིན་མནར་མེད་པ་དེར་ལུས་ཉིས་འགྱུར་ལ་སོགས་པས་ཆེ་བ་དང་གཞོན་ཤ་ཅན་དུ་འགྱུར་ཏེ། གནོད་པའི་སྡུག་བསྔལ་ཡང་ཉིས་འགྱུར་ལ་སོགས་པས་ལྷག་པར་མྱང་བར་འགྱུར་བས་སྐྱོན་གཉིས་ཀ་ལས་གྲོལ་ཞིང་། དེ་དག་ཀྱང་སྔ་མ་ནི་འཕེན་བྱེད་ཡིན་ལ་ཕྱི་མ་དག་ནི་རྫོགས་བྱེད་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ནི་མཚམས་མེད་མང་པོ་བྱས་པས་མནར་མེད་པར་ཡང་དང་ཡང་སྐྱེ་ཡང་ལས་བྱེད་པའི་ལུས་དེ་དང་དམྱལ་བའི་བར་དུ་སྐྱེ་བ་གཞན་གྱི་མཚམས་མེད་པའི་ཕྱིར་དང་། དེ་སྐྱེས་ནས་མྱོང་འགྱུར་དུའང་འདོད་པ་ལ་བསལ་བ་མེད་པའི་ཕྱིར་དང་། ཀྱི་ཧུད་སེམས་ཞེས་བྱ་བའི་རྟོགས་པ་བརྗོད་པ་ལས། མཚམས་མེད་པའི་ལས་ཀྱི་རྣམ་པར་སྨིན་པ་སེམས་ཅན་དམྱལ་བར་ཡང་དང་ཡང་དུ་འཆི་འཕོ་ཞིང་སྐྱེ་བས་རྣམ་པར་སྨིན་པ་མྱོང་ངོ་ཞེས་འབྱུང་བ་དང་། ཀུན་ལས་བཏུས་ཀྱི་འགྲེལ་བ་ལས་ཀྱང་རྩོམ་པའི་དབང་དུ་བྱས་ནས་མཐོང་པའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པ་འདི་དག་རྣམ་པར་བཞག་གི་དེ་ཙམ་ལ་མྱོང་བར་འགྱུར་བའི་དབང་དུ་བྱས་བ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དང་།
མདོ་ལས་སྐྱེས་ནས་མྱོང་འགྱུར་དུ་གསུངས་པ་ནི་དང་པོ་འགོ་རྩོམ་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་འདི་ལ་སྐྱོན་དུ་མི་ལྟའོ་ཞེས་འདོད་དོ། །དགེ་འདུན་དེ་དག་གང་ཟག་གང་གིས་འབྱེད་ཅེ་ན། དགེ་སློང་ཡིན་པ་དང་། ལྟ་བ་སྤྱད་པ་དང་ཚུལ་ཁྲིམས་དང་ལྡན་པས་འབྱེད་ཀྱི་ཁྱིམ་པ་དང་། སྲེད་པ་སྤྱད་པ་དང་། ཚུལ་ཁྲིམས་འཆལ་བས་ནི་མ་ཡིན་ཏེ། སངས་རྒྱས་ལ་འགྲན་པ་ཡིན་པའི་ཕྱིར་དང་། དབང་པོ་རྣོ་བའི་ཕྱིར་དང་། དེ་དག་ལ་དགེ་འདུན་རྣམས་ཡིད་མི་ཆེས་པ་དང་ཚིག་བཙན་པར་མི་འཛིན་པའི་ཕྱིར་རོ། །གང་དུ་ཞེ་ན། སངས་རྒྱས་བཞུགས་པའི་གནས་དེ་ལས་གཞན་དུ་ཡིན་གྱི་སྟོན་པའི་མངོན་སུམ་དུ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་གཟི་བརྗིད་མི་བཟོད་པའི་ཕྱིར་རོ། །གང་འབྱེད་ཅེ་ན་བྱིས་པ་སོ་སོའི་སྐྱེ་བོའི་དགེ་འདུན་རྣམས་(ཀོག་ལི་ཀ་དང་། རྒྱ་མཚོ་བྱིན་དང་། ཁནྡ་དྲ་བ་བྱ། ཀ་ཏ་མེ་ར་ཀ་ཏི་ཤྱ་ལ་སོགས་པ།) འབྱེད་ཀྱི་འཕགས་པ་རྣམས་ནི་མ་ཡིན་ཏེ། ཆོས་མངོན་སུམ་དུ་གྱུར་པས་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར་རོ། །
ཁ་ཅིག་ན་རེ་བཟོད་པ་ཐོབ་པའི་སོ་སོའི་སྐྱེ་བོ་རྣམས་ཀྱང་དབྱེ་བར་མི་ནུས་སོ་ཞེས་(བདེན་པ་མཐོང་བ་དང་འདྲ་བས།) འདོད་དོ། །བྱེ་བའི་ཚད་ནི་གང་གི་ཚེ་སངས་རྒྱས་ལས་སྟོན་པ་གཞན་དང་སངས་རྒྱས་ཀྱིས་བཅས་པའི་ལམ་ལས་གཞན་ལྷས་བྱིན་གྱིས་ངེས་པར་འབྱུང་བར་བྱ་བའི་ཕྱིར་འོ་མ་མི་སྤྱད་པ་དང་ཤ་སྤང་བ་དང་། ལན་ཚྭ་ལོངས་མི་སྤྱད་པ་དང་། གོས་མ་དྲས་པ་བགོ་བ་དང་། གྲོང་གི་ནང་གི་གཙུག་ལག་ཁང་དུ་འདུག་པ་ཞེས་བྱ་བའི་བསླབ་པའི་ཚིགས་ལྔ་བཅས་པ་ལ་སོགས་པ་ལ་བཟོད་ཅིང་དང་དུ་ལེན་པ་དེའི་ཚེ་དགེ་འདུན་བྱེ་བའོ། །དུས་ཇི་སྲིད་དུ་གནས་ཤེ་ན། བྱེ་བ་དེ་ནི་ཆོས་ཉིད་ཀྱིས་ཞག་གཅིག་ལས་རིང་དུ་མི་གནས་སོ། །དགེ་འདུན་གྱི་དབྱེན་དུ་བཤད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་འཁོར་ལོའི་དབྱེན་དུ་འདོད་དེ། ཇི་སྲིད་དུ་དགེ་འདུན་བྱེ་ནས་མ་དུམ་པ་དེ་སྲིད་དུ་སུའི་རྒྱུད་ལའང་ལམ་མི་སྐྱེ་བའི་ཕྱིར། (བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་ཡང་ཕྱེ་བ་ཡིན་ནོ། །)དེ་ནི་མཚམས་མེད་ཡིན་ནོ། །དབྱེན་གཞན་ནི་མཚམས་མེད་མ་ཡིན་ནོ། །འཁོར་ལོའི་དབྱེན་དེ་ཡང་སངས་རྒྱས་བཞུགས་པས་འཛམ་བུའི་གླིང་ན་ཡོད་ཀྱི་གླིང་གཞན་ན་མེད་དོ། །གང་ཟག་ནི་དགེ་སློང་དགུ་ལ་སོགས་པ་ཡན་ཆད་ཀྱིས་དབྱེན་འགྲུབ་སྟེ། དགེ་འདུན་ནི་དགེ་སློང་བཞི་ཡན་ཆད་ཡིན་ལ། (སངས་རྒྱས་དང་འབྱེད་པ་པོའི་ཕྱོགས་སུ་བཞི་བཞི་དང་། དགུ་པ་ནི་འབྱེད་པ་པོ།) དེ་སྡེ་གཉིས་དང་འབྱེད་པ་པོ་ངེས་པར་དགོས་པའི་ཕྱིར་རོ། །འདི་ཉུང་མཐའ་བཟུང་བ་ཡིན་གྱི་མང་བ་ལ་ངེས་པ་མེད་དོ། །
ལས་ཀྱི་དབྱེན་ནི་(འདུལ་བའི་ལས་མེད་པས།) སྒྲ་མི་སྙན་མ་གཏོགས་པ་གླིང་གསུམ་ན་ཡོད་དེ་བསྟན་པ་ཡོད་པའི་ཕྱིར་རོ། །དེ་ཡང་མཚམས་ཀྱི་ནང་གཅིག་ཏུ་གསོ་སྦྱོང་ལ་སོགས་པའི་ལས་བློ་མི་མཐུན་པས་བྱེད་པའོ། །དགེ་སློང་དུ་ཞིག་གིས་ཤེ་ན། ལས་ཀྱི་དབྱེན་དེ་ནི་དགེ་སློང་བརྒྱད་དག་ཡན་ཆད་ཀྱིས་འགྲུབ་སྟེ། (གསོ་སྦྱོང་གི་དུས་ན་སོ་སོ་ཐར་པའི་མདོ་གདོན་པ་ན། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ཡང་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་བར་འགྱུར། །ཞེས་པ་ཁོ་ན་སྟོན་པས་ཆོག་གོ།)
འདི་ལ་འབྱེད་པ་པོ་ལེགས་པ་མི་དགོས་པའི་ཕྱིར་རོ། །འཁོར་ལོའི་དབྱེན་དེ་ནི། སངས་རྒྱས་ནས་དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོ་མ་ལོན་པའི་ཚེ་ནི་མི་འབྱུང་སྟེ། ཐམས་ཅད་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་པར་བློ་མཐུན་(པ་དང་སྟོན་པ་དང་མི་འབྲལ་བར་འདོད།) པས་ན་ཤ་གཅིག་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་ཚེའི་མཐའ་མ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེའང་མ་ཡིན་ཏེ། སངས་རྒྱས་ལ་དཀོན་པར་འཛིན་པ་དང་། མི་རྟག་པ་ཡིད་ལ་བྱེད་པས་སེམས་སྐྱོ་བ་ཤས་ཆེ་བར་བློ་མཐུན་པའི་ཕྱིར་རོ། །
(བར་དུ་ཡང་)འདུལ་བ་ཚིག་ལེའུར་བྱས་པ་ལས། སྟོན་ཀའི་ཆུ་བཞིན་དྲི་མེད་པར། །སྟོན་པའི་བསྟན་པ་བཅུ་གཉིས་ལོར། །ལྟུང་བ་མེད་པར་ལེགས་གནས་ཏེ། །ཉོན་མོངས་སྤོང་བར་བྱེད་པ་ཡིན། །ཞེས་འབྱུང་བས་ཇི་སྲིད་དུ་བསྟན་པ་ལ་(ལྟ་བའི་སྐྱོན་ནི་དགེ་སློང་འཆི་ལྟས་ཀྱིས། སྟོན་པས་བར་ཆད་ཀྱི་ཆོས་སུ་གསུངས་པ་དེ་དག་སྟོན་ཡང་བར་ཆད་དུ་མི་འགྱུར་རོ་ཞེས་སོགས་སོ། །ཚུལ་ཁྲིམས་ཀྱི་སྐྱོན་ནི་ལྟུང་བ་འབྱིན་པའོ། །)ལྟ་བ་དང་ཚུལ་ཁྲིམས་ཀྱི་སྐྱོན་མ་བྱུང་གི་བར་དུའང་མི་འབྱུང་སྟེ། བསྟན་པ་སྐྱོན་མེད་ཡིན་པའི་ཕྱིར་རོ། །མཆོག་ཟུང་གཅིག་མ་བྱུང་གི་སྔ་རོལ་དུའང་མི་འབྱུང་སྟེ། བྱེ་བ་ཡུན་རིང་དུ་མི་གནས་ཤིང་། དེ་དག་གིས་སྡུམ་པ་ཡིན་པ་ལ་སྡུམ་བྱེད་མེད་པའི་ཕྱིར་རོ། །ཐུབ་པ་ནོངས་པ་ནའང་མི་འབྱུང་སྟེ། གང་ལ་འགྲན་པའི་སངས་རྒྱས་མི་བཞུགས་པའི་ཕྱིར་རོ། །མཚམས་ཆེ་བ་དང་ཆུང་བ་མ་བཅད་པ་དག་ཏུ་ཡང་མི་འབྱུང་སྟེ། མཚམས་གཅིག་ཏུ་དགེ་འདུན་བྱེ་བ་ནི་དབྱེན་ཡིན་ན་དེ་མེད་པའི་ཕྱིར་རོ། །དེས་ན་འཁོར་ལོའི་དབྱེན་དེ་ནི་དུས་དྲུག་པོ་དེ་དག་ཏུ་མི་འབྱུང་ངོ་། །དབྱེན་འདི་ཡང་ཉན་ཐོས་པ་དག་སྔོན་གྱི་ལས་ལ་རག་ལུས་པའི་ཕྱིར་སངས་རྒྱས་ཐམས་ཅད་ལ་འབྱུང་བ་ནི་མ་ཡིན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པས་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་དྲད་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་གི་འཁོར་ཕྱེ་བས་དེའི་རྣམ་པར་སྨིན་པའི་ཕྱི་མ་ཡིན་ནོ་ཞེས་འཆད་དེ་འདི་ནི་དགོངས་པའི་དོན་དུ་ཐེག་པ་གོང་མ་བས་བཞེད་དོ། །ཅིའི་ཕྱིར་ཕ་མ་བསད་པ་ལ་སོགས་པ་ཁོ་ན་མཚམས་མེད་དུ་འགྱུར་གྱི་གཞན་བསད་པ་ལ་སོགས་པས་མ་ཡིན་ཞེ་ན། ཕ་མ་བསད་པ་ནི་མཚམས་མེད་ཡིན་ཏེ། དེ་དག་གིས་རང་གི་ལུས་ཐར་པ་དང་མཐུན་པར་བསྐྱེད་པས་ཕན་འདོགས་པར་བྱེད་པའི་ཞིང་ཁྱད་པར་ཅན་ཡིན་ལ་དེ་བསམ་པས་སྤངས་པ་དང་སྦྱོར་བས་མེད་པར་བྱས་པའི་ཕྱིར་རོ། །དེ་བཞིན་དུ་དགྲ་བཅོམ་པ་དང་། (དགེ་འདུན་དང་)སངས་རྒྱས་ནི་ཡོན་ཏན་གྱི་ཞིང་ཡིན་ལ། དེ་དག་བསམ་པས་སྤངས་ཤིང་(སྦྱོར་བས་སྲོག་གནས་པ་དང་མཐུན་བ་མེད་པར་བྱས་པའི་ཕྱིར་དང་། དེ་བཞིན་གཤེགས་པ་བཀྲོངས་བར་མི་ནུས་ཀྱང་བསམ་བས་སྤངས་པའི་ཕྱིར་རོ། །)དགྲ་བཅོམ་པ་བསད་པ་དང་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་འཁོར་ལོའི་དབྱེན་ཡང་མཚམས་མེད་ཡིན་ནོ། །ལས་གཞན་དག་ལ་དེ་ལྟ་བུའི་ཉེས་པ་ཚ་བ་མེད་པའི་ཕྱིར་མཚམས་མེད་དུ་མི་འགྱུར་རོ། །
གལ་ཏེ་ཕ་མ་མཚན་གྱུར་བ་བསད་ན་ཕ་མ་བསད་པའི་མཚམས་མེད་དུ་འགྱུར་རམ་མི་འགྱུར་ཞེ་ན། ཕ་མ་གཉིས་ཀྱི་མཚན་ནི་གཞན་དུ་གྱུར་ཏེ་བུད་མེད་དང་སྐྱེས་པར་གྱུར་པས་བསད་ཀྱང་ཕ་མ་གསོད་པའི་མཚམས་མེད་དུ་འགྱུར་ཏེ། རང་གི་ལུས་ཁྱད་པར་ཅན་སྐྱེད་པའི་ཕ་མའི་བྱ་བ་བྱས་བ་དེ་བསད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕ་ཡང་མ་ཡིན་དགྲ་བཅོམ་པ་ཡང་མ་ཡིན་པའི་སྐྱེས་པ་ཞིག་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། མ་མཚན་གྱུར་པ་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་མ་ཡང་མ་ཡིན་དགྲ་བཅོམ་མ་ཡང་མ་ཡིན་པའི་བུད་མེད་ཞིག་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། ཕ་མཚན་གྱུར་པ་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །ཞེས་བསྟན་བཅོས་ལས་བཤད་དོ། །
དེ་བཞིན་དུ་ལས་གདགས་པ་ལས་སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ། སོང་ལ་མ་གསོད་ཅིག། བདག་ཉིད་ཀྱིས་གསོད་ལ་གཞན་གསོད་དུ་མ་གཞུག་ཅེས་བྱས་ན། དེ་ཅི་གཉིས་ཀ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་གཅིག་ལྡན་པར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་བདག་ཉིད་ཀྱིས་བསད་ན་ནི་གཉིས་ཀ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་གཞན་གསོད་དུ་བཅུག་སྟེ་བདག་ཉིད་ཀྱིས་མ་བསད་ན་ནི་ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི་སྔ་མ་ཤོས་ནི་མ་ཡིན་ནོ། །དེ་སྟེ་བདག་ཉིད་དང་གཞན་གཉིས་ཀས་བསད་ན་ཡང་ཕྱི་མ་ཁོ་ན་མཚམས་མེད་ཀྱི་ལས་དང་ལྡན་གྱི་སྔ་མ་ཤོས་ནི་མ་ཡིན་ནོ། །སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ་སོང་ལམ་གསོད་ཅིག། གཞན་གསོད་དུ་ཆུག་ལ་བདག་ཉིད་ཀྱིས་མ་བསད་ཅིག་ཅེས་བྱས་ན། དེ་ཅི་གཉིས་ཀ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་གཅིག་ལྡན་པར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་གཞན་གསོད་དུ་བཅུག་སྟེ། བདག་ཉིད་ཀྱིས་མ་བསད་ན་ནི་གཉིས་ཀ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་བདག་ཉིད་ཁོ་ནས་བསད་ཀྱི་གཞན་གསོད་དུ་མ་བཅུག་ན་ནི་ཕྱི་མ་ཤོས་ཁོ་ན་མཚམས་མེད་ཀྱི་ལས་དང་ལྡན་པར་འགྱུར་རོ། །གལ་ཏེ་བདག་དང་གཞན་གཉིས་ཀས་བསད་ན་ཡང་ཕྱི་མ་ཤོས་ཁོ་ན་མཚམས་མེད་ཀྱི་ལས་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་སྤུན་དྲུང་གི་སྤུན་དྲུང་བཏང་སྟེ། སོང་ལ་མ་གསོད་ཅིག། བདག་དང་གཞན་གཉིས་ཀས་གསོད་ཅིག་ཅེས་བྱས་ན། གལ་ཏེ་བདག་དང་གཞན་གཉིས་ཀས་བསད་ན་ནི་གཉིས་ཀ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་ལ། འོན་ཏེ་བདག་དང་གཞན་གང་རུང་རེ་རེས་བསད་ན་ནི་ཕྱི་མ་ཤོས་ཁོ་ན་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི་སྔ་མ་ཤོས་ནི་མ་ཡིན་ནོ། །
དེ་བཞིན་དུ་མཚོན་ཆ་དང་མེ་དང་དུག་དང་དབྱུག་པས་བསྣུན་པ་ལ་སོགས་པ་ཐབས་རྣམ་པ་སྣ་ཚོགས་ཀྱིས་བསད་པའང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་བཞིན་དུ་མིང་པོས་སྲིང་མོ་ལ་བསྒོ་བ་དང་། སྲིང་མོས་མིང་པོ་ལ། བསྒོ་བ་དང་། བུ་མོ་དང་ནུ་མོ་གཉིས་ཀྱིས་ཕན་ཚུན་བསྒོ་བའང་དེ་དང་འདྲའོ། །མ་ཇི་ལྟ་བ་བཞིན་དུ་ཕའང་དེ་དང་འདྲའོ། །མར་འདུ་ཤེས་པས་མ་བསད་པར་བྱའོ་སྙམ་སྟེ། ཉེ་དུ་མ་ཡིན་པའི་བུད་མེད་བསད་ན་དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་པ། ལྡན་པར་ནི་མི་འགྱུར་རོ། །ཉེ་དུ་མ་ཡིན་པའི་བུད་མེད་དུ་འདུ་ཤེས་པས་ཉེ་དུ་མ་ཡིན་པའི་བུད་མེད་བསད་པར་བྱའོ་སྙམ་པ་ལས་མ་བསད་པར་གྱུར་ན། དེ་ཅི་མཚམས་མེད་ཀྱི་ལས་དང་ལྡན་པར་འགྱུར་རམ་མི་འགྱུར་ཞེ་ན། སྨྲས་པ། གལ་ཏེ་དགྲ་བཅོམ་མ་བསད་ན་ནི་དེ་དང་ལྡན་པར་འགྱུར་རོ། །དགྲ་བཅོམ་མ་མ་ཡིན་ན་ནི་མི་འགྱུར་རོ། །ཕ་དང་མར་འདུ་ཤེས་པས་དེ་གཉིས་བསད་ན་ནི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ་ཞེས་གསུངས་སོ། །གལ་ཏེ་བུད་མེད་གཞན་གྱི་ནུར་ནུར་བོ་གཞན་གྱི་མངལ་དུ་བླུགས་ནས་གཞན་དེའི་མངའ་དུ་བསྐྱེད་ན་བུད་མེད་གཉིས་པོ་དེ་དག་གང་བསད་ན་མཚམས་མེད་དུ་འགྱུར་ཞེ་ན། གཉིས་པོ་དེ་ལས་བུད་མེད་དང་པོ་གང་གི་སྨྲ་མཚན་ལས་བྱུང་བ་དེ་ཉིད་བུ་དེའི་མ་ཡིན་པས་བུད་མེད་དང་པོ་དེ་བསད་ན་འགྱུར་ཏེ། རྒྱུས་སྐྱེད་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །
གཉིས་པ་མངལ་དུ་འཛིན་པ་དེ་ནི་མ་མ་ཡིན་ཏེ། དེ་ཙམ་དུ་གཙོ་བོ་མ་ཡིན་པའི་ཕྱིར་རོ། །དེ་ཡང་ནུ་ཞོ་གླུད་པ་དང་གསོ་ཞིང་སྐྱེད་པའི་ཕྱིར་མ་དང་འདྲ་བས་མ་ལ་ཞུ་བའི་བྱ་བ་རྣམས་ཞུ་བར་བྱ་དགོས་སོ། །ཕ་མ་ལ་སྦྱོར་བ་བྱས་ནས་གཞན་བསད་པ་དང་། གཞན་ལ་སྦྱོར་བ་བྱས་ནས་ཕ་མ་བསད་པ་ལ་ནི་མཚམས་མེད་དུ་མི་འགྱུར་ཏེ། མཚམས་མེད་ནི་སྦྱོར་བ་གང་ལ་བྱས་པ་དེ་ཉིད་ལ་དངོས་པོ་རྫོགས་པ་དགོས་པ་ལས་དེ་མེད་པའི་ཕྱིར་ཏེ། དཔེར་ན་མ་ཁྲི་བུའི་འོག་ན་འདུག་པ་བསད་པ་དང་། ཁྲུས་པའི་བུས་སྒྲང་བུ་བསད་པར་འདོད་པས་ཐོབས་ཕའི་ཀླད་པ་བཅོམ་པ་བཞིན་ནོ། །མཚོན་ཐབས་གཅིག་གིས་མ་དང་སེམས་ཅན་གཞན་ཞིག་ཀྱང་བསད་ན་རིག་བྱེད་མ་ཡིན་པ་ནི་མཚམས་མེད་ཀྱི་དང་སྲོག་གཅོད་འབའ་ཞིག་པའི་དང་གཉིས་ཡིན་ལ་རིག་བྱེད་ནི་མཚམས་མེད་ཀྱིས་བསྡུས་པ་ཁོ་ནའི་ཡིན་ཏེ། མཚམས་མེད་ཀྱི་ལས་དེ་ཉིད་སྟོབས་ཆེ་བའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོགས་ན་རེ་རིག་བྱེད་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པས་རྡུལ་ལ་མཚམས་མེད་ཀྱི་རིག་བྱེད་ཡིན་ལ། རྡུལ་ལ་ལ་ནི་སྲོག་གཅོད་འབའ་ཞིག་པའི་ཡིན་པས་རིག་བྱེད་ཀྱང་གཉིས་ཡིན་ནོ་ཞེས་ཟེར་རོ། །དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་པ་བསད་ན་ནི་མཚམས་མེད་དུ་འགྱུར་ཏེ། འདི་བསད་དོ་སྙམ་དུ་རྟེན་ངེས་པར་བཟུང་བའི་ཕྱིར་རོ། །གལ་ཏེ་ཕའང་ཡིན་ལ་དགྲ་བཅོམ་པའང་ཡིན་པའམ། མའང་ཡིན་ལ་དགྲ་བཅོམ་མའང་ཡིན་པ་བསད་ན་ནི་དགྲ་བཅོམ་པ་གསོད་པའི་མཚམས་མེད་པ་གཅིག་ཡིན་ཏེ། རྟེན་གཅིག་ལས་མེད་པའི་ཕྱིར་རོ། །
འོ་ན་ལུང་རྣམ་འབྱེད་ལས། སྔོན་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ན་ཕའང་ཡིན་དགྲ་བཅོམ་པའང་ཡིན་པ་རང་གི་བུ་རྒྱལ་བུ་སྐྲ་ཅན་གྱིས་བསད་པ་ན། སོང་ལ་སྒྲ་ཅན་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་གང་ཡིན་པ་དང་། གང་ཡང་དགྲ་བཅོམ་པ་བསད་པའོ། །ཞེས་སྨོས་ཤིག་ཅེས་པས་བསྒྲིབས་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་ཁྱོད་ཀྱིས་མཚམས་མེད་པའི་རྒྱུ་གཉིས་ཀྱིས་མཚམས་མེད་པ་བྱས་ཏེ་ཞེ་བྱ་བའམ། ཡང་ན་སྒོ་གཉིས་ནས་སྨྱོས་པ་ཡིན་གྱི་མཚམས་མེད་ནི་གཅིག་ལས་མེད་དོ། །དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའང་སངས་རྒྱས་བཀྲོངས་པས་འདོད་ནས་མཚོན་བསྣུན་ན་འགྱུར་གྱི་སངས་རྒྱས་ལ་མཚོན་བརྡེག་པར་སེམས་པས་བསྣུན་པ་ལ་ནི་མཚམས་མེད་དུ་འགྱུར་པ་མིན་ཏེ། སྲོག་གཅོད་པའི་བསམ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་དགྲ་བཅོམ་མ་ཐོབ་པ་ལ་མཚོན་བསྣུན་ལ་མཚོན་བསྣུན་པའི་འོག་ཏུ་དགྲ་བཅོམ་ཐོབ་པར་གྱུར་ན་བསྣུན་པ་དེས་དགྲ་བཅོམ་གྲོངས་པ་ལའང་མཚམས་མེད་པར་འགྱུར་བ་མིན་ཏེ། དེས་དེ་ལ་སྦྱོར་བ་མ་བྱས་པའི་ཕྱིར་རོ། །ཡང་ཅི་མཚམས་མེད་ཀྱི་སྦྱོར་བ་བྱས་ནས་དེ་མ་སྤངས་པར་འདོད་ཆགས་དང་བྲལ་བའི་འབྲས་བུ་འཐོབ་པར་འགྱུར་རམ་ཞེ་ན། མཚམས་མེད་པའི་སྦྱོར་བ་བྱས་པ་ལ་ནི་བསམ་པ་ཤིན་ཏུ་འགལ་བས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པ་མི་སྲིད་དོ། །
མཚམས་མེད་མ་གཏོགས་པའི་ལས་ཀྱི་ལམ་གཞན་གྱི་སྦྱར་བ་བྱས་པ་ལ་ནི་འཕགས་པའི་ལམ་སྐྱེ་ཞིང་འཕགས་ལམ་སྐྱེས་བ་ནི་སྦྱོར་བ་བྱས་པ་ངེའི་ལས་ཀྱི་ལ་མ་མི་སྐྱེ་སྟེ། འཕགས་ལམ་སྐྱེས་པའི་རྟེན་དེ་དང་ལས་ཀྱི་ལམ་དེ་དག་ཤིན་ཏུ་འགལ་བའི་ཕྱིར་རོ། །དེའི་ཕྱིར་མཚམས་མེད་དངོས་བྱས་ན་ལྟ་ཅི་སྨོས་པའི་ཕྱིར་རོ། །འདིར་འདོད་ཆགས་དང་བྲལ་བའི་འབྲས་བུ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཕྱི་མ་གཉིས་སོ། །མཚམས་མེད་པ་ལས་གཞན་པའི་ལས་དག་ནི་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ལ་གེགས་སུ་འགྱུར་བ་མ་ཡིན་པར་ནི་རྩེན་མའི་རྟོགས་པ་བརྗོད་པ་ལས། ཤཱཀྱ་རྩེན་མ་ཞེས་བྱ་བ་བུ་དང་བཅས་པ་རྡོན་པས་འཚོ་བ་ཡང་བཅོམ་ལྡན་འདས་ཀྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ལ་བཀོད་པར་གསུངས་པའི་ཕྱིར་རོ། །འདི་ཡང་ཐེག་པ་ཐུན་མོང་པའི་དབང་དུ་བྱས་ཀྱི་ཐེག་ཆེན་པ་ལྟར་ན་ནི་མཚམས་མེད་བྱས་པས་ཀྱང་འབྲས་བུ་འཐོབ་སྟེ། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས་མ་བསད་པའི་མཚམས་མེད་བྱས་པས་ཀྱང་དགྲ་བཅོམ་ཐོབ་པར་གསུངས་པའི་ཕྱིར་རོ། །
འོ་ན་མཚམས་མེད་དེ་དག་ལས་གང་ལྕི་ཞེ་ན། དགེ་འདུན་གཉིས་སུ་དབྱེ་བར་བྱ་བའི་ཕྱིར་རྫུན་སྨྲ་བ་དེ་ནི་མཚམས་མེད་པ་རྣམས་ཀྱི་ནང་ན་ཁ་ན་མ་ཐོབ་རབ་ཏུ་ཆེ་བར་འདོད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུལ་བསྣུན་པའི་ཕྱིར་དང་དགེ་འདུན་བྱ་བ་སླར་མ་དུམ་གྱི་བར་དུ་(འཇིག་རྟེན་རྣམས་ཀྱི་མཐོ་རིས་དང་།) ངེས་པ་ལ་འཇུག་པ་དང་། འབྲས་བུ་འཐོབ་པ་དང་། འདོད་ཆགས་དང་འབྲལ་བ་དང་། བྲག་པ་ཟད་པར་བྱ་བ་རྣམས་ལ་གེགས་སུ་འགྱུར་ཞིང་། བསམ་གཏན་དང་ཀློག་པ་དང་ཁ་ཏོན་དང་སེམས་པའི་ལས་རྣམས་ཀྱང་མི་འཇུག་པས་མཐོ་རིས་དང་བྱང་གྲོལ་གྱི་བར་དུ་གཅོད་པའི་ཕྱིར་དང་། ལྷ་དང་བཅས་པའི་འཇིག་རྟེན་འཁྲུགས་ཤིང་ཡིད་མི་བདེ་བ་དང་རང་དབང་མེད་པ་དང་དྲན་པ་ཉམས་པར་བྱས་པའི་ཕྱིར་དང་། རྣམ་སྨིན་པར་བསྐལ་གཅིག་ཏུ་མནར་མེད་དུ་སྐྱེ་བའི་ཕྱིར་རོ། །དེའི་རྗེས་ལ་(ལྔ་པ་དང་དེའི་རྗེས་ལ་གསུམ་པ་དང་།)དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྕིའོ། །དེའི་རྗེས་ལ་དགྲ་བཅོམ་པ་གསོད་པ་ལྕིའོ། །དེའི་རྗེས་ལ་མ་གསོད་པ་ལྕིའོ། །ལྔ་པོ་དེའི་ནང་ནས་ཕ་གསོད་པ་ཡང་བར་བཤད་དོ། །
འོ་ན་མདོ་ལས། ཉེས་པ་གསུམ་གྱི་ནང་ན་ཡིད་ཀྱི་ལས་གསུམ་ལྕི་བ་དང་། དེའི་དེའི་རྗེས་ལ་དང་པོ་དང་། དེ་ནས་གཉིས་པ་ལྕི་བས། ནང་ནས་ལོག་ལྟ་ལྕི་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་འདི་ལྟར་ཡིན་ཏེ། མནར་མེད་དུ་བར་བསྐལ་དུ་སྨིན་པས་འབྲས་བུ་རྣམ་སྨིན་རྒྱ་ཆེ་བའི་དབང་དུ་མཛད་ནས་མཚམས་མེད་པའི་ནང་ནས་དགེ་འདུན་དབྱེ་ན་ལྕི་བ་དང་། དྲང་སྲོང་གི་ཡིད་ཁྲོས་པས་དེ་ན་ཏ་ཀའི་དགོན་པ་ལ་སོགས་པའི་སྐྱེ་བོ་མང་པོ་འཆི་བའི་རྒྱུ་ཡིན་པས་སྐྱེ་བོ་ཕལ་བོ་ཆེ་འཆི་བའི་དབང་དུ་མཛད་ནས་སྒོ་གསུམ་གྱི་ལས་གསུམ་ལས་ཡིད་ཀྱི་ལས་ལྕི་བ་དང་(སྐྱེས་བུ་བྱེད་འབྲས།) དགེ་རྩ་ཀུན་དུ་གཅོད་པའི་དབང་དུ་མཛད་ནས་གཞན་གྱིས་མི་གཅོད་པས་ཡིད་ཀྱི་ལས་ཀྱི་ནང་ནས་ལོག་ལྟ་ལྕི་བའམ། (ཡང་ན་མཚམས་མེད་ལྔ་དང་སྒོ་གསུམ་གྱི་ལས་དང་།) ལྟ་བ་ལྔ་གཞིར་བྱས་ནས་(རིམ་པ་ལྟར་དགེ་འདུན་གྱི་དབྱེན་དང་ཡིད་ཀྱི་ལས་དང་།) ལོག་ལྟ་ལྕི་བར་གསུངས་པའི་ཕྱིར་འགལ་བ་མེད་དོ། །ལས་དགེ་བ་རྣམས་ཀྱི་འབྲས་བུ་གང་ཆེ་ཞེ་ན། འཇིག་རྟེན་པའི་དགེ་བ་ལ་ནི་སྲིད་པའི་རྩེ་མའི་སེམས་པ་དགེ་བ་འབྲས་བུ་རབ་ཏུ་ཆེ་བར་འདོད་དེ། དེའི་རྣམ་སྨིན་བསྐལ་པ་ཆེན་པོ་བརྒྱད་ཁྲིར་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་འཐོབ་པའི་ཕྱིར་རོ། །དེ་ཡང་ཟག་བཅས་དགེ་བའི་རྣམ་སྨིན་གྱི་འབྲས་བུའི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི་བྲལ་འབྲས་ཀྱི་དབང་དུ་བྱས་ན་ནི་འཇིག་རྟེན་ལས་འདས་པ་ལ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བྲལ་བའི་འབྲས་བུ་ཆེ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པ་འཐོབ་པའི་ཕྱིར་རོ། །
བཅུ་གཉིས་པ་དེ་དང་ཉེ་བ་ལྔ་བཤད་པ།
བཅུ་གཉིས་པ་མཚམས་མེད་དང་ཉེ་བ་ལྔ་ནི་ཅི་མཚམས་མེད་པ་རྣམས་ཁོ་ནས་དམྱལ་བ་དག་ཏུ་གདོན་མི་ཟ་བར་སྐྱེ་བར་འགྱུར་རམ། འོན་ཏེ་གཞན་དག་གིས་ཀྱང་སྐྱེ་བར་འགྱུར་ཞེ་ན། མཚམས་མེད་པ་དང་ཆ་འདྲ་བ་རྣམས་ཀྱིས་ཀྱང་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ཞིག་འདོད་ལོག་གིས་སུན་ཕྱུང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བསད་པ་དང་། འཕགས་པ་སློབ་པའི་གང་ཟག་བདུན་པོ་གང་ཡང་རུང་བ་གསོད་པ་དང་། དགེ་འདུན་གྱི་ཞལ་གྱི། འདུ་བའི་སྒོ་འཕྲོག་པ་སྟེ་བཞི་པོ་དག་ནི་རིམ་པ་ལྟར་མ་དང་ཕ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་གྱི་དབྱེ་ན་བྱེད་པའི་མཚམས་མེད་པ་རྣམས་དང་ཉེས་པ་ཆ་འདྲ་ཞིང་མཚུངས་པས་དེ་རྣམས་དང་ཉེ་བ་ཞེས་བྱ་སྟེ། འདི་རྣམས་ཀྱིས་ཀྱང་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར་རོ། །
དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཉེ་བ་ནི་ལྔ་བ་ཞེ་སྡང་ལ་སོགས་པས་ཀུན་ནས་བསླངས་ནས་མཆོད་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་འཇིག་པར་བྱེད་པ་ཡིན་ནོ། །དེ་ལ་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ནི་སློབ་དཔོན་དབྱིག་བཤེས་ནར་མར་འདུ་བ་འཕྲོག་བ་ལ་འདོད་ལ། རྒྱལ་པོའི་སྲས་དང་གང་སྤེལ་ནི་གང་གི་དགེ་འདུན་འཚོ་བར་བྱེད་པ་ཞལ་དུ་གསོལ་བ་གང་ཡིན་པ་དེ་འཕྲོག་པ་ལ་འདོད་དོ། །
དྲན་པ་ཉེར་གཞག་ལས་ནི། དཀོན་མཆོག་གསུམ་ལ་ནི་ཆུང་ངུ་ཞིག་བླངས་ནའང་ཆེན་པོར་འགྱུར་ཏེ། དེ་དག་ལ་རིས་མཐུན་པ་སླར་ཕུལ་ན་སངས་རྒྱས་དང་ཆོས་ཀྱི་ནི་དག་པར་འགྱུར་ལ། དགེ་འདུན་གྱི་ནི་ཚོར་བ་མ་མྱོང་བར་དག་པར་མི་འགྱུར་ཏེ་ཞིང་ལྕི་བའི་ཕྱིར་རོ། །གལ་ཏེ་དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ཞིག་ན་ནི་དམྱལ་བ་ཆེན་པོར་ལྟུང་ལ། །ཞལ་དུ་འདུ་བ་མ་ཡིན་ན་ནི་མནར་མེད་པའི་འཁོར་མུན་ནག་ཆེན་པོ་ལ་སོགས་པར་སྐྱེའོ་ཞེས་གསུངས་སོ། །དེས་ན་ཆ་འདྲ་བ་དང་ཉེ་བ་ནི་རྣམ་གྲངས་ཡིན་ནོ། །ཁ་ཅིག་འདི་དག་བྱས་ན་ཡང་དམྱལ་བ་ཁོ་ནར་རྣམ་པར་སྨིན་པར་འགྱུར་མེད་ཀྱི་འོན་ཀྱང་མཚམས་མེད་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར་བར་མེད་པར་ཁོ་ནར་ནི་མ་ཡིན་ནོ་ཞེས་འཆད་ལ། ཁ་ཅིག་ནི་བར་མེད་པར་སྐྱེ་ཡང་དུས་དང་རྣམ་སྨིན་ཆེ་ཆུང་མི་འདྲ་བས་མཚམས་མེད་དང་ཁྱད་པར་ཡོད་པས་ན་མཚམས་མེད་པ་དང་ཆ་འདྲ་བར་འདོད་དོ། །
གཞན་ཡང་གེགས་བྱེད་པའི་རྣམ་སྨིན་དང་བཅས་པའི་ལས་གསུམ་བཤད་དེ། དཔེར་ན་ཡུལ་འདོར་བར་བྱེད་པ་ན་བུ་ལོན་པ་ལྡང་བ་ལྟར་སྦྱོར་ལམ་བཟོད་པ་འཐོབ་པ་དང་འཕགས་པ་ཕྱིར་མི་འོང་འཐོབ་བ་དང་། དགྲ་བཅོམ་འཐོབ་པ་རྣམ་གསུམ་ལ་ནི་རིམ་པ་ལྟར་ངན་སོང་(དུ་ངེས་པར་སྐྱེ་འགྱུར་གྱི་ལས་)དང་། མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འདོད་པ་དང་ཁམས་གོང་དུ་ངེས་པར་སྐྱེ་བའི་ལས་རྣམ་པ་གསུམ་གེགས་ཤིན་ཏུ་བྱེད་དེ། རིམ་པ་ལྟར་བཟོད་ཐོབ་ངན་སོང་མི་འགྲོའོ་ཞེས་འབྱུང་བས་བཟོད་པ་ཐོབ་ནས་ངན་འགྲོར་མི་སྐྱེ་བའི་ཕྱིར་དང་། ཕྱིར་མི་འོང་ཐོབ་ནས་འདོད་པར་མི་སྐྱེ་བའི་ཕྱིར་དང་། དགྲ་བཅོམ་ཐོབ་ནས་ཁམས་གསུམ་དུ་མི་སྐྱེ་བའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བསད་ན་ཕ་གསོད་པ་དང་ཉེ་བ་ཞེས་གང་བཤད་པས་ས་མཚམས་གང་ནས་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་ཡིན་ཞེ་ན། གང་ནས་བཟུང་སྟེ་མཚན་སུམ་ཅུ་རྩ་གཉིས་རྣམ་པར་སྨིན་པ་ཅན་གྱི་ལས་གསོག་པར་བྱེད་པ་དེ་ནས་ངེས་པར་གནས་པའི་བྱང་ཆུབ་སེམས་དཔའ་སྟེ་བསྐལ་པ་བརྒྱན་སངས་རྒྱས་འཐོབ་པར་ངེས་པ་ཞེས་བྱ་བའི་དོན་ཏེ། །
དེ་ཡང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ནི་དེ་ཕན་ཆད་བདེ་འགྲོར་སྐྱེ་བ་དང་དེའི་ནང་ནས་ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་རིགས་མཐོ་བར་སྐྱེ་བ་དང་མིག་ལ་སོགས་པའི་དབང་པོ་ཚང་བ་དང་ཕོར་འགྱུར་བ་དང་སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པ་དང་། བསྐལ་པ་བརྒྱ་ལས་ཕྱིར་མི་ལྡོག་པར་སངས་རྒྱས་འཐོབ་པར་འགྱུར་བ་ཞེས་བྱ་བའི་ཁྱད་པར་དྲུག་དང་ལྡན་པའོ། །དེས་ཡོན་ཏན་དེ་ལྟ་བུ་འཐོབ་པའི་རྒྱུ་ནི་བདག་ཉིད་ཆེན་པོ་རྣམས་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བས་སེམས་ཅན་གྱི་དོན་དུ་སྡུག་བསྔལ་དང་ལོག་སྒྲུབ་ཐམས་ཅད་ཀྱིས་མི་སྐྱོ་བར་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་གཞན་དོན་ལྷུར་བྱེད་པའི་ཕྱིར་རོ། །མཚན་རྣམ་པར་སྨིན་པ་ཅན་གྱི་ལས་སུ་བཤད་པ་གང་ཡིན་པ་དེ་ནི་བློ་རྣོ་བའི་ཕྱིར་འཛམ་བུའི་གླིང་གི་སྐྱེས་པ་ཕོའི་དབང་པོ་ལྡན་པར་གྱུར་པ་ཉིད་ཀྱིས་གསོག་བར་བྱེད་ཀྱི་འགྲོ་བ་གཞན་དང་གླིང་གཞན་དང་གང་ཟག་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལས་གསོག་པའི་ཁྱད་པར་ཡིན་ནོ། །
དེ་ཡང་སྟོན་པ་མངོན་སུམ་དུ་བཞུགས་པ་ལ་གསོག་པར་བྱེད་དོ་ཞེས་བྱ་བ་ནི་ཡུལ་གྱི་ཁྱད་པར་ཡིན་ནོ། །སངས་རྒྱས་ལ་དམིགས་པའི་སེམས་པ་དགེ་བ་ཡིན་གྱི་མཐོ་རིས་དང་ཐར་བ་གཞན་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དང་། དེ་ཡང་བསམ་པ་ལས་བྱུང་བའི་དགེ་བ་ཡིན་གྱི་ཐོས་པ་ལས་བྱུང་བ་ནི་མ་ཡིན་ཏེ་དམན་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའང་མ་ཡིན་ཏེ། ཟག་མེད་མ་ཐོབ་ཅིང་། ཟག་བཅས་ནི་ཁམས་གོང་མར་སྐྱེ་བའི་རྒྱུ་ཡིན་ན་བྱང་ཆུབ་སེམས་དཔའ་ནི་འདོད་པར་རིགས་མཐོ་བའི་མཐོ་རིས་སུ་སྐྱེ་བའི་ཕྱིར་རམ། ནང་ན་སྒོམ་བྱུང་ཟག་བཅས་ལ་གཉིས་ལས་སྲིད་པ་ལ་རྟེན་པ་ཕྱི་རོལ་པའི་སྒོམ་བྱུང་ནི་སྲིད་རྩེ་ཐོབ་ཀྱང་མཚན་གྱི་རྒྱུར་མི་རུང་ཞིང་། ཐར་བ་ལ་རྟེན་པ་ནི་འདི་སངས་རྒྱས་ཀྱི་མཚན་གྱི་རྒྱུ་ཡིན་ལ། དེ་ནི་སྟོན་དང་བསེ་རུ་བྱང་ཆུབ་བར། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན་ཞེས་སྦྱོར་ལམ་མམ། མི་སྡུག་པ་ནས་བཟུང་ནས་སྟན་གཅིག་ཁོ་ན་ལ་སྐྱེད་པས་དེའི་གོང་དུ་མི་འབྱུང་བའི་ཕྱིར་རོ། །ཞེས་བྱ་བ་ནི་ངོ་བོའི་ཁྱད་པར་ཡིན་ནོ། །འཚང་རྒྱ་བ་ལ་བསྐལ་པ་ཆེན་པོ་བརྒྱ་ལུས་པ་དག་ཏུ་སྟེ་ལུས་པ་ན་ལས་དེ་འཕེན་ཅིང་གསོག་པར་བྱེད་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་སྟེ། འདི་བ་སྐལ་པ་བརྒྱ་བས་མང་དུ་ལུས་པ་ན་ནི་འཕེན་པ་མི་སྲིད་ལ་ཉུང་དུ་ལུས་པ་ན་འཕེན་པ་སྲིད་དེ། སངས་རྒྱས་ཤཱཀྱ་ཐུབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པ་ན་ལས་དེ་འཕངས་པར་བཤད་དེ།
མདོ་ལས། གྲོང་དཔོན་ངས་འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ཡང་དག་པར་རྗེས་སུ་དྲན་ཏེ། ཟས་སྨིན་པ་སྟེར་བར་བྱ་བའི་ཕྱིར་ཁྱིམ་འགའ་ལའང་མི་བདེ་བའམ་གནོད་པར་འགྱུར་བ་གང་ཡིན་པ་དེ་ནི་མངོན་པར་མི་མཁྱེན་ཏོ་ཞེས་དགེ་སྦྱོང་གཅེར་བུ་བའི་གྲོང་དབོན་རལ་གྲི་ཐོགས་པ་ལ་གསུངས་ཏེ། ལུང་འདིས་ནི་བསྐལ་བ་དགུ་བཅུ་རྩ་གཅིག་ཚུན་ཆོད་སྐྱེ་བ་ཐམས་ཅད་དུ་ཚོ་རབས་དྲན་པར་སྟོན་ལ། མཚན་རྣམ་པར་སྨིན་པའི་ལས་གསོག་པ་ནི་སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པ་ནས་ཡིན་པའི་ཕྱིར་རོ། །
སྔོན་གྱི་སློབ་དཔོན་རྣམས་ན་རེ་བསྐལ་བ་དང་པོ་ཚར་ཕྱིན་པའི་བྱང་ཆུབ་སེམས་དཔའ་ཁོ་ནས་ངན་འགྲོ་དང་། རིགས་དམའ་བ་དང་། དབང་པོ་མ་ཚང་བ་དང་། བུད་མེད་ཀྱི་དངོས་པོར་འགྱུར་བའི་སྐྱོན་བཞི་ནི་ཟློག་ལ་ཚེ་རབས་དྲན་པ་དང་། ཕྱིར་མི་ལྡོག་པའི་ཡོན་ཏན་གཉིས་ནི་འཐོབ་པའི་ཕྱིར་ན་དེ་ཚུན་ཆད་བྱང་ཆུབ་སེམས་དཔའ་ངེས་གནས་ཡིན་ནོ་ཞེས་ཟེར་རོ། །མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རེ་རེའང་བསོད་ནམས་བརྒྱ་བརྒྱ་ལས་སྐྱེས་སོ་ཞེས་བྱ་བ་ནི་ཚད་དེ། རེ་རེའི་ཚད་ཀྱང་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་དེས་པ་ལ་གནས་པ་མ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་གྱི་བསོད་ནམས་གཅིག་ཏུ་བསྡུས་པ་དང་མཉམ་མོ་ཞེས་འདོད་དོ། །ཁ་ཅིག་ནི་སེམས་ཅན་སྤྱིའི་ལས་ཀྱིས་སྟོད་གསུམ་འཆགས་པ་ཇི་སྙེད་པ་དེ་ཙམ་དང་མཉམ་ལ། དེ་དག་བརྒྱས་སྐྱེས་བུ་ཆེན་པོའི་མཚན་གཅིག་འགྲུབ་པ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་དུའང་དེ་དང་འདྲའོ། །ཞེས་ཟེར་རོ། །
གཞན་དག་ནི་བསོད་ནམས་དེའི་ཚད་སངས་རྒྱས་ཀྱིས་མཁྱེན་པར་ཟད་ཀྱི་གཞན་གྱིས་ནི་དཔག་པར་དཀའོ་ཞེས་འདོད་དོ། །བརྒྱའི་གྲངས་ངེས་པའང་ཁ་ཅིག་ནི་སངས་རྒྱས་ཀྱི་སྐྱེ་བའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། ཆོས་ཀྱི་སྐུ་མ་འདྲེས་པ་བཅོ་བརྒྱད་དོ་ལྔ་བཅུ་ལ་དམིགས་པའི་སེམས་པ་ལྔ་བཅུ་དང་། བདག་ཀྱང་ལྔ་བཅུ་པོ་འདི་འདྲ་བ་ཐོབ་པར་གྱུར་ཅིག་སྙམ་པའི་སེམས་པ་གཞན་ལྔ་བཅུ་སྟེ་བརྒྱ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ན་རེ་འདོད་པའི་ཁམས་གནས་ཉི་ཤུ་དང་གྲང་བའི་དམྱལ་བ་བརྒྱད་དེ་ཉི་ཤུ་རྩ་བརྒྱད་དང་གཟུགས་ཁམས་བཅུ་དྲུག་དང་། གཟུགས་མེད་བཞི་སྟེ་བཞི་བཅུ་རྩ་བརྒྱད་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་སྐྱེ་ལ། སྙིང་རྗེ་དེ་དང་མཚུངས་པར་ལྡན་པའི་སེམས་པ་བཞི་བཅུ་རྩ་བརྒྱད་དང་། སངས་རྒྱས་ཀྱིས་ཁམས་གསུམ་པོ་འདི་ལས་སེམས་ཅན་བཀྲོལ་ལོ་སྙམ་པ་གཅིག་དང་། བདག་གིས་ཀྱང་དཀྲོལ་སྙམ་པ་གཅིག་སྟེ་ལྔ་བཅུ་ཡིན་ལ། དེ་ལན་གཉིས་ཡིད་ལ་བྱས་པས་བརྒྱ་ཡིན་ནོ་ཞེས་ཟེར་རོ། །
ཁ་ཅིག་ན་རེ་སངས་རྒྱས་ནི་སྲོག་གཅོད་སྤོང་བ་ལ་སོགས་པ་དགེ་བ་བཅུ་ལ་རེ་རེ་ཞིང་རྒྱུ་ལྡ་ལྡ་དང་ལྡན་པ་ཡིན་ཏེ་སྲོག་གཅོད་སྤོང་ལ་སོགས་པའི་ལས་ཀྱི་ལམ་དངོས་ཡོངས་སུ་དག་པ་དང་། ཉེར་བསྡོགས་ཡོངས་སུ་དག་པ་དང་། རྣམ་པར་རྟོག་པས་མ་སྨྲས་པ་དང་། དྲན་པས་ཡོངས་སུ་ཟིན་པ་ཉིད་དང་། མྱ་ངན་ལས་འདས་པར་བསྡོས་པ་སྟེ་རྣམ་པར་དག་པ་ལྡ་ལྡ་དང་ལྡན་པས་དེ་དག་ལ་དམིགས་པའི་སེམས་པ་ལྔ་བཅུ་ཡིན་ལ། ཇི་ལྟར་སངས་རྒྱས་དེ་རྒྱུ་ལས་ཀྱི་ལམ་ལྔ་བཅུ་པོ་དེ་ལས་བྱུང་བ་ལྟར་བདག་ཀྱང་རྒྱུ་ལྔ་བཅུ་སངས་རྒྱས་སུ་གྱུར་ཅིག་སྙམ་པ་ལྔ་བཅུ་སྟེ་བརྒྱ་ཡིན་ནོ་ཞེས་ཟེར་མོད་ཀྱི་(འདི་ནི་མཚན་འགྲུབ་པའི་བསོད་ནམས་རེ་རེ་བ་བརྒྱ་ལ་འདོད་པའི་ཕྱིར་འདི་དག་ནི་རྣམ་པར་བརྟགས་པ་ཡིན་པར་གསལ་བས།)
བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ནི། དུས་གསུམ་གྱི་སོ་སོའི་སྐྱེ་བོ་དང་ཉན་རང་ཐམས་ཅད་ཀྱི་བསོད་ནམས་བཅུ་འགྱུར་གྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་དང་། བ་སྤུའི་ཁུང་བུ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་དང་། དཔེ་བྱད་བརྒྱད་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་དང་གཙུག་ཏོར་མ་གཏོགས་པ་མཚན་སུམ་ཅུའི་གང་རུང་གཅིག་དང་། མཚན་སུམ་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་ཁྲི་འགྱུར་གྱིས་མཛོད་སྤུ་དང་། མཛོད་སྤུ་འགྲུབ་པའི་བསོད་ནམས་འབུ་མ་འགྱུར་གྱིས་གཙུག་ཏོར་འགྲུབ་ལ། དེ་འགྲུབ་པའི་བསོད་ནམས་བྱེ་བ་ཕྲག་འབུམ་འགྱུར་གྱིས་གསུང་ཆོས་ཀྱི་དུང་འགྲུབ་པར་གསུངས་ལ།
བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་མི་ལུས་ཐོབ་ནས་ཐམས་ཅད་འཁོར་ལོས། བསྒྱུར་བའི་བསོད་ནམས་དང་ལྡན་པར་གྱུར་བའི་བསོད་ནམས་དེ་དག་བརྒྱ་འགྱུར་གྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་དང་། བ་སྤུའི་ཁུད་བུ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་དང་། དཔེ་བྱད་བརྒྱད་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་མཛོད་སྤུ་དང་གཙུག་ཏོར་ལས་གཞན་པའི་མཚན་སུམ་ཅུའི་གཅིག་དང་། མཚན་སུམ་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་ཀྱིས་མཛོད་སྤུ་དང་། དེ་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་གཙུག་ཏོར་འགྲུབ་བོ། །དེའི་ཕྱིར་སངས་རྒྱས་ནི་བསོད་ནམས་བརྒྱ་བའི་མཚན་དང་ལྡན་པ་ཞེས་བྱའོ་ཞེས་པ་དང་། (མཚན་སུམ་ཅུ་རེ་རེའང་དཔེ་བྱད་བརྒྱ་བཅུ་པོ་འགྲུབ་པའི་བསོད་ནམས་བརྒྱ་བརྒྱ་ལ་གྲུབ་པར་གསུངས་པ་ཉིད་གཞུང་གི་དགོངས་པར་འགྲིག་གོ།) བསོད་ནམས་བརྒྱ་པའི་མཚན་དང་ལྡན་པས་ན། །ལྷར་བཅས་འཇིག་རྟེན་ནང་ན་བསོད་ནམས་གཏེར། །མཐོང་དང་ཐོས་དང་གཞེས་པ་མཛད་པས་ཀྱང་། །སེམས་ཅན་ཀུན་ལ་ཕན་པ་མཛད་པ་ལགས་ཞེས་གསུངས་སོ། །
གསུང་ཆོས་ཀྱི་དུང་འགྲུབ་པའི་ཚུལ་ནི་མདོ་སྔ་མ་དང་འདྲའོ། །རིན་པོ་ཆེའི་ཕྲེང་བ་ལས་ནི། དཔེ་བྱད་བརྒྱད་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་མཚན་སུམ་ཅུའི་གཅིག་དང་། མཚན་སུམ་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་དང་། གཙུག་ཏོར་འགྲུབ་པའི་བསོད་ནམས་འབུམ་ཕྲག་བརྒྱར་བསྒྱུར་བས་གསུང་ཆོས་ཀྱི་དུང་འགྲུབ་པར་གསུངས་ལ། གཞན་ནི་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དང་མཐུན་པར་གསུངས་སོ། །
བྱང་ས་ལས་ནི། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་རེ་རེ་འགྲུབ་ལ་བ་སྤུའི་ཁུང་བུ་ཐམས་ཅད་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོས་དཔེ་བྱད་གཅིག་འགྲུབ་པར་བཤད་ཅིང་། དེ་ལས་གཞན་དཔེ་བྱད་ལས་མཚན་སུམ་ཅུ་དང་། དེ་ལས་མཛོད་སྤུ་འགྲུབ་པའི་ཚུལ་འདི་ནི་རིན་པོ་ཆེའི་ཕྲེང་བ་དང་མཐུན་པར་བཤད་ལ། མཛོད་སྤུ་ལས་གཙུག་ཏོར་དང་། གཙུག་ཏོར་ལས་གསུང་ཆོས་ཀྱི་དུང་འགྲུབ་པའི་ཚུལ་ནི་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དང་མཐུན་པར་བཤད་ཅིང་། གསུང་ཆོས་ཀྱི་དུང་ནི་མཚན་སུམ་ཅུ་རྩ་གཉིས་ལས་ལྡོག་པ་ཐ་དད་དུ་བཤད་ཀྱང་རྫས་ཚངས་པའི་སྒྲ་དབྱངས་སུ་འདུས་སོ་ཞེས་བཤད་དོ། །འདི་ལ་སློབ་དཔོན་རྒྱ་མཚོ་སྤྲིན་ནི་བྱང་ས་ལས། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོས་སངས་རྒྱས་ཀྱི་བ་སྤུའི་ཁུང་པུ་རེ་རེ་འགྲུབ་ཅེས་འབྱུང་བའི་སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་སྤྱིར་སེམས་ཅན་ཐམས་ཅད་བརྗོད་པ་མ་ཡིན་གྱི་འོན་ཀྱང་འདི་ནི་སེམས་ཅན་གྱི་བྱེ་བྲག་འཛམ་བུའི་གླིང་པའི་སེམས་ཅན་ཁོ་ན་བརྗོད་པ་ཡིན་ཏེ། དཔེར་ན་ཞུན་མར་གྱི་ཕྱོགས་གཅིག་ཙམ་འཐུངས་པ་ལ་ཞུན་མར་ཐམས་ཅད་འཐུངས་སོ་ཞེས་བརྗོད་པ་ལྟར་སྤྱིའི་མིང་གིས་བྱེ་བྲག་ལ་བཏགས་པ་ཡིན་པའི་ཕྱིར་རོ། །འཛམ་བུའི་གླིང་པའི་སེམས་ཅན་ཁོ་ན་གཟུང་བ་ནི་འཛམ་བུའི་གླིང་པ་ནི་ལས་ཀྱིས་པ་ཡིན་པའི་ཕྱིར་རོ། །དེས་ན་འཛམ་བུའི་གླིང་པའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ཀྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ་བོ་ཞེས་བྱ་བ་ཡིན་ནོ་ཞེས་འཆད་དོ། །འོ་ན་སྟོན་པ་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་བ་ན་སངས་རྒྱས་ཇི་སྙེད་ཅིག་བསྙེན་བཀུར་ནས་སངས་རྒྱས་ཤེ་ན། དེ་ལ་སྤྱིར་སེམས་བསྐྱེད་པ་དང་། ཚོགས་གཉིས་བསྒྲུབས་པའི་དང་པོ་ལ་གཉིས་ལས།
དང་པོ་ནི་བསྐལ་བཟང་ལྟར་ན། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། །འཛམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་ཤཱཀྱ་ཐུབ་ལ་དང་པོ་སེམས་བསྐྱེད་བར་གསུངས་ཤིང་། སྙིང་རྗེ་པད་མ་དཀར་པོ་ལས་ནི་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་སེམས་བསྐྱེད་པར་གསུངས་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ནི་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བ་འགྱུར་བ་ནི་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ་སེམས་བསྐྱེད་པར་གསུངས་པ་དང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས། ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བར་གྱུར་པས་འཕགས་པ་འཇམ་དཔལ་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་པར་གྱུར་པ་ལ་དང་པོ་སེམས་བསྐྱེད་པར་གསུངས་པ་ལ་སོགས་པ་ཐེག་པ་ཆེན་པོའི་ལུང་དག་ལས་སྣ་ཚོགས་འབྱུང་མོད་ཀྱི། ཉན་ཐོས་སྡེ་པ་ལྟར་ན་ལུང་སྨན་གྱི་གཞི་ལས། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་ཁྱོད་ཀྱིས་བྱང་ཆུབ་ཐུགས། །ཐོག་མར་གང་དུ་བསྐྱེད་པ་དག། སྐལ་ལྡན་ཆེན་པོ་བདག་ལ་གསུངས་ཞེས་ཞུས་པ་ན། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང་། །གླང་པོ་དྲེགས་པའི་ཤས་ཆེན་དང་། །འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། །ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །མི་དབང་འོད་ལྡན་གྱུར་བ་ན། །ངས་ནི་བྱང་ཆུབ་འདོད་པའི་ཕྱིར། །ངས་ནི་བརྟན་པོར་དམ་བཅས་ཏེ། །སྐྱོན་མེད་པ་ཡིན་སྦྱིན་པ་བཏང་ཞེས་འབྱུང་བས་སྔོན་རྒྱལ་པོ་འོད་ལྡན་ཞེས་བྱ་བར་གྱུར་པ་ན་དང་པོ་སེམས་བསྐྱེད་པར་འདོད་དོ། །
འདིར་གཉིས་པ་ཚོགས་གཉིས་བསྒྲུབས་ཚུལ་གྱི་དབང་དུ་མཛད་ནས་སྔོན་འདས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་སྟོན་པ་འདི་བཞིན་དུ་རྩོད་པའི་དུས་སུ་བྱུང་ལ། དེའི་སྐུ་ཆེ་དང་འཁོར་འདུས་པ་ལ་སོགས་པའང་འདི་དང་འདྲ་ལ་བསྟན་པའང་ལོ་སྟོང་གི་བར་དུ་གནས་པ་ཞིག་བྱོན་པ་ལ་སྟོན་པ་འདི་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན་འབྲས་ཕོར་པ་གང་དང་། མཆིལ་ལྷ་མ་དང་རས་ཀྱི་ཁ་ཚར་དག་ཕུལ་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་ཚེ་ཡི་ཚད་དང་ཞིང་ཁམས་དང་། །དེ་བཞིན་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབ་བོ། །ཞེས་སྔ་མ་དགེ་འཆད་མོད་ཀྱི། ལུང་སྨན་གྱི་གཞི་ལས་ནི། སྔོན་གྲོང་ཁྱེར་ཡངས་པའི་རྫ་མཁན་ཡངས་པའི་འོད་ཅེས་པར་འགྱུར་པས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བསེར་མའི་སྙུན་གྱིས་ཟིན་བ་ལ་ཆུ་འཇམ་པོས་སྐུ་ཁྲུས་གསོལ་ཏེ། མར་དང་ཏིལ་མར་གྱིས་བྱུགས་ནས། བུ་རམ་ཆུའི་བཏུང་བ་དྲས་ཕས་སྙུན་ལས་གྲོལ་ལོ། །དེ་ནས་དེ་དང་ནས། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་པ། །ཡོན་ཏན་རིགས་དང་རུས་དག་མཉམ་པའི་སངས་རྒྱས་ཉིད་གྱུར་ཅིང་། །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བ་ཡི། །ཕ་རོལ་ཞི་བ་རྒྱ་ཆེན་འཇིགས་པ་མེད་པས་སྒྲོལ་བར་ཤོས་ཅེས་སྨོན་ལམ་བཏབ་བོ་ཞེས་པ་དང་། ང་ནི་རྫ་མཁན་གྱུར་པ་ན། །སངས་རྒྱས་ཤཱཀྱ་ཐུབ་མཐོང་ནས། །བྱང་ཆུབ་ཕྱིར་ནི་ཐོག་མར་ངས། །མར་དང་ཏི་ལ་མར་གྱིས་མཆོད་དོ་ཞེས་འབྱུང་ངོ་། །དེ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་གཞུང་གི་གོ་རིམ་ལས་བཟློག་སྟེ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་པ་བྱུང་སྟེ་དེའི་ཚེ་བསྐལ་པ་གྲངས་མེད་དང་པོ་རྫོགས་སོ། །
དེ་ནས་བཟུང་སྟེ་གྲངས་མེད་གཉིས་པ་ལ་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་སངས་རྒྱས་མར་མེ་མཛད་བྱུང་སྟེ། དེའི་ཚེ་གྲངས་མེད་གཉིས་པ་རྫོགས་སོ། །དེ་ནས་བཟུང་སྟེ་གྲངས་མེད་པ་གསུམ་པ་ལ་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་སངས་རྒྱས་རྣམ་པར་གཟིགས་བྱུང་སྟེ། འདི་ནི་བསྐལ་བ་དགུ་བཅུ་རྩ་གཅིག་འདས་པ་ན་བྱུང་སྟེ། དེའི་ཚེ་གྲངས་མེད་གསུམ་པ་རྫོགས་སོ། །དེ་ལྟར་ན་གྲངས་མེད་པ་གསུམ་གྱི་ཐ་མར་སངས་རྒྱས་དེ་དག་བྱུང་ལ། དེ་དག་ཐམས་ཅད་ཀྱི་དང་པོ་ནི་སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན་ནོ་ཞེས་ཤེས་པར་བྱའོ། །(དེའི་དྲུང་དུ་བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། ཞེས་སོགས་ཀྱི་སྨོན་ལམ་བཏབ་བོ། །)གལ་ཏེ་སངས་རྒྱས་རྣམ་པར་གཟིགས་ཀྱི་དུས་ཉིད་དུ་བསྐལ་པ་གྲངས་མེད་གསུམ་པོ་རྫོགས་ན་གཙུག་ཏོར་ཅན་ནས་འོད་སྲུང་གི་བར་དུ་འཚང་མི་རྒྱ་བ་མི་རིགས་ཏེ། བསྐལ་པ་གྲངས་མེད་གསུམ་གྱིས་ཚོགས་རྫོགས་ཤིང་། ཚོགས་རྫོགས་པ་ནི་བཞེས་པར་མི་རིགས་པའི་ཕྱིར་རོ་ཞེ་ན། དེའི་ཚེ་ཚོགས་རྫོགས་ཤིང་གྲངས་མེད་པར་རྫོགས་མོད་ཀྱི་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ནི་མ་ཡིན་པས་འོད་སྲུང་སངས་རྒྱས་པའི་ཚེ་ཚངས་པར་སྤྱོད་པ་སྤྱད་ནས་འདི་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷའི་རིགས་སུ་འཁྲུངས་སོ་ཞེས་འབྱུང་བའི་མདོ་འདི་ཡང་ཚད་མར་བྱས་པ་ཡིན་ནོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །
ལུང་སྨན་གྱི་གཞི་ལས་ནི། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཁྱོད་སྔོན་བྱང་ཆུབ་སྤྱོད་པ་ན། །སངས་རྒྱས་ཇི་སྙེད་དུས་གང་དུ། །ཇི་ལྟ་བུར་ནི་བསྙེན་བཀུར་མཛད། །ཅེས་པ་དང་། རྒྱལ་བ་གསལ་རྒྱལ་གྱིས་བཙུན་པ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་སླད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བགྱིས་ལགས་ཞེས་ཞུས་པ་ན། (རྒྱལ་པོ་ཆེན་པོ་གྲངས་མེད་པ་དང་པོ་ལ།) སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི། སངས་རྒྱས་རྣམས་ནི་ངས་མཆོད་དོ། །(གྲངས་མེད་གཉིས་པ་ལ་ནི།) སངས་རྒྱས་མར་མེ་མཛད་ནས་ནི། །ཐུབ་པ་དབང་པོའི་རྒྱལ་མཚན་པར། །བདུན་ཁྲི་དང་ནི་དྲུག་སྟོང་གི། སངས་རྒྱས་རྣམས་ནི་ང་ཡིས་མཆོད། །(གྲངས་མེད་པ་གསུམ་པ་ལ་ཡང་།) སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱོད་པ་ན། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་གྲངས་མེད་གྱི་ཐ་མར་བྱུང་བའི་སངས་རྒྱས་ཀྱང་འདི་དང་ཅུང་ཟད་མི་འདྲ་བར་གསུངས་སོ། །
ཐེག་ཆེན་པ་ནི་རྒྱ་ཆེར་རོལ་པ་ལ་སོགས་པ་ལས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ་ཞེས་པ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལྔ་བཅུ་རྩ་ལྔ་ལ་སྦྱིན་པ་ཕུལ་བར་གྱུར་པ་ཞེས་པ་ལ་སོགས་པ་གསུངས་པས་གྲངས་མེད་པ་རེ་རེ་ལ་ཡང་སངས་རྒྱས་དཔག་ཏུ་མེད་པ་བསྙེན་བཀུར་བར་བཞེད་དོ། །ཡང་བྱང་ཆུབ་སེམས་དཔའ་གནས་སྐབས་གང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་རྫོགས་པར་བྱེད་ཅེ་ན། གང་གི་ཚེ་སེམས་ཅན་ཀུན་ལ་དངོས་པོ་མི་གནས་རྐང་གི་བར་ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན་སློང་མངོན་མཐོའི་ཁྱད་པར་ལ་མི་རེ་བར་སྙིང་རྗེ་ཡིས་སྦྱིན་པར་བྱེད་པས་དུས་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཏེ་འདི་ནི་སྐྱེས་པའི་རབས་སུ་བལྟའོ། །ལུང་གཞི་ལས་ནི་བྱང་ཆུབ་སེམས་དཔའ་སྦྱིན་པ་ཆེན་པོའི་དུས་ན་སྦྱིན་པའི་ཕར་ཕྱིན་རྫོགས་པར་གསུངས་སོ། །
དེ་ཡང་བྱང་ས་ལས་ནི། སྦྱིན་པའི་སྐབས་སུ་ཕ་མ་ནི་བླ་མ་ལྟ་བུའི་ཞིང་ཡིན་པས་གཞན་ལ་སྦྱིན་པར་མི་བྱ་ལ། དེ་བཞིན་དུ་ལེགས་པར་བརྔ་མ་སྤྲད་པ་དང་མི་དགའ་བཞིན་དུ་བུ་དང་ཆུང་མ་དང་བྲན་ལ་སོགས་པའང་མི་སྦྱིན་པར་བཤད་ཅིང་། མཆོད་པའི་སྐབས་སུའང་དངོས་པོ་དམན་པ་བར་ལས་བྱུག་པ་དང་། མར་ཁུས་འགྲུ་བ་དང་། གུ་གུལ་གྱིས་བདུག་པ་དང་། ཨརྒའི་མེ་ཏོག་ལ་སོགས་པས་མཆོད་པ་མི་བྱ་བར་བཤད་དོ། །གང་གི་ཚེ་འདོད་པ་ལས་འདོད་ཆགས་དང་མ་ཕྲལ་བས་ཆགས་པ་དང་བཅས་བཞིན་དུ་ཡན་ལག་བཅད་ཀྱང་སེམས་མི་འཁྲུགས་པ་དེའི་ཚེ་སེམས་མ་འཁྲུགས་པའི་ཕྱིར་དང་། ལུས་དག་གི་ཉེས་སྤྱོད་སྡོམ་པའི་ཕྱིར་གོ་རིམ་བཞིན་དུ་བཟོད་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཏེ་དྲང་སྲོང་བཟོད་པར་སྨྲ་བའི་སྐྱེས་པའི་རབས་བཞིན་ནོ། །
སྟོན་པ་བྲམ་ཟེའི་ཁྱིའུར་གྱུར་པ་ན་སངས་རྒྱས་སྐར་རྒྱལ་རིའི་ཕུག་ཞིག་ན་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་ཡུལ་གཅིག་ག་ལ་ཡོད། །ཅེས་པའི་ཚིགས་བཅད་གཅིག་གིས་བསྟོད་པས་བརྩོན་འགྲུས་ཀྱི་ཕྱི་རོལ་ཏུ་ཕྱིན་པ་རྫོགས་སོ། །དེ་ལྟར་བསྐོར་བ་བྱས་ཏེ་བསྟོད་པས་བསྐལ་པ་དགུའི་ཚོགས་ཀྱང་འདུམས་ཏེ། ལུང་སྨན་གྱི་གཞི་ལས། རིན་ཆེན་བཀྲ་བའི་ཕུག་ན་ཡང་། །སངས་རྒྱས་སྐར་རྒྱལ་ལ་ནི་ངས། །དེའི་ཚིགས་བཅད་གཅིག་བསྟོད་པས། །བསྐལ་བ་དགུ་ནི་ཕྱིར་བསྙིལ་ཏོ་ཞེས་པ་དང་། མདོ་གཞན་ལས་ཀྱང་། བྲམ་ཟེ་དམ་པ་དེ་རིང་དུ། །དེ་བཞིན་གཤེགས་པ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་འདི་ཡིས་ནི། །བསྐལ་པ་དགུ་ཞིག་འདུམས་པར་གྱུར་ཞེས་འབྱུང་ངོ་། །དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེ་ཞིང་ཐབས་ལ་མཁས་ན་དུས་ཐུང་དུས་བསྐལ་པ་མང་པོ་ནི་འདུམས་པར་འགྱུར་གྱི་གླངས་མེད་པ་ནི་འདུམས་པར་མི་ནུས་ཏེ། བྱང་ས་ལས། སུ་བརྩོན་འགྲུས་རྩོམ་པ་ཆེན་པོའི་ཡང་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་པ་མང་པོ་ཞིག་འདུམས་པར་བྱེད་དོ། །ལ་ལ་ནི་བསྐལ་པ་ཆེན་པོ་དག་གི་བར་དུ་འདུམས་པར་བྱེད་ཀྱི་གྲངས་མེད་པ་འདུམ་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ་ཞེས་དང་། འབུམ་ཊཱིཀ་ལས་ཀྱང་དེ་བརྩོན་འགྲུས་ཤིན་ཏུ་ཆེར་བརྩམས་པས། བདེ་བ་ན་བསྐལ་པ་མང་པོའང་འདའ་པར་འགྱུར་བ་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དག་ཀྱང་འདའ་བར་འགྱུར་ཏེ། ཇི་ལྟར་བདག་ཅག་གི་སྟོན་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པ་ན་སངས་རྒྱས་སྐར་རྒྱལ་ཞེས་བྱ་བ་མཉེས་པར་བྱས་པས་བསྐལ་པ་དགུ་འདས་པར་གྱུར་ཏོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ཤིན་ཏུ་བརྩོན་པ་ཆེན་པོས་འབད་པར་བྱས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་ནི་འདའ་བར་འགྱུར་གྱི། བསྐལ་པ་གྲངས་མེད་པ་ལས་ནི་སུས་ཀྱང་འདའ་བར་མི་འགྱུར་རོ་ཞེས་བཤད་དོ། །བྱང་ཆུབ་པའི་སྔོན་རོལ་གྱི་དེ་མ་ཐག་ལ་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་ནི་ཏིང་ངེ་འཛིན་བསམ་གཏན་དང་བློའི་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཏེ། དེ་དག་ནི་རང་རང་གི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །
བཅུ་གསུམ་པ་བསོད་ནམས་བྱ་བའི་གཞི་གསུམ་བཤད་པ།
བཅུ་གསུམ་པ་བསོད་ནམས་བྱ་བའི་གཞི་གསུམ་བཤད་པ་ནི་མདོ་ལས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་གསུམ་ཞེས་འབྱུང་བའི་གསུམ་པོ་དེ་དག་ནི་འབྲས་བུ་ཡིད་དུ་འོང་བས་ན་བསོད་ནམས་དང་། ལས་ཀྱི་ངོ་བོ་ཡིན་པས་བྱ་བ་དང་། གསུམ་པོ་དེ་དག་ལ་བརྟེན་ནས་ཀུན་སློང་གི་སེམས་པ་འཇུག་པའི་གཞི་ཡང་ཡིན་པའི་ཕྱིར་བསོད་ནམས་བྱ་བ་དེའི་གཞི་སྟེ་དཔེར་ན་ལུས་ངག་གི་བདུན་ལས་དང་ལས་ཀྱི་ལམ་གཉིས་ཀ་ཡིན་ལ་ཡིད་ཀྱི་གསུམ་ལས་ཀྱི་ལམ་ཁོ་ན་ཡིན་པས་ཐམས་ཅད་ལ་ལས་ཀྱི་ལམ་ཞེས་བཤད་པ་བཞིན་ནོ། །འདིར་གཞིའི་སྒྲ་ནི་རྒྱུ་ལ་བརྗོད་པར་འདོད་དོ། །དེ་ལ་སྦྱིན་པ་ལས་བྱུང་བའི་ལུས་ངག་གི་ལས་ནི་བསོད་ནམས་དང་བྱ་བ་དང་གཞི་གསུམ་ག་ཡིན་ལ། ཀུན་ནས་སློང་བའི་སེམས་པ་ནི་བསོད་ནམས་དང་བྱ་བ་ཡིན་ནོ། །(བྱ་བའི་རྟེན་མིན་པས་གཞི་མིན་ནོ། །)དེ་ཡང་མཚུངས་པར་ལྡན་པའི་ཆོས་ཚོར་བ་ལ་སོགས་པ་གཞན་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་ངག་གི་ལས་ཁོ་ན་ཡིན་པས་གསུམ་ག་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ལ་བྱམས་པ་ནི་བསོད་ནམས་དང་བསོད་ནམས་བྱ་བའི་གཞི་གཉིས་ཀ་ཡིན་ཏེ། བྱམས་པའི་སྒོ་ནས་དེ་དང་མཚུངས་ལྡན་གྱི་སེམས་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི་བསོད་ནམས་དང་བྱ་བ་གཉིས་ཀ་ཡིན་ནོ། །(སེམས་པ་དེ་དག་བརྟེན་ནས་མི་འཇུག་པས་གཞི་ནི་མ་ཡིན་ནོ་ཞེས་སོ། །)བྱམས་པ་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་གཞན་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཡང་ན་གསུམ་པོ་འདི་དག་བསྒྲུབ་པའི་ཕྱིར་བསོད་ནམས་ཀྱི་སྦྱོར་བ་བརྩོམ་པས་ན་གསུམ་པོ་ལ་བསོད་ནམས་བྱ་བའི་གཞི་ཞེས་བྱའོ། །
ཁ་ཅིག་(མདོ་སྡེ་པ་)ན་རེ་བསོད་ནམས་བྱ་བ་ནི་དོན་དམ་པར་ན་སེམས་པ་དགེ་བ་ཡིན་ལ། སྦྱིན་པ་ལ་སོགས་པ་གསུམ་ནི་སེམས་པ་དགེ་བ་དེའི་གཞི་ཡིན་ནོ་ཞེས་ཟེར་རོ། །སྦྱིན་པ་ལས་བྱུང་བ་གང་ཞེ་ན། སྐྱེས་བུ་གང་གིས་བསམ་པ་དགེ་བས་བདོག་པའི་དངོས་པོ་གཞན་ལ་སྦྱིན་པར་བྱེད་པ་དེ་ནི་སྦྱིན་པ་ཡིན་ཏེ། དྲང་སྲོང་རྒྱས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ་དད་པས་གང་ཅུང་ཟད་ཅིག་བྱིན་པ་དེ་དག་ཐམས་ཅད་ནི་སྦྱིན་པ་ཞེས་གསུངས་པའི་ཕྱིར་རོ། །
ཀུན་ནས་སློང་བ་གང་ཞེ་ན། ཡུལ་བཟང་པོ་ལ་མཆོད་པར་འདོད་པ་དང་། རང་དང་སྙོམས་པ་དང་། དམན་བ་ལ་ཕན་གདགས་པར་འདོད་པ་ཡིས་གཏོང་བ་སྦྱིན་པ་ཡིན་གྱི་འཇིགས་པ་དང་ལན་ལ་རེ་བ་ལ་སོགས་པས་ནི་མ་ཡིན་ནོ། །ལས་དེ་ཡང་ལུས་ངག་གི་ལས་ཀུན་ནས་སློང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ཡིན་ནོ། །སྦྱིན་པ་ལས་བྱུང་བ་ཞེས་བྱ་བ་ནི་སྦྱིན་པའི་རང་བཞིན་ཡིན་པའི་ཕྱིར་དེ་སྐད་དུ་བརྗོད་དེ་ལོ་མ་ལས་བྱུང་བའི་སྦྱིལ་བོ་ཞེས་བྱ་བ་བཞིན་ནོ། །འོག་མ་དག་ལའང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པ། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན་ཞེས་འབྱུང་ངོ་། །དེས་ན་ལུས་ངག་གི་ལས་ཀུན་སློང་མཚུངས་ལྡན་དང་བཅས་པ་ཡིན་པས་ཕུང་པོ་ལྔ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཀུན་ལས་བཏུས་ལས་ཀྱང་། སྦྱིན་པའི་ལས་གང་ཞེ་ན། དེའི་གཞི་དང་། ཀུན་ནས་སློང་བ་དང་། དངོས་པོ་དང་། ངོ་བོ་ཉིད་ཀྱིས་ཀྱང་རིག་པར་བྱ་སྟེ། གཞི་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་། གཏི་མུག་མེད་པའོ། །ཀུན་ནས་སློང་བ་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་པའོ། །དངོས་པོ་ནི་སྦྱིན་པར་བྱ་བའི་དངོས་པོའོ། །ངོ་བོ་ཉིད་ནི་གཏོང་བ་ན་ལུས་དང་ངག་གི་ལས་སོ་ཞེས་བཤད་དོ། །སྦྱིན་པ་དེའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཅན་ཡིན་ནོ། །དབྱེ་བ་ནི་བདག་གི་དོན་གྱི་ཕྱིར་སྦྱིན་པ་ནི་(འཕགས་པ་)འདོད་ཆགས་དང་མ་བྲལ་བའམ། སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་སྦྱིན་པའོ། །(བདག་ལ་ཕན་ལ་མཆོད་རྟེན་ལ་མི་ཕན་པས་སོ། །)གཞན་གྱི་དོན་གྱི་ཕྱིར་སྦྱིན་པ་ནི་མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འཕགས་པ་འདོད་ཆགས་དང་བྲལ་བས་སེམས་ཅན་གཞན་ལ་སྦྱིན་པའོ་དེ་ཡང་(འདོད་པ་ལས་འདས་ལ་སྦྱིན་པའི་རྣམ་སྨིན་གྱིས་ནི་འདོད་པས་བསྡུས་བས་གཞན་ལ་ཕན་རང་ལ་མི་ཕན་པས་སོ། །)གཉིས་ཀའི་དོན་གྱི་ཕྱིར་སྦྱིན་པ་ནི་འཕགས་པ་འདོད་ཆགས་དང་མ་བྲལ་བའམ་སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བས་སེམས་ཅན་གཞན་ལ་སྦྱིན་པའོ། །(དེ་ཡང་རང་དགེ་བསགས་པའི་ཕྱིར་རང་གཞན་གྱི་འབྱུང་བ་ལ་ཕན་བཏགས་པའི་ཕྱིར་རོ། །)གཉིས་ཀའི་དོན་དུ་མིན་པའི་ཕྱིར་གྱི་སྦྱིན་པ་ནི་མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འཕགས་པ་འདོད་ཁམས་ལས་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་འབུལ་བ་ཡིན་ཏེ། (ཕྱི་མར་རང་དང་མཆོད་རྟེན་ལ་ཕན་པ་མེད་པས་དེ་ལ་འབུལ་བ་ནི།) དེ་ནི་བཀུར་སྟི་དང་བྱས་པ་གཟོ་བ་འབའ་ཞིག་གིས་འབུལ་བའི་ཕྱིར་རོ། །(མཐོང་ཆོས་ལ་མྱོང་བར་ནི་མི་འགལ་ལོ། །)སྦྱིན་པ་དེའི་ཁྱད་པར་དུ་འཕགས་པ་ནི་སྦྱིན་བདག་དང་དངོས་པོ་དང་ཞིང་གི་ཁྱད་པར་གསུམ་ལས་ཡིན་ནོ། །
དེ་ལ་རེ་ཞིག་སྦྱིན་བདག་ཁྱད་པར་དུ་འཕགས་པ་ནི་དད་པ་དང་སོགས་ཀྱིས་གཟུང་བ་ཚུལ་ཁྲིམས་དང་གཏོང་བ་དང་ཐོས་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཤེས་རབ་ཅེས་བྱ་བའི་འཕགས་པའི་ནོར་བདུན་དང་འདོད་ཆེན་ཆུང་བ་དང་ལྡན་པས་སོ། །ཚུལ་ནི་མདོ་ལས། དགེ་སློང་དག་སྐྱེས་བུ་དམ་པའི་སྦྱིན་པ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། དད་པས་སྦྱིན་པ་སྦྱིན་པར་བྱེད་པ་དང་། གུས་པར་བྱས་ཏེ་དང་། རང་གི་ལག་ནས་དང་། དུས་སུ་དང་། གཞན་ལ་མི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་དོ་ཞེས་པ་དང་། མཁས་པས་གུས་དང་རང་ལག་ནས། །དུས་སུ་མི་གནོད་སྦྱིན་བྱེད་ན། །སྦྱིན་བདག་སྦྱིན་པ་ཡངས་ཤིང་ཆེ། །སྐལ་པ་ཆེན་པོ་འབྱུང་བར་འགྱུར། །ཞེས་འབྱུང་ལ། འགྲེལ་པ་ལས་ནི། གུས་པ་དང་། སོགས་པས་བསྡུས་པ་རང་གི་ལག་གིས་སྟེར་བ་དང་། ཉེ་བར་མཁོ་བའི་དུས་དང་། གཞི་དེས་གཞན་ལ་(བརྐུས་པ་དང་ཤན་པ་ལ་ལུག་བྱིན་བལྟ་བུ་བྱིན་བྱ་དང་། དུག་མི་འཕྲོད་པའི་ཟས་ལྟ་བུ་ཞིང་ལ་གནོད་པ་མ་ཡིན་པར་གཞན་ལ་)མི་གནོད་པར་སྦྱིན་པར་བྱེད་པའོ། །ཞེས་དད་པ་ལས་གཞན་བཞི་བཤད་དོ། །
འབྲས་བུ་ནི་གུས་པ་ལ་སོགས་པས་བྱིན་པ་དེའི་ཕྱིར་གུས་པར་བྱིན་པས་སྐྱེ་བ་ཕྱི་མ་ལ་རང་ལ་འཁོར་གྱིས་བཀུར་སྟི་བྱེད་པ་དང་། རྙེད་པར་འགྱུར་བ་དང་། རང་གི་ལག་གིས་བྱིན་པས་ནི་ལོངས་སྤྱོད་རྒྱ་ཆེན་པོ་ལ་དད་པ་སྟེ་རང་དབང་འབྱོར་བར་འགྱུར་བ་དང་། ཉེ་བར་མཁོ་བའི་དུས་སུ་བྱིན་པས་ནི་རང་ལ་དགོས་པའི་དུས་སུ་རྙེད་པར་འགྱུར་བ་དང་། གཞན་ལ་གནོད་པ་མེད་པར་བྱིན་པས་ནི་རང་གི་ལོངས་སྤྱོད་ལ་དགྲ་དང་མེས་འཚིག་པ་ལ་སོགས་པའི་བར་ཆད་མེད་པར་རྙེད་པ་སྟེ། འདིར་གཞན་ལ་གནོད་པ་ནི་ཕ་རོལ་ལ་མ་བྱིན་པར་བླངས་ནས་སྟེར་བ་ལ་སོགས་པའོ། །ལྔ་མཚན་ལྔ་པའི་མདོ་ལས། རྣམ་པ་དུ་མ་ཕུན་ཚོགས་ཤིང་། །སེར་སྣ་མེད་པར་སྦྱིན་བྱེད་ན། །རྣམ་པ་དུ་མ་ཕུན་ཚོགས་པའི། །རྣམ་པར་སྨིན་པ་སོ་སོར་བསྟེན་ཞེས་འབྱུང་བས་ཁ་དོག་ཕུན་སུམ་ཚོགས་པ་དང་སོགས་པས་བསྟན་པ་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པ་ནི་དངོས་པོ་ཁྱད་པར་དུ་འཕགས་པའོ། །ཁ་དོག་ཕུན་སུམ་ཚོགས་པ་ལ་སོགས་པ་བྱིན་པ་དེ་ལས་སྐྱེ་བ་ཕྱི་མར་རང་ཉིད་གཟུགས་བཟང་བ་དང་། སྙན་པའི་གྲགས་པ་དང་ལྡན་པ་དང་། ཡིད་དགའ་བ་ལུས་ཤིན་ཏུ་གཞོན་ཤ་ཅན་དང་བུད་མེད་རིན་པོ་ཆེ་ལྟར་གྲང་བའི་ཚེ་ནི་དྲོ་ལ་དྲོ་བའི་ཚེ་ནི་གྲང་ཞིང་ཐ་མལ་པའི་ཚེ་ནི་ཐ་མལ་པར་འདུག་པས་ན་དུས་སུ་རེག་ན་བདེ་བའི་ལུས་དང་ལྡན་པར་འགྱུར་ཏེ་རིམ་པ་བཞིན་དུ་སྦྱར་རོ། །
ཀུན་ལས་བཏུས་ལས་ཀྱང་། ཇི་ལྟར་ན་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཕྱིར་ཞིང་སྦྱིན་པ་དང་། ཕྱོགས་མི་འབྱེད་པར་སྦྱིན་པ་དང་། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་དང་། མི་གནས་པར་སྦྱིན་པ་དང་། རྒྱ་ཆེར་སྦྱིན་པ་དང་། དགའ་བས་སྦྱིན་པ་དང་། སྣོད་ལ་སྦྱིན་པ་དང་། འཁོར་དང་གློ་བུར་དུ་འོངས་པ་ལ་ལེགས་པར་བགོས་ཏེ་སྦྱིན་པས་སྦྱིན་པ་ཕུན་སུམ་ཚོགས་པ་རིག་པར་བྱའོ། །ཇི་ལྟར་ན་སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པར་རིག་པར་བྱ་ཞེ་ན། སྦྱིན་པར་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པ་དང་གཞན་ལས་འཕྲོགས་པ་མ་ཡིན་པ་དང་། མ་རུལ་ནི་འདྲི་མ་མེད་པ་དང་། དངོས་པོ་རུང་བ་དང་། ཆོས་ཀྱིས་བསྒྲུབས་པའི་ཕྱིར་རོ་ཞེས་བཤད་དོ། །
བྱང་ས་ལས་ཀྱང་། སྲོག་ཆགས་དང་བཅས་པའི་དངོས་པོའང་དམན་པ་ཡིན་པས་སྦྱིན་པར་མ་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ནི་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། འདུན་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་སྦྱིན་པའོ། །གཞན་ཡང་བཞི་སྟེ། བརྗོད་པ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པས་སྦྱིན་པའོ། །ཡང་བཞི་སྟེ། ངོར་ལྟ་བ་དང་། སྐབས་ཅུང་ཟད་ཀྱི་ཕྱིར། བརྙས་ཐབས་དང་། རང་ག་ལ་གནས་སྦྱིན་པ་མ་ཡིན་པའོ། །ཡང་བཞི་སྟེ། ངན་པ་དང་། མི་བསོད་པ་དང་། གུས་པར་མ་བྱས་པ་དང་། མངོན་པའི་ང་རྒྱལ་གྱིས་སྦྱིན་པའོ། །ཡང་བཞི་སྟེ། མཚོན་ཆ་དང་། དུག་དང་། རུང་བ་མ་ཡིན་པ་དང་། མི་ཆོག་པར་སྦྱིན་པའོ་ཞེས་བསམ་པ་སྦྱོར་བ་དང་དངོས་པོ་དམན་པའི་སྦྱིན་པ་ནི་བྱང་ཆུབ་ཀྱི་བར་ཆད་དུ་འགྱུར་བར་གསུངས་སོ། །དེའི་ཕྱིར་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས། དུས་སུ་སྦྱིན་དང་འགྱོད་པ་མེད་པ་དང་། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །དཔའ་བོ་རྣམས་ནི་ལས་འདི་བྱས་པས་ན། །རྟག་ཏུ་ལོངས་སྤྱོད་ཆེན་པོ་འཐོབ་པ་ཡིན་ཞེས་གསུངས་སོ། །
ཞིང་ཁྱད་པར་དུ་འཕགས་པ་ནི། འགྲོ་བ་བཟང་བས་ཞིང་ཁྱད་པར་དུ་འཕགས་པ་ནི། གོའུ་ཏ་མའི་མདོ་ལས། ཀུན་དགའ་བོ་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་སྦྱིན་པ་བྱིན་ན་སླར་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་བར་གྱུར་པའི་མི་ལ་སྦྱིན་པ་བྱིན་ན་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་གསུངས་པ་ལྟ་བའོ། །(འགྲོ་བ་བཟང་བ་དང་།) སྡུག་བསྔལ་གྱིས་ཞིང་ཁྱད་པར་དུ་འཕགས་པ་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞིའི་ནང་ནས་ནད་པ་དང་ནད་གཡོག་དང་གྲང་བ་ལ་སོགས་པའི་དུས་སུ་བྱིན་པ་ནི་རྫས་ལས་བྱུང་བའི་བསོད་ནམས་ཡིན་པས་བསོད་ནམས་ཚད་མེད་པར་གསུངས་པ་ལྟ་བུའོ། །སྡུག་བསྔལ་བ་དང་། ཕན་འདོགས་པས་ཞིང་ཁྱད་པར་དུ་འཕགས་པ་ནི་ཕ་མ་དང་པ་ན་འདོགས་པ་གཞན་ཡང་རུང་སྟེ་དོམ་དང་རི་དྭགས་ལ་སོགས་པའི་སྐྱེས་པའི་རབས་(ལྟ་བུ་རང་ལ་ཕན་འདོགས་པས་དང་)དཔེར་བྱའོ། །ཡོན་ཏན་གྱིས་ཞིང་ཁྱད་པར་དུ་འཕགས་པ་ནི་གོའུཏ་མའི་མདོ་ལས། ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་དུ་རེ་བར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་བྱིན་ན་རྣམ་པར་སྨིན་པ་ཚད་མེད་དོ། །དེ་བས་ཀྱང་རྒྱུན་དུ་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ་ཞེས་གསུངས་པ་ལྟ་བུའོ། །(ཡོན་ཏན་དང་ལྡན་པ་སྟེ་བཞི་པོ་དེ་རྣམས་ཀྱིས་ཞིང་ཁྱད་པར་དུ་འཕགས་སོ། །)ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་ལས་ནི། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་སྦྱིན་པ་བཏང་ན་རྣམ་པར་སྨིན་པ་ཁྲིར་འགྱུར་སྙེད་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །རྣམས་ཞེས་བྱ་བ་ནི་མང་པོའི་ཚིག་སྟེ་ཞིང་བཞི་པོ་དེ་དག་གོ། སྦྱིན་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ནི་ཁམས་གསུམ་ལས་གྲོལ་བས་གྲོལ་བ་ལ་བྱིན་ན་ཁྱད་པར་དུ་འཕགས་ཏེ། དེ་ལ་སྐྱོན་གང་ཡང་མེད་པའི་ཕྱིར་རོ། །
དེ་ཉིད་ཀྱི་ཕྱིར་གོའུ་ཏ་མའི་མདོ་ལས་ནི། གང་ཞིག་ལུས་ངག་བསྡམས་བདག་ཉིད། །ལག་བརྐྱང་བསོད་སྙོམས་སྤྱོད་པ་ཡི། །འདོད་ཆགས་བྲལ་ལ་ཆགས་བྲལ་གྱིས། །སྦྱིན་ན་ཟང་ཟིང་སྦྱིན་པའི་མཆོག་ཅེས་གསུངས་སོ། །ལུང་ལས་ཀྱང་། འདོད་ཆགས་དང་བྲལ་བས་འདོད་ཆགས་དང་བྲལ་བ་ལ་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ནི་ཟང་ཟིང་གི་སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་གསུངས་སོ། །ཡང་སྦྱིན་བདག་བྱང་ཆུབ་སེམས་དཔའ་ཡིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གང་ཅི་བྱིན་པ་དེ་ནི་མ་གྲོལ་བས་མ་གྲོལ་བ་རྣམས་ལ་བྱིན་ཡང་རྫོགས་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱིན་པས་མཆོག་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོན་དུ་འགྱུར་བའི་སྦྱིན་པ་ཡིན་པའི་ཕྱིར་རོ། །ཡང་མདོ་ལས། ཉ་བ་ལ་སྦྱིན་པ་དང་འཇིགས་པས་སྦྱིན་པ་དང་། བདག་ལ་བྱིན་པས་སྦྱིན་པ་དང་། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང་། སྔོན་བདག་གི་ཕ་དང་མེས་པོ་དག་གིས་སྦྱིན་པ་བྱིན་པས་སྦྱིན་པ་དང་། མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང་། གྲགས་པའི་དོན་དུ་སྦྱིན་པ་དང་། སེམས་ཀྱི་རྒྱན་གྱི་དོན་དང་སེམས་ཀྱི་ཡོ་བྱད་ཀྱི་དོན་དང་རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང་དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་པའོ་ཞེས་སྦྱིན་པ་རྣམ་པ་བརྒྱད་གསུངས་པ་དག་གི་ནང་ན་ནི་བརྒྱད་པ་སེམས་ཀྱི་རྒྱན་ལ་སོགས་པའི་ཕྱིར་སྦྱིན་པ་མཆོག་ཡིན་ནོ། །དེ་ལ་ཉེ་བ་ལ་སྦྱིན་པ་ནི་སློབ་དཔོན་སྔ་མ་དག་ན་རེ་ནས་མ་ཉེ་བར་གྱུར་ཅིང་ཉེ་བར་ལྷགས་པ་དག་ལ་སྦྱིན་པར་བྱེད་པའོ་ཞེས་ཟེར་རོ། །
འཇིགས་པས་སྦྱིན་པ་ནི་མེད་པར་བྱེད་པ་མངོན་སུམ་དུ་མཐོང་ནས་དམ་པ་སྦྱིན་ནོ་ཞེས་སྦྱིན་པ་བྱེད་པའོ། །བདག་ལ་བྱིན་པས་སྦྱིན་པ་ནི་འདིས་སྔོན་བདག་ལ་བྱིན་ནོ་སྙམ་ནས་སྦྱིན་པའོ། །གཞན་ནི་གོ་སླའོ། །སེམས་ཀྱི་རྒྱན་ནི་རྫུ་འཕྲུལ་ལོ། །སེམས་ཀྱི་ཡོ་བྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རྣལ་འབྱོར་གྱི་ཚོགས་ནི་ཞི་གནས་དང་ལྷག་མཐོད་ངོ་། །དོན་གྱི་མཆོག་ནི་དགྲ་བཅོམ་པའམ་མྱ་ངན་ལས་འདས་པ་མཐོང་པའོ་ཞེས་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་འཆད་དོ། །སློབ་དཔོན་གང་སྤེལ་ནི་སེམས་ཀྱི་རྒྱན་གྱི་དོན་ལ་སོགས་པ་བཞི་ནི་གོ་རིམ་བཞིན་དུ་དད་པ་ལ་སོགས་པའི་ནོར་འདྲེན་པ་དང་། སེར་སྣའི་དྲི་མ་དང་འགལ་བ་དང་། སྙོམས་འཇུག་གི་བདེ་བ་སྐྱེད་པ་དང་། མྱ་ངན་ལས་འདས་པ་འདྲེན་པའི་ཕྱིར་རོ་ཞེས་འཆད་དོ། །ས་ལས་ནི་ཟང་ཟིང་མེད་པའི་སེམས་ཀྱིས་དོན་གྱི་མཆོག་མྱ་ངན་ལས་འདས་པར་བསྔོས་པ་དང་རྣལ་འབྱོར་གྱི་ཚོགས་མྱང་འདས་ཀྱི་རྒྱུ་ཚོགས་སུ་འགྱུར་བ་དང་། སེམས་ཀྱི་རྒྱན་བདེ་འགྲོར་འགྲོ་བ་དང་། སེམས་ཀྱི་ཡོ་བྱད་ལོངས་སྤྱོད་ཆེན་པོར་ཡང་འགྱུར་བའོ་ཞེས་བཤད་དོ། །ཡང་ན་སེམས་ཀྱི་རྒྱན་ལ་སོགས་པ་བཞི་རིམ་པ་ལྟར་ཚོགས་སྦྱོར་དང་། མཐོང་ལམ་དང་། སྒོམ་ལམ་དང་། མྱང་འདས་སམ། ཡང་ན་ཚོགས་སྦྱོར་དང་། ས་དང་པོ་བདུན་དང་། དག་པའི་ས་གསུམ་དང་། སངས་རྒྱས་ཀྱི་ས་རྣམས་དང་སྦྱར་རོ། །
འོ་ན་ཅིའི་ཕྱིར་སྦྱིན་པ་སྔ་མ་བདུན་པོ་དམན་ཞེ་ན། ས་ལས། དང་པོ་བདུན་ནི་གོ་རིམ་བཞིན་དུ་སྦྱིན་པ་ལེ་ལོས་ཉམས་པ་དང་། འདི་དང་ཕ་རོལ་ཏུ་ཟང་ཟིང་གིས་དབུལ་བས་འཇིགས་པ་དང་དབང་ཕྱུག་འདོད་ནས་བྱིན་པ་དང་། འདས་པ་ལ་ལྟ་བ་དང་། མ་འོངས་པ་ལ་མངོན་པར་དགའ་བ་དང་། སྦྱིན་གནས་ལ་བརྙས་པ་དང་། མཐོ་རིས་ཀྱི་ལོངས་སྤྱོད་འདོད་པ་དང་། གྲགས་པ་འདོད་པའི་སྐྱོན་དང་བཅས་པའི་ཕྱིར་དམན་པར་བཤད་དོ། །
གཞན་ཡང་དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་སྤངས་ཏེ་དག་པའི་སྦྱིན་པ་ཁྱད་པར་ཅན་བསྒྲུབ་པར་གསུངས་ཏེ། འདི་ལྟར་གཏོང་བ་པོ་ཕྱིན་ཅི་ལོག་ཏུ་ལྟ་ཞིང་མ་དད་པས་སྦྱིན་པ་བྱིན་པ་དང་། ཕན་བཏགས་པའི་ལན་དུ་ཕན་གདགས་པར་བྱ་བའི་ཕྱིར་སྦྱིན་པ་དང་། དམན་པ་སྦྱིན་པ་དང་། འདོད་པའི་རྒྱུའི་ཕྱིར་མེ་དང་མེ་ལྕེ་ལ་སྦྱིན་པ་དང་། ཆུ་ལ་སྦྱིན་པ་དང་། བདག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྒྱལ་པོ་ལ་སྦྱིན་པ་དང་། འཇིགས་པའི་ཕྱིར་ཆོམ་རྐུན་ལ་སོགས་པ་ལ་སྦྱིན་པ་དང་། དུག་སྦྱིན་པ་དང་། མཚོན་ཆ་སྦྱིན་པ་དང་། སྲོག་ཆགས་བསད་དེ་ཤ་སྦྱིན་པ་དང་། བག་མེད་པ་རྣམས་ལ་ཆང་སྦྱིན་པ་དང་། འདི་དག་བདག་གིར་འགྱུར་དེ་བདག་གི་རིམ་གྲོ་དང་མཆོད་པར་འགྱུར་རོ། །སྙམ་ནས་སེམས་ཅན་བསྡུ་བ་དང་འཐོབ་པར་བྱ་བའི་ཕྱིར་སྦྱིན་པ་དང་། བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་དང་། གར་དང་གླུ་དང་བཞད་གད་དང་རྩེད་མོ་དང་གཏམ་དང་དགའ་བར་བྱ་བའི་ཕྱིར་རོལ་མོ་མཁན་རྣམས་ལ་སྦྱིན་པ་དང་། གཟའ་སྐར་གྱི་མཚན་མའི་ཕྱིར་སྐར་མཁན་ལ་སྦྱིན་པ་དང་། གཞན་གྱི་ནོར་མཛང་བོ་ལ་སྦྱིན་པ་དང་། གཞན་གྱི་ཞིང་དམ་འབྲུའི་ཕུང་པོ་ལ་རི་དྭགས་དང་བྱ་ཟ་བ་ལ་དགའ་མགུ་སྐྱེད་པ་དང་། བཟོའི་ཕྱིར་སྦྱིན་པ་དང་། ལུས་མི་བདེ་བས་འཇིགས་པའི་ཕྱིར་སྨན་པ་ལ་སྦྱིན་པ་དང་། སློང་བ་ལ་སྤྱོས་བརྒྱད་དེ་ཚིག་པ་ཟ་བར་བྱས་ནས་སྦྱིན་པ་དང་། སྦྱིན་པའི་རྣམ་སྨན་གྱི་འབྲས་བུ་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་ཞིང་སྦྱིན་པ་དང་། སྦྱིན་པ་བྱིན་ནས་གདུང་བ་དང་འགྱོད་པས་གདུང་བ་དང་། སྦྱིན་པ་བྱིན་ནས་གང་བདག་ལས་ཁྱེར་བ་ཐམས་ཅད་ཀྱིས་ཚེ་ཕྱི་མ་ལ་སླར་བདག་ལ་བྱིན་པར་འགྱུར་རོ། །སྙམ་དུ་སེམས་བསྐྱེད་ནས་སྦྱིན་པ་དང་། སྦྱིན་པའི་བསོད་ནམས་ཀྱི་འབྲས་བུ་འདི་བདག་ཉིད་ཀྱིས་སྤྱད་ཀྱི་སེམས་ཅན་གཞན་གང་ལའང་འབྱུང་བར་མ་གྱུར་ཅིག། སྙམ་དུ་སེམས་བསྐྱེད་ནས་སྦྱིན་པ་དང་། ལང་ཚོ་ལ་བབ་པས་སྦྱིན་པ་དང་། རྒས་པ་དང་ན་བ་དང་འཆི་བའི་མྱ་ངན་དུ་གྱུར་པ་ན་སངས་རྒྱས་པ་ལ་དགའ་པ་དང་དད་པ་མེད་པར་རྩ་ལག་རྣམས་ཀྱིས་བྱེད་དུ་བཅུག་སྟེ་སྦྱིན་གནས་ལ་བྱིན་པ་དང་། ཡུལ་གཞན་དུ་བདག་སྦྱིན་བདག་ཏུ་གྲགས་པར་འགྱུར་རོ་སྙམ་ནས་གྲགས་པའི་རྒྱུར་སྦྱིན་པ་དང་། ཁ་ཟས་གཏོང་མི་ཕོད་པ་ལ་འཇིག་རྟེན་པ་མི་དགའ་བར་མཐོང་ནས་སྦྱིན་ཕོད་པའི་ཉེས་པ་ནི་འཇིག་རྟེན་གྱིས་བཟོད་དོ་སྙམ་སྟེ་སྦྱིན་པ་དང་། བུད་མེད་སྙིང་དུ་སྡུག་སྟེ་ཆུང་མར་བླང་བའི་འབྲེལ་བ་དང་ཕྱིར་བྱེད་པར་བྱ་བའི་དོན་དུ་བུད་མེད་ཀྱི་གཞི་ལས་མཛའ་བཤེས་དང་གཉེན་འདབ་དང་འབྲེལ་བའི་ཕྱོགས་ལ་ནོར་བུ་དང་གསེར་དངུལ་ལ་སོགས་པའི་ནོར་བྱིན་ནས་མགུ་བར་བྱེད་པ་དང་། འདི་ལྟར་བདག་ལ་ནོར་ནི་མང་དུ་ཡོད་ན་བདག་ལ་བུ་མེད་དེ་བདག་གིས་གང་རིགས་པ་ལ་བཏང་བར་བྱའོ་སྙམ་སྟེ་སྦྱིན་པ་དང་། ཚེ་འདི་ལ་བྱིན་པས་འཇིག་རྟེན་ཕ་རོལ་ཏུ་རྙེད་པར་འགྱུར་རོ་སྙམ་པས་སྦྱིན་པ་དང་། གང་མེ་ཏོག་དང་འབྲས་བུ་དང་ཟང་ཟིང་འདོད་པས་དབུལ་བ་བཀྲེན་པ་དང་སྡུག་ཕོངས་པ་གོས་དེངས་ཤིང་དྲི་མ་ཅན་རྣམས་བཀོལ་ཏེ་བོར་ནས་ཕྱུག་པོ་རྒྱ་ཆེན་པོ་དག་ལ་སྦྱིན་པ་སྟེ། དྲང་སྲོང་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་སྦྱིན་པ་བྱིན་ཡང་ཡོངས་སུ་དག་པ་མ་ཡིན་པར་ལྟའོ། །(དེ་དག་ཚིགས་སུ་བཅད་དེ་སྨྲས་པ། མ་དང་བཞིན་སྟེར་ཕན་བཏགས་ལན་དུ་སྟེར། །མེ་དང་ཆུ་དང་རྒྱལ་པོ་མགུ་ཕྱིར་སྟེར། །འཇིགས་ནས་སྟེར་དང་དུག་མཚོན་བསད་ཤ་སྟེར། །བག་མེད་པ་ལ་ཆང་སྟེར་འཁོར་བསྡུའི་ཕྱིར། །རང་ལ་བསྟད་ཕྱིར་གཟའ་སྐར་མཁན་ལ་སྟེར། །རོལ་མོ་མཁན་སྟེར་གཞན་ནོར་མཛའ་ལ་སྟེར། །གཞན་གྱི་འབྲུ་ནི་བྱ་ལ་སྟེར་བ་དང་། །བཟོ་བོ་ལ་སྟེར་ནད་ཕྱིར་སྨན་པ་དང་། །སྤྱོད་ནས་སྟེར་དང་རྣམ་པར་སྨིན་པ་ལ། །ཐེ་ཚོམ་ཟ་བཞིན་སྟེར་དང་བྱིན་རྗེས་འགྱོད། །འདི་ཡིས་ཕྱི་ནས་སྟེར་འགྱུར་སྙམ་ནས་གཏོང་། །རྣམ་སྨིན་རང་ཉིད་ཁོ་ནས་སྤྱད་སྙམ་སྟེ། །ལང་ཚོའི་ཚེ་དང་རྒས་ཚེ་ན་བའི་ཚེ། །འཆི་བའི་ཚེ་ནི་སྟེར་བར་བྱེད་པ་དང་། །དད་པ་མེད་བཞིན་གཞན་གྱིས་བསྐུལ་ནས་སྟེར། །ཡུལ་གཞན་གྲགས་ཕྱིར་གཏོང་ཕོང་བརྟན་ཕྱིར་སྟེར། །བུད་མེད་ཕྱིར་དང་བུ་ནི་མེད་ཟེར་སྟེར། །སྐྱེ་བ་ཕྱི་མར་རྙེད་ཕྱིར་སྟེར་བ་དང་། །དམན་པ་བོར་ནས་ཕྱུག་པོ་རྣམས་ལ་སྟེར། །མ་དག་སྦྱིན་པ་སུམ་ཅུ་རྩ་གཉིས་ཡིན། །ཞེས་བྱ་བའོ། །)
དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྨིན་པ་ནི་ཚྭ་སྒོ་ཅན་གྱི་ཞིང་ལ་ས་བོན་ངན་པ་བཏབ་པའི་མྱུ་གུ་ངན་པ་སྐྱེ་བ་བཞིན་དུ་ལྟ་སྟེ། སྦྱིན་པ་དེའི་རྣམ་པར་སྨིན་པ་ནི་མེད་པ་མ་ཡིན་མོད་ཀྱི་འོན་ཀྱང་ཞིང་དང་ས་བོན་གྱི་ཉེས་པས་མེ་ཏོག་དང་འབྲས་བུར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་གང་འདོད་པའི་ས་བོན་ཁྱེར་ཏེ་མ་རྨོས་མ་བསལ་བའི་ཞིང་ལ་བཏབ་ན། དེའི་ས་བོན་ལ་གནས་པ་དེ་ལ་ཆར་བ་བབ་ནས་བངས་ན་གདོན་མི་ཟ་བར་མྱུ་གུ་སྐྱེ་ནུས་པར་འགྱུར་ཏེ། འོན་ཀྱང་མེ་ཏོག་དང་འབྲས་བུར་ནི་མི་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སྦྱིན་པ་དེའི་རྣམ་པར་དབྱེ་བ་དེ་ཡང་བསམ་པ་དང་སྦྱོར་བ་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས་འབྲས་བུ་རྣམ་པར་སྨིན་པ་གྲུང་པོར་མི་འགྱུར་རོ་ཞེས་མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་གསུངས་ཏེ། འདི་ལ་ཁ་ཅིག་མེ་དང་ཆུ་དང་རྒྱལ་པོ་ལ་སྦྱིན་པ་རྣམས་གཅིག་ཏུ་བྱས་ཏེ། རྒས་པ་དང་། ན་བ་དང་། འཆི་བའི་ཚེ་སྟེར་བ་གསུམ་དང་། དད་པ་མེད་བཞིན་དུ་གཞན་གྱིས་བསྐུལ་ནས་སྟེར་བ་གཞི་རེ་རེར་བགྲངས་ནས་སྨན་པ་བྱིན་པ་པོར། སུམ་ཅུ་རྩ་གཉིས་སུ་བྱེད་མོད་ཀྱི་འོན་ཀྱང་དངོས་པོ་བཟང་པོ་ཡོད་བཞིན་དུ་དམན་པ་སྟེར་བ་དང་མེ་དང་ཆུ་དང་རྒྱལ་པོ་ལ་སྦྱིན་པ་བཞི་པོ་རེ་རེ་(ལ་སྟེར་བ་)དང་། རྒས་པ་དང་ན་བ་དང་འཆི་བའི་ཚེ་མ་དད་ཀྱང་གཞན་གྱིས་བསྐུལ་ནས་སྦྱིན་པ་གཅིག་ཏུ་བྱས་ན་མདོ་དང་མཐུན་ནོ། །
ཡང་དག་པའི་སྦྱིན་པའི་དབང་དུ་མཛད་ནས་དྲང་སྲོང་ཆེན་པོ་གང་ཡང་འཇིག་རྟེན་ཕ་རོལ་གྱིས་འཇིགས་པས་སྣོད་ལ་མི་རྟོག་པར་མ་བླངས་པར་ཡང་ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་བ་ལ་དད་པ་བསྐྱེད་ནས། མིག་ཕྱེ་སྟེ་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་སྦྱིན་པ་བྱིན་ན་དྲང་སྲོང་ཆེན་པོ་དེ་ནི་སྦྱིན་བདག་ཡིན་ནོ་ཞེས་པ་དང་། གང་དད་པ་བསྐྱེད་དེ་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་བྱམས་པ་དང་ལྡན་པའི་སེམས་ཀྱིས་གུས་པར་བྱས་ཏེ་དུལ་བས་སྦྱིན་པ་བྱིན་པ་དེ་ཐམས་ཅད་ནི་ཡོངས་སུ་དག་པ་ཡིན་ནོ་ཞེས་སྦྱིན་བདག་གི་ཁྱད་པར་དང་། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། གནས་སྦྱིན་པ་དང་། མར་མེ་སྦྱིན་པ་དང་། སྤོས་དང་ཕྲེང་བ་སྦྱིན་པའོ་ཞེས་དངོས་པོའི་ཁྱད་པར་རྣམ་པ་ལྔ་སྦྱིན་པ་དང་། ཞིང་གི་ཁྱད་པར་གྱི་དབང་དུ་མཛད་ནས་འགྲོན་པོ་དང་། ནད་པ་དང་། ནད་གཡོག་དང་། ཆོས་སྨྲ་བ་དང་། ཡུལ་གཞན་དུ་འགྲོ་བ་ལ་དུས་སུ་སྦྱིན་པ་སྟེ་སྦྱིན་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་དང་། དེ་བཞིན་གཤེགས་པ་དང་། དགེ་འདུན་དང་། ཆོས་སྨྲ་བ་དང་། ནད་པ་དང་། ཕ་མ་ལ་སྦྱིན་པ་བྱིན་ན་སྦྱིན་པ་བླ་ན་མེད་པ་ཡིན་ནོ་ཞེས་སྦྱིན་པ་བླ་ན་མེད་པ་ལྔ་དང་། རྒྱལ་པོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལས་ཉམས་པ་དང་། རྒྱལ་པོས་མནར་བ་དང་། མགོན་མེད་པ་དང་། ནད་པ་ལ་སྦྱིན་པ་དང་། རྒྱལ་པོས་སྤངས་ནས་ཉམ་ང་ཞིང་སྲོག་ཆད་ལ་ཐུག་པ་ལས་གསོས་པ་དང་། ན་བ་ལ་སྨན་སྦྱིན་པ་དང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་པའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའི་དགེ་འདུན་ལ་དུས་སུ་བྱིན་པ་དང་། དུད་འགྲོའི་སྐྱེ་གནས་སུ་སོང་བ་བྱ་རོག་དང་འུག་ཕ་དང་རི་དྭགས་ལ་སོགས་པ་ལ་མི་འཇིགས་པ་སྦྱིན་པ་དང་། གང་ལ་གང་དགོས་པ་དང་མི་བ་དོག་བདེའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་སྦྱིན་ས་ཆེན་པོ་ཡིན་ནོ་ཞེས་སྦྱིན་པ་ཆེན་པོ་དགུ་དང་། སེམས་ཅན་གང་དག་གཞན་དག་གིས་དེ་ལྟར་བསྐུལ་ན་དད་པ་དང་དང་བབ་སྐྱེད་དེ་སྦྱིན་པ་ཡོངས་སུ་དག་པ་འདི་ལ་རྗེས་སུ་ཡི་རང་བར་འགྱུར་བ་དེ་དག་མཚུངས་པར་བསོད་ནམས་སྐྱེད་པ་པོ་དང་སྦྱིན་བདག་ཏུ་འགྱུར་ཏེ། དེ་ལྟར་ན་གང་རྗེས་སུ་ཡི་རང་བ་དང་། གང་བསྐུལ་བ་དེ་དག་ཐམས་ཅད་བསོད་ནམས་སྐྱེད་པ་པོར་མཚུངས་པར་འགྱུར་རོ་ཞེས་བསྐུལ་བ་དང་རྗེས་སུ་ཡི་རང་བསྒོམས་པས་ཀྱང་བསོད་ནམས་མཉམ་པར་འཐོབ་པར་གསུངས་ཤིང་།
གཞན་ཡང་དེ་ཉིད་ལས། དྲང་སྲོང་ཆེན་པོ་འདི་ལ་གཏོང་བ་པོས་སྦྱིན་པའི་དངོས་པོ་ཡོངས་སུ་བཏང་སྟེ། དད་པ་བསྐྱེད་ནས་གཞན་བྱེད་དུ་བཅུག་སྟེ་རང་ཉིད་ཡུལ་གཞན་དུ་སོང་ནས་བྱེད་དུ་བཅུག་པ་དེ་ཀྱང་ནོར་རྣམས་རྣམ་པར་གཏོང་བར་བྱེད་ན་ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་བྱིན་པ་ནི་གཏོང་བ་པོ་ཡིན་གྱི་སྦྱིན་བདག་མ་ཡིན་ནོ། །གང་རང་གི་དངོས་པོ་བདག་ཉིད་ཀྱིས་སྦྱིན་པ་དེ་ནི་གཏོང་བ་པོའང་ཡིན་ལ་སྦྱིན་བདག་ཀྱང་ཡིན་ནོ་ཞེས་སྦྱིན་བདག་དང་གཏོང་བ་པོ་ལ་མུ་བཞིར་འགྱུར་བར་གསུངས་སོ། །བྱང་ས་ལས་ནི། རྣམ་པར་དག་པའི་སྦྱིན་པ་བཅུ་བཤད་དེ། སློང་བ་པོ་འོངས་མ་ཐག་ཏུ་མི་འགྱང་བར་སྟེར་བས་ཐོགས་པ་མེད་པའི་སྦྱིན་པ་དང་། ལོག་ལྟ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུར་མཆོག་ཏུ་མི་འཛིན་པས་མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་དང་། སློང་བ་ན་གང་ཡོད་པ་སྟེར་གྱི་ཡུན་རིང་པོར་བསགས་ནས་དུས་གཅིག་ལ་མི་སྦྱིན་པས་བསགས་པ་མེད་པའི་སྦྱིན་པ་དང་། སློང་མོ་བ་ལ་དམའ་བའི་བསམ་པ་དང་གཞན་ལ་འགྲན་པ་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའི་བསམ་པ་རློམ་སེམས་སྤངས་པས་ཁེངས་པ་མེད་པའི་སྦྱིན་པ་དང་། གྲགས་པ་ནི་རྣམ་རྟོག་ལས་བྱུང་བ་དང་། སྒྲ་ཙམ་དང་འབྲེལ་པ་དང་ལོ་མ་སྐམ་པོ་ལྟ་བུ་ཡིན་པས་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་མི་སྦྱིན་པས་མི་རྟེན་པའི་སྦྱིན་པ་དང་། སྦྱོར་བ་ཡིད་དགའ་ཞིང་དངོས་གཞི་སྦྱིན་པ་ན་སེམས་དང་ལ་རྗེས་བྱིན་ནས་མི་འགྱོད་པ་དང་སྦྱིན་པ་རྒྱ་ཆེན་པོ་མི་ནུས་སོ་ཞེས་བདག་ཉིད་ཁྱད་དུ་གསོད་པ་དང་ཞུས་པ་མེད་པས་ཞུམ་པ་མེད་པའི་སྦྱིན་པ་དང་། དངོས་པོ་ངན་ཉུང་མི་སྟེར་གྱི་བཟང་མང་གདམ་ནས་སྟེར་བསད་ན་པ་མ་ཡིན་པའི་སྦྱིན་པ་དང་། མཇལ་བ་ཤེས་དང་དགྲ་བོ་དང་ཐ་མལ་པ་གསུམ་དུ་མི་འབྱེད་པར་ཐམས་ཅད་ལ་སྙིང་རྗེས་སྙོམས་པར་སྟེར་བས་རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་དང་། སྙིང་རྗེ་ཁོ་ནས་སྟེར་གྱི་ཚེ་འདིར་ཕ་རོལ་གྱི་ལན་ལ་རེ་བ་མེད་པས་ལན་ལ་མི་ལྟ་བའི་སྦྱིན་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པས་སྙིང་པོ་མེད་པས་ཕྱི་མའི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་མི་རིབས་རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་ཞེས་བྱ་བའོ། །
གཞན་ཡང་སྤྱིར་བཏང་གི་དབང་དུ་མཛད་ནས་སློང་མོ་བ་དང་མི་མཐུན་པ་སྡོམ་བརྩོན་གཙང་སྤྲ་ཅན་རྣམས་ལ་ཟས་སྐོམ་ལྷག་མར་གྱུར་པ་དང་བཤང་ཅི་ལ་སོགས་པས་འབགས་པ་དང་། ཞིག་ལོན་པའི་ཁེངས་པ་རྣམས་འདི་དག་འདི་ལྟར་ཡིན་ནོ་ཞེས་གོ་བར་མ་བྱས་པར་སྟེར་བ་དང་། དེ་བཞིན་དུ་སྒོག་བཙོང་དང་ཤ་ཆང་ལོངས་མི་སྤྱོད་པ་རྣམས་ལ་དེ་དག་སྟེར་བ་རྣམས་བཀག་ལ། དམིགས་བསལ་གཞན་ལ་དངོས་དང་བརྒྱུད་ནས་ཕན་ན་དུག་དང་མེ་དང་མཚོན་དང་ཆང་ཡང་སྦྱིན་པར་བཤད་ལ། རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། གང་ལ་དུག་ནི་ཕན་གྱུར་བ། །དེ་ལ་དུག་ཀྱང་སྦྱིན་པར་བྱ། །ཞེས་བཤད་དོ། །གཞན་ཡང་བྱང་ས་ལས། བདག་འབའ་ཞིག་གིས་བྱས་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེ་བ་ཡིན་ནོ། །གཞན་འབའ་ཞིག་བྱེད་དུ་བཅུག་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེས་ཆེ་བ་ཡིན་ནོ། །ཐུན་མོང་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཤིན་ཏུ་ཆེས་ཆེ་བ་ཡིན་ཏེ་གོང་ན་མེད་པར་རིག་པར་བྱའོ་ཞེས་རང་ཁོ་ནས་བྱས་པ་དང་། གཞན་ཁོ་ན་བྱེད་དུ་བཅུག་པ་དང་། རང་གཞན་གཉིས་ཀས་བྱས་ཤིང་བྱེད་དུ་བཅུག་པ་རྣམས་སྡམ་སྔ་མ་བས་ཕྱི་མ་ཕྱི་མ་བསོད་ནམས་ཆེ་བར་བཤད་དོ། །མདོ་ལས། འཕགས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་གནས་པ་ལ་སྦྱིན་པ་བྱིན་ན་རིམ་པ་ལྟར་གཞལ་དུ་མེད་པ་དང་ཆེས་གཞལ་དུ་མེད་པར་གསུངས་མོད་ཀྱི་དེར་མ་ཟད་གཞན་ཡང་འཕགས་པ་མིན་ཡང་པའི་(ཕན་འདོགས་པའི་ཞིང་།) ཕ་མ་དང་འབྲས་བུ་(སྡུག་བསྔལ་ཀྱི་ཞིང་)ནད་པ་དང་ཆོས་སྨྲ་བ་དང་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་བྱིན་པའི་ཡོན་ནི་བསོད་ནམས་གཞལ་དུ་མེད་པ་ཡིན་ཏེ། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་ལས་གཞན་ཡང་གང་ཟག་རྣམ་པ་གསུམ་ལ་སྦྱིན་པ་བཏང་ན་རྣམ་པར་སྨིན་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་དང་། ཕ་མ་དང་། ནད་པ་རྣམས་སོ་ཞེས་དེ་བཞིན་གཤེགས་པ་དང་བསོད་ནམས་མཉམ་པར་གསུངས་པའི་ཕྱིར་རོ། །
དེ་ཡང་ས་སྟོན་སྡེ་པ་ནི་སངས་རྒྱས་དགེ་འདུན་གྱི་ནང་དུ་གཏོགས་པས་སངས་རྒྱས་ལ་ཕུལ་པ་བས་ཀྱང་དགེ་འདུན་ལ་ཕུལ་བ་འབྲས་བུ་ཆེ་བར་འདོད་ལ། ཆོས་སྲུང་སྡེ་པ་ནི་སངས་རྒྱས་དགེ་འདུན་གྱི་ནང་དུ་མ་གཏོགས་པས་དགེ་འདུན་ལ་ཕུལ་བ་བས་ཀྱང་སངས་རྒྱས་ལ་ཕུལ་བ་འབྲས་བུ་ལྷག་པར་ཆེ་བར་འདོད་དོ་ཞེས་སྡེ་པ་ཐ་དད་པ་བཀླག་པའི་འཁོར་ལོ་ལས་བཤད་དོ། །དེ་ལ་སྐྱེ་བ་ཐ་མ་པ་ནི་སྲིད་པ་ཐ་མ་པ་སྟེ་སྐྱེ་བ་དེ་ཉིད་ལ་འཚང་རྒྱ་བའོ། །དེ་ནི་བྱེ་བྲག་ཏུ་སྨྲ་བ་སོ་སོའི་སྐྱེ་བོར་འདོད་དོ། །ཆོས་སྨྲ་བ་ལ་ནི་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་ལ་ཕན་འདོགས་པའི་ཕྱིར་ཞིང་མཆོག་ཏུ་གྱུར་པ་ཡིན་ཏེ། འགྲེལ་པ་ལས་ཆོས་སྨྲ་བ་ཞིང་གི་ཁྱད་པར་རྣམ་པ་བཞི་པོའི་ཕྱོགས་གང་དུ་གཏོགས་པར་བྱ་ཞེ་ན། ཕན་འདོགས་པའི་ཕྱོགས་སུ་གཏོགས་ཏེ། དེ་ནི་སྐྱེ་དགུ་མ་རིག་པས་ལྡོངས་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང་། མཐུན་པ་དང་མི་མཐུན་པ་རབ་ཏུ་སྟོན་བར་བྱེད་པ་དང་། ཆོས་ཀྱི་སྐུ་ཟག་པ་མེད་པ་མངོན་པར་འགྲུབ་པར་བྱེད་པ་དང་། མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ནོ་ཞེས་པ་དང་། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་ལས་ཀྱང་། གང་གིས་ཐེག་པ་ཆེན་པོའི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འཁོར་མང་པོ་ལ་ཡང་དག་པར་བསྒྲགས་ནས་སེམས་ཅན་གྱི་མིག་འབྱེད་པའི་ཆོས་སྨྲ་བ་ལ་སྦྱིན་པ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་འཐོབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །གཞན་དག་ནི་ཤེས་པར་སླའོ། །
ཞར་ལ་ལས་ལྕི་བ་དང་ཡང་བ་བཤད་ལ་ལ་མཇུག་ཏུ་བྱེད་པས་ཆེ་བ་ནི་ལས་ཀྱི་ལམ་དངོས་ཀྱི་རྗེས་ལ་རྒྱུན་དུ་བྱེད་པ་དང་། ཞིག་གིས་ཆེ་བ་ནི་ཕན་འདོགས་པ་དང་ཡོན་ཏན་གྱི་ཞིང་ལ་སོགས་པ་ལ་ཕན་གནོད་བྱེད་པ་ལྟ་བ་དང་། གཞིས་ཆེ་བ་ནི་ལས་ཀྱི་བསལ་སྲོག་གཅོད་པ་དང་། དག་གི་ལས་ལ་དུན་དང་། ཡིད་ཀྱི་ལས་ལ་ལོག་ལྟ་ཆེ་བ་ལ་སོགས་པ་དང་། སྲོག་གཅོད་པ་ལའང་ཆེན་པོ་ནི་དགྲ་བཅོམ་པ་གསོད་པ་ལ་སོགས་པ་སྟེ་མནར་མེད་དུ་འགྲོ་བས་སོ། །འབྲིང་ནི་ལམ་ལ་གནས་པ་བསད་པའོ། །ཐ་མ་ནི་དུད་འགྲོ་དང་ཚུལ་ཁྲིམས་འཆལ་པ་བསད་པའི་ཞེས་དྲན་པ་ཉེར་གཞག་ལས་འབྱུང་བའམ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དུད་འགྲོ་བོངས་ཆེན་པོ་གསོད་པ་དང་། མི་འམ་མིར་ཆགས་པའམ་ཕ་མའམ་ཕུ་ནུའམ་བླ་མ་ལྟ་བུའམ་ཡིད་གཅུགས་པའམ་སློབ་པའམ་བྱང་ཆུབ་སེམས་དཔའ་འམ་དགྲ་བཅོམ་པ་འམ། རང་སངས་རྒྱས་སམ་དེ་བཞིན་གཤེགས་པ་ལ་གསོད་པའི་བསམ་པས་ངན་སེམས་ཀྱིས་ཁྲག་འབྱིན་པ་རྣམས་ནི་གཞི་ལས་ལྕི་བ་ཡིན་ནོ། །ཞེས་འབྱུང་བ་ལྟ་བུ་དང་། སྦྱོར་བས་ཆེ་བ་ནི་ལུས་དག་གིས་དངོས་སུ་སྦྱོར་བ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བྱེད་པར་འགྱུར་བ་དང་བྱེད་པ་དང་བྱས་པ་ལ་སེམས་རངས་ཤིང་དགའ་བ་དང་། རང་ཡིད་བྱེད་ལ་གཞན་ཡང་དེ་ལ་འགོད་ཅིང་དེའི་བསྔགས་པ་བརྗོད་པ་དང་། ཆོས་མཐུན་པ་མཐོང་ན་ཡིད་དགའ་བ་དང་། ཡུན་རིང་པོ་ནས་བསམ་ཞིང་བྱེད་པ་དང་། རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པ་དང་། ལན་ཅིག་ལའང་མང་པོ་གསོད་པ་དང་། ཉོན་མོངས་པས་གཤིས་ངན་དུ་གསོད་པ་དང་། བསྡིགས་ནས་བྱ་བ་མ་ཡིན་པ་བྱེད་དུ་བཅུག་ནས་གསོད་པར་དང་། ཞན་པ་དང་སྡུག་བསྔལ་བ་དང་བཀྲེས་སྐོམ་གྱིས་ཉམས་ཐག་པར་སྨྲ་བ་དང་སྙིང་རྗེ་བར་སྨྲེ་སྔགས་འདོན་བཞིན་དུ་གསོད་པ་རྣམས་ནི་སྦྱོར་བའི་སྒོ་ནས་ལྕི་བར་བཤད་པ་ལྟ་བུ་དང་། སེམས་པས་ཆེ་བ་ནི་རྫོགས་པར་བྱེད་པའི་(འམ་མཐར་ཕྱིན་པར་བྱེད་)སེམས་པ་ཆེ་བ་དང་། བསམ་པས་ཆེ་བ་ནི་ཀུན་སློང་གི་བསམ་པ་ཆེ་བ་སྟེ། དེ་ལྟར་ན་མཇུག་ལ་སོགས་པ་དྲུག་པོ་དེ་དག་ཆུང་བ་དང་ཆེ་བ་ལས་ཀྱང་ཆུང་བ་དང་ཆེ་བར་འགྱུར་བ་ཉིད་དོ། །གལ་ཏེ་རྣམ་པ་དྲུག་ཀ་ཚང་ན་ཤིན་ཏུ་ལྕི་བའི་ལས་ཡིན་པར་ཤེས་པར་བྱའོ། །གཞི་བསྡུ་བ་ལས་ནི། ལས་ལྕི་བ་ནི་རྣམ་པ་གསུམ་སྟེ། ཀུན་ནས་དཀྲིས་པ་དྲོག་པོས་བྱེད་པ་དང་ཆོས་མཐུན་པ་མཐོང་ན་རབ་ཏུ་དགའ་བ་དང་དེའི་འོག་ཏུ་ཤེས་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱོད་པ་བསམ་པའི་སྒོ་ནས་དང་། རྒྱུན་དུ་བྱས་ཤིང་བསགས་པ་དང་གཞན་དག་ཀྱང་དེ་ལ་འཇུད་ཅིང་བསྔགས་པ་བརྗོད་པ་སྦྱོར་བའི་སྒོ་ནས་དང་། ཕན་འདོགས་པ་དང་ཡང་དག་པར་ཞུགས་པ་དང་ནན་ཏན་དུ་སྒྲུབ་པ་ལ་ཕན་གནོད་བྱས་པ་ནི་ཞིང་གི་སྒོ་ནས་ལྕེ་བའོ་ཞེས་བཤད་དོ། །
དེ་ཉིད་ཀྱི་ཕྱིར་དྲན་པ་ཉེར་གཞག་ལས་ཀྱང་རྒྱལ་པོའི་ཆད་པས་ཉེན་བ་དང་། བླ་མ་དང་། ནད་པ་དང་། རང་རྒྱལ་དང་རྒྱུན་དུ་ཞུགས་པ་ལ་སོགས་པ་དང་། ལྟོགས་པའི་དོན་དུ་མ་བྱིན་པར་བླངས་པ་འདི་ནི་འབྲས་བུ་ཆུང་ལ། དེ་བཞིན་དུ་མ་བྱིན་པར་ལེན་པའི་སྡོམ་པ་མ་བླངས་པས་མ་བྱིན་པར་ལེན་པ་དང་། བྱས་ནས་འགྱོད་ཅིང་འཆགས་ལ་ཕྱིས་མི་བྱེད་པ་དང་། ལས་ཀྱི་ཉེར་བསྡོགས་དང་མཇུག་མ་ཚང་བ་ནི་ཆུང་སྟེ་མྱོང་བར་འགྱུར་བར་མ་ངེས་པ་ཡིན་ནོ་ཞེས་གསུངས་སོ། །སྤྱོད་འཇུག་ལས་ནི། རྟག་པར་མངོན་ཞེན་གྱིས་བསླད་པ་འམ། གཉེན་པོ་ཡིས་ནི་བསླང་བ་ཉིད། །ཡོན་ཏན་དང་ནི་ཕན་འདོགས་ཞིང་། །སྡུག་བསྔལ་ཅན་ལ་དགེ་ཆེན་འགྱུར་ཞེས་དུས་དང་ཀུན་སློང་དང་ནི་མི་མཐུན་ཕྱོགས་སྤངས་པ་དང་ཞིང་གི་སྒོ་ནས་ལས་ཆེ་བར་འགྱུར་བ་བཞི་བཤད་ཅིང་། བཤེས་སྤྲིང་ལས་ནི། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་མཛོད། །ཅེས་བཞི་པོའི་སྟེང་དུ་གཞི་ལུས་སེམས་དར་ལ་བབ་ཅིང་སྟོབས་ལྡན་གྱིས་བྱས་ན་ཆེ་བ་དང་ལྔ་བཤད་ལ། ཀུན་ལས་བཏུས་ལས་ནི་གང་ཟག་གཉེན་པོ་སྟོབས་ལྡན་གྱིས་དམྱལ་བ་ལ་སོགས་པར་སྐྱེས་ནས་མྱོང་འགྱུར་མཐོང་ཆོས་སུ་འདྲེན་པ་དང་མཐོང་ཆོས་ལ་མྱོང་འགྱུར་མྱོང་བར་མི་འགྱུར་བར་བྱེད་པས་གཉེན་པོ་སྟོབས་ལྡན་དང་། རྩ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་འཁོར་མང་བས་འདོད་ཁམས་པའི་དགེ་བ་བས་མི་དགེ་བ་སྟོབས་ཆེ་བ་དང་། མ་གོམས་པ་བས་གོམས་པ་སྟོབས་ཆེ་བ་དང་། གནས་ལ་གནས་པ་ཞེས་བྱ་བ་ལུས་སེམས་དར་ལ་བབ་པས་བྱས་ན་གཞོན་ནུ་དང་རྒན་པོས་བྱས་པ་བས་སྟོབས་ཆེ་བ་དང་། རིགས་ཆད་པའི་གང་ཟག་གིས་བྱས་པའི་མི་དགེ་བ་ནི་རིགས་ལྡན་གྱིས་བྱས་པ་བས་སྟོབས་ཆེ་བ་དང་། དཀོན་མཆོག་གསུམ་དང་ཕ་མ་ལ་སོགས་པའི་ཞིང་ཁྱད་པར་ཅན་གྱི་སྒོ་ནས་སྟོབས་དང་ལྡན་པ་དང་། ཀུན་སློང་ཐེག་པ་གསུམ་དུ་སེམས་བསྐྱེད་བྱས་པ་ལ་སོགས་པའི་སེམས་ཀྱི་མངོན་བར་འདུ་བྱེད་པ་དྲག་པོས་བྱས་པ་སྟོབས་ཆེ་བ་དང་།
གཞན་ཡང་རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ། ཞིང་དང་། དངོས་པོ་ངོ་བོ་ཉིད་དང་། གཞི་པོ་དང་། ཡིད་ལ་བྱེད་པ་དང་། བསམ་པ་དང་། གྲོགས་དང་། ལན་མང་དུ་བྱེད་པ་དང་། སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པ་སྟེ་ཞེས་བཤད་དེ། དེ་ལ་ཞིང་ནི་ཚུལ་ཁྲིམས་དང་མི་ལྡན་པ་བས་ལྡན་པ་ལ་སྟོབས་ཆེ་བ་དང་། དངོས་པོ་ནི་ངན་ཉུང་བས་བཟང་མང་བྱིན་ན་སྟོབས་ཆེ་བ་དང་། ངོ་བོ་ཉིད་ནི་བསོད་ནམས་བྱ་བའི་གཞི་གསུམ་དང་ཕར་ཕྱིན་དྲུག་ལ་སོགས་པ་སྔ་མ་བས་ཕྱི་མ་ངོ་བོ་ཉིད་ཀྱིས་སྟོབས་ཆེ་བ་དང་། གཞི་པོ་ནི་གང་ཟག་ཆགས་བཅས་ཀྱིས་བྱས་པ་བས་ཆགས་བྲལ་གྱིས་བྱས་པ་སྟོབས་ཆེ་བ་དང་། ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་ལ་ཐ་མལ་བས་བྱས་པ་བས་རབ་ཏུ་དར་བའམ་ཉོན་མོངས་པ་དྲག་པོས་བྱས་པ་སྟོབས་ཆེ་བ་དང་། བསམ་པ་ནི་འཁོར་བ་རྒྱུ་འབྲས་ཀྱི་ཆེད་དུ་བྱས་པར་བས་ཐར་པ་རྒྱུ་འབྲས་ཀྱི་ཆེད་དུ་བྱས་པ་སྟོབས་ཆེ་བ་དང་། གྲོགས་ནི་སྦྱིན་པ་གཅིག་པུས་ཚུལ་ཁྲིམས་ལ་སོགས་པའི་གྲོགས་དང་བཅས་པའམ་ཡང་ན་གྲོགས་རྗེས་སུ་ཡི་རང་དང་བཅས་ན་སྟོབས་ཆེ་བ་དང་། ལན་མང་དུ་བྱེད་པ་ནི་ལན་ཅིག་བྱེད་པ་བས་སྟོབས་ཆེ་བ་དང་། སྐྱེ་བོ་མང་པོས་བྱས་པ་ནི་རང་གཅིག་པུས་བྱས་པ་བས་རང་གིས་ཀྱང་བྱས་གཞན་དག་ཀྱང་བྱེད་དུ་བཅུག་ན་སྟོབས་ཆེ་བའོ། །ཁ་ཅིག་ནི་དེ་མང་པོ་འདུས་ནས་བྱས་པ་ལ་འདོད་དོ། །དེ་དག་ལས་བཟློག་པ་ནི་སྟོབས་དང་མི་ལྡན་པའི་ལས་སོ་ཞེས་བཤད་དོ། །
ཡང་མདོ་ལས། ལས་བྱས་ལ་བསགས་པ་དང་བྱས་ལ་བསགས་པ་མ་ཡིན་པ་ཞེས་བྱ་བ་གསུངས་པ་ལ་བློ་སྔོན་དུ་མ་གཏང་བ་དང་བབ་ཅོལ་དུ་བྱས་པ་མ་ཡིན་པར་འདི་ངེས་པར་བྱའོ་སྙམ་དུ་ཆེད་དུ་བསམས་བཞིན་བྱས་པ་དང་། ལས་ཀྱི་ཡན་ལག་(གང་གིས་སྐྱེ་བ་འགྲུབ་པར་འགྱུར་བ་སྟེ་)རྫོགས་པར་བྱས་པ་དང་། བྱས་པ་ལ་ཕྱིས་མི་འགྱོད་པ་དང་། འཆགས་པ་སོགས། ལས་དེ་ལ་གནོད་བྱེད་ཀྱི་གཉེན་པོ་མེད་པ་དང་། རྗེས་སུ་ཡི་རང་སོགས། འཁོར་དང་བཅས་པ་དང་། རྣམ་པར་སྨིན་པ་མྱོང་བར་ངེས་པ་ཞེས་བྱ་བ་དྲུག་ལས་ནི་བྱས་ལ་བསགས་པའི་ལས་ཞེས་བྱ་བ་ཡིན་ལ། ལས་གཞན་དག་ནི་གང་གིས་སྐྱེ་བ་འགྲུབ་པར་འགྱུར་བ་སྟེ། བྱས་ལ་བསགས་པ་མ་ཡིན་པའི་ལས་ཞེས་བྱའོ། །དེ་བཞིན་དུ་བསགས་ལ་མ་བྱས་པ་དང་། གཉིས་ཀ་མ་ཡིན་པའང་ཤེས་པར་བྱའོ། །དེ་ལ་རྫོགས་པ་ནི་ལས་ཁ་ཅིག་ནི་ཉེས་པར་སྤྱད་པ་དང་ལེགས་པར་སྤྱད་པ་གཅིག་གིས་ངན་འགྲོ་དང་བདེ་འགྲོར་འགྲོ་ལ། ཁ་ཅིག་ནི་ལུས་དང་དག་དང་ཡིད་གསུམ་གྱི་ལས་བཅུ་ཆར་གྱིས་ངན་འགྲོ་དང་བདེ་འགྲོར་འགྲོ་བ་ཡོད་དོ། །དེའི་ལས་དག་རྫོགས་པར་བྱས་པའོ། །གཉེན་པོ་མེད་པ་ནི་ལོག་ལྟ་དང་འགྱོད་པ་ལ་སོགས་པ་དང་བཤགས་པ་དང་བསྡམ་པ་ལ་སོགས་པ་མེད་པའོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། གཉེན་པོ་མེད་པ་ནི་སྲོག་གཅོད་ལ་སོགས་པའི་མི་དགེ་བ་བྱེད་ལ། བསླབ་པའི་གནས་འགའ་ཡང་མི་ལེན་པ་དང་། ཚེས་བརྒྱད་དང་བཅུ་བཞི་དང་བོ་ལྔ་ལ་བསྙེན་གནས་ལ་གནས་པར་མི་བྱེད་པ་དང་། དུས་དུས་སུ་སྤྱིན་པ་དང་བསོད་ནམས་དང་མངོན་དུ་སྨྲ་བ་དང་ཕྱག་འཚལ་བ་དང་ལྡང་བ་དང་ཐལ་མོ་སྦྱོར་བ་དང་འདུད་པ་ལ་སོགས་པ་མི་ཕྱེད་པ་དང་། དུས་དུས་སུ་ངོ་ཚ་ཁྲེལ་ཡོད་དང་འགྱོད་པ་ཤས་ཆེན་པོ་མི་འཐོབ་པ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དང་། ཆོས་མངོན་པར་རྟོགས་པ་ལ་མི་རིག་པའོ་ཞེས་བཤད་དོ། །འཁོར་ནི་དགེ་བའི་ལས་ལ་ནི་འཁོར་ཡང་དགེ་བ་དང་། མི་དགེ་བའི་ལས་ལ་ནི་འཁོར་ཡང་མི་དགེ་བ་སྟེ་གང་ཞིག་བྱས་ནས་རྗེས་སུ་ཡི་རང་བྱེད་པའོ་ཞེས་ཊཱི་ཀར་བཤད་མོད་ཀྱི་འདིར་འཁོར་ནི་སྦྱོར་བ་དང་མཇུག་གཉིས་ཀ་ཡིན་ནོ། །གཞན་དག་ནི་ཤེས་པར་སླའོ། །
གཞི་བསྡུ་བ་ལས་ནི་མི་ཤེས་བཞིན་དུ་བྱས་པ་དང་། རྨི་ལམ་དུ་བྱས་པ་དང་། མ་བསྒྲིབས་ལུང་མ་བསྟན་དང་། མི་དགེ་བ་ལ་འགྱོད་པ་དང་། གཉེན་པོས་ཟིན་པ་དང་། རྒྱུད་དག་པར་བྱས་པའི་ལས་ནི་མ་བསགས་པའོ་ཞེས་བཤད་དོ། །དེ་བཞིན་དུ་ལས་རྣམ་པར་འབྱེད་པའི་མདོ་ལས་ཀྱང་། བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ལས་གང་བྱས་ནས་ངོ་ཚ་བ་དང་འཛེམ་པ་དང་འགྱོད་པ་དང་སྨོད་པ་དང་མཐོལ་བ་དང་འདོར་བ་དང་སྤོང་བ་དང་མ་འོངས་པ་ན་སྡོམ་པར་བྱེད་པའོ། །བསགས་ལ་མ་བྱས་པའི་ལས་གང་ཞེ་ན། ལས་གང་ལུས་ཀྱིས་ཡོངས་སུ་རྫོགས་པར་བྱ་བ་དེ་སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུའང་ལས་འདི་བྱའོ་ཞེས་སྨྲས་ལ་ལས་དེ་མ་བྱས་པའོ། །བྱས་ལ་བསགས་པའི་ལས་གང་ཞེ་ན། ལས་གང་བྱས་ནས་ངོ་མི་ཚ་བ་ནས་མི་འོངས་པ་ན་མི་སྡོམ་པའི་བར་རོ། །མ་བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ལས་གང་ཆེད་དུ་མ་བསམས་པར་བྱས་པའོ་ཞེས་པ་དང་། དེ་བཞིན་དུ་ལས་གང་སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་རྫོགས་པར་བྱས་ནས་འཆི་བའི་ལས་གང་ཞེ་ན། འགའ་ཞིག་དམྱལ་བར་སྐྱེ་བའི་ལས་བྱས་ཤིང་བསགས་ནས་དེས་ངོ་མི་ཚ་བ་ནས་མ་འོངས་པ་ན་མི་སྡོམ་པའི་བར་ཏེ་དཔེར་ན་ལྷས་བྱིན་ལྟ་བུའོ། །སེམས་ཅན་དམྱལ་བའི་ཚེ་ཕྱིད་ཟད་ནས་འཆི་བའི་ལས་གང་ཞེ་ན། འགའ་ཞིག་གིས་དམྱལ་བར་སྐྱེ་བའི་ལས་བྱས་ནས་ངོ་ཚ་བ་ནས་མ་འོངས་པ་ན་སྡོམ་པར་བྱེད་པའི་བར་རོ། །སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་འཆི་བའི་ལས་གང་ཞེ་ན། འགའ་ཞིག་གིས་དམྱལ་བར་སྐྱེ་བའི་ལས་བྱས་ཤིང་བསགས་ནས་དེས་ངོ་ཚ་བ་ནས་སྡོམ་པའི་བར་དུ་བྱེད་ཅིང་ཤིན་ཏུ་ཡིད་ལ་གཅགས་པ་ཡིན་ཡང་དེས་ལས་དེ་སེལ་བར་མི་ནུས་པ་སྟེ་དཔེར་ན་རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པ་ལྟ་བུའོ་ཞེས་གསུངས་སོ། །དེའི་ཕྱིར་ཉན་ཐོས་སྡེ་པ་ལྟར་ན་འགྱོད་པ་དང་བཤགས་པ་དང་ཕྱིས་མི་བྱེད་པར་བསྡམ་པ་བྱས་ཀྱང་སྡིག་པ་རྩ་བ་ནས་དག་པར་མི་འདོད་དེ། དེ་ཉིད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་སྨོད་དང་རབ་ཏུ་བཤགས་པ་དང་། །སྡོམ་པར་བྱེད་པས་དེ་དག་བསྲབས་འགྱུར་གྱི། །ཤིན་ཏུ་རྩ་ནས་ཕྱིན་ཅེས་མི་སྨྲའོ་ཞེས་གསུངས་སོ། །དེའི་རྒྱུ་མཚན་ནི་གཉེན་པོ་སྟོབས་བཞི་མ་ཚང་བའི་ཕྱིར་རོ་ཞེས་དམ་པ་རྣམས་གསུང་ངོ་། །གཞན་ཡང་དེ་ཉིད་ལས། སྔར་བ་དེ་ལ་ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འགའ་ཞིག་སྦྱིན་པ་བྱིན་པ་ན་ཡིད་རབ་ཏུ་དགའ་ཞིང་ཡིད་བདེ་བསྐྱེས་ལ། བྱིན་ནས་ཕྱིས་འགྱོད་པ་ཡིན་ཏེ། དེ་ནི་ཚེ་སྟོད་ལ་བདེ་བར་སྤྱོད་ལ་ཕྱིས་ལོངས་སྤྱོད་ཉམས་ཤིང་ཟད་པས་སྡུག་བསྔལ་དུ་འགྱུར་བའོ། །
སྔར་སྡུག་བསྔལ་ལ་ཕྱིས་བདེ་བར་འགྱུར་བའི་ལས་གང་ཞེ་ན། སྦྱིན་པ་སྦྱིན་པ་ན་སྡུག་བསྔལ་བར་འཇུག་ཅིང་སྦྱིན་པ་བྱིན་ནས་མི་འགྱོད་པར་དགའ་བ་དང་ཡིད་བདེ་བ་སྟེ། དེ་ནི་མི་རྣམས་ཀྱི་ནང་དུ་སྐྱེས་པ་ན་སྔར་དབུལ་ལ་ཕྱིས་ལོངས་སྤྱོད་འཕེལ་ནས་བདེ་བའོ། །སྔར་ཡང་བདེ་ལ་ཕྱིས་ཀྱང་བདེ་བའི་ལས་གང་ཞེ་ན། སྦྱིན་པ་སྦྱིན་པ་ན་དེ་ཡིད་དགའ་བཞིན་དུ་བྱིན་ལ་བྱིན་ནས་ཀྱང་མི་འགྱོད་པའོ། །སྔར་ཡང་སྡུག་བསྔལ་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བའི་བཤེས་གཉེན་དང་བྲལ་བས་སྦྱིན་པ་ཅུང་ཟད་ཀྱང་མ་བྱིན་ཞིང་སྡིག་པའང་ཅུང་ཟད་ཀྱང་མ་བྱས་པའོ། །ཡང་ཕྱུག་པོར་གྱུར་ལ་གཏོར་བ་དང་ལྡན་པའི་ལས་གང་ཞེ་ན། ཞིང་བཟང་པོ་ལ་སྦྱིན་པ་དཔག་ཏུ་མེད་པ་བྱིན་པའོ། །ཕྱུག་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེན་ཞིང་བཟང་པོ་ལ་སྦྱིན་པ་ཅུང་ཟད་ཙམ་བྱིན་པ་སྟེ། དེས་ཞིང་བཟང་པོ་ལ་ཕུལ་བས་ནི་སྐྱིད་པར་གྱུར་ལ། གཏོང་བ་ལ་གོམས་པར་མ་བྱས་པས་ནི་སེར་སྣ་ཅན་དུ་གྱུར་ཏོ། །དབུལ་ལ་གཏོང་བ་དང་ལྡན་པའི་ལས་གང་ཞེ་ན། ཞིང་དན་པ་ལ་སྦྱིན་པ་མང་དུ་བྱིན་པ་ཡིན་ཏེ། དེའི་བསོད་ནམས་ཟད་པས་ནི་དབུལ་པོར་གྱུར་ལ་སྔོན་གོམས་པར་བྱས་པས་ནི་གཏོང་ཕོད་པར་གྱུར་ཏོ། །དབུལ་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན། སྔོན་དགེ་བའི་བཤེས་གཉེན་དང་བྲལ་བས་སྦྱིན་པ་ཅུང་ཟད་ཀྱང་མ་བཏང་པའོ་ཞེས་འབྱུང་ངོ་། །གཞན་ཡང་ཀུན་ལས་བཏུས་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་གཉིས་ཀྱང་བཤད་དེ། དེ་ལ་དང་པོ་ནི་སྣོད་ཀྱི་འཇིག་རྟེན་འགྲུབ་པར་བྱེད་པ་ཡིན་ལ། གཉིས་པ་ནི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པར་བྱེད་པའོ། །དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་དང་མི་ཁྱབ་པའི་ལས་གཉིས་ཀྱང་བཤད་དེ། །དེ་ལ་དང་པོ་ནི་ལས་དགེ་བ་ཟག་བཅས་ཀྱིས་བདེ་འགྲོ་འཐོབ་པ་དང་། མི་དགེ་བས་ངན་སོང་གསུམ་དུ་སྐྱེ་བ་ལ་སོགས་པའོ། །གཉིས་པ་ནི་ལས་འདི་ཁོ་ནས་སེམས་ཅན་གྱི་ལུས་སྣ་ཚོགས་སུ་འགྲུབ་པ་དང་། ཕྱིའི་དངོས་པོ་སྣ་ཚོགས་འགྲུབ་པོ་ཞེས་པ་དང་། ནོར་བུ་དང་སྔགས་དང་སྨན་གྱི་ནུས་པ་དང་། འཁྱུད་སྤྱད་ཀྱི་ལས་དང་རྣལ་འབྱོར་པ་རྣམས་ཀྱི་མཐུའི་ལས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་གི་ལས་དང་། སངས་རྒྱས་རྣམས་ཀྱི་མཛད་བསྒྲུབ་པའི་ཕྲིན་ལས་རྣམས་ཏེ། དེ་དག་ནི་ཕལ་ཆེར་སངས་རྒྱས་མ་གཏོགས་པས་བསམ་པར་མི་ནུས་པའི་ཕྱིར་རོ། །
ཕལ་ཆེན་སྡེའི་བྱེ་བྲག་ཤར་ནུབ་ཀྱི་རི་བོའི་སྡེ་བ་ལ་སོགས་པ་ན་རེ་འདོད་ཆགས་དང་བཅས་པས་མཆོད་རྟེན་ལ་ཕུལ་ན་དེ་བདག་གི་དོན་གྱི་ཕྱིར་སྦྱིན་པ་ཡིན་ནོ་ཞེས་པ་ནི་མི་རིགས་ཏེ། མཆོད་རྟེན་ལ་ཕུལ་བ་ལ་བསོད་ནམས་འབྱུང་བར་ག་ལ་འགྱུར་ཏེ། ལེན་པ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་མི་རིགས་ཏེ། དེ་དག་ལ་ལེན་པ་དང་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་མེད་ཀྱང་སེམས་ཀྱི་མཐུས། མཆོད་རྟེན་ལ་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་སྟེ། དཔེར་ན་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་པ་ལ་སོགས་པའི་བྱམས་པ་ཚད་མེད་པ་ལ་སོགས་པ་དང་། ཡང་དག་པའི་ལྟ་བ་སྒོམ་པ་ལ་ལེན་པ་དང་གཞན་ལ་དངོས་སུ་ན་བ་མེད་ཀྱང་རང་གི་སེམས་ཀྱི་མཐུས་བསོད་ནམས་ཚད་མེད་པ་འབྱུང་བ་བཞིན་ནོ། །དེའི་ཕྱིར་སྦྱིན་པ་ལས་བྱུང་བ་ལ་ནི་བསོད་ནམས་གཉིས་ཏེ། ལོངས་སྤྱད་པ་ལས་བྱུང་བ་དང་། བཏང་བའི་རྒྱུ་ལས་བྱུང་བའོ། །དེ་ལ་མཆོད་རྟེན་ལ་ཕུལ་བ་ལ་སོགས་པ་ལ་ནི་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་གཅིག་པུ་ཡོད་དོ། །འདོད་ཆགས་དང་བཅས་པའི་འདོད་ཆགས་དང་བྲལ་བའི་འཕགས་པ་འདོད་པའི་ཁམས་སུ་སྐྱེས་པ་ལ་བྱིན་པ་ལ་ནི་གཉིས་ཀ་ཡོད་དོ། །གལ་ཏེ་ཕན་འདོགས་པ་ལ་སོགས་པའི་ཞིང་བཟང་པོ་ལ་བྱིན་པའི་འབྲས་བུ་ནི་རྣམ་སྨིན་ཡིད་དུ་འོང་བར་རིགས་ན་དུད་འགྲོ་ལ་སོགས་པ་ཞིང་ངན་པ་ལ་བྱིན་པས་ནི་རྣམ་སྨིན་ཡིད་དུ་འོང་བར་མི་འགྱུར་རོ་ཞེ་ན། རྒྱུ་དགེ་བ་ལས་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་འབྱུང་བ་ནི་ཐམས་ཅད་དུ་མི་འཁྲུལ་པའི་ཕྱིར་ངན་པའི་ཞིང་ལ་བྱིན་པ་ལའང་རྣམ་པར་སྨིན་པའི་འབྲས་བུ་ནི་ཡིད་དུ་འོང་བ་ཁོ་ན་འབྱུང་བ་ཡིན་ནོ། །འོན་ཀྱང་ཞིང་ངན་པའི་སྟོབས་ཀྱིས་རྣམ་སྨིན་ཆུང་བའམ་མེད་པར་འགྱུར་ཏེ་ཞིང་ངན་པ་ལ་བཏབ་པའི་འབྲས་བུ་དུས་སུ་མི་སྨིན་བ་དང་ཆུང་བ་ལ་སོགས་པར་འགྱུར་བ་བཞིན་ནོ། །དེ་དག་གིས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བཤད་ཟིན་ཏོ། །
ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བཤད་པ་ལ་འཆལ་བའི་ཚུལ་ཁྲིམས་ནི་མི་དགེ་བའི་རིག་བྱེད་དང་རེག་བྱེད་མ་ཡིན་པའི་གཟུགས་ཏེ་(སྲོག་གཅོད་སོགས་ལུས་ངག་གི་ལས་དང་།) སྡོམ་པ་མ་ཡིན་པ་ཡིན་ལ། འཆལ་བའི་ཚུལ་ཁྲིམས་དེ་སྐྲོང་བར་བྱེད་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་ཡིན་ནོ། །ཚུལ་ཁྲིམས་དེ་ཡང་སྤངས་བྱ་རིག་བྱེད་དང་མ་ཡིན་པ་གཉིས་ཀྱི་གཉེན་པོ་ཡིན་པས་རིག་བྱེད་དང་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་སོ། །རང་བཞིན་གྱིས་སྡིག་པ་མ་ཡིན་ཡང་དུས་མ་ཡིན་པའི་ཁ་ཟས་སྤོང་བ་ལ་སོགས་པ་སངས་རྒྱས་ཀྱིས་ནི་འཆད་པ་སྟེ་བཀག་པ་དེ་སྤོང་བའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་ཡང་ཚུལ་ཁྲིམས་ཡིན་ནོ། །ཚུལ་ཁྲིམས་དེ་ཡང་རྣམ་པར་དག་པ་ནི་ཡོན་ཏན་བཞི་དང་ལྡན་པ་ཡིན་ནོ། །བཞི་གང་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀྱིས་འཕན་ཏེ་སྐྱོན་མ་ཕྱུང་བ་དང་། དེའི་རྒྱུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་འཕན་མ་བྱུང་བ་དང་། འཆལ་བའི་ཚུལ་ཁྲིམས་དེའི་གཉེན་པོ་བྱེད་པའི་དྲན་པ་ཉེར་གཞག་ལ་བརྟེན་པ་དང་། ཐར་པར་བསྔོས་པས་ཞི་བ་ལ་བརྟེན་པའོ། །གཞན་དག་ན་རེ་ཚུལ་ཁྲིམས་རྣམ་པར་དག་པ་ནི་རྒྱུ་ལྔ་དང་ལྡན་པ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་བསམ་གོས་པས་ལས་ཀྱི་ལམ་དངོས་ཀྱིས་རྣམ་པར་དག་པ་དང་། སྲོག་གཅོད་པ་ལ་སོགས་པའི་སྦྱོར་བས་ཀྱང་མ་གོས་པས་ཉེར་བསྡོགས་དག་གིས་རྣམ་པར་དག་པ་དང་འདོད་པའི་རྣམ་རྟོག་ལ་སོགས་པས་མ་གོས་པས་རྣམ་པར་རྟོག་པ་རྣམས་ཀྱིས་འཕན་མ་ཕྱུང་བ་དང་། ལུས་དྲན་པ་ཉེར་གཞག་གིས་བརྟན་པར་བྱས་པའམ། དྲན་པས་ཟིན་པས་དྲན་པས་ཡོངས་སུ་བཟུང་བ་དང་། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་ཟེར་རོ། །
གཞན་དག་ནི་ཚུལ་ཁྲིམས་ནི་བཞི་སྟེ། འཚོ་བ་མེད་པ་དང་ཚིགས་སུ་བཅད་པ་མེད་པ་དང་ཆད་པ་དང་ངན་འགྲོས་འཇིགས་ནས་སྲུང་བ་འཇིགས་པའི་ཚུལ་ཁྲིམས་དང་། སྲིད་པ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་ནས་སྲུང་བ་ལེགས་སུ་སྨོན་པའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡང་དག་པའི་ལྟ་བ་ཅན་རྣམས་ཐར་པའི་དོན་དུ་སྲུང་བ་བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པའི་ཚུལ་ཁྲིམས་དང་། དྲི་མ་མེད་པའི་ཕྱིར་ཟག་པ་མེད་པའི་ཚུལ་ཁྲིམས་ནི་ཡོངས་སུ་དག་པའི་ཚུལ་ཁྲིམས་སོ་ཞེས་འཆད་དོ། །
བསྒོམས་པ་ལས་བྱུང་བའི་དགེ་བ་བཤད་པ་ནི་མཉམ་པར་མ་བཞག་པ་དང་ཉོན་མོངས་ཅན་སྒོམ་བྱུང་མ་ཡིན་པས་སེམས་དམིགས་པ་ལ་མཉམ་པར་བཞག་པ་ལས་བྱུང་བའི་དགེ་བ་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ནི་བསྒོམས་པ་ལས་བྱུང་བའོ། །ཅིའི་ཕྱིར་དེ་ལ་སྒོམ་པ་ཞེས་བྱ་ཞེ་ན་(ཏིལ་མར་དང་མེ་ཏོག་གི་དྲི་ལྟར།) སེམས་ལ་དགེ་བའི་བག་ཆགས་བསྒོ་ཞིང་གོམས་པ་དང་དབང་དུ་བྱེད་པའི་ཕྱིར་རོ། །འོ་ན་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བ་དེ་དག་གང་གཙོ་ཞེ་ན། བཞི་བརྒྱ་པ་ལས། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་འབྱུང་བ་ལྟར་མཐོ་རིས་ཐོབ་པའི་དོན་དུ་ཚུལ་ཁྲིམས་གཙོ་ཆེ་བའི་ཕྱིར་དང་། བར་ཆད་མེད་པའི་ལམ་གྱི་སྤང་བྱ་དངོས་སུ་སྤོང་བས་ན་ཉོན་མོངས་པ་དང་འབྲལ་བའི་དོན་དུ་སྒོམ་པ་གཙོ་ཆེ་བའི་ཕྱིར་དེ་དག་འདོད་པས་དེ་བཞིན་དུ་བསྟེན་པར་བྱའོ། །ཚུལ་ཁྲིམས་ལ་བརྟེན་ནས་ཞི་གནས་ལྷག་མཐོང་འབྱུང་བས་གཙོ་ཆུང་བ་ནི་གཉིས་ཀའང་གཉིས་ཀའི་རྒྱུ་ཡིན་ནོ། །
དེའི་ཕྱིར་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས། ལོངས་སྤྱོད་ཆེན་པོའི་རྒྱུ་སྦྱིན་པ་མི་སྤོང་བ་དང་། མཐོ་རིས་སུ་སྐྱེ་བའི་རྒྱུ་ཚུལ་ཁྲིམས་མི་སྤོང་བ་དང་། ཤེས་རབ་ཆེན་པོའི་རྒྱུ་ཐོས་པ་མི་སྤོང་བ་དང་། འབྲལ་བའི་རྒྱུ་སྒོམ་པ་མི་སྤོང་བ་སྟེ་ཞེས་པ་དང་། ལོངས་སྤྱོད་ཆེ་རྒྱུ་སྦྱིན་པ་མི་སྤོང་དེའི་འབྲས་དེ། །མཐོ་རིས་སྐྱེ་རྒྱུ་ཚུལ་ཁྲིམས་མི་སྤོང་དེའི་འབྲས་དེ། །ཤེས་རབ་ཉོན་མོངས་འཇོམས་རྒྱུ་ཐོས་པ་དེའི་འབྲས་དེ། རྣམ་གྲོལ་རེག་རྒྱུ་སྒོམ་པར་བྱེད་ཅིང་དེའི་འབྲས་དེ། །རྒྱུ་བཞི་དེ་ལ་བརྟག་བརྩོན་མཁས་པ་དེ་དག་ནི། །བྱང་ཆུབ་སྙིང་པོར་དབང་བསྐུར་འབྲས་ཕྱིར་ཉིན་མཚན་སྤྱོད་ཅེས་པ་དང་། རྒྱུད་བླ་མ་ལས་ཀྱང་། གང་ཕྱིར་སྤྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་བཤད་དོ། །
འོ་ན་མདོ་ལས། གང་ཟག་བཞི་ནི་ཚངས་པའི་བསོད་ནམས་སྐྱེད་དེ། མ་བྱས་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་འདི་ནི་གང་ཟག་ཚངས་པའི་བསོད་ནམས་སྐྱེད་པ་དང་པོ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་དེ་ཉིད་དུ་གཙུག་ལག་ཁང་རྩིག་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་སྡུམ་པ་དང་། བྱམས་པ་ཚད་མེད་སྒོམ་པ་ལ་ཡང་སྦྱར་ནས་གསུངས་སོ། །དེ་ལྟ་བུའི་ཚངས་པའི་བསོད་ནམས་ནི་ཚངས་པའི་མདུན་ན་འདོན་གྱི་ཚེ་དང་མཉམ་པར་(བར་གྱི་)བསྐལ་པར་(བཞི་བཅུ་)མཐོ་རིས་སུ་དགའ་བར་གནས་པའི་ཕྱིར་སྔར་སྨོས་པའི་མ་བྱས་པའི་ས་ཕྱོགས་སུ་སྐུ་གདུང་གི་མཆོད་རྟེན་རྩིག་པ་ལ་སོགས་པ་བྱེད་པའི་གང་ཟག་བཞིའི་ཆངས་པའི་བསོད་ནམས་ཡིན་ནོ་ཞེས་བྱ་སྟེ། འདིར་ཚངས་པ་ནི་ཚེ་བསྐལ་པར་ཐུབ་པ་ཚངས་པའི་མདུན་ན་འདོན་ལ་འདོད་དོ། །སྡེ་པ་གཞན་གྱི་ལུང་ལས་ཀྱང་། ཚངས་པའི་བསོད་ནམས་སྐྱེད་པ་ནི། །བསྐལ་པར་མཐོ་རིས་དགའ་བར་གནས། །ཞེས་འབྱུང་སྟེ། འདི་ནི་སྔོན་གྱི་སློབ་དཔོན་གྱི་ཡིན་ནོ། །དེའི་ཕྱིར་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་ཀྱང་། ཚངས་པའི་བསོད་ནམས་ཀྱི་ཚད་ནི་བསོད་ནམས་གང་གིས་བསྐལ་པ་གཅིག་ཏུ་མཐོ་རིས་སུ་འགྲོ་བར་འགྱུར་བ་སྟེ། ཡང་དང་ཡང་དུ་རྒྱུན་མི་ཆད་པར་རྣམ་པར་སྨིན་པར་འཇུག་པར་འགྱུར་པའི་བསོད་ནམས་ལ་ཚངས་པའི་བསོད་ནམས་ཞེས་བརྗོད་དེ། བསམ་གཏན་དང་པོའི་སེམས་ཅན་གྱི་བསོད་ནམས་དང་མཚུངས་པ་ལ་བྱའོ་ཞེས་པ་དང་། ཚིགས་སུ་བཅད་པ་གཞན་དག་ལས་ནི། དགེ་འདུན་མཐུན་པར་བྱས་ན་ནི། །བསྐལ་པར་མཐོ་རིས་བདེ་བ་ཐོབ། །ཅེས་བཤད་དོ། །
བྱེ་བྲག་ཏུ་སྨྲ་བ་ནི་ཚངས་པའི་བསོད་ནམས་ནི་མཚན་རྣམ་པར་སྨིན་པ་ཅན་གྱི་ལས་ཏེ། དེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ནོ་ཞེས་བྱ་བ་ལ་སོགས་པའོ་ཞེས་ཟེར་རོ། །གང་ལྟར་ཡང་ཚངས་པའམ། ཚངས་པར་སྐྱེ་བའི་བསོད་ནམས་དང་འདྲ་བའི་ཕྱིར་ཚངས་པའི་བསོད་ནམས་ཏེ། འདོད་པའི་མཐོ་རིས་སུ་ཆེ་འཐུད་ཅིང་བར་བསྐལ་བཞི་བཅུར་བདེ་བ་མྱོང་བ་ཡིན་ནོ། །ཁ་ཅིག་ན་རེ་བསོད་ནམས་ཆེན་པོ་ལ་ཚངས་པའི་བསོད་ནམས་ཞེས་བྱའོ། །ཞེས་ཟེར་རོ། །
ཞར་ལ་ཆོས་ཀྱི་སྦྱིན་པ་བཤད་པ་ལ་ཆོས་ཀྱི་སྦྱིན་པ་ནི་བསམ་པ་ཀུན་སློང་རྙེད་པ་དང་བཀུར་སྟི་ལ་སོགས་པ་འདོད་པའི་ཉོན་མོངས་པ་ཅན་མིན་པས་བསྟན་བྱ་མདོའི་སྡེ་ལ་སོགས་པ་(དབྱངས་བསྙད་ལུང་བསྟན་ཚིགས་བཅད་དང་། །ཆེ་དང་རྗོད་གླེང་གཞི་རྟོགས་བརྗོད་དང་། །དེ་ལྟ་བུ་སྐྱེས་ཤིན་ཏུ་རྒྱས། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །ཞེས་པ་)གསུང་རབ་ཡན་ལག་བཅུ་གཉིས་སམ་སྡེ་སྣོད་གསུམ་པོ་དག་སྦྱོར་བ་ཡང་དག་པ་ཇི་ལྟ་བ་བཞིན་མ་ནོར་བར་སྟོན་པ་ཡིན་ནོ། །དེ་ལ་གསུམ་ལས་དང་པོ་གསུང་རབ་ཡན་ལག་བཅུ་གཉིས་སུ་དབྱེ་བ་ནི་གདུལ་བྱ་མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱིས་རྣམ་པར་བཞག་སླབ་དང་བཤད་སླབ་དང་། བཟུང་སླ་བས་ཆོས་ལ་གུས་པས་ཚོགས་རྫོགས་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པ་དང་། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་འཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་རེག་པར་གནས་པ་དང་། འབེལ་གཏམ་ལ་མཁས་པར་བྱ་བའི་དགོས་པ་བཅུའི་ཕྱིར་གདུལ་བྱའི་ཉོན་མོངས་པའི་སྤྱོད་པ་ལ་བརྩམས་ནས་མདོར་བསྟན་པའི་ཚུལ་གྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་ཟས་དང་བདེན་པ་དང་ཐེག་པ་གསུམ་དང་མི་སྡུག་པ་དང་དབུགས་འབྱུང་རྡུབ་དང་བསླབ་པ་གསུམ་དང་ཤེས་ནས་དད་པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་རྐྱང་པས་གསུངས་པ་མདོའི་སྡེ་དང་། གང་གི་དབུས་དང་མཐར་ཚིགས་སུ་བཅད་དེ་གསུངས་པ་དང་དྲང་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ནི་དབྱངས་ཀྱིས་བསྐད་པའི་སྡེ་དང་། གང་ལས་ཉན་ཐོས་འདས་ཏེ་ཤི་འཕོས་པ་དང་མ་འོངས་པ་ན་འབྱུང་བ་ལུང་སྟོན་པ་དང་ངེས་དོན་གྱི་མདོ་སྡེ་ནི་ལུང་བསྟན་པའི་སྡེ་དང་། རྐྱང་པས་གསུངས་བ་མ་ཡིན་པ་རྩ་བ་གཉིས་པ་དང་། རྩ་བ་གསུམ་པ་དང་། རྩ་བ་བཞི་པ་དང་། རྩ་བ་ལྔ་བ་དང་། རྩ་བ་དྲུག་པར་བསྡེ་བས་ནས་གསུངས་པ་ཚིགས་སུ་བཅད་པའི་སྡེ་དང་། གང་ཟག་གི་མིང་དང་རིགས་མ་བརྗོད་པར་དམ་པའི་ཆོས་དང་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཡི་རང་ནས་གསུངས་པ་ཆེད་དུ་བརྗོད་པའི་སྡེ་དང་། གང་ཟག་གི་མིང་དང་རིགས་བརྗོད་ནས་བསྟན་ཅིང་བཤད་པ་དང་གང་གི་ཆེད་དུ་གསུངས་པ་དང་འདུས་པ་དང་ལྡན་པའི་བྱུང་བ་དང་བཅས་གླེང་གཞི་དང་བཅས་པའི་སོ་སོ་ཐར་པ་གསུངས་པ་གླེང་གཞིའི་སྡེ་དང་། དཔེས་དོན་གསལ་བར་བྱེད་པ་དང་། དང་བཅས་པར་གསུངས་པ་རྟོགས་པ་བརྗོད་པའི་སྡེ་དང་། སྔོན་གྱི་གཏམ་རྒྱུད་ཀྱི་སྦྱོར་བ་དང་ལྡན་པར་གསུངས་པ་དེ་ལྟ་བུ་བྱུང་བའི་སྡེ་དང་། འདས་པའི་དུས་ལ་བརྟེན་ཏེ་བཅོམ་ལྡན་འདས་ཀྱིས་སྐྱེ་མཆེད་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་དཀའ་བ་སྤྱད་པ་བསྟན་པ་སྐྱེས་པའི་རབས་ཀྱི་སྡེ་དང་། གང་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་སྟོབས་བཅུ་ལ་སོགས་པ་དང་སྒྲིབ་པ་མེད་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྟན་པ་ཤིན་ཏུ་རྒྱས་པའི་སྡེ་དང་། གང་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པ་ངོ་མཚར་རྨད་དུ་བྱུང་བར་གྲགས་པ་བསྟན་པ་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པས་མདོ་སྡེའི་དོན་འཆད་ཅིང་གསལ་བར་བྱེད་པ་དང་གཏན་ལ་འབེབས་པར་བྱེད་པ་མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་ནི་གཏན་ལ་དབབ་པར་བསྟན་པའི་སྡེ་ཞེས་བྱའོ། །
གཉིས་པ་དེ་དག་སྡེ་སྣོད་གསུམ་དང་གཉིས་སུ་བསྡུ་བ་ལ་གསུམ་དུ་བསྡུ་བ་དང་གཉིས་སུ་བསྡུ་བ་དང་། ངེས་ཚིག་གསུམ་ལས་དང་པོ་ལའང་གཉིས་ལས་དང་པོ་གསུམ་དུ་བསྡུ་བ་དངོས་ནི་ཉན་ཐོས་ཀྱི་ས་ལས། མདོའི་སྡེ་ལ་སྡེ་ལ་སོགས་པ་བཅུ་ནི་མདོ་སྡེའི་སྡེ་སྣོད་ཡིན་ཞིང་། གླེང་གཞིའི་སྡེ་ནི་འདུལ་བའི་སྡེ་སྣོད་ཡིན་ལ། གཏན་ལ་དབབ་པར་བསྟན་པའི་སྡེ་ནི་ཆོས་མངོན་པའི་སྡེ་སྣོད་ཡིན་ནོ་ཞེས་བཤད་ལ། ཆོས་མངོན་པ་ཀུན་ལས་བཏུས་ལས་ནི་དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །གླིང་གཞིའི་སྡེ་ནས་སྐྱེས་པའི་རབས་ཀྱི་སྡེའི་བར་བཞི་ནི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གཉིས་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་དབབ་པར་བསྟན་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ་ཞེས་བཤད་མོད་ཀྱི་ལེགས་པར་བརྟགས་ན་མདོའི་སྡེ་དང་དབྱངས་ཀྱིས་བ་སྙད་པ་དང་ཚིགས་སུ་བཅད་པ་ལ་སོགས་པ་ལ་ཐེག་ཆེན་གྱི་མདོ་སྡེའང་སྣང་བའི་ཕྱིར་དང་། རྟོགས་པ་བརྗོད་པ་ལ་སོགས་པ་ལ་གཞན་གཉིས་སྣང་བའི་ཕྱིར་དང་། ཉན་ཐོས་ཀྱི་རྨད་དུ་བྱུང་བའི་སྡེ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དུ་རིགས་པའི་ཕྱིར་དེ་ཁོ་ན་ལྟར་ངེས་པ་ནི་མི་སྣང་ངོ་ཞེས་གསུང་ངོ་། །
གཉིས་པ་སྡེ་སྣོད་གསུམ་དུ་བསྟན་པའི་དགོས་པ་ནི་རྒྱུ་དགུས་གཞག་སྟེ། དེ་ལ་གསུམ་མཚན་གསུམ་ལས་དང་པོ་སྤང་བྱ་ཉོན་མོངས་པ་གསུམ་སྤང་བའི་ཆེད་དུ་བསྟན་པ་ནི་ལས་འབྲས་ལ་སོགས་པ་ལ་ཐེ་ཚོམ་ཟ་བའི་གཉེན་པོར་ནི་མདོ་སྡེའི་སྡེ་སྣོད་བསྟན་ཏེ། གང་ཞིག་གང་ལ་ཐེ་ཚོམ་ཟ་བ་དེ་དེ་ལ་ངེས་པར་བྱ་བའི་ཆེད་དུ་གསུངས་པའི་ཕྱིར་རོ། །སྤྱོད་པ་མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་ནི་འདུལ་བའི་སྡེ་སྣོད་བསྟན་ཏེ། འདོད་ཡོན་ལ་ཆགས་པས་གསོག་འཇོག་བྱེད་པ་ལ་སོགས་པ་ཁ་ན་མ་ཐོ་བ་དང་བཅས་པ་རབ་ཏུ་བྱུང་བ་ལ་ཡོངས་སུ་དཔྱད་པ་དགག་པའི་སྒོ་ནས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་ལ། བརྒྱ་སྟོང་རི་བའི་གོས་དང་ཁང་བཟང་དང་ཁ་ཟས་རོ་བརྒྱ་བ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པའི་ཡོངས་སུ་སྤྱད་པ་རྗེས་སུ་གནང་པའི་སྒོ་ནས་དོན་མེད་པའི་དཀའ་ཐུབ་བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའ་སྤོང་བའི་ཕྱིར་རོ། རང་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ནི་མངོན་པའི་སྡེ་སྣོད་བསྟན་ཏེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པས་ལྟ་བ་ངན་པ་རྣམས་སྤོང་བའི་ཕྱིར་རོ། །ཡང་ན་བསྟན་པ་ལ་མ་ཞུགས་པ་འཇུག་པའི་གེགས་ཐེ་ཚོམ་དང་། ཞུགས་པའི་སྤྱོད་པ་དང་ལྟ་བ་ཕྱིན་ཅི་ལོག་སྤོང་བ་ལ་གསུམ་པོ་རིམ་པ་བཞིན་ནོ། །
གཉིས་པ་(བརྗོད་བྱ།) བསླབ་པ་གསུམ་སྟོན་ཅིང་སྒྲུབ་པའི་དབང་དུ་བྱས་ཏེ་བསྟན་པ་ནི་མདོ་སྡེས་ནི་བསླབ་པ་གསུམ་གྱི་ངོ་བོ་རྒྱས་པར་སྟོན་ལ། འདུལ་བས་ནི་བསླབ་པ་དང་པོ་གཉིས་སྒྲུབ་པ་ཡིན་ཏེ། ལྷག་པའི་ཚུལ་ཁྲིམས་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པར་བསྲུང་བ་དང་། ཉམས་ན་ཕྱིར་བཅོས་པའི་སྒོ་ནས་ཚུལ་ཁྲིམས་ཀྱི་བསླབ་པ་སྒྲུབ་ལ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་ཅིང་། འགྱོད་པ་མེད་པས་ནི་སེམས་ལས་སུ་རུང་ལ། དེ་ལ་བརྟེན་ནས་དམིགས་པ་ལ་མཉམ་པར་བཞག་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པས་ལྷག་པའི་སེམས་ཀྱི་བསླབ་པ་སྒྲུབ་པའི་ཕྱིར་རོ། །ཆོས་མངོན་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྒྲུབ་པ་ཡིན་ཏེ། དེས་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཐབས་བསྟན་པ་ལ་བརྟེན་ནས་ཐོས་བསམ་བྱས་ཏེ་བསྒོམས་པས་འཇིག་རྟེན་དག་དེ་ལས་འདས་པའི་སྒོམ་བྱུང་གིས་ཤེས་བྱའི་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པའི་ཕྱིར་རོ། །གསུམ་པ་(བྱེད་ལས།) ཆོས་དང་དོན་གྱི་དབང་དུ་བྱས་ཏེ་བསྟན་པ་ནི་མདོ་སྡེས་ནི་རྗོད་བྱེད་སྒྲའི་ཆོས་དང་བརྗོད་བྱ་དོན་གྱི་ཆོས་ལ་བྱང་བར་བྱེད་པས་ན་དེ་གཉིས་བཤད་ལ། འདུལ་བས་ནི་ཆོས་དང་དོན་འགྲུབ་སྟེ། ཚུལ་ཁྲིམས་དང་ལྡན་པ་ལ་བརྟེན་ནས་ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་མཉམ་པར་བཞག་ན་ཆོས་དང་དོན་མངོན་སུམ་དུ་རྟོགས་པར་འགྱུར་བའི་ཕྱིར་རོ། །ཆོས་མངོན་པས་ནི་ཆོས་དང་དོན་འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པར་བྱེད་དེ། དེས་ཤེས་བྱའི་ཆོས་ཀྱི་རང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་ཚིག་གོ། གཏན་ལ་འབེབས་པ་ལ་མི་འཇིགས་པ་ཐོབ་པས་བདེ་བ་ལ་རེག་པར་གནས་པ་འཐོབ་པའི་ཕྱིར་རོ། །དེས་ན་འདིར་ཆོས་དང་དོན་ནི་སྒྲ་དང་དོན་ཉིད་ཡིན་པར་ཤེས་པར་བྱའོ། །
གཉིས་པ་སྡེ་སྣོད་གཉིས་སུ་བསྡུ་བ་ནི་བྱང་ས་ལས་གསུང་རབ་ཡན་ལག་པ་ཅུ་གཉིས་པ་ལས་ཤིན་ཏུ་རྒྱས་པའི་སྡེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །ལྷག་མ་ནི་ཉན་ཐོས་ཀྱིས་སྡེ་སྣོད་ཡིན་པར་རིག་པར་བྱའོ་ཞེས་འབྱུང་བས་བཅུ་གཉིས་དང་གསུམ་པ་དེ་དག་ཉིད་ཐེག་པ་དམན་པ་དང་མཆོག་གི་བྱེ་བྲག་གིས་ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་སུ་འགྱུར་རོ། །དེ་ལྟར་ན་རང་རྒྱལ་གྱི་སྡེ་སྣོད་དང་གསུམ་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་ནི་ཉན་ཐོས་ཀྱི་སྡེ་སྣོད་ལས་ལོགས་སུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་རང་སངས་རྒྱས་ཀྱི་ཐེག་པའི་སྐབས་སུ་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་ཞེས་ཉན་ཐོས་ཀྱི་སྡེ་སྣོད་ཁོ་ན་ལ་དམིགས་པར་བཤད་དོ། །
གསུམ་པ་ངེས་ཚིག་ནི་ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་སྟེ་སྣོད་ཅེས་བྱ་སྟེ། དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ། །ཞེས་བཤད་དོ། །གསུམ་པ་རྣམ་གྲངས་ནི་གསུང་རབ་དང་། སྡེ་སྣོད་དང་། བཀའ་དང་། ལུང་དང་། གཙུག་ལག་དང་། བསྟན་བཅོས་ཞེས་ཀྱང་བྱ་སྟེ། ལུང་ཕྲན་ཚེགས་ལས། འཕགས་པ་འོད་བསྲུངས་ཆེན་པོས། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། །གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པའི། །བློ་གྲོས་རབ་རིབ་བསལ་ནས་སྒྲོན་མར་ཡང་དག་ལྡན། །ཞེས་པ་དང་། འདུལ་བ་ལ་བསྟོད་པ་ལས་ཀྱང་། རྒྱལ་བ་སྟོན་པ་དེའི་བསྟན་བཅོས་དག། མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་པ་དངོས་ཡིན་དེའི་ཕྱིར། །གཉིས་གྱུར་ཕྱག་བྱ་སངས་རྒྱས་ཆོས་གཅིག་བཞིན། །ཞེས་པ་དང་། (བྱང་ས་ལས་ཀྱང་། སངས་རྒྱས་ཀྱི་གསུང་རབ་ནི་ནང་གི་བསྟན་བཅོས་ཞེས་བྱ་སྟེ་ཞེས་པ་དང་།) རྣམ་བཤད་རིགས་པ་ལས་ཀྱང་། དོན་དམ་པར་ན་སངས་རྒྱས་ཀྱི་གསུང་ཁོ་ན་བསྟན་བཅོས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །འདིས་ནི་བརྗོད་བྱ་མཚུངས་པའི་ཕྱིར་དེའི་དོན་འགྲེལ་བྱེད་ཀྱི་བསྟན་བཅོས་སྟོན་པའང་ཆོས་ཀྱི་སྦྱིན་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་སྦྱིན་པ་དེ་ཡང་། ཀུན་སློང་གི་བསམ་པ་རྙེད་པ་ལ་སོགས་པ་ལ་ཆགས་པས་སྟོན་པ་ནི་བདག་ཉིད་བསོད་ནམས་ཆེན་པོ་ལས་ཉམས་པར་བྱེད་པ་ཡིན་ལ། སྦྱོར་བ་ནོར་པར་སྟོན་པའང་ཆོས་ཀྱི་སྦྱིན་པ་མ་ཡིན་ཏེ། འགྲེལ་པ་ལས། དེའི་ཕྱིར་གང་དག་ཆོས་ལོག་པར་འཆད་པར་བྱེད་པའམ། སེམས་ཉོན་མོངས་པ་ཅན་རྙེད་པ་དང་བཀུར་བ་སྟི་དང་གྲགས་པ་འདོད་པས་འཆད་པ་དེ་དག་ནི་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ལས་བཟློག་སྟེ་བསམ་པ་བཟང་པོས་ཆོས་ཕྱིན་ཅི་མ་ལོག་པར་བསྟན་ན་ནི་བསོད་ནམས་འཕེལ་བའི་རྒྱུར་འགྱུར་ཏེ། བསླབ་པ་ཀུན་ལས་བཏུས་པ་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །
བཅུ་བཞི་པ་ཆ་མཐུན་གྱི་དགེ་བ་གསུམ་བཤད་པ།
བཅུ་བཞི་པ་ཆ་མཐུན་གྱི་དགེ་བ་གསུམ་བཤད་པ་ནི་མདོ་ལས། བསོད་ནམས་ཀྱི་ཆ་དང་མཐུན་པ་དང་། ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་གསུམ་གསུངས་པ་ལ། འཁོར་བར་རྣམ་སྨིན་ཡིད་དུ་འོང་བ་ཅན་ནི་བསོད་ནམས་ཆ་མཐུན་ནོ། །ཚོགས་ལམ་དུ་མྱ་ངན་ལས་འདས་པར་བསྡོས་པའི་དགེ་བ་ནི་མྱ་ངན་ལས་འདས་པ་ཐར་པའི་ཆད་དང་མཐུན་པ་སྟེ་གང་སྐྱེས་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་འགྱུར་བའོ། །དགེ་བ་དེ་ཡོད་པར་ནི་འཁོར་འདས་ཀྱི་ཉེས་དམིགས་དང་ཡོན་ཏན་བརྗོད་པ་ན་དད་པའི་ཤུགས་ཀྱིས་བ་སྤུ་ལྡང་བ་ལ་སོགས་པའི་རྟགས་ལས་ཤེས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་ནི་དྲོ་བ་ལ་སོགས་པ་བཞི་ཡིན་ཏེ། དེ་ལྟར་ན་ཆ་མཐུན་གྱི་དགེ་བ་རྣམ་པ་གསུམ་མོ། །
བཅོ་ལྔ་པ་རིགས་པས་རབ་ཏུ་བཅུག་པའི་ལས་བཤད་པ།
བཅོ་ལྔ་པ་(འཇིག་རྟེན་པའི་ལས་གསུམ་གྱི་རྣམ་གྲངས་བསྟན་པ་ནི།) རིགས་པས་རབ་ཏུ་བཅུག་པའི་ལས་ནི་སློབ་པ་རིགས་པ་ཐབས་ཀྱིས་རབ་ཏུ་བཅུག་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་ཀུན་ནས་སློང་བ་མཚུངས་ལྡན་དང་བཅས་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །དེ་ལ་ཀ་ལ་སོགས་པའི་ཡིག་གཟུགས་འདྲི་བ་དང་། ལྷ་ལ་སོགས་པའི་འབུར་གྱི་རྒྱ་རྐོ་བ་ནི་ལུས་ཀྱི་ལས་དང་། དངོས་པོ་གཅིག་ལ་སོགས་པ་བགྲང་བ་དང་བཅས་པའི་སྙན་ངག་ནི་ངག་གི་ལས་སོ། །(ཀུན་སློང་དང་བཅས་པ།) བཅུ་པ་བཅུ་ལ་བརྒྱའོ་ཞེས་བྱ་བ་ལ་སོགས་པའི་གྲངས་བསྡོམས་ཏེ་འཛིན་པ་ནི་ཡིད་ཀྱི་ལས་ཏེ་(ཕུང་པོ་བཞིའོ། །)དེ་ལྟར་ན་གོ་རིམ་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་ཡིག་འབྲུ་ལ་སོགས་པ་བསྟན་པའི་ཞར་ལ་བྱུང་བའམ། ཡང་ན་འདི་ཆོས་མངོན་པ་བསྡུས་པ་ཡིན་པས་ཆོས་ཀྱི་ཕུང་པོའི་རྣམ་པར་བཤད་པ་ལས་འབྱུང་བའི་རྣམ་གྲངས་འགའ་ཞིག་བརྗོད་པར་བྱ་སྟེ། ཉོན་མོངས་པས་(ཀུན་སློང་དང་བཅས་པས་)བཀབ་པས་ན་བསྒྲིབས་པ་དང་། ཉོན་མོངས་དང་བཅས་པས་གནག་ཅིང་འཕགས་པ་རྣམས་ཀྱིས་བོར་བས་ན་ངན་པ་དང་། ཉོན་མོངས་པ་དང་ལྷན་ཅིག་འདུག་པས་ན་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཆོས་ཟག་བཅས་ཀྱི་མིང་གི་རྣམ་གྲངས་སོ། །དྲི་མ་མེད་པའི་དགེ་བ་ནི་དག་པ་རབ་ཀྱི་མཐར་ཕྱིན་པས་ན་གྱ་ནོམ་པ་ཞེས་བྱ་སྟེ། དེས་ན་གྱ་ནོམ་པ་ཞེས་བྱ་བ་ནི་དགེ་བ་ཟག་མེད་ཀྱི་རྣམ་གྲངས་སོ། །ཉོན་མོངས་པ་ནི་ངན་པ་ཁོ་ན་ཡིན་ལ། དགེ་བ་ཟག་མེད་ནི་གྱ་ནོམ་པ་ཁོ་ན་ཡིན་པས་ན་ངན་པ་དང་གྱ་ནོམ་པ་ལས་གཞན་པ་(དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན།) ནི་བར་མ་ཞེས་བྱའོ། །རྒྱུད་ལ་སྐྱེད་པའི་སྒོ་ནས་གུས་པར་བསྟེན་པར་བྱ་བ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དགེ་བ་ཟག་བཅས་ཟག་མེད་ཐམས་ཅད་ཀྱི་རྣམ་གྲངས་སོ། །དེ་ལས་གཞན་པ་འདུས་མ་བྱས་དང་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་རྣམས་ནི་བསྟན་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་འདུས་མ་བྱས་བསྟེན་བྱ་མ་ཡིན་ཞེ་ན། འདུས་མ་བྱས་ནི་བསྟེན་བྱ་མ་ཡིན་ཏེ། བསྐྱེད་པ་དང་། ཡང་དང་ཡང་དུ་རྒྱུད་ལ་གོམས་པར་བྱར་མི་རུང་བའི་ཕྱིར་དང་། འབྲས་བུའི་དོན་དུ་བསྟེན་པ་ཕྱི་མ་ཡིན་ན་དེ་ལ་འབྲས་བུའང་མེད་པའི་ཕྱིར་རོ། །མི་དགེ་བ་དང་། བསྒྲིབས་ལ་ལུང་མ་བསྟན་དང་། འདུས་བྱས་མ་བསྒྲིབས་ལུང་མ་བསྟན་དང་། དགེ་བ་ཟག་བཅས་དང་། འདུས་བྱས་ཟག་མེད་དང་། འདུས་མ་བྱས་མ་བསྒྲིབས་ལུང་མ་བསྟན་ནམ་མཁའ་བརྟགས་མིན་དང་། ཐར་པ་སོ་སོར་བརྟགས་འགོག་རྣམས་ནི་སྔ་མ་སྔ་མ་ཕྱི་མས་བླ་མ་དང་བཅས་པ་ཡིན་ཏེ། རིམ་པ་ལྟར་རྣམ་སྨིན་ཡིད་དུ་མི་འོང་པ་མེད་པའི་ཕྱིར་དང་། ཉོན་མོངས་ཅན་མ་ཡིན་པའི་ཕྱིར་དང་། རྣམ་སྨིན་གྱི་འབྲས་བུ་ཡིད་དུ་འོང་བ་ཅན་ཡིན་པའི་ཕྱིར་དང་། ཟག་བཅས་མ་ཡིན་པའི་ཕྱིར་དང་། རྟག་པའི་ཕྱིར་དང་། རྟག་ཅིང་དགེ་བའི་ཕྱིར་རོ། །དེས་ན་ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་ལ། ཐར་པ་མྱང་འདས་སོ་སོར་བརྟགས་འགོག་ནི་དེ་ལས་ཕུལ་དུ་ཕྱིན་པ་དང་ཁྱད་པར་དུ་འཕགས་པ་གཞན་མེད་པས་བླ་ན་མེད་པ་ཡིན་ཏེ། མདོ་ལས། དགེ་སློང་དག་ཆོས་འདུས་བྱས་སམ། འདུས་མ་བྱས་གང་ཇི་སྙེད་པ་དེ་དག་གི་ནང་ན་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བརྗོད་དོ་ཞེས་གསུངས་པའི་ཕྱིར་རོ། །ཐར་པའི་རྣམ་གྲངས་ཀུན་ལས་བཏུས་ལས་ནི། མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་གྱུར་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པ་ལ་སོགས་པ་དང་། སའི་དངོས་གཞི་ལས་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། མི་འགྱུར་པའི་ཆོས་ཅན་དང་། གནས་དང་། གླིང་དང་། སྐྱོབ་པ་དང་། སྐྱབས་དང་། དཔུང་གཉེན་དང་། བདེ་བ་དང་། ཞི་བ་དང་། ལེགས་པའི་གཞི་དང་། བདེ་ལེགས་སུ་འགྱུར་བ་དང་། མི་གཡོ་བ་དང་། མི་གཞལ་བ་དང་། བལྟར་དཀའ་བ་དང་། འཆི་བ་མེད་པ་དང་། མྱ་ངན་མེད་པ་དང་། འཆི་འཕོ་མེད་པ་རང་། རིམས་ནད་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ནད་མེད་པ་དང་། གཡོ་བ་མེད་པ་དང་། མྱ་ངན་ལས་འདས་པ་དང་། སྤྲོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །
འཇིག་རྟེན་འགྲུབ་བྱེད་སེམས་པ་བསམས་པའི་ལས། །རིག་བྱེད་རིག་བྱེད་མ་ཡིན་སྡོམ་པ་དང་། །སྡོམ་མིན་བར་མ་ལས་འབྲས་རྣམ་དབྱེ་རྣམས། །ལེགས་རྟོགས་འདོད་པས་གནས་འདི་མཉན་པར་གྱིས། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་ལས་བསྟན་པ་ཞེས་བྱ་བ་སྟེ་གནས་བཞི་པའི་བཤད་པའོ།། །།
གནས་ལྔ་པ་ཕྲ་རྒྱས་བསྟན་པ།
ད་ནི་གནས་ལྔ་པ་ཕྲ་རྒྱས་བསྟན་པ་འཆད་པ་ལ་ཕྲ་རྒྱས་ཀྱི་རང་བཞིན་དང་། དེ་ཇི་ལྟར་སྤོང་བའི་ཚུལ་དང་། སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ་གསུམ་ལས།
དང་པོ་ཕྲ་རྒྱས་ཀྱི་རང་བཞིན།
དང་པོ་ལའང་ཕྲ་རྒྱས་ཀྱི་དབྱེ་བ་དང་། རྣམ་པའི་རབ་དབྱེ་བཤད་པ་གཉིས་ཀྱི་དང་པོ་ནི་གནས་བཞི་པར་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ཞེས་གང་བཤད་པའི་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་(ཤིང་རྣམ་སྨིན་འཕེན་ནུས་)པར་འགྱུར་གྱི་ཕྲ་རྒྱས་མེད་པར་ནི་ཟག་བཅས་ཀྱི་ལས་མི་གསོག་ཅིང་ལས་མེད་པར་ཡང་སྲིད་མི་འགྲུབ་སྟེ། (གཞན་དུ་ན་མ་ངེས་པའི་ལས་ཡོད་པས་དགྲ་བཅོམ་ལའང་ཡང་སྲིད་ཡོད་པར་ཐལ་བས་དེས་ན།) སྲིད་པའི་རྩ་བ་ནི་ཕྲ་རྒྱས་ཡིན་པར་རིག་པར་བྱའོ། །དེ་ལ་སློབ་དཔོན་གང་སྤེལ་ནི། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདི་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་ལས་ཀྱིས་ཡང་སྲིད་འཕེན་པར་བྱེད་པ་དང་མངོན་པར་འགྲུབ་པར་བྱེད་པའི་རྩ་བ་ཕྲ་རྒྱས་ཡིན་ནོ་ཞེས་སྲིད་པ་ནི་ཡང་སྲིད་ཉིད་ལ་འདོད་ཅིང་དེའི་རྩ་བ་ནི་ཕྲ་རྒྱས་ཡིན་ནོ་ཞེས་འཆད་ལ། སློབ་དཔོན་རྒྱལ་པོའི་སྲས་ནི་སྲིད་པ་ནི་འདིར་ཡང་སྲིད་ཕྱི་མ་དང་། དེའི་རྒྱུ་ལས་ཀྱི་སྲིད་པ་གཉིས་ཀ་ཡིན་པར་འདོད་ལ། དེའི་རྩ་བ་ནི་ཕྲ་རྒྱས་ཡིན་ཏེ། ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་པའི་ཕྱིར་རོ་ཞེས་འཆད་དོ། །དེ་ལ་བྱ་བ་བཅུ་ནི། (རྒྱུན་མི་ཆད་པས་)རྩ་བ་བརྟན་བྱེད་ཐོབ་པའི་རྒྱུན། །(ཡང་ཡང་རྒྱུན་མི་ཆད་དུ་བསྐྱེད་པས།) རྒྱུད་གནས་བྱེད་པ་ཕྲ་རྒྱས་རྒྱུན། །(ལུས་ཀྱི་ལོ་ཐོག་སྐྱེད་པས།) ཞིང་ནི་རང་རྒྱུད་ཕྲ་རྒྱས་གཞིར། །རྒྱུ་མཐུན་སྒྲུབ་པ་ཉེ་ཉོན་སྐྱེད། །ལས་ཀྱི་སྲིད་པ་སྒྲུབ་པར་བྱེད། །རང་ཚོགས་འཛིན་པ་ཚུལ་བཞིན་མིན། །དམིགས་ལ་ཀུན་རྨོངས་མི་ཤེས་ཉིད། །རྣམ་ཤེས་རྒྱུན་འཁྲིད་སྲིད་པར་འཕེན། །དགེ་ལས་གཡོ་བ་ཉམས་པ་ཡིན། །འཆིང་བ་ཁམས་ལས་མི་འདའ་བ། (ཡིན་ཉོན་མོངས་གང་ཞིག་ཁམས་སུ་གཏོགས་པ་དེས་ནི་དེ་ལས་འདའ་བའི་གེགས་བྱེད་པའི་ཕྱིར་རོ་དེ་ལྟར།) ། རྣམ་པ་བཅུ་ནི་གནས་འདིར་ཡང་། །རབ་ཏུ་བསྟན་པ་ཡིན་པར་འདོད་ཅེས་བྱའོ། །
ཕྲ་རྒྱས་དེ་ཡང་དབྱེ་ན་རེ་ཞིག་རྣམ་པ་དྲུག་སྟེ། གང་ཞེ་ན། འདོད་ཆགས་དང་དེ་བཞིན་དུ་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་ཡིན་ཏེ་(ཉེར་ལེན་གྱི་ཕུང་པོ་ལ་བདག་ཏུ་ཆགས་པའི་འདོད་ཆགས་ཀྱིས་གཞན་ལྔ་ཡང་དམིགས་པ་ལ་རྒྱས་པར་འགྱུར་ཏེ་བདག་ལྟ་དང་སྲེད་པས་བདག་གིར་བྱས་པ་ལས་རྒྱས་པའི་ཕྱིར། ཟག་མེད་དང་སྐལ་པ་མི་མཉམ་པའི་ཁམས་ལ་མི་རྒྱས་སོ། །གྲངས་ངེས་ནི། སྟོད་འགྲེལ་ལས་བཟའ་བྱ་ཡུལ་ཚོར་བ་གསུམ་གྱི་དུག་ཟབ་པོ་སེམས་ཅན་ལ་ལོག་པར་ཞུགས་ལ་ང་རྒྱལ་དང་། ཕྱིན་ཅི་ལོག་སྤོང་བ་ལ་ལོག་ཞུགས་ལྟ་བ་དང་། ཐེ་ཚོམ་སྟེ། ལོག་པར་ངེས་པ་དང་མ་ངེས་པའོ། །)དེ་ལྟར་རྣམ་པ་དེ་དྲུག་ཀྱང་བདུན་དུ་བཤད་ཅེས་འབྲེལ་ལོ། །ཇི་ལྟར་བྱས་ནས་ཞེ་ན། མདོ་ལས་འདོད་ཆགས་ལ་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་གཉིས་སུ་དབྱེ་བ་བྱས་ནས་སོ། །(ཕྲ་རྒྱས་ནི་བྱེ་བྲག་སྨྲ་བ་ཀུན་དཀྲིས་དང་གནས་མ་བུ་པ་ཐོབ་པ་དང་། མདོ་སྡེ་བ་ས་བོན་ལ་འདོད་པ་ཡོད་པས།) སྐབས་འདིར་དཔྱད་པ་འདི་བྱ་སྟེ་གལ་ཏེ་གཞི་མཐུན་པའི་དྲུག་པ། འདོད་པའོ་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་པས་འདོད་ཆགས་ཀྱིས་ཕྲ་རྒྱས་སམ། འོན་ཏེ་(གཞི་ཐ་དད་པའི་དྲུག་པ།) འདོད་པའི་འདོད་ཆགས་ལས་ཐ་དད་པའི་ཕྲ་རྒྱས་(ཡིན་པས་འདོད་ཆགས་ཀྱི་ཕྲ་རྒྱས།) ཡིན་པར་འདོད། ཕྱོགས་དང་པོ་ལྟར་ན་(ལུང་བར་མའི་)མདོ་ལས་འདི་ན་ལ་ལ་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པའི་སེམས་ཀྱིས་ལན་མང་དུ་མི་གནས་ལ། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་བྱུང་ནའང་ཕྱིས་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་དེའི་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་མཐུས་ཡང་དག་པར་ཤིན་ཏུ་ཀུན་ནས་འཛོམས་ཤིང་ཕྲ་རྒྱས་དང་བཅས་པར་སྤོང་བར་བྱེད་དོ་ཞེས་ཀུན་ནས་དཀྲིས་པ་དང་ཕྲ་རྒྱས་ཐ་དད་པར་བཤད་པ་དང་འགལ་ལ། ཕྱོགས་གཉིས་པ་ལྟར་ན་ཕྲ་རྒྱས་ནི་ཐོབ་པ་ཡིན་པར་འགྱུར་ན་དེ་ནི་མི་ལྡན་པའི་འདུ་བྱེད་ཡིན་པའི་ཕྱིར་ཆོས་མངོན་པ་ལས། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་དབང་པོ་གསུམ་དང་མཚུངས་པར་ལྡན་པ་ཡིན་ནོ། །གསུམ་གང་ཞེ་ན། བདེ་བ་དང་ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་དག་དང་མཚུངས་པར་ལྡན་ནོ་ཞེས་གསུངས་པ་དང་འགལ་ལོ། །དེ་མཚུངས་ལྡན་དུ་བཤད་པའི་ཕྱིར་རོ་ཞེ་ན། དེར་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་པའི་ཕྱིར་ཆོས་མངོན་པ་ལས་(ཉོན་མོངས་ལ།) བཤད་པ་ནི་མཚན་ཉིད་པ་ཡིན་ཏེ། མདོ་ལས་ཕྲ་རྒྱས་དང་བཅས་པའི་སྒྲ་ནི་འདོད་ཆགས་ལ་སོགས་པ་དང་རྗེས་སུ་འབྲེལ་བའི་ཉོན་མོངས་པ་གཞན་ནམ། ཡང་ན་ཐོབ་པ་ལ་བཏགས་ནས་གསུངས་པའི་ཕྱིར་འགལ་བ་མེད་དོ། །ཞེས་ཟེར་རོ། །དེའི་ཕྱིར། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །སྒྲིབ་ཕྱིར་དགེ་དང་འགལ་ཕྱིར་དང་། །དགེ་བའང་དམིགས་པའིི་ཕྱིར་ན་འདིར། །ཕྲ་རྒྱས་ལྡན་པ་མ་ཡིན་མིན་ཞེས་འགྲེལ་པར་གསུངས་སོ། །
མདོ་སྡེ་པ་རྣམས་ན་རེ་ཕྲ་རྒྱས་ནི་ཐོབ་པའང་མ་ཡིན་ཀུན་ནས་དཀྲིས་པའང་མ་ཡིན་གྱི་འོན་ཀྱང་བག་ལ་ཉལ་ཡིན་ནོ། །དེའི་ཕྱིར་ཀུན་ནས་དཀྲིས་པ་ནི་ཕྲ་རྒྱས་མངོན་དུ་གྱུར་པ་ཡིན་ལ་བག་ལ་ཉལ་ནི་ཕྲ་རྒྱས་ས་བོན་ཡིན་ནོ། །དེའིི་ཕྱིར་མདོ་ལས་གསུངས་པ་ནི་མཚན་ཉིད་པ་ཡིན་ལ་བསྟན་བཅོས་ནི་ཁོ་བོ་ཅག་མི་འདོན་ནོ་ཞེས་ཟེར་རོ། །གནས་མའི་བུའི་སྡེ་པ་ནི་ཕྲ་རྒྱས་ལྡན་པ་མ་ཡིན་པ་ཐོབ་པ་ལ་འདོད་དོ། །གལ་ཏེ་འདོད་ཆགས་ནི་ཟག་བཅས་ལ་སྲེད་པ་ཡིན་ལ་དེ་ལ་གཉིས་ལས་འདོད་པའི་འདོད་ཆགས་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་ཡིན་ན་སྲིད་པའི་འདོད་ཆགས་གང་ཞེ་ན་ཁམས་གོང་མ་གཉིས་ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཡིན་ཏེ། དེ་དག་འདོད་པ་ལ་འདོད་ཆགས་དང་བྲལ་ཞིང་ཡང་སྲིད་པར་འཕེན་པའི་འདོད་ཆགས་ཡིན་པའི་ཕྱིར་རོ། །
ཡང་ཅིའི་ཕྱིར་ཁམས་གཉིས་པོའི་འདོད་ཆགས་བསྡོམས་ནས་སྲིད་པའི་འདོད་ཆགས་སུ་བྱས་ཤེ་ན། རྒྱུ་མཚན་ནི་དེ་དག་གཞལ་མེད་ཁང་སོགས་ལ་ཆགས་པ་ཡོད་ཀྱང་། ཕལ་ཆེར་སྙོམས་འཇུག་ལ་སྲེད་པས་ཁ་ནི་ནང་དུ་བལྟས་ཏེ་འཇུག་པ་དང་། གཅིག་ཏུ་བསྒྲིབས་ལ་ལུང་མ་བསྟན་དང་། མཉམ་པར་བཞག་པར་འདྲ་བའི་ཕྱིར་དང་། དེ་ལུང་མ་བསྟན་ཁ་ནང་བལྟས། མཉམ་གཞག་ས་པའི་ཕྱིར་གཅིག་བྱས་ཞེས་འབྱུང་བས་གཉིས་ཀའང་གཅིག་ཏུ་བསྒྲིབས་ལ་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །དགོས་པ་ནི་དེ་ལྟར་ན་མཉམ་གཞག་ཡིན་པས་ཁམས་གཉིས་པོ་དེར་ཏེ་དེ་དག་ལ་(བསམ་གཏན་བཞི་ཐོབ་པ་ལ་འབྲས་བུ་བཞི་ཐོབ་བོ་སྙམ་ནས་དེ་དག་)ཐར་པ་ཡིན་ནོ་སྙམ་པ་འབྱུང་བ་ལ། ཐར་པ་འདོད་པ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་ན་ཁམས་གོང་མ་གཉིས་དང་དེ་དག་གི་རྒྱུ་སྙོམས་འཇུག་གཉིས་ལ་ཐར་བར་སྲེད་པ་ནི་སྲིད་པའི་འདོད་ཆགས་ཡིན་གྱི་ཐར་པ་ནི་མ་ཡིན་ནོ་ཞེས་ཡང་དག་པའི་ཐར་པ་ཡིིན་ནོ་སྙམ་པའི་འདུ་ཤེས་བཟློག་པའི་ཕྱིར་དེ་གཉིས་སྲིད་པའི་འདོད་ཆགས་སུ་བཤད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །སློབ་དཔོན་ནི་སེམས་ཅན་དེ་དག་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་དང་། སྙོམས་འཇུག་རྟེན་ལུས་དང་བཅས་པ་ཁོ་ན་ལ་སྲེད་པའི་ཕྱིར་དང་། ལུས་ནི་སྲིད་པ་ཡིན་པའི་ཕྱིར་དང་། འདོད་ཡོན་ལ་དམིགས་པ་མ་ཡིན་པའི་ཕྱིར་སྲིད་པའི་འདོད་ཆགས་ཞེས་གཅིག་ཏུ་བསྡོམས་སོ་ཞེས་ཤེས་པར་བྱའོ་ཞེས་བཞེད་དོ། །
ཡང་ཕྲ་རྒྱས་དྲུག་པོ་དེ་དག་ཆོས་མངོན་པ་ལས་བཅུར་ཡང་བཤད་དོ་ཞེས་སྦྲེལ་ལོ། །ཇི་ལྟར་ཞེ་ན་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བ་དང་། སྐུར་བ་འདེབས་པ། ལོག་པར་ལྟ་བ་དང་། (ཁྱད་པར་དུ་སྒྲོ་འདོགས་པ་)མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ལྔར་ཕྱེ་སྟེ་བསྣན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་རྗེས་ལ་མཐར་འཛིན་པའི་ལྟ་བ་ཡིན་ཡང་འདིར་ཚིགས་བཅད་བསྡེབས་པའི་ངོར་དེའི་རྗེས་ལ་ལོག་ལྟ་བཤད་དོ། །གལ་ཏེ་ལྟ་བ་ལ་དབྱེ་བ་བྱེད་ན་རྒྱུ་མཚན་མཚུངས་པས་ང་རྒྱལ་ལའང་བྱེད་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། ལྟ་བ་ལ་རྣམ་པ་དང་བྱེད་ལས་ཐ་དད་ཡོད་ལ་ང་རྒྱལ་ལ་ཁེངས་པའི་རྣམ་པ་གཅིག་ལས་མེད་ཅིང་བྱེད་ལས་ཀྱང་གཅིག་ལས་མེད་པའི་ཕྱིར་རོ། །(ཁ་ཅིག་ལྟ་བ་ཉེས་པ་ཆེ་བས་སྤང་དགོས་ལ་དེ་ལ་ཤེས་པས་ཁྱབ་པས་དུ་མར་ཕྱེ་ཞེས་པ་ནི་མ་རིག་པ་ལས་ཧ་ཅང་ཐལ་བས་མི་འཐད་དོ། །ཁ་ཅིག་ང་རྒྱལ་ལ་བདུན་ཡོད་ཀྱང་སྤྱི་མཚན་དང་སེམས་ཁེངས་པའི་བྱེད་པ་གཅིག་ལས་མེད་པས་གཅིག་ཏུ་བཞག་ཅེས་པའང་ལྟ་བ་ལའང་སེམས་ཕྱིན་ཅི་ལོག་ཏུ་བྱེད་པའི་བྱེད་པ་གཅིག་ལས་མེད་པས་ཞེས་མཚུངས་སོ། །རོག་ན་རེ་དངོས་པོ་ལ་ལྟ་བ་ལ་སྔར་བྱུང་བས་དང་། ང་རྒྱལ་ལ་དངོས་པོ་ལ་གཅིག་ལས་མ་བྱུང་བས་ལྔ་དང་གཅིག་ཏུ་བཞག་ལ། དེ་ལྟར་འོང་བའི་རྒྱུ་ཡང་བཞིན་གྱི་ཁ་མིག་གི་གྲངས་ལྟར་དངོས་པོའི་ཆེ་བ་ཡིན་ནོ། །ཞེས་ཟེར་བ་ནི་རྒྱུ་མཚན་མ་རྙེད་པར་ཟད་དོ། །དེས་ན་ཟླ་ཅོག་ན་རེ་འདི་དག་དམིགས་རྣམ་གྱིིས་ཐ་དད་དུ་འཇོག་པ་ན་ལྟ་བ་ལ་འཛིན་སྟངས་ཀྱི་རྣམ་པ་ཐ་དད་ལྔ་ཡོད་པས་དང་། ང་རྒྱལ་ལ་བདུན་ཡོད་ཀྱང་འཛིན་སྟངས་ཀྱི་རྣམ་པ་གཅིག་ལས་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འཛིན་སྟངས་ལ་ནི་གཉིས་ཀ་ལའང་ཐ་དད་ཡོད་དོ། །དེས་ན་འདིར་དབྱེ་བ་སྲིད་ཚད་ལ་དབྱེ་བ་བྱེད་པ་ནི་མ་ཡིན་ཏེ། འདོད་ཆགས་དང་མ་རིག་པ་ལ་སོགས་པ་ལའང་ཡོད་པའི་ཕྱིར་རོ། །འོན་ཀྱང་དགོས་པའི་དབང་གིས་ཏེ་མུ་སྟེགས་བྱེད་ལྟ་བ་དེ་དག་ལ་ཡང་དག་པར་རྟོག་སྟེ། དེ་ནི་མ་ཡིན་གྱི་མཐོང་སྤང་ཡིན་ནོ་ཞེས་བསྟན་པའི་ཕྱིར་མདོ་ལས་དེ་ལྟར་དུ་གསུངས་པ་ཡིན་ནོ་ཞེས་གསུངས་སོ། །)
འོ་ན་ལྟ་བ་ལའང་ངེས་པར་རྟོག་པའི་རྣམ་པ་གཅིག་ལས་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་རྣམ་པ་མ་ཡིན་ཏེ། ལྟ་བ་ལ་བདག་དང་བདག་གི་རྟག་ཆད་དང་ཞེས་པ་ལ་སོགས་པ་རྣམ་པའི་དབྱེ་བ་ཡོད་ལ། ང་རྒྱལ་ལ་ནི་རྣམ་པའི་དབྱེ་བ་མེད་དེ། ཐམས་ཅད་ཁེངས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །ཞེས་ཊཱིཀ་བྱེད་དག་འཆད་དོ། །འོ་ན་ང་རྒྱལ་བདུན་དུ་མི་འབྱེད་པར་འགྱུར་རོ་ཞེ་ན། དེ་དག་ནི་ཡུལ་ལ་ལྟོས་པའི་ཡིན་གྱི་རྣམ་པའི་དབྱེ་བ་ནི་མ་ཡིན་ནོ། །ཡང་ཆོས་མངོན་པའི་བསྟན་བཅོས་ལས། ཕྲ་རྒྱས་བཅུ་པོ་དེ་དག་དགུ་བཅུ་རྩ་བརྒྱད་དུའང་འཆད་དེ། ཇི་ལྟར་ཞེ་ན། ཕྲ་རྒྱས་བཅུ་པོ་དེ་དག་འདོད་པའི་ཁམས་ན་ལྟ་བ་དང་པོ་གཉིས་ཀྱང་འབྲས་བསྡུས་ཀྱི་ཉེར་ལེན་གྱི་ཕུང་པོ་ལ་ལོག་པར་འཇུག་པས་སྡུག་བསྔལ་མཐོང་སྤང་བཅུ་པོ་ཐམས་ཅད་དང་། ཀུན་འབྱུང་མཐོང་སྤང་བདུན་དང་། འགོག་པ་མཐོང་སྤང་བདུན་དང་། (འཇིག་མཐར་གཉིས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་དམིགས་པ་ནི་སྡུག་བསྔལ་མཐོང་སྤང་ཁོ་ན་ཡིན་ལ། ཕུང་པོ་དེ་དག་ལ་དག་གྲོལ་ལ་ངེས་འབྱིན་དུ་ལྟ་བའི་ཚུལ་ཁྲིམས་མཆོག་འཛིན་ཡང་བདེན་པ་དང་པོ་ཐ་མ་ལ་དམིགས་པ་ཡོད་ཀྱི་འདི་གཉིས་ལ་མེད་པས་སོ། །)ལམ་མཐོང་སྤོང་ནི་བརྒྱད་ཡིན་ཏེ། དངོས་དང་བརྒྱུད་ནས་ལོག་པར་མི་འཇུག་པས་ཀུན་འབྱུང་དང་འགོག་པ་ལ་ལྟ་བ་དང་པོ་གཉིས་དང་ལྔ་པ་གསུམ་མ་གཏོགས་པའི་ཕྱིར་དང་། ལམ་ལ་ལྟ་བ་དང་པོ་གཉིས་མ་གཏོགས་པའི་ཕྱིར་རོ། །
དེས་ན་ཕྲ་རྒྱས་བཅུ་དང་བདུན་དང་། བདུན་དང་བརྒྱད་པོ་དེ་རྣམས་བདེན་པ་བཞི་སོ་སོ་ལ་དངོས་དང་བརྒྱུད་ནས་ལོག་པར་འཇུག་པས་(སོ་གཉིས་པོ་དག་ནི་)འདོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་སོ་སོའི་རང་མཚན་མཐོང་བས་སྤང་བྱ་དེ་རྣམས་རིམ་པ་བཞིན་དུ་སྤོང་པར་བྱེད་དོ། །(དེ་ལྟར་ན་འཇིག་མཐར་ནི་སྤང་བྱ་རིགས་གཅིག་གི་སྒོ་ཅན་དང་། ལོག་ལྟ་ལྟ་བ་མཆོག་འཛིན་ཐེ་ཚོམ་ནི་བདེན་པ་བཞི་ལ་དམིགས་པས་བཞིའི་དང་། ཚུལ་ཁྲིམས་མཆོག་འཛིན་བདེན་པ་དང་པོ་དང་ཐ་མ་ལ་དམིགས་པས་གཉིས་ཀྱི་སྒོ་ཅན་ཏེ་དེ་དག་ནི་མཐོང་སྤང་ཡིན་ནོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་ནི་མཐོང་སྤང་སྒོམ་སྤང་གཉིས་སུ་འགྱུར་བས་རེས་ལྔ་ལྔར་འགྱུར་རོ། །)དེས་ན་འདོད་པ་ན་ཕྲ་རྒྱས་མཐོང་སྤང་(དེ་དག་ནི་བདེན་པ་མཐོང་བ་ཙམ་གྱིས་སྤོང་པས་མཐོང་སྤང་ཡིན་ནོ། །)ནི་སུམ་ཅུ་རྩ་གཉིས་སོ། །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་བཞི་ནི་བསྒོམ་པས་སྤོང་བར་བྱ་བའང་ཡིན་པས་སྤང་བྱ་རིས་ལྔར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་བཞིའི་ལྷན་སྐྱེས་ནི་བདེན་པ་རྣམས་མཐོང་བ་ཙམ་གྱིས་མི་སྤོང་བའི་ཕྱིར་དང་། ཀུན་བརྟགས་ནི་སྤང་བའི་ཕྱིར་རྣམ་པ་གཉིས་ཀ་ཡིན་ནོ། །ལྟ་བ་ལྔ་དང་ཐེ་ཚོམ་ནི་བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་མཐོང་སྤང་ཁོ་ན་ཡིན་ཏེ། དེ་ལྟར་ན་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ནི་སུམ་ཅུ་རྩ་དྲུག་ཡིན་ནོ། །
གང་དག་འདོད་ཁམས་སུ་བཤད་པ་ལས་ཁོང་ཁྲོ་མ་གཏོགས་པའི་ཉོན་མོངས་པ་དེ་དག་ཉིད་གཟུགས་ཀྱི་ཁམས་ན་ཡོད་ཀྱི་ཁོང་ཁྲོ་ནི་མ་ཡིན་ཏེ། (རྟེན་དང་བས་སྡུག་བསྔལ་གྱིས་ཚོར་བ་མེད་པའི་ཕྱིར་རྒྱས་པའི་གཞི་མེད་པས་དང་)རྒྱུད་ཞི་གནས་ཀྱིས་བརླན་པས་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་མེད་པའི་ཕྱིར་རོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་གསུམ་དང་། བདག་གི་མཛའ་བོ་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་ཞེས་བྱ་བ་གསུམ་དང་། བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་སོ། །འདོགས་པར་འགྱུར་རོ་ཞེས་བྱ་བ་གསུམ་སྟེ་དགུའོ། །དེས་ན་གཟུགས་ན་ནི་མཐོང་སྤང་དང་སྒོམ་སྤང་གི་ཕྲ་རྒྱས་སུམ་ཅུ་རྩ་གཅིག་ཡོད་དེ། ཁོང་ཁྲོ་ལྔ་མ་གཏོགས་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ནའང་གཟུགས་ཀྱི་ཁམས་དེ་དང་འདྲ་བར་སུམ་ཅུ་རྩ་གཅིག་ཡིན་པས་དེ་དག་དགུ་དང་དྲུག་དྲུག་བདུན། ཁོང་ཁྲོ་ལྟ་བ་སུམ་གཉིས་དག། མ་གཏོགས་གཟུགས་ན་སྡུག་བསྔལ་སོགས། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །གསུམ་ནི་བསྒོམས་པས་སྤང་བྱ་ཡིན། །ཞེས་པ་དང་། གཟུགས་མེད་ལའང་སྦྱར་ཏེ་ཤེས་པར་བྱའོ། །
དེ་ལྟར་ན་བྱེ་བྲག་ཏུ་སྨྲ་བ་ལྟར་ན་ཁམས་གསུམ་ན་མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་དང་སྒོམ་སྤང་བཅུ་སྟེ་དགུ་བཅུ་རྩ་བརྒྱད་དུ་འདོད་ལ། དེ་དག་ཁམས་དང་ས་དང་རྣམ་པའི་སྒོ་ནས་ཕྱེ་ན་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་སུ་འགྱུར་རོ། །ཆོས་མངོན་པ་བ་གཞན་དག་ནི་ཕུང་པོ་ལྔ་པ་ལས། ཉོན་མོངས་པ་དེ་ལ་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་ནི་བཅོ་ལྔ་བཅོ་ལྔའོ། །ཁོང་ཁྲོ་ནི་ལྔའོ། །ཐེ་ཚོམ་ནི་བཅུ་གཉིས་སོ། །ལྟ་བ་ནི་སུམ་ཅུ་རྩ་དྲུག་གོ། དེ་དག་ལས་ལྟ་བ་འོག་མ་གསུམ་དང་ཐེ་ཚོམ་ནི་ཀུན་ཏུ་བརྟགས་པའོ། །ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའོ། །ཞེས་འབྱུང་བས་འདོད་ཆགས་ལ་སོགས་པ་བཞི་དང་ལྟ་བ་དང་པོ་གཉིས་ཏེ་དྲུག་ནི་ལྷན་སྐྱེས་སྒོམ་སྤང་དང་ཀུན་བརྟགས་མཐོང་སྤང་ཡིན་པས་གཉིས་ཀ་དང་། ལྟ་བ་ཕྱིི་མ་གསུམ་དང་ཐེ་ཚོམ་ནི་ཀུན་བརྟགས་ཁོ་ན་ཡིན་པའི་ཕྱིར་མཐོང་སྤང་ཉིད་དུ་ངེས་སོ། །ཉོན་མོངས་པ་བཅུ་པོ་དེ་དག་ཀྱང་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་ཁྱད་པར་མེད་པར་ལོག་པར་འཇུག་པའི་ཕྱིར་འདོད་པ་ན་མཐོང་སྤང་བཞི་བཅུ་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པའི་ཕྱིར་སུམ་ཅུ་རྩ་དྲུག་དྲུག་སྟེ། བརྒྱ་དང་བཅུ་གཉིས་དང་། སྒོམ་སྤང་ནི་འདོད་པ་ན་དྲུག་དང་། ཁམས་གོང་མ་གཉིས་ན་ལྔ་ལྔ་སྟེ་བཅུ་དྲུག་ཡིན་ལ། དེ་དག་ཀྱང་(རྣམ་པ་དང་)ཁམས་དང་སའི་སྒོ་ནས་ཕྱེ་ན་བཞི་བརྒྱ་དང་བཅུ་བཞིར་འགྱུར་རོ་ཞེས་ཟེར་རོ། །
རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་འདོད་པའི་སྡུག་བསྔལ་ལ་ནི་བཅུ་པོ་ཐམས་ཅད་ལོག་པར་འཇུག་གོ། བདེན་པ་ཕྱི་མ་གསུམ་ལ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་གཉིས་མ་གཏོགས་པ་བརྒྱད་བརྒྱད་ལོག་པར་འཇུག་གོ། ཁམས་གོང་མ་གཉིས་ཀྱི་བདེན་པ་ལ་ནི་ཁོང་ཁྲོ་མ་གཏོགས་པ་སྔ་མ་བཞིན་དུ་དགུ་དང་བདུན་བདུན་ལོག་པར་འཇུག་གོ་ཞེས་མཐོང་སྤང་འདོད་པ་ན་སུམ་ཅུ་རྩ་བཞི་དང་། གོང་མ་གཉིས་ནི་སུམ་ཅུ་སུམ་ཅུ་སྟེ་དྲིལ་བས་དགུ་བཅུ་རྩ་བཞི་དང་། སྒོམ་སྤང་ནི་འདོད་པའི་ཁོང་ཁྲོ་དང་། ཁམས་གསུམ་གྱི་འདོད་ཆགས་དང་ང་རྒྱལ་དང་མ་རིག་པའོ། །དེ་དག་ལ་ནི་ལམ་མཆོག་ཏུ་གོམས་པས་སྤོང་བས་ན་སྒོམ་སྤང་ཞེས་བྱའོ་ཞེས་འདི་དང་མཐུན་པར་བཤད་དོ། །འདི་དག་ལ་བང་ཏི་ན་རེ་འདིར་བཤད་པ་ནི་བྱེ་བྲག་ཏུ་སྨྲ་བ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བར་བཤད་པ་ནི་མདོ་སྡེ་པ་དང་། ཀུན་ལས་བཏུས་ལས་བཤད་པ་ནི་སེམས་ཙམ་པའི་ལུགས་ཡིན་ནོ་ཞེས་ཟེར་(ལ་ཟླ་ཅོག་གི་ཊཱི་ཀར་ཡང་མཐོང་བས་སྤང་བྱའི་ཕྲ་རྒྱས་ལས། གྲུབ་མཐའ་སྨྲ་བ་གསུམ་གྱིས་ནི། བརྒྱས་ཅུ་བརྒྱད་དང་དགུ་བཅུ་བཞི། །བརྒྱ་རྩ་བཅུ་གཉིས་དགུ་ཅུ་འདོད་ཅེས་འབྱུང་།) མོད་ཀྱི། འོན་ཀྱང་ལུགས་ཕྱི་མ་གཉིས་ནི་རྣམ་པ་འགལ་ཙམ་དང་དངོས་སུ་འགལ་བའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ་ཞེས་མཆིམས་གསུང་ངོ་། །
གལ་ཏེ་མཐོང་སྤང་གི་ཉོན་མོངས་པ་དེ་དག་མཐོང་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་ནམ་ཞེ་ན། ཁྱད་པར་ཡོད་དེ་སྲིད་པའི་རྩེ་མོ་ལས་སྐྱེས་པའི་སྡུག་བསྔལ་མཐོང་སྤང་ལ་སོགས་པའི་ཕྲ་རྒྱས་གང་དག་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་བཞི་ཡིས་གཞོམ་པར་བྱ་བ་དེ་དག་ནི་བདེན་པ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ཏེ། (དེ་དག་ནི་མཐོང་ལམ་ཁོ་ནས་སྤང་བར་ངེས་པའི་ཕྱིར།) ཉིད་ཅེས་བྱ་བ་ནི་(ཁོ་ནའི་)ངེས་པར་གཟུང་བའོ། །འདི་ལྟར་མཐོང་སྤང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་སྤོང་བ་མི་སྲིད་པའི་ཕྱིར་དང་། སྲིད་རྩེ་བའི་མཐོང་སྤང་དེ་ལ་སྤོང་བྱེད་འཇིག་རྟེན་པའི་ལམ་ཡང་མེད་པའི་ཕྱིར་རོ། །སྲིད་རྩེ་ལས་གཞན་པའི་མཐོང་སྤང་ས་ལྷག་མ་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ལས་སྐྱེས་པའི་མཐོང་སྤང་རྣམས་ནི་མཐོང་(ལམ་ཆོས་བཟོད་རྗེས་བཟོད་ཅི་རིག)བ་དང་སྒོམ་པའི་ལམ་གཉིས་ཀྱིས་ཅི་རིགས་པར་སྤོང་སྟེ། འཕགས་པ་རྣམས་ནི་མཐོང་ལམ་དང་། སོ་སོའི་སྐྱེ་བོ་རྣམས་ནི་ས་གོང་མ་ལ་ཞིང་དང་འོག་མ་ལ་རགས་པར་ལྟ་བའི་འཇིག་རྟེན་པའི་སྒོམ་ལམ་གྱིས་ཀྱང་སྤོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ནི་མཐོང་བའི་ལམ་གྱིས་སྤོང་ལ། སོ་སོའི་སྐྱེ་བོ་ནི་སྒོམ་པའི་ལམ་གྱིས་སྤོང་ངོ་ཞེས་གསུངས་སོ། །
ས་ཐམས་ཅད་ནའང་ཕྲ་རྒྱས་བཟོད་པས་གཞོམ་པར་བྱ་བ་མིན་པའི་སྒོམ་སྤང་(དུ་བཤད་པའི་ལྟ་མིན་བཞི་པ།) གང་དག་ཤེས་པས་གཞོམ་པར་བྱ་བ་དེ་དག་ནི་(བདེན་པ་ལ་ལོག་པར་མ་ཞུགས་པའི་སྤང་བྱ་ཡིན་པས་སྐྱེ་འཕགས་གཉིས་ཀས་ཀྱང་)སྒོམ་པའི་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་ཏེ། མཐོང་ལམ་གྱིས་སྒོམ་སྤང་སྤོང་བ་མི་སྲིད་པའི་ཕྱིར་རོ། །སྒོམ་ལམ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀས་ཡིན་ནོ། །དེས་ན་མཐོང་ལམ་ནི་འཇིག་རྟེན་ལས་འདས་པ་ཁོ་ན་ཡིན་ལ། སྒོམ་ལམ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ཡོད་དོ་ཞེས་ཤེས་པར་བྱའོ། །འདི་ལ་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་པ་ལ་སོགས་པ་རྣམས་ན་རེ་སོ་སོ་སྐྱེ་བོ་རྣམས་ཀྱིས་མཐོང་སྤང་སྤོང་བ་ནི་མི་སྲིད་དེ། དེ་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བར་འདོད་པ་ཡིན་ན་མདོ་ལས་འདོད་པ་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་གྱི་སེམས་དང་ལྡན་པའི་བྱིས་པ་སོ་སོའི་སྐྱེ་བོ་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ལ་འདོད་པ་ལ་དམིགས་པའི་ལོག་ལྟ་དང་། རྟག་པར་ལྟ་བ་དང་། ཁ་ཅིག་རྟག་པར་ལྟ་བ་དང་། རྒྱུ་མེད་པར་ལྟ་བ་ལ་སོགས་པ་འབྱུང་བར་གསུངས་པའི་ཕྱིར་དང་། དེ་དག་ཀྱང་འདོད་ཁམས་ཀྱི་མཐོང་སྤང་ཡིན་པའི་ཕྱིར་རོ། །
ཇི་ལྟར་གསུངས་ཤེ་ན། ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས། ཀུན་དགའ་བོ་འདི་ན་ལ་ལ་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བ་སྤོང་པའི་བར་དུ་ཡིན་ལ། འདི་ལའང་མི་དགའ་ཞིང་སོ་སོར་མི་དགའ་ལ་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཕྱི་རོལ་གྱི་མུ་སྟེགས་པ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་། རྫུ་འཕྲུལ་དང་ལྡན་པ་ལྷའི་མིག་དང་ལྡན་པ་གཞན་གྱི་སེམས་ཤེས་པ་གང་ཞིག་གིས་མཐོང་ནས་དེ་འདི་སྙམ་དུ་ལུས་ཀྱིིས་ལེགས་པར་སྤྱད་པ་ཡང་མེད་ལ། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ་སྙམ་དུ་སེམས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའི་ལོག་ལྟ་འདི་ནི་འདོད་ཁམས་ལ་དམིགས་པ་ཡིན་ཏེ། ལས་དེ་དག་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་དང་། དམྱལ་བའང་འདོད་པ་ཁོ་ན་ན་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཚངས་པའི་དྲ་བའི་མདོ་ལས། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་སྟེ། ཀུན་དུ་སྦྱངས་པའི་རྒྱུ་དང་། སྤོང་བའི་རྒྱུ་དང་། བསྒོམས་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ལེགས་པར་ཡིད་ལ་བྱས་པའི་རྒྱུས་སེམས་མཉམ་པར་བཞག་པ་ཇི་ལྟ་བུས་འཇིག་པ་དང་འཆགས་པའི་བསྐལ་པ་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང་། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་འདི་ན་རྟག་པ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་འདི་དག་ཀྱང་བདག་དང་འཇིག་རྟེན་ལ་དམིགས་པས་འདོད་ཁམས་ལ་དམིགས་པ་ཡིན་ནོ། །སྒོམ་སྤང་ས་བོན་འཇིག་རྟེན་པའི་ལམ་གྱིས་སྤོང་བ་ནི་མེད་དེ། ཉོན་མོངས་པའི་མངོན་གྱུར་འདས་པ་ནི་འགགས་པའི་ཕྱིར་དང་། མ་འོངས་པ་མ་སྐྱེས་པའི་ཕྱིར་དང་། ད་ལྟར་བ་དང་གཉེན་པོ་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་དང་། ས་བོན་འཇིག་རྟེན་པའི་ལམ་གྱིས་སྤོང་ན་འདོད་པ་ལས་འདོད་ཆགས་དང་བྲལ་བའི་སོ་སོའི་སྐྱེ་བོ་རྣམས་ལ་ཕྱིས་ཉོན་མོངས་པ་སྐྱེ་བ་དང་། འདོད་པར་སྐྱེ་བ་མི་སྲིད་པར་ཐལ་བའི་ཕྱིར་རོ་ཞེས་ཟེར་རོ། །
དེའི་ཕྱིར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། འཇིག་རྟེན་པའི་ལམ་འབའ་ཞིག་གི་བག་ལ་ཉལ་ཡང་དག་པར་འཇོམས་པ་ནི་མེད་དེ། འཇིག་རྟེན་པ་ནི་འདྲིས་པའི་ཕྱིར་དང་། མཚན་མ་ལ་མངོན་པར་ཞེན་པས་འཇུག་པའི་ཕྱིར་རོ། །དེ་ནི་ཇི་ལྟར་མཚན་མ་ལ་མངོན་པར་ཞེན་པས་འཇུག་པ་དེ་ལྟར་མཚན་མ་རྣམ་པར་འཇིག་པར་མི་འགྱུར་ལ། ཇི་ལྟར་མཚན་མ་རྣམ་པར་འཇིག་པར་མི་འཇུག་པ་དེ་ལྟར་གནས་ངན་ལེན་ཡང་དག་པར་འཇོམས་པར་ཡང་མི་འགྱུར་བས། དེས་ན་དེས་བག་ལ་ཉལ་ཡང་དག་པར་འཇོམས་པ་མེད་དོ་ཞེས་པ་དག་སོ་སོའི་སྐྱེ་བོས་འཇིག་རྟེན་པའི་ལམ་གྱིས་བསམ་གཏན་དང་པོ་ཐོབ་པ་དང་། དང་པོར་སྐྱེས་པ་དེའི་འདོད་པའི་ཉོན་མོངས་ཅན་གྱི་ས་བོན་དེ་དག་ནི་ཉམས་པ་ཡིན་གྱི་ཡང་དག་པར་བཅོམ་པ་ནི་མ་ཡིན་ཏེ། དེ་ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་ནས་ཡང་འདོད་པའི་ཉོན་མོངས་པ་མངོན་དུ་བྱེད་པ་དང་། དང་པོ་ནས་ཤི་ནས་ཡང་འདོད་པར་སྐྱེ་བའི་ཕྱིར་རོ། །དེས་ན་ས་བོན་དེ་ནི་ཞི་གནས་ཀྱིས་རེ་ཞིག་ཉམས་པར་བྱས་པ་ཡིན་ཏེ་དཔེར་ན་ནས་ལ་སོགས་པའི་ས་བོན་རླན་དང་བྲལ་བ་རྣམས་རེ་ཞིག་མི་སྐྱེ་ཡང་ས་བོན་ཉིད་མེད་པ་ནི་མ་ཡིན་པ་བཞིན་ནོ། །འཕགས་པ་ཉན་ཐོས་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པ་ནི་ཉོན་མོངས་པའི་ས་བོན་ཐམས་ཅད་ཡང་དག་པར་བཅོམ་པ་ཡིན་ཏེ་དཔེར་ན་ས་བོན་མེས་བསྲེགས་པས་གཏན་མེད་པ་བཞིན་ནོ་ཞེས་པ་དང་། གཞན་ཡང་དེ་ཉིད་ལས་ས་བོན་ཡང་དག་པར་བཅོམ་པ་དང་། ས་བོན་ཉམས་པ་བཞི་བཤད་དེ། དེ་ལ་ཡང་དག་པར་བཅོམ་པ་ནི་འཕགས་པས་སྤངས་པ་ཡིན་ལ། ཉམས་པ་བཞི་ནི་གཉེན་པོའི་སྒོ་ནས་འདོད་ཡོན་ལ་སེམས་མི་འཇུག་ཅིང་དེས་དེ་ལ་དམིགས་པའི་ཉོན་མོངས་མི་སྐྱེ་བ་ཡོངས་སུ་སྤོང་བས་ཉམས་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་འདོད་པ་ལ་ཉེས་དམིགས་སུ་ལྟ་བ་སུན་འབྱིན་པས་ཉམས་པ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ཞི་གནས་ཀྱིས་ཉམས་པ་དང་། དགྲ་བཅོམ་པའི་དགེ་བ་དང་ལུང་མ་བསྟན་ནི་གྲོགས་ཉོན་མོངས་སྤངས་པས་དེ་དག་གིས་ཕྱི་མར་རྣམ་སྨིན་དང་རང་ཉིད་སྐྱེད་མི་ནུས་པ་གྲོགས་ཡང་དག་པར་བཅོམ་པས་ཉམས་པའོ། །དེ་ལས་འདིར་ནི་ཉམས་པ་གསུམ་པའོ། །
བྱེ་བྲག་ཏུ་སྨྲ་བ་ནི་དཔེར་ན་ལུང་དབྱེན་གྱི་གཞི་ལས། ལྷས་བྱིན་བསྙེན་བཀུར་གྱི་ཟིལ་གྱིས་ནོན་ཏེ་དགེ་སློང་གི་དགེ་འདུན་འཁོར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ཐུགས་ལས་ཆུང་ངུར་བཞུགས་པར་གསོལ་ལོ་སྙམ་དུ་སྡིག་པའི་བསམ་པ་སྐྱེས་པ་དང་རྫུ་འཕྲུལ་ལས་ཉམས་པ་དུས་མཉམ་དུ་བྱུང་བར་བཤད་པ་ལྟར་མདོ་དེ་དག་ནི་བསམ་གཏན་གྱི་སེམས་ཉམས་པ་དང་དུས་མཉམ་དུ་ལྟ་བ་སྐྱེ་བ་ལ་དགོངས་ནས་གསུངས་པའི་ཕྱིར་དང་། ཉོན་མོངས་པའི་ས་བོན་ནི་ཐོབ་པ་ལ་འདོད་ན་དེ་ནི་འཇིག་རྟེན་པའི་ལམ་གྱིས་སྤོང་བ་ཡིན་ཡང་ཕྱིས་ཉོན་མོངས་པ་སྐྱེ་བ་དང་འདོད་པར་སྐྱེ་བ་ནི་འདས་པའི་ཉོན་མོངས་པ་རྫས་སུ་ཡོད་པ་ལས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བར་འདོད་དོ། །
དེ་ལྟར་རྩ་བའི་ཉོན་མོངས་པའི་ཕྲ་རྒྱས་དྲུག་ལས་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་ནི་བཤད་ཟིན་ཅིང་། ཐེ་ཚོམ་ནི་བདེན་པ་དང་ལས་འབྲས་དང་དཀོན་མཆོག་ལ་སོགས་པ་རྣམས་ལ་དམིགས་ནས་རྣམ་པ་ཡིད་གཉིས་ཟ་བའམ་དམིགས་པ་ལ་རྣམ་པ་གཉིས་སུ་འཇུག་པ་དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ཡིན་པར་འཆད་པར་འགྱུར་ལ། ཁོང་ཁྲོ་ནི་ཡུལ་དྲུག་ལ་དམིགས་ནས་རྣམ་པ་སེམས་ཁོང་ནས་འཁྲུག་པ་སྟེ་བདེ་བ་ལ་རེག་པར་མི་གནས་པ་དང་ཉེས་སྤྱོད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ལྟ་བ་ནི་མཐོང་སྤང་ཁོ་ནར་ངེས་ཤིང་རྟོགས་པའི་རང་བཞིན་ཅན་དུ་འདྲ་ཡང་རྣམ་པ་དང་བྱེད་ལས་ཐ་དད་པས་སྔར་མིང་གི་སྒོ་ནས་དབྱེ་བ་ཙམ་ཞིག་བསྟན་གྱི་རང་གི་ངོ་བོ་མ་བསྟན་པས་དེ་དག་གི་རྣམ་པ་དང་ངོ་བོ་ནི་སྤྱིར་ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་(ཉོན་མོངས་ཅན་)ཡིན་མོད་ཀྱི། འོན་ཀྱང་སྤྱི་མིང་བྱེ་བྲག་ལ་བཏགས་ནས་བདག་དང་བདག་གི་བའི་རྣམ་པ་ཅན་ཀྱི་ལྟ་བ་འདི་ནི་དམིགས་ཡུལ་མི་རྟག་པ་དུ་མ་ལ་དམིགས་ཤིང་བདག་དང་བདག་གིར་ལྟ་བ་ཡིན་གྱི། ཕྱི་རོལ་པ་འདོད་པའི་རྟག་པ་གཅིག་པུ་ལ་དམིགས་པ་ནི་མ་ཡིན་པས་མི་རྟག་པ་དུ་མ་ལ་དམིགས་པ་བདག་དང་བདག་གིར་ལྟ་བ་འདི་ཁོ་ན་འཇིག་ཚོགས་ལ་ལྟ་བར་བསྟན་པའི་ཕྱིར་མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་ན་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ལྟ་བ་ཁོ་ནར་ཟད་དོ་ཞེས་འབྱུང་བས་སྐད་ཅིག་རེ་རེ་ལ་འཇིག་ཅིང་རྡུལ་དང་ཆ་དུ་མ་ཚོགས་པའི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་མི་རྟག་པ་དུ་མ་ལ་དམིགས་ནས་རྣམ་ཤེས་ལ་བྱེད་པ་པོའི་བདག་དང་ཕུང་པོ་གཞན་བཞི་ལ་དབང་བསྒྱུར་བྱའི་བདག་གི་བར་ལྟ་བའམ། ཡང་ན་མིང་བཞིའི་ཕུང་པོ་ལ་བདག་དང་གཟུགས་ལ་བདག་གིར་ལྟ་བ་དང་། གང་ལ་བདག་ཏུ་མངོན་པར་བརྟགས་པའི་གཞི་དེ་ཉིད་ལ་དམིགས་ནས་རྟག་པའམ་ཆད་པར་མཐའ་གཅིག་ཏུ་འཛིན་ཅིང་ལྟ་བ་དང་། དམིགས་རྣམ་ལོག་པར་ཞུགས་ཤིང་རྟོག་པ་ཡིན་པས་ལྟ་བ་ཉོན་མོངས་ཅན་ཐམས་ཅད་ལོག་ལྟ་ཡིན་ཞིང་མཐར་འཛིན་གྱི་ཆད་ལྟའི་ཆ་སྐུར་འདེབས་ཡིན་ཀྱང་རྟག་ལྟའི་ཆ་སྐུར་འདེབས་མ་ཡིན་པས་མིང་བཙན་པར་བྱས་ནས་མར་ཐམས་ཅད་དྲི་ང་ཡང་ཆེས་དྲི་བ་ལ་མར་དྲི་ང་ཞེས་བརྗོད་པ་ལྟར་འདི་རིལ་གྱིས་སྐུར་འདེབས་ཡིན་པས་བདེན་བཞི་ཡོད་པ་ལ་མེད་པར་ལྟ་བ་དང་། འགྲེལ་པ་ལས་ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ཞེས་བརྗོད་པར་བྱ་བའི་རིགས་པ་ལས་སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་འབྱུང་བས་ལྟ་བ་དང་པོ་གསུམ་ལ་སོགས་པ་ཟག་བཅས་ཉེར་ལེན་གྱི་ཕུང་པོོ་ལྔ་པོ་འཕགས་པ་རྣམས་ཀྱིས་སྤངས་པས་དམན་པ་རྣམས་ལ་དམིགས་ནས་བདེ་བ་དང་གཙང་བ་ལ་སོགས་པ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པར་ལྟ་བ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་སྐྱེད་བྱེད་ཀྱི་རྒྱུ་དང་། མེ་ལྔ་བསྟེན་པ་དང་ཆུར་འཇུག་པ་དང་གཡང་དུ་མཆོང་བ་ལ་སོགས་པ་མཐོ་རིས་ཀྱི་རྒྱུ་མིན་པ་ལ་རྒྱུར་ལྟ་བ་དང་། འཆལ་ཚུལ་གྱི་གཉེན་པོ་ཚུལ་ཁྲིམས་དང་ཆ་བྱད་དང་ཚུལ་དང་ལུས་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས་ཙམ་དང་གྲངས་ཅན་དང་རྣལ་འབྱོར་གྱི་ཤེས་པ་ལ་སོགས་པ་སྡིག་པའི་དྲི་མ་དག་པ་དང་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་དང་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་ཐར་པའི་ལམ་མིན་པ་ལ་རྒྱུ་དང་ལམ་དེར་ལྟ་བ་རྣམས་ནི་རིམ་པ་ལྟར་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལོག་ལྟ་དང་། ལྟ་བ་མཆོག་འཛིན་དང་། ཕུང་པོ་ལྔ་པ་ལ་སོགས་པ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་གནས་ཕུང་པོ་རྣམས་ལ་དག་པ་ལ་སོགས་པར་འཛིན་པར་བཤད་ཅིང་། འགྲེལ་པ་ལས་ཀྱང་སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་འབྱུང་བས་བརྟུལ་ཞུགས་ཙམ་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་པས་དེ་ཁོ་ན་ལ་མཆོག་ཏུ་འཛིན་པ་ནི་མ་ཡིན་གྱི་ཉེར་ལེན་གྱི་ཕུང་པོ་གཞན་ལ་མཆོག་ཏུ་འཛིན་པའང་ཡིན་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་མཆོག་ཏུ་འཛིན་པ་ཡིན་པས་དེ་ལྟར་ན་དེ་དག་ནི་ལྟ་བ་རྣམ་པ་ལྔ་ཡིན་ནོ། །
ལྟ་བ་ལྔ་པོ་དེ་དག་གི་ལས་ནི་རིམ་པ་ལྟར་ལྟ་བ་ངན་པ་ཐམས་ཅད་ཀྱིི་རྟེན་བྱེད་པ་དང་། དབུ་མའི་ལམ་རྟག་ཆད་དུ་འཛིན་པ་སྤངས་ནས་རྟེན་འབྲེལ་དུ་ཤེས་པའི་བར་དུ་གཅོད་པ་དང་། དགེ་རྩ་གཅོད་ཅིང་མི་དགེ་བ་ལ་དམ་དུ་འཛིན་པའི་རྟེན་བྱེད་པ་དང་། ལྟ་བ་ངན་པ་ལ་ཡོན་ཏན་དུ་འཛིན་པས་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པ་དང་། བབ་པ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ཡིན་པར་གཞུང་གཞན་དག་ལས་བཤད་དོ། །དེ་དག་ལྔར་ངེས་པའི་རྒྱུ་ནི་ཀུན་ལས་བཏུས་ལྟར་ན་དང་པོ་ནི་ཤེས་བྱ་ལ་བདག་དང་བདག་གི་མེད་པ་ལ་དེ་དག་ཏུ་སྒྲོ་འདོགས་པས་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ཡིན་ལ། གཉིས་པ་ནི་དེ་ཉིད་རྟག་ཆད་དུ་འཛིན་པས་ཤེས་བྱའི་ཁྱད་པར་དུ་སྒྲོ་འདོགས་པས་དེ་གཉིས་ནི་ཤེས་བྱ་ལ་སྒྲོ་འདོགས་པའོ། །བཞི་པ་ནི་ལྟ་བ་སྔ་མ་གསུམ་དམན་པ་ལ་མཆོག་ཏུ་སྒྲོ་འདོགས་ལ། ལྔ་པ་ནི་ལྟ་བ་དེ་དག་འདག་པའི་ཐབས་མ་ཡིན་པ་ལ་བདག་པའི་ཐབས་སུ་སྒྲོ་འདོགས་པས་དེ་གཉིས་ནི་ལྟ་བ་ལ་སྒྲོ་འདོགས་པའོ། །གསུམ་པ་ནི་ཕལ་ཆེར་ལ་སྐུར་བ་འདེབས་པ་སྟེ། དེ་ལྟར་སྒྲོ་འདོགས་ཀྱི་ལྟ་བ་བཞི་དང་། སྐུར་འདེབས་ཀྱི་ལྟ་བ་གཅིག་གོ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་ལྟ་བ་ལ་སྒྲོ་སྐུར་གཉིས་སུ་ངེས་ཤིང་། སྒྲོ་འདོགས་ལ་བདག་ཡོད་པར་སྒྲོ་འདོགས་པ་དང་། དེ་ཉིད་ལ་རྟག་མི་རྟག་ཏུ་སྒྲོ་འདོགས་པ་དང་། མངོན་མཐོའི་ཐབས་སུ་སྒྲོ་འདོགས་པ་དང་། ཐར་པའི་ཐབས་སུ་སྒྲོ་འདོགས་པ་བཞིར་ངེས་ལ། སྐུར་འདེབས་ནི་ལོག་ལྟ་ཡིན་པ་ལྔར་ངེས་པར་བཤད་དོ། །དེ་ཡང་ཕལ་ཆེ་བའི་དབང་དུ་བྱས་ཀྱི་མཐར་འཛིན་ལའང་སྐུར་འདེབས་དང་ལོག་ལྟ་ལའང་རྒྱུ་མིན་ལ་རྒྱུར་ལྟ་བའི་སྒྲོ་འདོགས་ཀྱང་ཅུང་ཟད་ཡོད་དོ། །
གལ་ཏེ་དབང་ཕྱུག་ལ་སོགས་པ་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཅིའི་ཕྱིར་ཀུན་འབྱུང་མཐོང་སྤང་མ་ཡིན་ཏེ། རྒྱུ་ནི་ཀུན་འབྱུང་ཡིན་ལ། དེ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་རོ། །དེ་ལྟ་ནའང་སྡུག་བསྔལ་མཐོང་སྤང་ཁོ་ན་མ་ཡིན་པར་འགྱུར་རོ་ཞེ་ན། གང་ཞིག་དབང་ཕྱུག་དང་སྐྱེ་དགུའི་བདག་པོ་ལ་སོགས་པ་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པ་དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ནོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལྟ་བ་དེ་ནི་རྟག་པ་དང་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་པ་ཡིས་རབ་ཏུ་འཇུག་པ་ཡིན་པས་དེའི་ཕྱིར་རོ། །དེས་ན་དེ་ཡང་སྡུག་བསྔལ་མཐོང་སྤང་(དེ་ནི་སྡུག་བསྔལ་མི་རྟག་པ་དང་ཆོས་ཙམ་དུ་མཐོང་བས་སྤོང་བའི་ཕྱིར་)ཁོ་ན་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ལས། གང་དག་སྐྱེས་བུ་གང་ཟག་གང་ཞིག་བ་ལང་གི་ཚུལ་ཁྲིམས་དང་། རི་དྭགས་ཀྱི་ཚུལ་ཁྲིམས་དང་། བྱ་གག་གི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པ་དེ་ནི་དེས་འདག་པར་གྱུར། གྲོལ་བར་འགྱུར་། ངེས་པར་འབྱུང་བར་འགྱུར། བདེ་བ་དང་སྡུག་བསྔ་ལས་རྣམ་པར་འདའ་བར་འགྱུར་ཞིང་། བདེ་བ་དང་སྡུག་བསྔལ་ལས་རྣམ་པར་འདས་པའང་རྗེས་སུ་ཐོབ་པར་འགྱུར་རོ། །ཞེས་དེ་ལྟར་ལྟ་ཞིང་དེ་སྐད་དུ་སྨྲ་བ་ནི་རྒྱུ་མ་ཡིན་པ་ལ་རྒྱུར་ཡིད་ཆེས་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །གལ་ཏེ་བ་ལང་གི་ཚུལ་ཁྲིམས་ལ་སོགས་པ་ལ་མཐོ་རིས་དང་ཐར་པའི་རྒྱུར་ལྟ་བ་དེ་རྟག་བདག་གིས་བྱས་པ་མ་ཡིན་པའི་ཕྱིར་ཀུན་འབྱུང་མཐོང་སྤང་ཁོ་ནར་འགྱུར་རོ་ཞེ་ན། བ་ལང་གི་ཚུལ་ཁྲིམས་ལ་སོགས་པ་ནི་ཟག་བཅས་ཀྱི་ཕུང་པོ་སྡུག་བསྔལ་གྱི་བདེན་པ་ཡིན་ལ་དེས་འདག་པ་དང་རྒྱུར་ལྟ་བས་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བས་ལན་འདེབས་མོད་ཀྱི། དེ་ལྟ་ན་ཟག་བཅས་ལ་དམིགས་པའི་མཐོང་སྤང་དང་སྒོམ་སྤང་ཐམས་ཅད་ཀྱང་སྡུག་བསྔལ་མཐོང་སྤང་དུ་འགྱུར་ཏེ། སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་རོ། །
གཞན་ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལམ་མཐོང་སྤང་ཡང་མེད་པར་འགྱུར་ཏེ། དེ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ལ། དེ་ཡང་སྡུག་བསྔལ་མཐོང་སྤང་ཁོ་ནར་ཁས་བླངས་པའི་ཕྱིར་དང་། བསྟན་བཅོས་ལས་ཀྱང་བ་ལང་གི་ཚུལ་ཁྲིམས་ལ་སོགས་པས་དག་པ་ལ་སོགས་པར་ལྟ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི་རྒྱུ་མ་ཡིན་པ་རྒྱུར་ཡིད་ཆེས་པས་སྡུག་བསྔལ་མཐོང་སྤང་དུ་བཤད་པའི་ཕྱིར་རོ། །གལ་ཏེ་ལམ་མཐོང་སྤང་ལ་དམིགས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི་ལམ་མཐོང་སྤང་ཡིན་ནོ་ཞེ་ན། དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་ཏེ། འདི་ལྟར་ལམ་མཐོང་སྤང་ལོག་ལྟ་ལ་སོགས་པ་ཕྲ་རྒྱས་བརྒྱད་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་དམིགས་པ་ཡིན་ཞིང་བརྒྱད་པོ་དེ་དག་ཀྱང་ཟག་བཅས་ཡིན་པས་སྡུག་བསྔལ་གྱི་བདེན་པས་བསྡུས་ལ་དེ་དག་དེ་ལ་ལོག་པར་ཞུགས་པའི་ཕྱིར་རོ། །གཞན་ཡང་ལམ་གྱི་བདེན་པ་ལ་དམིགས་པའི་མཐོང་སྤང་ནི་ལོག་ལྟ་དང་ཐེ་ཚོམ་ཡིན་ན་ལམ་མེད་དོ་ཞེས་སྐུར་བ་འདེབས་པ་དང་ཐེ་ཚོམ་ཟ་བ་དེ་ཇི་ལྟར་ལམ་མེད་དོ་ཞེས་ལོག་པར་ལྟ་བ་དང་ཐེ་ཚོམ་ཟ་བ་ཙམ་གྱིས་ཐར་པར་ལྟ་བར་འགྱུར་ཏེ། ཐར་པ་དང་དེའི་ལམ་ལ་སྐར་པ་དང་ཐེ་ཚོམ་ཟ་བ་ཙམ་ཁོ་ནས་འདག་པར་ཡིད་ཆེས་པ་ནི་སུ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་པའི་ལམ་འདི་ནི་ཐར་པའི་རྒྱུ་མ་ཡིན་གྱི་གྲངས་ཅན་པ་ལ་སོགས་པས་བརྟགས་པའི་ལམ་གཞན་གྱིས་དག་པ་ཡིན་ནོ་ཞེས་ལྟ་བ་ཡིན་ནོ་ཞེ་ན། དེ་ཡང་སྡུག་བསྔལ་ལ་སོགས་པར་ཞུགས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་གཞན་པའི་ལམ་ནི་ཐར་པའི་ལམ་མ་ཡིན་པས་ཟག་བཅས་ཡིན་པའི་ཕྱིར་རོ། །ཡང་ན་གྲངས་ཅན་ལ་སོགས་པས་བརྟགས་པའི་ལམ་གཞན་དེ་ཁོ་ནས་དག་པར་ཡིད་ཆེས་པ་དེ་ནི་ལོག་ལྟ་དང་ཐེ་ཚོམ་མ་ཡིན་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཡིན་ལ། དེ་ནི་གྲངས་ཅན་ལ་སོགས་པའི་ལམ་གཞན་དེ་ཁོ་ནས་དག་པར་ཡིད་ཆེས་པས་ལམ་དེ་ཁོ་ན་ལ་དམིགས་པ་ཡིན་གྱིི་ལམ་མཐོང་སྤང་ལ་དམིགས་པར་ནི་མི་འགྲུབ་བོ་ཞེས་སློབ་དཔོན་རྒྱལ་པོའི་སྲས་འཆད་དོ། །གཞན་ཡང་ཀུན་འབྱུང་དང་འགོག་པ་མཐོང་སྤང་ལ་དམིགས་པའི་ལོག་ལྟ་དང་ཐེ་ཚོམ་གྱིས་ཀྱང་དག་པ་དང་གྲོལ་བར་ལྟ་བར་འགྱུར་ཏེ། ལམ་ལ་དམིགས་པའི་དེ་གཉིས་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན་ཀུན་འབྱུང་དང་འགོག་པ་མཐོང་སྤང་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཡང་ཡོད་པར་འགྱུར་ལ། དེ་ལྟ་ནའང་དེ་དག་བདུན་བདུན་ཞེས་འདོད་པ་དང་འགལ་ལོ་ཞེས་སློབ་དཔོན་གྱིས་བརྗོད་དེ། རང་གི་བཞེད་པ་ནི་མ་བཀོད་མོད་ཀྱི་རྣལ་འབྱོར་སྤྱོད་པ་པའི་ལུགས་ཉིད་བཞེད་པ་ཡིན་ཏེ་དེ་ནི་གོང་དུ་བརྗོད་ཟིན་པ་ཉིད་དོ། །
འོ་ན་རྟག་བདག་ཕྱིན་ཅི་ལོག་པ་ཡིས་ཞེས་བཤད་ན་ཕྱིན་ཅི་ལོག་དེ་གཉིས་ཁོ་ནར་ངེས་སམ་ཞེ་ན། མ་ངེས་ཏེ། མདོ་ལས། མི་རྟག་པ་ལ་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བ་དང་། བདག་མེད་པ་ལ་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་ཅེས་ཕྱིན་ཅི་ལོག་བཅུ་གཉིས་ཀྱང་གསུངས་པའི་ཕྱིར་རོ། །དེ་དག་གི་རང་བཞིན་ཅི་ཞེ་ན། མཐར་འཛིན་པར་ལྟ་བ་ལ་སོགས་པ་ལྟ་བ་བྱེད་དང་། གསུམ་ལས་ནི་དེ་གསུམ་གྱི་ངོ་བོ་ཡིན་པས་མི་རྟག་པ་ལ་རྟག་པར་ལྟ་བ་ལ་སོགས་པ་ཕྱིན་ཅི་ལོག་བཞི་ཚན་དུ་བཞག་སྟེ། དེ་ལ་མཐར་འཛིན་པར་ལྟ་བའི་རྟག་ལྟའི་ཆ་ལས་རྟག་པར་ཕྱིན་ཅི་ལོག་དང་། ལྟ་བ་མཆོག་ཏུ་འཛིན་པ་ལས་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་དང་། འཇིག་ཚོགས་ལ་ལྟ་བའི་བདག་ཏུ་ལྟ་བའི་ཆ་ལས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་བཞག་གོ། གཞན་དག་ན་རེ་འཇིག་ཚོགས་ལ་ལྟ་བའི་བདག་ཏུ་ལྟ་བ་དང་བདག་གིར་ལྟ་བ་ཐམས་ཅད་བདག་ཏུ་ཕྱིན་ཅི་ལོག་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་དེ་དག་ཕྱིན་ཅི་ལོག་ཏུ་གཞག་(ལ་ཉོན་མོངས་གཞན་དག་མ་གཞག)ཅེ་ན། དམིགས་པ་ལ་གཅིག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པའི་ཕྱིིར་དང་། སྒྲོ་འདོགས་པ་གསུམ་དང་ལྡན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་བཤད་པ་ལ་མཐར་འཛིན་པར་ལྟ་བའི་ཆད་ལྟ་དང་ལོག་ལྟ་ནི་སྐུར་འདེབས་ཡིན་པའི་ཕྱིར་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི་དེ་ཙམ་གྱིས་ཀྱང་ཅུང་ཟད་དག་གྲོལ་དུ་འགྱུར་བས་མཐའ་གཅིག་ཏུ་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་གཞན་དག་ལ་ནི་ངེས་པར་རྟོག་པ་མེད་པའི་ཕྱིར་ཕྱིན་ཅི་ལོག་ཏུ་མ་བཤད་དོ། །སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ནི་ལྟ་བ་བཞི་པོ་དེ་དག་དང་མཚུངས་པར་ལྡན་པའི་དབང་གིས་ཕྱིན་ཅི་ལོག་ཏུ་འགྱུར་བས་དེར་གཞག་གོ། འོ་ན་ཚོར་བ་ཕྱིན་ཅི་ལོག་ལ་སོགས་པར་ཡང་འགྱུར་རོ་ཞེ་ན། དེ་སྐད་དུ་འཇིག་རྟེན་ན་མ་གྲགས་པའི་ཕྱིར་མ་བཤད་དེ་སྔ་མ་གཉིས་ནི་གྲགས་པའི་ཕྱིར་རོ། །
འདི་ལ་བྱེ་བྲག་ཏུ་སྨྲ་བ་ནི་ཕྱིན་ཅི་ལོག་དེ་དག་ཐམས་ཅད་ཀྱང་མཐོང་སྤང་ཡིན་ཏེ། དང་པོ་བཞི་ལྟ་བའི་རང་བཞིན་ཡིན་པའི་ཕྱིར་དང་། འདུ་ཤེས་དང་སེམས་ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིར་དང་། མདོ་ལས་ཀྱང་། འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་ནས། དེའི་ཚེ་དེའི་མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱས་པར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །སྡེ་པ་གཞན་དག་ནི་འཕགས་པ་རྒྱུན་དུ་ཞུགས་པ་རྣམས་ལའང་འདོད་ཆགས་སྐྱེ་བར་གསུངས་པའི་ཕྱིར་དང་། འདོད་ཆགས་དེ་ཡང་སྡུག་བསྔལ་བ་ལ་བདེ་བར་ལྟ་བ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་མེད་ན་མི་འབྱུང་བའི་ཕྱིར་ལྟ་བ་བཞི་ག་དང་མི་རྟག་པ་ལ་རྟག་པར་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་གཉིས་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་གཉིས་ཏེ་བརྒྱད་ནི་མཐོང་སྤང་ཡིན་ལ། སྡུག་བསྔལ་བ་ལ་བདེ་བ་དང་མི་གཙང་བ་ལ་གཙང་བར་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བཞི་ནི་སྒོམ་སྤང་ཡིན་ནོ་ཞེས་ཟེར་རོ། །
བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ལྟ་བས་ཀུན་ནས་བསླང་བའི་འདུ་ཤེས་དང་སེམས་ཁོ་ན་ཕྱིན་ཅི་ལོག་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །འཕགས་པ་ལ་འདོད་ཆགས་སྐྱེ་བ་ནི་འགལ་མེ་ལ་འཁོར་ལོ་དང་། རི་མོའི་གཟུགས་ལ་གནོད་སྦྱིན་དུ་འཁྲུལ་བ་ལྟར་རྐྱེན་གྱི་སྟོབས་ཀྱིས་ཡུད་ཙམ་འཁྲུལ་པ་ཡིན་གྱི་ཕྱིན་ཅི་ལོག་མ་ཡིན་ནོ། །གལ་ཏེ་དེ་ཙམ་གྱིས་ཕྱིན་ཅི་ལོག་ཏུ་འདོད་ན་འཕགས་པ་ལ་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ཀྱང་ཡོད་པར་འགྱུར་ཏེ། བུད་མེད་དང་རང་ཉིད་ལ་སེམས་ཅན་གྱི་འདུ་ཤེས་མེད་པར་འདོད་པའི་འདོད་ཆགས་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །གྲུབ་མཐའ་འཛིན་པ་སྔ་མ་གཉིས་ལས་གཞན་དག་ནི་འཕགས་པ་ངག་གི་དབང་ཕྱུག་ཅེས་བྱ་བ་རྒྱུན་དུ་ཞུགས་པ་ཞིག་གིས་གནས་བརྟན་ཀུན་དགའ་བོ་ལ། འདོད་པའི་ཆགས་པས་ཟིལ་ནོན་ཕྱིར། །བདག་གི་སེམས་ནི་གདུང་བར་འགྱུར། །གཽ་ཏམ་ཁྱོད་ཀྱིས་ཐུགས་བརྩེའི་ཕྱིར། །ཞི་བ་མཆོག་ནི་བཤད་དུ་གསོལ་ཞེས་ཞུས་པའི་ལན་དུ་འཕགས་པ་ཀུན་དགའ་བོས། །འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུང་། །དེ་ཕྱིར་འདོད་ཆགས་ལྡན་པ་ཡི། །རྒྱུ་མཚན་སྡུག་པ་སྤོང་བར་གྱིས་ཞེས་གསུངས་པའི་ཕྱིར་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་བརྒྱད་ཀ་སྒོམ་སྤང་ཡིན་ལ་ལྟ་བ་ཕྱིན་ཅི་ལོག་བཞི་ནི་མཐོང་སྤང་ཡིན་ནོ་ཞེས་ཟེར་རོ། །ལྟ་བ་ལ་དབྱེ་བ་ཡོད་པར་མ་ཟད་ང་རྒྱལ་ཡང་(ཡུལ་གྱི་སྒོ་ནས།) རྣམ་པ་བདུན་ཡིན་ནོ། །གང་ཞེ་ན། སེམས་ཁེངས་པ་ནི་ང་རྒྱལ་སྤྱིའི་མཚན་ཉིད་ཡིན་ལ་རྣམ་པའམ་ཡུལ་གྱི་བྱེ་བྲག་ལས་ནི་ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པའམ་མཉམ་པ་དང་མཉམ་མོ་སྙན་ནས་སེམས་ཁེངས་པའི་ང་རྒྱལ་དང་། མཉམ་པ་བས་བདག་ཁྱད་པར་དུ་འཕགས་པའམ་མཆོག་དང་མཉམ་མོ་སྙམ་པ་ལྷག་པའི་ང་རྒྱལ་དང་། ཁྱད་པར་དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ཉེར་ལེན་གྱི་ཕུང་པོ་ལྔ་ལ་བདག་གམ་བདག་གིར་སེམས་ཁེངས་པ་ངའོ་སྙམ་པའི་ང་རྒྱལ་དང་། བསམ་གཏན་ལ་བརྟེན་པའི་ཟག་བཅས་ཟག་མེད་ཀྱི་ཡོན་ཏན་མ་ཐོབ་པ་ལ་ཐོབ་པར་རློམ་པ་མངོན་པའི་ང་རྒྱལ་དང་། ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་དམན་ནོ་སྙམ་དུ་སེམས་ཁེངས་པ་ཅུང་ཟད་སྙམ་པའི་ང་རྒྱལ་དང་། གསོད་པ་ལ་དཔའ་བ་ལ་སོགས་པ་ཡོན་ཏན་མ་ཡིན་པ་ལ་ཡོན་ཏན་དུ་ལྟ་བས་སེམས་ཁེངས་པ་ལོག་པའི་ང་རྒྱལ་དང་། འོ་ན་མངོན་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལ་ཁྱད་པར་ཅི་ཡོད་ཅེ་ན། མངོན་པའི་ང་རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་དང་འདྲ་བའི་ཡོན་ཏན་ཐོབ་པའི་བསམ་པ་ཡིན་པས་གཞི་དང་བཅས་པ་ཡིན་ལ། ལོག་པའི་ང་རྒྱལ་ནི་ཡོན་ཏན་མེད་པ་ལ་བདག་ནི་ཡོན་ཏན་དང་ལྡན་ནོ་སྙམ་པ་ཡིན་པས་གཞི་མེད་པ་ཡིན་ནོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །ཡང་ན་དང་པོ་ནི་ས་གོང་མའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་ཉམ་དུ་སེམས་ཁེངས་པ་ཡིན་ལ། གཉིས་པ་ནི་རང་སའི་ཡོན་ཏན་དང་མི་ལྡན་པ་ལ་ལྡན་ནོ་སྙམ་དུ་སེམས་ཁེངས་པ་ཡིན་ནོ་ཞེས་ཁ་ཅིག་འཆད་དོ། །བྱེ་བཤད་ལས་ཀྱང་ང་རྒྱལ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པའི་མཚན་ཉིད་ཅན་དུ་ཁྱད་པར་མེད་ཀྱང་སེམས་ཁེངས་པའི་རྒྱུའི་བྱེ་བྲག་གིས་རྣམ་པ་བདུན་དུ་འགྱུར་ལ། ལས་ནི་བླ་མ་དང་གང་ཟག་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་ལུས་ངག་གི་སྲི་ཞུ་མེད་པའི་མ་གུས་པ་དང་། མ་གུས་པས་གདམས་ངག་མ་ཐོབ་པས་ཡང་སྲིད་འབྱུང་བས་ན་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའོ་ཞེས་བཤད་དོ། །
འོ་ན་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། (གཞན་ལ་ལྟོས་ནས་བདག་ལ་སྒྲུབ་པར་རློམ་པ།) བདག་མཆོག་ཡིན་ནོ། །བདག་དང་འདྲའོ། །བདག་དམན་ནོ། །(ཞེས་པ་གསུམ་དང་བདག་ལ་ལྟོས་ནས་གཞན་ལ་སྒྲུབ་པར་རློམ་པ་)བདག་པས་མཆོག་ཡོད་དོ། །བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ། །(ཞེས་པ་གསུམ་དང་བདག་ལ་ལྟོས་ན་གཞན་ལ་དགག་པར་རློམ་པ།) བདག་བས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་སྙམ་པ་ང་རྒྱལ་གྱི་རྣམ་པ་ཞེས་(པ་གསུམ་སྟེ་)ང་རྒྱལ་གྱི་རྣམ་པ་དགུ་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ལས་ང་རྒྱལ་རྣམ་པ་དགུ་གསུངས་པ་ནི་འདིར་བཤད་པའི་ལྟ་བ་ལ་རྟེན་པའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་རྣམ་པ་གསུམ་པོ་དག་གི་ནང་དུ་འདུ་བར་འགྱུར་ཏེ། ཐོག་མར་ངའོ་སྙམ་དུ་བདག་ལྟ་འབྱུང་ལ། དེ་ནས་ང་རྒྱལ་འབྱུང་བས་ན་ལྟ་བ་ལ་རྟེན་པའི་ང་རྒྱལ་ཞེས་བྱའོ། །འདི་ལྟར་རང་དང་མཉམ་པ་ལ་དམིགས་ནས་བདག་མཆོག་ཡིན་ནོ་སྙམ་པ་ནི་ལྷག་པའི་ང་རྒྱལ་ལོ། །བདག་དང་འདྲའོ་སྙམ་པ་ནི་ང་རྒྱལ་ལོ། །རང་བས་མཆོག་ལ་དམིགས་ནས་བདག་དམན་ནོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །མཆོག་ལ་དམིགས་ནས་བདག་པས་མཆོག་ཡོད་དོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །མཉམ་པ་ལ་དམིགས་ནས་བདག་དང་མཉམ་པ་ཡོད་དོ་སྙམ་པ་ནི་ང་རྒྱལ་ལོ། །མཉམ་པ་ལ་དམིགས་ནས་བདག་དང་མཉམ་པ་ཡོད་དོ་སྙམ་པ་ནི་ལྷག་པའི་ང་རྒྱལ་ལོ། །རང་བས་དམན་པ་ལ་དམིགས་ནས་བདག་པས་མཆོག་མེད་དོ་ཞེས་བྱ་བ་ནི་ང་རྒྱལ་ལོ། །མཉམ་པ་ལ་དམིགས་ནས་བདག་དང་མཉམ་པ་མེད་དོ་ཞེས་བྱ་བ་ནི་ལྷག་པའི་ང་རྒྱལ་ལོ། །མཆོག་ལ་དམིགས་ནས་བདག་པས་དམན་པ་མེད་དོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །གལ་ཏེ་ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་དམན་ནི་སྙམ་པ་ནི་ཁེངས་པའི་གནས་ཡིན་པས་ཅུང་ཟད་སྙམ་པའི་ང་རྒྱལ་དུ་རིགས་ན་བདག་པས་དམན་པ་མེད་དོ་སྙམ་པ་འདི་ཇི་ལྟར་ང་རྒྱལ་ཡིན་ཞེ་ན། ཚོགས་པ་འདི་ན་བདག་པས་དམན་པ་མེད་མོད་ཀྱི་འོན་ཀྱང་བདག་ཀྱང་བཟང་ངོ་ཞེས་ཁེངས་པ་ཡིན་པའི་ཕྱིར་རོ། །འདི་ནི་ཡེ་ཤེས་ལ་འཇུག་པ་ལས་བཤད་པ་སྟེ། རབ་ཏུ་བྱེད་པའི་རྐང་པ་ལས་ནི་བདག་མཆོག་ཡིན་ནོ་སྙམ་པ་འདི་ནི་དམན་པ་ལ་ལྟོས་ནས་ང་རྒྱལ་དང་། མཉམ་པ་ལ་ལྟོས་ནས་ལྷག་པའི་ང་རྒྱལ་དང་ཁྱད་པར་དུ་འཕགས་པ་ལ་ལྟོས་ནས་ང་རྒྱལ་ལས་ཀྱང་ང་རྒྱལ་ཡིན་ནོ་ཞེས་བྱ་བ་བཤད་དེ། གསུམ་པོ་དེ་དག་གི་མཚན་ཉིད་ཚང་བའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་རྣམས་ལའང་ཅི་རིགས་པར་ཤེས་པར་བྱའོ། །(འདིར་ང་རྒྱལ་བདུན་གཅིག་ཏུ་བསྡུས་པ་ནི་སེམས་ཁེངས་ནས་ཡུལ་ལ་རྟོགས་པར་མཚུངས་པས་གཅིག་ཏུ་བཞག་ལ། ལྟ་བ་ལ་རྟོག་ཚུལ་མི་འདྲ་བ་ལྔ་ཡོད་པས་ལྔར་དབྱེ་བའོ། །ཡང་ཁ་ཅིག་ངའོ་སྙམ་པ་དང་ལོག་པའི་ང་རྒྱལ་ནི་མཐོང་སྤང་ཡིན་ལ། གཞན་ལྔ་སྒོམ་སྤང་དུ་འདོད་པ་ཡོད་པས་དེ་བསལ་བའི་དོན་དུ།) སྔར་བཤད་པའི་ང་རྒྱལ་བདུན་པོ་དེ་དག་ཐམས་ཅད་ཀྱང་མཐོང་བ་དང་སྒོམ་པས་ཟད་པར་བྱ་བ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་སྒོམ་སྤང་དང་། ཀུན་ཏུ་བརྟགས་པ་ནི་མཐོང་སྤང་ཡིན་པའི་ཕྱིར་རམ། ཡང་ན་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐས་མཐོང་སྤང་ལ་དམིགས་པ་ནི་མཐོང་སྤང་ཡིན་ལ། སྒོམ་སྤང་ལ་དམིགས་པ་ནི་སྒོམ་སྤང་ཡིན་པའི་ཕྱིར་རོ། །
ཅི་འཕགས་པ་རྣམས་སྒོམ་སྤང་མ་སྤངས་པ་གང་ཡིན་པ་དེ་སྦྱོད་དམ་ཞེ་ན། དེས་ངེས་པ་མེད་དེ། (དད་སོགས་ཟག་བཅས་དང་གཉིད་དང་མིག་སོགས་དབང་པོ་དང་སྡུག་བསྔལ་གྱི་དབང་པོ་རྣམས་མ་སྤངས་ཀྱང་སྤྱོད་ལ་)བསྒོམ་པས་སྤང་བར་བྱ་བ་ནི་གསོད་པ་དང་སོགས་(པ་ལུས་ངག་གི་ཉེས་སྤྱོད་བདུན་)པས་བསྡུས་པ་མ་བྱིན་པར་ལེན་པ་ལ་སོགས་པའི་མི་དགེ་བ་ལུས་ངག་གི་ལས་གང་དག་ཡིན་པ་ཉོན་མོངས་པ་ཀུན་ནས་དཀྲིས་པ་རྣམས་ཀྱིས་བསླང་བ་བདུན་པོ་དེ་དག་ཀྱང་ཡིན་ཏེ། དེ་དག་སྒོམ་སྤང་གི་ཆོས་གཟུགས་ཅན་ཁོ་ན་ལ་དམིགས་པའི་ཕྱིར་རོ། །(དེ་དག་ནི་མི་སྤངས་ཀྱང་མི་སྤྱོད་དེ་རྒྱས་བྱེད་ལོག་ལྟ་སྤངས་པའི་ཕྱིར་རྐེད་པ་བཅག་ན་ལངས་མི་ཤེས་པ་བཞིན།) འོ་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ཀྱང་སྒོམ་སྤང་ཉེར་ལེན་གྱི་ཕུང་པོ་ཟག་བཅས་ལ་དམིགས་པའི་ཕྱིར་སྒོམ་སྤང་དུ་འགྱུར་རོ་ཞེ་ན། སྒོམ་སྤང་ཁོ་ན་ལ་དམིགས་པ་རྣམས་སྒོམ་སྤང་ཡིན་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ནི་སྒོམ་སྤང་ལའང་དམིགས་པར་བྱེད་མོད་ཀྱི་སྒོམ་སྤང་ཁོ་ན་ལ་ནི་དམིགས་པ་མ་ཡིན་པས་སྒོམ་སྤང་མ་ཡིན་ནོ་ཞེས་ཊཱིཀ་ལས་འཆད་དོ། །ཇི་ལྟར་གསོད་པ་ལ་སོགས་པ་སྒོམ་སྤང་ཡིན་པ་དེ་བཞིན་དུ་འཇིག་པ་ལ་སྲེད་པ་དང་སྐྱེ་བ་ལ་སྲེད་པའང་ཡིན་ནོ། །དེ་ལ་འཇིག་པ་ལ་སྲེད་པ་ནི་ཁམས་གསུམ་པའི་བདག་མེད་པར་གྱུར་ཀྱང་ཅི་མ་རུང་སྙམ་དུ་མི་རྟག་པ་དོན་དུ་གཉེར་བའོ། །(དེ་འཕགས་པ་ལ་མི་འབྱུང་སྟེ་ལོག་ལྟ་སྤངས་པས་སོ། །)སྐྱེ་བ་ལ་སྲེད་པ་ནི་བདག་དབང་པོ་དང་ལུས་ངན་པོ་ལ་སོགས་པར་སྐྱེས་ན་ཅི་མ་རུང་སྙམ་དུ་ཁམས་གསུམ་དུ་སྐྱེ་བར་སྨོན་པའོ། །(དེ་འཕགས་པ་ལ་མི་འབྱུང་སྟེ་རྟག་ལྟ་སྤངས་པས་སོ། །)འགྲེལ་པ་ལས་ནི་དེ་བཞིན་ཞེས་བྱ་བའི་སྒྲས་ནི་སྐྱེ་བའི་སྲིད་པའི་ཕྱོགས་བདག་ནི་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུར་གྱུར་ཀྱང་ཅི་མ་རུང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གཟུང་ངོ་ཞེས་བཤད་དོ། །
དེ་དག་སྒོམ་སྤང་ཡིན་ཀྱང་འཕགས་པ་རྣམས་ལ་མི་འབྱུང་ངོ་ཞེས་འབྲེལ་ལོ། །གང་མི་འབྱུང་ཞེ་ན། ངའོ་སྙམ་པའི་ང་རྒྱལ་དང་ང་རྒྱལ་གྱི་རྣམ་པ་དགུ་པོ་སྒོམ་སྤང་གི་ཕྱོགས་ལ་སོགས་པའོ་ཞེས་སྦྱར་རོ། །སོགས་པས་ནི་གསོད་པ་ནས་འཇིག་པ་དང་སྐྱེ་བའི་སྲིད་པའི་བར་གཟུང་ངོ་། །ཅིའི་ཕྱིར་དེ་དག་མ་སྤངས་ཀྱང་འཕགས་པ་ལ་མི་འབྱུང་ཞེ་ན། སྒོམ་སྤང་དེ་དག་ནི་ལྟ་བ་སྔོན་དུ་འགྲོ་བའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར་དང་། ཀུན་ནས་སློང་ཞིང་གསོས་འདེབས་བྱེད་ཀྱི་ལྟ་བ་རྣམས་ཀྱང་བདེན་པ་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་རྐེད་པ་བཅག་པའི་མིས་ལྡང་མི་ནུས་པ་བཞིན་ནོ། །འདི་ལྟར་གསོད་པ་ལ་སོགས་པ་ནི་ལས་འབྲས་མེད་པར་ལྟ་བའི་ལོག་ལྟས་རྒྱས་པར་འགྱུར་བའི་ཕྱིར་དང་། ང་རྒྱལ་གྱི་རྣམ་པ་དགུ་པོ་དང་། ངའོ་སྙམ་པའི་ང་རྒྱལ་སྒོམ་སྤང་གི་ཕྱོགས་ཀྱིས་བསྡུས་པ་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བས་གསོས་འདེབས་ཤིང་རྒྱས་པར་འགྱུར་བའི་ཕྱིར་དང་། འཇིག་པའི་སྲེད་པ་ནི་མཐར་འཛིན་པར་ལྟ་བའི་ཆད་ལྟས་རྒྱས་པར་འགྱུར་བའི་ཕྱིར་དང་། སྐྱེ་བའི་སྲེད་པ་ནི་མཐར་འཛིན་པར་ལྟ་བའི་རྟག་ལྟས་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་མི་དགེ་བའི་བདག་ཉིད་ཀྱི་འགྱོད་པའང་ངན་པར་བྱས་པ་སྒོམ་སྤང་ལུས་ངག་གི་ལས་ལ་དམིགས་པས་སྒོམ་སྤང་ཡིན་ཀྱང་དེ་ནི་ཐེ་ཚོམ་ལས་འགྱོད་ཅེས་འབྱུང་བས་ཐེ་ཚོམ་གྱིས་ཀུན་ནས་བསླང་བའི་ཕྱིར་དང་། ཀུན་ནས་སློང་བྱེད་ཐེ་ཚོམ་དེ་ཡང་བདེན་པ་མཐོང་བ་ཙམ་གྱིས་སྤངས་པའི་ཕྱིར་འཕགས་པ་ལ་འབྱུང་བ་མ་ཡིན་ནོ། །ཁ་ཅིག་སྤངས་ཀྱང་འཕགས་པ་རྣམས་ཀུན་དུ་སྤྱོད་པའང་ཡོད་དེ། འཇིག་རྟེན་པའི་དད་པ་དང་གཉིད་དང་སྡུག་བསྔལ་གྱི་དབང་པོ་དང་མིག་ལ་སོགས་པ་རྣམས་འདོད་པར་སྐྱེས་པའི་འཕགས་པ་རྣམས་ལ་འབྱུང་བའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །
ཕྲ་རྒྱས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་བཤད་པ།
གཉིས་པ་ཕྲ་རྒྱས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་བཤད་པ་ལ་ཀུན་འགྲོ་དང་ཀུན་འགྲོ་མ་ཡིན་པ་དང་། ཟག་བཅས་ཟག་མེད་ལ་དམིགས་པ་དང་། རྒྱས་པ་དང་མི་རྒྱས་པ་དང་། མི་དགེ་བ་དང་ལུང་མ་བསྟན་གྱིི་དབྱེ་བ་དང་། མི་དགེ་བ་དང་ལུང་མ་བསྟན་གྱི་རྩ་བ་བཤད་པ་དང་། ལྡན་པའི་ཚུལ་དང་། ཆོས་དུའི་ཡུལ་ཅན་ཡིན་པ་དང་། གོ་རིམ་དང་། སྐྱེ་བའི་རྒྱུ་དང་། ཟག་པ་ལ་སོགས་པ་མདོ་ལས་གསུངས་པའི་རྣམ་པའི་དབྱེ་བ་བཤད་པ་བཅུ་ལས་དང་པོ་ནི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་དུ་ནི་ཀུན་དུ་འགྲོ་བ་ཡིན་དུ་ནི་མ་ཡིན་ཞེ་ན་ཞེས་བྱ་བའི་དྲི་བ་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །(འདིར་མཐོང་སྤང་དང་པོ་གཉིས་ཀྱི་དངོས་སུ་ལོག་ཞུགས་ནི་ཀུན་འགྲོ་དང་གཞན་ནི་མིན་པར་འདོད་པས་)དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལྔ་དང་། དེའི་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་གཉིས་དང་། ཇི་ལྟར་ལྟ་བ་བདུན་པོ་ཀུན་འགྲོ་ཡིན་པ་དེ་བཞིན་དུ་བདེན་པ་གཉིས་པོ་དེ་དག་མཐོང་བས་སྤང་བར་བྱ་བའི་ཐེ་ཚོམ་གཉིས་དང་ལྟ་བ་དང་ཐེ་ཚོམ་གང་ཡིན་པ་དེ་དག་དང་ལྷན་ཅིག་མཚུངས་པར་ལྡན་པའི་མ་རིག་པ་དང་རྩ་བའི་ཉོན་མོངས་པ་གཞན་དང་མ་འདྲེས་པའི་མ་རིག་པ་གང་ཡིན་པ་སྡུག་བསྔལ་མཐོང་སྤང་དང་ཀུན་འབྱུང་མཐོང་སྤང་གཉིས་ཏེ་དེ་ལྟར་ན་ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་ཀུན་དུ་འགྲོ་བ་ཡིན་ཏེ། སྐལ་བ་མཉམ་པའི་ཁམས་ཀྱི་སྤང་བྱ་ཉོན་མོངས་ཅན་རིས་ལྔ་པོ་ཀུན་དུ་དམིགས་ཤིང་(དེ་དག་)སྐྱེད་(པའི་རྒྱུ་ཡིན་)པས་ཁྱབ་པར་འགྲོ་བའི་ཕྱིར་རོ། །དེས་ན་བདེན་པ་དང་པོ་གཉིས་ཀྱི་ལྟ་བ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་དང་མ་འདྲེས་པའི་མ་རིག་པ་ཁོ་ན་ཀུན་འགྲོ་ཡིན་གྱིི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་ཀུན་འགྲོ་མ་ཡིན་ནོ། །
སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་ཞེས་བྱ་བ་ནི་འདོད་པའི་དེ་དག་གིས་འདོད་པའི་ཁམས་མཐའ་དག་ལ་དམིགས་པ་ཡིན་པས་སོ། །(བདེན་པ་དང་པོ་གཉིས་ཀྱི་ལྟ་བ་ལ་སོགས་པ་ཁོ་ན་ཀུན་འགྲོར་བཞག་པ་ནི་རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་པས་བསགས་པས་བརྟན་ཞིང་སྟོབས་དང་ལྡན་ལ། འགོག་ལམ་མཐོང་སྤང་ནི་དེ་ལྟ་མ་ཡིན་པའི་ཕྱིིར་རོ། །སྒོམ་སྤང་བཞི་ནི་རང་གི་མཚན་ཉིད་བའི་ཉོན་མོངས་ཡིན་པས་ཡུལ་ཟག་བཅས་ཐམས་ཅད་ལ་དམིགས་མི་ནུས་པས་ཀུན་འགྲོ་མིན་ནོ། །)གལ་ཏེ་དེ་ལྟ་ན་རང་གི་སྐལ་བ་མཉམ་པའི་ཁམས་མཐའ་དག་ལ་རིམ་གྱིས་སམ་ཅིག་ཅར་དམིགས། དང་པོ་ལྟར་ན་འདོད་ཆགས་ལ་སོགས་པའང་ཀུན་འགྲོར་འགྱུར་ལ། གཉིས་པ་ལྟར་ན་འདོད་པའི་ཁམས་མཐའ་དག་གིས་འདག་པར་འཛིན་པ་ལ་སོགས་པ་མི་སྲིད་པའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དེ་དག་ཀྱང་ཀུན་འགྲོ་(ལྟ་བ་ལྔ་པོའང་།) མ་ཡིན་པར་འགྱུར་རོ་ཞེ་ན། རྫས་མ་ལུས་པ་ལ་དེ་ལྟར་མི་སྲིད་ཀྱང་འདོད་པའི་སྡུག་བསྔལ་མཐོང་སྤང་ལ་སོགས་པའི་རིས་ལྔ་པོ་ཐམས་ཅད་ལ་དམིགས་ཤིང་ཐམས་ཅད་ཀྱིས་འདག་པར་འཛིན་པ་ལ་སོགས་པ་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ནའང་ཡུལ་ཉེར་ལེན་གྱི་ཕུང་པོ་ལྔ་པོ་གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་བདག་ཏུ་སྲེད་པ་ཡོད་ལ་དེ་ཡང་འདོད་ཆགས་ཡིན་ཞིང་། གང་ལ་མཆོག་དང་གྲོལ་བའི་རྒྱུར་ལྟ་བ་དེ་དོན་དུ་གཉེར་ཞིང་དེ་ལས་ང་རྒྱལ་དུ་འགྱུར་བས་ན་འདོད་ཆགས་དང་ང་རྒྱལ་ཡང་ཀུན་འགྲོར་འགྱུར་ཏེ། ལྟ་བ་དེ་དག་ནི་སྐལ་བ་མཉམ་པའི་ཁམས་མཐའ་དག་ལ་དམིགས་ལ། ཉོན་མོངས་པ་གཉིས་པོ་དེ་དག་ཀྱང་ལྟ་བའི་ཡུལ་ལ་འཇུག་པའི་ཕྱིར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི། དེ་ལྟ་མོད་ཀྱི་འདོད་ཆགས་དང་ང་རྒྱལ་ནི་ཕྱོགས་གཅིག་ལ་དམིགས་པས་རང་གི་མཚན་ཉིད་པ་ཡིན་གྱི་སྤྱི་པ་མ་ཡིན་པའི་ཕྱིར་ཀུན་འགྲོ་མ་ཡིན་ཏེ། ཀུན་འགྲོ་ནི་སྤང་བྱའི་རིགས་ལྔ་ཆར་ལ་ཅིག་ཅར་དུ་དམིགས་པ་ལ་འདོད་པའི་ཕྱིར་རོ་ཞེས་ལན་འདེབས་སོ། །
དེས་ན་འདོད་ཆགས་དང་ང་རྒྱལ་མཐོང་སྤང་ལ་དམིགས་པ་ནི་མཐོང་སྤང་དང་། སྒོམ་སྤང་ལ་དམིགས་པ་ནི་སྒོམ་སྤང་ཡིན་ནོ་ཞེས་བྱ་བ་འདི་འདོད་དོ། །སློབ་དཔོན་ནི་མཐོང་སྤང་ལྟ་བའི་དབང་གིས་ཞུགས་པའི་འདོད་ཆགས་དང་ང་རྒྱལ་ནི་མཐོང་སྤང་ཡིན་ལ། སྒོམ་སྤང་གི་ཉོན་མོངས་པའི་དབང་གིས་ཞུགས་པ་ནི་སྒོམ་སྤང་ཡིན་ནོ། །ཡང་ན་མཐོང་སྤང་ལ་དམིགས་པའི་དེ་གཉིས་ནི་མཐོང་སྤང་དང་གཉིས་ཀ་འདྲེན་མ་ལ་དམིགས་པ་ནི་སྒོམ་སྤང་ཡིན་པར་བཞེད་དོ། །ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ལས་དགུ་ནི་ཁམས་གོང་མ་སྐལ་བ་མི་མཉམ་པའི་ཁམས་དག་ཏུ་དམིགས་པས་སྐལ་བ་མི་མཉམ་བའི་ཁམས་ཀུན་འགྲོ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་གཉིས་པོ་མ་གཏོགས་པས་སོ། །དེ་ཡང་རང་གི་ཕུང་པོ་ལ་བདག་ཏུ་ལྟ་བ་དང་དེ་རྟག་ཆད་དུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་ཡིན་པ་ན་འོག་མ་དང་གོང་མ་དག་རྒྱུད་དང་ཕུང་པོ་ཐ་དད་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི་རང་གི་རྒྱུད་དུ་གཏོགས་པ་ལས་གཞན་ལའང་འཇུག་པའི་ཕྱིར་གོང་མ་ལ་དམིགས་པ་ཡིན་ཏེ། བསྟན་བཅོས་ལས། རེས་འགའ་ནི་སྐལ་བ་མི་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉིས་ལ་དམིགས་ཏེ། འདོད་པ་དང་ལྡན་པ་གཟུགས་དང་ལྡན་པ་ལ་དམིགས་པ་རྣམས་དང་། འདོད་པ་དང་ལྡན་པ་གཟུགས་མེད་པ་དང་ལྡན་པ་ལ་དམིགས་པ་རྣམས་དང་། འདོད་པ་དང་ལྡན་པ་གཟུགས་དང་གཟུགས་མེད་པ་དང་ལྡན་པ་ལ་དམིགས་པའི་ཕྲ་རྒྱས་གང་དག་ཡིན་པ་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་ལྟ་བ་དང་པོ་གཉིས་མ་གཏོགས་པའི་ཀུན་འགྲོ་རྣམས་ཀྱིས་ཁམས་གོང་མ་ལ་དམིགས་ཀྱི་ཀུན་འགྲོ་མ་ཡིན་པ་རྣམས་ཀྱིས་ནི་མ་ཡིན་ལ། ཁམས་དང་ས་གོང་མའི་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་འོག་མ་ལ་མི་དམིགས་ཏེ། ཀུན་ལས་བཏུས་ལས་ཀྱང་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་མ་གཏོགས་པར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ནི་ས་གོང་མ་ལ་མི་དམིགས་སོ། །ས་གོང་མའི་ཉོན་མོངས་པ་ནི་ས་འོག་མ་ལ་དམིགས་པ་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །(འདོད་པ་ན་སྐལ་བ་མཉམ་པ་དང་མི་མཉམ་པའི་ས་དང་ཁམས་ལ་དམིགས་པ་ཐམས་ཅད་ཡོད་ལ། བསམ་གཏན་བཞི་པ་ན་སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་མེད་ལ། སྲིད་རྩེ་ན་སྐལ་བ་མཉམ་པའི་ས་ལ་དམིགས་པ་ཁོ་ན་ཡོད་དོ་ཞེས་སོ། །འདིར་སྐལ་བ་མི་མཉམ་པའི་ཁམས་གཅིག་གམ་གཉིས་བསྡོམས་པ་ལ་དམིགས་པ་སྲིད་ཀྱི་གསུམ་བསྡོམས་པ་ལ་དམིགས་ནུས་པ་ནི་མེད་དོ། །)གལ་ཏེ་ལྟ་བ་དང་པོ་གཉིས་གོང་མ་ལ་མི་དམིགས་ན་འདོད་པ་བ་དག་ཚངས་པ་ལ་སེམས་ཅན་དུ་ལྟ་བ་དང་། དེ་རྟག་པར་ལྟ་བ་དེ་ཇི་ལྟར་ཞེ་ན། ཚངས་པ་ལ་སེམས་ཅན་དུ་ལྟ་བ་དེ་ནི་ཚངས་པ་ལ་བདག་དང་བདག་གིར་མི་འཛིན་པས་འཇིག་ཚོགས་ལ་ལྟ་བ་མ་ཡིན་ལ། ཚངས་པ་ལ་རྟག་པར་ལྟ་བའང་མཐར་འཛིན་པར་ལྟ་བ་མ་ཡིན་ཏེ། དེ་ནི་འཇིག་ཚོགས་ལ་ལྟ་བས་ཀུན་ནས་བསླང་བ་ཡིན་པ་ལ་འཇིག་ཚོགས་ལ་ལྟ་བ་མེད་པའི་ཕྱིར་རོ། །ཆོས་མངོན་པ་བ་རྣམས་ནི་ཚངས་པ་ལ་དམིགས་པ་དེ་ནི་ལོག་པའི་ཤེས་པ་ཡིན་གྱི་ལྟ་བ་ལྔར་ནི་མི་འགྲང་བའི་ཕྱིར་རོ་ཞེས་འདོད་དོ། །
ཡང་ཅི་ཕྲ་རྒྱས་ཁོ་ན་ཀུན་འགྲོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་དང་ནི་ལྷན་ཅིག་ཏུ་འབྱུང་བའི་ཆོས་གང་དག་ཡིན་པ་སེམས་དང་སེམས་བྱུང་ཚོར་བ་ལ་སོགས་པ་མཚུངས་ལྡན་རྣམས་དང་། མཚན་ཉིད་ལ་སོགས་པ་དེའང་ཀུན་འགྲོ་ཡིན་ནོ་ཞེས་སྤྱིར་བཏང་ནས་ཐོབ་པ་ནི་མ་གཏོགས་སོ་ཞེས་དམིགས་ཀྱིས་བསལ་ཏེ། ཕྲ་རྒྱས་དེ་དག་དང་ཐོབ་པ་(རྣམ་སྨིན་དང་རྒྱུ་མཐུན་གྱི་)འབྲས་བུ་མི་གཅིག་པའི་ཕྱིར་རོ། །དེའི་ཕྱིར་ཕྲ་རྒྱས་ཀུན་འགྲོ་དང་རྒྱུ་ཀུན་འགྲོ་ལ་མུ་བཞི་ལས། དང་པོ་(ཕྲ་རྒྱས་ཀུན་འགྲོ་ཡིན་ལ་རྒྱུ་ཀུན་འགྲོ་མིན་པ་)ནི་མ་འོངས་པའི་ཕྲ་རྒྱས་ཀུན་འགྲོ་རྣམས་སོ། །གཉིས་པ་ནི་འདས་ད་ལྟར་གྱི་ཕྲ་རྒྱས་ཀུན་འགྲོ་དང་ལྷན་ཅིག་འབྱུང་བ་རྣམས་སོ། །གསུམ་པ་ནི་འདས་ད་ལྟར་གྱི་ཕྲ་རྒྱས་ཀུན་འགྲོ་རྣམས་སོ། །བཞི་པ་ནི་དེ་དག་མ་གཏོགས་པ་མ་འོངས་པའི་ལྷན་ཅིག་འབྱུང་བ་དང་ཐོབ་པ་ལ་སོགས་པའོ། །དེས་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཀུན་འགྲོ་ཁོ་ན་ཉི་ཤུ་རྩ་བདུན་དང་། དེ་མ་ཡིན་པ་དྲུག་ཅུ་རྩ་ལྔ་དང་། བདེན་པ་དང་པོ་གཉིས་ཀྱི་སྤང་བྱ་མ་རིག་པ་དྲུག་ཀར་དངོས་སུ་བསྟན་པས་ཤུགས་ལ་ཀུན་འགྲོ་རྣམས་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུགས་པས་དངོས་སུ་ལོག་ཞུགས་དང་། ཀུན་འགྲོ་མ་ཡིན་པ་རྣམས་དངོས་པོ་ལ་དམིགས་ཀྱང་མཚན་ཉིད་དང་མི་འགལ་བས་ལོག་ཞུགས་ལ་ལོག་ཞུགས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གོང་མ་བདག་ནི་ལྟ་བ་དང་པོ་གསུམ་དང་མ་རིག་པ་དང་ཐེ་ཚོམ་ལྔ་ནི་རིམ་པ་ལྟར་བདེན་པ་ལ་ང་དང་ང་ཡིར་འཛིན་པ་དང་། རྟག་ཆད་དུ་སྒྲོ་འདོགས་པ་དང་། མེད་དོ་ཞེས་སྐུར་བ་འདེབས་པ་དང་། གནས་ལུགས་མི་ཤེས་པ་དང་། མཐའ་གཞན་དུ་དྭོགས་པས་དངོས་སུ་ལོག་ཞུགས་དང་། འདོད་ཆགས་དང་ང་རྒྱལ་དང་ལྟ་བ་ཕྱི་མ་གཉིས་ཏེ་བཞི་ནི་རིམ་པ་ལྟར་ལྟ་བ་དང་པོ་གསུམ་ལ་སྲེད་ཅིང་ཁེངས་ལ་མཆོག་དང་དག་གྲོལ་གྱི་རྒྱུར་འཛིན་པས་ལོག་པ་ལ་ལོག་ཞུགས་དང་། ཁོང་ཁྲོ་ནི་རང་དང་ལྟ་བ་མི་མཐུན་པ་རྣམས་ལ་འཁྲུག་པས་དབང་གིས་ལོག་ཞུགས་ཞེས་ལོག་ཞུགས་གསུམ་དུ་འཆད་དོ། །
གཉིས་པ་ཟག་བཅས་ཟག་མེད་ལ་དམིགས་པའི་དབྱེ་བ་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་ལྟ་གཉིས་དང་ཐེ་ཚོམ་གཉིས་དང་། བཞི་པོ་དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་དང་། མ་འདྲེས་པ་འབའ་ཞིག་པའི་མ་རིག་པ་འགོག་ལམ་མཐོང་སྤང་གཉིས་དང་བཅས་པ་དྲུག་(གམ་ཁམས་ཀྱིས་ཕྱེ་ན་བཅོ་བརྒྱད་)ནི་ཟག་པ་མེད་པའི་སྤྱོད་ཡུལ་ཅན་ཡིན་ཏེ། དེ་དག་ནི་འགོག་ལམ་གྱི་བདེན་པ་ལ་ལོག་པར་རྟོག་པ་ཡིན་ལ་བདེན་པ་དེ་གཉིས་ཀྱང་ཟག་མེད་ཡིན་པའི་ཕྱིར་རོ། །(འོ་ན་བདེན་པ་མཐོང་བར་ཐལ་ལོ་ཞེ་ན་མ་ངེས་ཏེ་རྣམ་པ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་རོ། །)གཞན་(ལྷག་མ་བརྒྱད་ཅུ་བོ་)དང་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཡིན་ནོ། །
འོ་ན་ས་གང་གི་ལོག་ལྟ་ལ་སོགས་པས་ས་གང་གི་གཉེན་པོ་འགོག་ལམ་ལ་དམིགས་ཤེ་ན། འགོག་པ་ལ་དམིགས་པའི་ལོག་ལྟ་ལ་སོགས་པ་ནི་རང་རང་གི་ས་པའི་གཉེན་པོ་འགོག་པ་ཁོ་ན་ལ་དམིགས་པ་ཡིན་ཏེ། འདོད་པའི་ལོག་ལྟ་ལ་སོགས་པས་འདོད་པའི་གཉེན་པོ་འགོག་པ་ལ་དམིགས་པ་ལ་སོགས་པ་ནས་སྲིད་རྩེའི་བར་དུ་སྦྱར་རོ། །ལམ་ནི་དང་པོའི་ཉེར་བསྡོགས་ལ་སོགས་པ་ཟག་མེད་ཀྱི་ས་དྲུག་ལ་རྟེན་པའི་ལམ་ཆོས་ཤེས་པ་དེའི་སྤྱོད་ཡུལ་ཅན་འདོད་པའི་ལོག་ལྟ་(ཐེ་ཚོམ་རྨོངས་པ་)ལ་སོགས་པ་གསུམ་གྱི་ཡུལ་ཡིན་ཏེ། འདོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་གོང་མ་གཉིས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ས་དྲུག་པོ་དེ་དང་གཟུགས་མེད་དང་པོ་གསུམ་སྟེ་ས་དགུ་ལ་རྟེན་པའི་ལམ་རྗེས་སུ་ཤེས་པ་ནི་རྗེས་ཤེས་དེའི་སྤྱོད་ཡུལ་ཅན་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ལོག་ལྟ་ལ་སོགས་པ་གསུམ་གྱི་ཡུལ་ཡིན་ནོ། །གལ་ཏེ་གོང་མ་རྟེན་པའི་ལམ་དེ་དག་འོག་མའི་ལོག་ལྟ་ལ་སོགས་པའི་ཡུལ་དུ་ཇི་ལྟར་འགྱུར་ཞེ་ན། ས་གོང་མ་དང་འོག་མའི་ལམ་ནི་ས་དགུའི་ལམ་ནི་ཕན་ཚུན་དུ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་འབྱུང་བས་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན་པས་སོ། །
འོ་ན་ནི་རྗེས་ཤེས་དང་ཆོས་ཤེས་པའི་ལམ་ནི་ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་ཤེས་པ་ལ་ཆོས་ཤེས་པའི་ལམ་ལ་དམིགས་པ་འདོད་པའི་ལོག་ལྟ་ལ་སོགས་པའི་ཡུལ་དུ་འགྱུར་རོ་ཞེ་ན། དེ་ལྟ་མོད་ཀྱི་རྗེས་ཤེས་འདོད་པའི་གཉེན་པོ་མ་ཡིན་པའི་ཕྱིར་འདོད་པའི་ལོག་ལྟ་ལ་སོགས་པའི་ཡུལ་དུ་མི་འགྱུར་རོ། །འོོ་ན་ཆོས་ཤེས་པའི་ལམ་ཡང་གཟུགས་དང་གཟུགས་མེད་ན་སྤྱོད་པའི་ལོག་ལྟ་ལ་སོགས་པའི་ཡུལ་དུ་འགྱུར་ཏེ། བསྒོམ་པའི་ལམ་ལ་འགོག་པ་དང་། །ལམ་ལ་ཆོས་ཤེས་གང་ཡིན་དེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ལྟར་འཆད་མོོད་ཀྱི་(འོན་ཀྱང་འདི་ནི་མཐའ་དག་གི་གཉེན་པོ་བྱེད་པ་དང་མི་བྱེད་པས་ཕྱེ་བ་ཡིན་ཏེ་དེ་ཡང་མཛོད་ཀྱི་)འགྲེལ་པ་ལས། དང་པོ་མེད་པའི་ཕྱིར་དང་། དང་པོ་རྣམས་ཀྱི་མ་ཡིན་པའི་ཕྱིར་དམིགས་པ་མ་ཡིན་ནོ་ཞེས་འབྱུང་སྟེ། དེ་དག་གི་དོན་ནི་ཆོས་ཤེས་པ་ནི་ཁམས་གོང་མ་གཉིས་ཀྱི་ལོག་ལྟ་ལ་སོགས་པའི་དམིགས་པ་མ་ཡིན་ཏེ། དེ་དེ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཞེ་ན། འདི་ལྟར་ཆོས་ཤེས་པ་མཐའ་དག་ཀྱང་ཁམས་གོང་མའི་གཉེན་པོ་མ་ཡིན་ཏེ། བདེན་བཞི་ལ་ཆོས་ཤེས་པ་རྣམས་ཀྱི་དང་པོ་བདེན་པ་དང་པོ་གཉིས་ཀྱི་ཆོས་ཤེས་པ་གཟུགས་དང་གཟུགས་མེད་པའི་གཉེས་པོར་མེད་པའི་ཕྱིར་རོ། །གོང་མ་མཐའ་དག་གི་ཡང་གཉན་པོ་མ་ཡིན་ཏེ། (ཆོས་ནི་དང་པོ་ཁམས་གོང་གི་)མཐོང་སྤང་གི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་པའོ། །དེས་ན་དེ་དང་མཐུན་པར་སློབ་དཔོན་གང་སྤེལ་གྱིས་ཀྱང་དང་པོ་སྟེ་སྒོམ་ལམ་གྱིས་བསྡུས་པའི་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་གཉིས་ནི་ཁམས་གོང་མ་གཉིས་ཀྱི་གཉེན་པོར་མེད་པའི་ཕྱིར་དང་། སྒོམ་སྤང་ལ་ལྟོས་ནས་དང་པོ་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་རྣམས་ཀྱིས་གཉེན་པོ་ཆོས་ཤེས་མ་ཡིན་པའི་ཕྱིར་ཁམས་གོང་མ་གཉིས་ཀྱི་ལོག་ལྟ་ལ་སོགས་པ་ནི་ཆོས་ཤེས་ལ་དམིགས་པ་མ་ཡིན་ནོ་ཞེས་བཤད་པས་དེ་ལྟར་བྱེ་བྲག་ཏུ་སྨྲ་བས་ལན་འདེབས་མོད་ཀྱི་འོན་ཀྱང་འདི་དག་གྲུབ་པའི་མཐའ་ཚད་མར་བྱས་པ་ཙམ་ཟད་དོ། །དེ་ལྟར་ན་ཁམས་གསུམ་གྱི་ཕྲ་རྒྱས་བཅོ་བརྒྱད་ཟག་མེད་ལ་དམིགས་པར་བཤད་པས་ལྷག་མ་ཕྲ་རྒྱས་བརྒྱད་ཅུ་ནི་ཟག་བཅས་ལ་དམིགས་པར་བསྟན་པར་འགྱུར་རོ། །
ཡང་ཅིའི་ཕྱིར་ལོག་ལྟ་ལ་སོགས་པ་དེ་དག་ཁོ་ན་ཟག་མེད་ལ་དམིགས་པ་ཡིན་གྱི་འདོད་ཆགས་ལ་སོགས་པ་ནི་མ་ཡིན་ཞེ་ན། འགོག་ལམ་ནི་འདོད་ཆགས་ཀྱིས་དམིགས་པ་མིན་ཏེ། དེའི་ཡུལ་ནི་སྤང་བྱ་ཡིན་ལ་འགོག་ལམ་ནི་སྤང་བྱ་མ་ཡིན་པའི་ཕྱིར་རོ། །(ཟག་མེད་ལ་དམིགས་པ་ནི་གཅིག་ཏུ་སྤང་བྱར་མ་ངེས་ཏེ་འདུན་པ་བཞིན་ནོ། །)འགོག་ལམ་ཐོབ་ཅིང་བསྒྲུབ་པར་འདོད་པ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་གྱི་འདོད་ཆགས་མ་ཡིན་ནོ། །དེ་བཞིན་དུ་འགོག་ལམ་ནི་ཞེ་སྡང་གིས་ཀྱང་དམིགས་པ་མིན་ཏེ། ཞེ་སྡང་ནི་གནོད་པ་བྱས་པའམ་བྱེད་པའམ་བྱེད་པར་འགྱུར་བ་ལ་དམིགས་པ་ཡིན་ན་འགོག་ལམ་ནི་ཀུན་ནས་མནར་སེམས་ཀྱི་གཞི་དགུའི་མཚན་ཉིད་ལས་འདས་པས་སུ་ལའང་གནོད་པ་མི་བྱེད་པའི་ཕྱིར་རོ། །འགོག་ལམ་ནི་ཞི་བའི་ཕྱིར་ང་རྒྱལ་གྱི་དམིགས་པ་མ་ཡིན་ཏེ། དེ་ནི་སེམས་ཁེངས་པ་ལ་བརྗོད་པའི་ཕྱིར་རོ། །ལམ་བདེན་ནི་ཡང་དག་པར་ཉོན་མོངས་པའི་དྲི་མ་སྤངས་པའི་ཕྱིར་དག་པའི་རྒྱུ་ཡིན་པའི་ཕྱིིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་དམིགས་པ་མ་ཡིན་ཏེ། དེ་ནི་ཡང་དག་པའི་རྒྱུ་མ་ཡིན་པ་ལ་དེར་འཛིན་པ་ཡིན་པའི་ཕྱིར་རོ། །འགོག་ལམ་ནི་ཡང་དག་པའི་དོན་དུ་དག་པ་ཡིན་པས་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་ལྟ་བ་མཆོག་ཏུ་འཛིན་པས་དམིགས་པ་མིན་ཏེ། དེ་ནི་དངོས་པོ་དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བ་ཡིན་པའི་ཕྱིར་རོ། །དེས་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཟག་མེད་ལ་དམིགས་པ་ཁོ་ན་ཡིན་པ་བཅུ་གཉིས་དང་། ཟག་བཅས་ཁོ་ན་ལ་དམིགས་པ་བརྒྱད་ཅུ་དང་ཟག་བཅས་ཟག་མེད་གཉིས་ཀ་ལ་དམིགས་པ་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་ཡིན་ནོ་ཞེས་དངོས་སུ་བསྟན་པས་ཤུགས་ལ་ཟག་མེད་ལ་དམིགས་པ་རྣམས་དངོས་སུ་ལོག་ཞུགས་དང་། འགོག་ལམ་མཐོང་སྤང་གི་ཟག་བཅས་ལ་དམིགས་པ་རྣམས་དངོས་སུ་ལོག་ཞུགས་ལོག་ལྟ་ལ་སོགས་པ་དེ་དག་ལ་དམིགས་པས་ལོག་པ་ལ་ལོག་ཞུགས་ཡིན་ནོ་ཞེས་ཤེས་པར་བྱའོ། །གོང་མ་བ་ལྟར་ན་འགོག་ལམ་མཐོང་སྤང་གི་ལོག་ལྟ་ལ་སོགས་པ་དྲུག་པོ་དེ་དག་གིས་ཀྱང་རྟོག་བཅས་ཀྱི་ཡིད་ཀྱིས་བརྟགས་པའི་འགོག་ལམ་གྱི་མིང་ཙམ་ལ་དམིགས་པ་ཡིན་གྱི་དེ་དག་ལ་དངོས་སུ་ནི་མི་དམིགས་ཏེ། གལ་ཏེ་ཟག་མེད་ལ་དངོས་སུ་དམིགས་ན་དེ་དག་འཕགས་པའི་ཡེ་ཤེས་སུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་འདོད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་མཐོང་སྤང་སྒོམ་སྤང་དེ་དག་གི་དམིགས་པ་ནི་བསྡུ་ན་ལྔ་སྟེ། ལོག་པར་རྣམ་པར་བརྟགས་པའི་དངོས་པོ་ལ་དམིགས་པ་དང་། ལྟ་བ་ལ་དམིགས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་དམིགས་པ་དང་། རང་གིས་རྣམ་པར་བརྟགས་པའི་མིང་ལ་དམིགས་པ་དང་། རང་གི་ངང་གིས་ཡེ་ཡོད་པའི་དངོས་པོ་ལ་དམིགས་པའོ། །དེ་ལ་དང་པོ་ནི་བདེན་པ་དང་པོ་གཉིས་ལ་དམིགས་པ་རྣམས་སོ། །གཉིས་པ་ནི་ཐེ་ཚོམ་མ་གཏོགས་པ་ལྟ་བ་མཆོག་འཛིན་དང་འདོད་ཆགས་ལ་སོགས་པ་མཐོང་སྤང་རྣམས་སོ། །གསུམ་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནོ། །བཞི་པ་ནི་འགོག་ལམ་ལ་དམིགས་པ་དང་ཁམས་མི་འདྲ་བ་ལ་དམིགས་པ་རྣམས་ཏེ། ཉོན་མོངས་པ་ནི་ནམ་ཡང་འགོག་ལམ་ལ་དམིགས་པར་མ་གྱུར། དམིགས་པར་མི་བྱེད། དམིགས་པར་མི་འགྱུར་ལ། ཁམས་མི་འདྲ་བ་ལའང་མ་ཡིན་པའི་ཕྱིར་རོ། །ལྔ་པ་ནི་སྒོམ་སྤང་རྣམས་སོ། །དེས་ན་དང་པོ་བཞི་ནི་མཐོང་སྤང་གི་དམིགས་པ་ཡིན་ལ། ལྔ་པ་ནི་སྒོམ་སྤང་གི་དམིགས་པ་ཡིན་ནོ་ཞེས་པ་དང་། ཀུན་ལས་བཏུས་ལས་ཀྱང་། འགོག་པ་དང་ལམ་ལ་དམིགས་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་དེ་དག་ལ་དམིགས་པ་མ་ཡིན་པར་ལྟ་སྟེ། དེའི་དམིགས་པ་ནི་དེ་ཡོངས་སུ་རྟོག་པའོ་ཞེས་འབྱུང་བའི་ཕྱིར་རོ། །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཟག་མེད་ལ་དམིགས་ཀྱང་འཕགས་པར་འགྱུར་བ་ནི་མ་ངེས་ཏེ། སྒྲ་རྟག་འཛིན་བཞིན་ནོ་ཞེས་ལན་འདེབས་པར་བྱེད་དོ། །
གསུམ་པ་རྒྱས་པ་དང་མི་རྒྱས་པའི་དབྱེ་བ་ནི་ཡང་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་དམིགས་པས་རྒྱས་འགྱུར་དུ་མཚུངས་ལྡན་གྱིས་རྒྱས་འགྱུར་ཞེ་ན། (དམིགས་པས་རྒྱས་པ་དེ་ནི་མཚུངས་ལྡན་གྱིས་ཀྱང་རྒྱས་ལ། གང་དག་མཚུངས་ལྡན་ཁོ་ནས་རྒྱས་པའང་ཡོད་དོ། །དེ་ཡང་ཕྲ་རྒྱས་ཀུན་འགྲོ་ནི་གཉིས་ཏེ་རང་གི་ཁམས་དང་ས་ཀུན་ཏུ་འགྲོ་བ་དང་། སྐལ་བ་མི་མཉམ་པའི་ཁམས་དང་ས་ཀུན་ཏུ་འགྲོ་བའོ། །)ཕྲ་རྒྱས་གང་དག་ཀུན་དུ་འགྲོ་བར་བཤད་པ་གང་དག་ཡིན་པ་དེ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་ས་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་དུ་རྒྱས་པར་འགྱུར་བ་དང་། ཀུན་འགྲོ་མ་ཡིན་པ་རྣམས་ནི་རང་རང་གི་རིས་སུ་གཏོགས་པ་ལ་རྒྱས་པར་འགྱུར་གྱི་རིས་གཞན་ལ་ནི་མ་ཡིན་ནོ། །དེས་ན་སྡུག་བསྔལ་མཐོང་སྤང་ནི་སྡུག་བསྔལ་མཐོང་སྤང་ཁོ་ན་ལ་རྒྱས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འོ་ན་ཐམས་ཅད་རང་གི་ཡུལ་ལ་དམིགས་པས་རྒྱས་སམ་ཞེ་ན། ཟག་མེད་དང་ས་གོང་མའི་ཡུལ་ཅན་གྱི་ཉོན་མོངས་པས་དེ་དག་ལ་དམིགས་ཀྱང་(དམིགས་པའི་སྒོ་ནས་)རྒྱས་པ་མིན་ཏེ། ཟག་མེད་དང་ས་གོང་མ་བ་དག་འོག་མས་བདག་ཏུ་ལྟ་བ་དང་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་(ཏེ་དེ་དག་ལ་དེ་དག་གིས་དམིགས་མི་ནུས་པའི་ཕྱིིར་)དང་ཉོན་མོངས་པ་དེ་དག་གི་གཉེན་པོ་ཡིན་པའི་ཕྱིར་དང་། རྒྱས་པ་ནི་རྒྱུན་འཕེལ་བ་ཡིན་ན་དེ་དག་ལ་འཕེལ་བར་འོས་པ་མ་ཡིན་པའི་ཕྱིར་རོ། །
དེ་ཉིད་ཀྱི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཀྱང་། ཕྲ་རྒྱས་ལ་ཀུན་འགྲོ་དང་ཀུན་འགྲོ་མ་ཡིན་པ་གཉིས་ལས་དང་པོ་ལའང་རང་གི་ཁམས་དང་ས་སྐལ་བ་མཉམ་པ་དང་མི་མཉམ་པ་གཉིས་སོ། །ཀུན་འགྲོ་མ་ཡིན་པ་ལའང་ཟག་བཅས་དང་ཟག་མེད་ལ་དམིགས་པ་གཉིས་སོ། །དེ་ལ་ཀུན་འགྲོ་རྣམས་ནི་ཡུལ་སྤང་བྱ་རིས་ལྔ་ཆར་ལ་དམིགས་པ་ཡིན་ལ། ཀུན་འགྲོ་མ་ཡིན་པ་ནི་རང་རང་གི་རིས་ཁོ་ན་ལ་དམིགས་སོ། །དེ་ལ་ཟག་མེད་དང་སྐལ་བ་མི་མཉམ་པའི་ཁམས་དང་ས་གོང་མ་ལ་དམིགས་པ་རྣམས་ནི་མཚུངས་ལྡན་གྱིས་རྒྱས་འགྱུར་ཡིན་གྱི་དམིགས་པས་རྒྱས་འགྱུར་ནི་མ་ཡིན་ཏེ། སེར་དང་བཅས་པའི་ཞིང་ལ་མྱུ་གུ་སྐྱེ་བ་ལྟར་གང་ལ་བདག་ལྟ་དང་སྲེད་པ་འཇུག་པ་དེ་ལ་གཞན་དག་ཀྱང་རྒྱས་པར་འགྱུར་བ་ཡིན་ན་ཟག་མེད་དང་ས་གོང་མ་ལ་ནི་བདག་ལྟ་དང་སྲེད་པ་མི་འཇུག་སྟེ། དེ་གཉིས་ནི་རང་ཉིད་ཀྱི་ཉེར་ལེན་གྱི་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །འོ་ན་འདོད་པ་ན་གནས་པ་ཟག་མེད་དང་ས་གོང་མ་དོན་དུ་གཉེར་བ་དེ་ཇི་ལྟར་སྲེད་པ་མ་ཡིན་ཞེ་ན། དེ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་ནོ་ཞེས་བཤད་དོ། །(ཁ་ཅིག་ཕྲ་རྒྱས་ཀྱི་དོན་ནི་རྗེས་སུ་མཐུན་པའི་དོན་ཡིན་པ་ལ་ཟག་མེད་དང་ས་གོང་མ་ནི་དེ་དག་གི་རྗེས་སུ་མཐུན་པ་མ་ཡིན་ཏེ་རླུང་ནད་ཅན་ལ་ཁ་ཟས་རྩུབ་པོ་བཞིན་ནོ། །དེའི་ཕྱིར་ཟག་མེད་ལ་དམིགས་པའི་ལོག་ལྟས་དགེ་རྩ་གཅོད་མི་ནུས་སོ་ཞེས་གསུང་ངོ་། །)ཕྲ་རྒྱས་གང་ཞིག་སེམས་དང་སེམས་བྱུང་གི་ས་མང་པོ་བ་ལ་སོགས་པ་གང་དང་མཚུངས་པར་ལྡན་པའི་ཕྲ་རྒྱས་དེ་དག་ནི་གྲོགས་དེར་ཏེ་དེ་དག་ལ་མ་སྤངས་ཀྱིི་བར་དུ་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ཏེ། (དུག་དང་འདྲེས་པའི་ཆང་གིས་དུག་གི་ནུས་པ་འཕེལ་བ་བཞིན་ནོ། །)དེ་ལྟར་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཟག་མེད་ལ་དམིགས་པ་བཅུ་གཉིས་ནི་མཚུངས་ལྡན་ཁོ་ནས་རྒྱས་འགྱུར་དང་། འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་དང་། ཁམས་འོག་མ་གཉིས་ཀྱི་ཀུན་འགྲོ་བཅོ་བརྒྱད་དེ་ཉི་ཤུ་རྩ་བཞི་ནི་དམིགས་ཡུལ་ཟག་བཅས་ཟག་མེད་དང་རང་ས་དང་གོང་ས་ལ་ལྟོས་ནས་ཅི་རིགས་དམིགས་པ་དང་མཚུངས་ལྡན་གྱིས་རྒྱས་འགྱུར་གཉིས་ཀ་ཅི་རིགས་པ་དང་། ལྷག་མ་དྲུག་ཅུ་རྩ་གཉིས་ནི་རྒྱས་འགྱུར་གཉིས་ཀར་ངེས་ལ། དམིགས་པས་རྒྱས་པ་ལ་མཚུངས་ལྡན་གྱི་རྒྱས་པས་ཁྱབ་པས་(དམིགས་པས་)རྒྱས་འགྱུར་ཁོ་ན་ཡིན་པ་ནི་མེད་དོ། །
བཞི་པ་མི་དགེ་བ་དང་ལུང་དུ་མ་བསྟན་པར་དབྱེ་བ་ནི་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་ཐམས་ཅད་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ་(ཏིང་ངེ་འཛིན་གྱིས་བཏུལ་བས་རྣམ་སྨིན་འབྱིན་མི་ནུས་པའི་ཕྱིར་)ཉོན་མོངས་ཅན་ཡིན་ལ། གོང་ན་མི་དགེ་བ་མེད་པའི་ཕྱིར་དང་། གལ་ཏེ་མི་དགེ་བ་ཡོད་ན་དེའི་རྣམ་སྨིན་ནི་སྡུག་བསྔལ་ཡིན་ན་སྡུག་བསྔལ་དེ་ཡང་ཁམས་གོང་མ་གཉིས་ན་མེད་དེ། ཕ་རོལ་ལ་གནོད་པའི་རྒྱུ་གནོད་སེམས་ལ་སོགས་པ་མེད་པའི་ཕྱིར་དང་། ཉོན་མོངས་པ་དགེ་བ་དང་མ་བསྒྲིབས་པར་འགྱུར་བའང་མི་སྲིད་པའི་ཕྱིར་རོ། །སློབ་དཔོན་འཕགས་པ་ནི་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ལ་ཞི་གནས་དང་ལྡན་པས་ཉེ་བར་ཞི་བས་ལུང་དུ་མ་བསྟན་པ་ཞེས་བཞེད་དེ། ཀུན་ལས་བཏུས་ལས། ཉེ་བར་ཞི་བས་ལུང་དུ་མ་བསྟན་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྟེ། ཞི་གནས་དང་ལྡན་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །འདོད་པའི་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་དེ་དག་གཉིས་དང་ལྷན་ཅིག་མཚུངས་པར་ལྡན་པའི་མ་རིག་པ་གསུམ་ནི་བསྒྲིབས་ལ་ལུང་མ་བསྟན་ཡིན་ནོ། །ཇི་ལྟར་ཞེ་ན། འཇིག་ཚོགས་ལ་ལྟ་བ་དང་རྟག་པར་ལྟ་བ་ནི་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་ལ་སོགས་པ་དགེ་བ་དང་མི་འགལ་བར་འཇུག་པའི་ཕྱིར་ཏེ། བདག་འཇིག་རྟེན་ཕ་རོལ་ཏུ་བདེ་བར་བྱ་བའི་དོན་དུ་སྦྱིན་པ་དང་། ཚུལ་ཁྲིམས་ལ་འཇུག་པའི་ཕྱིར་རོ། །ཆད་པར་ལྟ་བའང་ཐར་པ་དང་མཐུན་པའི་ཕྱིར་ཏེ། མཆོག་ཏུ་གདགས་པ་བཅུ་སྟོན་པའི་མདོ་ལས། ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། བདག་མེད་པར་གྱུར་ཅིག། བདག་གི་མེད་པར་གྱུར་ཅིག། བདག་འབྱུང་བར་མ་གྱུར་ཅིག། བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་ལྟ་བ་འདི་མཆོག་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ལྟ་བ་འདི་གཉིས་ནི་རང་གི་རྒྱུད་དུ་གཏོགས་པའི་ཉེར་ལེན་གྱི་ཕུང་པོ་ལ་ཀུན་དུ་རྨོངས་པས་རང་གི་རྫས་མ་རྨོངས་པའི་ཕྱིར་དང་། གཞན་ལ་གནོད་པར་མ་ཞུགས་པས་མི་དགེ་བ་མ་ཡིན་པའི་ཕྱིར་རོ། །དགེ་བའང་མ་ཡིན་ཏེ། ཉོམ་མོངས་པ་ཅན་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེ་དག་ནི་དེ་གཉིས་དང་མཚུངས་པར་ལྡན་པའི་མ་རིག་པ་ལའང་མཚུངས་སོ། །
སྔོན་གྱི་སློབ་དཔོན་དག་ནི་དེ་ལྟ་ན་མཐོ་རིས་ལ་སྲིད་པའི་འདོད་ཆགས་དང་ངའོ་སྙམ་པའི་ང་རྒྱལ་ཡང་ལུང་མ་བསྟན་དུ་ཐལ་བར་འགྱུར་ཏེ། རྒྱུ་མཚན་དེ་དག་མཚུངས་པའི་ཕྱིར་རོ། །དེས་ན་ལྟ་བ་དེ་གཉིས་ལྷན་ཅིག་སྐྱེས་པ་རི་དྭགས་དང་བྱ་རྣམས་ལའང་ཡོད་པ་ནི་བསྒྲིབས་ལ་ལུང་མ་བསྟན་ཡིན་ཏེ། (བབ་ཅོལ་དུ་སྒྲ་ཐོས་པས་སྐྲག་པའི་རྒྱུར་འགྱུར་བ་ལྟ་བུའོ། །)སེར་སྐྱ་དང་གཟེགས་ཟན་ལ་སོགས་པས་ཀུན་དུ་བརྟགས་པ་ནི་མི་དགེ་བ་ཡིན་པར་བཞེད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། འཇིག་ཚོགས་ལ་ལྟ་བ་ནི་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའོ། །དེ་ལ་དང་པོ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་ན་བྱ་དང་རི་དྭགས་རྣམས་ཀྱིའང་ཡིན་ནོ། །གཉིས་པ་ནི་གཞན་མུ་སྟེགས་ཅན་རྣམས་ཀྱི་ཡིན་པར་ལྟའོ། །མཐར་འཛིན་པར་ལྟ་བ་ལའང་གཉིས་ལས་རྟག་ལྟས་བསྡུས་པའི་མཐར་འཛིན་གྱི་ལྟ་བ་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་རྣམས་དང་། ལ་ལ་རྟག་པར་སྨྲ་བ་རྣམས་དང་། ཕྱི་མའི་མཐར་རྟོག་པ་འདུ་ཤེས་ཅན་དུ་སྨྲ་བ་རྣམས་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་དང་། འདུ་ཤེས་ཡོད་མེད་གཉིས་ཀ་མ་ཡིན་པར་སྨྲ་བ་རྣམས་ཀྱི་ཡིན་ལ། ཆད་ལྟས་བསྡུས་པའི་མཐར་འཛིན་གྱི་ལྟ་བ་ནི་དངོས་པོ་བདུན་གྱིས་ཆད་པར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིི་ཡིན་ཏེ། དེ་དག་གི་མཐར་འཛིན་པར་ལྟ་བ་དེ་ནི་ཀུན་བརྟགས་ཁོ་ནའོ་ཞེས་པ་དང་འདོད་པའི་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་དེ་ནི་ལུང་མ་བསྟན་ཡིན་ཏེ། རྟག་ཏུ་ཡང་དང་ཡང་དུ་འབྱུང་བའི་ཕྱིར་དང་། བདག་དང་གཞན་ལ་ཤིན་དུ་གནོད་པའི་གནས་མ་ཡིན་པའི་ཕྱིར་རོ། །རྟོག་པས་མངོན་པར་ཞེན་པ་དེ་ནི་མི་དགེ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་འདོད་པའི་འདོད་ཆགས་དང་ང་རྒྱལ་དག་ཀྱང་ལྷན་སྐྱེས་བསྒྲིབས་ལ་ལུང་མ་བསྟན་དང་ཀུན་བརྟགས་མི་དགེ་བར་འགྱུར་ཞིང་ཁམས་གོང་མ་ནའང་མི་དགེ་བ་ཡོད་པར་འགྱུར་ཏེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཀུན་དུ་བརྟགས་པ་ཡོད་པའི་ཕྱིར་རོ། །མེད་ན་ནི་མཐོང་སྤང་མེད་པར་ཐལ་བ་འདི་སྤང་དགོས་སོ། །འདོད་ཆགས་ལ་སོགས་པའི་ཕྲ་རྒྱས་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བའི་(ལྟ་བ་དང་པོ་གཉིས་མཚུངས་ལྡན་དང་བཅས་པ་མ་གཏོགས་བའི་ཕྲ་རྒྱས་)ལྷག་མ་རྣམས་ནི་འདོད་པའི་ཁམས་འདིར་མི་དགེ་བ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། མང་དང་ཉོན་མོངས་ཅན་དང་ནི། །སྤྱོད་དང་སྡུག་བསྔལ་ཉིད་དང་ཡང་། །ཁ་ན་མ་ཐོ་བུལ་འབྲས་དང་། །ཏིང་ངེ་འཛིན་དང་སྐྱེ་བའོ་ཞེས་འདོད་པ་དང་ཁམས་གོང་མའི་ཉོན་མོངས་པ་ལ་ཁྱད་པར་བརྒྱད་དམ་བཅུ་བཤད་དོ། །
ལྔ་པ་མི་དགེ་བ་དང་ལུང་མ་བསྟན་གྱི་རྩ་བ་བཤད་པ་ནི་འདོད་པའི་ཁམས་ན་སྤང་བྱ་རིས་ལྔ་ཆར་གྱི་འདོད་ཆགས་དང་ཁོང་ཁྲོ་ནི་རྩ་བ་གཉིས་དང་། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་པོ་གཉིས་དང་། མཚུངས་པར་ལྡན་པའི་གཏི་མུག་མ་གཏོགས་པའི་ཀུན་དུ་རྨོངས་པ་རྣམས་ནི་མི་དགེ་བའི་རྩ་བ་ཡིན་ཏེ། མི་དགེ་བ་ཐམས་ཅད་གསུམ་པོ་དེ་ལས་འབྱུང་བའི་ཕྱིར་རོ། །འདོད་ན་ཞེས་བྱ་བས་ཁམས་གོང་མའི་དེ་དག་མི་དགེ་བའི་རྩ་བ་ཡིན་པ་སེལ་བར་བྱེད་དོ། །མི་དགེ་བའང་ཡིན་ལ་རྩ་བའང་ཡིན་པས་གསུམ་པོ་དེ་དག་ཁོ་ན་མི་དགེ་བའི་རྩ་བའོ། །གསུམ་པོ་མ་གཏོགས་པ་ནི་མི་དགེ་བའི་རྩ་བ་མ་ཡིན་ནོ། །སློབ་དཔོན་གང་སྤེལ་ནི་ཉོན་མོངས་པ་གང་ཞིག་ཕྲ་རྒྱས་རྩ་བའི་ཉོན་མོངས་པ་ཡིན་པ་དང་། སྤང་བྱ་རིས་རྣམ་པ་ལྔའི་རང་བཞིན་ཡིན་པ་དང་། ལུས་ངག་གི་ལས་ཀུན་ནས་སློང་བ་དང་། རྣམ་ཤེས་ཚོགས་དྲུག་ཅར་དང་མཚུངས་པར་ལྡན་པ་དང་། དགེ་རྩ་གཙོད་པ་ལ་སྟོབས་དང་ལྡན་པའི་རྒྱུ་ཡིན་པ་དེ་ཁོ་ན་མི་དགེ་བའི་རྩ་བ་ཡིན་ཏེ། ཕྲ་རྒྱས་རྣམ་པ་ལྔའི་རང་བཞིན། །ལུས་ངག་བྱ་བ་ཀུན་སློང་བྱེད། །རྣམ་ཤེས་ལྔར་རྟེན་དཀར་པོའི་རྩ། །ཀུན་གཅོད་འདྲེན་པ་མི་དགེའི་རྩའོ་ཞེས་འཆད་དོ། །སའི་དངོས་གཞི་ལས་ནི། མི་དགེ་བའི་རྟེན་དུ་གྱུར་པས་ན་རྩ་བ་རྣམས་སོ་ཞེས་འབྱུང་ངོ་། །(ལྷག་མ་ནི་རྩ་བ་མ་ཡིན་ནོ། །)ལུང་དུ་མ་བསྟན་པའི་རྩ་བ་ནི་གསུམ་མོ། །གང་ཞེ་ན། ལུང་མ་བསྟན་གྱི་རྩ་བ་གསུམ་པོ་དེ་དག་ནི་ཁམས་གོང་མ་གཉིས་ཀྱི་རོ་མྱང་བ་དང་མཚུངས་པར་ལྡན་པ་དང་། གཞལ་མེད་ཁང་ལ་སོགས་པ་ལ་སྲེད་པ་(སོགས་ཁམས་གོང་མ་གཉིས་ཀྱི་སྲེད་པ་ཐམས་ཅད་)དང་མ་རིག་པ་ཁམས་གསུམ་གྱི་སྒྲིབ་པ་ཐམས་ཅད་དམ་ཡང་ན། (འདོད་པའི་ལྟ་བ་དང་པོ་གཉིས་དང་མཚུངས་པར་ལྡན་པ་དང་།) བློ་ནི་ཤེས་རབ་སྟེ། (དེའི་ངོ་བོ་ཉོན་མོངས་ཅན་མ་ཡིན་ཡང་ལུང་མ་བསྟན་གྱི་རྩ་བར་འདོད་དེ།) དེ་ཡང་འདོད་པ་ན་རྣམ་སྨིན་སྐྱེས་ལ་སོགས་པ་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་བཞི་དང་མཚུངས་པར་ལྡན་པ་དང་། བསྒྲིབས་ལ་ལུང་མ་བསྟན་གྱི་ལྟ་བ་(དང་པོ་)གཉིས་དང་། ཁམས་གོང་མ་གཉིས་ན་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་། མ་བསྒྲིབས་ལུང་མ་བསྟན་རྣམ་སྨིན་སྐྱེས་ལ་སོགས་པའི་སེམས་དང་མཚུངས་པར་ལྡན་པའི་ཤེས་རབ་ཐམས་ཅད་ཡིན་ནོ། །འདི་ཡང་ལུང་མ་བསྟན་ཡང་ཡིན་ལ་རྩ་བའང་ཡིན་པས་ལུང་མ་བསྟན་གྱི་རྩ་བ་སྟེ། མི་དགེ་བ་དག་ནི་ལུང་མ་བསྟན་གྱི་རྩ་བར་མི་འོས་པའི་ཕྱིིར་རོ། །གསུམ་པོ་དེ་དག་ལས་གཞན་པའི་ཐེ་ཚོམ་ནི་ལུང་མ་བསྟན་གྱི་རྩ་བ་མིན་ཏེ། རྣམ་པ་གཉིས་སུ་འཇུག་པས་མི་བརྟན་པའི་ཕྱིར་ཏེ་རྩ་བ་ནི་བརྟན་པ་ཡིན་པའི་ཕྱིིར་རོ། །ང་རྒྱལ་ཡང་མ་ཡིན་ཏེ། སེམས་མཐོ་བའི་རྣམ་པར་འཇུག་པའི་ཕྱིར་དང་། རྩ་བ་ནི་གཏིང་ན་གནས་པའི་ཕྱིར་རོ། །ཁོང་ཁྲོ་ནི་ཁམས་གོང་མ་ན་མེད་པའི་ཕྱིར་དང་། འདོད་པ་ན་ཡོད་པ་དག་ནི་མི་དགེ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་འདོད་དེ། བརྟན་པ་དང་གཏིང་ན་གནས་པ་ཙམ་ནི་འདིར་རྩ་བའི་དོན་མ་ཡིན་གྱི་འོན་ཀྱང་འདིར་གཙོ་བོའི་རྒྱུ་ལ་བརྗོད་པར་འདོད་པས་ན་དེ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དོ། །
ལུང་དུ་མ་བསྟན་པའི་རྩ་བ་ནི་བཞི་ཡིན་ནོ་ཞེས་ཉི་འོག་པ་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དེ། ཉི་འོག་པ་ནི་རྒྱ་གར་བ་རྣམས་སམ་ཁ་ཆེ་བའི་ཡུལ་ལས་གཞན་ན་གནས་པ་རྣམས་ཡིན་ནོ། །བཞི་པོ་དེ་དག་ཀྱང་གང་ཞེ་ན། ཁམས་གོང་མ་གཉིས་ཀྱི་སྲེད་པ་དང་ལྟ་བ་ཐམས་ཅད་དང་། འདོད་པ་ན་ལུང་མ་བསྟན་གྱི་ལྟ་བ་དང་པོ་གཉིས་དང་། ཁམས་གོང་མ་གཉིས་ཀྱི་ང་རྒྱལ་དང་། སྔར་བཤད་པའི་རྨོངས་པ་རྣམས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། (ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ནི་བསམ་གཏན་དེས་ཁེངས་པར་འགྱུར་བའི་ཕྱིར་རོ། །སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ནི། བསམ་གཏན་དག་ལ་རོ་མྱང་བར་བྱེད་པའི་ཕྱིར་རོ། །ལྟ་བ་ཤས་ཆེ་བའི་བསམ་གཏན་པ་ནི་བསམ་གཏན་ལ་བརྟེན་ནས་རྟག་པ་ལ་སོགས་པར་ལྟ་བ་འབྱུང་བ་གང་ཡིན་པའོ། །ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ནི་བསམ་གཏན་ལ་བརྟེན་ནས་ཅི་འདི་མྱ་ངན་ལས་འདས་པའི་ལམ་ཡིན་ནམ། འོན་ཏེ་གཞན་ཞིག་ཡིན་སྙམ་པ་དང་། ཅི་བདག་འདས་པའི་དུས་ན་བྱུང་བའམ། འོན་ཏེ་མ་བྱུང་སྙམ་པ་ལ་སོགས་པའོ། །ཉོན་མོངས་པ་རྒྱུ་བའི་གནས་སྐབས་འདི་དག་ཀྱང་བསམ་གཏན་ལ་སྙོམས་པར་ཞུགས་པ་འདི་དག་ཁོ་ན་ལ་འབྱུང་ངོ་། །ཞེས་རྣམ་བཤད་རིགས་པའི་འགྲེལ་པ་ལས་འབྱུང་བ་ལྟར།) རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་སྒོམ་པ་སྲེད་པ་ཤས་ཆེ་བ་དང་། བསམ་གཏན་ལ་བརྟེན་ནས་རྟག་ལྟ་ལ་སོགས་པ་སྐྱེད་པར་བྱེད་པ་ལྟ་བ་ཤས་ཆེ་བ་དང་། བདག་ནི་བསམ་གཏན་ཐོབ་པ་ཡིན་གྱི་གཞན་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་རློམ་པ་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་གསུམ་ནི་བསྒྲིབས་ལ་ལུང་མ་བསྟན་ཡིན་ལ། དེ་གསུམ་ཡང་མ་རིག་པ་ལས་བྱུང་བའི་ཕྱིར་རོ་ཞེས་འདོད་དོ། །འོ་ན་ལུང་རིང་པོ་ལས། བསམ་གཏན་ནི་མཚོན་པ་སྟེ་གཟུགས་མེད་ཀྱི་སྙོམས་འཇུག་ལུང་མ་བསྟན་དང་འདོད་པའི་བསྒྲིབས་པ་ལ་སོགས་པ་གཞན་ཡང་ཡོད་ཅེས་གསུངས་སོ། །བདག་དང་འཇིག་རྟེན་རྟག་གམ་མི་རྟག་གམ་གཉིས་ཀའམ་གཉིས་ཀ་མ་ཡིན་ནམ་མཐའ་དང་ལྡན་ནམ་མི་ལྡན་ནམ་གཉིས་ཀའམ་གཉིས་ཀ་མ་ཡིན་ནམ་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་ངམ་མི་འབྱུང་ངམ་གཉིས་ཀའམ་གཉིས་ཀ་མ་ཡིན་ནམ། ལུས་དེ་ཉིད་སྲོག་ཡིན་ནམ་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ནམ་ཞེས་པ་ལུང་དུ་མ་བསྟན་པའི་དངོས་པོོ་བཅུ་བཞི་གསུངས་པ་རྣམས་དགེ་མི་དགེར་ལུང་མ་བསྟན་པའི་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་དྲི་བ་ལ་ལན་མི་གདབ་པར་གཞག་པར་བྱ་བའི་ལུང་དུ་མ་བསྟན་པ་ཡིན་ནོ། །
ཇི་ལྟར་ཞེ་ན། དྲི་བའི་ལན་ནི་མགོ་གཅིག་ཏུ་ལུང་བསྟན་པ་དང་རྣམ་པར་ཕྱེ་སྟེ་ལུང་བསྟན་པ་དང་དྲིས་ཏེ་ལུང་བསྟན་པ་དང་། གཞག་པར་ལུང་བསྟན་པ་བཞི་ཡོད་པ་ལས། དང་པོ་ནི་དཔེར་ན་ཅི་སེམས་ཅན་སྐྱེས་པ་ཐམས་ཅད་འཆི་བར་འགྱུར་རམ་ཞེས་འདྲི་ན་འཆིའོ། །ཞེས་ལན་གདབ་པ་ལྟ་བུ་དང་། གཉིས་པ་ནི་དཔེར་ན་ཅི་འཆི་བ་ཐམས་ཅད་སྐྱེའམ་ཞེས་འདྲི་ན་ཉོན་མོངས་པ་མེད་པ་རྣམས་མི་སྐྱེ་ལ་ཉོན་མོངས་པ་དང་བཅས་པ་རྣམས་སྐྱེའོ་ཞེས་ལན་གདབ་པ་ལྟ་བུ་དང་། གསུམ་པ་ནི་དཔེར་ན་ཅི་མི་འདི་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་དམན་པ་ཡིན་ཞེས་འདྲི་ན་ལྷ་ལ་ལྟོས་ནས་སམ་ངན་སོང་ལ་ལྟོས་ནས་འདྲི་ཞེས་ཁོ་ཉིད་ལ་དྲིས་ཏེ་ལྷ་ལ་ལྟོས་ནས་ཞེས་ཟེར་ན་ནི་དམན་ལ་ངན་སོང་ལ་ལྟོས་ནས་འདྲི་ན་ནི་ཁྱད་པར་དུ་འཕགས་སོ་ཞེས་ལན་གདབ་པ་ལྟ་བུ་དང་། བཞི་པ་ནི་དཔེར་ན་ཅི་བདག་ཕུང་པོ་ལས་གཞན་ཡིན་ནམ་གཅིག་པ་ཡིན་ཞེས་བྱ་བ་དང་། དེ་དག་ལ་སོགས་པས་བཟུང་བ་གཉིས་ཀའམ་གཉིས་ཀ་མ་ཡིན་པ་གང་ཡིན་ཞེས་འདྲི་ན་གང་དུའང་ལན་མི་གདབ་པ་ལྟ་བུ་ཡིན་ཏེ། དེ་ལྟར་ན་དྲི་བའི་ལུང་བསྟན་པ་བཞི་ལས་བཅུ་བཞི་པོ་དེ་དག་ནི་མི་དགེ་བ་ཡིན་ཡང་མཐའ་གཅིག་ཏུ་ལུང་བསྟན་པར་བྱ་བ་མ་ཡིན་པས་ན་ལུང་མ་བསྟན་ཞེས་བྱའོ། །དེས་ན་དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ལུང་དུ་མ་བསྟན་ཏེ། ཐམས་ཅད་བདག་ལ་བརྩམས་ནས་སྨྲ་བ་ན་དེ་མ་གྲུབ་པའི་ཕྱིར་དང་། མེད་དོ་ཞེས་བསྟན་ནའང་དེ་དག་སྐྲག་པར་འགྱུར་བས་དེ་དག་བསྟན་པ་ལ་རིམ་གྱིས་གཞུགས་པའི་ཕྱིར་རོ། །འོ་ན་ལུང་བསྟན་པར་འགལ་ལོ་ཞེ་ན། དེ་དག་ཏུ་ལུང་མི་བསྟན་ཏོ་ཞེས་གཞག་པར་ལུང་བསྟན་པའི་ཕྱིར་འགལ་བ་མེད་དོ། །དེའི་ཕྱིར་མདོ་ལས་ཀྱང་དྲིས་པ་ལུང་བསྟན་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། མགོ་གཅིག་ཏུ་དྲིས་པ་ལུང་བསྟན་པ་དང་། རྣམ་པར་ཕྱེ་སྟེ་དྲིས་པ་ལུང་བསྟན་པ་དང་། དྲི་བ་དྲིས་ཏེ་ལུང་བསྟན་པ་དང་། རྣམ་པར་བཞག་པ་ལུང་བསྟན་པའོ་ཞེས་པ་དང་། མགོ་གཅིག་ལུང་བསྟན་ཉིད་དང་ནི། །རྣམ་པར་ཕྱེ་བ་དེ་བཞིན་གཞན། །དྲིས་པ་ལུང་བསྟན་གསུམ་པ་སྟེ། །རྣམ་པར་བཞག་པ་བཞི་པའོ། །དྲིས་པ་ལུང་བསྟན་བཞི་པོ་དག། དེ་དང་དེ་ལ་གོ་རིམ་བཞིན། །འདི་ལྟར་ཤེས་ཤིང་སྨྲ་བ་དག། དགེ་སློང་དེ་ཉིད་རིག་པ་ཡིན། །ཞེས་རྣམ་པར་བཞག་པའང་ལུང་བསྟན་པ་ཉིད་དུ་གསུངས་སོ། །
དྲུག་པ་ལྡན་པའི་ཚུལ་འཆད་པ་ནི། (ཕྲ་རྒྱས་ལྡན་ཚུལ་ལའང་། གང་ཟག་གང་གི་ཕྲ་རྒྱས་དམིགས་པ་གང་ལ་རྒྱས་པའི་གང་ཟག་དེ་ནི། ཕྲ་རྒྱས་དེས་བཅིངས་ཤིང་དེའི་ཡུལ་དང་ཡང་ལྡན་ནོ། །སྒོ་ལྔའི་ཤེས་པའི་ཕྲ་རྒྱས་ཀྱིས་ནི་དམིགས་པའི་སྒོ་ནས་རང་གི་ཡུལ་དང་ལྡན་པར་བྱེད་དོ། །ཡིད་ཀྱི་ཕྲ་རྒྱས་ཀྱིས་ནི་དམིགས་པའི་སྒོ་ནས་སྐྱེ་མཆེད་བཅུ་གཉིས་དང་ལྡན་པར་བྱེད་དོ། །ཀུན་འགྲོ་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་རིས་ལྔ་དང་ལྡན་པར་བྱེད་ལ། ཀུན་འགྲོ་མ་ཡིན་པས་ནི་རང་རིས་ཁོ་ན་དང་ངོ་། །དེ་དག་དང་མཚུངས་ལྡན་གྱིས་ནི་མཚུངས་ལྡན་གྱི་སྒོ་ནས་ལྡན་པར་བྱེད་པ་ཐམས་ཅད་ལ་འདྲའོ། །)ཉོན་མོངས་པ་ལ་རང་གི་མཚན་ཉིད་པ་དང་། སྤྱིའི་མཚན་ཉིད་པ་གཉིས་ལས་དང་པོ་ནི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ཏེ། ཡུལ་རང་གི་མཚན་ཉིད་ལ་དམིགས་པའི་ཕྱིར་ཏེ། འདོད་ཆགས་དང་ང་རྒྱལ་ནི་བདེ་བ་མྱོང་བར་འགྱུར་བའི་ཡུལ་ལ་དམིགས་ནས་སྐྱེ་ཞིང་ཁེངས་ལ་ཁོང་ཁྲོ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ལ་དམིགས་པའི་ཕྱིར་རོ། །གཉིས་པ་ནི་ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་སྟེ་བྱེ་བྲག་མེད་པར་བདེ་བ་མྱོང་པར་འགྱུར་བ་དང་སྡུག་བསྔལ་མྱོང་བར་འགྱུར་བ་དང་བཏང་སྙོམས་མྱོང་བར་འགྱུར་བ་ལ་སོགས་པའི་ཡུལ་གསུམ་ག་ལ་ཅི་རིགས་པར་དམིགས་པའི་ཕྱིར་རོ། །དེ་ལ་འདས་པ་དང་ཉེ་བར་གནས་པ་ད་ལྟར་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་སྐྱེས་ལ་མ་སྤངས་པ་དག་གིས་ནི་རྣམ་ཤེས་(དྲུག་གི་ས་པ་ཡིན་པས་རྣམ་ཤེས་དྲུག་)གང་གི་འཁོར་དུ་བྱུང་ཡང་རུང་སྟེ། ཡུལ་སྤང་བྱ་རིས་ལྔ་པོ་དུས་གསུམ་པའི་དངོས་པོ་གང་ལ་དམིགས་ནས་ཉོན་མོངས་པ་དེ་དག་སྐྱེས་ལ་མ་སྤངས་པའི་ཡུལ་གྱི་དངོས་པོ་དེ་དང་ཐག་པས་གླང་བུ་ཕུར་པ་ལ་བཏགས་པ་ལྟར་གང་ཟག་དེ་ལྡན་(པར་བྱེད།) པ་ཡིན་ནོ། །(འདི་དག་གི་ཡུལ་ཐམས་ཅད་ལ་དམིགས་མི་ནུས་ལ་སྤངས་ན་ཡུལ་ལ་མི་རྒྱས་སོ། །)དེ་ཡང་སྒོ་ལྔའི་རྣམ་ཤེས་ཀྱིི་འཁོར་དུ་ནི་ཆགས་སྡང་གཉིས་འབྱུང་གི་ང་རྒྱལ་ནི་ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་ངོ་། །སྐྱེས་ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་རང་གི་མཚན་ཉིད་པ་ཡིན་པས་འགལ་ཞིག་ལ་མི་སྐྱེ་བ་སྲིད་པའི་ཕྱིར་རོ། །མ་སྤངས་པ་ཞེས་བྱ་བ་ནི་སྐྱེས་ཀྱང་སྤངས་ན་མི་ལྡན་པའི་ཕྱིར་རོ། །དེས་ན་དེ་དག་བཅད་པའི་ཕྱིར་ཚིག་གཉིས་པོ་དེ་སྨོས་སོ། །ལྡན་པ་ཞེས་བྱ་བའང་ཡུལ་དེ་དག་ལ་དམིགས་པའི་ཚུལ་གྱིས་གང་ཟག་ལ་(སྤང་བྱར་)ལྡན་པ་ཡིན་གྱི་ཡུལ་གྱི་(ཐོབ་པ།) ལྡན་པ་མ་ཡིན་ཏེ་(འགོག་པ་གཉིས་མ་གཏོགས་པ།) རྒྱུད་དུ་མ་གཏོགས་པ་ལ་(ཐོབ་པ།) ལྡན་པ་མེད་པའི་ཕྱིར་རོ། །(དེས་ནི་རང་གི་རིས་ཁོ་ན་ལྡན་པར་འགྱུར་རོ། །དེས་མཚོན་ནས་མི་རྒྱས་པའི་ཡུལ་ཀུན་མི་ལྡན་ལ། ཉོན་མོངས་པའི་ཐོབ་པ་རྒྱུད་གང་ལ་ཡོད་པའི་ཡུལ་དེ་གང་ཟག་དེ་དང་ལྡན་ནོ་གསུང་ངོ་། །)དེ་ལྟར་འདས་པ་དང་ད་ལྟར་བྱུང་བའི་འདོད་ཆགས་ལ་སོགས་པ་ལ་ནི་ཁྱད་པར་མེད་པས་སྤྱིར་བཤད་ལ། མ་འོངས་པ་ལ་དབྱེ་བ་ཡོད་པས་དེ་བཤད་པའི་ཕྱིར་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་འདོད་ཆགས་ལ་སོགས་པ་གསུམ་པོ་དེ་དག་ནི་མ་འོངས་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཡུལ་ཀུན་དང་དམིགས་པའི་ཚུལ་གྱིས་ལྡན་ཏེ། ཡིད་ཀྱི་ཡུལ་དུ་དུས་གསུམ་པའི་ཆོས་འགྲོ་བའི་ཕྱིར་རོ། །
དེ་ཡང་གང་ལ་མ་སྤངས་བ་དེ་དག་ཅེས་བྱ་བ་ཡིན་ནོ། །ཡིད་ལས་གཞན་པ་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་མ་འོངས་པ་དག་གིས་ནི་ཡུལ་རང་གི་དུས་པ་མ་འོངས་པའི་དངོས་པོ་ཁོ་ན་དང་ལྡན་ཏེ། རྣམ་ཤེས་དེ་དག་འདས་པ་(དང་མ་འོངས་པ།) ལ་མི་དམིགས་པའི་ཕྱིར་རོ། །སྐྱེ་བའི་ཆོས་ཅན་རྣམས་ཀྱི་དེ་ལྟ་བུ་ཡིན་གྱི་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་ནི་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་གཉིས་ཀྱིས་ཀྱང་(མ་སྤངས་ན།) དུས་གསུམ་པའི་དངོས་པོ་ཐམས་ཅད་དང་དམིགས་པའི་ཚུལ་གྱིས་ལྡན་ནོ། །(དེ་ཡང་དེ་དག་མང་བས་དམིགས་རུང་དུ་ལྡན་གྱི་དངོས་སུ་དམིགས་པ་ནི་མ་ཡིན་ནོ། །)རང་གི་མཚན་ཉིད་པ་དེ་དག་གི་ལྷག་མ་(སྤྱིའི་མཚན་ཉིད་པ་གསུམ་པོ།) ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་སྟེ་དེ་དག་འདས་པ་ལ་སོགས་པ་དུས་གསུམ་པོ་ཀུན་གྱིས་ཀྱང་ཡུལ་དུས་གསུམ་གྱི་དངོས་པོ་རིས་ལྔ་པོ་ཀུན་དང་ལྡན་ཏེ། དེ་དག་ནི་ཉེར་ལེན་གྱི་ཕུང་པོ་ལྔ་ཆར་ལ་དམིགས་པས་སྤྱིའི་མཚན་ཉིད་ལ་དམིགས་པའི་ཕྱིར་རོ། །དེ་ཡང་ཇི་སྲིད་དུ་མ་སྤངས་ཀྱི་བར་དུའོ། །
གལ་ཏེ་འདས་མ་འོངས་རྗས་སུ་ཡོད་ན་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་འདུས་བྱས་རྟག་པར་འགྱུར་ལ། མེད་ན་དུས་གཉིས་ཀྱི་དངོས་པོ་དེ་དག་དང་ཕྲ་རྒྱས་དེས་ལྡན་པ་དང་བྲལ་བར་ཇི་ལྟར་འགྱུར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དུས་དེ་དག་འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་བཞི་དང་ལྡན་པའི་ཕྱིིར་རྟག་པར་ནི་མི་འདོད་ཀྱི་འདས་པ་ལ་སོགས་པའི་དུས་རྣམས་རང་རང་གི་དུས་ཀུན་དུ་རྫས་སུ་ཡོད་པར་ནི་གསལ་བར་དམ་འཆའོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཡོད་པར་གསུངས་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། དགེ་སློང་དག་གཟུགས་འདས་པ་དང་མ་འོངས་པའང་མི་རྟག་ན་ད་ལྟར་བྱུང་བ་ལྟ་ཅི་སྨོས། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་ལྟ་བ་ནི་འདས་པའི་གཟུགས་ལ་ལྟ་བར་མི་འགྱུར། མ་འོངས་པའི་གཟུགས་ལ་མངོན་པར་དགའ་བར་མི་འགྱུར་གྱི་ད་ལྟར་བྱུང་བའི་གཟུགས་ལ་ཡིད་བྱུང་བར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །དགེ་སློང་དག་གལ་ཏེ་འདས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །གལ་ཏེ་མ་འོངས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པ་ཡིན་ནོ་ཞེས་དུས་གཉིས་ཡོད་པར་གསུངས་པའི་ཕྱིར་ཏེ། གལ་ཏེ་འདས་མ་འོངས་མེད་ན་དེ་ལྟར་གསུང་པར་ཇི་ལྟར་འགྱུར་། ཡང་མདོ་ལས། མིག་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ནི་མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་གཉིིས་ལ་བརྟེན་ནས་སྐྱེ་བར་གསུངས་པའི་ཕྱིར་ཏེ། མིག་གི་རྣམ་པར་ཤེས་པ་ནི་མིག་དང་གཟུགས་དང་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་དང་ཆོས་ལ་བརྟེན་ནས་སྐྱེའོ་ཞེས་བྱ་བའི་བར་ཏེ། འདི་ལ་ཡིད་ཀྱི་རྣམ་ཤེས་ཡིད་དང་ཆོས་གཉིས་ལ་བརྟེན་པ་ནི་འདིའི་ཤེས་པར་བྱེད་པ་ཡིན་ཏེ། ཡིད་འདས་པ་རྫས་སུ་མེད་ན་རང་ཉིད་རང་ལ་བརྟེན་པར་འགལ་བའི་ཕྱིར་རོ་ཞེས་པའི་ལུང་དང་། ཡུལ་མེད་ན་དམིགས་པ་མེད་པའི་ཕྱིར་དེ་དག་གི་རྣམ་ཤེས་ཀྱང་མེད་པར་འགྱུར་ན། འདས་མ་འོངས་ལ་དམིགས་པའི་རྣམ་ཤེས་ཀྱི་ཡུལ་ཡོད་པའི་ཕྱིར་དང་། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཡོད་པའི་ཕྱིར་ཡང་འདས་མ་འོངས་རྫས་སུ་ཡོད་དེ། དེ་དག་རྫས་སུ་མེད་ན་ལས་ཡོད་པའི་ཚེ་རྣམ་པར་སྨིན་པ་མེད་ལ་རྣམ་པར་སྨིན་པ་ཡོད་པར་འདོད་པའི་ཚེ་ལས་འགགས་ནས་མེད་པའི་ཕྱིར་རོ་ཞེས་བྱ་བའི་རིགས་པས་ཀྱང་གྲུབ་བོ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན་ཕན་ཆད་འདོན་མི་ཟ་བར་དུས་གསུམ་(དང་གཞི་ལྔ་པོ།) དངོས་པོར་ཡོད་པ་འདི་ཁས་བླང་དགོས་ཏེ། (གཞི་ལྔ་དང་།)དུས་གསུམ་པོ་དེ་ཐམས་ཅད་ཡོད་པར་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བར་འདོད་ཀྱི། ད་ལྟར་བ་དང་འབྲས་བུ་མ་བསྐྱེད་པའི་ལས་འདས་པ་ཅུང་ཟད་ཅིག་ནི་ཡོད་ལ་མ་འོངས་པ་དང་འབྲས་བུ་བསྐྱེད་ཟིན་པའི་འདས་པ་ཅུང་ཟད་ཅིག་ནི་མེད་པར་སྨྲ་བ་ནི་རྣམ་པར་ཕྱེ་སྟེ་སྨྲ་བར་འགྱུར་བའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །དེའི་ཕྱིར་སློབ་དཔོན་གང་སྤེལ་གྱིས་ཀྱང་། དུས་གསུམ་ག་ཡོད་པར་སྨྲ་བ་དང་། ད་ལྟར་དང་འདས་པ་འབྲས་བུ་མ་བསྐྱེད་པ་ཡོད་པར་སྨྲ་བ་དང་། དེ་ལྟར་བྱུང་བ་ཡོད་པར་སྨྲ་བ་རྣམས་ནི་གོ་རིམ་བཞིན་དུ་ཐམས་ཅད་ཡོད་པར་སྨྲ་བ་དང་། རྣམ་པར་ཕྱེ་སྟེ་སྨྲ་བ་དང་། མདོ་སྡེ་པ་ཡིན་ནོ་ཞེས་བཤད་དོ། །
གང་དག་དུས་གསུམ་རྫས་སུ་ཡོད་པར་འདོད་པའི་ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ཀྱང་དབྱེ་ན་རྣམ་པ་བཞི་ཡིན་ཏེ། དངོས་པོ་གཞན་དུ་འགྱུར་བ་དང་། མཚན་ཉིད་གཞན་དུ་འགྱུར་བ་དང་། གནས་སྐབས་གཞན་དུ་འགྱུར་བ་དང་། གཞན་དང་གཞན་དུ་འགྱུར་བ་ཞེས་བྱ་བའོ། །དེ་ལ་དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་ཆོས་སྐྱབས་ཡིན་ཏེ། དེ་ནི་ཤེས་པ་དང་བརྗོད་པ་འཇུག་པའི་ཁྱད་པར་ལ་ལྟོས་ནས་ཐ་དད་དེ་དངོས་པོ་གཅིག་ཉིད་དུས་རྣམས་སུ་འཇུག་ཅིང་འཕོ་བ་ན་གཟུགས་ལ་སོགས་པའི་རྫས་ཀྱི་རང་གི་མཚན་ཉིད་ནི་མི་འགྱུར་གྱི་མ་འོངས་པ་ད་ལྟར་དུ་འགྱུར་བ་ན་མ་འོངས་པའི་དངོས་པོ་འདོར་ཞིང་ད་ལྟར་བྱུང་བའི་དངོས་པོ་འཐོབ་ལ། ད་ལྟར་བ་འདས་པར་འགྱུར་བ་ནའང་ད་ལྟར་གྱི་དངོས་པོ་འདོར་ཞིང་འདས་པའི་དངོས་པོ་འཐོབ་པས་དུས་དེ་དང་དེར་འདས་པའི་དངོས་པོ་དང་མ་འོངས་པའི་དངོས་པོ་དང་ད་ལྟར་བྱུང་བའི་དངོས་པོ་ཞེས་བྱ་བའི་མིང་ཐོབ་སྟེ་དཔེར་ན་གསེར་གྱི་སྣོད་བཅོམ་ནས་སྣོད་གཞན་དུ་བསྒྱུར་བ་ན་གསེར་གྱི་རང་བཞིན་དང་ཁ་དོག་ལ་འགྱུར་བ་མེད་ཀྱང་སྣོད་ཀྱི་དབྱིབས་ཙམ་ཞིག་གཞན་དུ་འགྱུར་བ་དང་། འོ་མ་ཞོར་འགྱུར་བ་ན་རོ་ནུས་ལ་སོགས་པའི་ཡོན་ཏན་ཙམ་ཞིག་འདོར་གྱི་རྫས་དང་ཁ་དོག་མི་འདོར་བ་ལྟ་བུའོ་ཞེས་ཟེར་རོ། །
མཚན་ཉིད་གཞན་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་དབྱངས་སྒྲོགས་ཡིན་ཏེ། དེ་ནི་མཚན་ཉིད་འཇུག་པ་ཐོབ་པ་ལ་ལྟོས་ནས་ཐ་སྙད་བྱེད་དེ། དངོས་པོ་གཅིག་ཉིད་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་མཚན་ཉིད་དང་ལྡན་པའི་ཕྱིར་མཚན་ཉིད་ཐ་དད་པའི་སྒོ་ནས་དུས་གསུམ་དུ་གཞག་གི་དེ་དག་ལ་དུས་གཞན་གྱི་མཚན་ཉིད་གཏན་མེད་པ་དང་རྫས་ཐ་དད་པ་ནི་མ་ཡིན་ཏེ་དཔེར་ན་ཆགས་ཅན་བུད་མེད་ཅིག་ལ་ཆགས་པ་དང་བཅས་པ་དེ་གཞན་ལ་ཆགས་པ་དང་བྲལ་བ་མ་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་དབྱིག་བཤེས་ཡིན་ཏེ། དེ་ནི་གནས་སྐབས་ཐ་དད་ལ་ལྟོས་ནས་(ཏེ་དཔེར་ན་འདས་པའི་མཚན་ཉིད་གཙོ་ཆེེ་བ་ན་འདས་པར་བཞག་པས། དེས་ན་)ཐ་སྙད་བྱེད་དེ་དངོས་པོ་གཅིག་ཉིད་དུས་རྣམས་སུ་འཇུག་པ་ན་ཆོས་དེ་བྱ་བ་མི་བྱེད་པ་དང་། བྱ་བ་བྱེད་པ་དང་། བྱ་བ་བྱས་ནས་འགགས་པའི་གནས་སྐབས་གསུམ་ལ་རིམ་པ་ལྟར་མ་འོངས་པ་དང་ད་ལྟར་དང་འདས་པ་ཞེས་བརྗོད་པས་དངོས་པོ་གཅིག་ཉིད་དུས་དེ་དང་དེའི་གནས་སྐབས་སུ་ཕྱིན་པ་ན་དེ་དང་དེའི་མིང་འཐོབ་པས་ན་འདས་པ་ལ་སོགས་པའི་གནས་སྐབས་སུ་མིང་ཙམ་ཞིག་གཞན་དུ་འགྱུར་གྱི་རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ་དཔེར་ན་རི་ལུ་གཅིག་ཉིད་གཅིག་གི་ཤོད་མིག་ཏུ་བཞག་ན་གཅིག་དང་། བརྒྱའི་ཤོད་མིག་ཏུ་བཞག་ན་བརྒྱ་དང་། སྟོང་གི་ཤོད་མིག་ཏུ་བཞག་ན་སྟོང་ཞེས་བརྗོད་པ་བཞིན་ནོ་ཞེས་ཟེར་རོ། །གཞན་དང་གཞན་དུ་འགྱུར་བ་སྨྲ་བ་ནི་བཙུན་པ་སངས་རྒྱས་ལྷ་ཡིན་ཏེ། དེ་ནི་སྔ་ཕྱི་གཉིས་ལ་ལྟོས་ནས་ཐ་སྙད་བྱེད་དེ། དངོས་པོ་གཅིག་པོ་དེ་ཉིད་དུས་རྣམས་སུ་འཇུག་པ་ན་སྔ་མ་འདས་ད་ལྟར་གཉིས་ལ་ལྟོས་ནས་མ་འོངས་པ་དང་། ཕྱི་མ་ད་ལྟར་དང་མ་འོངས་པ་གཉིས་ལ་ལྟོས་ནས་འདས་པ་དང་སྔ་མ་འདས་པ་དང་ཕྱི་མ་མ་འོངས་པ་གཉིས་ལ་ལྟོས་ནས་ད་ལྟར་བར་བཞག་སྟེ་དཔེར་ན་བུད་མེད་གཅིག་ཉིད་བུ་མོ་ལ་ལྟོས་ནས་མ་དང་མ་ལ་ལྟོས་ནས་བུ་མོར་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །
དེ་ལ་(དེ་དག་ལ་སློབ་དཔོན་གྱིས་)དངོས་པོ་གཞན་དུ་འགྱུར་བ་ནི་(དང་པོ་)རྣམ་པར་འགྱུར་བར་སྨྲ་བའི་གྲངས་ཅན་(རྫས་གནས་ལ་ཆོས་འདོད་ལེན་བྱེད་པར་འདོད་པའི་ཕྱིིར་)ཅན་གྱི་ནང་དུ་འདུས་པར་འགྱུར་རོ། །མཚན་ཉིད་གཞན་འགྱུར་བར་སྨྲ་བ་ལ་ནི་དུས་རེ་རེ་ལའང་དུས་གསུམ་གའི་མཚན་ཉིད་དང་ལྡན་པའི་ཕྱིར་དུས་འཆོལ་བར་འགྱུར་བ་དང་། དཔེ་དོན་མི་མཚུངས་པའི་སྐྱོན་དུ་འགྱུར་རོ། །གཞན་དང་གཞན་དུ་འགྱུར་བ་ལ་ནི་འདས་པའི་དུས་ལའང་སྔ་ཕྱི་དབུས་གསུམ་ཡོད་པས་དེ་དག་རིམ་པ་ལྟར་འདས་མ་འོངས་ད་ལྟར་གསུམ་དུ་འགྱུར་བས་འདས་པ་གཅིག་པུ་ལའང་དུས་གསུམ་ཅིག་ཅར་འབྱུང་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་གསུམ་པ་གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ཉིད་བཟང་སྟེ། བྱ་བ་མ་སྐྱེས་ནས་མི་བྱེད་པ་དང་བྱེད་པ་དང་བྱས་ནས་འགགས་པ་གསུམ་པོ་ཡིས་དུས་གསུམ་པོ་རྣམས་རྣམ་པར་བཞག་པ་བྱེད་པའི་ཕྱིར་རོ་ཞེས་གསུངས་མོད་ཀྱི་བཞི་ཀ་ལ་མིང་ཐ་དད་པ་མ་གཏོགས་པ་ཁྱད་པར་ཅི་ཡང་ཡོད་པར་མ་མཐོང་ངོ་། །འོ་ན་དུས་གསུམ་དུ་ཇི་ལྟར་འགྱུར་ཏེ། ཐམས་ཅད་ད་ལྟར་རྫས་སུ་ཡོད་པའི་ཕྱིར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། བྱ་བ་འགགས་པ་ནི་འདས་པའོ། བྱ་བ་མ་སྐྱེས་པ་ནི་མ་འོངས་པའོ། །བྱ་བ་སྐྱེས་ལ་མ་འགགས་པ་ནི་ད་ལྟར་བ་ཡིན་པས་དུས་གསུམ་བྱ་བས་གཞག་གོ་ཞེས་བཤད་ཟིན་པ་མ་ཡིན་ནམ་ཞེས་ཟེར་རོ། །སློབ་དཔོན་གྱིས་དེ་ལྟ་ན་ད་ལྟར་བའི་མིག་དེ་མཚུངས་རང་གི་བྱ་བ་གཟུགས་ལ་མི་བལྟ་བས་ད་ལྟར་བར་མི་འགྱུར་རོ་ཞེས་བརྗོད་པ་ན་བྱེ་བྲག་ཏུ་སྨྲ་བ་ན་རེ་མིག་དེ་མཚུངས་དེ་བལྟ་བའི་བྱ་བ་མི་བྱེད་ཀྱང་རང་གི་རྒྱུ་མཐུན་དང་སྐྱེས་བུ་བྱེད་འབྲས་འཛིན་པ་དང་འབྱིན་པའི་བྱ་བ་བྱེད་པས་ན་ད་ལྟར་བ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་གྱིས་འོ་ན་ནི་ད་ལྟར་གྱི་དང་འདས་པ་དགགཅིག་ནི་འདས་པས་འབྱིན་པར་འགྱུར་ཞེས་འབྱུང་བས་སྐལ་མཉམ་དང་ཀུན་འགྲོ་དང་རྣམ་སྨིན་གྱི་རྒྱུ་འདས་པ་དག་ཀྱང་ད་ལྟར་བར་འགྱུར་ཏེ་དེ་དག་ལ་འབྲས་བུ་འབྱིན་པའི་བྱ་བ་ཡོད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་འཛིན་པ་དང་འབྱིན་པའི་བྱ་བ་གཉིས་ཀ་ཡོད་པ་ལ་ད་ལྟར་བར་བརྗོད་པ་ན་དེ་དག་ལ་འབྲས་བུ་འབྱིན་པ་ཡོད་ཀྱང་འཛིན་པ་མེད་པས་ད་ལྟར་བར་མི་འགྱུར་རོ་ཞེ་ན། དེ་ལྟ་ནའང་དུས་གསུམ་དུ་བྱ་བས་བཞག་པས་ན་དེ་དག་ལ་འབྲས་བུ་འཛིན་པའི་བྱ་བ་འགགས་པའི་ཆ་ནས་འདས་པར་འགྱུར་ལ། འབྱིན་པའི་བྱ་བ་དང་ལྡན་ནས་ད་ལྟར་བར་འགྱུར་བས་དུས་གསུམ་མཚན་ཉིད་འཆོལ་བའི་ཉེས་པར་འགྱུར་རོ་ཞེས་སྐྱོན་བརྗོད་དོ། །
གཞན་ཡང་འདི་དགག་པའི་ཕྱིར་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པའི་ཕྱིར་དེ་བྱ་བ་བྱེད་པ་ལ་བགེགས་སུ་ཞིག་བྱེད་དེ། དེ་དག་གིས་ཀྱང་རྟག་ཏུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་རྒྱུ་རྐྱེན་མ་ཚོགས་པས་བྱ་བ་མི་བྱེད་དོ་ཞེ་ན། རྐྱེན་ཐམས་ཅད་དུས་རྟག་ཏུ་ཡོད་པར་ཁས་བླངས་པ་ན་རྟག་ཏུ་ཡོད་པ་ལ་མ་ཚོགས་པ་མི་འཐད་པའི་ཕྱིིར་རོ། །བྱ་བ་འགགས་པ་མ་འོངས་པ་ཡིན་ན་བྱ་བ་དང་དངོས་པོ་མི་གཅིག་པར་འགྱུར་ལ་དེ་ལྟ་ནའང་དངོས་པོ་བྱ་བ་མེད་པར་འགྱུར་རོ། །བྱ་བ་དེ་ཡང་ཇི་ལྟར་འདས་པ་ལ་སོགས་པ་ཡིན་ནམ། འོན་ཏེ་མ་ཡིན། ཕྱོགས་དང་པོ་ལྟར་ན་བྱ་བ་ལའང་བྱ་བ་གཞན་གཉིས་པ་ཞིག་ཡོད་པར་འགྱུར་ཏེ། བྱ་བ་དེ་ཡང་བྱ་བ་འགགས་པ་དང་བྱེད་པ་དང་མ་སྐྱེས་པས་དུས་གསུམ་པར་གཞག་དགོས་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་བྱ་བ་འདུས་མ་བྱས་སུ་འགྱུར་ཏེ། དུས་ཀྱིས་མ་བསྡུས་པའི་ཕྱིར་རོ། །གལ་ཏེ་བྱ་བ་དངོས་པོ་ལས་གཞན་མ་ཡིན་ནོ་ཞེ་ན། དེ་ལྟར་ན་བྱ་བས་དུས་གསུམ་པོ་རྣམས་སུ་རྣམ་པར་བཞག་པ་མི་རུང་སྟེ། དངོས་པོ་དང་བྱ་བ་གཅིག་ཡིན་ལ་འདས་པ་དང་མ་འོངས་པའི་དངོས་པོའང་ད་ལྟར་ཡོད་པས་བྱ་བའང་ཡོད་པའི་ཕྱིར་རོ། །གལ་ཏེ་ད་ལྟར་བ་ཇི་ལྟར་ཡོད་པ་དེ་བཞིན་དུ་མ་འོངས་པ་དང་འདས་པའི་དངོས་པོའང་ཡོད་ན་ཅིའི་ཕྱིར་མ་སྐྱེས་པ་དང་ཞིག་པ་ཡིན་ཏེ་དེ་དག་ཡོད་པའི་ཕྱིར་རོ། །གལ་ཏེ་མ་སྐྱེས་པ་དང་ཞིག་པ་ནི་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་དངོས་པོའི་བདག་ཉིད་ཡིན་པའི་ཕྱིར་དངོས་པོ་བཞིན་ཡོད་པར་འགྱུར་རོ་ཞེས་སློབ་དཔོན་གྱིས་བརྗོད་དོ། །གང་ཡང་འདུས་བྱས་ཀྱིི་མཚན་ཉིད་དང་ལྡན་པས་རྟག་པར་མི་འགྱུར་རོ། །ཞེས་སྨྲས་པ་དེ་ཡང་ཚིག་ཙམ་ཡིན་ཏེ། དངོས་པོ་དུས་ཐམས་ཅད་དུ་ཡོད་པ་ལ་སྐྱེ་འཇིག་མི་རུང་བའི་ཕྱིར་རོ། །དེས་ན་འགྲེལ་པར། རང་བཞིན་ཡང་ནི་རྟག་ཏུ་ཡོད། །དངོས་པོ་ཡང་ནི་རྟག་མི་འདོད། །རང་བཞིན་ལས་ཀྱང་དངོས་མི་གཞན། །དབང་ཕྱུག་ཐ་སྙད་ཡིན་པར་གསལ། །ཞེས་བཤད་ལ། བཅོམ་ལྡན་འདས་ཀྱིས་འདས་མ་འོངས་ཡོད་པར་གསུངས་པ་ནི་འདས་པ་སྔར་བྱུང་པ་ཉིད་དུ་ཡོད་པ་དང་མ་འོངས་པ་ནི་རྒྱུ་རྐྱེན་ཡོད་ན་འབྱུང་བར་འགྱུར་བའི་དབང་དུ་མཛད་ནས་ཡོད་པའི་སྒྲར་གསུངས་ཀྱི་རྫས་ཀྱི་རང་གི་མཚན་ཉིད་དུ་ཡོད་པ་ནི་མ་ཡིན་ཏེ་དཔེར་ན་མར་མེ་ཤི་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཡིད་ཀྱི་རྣམ་ཤེས་ཆོས་དང་ཡིད་གཉིས་ལ་བརྟེན་པར་བཤད་པའི་ཡིད་ནི་སྔ་མའི་རྗེས་ཐོགས་སུ་འབྱུང་པའམ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ལ། ཡིད་ཀྱི་ཡུལ་འདས་པ་དང་མ་འོངས་པར་བཤད་པ་ནི་དམིགས་པ་ཙམ་དུ་གསུངས་པ་ཡིན་གྱི་དམིགས་པའི་རྐྱེན་ནི་མ་ཡིན་ནོ། །གང་ཡང་ཡང་དག་པར་ལྡན་པའི་ལུང་ལས་ཀུན་ཏུ་རྒྱུ་དབྱུག་ཐོགས་ཐོར་ཚུགས་ཅན་རྣམས་ཀྱི་དབང་དུ་མཛད་ནས། ལས་འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཡོད་དོ་ཞེས་གསུངས་པ་དེ་ཡང་རྒྱུད་དེ་ལ་སྔོན་གྱི་ལས་དེས་ཀུན་དུ་དྲངས་ཤིང་བཞག་པའི་རྣམ་སྨིན་སྐྱེད་པའི་ནུས་པ་ཡོད་པར་བསྟན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་འདས་པར་མི་འགྱུར་ཏེ། དེ་ལྟར་རང་གི་མཚན་ཉིད་དུ་ཡོད་པའི་ཕྱིིར་རོ། །
གཞན་ཡང་བཅོམ་ལྡན་འདས་ཀྱིས་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས། དགེ་སློང་དག་མིག་ནི་སྐྱེ་བ་ནའང་གང་ནས་ཀྱང་མི་འོང་ལ་འགག་པ་ནའང་གང་དུ་ཡང་རྩོགས་པར་མི་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་དག་མིག་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་ཀྱང་སླར་འཇིག་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །འདིར་བྱེ་བྲག་སྨྲ་བ་དག་ནི་རྣམ་པར་བརྟག་པ་དེ་དག་གིས་ནི་མི་གནོད་དེ། ཆོས་རྣམས་ཀྱི་ཆོས་ཉིད་དག་ནི་ཟབ་པ་ཡིན་པས་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་ལན་འདེབས་སོ། །ཡང་ཉོན་མོངས་པ་གང་དག་རང་ཉིད་སྤངས་ཀྱང་ལྡན་པའང་ཡོད་དེ། དེ་ལ་དམིགས་པའི་ཡུལ་ཅན་མ་སྤངས་པས་ཡུལ་ཡང་བྲལ་བར་མི་འགྱུར་བའི་ཕྱིར་རོ། །དེ་དག་ཀྱང་གང་ཞེ་ན། (སྤངས་པ་དང་བྲལ་བའི་ཁྱད་པར་ནི་དངོས་པོ་གང་ཞིག་སྤངས་ན་དེ་དང་བྲལ་བ་ཡིན་ནམ། བྲལ་ན་སྤངས་པ་ཡིན་ནམ་ཞེ་ན། སྤངས་པ་ནི་ཐོབ་པ་ཆད་པ་དང་། བྲལ་བ་ནི་ཡུལ་ཅན་སྤངས་པའོ། །དེ་ལ་གང་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ཡིན་ལ། སྤངས་ཀྱང་མ་བྲལ་བ་ཡོད་དེ། སྡུག་བསྔལ་ཤེས་པ་སྐྱེས་ལ་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ།) སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྤངས་ཀྱང་(དེ་དག་ཡུལ་དུ་བྱས་ནས་ལྡན་ཏེ་)སྡུག་བསྔལ་མཐོང་སྤང་ལ་དམིགས་པའི་ཀུན་འགྲོ་ལྷག་མ་ཀུན་འབྱུང་མཐོང་སྤང་གི་ཀུན་འགྲོ་རྣམས་ཀྱིས་དམིགས་པའི་སྒོ་ནས་ལྡན་པའི་ཕྱིར་དང་། དེ་བཞིན་དུ་སྒོམ་སྤང་དང་པོའི་རྣམ་པ་ཆེན་པོའི་ཆེན་པོ་(པ་ཅི་རིགས།) སྤངས་ཀྱང་དེ་ལ་དམིགས་པའི་ཡུལ་ཅན་གྱི་དྲི་མ་ལྷག་མ་ཆེན་པོའི་འབྲིང་པོ་ལ་སོགས་པ་གང་མ་སྤངས་པ་རྣམས་ཀྱིས་དམིགས་པའི་ཚུལ་གྱིས་ལྡན་པ་ཡིན་ནོ། །འདིར་ཡུལ་ཅན་དེ་དག་ལྡན་ནོ་ཞེས་སྟོན་པ་ནི་མ་ཡིན་ཏེ། འོན་ཀྱང་ཡུལ་ཅན་ལྡན་པས་ཡུལ་སྤངས་ཀྱང་ལྡན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ཏེ། འདི་ལ་ངོ་བོ་སྤངས་ན་ཅི་ཞིག་ལྡན་ཐོབ་པ་རྫས་སུ་ཡོད་པ་ནི་བསལ་ཟིན་ཏོ་ཞེས་བརྗོད་པར་བྱའོ། །
བདུན་པ་ཆོས་(གང་ཞིག་སེམས་)དུའི་ཡུལ་དུ་འགྱུར་བ་བཤད་པ་ནི་འདིར་ཡུལ་ཆོས་ཐམས་ཅད་ནི་རྣམ་པ་བཅུ་དྲུག་ཏུ་འདུས་ཏེ། ཁམས་གསུམ་ན་སྤང་བྱ་རིས་ལྔ་ལྔ་དང་། ཟག་པ་མེད་པའོ། །(ཟག་མེད་ནི་འདུས་མ་བྱས་ཀྱང་ཡིན་ནོ། །)ཡུལ་ཅན་སེམས་ཐམས་ཅད་ཀྱང་རྣམ་པ་བཅུ་དྲུག་པོ་དེ་དག་ཏུ་འདུས་སོ། །དེའི་ཕྱིར་ཆོས་དུ་ཞིག་སེམས་གང་གི་ཡུལ་དུ་འགྱུར་བ་ཤེས་ན་དམིགས་པའི་སྒོ་ནས་རྒྱས་པ་ཤེས་པར་འགྱུར་བའི་ཕྱིར་དེ་དཔྱད་དོ། །(དེ་ཡང་མཐོང་སྤང་ནི་ཕུང་པོ་བཞི་དང་སྒོམ་སྤང་ནི་ཕུང་པོ་ལྔས་བསྡུས་སོ། །)དེ་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་མཐོང་སྤང་དང་། ལམ་གོམས་པ་ཡིས་སྤང་པར་བྱ་བ་འདོད་པའི་ཁམས་ལས་སྐྱེས་པ་(ལྷན་ཅིག་འབྱུང་བ་རྗེས་འབྲང་དང་བཅས་པ།) ནི་(སེམས་ལྔའི་དམིགས་པ་ཡིན་ཏེ།) འདོད་པ་རང་གི་སྡུག་བསྔལ་མཐོང་སྤང་ལ་སོགས་པ་གསུམ་(གྱི་ཡུལ་དུ་འགྱུར་ཏེ་དེ་ཡང་ཀུན་འགྲོས་རིས་གཞན་ལའང་དམིགས་ལ། དེ་མ་ཡིན་པའི་ཉོན་མོངས་ཅན་གྱིས་རང་གི་རིས་ལ་དམིགས་ལ། སྒོམ་སྤང་དག་པས་གསུམ་ཆར་ལ་དམིགས་པའི་ཕྱིར།) དང་གཟུགས་སུ་གཏོགས་པའི་སྒོམ་སྤང་(དགེ་ཡུལ་ཡོད་དགུ་ཡིན་ཞེས་པས་སྒོམ་སྤང་དགེ་བ་)གཅིག་(གི་ཡུལ་དུའང་འགྱུར་ཏེ་གཟུགས་སུ་སྐྱེས་པ་འདོད་པའི་སེམས་ལ་ལྟ་བ་དང་། འདིར་སྐྱེས་པ་ཆགས་བྲལ་འཇིག་རྟེན་པའི་ལམ་གྱིས་འདོད་ཁམས་ལ་དམིགས་པའང་ཡོད་པའི་ཕྱིར།) དང་དྲི་མ་མེད་པ་(སྡུག་ཀུན་ལ།) ཆོས་ཤེས་ཕྱོགས་དང་མཐུན་པའི་རྣམ་ཤེས་དང་ལྔའི་སྤྱོད་ཡུལ་དུ་འགྱུར་རོ། །(དེ་དག་ལས་གཞན་གྱིས་དམིགས་མི་ནུས་པ་ནི་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་ཙམ་ནི་རང་རིས་ལ་དམིགས་པ་ཙམ་དང་། གོང་མའི་ཉོན་མོངས་ཅན་གྱིས་འོག་མ་ལ་དམིགས་པ་མེད་ལ། གཟུགས་མེད་ཀྱི་སྒོམ་སྤང་དགེ་བ་ཡང་འདོད་པ་ལ་རིང་བ་ཉིད་བཞིས་རིང་བའི་ཕྱིར་རོ། །)གཟུགས་ཀྱི་ཁམས་ལས་སྐྱེས་པའི་སྡུག་བསྔལ་མཐོང་སྤང་ལ་སོགས་པ་གསུམ་ནི་(སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ།) གཟུགས་ཁམས་རང་གི་དེ་གསུམ་དང་། འོག་མ་འདོད་པའི་ཁམས་ཀྱི་དེ་(སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་གཉིས་དང་སྒོམ་སྤང་དགེ་བ་དེ་ལ་དམིགས་པའི་ཐོས་བསམ་ལས་བྱུང་དགེ་བའི་ཆོས་ལ་འདུན་པ་ཡང་དག་པའི་ལྟ་བ་མཚུངས་ལྡན་དེ།) གསུམ་དང་། གོང་མ་གཟུགས་མེད་པའི་སྒོམ་སྤང་གཅིག་དང་། དྲི་མ་མེད་པ་རྗེས་ཤེས་ཀྱི་ཕྱོགས་མཐུན་གྱི་རྣམ་ཤེས་ཀྱིའང་ཡུལ་དུ་འགྱུར་བས་དེ་ལྟར་རྣམ་ཤེས་བརྒྱད་ཀྱི་སྤྱོད་ཡུལ་དུ་འགྱུར་རོ། །དེ་ལ་འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་གོང་དུ་དམིགས་པ་རྣམས་ཀྱི་ཡིན་ལ། གཟུགས་མེད་པའི་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་(རགས་པར་ལྟ་བའི་ཤེས་པའི་)ཡུལ་ཡིན་པའི་ཕྱིར་རོ། །
གཟུགས་མེད་པ་ལས་སྐྱེས་པའི་སྡུག་བསྔལ་མཐོང་སྤང་ལ་སོགས་པ་གསུམ་ནི། ཁམས་གསུམ་དུ་གཏོགས་པ་སྔར་བཤད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་གཉིས་དང་སྒོམ་སྤང་དང་གསུམ་གསུམ་སྟེ་དགུ་དང་ཟག་པ་མེད་པ་རྗེས་ཤེས་ཕྱོགས་དང་མཐུན་པའི་རྣམ་ཤེས་དང་བཅུའི་སྤྱོད་ཡུལ་དུ་འགྱུར་རོ། །དེ་ལ་འདོད་གཟུགས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་དང་མཚུངས་ལྡན་གྱི་སེམས་ཡིན་ནོ། །དེ་དག་གི་རྒྱུ་མཚན་ནི་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པའི་སེམས་རྣམས་ནི་འགོག་ལམ་ཁོ་ན་ལ་དམིགས་ལ། ཟག་བཅས་ལ་དམིགས་པ་རྣམས་ཀྱང་ཀུན་འགྲོ་མ་ཡིན་པས་འགོག་ལམ་མཐོང་སྤང་ཁོ་ན་ལ་དམིགས་ཀྱི་ཁམས་དང་རིས་གཞན་ལ་མི་དམིགས་པའི་ཕྱིར་དང་། ས་གོང་མའི་བདེན་པ་དང་པོ་གཉིས་ཀྱི་མཐོང་སྤང་ཀུན་འགྲོ་དག་ཀྱང་ས་འོག་མ་ལ་མི་དམིགས་པའི་ཕྱིར་དང་། རིང་བ་བཞིས་རིང་བས་གཟུགས་མེད་ཀྱི་སྒོམ་སྤང་དགེ་བའི་སེམས་ཀྱིས་ཀྱང་འདོད་པ་ལ་མི་དམིགས་པའི་ཕྱིར་རྣམ་ཤེས་གཞན་གྱི་སྤྱོད་ཡུལ་དུ་ནི་མི་འགྱུར་རོ། །འགོག་པ་དང་ལམ་མཐོང་བས་སྤང་བྱ་(ཁམས་གསུམ་པ།) ཀུན་ནི་སྔར་གྱི་དེ་དག་གི་སྟེང་དུ་རང་རང་གིས་གླགས་ཏེ་བསྣན་པའི་རྣམ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེས་ན་ལྔའི་སྤྱོད་ཡུལ་དུ་འགྱུར་བ་ནི་དྲུག་གི་སྤྱོད་ཡུལ་ཡིན་པ་ལ་སོགས་པའོ། །(དེ་ཡང་དྲུག་དགུ་བཅུ་གཅིག་ཡུལ་ལོ། །)དེ་ལ་རང་རང་གིས་གླགས་པ་ཞེས་བྱ་བའང་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་འདོད་ཆགས་ལ་སོགས་པ་དང་མཚུངས་ལྡན་གྱི་ཡིན་གྱི་ཟག་མེད་ལ་དམིགས་པ་ལོག་ལྟ་ལ་སོགས་པ་དང་མཚུངས་ལྡན་ནི་མ་ཡིན་ཏེ། དེ་དག་ནི་འགོག་ལམ་ཁོ་ན་ལ་དམིགས་པའི་ཕྱིར་རོ། །ཟག་མེད་ནི་འདོད་པ་ལ་སོགས་པ་ཁམས་གསུམ་གྱི་མཐའ་མ་འགོག་ལམ་མཐོང་སྤང་གཉིས་དང་སྒོམ་སྤང་སྟེ་གསུམ་གསུམ་དང་ཟག་པ་མེད་པའི་སེམས་རང་ཉིད་དང་བཅུའི་སྤྱོད་ཡུལ་ལོ། །དེ་ཡང་ཟག་མེད་སོ་སོར་བརྟགས་འགོག་དང་ལམ་བདེན་ནི་ཁམས་གསུམ་གྱི་ལོག་ལྟ་ལ་སོགས་པ་ཟག་མེད་ལ་དམིགས་པ་རྣམས་དང་མཚུངས་ལྡན་དང་། སྒོམ་སྤང་དགེ་བ་ཟག་བཅས་ཀྱི་སེམས་དང་། ཟག་མེད་ཆོས་ཤེས་རྗེས་ཤེས་ཀྱི་དམིགས་པ་ཡིན་ལ། ནམ་མཁའ་དང་སོ་སོར་བརྟགས་མིན་གཉིས་ནི་སྒོམ་སྤང་གི་སེམས་ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའི་དམིགས་པ་ཡིན་ནོ། །
སློབ་དཔོན་ཡོན་ཏན་བློ་གྲོས་དང་དབྱིག་བཤེས་ན་རེ་ནམ་མཁའ་དང་སོ་སོར་བརྟགས་མིན་གཉིས་སྒོམ་སྤང་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་གཉིས་ཀའི་དམིགས་པ་ཡིན་ནོ། །ཞེས་ཟེར་བ་ནི་མི་རིགས་ཏེ། དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན་ཞེས་བརྟགས་འགོག་དང་ལམ་བདེན་ཁོ་ན་ཉོན་མོངས་ཅན་གྱི་དམིགས་པར་བཤད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པར། ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང་། །སྒོམ་པས་སྤང་བྱ་ཟག་པ་མེད། །རྣམ་ཤེས་ལྔ་བརྒྱད་བཅུ་དང་ནི། །རྣམ་ཤེས་བཅུ་ཡི་སྤྱོད་ཡུལ་ཏེ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་འབྱུང་སྟེ། དེ་གཉིས་ནི་རྣམ་ཤེས་དྲུག་དགུ་བཅུ་གཅིག་ཡུལ་ཞེས་བྱ་བར་འགྱུར་རོ། །ཀུན་ལས་བཏུས་ལས་ཀྱང་། འདོད་པ་ན་སྤྱོད་པའི་ཡིད་ཀྱིས་ཁམས་གསུམ་ན་སྤྱོད་པ་རྣམས་དང་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །འདོད་པའི་ཁམས་པ་ཇི་ལྟ་བར་གཟུགས་ན་སྤྱོད་པའང་དེ་བཞིན་ནོ། །གཟུགས་མེད་ན་སྤྱོད་པའི་ཡིད་ཀྱིས་ནི་གཟུགས་མེད་རང་སའི་ཆོས་རྣམས་དང་ཟག་མེད་ཀྱི་ཆོས་རྣམས་ཀྱང་ཤེས་སོ། །ཟག་མེད་ཀྱི་ཡིད་ཀྱིས་ནི་ཁམས་གསུམ་ན་སྤྱོད་པ་རྣམས་དང་ཟག་མེད་ཀྱི་ཆོས་རྣམས་ཀྱང་ཤེས་སོ་ཞེས་བཤད་དེ། གཟུགས་མེད་ནི་ནམ་མཁའི་ཉེར་བསྡོགས་ལས་གཞན་པ་རྣམས་ཀྱི་དབང་དུ་བྱས་པའོ། །དེ་ལྟར་ན་དེ་དག་ལ་ཅི་རིགས་པར་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །དེས་མཚོན་ནས་སེམས་བཅུ་དྲུག་པོ་རེ་རེའི་ཡུལ་དུ་ཆོས་བཅུ་དྲུག་པོ་དུ་དུ་འགྱུར་དཔྱད་པ་ནི། ཁམས་གསུམ་བདེན་བཞི་མཐོང་སྤང་དང་། སྒོམ་སྤང་སེམས་ཀྱི་ཡུལ་དུ་ནི། རིམ་བཞིན་བཅོ་ལྔ་གཉིས་བཅུ་དྲུག། བཅུ་དང་གཉིས་དང་བཅུ་དྲུག་དང་། །ལྔ་དང་གཉིས་དང་བཅུ་གཅིག་འགྱུར། །ཟག་མེད་ཡུལ་དུ་བཅུ་དྲུག་འགྱུར། །ཞེས་པའོ། །
དེ་ལྟར་ཡུལ་དང་ཡུལ་ཅན་དེ་རྣམས་ལས་ཡུལ་གང་ལ་ཡུལ་ཅན་ཕྲ་རྒྱས་དུ་རྒྱས་དཔྱད་པའི་སྐབས་འདིར་ཡུལ་དེ་ཆོས་གང་དུ་གཏོགས་པ་དང་། དེ་སེམས་དུའི་ཡུལ་དུ་འགྱུར་བ་དང་། ཡུལ་ཅན་གྱི་སེམས་དེ་ཕྲ་རྒྱས་ཡིན་མིན་དང་། ཕྲ་རྒྱས་ཡིན་པ་དེ་ཡུལ་དེ་ལ་རྒྱས་མི་རྒྱས་དཔྱད་པ་བཞིས་ཤེས་པར་བྱ་བ་ལས་གཟུགས་ཀྱི་ཕུང་པོ་ལ་མཚོན་ན་དེ་འདོད་གཟུགས་ཀྱི་སྒོམ་སྤང་དང་ཟག་མེད་གསུམ་དུ་གཏོགས་ལ། འདོད་པའི་སྒོམ་སྤང་གི་གཟུགས་རྒྱུད་ཀྱིས་བསྡུས་པ་ཉོན་མོངས་ཅན་ཡིན་ན་འདོད་པ་རང་སའི་བདེན་པ་དང་པོ་གཉིས་ཀྱི་ཀུན་འགྲོ་གཉིས་དང་སྒོམ་སྤང་དང་བསམ་གཏན་དང་པོའི་ཉེར་བསྡོགས་དང་སྒོམ་ལམ་ཟག་མེད་དང་སེམས་ལྔའི་ཡུལ་དུ་འགྱུར་ལ། སེམས་ལྔ་ལས་དང་པོ་གསུམ་ཕྲ་རྒྱས་དང་ཕྱི་མ་གཉིས་སྒོམ་ལམ་ཟག་བཅས་ཟག་མེད་ཡིན་པ་ལ་ཕྲ་རྒྱས་མ་ཡིན་པས་བདེན་པ་དང་པོ་གཉིས་ཀྱི་ཀུན་འགྲོ་བཅུ་གཅིག་དང་སྒོམ་སྤང་བཞི་སྟེ་ཕྲ་རྒྱས་བཅོ་ལྔ་རྒྱས་པར་འགྱུར་ཞིང་། རྒྱུད་ཀྱིས་བསྡུས་ཀྱང་ཉོན་མོངས་ཅན་མ་ཡིན་པ་དང་རྒྱུད་ཀྱིས་མ་བསྡུས་པ་ཐམས་ཅད་ལ་སྒོམ་སྤང་བཞི་པོ་ཁོ་ན་རྒྱས་སོ་ཞེས་ཤེས་པར་བྱའོ། །(ཁ་ཅིག་རྒྱུད་ཀྱིས་མ་བསྡུས་པ་ལ་ལྟ་བ་དང་པོ་གཉིས་མི་རྒྱས་ལ། ང་རྒྱལ་རྒྱས་མི་རྒྱས་བསམ་མོ། །ཁམས་གོང་མའི་གཟུགས་ལའང་ཁོང་ཁྲོ་བོར་བའི་ཁམས་དེ་ཉིད་ཀྱི་ཕྲ་རྒྱས་བཅུ་བཞི་རྒྱས་སོ་ཞེས་འཆད་པ་ནི་མི་རིགས་ཏེ། རྒྱུད་ཀྱིས་མ་བསྡུས་པའི་གཟུགས་ཉོན་མོངས་ཅན་མ་ཡིན་པས་ཀུན་འགྲོ་ཐམས་ཅད་མི་རྒྱས་ཤིང་། ང་རྒྱལ་སྒོམ་སྤང་ཁ་ཕྱིར་ལྟས་རྒྱས་པ་མི་འགལལ་བའི་ཕྱིར་རོ། །)སེམས་ཕྲ་རྒྱས་དང་བཅས་པར་བཞག་པ་ནི་འགྲེལ་པ་ལས། ཕྲ་རྒྱས་གང་དག་གིས་སེམས་ཕྲ་རྒྱས་དང་བཅས་པའི་ཕྲ་རྒྱས་དེ་དག་སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། རྒྱས་པར་འགྱུར་བ་དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་ཞིང་མ་སྤངས་ལ་དམིགས་པ་ཡང་མ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བ་དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་པ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ་ཞེས་འབྱུང་བ་ལ་སེམས་ནི་མཚོན་པ་སྟེ་ཟག་བཅས་མཚུངས་ལྡན་དང་དེ་མ་ཡིན་པ་གཉིས་ལས་མཚུངས་ལྡན་ཉོན་མོངས་པ་ཅན་ཕྲ་རྒྱས་དང་བཅས་པ་ནི་(རྒྱས་པ་དང་མི་རྒྱས་པའི་བཅས་པ་)རྣམ་པ་གཉིས་ལས་དང་པོ་ནི་སོ་སོའི་སྐྱེ་བོའི་སེམས་ཉོན་མོངས་ཅན་ནི་འདོད་ཆགས་ལ་སོགས་པ་མཚུངས་ལྡན་དང་དམིགས་པ་གཉིས་ཀས་རྒྱས་ཤིང་བཅས་པ་ཡིན་ལ། འཕགས་པ་ལ་མཚུངས་ལྡན་སྤངས་ཀྱང་དམིགས་པས་རྒྱས་པ་དང་བཅས་པ་ཡོད་དེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་བཤད་པ་བཞིན་ནོ། །
གཉིས་པ་ནི་འཕགས་པ་དགྲ་བཅོམ་པ་རྣམས་ལ་འདས་པའི་སེམས་ཉོན་མོངས་ཅན་དང་ཉོན་མོངས་པ་དང་ལྷན་ཅིག་གནས་པ་དང་། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་སེམས་ཉོན་མོངས་ཅན་ཉོན་མོངས་པ་དང་ལྷན་ཅིག་གནས་པ་བཞིན་ཏེ། དེ་དག་བཅས་པ་ཡིན་ལ་རྒྱས་པར་མི་འགྱུར་བའི་ཕྱིར་རོ། །མི་རྒྱས་ཀྱང་ཕྲ་རྒྱས་དང་བཅས་པར་འཇོག་པ་ནི་སྔར་མ་སྤངས་པའི་དུས་ན་རྒྱས་པའི་ཕྱིར་རོ་ཞེས་བྱེ་བྲག་སྨྲ་བ་ཟེར་ཏེ། འདི་ནི་དུས་གསུམ་རྫས་སུ་གྲུབ་པའི་གྲུབ་མཐའ་འཁྲུལ་པ་ལ་འཁྲུལ་པ་འཐུས་པ་ཡིན་ནོ། །(སེམས་ཉོན་མོངས་ཅན་ཕྲ་རྒྱས་དང་བཅས་པ་དེ་ཡང་རྒྱས་པ་དང་མི་རྒྱས་པ་རྣམ་པ་གཉིས་སོ། །དང་པོ་ནི་ཉོན་མོངས་དང་མཚུངས་ལྡན་དང་དེ་ལ་དམིགས་པ་མ་སྤངས་པ་སྟེ། དེའི་ཐོབ་པས་སེམས་དེའི་རྒྱུད་བཟང་ཞིང་། རྒྱུད་དེ་ལ་མ་འོངས་པའི་རྒྱུ་མཐུན་གྱི་རྒྱུ་བཞག་པ་དེ་སྲིད་དུའོ། །གཉིས་པ་ནི་གཉེན་པོས་ཕྲ་རྒྱས་མཚུངས་ལྡན་སྤངས་པས་དེའི་ཐོབ་པ་དང་བྲལ་བ་འགའ་ཞིག་སྟེ་འདས་པ་ཁོ་ནའོ། །སྤངས་ན་སེམས་དེ་ཇི་ལྟར་ཕྲ་རྒྱས་དང་བཅས་ཤེ་ན། ཉོན་མོངས་དང་ལྷན་ཅིག་པའི་ཕྱིར་ཏེ། གཉེན་པོ་གང་གིས་ཀྱང་མཚུངས་ལྡན་ལ་འབྲལ་བར་མི་ནུས་པ་ཡིན་ནོ། །ཡང་ན་རང་རྒྱུད་ཀྱི་ཉོན་མོངས་པ་མ་སྤངས་པ་འགའ་ཞིག་གིས་དམིགས་པའི་ཕྱིར་ལྡན་ནོ་ཞེས་བརྗོད་ན་ལེགས་སོ། །)རང་སའི་མཚུངས་ལྡན་ཉོན་མོངས་པ་ཅན་མིན་པ་མཚུངས་ལྡན་མ་ཡིན་པ་(དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན།) རྣམས་ནི་དམིགས་པས་རྒྱས་འགྱུར་གྱིས་ཕྲ་རྒྱས་དང་བཅས་པ་ཡིན་ཏེ། དེ་དག་ལ་རང་སའི་ཉོན་མོངས་ཀྱི་དམིགས་པ་མ་རྒྱས་པ་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་ཟག་མེད་ནི་ཕྲ་རྒྱས་ཀྱིས་དམིགས་ཀྱང་རྒྱས་པ་གཉིས་ཀ་མ་ཡིན་ནོ། །ཞེས་ཤེས་པར་བྱའོ། །
བརྒྱད་པ་གོ་རིམ་ནི་བདེན་པ་བཞིའི་དམིགས་པ་ལ་ཀུན་དུ་རྨོངས་པ་ལས་བདེན་བཞི་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་དང་། ཐེ་ཚོམ་གྱི་རྗེས་དེ་ནས་ནི་ཐེ་ཚོམ་གྱི་ལོག་པར་ཐོས་ཤིང་བསམ་པ་ལས་བདེན་པ་མེད་དོ་ཞེས་སྐུར་བ་འདེབས་པའི་ལོག་ལྟ་དང་། ལོག་ལྟ་སྐྱེས་པ་དེ་ནས་ཕུང་པོ་མི་རྟག་ཏུ་མར་མ་ཤེས་པས་བདག་ཏུ་ཞེན་པའི་འཇིག་ཚོགས་ལ་ལྟ་བ་དང་། དེ་ནས་བདག་རྟག་ཆད་དུ་ལྟ་བའི་མཐར་འཛིན་པར་ལྟ་བ་དང་། མཐར་འཛིན་སྐྱེས་པ་དེ་ནས་ནི་གང་ལ་མཐར་བཟུང་བ་དེས་འདག་པར་ཡིད་ཆེས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། དེ་ནས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པས་ལྟ་བ་མཚོག་འཛིན་དང་། དེ་ནས་རང་གི་ལྟ་བ་ལ་ཆགས་ཤིང་ཁེངས་པའི་ཆགས་པ་དང་ང་རྒྱལ་དང་གཞན་གྱི་ལྟ་བ་ལ་ཞེ་སྡང་སྐྱེ་སྟེ། དེ་ལྟར་ནི་འདི་ནི་སྐྱེ་བའི་རིམ་པ་ཡིན་ནོ། །སྔོན་གྱི་སློབ་དཔོན་དག་ན་རེ་མཐོང་སྤང་རྣམས་ཀྱི་དམིགས་པ་ནི་རང་གི་རྒྱུད་ལ་ཡོད་པའི་ལྟ་བ་ཡིན་པའི་ཕྱིར་ཞེ་སྡང་ཡང་གཞན་གྱི་ལྟ་བ་ལ་ཞེ་སྡང་བ་ནི་མ་ཡིན་གྱི། འོན་ཀྱང་བདག་གིས་སྔར་གྱི་ལྟ་བ་ངན་པ་འདི་ལྟ་བུ་བོར་རོ་ཞེས་གཞན་རང་ཉིད་ཀྱིས་སྔར་བཟུང་བའི་ལྟ་བ་དེ་ལ་ཞེ་སྡང་བ་ཡིན་ནོ་ཞེས་ཟེར་རོ། །(གང་གི་མཇུག་ཏུ་གང་སྐྱེ་མ་ངེས་པས་འདི་བཞིན་སྐྱེ་བར་མ་ངེས་ཀྱང་བདེན་པ་ལ་དམིགས་ནས་འདི་བཞིན་སྐྱེ་བ་སྲིད་པས་དེའི་དབང་དུ་བྱས་སོ། །)
དགུ་པ་སྐྱེ་བའི་རྒྱུ་ནི་རྒྱུའི་སྟོབས་དང་རྐྱེན་རྒྱུད་ལ་ཐོབ་པ་མ་བཅད་ཅིང་གཉན་པོོ་མ་སྐྱེས་པས་ཕྲ་རྒྱས་སྤངས་པ་མ་ཡིན་པ་དང་། ཡུལ་གྱི་སྟོབས་དང་དམིགས་རྐྱེན་འདོད་ཆགས་ལ་སོགས་པ་སྐྱེ་བ་དང་མཐུན་པའི་ཡུལ་ཉེ་བར་གནས་པར་གྱུར་པ་དང་སྦྱོར་བའི་སྟོབས་དང་དེ་མ་ཐག་རྐྱེན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གསུམ་ལས་ཉོན་མོངས་འབྱུང་བས་ན་ཉོན་མོངས་པའི་རྒྱུ་ནི་ཚང་བ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་ན་རེ་དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ཉོན་མོངས་པ་ལྟ་བུ་རེས་འགའ་རྒྱུའི་སྟོབས་མེད་ཀྱང་ཡུལ་གྱི་སྟོབས་ཁོ་ན་ལས་སྐྱེའོ་ཞེས་ཟེར་བ་ལ་འགྲེལ་པར་གྲག་གོ་ཞེས་སྨོས་ཏེ། རྒྱུ་མ་ཚང་བའི་འབྲས་བུ་སྐྱེ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །འདི་ལ་ཕྲ་རྒྱས་སྤངས་པ་མ་ཡིན་པ་ཞེས་བྱ་བ་ནིི་མདོ་སྡེ་པ་ལ་སོགས་པ་ཉོན་མོངས་པའི་ས་བོན་དང་བྱེ་བྲག་ཏུ་སྨྲ་བ་ཐོབ་པ་ལ་འདོད་དོ། །
བཅུ་པ་མདོ་ལས་གསུངས་པའི་ཟག་པ་ལ་སོགས་པའི་དབྱེ་བ་བསྟན་པ་ལ་ཟག་པ་དང་། ཆུ་བོ་དང་སྦྱོར་བ་དང་། ཉེར་ལེན་དང་། ཕྲ་རྒྱས་ལ་སོགས་པའི་མིང་དོན་དང་། ཀུན་སྦྱོར་དང་། འཆིང་བ་དང་། ཉེ་བའི་ཉོན་མོངས་དང་། ཀུན་དཀྲིས་དང་། དྲི་མ་དང་། དེ་དག་གི་རྣམ་པའི་རབ་དབྱེ་དང་། སྒྲིབ་པ་ལྔ་བཤད་པ་དང་བཅུ་གཅིག་ལས་དང་པོ་ནི་ཕྲ་རྒྱས་དེ་དག་ཉིད་མདོ་ལས། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པའོ་ཞེས་ཟག་པ་གསུམ་དུ་གསུངས་པ་ལས་འདོད་ཁམས་ན་གཏི་མུག་ལྔ་མ་གཏོགས་པའི་ཉོན་མོངས་པ་ལྟ་བ་བཅུ་གཉིས་ཐེ་ཚོམ་བཞི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་པོ་ལྔ་ལྔ་སྟེ་སུམ་ཅུ་རྩ་གཅིག་དང་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་བཞི་བཅུ་རྩ་གཅིག་ནི་འདོད་པའི་ཟག་པ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་མ་རིག་པ་བཅུ་མ་གཏོགས་པའི་ཕྲ་རྒྱས་ཉི་ཤུ་རྩ་དྲུག་དྲུག་པོ་རྣམས་ཁོ་ན་གཅིག་ཏུ་བསྡོམས་པ་ལྔ་བཅུ་རྩ་གཉིས་ནི་སྲིད་པའི་ཟག་པ་ཡིན་ནོ། །འོ་ན་སྲིད་ཟག་ལྔ་བཅུ་རྩ་དྲུག་ཏུ་འགྱུར་ཏེ། གོང་མ་གཉིས་ནའང་རྨུགས་རྒོད་ཀྱི་ཀུན་དཀྲིས་ཡོད་ལ། རབ་ཏུ་བྱེད་པ་ལས། སྲིད་པའི་ཟག་པ་གང་ཞེ་ན། མ་རིག་པ་རྣམས་མ་གཏོགས་པ་དེ་ལས་གཞན་པ་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་གང་དག་ཡིན་པའོ་ཞེས་བཤད་པའི་ཕྱིར་རོ་ཞེ་ན། ཁ་ཆེ་བ་རྣམས་ན་རེ་ཁམས་གོང་མའི་རྨུགས་རྒོད་གཉིས་འདོད་ཆགས་ལ་སོགས་པ་དང་ཡང་མཚུངས་པར་ལྡན་པས་རང་དབང་ཅན་མ་ཡིན་པའི་ཕྱིར་མ་བཤད་དོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ན་འདོད་པའི་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་རྒོད་རྣམས་ཀྱང་འདོད་པའི་ཟག་པ་མ་ཡིན་པར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པས་རང་དབང་ཅན་མ་ཡིན་པའི་ཕྱིར་ཞེ་ན། འདིར་རང་གི་འཇུག་པ་ཤས་ཆུང་བས་རང་དབང་ཅན་མ་ཡིན་པར་འདོད་ཀྱི་ཆགས་སོགས་དང་མཚུངས་པར་ལྡན་པས་རང་དབང་ཅན་མ་ཡིན་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །ཁམས་གོང་མ་གཉིས་ཀྱི་ཕྲ་རྒྱས་རྣམས་གཅིག་ཏུ་བསྡོམས་ནས་སྲིད་པའི་ཟག་པ་གཅིག་ཏུ་འཇོག་པ་ནི་ཉོན་མོངས་པ་དེ་དག་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་ལྟས་པ་དང་མཉམ་གཞག་གི་ས་པ་ཡིན་པའི་ཕྱིར་གཅིག་ཏུ་བྱས་སོ། །(དགོས་པ་ནི་དེ་ལ་ཐར་བའི་འདུ་ཤེས་བཟློག་པའི་ཕྱིར།) ཁམས་གསུམ་ཆར་གྱི་མ་རིག་པ་བཅོ་ལྔ་པོ་ཐམས་ཅད་གཅིག་ཏུ་བྱས་པ་ནི་མ་རིག་པའི་ཟག་པའོ། །དེ་གཅིག་པུ་ལོགས་སུ་སྟོན་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས་ན་ཉེས་པ་ཆེ་བས་ལོགས་ཤིག་ཏུ་མ་རིག་པའི་ཟག་པར་བསྟན་ཏེ། མདོ་ལས། ཀུན་དུ་ཆགས་པར་བྱེད་པའི་རྒྱུ་ནི་མ་རིག་པའོ་ཞེས་པ་དང་། འཇིག་རྟེན་འདི་དང་ཕ་རོལ་ན། །འདོད་དང་ཆགས་པས་བསླང་བ་ཡི། །ངན་འགྲོ་གང་དག་ཅིི་ཡོད་པ། །ཐམས་ཅད་མ་རིག་རྩ་བ་ཅན་ཞེས་གསུངས་སོ། །
གཉིས་པ་ཆུ་བོ་དང་སྦྱོར་བ་བཤད་པ་ནི་ཡང་མདོ་ལས། ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ་ཞེས་བྱ་བ་དང་། སྦྱོར་བ་ནི་བཞི་སྟེ། འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ་ཞེས་གསུངས་པའི་ཆུ་བོ་དང་སྦྱོར་བའང་ཇི་ལྟར་ཟག་པ་བཤད་པ་དེ་ཁོ་ན་བཞིན་དུ་རིག་པར་བྱ་སྟེ། འདོད་པ་ལ་སོགས་པའི་ཟག་པ་ནི་འདོད་པ་ལ་སོགས་པའི་སྦྱོར་བ་ལ་སོགས་པ་ཡིན་པའི་ཕྱིིར་རོ། །འོ་ན་ཆུ་བོ་དང་སྦྱོར་བ་གསུམ་དུ་འགྱུར་རོ་ཞེ་ན། ཁམས་གསུམ་པའི་ལྟ་བ་རྣམས་ནི་ཉོན་མོངས་པ་གཞན་བས་ལོགས་ཤིག་ཏུ་ལྟ་བའི་ཆུ་བོ་དང་སྦྱོར་བ་ཞེས་བསྟན་ཏེ། ལྟ་བ་རྣམས་ཉོན་མོངས་པ་གཞན་པས་གཡོ་བ་དང་རྣམ་པ་གསལ་བའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དེ། དེ་ལྟ་ན་མ་རིག་པ་རྣམ་པ་མི་གསལ་བའི་ཕྱིར་ལོགས་ཤིག་ཏུ་མི་སྟོན་པ་དང་། ཁོང་ཁྲོ་དང་འདོད་ཆགས་ལ་སོགས་པའང་ལོགས་ཤིག་ཏུ་སྟོན་པར་ཐལ་བའི་སྐྱོན་ཡོད་པས་གདུལ་བྱའི་བསམ་པ་ལ་ལྟོས་ནས་བཤད་དོ་ཞེས་ཤེས་པར་བྱའོ། །
འོ་ན་ཟག་པའང་བཞིར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། ཟག་པར་ནི་ལྟ་བ་རྣམས་ལོགས་ཤིག་ཏུ་བསྟན་པ་མ་ཡིན་ཏེ། འཁོར་བར་འཇོག་པའི་ཕྱིར་ཟག་པ་ཞེས་བྱ་བ་ཡིན་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཞན་གྱི་གྲོགས་མེད་པའི་ལྟ་བ་རྐྱང་པ་རྣམས་ནི་འཁོར་བར་འཇོག་པའི་མིང་གི་དོན་དང་རྗེས་སུ་མི་མཐུན་པའི་ཕྱིར་རོ། །ལོའི་སྒྲ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་སྟེ། འཇོག་པའི་དོན་འཁོར་བར་དངོས་སུ་ཉིང་མཚམས་སྦྱོར་བ་ལ་འདོད་ན་མ་རིག་པའང་ཟག་པར་མི་འགྱུར་ཏེ། དངོས་སུ་སྲེད་པ་ཁོ་ནས་ཉིང་མཚམས་སྦྱོར་བའི་ཕྱིར་ཏེ། རྣམ་འགྲེལ་ལས། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པ་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། །ཞེས་བཤད་པ་བཞིན་ནོ། །ཕྱིན་ཅི་ལོག་གི་བློ་ནི་མ་རིག་པ་མ་ཡིན་གྱི་ལྟ་བ་ཡིན་པའི་ཕྱིར་རོ། །ཀུན་ནས་སློང་བ་ཙམ་ལ་འདོད་ན་ཉོན་མོངས་པ་ཐམས་ཅད་ཀྱིས་འཁོར་བར་འཇོག་པར་བྱེད་པས་ལྟ་བའང་དེར་ཐལ་བར་འགྱུར་རོ། །དེའི་ཕྱིར་འདི་ཡང་གདུལ་བྱའི་དབང་གིས་བཤད་པ་ཙམ་དུ་རིག་པར་བྱའོ། །
གསུམ་པ་ཉེར་ལེན་བཤད་པ་ནི་མདོ་ལས། ཉེ་བར་ལེན་པ་ནི་བཞི་སྟེ། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ་ཞེས་གསུངས་པ་ལ། འདོད་པ་དང་སྲིད་པའི་ཆུ་བོ་དང་སྦྱོར་བར་ཇི་སྐད་བཤད་པ་ཉིད་མ་རིག་པ་དང་བཅས་པ་ནི་རིམ་པ་ལྟར་འདོད་པ་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་རྣམས་ཡིན་ཏེ། ལྟ་བ་རྣམ་པ་ལྔ་ནི་ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉེ་བར་ལེན་པ་གཉིས་སུ་ཕྱེ་བའི་ཕྱིར་རོ། །དེ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཉེར་ལེན་ཐ་དད་དུ་བསྟན་པ་ནི་གྲངས་ཅན་ལ་སོགས་པའི་ལམ་གྱིས་ཐར་པ་ཐོབ་པར་ལྟ་བས་ཡང་དག་པའི་ལམ་གྱི་དགྲར་གྱུར་པའི་ཕྱིར་དང་། ཟས་མི་ཟ་བ་དང་མེ་དང་ཆུར་འཇུག་པ་ལ་སོགས་པ་དང་ཡུལ་ཡིད་དུ་འོང་བ་སྤངས་པས་དག་པར་ཡིད་ཆེས་པས་ཁྱིམ་པ་དང་རབ་ཏུ་བྱུང་བའིི་ཕྱོགས་གཉིས་ཀ་བསླུ་བའི་ཕྱིར་ལོགས་ཤིག་ཏུ་བྱས་སོ། །མ་འདྲེས་པའི་མ་རིག་པ་འབའ་ཞིག་པས་ནི་མི་གསལ་བས་འཁོར་བར་འཛིན་པར་བྱེད་པ་མིན་པའི་ཕྱིར་དང་། འདྲེས་པ་ནི་ཉོན་མོངས་པ་གཞན་དང་འབྲེལ་བའི་སྟོབས་ཀྱིས་ལེན་པར་བྱེད་པའི་ཕྱིར་ལྟ་བ་ལས་གཞན་པའི་ཉོན་མོངས་པ་རྣམས་དང་བསྲེས་ནས་འདོད་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པར་བཤད་དེ། ཉེ་བར་ལེན་པའི་དོན་ནི་འཁོར་བར་ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །འདི་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་སྟེ། སློབ་དཔོན་ནི་འདུན་པའི་འདོད་ཆགས་ཁོ་ན་ཉེར་ལེན་ཡིན་པས་མ་རིག་པ་ཉེར་ལེན་དུ་མ་བཤད་བ་ཡིན་གྱི་འཛིན་པར་བྱེད་པ་མ་ཡིན་པས་མ་རིག་པ་ཉེར་ལེན་དུ་ལོགས་སུ་མ་བཤད་པ་ནི་མ་ཡིན་ནོ། །དེ་ལ་སྦྱོར་བ་དང་ཉེར་ལེན་ནི་འདུན་པའི་འདོད་ཆགས་ཉིད་ཡིན་གྱི་ཉོན་མོངས་པ་གཞན་དག་ནི་མ་ཡིན་ཏེ། སྦྱོར་བ་དང་ཉེར་ལེན་གྱི་དོན་དངོས་སུ་འཁོར་བར་སྦྱོར་བ་དང་ལེན་པ་ཡིན་ན་ཉོན་མོངས་པ་གཞན་གྱིས་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང་། འདོད་ཆགས་ཀྱིས་དངོས་སུ་འཁོར་བ་སྦྱོར་བ་དང་ཉེ་བར་ལེན་པའི་ཕྱིར་རོ་ཞེས་བཞེད་དོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །དེའི་ཕྱིར་འདོད་པའི་སྦྱོར་བ་དང་ཉེ་བར་ལེན་པ་ནི་འདོད་པ་ལ་ཆགས་པ་ཉིད་ཡིན་ལ། དེ་བཞིན་དུ་སྲིད་པ་ལ་ཆགས་པ་ཉིད་སྲིད་པའི་སྦྱོར་བ་དང་བདག་ཏུ་སྨྲ་བ་ཉེར་ལེན་ཡིན་ཏེ། མདོ་ལས། འདོད་པའི་སྦྱོར་བ་གང་ཞེ་ན་ཞེས་པ་ནས་རྒྱས་པར་འདིའི་འདོད་པ་རྣམས་ལ་(འདོད་པ་ལ་)འདོད་ཆགས་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་སྲེད་པ་དང་། འདོད་པ་ལ་དད་ཆེ་བ་དང་། འདོད་པ་ལ་འདོད་པས་བརྒྱལ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཆགས་པ་ཡོད་པ་གང་ཡིན་པ་དེས་འདིའི་སེམས་ཡོངས་སུ་གཏུངས་ཏེ་གནས་པ་འདི་ནི་འདོད་པའི་སྦྱོར་བ་ཞེས་བྱའོ་ཞེས་པའི་བར་དང་། ལྟ་བའི་སྦྱོར་བ་གང་ཞེ་ན་འདིའི་ལྟ་བ་རྣམས་ལ་འདོད་ཆགས་པ་དང་ཞེས་པ་ནས་གནས་པ་འདི་ནི་ལྟ་བའི་སྦྱོར་བ་ཞེས་བྱའོ་ཞེས་པའི་བར་དང་། ཡང་ཉེ་བར་ལེན་པའི་དབང་དུ་བྱས་ཏེ་ཉེ་བར་ལེན་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ་ཞེས་གསུངས་སོ། །
བཞི་པ་ཕྲ་རྒྱས་ལ་སོགས་པའི་མིང་གི་དོན་ནི་ཅིའི་ཕྱིར་ཉོན་མོངས་པ་དེ་དག་ལ་ཕྲ་རྒྱས་ལ་སོགས་པ་ཞེས་བྱ་ཞེ་ན། གང་གི་ཕྱིར་ཉོན་མོངས་པ་དེ་དག་(ནི་གཟུགས་ཅན་མ་ཡིན་ཞིང་།) སེམས་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་རྟོགས་པར་དཀའ་བས་འཇུག་པ་ཕྲ་བའི་ཕྱིར་དང་། ཐོབ་པ་དང་རྗེས་སུ་འབྲེལ་བའི་ཕྱིར་ཕྲ་བ་ཡིན་ནོ། །དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱི་སྒོ་ནས་རྒྱས་པར་འགྱུར་བ་དང་། འབད་མི་དགོས་པར་བཟློག་བཞིན་དུ་རྒྱུད་ལ་ཡང་དང་ཡང་དུ་མངོན་དུ་འགྱུར་བས་རྒྱུན་ཕྱོགས་སུ་རྗེས་སུ་འབྲང་བའི་ཕྱིར་ཡང་རྒྱས་པ་སྟེ་དེའི་ཕྱིར་ན་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ། །ཁྱད་པར་དུ་ཁམས་གསུམ་ལས་འདོད་ཆགས་དང་མ་བྲལ་ན་ཉོན་མོངས་པ་དེ་དག་གིས་འཁོར་བར་འཇོག་པར་བྱེད་པའི་ཕྱིར་དང་། སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་སྐྱེ་མཆེད་དྲུག་གི་རྨའི་སྒོ་ནས་ཟག་པར་བྱེད་པའི་ཕྱིར་དང་། འཁོར་བའི་རྒྱ་མཚོར་ཁམས་དང་འགྲོ་བ་དང་སྐྱེ་གནས་གཞན་དུ་འཁྱེར་བར་བྱེད་པའི་ཕྱིར་རམ། རྣམ་ཤེས་ཡུལ་ལ་འཇུག་པར་བྱེད་པའི་ཕྱིར་དང་། འཁོར་བ་དང་ཁམས་དང་འགྲོ་བ་དང་སྐྱེ་གནས་སུ་ཉིང་མཚམས་སྦྱོར་པའམ། རྣམ་ཤེས་ཡུལ་གཞན་ལ་འབྱོར་པར་བྱེད་པའི་ཕྱིར་དང་། འཁོར་བར་རྣམ་ཤེས་ཉེ་བར་འཛིན་པའི་ཕྱིར་རིམ་པ་ལྟར་ཟག་པ་ལ་སོགས་པ་ཆུ་བོ་དང་སྦྱོར་བ་དང་ཉེར་ལེན་ཞེས་བྱ་བ་དེ་དག་གི་ནི་ངེས་པའི་ཚིག་ཡིན་ནོ། །སློབ་དཔོན་ནི་འདི་དག་གིས་རྣམ་པར་ཤེས་པའི་རྒྱུད་ཡུལ་ལ་འཇོག་ཅིང་འཕོ་བར་བྱེད་པས་ཟག་པ་དང་། ཆུ་བོ་ལྟར་ཉོན་མོངས་པའི་ཤུགས་ཆེན་པོས་འཁྱེར་བས་ཆུ་བོ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའམ། རྒྱུད་ལ་ཡང་དང་ཡང་དུ་སྦྱོར་བས་སྦྱོར་བ་དང་། འདོད་པ་ལ་སོགས་པ་ཉེ་བར་ལེན་པས་འདུན་པའི་འདོད་ཆགས་ཉིད་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་ཆེས་ལེགས་པ་ཡིན་ནོ་ཞེས་འཆད་དོ། །
ལྔ་པ་ཀུན་སྦྱོར་བཤད་པ་ནི། ཕྲ་རྒྱས་དེ་དག་ཉིད་ཀུན་དུ་སྦྱོར་བ་དང་། སོགས་པས་གཟུང་བ་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་ཀྱི་དབྱེ་བས་ཡང་རྣམ་པ་ལྔར་མདོ་དང་། ཆོས་མངོན་པ་ལས་ཕྱེ་ནས་བཤད་དོ། །དེ་ལ་ཕྲ་རྒྱས་ནི་བཤད་ཟིན་ལ། གཞན་དག་ནི་རིམ་པ་བཞིན་འཆད་དོ། །དེ་ལ་མདོ་ལས། ཀུན་དུ་སྦྱོར་བ་ནི་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་དུ་སྦྱོར་བ་རྣམས་སོ་ཞེས་གསུངས་ཏེ་ཡུལ་དད་སྐྱེ་བ་དག་ལ་ཀུན་དུ་སྦྱོར་བར་བྱེད་པའམ། འདི་དག་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་དུ་མ་དང་ཀུན་དུ་སྦྱོར་བས་ན་ཀུན་སྦྱོར་རོ། །དེ་ལ་རྗེས་སུ་ཆགས་པ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་གྱི་ཀུན་སྦྱོར་བཞི་ནི་ཁམས་གསུམ་གའི་དང་། ཁོང་ཁྲོ་དང་ཕྲག་དོག་དང་སེར་སྣ་གསུམ་ནི་འདོད་ཁམས་ཁོ་ནའི་དང་། ལྟ་བའི་ཀུན་སྦྱོར་ནི་ཁམས་གསུམ་པའི་ལྟ་བ་དང་པོ་གསུམ་དང་། མཆོག་ཏུ་འཛིན་པའི་ཀུན་སྦྱོར་ནི་ལྟ་བ་ཕྱི་མ་གཉིས་ཡིན་ནོ། །ཀུན་སྦྱོར་དགུ་པོོ་དེ་དག་གིས་ནི་གཉེན་པོ་དགུ་ལ་སྒྲིབ་སྟེ། ཁམས་གསུམ་ལ་ཆགས་ན་སྐྱེ་བ་མི་འབྱུང་བས་སྐྱེ་བ་ལ་རྗེས་སུ་ཆགས་པའི་ཀུན་སྦྱོར་གྱིས་སྒྲིབ་ཅིང་། ཁོང་ཁྲོའི་གཞི་ལ་བཏང་སྙོམས་སུ་བྱེད་མི་ནུས་པས་བཏང་སྙོམས་ལ་ཁོང་ཁྲོའི་ཀུན་སྦྱོར་གྱིས་སྒྲིབ་ལ། ལྷག་མ་བདུན་གྱིས་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་སྟེ། དེ་ལ་མངོན་པར་རྟོགས་པའི་དུས་ན་ངའོ་སྙམ་པའི་ང་རྒྱལ་འབྱུང་བས་འཇིག་ཚོགས་སུ་ལྟ་བ་ཡོངས་སུ་ཤེས་པ་ལ་ང་རྒྱལ་གྱི་ཀུན་སྦྱོར་གྱིས་སྒྲིབ་བོ། །ཉེར་ལེན་གྱི་ཕུང་པོ་མི་རྟག་ཏུ་མ་གཞན་དབང་ཅན་དུ་མི་ཤེས་པས་མ་རིག་པའི་ཀུན་སྦྱོར་གྱིས་འཇིག་ཚོགས་ལ་ལྟ་བའི་གཞི་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ལྟ་བ་དང་པོ་གཉིས་ཀྱིས་དེ་ལ་སྐྲག་ཅིང་ལོག་ལྟས་སྐུར་བ་འདེབས་པས་ན་ལྟ་བའི་ཀུན་སྦྱོར་གྱིས་འགོག་པའི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ལམ་གཞན་གྱིས་མཆོག་དང་དག་པར་འཛིན་པས་ན་མཆོག་ཏུ་འཛིན་པའི་ཀུན་སྦྱོར་གྱིས་ལམ་གྱི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །དཀོན་མཆོག་གི་ཡོན་ཏན་ལ་མངོན་པར་ཡིད་མི་ཆེས་པ་ཐེ་ཚོམ་གྱི་ཀུན་སྦྱོར་གྱིས་དཀོན་མཆོག་གསུམ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །རྙེད་བཀུར་གྱི་ཉེས་པ་མ་མཐོང་བས་ཕྲག་དོག་གི་ཀུན་སྦྱོར་གྱིས་རྙེད་པ་དང་བཀུར་སྟི་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ཡོ་བྱད་ལ་ལྷག་པར་ཞེན་པས་སེར་སྣའི་ཀུན་སྦྱོར་གྱིས་ཡོ་བྱད་བསྙུངས་པ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། དབུས་མཐའ་ལས། ཀུན་དུ་སྦྱོར་རྣམས་སྒྲིབ་པ་ཡིན། །སྐྱོ་བ་དང་ནི་བཏང་སྙོམས་དང་། །དེ་ཁོ་ན་ནི་མཐོང་བ་དང་། །འཇིག་ཚོགས་ལྟ་དང་དེའི་གཞི་དང་། །འགོག་དང་ལམ་དང་དཀོན་མཆོག་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཡོ་བྱད་བསྙུངས་པ་ཡོངས་ཤེས་ལ། སྒྲིབ་བོ་ཞེས་འབྱུང་བའི་ཕྱིར་རོ། །དགུར་གྲངས་ངེས་པའང་དེ་ཉིད་ཡིན་ནོ། །ཡང་ཅིའི་ཕྱིར་ལྟ་བ་རྣམས་ལས་དང་པོ་གསུམ་ལྟ་བའི་ཀུན་སྦྱོར་དང་། ཕྱི་མ་གཉིས་མཆོག་ཏུ་འཛིན་པའི་ཀུན་སྦྱོར་ཞེས་གཅིག་ཏུ་བྱས་ཤེ་ན། ལྟ་བ་དང་པོ་གསུམ་དང་ཕྱི་མ་གཉིས་རྫས་བཅོ་བརྒྱད་པར་འདྲ་བའི་ཕྱིར་དང་། ལྟ་བ་ཕྱི་མ་གཉིས་ཀྱིས་ལྟ་བ་སྔ་མ་གསུམ་ལ་མཆོག་དང་དག་པར་འཛིན་པས་ན་སྔ་མ་གསུམ་ནི་བཟུང་བ་དང་ཕྱི་མ་གཉིས་དམན་པ་ལ་མཆོག་ཏུ་འཛིན་པར་འདྲ་བའི་ཕྱིར་ལྟ་བ་དང་པོ་གསུམ་དང་ཕྱི་མ་གཉིས་ཀུན་དུ་སྦྱོར་བ་གཞན་དུ་གསུངས་པ་ཡིན་ནོ། །
དེ་ལ་རྫས་བཅོ་བརྒྱད་པར་འདྲ་བ་ནི་ལྟ་བ་དང་པོ་གཉིས་འདོད་པ་ན་སྡུག་བསྔལ་མཐོང་སྤང་གཉིས་དང་ཁམས་གོང་མ་གཉིས་ན་གཉིས་གཉིས་ཏེ་དྲུག་དང་། ལོག་ལྟ་ཁམས་གསུམ་ན་བདེན་བཞི་མཐོང་བས་སྤང་བར་བྱ་བ་བཞི་གསུམ་བཅུ་གཉིས་ཏེ་ལྟ་བ་དང་པོ་གསུམ་ལ་རྫས་བཅོ་བརྒྱད་དང་། ལྟ་བ་ལྔ་པ་འདོད་པ་ན་སྡུག་བསྔལ་དང་ལམ་མཐོང་སྤང་གཉིས་དང་། ཁམས་གོང་མ་གཉིས་ནའང་གཉིས་གཉིས་ཏེ་དྲུག་དང་། ལྟ་བ་བཞི་པ་ཁམས་གསུམ་ན་བདེན་བཞི་མཐོང་བས་སྤང་བར་བྱ་བ་བཞི་གསུམ་བཅུ་གཉིས་ཏེ་དེ་ལྟར་ན་མཆོག་ཏུ་འཛིན་པ་གཉིས་ཀྱང་རྫས་བཅོ་བརྒྱད་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་མོད་ཀྱི་འོན་ཀྱང་ལོགས་ཤིག་ཏུ་སྟོན་པ་ནི་མཆོག་འཛིན་དུ་འདྲ་བ་ཉིད་ཡིན་ནོ། །གལ་ཏེ་ཀུན་དུ་སྦྱོར་བ་དག་ཏུ་ཀུན་ནས་དཀྲིས་པ་བརྒྱད་ལས་ཕྲག་དོག་དང་སེར་སྣ་ཁོ་ན་སྟོན་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། གང་གི་ཕྱིར་ཕྲག་དོག་དང་སེར་སྣ་གཉིས་ཀ་གཅིག་དུ་མི་དགེ་བ་དང་། མ་རིག་པ་ཙམ་དང་མཚུངས་པར་ལྡན་པས་རང་དབང་ཅན་ཡིན་པ་དེའི་ཕྱིར་ཕྲག་དོག་དང་སེར་སྣ་ངོ་ཚ་མེད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་དྲུག་པོ་དེ་དག་ལས་ལོགས་ཤིག་ཏུ་ཀུན་ཏུ་སྦྱོར་བ་གཉིས་སུ་བཤད་དོ། །
ཀུན་ནས་དཀྲིས་པ་གཞན་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཏེ། ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་གཅིག་ཏུ་མི་དགེ་བ་ཡིན་ཡང་རང་དབང་ཅན་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་དང་ཡང་མཚུངས་པར་ལྡན་པའི་ཕྱིར་རོ། །འགྱོད་པ་རང་དབང་ཅན་ཡིན་ཡང་མི་དགེ་བར་མ་ངེས་ཏེ། དགེ་བའང་ཡོད་པའི་ཕྱིར་རོ། །རྨུགས་རྒོད་དང་གཉིད་ནི་དགེ་བའང་ཡོད་ཅིང་ལུང་མ་བསྟན་ཡང་འདོད་ཆགས་ལ་སོགས་པ་དང་ཡང་མཚུངས་པར་ལྡན་པའི་ཕྱིར་གཅིག་ཏུ་མི་དགེ་བ་དང་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་རང་དབང་ཅན་ཡང་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་བཅོས་རབ་ཏུ་བྱེད་པའི་རྗེས་སུ་འབྲང་བའི་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་འདོད་དོ། །གཞན་དག་ན་རེ་དེ་ལྟ་ན་བྱེ་བྲག་ཏུ་སྨྲ་བ་གང་གི་ལྟར་ན་ཀུན་ནས་དཀྲིས་པ་བཅུར་འདོད་པ་དེའི་ལྟར་ན་ཁྲོ་བ་དང་འཆབ་པའང་མི་དགེ་བ་དང་རང་དབང་ཅན་ཡིན་པའི་ཕྱིར་ཀུན་དུ་སྦྱོར་བར་འཆད་པར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །འདིའི་ལན་ལ་སློབ་དཔོན་འདུན་བཟང་ན་རེ་ཀུན་དཀྲིས་བཅུ་ཡོད་ཀྱང་ཕྲག་དོག་དང་སེར་སྣས་བདེ་འགྲོ་ན་ལྷག་པར་འཆིང་བའི་ཕྱིར་ཏེ། ཤིན་ཏུ་རྣོ་བ་དང་། ཡང་དང་ཡང་འབྱུང་བའི་ཕྱིར་དང་། དེ་གཉིས་ནི་རིམ་པ་བཞིན་དུ་དབང་ཆུང་བ་དང་ལོངས་སྤྱོད་ཆུང་བའི་རྒྱུ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏེ། འདོད་པ་ན་ཀུན་སྦྱོར་གཞན་མང་པོ་ཡོད་ཀྱང་མདོ་ལས། ཀོའུ་ཤི་ཀ་ལྷ་དང་མི་རྣམས་ནི་ཕྲག་དོག་དང་སེར་སྣའི་ཀུན་དུ་སྦྱོར་བ་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་རྒྱལ་པོའི་སྲས་ནི་འདི་གཉིས་ཀྱི་རིམ་པ་ལྟར་ཀུན་དུ་གདུང་བའི་སྡུག་བསྔལ་དང་ཀུན་དུ་དགའ་བ་དང་ལྡན་པའི་ཉོན་མོངས་པ་ཐམས་ཅད་སྟོན་པའི་ཕྱིར་དང་། རབ་ཏུ་བྱུང་བ་དང་ཁྱིམ་པའི་ཕྱོགས་གཉིས་ཀ་ལོངས་སྤྱོད་དང་ཆོས་ལ་ཕྲག་དོག་དང་སེར་སྣ་འབྱུང་བས་ཉོན་མོངས་པར་བྱེད་པའི་ཕྱིར་དང་། ལྷ་དང་ལྷ་མ་ཡིན་གྱི་ཕྱོགས་གཉིས་ཀ་བདུད་རྩི་དང་བུད་མེད་ཀྱི་ཕྱིར་ཤིན་དུ་ཉོན་མོངས་པར་བྱེད་པའི་ཕྱིར་ལོགས་ཤིག་ཏུ་བཤད་དོ་ཞེས་འཆད་དོ། །
ཡང་བཅོམ་ལྡན་འདས་ཀྱིས་མདོ་གཞན་དུ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར་འཕགས་པ་ཕྱིར་མི་འོང་བ་ཡིན་ཏེ། འདི་ལྟ་སྟེ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་སོ་ཞེས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམ་པ་ལྔ་གསུངས་ཏེ། དེ་ལ་ཐ་མ་ནི་ཁམས་གསུམ་གྱི་ཐ་མ་འདོད་པའི་ཁམས་ཏེ། གཅིག་ཏུ་མཉམ་པར་མ་བཞག་པ་དང་། མི་དགེ་བ་དང་ངན་འགྲོ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ཉོན་མོངས་པ་བར་མཚམས་མེད་པ་ཡིན་པའི་ཕྱིར་ཐ་མ་ཡིན་ནོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །དེས་ན་དམན་པ་ལ་ཐ་མའི་སྒྲ་སྦྱར་བ་ཡིན་ནོ། །དེའི་ཆ་དང་མཐུན་པ་ནི་ལྔ་པོ་འདི་དག་འདོད་པ་དང་རྗེས་སུ་མཐུན་པའི་ཕྱིར་ཏེ། འདི་ལྟར་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ནི་གང་ལ་དེ་དག་ཡོད་པ་དེ་འདོད་ཁམས་པ་ཁོ་ནར་ངེས་ཤིང་ཁམས་གོང་མ་གཉིས་ན་དེ་གཉིས་མེད་པས་སྒོ་བས་བཙོན་སྲུང་བ་ལྟར་འདོད་པའི་ཁམས་ལས་མི་འདའ་བར་བྱེད་ལ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་གསུམ་པོ་ཡིས་ནི་ལན་ཅིག་བཙོན་ར་ནས་ཐར་ཀྱང་རྗེས་སུ་འབྲང་བས་ཕྱིར་བཟློག་པ་ལྟར་འདོད་པ་ལས་འདས་ཏེ་གོང་མར་སྐྱེས་ཀྱང་ཡང་ཕྱིར་བཟློག་པར་བྱེད་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་ཏེ། དེ་ལྟར་ན་ཁོང་ཁྲོ་མ་གཏོགས་པ་རྩ་བའི་ཉོན་མོངས་པ་དང་ལྟ་བ་གཞན་ཡང་ཐ་མའི་ཆ་དང་མཐུན་པར་འགྱུར་ཏེ། འདོད་པ་ལས་འདས་ཀྱང་ཕྱིར་བཟློག་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་དག་(འདི་དག་དང་ལྡན་ན་ཅི་ཡང་མེད་པ་ལ་འདོད་ཆགས་དང་བྲལ་ཡང་སོ་སྐྱེ་ལས་མི་འདའ་བས།) དང་པོ་གསུམ་གྱིས་ནི་སེམས་ཅན་གྱི་ཐ་མ་སོ་སོའི་སྐྱེ་བོ་དང་། ཕྱི་མ་གཉིས་ཀྱིས་ནི་(འཕགས་པའི་ཆོས་ཐོབ་པ་ཡང་འདོད་པ་ལས་མི་འདའ་བས།) ཁམས་ཀྱི་ཐ་དད་པའི་ཁམས་ལས་མི་འདའ་ལ། དེ་དག་ལས་མི་འདའ་བར་བྱེད་པའི་ཉོན་མོངས་པ་གཞན་ཡང་ཡོད་མོད་ཀྱི་དེ་དག་གཙོ་ཆེ་བའི་ཕྱིར་བསྟན་ཏོ། །ཞེས་འཆད་པ་ལྟར་ཡིན་ནོ་ཞེས་སློབ་དཔོན་བཞེད་དོ། །(དེ་ལྟར་ཡང་། ཁྱོད་ཀྱི་ཆོས་ལས་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོན་ནས་ཀྱང་། །སྡུག་བསྔལ་རབ་འབྱུང་སྲིད་པ་སྒྲུབ། །ཅེས་བཤད་དོ། །)འོ་ན་ཅིའི་ཕྱིར་རྒྱུན་དུ་ཞུགས་བས་མཐོང་སྤང་ཐམས་ཅད་སྤངས་པས་ལྟ་བ་ལྔ་པོ་ཐམས་ཅད་དང་ཐེ་ཚོམ་དང་དྲུག་ཅར་སྤངས་པ་ཡིན་ན་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག། ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །ཞེས་བྱ་བ་དང་། མིང་ཆེན་གྱིས་ཞུས་པའི་མདོ་ལས་ཀྱང་། བཙུན་པ་ཇི་ཙམ་གྱིས་ན་རྒྱུན་དུ་ཞུགས་པ་ལེགས་ཞེས་ཞུས་པའི་ལན་དུ། མིང་ཆེན་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་པོ་འདི་ལྟ་སྟེ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་ཡང་ཡོངས་སུ་སྤངས་ཤིང་ཡོངས་སུ་ཤེས་པ་ཡིན་ནོ། །
དེས་ཀུན་དུ་སྦྱོར་བ་གསུམ་པོ་དེ་དག་སྤངས་པས་རྒྱུན་དུ་ཞུགས་པ་ཡིན་ཞེས་ལྟ་བ་བར་པ་གསུམ་བོར་ཏེ་ཀུན་དུ་སྦྱོར་བ་གསུམ་ཁོ་ན་སྤངས་པར་གསུངས་ཤེ་ན། དེ་ལྟ་ཡིན་མོད་ཀྱི་གསུམ་པོ་འདིས་མཐོང་སྤང་རྣམས་ཀྱི་སྒོ་བསྡུས་པའི་ཕྱིར་དང་། རྩ་བ་བསྡུས་པའི་ཕྱིར་གསུམ་པོ་དེ་སྤངས་པས་གཞན་དག་ཀྱང་སྤངས་པ་ཤུགས་ལ་གོ་བའི་ཕྱིར་གསུམ་ཁོ་ན་སྤངས་པར་བསྟན་ཏེ། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་སྤང་བྱའི་སྒོ་གཅིག་པ་སྟེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའོ། །དེ་སྤངས་པར་བསྟན་པས་མཐར་འཛིན་པར་ལྟ་བ་སྤངས་པའང་ཤུགས་ལ་གོ་སྟེ་སྒོ་གཅིག་པར་འདྲ་བའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི་སྒོ་གཉིས་པ་སྟེ་སྡུག་བསྔལ་དང་ལམ་མཐོང་བས་སྤང་བར་བྱ་བའོ། །(ཐེ་ཚོམ་ནི་བདེན་བཞི་མཐོང་སྤང་སྒོ་བཞི་བ་སྟེ་)དེ་སྤངས་པར་བསྟན་པས་ལོག་ལྟ་དང་ལྟ་བ་མཆོག་འཛིན་ཡང་སྤངས་པར་ཤུགས་ལ་གོ་སྟེ། རྣམ་པ་བཞི་པར་འདྲ་བའི་ཕྱིར་རོ། །དེ་དག་སྤངས་པར་བསྟན་པས་མཐོང་སྤང་གིས་བསྡུས་པའི་འདོད་ཆགས་ལ་སོགས་པའང་སྤངས་པར་བསྟན་ཏེ། འདོད་ཆགས་ལ་སོགས་པ་ནི་དེ་དག་ལ་དམིགས་པས་དེ་དག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་ཊཱིཀ་བྱེད་དག་འཆད་དོ། །
འོ་ན་ལྟ་བ་དང་པོ་དང་ཐེ་ཚོམ་བོར་ཏེ་མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་འཛིན་དང་ལོག་ལྟ་གང་རུང་རེ་རེའི་བྱས་ནས་ཀྱང་ཀུན་སྦྱོར་གསུམ་དུ་སྟོན་པར་འགྱུར་ཏེ། སྒོ་བསྡུས་པར་འདྲ་བའི་ཕྱིར་རོ་ཞེ་ན། དེ་གཅིག་པུར་མ་ཟད་རྩ་བ་བསྡུས་པའི་ཕྱིར་ཡང་སྟེ། མཐར་འཛིན་པར་ལྟ་བ་ནི་བདག་ལ་རྟག་ཆད་ཀྱི་མཐར་འཛིན་པས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་ཞིང་། ལྟ་བ་མཆོག་འཛིན་ནི་གང་གིས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་བའི་རྩ་བ་ཅན་ཡིན་ལ། ལོག་ལྟ་ནི་ཐེ་ཚོམ་གྱིས་ལོག་པར་མཉན་པ་དང་བསམ་པས་ལོག་པར་ངེས་པ་སྐྱེ་བས་ཐེ་ཚོམ་གྱི་རྩ་བ་ཅན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དེ། རྣམ་པ་གཅིག་པ་ལ་སོགས་པ་ནི་མི་འཐད་པར་བཤད་ཟིན་པའི་ཕྱིར་རྩ་བ་བསྡུས་པའམ་གཙོ་ཆེ་བའི་ཕྱིར་ཡིན་ནོ་ཞེས་ཤེས་པར་བྱའོ། །སློབ་དཔོན་ནི་དཔེར་ན་ཡུལ་གཞན་དུ་འགྲོ་བ་ལ་ཇི་སྲིད་འགྲོ་བར་མི་འདོད་པ་དང་། ལམ་ནོར་བར་འགྲོ་བ་དང་། ལམ་ལ་ཐེ་ཚོམ་ཟ་བའི་བར་ཆད་གསུམ་པོ་དེ་སྙེད་ཅིག་ཡོད་པ་དེ་སྲིད་དུ་ཡུལ་གཞན་དུ་མི་ཕྱིན་པ་ལྟར་ཐར་པ་བགྲོད་པ་ལའང་བགེགས་བྱེད་པ་གསུམ་ཡིན་ལ། དེ་དག་སྤངས་ན་ཐར་པར་བགྲོད་པ་ལ་བགེགས་མེད་པར་བསྟན་པ་དེའི་ཕྱིར་ན་རྒྱུན་དུ་ཞུགས་པར་ཀུན་སྦྱོར་གསུམ་ཁོ་ན་སྤངས་པར་བསྟན་ཏོ། །དེ་ལ་ཀུན་སྦྱོར་དང་པོས་ནི་བདག་ཆད་པར་དོགས་པས་ཐར་པ་ལ་སྐྲག་པའི་ཕྱིར་འགྲོ་བར་མི་འདོད་པ་ཡིན་ཞིང་། གཉིས་པས་(ཚུལ་ཁྲིམས་མཆོག་འཛིན་)ནི་ལམ་གཞན་ལ་བརྟེན་པས་ལམ་ནོར་བ་ལ་ཞུགས་པ་ཡིན་ལ། གསུམ་པས་ནི་ལམ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་འཆད་དོ། །བཤེས་སྤྲིང་ལས་ཀྱང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་དུ་སྦྱོར་བ་འདི་གསུམ་ཐར་བ་ཡི། །གྲོང་ཁྱེར་སྒོ་འགོག་ལེགས་པར་མཁྱེན་པར་མཛོད་ཅེས་འབྱུང་ངོ་། །ཡང་མདོ་ལས། གོང་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་ཕྱིར་འཕགས་པ་དགྲ་བཅོམ་པའོ་ཞེས་གོང་མའི་ཆ་དང་མཐུན་པ་ལྔ་ཉིད་དུ་གསུངས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལས་སྐྱེས་པའི་འདོད་ཆགས་གཉིས་དང་རྒོད་པ་དང་ང་རྒྱལ་དང་ཀུན་དུ་རྨོངས་པ་རྣམས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་དག་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བའི་ཕྱིར་དང་། སྒོམ་སྤང་ཡིན་པའི་ཕྱིར་རོ། །(གོང་མ་མི་གཏོང་བའི་རྒྱུ་ཡིན་པས་གསུམ་པོ་རེ་རེར་བྱས་ལ། གོང་མ་ཉེ་བར་ལེན་པའི་རྒྱུ་ཡིན་པས་འདོད་ཆགས་གཉིས་སོ་སོར་བྱས་སོ་ཞེའོ། །)ཁོང་ཁྲོ་ནི་སྒོམ་སྤང་ཡིན་ཡང་ཁམས་གོང་མ་ན་མེད་པའི་ཕྱིར་རོ། །
དྲུག་པ་འཆིང་བ་བཤད་པ་ནི་མདོ་ལས། འཆིང་བ་རྣམས་གང་ཞེ་ན། འཆིང་བ་ནི་གསུམ་སྟེ། འཆིང་བ་འདོད་ཆགས་ཐམས་ཅད་དང་། ཞེ་སྡང་ཐམས་ཅད་དང་། གཏི་མུག་ཐམས་ཅད་དོ་ཞེས་གསུངས་པ་ནི། (འདི་དག་གིས་སེམས་བཅིངས་ན་རང་དབང་མེད་པས་འཆིང་བའོ། །དེ་ཡང་)དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས། བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ་ཞེས་གསུངས་པས་བདེ་བ་ལ་སོགས་པའི་ཚོར་བའི་དབང་གིས་འདོད་ཆགས་ལ་སོགས་པ་འདི་དག་གིས་འཁོར་བར་འཆིང་བས་ན་འཆིང་བ་གསུམ་དུ་བཤད་དེ། ཚོར་བ་བདེ་བ་ལ་སོགས་པ་གསུམ་ལས་རིམ་པ་ལྟར་དུག་གསུམ་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པའི་ཕྱིར་རོ། །ཀུན་ལས་བཏུས་ལས་ནི་དུག་གསུམ་གྱིས་རིམ་པ་ལྟར་འགྱུར་བ་དང་སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ལ་འཆིང་བས་ན་འཆིང་བ་ཞེས་བཤད་དོ། །དེ་ཡང་ཕལ་ཆེ་བའི་དབང་དུ་བྱས་ཀྱི་རེས་འགའ་ནི་དགྲ་བོའི་བདེ་སྡུག་ལ་དམིགས་ནས་ཀྱང་ཞེ་སྡང་དང་འདོད་ཆགས་རྒྱས་པར་འགྱུར་རོ། །དེ་ཡང་རང་རྒྱུད་ཀྱི་བདེ་སྡུག་ལ་ནི་དམིགས་པ་དང་མཚུངས་ལྡན་གཉིས་ཀས་རྒྱས་ལ་གཞན་རྒྱུད་ཀྱི་ལ་ནི་དམིགས་པའི་སྒོ་ནས་སོ། །བཏང་སྙོམས་ལའང་ཆགས་སྡང་གཉིས་ཀའང་རྒྱས་མོད་ཀྱི་གཏི་མུག་དང་གཉིས་མི་གསལ་བར་མཐུན་པས་ལྷག་པར་རྒྱས་བར་འགྱུར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །
བདུན་པ་ཉེ་བའི་ཉོན་མོངས་པ་བཤད་པ་ནི་རྩ་བའི་ཉོན་མོངས་པ་དྲུག་པོ་ལས་གཞན་པའི་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོ་ཞེས་པ་གང་ཡིན་པ་དེ་ཡང་རྩ་བའི་ཉོན་མོངས་པ་དང་ཉེ་བར་འདུག་པས་ན་ཉེ་བའི་ཉོན་མོངས་ཏེ། དེ་དག་ལ་རྩ་བའི་ཉོན་མོངས་པ་ཞེས་ནི་མི་བྱ་སྟེ། རྩ་བ་མ་ཡིན་པར་ཕྱིར་རོ། །དེ་དག་ཀྱང་ཀུན་ནས་དཀྲིས་པ་དང་། དྲི་མ་དང་། གཞི་ཕྲན་ཚེགས་ལས་འབྱུང་བ། མི་དགའ་བ་དང་། གླལ་བྱེད་པ་དང་། སེམས་ཞུམ་པ་ཉིད་དང་། སྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་ཉིད་དང་། ཐ་དད་པའི་འདུ་ཤེས་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རུ་གདུག་དང་། འཕྱ་སྨོད་དང་། གནམ་པ་ཉིད་དང་། མི་གནམ་པ་ཉིད་དང་། རང་བཞིན་དུ་མི་འདུག་པ་ཉིད་དང་། འདོད་པའི་རྣམ་པར་རྟོག་པ་དང་། འཚོ་བའི་རྣམ་པར་རྟོག་པ་དང་། ཉེ་དུའི་རྣམ་པར་རྟོག་པ་དང་། ཡུལ་མིའི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། བརྙས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། རིགས་སྙེམས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། མྱ་ངན་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཞེས་བྱ་བ་ཉེར་བཞི་པོ་དག་སྟེ། འདི་དག་གི་དོན་ནི་རིན་པོ་ཆེའི་ཕྲེང་བ་དང་། གཞི་བསྡུ་བ་ལས་བྱུང་བ་ལྟར་ཤེས་པར་བྱའོ། །
བརྒྱད་པ་ཀུན་ནས་དཀྲིས་པ་བཤད་པ་ནི་འདི་དག་གིས་སྲིད་པའི་བརྩོན་རར་ཀུན་ནས་འཁྲི་བའམ། འདི་དག་ཡོད་ན་སྤྱོད་པ་ངན་པ་དག་ལྡང་བས་ན་ཀུན་དཀྲིས་སོ། །དེ་དག་ཀྱང་གང་ཞེ་ན། ངོ་ཚ་མེད་པ་ནས་གཉིད་ཀྱི་བར་ཀུན་ནས་དཀྲིས་པ་ནི་རྣམ་པ་བརྒྱད་ཡིན་པར་བསྟན་བཅོས་རབ་ཏུ་བྱེད་པ་ལས་བཤད་དོ། །བྱེ་བྲག་ཏུ་སྨྲ་བ་ནི་བརྒྱད་པོ་དེ་དག་དང་ཁྲོ་བ་དང་འཆབ་པ་སྟེ་བཅུའོ་ཞེས་འདོད་དོ། །དེ་དག་གི་ངོ་བོ་ནི་བཤད་ཟིན་ལ། འདིར་འགྱོད་པ་ཀུན་ནས་དཀྲིས་པར་འགྱུར་བ་ནི་འགྱོད་པ་མི་དགེ་བ་ཡིན་ནོ། །དེ་དག་ཀྱང་རྩ་ཉོན་གྱིས་སྐྱེད་པ་ལས་རྩ་བའི་ཉོན་མོངས་པ་གང་གིས་སྐྱེད་ཅེ་ན། འདོད་ཆགས་ཀྱིས་ངོ་ཚ་མེད་པ་དང་སྒོད་པ་དང་སེར་སྣ་བསླང་ཞིང་བསྐྱེད་པ་ཡིན་ཏེ། རང་གི་ཆོས་ལ་ཆགས་པས་གཞན་ལ་མ་གུས་པའི་ཕྱིར་དང་། འདོད་པའི་ཡོན་ཏན་ལ་ཆགས་པས་སེམས་རྣམ་པར་འཕྲོ་བའི་ཕྱིར་དང་། ཡོ་བྱད་ལ་སོགས་པ་ལ་ཆགས་པས་དམ་དུ་འཛིན་པའི་ཕྱིར་རོ། །འཆབ་པ་ནི་ཁ་ཅིག་འདོད་ཆགས་ཀྱིིས་སྐྱེད་པར་འདོད་ལ། གཞན་དག་ནི་གཏི་མུག་གིས་བསྐྱེད་པར་འདོད་དོ། །ལ་ལ་ནི་གཉིས་ཀས་བསྐྱེད་པ་ཡིན་ཏེ། ཉེས་པ་བྱུང་བར་ཤེས་པ་རྣམས་ཀྱི་འདོད་ཆགས་དང་། བྱུང་བར་མ་ཤེས་པ་རྣམས་ཀྱི་གཏི་མུག་ལས་སྐྱེས་སོ་ཞེས་ཟེར་ཏེ་མི་མཐུན་པར་རྩོད་དོ། །འོན་ཀྱང་རྙེད་བཀུར་དང་ཚིགས་སུ་བཅད་པ་ཉམས་ཀྱིས་དྭོགས་ནས་འཆབ་པའི་ཕྱིིར་འདོད་ཆགས་ལས་སྐྱེས་པ་ཉིད་རིགས་སོ། །མ་རིག་པ་ལས་སེམས་རྨུགས་པ་དང་གཉིད་དང་ཁྲེལ་མེད་རྣམས་སྐྱེ་སྟེ། དམིགས་པ་གསལ་བར་འཇུག་པ་ལ་རྨུགས་པ་དང་གཉིད་མེད་པའི་ཕྱིར་དང་། སྡིག་པའི་འབྲས་བུ་སྡུག་བསྔལ་ཡིན་པར་མ་ཤེས་པས་སྡིག་པ་ལ་མི་འཇིགས་པའི་ཕྱིར་རོ། །ཐེ་ཚོམ་ལས་འགྱོད་པ་མི་དགེ་བ་འབྱུང་སྟེ། དགེ་བའི་འབྲས་བུ་བདེ་བ་ཡིན་པར་ཐེ་ཚོམ་ཟ་བ་དག་དགེ་བ་བྱས་པ་ལ་འགྱོད་པའི་ཕྱིར་རོ། །ཁྲོ་བ་དང་ཕྲག་དོག་ནི་ཁོང་ཁྲོའི་རྒྱུ་ལས་བྱུང་བ་ཡིན་ཏེ། ཞེ་སྡང་ལས་ཀུན་ནས་མནར་སེམས་སྐྱེ་བའི་ཕྱིར་དང་། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་འཁྲུགས་ནས་མི་བཟོད་པའི་ཕྱིར་རོ། །
དགུ་པ་དྲི་མ་བཤད་པ་ནི་གཞན་ཡང་མདོ་ལས་ཉོན་མོངས་པའི་དྲི་མ་རྣམ་པ་དྲུག་གསུངས་ཏེ། དེ་དག་ཀྱང་སྒྱུ་ནས་རྣམ་པར་འཚེ་བའི་བར་རོ། །འདི་དག་གི་ཡང་ངོ་བོ་ནི་བཤད་ཟིན་ལ། རྩ་བའི་ཉོན་མོངས་པ་གང་ལས་སྐྱེས་པ་ནི་སྒྱུ་དང་རྒྱགས་པ་ནི་འདོད་ཆགས་ལས་སྐྱེས་ཏེ། རྙེད་པ་ལ་སོགས་པ་ཉམས་གྱིས་དྭོགས་ནས་སྒྱུ་བྱེད་པའི་ཕྱིར་དང་། རང་གི་ཆོས་ལ་ཆགས་པས་ཡིད་བདེ་བའི་ཕྱིར་རོ། །ཁོན་དུ་འཛིན་པ་དང་རྣམ་པར་འཚེ་བ་ནི་ཞེ་སྡང་གིས་ཀུན་ནས་བསླང་ནས་ཁོན་འཛིན་དང་སེམས་ཅན་ལ་རྣམ་པར་འཚེ་བ་འབྱུང་བས་ན་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ལས་སྐྱེས་ཏེ། རང་གི་ལྟ་བ་ལ་དམ་དུ་བཟུང་ནས་གཞན་ལ་འཚིག་པའི་ཕྱིར་རོ། །མདོ་ལས། གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ་ཞེས་འབྱུང་བའི་ཕྱིར་གཡོ་ནི་ལོག་པར་ལྟ་བས་ཀུན་ནས་བསླང་བ་ཡིན་ཏེ། (ལས་འབྲས་ལས་)ལོག་པར་ལྟ་བ་དང་ལྡན་པ་སེམས་སྡིག་པ་མི་འཆགས་པར་གྱ་གྱུ་བའི་ཕྱིར་རོ། །(མདོ་ལས་ཀྱང་། རྟག་པ་ཅི་ཞིག་མྱ་ངན་འདས། །མི་རྟག་ཅི་ཞིག་འདུས་བྱས་ཆོས། །དྲང་བ་ཅི་ཞིག་འཕགས་པའི་ལམ། །གྱ་གྱུ་ཅི་ཞིག་སྡིག་ཅན་ལྟ། །ཞེས་སོ། །)བཅུ་པོ་དེ་དག་གི་ཁྱད་པར་གྱི་ཆོས་བཤད་པ་ནི་ཀུན་ནས་དཀྲིས་པ་བཅུ་བཤད་པ་གང་དག་ཡིན་པ་དེ་དག་ལས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་པ་དང་གཉིད་དང་རྒོད་པ་སྟེ་ལྔ་ནི་མཐོང་སྤང་དང་སྒོམ་སྤང་དང་མཚུངས་པར་ལྡན་པ་རྣམས་རིམ་པ་ལྟར་མཐོང་སྤང་དང་སྒོམ་སྤང་ཡིན་པས་རྣམ་པ་གཉིས་ཀ་ཡིན་ཏེ། དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་གཉིས་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་ཞིང་། རྨུགས་རྒོད་གཉིས་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་ལ། གཉིད་ནི་ཡིད་ཀྱི་ས་པ་འདོད་པ་ན་སྤྱོད་པ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །ལྔ་པོ་དེ་དག་ལས་གཞན་པ་ཉེ་ཉོན་ཀུན་དཀྲིས་ཀྱིས་བསྡུས་པ་ཕྲག་དོག་དང་སེར་སྣ་དང་འགྱོད་པ་དང་ཁྲོ་བ་དང་འཆབ་པ་ནི་བདེན་པ་ལ་དངོས་དང་བརྒྱུད་ནས་ལོག་པར་མི་འཇུག་(ཅིང་ཡུལ་ལ་འཇུག་)པས་བསྒོམ་པས་སྤང་བར་བྱ་བ་ཁོ་ན་དང་། རང་དབང་ཅན་ཡང་ཡིན་ཏེ། སྒོམ་སྤང་གི་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གལ་ཏེ་གང་ཞིག་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དེ་རང་དབང་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། དེ་དག་འཇུག་པ་ལ་ནི་རང་ཉིད་གཙོ་བོ་ཡིན་གྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་ལ་མི་ལྟོས་ལ། མ་རིག་པ་ཙམ་དང་མཚུངས་པར་ལྡན་ཡང་མ་རིག་པ་ནི་གླེན་པའི་ཕྱིར་འཇུག་པར་བྱེད་པ་མ་ཡིན་ནོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །(དེ་དག་ནི་རང་ཉིད་དབང་ཆེའི། མ་རིག་པ་ལ་སོགས་པ་ལྟར་ཆགས་སོགས་ཀྱི་དབང་དུ་མི་འགྱུར་བས་སོ། །)ཇི་ལྟར་ཉེ་ཉོན་ཕྲག་དོག་ལ་སོགས་བསྒོམ་སྤང་དང་རང་དབང་ཅན་ཡིན་པ་དེ་བཞིན་དུ་དྲི་མ་དྲུག་པོ་རྣམས་ཀྱང་སྒོམ་སྤང་དང་རང་དབང་ཅན་ཡིན་ནོ། །ཀུན་ནས་དཀྲིས་པ་ངོ་ཚ་མེད་པ་ལ་སོགས་པ་བདུན་དང་དྲི་མ་དྲུག་པོ་རྣམས་ནི་འདོད་པའི་ཁམས་ན་མི་དགེ་བ་ཡིན་ནོ། །རྨུགས་པ་དང་རྒོད་པ་དང་གཉིད་གསུམ་ནི་གཉིད་ལ་དགེ་བ་ཡོད་ཀྱང་ཀུན་ནས་དཀྲིས་པའི་སྐབས་ཡིན་པས་(དགེ་བ་མ་ཡིན་གྱི་)བསྒྲིབས་ལ་ལུང་མ་བསྟན་དང་མི་དགེ་བ་རྣམ་པ་གཉིས་ཀ་ཡིན་ནོ། །འདོད་པའི་ཁམས་དེ་ཡན་ཆད་ཁམས་གོོང་མ་གཉིས་ན་ཡོད་པའི་ཉེ་ཉོན་རྣམས་ནི་བསྒྲིབས་ལ་ལུང་མ་བསྟན་ཡིན་ནོ། །
ཡང་ཉེ་ཉོན་དེ་དག་ཁམས་དང་ས་གང་ན་དུ་ཞིག་ཡོད་ཅེ་ན། འདོད་པ་དང་བསམ་གཏན་དང་པོ་ན་ནི་གཡོ་སྒྱུ་ཡོད་དེ། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། འཕགས་པ་རྟ་ཐུལ་གྱིས་ཚངས་པ་ལ་འབྱུང་བ་ཆེན་པོ་བཞི་པོ་འདི་དག་མ་ལུས་པར་གང་དུ་འགག་པར་འགྱུར་ཞེས་དྲིས་པ་ན། དེ་མ་ཤེས་པར་བདག་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ། བྱེད་པ་པོའོ། །སྒྲུབ་པ་པོའོ། །འབྱིན་པ་པའོ། །འབྱིན་བྱེད་དོ། །དངོས་པོ་རྣམས་ཀྱི་ཕྱིར་གྱུར་པ་ཡིན་ནོ་ཞེས་ཚངས་པ་ཆེན་པའི་གཡོ་སྒྱུས་གཏམ་རླུང་ལ་བསྐུར་ཏེ་འཕགས་པ་རྟ་ཐུལ་འདྲིད་པར་བཤད་པའི་ཕྱིར་རོ། །(ཉོན་མོངས་ཀྱི་ས་པ་ཡིན་པས་)རྨུགས་པ་དང་རྒོད་པ་དང་(གང་ན་ཡང་མི་འགལ་བས་)རྒྱགས་པ་གསུམ་ནི་ཁམས་གསུམ་ཀ་ན་ཡོད་དོ། །གསུམ་པོ་དེ་དག་དང་གཡོ་སྒྱུ་གཉིས་ཏེ་ལྔ་ལས་གཞན་བཅུ་གཅིག་པོ་དག་ནི་འདོད་པའི་ཁམས་ལས་སྐྱེས་པ་དག་ཁོ་ན་ཡིན་ནོ། །ཡང་རྩ་བ་དང་ཉེ་བའི་ཉོན་མོངས་པ་དེ་དག་ལས་མཐོང་བས་སྤང་བར་བྱ་བ་ཐམས་ཅད་དང་སྒོམ་སྤང་(ནི་ཁ་ནང་ལྟས་ཡིན་པས་)ཡིན་ཡང་གཉིད་དང་ང་རྒྱལ་དང་བཅས་པ་ནི་ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ཏེ། རྟོག་བཅས་དང་མི་གསལ་བས་ཡིད་ཀྱི་རྣམ་ཤེས་ལས་གཞན་གྱི་འཁོར་དུ་མ་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཉེ་བའི་ཉོན་མོངས་པ་རང་དབང་ཅན་བཅུ་གཅིག་པོ་ཡང་སྒོམ་སྤང་ཡིན་ཡང་རྟོག་བཅས་ཡིན་པས་ཡིད་ཀྱི་ས་པ་ཡིན་ནོ། །མཐོང་སྤང་དང་སྒོམ་སྤང་གི་གཉིད་དང་ང་རྒྱལ་ལས་གཞན་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྒོམ་སྤང་གི་མ་ངེས་པའི་ཆགས་སྡང་གཉིས། མི་དགེ་བའི་ས་པ་གཉིས། ཉོན་མོངས་པ་ཆེན་པོའི་ས་པ་དྲུག་པོ་ནི་རྣམ་པར་ཤེས་པ་དྲུག་ཅར་གྱི་རྟེན་ཅན་ཡིན་ནོ། །
ཡང་ཉོན་མོངས་པ་ཉེ་བའི་ཉོན་མོངས་པ་དེ་དག་ཚོར་བ་ལྔ་པོ་གང་དང་མཚུངས་པར་ལྡན་ཞེ་ན། བདེ་བ་དང་ཡིད་བདེ་བ་དག་དང་དགའ་བའི་རྣམ་པར་འཇུག་པས་འདོད་ཆགས་སུ་མཚུངས་པར་ལྡན་ཏེ། རྣམ་ཤེས་དྲུག་ཅར་གྱི་འཁོར་དུ་འབྱུང་བས་སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་ནི་རིམ་པ་ལྟར་ལུས་ཀྱི་བདེ་བ་དང་ཡིད་བདེ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེ་སྡང་ནི་སྐྱོ་བའི་རྣམ་པར་འཇུག་པས་འདོད་ཆགས་བདེ་བ་དག་དང་མཚུངས་པར་ལྡན་པ་ལས་བཟློག་པ་སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའོ། །དེ་ཡང་རྣམ་ཤེས་ལྔ་དང་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་ནི་རིམ་པ་ལྟར་སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །སྤང་བྱ་རིས་ལྔའམ་འདྲེས་པ་དང་མ་འདྲེས་པའི་མ་རིག་པ་དག་ནི་ཚོར་བ་ལྔ་པོ་ཐམས་ཅད་དང་ཅི་རིགས་མཚུངས་པར་ལྡན་ཏེ། རྣམ་ཤེས་ཐམས་ཅད་དང་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །བདེན་བཞི་མེད་པར་ལྟ་བའི་ལོག་ལྟ་ནི་ལོག་ལྟ་ཅན་སྡིག་པ་དང་བསོད་ནམས་བྱས་པ་རྣམས་རིམ་པ་ལྟར་སྡིག་པ་དང་བསོད་ནམས་བྱས་པའི་འབྲས་བུ་མི་འབྱུང་བ་དང་འབད་པ་དོན་མེད་པར་མཐོང་བས་ཡིད་བདེ་བ་དང་སྡུག་བསྔལ་ཏེ་ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་ནོ། །ཡིད་མི་བདེ་བ་དང་ཐེ་ཚོམ་མཚུངས་པར་ལྡན་ཏེ། (ངེས་པ་)གང་ཞིག་དོན་དུ་གཉེར་བ་དེ་ལ་འཇུག་པ་ལ་ཐེ་ཚོམ་ཟ་བ་ན་ཡང་མི་བདེ་བའི་ཕྱིར་རོ། །དེ་དག་ལས་གཞན་པའི་ཉོན་མོངས་པ་ལྟ་བ་བཞི་དང་ང་རྒྱལ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ཏེ། དེ་དག་ཡིད་ཀྱི་ས་པ་ཁོ་ན་ཡིན་ལ་དགའ་བའི་རྣམ་པས་འཇུག་པའི་ཕྱིར་རོ། །(ཆད་ལྟའང་དགའ་རྣམ་ཅན་ཡིན་ནོ། །)དེ་དག་ཀྱང་འདོད་པ་ལས་སྐྱེས་པའི་དབང་དུ་བྱས་པ་ཡིན་གྱི་ཁམས་གོང་མ་ན་(ཁོང་ཁྲོ་དང་ཡིད་མི་བདེ་དང་)སྡུག་བསྔལ་མེད་པའི་ཕྱིར་དང་། བདེ་བའང་བསམ་གཏན་བཞི་པ་ནས་མེད་པའི་ཕྱིར་རོ། །བཏང་སྙོམས་དང་ནི་ཉོན་མོངས་པ་ཀུན་མཚུངས་པར་ལྡན་ཏེ། ཉོན་མོངས་པ་རྒྱུན་ཆད་པ་ནི་གཞན་པས་ངེས་པར་བཏང་སྙོམས་ཡོད་པའི་ཕྱིར་ཏེ། འགྲེལ་པ་ལས། ཕྲ་རྒྱས་འདི་དག་ཐམས་ཅད་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་ཏེ། ཉོན་མོངས་པ་རྣམས་རྒྱུན་ཆད་པའི་དུས་ན་གདོན་མི་ཟ་བར་བཏང་སྙོམས་ཀུན་དུ་གནས་སོ་ཞེས་པ་དང་། ཆོས་མངོན་པ་ཀུན་ལས་བཏུས་ལས་ཀྱང་། ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཞེ་ན། ཐ་མལ་པར་འདུག་པ་ལ་བརྟེན་ནས་ནུབ་པར་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །
ས་གོང་མ་གཟུགས་དང་གཟུགས་མེད་པ་དག་གིས་ཉོན་མོངས་པ་རྣམས་ནི་ས་ཇི་བཞིན་དུ་ས་རང་རང་གི་རྣམ་ཤེས་དང་ཚོར་བའི་དབང་པོ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ཏེ། ས་གང་ན་རྣམ་ཤེས་དང་ཚོར་བ་དུ་ཡོད་པ་ནི་བཤད་ཟིན་ཏོ། །ཉེ་བའི་ཉོན་མོངས་པ་རྣམས་ལས་འགྱོད་པ་ནས་འཚིག་པའི་བར་དྲུག་པོ་དག་ནི་ཡིད་མི་བདེ་བ་དང་མཚུངས་པ་ལྡན་ཏེ། འདི་དག་སྐྱོ་བའི་རྣམ་པར་འཇུག་པའི་ཚོར་བ་ཡིན་པའི་ཕྱིར་དང་། དགའ་བའི་རྣམ་པར་མི་འཇུག་པས་ཡིད་བདེ་དང་མཚུངས་པར་མི་ལྡན་ལ་ཡིད་ཀྱི་ས་པ་ཁོ་ན་ཡིན་པའི་ཕྱིར་སྡུག་བསྔལ་དང་ཡང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །སེར་སྣ་ནི་ཡིད་མི་བདེ་དང་མཚུངས་པར་ལྡན་པ་དྲུག་པོ་དེ་དག་ལས་བཟློག་པ་ཆགས་པའི་རྒྱུ་ལས་བྱུང་བས་དགའ་བའི་རྣམ་པར་འཇུག་ཅིང་ཡིད་ཀྱི་ས་པ་ཁོ་ན་ཡིན་པས་ཡིད་བདེ་དང་མཚུངས་པར་ལྡན་པ་ཡིན་ནོ། །གཡོ་དང་སྒྱུ་དང་འཆབ་པ་དང་གཉིད་རྣམས་ནི་གཡོ་སྒྱུ་དང་བཅས་པའི་བྱ་བ་འགྲུབ་པ་དང་མ་གྲུབ་པ་ན་རིམ་པ་ལྟར་ཡིད་བདེ་བ་དང་མི་བདེ་བར་འགྱུར་ཞིང་གཉིད་ནི་ཀུན་ལ་མི་འགལ་ལ་ཐམས་ཅད་ཡིད་ཤེས་ཀྱི་ས་པ་ཡིན་པ་པས་ཡིད་བདེ་ཡིད་མི་བདེ་གཉིས་ཀ་དང་མཚུངས་པར་ལྡན་ནོ། །དགའ་བའི་རྣམ་པར་འཇུག་ཅིང་ཡིད་ཀྱི་ས་པ་ཁོ་ན་ཡིན་པས་བསམ་གཏན་གསུམ་པའི་སེམས་བདེ་དང་གཉིས་པ་མན་ཆད་ཀྱི་ཡིད་དེ་དག་དང་རྒྱགས་པ་མཚུངས་པར་ལྡན་ལ། བཞི་པ་ཡན་ཆད་ན་བདེ་བ་མེད་པའི་ཕྱིར་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་ཏེ། ཇི་ལྟར་མ་རིག་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ལའང་མཚུངས་པར་ལྡན་པར་རུང་བ་ལྟར་བཏང་སྙོམས་ཀྱང་ས་དང་རྣམ་ཤེས་དང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལ་ཀུན་དུ་འགྲོ་བའི་ཕྱིར་རོ། །དེའི་ཕྱིར་ཊཱིཀ་བྱེད་དག་གིས་ཀྱང་མ་རིག་པ་དང་བཏང་སྙོམས་གཉིས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་དང་ཡང་མཚུངས་པར་ལྡན་པ་བཀག་པ་མེད་དོ་ཞེས་བཤད་དོ། །ཀུན་དཀྲིས་གཞན་ངོ་ཚ་ཁྲེལ་མེད་དང་རྨུགས་རྒོད་བཞི་པོ་ནི་ཚོར་བའི་དབང་པོ་ལྔ་དག་དང་མཚུངས་པར་ལྡན་པར་སྲིད་དེ། དང་པོ་གཉིས་མི་དགེ་བའི་ས་པ་དང་ཕྱི་མ་གཉིས་ཉོན་མོངས་པའི་ས་པ་ཆེན་པོ་ཡིན་ལ། དེ་དག་ཀྱང་རྣམ་ཤེས་དྲུག་ཅར་གྱི་འཁོར་དུ་འབྱུང་ཞིང་དྲུག་ཅར་ལ་མི་དགེ་བ་དང་ཉོན་མོངས་པའང་སྲིད་པའི་ཕྱིིར་རོ། །
བཅུ་གཅིག་པ་སྒྲིབ་པ་ལྔ་བཤད་པ་ནི་མདོ་ལས། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དག་སྒྲིབ་པ་ལྔར་གསུངས་ན། འདོད་འདུན་དང་གནོད་སེམས་དང་གཉིད་དང་འགྱོད་པ་རྣམས་འདོད་པ་བ་ཡིན་མོད་ཀྱི་རྨུགས་རྒོད་དང་ཐེ་ཚོམ་རྣམས་ཁམས་གསུམ་ག་ན་ཡོད་པས་དེ་དག་ཁམས་གསུམ་ཆར་གྱི་གཟུང་ངམ་ཞེ་ན། མ་ཡིན་ཏེ། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སྒྲིབ་པས་ན་སྒྲིབ་པ་ལྔ་པོ་རྣམས་ནི་འདོད་པའི་ཁམས་ཁོ་ན་ན་ཡོད་དེ། མདོ་ལས། དགེ་སློང་དག་སྒྲིབ་པ་ལྔ་ནི་མི་དགེ་བའི་ཕུང་པོ་ཡིན་ནོ་ཞེས་སྨྲ་བ་དེ་དག་ནི་ཡང་དག་པར་སྨྲ་བ་སྨྲ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ་ཞེས་སྒྲིབ་པ་ལྔ་གཅིག་ཏུ་མི་དགེ་བ་ཁོ་ནར་གསུངས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་རྨུགས་གཉིད་གཉིས་དང་རྒོད་འགྱོད་གཉིས་སེམས་བྱུང་ཐ་དད་ཡིན་བཞིན་དུ་སྒྲིབ་པ་རེ་རེེར་བཤད་ཅེ་ན། རྨུགས་གཉིད་གཉིས་ཡོད་ཀྱང་སྒྲིབ་པ་གཅིག་ཏུ་བཤད་དེ། དེ་གཉིས་ཀྱི་མི་མཐུན་ཕྱོགས་གཉེན་པོ་གཅིག་པའི་ཕྱིར་དང་། ཟས་ཏེ་སྐྱེད་བྱེད་ཀྱི་རྒྱུ་གཅིག་པའི་ཕྱིར་དང་། བྱ་བའང་གཅིག་པའི་ཕྱིར་རོ། །དེ་ལ་གཉིས་ཀའི་མི་མཐུན་ཕྱོགས་སྣང་བའི་འདུ་ཤེས་ཏེ་གཉེན་པོ་དང་ཟས་མ་ཡིན་པ་ཞེས་ཀྱང་བརྗོད་དོ། །ཟས་ནི་ལྔ་སྟེ། སྨྱོ་བ་དང་། མི་དགའ་བ་དང་། བྱ་སྨྱུངས་དང་། ཁ་ཟས་ཀྱི་དྲོད་མི་ཟིན་པ་དང་། སེམས་ཞུམ་པ་ཉིད་དེ། དེ་དག་གིས་དེ་གཉིས་རྒྱས་པར་བྱེད་པའི་ཕྱིར་རོ། །གཉིས་པོ་དེའི་བྱ་བ་ནི་སེམས་ཞུམ་པར་བྱེད་པའོ། །དེ་བཞིན་དུ་རྒོད་འགྱོད་གཉིས་ཀྱང་སྒྲིབ་པ་གཅིག་ཏུ་བཞག་སྟེ། མི་མཐུན་ཕྱོགས་དང་ཟས་དང་བྱ་བ་གཅིག་པའི་ཕྱིར་རོ། །དེ་ལ་འདི་གཉིས་ཀྱི་མི་མཐུན་ཕྱོགས་ནི་ཞི་གནས་ཡིན་ལ། ཟས་ནི་བཞི་སྟེ། ཉེ་དུའི་རྣམ་པར་རྟོག་པ་དང་། ཡུལ་གྱི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། སྔོན་དགོད་པ་དང་རྩེས་པ་དང་དགའ་མགུར་སྤྱད་པ་རྣམས་རྗེས་སུ་དྲན་པའོ། །བྱ་བ་ནི་གཉིས་ཀས་སེམས་རྣམ་པར་མ་ཞི་བར་བྱེད་པའོ། །གལ་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱང་སྒྲིབ་པ་ཡིན་ན་ཅིའི་ཕྱིར་ལྔ་པོ་ཁོ་ན་སྒྲིབ་པར་བསྟན་ཞེ་ན། འདོད་པ་ལ་འདུན་པ་དང་གནོད་སེམས་ཀྱིས་ནི་འདོད་པ་དང་སྡིག་པ་ལས་མི་འབྲལ་ཞིང་། རྨུགས་གཉིད་དང་རྒོད་འགྱོད་ཀྱིས་ནི་རིམ་པ་ལྟར་ལྷག་མཐོང་དང་ཞི་གནས་རིང་དུ་བྱེད་པས་རིམ་པ་ལྟར་ཚུལ་ཁྲིམས་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཕུང་པོ་གསུམ་ལ་གནོད་པ་བྱེད་པའི་ཕྱིར་དང་། ཏིང་ངེ་འཛིན་དང་ཤེས་རབ་མེད་ན་ཐེ་ཚོམ་གྱིས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོའམ་བདེན་པ་དག་ལ་ཐེ་ཚོམ་ཟ་བའི་ཕྱིར་ན་སྒྲིབ་པ་ལྔ་ཉིད་དུ་བཤད་དོ། །གཞན་དག་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཕལ་ཆེ་བ་འདོད་དོ། །
ཁ་ཅིག་དེ་ལྟ་ན་མདོ་ལས། རྨུགས་གཉིད་ཀྱི་སྔར་རྒོད་འགྱོད་སྨོས་པར་འགྱུར་ན་དེ་ལྟའང་མ་ཡིན་པས་རྨུགས་གཉིད་དང་རྒོད་འགྱོད་ཀྱིས་ནི་རིམ་པ་བཞིན་དུ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ལ་གནོད་དེ། ཏིང་ངེ་འཛིན་དང་ཤེས་རབ་ལ་བརྩོན་པ་རྣམས་དེ་དག་གིས་འཇིགས་ཏེ་དེ་དག་དང་ཆ་འདྲ་བས་བསླུ་བའི་ཕྱིར་རོ། །དེ་བཞིན་དུ་ཐེ་ཚོམ་ཡང་ཤེས་རབ་ལ་གནོད་བྱེད་ཡིན་ཏེ། ལངས་ནས་ཆོས་ལ་ངེས་པར་རྟོག་པའི་ཚེ་བར་ཆད་བྱེད་པའི་ཕྱིར་རོ་ཞེས་འདོད་དེ་གཞན་ནི་སྔ་མ་བཞིན་ནོ། །སྔོན་གྱི་སློབ་དཔོན་དག་ནི་སྒོམ་པ་པོ་དེ་བསོད་སྙོམས་ལ་བརྒྱུས་པ་ན་ཡུལ་སྡུག་མི་སྡུག་ལ་མཚན་མར་བཟུང་བས་ཆགས་སྡང་འབྱུང་བས་ན་ཐོག་མར་ཏིང་ངེ་འཛིན་ལ་འཇུག་པའི་སྦྱོར་བ་ལ། འདོད་པ་ལ་འདུན་པ་དང་གནོད་སེམས་དང་། དེའི་འོག་ཏིང་ངེ་འཛིན་ལ་ཞུགས་པ་ན་དངོས་གཞིའི་ཞི་གནས་ལ་རྨུགས་གཉིད་དང་། རྒོད་འགྱོད་དང་ཐེ་ཚོམ་གྱིས་ལྷག་མཐོང་དང་། ཐེ་ཚོམ་གྱིས་ནི་རྗེས་ཏིང་ངེ་འཛིན་ལས་ལངས་ནས་ཆོས་ལ་ངེས་པར་རྟོག་པ་ལའང་བར་དུ་གཅོད་པས་ན་ལྔར་བསྟན་ཏོ་ཞེས་བཞེད་དོ། །(དེ་དག་གིས་དཀྲུགས་པའི་སེམས་པ་དེ་ཉིད་མཐོང་བའི་སྐབས་མེད་པའི་ཕྱིར་རླུང་གིས་དཀྲུགས་པའི་ཆུ་ལ་གཟུགས་བརྙན་སྣང་བའི་སྐབས་མེད་དོ། །)
གཉིས་པ་ཕྲ་རྒྱས་ཇི་ལྟར་སྤོང་ཚུལ་བཤད་པ།
གཉིས་པ་ཕྲ་རྒྱས་ཇི་ལྟར་སྤོང་ཚུལ་ལ་དངོས་དང་། ཞོར་ལ་གཉེན་པོའི་དབྱེ་བ་གཉིས་ལས་དང་པོ་ནི་སྤྱིར་སྤང་བྱ་སྤོང་ཚུལ་ལ་བཞི་ལས་རེ་ཞིག་མཐོང་སྤང་རྣམས་ནི་དམིགས་པའི་ཡུལ་ཡོངས་སུ་ཤེས་པས་སྤོང་བ་དང་། ཡུལ་དེ་དག་ལ་དམིགས་པའི་ཡུལ་ཅན་ཡང་དག་པར་ཟད་པ་དེ་སྤངས་པས་སྤོང་བ་དང་། དམིགས་པའི་ཡུལ་སྤངས་པས་ཡུལ་ཅན་སྤོང་བ་གསུམ་ལས་དང་པོ་ནི་མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་ལས་སྡུག་བསྔལ་མཐོང་སྤང་འདོད་པའི་རངས་ལ་དམིགས་པ་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་ལྟ་བ་དང་པོ་གཉིས་དང་། ཀུན་འགྲོ་མ་ཡིིན་པ་འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་དང་། ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མ་ཡིན་པ་འདོད་ཆགས་ལ་སོགས་པ་གསུམ་པོ་དེ་དག་ཉིད་དེ་དེ་ལྟར་བརྒྱད་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་སྡུག་བསྔལ་མཐོང་སྤང་དགུ་དགུ་དང་། ཀུན་འབྱུང་མཐོང་སྤང་དྲུག་དྲུག་སྟེ་སུམ་ཅུ་དང་། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་མ་གཏོགས་པ་ཟག་མེད་ལ་དམིགས་པ་ལོག་ལྟ་དང་ཐེ་ཚོམ་བཞི་གསུམ་བཅུ་གཉིས་ཏེ་ལྔ་བཅུ་བོ་རྣམས་ནི་དམིགས་པ་བདེན་བཞི་ལ་ལོག་པར་ཞུགས་པ་ན་མཐོང་ཤེས་པས་མིར་འཛིན་ལྡོག་པ་ལྟར་མཐོང་ལམ་གྱིས་བདེན་བཞིའི་རང་མཚན་ཡོངས་སུ་ཤེས་པས་སྤོང་སྟེ། རྣམ་པ་འགལ་བའི་ཕྱིར་རོ། །
གཉིས་པ་ནི་དེ་དག་ལས་དགུ་གོང་དུ་དམིགས་ཞེས་པའི་འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་དགུ་པོ་རྣམས་ཏེ། དེ་དག་ནི་དེ་དག་ལ་དམིགས་པའི་ཡུལ་ཅན་འདོད་པའི་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་རྣམས་སྤངས་པས་སྤོང་སྟེ། སྐལ་བ་མཉམ་པའི་ཁམས་ཀུན་འགྲོའི་དམིགས་པ་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་ཡིན་པའི་ཕྱིར་རོ། །(འདི་ནི་འདོད་པ་ལ་བསམས་ཀྱི་གོང་མའི་དེ་དག་ནི་དམིགས་པ་ཤེས་པས་སྤོང་བའོ་ཞེས་སོ། །)གལ་ཏེ་དམིགས་པ་ཡིན་ཀྱང་སྤོང་བར་མ་ངེས་སོ་ཞེ་ན། ཡུལ་ཅན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་སྔ་མས་བསྐྱེད་པའི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་དམིགས་པ་ཡིན་པ་ན། སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་བཟོད་ཆོས་ཤེས་ཀྱི་རྒྱུ་འདོད་པའི་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་རྣམས་སྤངས་པས་དེ་དག་གིས་སྐྱེད་པའི་འབྲས་བུ་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཀྱང་སྤོང་སྟེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །
གསུམ་པ་ནི་ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་ལོག་པ་ལ་ལོག་ཞུགས་འདོད་པ་ན་འགོག་པ་མཐོང་སྤང་བཞི་དང་། ལམ་མཐོང་སྤང་ལྔ་སྟེ་དགུ་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་བདུན་བདུན་ཏེ་ཉི་ཤུ་རྩ་གསུམ་པོ་རྣམས་ནི་དེ་དག་གི་དམིགས་པའི་ཡུལ་དངོས་སུ་ལོག་ཞུགས་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་ལོག་ལྟ་ལ་སོགས་པ་དེ་དག་སྤངས་པས་ཡུལ་ཅན་ལྟ་བ་མཆོག་འཛིན་ལ་སོགས་པ་ཟག་བཅས་ལ་དམིགས་པ་ལོག་པ་ལ་ལོོག་ཞུགས་དེ་དག་ཀྱང་སྤངས་པར་འགྱུར་ཏེ། འགོག་ལམ་ལ་ཆོས་བཟོད་ཆོས་ཤེས་དང་རྗེས་བཟོད་རྗེས་ཤེས་ཀྱིས་ཡུལ་ཟག་མེད་ལ་དངོས་སུ་དམིགས་པ་ལོག་ལྟ་ལ་སོགས་པ་དེ་དག་དམིགས་ཡུལ་ཤེས་པས་སྤངས་པ་ན་ཡུལ་མེད་པའི་ཡུལ་ཅན་མི་སྲིད་པའི་ཕྱིར་རོ། །ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་ནི་དངོས་སུ་ལོག་ཞུགས་ཟག་མེད་ལ་དམིགས་པ་དང་ལོག་པ་ལ་ལོག་ཞུགས་ཟག་བཅས་ལ་དམིགས་པ་ནི་རིམ་པ་ལྟར་དམིགས་པ་ཡོངས་སུ་ཤེས་པ་དང་དམིགས་ཡུལ་སྤངས་པས་སྤོང་ངོ་། །དེ་བཞིན་དུ་ཁམས་གོང་མ་གཉིས་ཀྱི་སྤང་བྱ་ཅིག་ཅར་སྤོང་ཞིང་བདེན་པ་ཅིག་ཅར་མཐོང་བས་གཟུགས་ཁམས་ཀྱི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཀྱང་དམིགས་པ་ཤེས་པས་སྤོང་ལ། སྔར་བཤད་པའི་འདོད་པའི་ཀུན་འགྲོ་དགུའི་སྐལ་བ་མཉམ་པའི་ཁམས་ཀུན་འགྲོའི་ཆ་རྣམས་ཀྱང་དམིགས་པ་ཤེས་པས་སྤོང་ངོ་། །
དེ་ལྟར་ན་ཐམས་ཅད་ཀྱང་དམིགས་པ་ཡོངས་སུ་ཤེས་པས་སྤོང་བའི་རྩ་བ་ཅན་ཡིན་ཏེ། འདོད་པའི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཀྱང་ལམ་གྱིས་དམིགས་ཡུལ་བདེན་པ་ཤེས་པས་ཡུལ་ཅན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་རྣམས་སྤངས་པས་སྤོང་བའི་ཕྱིར་དང་། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་ཀྱང་འགོག་ལམ་ཤེས་པས་དམིགས་ཡུལ་ཟག་མེད་ལ་དམིགས་པ་རྣམས་སྤངས་པའི་སྟོབས་ཀྱིས་སྤོང་བའི་ཕྱིར་རོ། །དེ་དག་རང་རང་གི་དམིགས་པ་ཤེས་པ་ཙམ་གྱིས་ནི་མི་སྤོང་སྟེ། སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཀྱི་དམིགས་པ་ནི་ཁམས་གོང་མ་གཉིས་ཡིན་ལ། གོང་མ་གཉིས་ནི་སྡུག་བསྔལ་ཀུན་འབྱུང་ལ་རྗེས་བཟོད་རྗེས་ཤེས་ཀྱིས་ཤེས་པ་ཡིན་པ་ན་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ནི་སྔར་འདོད་པའི་སྡུག་བསྔལ་ཀུན་འབྱུང་ལ་ཆོས་བཟོད་ཆོས་ཤེས་ཀྱི་ཡུལ་ཅན་སྤངས་པའི་ཚུལ་གྱིས་སྤངས་ཟིན་པའི་ཕྱིར་རོ། །དེ་བཞིན་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་ཀྱིས་དམིགས་པ་ཟག་མེད་ལ་དམིགས་པ་ལོག་ལྟ་ལ་སོགས་པ་དེ་དག་ནི་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པ་ཡིན་པས་སྡུག་བསྔལ་ཀུན་འབྱུང་ལ་ཆོས་དང་རྗེས་སུ་ཤེས་བཟོད་ཀྱིས་ཤེས་ཀྱང་དེའི་ཚེ་མི་སྤོང་སྟེ། དེ་དག་འགོག་ལམ་མཐོང་སྤང་ཡིན་པས་ཕྱིས་འགོག་ལམ་ལ་ཆོས་དང་རྗེས་སུ་ཤེས་བཟོད་ཀྱི་ཟག་མེད་ལ་དམིགས་པ་དེ་དག་སྤངས་པས་ན་ཡུལ་སྤངས་པས་སྤོང་བའི་ཕྱིར་རོ། །
སྤོང་ཚུལ་གསུམ་པོ་དེ་དག་ཀྱང་རང་རྒྱུད་ཀྱི་མཐོང་སྤང་སྤོང་ཚུལ་ཡིན་གྱི་གཞན་རྒྱུད་ཀྱི་མཐོང་སྤང་ཐམས་ཅད་ནི། གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །ཞེས་འབྱུང་བས་ཡུལ་ཅན་རང་རྒྱུད་ཀྱི་ཀུན་འགྲོ་རྣམ་པ་གཉིས་སྤངས་པ་ཁོ་ནས་སྤོང་ངོ་། །སྤོང་ཚུལ་བཞི་པ་སྒོམ་སྤངས་རྣམས་ནི་ས་རེ་རེའི་ཉོན་མོངས་པའི་རྣམ་པ་དགུ་དགུར་བྱས་ཏེ་ཆེན་པོའི་ཆེན་པོ་ལ་སོགས་པ་གང་གི་གཉེན་པོ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་གང་ཡིན་པ་དེ་སྐྱེས་པས་ཉོན་མོངས་པ་དེ་ཟད་ཅིང་སྤངས་པར་འགྱུར་གྱི་མཐོང་ལམ་གྱིས་དམིགས་པ་བདེན་བཞི་ཤེས་ཀྱང་སྒོམ་སྤང་མི་སྤོང་(སྟེ་བདེན་པ་རྣམས་སྔར་ཤེས་པར་བྱས་ཟིན་)བས་དམིགས་པ་ཤེས་པས་ཀྱང་མ་ཡིན་ཞིང་། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་པས་ཡུལ་ཅན་ཀུན་འགྲོ་དང་སྒོམ་སྤང་དང་པོ་བརྒྱད་ཀྱི་བར་དུ་སྤངས་ཀྱང་ཡུལ་སྒོམ་སྤང་ཕྱི་མ་མི་སྤོང་བས་དམིགས་བྱེད་ཟད་པས་ཀྱང་མ་ཡིན་ལ། དམིགས་ཡུལ་སྒོམ་སྤང་སྔ་མ་བརྒྱད་སྤངས་ཀྱང་ཡུལ་ཅན་ཕྱི་མ་དགུར་པ་མི་སྤོང་བས་དམིགས་ཡུལ་སྤངས་པས་ཀྱང་མ་ཡིན་ནོ། །(དེ་ལྟར་ན་སྒོམ་སྤང་ནི་རང་རང་གི་གཉེན་པོ་སྐྱེས་པས་སྤོང་བ་དང་། རང་རྒྱུད་ཀྱི་སྒོམ་སྤང་ཉོན་མོངས་ཅན་གཟུགས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་དང་། གཞན་རྒྱུད་ཀྱི་ཐམས་ཅད་ནི་ཡུལ་ཅན་ཟད་པས་སྤོང་བས་སྒོམ་སྤང་སྤོང་ཚུལ་ནི་རྣམ་པ་གཉིས་ཡིན་ནོ། །)
གཉིས་པ་ནི་འོ་ན་གཉེན་པོ་ཉིད་དུ་ཡོད་ཅེ་ན། གཉེན་པོ་ནི་རྣམ་པ་བཞི་སྟེ། སྤོང་བའི་གཉེན་པོ་དང་། གཞི་གཉེན་པོ་དང་། ཐག་སྲིང་བའི་གཉེན་པོ་ཉིད་དང་། རྣམ་པར་སུན་འབྱིན་པའི་གཉེན་པོ་ཞེས་བྱའོ། །དེ་ལ་དང་པོ་ནི་གང་གིས་ཉོན་མོངས་པའི་ཐོབ་པ་གཅོད་པ་སྟེ་བར་ཆད་མེད་པའི་ལམ་(ཐམས་ཅད་དེ།) སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །གཉིས་པ་ནི་བར་ཆད་མེད་པའི་ལམ་གྱིས་སྤངས་པའི་བྲལ་ཐོབ་འཛིན་པ་སྟེ་བར་ཆད་མེད་པའི་ལམ་དང་པོ་མ་གཏོགས་པ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམ་པར་གྲོལ་བའི་ལམ་(ལ་སོགས་པ་ཐམས་ཅད་དོ།) མོ། །དེས་ན་བར་ཆད་མེད་ལམ་དང་པོ་ནི་སྤོང་བ་གཉེན་པོ་ཁོ་ན་ཡིན་གྱི་གཞི་གཉེན་པོ་ནི་མ་ཡིན་ནོ། །གསུམ་པ་ནི་རྣམ་གྲོལ་གྱི་ལམ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་མ་གཏོགས་པ་དེ་ཡན་ཆད་ཀྱི་ཁྱད་པར་གྱི་ལམ་སྟེ་ཐོབ་པ་ཐག་སྲིང་བའི་ཕྱིར་རོ། །དེས་ན་རྣམ་གྲོལ་གྱི་ལམ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་དེ་ནི་གཞི་གཉེན་པོ་ཁོ་ན་ཡིན་ནོ། །ཁ་ཅིག་ན་རེ་རྣམ་གྲོལ་གྱི་ལམ་དང་པོ་དེས་ཀྱང་ཐོབ་པ་ཐག་སྲིང་བས་ཐག་སྲིང་གི་གཉེན་པོའང་ཡིན་ནོ་ཞེས་ཟེར་རོ། །བཞི་པ་ནི་བདེན་པ་དང་པོ་གཉིས་ལ་དམིགས་པའི་ལམ་གང་གིས་དམིགས་པ་དེ་མི་རྟག་པ་ལ་སོགས་པའི་རྣམ་པར་སུན་འབྱིན་པའོ། །དེས་ན་འདི་སྐད་དུ་བདེན་པ་དང་པོ་གཉིས་ལ་དམིགས་པའི་སྤོང་བ་གཉེན་པོ་ལ་སོགས་པ་ནི་སུན་འབྱིན་པའི་གཉེན་པོའང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །
སློབ་དཔོན་གྱིས་ནི་ཐེམ་སྐས་ཀྱི་ཚུལ་ལ་བརྟེན་ནས་སྐྱེ་བའི་རིམ་པ་དང་མཚན་ཉིད་མི་འཆོལ་བ་ཐུགས་ལ་བཞག་ནས་དང་པོ་ནི་བདེན་པ་དང་པོ་གཉིས་ལ་དམིགས་པའི་སྦྱོར་ལམ་དྲོད་ལ་སོགས་པ་ཁོ་ན་ཡིན་ལ། གཉིས་པ་ནི་བར་ཆད་མེད་པའི་ལམ་བརྒྱད་ཅུ་རྩ་དགུ་པོ་ཐམས་ཅད་དོ། །གསུམ་པ་ནི་རྣམ་གྲོལ་གྱིི་ལམ་ཐམས་ཅད་དེ་རྣམ་གྲོལ་གྱི་ལམ་ནི་དང་པོ་ནས་གཞི་ཁོ་ན་ཡིན་གྱི་ཐག་སྲིང་བའི་གཉེན་པོ་ནི་མ་ཡིན་ནོ། །བཞི་པ་ནི་ཁྱད་པར་གྱི་ལམ་སྟེ་སྔ་མ་གསུམ་ལས་གཞན་པའི་ལམ་ཐམས་ཅད་དེ། དེས་ན་གོ་རིམ་འདི་ནི་ཆོས་ལེགས་པ་ཡིན་ནོ་ཞེས་བཤད་དོ། །གཉེན་པོ་དེ་དག་གིས་གང་ལས་སྤོང་ཞེ་ན། དམིགས་པའི་ཡུལ་སུན་ཕྱུང་བ་ལས་ནི་ཉོན་མོངས་པ་སྤང་བྱར་འདོད་ཀྱི་(གཉེན་པོ་དང་སྤང་བྱ་)མཚུངས་པར་ལྡན་པ་ལས་ནི་མ་ཡིན་ཏེ། (མཚུངས་ལྡན་ཡིན་ན་དེ་གཉིས་)ཕན་ཚུན་མེད་ན་མི་འབྱུང་བར་སྐྱེས་པས་རང་གི་ཚོགས་དབྱེ་བར་མི་ནུས་པའི་ཕྱིར་དང་། དམིགས་པ་ལས་དབྱེ་བར་ནུས་པའི་ཕྱིར་རོ། །ཇི་ཙམ་གྱིས་ན་ཉོན་མོངས་པ་སྤངས་པར་བརྗོད་ཅེ་ན། (ལམ་གྱི་དུས་ན་རང་རྒྱུད་ཀྱི་ཕྲ་རྒྱས་ད་ལྟར་བ་མེད་པས་དེ་སྤོང་གསུང་སྟེ། འགོག་པར་འགྱུར་བའི་ལམ་གྱིས་ཉོན་མོངས་འདས་མ་འོངས་དམིགས་ཡུལ་དུ་བྱས་ནས་སྤོང་ལ། དེ་ཡང་ཡུལ་དེའི་གནས་ལུགས་ཤེས་པས་སྤོང་སྟེ་ཡུལ་ཁ་ཅིག་གི་གནས་ལུགས་མ་ཤེས་ན་རྒྱུད་ལ་དེའི་ཡུལ་ཅན་གྱི་ཉོན་མོངས་པའི་སྟོབས་ཀྱིས་དེའི་ཡུལ་ཅན་མིན་པའི་ཉོན་མོངས་རྣམས་ཀྱི་ཐོབ་པ་ཡང་འབྱུང་སྟེ། དེ་ཡུལ་སུན་དབྱུང་མེད་པར་ནི། དེ་བློ་སྤོང་བར་ནུས་མ་ཡིན་ཞེས་པས་སོ། །)དེ་ཡང་རང་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ནི་ཐོབ་པ་ཆད་པ་དང་བྲལ་ཐོབ་སྐྱེས་པའི་ཚུལ་གྱིས་སྤོང་ལ། རང་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཅན་མ་ཡིན་པ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཐམས་ཅད་ནི་དེ་དག་ལ་དམིགས་པའི་ཡུལ་ཅན་རང་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་འདུན་པའི་འདོད་ཆགས་སྤངས་པ་ལ་དེ་དག་སྤངས་པའི་ཐ་སྙད་དུ་བྱེད་དེ། ཤེས་པར་བྱེད་པའི་ལུང་དང་བཅས་ཏེ་བཤད་ཟིན་ཏོ། །(དེ་ཡང་མཐོང་སྤང་ཅིག་ཅར་དང་སྒོམ་སྤང་རིམ་གྱིས་སྤོང་ལ་མཐོང་སྤང་ཡང་བྱིས་པས་སྤོང་ན་རིམ་གྱིས་སྤོང་གསུང་།) ཐག་སྲིང་བའི་ངོ་བོ་རིང་བ་ཉིད་ཀྱང་རྣམ་པ་བཞི་ཡིན་ཏེ། ཚོགས་པ་གཅིག་ན་གནས་ཀྱང་མཚན་ཉིད་མི་མཐུན་པ་ཐ་དད་པས་རིང་བ་ནི་ས་ལ་སོགས་པའི་འབྱུང་བ་བཞི་ལྟ་བུ་དང་། མི་མཐུན་ཕྱོགས་དང་གཉེན་པོས་རིང་བ་ནི་ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་ལྟ་བུ་དང་། ཡུལ་རྣམ་པར་ཆད་པས་རིང་བ་ནི་ཤར་ནུབ་ཀྱི་རྒྱ་མཚོ་ལ་སོགས་པ་ཕྱོགས་ཐ་དད་པ་ལྟ་བུ་དང་།
དུས་ཀྱིས་རིང་བ་ནི་ཆོས་མངོན་པ་ལས། དུས་རིང་བ་དག་གང་ཞེ་ན། འདས་པ་དང་མ་འོངས་པའི་ཆོས་རྣམས་སོ། །ཆོས་ཉེ་བ་དག་གང་ཞེ་ན། ད་ལྟར་བྱུང་བའི་ཆོས་རྣམས་དང་། འདུས་མ་བྱས་སོ་ཞེས་འབྱུང་བས་འདས་པ་དང་མ་འོངས་པའི་དུས་གཉིས་རིང་བ་ཉིད་ལྟ་བུའོ། །གལ་ཏེ་དུས་གཉིས་པོ་གང་ལས་རིང་བ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ད་ལྟར་ལས་སོ་ཞེའོ། །འོ་ན་འདས་མ་ཐག་པ་དང་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་མ་འོངས་པའང་ཉེ་བར་འགྱུར་ཏེ། ད་ལྟར་ལ་གཞན་གྱིས་བར་དུ་མཆོད་པའི་ཕྱིར་རོ། །གལ་ཏེ་བར་དུ་ཆོད་མ་ཆོད་ཀྱིིས་ཉེ་རིང་དུ་བཞག་པ་མ་ཡིན་གྱི་འོན་ཀྱང་དུས་ཐ་དད་པས་རིང་བར་བཞག་གོ་ཞེ་ན། དེ་ལྟ་ན་ད་ལྟ་ཡང་རིང་བར་འགྱུར་ཏེ། འདས་མ་འོངས་ལས་དུས་ཐ་དད་པའི་ཕྱིར་རོ། །འོ་ན་ནི་དུས་གཉིས་བྱེད་པས་རིང་བ་ཡིན་ཏེ། བྱེད་པ་ཞིག་པ་དང་མ་ཐོབ་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འདུས་མ་བྱས་ཀྱང་རིང་བར་འགྱུར་ཏེ། བྱེད་པ་མེད་པའི་ཕྱིིར་རོ། །འདོད་པར་མི་ནུས་ཏེ། བསྟན་བཅོས་ལས་ཉེ་བར་བཤད་པའི་ཕྱིར་རོ། །གལ་ཏེ་འགོག་གཉིས་ཀྱི་ཞེས་པས་འདུས་མ་བྱས་འགོག་པ་གཉིས་ཀྱི་ཐོབ་པ་ཡུལ་ཐམས་ཅད་དུ་སྐྱེ་བའི་ཕྱིར་ཉེ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་དགེ་མི་དགེ་གཟུགས་ཅན་མ་ཡིན་པའི་འདས་མ་འོངས་ཉེ་བ་དང་འདུས་མ་བྱས་ནམ་མཁའ་རིང་བར་འགྱུར་ཏེ། དུས་གསུམ་པ་ཡི་རྣམ་པ་གསུམ་ཞེས་པས་དུས་གཉིས་ཀྱི་ཐོབ་པའང་ཡུལ་ཐམས་ཅད་དུ་འབྱུང་བའི་ཕྱིར་དང་། ནམ་མཁའ་ལ་ཐོབ་པ་མེད་པའི་ཕྱིར་རོ། །གལ་ཏེ་འདས་མ་འོངས་ནི་ད་ལྟར་གྱིས་བར་དུ་ཆོད་པས་ཕན་ཚུན་རིང་བ་ཡིན་ཞིང་། ད་ལྟར་ནི་དུས་གཉིས་ཀྱིས་བར་དུ་མ་ཆོད་པས་དུས་གཉིས་ལ་ལྟོས་ནས་ཉེ་བ་ཡིན་ལ། འདུས་མ་བྱས་ནི་གང་གིས་ཀྱང་བར་དུ་མ་ཆོད་པས་ཉེ་བ་ཡིན་ནོ་ཞེ་ན། དེ་ལྟར་ནའང་འདས་མ་འོངས་ནི་ཉེ་རིང་གཉིས་ཀར་འགྱུར་ཏེ་འདས་པ་མ་འོངས་པ་ལ་ལྟོས་ནས་རིང་བ་དང་ད་ལྟར་ལ་ལྟོས་ནས་ཉེ་བ་དང་མ་འོངས་པའང་ད་ལྟར་ལ་ལྟོས་ནས་ཉེ་བ་དང་འདས་པ་ལ་ལྟོས་ནས་རིང་བའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། འདས་མ་འོངས་རིང་བ་ཁོ་ནར་འདོད་པ་དང་འགལ་བའི་ཕྱིར་རོ་ཞེས་ད་ལྟར་སློབ་དཔོན་གྱིས་བྱེ་བྲག་ཏུ་སྨྲ་བའི་ལུགས་བཀག་ནས་རང་ཉིད་ནི་འདས་མ་འོངས་ནི་རང་གི་ངོ་བོ་ཞིག་པ་དང་མ་ཐོབ་པས་ཆོས་ཀྱི་རང་གི་མཚན་ཉིད་ཀྱི་དངོས་པོ་ལས་རིང་བ་ཡིན་ནོ་ཞེས་བཞེད་དོ། །
གསུམ་པ་སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ།
གསུམ་པ་སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ་ནི་གལ་ཏེ་ལམ་ཁྱད་པར་དུ་འགྲོ་ན་ཉོན་མོངས་པ་རྣམས་ཀྱི་སྤངས་པའང་ཁྱད་པར་དུ་འགྲོ་བ་ཡོད་དམ་ཞེ་ན། ཉོན་མོངས་པ་ཐམས་ཅད་ནི་རང་རང་གི་གཉེན་པོ་སྤོང་ལམ་གང་ཡིན་པ་དེ་ཁོ་ནས་སྤོང་ཞིང་ཐོབ་པ་ཆད་པས་སྤངས་པ་ལན་ཅིག་ཏུ་ཟད་(པས་ཁྱད་པར་མེད་)ཀྱི། འོན་ཀྱང་ཉོན་མོངས་པ་དེ་དག་གིས་བྲལ་བའི་ཐོབ་པ་ནི་ཡང་དང་ཡང་དུ་ཁྱད་པར་དུ་འགྲོའོ། །(དུས་དྲུག་ཏུ་སྟེ་)གང་དུ་ཞེ་ན། གལ་ཏེ་དབང་པོ་རྟུལ་པོོ་ཡིན་ན་རང་རང་གི་གཉེན་པོ་སྐྱེས་པ་དང་། རྒྱུན་ཞུགས་ལ་སོགས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་ཐོབ་པ་དང་། དབང་པོ་རྟུལ་པོ་ལས་དབང་པོ་རྣོན་པོར་རྣམ་པར་འཕེལ་བའི་དུས་དང་དྲུག་པོ་རྣམས་སུའོ། །དབང་པོ་རྣོན་པོ་ཡིན་ན་དབང་པོ་འཕོ་བ་མེད་པས་དུས་ལྔར་ཁྱད་པར་དུ་འགྲོའོ། །དེ་ལ་གཉེན་པོ་སྐྱེས་པ་ནི་བྲལ་ཐོབ་དང་ལྷན་ཅིག་སྐྱེས་པས་རྣམ་གྲོལ་གྱི་ལམ་ཡིན་ཏེ། བར་ཆད་མེད་པའི་ལམ་གྱི་ཆེ་བྲལ་བའི་ཐོབ་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཙམ་ལས་ད་ལྟར་དུ་མ་སྐྱེས་པའི་ཕྱིར་རོ། །བྲལ་བ་དེས་ནི་གནས་སྐབས་དེ་དག་ཏུ་ཡོངས་སུ་ཤེས་པའི་མིང་འཐོབ་བོ། །དེ་ལ་སྤྱིར་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་དང་། སྤངས་པའི་ཡོངས་སུ་ཤེས་པ་གཉིས་ལས་དང་པོ་ནི་ཟག་མེད་(རྣམ་གྲོལ་)ཀྱི་ཡེ་ཤེས་ཡིན་ལ། གཉིས་པ་ནི་དེའི་ཡུལ་སྤང་བྱ་དང་བྲལ་བ་སོ་སོར་བརྟགས་འགོག་ཡིན་ནོ། །དེ་ལྟར་གཉིས་ལས་འདིར་ནི་ཕྱི་མ་ཡིན་ཏེ། དེ་ལ་ཡོངས་ཤེས་སུ་གཞག་པ་ནི་ཡུལ་ལ་ཡུལ་ཅན་གྱིས་བཏགས་པའམ། འབྲས་བུ་སྤངས་པ་ལ་རྒྱུ་ཡེ་ཤེས་ཀྱིས་བཏགས་པའི་ཕྱིར་དང་། མདོ་ལས་ཀྱང་། ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ་འདི་ནི་ཡོངས་སུ་ཤེས་པ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །
དེ་ལྟ་བུའི་ཡོངས་སུ་ཤེས་པ་དེ་ཡང་སྤང་བྱ་སྤངས་པའི་སྒོ་ནས་དབྱེ་ན་རྣམ་པ་དགུ་སྟེ། འདི་ལྟར་འདོད་པའི་ཁམས་ན་བདེན་པ་དང་པོ་གཉིས་ཀྱི་མཐོང་བས་སྤང་བྱ་རྣམ་པ་གཉིས་ཟད་པ་ལ་ནི་འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་དང་། འགོག་ལམ་མཐོང་སྤང་རྣམ་པ་གཉིས་ཟད་པ་ནི་འགོག་པ་མཐོང་སྤང་སྤངས་པའི་ཡོངས་ཤེས་དང་། ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་དེ་གཉིས་སོ། །ཇི་ལྟར་འདོད་པའི་མཐོང་སྤང་སྤངས་པ་ལ་ཡོངས་ཤེས་གསུམ་ཡིན་པ་དེ་བཞིན་དུ་ཁམས་གོང་མ་གཉིས་པོའི་མཐོང་སྤང་སྤངས་པའི་ཡོངས་སུ་ཤེས་པ་དེ་ཡང་གསུམ་ཉིད་དེ། གོང་མ་གཉིས་པོའི་བདེན་པ་དང་པོ་གཉིས་ཀྱི་མཐོང་སྤང་ལ་སོགས་པའོ། །དེ་ལྟར་ན་ཁམས་གསུམ་གྱི་མཐོང་སྤང་སྤངས་པ་ནི་ཡོངས་ཤེས་དྲུག་ཏུ་བཞག་གོ། སྒོམ་སྤང་སྤངས་པ་ལ་ཡོངས་སུ་ཤེས་པ་སྔར་གྱི་དྲུག་པོ་ལས་གཞན་གསུམ་སྟེ། ཁམས་གསུམ་གྱི་སྒོམ་སྤང་སྤངས་པ་ལས་རིམ་པ་ལྟར་(འདོད་པའི་དགུ་པ་ཟད་པས་སྤངས་པ་ན།) ཐ་མའི་ཆ་དང་མཐུན་པ་ཟད་ཅིང་སྤངས་པ་དང་། གཟུགས་ཁམས་ཀྱི་ཉོན་མོངས་ཟད་བར་སྤངས་པ། ཟག་པའམ་འདོད་ཆགས་ཟད་པ་དང་། སྒོམ་(གཟུགས་མེད་ཀྱི་ཉོན་མོངས་ཟད་པར་སྤངས་པ།) ཟག་པ་ཀུན་ཟད་པའམ་ཀུན་སྦྱོར་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །གལ་ཏེ་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་ཏུ་བསྡོམས་ལ་སྒོམ་སྤང་སྤངས་པའི་ཐ་དད་དུ་ཕྱེ་ཞེ་ན། སྒོམ་སྤང་ནི་ཁམས་གོང་མ་གཉིས་ས་དང་ས་ན་སྒོམ་སྤང་དགུ་དགུའི་གཉེན་པོར་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ཉེར་བསྡོགས་མི་ལྕོགས་མེད་ལ་སོགས་པ་ཟག་མེད་དང་ཟག་བཅས་གཉིས་པའི་ཉེར་བསྡོགས་ལ་སོགས་པས་བསྡུས་པ་དགུ་དགུ་ཡོད་པས་གཉེན་པོ་ཐ་དད་པའི་ཕྱིར་དང་། མཐོང་སྤང་རྣམས་ཀྱི་ནི་གཟུགས་ན་སྤྱོད་པའི་གཉེན་པོ་རྗེས་བཟོད་ལ་སོགས་པ་དེ་དག་ཁོ་ན་གཟུགས་མེད་གྱི་མཐོང་སྤང་གི་ཡང་གཉེན་པོ་ཡིན་པས་གཉེན་པོ་གཅིག་པའི་ཕྱིར་ཡིན་ནོ། །ཡོངས་སུ་ཤེས་པ་དགུ་པོ་དེ་ལས་དང་པོ་དྲུག་ནི་བཟོད་པའི་འབྲས་བུ་ཡིན་ཏེ། མཐོང་ལམ་བར་ཆད་མེད་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །
གལ་ཏེ་ཡོངས་ཤེས་ནི་བཟོད་པའི་འབྲས་བུ་མ་ཡིན་ཏེ། དེ་ནི་ཟག་མེད་ཀྱི་ཤེས་པའི་འབྲས་བུ་ཡིན་ལ་དྲི་མེད་བཟོད་རྣམས་ཤེས་པ་མིན་ཞེས་པས་བཟོད་པ་ནི་ཤེས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཡོངས་ཤེས་བཟོད་པའི་འཁོར་ཤེས་པའི་འབྲས་བུ་ཡིན་ཡང་ཤེས་བཟོད་གཉིས་འབྲས་བུ་གཅིག་པས་ཤེས་པའི་འབྲས་བུ་ལ་བཟོད་པའི་འབྲས་བུར་བསྟན་པ་ཡིན་ཏེ། དཔེར་ན་རྒྱལ་པོའི་འཁོར་གྱིས་བྱས་པ་ལ་རྒྱལ་པོས་བྱས་སོ་ཞེས་བརྗོད་པ་བཞིན་ནོ་ཞེས་པའམ། ཡང་ན་ཤེས་པ་གཙོ་བོ་དང་བཟོད་པ་འཁོར་ཡིན་པས་དངོས་སུ་གཙོ་བོ་ཤེས་པའི་འབྲས་བུ་ཡིན་ཡང་འཁོར་ལ་རྒྱལ་པོར་བཏགས་པ་ལྟར་འཁོར་བཟོད་པའི་འབྲས་བུར་བཏགས་པ་ཡིན་ནོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཡོངས་ཤེས་དྲུག་གི་ལྷག་མ་ཐ་མ་གསུམ་པོ་རྣམས་ནི་ཤེས་པའི་འབྲས་བུ་ཡིན་ཏེ། སྒོམ་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་དང་། སྒོམ་ལམ་ལ་བཟོད་པ་མེད་པའི་ཕྱིར་རོ། །
ཡང་ཡོངས་ཤེས་དེ་དག་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ནི་སྤང་བྱ་ཐམས་ཅད་ཀྱི་གཉེན་པོར་འགྱུར་པ་སྲིད་པས་དེའི་འབྲས་བུ་ནི་ཡོངས་ཤེས་དགུ་པོ་ཐམས་ཅད་དོ། །བསམ་གཏན་དངོས་གཞི་ཟག་མེད་རྣམས་ཀྱི་འབྲས་བུ་ནི་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང་། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཕྱི་མ་གཉིས་ཏེ་ལྔ་ཡིན་ལ། (བསམ་གཏན་ནི་དངོས་གཞི་ལ་བརྟེན་ནས་དེ་དག་གི་ཉོན་མོངས་སྤོང་བ་སྲིད་པའི་ཕྱིར་ཏེ་ཆགས་བྲལ་སྔོན་འགྲོ་ལ་བསམས་སོ། །)གཞན་དག་(འདོད་པའི་ཉོན་མོངས་སྤངས་པའི་ཡོངས་ཤེས།) ནི་མི་ལྕོགས་མེད་ཀྱི་འབྲས་བུ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཕལ་ཆེ་བ་འདོད་ལ། (དེ་ཡང་དངོས་གཞིའི་འདོད་པའི་གཉེན་པོ་མ་ཡིན་པའམ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དངོས་གཞི་ལ་མི་འཇུག་པའི་ཕྱིར་ཞེས་འཆད་དོ། །དེས་ན་ཆགས་བྲལ་སྔོན་འགྲོ་ལ་འདོད་པའི་མཐོང་སྤང་གི་བྲལ་ཐོབ་ཟག་མེད་ཡོད་ཀྱང་དེའི་འབྲས་བུ་མ་ཡིན་ཏེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་བཞིན་ནོ་ཞེེས་སོ། །)འམ་ཞེས་བྱ་བ་ནི་ལུགས་ཐ་དད་སྟོན་པ་སྟེ་བཙུན་པ་དབྱངས་སྒྲོགས་ན་རེ་བསམ་གཏན་དངོས་གཞིའི་འབྲས་བུ་ནི་(ཆགས་བྲལ་སྔོན་འགྲོས་འདོད་པའི་མཐོང་སྤང་སྤངས་པ་གསུམ་བསྣན་ནས་)ཡོངས་ཤེས་བརྒྱད་ཡིན་ཏེ། འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡང་ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་དག་གིས་མཐོང་ལམ་ཐོབ་པའི་བསམ་གཏན་གྱི་སྟོབས་ཀྱིས་བྲལ་བའི་ཐོབ་པ་ཟག་མེད་རྙེད་པའི་ཕྱིར་དང་། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་པུ་ནི་མི་ལྕོགས་མེད་ཀྱི་འབྲས་བུ་ཁོ་(དང་དེའི་བྲལ་ཐོབ་ནི་གོང་མའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་དང་གཅིག་ཏུ་འདུས་སོ། །)ནར་ངེས་པའི་ཕྱིར་རོ་ཞེས་ཟེར་རོ། །བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་གྱི་དངོས་གཞི་དང་འདྲ་བར་ཤེས་པར་བྱའོ། །གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་པའི་འབྲས་བུ་ནི་ཡོངས་ཤེས་བརྒྱད་པ་གཅིིག་པུ་ཡིན་ཏེ། དེ་ཟག་བཅས་ཡིན་ཡང་འཕགས་པས་དེ་ལ་བརྟེན་ནས་ཡོངས་ཤེས་འདི་འཐོབ་པ་སྲིད་པའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་དངོས་གཞི་ཟག་མེད་དང་པོ་གསུམ་གྱི་འབྲས་བུ་ཡང་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་གཅིག་ཁོ་ན་ཡིན་ནོ། །(དེ་དག་ཀྱང་ཟག་མེད་ཀྱི་ཡིན་གྱི་གཞན་གྱི་གོང་ས་ལས་མི་རྒྱལ་བས་སོ། །)དེས་ན་འདོད་པ་དང་སྲིད་རྩེའི་སེམས་ནི་ཟག་མེད་ཀྱི་ལམ་གྱི་རྟེན་དུ་མི་རུང་བའི་ཕྱིར་ཡོངས་ཤེས་ཀྱི་རྒྱུར་མི་འགྱུར་རོ། །ཡོངས་ཤེས་དགུ་པོ་ཐམས་ཅད་ནི་འཕགས་པའི་ལམ་གྱི་འབྲས་བུ་ཡིན་ཏེ། དང་པོ་དྲུག་དང་ཕྱི་མ་གསུམ་རིམ་པ་ལྟར་མཐོང་ལམ་དང་སྒོམ་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །
ཟག་བཅས་འཇིག་རྟེན་པའི་སྒོམ་ལམ་གྱི་འབྲས་བུ་ནི་ཡོངས་ཤེས་བདུན་པ་དང་བརྒྱད་པ་གཉིས་ཡིན་ཏེ། འཕགས་པ་དག་འཇིག་རྟེན་པའི་ལམ་གྱིས་འདོད་གཟུགས་ལས་འདོད་ཆགས་དང་བྲལ་བ་སྲིད་པའི་ཕྱིར་རོ། །སྒོམ་ལམ་གྱིས་བསྡུས་པའི་རྗེས་ཤེས་ཀྱི་འབྲས་བུ་ཡང་ཡོངས་ཤེས་ཐ་མ་གཉིས་ཡིན་ལ། སྒོམ་ལམ་གྱིས་བསྡུས་པའི་ཆོས་ཤེས་པའི་འབྲས་བུ་ནི་སྒོམ་པའི་ལམ་ལ་འགོག་པའམ། ལམ་ལ་ཆོས་ཤེས་གང་ཡིན་དེ། ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འབྱུང་བས་ཡོངས་ཤེས་ཐ་མ་གསུམ་ཡིན་ནོ། །(དེ་ཡང་དེ་ཁམས་གསུམ་གྱི་གཉེན་པོ་ཡིན་པས་སོ། །)ཆོས་ཤེས་དེའི་ཕྱོགས་དང་མཐུན་པ་ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱི་འབྲས་བུ་ནི་ཡོངས་ཤེས་དྲུག་ཡིན་ཏེ། དང་པོ་(འདོད་པའི་)གསུམ་ཆོས་བཟོད་ཀྱི་འབྲས་བུ་དང་། ཐ་མ་གསུམ་(སྒོམ་སྤང་སྤངས་པའི་)ཆོས་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ཡང་སྒོམ་ལམ་གྱིས་བསྡུས་པའི་སྡུག་བསྔལ་དང་ཀུན་འབྱུང་ཤེས་པས་བསྡུས་པའི་ནི་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་པུ་ཡིན་ལ་འགོག་ལམ་ཤེས་པའི་ནི་ཡོངས་ཤེས་གསུམ་ཆར་ཡིན་ནོ། །
རྗེས་ཤེས་དེའི་ཕྱོགས་དང་མཐུན་པ་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་འབྲས་བུ་ནི་ཡོངས་ཤེས་ལྔ་ཡིན་ཏེ། ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་རྗེས་བཟོད་ཀྱི་འབྲས་བུ་དང་། ཐ་མ་གཉིས་རྗེས་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །གལ་ཏེ་ལ་ལར་ནི་སྤངས་པ་མང་པོ་བསྡོམས་ནས་ཡོངས་ཤེས་རེ་རེར་འཇོག་ལ། ལ་ལར་ནི་སྤངས་པ་རེ་རེ་ལ་ཡོངས་ཤེས་རེ་རེར་འཇོག་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ལ་ཤེས་བཟོད་རྣམས་ཀྱི་འབྲས་བུ་བྲལ་བ་ནི་རྒྱུ་གསུམ་གྱིས་ཡོངས་ཤེས་སུ་བཞག་སྟེ་ཞེས་སྦྱར་ཏེ། གང་ཞེ་ན་བྲལ་བའི་ཐོབ་པ་ཟག་མེད་གསར་དུ་རྙེད་པ་དང་། སྲིད་རྩེའི་ཉོན་མོངས་པ་ཉམས་པར་བྱས་པ་དང་། རྒྱུ་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་གི་ཀུན་འགྲོ་གཉིས་ཀུན་དུ་བཅོམ་པའི་ཕྱིར་རོ། །དེ་ལ་སོ་སོའི་སྐྱེ་བོ་ལ་ནི་རྒྱུ་གཉིས་བཅོམ་པ་ཡོད་ཀྱང་(སྔ་མ་གཉིས་མེད་པས་འདི་སྤངས་པ་ལ་ཡོངས་ཤེས་ཀྱི་མིང་མི་ཐོང་ལ་འཕགས་པ་ལའང་ཇི་སྲིད།) སྡུག་བསྔལ་ལ་ཆོས་ཤེས་པ་ལ་ནི་དང་པོ་ཡོད་ཀྱང་ཕྱི་མ་གཉིས་མེད་དེ་(རྒྱུ་གཉིས་བཅོམ་པ་དང་སྲིད་རྩེ་ཉམས་པ་མེད་པའི་ཕྱིར་རོ། །)སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་ནི་དང་པོ་གཉིས་ཡོད་ཀྱང་ཕྱི་མ་(རྒྱུན་གྱི་བཅོམ་པ་)མེད་དེ། ཀུན་འབྱུང་མཐོང་སྤང་གི་ཀུན་འགྲོ་མ་སྤངས་པའི་ཕྱིར་རོ། །ཀུན་འབྱུང་ལ་ཆོས་ཤེས་པའི་གནས་སྐབས་ན་ནི་གསུམ་ག་ཡོད་པའི་ཕྱིར་འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་ཏུ་གཞག་གོ། དེ་བཞིན་དུ་ཁམས་གོང་མ་གཉིས་ཀྱི་ལའང་ཤེས་པར་བྱའོ། །འདོད་པའི་འགོག་ལམ་ལ་ཆོས་ཤེས་པ་གཉིས་ནི་རེ་རེ་ལའང་རྒྱུ་གསུམ་ག་ཚང་བའི་ཕྱིར་ཡོངས་ཤེས་རེ་རེར་གཞག་གི་བཟོད་པ་རྣམས་ནི་མ་ཡིན་ཏེ། བྲལ་ཐོབ་ཟག་མེད་གསར་དུ་མ་རྙེད་པའི་ཕྱིར་རོ། །དེ་དག་ནི་བཟོད་པའི་འབྲས་བུ་ཡོངས་ཤེས་དྲུག་ཏུ་འཇོག་པའི་རྒྱུ་ཡིན་ནོ། །སྒོམ་ལམ་ལ་བཟོད་པ་ལ་མེད་པས་ཤེས་པའི་འབྲས་བུ་ཡོངས་ཤེས་ཐ་མ་གསུམ་ནི་རྒྱུ་གསུམ་པོ་དེ་དག་དང་། བཞི་པ་འདོད་པ་ལ་སོགས་པའི་ཁམས་གསུམ་ལས་འདས་པ་ལས་ཀྱང་རིམ་པ་ལྟར་གཞག་གོ།
ཆོས་མངོན་པ་བ་གང་དག་དམིགས་པར་བྱ་བའི་ཉོན་མོངས་པ་དང་དམིགས་པར་བྱེད་པའི་ཉོན་མོངས་པ་གཉིས་དང་བྲལ་པའི་རྒྱུ་ལྔ་པ་འདོད་པ་ནི་འདིར་མ་བརྗོད་དེ། རྒྱུ་གཉིས་ཀུན་དུ་བཅོམ་པ་དང་། ཁམས་ལས་འདས་པའི་ནང་དུ་འདུས་པའི་ཕྱིར་རོ། །འོ་ན་ཡོངས་ཤེས་དེ་དག་གང་ཟག་གང་ལ་དུ་ཞིག་ལྡན་ཞེ་ན། གཅིག་སྟེ་སོ་སོའི་སྐྱེ་བོ་ནི་ཡོངས་ཤེས་དང་ལྡན་པ་མིན་ཏེ། ཡེ་ཤེས་ཀྱིས་སྤངས་པ་མེད་པས་བྲལ་ཐོབ་ཟག་མེད་མེད་པའི་ཕྱིར་རོ། །དེར་མ་ཟད་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའི་བར་ཡེ་ཤེས་སྐད་ཅིག་མ་ལྔ་ལ་གནས་པའང་རྒྱུ་གཉིས་ཀུན་དུ་མ་བཅོམ་པའི་ཕྱིར་ཡོངས་ཤེས་དང་མི་ལྡན་ནོ། །དེ་ལས་གཞན་པའི་འཕགས་པ་མཐོང་ལམ་ལ་གནས་པ་ནི་གཅིག་ནས་ལྔའི་བར་དང་ཡང་དག་པར་ལྡན་ཏེ།
འདི་ལྟར་ཀུན་འབྱུང་ལ་ཆོས་ཤེས་པ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་གཉིས་ལ་གནས་པ་ནི་འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་དང་ལྡན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་གཉིས་ལ་གནས་པ་ལ་ནི་ཡོངས་སུ་ཤེས་པ་སྔ་མ་དང་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་སྤངས་པའི་ཡོོངས་ཤེས་ཏེ་གཉིས་དང་ལྡན་ནོ། །འགོག་པ་ལ་ཆོས་ཤེས་པ་དང་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་གནས་པ་ལ་ནི་སྔ་མ་གཉིས་དང་འདོད་པའི་འགོག་པ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཏེ་གསུམ་དང་ལྡན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་དང་ལམ་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པ་ལ་ནི་གསུམ་པོ་དེ་དག་དང་གོང་མ་གཉིས་ཀྱི་འགོག་པ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཏེ་བཞི་དང་ལྡན་ནོ། །ལམ་ལ་ཆོས་ཤེས་པ་དང་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་གནས་པ་ལ་ནི་བཞི་པོ་དེ་དག་དང་འདོད་པའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཏེ་ལྔ་དང་ལྡན་ནོ། །ལམ་ལ་རྗེས་ཤེས་ནི་སྒོམ་ལམ་ཡིན་པས་འདིའི་ནང་དུ་མི་གཏོགས་སོ། །སྒོམ་ལམ་ལ་གནས་པ་ནི་ཡོངས་ཤེས་དྲུག་གམ་སྟེ་ལམ་ལ་རྗེས་ཤེས་མཐོང་བ་ནས་བཟུང་སྟེ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་སྒོམ་སྤང་དང་པོ་ནས་བརྒྱད་པ་སྤངས་པའི་བར་ལ་གནས་པ་ཡང་སྔར་གྱི་ལྔ་དང་གོང་མ་གཉིས་ཀྱི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཏེ་དྲུག་དང་ལྡན་ལ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་ནའང་དྲུག་པོ་དེ་དག་ཉིད་དང་ལྡན་ནོ། །(འདི་ནི་མཐར་གྱིས་པར་ངེས་སོ། །)
གལ་ཏེ་ལམ་ལ་རྗེས་ཤེས་ཐོབ་པ་ན་ཡོངས་ཤེས་དྲུག་དང་ལྡན་པར་མི་འགྱུར་ཏེ། འབྲས་བུ་བཞིར་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་བསྡོམས་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ་ཞེས། (སྐད་ཅིག་བཅུ་དྲུག་པའི་ཚེ་ཞུགས་ལམ་བཏང་བ་ལ་སོགས་པའི་རྒྱུ་ཚང་བས་)སྤངས་པ་བསྡོམས་པར་བཤད་པའི་ཕྱིར་རོ་ཞེ་ན། (དེའི་ཚེ་)སྤངས་པ་བསྡོམས་པ་ཡིན་གྱི་ཡོངས་ཤེས་བསྡོམས་པ་ནི་མ་ཡིན་པས་འགལ་བ་མེད་དོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །ཡང་བསྒོམ་པའི་ལམ་ལ་གནས་པ་ཁ་ཅིག་ནི་ཡོངས་སུ་ཤེས་པ་གཅིག་གམ་སྟེ་འཕགས་པ་ཐོག་མར་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱས་ཏེ་ཕྱིས་ངེས་པ་ལ་འཇུག་པའམ། ཐོག་མར་མཐོང་ལམ་ཐོབ་ནས་ཕྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་འཕགས་པ་ཕྱིར་མི་འོང་ཡིན་ཀྱང་རུང་སྟེ་ལམ་ལ་རྗེས་ཤེས་ཀྱི་ཚེ་སྔ་མ་རྣམས་བསྡོམས་ཏེ། (ཐ་མའི་ཆ་མཐུན་སྤངས་པ།) འདུན་པ་གཅིག་པུ་དང་ལྡན་ལ། (འཕགས་པ་)གཟུགས་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་ནའང་དེ་ཉིད་དང་ལྡན་ནོ། །དགྲ་བཅོམ་པ་ཐོབ་པའི་ཚེ་ཡང་ཡོངས་ཤེས་སྔ་མ་ཐམས་ཅད་བསྡོམས་པའི་ཕྱིར་ཡོངས་ཤེས་ཐ་མ་གཅིག་པུ་དང་ལྡན་ནོ། །སྒོམ་ལམ་ལ་གནས་པ་ཡང་ན་གཉིས་དང་པོ་སྟེ་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་འཕགས་པ་ཕྱིར་མི་འོང་དེ་ཉིད་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པ་དང་། གཟུགས་མེད་པའི་ཉོན་མོངས་པས་དགྲ་བཅོམ་པ་ལས་ཉམས་ནའང་བདུན་པ་དང་བརྒྱད་པ་གཉིས་དང་ལྡན་ནོ། །
གལ་ཏེ་གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་མི་འོང་(གི་འབྲས་གནས་ཙམ་པོ་)དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཚེ་སྤངས་བ་མང་པོ་ཡོད་བཞིན་དུ་ཡོངས་ཤེས་གཅིག་ཏུ་(འམ་རེ་རེ་ཁོ་ནར་)ཇི་ལྟར་འགྱུར་ཞེ་ན། གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་མི་འོང་དང་དགྲ་བཅོམ་ཐོབ་པའི་ཚེ་ནི་རིམ་པ་ལྟར་འདོད་པ་དང་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དང་། ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་རྒྱུ་གཉིས་གཉིས་ཀྱིས་ཕྱིར་སྤངས་པ་དང་ཡོངས་ཤེས་དེ་དག་བསྡོམས་ནས་ཐ་མའི་ཆ་མཐུན་སྤངས་པ་དང་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་རེ་རེར་བཞག་གོ། རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་ལ་ནི་འབྲས་བུ་ཐོབ་པ་ཡོད་ཀྱང་ཁམས་ལས་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དང་། གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་ལ་ཁམས་ལས་འདོད་ཆགས་དང་བྲལ་བ་ཡོད་ཀྱང་འབྲས་བུ་སྔར་མེད་ཐོབ་པ་མེད་པའི་ཕྱིར་དང་། གཞན་དག་ལ་ནི་གཉིས་ཀ་མེད་པའི་ཕྱིར་ཡོངས་ཤེས་སྡོམ་པར་མི་བྱེད་དོ། །
ཡང་གང་ཞིག་ཡོངས་ཤེས་དུ་ཞིག་གཏོང་བའམ་འཐོབ་ཅེ་ན། ལ་ལ་ནི་ཡོངས་ཤེས་གཅིག་གཏོང་སྟེ། དགྲ་བཅོམ་ལ་ཉམས་ན་སྔར་ཡོངས་ཤེས་ཐ་མ་གཅིག་པུ་དང་ལྡན་པ་དེ་ཉིད་གཏོང་བའི་ཕྱིར་དང་། དེ་བཞིན་དུ་གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བའི་འཕགས་པ་ཕྱིར་མི་འོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་ནའང་འདུན་པ་གཅིག་པུ་གཏོང་ངོ་། །ལ་ལ་ནི་གཉིས་གཏོང་སྟེ། ཕྱིར་མི་འོང་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་འདོད་པའི་ཉོན་མོངས་མངོན་དུ་བྱས་ཏེ་ཉམས་པའམ་དེས་དགྲ་བཅོམ་ཐོབ་པ་ན་བདུན་པ་དང་བརྒྱད་པ་གཉིས་གཏོང་བའི་ཕྱིར་རོ། །ཁ་ཅིག་ནི་ལྔ་གཏོང་སྟེ། ཆགས་བྲལ་སྔོན་འགྲོས་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ཐོབ་པ་ན་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང་། ཁམས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གཉིས་ཏེ་ལྔ་གཏོང་བའི་ཕྱིར་རོ། །ཁམས་གོང་མ་གཉིས་ཀྱི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་ནི་མི་གཏོང་མོད་ཀྱི་ཁམས་ལས་(ཡང་)འདོད་ཆགས་དང་བྲལ་(བའི་ཕྱིར་)དང་(དེའི་ཚེ་)འབྲས་བུ་ཐོབ་པའི་ཕྱིར་དེ་གཉིས་ཀྱི་སྒོ་ནས་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་ཀྱི་ནང་དུ་བསྡོམས་པའི་ཕྱིར་དེ་ལས་ཐ་དད་དུ་བཤད་དུ་མེད་དོ། །ལ་ལ་ནི་དྲུག་གཏོང་སྟེ། འཕགས་པ་མཐར་གྱིས་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་བདུན་པ་ཐོབ་པས་སྔ་མ་དྲུག་གཏོང་བའི་ཕྱིར་རོ། །
དེ་བཞིན་དུ་འཐོབ་པ་ནི་གཅིག་དང་གཉིས་དང་དྲུག་འཐོབ་པ་ཡོད་ཀྱི་ལྔ་འཐོབ་པ་ནི་ཡོད་པ་མིན་ནོ་ཞེས་བྱའོ། །དེ་ལ་གཅིག་འཐོབ་པ་ནི་མཐོང་ལམ་ལ་གནས་པས་ཀུན་འབྱུང་ལ་ཆོས་ཤེས་པའི་གནས་སྐབས་ན་སྔར་མེད་པ་ལས་དང་པོ་གཅིག་པུ་འཐོབ་པ་དང་། དེ་བཞིན་དུ་ཆགས་བྲལ་སྔོན་འགྲོས་འདོད་པ་ལས་འདོད་ཆགས་དང་བྲལ་ནས་ལམ་ལ་རྗེས་ཤེས་ཀྱི་ཚེ་བདུན་པ་གཅིག་པུ་དང་། མཐར་གྱིས་པས་ཀྱང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་དགུ་པ་ལ་བདུན་པ་གཅིག་པ་དང་། དགྲ་བཅོམ་པ་ཐོབ་པ་ནའང་ཐ་མ་གཅིག་པུ་འཐོབ་བོ། །གཉིས་ཐོབ་པ་ནི་གཟུགས་མེད་ལས་འདོད་ཆགས་དང་བྲལ་བ་གཟུགས་མེད་ཀྱི་ཉོན་མོངས་པས་ཉམས་ན་བདུན་པ་དང་བརྒྱད་པ་གཉིས་འཐོབ་པ་ལྟ་བུའོ། །དྲུག་འཐོབ་པ་ནི་འཕགས་པ་ལ་མཐར་གྱིས་པ་ཕྱིར་མི་འོང་ལས་ཉམས་ན་ཡོངས་ཤེས་དང་པོ་དག་འཐོབ་པ་ཡིན་ནོ། །(འོ་ན་ཆགས་བྲལ་སྔོན་འགྲོ་ཐ་མའི་ཆ་མཐུན་སྤངས་པ་ལས་ཉམས་ན་དང་པོ་ལྔས་ཅིའི་ཕྱིར་མིི་ཐོབ་ཞེ་ན། དེ་ནི་ལམ་གཉིས་ཀྱིས་འཐོབ་པའི་ཕྱིར་ཡོངས་སུ་ཉམས་པ་མི་སྲིད་དེ།) དེས་ན་ལྔ་འཐོབ་པ་ནི་འགའ་ཡང་མེད་དོ། །
ཟག་བཅས་ལས་དང་ཡང་སྲིད་འགྲུབ་པ་ཡི། །རྩ་བ་ཕྲ་རྒྱས་སྤང་བྱ་རྣམ་གཉིས་དང་། །དེ་དག་སྤོང་ཚུལ་སྤངས་པའི་འབྲས་བུ་སོགས། །ཤེས་པར་འདོད་པས་གནས་འདི་མཉན་པར་གྱིས། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་གནས་ལྔ་པའི་བཤད་པའོ།། །།
གནས་དྲུག་པ་ལམ་དང་གང་ཟག་བསྟན་པ།
ད་ནི་གནས་དྲུག་པ་ལམ་དང་གང་ཟག་བསྟན་པ་འཆད་པ་ན་མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་པ་དང་། དམིགས་པའི་ཡུལ་བདེན་པ་བཤད་པ་དང་། མངོན་པར་རྟོགས་པའི་རིམ་པ་དང་། སྒོམ་པ་པོའི་གང་ཟག་རྣམ་པར་བཞག་པ་དང་། མངོན་པར་རྟོགས་པའི་ལམ་བཤད་པ་ལྔ་ལས།
དང་པོ་མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་པ།
དང་པོ་ནི་གལ་ཏེ་གནས་ལྔ་པར་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་སྤངས་པ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་བོ་ཞེས་པ་དང་། སྤོང་བའི་གཉེན་པོར་ཡང་། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །བཞི་ནི་བསྒོམ་པས་སྤང་བྱ་ཡིན། །ཞེས་བདེན་པ་མཐོང་བ་དང་མཐོང་དོན་བསྒོམས་པ་ལས་མཐོང་སྒོམ་གྱི་སྤང་བྱ་ཉོན་མོངས་པ་རྣམས་སྤངས་པའམ་སྤོང་ངོ་ཞེས་བཤད་པའི་གཉེན་པོ་མཐོང་སྒོམ་གྱི་ལམ་དེ་དག་ཉིད་ཟག་བཅས་ཟག་མེད་གང་ཡིན་ཞེ་ན། བསྒོམ་པའི་ལམ་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཡིན་ཏེ། འཇིག་རྟེན་པའི་སྒོམ་ལམ་ཟག་བཅས་ཀྱི་བསམ་གཏན་གཟུགས་མེད་ལ་ཟག་པ་རྒྱས་པར་འགྱུར་བའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་སྒོམ་ལམ་བདེན་པའི་རྣམ་པ་ཅན་བདེན་པ་མཐོང་དོན་གོམས་པར་བྱེད་པ་ལ་ཟག་པ་རྒྱས་པ་མེད་པའི་ཕྱིར་རོ། །མཐོང་བའི་ལམ་ཞེས་བྱ་བ་ནི་གཅིག་ཏུ་ཟག་པ་མེད་པ་ཡིན་ཏེ། ཁམས་གསུམ་པའི་(མཐོང་སྤང་)གཉེན་པོ་ཡིན་པའི་ཕྱིར་དང་། མཐོང་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམས་དགུ་ཅིག་ཅར་སྤོང་བའི་ཕྱིར་དང་། (དེ་ཟག་མེད་ཡིན་པས་ཁྱབ་སྟེ།) འཇིག་རྟེན་པ་ལ་ནི་དེ་འདྲ་བའི་མཐུ་མེད་པའི་ཕྱིར་རོ། །(སྒོམ་སྤང་ནི་བསྟན་པས་གཞི་དང་བཅས་པའི་ཕྱིར་ཅིག་ཅར་མི་སྤོང་ངོ་། །མཐོང་སྒོམ་གཉིས་ཁྱད་པར་ནི་མང་སྟེ། ངོ་བོ་ལས་ནི་ཟག་མེད་ཁོ་ན་དང་། ཟག་བཅས་ཟག་མེད་གཉིས་ཀ་དང་། དམིགས་པ་ལས་བདེན་བཞི་དང་གོང་ས་འོག་ས་གཉིས་ཀ་ལ་དམིགས་པ་དང་། རྣམ་པ་ལས་བདེན་པ་དང་ཞིང་ལས་ཀྱང་ཡིན་པ་དང་། ངོ་བོའི་དབྱེ་བ་ལས་བཟོད་ཤེས་གཉིས་དང་ཤེས་པ་ཁོ་ན་ཡིན་པ་དང་། སྤང་བྱ་སྤོང་ཚུལ་ལས་དམིགས་པ་ཤེས་པས་ཅིག་ཅར་སྤོང་བ་དང་། གཉེན་པོ་གོམས་པས་རིམ་གྱིས་སྤོང་བ་དང་། རྟེན་ལས་འདོད་པ་དང་ཁམས་གསུམ་ག་དང་། རྒྱུད་ལས་འཕགས་པ་ཁོ་ན་དང་། སྐྱེ་འཕགས་གཉིས་ཀ་དང་། སྐྱེ་ཚུལ་ལས་སྟན་གཅིག་ལས་སྐྱེ་བ་དང་སྐྱེ་བ་གཞན་ལའང་སྐྱེ་བའོ། །)
གཉིས་པ་དམིགས་པའི་ཡུལ་བདེན་པ་བཤད་པ།
གཉིས་པ་ནི་འོ་ན་བདེན་པ་མཐོང་དང་བསྒོམས་པ་ལས་ཞེས་བཤད་པའི་བདེན་པ་དེ་དག་གང་ཞེ་ན། མཐོང་བ་དང་བསྒོམ་པར་བྱ་བའི་བདེན་པ་དག་ནི་བཞིར་བཤད་དོ། །གང་དུ་བཤད་ཅེ་ན། འདི་ཉིད་ཀྱི་གནས་དང་པོར་ཟག་མེད་ལམ་གྱི་བདེན་པ་དང་ཞེས་པས་ལམ་དང་། སོ་སོར་བརྟགས་པས་འགོག་པ་གང་། བྲལ་བའོ་ཞེས་པས་འགོག་པ་དང་། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་ཞེས་བྱ་བས་དེ་གཉིས་ཀྱང་བཤད་ཅིང་། མདོ་ལས་ཀྱང་གསུངས་པའི་ཕྱིར་རོ། །ཅི་འདི་དག་གི་རིམ་པ་གནས་དང་པོར་བསྟན་པ་དེ་ཁོ་ན་ལྟར་ཡིན་ནམ་ཞེ་ན། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང། དེ་བཞིན་དུ་འགོག་པ་དང་། ལམ་འཕགས་པའི་བདེན་པ་སྟེ་དེ་ལྟར་ན་བཞི་པོ་དེ་དག་གི་རིམ་པ་ནི་འདི་ཡིན་ནོ། །འགྲེལ་པ་ལས། དེ་བཞིན་ཞེས་བྱ་བའི་སྒྲ་ནི་རང་གི་ངོ་བོ་ནི་གནས་དང་པོར་ཇི་སྐད་བཤད་པ་དེ་ཁོ་ན་བཞིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །གོ་རིམ་དེ་ཁོ་ན་ལྟར་སྟོན་པའི་རྒྱུ་ནི་འགྲེལ་པར་དྲན་པ་ཉེར་གཞག་བཞི་དང་། མཐར་གྱིས་གནས་པའི་སྙོམས་འཇུག་ལྟ་བུ་སྐྱེ་བ་དང་། མཐུན་པ་རྒྱུ་འབྲས་ཀྱི་གོ་རིམ་དང་། ཡང་དག་སྤོང་བཞི་ལྟ་བུ་རྟོགས་སླ་བ་དང་མཐུན་པའི་གོ་རིམ་དང་། ཡུལ་ཇི་ལྟར་མངོན་པར་རྟོགས་པ་དང་མཐུན་པའི་གོ་རིམ་གསུམ་བཤད་པ་ལས་འདིར་བདེན་པ་དེ་དག་ནི་དང་པོར་ཇི་ལྟར་མངོན་པར་རྟོགས་པ་དང་མཐུན་པའི་རིམ་པ་ལྟར་བསྟན་ཏེ། མཐོང་ལམ་དུ་དང་པོར་སྡུག་བསྔལ་མངོན་པར་རྟོགས་པ་ལ་སོགས་པའི་ཕྱིར་རོ། །སྐྱེ་བའི་རིམ་པ་ལྟར་སྟོན་ན་ནི་རྒྱུ་ཡིན་པའི་ཕྱིར་ཀུན་འབྱུང་དང་ལམ་དང་པོར་སྟོན་པར་ཐལ་བའི་ཕྱིར་རོ། །མཐོང་ལམ་དུ་དེ་ལྟར་མངོན་པར་རྟོགས་པ་ལའང་དཀྱུས་ས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་ལྟར་ཚོགས་སྦྱོར་དུ་ཡོངས་སུ་རྟོག་པའི་རིམ་པ་ལྟར་སྐྱེ་བའི་ཕྱིར་ཏེ། དཔེར་ན་ནད་མཐོང་བས་དེའི་རྒྱུ་དང་། ནད་ཟད་པ་དང་། དེའི་ཐབས་སྨན་འཚོལ་བ་ལྟར་དང་པོ་ཁོ་ན་གང་ལ་ཆགས་པ་དང་། གང་གིས་གནོད་པ་དང་། གང་ལས་ཐར་པར་འདོད་པས་སྡུག་བསྔལ་དང་། དེའི་རྒྱུ་ནི་གང་ཞིག་ཅེས་དེའི་འོག་ཏུ་ཀུན་འབྱུང་དང་། སྡུག་བསྔལ་འགོག་པ་ནི་ཅི་ཞིག་ཅེས་དེ་ནས་འགོག་པ་དང་། དེ་ཐོབ་པའི་ཐབས་ནི་ཅི་ཞིག་ཅེས་ལམ་ལ་རྟོག་པས་དེ་ལྟར་ན་ཡོངས་སུ་རྟོག་པའི་རིམ་པ་ནི་དེ་ཡིན་ཏེ། ཇི་སྐད་དུ་རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལ་བདེན་པ་བཞིའི་ངོ་བོ་ནི་སྔར་བཤད་ཟིན་ལ།
ངེས་ཚིག་ནི་ཅིའི་ཕྱིར་བདེན་པ་ཞེས་བྱ་ཞེ་ན། འཕགས་པ་རྣམས་ཀྱི་ཡུལ་དུ་སྡུག་བསྔལ་ལ་སོགས་པར་བདེན་པའི་ཕྱིར་ཏེ། བྱིས་པ་ནི་སྡུག་བསྔལ་ལ་བདེ་བ་དང་། ཀུན་འབྱུང་ལ་བདེ་བའི་རྒྱུ་དང་། འགོག་པ་ལ་ཁ་ཅིག་མ་ཞི་བ་དང་། ཁ་ཅིག་བདག་ཆད་པས་འཇིགས་པ་དང་། ལམ་ལ་ལམ་མ་ཡིན་པ་དང་དཀའ་ཐུབ་སྡུག་བསྔལ་གྱི་རྒྱུར་འཛིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱིས་སྡུག་བསྔལ་རིག། གཞན་གྱིས་བདེ་བར་གང་སྨྲས་པ། །དེ་ནི་འཕགས་པས་སྡུག་བསྔལ་རིག་ཅེས་གསུངས་སོ། །དེས་ན་འདིར་ཟག་བཅས་འབྲས་བུའི་ཆ་ཐམས་ཅད་ནི་སྡུག་བསྔལ་དང་། (དེ་ཡང་དགྲ་བཅོམ་དང་སྲེད་བྲལ་གྱི་ཕུང་པོ་ཐ་མ་སྡུག་བསྔལ་ཁོ་ནར་འདོད་དོ། །)དེ་ཉིད་རྒྱུར་གྱུར་བའི་ཆ་ནི་ཀུན་འབྱུང་དང་། འགོག་པ་ནི་འདུས་མ་བྱས་སོ་སོར་བརྟགས་འགོག་དང་། ལམ་ནི་ཟག་མེད་འདུས་བྱས་མཐོང་སྒོམ་མི་སློབ་པའི་ལམ་གསུམ་ཡིན་ཏེ། (ཁ་ཅིག་དང་པོ་གཉིས་འཕགས་པས་བདེན་པ་ཡིན་ཡང་འཕགས་པ་མིན་ཏེ་ཟག་བཅས་ཡིན་པས་སོ་ཕྱི་མ་གཉིས་དགེ་བ་དང་ཟག་མེད་གཞི་མཐུན་པ་ཡིན་པས་གཉིས་ཀ་ཡིན་ནོ་ཞེས་སོ། །)འགྲེལ་པ་ལས། ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་རྣམས་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །རྒྱུར་གྱུར་པ་རྣམས་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་གཉིས་ནི་རྒྱུ་དང་འབྲས་བུར་གྱུར་བས་མིང་གི་སྒོ་ནས་བྱེ་བྲག་ཡོད་ཀྱི་རྫས་སུ་ནི་མ་ཡིན་ནོ། །འགོག་པ་དང་ལམ་ནི་རྫས་སུ་ཡང་བྱེ་བྲག་ཡོད་དོ་ཞེས་འབྱུང་བས་བྱེ་བྲག་ཏུ་སྨྲ་བ་བདེན་པ་དང་པོ་གཉིས་བྱ་བ་མཉམ་པར་འདོད་དོ། །གལ་ཏེ་སྡུག་བསྔལ་(དང་ཡིད་མི་བདེ་)ནི་ཚོར་བའི་ཕུང་པོའི་ཕྱོགས་གཅིག་ཡིན་ན་ཇི་ལྟར་ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་ཡིན་ཞེ་ན། ཟག་བཅས་མ་ལུས་པ་ནི་སྡུག་བསྔལ་ལོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཅི་རིགས་པར་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར་རོ། །(གང་རྣམས་སྡུག་བསྔལ་དང་ལྡན་ཞེ་ན། ཡིད་དུ་འོང་བ་ཚོར་བ་བདེ་བ་དང་ཡིད་དུ་མི་འོང་བ་སྡུག་བསྔལ་དང་གཉིས་པོ་དེ་ལས་གཞན་པའི་ཟག་པ་དང་བཅས་པ་བཏང་སྙོམས་ཚོགས་དང་བཅས་པ་རྣམས་སོ་ཞེས་སྦྱར་རོ། །)འགྲེལ་པ་ལས། དེའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་འཐོབ་བོ་ཞེས་འབྱུང་བས་ཚོར་བ་དེ་དག་གི་དབང་གིས་དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་གཞན་རྣམས་དང་། མཚུངས་ལྡན་མ་ཡིན་པ་བདག་རྐྱེན་དང་། དམིགས་རྐྱེན་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་དུ་བརྗོད་དོ། །
དེ་ལ་ཅི་རིགས་ཞེས་པ་ནི་འགྱུར་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཡིན་ཏེ། ངོ་བོ་བདེ་པ་ཡིན་ཡང་འགྱུར་བ་ན་སྡུག་བསྔལ་བ་དང་ཟག་བཅས་ཡིན་པའི་ཕྱིར་རོ། །ཡིད་དུ་མི་འོང་བ་རྣམས་ནི་འདུ་བྱེད་དང་སྡུག་བསྔལ་ཀྱིས་སྡུག་བསྔལ་བ་ཡིན་ཏེ། ཟག་བཅས་ཡིན་པ་དང་། སྐྱེས་པ་ཉིད་ནས་སྡུག་བསྔལ་དུ་མྱོང་བའི་ཕྱིར་རོ། །གཉིས་པོ་དེ་ལས་གཞན་པའི་འདུ་བྱེད་ཟག་བཅས་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་སྡུག་བསྔལ་བ་ཡིན་ཏེ། ལས་དང་ཉོན་མོངས་པའི་གཞན་དབང་ཅན་ཡིན་པས་འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་དང་། སྐད་ཅིག་མ་ཉིད་ཀྱིས་གནོད་པའི་ཕྱིར་རོ། །ཡང་ན་ཅི་རིགས་ཞེས་བྱ་བ་ནི་འདོད་པ་ན་སྡུག་བསྔལ་གསུམ་དང་། བསམ་གཏན་གསུམ་པ་མན་ཆད་ན་གཉིས་དང་། བཞི་པ་ཡན་ཆད་ན་འདུ་བྱེད་ཀྱི་སྡུག་བསྔལ་འབའ་ཞིག་གིས་སྡུག་བསྔལ་བའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཉིད་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ན་ལམ་བདེན་ཡང་སྡུག་བསྔལ་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལམ་ནི་སྡུག་བསྔལ་ཐམས་ཅད་འགགས་པའི་བདེ་བ་འདྲེན་པའི་རྒྱུ་ཟག་མེད་ཡིན་པའི་ཕྱིར་འཕགས་པ་དང་མཐུན་པས་སྡུག་བསྔལ་དུ་མི་བརྗོད་དེ། སྡུག་བསྔལ་གྱི་དོན་ནི་ཟག་བཅས་གང་ཞིག་མི་རྟག་ཅིང་འཕགས་པ་དང་མི་མཐུན་པས་གནོད་པ་ཡིན་པའི་ཕྱིར་རོ། །ཟག་བཅས་ཀྱི་འདུ་བྱེད་གཞན་ནི་མདོ་ལས། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང་། སྲིད་པ་ཐམས་ཅད་ནི་ཐར་པའི་མི་མཐུན་ཕྱོགས་ཡིན་པས་འཕགས་པ་དང་མི་མཐུན་པས་གནོད་པའི་ཕྱིར་སྡུག་བསྔལ་དུ་འདོད་དེ། དེའི་ཕྱིར་སློབ་དཔོན་གྱིས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིིག་ཏུ་སོང་ན་ནི། །མི་དགའ་བ་དང་གནོད་སྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་ཞེས་པ་དང་། (འདུ་བྱེད་ཀྱི་སྡུག་བསྔལ་ནི་འཕགས་པ་རྣམས་ཁོ་ནས་གཟིགས་ཏེ།) ཇི་ལྟར་འཕགས་པ་རྣམས་སྲིད་པའི་རྩེ་མོ་བ་དག་ལའང་སྡུག་བསྔལ་གྱི་བློ་འཇུག་པ་ལྟར་བྱིས་པ་རྣམས་ནི་མནར་མེད་པའི་ཕུང་པོ་རྣམས་ལ་ཡང་དེ་ལྟར་སྡུག་བསྔལ་གྱི་བློ་མི་འཇུག་གོ་ཞེས་གསུངས་སོ། །(ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་མི་འཐད་དེ་བདེ་བ་ཡང་ཡོད་པའི་ཕྱིར་རོ་ཞེ་ན།) འདིར་བཙུན་པ་གཞོན་ནུ་ལེན་གྱིས་བདེ་བ་ཉུང་བའི་སྒྲུབ་བྱེད་དུ། སྡུག་བསྔལ་བདུན་ཅུ་པ་ལས། སྡུག་བསྔལ་གྱི་ནི་རྒྱུ་ཕྱིར་དང་། སྡུག་བསྔལ་མང་པོས་བསྐྱེད་ཕྱིར་དང་། །སྡུག་བསྔལ་ཡོད་ན་དེ་འདོད་ཕྱིར། །བདེ་བ་སྡུག་བསྔལ་ཞེས་རྟོགས་སོ། །ཞེས་བཤད་པ་ནི་ཡང་དག་པ་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་དེ་ནི་ཀུན་འབྱུང་གི་རྣམ་པ་ཡིན་པའི་ཕྱིར་(དེས་ཇི་ལྟར་དུཿཁར་གྲུབ་བ་)དང་། (ཕྱི་མ་གཉིས་ལྟར་ནའང་)ཁམས་གོང་མ་གཉིས་ཀྱི་ཕུང་པོ་ནི་སྡུག་བསྔལ་གྱི་ཚོར་བའི་རྒྱུ་མ་ཡིན་པས་ཁམས་དེ་དག་ཏུ་སྐྱེས་པའི་འཕགས་པ་རྣམས་ཕུང་པོ་ལ་སྡུག་གྱི་བློ་མི་འཇུག་པར་ཐལ་བའི་ཕྱིར་རོ། །གང་ཡང་བཙུན་པ་དཔལ་ལེན་གྱིས་བདེ་ཚོར་ནི་མེད་དེ། ཚོར་བ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་པ་དང་། བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་པ་དང་། མུ་བཞིའི་ཚོམས་ཀྱི་ཕྱིན་ཅི་ལོག་བཞི་བསྟན་པའི་མདོ་ལས། སྡུག་བསྔལ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལུང་དང་། རིགས་པས་ཀྱང་བདེ་བའི་རྒྱུར་མངོན་པར་འདོད་པའི་ཟས་གོས་ལ་སོགས་པ་དག་ཀྱང་ཧ་ཅངསྤྱད་པས་སྡུག་བསྔལ་བསྐྱེད་པས་བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་དང་། མི་མཁས་པ་རྣམས་(བཀྲེས་སྐོམ་གྱིས་མ་བཅོས་པ་ཙམ་གྱི་)སྡུག་བསྔལ་གྱི་གཉེན་པོ་ལ་བདེ་བའི་བློ་སྐྱེ་བའི་ཕྱིར་དང་། ཕྲག་ཁུར་སྤོང་བ་ལྟར་སྡུག་བསྔལ་ཆུང་བ་ལ་བདེ་བར་འཛིན་པའི་ཕྱིར་འཇིག་རྟེན་པས་བདེ་བར་གང་སྨྲས་པ་དེ་ཡང་དོན་ལ་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བར་རྟོགས་སོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ།
རེ་ཞིག་ལུང་དང་པོ་ནི་བཅོམ་ལྡན་འདས་ཉིད་ཀྱིས་དགོངས་པ་ཅན་དུ་བཤད་དེ། འཕགས་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཀྱིས་བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ལགས་སྡུག་བསྔལ་བ་ཡང་མ་ལགས་པ་དང་ཚོར་བ་འདི་གསུམ་ཡང་གསུངས་ལ། བཅོམ་ལྡན་འདས་ཀྱིས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་ཀྱང་གསུངས་ན་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ངས་འདུ་བྱེད་མི་རྟག་པ་ཉིད་དང་། འདུ་བྱེད་རྣམ་པར་འགྱུར་བ་ཉིད་ལ་དགོངས་ནས་བཤད་དོ་ཞེས་གསུངས་པའི་ཕྱིར་རོ། །བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་པ་ནི་འགྱུར་བའི་སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ། ལུང་བར་མའི་དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས། བདེ་བའི་ཚོར་བ་ནི་སྐྱེ་བ་ན་ཡང་བདེ། གནས་པ་ན་ཡང་བདེ་ལ་འགྱུར་བ་ན་སྡུག་བསྔལ་ལོ། །སྡུག་བསྔལ་གྱི་ཚོར་བ་ནི་སྐྱེ་བ་ན་ཡང་སྡུག་བསྔལ་ལ་གནས་པ་ན་ཡང་སྡུག་བསྔལ་ལོ་ཞེས་པ་དང་། སྐྱེ་མཆེད་དྲུག་གི་ཚོགས་ཀྱི་མདོ་ལས། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་ཀྱང་། རྫོགས་པའི་སངས་རྒྱས་རབ་མཁྱེན་གྱིས། །འདུ་བྱེད་མི་རྟག་ཉིད་དང་ནི། །རྣམ་པར་འགྱུར་བ་ཉིད་མཁྱེན་ནས། །ཚོར་བ་སྡུག་བསྔལ་བར་གསུངས་སོ་ཞེས་གསུངས་སོ། །སྡུག་བསྔལ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་གོ་ཞེས་པ་ནི་འཇིག་རྟེན་པ་རྣམས་ཚོར་བ་དང་འདོད་ཡོན་དང་སྐྱེ་བ་ལ་སྡུག་བསྔལ་ཡང་ཡོད་པ་ལ་གཅིག་ཏུ་བདེ་བར་ཤེས་པ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ཏེ། དེ་དག་ཕལ་ཆེར་སྡུག་བསྔལ་བའི་ཕྱིར་རོ་ཞེས་དགོངས་པ་ནི་དེ་ཡིན་པའི་ཕྱིར་རོ། །
གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚོར་བ་གསུམ་དང་། ཚོར་བའི་དབང་པོ་ལྔ་ལ་སོགས་པ་གསུངས་པ་དང་འགལ་བའི་ཕྱིར་དང་། (གཞན་ཡང་སྡུག་བསྔལ་ཀྱི་དོན་གང་ཡིན་)གནོད་པ་དང་མི་འདོད་པ་སྡུག་བསྔལ་ལ་ཡིན་(ནོ་ཞེ་)ན་(འོ་ན་)ཕན་པ་དང་འདོད་པ་ཅིའི་ཕྱིར་བདེ་བར་མི་འདོད། སྡུག་བསྔལ་ཆུང་ངུ་ལ་སོགས་པ་ལ་བདེ་བ་ལ་སོགས་པའི་བློ་སྐྱེའོ་ཞེས་བྱ་བའང་རིགས་པ་མ་ཡིན་ཏེ། བདེ་བ་ཆུང་ངུ་ལ་སོགས་པ་ལའང་སྡུག་བསྔལ་གྱི་བློ་ལ་སོགས་པ་སྐྱེ་བར་ཐལ་བར་མཚུངས་པའི་ཕྱིར་དང་། སྡུག་བསྔལ་གྱི་གཉེན་པོ་ལ་བདེ་བའི་བློ་སྐྱེའོ་ཞེས་བྱ་བའང་མ་ཡིན་ཏེ། གཉེན་པོ་ནི་རེས་འགའ་བདེ་བ་དང་རེས་འགའ་བཏང་སྙོམས་ཀྱིས་བྱེད་པའི་ཕྱིར་རོ། །གང་ཡང་བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ཏེ། ཟས་ལ་སོགས་པ་ཡུལ་འབའ་ཞིག་ནི་བདེ་བའི་རྒྱུ་མ་ཡིན་གྱི་ལུས་དང་གོམས་པ་ལ་སོགས་པའང་ཡིན་ཏེ། གཟུགས་ལ་སོགས་པ་ཁྱད་པར་མེད་པ་ཉིད་འགྲོ་བ་ཐ་དད་ལ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་སུ་འགྱུར་བ་དམིགས་པའི་ཕྱིར་དང་། གལ་ཏེ་ཟས་ལ་སོགས་པ་ཧ་ཅང་སྤྱད་དྲགས་པས་སྡུག་བསྔལ་སྐྱེ་བ་ཙམ་གྱིས་དགེ་བའི་རྒྱུ་མེད་པར་སྨྲ་ན་སྡུག་བསྔལ་གྱི་རྒྱུ་ཡང་རྣམ་པར་མི་གནས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་དག་ཀྱང་ལ་ལར་བདེ་བའི་རྒྱུར་འགྱུར་པའི་ཕྱིར་རོ། །རབ་ཏུ་སྨྲ་བ་འདི་བདེ་བའི་ཚོར་བ་མྱོང་བའི་མངོན་སུམ་གྱིས་བཀག་པའི་ཕྱིར་འབད་པར་མི་བྱ་བ་ཞིག་ན་སྔོན་གྱི་སློབ་དཔོན་གྱིས་མཛད་པའི་ཕྱིར་ཁོ་བོས་ཀྱང་བྱས་སོ། །
མདོ་སྡེ་པ་ལ་སོགས་པ་ན་རེ་བྱེ་བྲག་ཏུ་སྨྲ་བས་ཀུན་འབྱུང་གི་བདེན་པ་གང་ཡིན་པ་དེ་ཉིད་སྡུག་བསྔལ་གྱི་བདེན་པའང་ཡིན་ནོ་ཞེས་སྨྲས་པ་ནི་མདོ་དང་འགལ་ཏེ། མདོ་ལས་ནི་ཀུན་འབྱུང་གི་བདེན་པ་གང་ཞེ་ན། གང་འདི་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་སྟེ་དེ་དང་དེ་ལ་མངོན་པར་དགའ་བ་ཅན་ཡིན་ནོ་ཞེས་སྲེད་པ་ཁོ་ན་ཀུན་འབྱུང་དུ་གསུངས་པ་དང་འགལ་བའི་ཕྱིར་རོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ནི་ལུང་དེ་ནི་གཙོ་ཆེ་བའི་ཕྱིར་དང་། རྟེན་འབྲེལ་གྱི་འགྲེལ་པ་ལས། སྲེད་དང་བྲལ་ལ་ཡང་སྲེད་མེད་ཅེས་པ་ལྟར་སྐྱེ་བ་མངོན་པར་འགྲུབ་པའི་རྒྱུའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་ཏེ། མདོ་ལས། ལས་ནི་སྐྱེ་བའི་རྒྱུ་ཡིན་ལ། །སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་དང་། སྐྱེ་མཆེད་དྲུག་གི་ཚོགས་ཀྱི་མདོ་ལས། ལས་དང་སྲེད་པ་དང་ནི་མ་རིག་པ། །ཕྱི་མའི་ཚེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་དེ་གསུམ་ག་ཀུན་འབྱུང་དུ་སྟོན་པར་འགྱུར་བ་ཞིག་ན་སྲེད་པ་ཁོ་ན་ཅིའི་ཕྱིར་བསྟན་ཞེ་ན། སྲེད་པ་དང་བཅས་པ་ཁོ་ན་འཁོར་བར་སྐྱེ་བའི་ཕྱིར་དང་། རྒྱུད་གཞོལ་བའི་ཕྱིར་དང་། ལུས་དམ་དུ་འཛིན་པའི་ཕྱིར་གཙོ་ཆེ་བས་ཡིན་གྱི་གཞན་དག་ཀྱང་ཀུན་འབྱུང་ཡིན་ཏེ། དེས་ན་སྡུག་བསྔལ་དང་ཀུན་འབྱུང་ནི་ཁྱབ་མཉམ་མོ་ཞེས་འདོད་དོ། །མདོ་སྡེ་པ་ནི་དགྲ་བཅོམ་པའི་ཕུང་པོ་ཐ་མ་སྡུག་བསྔལ་ཡིན་ཡང་ཀུན་འབྱུང་མ་ཡིན་ནོ་ཞེས་བྱ་བར་འདོད་དེ། ཀུན་ལས་བཏུས་ལས་ཀྱང་། དགྲ་བཅོམ་པ་ཐ་མ་པའི་མིག་ནས་ཡིད་ཀྱི་བར་ནི་མིག་ནས་ཡིད་ཀྱི་བར་དུ་ཡིན་གྱི་དེ་དག་གི་ཁམས་ནི་མ་ཡིན་ནོ་ཞེས་བཤད་དོ། །ཁ་ཅིག་ནི་སྲེད་པ་དང་བྲལ་བའི་ཕུང་པོ་དང་སྣོད་ཀྱི་འཇིག་རྟེན་ཡང་སྡུག་བསྔལ་ཡིན་ཡང་ཀུན་འབྱུང་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ལའང་སྡུག་བསྔལ་གྱི་རྒྱུ་ལ་ཀུན་འབྱུང་ཞེས་ཟེར་ན་ནི་དེ་དག་ཀྱང་ཀུན་འབྱུང་དུ་འགྱུར་ཏེ། དེ་དག་ཀྱང་ཕྱི་མ་དེ་སྡུག་བསྔལ་ཡིན་ལ་དེ་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་ཀུན་འབྱུང་མ་ཡིན་ན་སྲེད་པ་དང་བཅས་པའི་ཕུང་པོའངཀུན་འབྱུང་མ་ཡིན་པར་ཐལ་བའི་ཕྱིར་རོ། །སྤྲོས་པས་ཆོག་གོ།
འོ་ན་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ཞེས་ཀྱང་གསུངས། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཞེས་ཀྱང་གསུངས་ན་གཉིས་པོའི་དོན་ཅི་ཡིན་ཞེ་ན། ཆོས་གང་ལ་ཐོབ་ལ་སོགས་པས་བཅོམ་པ་དང་བློས་གཞན་བསལ་ན་ཆོས་དེའི་བློ་མི་འཇུག་པ་དང་། ཡང་གང་ལ་བཅོམ་པས་དེའི་བློ་མི་འདོར་ཡང་བློ་ཡིས་ཆོས་གཞན་བསལ་ན་ཆོས་དེའི་བློ་མི་འཇུག་པ་དེ་དག་ནི་རིམ་པ་ལྟར་དཔེར་ན་བུམ་པ་ལ་གྱོ་མོར་བཅོམ་ན་དེའི་བློ་མི་འཇུག་པ་དང་ཆུ་ལས་ལ་སོགས་པའི་རྫས་བརྒྱད་ཀྱི་ཆ་ཤས་ཀྱི་ཆོས་རྣམས་བློས་སོ་སོར་བསལ་ན་ཆུའི་བློ་མི་འཇུག་པས་ཀུན་རྫོབ་ཡིན་པ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པར་འདོད་དེ། ཆ་ཤས་དང་བཅས་པའི་ཕྱིར་རོ། །འདིར་དཔེ་གཉིས་བཀོད་པ་ནི་འཇོམས་པས་འཇིག་པ་དང་། བློས་འཇིག་པ་གཉིས་སམ། དབྱིབས་ཀྱི་ཀུན་རྫོབ་དང་། ཚོགས་པའི་ཀུན་རྫོབ་གཉིས་སམ། ཀུན་རྫོབ་གཞན་ལ་བརྟེན་པ་དང་། རྫས་གཞན་ལ་བརྟེན་པའི་ཀུན་རྫོབ་གཉིས་ཡོད་པའི་ཕྱིར་རོ་ཞེས་ཊཱིཀ་བྱེད་དག་འཆད་དོ། །དེས་ན་འདི་སྐད་དུ་རྒྱུན་དང་རགས་པ་ནི་ཀུན་རྫོབ་ཡིན་ཏེ། (བུམ་པ་དང་ཆུ་ཡོད་དོ་བྱས་ན་ཀུན་རྫོབ་བདེན་པའི་ཕྱིར་དང་།) བཅོམ་མམ་བློས་བསལ་ན་དེའི་བློ་མི་འཇུག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དོན་དམ་པར་ཡོད་པ་ནི་གང་ལ་བཅོམ་པ་དང་བློས་གཞན་བསལ་ན་དེའི་བློ་མི་འཇུག་པ་ལས་གཞན་གང་ལ་བཅོམ་པ་དང་བློས་ཆོས་གཞན་བསལ་བ་ནའང་དེའི་བློ་འཇུག་པ་སྟེ་གཟུགས་ཀྱི་རྡུལ་དང་སྐད་ཅིག་མ་ལ་སོགས་པ་ལྟ་བུ་ཡིན་ནོ། །(ཚོར་སོགས་ཀྱིའང་ཚོགས་པ་དང་། རྒྱུན་ནི་ཀུན་རྫོབ་སྐད་ཅིག་ནི་དོན་དམ་མོ། །)འདི་དག་ཐེག་པ་གོང་མ་པ་དག་ནི་ཤར་ལ་སོགས་པ་དང་སྐྱེ་བ་ལ་སོགས་པའི་བློས་བསལ་ན་དེ་དག་གི་བློ་མི་འཇུག་པའི་ཕྱིར་ཀུན་རྫོབ་ཁོ་ན་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་དེའི་རྗེས་ཐོབ་དེ་བཞིན་ཉིད་དུ་སྣང་བའི་ཡུལ་ནི་དོན་དམ་པར་ཡོད་པ་ཡིན་ལ། འཇིག་རྟེན་པའི་བློའི་ཡུལ་ན་ཡོད་པ་ནི་ཀུན་རྫོབ་ཡིན་ནོ་ཞེས་འཆད་དོ། །
མངོན་པར་རྟོགས་པའི་རིམ་བ་བཤད་པ།
(གསུམ་པ་མངོན་པར་རྟོགས་པའི་རིམ་པ་ལ་གཉིས་ལས། མདོར་བསྟན་པ་ནི།) དང་པོ་ཁོ་ནར་བདེན་པ་མངོན་པར་རྟོགས་པར་འདོད་པས་རྣམ་པར་མི་གཡེང་བའི་རྒྱུ་སོ་སོར་ཐར་པ་རིས་བདུན་གྱི་ཚུལ་ཁྲིམས་གང་ཡང་རུང་བ་ལ་གནས་ཏེ། མི་རྨོངས་པའི་རྒྱུ་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་ལ་བརྩོན་པར་བྱེད་པ་དང་། དེ་ནས་གཏན་ལ་ཕེབས་པའི་རྒྱུ་དེའི་དོན་ཕྱིན་ཅི་མ་ལོག་པར་སེམས་པར་བྱེད་དོ། །དོན་བསམ་པ་དང་ལྡན་པས་ནི་འབྲལ་བའི་རྒྱུ་དོན་དེ་སྒོམ་པའི་ཏིང་ངེ་འཛིན་ལ་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ཏེ། མདོ་ལས། དགེ་སློང་རྟུན་ཅིང་རྟག་འགྲུས་པ། །ཚུལ་ཁྲིམས་ཡང་དག་བླངས་བྱས་ནས། །སེམས་དང་ཤེས་རབ་སྒོམ་བྱེད་པས། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར་ཞེས་པ་དང་། ཚུལ་ཁྲིམས་ལ་རྟེན་ཅིང་ཚུལ་ཁྲིམས་ལ་གནས་ཏེ་ཆོས་བསྒོམ་པར་བྱའོ་ཞེས་པ་དང་། བཙུན་པ་དགེ་སློང་མང་དུ་ཐོས་པ་ཞེས་བགྱི་ན་ཇི་ལྟར་ན་མང་དུ་ཐོས་པ་ལགས། ཇི་ཙམ་གྱིས་ན་དེ་བཞིན་གཤེགས་པས་དགེ་སློང་མང་དུ་ཐོས་པར་འདོགས་པར་མཛད། དགེ་སློང་དགེ་སློང་གིས་ཕུང་པོ་ལྔ་ལ་སྐྱོབ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པར་བྱ་བའི་ཕྱིར་ཆོས་ཐོས་པར་གྱུར་ན་དགེ་སློང་མང་དུ་ཐོས་པ་ཞེས་བརྗོད་པ་ནུས་སོ་ཞེས་གསུངས་པའི་ཕྱིར་རོ། །
འོ་ན་ཐོས་བྱུང་གི་ཤེས་རབ་ལ་སོགས་པ་ཉིད་གང་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་ཐོས་པ་ལས་བྱུང་བའི་བློ་སྟེ་ཤེས་རབ་དང་། སོགས་པས་བསྡུས་པ་བསམ་བྱུང་དང་། སྒོམ་བྱུང་གི་ཤེས་རབ་རྣམས་ནི་རིམ་པ་ལྟར་མིང་དང་། རེས་འགའ་ཡི་གེས་དོན་འདྲེན་ལ་རེས་འགའ་དོན་གྱིས་ཡི་གེ་འདྲེན་པས་མིང་དོན་གཉིས་ཀ་དང་། ཡི་གེ་ལ་མི་ལྟོས་པར་དོན་ལ་འཇུག་པས་དོན་ཁོ་ནའི་ཡུལ་ཅན་ཡིན་ཏེ། དཔེར་ན་རྐྱལ་ལེགས་པར་མ་ལོབས་པ་དང་། ཅུང་ཟད་ལོབས་པ་དང་། ལེགས་པར་ལོབས་པ་དག་ཤིང་ལེབ་ལ་སོགས་པའི་འཇུ་བྱ་ལ་ལྟོས་པ་དང་། རེས་འགའ་ལྟོས་རེས་འགའ་མི་ལྟོས་པ་དང་། ཡེ་མི་ལྟོས་པ་བཞིན་ནོ་ཞེས་འདོད་དོ། །སློབ་དཔོན་ནི་དེ་ལྟ་ན་མིང་ལ་དམིགས་པ་ཐོས་བྱུང་དང་དོན་ལ་དམིགས་པ་སྒོམ་བྱུང་ཡིན་པའི་ཕྱིར་(གཉིས་པོ་ལས་)བསམ་བྱུང་མི་འགྲུབ་པར་འགྱུར་བས་བདག་རྐྱེན་ཡིད་ཆེས་པའི་ལུང་དང་། རིགས་པས་དཔྱད་པ་དང་། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལས་དོན་རྟོགས་པ་ནི་རིམ་པ་ལྟར་ཤེས་རབ་གསུམ་ཡིན་ནོ་ཞེས་འཆད་དོ། །
རྒྱས་པར་བཤད་པ་ལ་ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་གསུམ་ལས་དང་པོ་ལ་ལམ་སྒོམ་པ་པོ་ནི་གཅིག་པུར་གནས་པས་ལུས་འདུ་འཛིན་དང་། སེམས་མི་དགེ་བ་ལ་སོགས་པ་ཉོན་མོངས་པ་ཅན་གྱི་རྣམ་རྟོག་ལས་བསྲིངས་བ་གཉིས་དང་ལྡན་པ་ཞིག་གིས་བསྒོམ་པར་བྱའོ། །བསྲིངས་བ་གཉིས་དང་ལྡན་པ་དེ་ཡང་འདོད་པ་ཆུང་བ་དང་ཆོག་ཤེས་པ་ལ་ཡིན་གྱི་ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ལ་ནི་མ་ཡིན་ནོ། །གཉིས་པོ་དེ་ཡང་གང་ཞེ་ན། ཆོས་མངོན་པ་བ་རྣམས་ན་རེ་ཆོས་གོས་ལ་སོགས་པ་གྱ་ནོམ་པ་རྙེད་པ་ལ་ཡང་དང་ཡང་དུ་སྲེད་ཅིང་འདོད་པ་ནི་ཆོག་མི་ཤེས་པ་ཡིན་ལ། དེ་དག་མ་རྙེད་པ་ལ་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ་ཞེས་ཟེར་ཏེ། ཆོས་གོས་ལ་སོགས་པ་ལ་ཡང་དང་ཡང་དུ་སྲེད་པ་དེ་ཡང་མ་རྙེད་པ་ཁོ་ན་ལ་ཡིན་པའི་ཕྱིར་དེ་ཡང་འདོད་ཆེན་ཅན་དུ་ཐལ་བར་འགྱུར་བས་དེས་ན་ངན་ཉུང་རྙེད་པས་ཡིད་མི་བདེ་བ་ནི་ཆོག་མི་ཤེས་པ་དང་། བཟང་མང་མ་རྙེད་པ་ལ་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ་ཞེས་སློབ་དཔོན་འཆད་དོ། །ཡང་ན་སྔོན་མ་རྙེད་པ་ལ་འདོད་པ་ནི་འདོད་ཆེན་ཡིན་ལ། རྙེད་པ་ན་དེ་བས་བཟང་མང་འདོད་པ་ནི་ཆོག་མི་ཤེས་པ་ཡིན་ནོ། །ཆོག་མི་ཤེས་པ་དང་འདོད་ཆེན་ལས་བཟློག་པ་ནི་དེ་གཉིས་པོའི་གཉེན་པོ་ཆོག་ཤེས་པ་དང་འདོད་ཆུང་དག་ཡིན་ནོ། །གཉེན་པོ་འདོད་ཆུང་ཆོག་ཤེས་དེ་གཉིས་ནི་འདོད་པ་ལ་སོགས་པའི་ཁམས་གསུམ་དུ་གཏོགས་པ་དང་དྲི་མ་མེད་པ་དག་ཡིན་ལ། ཆོག་མི་ཤེས་པ་དང་འདོད་པ་ཆེ་བ་ནི་ཆགས་པ་མི་དགེ་བ་ཡིན་པས་འདོད་ཁམས་པ་ཡིན་ནོ། །འདོད་ཆུང་ཆོག་ཤེས་དེ་དག་གི་ངོ་བོ་ནི་མ་ཆགས་པའི་དགེ་བ་དག་ཡིན་ནོ། །མ་ཆགས་པ་དེ་དག་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། དེ་དག་ལས་འཕགས་པ་རྣམས་སྐྱེ་བའི་ཕྱིར་རོ། །འཕགས་པའི་རིགས་དེ་ཡང་དབྱེ་ན་མདོ་ལས། འཕགས་པའི་རིགས་ནི་བཞི་སྟེ། ཆོས་གོས་ལ་མ་ཆགས་པ་དང་། བསོད་སྙོམས་ལ་མ་ཆགས་པ་དང་། མལ་ཆ་དང་སྟན་ལ་མ་ཆགས་པ་དང་། སྤོང་བ་དང་བསྒོམ་པ་ལ་དགའ་བའོ་ཞེས་གང་གསུངས་པ་དེ་དག་ལས་དང་པོ་གསུམ་ནི་ཆོག་ཤེས་པའི་བདག་ཉིད་དོ། །གལ་ཏེ་འཕགས་པའི་རིགས་བཞི་པ་ཇི་ལྟར་ན་མ་ཆགས་པའི་རང་བཞིན་ཡིན་ཏེ། ཆོག་ཤེས་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ་ཞེ་ན། བཞི་པའང་འདོད་པ་དང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་མ་ཆགས་པ་ཡིན་ཏེ། སྤོང་བ་ནི་འགོག་པ་དང་བསྒོམ་པ་ནི་ལམ་ཡིན་ལ་དེ་དག་ལ་དགའ་བ་ནི་མ་ཆགས་པ་དང་། མཚུངས་ལྡན་གྱི་དང་བ་ཉིད་ཡིན་ནོ། །
འོ་ན་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཞེ་ན། དེ་ལ་དང་པོ་གསུམ་གྱིས་ནི་ཐར་པ་སྒྲུབ་པར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཚུལ་བསྟན་ལ། ཐ་མས་ནི་བྱ་བའི་ལས་བསྟན་ཏེ། དེ་ལྟར་ན་མདོ་ལས་རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བར་ཁས་འཆེས་པའི་སློབ་མ་རྣམས་ལ་ཚུལ་དང་ལས་གཉིས་བཅས་ཏེ། འཕགས་པའི་རིགས་དང་པོ་གསུམ་གྱིས་ནི་ཚུལ་བཅས་སོ། །བཞི་པས་ནི་ལས་བཅས་ཏེ། ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་པོར་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཚུལ་དང་ལས་གཉིས་འཕགས་པའི་རིགས་བཞིས་བསྟན་ཏེ། གོས་ཟས་ལ་སོགས་པ་ལ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པའི་རང་གི་ཚུལ་དང་། ཞིང་ལས་དང་ཉོ་ཚོང་ལ་སོགས་པའི་ལས་ཀྱི་མཐའ་ངན་པ་དེ་དག་སྤངས་ནས་ཡང་དག་པའི་ཚུལ་དང་། ལས་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། སྤོང་བསྒོམ་ལ་དགའ་ཞིང་བརྩོན་པས་ཐར་པ་འཐོབ་པར་འགྱུར་བའོ། །དགོས་པ་ཅིའི་ཕྱིར་ཚུལ་དང་ལས་འདི་ལྟ་བུ་བཅས་ཤེ་ན། མདོ་ལས། སྲེད་པ་སྐྱེ་བ་བཞི་གསུངས་པའི་གཉེན་པོའི་ཕྱིར་འཕགས་པའི་རིགས་བཞི་བསྟན་ཏེ། མདོ་ལས། དགེ་སློང་སྲེད་པ་སྐྱེ་ན་ཆོས་གོས་ཀྱི་ཕྱིར་དང་། བསོད་སྙོམས་ཀྱི་ཕྱིར་དང་། མལ་ཆ་དང་སྟན་གྱི་ཕྱིར་སྐྱེའོ། །གནས་པ་ན་གནས་སོ། །མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ། །དགེ་སློང་སྲེད་པ་སྐྱེ་བ་ན་འབྱུང་བ་དང་འཇིག་པ་སྟེ་དེ་ལྟ་བུའི་ཕྱིར་སྐྱེའོ་ཞེས་གསུངས་ཏེ། དེ་ལ་སྲེད་པ་སྐྱེ་བ་ནི་དང་པོར་རོ། །གནས་པ་ནི་རྒྱུན་གནས་པའོ། །མངོན་པར་ཞེན་པ་ནི་སྤང་དཀའ་བས་དམ་དུ་འཛིན་པའོ། །འབྱུང་བ་དང་འཇིག་པ་དེ་ལྟ་བུའི་ཕྱིར་སྲེད་པ་སྐྱེ་བ་དང་གནས་པ་དང་མངོན་པར་ཞེན་པ་ནི་ཀྱེ་མ་བདག་དབང་པོ་དང་འཁོར་ལོས་བསྒྱུར་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་ལ་སོགས་པ་འབྱུང་བ་ལ་སྲེད་པ་སྐྱེ་བ་ལ་ཆགས་པ་དང་། ངན་པས་འཇིགས་ནས་ཀྱེ་མ་བདག་ཤི་ཡང་ཅི་མ་རུང་། མེད་པ་དང་མ་བྱུང་ཡང་ཅི་མ་རུང་སྙམ་པ་ལ་སོགས་པ་འཇིག་པ་ལ་སྲེད་པ་སྟེ་ཆད་པ་ལ་ཆགས་པའོ། །དེ་ལ་འབྱུང་འཇིག་ལ་སྲེད་པའི་གཉེན་པོར་ནི་ཐ་མ་བསྟན་ལ། སྔ་མ་དག་ནི་རང་རང་གི་གཉེན་པོར་རོ། །ཡང་ན་བདག་གིར་འཛིན་པའི་དངོས་པོ་ཆོས་གོས་ལ་སོགས་པ་གསུམ་འདོད་པའི་སྲེད་པ་དེའི་དུས་སུ་ཞི་བར་བྱ་བའི་ཕྱིར་དང་པོ་གསུམ་བསྟན་ལ། བདག་ཏུ་འཛིན་པའི་དངོས་པོ་ལུས་ལ་འདོད་ཅིང་སྲེད་པ་དང་བདག་གིར་འཛིན་པའི་དངོས་པོ་ཆོས་གོས་ལ་སོགས་པ་འདོད་པ་གཉིས་ཀ་གཏན་དུ་ཞི་བར་བྱ་བའི་ཕྱིར་རིགས་བཞི་པ་བསྟན་པ་ཡིན་ཏེ། དེ་ལ་དེའི་དུས་སུ་ཞི་བ་ནི་རེ་ཞིག་སྤོང་བ་ཡིན་ལ། གཏན་དུ་ཞི་བ་ནི་ཡེ་མི་སྐྱེ་བར་བྱེད་པའོ། །
གཉིས་པ་བསྒོམ་བྱའི་ལམ་ལ་ཞི་གནས་ནི་སྣོད་དུ་རུང་བའི་སྒོམ་པ་པོས་བསྒོམ་པ་དེ་ལ་འཇུག་པ་ནི་གང་ནས་འཇུག་པའི་མཐའ་ཚོགས་ལམ་ཡིན་ལ། དེ་ལའང་ཞི་གནས་བསྒྲུབ་པའི་ཕྱིར་འདོད་ཆགས་ལྷག་པར་སྤྱོད་པའི་གཉེན་པོར་མི་སྡུག་པ་དང་། རྣམ་པར་རྟོག་པ་ལྷག་པར་སྤྱོད་པ་རྣམས་ཀྱི་གཉེན་པོར་དབུགས་ཏེ་ལུས་ཀྱི་རླུང་ནང་དུ་རྔུབ་པ་དང་དབུགས་ཕྱིར་འབྱུང་བ་དྲན་པ་ཡིས་འཇུག་ཅིང་སྒོམ་པར་བྱེད་དོ། །
དེ་དག་སོ་སོར་འཇུག་པ་ཅི་སྟེ་ཞེ་ན། དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་ནི་རླུང་ལ་ཁ་དོག་དང་དབྱིབས་སྣ་ཚོགས་མེད་ཅིང་ཁ་ནང་དུ་བལྟས་པས་དམིགས་པ་གཅིག་ལ་འཇུག་པའི་ཕྱིར་རྣམ་རྟོག་གི་གཉེན་པོ་བྱེད་ལ། མི་སྡུག་པ་ནི་དམིགས་པ་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་སྣ་ཚོགས་ལ་འཇུག་ཅིང་ཁ་ཕྱིར་བལྟས་པའི་ཕྱིར་རྣམ་རྟོག་འདྲེན་པས་རྣམ་རྟོག་གི་གཉེན་པོ་མི་བྱེད་ཀྱི་འོན་ཀྱང་འདོད་ཆགས་ཀྱི་གཉེན་པོ་བྱེད་དེ། མདོ་ལས། དགེ་སློང་སློབ་པ་གཞོན་པའི་རབས། །སེམས་མ་བྱུང་བ་གང་ཞིག་ནིི། །གལ་ཏེ་འདོད་ཆགས་འཇོམས་འདོད་ན། །དེས་ནི་དུར་ཁྲོད་འགྲོ་བར་གྱིས། །དེ་ནས་རྣམ་པར་སྔོས་པ་ལྟོས། །དེ་ནས་རྣམ་པར་རྣགས་པ་ལྟོས། །དེ་ནས་རྣམ་བམ་རུས་པ་ཡིས། །རུས་གོང་ལ་སོགས་བལྟ་བར་གྱིས། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། མི་སྡུག་པ་ནི་མིག་གི་ཡུལ་ལ་ཉེ་བར་རྟོག་པས་ཁ་ཕྱིར་བལྟས་པའི་ཕྱིར་རྣམ་རྟོག་གི་གཉེན་པོ་མ་ཡིན་ལ། དབུགས་འབྱུང་རྔུབ་རྗེས་སུ་དྲན་པ་ནི་ཁ་ནང་དུ་བལྟས་པའི་ཕྱིར་རྣམ་རྟོག་གི་གཉེན་པོ་ཡིན་ནོ་ཞེས་ཟེར་རོ། །འོ་ན་མི་སྡུག་པས་ཇི་ལྟར་འདོད་ཆགས་ཀྱི་གཉེན་པོ་བྱེད་ཅེ་ན། འདོད་ཆགས་ནི་བཞི་སྟེ། ཁ་དོག་དང་། དབྱིབས་དང་། རེག་པ་དང་། བསྙེན་བཀུར་གྱི་འདོད་ཆགས་སོ། །
དེ་ལ་དང་པོའི་གཉེན་པོར་ནི་རྣམ་པར་སྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་དམར་བ་གསུམ་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །གཉིས་པའི་གཉེན་པོར་ནི་རྣམ་པར་ཟོས་པ་དང་རྣམ་པར་འཐོར་བ་གཉིས་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །གསུམ་པའི་གཉེན་པོར་ནི་རྣམ་པར་འབུས་གཞིགས་པ་དང་། རྒྱུས་པས་བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་གཉིས་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །བཞི་པའི་གཉེན་པོར་ནི་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །བྱེ་བྲག་མེད་པར་ཀེང་རུས་ཀྱི་འདུ་ཤེས་ནི་ཆགས་བཅས་ཐམས་ཅད་ལ་ཤེས་ཤིང་བསྔགས་པས་ཐམས་ཅད་ཀྱི་གཉེན་པོར་སྒོམ་པར་བྱེད་དོ། །ཀེང་རུས་ལ་ཁ་དོག་ལ་སོགས་པ་ཆགས་པའི་གཞི་རྣམ་པ་བཞི་མེད་པའི་ཕྱིར་རོ། །དེ་ལྟར་ན་མི་སྡུག་པའི་འདུ་ཤེས་ནི་རྣམ་པ་དགུའོ། །དེ་ལ་མི་སྡུག་པ་སྒོམ་པ་འདི་ནི་སྒྲོ་བཏགས་ནས་མོས་པ་ཡིད་ལ་བྱེད་པའི་ཕྱིར་དང་། (གཟུགས་ཕུང་གི་ཕྱོགས་གཅིག)ཁ་དོག་དང་དབྱིབས་ཉི་ཚེ་ལ་དམིགས་པའི་ཕྱིར་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་ཡིན་གྱི་གཏན་ནས་སྤོང་བ་ནི་མ་ཡིན་ནོ། །མི་སྡུག་པ་བསྒོམ་པའི་རྣལ་འབྱོར་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་རོ། །དེ་ལ་རང་གི་ལུས་ཀྱི་རྐང་པའི་མཐེ་བོང་ངམ་དཔྲལ་བའི་དབྱེས་ལ་སོགས་པ་གང་མོས་པ་ནས་ཤ་འཐེབ་གང་མྱགས་ཏེ་བོག་ནས་རུས་པ་ཉིད་དུ་སེམས་ཤིང་གོམས་པར་བྱེད་ལ། དེ་ནས་རིམ་གྱིས་(རང་གི་)ལུས་རིལ་པོ་དང་། གནས་ཁང་དང་། མཐར་གྱིས་ཕྱིའི་རྒྱ་མཚོའི་བར་དུ་(ཀེང་རུས་སུ་)སྤྲོ་ཞིང་(ཡུན་རིང་དུ་སྒོམ་)། ཡང་(དམིགས་པ་མཐའ་ནས་)རིམ་གྱིས་རང་གི་ལུས་འབའ་ཞིག་རུས་པ་ཡིན་པས་(སེམས་)སྡུད་(ནས་སྒོམ་)པས་ནི་ལས་དང་པོ་པའི་རྣལ་འབྱོར་རོ། །
དེ་ནས་(སྤྲོ་བ་སྔར་བཞིན་ལ་)སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར་རྐང་པའི་རུས་པ་རྣམས་བོར་ཞིང་ལུས་རུས་ལྷག་མ་རུས་པ་ཉིད་དུ་དམིགས་པ་ནས་བཟུང་ནས་ནི་རིམ་གྱིས་ལུས་ཕྱེད་དང་དེ་ནས་ཐོད་པའི་ཕྱེད་ཀྱི་བར་དུ་རུས་པར་བཏང་ཞིང་བོར་ནས་ཐོད་པའི་ཕྱེད་རུས་པ་ཉིད་ཡིན་པ་ལ་སེམས་འཛིན་པས་ནི་ཡོངས་སུ་སྦྱང་བ་བྱས་པའི་རྣལ་འབྱོར་ཡིན་པར་བཤད་དོ། །དེ་ཐོད་པ་ཕྱེད་ཀྱང་རུས་པ་ཡིན་པའི་དམིགས་པ་བོར་ནས་(སྔར་བཞིན་སྤྲོས་ནས་སྤྱད་པ་ན་)སྨིན་མ་གཉིས་པོའི་བར་དུ་རུས་པར་འཐེབ་གང་ཙམ་ལ་སེམས་འཛིན་པས་ནི་ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་དོ། །(དེའི་ཆོས་ཀྱི་ཁྱད་པར་ལ་)མི་སྡུག་པའི་རྣམ་པར་ཡིད་ལ་བྱེད་པ་འདིའི་ངོ་བོ་ནི་མ་ཆགས་པའི་དགེ་བ་དང་འཁོར་དང་བཅས་ན་ཕུང་པོ་ལྔའམ་བཞི་ཡིན་ནོ། །ས་ནི་བསམ་གཏན་གྱི་དངོས་གཞི་བཞི་ཁྱད་པར་ཅན་ཉེར་བསྡོགས་བཞི་དང་བཅས་པས་དགུ་འདོད་པ་སྟེ་བཅུ་དང་། དམིགས་པ་ནི་འདོད་པའི་སྣང་བའི་ཆོས་ཁ་དོག་དང་དབྱིབས་ལ་དམིགས་པའོ། །གང་ཟག་ནི་གླིང་གསུམ་གྱི་མི་ཁོ་ནས་སྐྱེད་དོ། །གཞན་ན་ནི་མེད་དེ། བྱང་གི་སྒྲ་མི་སྙན་པ་ནི་བླུན་པའི་ཕྱིར་དང་། གཉེན་པོ་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ། །འགྲོ་བ་གཞན་དང་ཁམས་གཞན་ནའང་མེད་དོ། །(དེ་ཡང་ལྷ་ནི་དབང་རྟུལ་གྱིས་བདེན་པ་མི་རྟོགས་ལ་དབང་རྣོན་འདི་མི་སྒོམ་པས་སོ། །)རྣམ་པ་ནི་མི་སྡུག་པའི་རྣམ་པ་ཡིན་ནོ། །དུས་ནི་འདས་པའི་མི་སྡུག་པ་འདས་པ་ལ་དམིགས་པ་ལ་སོགས་པའོ། །མི་སྐྱེ་བའི་ཆོས་ཅན་ནི་དུས་གསུམ་ལ་དམིགས་པའོ། །མོས་པ་ཡིད་ལ་བྱེད་པ་ཁོ་ནའི་ཕྱིར་ཟག་བཅས་ཡིན་ནོ། །(ཐོག་མེད་ནས་)སྔར་འདྲིས་པ(འི་བྱིས་པ་)རྣམས་ཀྱིས་ནི་(འདོད་པ་ལས་)འདོད་ཆགས་དང་བྲལ་བ་ཙམ་གྱིས་(འདི་འདོད་ཆགས་དང་འབྲལ་ལ་མ་ཡིན་པའི་ཕྱིར་)འཐོབ་ལ། སྔར་མ་འདྲིས་པའི་འཕགས་པ་རྣམས་ཀྱིས་ནི་སྦྱོར་བའི་སྟོབས་ཀྱིས་འཐོབ་བོ། །(བསམ་གཏན་ཐོབ་ཀྱང་འདི་སྦྱོར་བས་བསྐྱེད་དགོས་སོ། །)དབུགས་རྔུབ་བ་དང་དབུགས་འབྱུང་བ་རྗེས་སུ་དྲན་པའི་རང་བཞིན་ནི་འབྱུང་རྔུབ་ཇི་ལྟ་བར་ཤེས་པའི་ཤེས་རབ་ཡིན་ནོ། །དེ་ལ་དྲན་པ་ཞེས་བརྗོད་པ་ནི་རྒྱུ་དྲན་པའི་སྟོབས་ཀྱིས་འབྲས་བུ་ཤེས་རབ་དེ་སྐྱེད་ཅིང་འཇུག་པས་ན་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་པ་སྟེ་དྲན་པ་ཉེར་གཞག་བཞིན་ནོ། །(དེའི་ཁྱད་པར་གྱི་ཆོས་ལ་)ས་ནི་ལྔ་པ་ཡིན་ཏེ། བསམ་གཏན་དང་པོ་གསུམ་གྱི་ཉེར་བསྡོགས་གསུམ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ས་པ་ཡིན་པའི་ཕྱིར་ཏེ། འདི་ནི་རྣམ་རྟོག་གི་གཉེན་པོ་དང་མཐུན་པས་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་དང་། (ཉེར་བསྡོགས་གསུམ་ཡང་བཏང་སྙོམས་ཀྱི་ས་པ་ཡིན་པའི་ཕྱིར་དང་།) དངོས་གཞི་དང་པོ་གསུམ་ན་ཡིད་བདེ་དང་བདེ་བ་ཡོད་པའི་ཕྱིར་དང་། རྣམ་རྟོག་གི་གཉེན་པོ་དབུགས་འབྱུང་རྔུབ་དྲན་པ་ནི་ཚོར་བ་བདེ་སྡུག་དང་མཚུངས་པར་མི་ལྡན་པའི་ཕྱིར་དང་། བཞི་པ་ཡན་ཆད་ན་རླུང་རྒྱུ་བ་དང་བྲལ་བའི་ཕྱིར་རོ། །ཁ་ཅིག་ནི་དངོས་གཞི་དང་པོ་གསུམ་ལ་མཉམ་པར་བཞག་པ་ན་བཏང་སྙོམས་དང་མཚུངས་པར་ལྡན་པའང་སྲིད་པས་ས་བརྒྱད་པ་ཡིན་ནོ་ཞེས་འདོད་དོ། །དེའི་སྤྱོད་ཡུལ་ཏེ་དམིགས་པ་ནི་རླུང་ཡིན་ནོ། །སྔར་འདྲིས་པ་དང་མ་འདྲིས་པའི་ཕྱིར་(རིམ་པ་ལྟར་)འདོད་ཆགས་དང་བྲལ་བ་དང་སྦྱོར་བས་འཐོབ་ལ་འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པའང་ཡིན་ནོ། །འདོད་ཁམས་པའི་རྟེན་ཅན་ཡིན་ཏེ། རྣམ་པར་རྟོག་པ་མང་བའི་ཕྱིར་རོ། །དེ་ཡང་བློ་གསལ་བས་ལྷ་དང་གླིང་གསུམ་གྱི་མི་ཡིན་ཏེ། (འགྲོ་བ་)གཞན་(དང་སྒྲ་མི་སྙན་པ་)དག་ནི་བློ་མི་གསལ་བ་དང་མཐོང་ལམ་གྱི་རྟེན་མ་ཡིན་པའི་ཕྱིར་རོ། །
དབུགས་རྔུབ་པ་དང་འབྱུང་བ་དྲན་པ་འདི་ནི་ཆོས་འདི་པ་ཁོ་ནའི་ཡིན་གྱི་(འཕགས་ལམ་གྱི་རྒྱུ་)ཡང་དག་པར་སྟོན་པའི་ལུང་མེད་པའི་ཕྱིར་དང་། (ལུང་མེད་པར་)རང་ཉིད་ཀྱིས་ཆོས་ཟབ་མོ་མི་རྟོགས་པའི་ཕྱིར་ཕྱི་པ་མུ་སྟེགས་པའི་ནི་མ་ཡིན་ནོ། །ཟབ་མོ་ཉིད་(དྲུག་)གང་ཞེ་ན། བགྲང་བ་དང་། སོགས་པས་བཟུང་བ་རྗེས་སུ་འགྲོ་བ་དང་། འཇོག་པ་དང་། ཉེ་བར་རྟོག་པ་དང་། བསྒྱུར་བ་དང་། ཡོངས་སུ་དག་སྟེ་རྣམ་པ་དྲུག་དང་ལྡན་པའི་མན་ངག་གོ། དེ་ལ་བགྲང་བ་ནི་(འདུ་བྱ་བ་མེད་པར་ལུས་སེམས་རྣལ་དུ་འདུག་སྟེ།) དབུགས་རྔུབ་པ་དང་འབྱུང་བ་དག་ལ་སེམས་གཏད་ནས་གཅིག་ནས་བཅུའི་བར་དུ་ཡིད་ཀྱིས་བགྲང་བའོ། །དེ་ལས་ཉུངས་ན་བྱིང་བ་དང་མངས་ན་རྒོད་པར་དྭོགས་པའི་ཕྱིར་མི་བགྲང་ངོ་། །དེ་ཡང་གཉིས་ལ་གཅིག་ཏུ་འཛིན་ན་མ་ཚང་བར་བགྲངས་བ་དང་། གཅིག་ལ་གཉིས་སུ་འཛིན་ན་ལྷག་པར་བགྲངས་བ་དང་། རྔུབ་པ་ལ་འབྱུང་བ་དང་འབྱུང་བ་ལ་རྔུབ་པར་བགྲངས་ན་འཆོལ་པར་བགྲངས་པའི་སྐྱོན་གསུམ་དང་བྲལ་བར་བགྲང་བ་ནི་ཡང་དག་པར་བགྲང་བའོ། །རྗེས་སུ་འགྲོ་བ་ནི་འདི་དག་འཇུག་པ་ན་ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང་རྐེད་པ་དང་བརླ་དང་བྱིན་པ་དང་རྐང་འཐིལ་དང་ས་ལ་སྟོབས་ཆེ་ཆུང་གིས་འདོམ་གང་དང་མཐོ་གང་གི་བར་དུ་རིམ་གྱིས་འཇུག་གོ། འབྱུང་བ་ན་ནི་རྐང་པའི་མཐིལ་ནས་རིམ་གྱིས་སྣའི་བུ་ག་ནས་སྟོབས་ཆུང་ན་མཐོ་གང་དང་ཆེ་ན་འདོམ་གང་གི་བར་དུ་འབྱུང་ངོ་ཞེས་ཤེས་པར་བྱའོ། །
ཁ་ཅིག་ན་རེ་འཇུག་པ་ན་རླུང་གི་དཀྱིལ་འཁོར་དང་འབྱུང་བ་ན་རྣམ་པར་འཐོར་བྱེད་རླུང་གི་བར་དུའོ་ཞེས་ཟེར་བ་ནི་མ་ཡིན་ཏེ། འདི་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིན་པ་ན་དེ་ནི་མི་སྲིད་པའི་ཕྱིར་རོ། །འཇོག་པ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐིལ་གྱི་བར་དུ་གནས་པར་ལྟ་ཞིང་ལུས་ལ་ཕན་འདོགས་པའམ། གནོད་པའམ། གྲང་བའམ། དྲོ་བ་དག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ནི་དབུགས་འབྱུང་རྔུབ་འདི་དག་རླུང་འབའ་ཞིག་ནི་མ་ཡིན་གྱི་འོན་ཀྱང་འབྱུང་བ་དང་འབྱུང་གྱུར་གྱི་གཟུགས་རྫས་བརྒྱད་ཀྱི་རང་བཞིན་ཡིན་ལ། དེ་ལ་རྟེན་པའི་སེམས་སེམས་བྱུང་གི་ཆོས་དང་བཅས་ན་ཕུང་པོ་ལྔ་པ་ཡིན་ནོ་ཞེས་ཉེ་བར་རྟོག་པའོ། །བསྒྱུར་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ནས་དྲོ་བ་ནས་ཆོས་མཆོག་གི་བར་དུ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་སྒོམ་གྱི་ལམ་ལ་འཇུག་པའོ། །ཁ་ཅིག་ན་རེ་བསྒྱུར་བ་ནི་དྲན་པ་ཉེ་གཞག་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ཡིན་ལ། ཡོངས་སུ་དག་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་ཡིན་ནོ། །(སྤང་བ་ནི་དྲི་མ་ལྷག་མ་དང་བཅས་པའོ། །)ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་འགྲེལ་པར། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་བསྡུ་བའི་ཚིགས་བཅད་མཛད་པ་ཡིན་ནོ། །
དབུགས་རྔུབ་པ་དང་དབུགས་འབྱུང་བ་ས་གང་ལས་ཡིན་ཞེ་ན། ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་སེམས་གང་ལ་རྟེན་པའི་ལུས་ས་གང་ཡིན་པ་དེའི་ས་པར་རིག་པར་བྱ་སྟེ། འདོད་པའི་སེམས་ལ་རྟེན་ན་འདོད་པའི་ས་པ་ཡིན་ལ་བསམ་གཏན་དང་པོ་ལ་རྟེན་ན་བསམ་གཏན་དང་པོའི་ས་པ་ནས་གསུམ་པ་ལ་རྟེན་ན་གསུམ་པའི་ས་པའི་རླུང་ཡིན་པའི་བར་དུའོ། །བསམ་གཏན་བཞི་པ་ན་རླུང་རྒྱུ་བ་མེད་པའི་ཕྱིར་དེའི་ས་པ་མ་ཡིན་ནོ། །དེ་ཡང་ལུས་སེམས་ཁྱད་པར་ཅན་སྦུབས་དང་བཅས་པ་དང་སེམས་དང་བཅས་པ་ལ་རྟེན་པས་ནུར་ནུར་པོ་ལ་སོགས་པ་དང་སེམས་མེད་པ་དང་གཟུགས་མེད་པ་རྣམས་ལ་ནི་མ་ཡིན་ནོ། །སྐྱེ་བ་དང་བསམ་གཏན་བཞི་པ་ལས་ལྡང་བ་ན་རླུང་འཇུག་པ་ཁོ་ན་དང་། འཆི་བ་དང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ན་རླུང་འབྱུང་བ་ཁོ་ན་ཡིན་ནོ། །(མི་སྡུག་པ་དང་།) དབུགས་རྔུབ་པ་དང་འབྱུང་བ་ནི་སེམས་ཅན་ཞེས་བྱ་བའི་གྲངས་སུ་གཏོགས་ཀྱི་རྒྱུད་ཀྱིས་མ་བསྡུས་པ་ནི་མ་ཡིན། (ཏེ་ཐོབ་མ་ཐོབ་དང་ལྡན་པའི་ཕྱིར་རོ། །)འོན་ཀྱང་དབང་པོ་དང་ཐ་དད་པར་འཇུག་པས་ན་སེམས་ཀྱིས་མ་ཟིན་པ་ཞེས་བྱའོ། །རླུང་དེ་དག་སྐལ་མཉམ་གྱི་རྒྱུས་བསྐྱེད་པས་རྒྱུ་མཐུན་པ་ལས་བྱུང་བ་ཡིན་གྱི་རྣམ་སྨིན་དང་རྒྱས་པས་བྱུང་བ་ནི་མ་ཡིན་ནོ། །ཆད་ནས་མཚམས་སྦྱོར་བའི་ཕྱིར་དང་། རྣམ་སྨིན་གྱི་གཟུགས་ལ་ནི་ཆད་ནས་མཚམས་སྦྱོར་བ་མེད་པའི་ཕྱིར་དང་། ལུས་རྒྱས་པ་ན་རླུང་འགྲིབ་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པ་ལས། ལུས་རྒྱས་པས་རླུང་འགྲིབ་པར་འགྱུར་བའི་ཕྱིར་རྒྱས་པ་ལས་བྱུང་བ་མ་ཡིན་ནོ། །དབུགས་རྔུབ་པ་དང་འབྱུང་བ་རྣམས་ཆད་ནས་ཡང་ཉིང་མཚམས་སྦྱོར་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །རྣམ་པར་སྨིན་པའི་གཟུགས་ལ་ནི་དེ་ལྟ་བུ་མེད་དོ་ཞེས་འབྱུང་བ་ལ་ཊཱི་ཀ་བྱེད་དག་གིས་ཀྱང་རྣམ་པར་སྨིན་པའི་བདག་ཉིད་ཀྱི་གཟུགས་མིག་ལ་སོགས་པ་ལ་ནི་ཡང་ཉིང་མཚམས་སྦྱོར་བ་འདི་མེད་ཀྱི། སེམས་དང་སེམས་ལས་བྱུང་བ་ལ་ནི་ཡང་ཉིང་མཚམས་སྦྱོར་བ་མི་བཟློག་གོ་ཞེས་སེམས་དང་སེམས་བྱུང་ནི་རྣམ་སྨིན་སྐྱེས་ཡིན་ཀྱང་ཆད་ནས་ཡང་མཚམས་སྦྱོར་བ་ལ་འགལ་བ་མེད་པར་བཤད་དོ། །དེ་བཞིན་དུ་མི་ལྡན་པའི་འདུ་བྱེད་རྣམ་སྨིན་སྐྱེས་ཀྱང་གཟུགས་དང་འདྲ་བར་མངོན་ནོ། །རླུང་དེ་གཉིས་ཀྱང་རང་གི་ས་པ་དང་ས་གོང་མའི་སེམས་ཀྱིས་རྟོགས་ཀྱི་འོག་མའི་ཡིད་ཀྱིས་ནི་རླུང་དེ་གཉིས་མི་རྟོགས་སོ། །
གོང་མའི་ལུས་ལ་འོག་མའི་སེམས་ཇི་ལྟར་འབྱུང་ཞེ་ན། འདོད་པ་ནས་བསམ་གཏན་བཞི་པའི་བར་དུས་གོང་མ་ཐོབ་པའི་ལུས་ལ་འོག་མ་འདོད་པ་ལ་སོགས་པའི་སྤྲུལ་སེམས་དང་སྤྱོད་ལམ་པའི་སེམས་གཉིས་འབྱུང་བར་འདོད་དེ། དེ་གཉིས་ཀྱིས་མི་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །(དེ་གཉིས་ཀྱིས་ཀྱང་མི་རྟོགས་ན་ཉོན་མོངས་ཅན་གྱིས་ལྟ་ཅི་སྨོས་ཞེས་པའོ། །དེ་ལ་མི་སྡུག་པ་དང་དབུགས་དྲན་པ་ནི་ལམ་ལ་འཇུག་པའི་སྒོ་ཡིན་ནོ། །)གཉིས་པ་ལྷག་མཐོང་བསྐྱེད་པ་ནི་དེ་ལྟར་འཇུག་པའི་སྒོ་གཉིས་ཀྱིས་ཞི་གནས་ཀྱི་ཏིང་ངེ་འཛིན་གྲུབ་ཀྱང་ལྷག་མཐོང་གི་ཤེས་རབ་མེད་ན་ཉོན་མོངས་པ་རྣམས་རྩ་བ་ནས་མི་སྤོང་སྟེ། མདོ་ལས། ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །(ཞི་གནས་སེམས་གནས་པའི་ཐབས་དགུ་ནི་སེམས་མི་གནས་པ་གནས་པའི་ཐབས་གསུམ་གནས་པར་བརྟན་པར་བྱེད་པའི་ཐབས་གསུམ་བརྟན་པའི་འབྲས་བུ་ལ་དབང་བསྒྱུར་བའི་ཐབས་གསུམ་མོ། །དེ་ལ་དངཔོའི་གསུམ་ནི་སེམས་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། ངེས་པར་འཇོག་པ་སྟེ། མདོ་སྡེའི་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས་ཞེས་དང་། དེའི་རྒྱུན་རྣམ་པར་གཡེང་མི་བྱ་ཞེས་དང་། རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་གླན་པར་བྱ་ཞེས་པས་རིམ་པ་ལྟར་བསྟན་ཏེ། དང་པོར་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་དང་། མི་འཕྲོ་བར་འཛིན་པ་དང་། ཤོར་ན་ལྡོན་པའོ། །གཉིས་པའི་གསུམ་ནི་ཉེ་བར་འཇོག་པ་དང་། འདུལ་བར་བྱེད་པ་དང་། ཞི་བར་བྱེད་པ་སྟེ། དེ་ཉིད་ལས། བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ་ཞེས་དང་། དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ་ཞེས་དང་། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ་ཞེས་པས་རིམ་པ་ལྟར་བསྟན་ཏེ། སེམས་གནས་པ་སྟེ་བརྟན་པར་བྱེད་པ་དང་། འདུལ་བའི་ཡོན་ཏན་མཐོང་བས་བརྟན་པ་ནུས་པ་མཐུ་ཅན་དུ་བྱེད་པ་དང་། རྣམ་གཡེང་གི་ཉེས་པ་མཐོང་བས་གཡེང་བའི་རྐྱེན་གྱིས་མི་འཕྲོགས་པར་བྱེད་པའོ། །གསུམ་པའི་གསུམ་ནི་ཉེ་བར་ཞི་བར་བྱེད་པ་དང་། རྒྱུད་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོགས་པར་བྱེད་པ་སྟེ། དེ་ཉིད་ལས། བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་བཞིན་ཞི་བར་བྱ་ཞེས་པ་དང་། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ་ཅེས་པ་དང་། །དེ་གོམས་པ་ལས་འདུ་མི་བྱེད་ཅེས་པས་རིམ་པ་ལྟར་བསྟན་ཏེ། གཡེང་བའི་རྒྱུ་ཅན་གྱིས་ཉེ་ཉོན་རྣམས་ཞི་བ་དང་། རྩོལ་པ་དང་བཅས་པས་རང་གི་སེམས་ལ་དབང་ཐོབ་དང་། འབད་རྩོལ་མེད་པར་རང་གི་སེམས་ལ་དབང་ཐོབ་པའོ། །སྤྱོད་འཇུག་ལས་ཀྱང་། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ་ཅེས་གསུངས་པས།) དེའི་ཕྱིར་ཞི་གནས་གྲུབ་པར་གྱུར་པ་ཡིས་ཉོན་མོངས་རྩ་བ་ནས་སྤང་ཞིང་ལྷག་མཐོང་གི་ཤེས་རབ་སྐྱེད་པའི་ཕྱིར་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པར་བྱའོ། །དེ་ལ་དྲན་པ་ཉེར་གཞག་བསྒོམ་པས་ལྷག་མཐོང་འགྲུབ་པར་ཡང་མདོ་ལས། དགེ་སློང་དག་བགྲོད་པ་གཅིག་པའི་ལམ་ནི་འདི་ཡིན་ནོ། །འདི་ལྟ་སྟེ་དྲན་པ་ཉེ་བར་བཞག་པ་རྣམས་སོ། །དགེ་བའི་ཕུང་པོ་མ་འདྲེས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དྲན་པ་ཉེ་བར་བཞག་པ་བཞིའོ་ཞེས་འབྱུང་བའི་ཕྱིར་རོ། །
ཇི་ལྟར་བསྒོམ་ཞེ་ན། ལུས་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། སེམས་རྣམ་ཤེས་ཚོགས་དྲུག་དང་། ཆོས་འདུ་ཤེས་དང་འདུ་བྱེད་དང་འདུས་མ་བྱས་རྣམས་ལ་རིམ་པ་ལྟར་འབྱུང་བ་དང་འབྱུང་གྱུར་རམ་གཟུགས་སུ་རུང་བ་དང་། རང་སྟོབས་ཀྱིས་དོན་གྱི་ཁྱད་པར་མྱོང་བ་དང་། རངསྟོབས་ཀྱིས་དོན་གྱི་ངོ་བོ་ཙམ་མྱོང་བ་དང་། མཚན་མར་འཛིན་པ་ལ་སོགས་པ་རང་གི་མཚན་ཉིད་དང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོང་པ་དང་། བདག་མེད་པ་སྟེ་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བརྟགས་པས་བསྒོམ་པར་བྱའོ། །དེ་ལ་དྲན་པ་ཉེར་གཞག་ནི་དབྱེ་ན་རང་བཞིན་དང་། འབྲེལ་བ་དང་། དམིགས་པའི་དྲན་པ་ཉེར་གཞག་གསུམ་ལས་དང་པོའི་ངོ་བོ་ནི་ཤེས་རབ་ཡིན་ནོ། །དེ་ཡང་ཐོས་པ་ལས་བྱུང་བ་ལ་སོགས་པ་སྦྱོར་བ་ལས་བྱུང་བ་ཡིན་གྱི་སྐྱེ་བས་ཐོབ་བ་ཙམ་ནི་མ་ཡིན་ནོ། །ཤེས་རབ་དྲན་པ་ཉེ་བར་བཞག་པར་ཇི་ལྟར་འགྱུར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ་དྲན་པའི་སྟོབས་བསྐྱེད་པས་ཤེས་རབ་དེ་དག་སྐྱེད་ཅིང་འཇུག་པའི་ཕྱིར་དྲན་པ་ཉེ་བར་བཞག་པ་སྟེ་རྒྱུས་འབྲས་བུ་ལ་བཏགས་པའི་ཕྱིར་རོ་ཞེས་འཆད་དོ། །སློབ་དཔོན་ནི་ཤེས་རབ་འདིས་དྲན་པ་ཉེ་བར་འཇོག་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་སྟེ་འབྲས་བུས་རྒྱུ་ལ་བཏགས་པའི་ཕྱིར་རོ་ཞེས་འཆད་དོ། །དེ་དག་ཀྱང་དབྱེ་ན་མདོ་ལས། ནང་གི་ལུས་དང་ཕྱིའི་ལུས་དང་ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་གསུམ་གསུམ་དུ་འགྱུར་ཏེ། དེ་ལ་ནང་གི་ལུས་ལ་སོགས་པ་ནི་རིམ་པ་ལྟར་རང་དང་། ཕྱི་སྣོད་དང་། གཞན་རྒྱུད་ཀྱི་གཟུགས་སོ། །ཕྱིའི་ཚོར་བ་ལ་སོགས་པ་ནི་ཕྱི་ལ་སོགས་པ་ལ་དམིགས་པའི་ཚོར་བ་ལ་སོགས་པའོ། །རྗེས་སུ་ལྟ་བ་ནི་ལྷག་མཐོང་དང་གནས་པ་ནི་ཞི་གནས་ཡིན་པར་ཤེས་པར་བྱའོ། །ཡང་ན་ནང་གི་ལུས་ལ་སོགས་པ་ནི་རིམ་པ་ལྟར་རང་གི་ནང་གི་སྐྱེ་མཆེད་གཟུགས་ཅན་དང་རང་གི་ཕྱིའི་སྐྱེ་མཆེད་གཟུགས་ཅན་དང་། ཕྱི་སྣོད་དང་། གཞན་རྒྱུད་ཀྱི་ནང་གི་སྐྱེ་མཆེད་གཟུགས་ཅན་དང་རང་གི་ནང་གི་སྐྱེ་མཆེད་གཟུགས་ཅན་གྱི་ཚོགས་པ་ན་ཡོད་པའི་ཕྱིའི་སྐྱེ་མཆེད་རྣམས་ཡིན་ལ། ཚོར་བ་ལ་སོགས་པ་གསུམ་ནི་ལུས་གསུམ་པོ་དེ་དག་ལ་བརྟེན་ནས་འབྱུང་བ་རྣམས་སོ་ཞེས་སློབ་དཔོན་ཐོགས་མེད་ཀྱིས་བཤད་དོ། །རང་བཞིན་དྲན་པ་ཉེར་གཞག་ལས་གཞན་ནི་ཤེས་རབ་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་འབྲེལ་པ་དྲན་པ་ཉེར་གཞག་དང་། སྔ་མ་གཉིས་པོ་དེ་དག་གི་དམིགས་པའི་ཡུལ་དུ་གྱུར་པ་ལས་ལུས་ལ་སོགས་པ་བཞི་ལའང་ཡུལ་ཅན་གྱིས་བཏགས་ནས་དམིགས་པའི་དྲན་པ་ཉེར་གཞག་ཅེས་བྱའོ། །དེ་ལ་ཤེས་རབ་དང་དྲན་པ་ནི་དྲན་པ་ཉེར་གཞག་གི་ངོ་བོ་ཉིད་དང་། འབྲེལ་པ་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ནི་གྲོགས་དང་། ལུས་ལ་སོགས་པ་ནི་དམིགས་པ་ཡིན་ནོ་ཞེས་ཀུན་ལས་བཏུས་ལས་བཤད་དོ། །
དྲན་པ་ཉེར་གཞག་དེ་དག་གི་རིམ་པ་ནི་ཇི་ལྟར་སྐྱེ་བའི་རིམ་པ་བཞིན་ཡིན་ཏེ། རགས་པའི་རིམ་པས་སྔར་རྟོགས་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །སློབ་དཔོན་ནི་འདོད་པའི་འདོད་ཆགས་ཀྱི་རྟེན་ནི་ལུས་ཡིན་ལ། དེ་ཡང་ཚོར་བ་བདེ་བ་འདོད་པའི་ཕྱིར་དང་། དེ་ཡང་སེམས་མ་ཞི་བའི་ཕྱིར་དང་། དེ་ཡང་ཉོན་མོངས་པའི་ཆོས་མ་སྤངས་པའི་ཕྱིར་རོ་ཞེས་འཇུག་པའི་རིམ་པ་ལྟར་བསྟན་པར་བཞེད་དོ། །གྲངས་ངེས་པ་ནི་ལུས་ལ་གཙང་བ་དང་། ཚོར་བ་ལ་བདེ་བ་དང་། སེམས་ལ་རྟག་པ་དང་། ཆོས་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་གི་རྟོག་པ་བཞིའི་གཉེན་པོར་ལུས་ལ་སོགས་པ་དྲན་པ་ཉེར་གཞག་བཞི་བསྟན་ཏོ། །དབུས་མཐའ་ལས་ནི། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བ་བས། །དྲན་པ་ཉེ་བར་བཞག་པ་བསྒོམ་ཞེས། །བདེན་བཞི་ལ་འཇུག་པར་བྱ་བའི་ཕྱིར་དེ་དག་བསྒོམ་པར་གསུངས་ཏེ། དེ་ལ་ལུས་ནི་གནས་ངན་ལེན་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པ་ཡིན་པས་དེ་ལ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་ལ། ཚོར་བ་ལ་སྲེད་པའི་རྒྱུར་བརྟགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ། བདག་ཏུ་ཞེན་པའི་གཞི་སེམས་ཡིན་པས་དེ་ལ་བརྟགས་པས་འགོག་བདེན་ལ་འཇུག་སྟེ། བདག་ཆད་པར་དྭོགས་པའི་འཇིགས་པ་མེད་པའི་ཕྱིར་རོ། །འདུ་ཤེས་ལ་སོགས་པའི་ཆོས་རྣམས་ལ་སོ་སོར་བརྟགས་པས་ལམ་བདེན་ལ་འཇུག་སྟེ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམས་ལ་རྨོངས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་གིས་ནི་དགོས་པའང་བསྟན་ཏོ། །དེ་ལ་དང་པོ་གསུམ་ནི་རང་རང་གི་དམིགས་པ་ལུས་ལ་སོགས་པ་སོ་སོ་ལ་དམིགས་པས་མ་འདྲེས་པ་ལ་དམིགས་པ་ཡིན་ལ། བཞི་པ་ནི་ཆོས་ཐམས་ཅད་ལ་དམིགས་ན་འདྲེས་པ་དང་། འདུ་ཤེས་དང་འདུ་བྱེད་དང་འདུས་མ་བྱས་ཁོ་ན་ལ་དམིགས་ན་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །དེ་ལྟར་ལུས་ལ་སོགས་པ་མ་འདྲེས་པ་ལ་དམིགས་པའི་དྲན་པ་ཉེར་གཞག་ལ་གོམས་པར་བྱས་ནས། དེ་ལ་གོམས་པ་དེ་ནི་ཆོས་དྲན་པ་ཉེ་བར་བཞག་པ་དམིགས་ཡུལ་སྤྱི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་སྤྱིར་བསྡུས་ཏེ་འདྲེས་པ་ལ་དམིགས་པ་ལ་སེམས་གནས་ཏེ་སྤྱིའི་དམིགས་པ་དེ་དག་ལ་ནི་རྣམ་པ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ལྟ་ཞིང་དཔྱོད་པར་བྱེད་པའོ། །(རང་མཚན་དང་སྤྱི་མཚན་དང་འདྲེས་པ་ལ་དམིགས་པ་གསུམ་ནི་ཚོགས་ལམ་ཆེ་འབྲིང་གསུམ་ཡིན་ནོ་ཞེས་གསུང་ངོ་། །)དེ་ལྟར་ཞི་གནས་དང་ལྷག་མཐོང་གཉིས་ནི་ཚོགས་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར་འདིར་བསྟན་གྱི། གཞན་དུ་ན་རང་རང་གི་སེམས་བསྐྱེད་པའི་དགེ་བ་སྦྱོར་ལམ་གྱི་སྔ་རོལ་ན་ཡོད་པ་ཐམས་ཅད་ཀྱང་ཚོགས་ལམ་ཡིན་ནོ། །
དེ་ལ་འདིར་ལམ་གྱི་སྤྱིའི་དོན་རྣམ་པར་བཞག་པ་ལ་ལམ་སྤྱིའི་རྣམ་པར་བཞག་པ་དང་། ཚོགས་ལམ་བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ་ལའང་གསུམ་གྱི་མཚན་ཉིད་ནི་ཁ་ཅིག་ཐར་པ་ལ་བརྩོན་པའི་དགེ་བ་ཞེས་ཟེར་བ་ནི་མི་སློབ་པའི་ལམ་ལ་མ་ཁྱབ་སྟེ། སངས་རྒྱས་རྣམས་ནི་ཐར་པ་ལ་འབད་པ་དང་རྩོལ་བ་མེད་པའི་ཕྱིར་ཏེ། དགེ་མཐར་ཕྱིན་པ་ཁྱོད་ལ་ནི། །སྦྱོར་བྱུང་དགེ་བ་འགའ་མ་མཆིས། །ཁྱོད་ནི་གང་ཞིག་བཞེད་ན་ཡང་། །བཞེད་པ་ཙམ་ལ་རག་ལས་སོ་ཞེས་བཤད་པའི་ཕྱིར་དང་། ཉན་རང་མི་སློབ་པ་དག་ཀྱང་ཐར་པ་ཐོབ་ཟིན་པས་དེ་ལ་བརྩོན་པ་མེད་པའི་ཕྱིར་རོ། །ཁ་ཅིག་གིས་ཐར་པར་ཕྱིན་བྱེད་ཅེས་ཟེར་བ་ནི་གང་ཟག་ལ་ཁྱབ་ཆེས་པར་འགྱུར་རོ། །དེའི་ཕྱིར་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་ཡིན་ཏེ། མི་སློབ་པའི་ལམ་ཡང་ལྷག་མེད་མྱང་འདས་ཀྱི་འཇུག་ངོགས་ཡིན་པའི་ཕྱིར་རོ། །དབྱེ་བ་གཉིས་ལས་དང་པོ་ནི་ཚོགས་ལམ་ནས་མི་སློབ་པའི་ལམ་གྱི་བར་ལྔའོ། །དབྱེ་དོན་ལ་ཁ་ཅིག་ལམ་དང་པོ་གཉིས་ནི་ལམ་གྱི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་དང་། ཕྱི་མ་ནི་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ་ཡིན་གྱི་མཚན་ཉིད་པ་ནི་མཐོང་སྒོམ་གཉིས་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་མ་ཡིན་ཏེ། མི་སློབ་པའི་ལམ་མཚན་ཉིད་པ་མ་ཡིན་ན་ལམ་གྱི་བདེན་པར་མི་འདུ་བར་འགྱུར་ལ། དེ་ལྟ་ན་བདེན་བཞིར་མ་འདུས་པའི་འདུས་བྱས་ཡོད་པར་ཐལ་བ་ལ་ལན་མེད་དོ། །ལམ་བདེན་ཡིན་ཡང་ལམ་མ་ཡིན་ན་འཕགས་པ་རྣམས་འཁྲུལ་པར་འགྱུར་ཏེ། ལམ་མ་ཡིན་པ་ལ་ལམ་བདེན་དུ་གཟིགས་པའི་ཕྱིར་རོ། །
ཁ་ཅིག་གིས་ཚོགས་སྦྱོར་གྱི་ལམ་ཡང་མཚན་ཉིད་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། དེ་དག་ལམ་བདེན་མཚན་ཉིད་པ་ཡིན་ན་ནི་ཟག་མེད་དུ་འགྱུར་ན་དེ་ལྟ་ནའང་ལམ་དེ་དག་ཐོབ་པ་ན་འཕགས་པར་འགྱུར་ཏེ། ཟག་མེད་ཀྱི་ལམ་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །ཟག་མེད་སྐད་ཅིག་མ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཁོ་ནར་ཡང་དང་ཡང་དུ་བཤད་པ་དང་ཡང་འགལ་བའི་ཕྱིར་རོ། །(ཀུན་ལས་བཏུས་ལས། བདེན་པ་རྣམས་ལ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང་། ལེགས་པར་ཞུགས་པ་དང་། སྒྲིབ་པ་དང་བཅས་པ་དང་། སྒྲིབ་པ་མེད་པ་དང་། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་མེད་པའི་ཕྱིར་ཏེ། འདི་ནི་བྱེ་བྲག་གོ་ཞེས་པའི་འགྲེལ་པར་དེ་ལ་འཇིག་རྟེན་པ་རྣམས་ནི་ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང་། སྒྲིབ་པ་དང་བཅས་པ་དང་། རྣམ་པར་རྟོག་པ་དང་བཅས་པ་སྟེ་བདེན་བཞིའི་དེ་བཞིན་ཉིད་མ་རྟོགས་པ་དང་། ཉོན་མོངས་པའི་བག་ལ་ཉལ་ཡོད་པ་དང་། མངོན་པར་བརྗོད་པ་མིང་དོན་བསྲེ་བའི་ལྡོག་པའི་སྒོ་ནས་སྤྲོས་པའི་ཕྱིར་ཏེ་གོ་རིམ་བཞིན་ནོ། །བཟློག་པ་ནི་འཇིག་རྟེན་ལས་འདས་པ་སྟེ་ཤེས་བྱ་ལ་ལེགས་པར་ཞུགས་པ་དང་། སྒྲིབ་པ་མེད་པ་དང་། རྣམ་པར་མི་རྟོག་པས་འཇིག་རྟེན་པ་རྣམས་ལས་ཁྱད་པར་དུ་འགྱུར་རོ། །གལ་ཏེ་དེ་དག་རྣམ་པར་མི་རྟོག་པ་ཡིན་ན་ཇི་ལྟར་ཤེས་བྱ་ལ་ལེགས་པར་ཞུགས་པ་ཡིན་ཞེ་ན། །ཞེས་པ་དང་། འདི་ལྟར་འཇིག་རྟེན་ལས་འདས་པའི་མི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་ན་མི་རྟག་པ་ལ་སོགས་པའི་དོན་རང་མཚན་མངོན་སུམ་དུ་མཐོང་གི་མི་རྟག་པ་ཉིད་ཅེས་བྱ་བར་རྟོག་བཅས་སུ་མཐོང་བ་ནི་མ་ཡིན་ནོ། །ཞེས་པའི་འགྲེལ་པར་འདི་ལྟར་དེ་དག་ནི། འདི་ལ་གནས་པ་ན་མི་རྟག་པའི་དོན་མཐོང་ཞིང་མངོན་དུ་མྱོང་གི་མི་རྟག་གོ་ཞེས་མངོན་པར་བརྗོད་པ་དང་སྤྲོས་པའི་སྒོ་ནས་མཐོང་བ་ནི་མ་ཡིན་ཏེ། དེ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་རྣམ་པ་ལྷག་མ་རྣམས་ལའང་སྦྱར་བར་བྱའོ་ཞེས་བཤད་དོ། །)
དེའི་ཕྱིར་ཁ་ཅིག་བདེན་པ་དང་པོ་གཉིས་ཀྱིས་བསྡུས་པའི་ཕྱིར་དང་། རྟོག་བཅས་ཕྱིན་ཅི་ལོག་ཡིན་པའི་ཕྱིར་དང་། ཟག་བཅས་སྤང་བྱ་ཡིན་པའི་ཕྱིར་དང་པོ་གཉིས་མཚན་ཉིད་པ་མ་ཡིན་ནོ་ཞེས་ཟེར་བ་དང་། ཁ་ཅིག་རྒྱུད་བླ་མ་ལས། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས་ཞེས་གསུངས་པའི་ལམ་གྱི་བདེན་པའི་ཆོས་གསུམ་དང་། ལམ་དང་རིགས་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པའི་ཆོས་བཞི་མེད་པའི་ཕྱིར་དང་པོ་གཉིས་ལམ་བདེན་མཚན་ཉིད་པ་མ་ཡིན་ནོ་ཞེས་ཟེར་བའང་རིགས་པར་བལྟའོ། །དེས་ན་ལམ་དང་པོ་གཉིས་ནི་རིམ་པ་ལྟར་ལམ་དངོས་ལ་འཇུག་པའི་སྒོ་དང་དངོས་སུ་སྦྱོར་བ་ཡིན་པས་ལམ་དུ་བཏགས་པ་ཡིན་ལ། ཕྱི་མ་གསུམ་ནི་རིམ་པ་ལྟར་བདེན་པ་མངོན་སུམ་དུ་མཐོང་བ་དང་། དེའི་རྒྱུན་གོམས་པར་བྱེད་པ་དང་། གོམས་པ་མཐར་ཕྱིན་པའི་ཕྱིར་ལམ་མཚན་ཉིད་པ་ཡིན་ནོ། །སྒྲའི་དོན་ནི་ཐར་པར་འགྲོ་བའི་ཕྱིར་ལམ་ཡིན་ནོ། །
གཉིས་པ་ཚོགས་ལམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་ལས་མཚན་ཉིད་ནི་རྣམ་གྲོལ་ལ་འཇུག་པའི་སྒོ་སྦྱོར་ལམ་གྱི་སྔ་རོལ་ཏུ་བྱུང་བའི་དགེ་བའི་ཚོགས་སོ། །མཚན་གཞི་ནི་ཁྱད་པར་ཅན་དང་། ཕལ་པ་གཉིས་ལས་དང་པོ་ནི་ཐར་པ་ཆ་མཐུན་ཏེ་འོག་ནས་འཆད་པར་འགྱུར་རོ། །གཉིས་པ་ནི་ལས་དང་པོ་པས་ཐར་པར་བསྔོས་པའི་སྒོ་གསུམ་གྱི་ལས་དགེ་བ་ཐམས་ཅད་ཡིན་ཏེ། དེ་ཡང་འདི་ཉིད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །ཞེས་པ་ནས་ཞི་གནས་ཀྱི་ལམ་གཉིས་ཀྱི་བར་དུ་བཤད་པ་དང་། ཀུན་ལས་བཏུས་ལས། ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམས་པ་དང་། ཟད་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཤེས་བཞིན་དུ་མངོན་པར་དགའ་བའོ། །ཡང་གང་རྒྱུར་གྱུར་པའི་དགེ་བ་གཞན་དང་། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ་ཞེས་པ་དང་། ཉན་ཐོས་ཀྱི་ས་ལས། བདག་དང་གཞན་གྱི་འབྱོར་བ་དང་། འདུན་དང་ཚུལ་ཁྲིམས་དབང་པོ་དང་། །དེ་བཞིན་ཟས་དང་མི་ཉལ་དང་། །ཤེས་བཞིན་དུ་ནི་སྤྱོད་པ་དང་། །དེ་བཞིན་དགེ་བའི་བཤེས་གཉེན་དང་། །དམ་ཆོས་ཉན་ཅིང་སེམས་པ་དང་། །བར་ཆད་མེད་དང་གཏོང་བ་དང་། །དགེ་སྦྱོང་རྒྱན་ནི་ཐ་མ་ཡིན་ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་འདོད་ཆགས་དང་འབྲལ་བར་འགྱུར་བའི་རྒྱུ་ཚོགས་བཅུ་གསུམ་བཤད་པ་ལ་སོགས་པ་རྣམས་སོ། །ཁྱད་པར་གྱི་ཆོས་ལ་ལྔ་ལས་རྟོགས་པའི་ཁྱད་པར་ནི་ཐོས་བསམ་གྱི་ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པར་སྤྱིའི་ཚུལ་དུ་རྟོགས་པའོ། །
ཁ་ཅིག་ན་རེ་སྒོམ་བྱུང་གིས་རྟོགས་པའང་ཡོད་དེ། ཀུན་ལས་བཏུས་ལས། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ་ཞེས་བཤད་པའི་ཕྱིར་རོ་ཞེས་འཆད་དོ། །སྤངས་པའི་ཁྱད་པར་ནི་ཉོན་མོངས་པ་ལ་དགྲར་ལྟ་བའི་སྒོ་ནས་སུན་འབྱིན་པར་བྱེད་དོ། །ཡོན་ཏན་ནི་སྤངས་རྟོགས་ཀྱི་ཆོས་དེ་དག་དང་། གཞན་ཡང་ཟག་བཅས་ཀྱི་མངོན་པར་ཤེས་པ་དག་ཀྱང་ཅི་རིགས་པར་ཡོད་དོ། །སྒྲ་དོན་ནི་ཐར་པར་འཇུག་པའི་ཚོགས་སྒྲུབ་པའི་ཕྱིར་ཚོགས་ཀྱི་ལམ་མོ། །(སམྦྷར་མཱརྒ་ཞེས་པ་ལ་སན་ཏན་རྒྱུན་དུ། བྷ་ཝ་སྒོམ་པ། ར་ཏི་ནི་ཡང་ནས་ཡང་དུ། མཱརྒ་ལམ་སྟེ་རྒྱུན་མི་ཆད་པར་ཡང་ནས་ཡང་དུ་སྒོམ་པ་དང་། བགྲོད་བྱའི་འཇུག་ངོགས་ཡིན་པས་ཚོགས་ལམ་མོ། །ཡང་ན་ཚོགས་གཉིས་གོམས་པས་ཐར་པ་ཆ་མཐུན་གྱི་ལམ་ལ་འཇུག་པས་ཚོགས་ལམ་མོ། །)ལུས་ཀྱི་རྟེན་ནི་ཁ་ཅིག་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ལ་སྐྱེའོ་ཞེས་ཟེར་རོ། །འོན་ཀྱང་ཀླུ་ལ་སོགས་པ་ལའང་སྐྱབས་སུ་འགྲོ་བ་ཡོད་པར་བཤད་ལ། འདོད་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལའང་ཚོགས་ལམ་སྐྱེ་བ་ལ་འགལ་བ་མེད་པའི་ཕྱིར་དེ་དག་ཀྱང་རྟེན་དུ་རུང་ངོ་། །གཟུགས་མེད་པ་དང་བྱང་གི་སྒྲ་མི་སྙན་པ་ལ་ནི་མ་ཡིན་ཏེ། སྐྱེས་བུ་དམ་པ་ལ་ཡང་དག་པར་གདམས་པ་ནོད་པ་མེད་པའི་ཕྱིར་རོ། །དམྱལ་བ་ནི་སྡུག་བསྔལ་གྱིས་རྣམ་པར་གཡེངས་པས་སྐབས་མི་རྙེད་པའི་ཕྱིར་ཐར་པའི་ལམ་མི་སྐྱེ་བ་ཁོ་ན་ཡིན་ནོ། །
གཉིས་པ་སྦྱོར་བའི་ལམ་ནི་(པྲ་ཡོ་ག་མ་རྨ་ཞེས་པ་སྦྱོར་ལམ་སྟེ། པྲ་ནི་པ་ར་མཨརྠ་ནི་དོན་དམ་པ་ཡོ་ག་སྦྱོར་བ་སྟེ་མཐོང་ལམ་དོན་དམ་མངོན་སུམ་དུ་མཐོང་བ་ལ་སྦྱོར་བར་བྱེད་པས་སྦྱོར་ལམ་མོ། །)ཆོས་དྲན་པ་ཉེར་གཞག་སྤྱི་ལ་དམིགས་པ་དེ་ལས་ནི་དྲོ་བར་གྱུར་པའི་ཡེ་ཤེས་འབྱུང་སྟེ། མཐོང་སྤང་གི་ཉོན་མོངས་པའི་བུད་ཤིང་སྲེག་བྱེད་མཐོང་ལམ་གྱི་མེའི་སྔ་ལྟས་སུ་གྱུར་བའི་ཕྱིར་དྲོ་བ་ཞེས་བྱའོ། །ཡེ་ཤེས་དེ་ནི་སྐད་ཅིག་གཅིག་གིས་བཞི་ག་ལ་དམིགས་པར་མི་ནུས་ཀྱི་རྒྱུན་ཆགས་པ་ཡིན་པས་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་བཞིའི་སྤྱོད་ཡུལ་ཅན་ཡིན་ནོ། །དེས་ན་ཚོགས་ལམ་ནི་བདེན་བཞི་ལ་མི་དམིགས་ལ་སྦྱོར་ལམ་དྲོད་ནས་བདེན་བཞི་ལ་དམིགས་པར་ཤེས་པར་བྱའོ། །གལ་ཏེ་ཚོགས་ལམ་ན་ཕུང་པོ་ལ་དམིགས་པས་བདེན་པ་ལའང་དམིགས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་ནི་བདེན་པར་མ་ཕྱེ་བའི་ཕུང་པོ་ལ་དམིགས་ལ། སྦྱོར་ལམ་ནས་བདེན་བཞིར་ཕྱེ་ནས་དམིགས་པའི་ཕྱིར་རོ། །རྣམ་པ་ནི་འོག་ནས་འཆད་པའི་མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་ལྟ་བ་སྟེ་དེ་ཡང་ཟག་པ་དང་བཅས་པའོ། །དྲོ་བའི་ཡེ་ཤེས་དེ་ཉིད་ཆུང་འབྲིང་ཆེན་པོར་འཕེལ་བ་ལས་ནི་རྩེ་མོའི་ཡེ་ཤེས་འབྱུང་ལ། རྩེ་མོ་དེ་ཡང་དམིགས་རྣམ་དྲོ་བ་དེ་དང་འདྲ་བར་བདེན་བཞི་དང་ཟག་བཅས་བཅུ་དྲུག་དང་ལྡན་པ་ཡིན་ནོ། །གལ་ཏེ་དམིགས་རྣམ་འདྲ་ན་ལོགས་ཤིག་ཏུ་སྟོན་པར་མི་རིགས་སོ་ཞེ་ན། ཆེས་མཆོག་ཏུ་གྱུར་པས་ན་མིང་གཞན་དུ་བཏགས་སོ། །འདི་ནི་དྲོ་བའི་ཡེ་ཤེས་མངོན་པར་འཕེལ་བའི་རྩེ་མོའམ། དེ་དག་ལས་ཉམས་པའམ་བཟོད་པ་མངོན་དུ་འགྱུར་བས་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་དེ་སྐད་བརྗོད་དོ། །དེ་ལ་དྲོད་རྩེ་གཉིས་ནི་ཉམས་པ་སྲིད་པས་གཡོ་བ་ཡིན་ལ། དེ་ལ་ཡང་གཡོ་བ་ཆུང་ངུ་ནི་དྲོ་བ་དང་ཆེན་པོ་ནི་རྩེ་མོའོ། །(ཆེ་ཆུང་ནི་དྲོད་རྩེ་གཉིས་རིམ་པ་ལྟར་ཡིན་ལ་)བཟོད་པ་དང་ཆོས་མཆོག་ནི་ཉམས་པ་མི་སྲིད་པས་མི་གཡོ་བ་ཡིན་ལ། དེ་ཡང་མི་གཡོ་བ་ཆུང་ངུ་ནི་བཟོད་པ་དང་ཆེན་པོ་ནི་ཆོས་མཆོག་གོ། དྲོད་རྩེ་གཉིས་ཀའང་ཆོས་དྲན་པ་ཉེར་གཞག་ཉིད་ཀྱིས་དམིགས་པ་ལ་འཇུག་ཅིང་རྣམ་པ་གཏོད་པར་བྱེད་པ་ཡིན་ཏེ། (ལམ་གྱི་དམིགས་རྣམ་ཐམས་ཅད་ཉེར་གཞག་བཞིར་འདུ་བས་སོ། །)དང་པོར་མི་རྟག་པ་ལ་སོགས་པའི་རྣམ་པ་འགོད་ཅིང་འཇོག་ཅེས་བྱ་བའི་ཐ་ཚིག་གོ། (སྔ་མ་དམན་པ་ནི་འཕེལ་ནས་སྔོན་དུ་མེ་བྱེད་དོ། །)ཕྱིས་འཕེལ་བ་ནི་ཆོས་དྲན་པ་ཉེར་གཞག་ཏུ་མ་ཟད་ལུས་ལ་སོགས་པ་དྲན་པ་ཉེར་གཞག་གཞན་གསུམ་པོ་དག་གིས་ཀྱང་འཕེལ་བར་ཏེ་གོམས་ཤིང་བྱང་བར་བྱེད་དོ། །
དེས་ན་རྣམ་པ་གཏོད་པ་ནི་ཐོག་མར་སྒོམ་པ་ཡིན་ལ། འཕེལ་བ་ནི་བསྒོམ་པ་དེ་གོམས་ཤིང་བྱང་བར་བྱེད་པ་ཡིན་ཏེ་དཔེར་ན་བཟོད་པ་འབྲིང་དམིགས་རྣམ་ཕྲི་ནས་ཡང་ཡང་བསྒོམ་པ་ལྟ་བུའོ། །རྩེ་མོ་དེ་ཆུང་འབྲིང་ཆེན་པོར་རིམ་གྱིས་འཕེལ་བ་ལས་བཟོད་པའི་ཡེ་ཤེས་སྐྱེ་སྟེ། དྲོད་རྩེའི་གནས་སྐབས་ན་རིམ་པ་ལྟར་བདེན་པ་ལ་ཆུང་ངུ་དང་འབྲིང་དུ་བཟོད་ལ། བཟོད་པ་ནི་མི་ཉམས་པའི་སྒོ་ནས་རྩེ་མོའི་མངོན་པར་རྟོགས་པ་གོམས་པའི་རིམ་གྱིས་བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ། །བཟོད་པ་ལའང་གསུམ་ཡོད་པ་ལས་ཆུང་འབྲིང་རྣམ་པ་གཉིས་ནི་ཇི་ལྟར་དྲོད་རྩེ་ཐོག་མར་བདེན་པ་རྣམས་ལ་རྣམ་པ་གཏོད་ཅིང་འགོད་པ་ཆོས་དྲན་པ་ཉེར་གཞག་གིས་རྣམ་པ་གཏོད་ཅིང་འགོད་པ་དེ་བཞིན་དུ་ཆོས་དྲན་པ་ཉེར་གཞག་ཁོ་ནས་བདེན་པ་རྣམས་ལ་ཐོག་མར་རྣམ་པ་གཏོད་ཅིང་འགོད་པར་བྱེད་(པས་ཆོས་དྲན་པ་ཉེར་གཞག་གི་ངོ་བོར་སྐྱེ་བར་བྱེད།) དོ། །འཕེལ་བ་ལ་ནི་དྲོད་རྩེ་ལས་ཁྱད་པར་ཡོད་དེ། བཟོད་པ་ནི་ཆུང་འབྲིང་ཆེན་པོ་ཐམས་ཅད་ཆོས་དྲན་པ་ཉེར་གཞག་ཉིད་ཀྱིས་འཕེལ་བར་བྱེད་ཀྱི་ལུས་དྲན་པ་ཉེར་གཞག་ལ་སོགས་པ་གཞན་གྱིས་མ་ཡིན་ཏེ། དེ་ནི་ཆོས་མཆོག་དང་ཉེ་ཞིང་ཆོས་མཆོགམཐོང་ལམ་དང་ཉེ་ལ་མཐོང་ལམ་ཆོས་དྲན་པ་ཉེར་གཞག་གི་ངོ་བོ་ཡིན་པས་འདྲ་བར་བསྟན་པའི་ཕྱིར་རོ། །དེ་ལ་བཟོད་པ་ཆུང་ངུ་ནི་འདོད་པའི་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་དང་ཁམས་གོང་མ་གཉིས་དྲིལ་བའི་བདེན་བཞི་ལ་རྣམ་པ་བཅུ་དྲུག་སྟེ་རྣམ་པའི་སྐད་ཅིག་མ་སུམ་ཅུ་རྩ་གཉིས་ཚང་བར་སྒོམ་པ་ཡིན་ལ། བཟོད་པ་འབྲིང་ནི་འགྲེལ་པ་ལས། གང་གི་ཚེ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པའི་བདེན་པའི་རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་སྐད་ཅིག་མ་གཉིས་སུ་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ལ། གང་གི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ཡིན་པ་དེའི་ཚེ་ནི་ཆེན་པོ་ཡིན་ནོ་ཞེས་འབྱུང་པའི་ཊཱི་ཀར་ཐོག་མར་རྣམ་པ་རེ་རེ་ནས་ཕྲི་ནས་མཐར་དམིགས་པའང་དོར་ནས་སྒོམ་པ་དང་། དམིགས་ཡུལ་བདེན་པ་དང་རྣམ་པ་དུས་མཉམ་དུ་ཕྲི་ནས་ལྷག་མ་སྒོམ་པའི་ལུགས་གཉིས་བཤད་པའི་དང་པོ་ནི་ཁ་ཅིག་བདེན་པའི་རྣམ་པ་རེ་རེ་ནས་ཕྲི་བ་དང་དམིགས་པ་རེ་རེ་ནས་ཕྲི་ནས་ཞེས་བྱ་བ་སློབ་དཔོན་གྱི་དགོངས་པ་ཡིན་པས་བཟོད་པ་ཆུང་ངུའི་རྣམ་པ་སུམ་ཅུ་རྩ་གཉིས་ཚང་བར་བསྒོམས་པའི་རྗེས་སུ་ཐོག་མར་ཁམས་གོང་མ་གཉིས་ཀྱི་གཉེན་པོ་ལམ་བདེན་གྱི་རྣམ་པ་བཞིའི་དང་པོ་ལམ་བོར་ཏེ་ལྷག་མ་སུམ་ཅུ་རྩ་གཅིག་སྒོམ་པ་དང་། དེ་བཞིན་དུ་དེ་ནས་རིགས་པ་བོར་ཏེ་སུམ་ཅུ་དང་། དེ་ནས་སྒྲུབ་པ་བོར་ཏེ་ལྷག་མ་ཉི་ཤུ་རྩ་དགུ་དང་། དེ་ནས་ངེས་པར་འབྱིན་པ་བོར་ཏེ་ལྷག་མ་ཉི་ཤུ་རྩ་བརྒྱད་དང་། དེ་ནས་ལམ་བདེན་ལ་དམིགས་པ་བོར་དེ་ཁམས་གོང་མའི་འགོག་པ་དང་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་རྣམས་ཀྱི་རྣམ་པ་དང་དམིགས་པ་རྣམས་སྔ་མ་ལྟར་རིམ་གྱིས་རེ་རེ་ནས་དོར་ནས་ལྷག་མ་སྒོམ་པ་དང་།
དེ་ནས་འདོད་པའི་གཉེན་པོ་ལམ་བདེན་ནས་སྡུག་བསྔལ་གྱི་བདེན་པའི་བར་གྱི་རྣམ་པ་རྣམས་ཀྱང་སྔ་མ་ལྟར་རེ་རེ་ནས་དོར་ནས་མཐར་འོག་ནས་འབྱུང་བ་ལྟར་གང་ཟག་བཞིའི་གཉེན་པོ་འདི་དབང་གིས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ལས་གང་རུང་གཅིག་ལན་གཉིས་སུ་བཟླས་ཏེ་སྒོམ་པ་རྣམས་ཏེ། དེ་ལྟར་ན་ཁམས་གོང་མའི་གཉེན་པོ་ལམ་བདེན་གྱི་རྣམ་པ་གཅིག་ཕྲི་ནས་སྒོམ་པ་ནས་བཟུང་སྟེ་མཐར་འདོད་པའི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་གཅིག་ལན་གཉིས་སུ་སྒོམ་པའི་བར་རྣམས་བཟོད་པ་འབྲིང་ཡིན་པས་དེ་ནི་སྐད་ཅིག་མ་བཞི་བརྒྱ་དང་དགུ་བཅུ་རྩ་བདུན་ཡིན་ནོ་ཞེས་འདོད་དོ། །དེའི་ཕྱིར་འདིའི་གྲངས་ཀྱི་དབང་དུ་མཛད་ནས། དང་པོ་གསུམ་ལ་དགུ་བཅུ་སྟེ། །དེ་ནས་དགྲ་ཉིད་ཕྲི་བ་དགུ། །ཐ་མའི་རྣམ་པ་གཉིས་བསྣན་པ། །འདི་ཡིས་གྲངས་སུ་ངེས་པར་བཟུང་། །ཞེས་གསུང་ངོ་། །
གཉིས་པ་ནི་ཁ་ཅིག་ན་རེ་དམིགས་ཡུལ་བདེན་པ་ཡོད་བཞིན་དུ་རྣམ་པ་འདོར་བ་མི་འཐད་ཅིང་དམིགས་ཡུལ་བདེན་པ་དོར་ན་དམིགས་པ་མེད་པའི་རྣམ་པ་མི་འཐད་པས་ཐོག་མར་དམིགས་པ་འདོར་བ་ཉིད་འཐད་པས་སློབ་དཔོན་གྱི་དགོངས་པའང་བདེན་པའི་རྣམ་པར་རེ་དང་དམིགས་པ་རེ་རེ་ནས་ཞེས་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་བདེན་པ་རེ་རེའི་རྣམ་པ་གང་དག་ཡིན་པ་དེ་དག་གི་དམིགས་པ་ཕྲི་ནས་ཞེས་བྱ་བ་ཡིན་ལ། བསྟན་བཅོས་ལས་ཀྱང་བཟོད་པ་འབྲིང་སྐད་ཅིག་མ་བརྒྱ་རྩ་བཅུ་དགུ་ཡིན་ནོ་ཞེས་བཤད་པས་ན་བཟོད་པ་འབྲིང་ནི་སྐད་ཅིག་མ་བརྒྱ་དང་བཅུ་དགུ་ཡིན་ཏེ། འདི་ལྟར་བཟོད་པ་ཆུང་ངུ་སྔ་མ་ལྟར་རྣམ་པ་སུམ་ཅུ་རྩ་གཉིས་ཚང་བར་བསྒོམས་པའི་རྗེས་ལ་ཁམས་གོང་མ་གཉིས་བསྡོམས་པའི་གཉེན་པོ་ལམ་བདེན་རྣམ་པ་བཞི་དང་བཅས་པ་བོར་ཏེ་ལྷག་མ་ཉི་ཤུ་རྩ་བརྒྱད་སྒོམ་པ་དང་། དེ་ནས་འདོད་པའི་གཉེན་པོ་ལམ་བདེན་རྣམ་པ་བཞི་དང་བཅས་པ་བོར་ཏེ་ལྷག་མ་ཉི་ཤུ་རྩ་བཞི་སྒོམ་པ་དང་། དེ་ནས་ཁམས་གོང་མ་གཉིས་ཀྱི་འགོག་བདེན་རྣམ་པ་བཞི་དང་བཅས་པ་བོར་ཏེ་ལྷག་མ་ཉི་ཤུ་སྒོམ་པ་དང་། དེ་ནས་འདོད་པའི་འགོག་བདེན་རྣམ་པ་བཞི་དང་བཅས་པ་བོར་ནས་ལྷག་མ་བཅུ་དྲུག་སྒོམ་པ་དང་། དེ་ནས་ཁམས་གོང་མ་གཉིས་ཀྱི་ཀུན་འབྱུང་གི་བདེན་པ་རྣམ་པ་བཞི་དང་བཅས་པ་བོར་ཏེ་ལྷག་མ་བཅུ་གཉིས་སྒོམ་པ་དང་། དེ་ནས་འདོད་པའི་ཀུན་འབྱུང་གི་བདེན་པ་རྣམ་པ་བཞི་དང་བཅས་པ་བོར་ནས་ལྷག་མ་བརྒྱད་སྒོམ་པ་དང་། དེ་ནས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་གྱི་བདེན་པ་རྣམ་པ་བཞི་དང་བཅས་པ་བོར་ནས་ལྷག་མ་འདོད་པའི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་སྒོམ་པ་དང་། དེ་ནས་སྒོམ་པ་པོ་དེ་ཡང་དབང་པོ་རྣོན་པོ་ལྟ་བ་སྤྱད་པ་དང་རྟུལ་པོ་སྲེད་པ་སྤྱད་པ་གཉིས་ཡོད་པ་ལས་དང་པོ་ཡིན་ན་འདོད་པའི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དང་པོ་གཉིས་གང་རུང་གཅིག་དོར་ནས་ལྷག་མ་གསུམ་སྒོམ་པ་དང་། དེ་ནས་རྣམ་པ་སྔ་མ་གཉིས་དོར་ནས་ཕྱི་མ་གཉིས་བསྒོམ་པ་དང་། དེ་ནས་ལྟ་བ་སྤྱད་པ་དེ་ལའང་བདག་ཏུ་ལྟ་བ་སྦྱད་པ་དང་བདག་གིར་ལྟ་བ་སྤྱད་པ་གཉིས་ཡོད་པ་ལས་དང་པོར་ཡིན་ན་བདག་དུ་ལྟ་བའི་གཉེན་པོ་བདག་མེད་པའི་རྣམ་པ་ལན་གཉིས་སུ་སྒོམ་ལ། གཉིས་པ་ཡིན་ན་བདག་གིར་ལྟ་བའི་གཉེན་པོ་སྟོང་པའི་རྣམ་པ་ལན་གཉིས་སུ་སྒོམ་མོ། །
སྲེད་པ་སྤྱད་པ་ཡིན་ན་འདོད་པའི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ལས་རྣམ་པ་ཕྱི་མ་གཉིས་གང་རུང་གཅིག་དོར་ནས་ལྷག་མ་དང་པོ་གསུམ་སྒོམ་པ་དང་། དེ་ནས་རྣམ་པ་ཕྱི་མ་གཉིས་དོར་ནས་དང་པོ་གཉིས་སྒོམ་པ་དང་། དེ་ནས་སྲེད་པ་སྤྱད་པ་དེ་ལའང་ངའོ་སྙམ་པའི་ང་རྒྱལ་ཤས་ཆེ་བ་དང་ལེ་ལོ་ཤས་ཆེ་བ་གཉིས་ལས་དང་པོ་ཡིན་ན་ང་རྒྱལ་གྱི་གཉེན་པོ་མི་རྟག་པའི་རྣམ་པ་ལན་གཉིས་སུ་སྒོམ་ལ། གཉིས་པ་ཡིན་ན་ལེ་ལོའི་གཉེན་པོ་སྡུག་བསྔལ་གྱི་རྣམ་པ་ལན་གཉིས་སུ་སྒོམ་པ་རྣམས་ཏེ། དེ་ལྟར་ན་ཁམས་གོང་མ་གཉིས་ཀྱི་གཉེན་པོ་ལམ་བདེན་རྣམ་པ་དང་བཅས་པ་བོར་ནས་ལྷག་མ་ཉི་ཤུ་རྩ་བརྒྱད་སྒོམ་པ་ནས་བཟུང་སྟེ་འདོད་པའི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞིའི་གང་རུང་གཅིག་ལན་གཉིས་སུ་སྒོམ་པའི་བར་རྣམས་བཟོད་པ་འབྲིང་ཡིན་པས་སྐད་ཅིག་མ་བརྒྱ་དང་བཅུ་དགུར་འགྱུར་རོ་ཞེས་ཟེར་རོ། །འདིར་ཡང་། ཉེར་བརྒྱད་རྩ་བཞི་ཉི་ཤུ་དང་། །བཅུ་དྲུག་བཅུ་གཉིས་བརྒྱད་དང་བཞི། །གསུམ་གཉིས་རྣམ་པ་ཐ་མ་གཅིག། ལན་གཉིས་བསྣན་པ་འདིའི་གྲངས་ཞེས་བྱའོ། །དེ་ལྟར་བཟོད་པ་འབྲིང་ལ་སྐད་ཅིག་གི་གྲངས་མང་ཉུང་གི་ལུགས་གཉིས་བཤད་ཀྱང་འགྲེལ་པའི་དགོངས་པ་ནི་ཕྱི་མ་ཉིད་ཡིན་པར་མངོན་ནོ་ཞེས་མཁས་པ་དག་གསུང་ངོ་། །
འོ་ན་བཟོད་པ་ཆུང་ངུ་ལ་དམིགས་རྣམ་ཚང་བར་སྒོམ་ལ་འབྲིང་ལ་རིམ་གྱིས་ཕྲི་ནས་མཐར་འདོད་པའི་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་དམིགས་ཤིང་དེའི་རྣམ་པ་ཁོ་ན་སྒོམ་པ་ཉིད་ཇི་ལྟར་ཞེ་ན། ཁམས་གསུམ་སུན་འབྱིན་པར་བྱེད་པ་ན་དེས་དང་པོར་ནི་གཉེན་པོ་མཐའ་དག་ལ་དམིགས་ལ་ཕྱིས་ནི་འདོད་ཁམས་ཁོ་ན་དང་པོར་ཤེས་ཤིང་སྤང་བར་བྱ་བ་ཡིན་པས་དེ་ཁོ་ན་ལ་དམིགས་པ་ཡིན་ནོ་ཞེས་ཊཱིཀ་བྱེད་དག་འཆད་དོ། །ཇི་ལྟར་བཟོད་པ་འབྲིང་གི་མཐར་སྔ་མ་ལྟར་ན་སྐད་ཅིག་མ་དྲུག་དང་ཕྱི་མ་ལྟར་ན་སྐད་ཅིག་མ་བཅུ་གཅིག་འདོད་པའི་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་དམིགས་པ་ལྟར་བཟོད་པ་ཆེན་པོ་ཡང་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་བདེན་པ་ཁོ་ན་དམིགས་ཡུལ་དུ་བྱེད་པ་ཡིན་ལ། ཁྱད་པར་དུ་བཟོད་པ་ཆེན་པོ་དེ་ནི་སྐད་ཅིག་མ་གཅིག་ཡིན་གྱི་སྔ་མ་རྣམས་ལྟར་རྒྱུན་ཆགས་པ་ནི་མ་ཡིན་ནོ། །ཇི་ལྟར་བཟོད་པ་ཆེན་པོ་འདོད་པའི་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་དམིགས་པ་དང་སྐད་ཅིག་མ་གཅིག་ཡིན་པ་དེ་བཞིན་དུ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཀྱང་འདོད་པའི་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་དམིགས་ཤིང་སྐད་ཅིག་མ་གཅིག་ཡིན་ནོ། །དེ་ནི་ཟག་བཅས་ཡིན་ཞིང་སྔར་ཟག་མེད་མེད་པས་སྐལ་མཉམ་གྱི་རྒྱུ་མེད་པར་རང་གི་རྩལ་གྱིས་མཐོང་ལམ་དངོས་སུ་འདྲེན་པས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །དེ་ལྟར་ན་འདིར་བཟོད་པ་ཆེན་པོ་དང་ཆོས་མཆོག་(དང་སྡུག་བསྔལ་ལ་ཆོས་བཟོད་དང་།) གསུམ་འདོད་པའི་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་དམིགས་ཤིང་སྐད་ཅིག་རེ་རེ་ཡིན་པར་བསྟན་པས་དྲོ་བར་གྱུར་པས་ན་བཟོད་པ་འབྲིང་ཕལ་ཆེ་བའི་བར་ནི་ཁམས་གསུམ་གྱི་བདེན་བཞི་ལ་ཅི་རིགས་པར་དམིགས་ཤིང་རྒྱུན་ཆགས་པ་ཡིན་པར་ཤེས་པར་བྱའོ། །(གཞན་ཡང་བཟོད་པ་ཆེན་པོ་དང་། ཆོས་མཆོག་སྐད་ཅིག་མ་རེ་རེར་བསྟན་པས་དྲོ་བར་གྱུར་པ་ནས་བཟོད་པ་འབྲིང་གི་བར་ལ་རྣམ་པ་གཏོད་འཕེལ་གྱི་ཁྱད་པར་ཡོད་ཀྱི་བཟོད་པ་ཆེན་པོ་དང་། ཆོས་མཆོག་གཉིས་ལ་ནི་རྣམ་པ་གཏོད་འཕེལ་གྱི་ཁྱད་པར་མེད་པར་མངོན་ཏེ། འགྲེལ་པ་ལས། རྣམ་པ་གཏོད་པ་ནི་དང་པོ་ཉིད་དུ་བདེན་པ་རྣམས་ལ་རྣམ་པ་བདག་འགོད་པའོ། །ཞེས་པ་དང་། ཊཱིཀ་ལས་འཕེལ་བར་བྱེད་པ་ནི་གོམས་པས་བྱང་བར་བྱེད་པའོ། །ཞེས་དང་པོ་སྒོམ་པ་དང་དེའི་རྒྱུན་གོམས་པར་བྱེད་པ་ལ་བརྗོད་པ་ན་སྐད་ཅིག་མ་ལ་དེ་དག་མི་རུང་བའི་ཕྱིར་རོ། །)རྣམ་པ་ནི་ཇི་ལྟར་དང་པོར་ཤེས་ཤིང་སྤང་བྱ་ཡིན་པས་བཟོད་པ་འབྲིང་གི་སྐད་ཅིག་མ་ཐ་མ་གཉིས་དང་བཟོད་པ་ཆེན་པོ་དང་ཆོས་མཆོག་དང་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་རྣམས་ཀྱི་དམིགས་པ་འདོད་པའི་སྡུག་བསྔལ་གྱི་བདེན་པ་ཁོ་ན་ཡིན་པ་ལྟར་བཟོད་པ་འབྲིང་གི་སྐད་ཅིག་མ་ཐ་མ་གཉིས་དང་བཟོད་པ་ཆེན་པོ་དང་ཆོས་མཆོག་དང་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་རྣམས་ཀྱི་རྣམ་པ་རྣམས་ཀྱང་མཐུན་ཏེ། དེ་ཡང་སྔར་བཤད་པ་ལྟར་གང་ཟག་གི་བྱེ་བྲག་གིས་བདག་ཏུ་ལྟ་བ་དང་བདག་གིར་ལྟ་བ་སྤྱད་པ་དང་ངའོ་སྙམ་པའི་ང་རྒྱལ་དང་ལེ་ལོ་ཤས་ཆེ་བ་ཡིན་ན་རིམ་པ་ལྟར་ཐམས་ཅད་བདག་མེད་པ་དང་སྟོང་པ་དང་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་ཅན་ཡིན་ཏེ། ཊཱིཀ་བྱེད་དག་གིས་བཟོད་པ་ཆེན་པོ་ནི་གང་ཟག་གིས་ཇི་ལྟར་དཔྱད་པ་བཞིན་དུ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་པ་དང་། དེ་ལ་དམིགས་པ་ཉིད་སྐད་ཅིག་མ་གསུམ་པ་ལ་ནི་བཟོད་པ་ཆེན་པོ་ཡིན་ནོ། །
དེ་ལ་དམིགས་པ་ཉིད་སྐད་ཅིག་མ་བཞི་པ་ལ་ནི་ཆོས་ཀྱི་མཆོག་ཡིན་ནོ་ཞེས་པ་དང་། བདག་ཏུ་ལྟ་བ་སྤྱད་པའི་རྣམ་པ་ཐ་མ་གཉིས་ཀྱི་སྐབས་སུ་དེའི་འོག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་དང་འདྲ་བས་བདག་མེད་པའི་རྣམ་པ་གཅིག་ལ་ལན་གཉིས་སུ་མངོན་དུ་བྱེད་དེ་ཞེས་གང་ཟག་གང་ཡང་རུང་བས་བཟོད་པ་འབྲིང་གི་སྐད་ཅིག་མ་གཉིས་ལ་རྣམ་པ་གང་ཡིད་ལ་བྱས་པ་དེ་ཉིད་བཟོད་པ་ཆེན་པོ་ལའང་ཡིད་ལ་བྱེད་པར་བཤད་ཅིང་། བཟོད་པ་འབྲིང་གི་སྐད་ཅིག་མ་གཉིས་ཀྱི་རྗེས་ཀྱི་སྐད་ཅིག་མ་གསུམ་པ་དང་བཞི་པ་ཉིད་བཟོད་པ་ཆེན་པོ་དང་ཆོས་མཆོག་དུ་བཤད་ལ། བཟོད་པ་འབྲིང་གི་སྐད་ཅིག་མ་ཐ་མ་གཉིས་དང་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་ཀྱང་རྣམ་པ་འདྲ་བར་བཤད་པའི་ཕྱིར་དང་། འགྲེལ་པ་ལས་ཀྱང་། བཟོད་པ་ཆེན་པོ་འདོད་པའི་སྡུག་བསྔལ་ལ་དམིགས་པའི་རྒྱུ་མཚན་དུ་དེ་ནི་ཆོས་ཀྱི་མཆོག་དང་ཉེ་བའི་ཕྱིར་འདོད་པའི་སྡུག་བསྔལ་ལ་དམིགས་པ་ཁོ་ནའོ་ཞེས་པ་དང་། ཊཱིཀ་བྱེད་དག་གིས་ཀྱང་བཟོད་པ་ཆེན་པོ་ཆོས་མཆོག་དང་ཉེ་ལ་ཆོས་མཆོག་མཐོང་ལམ་དང་ཉེ་བའི་ཕྱིར་དེ་དག་དྲན་པ་ཉེར་གཞག་དང་དམིགས་རྣམ་མཐུན་པར་བཤད་པའི་ཕྱིར་རོ། །དེ་ཡང་བཟོད་པ་ཆུང་འབྲིང་གཉིས་དང་ཡང་དམིགས་རྣམ་ལ་སོགས་པ་འདྲ་བར་ཐལ་བར་འགྱུར་བས་ཆོས་མཆོག་དང་ཉེ་བ་ཙམ་གྱིས་ནི་དེར་མི་འགྲུབ་ཀྱི་འོན་ཀྱང་ཆོས་མཆོག་མཐོང་ལམ་དང་ཉེ་ལ་མཐོང་ལམ་གྱི་ཤེས་བཟོད་དང་པོ་གཉིས་ཀྱི་དམིགས་རྣམ་དེ་དག་ཡིན་པ་ཉིད་རྒྱུ་མཚན་དུ་འགྱུར་རོ། །
དེ་ལྟར་བྱེ་བྲག་ཏུ་སྨྲ་བས་དྲོད་རྩེ་མོ་བཟོད་པ་རྣམས་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་ཡོད་ཀྱི་ཆོས་མཆོག་ནི་སྐད་ཅིག་མ་གཅིག་ཁོ་ན་ཡིན་ནོ་ཞེས་འདོད་པ་ནི་མི་རིགས་ཏེ། དེ་ལའང་ཆུང་འབྲིང་ཆེན་པོའི་དབྱེ་བ་ཡོད་པ་ལ་གནོད་པ་མེད་པའི་ཕྱིར་དང་། ཐམས་ཅད་ཀྱང་བདེན་པ་བཞི་ཆར་ལ་དམིགས་པ་དང་དེ་དག་གི་རྣམ་པའང་ཡིད་བྱེད་པ་འགལ་བ་མེད་པའི་ཕྱིར་རོ། །དེས་ན་འདི་ནི་བྱེ་བྲག་ཏུ་སྨྲ་བས་ཀུན་བརྟགས་པའོ་ཞེས་ཐེག་པ་གོང་མ་བདག་འཆད་དོ། །སློབ་དཔོན་སེང་གེ་བཟང་པོས་ནི་བརྒྱད་སྟོང་འགྲེལ་པ་ལས། ཇི་ལྟར་བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་མཆོག། ཅེས་གང་བཤད་པ་དེ་ནི་རང་དོན་གྱི་དབང་དུ་བྱས་པ་ཡིན་ལ་འདིར་བཟོད་པ་ཆེན་པོ་སྐད་ཅིག་མ་དུ་མ་ཡིན་པར་བསྟན་པ་དང་། ཆོས་ཀྱི་མཆོག་ལ་ཆུང་འབྲིང་ཆེན་པོའི་དབྱེ་བ་བཤད་པ་ནི་གཞན་གྱི་དོན་ལ་བརྟེན་པའི་ཆུང་འབྲིང་ཆེན་པོའི་དབྱེ་བ་བཤད་པ་ཡིན་ཏེ། གཞན་གྱི་དོན་ལ་བརྩོན་པ་ལ་ནི་རབ་དང་མཆོག་རབ་ལ་སོགས་པའི་གནས་སྐབས་སྲིད་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་ནི་ཉན་ཐོས་རང་དོན་བྱེད་པ་དང་བྱང་ཆུབ་སེམས་དཔའ་གཞན་དོན་བྱེད་པའི་དབང་དུ་བྱས་ནས་འདིར་བཟོད་པ་ཆེན་པོ་དང་ཆོས་མཆོག་སྐད་ཅིག་མ་རེ་རེ་དང་། གཞུང་གཞན་དུ་བཟོད་པ་ཆེན་པོ་ལ་སྐད་ཅིག་མང་པོ་དང་ཆོས་མཆོག་ལའང་ཆུང་འབྲིང་ཆེན་པོའི་དབྱེ་བ་བྱས་པར་བཤད་དོ། །
དྲོ་བ་ལ་སོགས་པའི་ཡེ་ཤེས་བཞི་པོ་ཐམས་ཅད་ཀྱང་དྲན་པ་ཉེར་གཞག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་གཙོ་བོ་ཤེས་རབ་ཡིན་ལ་གྲོགས་ནི་དད་པ་ལ་སོགས་པ་དང་མཚུངས་པར་ལྡན་ནོ། །འཁོར་དང་བཅས་ན་ནི་བཞི་པོ་ཐམས་ཅད་ཀྱང་ཕུང་པོ་ལྔ་པ་ཡིན་ཏེ། འདི་དག་མཉམ་གཞག་གི་ས་པ་ཡིན་པས་འདི་དག་ལ་གཟུགས་ནི་བསམ་གཏན་གྱི་སྡོམ་པ་ཡིན་ལ་གཞན་དག་ནི་ཤེས་པར་སླའོ། །དྲོ་བ་ལ་སོགས་པའི་ཐོབ་པ་ནི་དྲོ་བ་ལ་སོགས་པར་མ་གཏོགས་ཏེ་གཏོགས་ན་འཕགས་པ་མཐོང་ལམ་བས་དྲོ་བ་ལ་སོགས་པ་མངོན་དུ་བྱས་པར་འགྱུར་རོ། །(དེ་ལ་ཡང་)དེ་དག་གི་ཐོབ་པར་(སམ་བོར་གྱི་བར་དུ་)མངོན་དུ་གྱུར་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་མོད་ཀྱི་འདི་ལ་ཐོབ་པ་རྫས་སུ་མེད་པའི་ཕྱིར་དཔྱད་པ་ནི་དོན་མེད་པ་ཁོ་ན་ཡིན་ནོ། །སྔར་བཤད་པ་དེ་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་དྲོ་བ་ལ་སོགས་པ་རྣམ་པ་བཞི་ཡིན་ནོ། །
ཅིའི་ཕྱིར་དེ་དག་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་ཞེ་ན། མཐོང་སྤང་ཐམས་ཅད་སྤོང་ཡང་སྤང་བྱའི་གཙོ་བོས་མཚོན་ནས་ཐེ་ཚོམ་སྤོང་བའི་ཕྱིར་བདེན་པ་ངེས་པ་དང་། བདེན་པ་རྣམས་ལ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནས་འདི་ནི་ལམ་མོ་ཞེས་བྱ་བའི་བར་དུ་རྣམ་པར་འབྱེད་པའི་ཕྱིར་ངེས་པར་འབྱེད་པ་ནི་མཐོང་ལམ་ཡིན་ལ། དེའི་ཆ་ནི་མཐོང་ལམ་གྱི་ཕྱོགས་གཅིག་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྟེ། དེ་ཉིད་དྲོ་བ་ལ་སོགས་པས་དངོས་དང་བརྒྱུད་ནས་འདྲེན་པར་བྱེད་པ་ཉིད་ཀྱིས་དེ་ལ་ཕན་འདོགས་པའི་ཕྱིར་ཆ་དང་མཐུན་པ་ཞེས་བྱའོ། །ངེས་འབྱེད་ཆ་མཐུན་པའི་ཆར་ཡང་(མཉམ་གཞག་ཡིན་པས་)བསྒོམས་པ་ལས་བྱུང་བ་ཡིན་གྱི་ཐོས་བསམ་ལས་བྱུང་བ་ནི་མ་ཡིན་ནོ། །
ས་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་གྱི་དངོས་གཞི་བཞི་སྟེ་དྲུག་གི་ས་པ་སྟེ། མཐོང་ལམ་གྱི་འཁོར་ཡིན་པའི་ཕྱིར་དང་། མཐོང་ལམ་གཟུགས་མེད་ལ་མི་རྟེན་(འདོད་པ་ནི་ཐོས་བསམ་གྱི་ས་པ་ཡིན་པས་དེ་ནི་ངེས་འབྱེད་དུ་མི་རུང་ངོ་ཞེས་ཁ་ཅིག་སྟེ་འདོད་པ་ལ་མི་དམིགས་)པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་མེད་ལ་མི་རྟེན་ཞེ་ན། དང་པོར་ཤེས་ཤིང་སྤང་བྱ་ཡིན་པས་མཐོང་ལམ་འདོད་པ་ལ་དམིགས་པ་ལ་གཟུགས་མེད་པས་འདོད་པ་ལ་མི་དམིགས་པའི་ཕྱིར་རོ། །དྲོད་རྩེ་གཉིས་ནི་འོག་མ་འདོད་པའི་ཁམས་ནའང་ཡོད་པའམ་ཞེས་བྱ་བ་ནི་བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཏེ་ས་བདུན་པ་ཡིན་ནོ། །
དེ་དག་ལུས་གང་ལ་བརྟེན་ཞེ་ན། ངེས་འབྱེད་ཆ་མཐུན་བཞི་པོ་ཐམས་ཅད་ཀྱང་འདོད་ཁམས་པའི་ལུས་ལ་བརྟེན་པ་ཡིན་གྱི་ཁམས་གོང་མ་ལ་རྟེན་པ་ནི་མེད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དེ། དེ་ཡང་དང་པོ་གསུམ་ནི་ཐོག་མར་གླིང་གསུམ་གྱི་མིའི་ནང་དུ་བསྐྱེད་ཅིང་སྔོན་བསྐྱེད་ཟིན་པ་རྣམས་ནི་ལྷའི་ནང་དུ་ཡང་མངོན་དུ་བྱེད་དོ། །(བཟོད་ཆེན་དང་)ཆོས་མཆོག་ནི་ལྷ་དག་གི་ནང་དུ་ཡང་དང་པོ་སྐྱེད་པར་བྱེད་དོ། །དང་པོ་གསུམ་ནི་སྐྱེས་པས་ཀྱང་བུད་མེད་ཀྱི་རྟེན་ཅན་དང་བུད་མེད་ཀྱིས་ཀྱང་སྐྱེས་པའི་རྟེན་ཅན་ཡང་ཐོབ་པས་གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར་(འདི་དག་གི་དུས་སུ་ཕན་ཚུན་མཚན་གྱུར་པ་དང་འཆོལ་བར་སྐྱེ་བ་ལ་དགོངས་ལ་)ཆོས་མཆོག་ནི་བུད་མེད་ཀྱིས་སྐྱེས་པ་དང་བུད་མེད་གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར་གྱི་སྐྱེས་པས་ནི་གཉིས་ཀའི་རྟེན་ཅན་ཐོབ་པ་མ་ཡིན་ཏེ། ཆོས་མཆོག་ཐོབ་པའི་སྐྱེས་པ་ནི་བུད་མེད་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པས་བུད་མེད་དུ་མི་སྐྱེ་བའི་ཕྱིར་རོ། །(ཆོས་མཆོག་གི་དེ་མ་ཐག་མཐོང་ལམ་སྐྱེ་ལ་དེ་སྐྱེས་པ་དང་བུད་མེད་དུ་སྐྱེ་བ་མེད་དོ་ཞེས་པ་ནི་གྲུབ་པའི་མཐའ་)ངེས་འབྱེད་ཆ་མཐུན་རྣམས་ནི་གཟུགས་ན་སྤྱོད་པའི་དགེ་བ་ཟག་བཅས་ཡིན་པ་ལ་དེ་དག་གི་རྣམ་སྨིན་ནི་གཟུགས་ཁམས་ཀྱི་ཕུང་པོ་ལྔ་ཡིན་ནོ། །དེ་དག་གིས་མི་རྟག་པ་ལ་སོགས་པའི་རྣམ་པས་སུན་འབྱིན་པས་སྲིད་པའི་གཉེན་པོ་ཡིན་པས་རྫོགས་བྱེད་ཡིན་གྱི་རིས་མཐུན་འཕེན་བྱེད་ནི་མ་ཡིན་ནོ། །ཉམས་པ་ཆ་མཐུན་གྱི་བསམ་གཏན་ནི་འཕེན་བྱེད་ཡིན་ནོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །
ངེས་པར་འབྱེད་པ་རྣམས་ཇི་ལྟར་གཏོང་ཞེ་ན། འཕགས་པ་རྣམས་ཀྱིས་ནི་ངེས་འབྱེད་ཆ་མཐུན་དེ་དག་ས་གང་ལ་བརྟེན་ནས་ཐོབ་པའི་ས་དེ་བོར་ནས་(གོང་དུ་སྐྱེས་པའི་ས་འཕོས་པས་ས་དེའི་ཐོབ་པ་)གཏོང་སྟེ། བསམ་གཏན་དང་པོའི་ས་པས་བསྡུས་པ་ནི་བསམ་གཏན་གཉིས་པར་འཕོས་པས་(ཏེ་སྐྱེས་པས་དེའི་ཐོབ་པ།) གཏོང་བ་ལྟ་བུའོ། །དེ་ཡང་ཤི་སྟེ་གོང་དུ་འཕོས་པས་གཏོང་གི་འདོད་ཆགས་དང་བྲལ་(བའི་འཕོས་)བས་ནི་མ་ཡིན་ནོ། །(གཞན་ཡངསྐྱེ་བོ་ལྟར་འཆི་བའམ། ཡོངས་སུ་ཉམས་པས་ཀྱང་མ་ཡིན་ཏེ། དེའི་དགེ་བའི་རྩ་བའི་རྒྱུད་ནི་མཐོང་ལམ་གྱིས་ཉེ་བར་བརྟན་པར་བྱས་པས་སོ། །འདི་འོག་ཏུ་ས་འཕོས་པས་གཏོང་བ་ནི་མེད་དེ། གོང་མའི་རྟེན་ལ་སྦྱོར་ལམ་མེད་པས་སོ་ཞེས་གསུང་ངོ་། །)འཕགས་མིན་སོ་སོའི་སྐྱེ་བོ་ནི་ས་བོར་རམ་མ་བོར་ཡང་རུང་སྟེ་འཆི་བ་(སྟེ་རིས་མཐུན་འདོར་བ།) ཁོ་ནས་གཏོང་བར་འགྱུར་གྱིས་འཕོས་པས་ནི་མ་ཡིན། (མ་འདྲིས་པས་མ་བརྟན་པའི་ཕྱིར་རོ། །སློབ་དཔོན་འདུན་བཟང་གིས་ཀྱང་། སོ་སོའི་སྐྱེ་བོ་ནི་གོང་དུ་འཕོས་པའི་ཚེ་ངེས་འབྱེད་ཆ་མཐུན་དག་འདོར་བ་མ་ཡིན་ནམ་ཞེ་ན་དེ་ནི་མེད་དེ་རིས་མཐུན་གཏོང་བ་ཁོ་ནས་བོར་བའི་ཕྱིར་རོ། །འཆི་བའི་སྲིད་པ་ལ་གནས་པས་དེ་དག་འདོར་བར་སྲིད་པ་རམ་ལ་གནས་པས་དོར་ཟིན་ཏེ། དེའི་གང་དུ་སྐྱེ་བ་ན་འདོར་བར་འགྱུར་བ་གང་ཡིན་པ་དེ་ནི་མེད་པས་འཆི་བ་ཁོ་ནས་བཤད་དོ་ཞེས་གསུང་ངོ་། །གལ་ཏེ་དེ་ལྟ་མ་ཡིན་ན་འདི་ལ་ཐོབ་པ་དང་མངོན་གྱུར་ལྷན་ཅིག་ཏུ་ཡོད་པས་ཁམས་གོང་ན་སྦྱོར་ལམ་ཡོད་པར་ཐལ་བར་མ་སྤངས་སོ། །འཕགས་པ་ལ་མི་མཚུངས་ཏེ། ཐོབ་པ་ནི་སྦྱོར་ལམ་མ་ཡིན་པར་བཤད་ཟིན་པས་སོ། །)ངེས་འབྱེད་ཆུ་མཐུན་དང་པོ་གཉིས་ནི་(བསམ་གཏན་གཏོགས་པའི་དགེ་བ་ནི། ས་འཕོས་ཉམས་པ་དག་གིས་གཏོང་ཞེས་པས་)སོ་སོའི་སྐྱེ་བོ་དག་ཡོངས་སུ་ཉམས་པས་ཀྱང་གཏོང་གི་འཕགས་པ་ལ་ནི་དེ་དག་ལས་(མི་མཐུན་ཕྱོགས་ཀྱིས་)ཉམས་པ་མེད་པའི་ཕྱིར་དང་། (འཐོབ་པ་ནས་འཕོས་པས་གཏོང་བའི་ཕྱིར་རོ། །)ཕྱི་མ་གཉིས་སོ་སོའི་སྐྱེ་བོ་ལའང་ཉམས་པ་མེད་པའི་(འཕགས་ལམ་གྱི་སྦྱོར་བ་མ་བསྐྱེད་པས་)ཕྱིར་རོ། །
གང་ཞིག་གིས་ངེས་འབྱེད་ཆ་མཐུན་དེ་དག་བསམ་གཏན་དངོས་གཞི་ལ་བརྟེན་ནས་སྐྱེད་པ་ཡིན་ན་ནི་དེས་ཚེ་དེ་ཉིད་ལ་བདེན་པ་མཐོང་བར་འགྱུར་ཏེ། ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར་རོ། །(མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ལ་རྟེན་པའི་སྦྱོར་ལམ་གྱིས་ནི་ཚེ་དེ་ཉིད་ལ་བདེན་པ་མཐོང་བར་མ་ངེས་ཏེ་ཉམས་པ་སྲིད་པས་སོ། །དེས་ན་དངོས་གཞིའི་སྦྱོར་ལམ་ཐམས་ཅད་འཕགས་པས་གཏོང་བར་ངེས་སོ་གསུང་ངོ་། །)གལ་ཏེ་སྔར་(བཟོད་འབྲིང་མན་ཆད་)ཐོབ་པ་(ལས་)རྣམ་པར་ཉམས་པ་དག་གིས་ཡང་(ཕྱིས་)ཐོབ་པ་ཡིན་ན་ནི་སོ་སོ་ཐར་པའི་སྡོམ་པ་ལྟར་སྔོན་མེད་པ་(ཁོ་ན་)གསར་དུ་ཐོབ་པ་ཡིན་གྱི་འདས་པ་ཐོབ་པ་ནི་མ་ཡིན་ཏེ། སྔོན་(འཕགས་ལམ་གྱི་སྦྱོར་བ་མ་སྐྱེད་པས་)ཡང་ནས་ཡང་དུ་མ་གོམས་པ་དང་(འདོད་ཆགས་དང་བྲལ་བས་མི་ཐོབ་པའི་ཕྱིར་རོ། །)འབད་པས་བསྒྲུབ་པར་བྱ་བ་ཡིན་(པས་སྔོན་རང་ས་མི་འཐོབ་)པའི་ཕྱིར་རོ། །(སྨོན་ནས་ཤེས་པ་གཅིག་གིས་སོས་འདེབས་མཁན་ཡོད་ན་འཕྲོ་ནས་སྐྱེ་ལ་མེད་ན་གཞི་ནས་སྐྱེད་དོ། །)འོ་ན་རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་དག་ལ་ཁྱད་ཅི་ཡོད་ཅེ་ན། ཉམས་པ་གཉིས་ནི་(ཆོས་)མི་ལྡན་པའི་རང་བཞིན་ཡིན་པར་ནི་ཁྱད་པར་ཅི་ཡང་མེད་དོ། །
འོན་ཀྱང་ཡོངས་སུ་ཉམས་པ་ནི་ལོག་ལྟ་སྐྱེས་པ་ན་དགེ་རྩ་ཉམས་པ་ལྟ་བུ་ཉོན་མོངས་པའི་ཉེས་པ་བྱས་པ་ཁོ་ནས་ཉམས་པ་ཡིན་ལ་རྣམ་པ་ཉམས་པ་ནི་སྔ་མ་(ལོག་ལྟ་སྐྱེས་པ་)ལྟ་བུ་ཉེས་པས་ཉམས་པ་དང་། མཐོང་ལམ་སྐྱེས་པ་ན་སོ་སོའི་སྐྱེ་བོ་ཉམས་པ་ལྟ་བུ་དང་ལམ་ལ་རྗེས་ཤེས་སྐྱེས་པ་ན་མཐོང་ལམ་གཏོང་བ་ལྟ་བུ་ཡོན་ཏན་གྱིས་ཉམས་པའང་ཡིན་པས་ཉམས་པ་སྤྱིར་སྨོས་པ་ཡིན་ཏེ། དེས་ན་ཡོངས་ཉམས་ལ་རྣམ་ཉམས་ཀྱིས་ཁྱབ་ཀྱང་རྣམ་ཉམས་ལ་ཡོངས་ཉམས་ཀྱིས་མ་ཁྱབ་(ཡོད་དེ་བཅུ་དྲུག་པ་ཐོབ་པ་ན་མཐོང་ལམ་ལྟ་བུའོ་དེས་ན་)བྱེ་བྲག་དང་སྤྱིའི་ཁྱད་པར་ཡོད་དོ་ཞེས་ཤེས་པར་བྱའོ། །དེ་ལ་དྲོད་(ཀྱི་ཡོན་ཏན་)ཐོབ་པ་ནི་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ལ། ཐར་པ་ཆ་མཐུན་དང་གཉིས་ཀྱི་ཁྱད་པར་ནི་བར་ཆད་བྱེད་པ་མེད་ན་བདེན་པ་མཐོང་བ་ལ་ཆོས་ཉེ་བ་ཡིན་ཏེ། (ཚེ་འདི་ལ་བདེན་པ་མཐོང་བ་སྲིད་པའི་ཕྱིར་རོ། །)རྩེ་མོ་ཐོབ་པ་དག་ནི་ཡོངས་སུ་ཉམས་ཀྱང་དགེ་བའི་རྩ་བ་ཀུན་ཏུ་མི་ཆད་པ་ཡིན། (ཏེ་དཀོན་མཆོག་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པས་རྟེན་ལྷག་པའི་ཕྱིར་རོ། །)དེ་ནི་ངན་སོང་དུ་ཡང་འགྲོ་བ་སྲིད་ལ་མཚམས་མེད་པ་བྱེད་པ་དག་ཀྱང་སྲིད་དོ། །བཟོད་པ་ཐོབ་པ་ནི་རྣམ་པར་ཉམས་ཀྱང་ངན་སོང་གསུམ་དུ་མི་འགྲོ་སྟེ། དེར་འགྲོ་བའི་རྒྱུ་ལས་དང་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །དེ་ལྟར་ན་འགྲོ་བ་གསུམ་དང་། དེས་མཚོན་ནས་སྒོ་ང་དང་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གཉིས་དང་། འདུ་ཤེས་མེད་པའི་སེམས་ཅན་དང་བྱང་གི་སྒྲ་མི་སྙན་དང་ཚངས་པ་ཆེན་པོ་སྟེ་སྐྱེ་བ་གསུམ་དང་། ཟ་མ་དང་མ་ནིང་དང་མཚན་གཉིས་པ་སྟེ་ལུས་གསུམ་དང་། བརྒྱད་པ་ཕན་ཆད་ལ་སོགས་པའི་སྲིད་པ་དང་། མཐོང་སྤང་གི་ཉོན་མོངས་པ་སྟེ། འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་དང་ལུས་དང་སྲིད་པ་དང་ཉོན་མོངས་པ་(འདི་དག་ལ་སོ་སོར་བརྟགས་མིན་ཐོབ་པས་དེ་དག་)མི་སྐྱེ་བའི་ཆོས་ཉིད་དྲུག་འཐོབ་པའི་ཕྱིར་རོ། །
དེ་ཡང་བཟོད་པ་ཆུང་ངུ་དང་འབྲིང་པོས་ནི་ངན་སོང་གི་འགྲོ་བར་མི་སྐྱེ་བ་འཐོབ་ལ། ཆེན་པོས་ནི་ཐམས་ཅད་མི་སྐྱེ་བའི་ཆོས་ཉིད་འཐོབ་མོད་ཀྱི་རྩ་བར་ནི་ངན་སོང་དུ་མི་འགྲོ་བ་གཅིག་བུ་སྨོས་སོ། །དེ་ལ་སྤྱིར་རིགས་གསུམ་ཡོད་པ་ལས་དང་པོ་སྲིད་པ་ཐ་མ་པའི་བར་དུ་སློབ་དཔོན་ལ་སློབ་པ་ལ་ལྟོས་པས་སློབ་མ་ཉན་ཐོས་ཀྱི་རིགས་ནི་དྲོད་རྩེ་གཉིས་ཐོབ་པ་དག་ཀྱང་ཉན་ཐོས་ལས་བཟློག་ནས་ནི་སངས་རྒྱས་སུ་འགྱུར་བ་སྲིད་ཀྱི་བཟོད་པ་ཐོབ་ནས་ནི་སངས་རྒྱས་ཀྱི་རིགས་སུ་འགྱུར་བ་མི་སྲིད་དེ། བཟོད་པ་ཐོབ་པ་ནས་ངན་སོང་དུ་མི་འགྲོ་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དོན་དུ་ངན་སོང་དུ་འགྲོ་བའི་ཕྱིར་རོ། །ཉན་ཐོས་ཀྱི་རིགས་དེ་ཉིད་སངས་རྒྱས་ལས་གཞན་པ་རང་སངས་རྒྱས་སུ་ནི་ཆོས་མཆོག་མ་གཏོགས་པ་གསུམ་ཡང་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་ཀྱང་འགྱུར་ཏེ། དེ་ནི་(རང་དོན་གཙོ་ལས་)གཞན་དོན་དུ་ཡང་ངན་སོངདུ་མི་འགྲོ་བའི་ཕྱིར་རོ། །ཆོས་མཆོག་ལས་ནི་རང་སངས་རྒྱས་སུ་ཡང་མི་འགྱུར་ཏེ། དེ་ནི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར་དང་། དེའི་དེ་མ་ཐག་པར་མཐོང་ལམ་སྐྱེ་བས་དེ་ནས་རིགས་ངེས་པའི་ཕྱིར་རོ། །རང་རྒྱལ་དང་སངས་རྒྱས་ཀྱི་རིགས་གཉིས་ནི་གཞན་དུ་བཟློག་པར་མི་ནུས་ཏེ། སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་(ཀྱི་ལམ་)ནི་སྐྱོན་བརྒྱད་ལས་གྲོལ་བས་ཏིང་ངེ་འཛིན་མི་གཡོ་བ་དང་དབང་པོ་རྣོ་བས་གསལ་ཞིང་སྦྱངས་བས་ངེས་འབྱེད་ཆ་མཐུན་ནམ་མི་སྡུག་པ་ནས་གཟུང་སྟེ་བྱང་ཆུབ་ཟད་མི་སྐྱེ་ཤེས་པའི་བར་གྱི་ལམ་ཀུན་བསམ་གཏན་གྱི་ཡ་མཐའ་བཞི་པ་ལ་བརྟེན་ནས་སྟན་གཅིག་ཁོ་ན་ལ་བསྐྱེད་པའི་ཕྱིར་ཏེ། དེ་ལ་ནི་བར་སྐབས་(དེར་ཤེས་པ་མི་མཐུན་པ་མི་འབྱུང་བ་དང་རང་གི་འབྲས་བུ་དེ་མ་ཐག་ཏུ་ཐོབ་པས་སྒྱིད་ལུག་པ་)མེད་པས་རིགས་གཞན་དུ་(ཐེག་པ་འོག་མར་)འགྱུར་བ་མི་རིགས་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །
དེའི་ཕྱིར་ཉན་ཐོས་ནི་ཆོས་མཆོག་ནས་ཕྱིར་མི་ལྡོག་པ་དང་། རང་སངས་རྒྱས་བསེ་རུ་ལྟ་བུ་དང་སངས་རྒྱས་ནི་སྦྱོར་ལམ་མམ་ཚོགས་ལམ་ནས་ཕྱིར་མི་ལྡོག་པ་ཡིན་ལ། ཆོས་མངོན་པ་བ་གང་དག་གི་ལྟར་ན་བསེ་རུ་ལྟ་བུ་ལས་གཞན་པ་ཚོགས་ཤིང་སྤྱོད་པའི་རང་སངས་རྒྱས་ཀྱང་ཡོད་པར་འདོད་པ་དེ་དག་གི་ལྟར་ན་ནི་ཉན་ཐོས་ལྟར་དྲོད་རྩེ་གཉིས་ཐོབ་ནས་ཀྱང་རང་སངས་རྒྱས་ཀྱི་རིགས་ལས་བཟློག་ནས་སངས་རྒྱས་སུ་འགྱུར་བ་སྲིད་དེ། དེའི་ལམ་བགྲོད་ཚུལ་ནི་ཉན་ཐོས་དང་མཚུངས་པའི་ཕྱིར་རོ། །བསེ་རུ་ལྟ་བུའི་རིགས་ཁོ་ན་བསྒྱུར་བར་མི་ནུས་པར་དམིགས་ཀྱིས་བཀར་བའི་ཕྱིར་རོ། །དེས་ན་འདི་ནི་ཉན་ཐོས་སྔོན་དུ་འགྲོ་བའི་རང་སངས་རྒྱས་ཏེ་སྔར་ངེས་འབྱེད་ཆ་མཐུན་བསྐྱེད་པ་ཞིག་ཡིན་ནོ་ཞེས་སློབ་དཔོན་གང་སྤེལ་འཆད་དེ་དེ་དག་ནི་སྡེ་པ་དག་གི་ལུགས་སོ། །ཐེག་པ་གོང་མ་པ་དག་ནི་དེ་ལས་གཞན་དུ་འཆད་དེ་འདིར་ནི་སྐབས་མ་ཡིན་པས་ཁོ་བོས་མ་བཤད་དོ། །
སྦྱོར་བའི་ལམ་དེ་ཡང་རྒྱུ་གང་ལས་ཤེས་ན། སྦྱོར་བའི་ལམ་དེའི་སྔོན་དུ་ནི་ངེས་པར་ཐར་པའི་ཆ་དང་མཐུན་པའི་དགེ་བ་འགྲོ་བ་ཡིན་ནོ། །དེ་ནས་ཇི་སྲིད་ན་ཐར་ཞེ་ན། ཐམས་ཅད་པས་ཤིན་ཏུ་མྱུར་བ་ནི་སྲིད་པ་གསུམ་གྱིས་ཐར་ཏེ་ས་བོན་འདེབས་པ་དང་། མྱུ་གུ་སྐྱེ་བ་དང་འབྲས་བུའི་ཆགས་པ་ལྟར་སྐྱེ་བ་དང་པོ་ལ་ཐར་པའི་ཆ་མཐུན་དང་གཉིས་པ་ལ་ངེས་འབྱེད་ཆ་མཐུན་དང་གསུམ་པ་ལ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམས་སྐྱེད་པར་བྱེད་དེ། འགྲེལ་པ་ལས་ཀྱང་། ཆོས་ཉིད་འདི་ལ་ནི་རྒྱུད་རིམ་གྱིས་འཇུག་པ་དང་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བར་འགྱུར་རོ་ཞེས་འབྱུང་སྟེ། དེ་ལ་འཇུག་པ་(དང་སྨིན་པ་དང་གྲོལ་བ་)ལ་སོགས་པ་ནི་རིམ་པ་ལྟར་ཐར་པའི་ཆ་མཐུན་དང་ངེས་འབྱེད་ཆ་མཐུན་དང་འཕགས་པའི་ལམ་ཡིན་པའི་ཕྱིར་རོ། །དེ་ཡང་དབང་པོ་རྣོན་པོ་བརྩོན་པ་དང་ལྡན་པ་རྣམས་ཀྱི་དབང་དུ་བྱས་ཀྱི་གཞན་དག་གིས་ནི་མ་ངེས་པའི་ཕྱིར་རོ། །དེ་བས་ཀྱང་ཤིན་ཏུ་མྱུར་བ་གང་ཞིག་གི་ཚེ་སྔ་མ་ལ་ཐར་པའི་ཆ་མཐུན་གྱི་ཚོགས་བསགས་པ་དེ་ནི་(དེའི་ཕྱི་མ་ལ།) ཚེ་གཅིག་ཁོ་ན་ལས་ངེས་འབྱེད་ཆ་མཐུན་དང་འཕགས་པའི་ལམ་སྐྱེད་པར་བྱེད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་ཚེ་གཉིས་ལའང་ཐར་པར་ཊཱིཀ་རྒྱལ་སྲས་མ་ལས་བཤད་དེ། ལུང་ལས་ཀྱང་འདི་ཉིད་མང་དུ་གསུངས་ཤིང་། དངོས་གཞིས་དེ་ཉིད་ལ་བདེན་མཐོང་ཞེས་པ་དང་མཐུན་པས་དེ་ཉིད་རིགས་སོ་ཞེས་གསུང་ངོ་། །ཉན་ཐོས་ཀྱི་ས་ལས་ནི་སྔ་མ་དང་མཐུན་པར་བཤད་དོ། །
ཐར་པའི་ཆ་མཐུན་དེ་ཡང་ཐོས་པ་དང་བསམ་པ་ལས་བྱུང་བ་ཡིན་གྱི་བསྒོམས་པ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་རྣམ་གཡེང་གི་ས་པ་ཡིན་པའི་ཕྱིར་རམ། ཡང་ན་ཕྱི་རོལ་པའི་སྒོམ་བྱུང་(བསོད་ནམས་ཀྱི་ཆའི་སྒོམ་བྱུང་ནི་)ཐར་ཆར་མི་རུང་ཞིང་། ནང་བའི་ད་དུང་མ་སྐྱེས་པའི་ཕྱིར་རོ། །དགེ་བ་དེ་ཡང་ཡིད་གཙོར་གྱུར་པའི་སྒོ་གསུམ་གྱི་ལས་གསུམ་ཡིན་ནོ། །དེའི་ཚད་ནི་མ་ངེས་ཏེ། འགྲེལ་པ་ལས། ལ་ལ་ཞིག་གིས་ཟས་འགའ་ཙམ་བྱིན་ནས་སམ་བསླབ་པ་འགའ་ཙམ་ཡང་མནོས་ནས་ཐར་པ་འདོད་པའི་སྟོབས་བསྐྱེད་པས་ཐར་པའི་ཆ་དང་མཐུན་པ་འཕེན་པར་འགྱུར་རོ་ཞེས་པ་དང་། སློབ་དཔོན་གང་སྤེལ་གྱིས་ཀྱང་གང་ཞིག་ལ་བསམ་པ་ཐག་པ་ནས་འཁོར་བ་(དེ་ཡང་ཐར་པ་ཐོབ་པར་བྱ་སྙམ་པའི་དགེ་བ་ནི་ཡིད་གཙོ་བས། དེས་ཀུན་ནས་བསླང་བའི་ལུས་ངག་གིས་ལས་ཀྱང་ཐར་ཆར་འགྱུར་རོ། །)འདོར་བའི་བློ་དང་མྱ་ངན་ལས་འདས་པ་ལ་མོས་པ་འཇུག་པ་ཡོད་པ་དེས་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་བསམས་པ་ལས་བྱུང་བ་ཉུང་ཟད་ཀྱིས་ཀྱང་ཐར་པའི་ཆ་དང་མཐུན་པ་འཕེན་གྱི་དེ་ལས་བཟློག་པས་ནི་མང་པོས་ཀྱང་མི་འཕེན་ནོ་ཞེས་པ་དང་། སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་འདི་ནི་ཆུང་ངུ་ཟིན་ཀྱང་ཐར་པ་འདོད་པའི་སྟོབས་བསྐྱེད་པས་ཐར་པའི་ཆ་དང་མཐུན་པ་འཕེན་པར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ། །
ངེས་ཚིག་ནི་ཐར་པ་མྱ་ངན་ལས་འདས་པ་ཡིན་ཞིང་དེའི་ཆ་ནི་དེ་འཐོབ་བྱེད་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡིན་ལ་དེ་ལ་ཕན་པས་ན་དེ་སྐད་ཅེས་བྱའོ། །དགེ་བ་དེ་ནི་གླིང་གསུམ་གྱི་མིའི་ནང་ཁོ་ན་ནས་དང་པོ་འཕེན་པར་བྱེད་ཀྱི་ལྷ་རྣམས་ལ་ཤེས་རབ་ཡོད་ཀྱང་སྐྱོ་བ་ཤས་ཆུང་ཞིང་ངན་སོང་བ་ལ་སྐྱོ་བ་ཡོད་ཀྱང་ཤེས་རབ་མི་གསལ་ལ་སྒྲ་མི་སྙན་པ་ལ་གཉིས་ཀ་མེད་པའི་ཕྱིར་མི་འཕེན་ནོ། །
འོ་ན་སྦྱོར་ལམ་གྱི་མཉམ་གཞག་གི་བློ་དེ་ཆོས་ཀྱི་དབྱིངས་ལ་བློའི་རིགས་ཅི་ཡིན་ཞེ་ན། ཁ་ཅིག་གིས་རྣལ་འབྱོར་མངོན་སུམ་དང་། ཁ་ཅིག་གིས་ཡིད་ཀྱིི་མངོན་སུམ་དུ་འདོད་པ་ནི་མི་རིགས་ཏེ། དེ་དག་གི་མཚན་ཉིད་མེད་པའི་ཕྱིར་དང་། བདེན་པ་མཐོང་བ་དང་། ཟག་པ་མེད་པ་ཡེ་ཤེས་སུ་ཐལ་བའི་ཕྱིར་དང་། རྒྱུད་བླ་མ་ལས། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག། བདེན་པ་མཐོང་བ་བཟློག་པ་སྟེ། །ཞེས་པ་དང་། དབུས་མཐའ་ལས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག། ཅེས་པ་དང་། མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཞེས་གསུངས་པ་དང་འགལ་པའི་ཕྱིར། །གང་ཡང་བརྒྱད་སྟོང་པའི་འགྲེལ་པ་ལས་གསལ་སྣང་ཡོད་པར་བཤད་པ་དེ་ཡང་ངེས་པར་རྟོག་པའི་དབང་དུ་བྱས་གསུངས་པ་ཡིན་ནོ། །(ཁ་ཅིག་གིས་ཤེས་རབ་གསུམ་གྱིས་གོམས་པར་བྱས་པའི་རང་རིག་མངོན་སུམ་ཡིན་ཏེ། དཔེར་ན་འདོད་ཆགས་ལ་སོགས་པ་གོམས་པའི་རང་རིག་བཞིན་ནོ་ཞེས་འདོད་དོ། །)དེའི་ཕྱིར་འདི་ནི་ཆོས་ཀྱི་དབྱིངས་ལ་སྔར་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོགས་པའི་དོན་ཇི་ལྟ་བར་དྲན་པ་ཉིད་ཡིན་ལ། སྦྱི་ལ་ཕྱི་རོལ་ཏུ་རློམ་པའི་ཆ་ནས་ནི་ལོག་ཤེས་ཉིད་ཡིན་ནོ། །ཁ་ཅིག་གིས་བཅད་ཤེས་དང་། ཁ་ཅིག་གིས་ཡིད་དཔྱོད་དུ་འདོད་པ་ལའང་འགལ་བ་མེད་དེ། དྲན་པ་ཡང་དག་བཅད་ཤེས་ཀྱི་ནང་དུ་བསྡུས་པའི་ཕྱིར་དང་། དམིགས་རྣམ་སྔར་མ་གཏོགས་པ་ལ་མོས་པ་ཡིད་ལ་བྱེད་པའི་ཕྱིར་རོ། །སྤངས་རྟོགས་ཀྱི་ཁྱད་པར་ལ་སོགས་ལ་ནི་བཤད་ཟིན་ལ། ཐེག་པ་ཆེན་པོའི་རྣམ་བཞག་ནི་འདིར་མི་འདོད་པ་ཉིད་དོ། །མཐོང་བའི་ལམ་བཤད་པ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་ཡེ་ཤེས་ལས་ནི་ཆོས་ཤེས་ཀྱི་བཟོད་པ་ཟག་པ་མེད་པའི་ཡེ་ཤེས་སྐྱེའོ། །ཆོས་བཟོད་དེ་གང་ལ་དམིགས་ཤེ་ན། ཆོས་མཆོག་དང་འདྲ་བར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་(ནས་སྲེད་པ་སྤྱོད་པ་ལ་སོགས་པའི་གང་ཟག་གི་བྱེ་བྲག་གིས་རྣམ་པ་བཞི་པོ་གང་རུང་)པ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། སྡུག་བསྔལ་གྱི་ཆོས་ཉིད་ཤེས་ཤིང་དེ་ལ་མི་སྐྲག་པའི་ཕྱིར་རོ། །ཡང་ན་འབྲས་བུ་ཆོས་ཤེས་པའི་རྒྱུ་ཡིན་པས་ན་འབྲས་བུས་མཚོན་ནས་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ་མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །དེ་སྐྱེས་ན་འཕགས་པའི་གང་ཟག་དང་། ཡང་དག་པ་མྱང་འདས་ཉིད་དུ་ངེས་པར་འགྲོ་བས་ན་ངེས་པར་འཇུག་པ་ཞེས་ཀྱང་བྱའོ། །(འདི་མ་འོངས་པ་སྐྱེ་བཞིན་པས་ནི་སོ་སྐྱེ་ཟློག་པར་བྱེད་པའི་ཕྱིར་)དེའི་ཕྱིར་དེ་ནི་སོ་སོའི་སྐྱེ་བོ་བཟློག་པར་བྱེད་པ་ཞེས་ཀྱང་བྱའོ། །
ཁ་ཅིག་ན་རེ་སོ་སོའི་སྐྱེ་བོ་ནི་འཇིག་རྟེན་ཆོས་མཆོག་གིས་བཟློག་པར་བྱེད་དེ་ཞེས་ཟེར་ཏེ། དེའི་ལྟར་ན་ཆོས་མཆོག་སོ་སོའི་སྐྱེ་བོ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཁ་ཅིག་ན་རེ་ཆོས་མཆོག་དང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་སོ་སོའི་སྐྱེ་བོ་ཟློག་པ་ལ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་དང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་ཟེར་ཏེ། རྣམ་པ་འགལ་བ་ཙམ་ཡིན་པའི་ཕྱིར་རྗེས་སུ་མཐུན་པའི་སྒྲ་སྦྱར་ཏེ་དོན་དུ་ན་སོ་སོའི་སྐྱེ་བོ་ནི་སྒོམ་སྤང་ཡིན་པས་མཐོང་ལམ་གྱིས་ནི་སྤོང་བ་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ་ཞེས་འཆད་མོད་ཀྱི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ནི་ཆོས་མཆོག་གིས་སྤོང་ཡང་སོ་སོའི་སྐྱེ་བོ་མ་ཡིན་པར་ཐལ་བའི་ཉེས་པ་མེད་དེ། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །ཞེས་འབྱུང་བས་ཆོས་མཆོག་གིས་སྤོང་བཞིན་པ་ཡིན་གྱི་སྤངས་ཟིན་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་སྒོམ་སྤང་ཡིན་ཀྱང་ངན་སོང་སྐྱེད་བྱེད་ཀྱི་ལས་རྐྱེན་མ་ཚང་བས་མཐོང་ལམ་ཐོབ་པ་ན་འགག་པ་ལྟར་ཆོས་བཟོད་སྐྱེ་བཞིན་པ་ན་རྐྱེན་མ་ཚང་བས་སོ་སོའི་སྐྱེ་བོའི་ཐོབ་པ་ཆད་པས་སྤོང་སྟེ། དེ་ལྟ་མ་ཡིན་ན་མཐོང་ལམ་པ་འཕགས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་འདིའི་དོན་ནི་འགྲེལ་པ་ལས་མ་འོངས་པས་ནི་སོ་སོའི་སྐྱེ་བོ་ཉིད་ཟློག་པར་བྱེད་དོ། །མ་འོངས་པ་དེའི་བྱ་བ་ནི་དེ་ཁོ་ན་ཡིན་པར་ཁས་ལེན་གྱི་གཞན་ནི་མ་ཡིན་ཏེ། མར་མེ་དང་སྐྱེ་བ་བཞིན་ནོ་ཞེས་པ་དང་། སློབ་དཔོན་གང་སྤེལ་གྱིས་ཀྱང་མ་འོངས་པ་བྱེད་པ་དང་ལྡན་པ་ནི་གསུམ་སྟེ། སྐྱེ་བ་དང་མར་མེ་དང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཇི་ལྟར་སྐྱེ་བཞིན་པའི་མར་མེས་མུན་པ་སེལ་ཞིང་འགག་བཞིན་པས་སྡོང་བུ་དང་མེར་སྲེག་པ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བཞིན་པས་སོ་སོའི་སྐྱེ་བོོ་ཉིད་སྤོང་ལ་འགག་བཞིན་པས་ཕྲ་རྒྱས་བཅུ་སྤོང་ངོ་ཞེས་པ་དང་། སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་འཕགས་པའི་ཆོས་མ་ཐོབ་པ་ནི་སོ་སོའི་སྐྱེ་བོོ་ཡིན་ལ། དེ་ནི་འཕགས་པའི་ཆོས་ཐོབ་པ་ན་རྣམ་པར་ཉམས་པའི་སྒོ་ནས་ཐོབ་པ་ཆད་པས་ལྡོག་གིཉོན་མོངས་པ་ཅན་མ་ཡིན་པས་གཉེན་པོས་དངོས་སུ་སྤངས་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ཅན་གཟུགས་མིན་ནི། གཉེན་པོ་སྐྱེ་པས་རྣམ་ཉམས་འགྱུར་ཞེས་འབྱུང་བས་ཉོན་མོངས་ཅན་མ་ཡིན་ན་གཉེན་པོ་སྐྱེས་པས་སྤང་བ་ཡིན་པ་ལ་འདི་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །འོ་ན་རྣམ་པར་ཉམས་པ་དང་སྤངས་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་ནི་རྐྱེན་མ་ཚང་བ་ཙམ་གྱིས་ཐོབ་པ་ཆད་པ་ཡིན་ལ། གཉིས་པ་ནི་གཉེན་པོ་སྐྱེས་པས་སྤངས་པ་ཡིན་ནོ། །དེས་ན་ཐོབ་པ་ཆད་པ་སོ་སོའི་སྐྱེ་བོ་དང་མི་ལྡན་པའི་ཕྱིར་ཆོས་བཟོད་ཀྱི་གནས་སྐབས་ན་འཕགས་པ་ཁོ་ན་ཡིན་གྱི་སོ་སོའི་སྐྱེ་བོ་ནི་མ་ཡིན་ནོ་ཞེས་བཤད་པས་སྡུག་བསྔལ་ལ་ཆོས་བཟོད་སྐྱེ་བཞིན་པ་ན་སོ་སོའི་སྐྱེ་བོའི་བརྟགས་མིན་ཐོབ་པས་སྤངས་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་དེ་ནས་ནི་འདོད་པའི་སྡུག་བསྔལ་དེ་ཉིད་ལ་དམིགས་པའི་ཆོས་ཤེས་པའི་ཡེ་ཤེས་སྐྱེའོ། །འདི་ནི་དང་པོར་འདོད་པའི་ཆོས་ཀྱི་དེ་ཉིད་ཤེས་པ་ན་ཆོས་ཤེས་པ་ཡིན་གྱི་བཟོད་པ་ནི་མ་ཡིན་ཏེ། སྔར་གྱི་ཡེ་ཤེས་ཀྱིས་སྐྲག་པ་བཅོམ་ཟིན་པའི་ཕྱིར་རོ། །ཇི་ལྟར་འདོད་པའི་སྡུག་བསྔལ་ལ་དམིགས་པའི་བཟོད་ཤེས་ཟག་མེད་སྐྱེ་བ་དེ་བཞིན་དུ་སྡུག་བསྔལ་ཆོས་ཤེས་ཀྱི་མཇུག་ཐོགས་སུ་འདོད་པའི་སྡུག་བསྔལ་གྱི་ལྷག་མ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པ་སྐྱེའོ། །
ཡེ་ཤེས་དེ་དག་ནི་ཆོས་ཤེས་པའི་རྗེས་སུ་སྐྱེས་པའི་ཕྱིར་རྗེས་སུ་ཤེས་པ་དང་། གོང་མའི་སྡུག་བསྔལ་གྱི་ཆོས་ཉིད་ལ་མི་སྐྲག་པའི་ཕྱིར་བཟོད་པ་དང་། སྐྲག་པ་བཅོམ་ཟིན་ལ་འཇུག་པའི་ཕྱིར་ཤེས་པ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་ཡེ་ཤེས་བཞི་སྐྱེ་བ་ཇི་ལྟ་བ་བཞིན་དུ་ཀུན་འབྱུང་ལ་སོགས་པའི་བདེན་པ་གསུམ་ལའང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་བདེན་པ་མངོན་པར་རྟོགས་པའི་ལམ་འདི་ནི་སེམས་ཀྱི་སྐད་ཅིག་མ་(ཟག་མེད་)བཅུ་དྲུག་གོ། མངོན་པར་རྟོགས་པ་ཞེས་བྱ་བ་ནི་མངོན་སུམ་དུ་མཐོང་བའོ། །འདིར་དཔྱད་པ་འདི་ཡོད་དེ་བདེན་པ་རྣམས་ཅིག་ཅར་རྟོགས་སམ། འོན་ཏེ་རིམ་གྱིས་ཡིན། དང་པོ་ལྟར་ན་བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན་སྤང་བྱ་རིམ་གྱིས་སྤོང་བར་འགྱུར་ན་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། འཇིགས་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག་ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། འཕགས་པ་གནས་བརྟན་པ་དང་ཆོས་སྲུང་བའི་སྡེ་པ་ལ་སོགས་པ་རྣམས་ན་རེ་བདེན་པ་ནི་ཅིག་ཅར་མངོན་པར་རྟོགས་ཏེ། ཡེ་ཤེས་ཀྱི་རྣམ་པ་བཅུ་དྲུག་བཤད་པ་ནི་བདེན་པ་བཞི་ལ་ཆོས་ཀྱི་རྣམ་པ་བཅུ་དྲུག་བཤད་པའི་དབང་དུ་མཛད་པ་ཡིན་ཏེ། གཞན་དུ་ན་སྔར་སྨོས་པའི་མདོ་དང་འགལ་བའི་ཕྱིར་རོ་ཞེས་འདོད་དོ། །འདི་ལ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པ་རྣམས་ནི་བདེན་པ་མངོན་པར་རྟོགས་པ་ནི་བཅུ་དྲུག་རིམ་གྱིས་རྟོགས་པ་ཡིན་གྱི་ཅིག་ཅར་ནི་མ་ཡིན་ནོ། །གལ་ཏེ་བདེན་བཞི་ཅིག་ཅར་མངོན་པར་རྟོགས་ན་ཞུགས་པ་དང་གནས་པའི་རྣམ་གཞག་མི་རུང་བར་ཐལ་བའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་དཔེ་དང་བཅས་པའི་མདོ་གསུམ་གསུངས་པ་དང་འགལ་བའི་ཕྱིར་རོ། །
དེ་ལ་མདོ་དང་པོ་ནི་ཡང་དག་པར་ལྡན་པའི་མདོ་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཙུན་པ་ཅི་ལགས། འཕགས་པའི་བདེན་པ་བཞི་པོ་མཐར་གྱིས་མངོན་པར་རྟོགས་སམ། འོན་ཏེ་མངོན་པར་རྟོགས་པ་གཅིག་ལགས་ཞེས་ཞུས་པ་དང་། ཁྱིམ་བདག་འཕགས་པའི་བདེན་པ་བཞི་ནི་མཐར་གྱིས་མངོན་པར་རྟོགས་ཀྱི་མངོན་པར་རྟོགས་པ་གཅིག་པ་ནི་མེད་དོ། །ཁྱིམ་བདག་གང་ཞིག་འདི་སྐད་དུ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ་ཞེས་བྱ་བ་ནས་རྒྱས་པར་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ། །ཞེས་བྱ་བའི་བར་དུ་སྨྲ་ན་དེ་སྐད་དུ་ནི་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་འདི་ནི་གནས་ཡོད་ཅིང་གོ་སྐབས་ཡོད་དོ་ཞེས་བྱ་བ་ནས། དེ་བཞིན་དུ་བདེན་པ་གཞན་ལའང་སྦྱར་ནས་དཔེ་ནི་ཁང་པ་བརྩེགས་མའམ་ཁང་པ་བརྩེགས་པ་ཆེན་པོའི་རྨང་དང་རྩིག་པ་དང་ཕྱམ་སོ་དང་གཡོགས་མ་རྣམས་སྔ་མ་སྔ་མ་ལ་རྐང་པ་མ་བཞག་པར་ཕྱི་མ་ཕྱི་མ་ལ་རྐང་པ་གཞག་པར་བྱ་བའི་གནས་མེད་ཅིང་གོ་སྐབས་མེད་པ་དང་། སྔ་མ་སྔ་མ་ལ་བཞག་ནས་ཕྱི་མ་ཕྱི་མ་ལ་གཞག་པའི་གནས་དང་གོ་སྐབས་ཡོད་པའི་སྒོ་ནས་གསུངས་སོ། །མདོ་གཉིས་པ་ནི་དགེ་སློང་ཞིག་ལ་དོན་སྔ་མ་བཞིན་ལ་དཔེ་ནི་བང་རིམ་བཞི་པའི་ཐེམ་སྐས་ལ་འཛེག་པའི་སྒོ་ནས་གསུངས་སོ། །
མདོ་གསུམ་པ་ནི་འཕགས་པ་ཀུན་དགའ་བོ་ལ་དོན་སྔ་མ་བཞིན་ལ་དཔེ་ནི་གདོང་བུ་བཞི་པའི་སྐས་ལ་འཛེགས་ཏེ་ཁང་བཟང་གི་སྟེང་དུ་འཛེག་པའི་དཔེའི་སྒོ་ནས་གསུངས་པ་ཡིན་ནོ། །བདེན་པ་ཅིག་ཅར་མངོན་པར་རྟོགས་པར་གསུངས་པ་ནི་བྱ་བའི་མངོན་པར་རྟོགས་པ་གཅིག་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། སྡུག་བསྔལ་མཐོང་བ་ན་དེའི་ཀུན་འབྱུང་སྤང་ཞིང་འགོག་པ་མངོན་དུ་བྱེད་ལ་དེ་དག་ཀྱང་ལམ་གོམས་པས་ཡིན་པའི་ཕྱིར་རོ། །འདིར་རིམ་གྱིས་མངོན་པར་རྟོགས་པ་ནི་མཐོང་བའི་མངོན་པར་རྟོགས་པ་ཡིན་ནོ། །འོ་ན་མངོན་པར་རྟོགས་པ་དུ་མ་ཡོད་དམ་ཞེ་ན། མངོན་པར་རྟོགས་པ་དེ་ནི་རྣམ་པ་གསུམ་སྟེ། མཐོང་བའི་མངོན་པར་རྟོགས་པ་དང་། དམིགས་པའི་མངོན་པར་རྟོགས་པ་དང་། བྱ་བའི་མངོན་པར་རྟོགས་པ་ཞེས་བྱ་བའོ། །
དེ་ལ་དང་པོ་ནི་ཟག་མེད་ཀྱིས་ཤེས་རབ་ཀྱིས་བདེན་བཞིའི་རྣམ་པ་བཅུ་དྲུག་མངོན་སུམ་དུ་མཐོང་བ་སྟེ། མདོ་ལས། དགེ་སློང་དག་ཟག་པ་མེད་པའི་ཤེས་རབ་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་མཐོང་བའོ་ཞེས་འབྱུང་བས་ཤེས་རབ་ཉིད་མཐོང་བ་ཡིན་ནོ། །གཉིས་པ་ནི་ཤེས་རབ་མཚུངས་ལྡན་(གྱི་སེམས་སེམས་བྱུང་)དང་བཅས་པའོ། །གསུམ་པ་ནི་ཤེས་རབ་མཚུངས་ལྡན་དང་བཅས་པ་དང་། ལྡན་པ་མ་ཡིན་པ་ཚུལ་ཁྲིམས་དང་མཚན་ཉིད་དང་ཐོབ་པ་ལ་སོགས་པ་དག་ཀྱང་ཡིན་ཏེ། དེ་དག་གིས་སྡུག་བསྔལ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་རྒྱུད་ལ་བསྟེན་པའི་བྱ་བ་བཞི་པོ་བྱེད་པའི་ཕྱིར་རོ་ཞེས་བྱ་བར་འདོད་དོ། །དེས་ན་ཤེས་རབ་གསུམ་ཆར་དང་། ཤེས་རབ་ལས་གཞན་པའི་མཚུངས་ལྡན་རྣམས་ནི་ཕྱི་མ་གཉིས་དང་། ཤེས་རབ་དང་ལྷན་ཅིག་པའི་མཚུངས་ལྡན་མ་ཡིན་པ་རྣམས་ནི་ཐ་མ་ཁོ་ནའོ། །མངོན་པར་རྟོགས་པ་བཅུ་དྲུག་པོ་དེ་དག་ནི་ཆོས་མཆོག་དང་ས་གཅིག་ཅིང་ཆོས་མཆོག་ནི། མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ་ཞེས་འབྱུང་བའི་ཕྱིར་འདི་དག་ཀྱང་ས་དྲུག་ལ་རྟེན་པ་ཡིན་ནོ། །(བཟོད་འབྲིང་མན་ཆད་ནི་བསམ་གཏན་ལ་རྟེན་ཡང་བྱེ་བྲག་གི་ས་མི་མཚུངས་པ་སྲིད་དོ། །བཅུ་དྲུག་ཏུ་གྲངས་ངེས་པ་ནི་)བཅུ་དྲུག་པོ་དེའི་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་པོ་དེ་དག་ནི་གོ་རིམ་བཞིན་དུ་(ཉོན་མོངས་ཀྱི་ཐོབ་པ་གཅོད་པས་)རྐུན་པོ་འབྱིན་པ་ལྟར་སྤང་བྱ་ལ་གནོད་པ་བྱེད་པ་ལ་གཞན་གྱིས་བར་ཆད་བྱ་བར་མི་ནུས་པའི་ཕྱིར་དང་། སྒོ་འཕར་གཅོད་པ་ལྟར་སྤང་བྱ་ལས་རྒྱལ་བའི་བྲལ་ཐོབ་དང་ལྷན་ཅིག་སྐྱེ་བའི་ཕྱིར་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་ཡིན་ནོ། །སྐད་ཅིག་མ་ཡང་ཤེས་བྱ་ལ་ཤེས་པ་སྐྱེ་བའི་བྱ་བ་རྫོགས་པའི་སྐད་ཅིག་ཡིན་གྱི་དུས་མཐའི་སྐད་ཅིག་མ་ནི་མ་ཡིན་ཏེ། ཀུན་ལས་བཏུས་ལས། སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ་ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ཆོས་མཆོག་ཉིད་མཐོང་སྤང་ལ་གནོད་བྱེད་ཡིན་པར་འདོད་པ་ལ་ནི་ཆོས་མཆོག་བར་ཆད་མེད་པའི་ལམ་དང་མཐོང་ལམ་རྣམ་གྲོལ་གྱི་ལམ་འབའ་ཞིག་པར་ཐལ་བའི་སྐྱོན་ཡོད་དོ། །གང་དག་ཤེས་པ་ཐམས་ཅད་སྒོམ་ལམ་དུ་འདོད་པ་དེ་དག་ལའང་མཐོང་ལམ་སྐད་ཅིག་བཅོ་ལྔ་མ་ཡིན་པར་འགྱུར་རོ། (གལ་ཏེ་བཟོད་པས་ཉོན་མོངས་སྤོང་ན་བསྟན་བཅོས་ལས་ཀུན་སྦྱོར་ནི་དགུ་སྟེ། ཆོས་ཤེས་པས་སྤང་བར་བྱ་བ་བཞི་དང་། རྗེས་སུ་ཤེས་པས་སྤང་བར་བྱ་བ་བཞི་དང་། སྒོམ་པས་སྤང་བར་བྱ་བའོ་ཞེས་པ་དང་འགལ་ཞེ་ན། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པས་བཟོད་པས་སྤང་བྱ་ལ་ཤེས་པའི་སྤང་བྱར་བཤད་དེ་འཁོར་གྱིས་བཅོམ་པ་ལ་རྒྱལ་པོོས་བཅོམ་ཞེས་པ་བཞིན་ནོ། །སྒོམ་སྤང་ནི་ཤེས་པ་ཁོ་ནས་ཏེ། དེ་ལ་བར་ཆད་མེད་ལམ་ཡང་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །)། གང་དག་འདིར་ཐེག་པ་གོང་མའི་མཐོང་ལམ་གྱི་རྣམ་གཞག་དུ་མ་འཆད་པ་དེ་དག་ནི་སྐབས་ལས་འདས་པ་ཡིན་ནོ། །
ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་པོ་དེ་དག་ལས་སྐད་ཅིག་མ་དང་པོ་བཅོ་ལྔ་ནི་མཐོང་བའི་ལམ་ཡིན་ཏེ། བདེན་པ་རྣམས་སྔར་མ་མཐོང་བ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །(ཞེ་ན་རྟགས་དེ་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་སྟེ། ཤེས་པ་ནི་བཟོད་པའི་དམིགས་པ་འཛིན་པའི་ཕྱིར་རོ་ཞེ་ན། དེ་དག་ཀྱང་མཐོང་ལམ་གྱི་བར་ན་ཡོད་པའི་ཤེས་པ་ཡིན་པའི་ཕྱིར་རྒྱུད་ལ་བསམས་པའམ། ཡང་ན་མ་མཐོང་བའམ་མཐོང་བའི་ཕྱིར་ཏེ། གང་ཟག་འདིའི་མ་མཐོང་བ་མཐོང་བ་འཇུག་པ་སྟེ་དེ་སྲིད་དུ་མཐོང་བའི་ལམ་མོ། །ལམ་ལ་རྗེས་ཤེས་ནི་སྒོམ་ལམ་ཡིན་ཏེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་བྱས་ཡིན་པའི་ཕྱིར་དང་། ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་ཐོབ་པའི་ཕྱིར་དང་། ལམ་སྔ་མ་ཉམས་པའི་ཕྱིར་དང་། རྒྱུན་ཆགས་པ་ཕྱིན་པའི་ཕྱིར་རོ། །འདི་སྒོམ་ལམ་ཡིན་ན་ཉམས་པ་སྲིད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་མཐོང་སྤང་གི་སྤངས་པ་འཛིན་པའི་གཞིའི་གཉེན་པོ་ཡིན་པས་སོ་ཞེས་ཟེར་ཏེ་དེ་ལྟ་ན་སྒོམ་ལམ་ཐམས་ཅད་ཀྱང་མཐོང་ལམ་དུ་ཧ་ཅང་ཐལ་བས་མི་འཐད་དོ། །ཅིའི་ཕྱིར་ཤེས་པ་བདུན་མཐོང་ལམ་ཡིན་ཞེ་ན། བདེན་པ་མཐོང་བ་ཐམས་ཅད་མ་རྫོགས་པས་བཟོད་པ་གཉིས་ཀྱི་བར་མར་གྱུར་པའི་ཕྱིར་རོ། །ཁ་ཅིག་མཐོང་ལམ་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར་ཞེས་ཟེར་རོ། །)བཅུ་བཞི་པ་མན་ཆད་ཀྱིས་ནི་ཁམས་གོང་མའི་ལམ་མ་མཐོང་བའི་ཕྱིར་མཐོང་ལམ་དུ་མ་བཤད་དོ། །བཅུ་དྲུག་པ་ནི་སྔ་མ་རྣམས་ཀྱིས་མཐོང་ཟིན་པའི་བདེན་པ་ལ་དམིགས་ནས་ལམ་གོམས་པར་བྱེད་པའི་ཕྱིར་སྒོམ་ལམ་ཡིན་ནོ། །ཤེས་པ་སྔ་མ་བདུན་ནི་མཐོང་བའི་བྱ་བ་མ་རྫོགས་པའི་ཕྱིར་མཐོང་ལམ་དུ་བཤད་ཀྱི་སྒོམ་ལམ་ནི་མ་ཡིན་ནོ། །འོ་ན་བཅུ་དྲུག་པའང་ལམ་ལ་ངེས་པར་འབྱིན་པའམ། ལམ་ལ་རྗེས་བཟོད་སྔར་མ་མཐོང་བ་མཐོང་བའི་ཕྱིར་མཐོང་ལམ་དུ་འགྱུར་རོ་ཞེ་ན། མཐོང་མ་མཐོང་ནི་བདེན་པ་མཐོང་བ་དང་མ་མཐོང་བའི་དབང་དུ་བྱས་ཀྱི་རྣམ་པའི་དབང་དུ་མ་བྱས་པས་(ཤེས་པའི་)རྣམ་པ་གཅིག་མ་མཐོང་བས་ནི་མ་མཐོང་བར་མི་འགྱུར་ཏེ་ཉག་མ་གཅིག་མ་བརྔས་ཀྱང་ཞིང་མ་བརྔས་པར་མི་འགྱུར་བ་བཞིན་ནོ། །
མཐོང་ལམ་སྐད་ཅིག་མ་བཅོ་ལྔར་བཤད་པ་གང་དག་ཡིན་པ་དེ་དག་ཏུ་དབང་པོ་རྣོན་པོ་ནི་སྔོན་རང་ཉིད་ཀྱི་མདོ་ལ་སོགས་པའི་ཆོས་ཀྱི་དོན་གྱི་རྗེས་སུ་འབྲང་བས་ན་ཆོས་ཀྱི་རྗེས་སུ་འབྲང་བ་དང་། རྟུལ་པོ་ནི་སྔོན་གཞན་གྱི་ལུང་ལ་བརྟེན་ནས་དད་པས་ཚིག་གི་རྗེས་སུ་འབྲང་བས་ན་དད་པས་རྗེས་སུ་འབྲང་བ་ཞེས་བྱ་བའི་མིང་འཐོབ་བོ། །དོན་དེ་ལྟར་གནས་པ་ན་སྤྱིའི་དོན་ནི་གསུམ་ཡིན་ཏེ། མཐོང་ལམ་གྱི་རྟེན་དང་། ལམ་དང་། འབྲས་བུའོ། །དེ་ལ་དང་པོ་ལའང་ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དང་འདོད་ཁམས་པའི་ལྷ་རིས་དྲུག་ལ་སྐྱེའི་གཞན་ལ་ནི་མ་ཡིན་ཏེ། ངན་སོང་གསུམ་དང་བྱང་གི་སྒྲ་མི་སྙན་པ་ནི་རྣམ་སྨིན་གྱི་སྒྲིབ་པས་བསྒྲིབས་པའི་ཕྱིར་དང་། ཟ་མ་དང་མ་ནིང་དང་མཚན་གཉིས་པ་རྣམས་རྟེན་དམན་པའི་ཕྱིར་དང་། ཁམས་གོང་མའི་སྐྱེ་བོ་དག་ནི་འཁོར་བ་ལ་སྐྱོ་བ་མེད་པའི་ཕྱིར་རོ། །སེམས་ཀྱི་རྟེན་ནི་བསམ་གཏན་ས་དྲུག་པ་ཡིན་ཏེ། ཟག་མེད་ཡིན་ཞིང་གཟུགས་མེད་འདོད་པ་ལ་མི་དམིགས་ལ། དེ་ནི་ཆོས་མཆོག་དང་ས་གཅིག་ཅེས་བཤད་པའི་ཕྱིར་རོ། །གཉིས་པ་ལའང་བཞི་ལས་མཐོང་ལམ་གྱི་མཚན་ཉིད་ནི་བདེན་བཞིའི་དེ་ཁོ་ན་ཉིད་སྔར་མ་མཐོང་བ་མངོན་སུམ་དུ་མཐོང་བ་ཡིན་ནོ། །གང་དག་བདག་མེད་མངོན་སུམ་དུ་མཐོང་བ་མཐོང་སྤང་གི་གཉེན་པོ་བྱེད་པ་ཞེས་ཟེར་བ་དེ་དག་གི་ལྟར་ན་གཉེན་པོ་མཚན་ཉིད་པ་ལ་འདོད་ན་ཤེས་པ་རྣམས་མཐོང་ལམ་མ་ཡིན་པར་འགྱུར་ཏེ། གཉེན་པོ་མཚན་ཉིད་པ་ནི་བར་ཆད་མེད་པའི་ལམ་ཡིན་པའི་ཕྱིར་རོ། །འོན་ཏེ་གཉེན་པོ་ཙམ་ལ་འདོད་ན་ནི་སྒོམ་ལམ་ཡང་དེར་འགྱུར་ཏེ། མཐོང་སྤང་ཐག་སྲིང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཆོས་མཆོག་ཆེན་པོའི་རྗེས་སུ་བདག་མེད་མངོན་སུམ་དུ་མཐོང་བ་སྒོམ་ལམ་ཆུང་ངུའི་རྒྱུར་གྱུར་བ་ཞེས་ཟེར་བ་དེ་ལའང་གལ་ཏེ་སྒོམ་ལམ་ཆུང་ངུའི་དངོས་ཀྱི་རྒྱུ་ཡིན་ན་ནི་ལམ་ལ་རྗེས་བཟོད་མ་གཏོགས་པ་རྣམས་མཐོང་ལམ་མ་ཡིན་པར་འགྱུར་ལ། བརྒྱུད་པའི་རྒྱུ་ཡིན་ན་ནི་བཟོད་པ་ཕྱི་མ་དེ་ཉིད་མཐོང་ལམ་མ་ཡིན་པར་འགྱུར་རོ། །
དངོས་དང་བརྒྱུད་པའི་རྒྱུ་ཅི་རིགས་པ་ཞེས་བྱ་བར་འདོད་ན་ནི་མཚན་ཉིད་མ་ངེས་པ་ཡིན་པར་འགྱུར་རོ། །དེ་བཞིན་དུ་ཆོས་མཆོག་གི་རྗེས་སུ་འབྱུང་བ་ལའང་དེ་མ་ཐག་གམ་བརྒྱུད་ནས་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་བཤད་པ་སྔ་མ་ཉིད་སྐྱོན་མེད་པ་ཡིན་ནོ། །རབ་ཏུ་དབྱེ་བ་ནི་གང་ཟག་གིས་ནི་ཉན་ཐོས་ལ་སོགས་པ་གསུམ་དང་། ཡུལ་གྱིས་ནི་སྡུག་བསྔལ་མཐོང་བ་ལ་སོགས་པ་བཞི་དང་། ངོ་བོས་ནི་བཟོད་པ་དང་ཤེས་པ་གཉིས་དང་། རྣམ་པ་ལས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཅོ་ལྔ་དང་། ཁམས་ཀྱི་གཉེན་པོ་ལས་ནི་ཆོས་ཤེས་དང་རྗེས་ཤེས་གཉིས་ཡིན་ནོ། །སྔོན་གྱི་སློབ་དཔོན་དག་གིས་ཡེ་ཤེས་མཐོང་བ་དང་། བདེན་པ་མཐོང་བ་གཉིས་སུ་བཤད་པ་ནི་འདིར་མི་འདོད་དེ། ཡེ་ཤེས་ཀྱང་ལམ་བདེན་གྱི་ནང་དུ་འདུས་པའི་ཕྱིར་རོ། །མང་པོས་བཀུར་བ་པ་དག་མཐོང་ལམ་སྐད་ཅིག་མ་བཅུ་གཉིས་སུ་སྨྲ་བའང་གལ་ཏེ་བདེན་པ་མ་མཐོང་བ་མཐོང་བ་མཐོང་ལམ་ཡིན་ན་བཅོ་ལྔ་པ་མན་ཆད་མཐོང་ལམ་དུ་འགྱུར་ཏེ། བདེན་བཞི་སྔར་མ་མཐོང་བ་ནི་ཡེ་ཤེས་དེ་དག་ཡིན་པའི་ཕྱིར་རོ། །འོན་ཏེ་རྣམ་པ་མ་མཐོང་བ་མཐོང་བ་ཙམ་གྱིས་ཡིན་ན་ནི་སྐད་ཅིག་མ་དང་པོ་ཁོ་ན་མཐོང་ལམ་དུ་འགྱུར་རོ། །བདེན་པ་དང་རྣམ་པ་ཚོགས་པ་སྔར་མ་མཐོང་བ་མཐོང་བ་ཡིན་ན་ནི་ལམ་ལ་ཆོས་ཤེས་པ་ལ་སོགས་པ་གསུམ་ཡང་མཐོང་ལམ་དུ་ཐལ་བར་འགྱུར་རོ། །ཁྱད་པར་གྱི་ཆོས་ནི་མཐོང་སྤང་མ་ལུས་པ་སྤངས་པ་དང་། བདེན་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་དང་། མི་སྐྱེ་བའི་ཆོས་ཉིད་དྲུག་གམ་བརྒྱད་ཐོབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །མིང་གི་རྣམ་གྲངས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་མཐོང་ལམ་གྱི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ལ་སོགས་པ་མདོ་ལས་རྣམ་པ་མང་དུ་བཤད་དོ། །འབྲས་བུ་ནི་སྒོམ་ལམ་འདྲེན་པར་བྱེད་པའོ། །
སྒོམ་པ་པོའི་གང་ཟག་རྣམ་པར་བཞག་པ།
ད་ནི་གང་ཟག་བཤད་པར་བྱ་སྟེ། དེ་ལ་གང་ཟག་ཅེས་བྱ་བ་ནི་ཕུང་པོ་བཞིའམ་ལྔའི་རྒྱུན་ལ་བཏགས་པ་ཡིན་ཏེ། ལུང་སིལ་བུ་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཞེས་བརྗོད། །འདི་ལ་གང་ཡང་འཁོར་བ་མེད། །སུ་ཡང་མྱ་ངན་འདས་པ་མེད། །ཅེས་པ་དང་། མདོ་ལས་ཀྱང་། ཕུང་པོ་རྣམས་ལ་གང་ཟག་ཅེས་བྱའོ་ཞེས་གསུངས་པའི་ཕྱིར་དང་། དགྲ་བཅོམ་མ་དག་གིས་ཀྱང་། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་པ་དང་། བཙུན་པ་གཞོན་ནུ་ལེན་གྱིས་ཀྱང་། ཕུང་པོའི་རྒྱུན་ནི་གང་ལ་དགེ། །མི་དགེའི་འབྲས་བུ་ཡོད་པ་ཉིད། །དེ་ལ་སྲོག་ཅེས་བྱ་སྟེ་དེ། །སྲོག་མེད་བསྟན་པས་མེད་པར་འགྱུར་ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཕུང་པོ་ལྔ་ཚོགས་པ་ལ་གང་ཟག་ཏུ་བརྗོད་ན་གཟུགས་མེད་ན་གང་ཟག་མེད་པར་འགྱུར་ལ། ཁ་ཡར་བ་ལ་བརྗོད་ན་བུམ་པའང་གང་ཟག་ཏུ་འགྱུར་བས་ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པའི་རྒྱུན་ནི་གང་ཟག་ཡིན་ཏེ། རྒྱུད་གསུམ་གྱི་རྣམ་པར་ངེས་པ་ལས། ཁ་ཡར་བ་དང་ཚོགས་པ་ཞེས། །བརྟགས་ན་ཕུང་པོ་ལྔའི་རྒྱུན། །གང་ཟག་མ་ཡིན་དེ་ཡི་ཕྱིར། །ས་བོན་ཀུན་གྱི་རྣམ་ཤེས་ཀྱི། །རྒྱུན་ནི་གང་ཟག་ཡིན་པར་འདོད། །ཅེས་བཤད་པའི་ཕྱིར་རོ་ཞེས་ཟེར་བ་ནི་རྣལ་འབྱོར་སྤྱོད་པ་བའི་ལུགས་ཡིན་ནོ། །
དེས་ན་འཕགས་པའི་གང་ཟག་ནི་ཟག་མེད་ཀྱི་ཡེ་ཤེས་དང་ལྡན་པའི་ཕུང་པོ་བཞིའམ་ལྔའི་རྒྱུན་ལ་བརྗོད་པ་ཡིན་ནོ། །དེ་འཆད་པ་ན་བརྒྱད་དུ་དབྱེ་བ་དང་། བདུན་དུ་དབྱེ་བ་དང་། གཉིས་སུ་དབྱེ་བ་གསུམ་ལས་དང་པོ་ལའང་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་དང་། མཐར་གྱིས་པ་དང་། ཁྱད་པར་བཤད་པ་གསུམ་གྱི་དང་པོ་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་སྲིད་རྩེ་མ་གཏོགས་པའི་ས་བརྒྱད་པོ་ལས་ཅི་རིགས་པར་འདོད་ཆགས་བྲལ་བ་སྔོན་དུ་སོང་ནས་མཐོང་ལམ་ཐོབ་པར་བྱེད་པ་སྟེ། དེ་ཡང་འགྲེལ་པ་ལས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་གཉིས་བཤད་པ་ལས་དང་པོ་ནི་འདོད་པའི་རྣམ་པ་དྲུག་པ་ནས་བརྒྱད་པའི་བར་སྤངས་པ་དང་། གཉིས་པ་ནི་འདོད་པའི་རྣམ་པ་དགུ་པ་སྤངས་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དགུ་པ་སྤངས་པའི་བར་ལ་ཊཱི་ཀས་བཤད་ཀྱི་རྣམ་པ་ལྔ་པ་སྤངས་ནས་མཐོང་ལམ་ཐོབ་པ་ནི་ཆགས་བྲལ་སྔོན་འགྲོར་མ་བཤད་ལ། འཇིག་རྟེན་པ་ཡིས་ཐོབ་འབྲས་ནི་ཞེས་པའི་འགྲེལ་པར་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཞེས་འབྱུང་བའི་ཕྱིར་འབྲས་བུ་བར་པ་གཉིས་ལ་ཡོད་ཀྱི་སྔ་ཕྱི་གཉིས་ལ་ནི་ཆགས་བྲལ་སྔོན་འགྲོ་མེད་དོ། །(ཉན་ས་ལས་ཀྱང་། དང་པོ་ནས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་དེ་མཐོང་ལམ་ཐོབ་མ་ཐག་ཏུ་ཕྱིར་མི་འོང་བར་འགྱུར་རོ། །གལ་ཏེ་ཤས་ཆེར་ལ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི། དེ་མཐོང་ལམ་ཐོབ་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །དེ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་ནི་རྒྱུན་དུ་ཞུགས་པར་འགྱུར་རོ། །ཞེས་འབྱུང་ཞིང་། འདིའི་བཞུགས་གནས་ནི་རྫས་ཐ་དད་དོ། །)
ཀུན་ལས་བཏུས་ལས་ཀྱང་། ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འདོད་པ་རྣམས་པས་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ཕྱིར་མི་འོང་བར་འགྱུར་རོ་ཞེས་གཉིས་པོ་ཁོ་ན་བཤད་ཅིང་། ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་པ་ནི་མཐོང་ལམ་ཉིད་ལ་བཤད་དོ། །
གཉིས་པ་ནི་སྔར་མཐོང་སྒོམ་གྱི་སྤང་བྱ་མ་སྤངས་པས་འཆིང་བ་མཐའ་དག་དང་ལྡན་པ་ཞིག་དང་པོར་མཐོང་ལམ་གྱིས་མཐོང་སྤང་རྣམས་སྤངས་ནས་དེ་ནས་འཇིག་རྟེན་ལས་འདས་པའམ་འཇིག་རྟེན་པའི་སྒོམ་ལམ་ཡང་རུང་སྟེ་སྒོམ་སྤང་རྣམས་རིམ་གྱིས་སྤོང་བའོ། །དེ་ལ་མཐོང་ལམ་སྐད་ཅིག་བཅོ་ལྔ་མན་ཆད་ལ་ཞུགས་པའི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་སྒོམ་པས་སྤང་བར་བྱ་བ་གཅིག་ཀྱང་མ་སྡངས་པའི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་ན་འབྲས་བུ་དང་པོ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །ཡང་སྐད་ཅིག་བཅོ་ལྔ་མན་ཆད་ལ་གནས་པའི་གཉིས་པོ་དེ་ཉིད་སྔར་འཇིག་རྟེན་པའི་ལམ་གྱིས་འདོད་པའི་སྒོམ་སྤང་གཅིག་ནས་རྣམ་པ་ལྔ་པ་འབྲིང་གི་འབྲིང་པོའི་བར་དུ་བཅོམ་པ་གང་ཡིན་པ་དེ་ཡང་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ནོ། །(འབྲས་བུ་དང་པོ་ཐོབ་པའི་ཆེད་དུ་བརྩོན་བཞིན་པའི་འཕགས་པ་ཡིན་པའི་ཕྱིར་འཆིང་བ་ཀུན་ལྡན་བཞིན་ནོ། །)ཡང་དེ་གཉིས་འབྲས་བུ་གཉིས་པ་ལན་ཅིག་ཕྱིར་འོང་མ་ཞུགས་པ་ནི་(ཞེས་པ་འདི་ལ་ནི་སྨྲ་སྒོ་ལས། ལ་ནི་གཉིས་པ་བཞི་པ་དང་། །བདུན་པ་སྡུག་དང་སྦྱོར་བ་དང་། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་འབྱུང་བས་ཤིང་ལ་གཅོད་ཅེས་པ་ལྟ་བུ་གཉིས་པ་དང་། ཤིང་ལ་ཆུ་འདྲེན་ཞེས་པ་ལྟ་བུ་བཞི་པ་དང་། ཤིང་ལ་བྱ་གནས་ཞེས་པ་ལྟ་བུ་བདུན་པ་དང་། ལག་པ་བསྙལ་ལ་ཟན་བཟའ་ཞེས་པ་ལྟ་བུ་སྡུད་པ་དང་། གང་ན་དུ་བ་ཡོད་པ་འདི་ན་ནི། མེ་ཡོད་ལ་འདི་ན་ནི་མེ་མེད་དོ། །ཞེས་པ་ལྟ་བུ་སྦྱར་བ་དང་། བདག་ནམ་ཞིག་ན་འདི་ལྟ་བུ་ཞིག་ཏུ་གྱུར་ལ་གྱུར་ནས་ཀྱང་ཞེས་པ་ལྟ་བུ་སྨོན་པ་དང་། གཞི་དེ་ཙམ་དུ་བྱ་བ་ཇི་ཙམ་ལ་ཞེས་པ་ལྟ་བུ་ཚད་འཛིན་པའི་གཞི་དང་། དུས་དེ་ལའམ་དང་ཞེས་པ་ལྟ་བུ་ཚེ་སྐབས་ལ་འཇུག་པ་དང་། བརྒྱད་ལས་འབྲས་བུ་གཉིས་པའི་ཕྱིར་ཞེས་བཞི་པ་དགོས་ཆེད་ཀྱི་ལ་ཡིན་པར་འགྲེལ་ཊཱིཀ་གིས་བཤད་དོ། །)སྔར་འདོད་པའི་སྒོམ་སྤང་དྲུག་པ་ནས་དགུ་པ་ཚུན་ཆད་ནི་དགུ་པ་མ་གཏོགས་པ་སྟེ། བརྒྱད་པ་ཆེན་པོའི་འབྲིང་གི་བར་འཇིག་རྟེན་པའི་ལམ་གྱིས་ཟད་ཅིང་སྤངས་པ་སྐད་ཅིག་མ་བཅོ་ལྔ་པ་ལ་གནས་པ་ཡིན་ནོ། །
ཡང་དེ་གཉིས་སྔར་འཇིག་རྟེན་པའི་ལམ་གྱིས་འདོད་པའི་ཉོན་མོངས་པ་མ་ལུས་པ་ལས་འདོད་ཆགས་དང་བྲལ་བའམ་ཡང་ན་དེ་ནས་བཟུང་སྟེ་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གང་ཡང་རུང་བ་ལས་འདོད་ཆགས་བྲལ་བ་ཞིག་གིས་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་ཐོབ་པ་ནི་འབྲས་བུ་གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་ཡིན་ནོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཞིག་འབྲས་བུ་དང་པོ་རྒྱུན་ཞུགས་ལ་སོགས་པ་གང་ལ་ཞུགས་པའི་སྐད་ཅིག་མ་བཅོ་ལྔ་པ་ལ་གནས་པ་དེ་ནི་སྐད་ཅིག་མ་བཅུ་དྲུག་པ་ལ་ནི་རྒྱུན་ཞུགས་ལ་སོགས་པ་དེའི་འབྲས་བུ་གནས་པར་འགྱུར་གྱི་ཞུགས་པ་དང་དད་པས་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་དུ་ནི་མི་འགྱུར་རོ། །དེའི་ཕྱིར་ཆགས་བྲལ་སྔོན་འགྲོའི་ཞུགས་གནས་ལ་རྟོགས་པ་ལ་ཁྱད་པར་ཡོད་ཀྱི་སྤངས་པ་ལ་ཁྱད་པར་མེད་དེ། ཡེ་ཤེས་སྐད་ཅིག་མ་བཅོ་ལྔ་པ་དང་བཅུ་དྲུག་པས་ཕྱེ་བའི་ཕྱིར་དང་། སྤངས་པ་ནི་འདྲ་བའི་ཕྱིར་རོ། །དགྲ་བཅོམ་པ་ལ་ནི་ཆགས་བྲལ་སྔོན་འགྲོས་ཐོབ་པ་མེད་དེ། སྲིད་རྩེའི་སྒོམ་སྤང་མ་སྤངས་པར་དགྲ་བཅོམ་མི་ཐོབ་ཅིང་མཐོང་ལམ་གྱིས་སྒོམ་སྤང་མི་སྤོང་བའི་ཕྱིར་(ཏེ་བཟོད་པས་གཞོམ་མིན་སྒོམ་ཁོ་ནས། ཞེས་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་ངོ་ཞེ་ན་)དང་། ཟག་པ་དང་བཅས་པའི་འོག་ས་དང་རང་སས་མི་སྤོང་ལ་དེ་བས་མཐོ་བའི་འཇིག་རྟེན་པའི་ས་མེད་པས་སྲིད་རྩེའི་སྒོམ་སྤང་སྤོང་བའི་འཇིག་རྟེན་པའི་ལམ་ཡང་མེད་པའི་ཕྱིར་རོ། །(རྒྱུན་ཞུགས་ལའང་ཆགས་བྲལ་སྔོན་འགྲོ་མེད་དེ། བདེན་པ་ཐམས་ཅད་མ་མཐོང་བར་སྲིད་རྩེའི་མཐོང་སྤང་མི་སྤོང་བས་སྔ་མ་འཇིག་རྟེན་པའི་ལམ་གྱིས་རང་གི་སྤང་བྱ་ཐམས་ཅད་སྤངས་པ་མི་སྲིད་པའི་ཕྱིར་རོ། །ལ་བརྟེན་པ་དེ་ལ་བཅུ་དྲུག་པ་ཡང་རྟེན་གྱི་ས་གཞན་ལ་བརྟེན་པ་མེད་པའི་ཕྱིར་རོ། །)གང་ཞིག་མཐོང་ལམ་སྐད་ཅིག་བཅོ་ལྔ་པ་མན་ཆད་ལ་འདོད་པའི་སྒོམ་སྤང་ལྔ་པ་མན་ཆད་སྤངས་ནས་བཅུ་དྲུག་པ་ལ་དྲུག་པ་སྤོང་བ་ནི་མི་སྲིད་དེ། དེ་ནི་བཅོ་ལྔ་པ་མན་ཆད་ཞི་གནས་གང་དེ་བཞིན་དུ་བཅོ་ལྔ་པ་ལ་བརྒྱད་པ་མན་ཆད་སྤངས་ནས་བཅུ་དྲུག་པ་ལ་དགུ་པ་སྤོང་བའང་མི་སྲིད་པར་ཤེས་པར་བྱའོ། །དེའི་ཕྱིར་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་འཕགས་པ་ནི་བར་མ་གཉིས་ཁོ་ནར་ཟད་དོ། །
གང་གི་ཚེ་མཐོང་ལམ་གྱི་འབྲས་བུ་སྐད་ཅིག་མ་བཅུ་དྲུག་པ་ཐོབ་པ་དེའི་ཚེ་སྔར་གྱི་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་འབྲང་དང་རྟུལ་པོ་དད་པས་རྗེས་འབྲང་དག་ནི་རིམ་པ་ལྟར་མཐོང་བས་ཐོབ་པ་དང་དད་པས་མོས་པ་ཞེས་བྱ་བའི་མིང་འཐོབ་སྟེ། དེ་ནས་གཟུང་ནས་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའི་བར་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །(རྒྱུན་ཞུགས་ཀྱི་དབྱེ་བ་ལ་ཞུགས་གནས་གཉིས་ལས། ཞུགས་པ་ནི་ལམ་གྱིས་ཕྱེ་ན་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པས་བཅོ་ལྔའོ། །དེ་རེ་རེའང་འདོད་ཆགས་དང་བྲལ་བས་དྲུག་སྟེ། སྒོམ་སྤང་མ་སྤངས་པ་ནས་ལྔ་པ་སྤངས་པའི་བར་རོ། །དེ་རེ་རེ་ཡང་གཉིས་གཉིས་ཏེ་དད་པའི་རྗེས་འབྲང་ནི་རིགས་ཀྱིས་ལྔ་སྟེ། ཉམས་པའི་ཆོས་ཅན་ནས་རྟོགས་པའི་སྐལ་བ་ཅན་གྱི་བར་རོ། །དེ་རེ་རེའང་དབང་པོས་གསུམ་མོ། །དེ་རེ་རེ་ཡང་རྟེན་གྱིས་དགུ་དགུ་སྟེ་གླིང་གསུམ་དང་ལྷ་དྲུག་གོ། དེ་ལྟར་བསྡོམས་པས་ཁྲི་ཉིས་སྟོང་བདུན་བརྒྱ་ལྔ་བཅུའོ། །དེ་བཞིན་དུ་ཆོས་ཀྱི་རྗེས་འབྲང་ལ་རིགས་ལ་དབྱེ་བ་མེད་པས་ཉིས་སྟོང་བཞི་བརྒྱ་སུམ་བཅུའོ། །འབྲས་གནས་ལ་དད་མོས་ནི་གཞན་པའི་རྗེས་འབྲང་དང་འབྲེལ་ལམ་གྱི་དབྱེ་བ་མེད་དེ་ཐམས་ཅད་བཅུ་དྲུག་པར་ཟད་པས་ན་བརྒྱད་བརྒྱ་དང་བཅུ་ཡོད་དོ། །མཐོང་ཐོབ་ནི་གཞན་ཆོས་ཀྱི་རྗེས་འབྲང་དང་འབྲེལ། ལམ་གྱི་དབྱེ་བ་མེད་པས་བརྒྱ་དང་དྲུག་ཅུ་རྩ་གཉིས་ཏེ་རྒྱུན་ཞུགས་ཀྱི་དབྱེ་བ་ནི་དེ་ལྟ་བུ་ཡིན་ནོ། །ཆགས་བྲལ་སྔོན་འགྲོའི་ཕྱིར་འོང་ལ་ཞུགས་གནས་གཉིས་ལས། ཞུགས་པ་ལའང་གཉིས་ལས་དད་པས་རྗེས་འབྲང་ནི་གཞན་རྒྱུན་ཞུགས་དང་འདྲ་ལ། འདོད་ཆགས་དང་བྲལ་བས་གསུམ་སྟེ། བཞི་སྟོང་བརྒྱད་བརྒྱ་དྲུག་ཅུའོ། །ཆོས་ཀྱི་རྗེས་འབྲང་ནི་རིགས་ལ་དབྱེ་བ་མེད་ལ་གཞན་ཆོས་རྗེས་འབྲང་བ་སྔ་མ་དང་འདྲ་བས་སྟོང་ཉིས་བརྒྱ་བཅོ་ལྔའོ། །དེའི་གནས་པ་ལ་དད་མོས་ནི་རིགས་ལ་དབྱེ་བ་མེད་ཅིང་གཞན་དད་པའི་རྗེས་འབྲང་བཞིན་ཏེ་བཞི་བརྒྱ་དང་ལྔ་བཅུའོ། །གནས་པ་གཉིས་པ་མཐོང་ཐོབ་ནི་ལམ་ལ་དབྱེ་བ་མེད་ལ་གཞན་ནི་ཆོས་ཀྱི་རྗེས་འབྲང་བཞིན་ཏེ་བརྒྱད་ཅུ་རྩ་གཅིག་གོ། ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་ལ་ཞུགས་གནས་གཉིས་ལས། ཞུགས་པ་གཉིས་ནི་རིགས་ལྔ་དང་གཅིག་ཡིན་པ་དང་དབང་པོ་གསུམ་གསུམ་དུ་འགྱུར་བར་དང་རྟེན་གྱིས་དགུ་ཡིན་པ་ནི་སྔ་མ་ཁོ་ན་བཞིན་ཡིན་ལ། བྱེ་བྲག་ཏུ་དད་པས་རྗེས་འབྲང་ནི་འདོད་ཆགས་དང་བྲལ་བས་དྲུག་ཅུ་རེ་བཞི་སྟེ་བསམ་གཏན་གཞི་དང་གཟུགས་མེད་དང་པོ་གསུམ་གྱིས་ཕྱེད་དྲུག་ཅུ་རེ་གསུམ་དང་། འདོད་པའི་ཆུང་ངུ་སྤངས་པའམ། བསམ་གཏན་དང་པོའི་འཆིང་བ་མཐའ་དག་དང་ལྡན་པ་གང་རུང་ངོ་། །དེ་ལྟ་ན་འབུམ་ཉི་ཁྲི་དགུ་སྟོང་དྲུག་བརྒྱ་ཡོད་དོ། །ཆོས་ཀྱི་རྗེས་འབྲང་ནི་རིགས་ཀྱིས་དབྱེ་བ་མེད་ལ་གཞན་དེ་དང་འདྲ་སྟེ་ཉི་ཁྲི་ལྔ་སྟོང་དགུ་བརྒྱ་ཉི་ཤུའོ། །འདིའི་གནས་པ་ནི་བྱེ་བྲག་མང་བས་བརྗོད་པ་མང་པོར་འབྱུང་ཏེ་ཕལ་ཆེར་འོག་གི་མཐར་གྱིས་པ་དང་འདྲ་བར་སྦྱོར་གསུང་ངོ་། །)
འོ་ན་ཅིའི་ཕྱིར་འདོད་པའི་སྒོམ་སྤང་ལྔ་པའི་བར་དུ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཞེས་བྱའི་ལན་ཅིག་ཕྱིར་འོང་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། གང་གི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་(ཙམ་པོ་)ཐོབ་པའི་སེམས་བཅུ་དྲུག་པ་ལ་གནས་པ་དེས་དེ་དུས་ན་འབྲས་བུ་ཁྱད་པར་ཅན་གྱི་ལམ་ཕྱིར་འོང་ལ་ཞུགས་པ་ཐོབ་པ་མེད་པས་སོ་དེའི་ཕྱིར་དེ་ནི་དེ་ལ་ཞུགས་པ་མ་ཡིན་ནོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་ནི་ཞུགས་ཀྱི་འབྲས་བུ་ལ་གནས་པ་ཁྱད་པར་ཅན་ཐོབ་པར་བྱ་བའི་ཕྱིར་(ཉོན་མོངས་པ་སྤོང་བའི་སྦྱོར་བ་ལ་)མི་བརྩོན་པ་(དེ་སྲིད་དུ་ཞུགས་པ་མ་)ཡིན་པའི་ཕྱིར་རོ། །(ཞུགས་པ་ཡིན་ན་གཉེན་པོ་ལ་སྦྱོར་བ་དང་བྲལ་ཐོབ་ཟག་མེད་སྐྱེས་ནས་ཞུགས་པ་ཡིན་ན་)འདི་ལྟར་འབྲས་བུ་སྔ་མ་ལ་གནས་པ་རྣམས་ནི་ཕྱིར་མ་ཐོབ་པར་བྱ་བའི་ཕྱིར་མི་བརྩོན་པ་ན་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་དེའི་ཚེ་འབྲས་བུ་ལ་གནས་པ་ཙམ་ཡིན་གྱི་འབྲས་བུ་ལ་གནས་པ་ཁྱད་པར་ཅན་མ་ཡིན་པའི་ཕྱིར་རོ། །གནས་པ་ཁྱད་པར་ཅན་ནི་ཕྱི་མ་ཐོབ་པར་བྱ་བའི་ཕྱིར་བརྩོན་པའོ། །འདིས་ནི་འདོད་པའི་སྒོམ་སྤང་བརྒྱད་པ་སྤངས་པ་སེམས་བཅུ་དྲུག་པ་ལ་གནས་པ་དང་། འདོད་པའམ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་སེམས་བཅུ་དྲུག་པ་ལ་གནས་པ་དེ་དག་ཀྱང་རིམ་པ་བཞིན་ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པར་མི་འགྱུར་བའི་རྒྱུ་མཚན་ཡང་བཤད་པ་ཡིན་ནོ། །དེ་དག་ཀྱང་འབྲས་བུ་ལ་གནས་པ་ཁྱད་པར་ཅན་ནས་ནི་ཕྱི་མ་ལ་ཞུགས་པ་ཡིན་ནོ་ཞེས་བཤད་པར་བྱའོ། །དེས་ནི་སེམས་བཅོ་ལྔ་ལ་གནས་པ་དེ་དག་འདོད་པའི་སྒོམ་སྤང་ལྔ་པ་སྤངས་ཀྱང་ཕྱིར་འོང་ལ་ཞུགས་པར་མི་འགྱུར་བའང་ཤེས་པར་བྱ་སྟེ། འབྲས་བུ་ཐོབ་པའི་ཚེ་ཕྱིར་འོང་མི་ཐོབ་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཞེ་ན། སེམས་བཅུ་དྲུག་པ་ཐོབ་པ་ན་འབྲས་བུ་ལ་གནས་པ་ཐོབ་པ་ཡིན་ན་དེ་ནི་ཕྱིར་འོང་མ་ཡིན་ཏེ། ཕྱིར་འོང་ནི་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་ཕྱིར་དང་། དེ་ནི་ལྔ་པ་སྤངས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བརྒྱད་པ་སྤངས་པ་སེམས་བཅོ་ལྔ་པ་ལ་གནས་པ་ཕྱིར་མི་འོང་ལ་ཞུགས་པར་མི་འགྱུར་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ལས་འདོད་ཆགས་དང་བྲལ་བ་སེམས་བཅོ་ལྔ་པ་ལ་གནས་པ་དགྲ་བཅོམ་ལ་ཞུགས་པར་མི་འགྱུར་བ་ལ་སོགས་པའང་ཤེས་པར་བྱའོ། །
དེས་ན་ཆགས་བྲལ་སྔོན་འགྲོ་ནི་འཕགས་པ་སྔ་མ་གསུམ་གྱི་ཞུགས་འབྲས་རྫས་ཐ་དད་ཅིང་ཕྱིར་མི་འོང་ཁྱད་པར་ཅན་ཉིད་དགྲ་བཅོམ་ལ་ཞུགས་པའང་ཡིན་པས་རྫས་བདུན་དུ་འགྱུར་རོ། །ཁ་ཅིག་འདི་བྱེ་བྲག་ཏུ་སྨྲ་བས་ཀུན་བརྟགས་པར་འཆད་པ་ནི་མ་ཡིན་ཏེ། ཀུན་ལས་བཏུས་ལས་ཀྱང་བཤད་པའི་ཕྱིར་རོ། །གལ་ཏེ་ཀུན་ལས་བཏུས་ལས་བཤད་པ་ནི་འདི་དང་མཐུན་པ་མ་ཡིན་ཏེ། འདོད་པའི་སྒོམ་སྤང་དྲུག་པ་སྤངས་པ་སེམས་བཅོ་ལྔ་པ་ལ་གནས་པ་ཕྱིར་འོང་ལ་ཞུགས་པ་དང་། དེ་ཉིད་སེམས་བཅུ་དྲུག་པ་ལ་གནས་པ་ཕྱིར་འོང་གི་འབྲས་བུ་ལ་གནས་པ་དང་། འདོད་པའི་སྒོམ་སྤང་ཐམས་ཅད་སྤངས་པ་སེམས་བཅོ་ལྔ་པ་ལ་གནས་པ་ཕྱིར་མི་འོང་ལ་ཞུགས་པ་དང་། སེམས་བཅུ་དྲུག་པ་ལ་གནས་པ་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པར་བཤད་པའི་ཕྱིར་རོ་ཞེ་ན། །དེར་ནི་སྤང་བྱའི་ཉུང་བའི་མཐའ་དངོས་སུ་བཤད་ནས་འདིར་སྨོས་པ་མང་བའི་མཐའ་ཤུགས་ལ་གོ་བར་བྱ་བའི་ཕྱིར་ཡིན་ལ། འདིར་ནི་མང་བའི་མཐའ་དངོས་སུ་བཤད་ནས་དེ་ལས་བཤད་པའི་ཉུང་བའི་མཐའ་སྤངས་བ་ཤུགས་ལ་གོ་བར་བྱ་བའི་ཕྱིར་སྒོ་གཉིས་སུ་བསྟན་པ་ཡིན་པའི་ཕྱིར་གཉིས་ཀས་ཀྱང་གཉིས་ཀ་འདོད་དོ། །གལ་ཏེ་འཇིག་རྟེན་པའི་ལམ་གྱིས་སྒོམ་སྤང་སྤོང་ན་ཁམས་ལས་འདོད་ཆགས་དང་བྲལ་བའི་སོ་སོའི་སྐྱེ་བོ་སླར་མི་ལྡོག་པ་དང་། ཕྱིས་དེ་ལས་འོག་མའི་ཉོན་མོངས་པ་ཀུན་དུ་མི་འབྱུང་བར་འགྱུར་ཏེ། སྔར་སྤངས་ཟིན་པའི་ཕྱིར་རོ། །
གལ་ཏེ་སྤངས་ཀྱང་འབྱུང་ན་འཕགས་པ་དེ་དག་ལའང་འབྱུང་བས་ཕྱིར་མི་འོང་ལ་སོགས་པར་མི་འགྱུར་རོ་ཞེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བ་ནི་འཕགས་པ་རྣམས་ལའང་ཉམས་པ་ཡོད་ན་སོ་སོའི་སྐྱེ་བོ་རྣམས་ལ་ལྟ་ཅི་སྨོས། འོན་ཀྱང་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་འཕགས་པ་དེ་དག་ལ་ནི་ཉམས་པ་མི་སྲིད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ནི་འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་མངོན་གྱུར་སྤོང་བ་དང་ས་བོན་ཉམས་སྨད་པར་བྱེད་པ་ཙམ་ཡིན་གྱི་རྩ་བ་ནས་མི་སྤོང་བས་འདོད་ཆགས་དང་བྲལ་བའང་སླར་ལྡོག་ལ། འོན་ཀྱང་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་འཕགས་པ་དེ་དག་ནི་འཇིག་རྟེན་པའི་ལམ་གྱིས་སྒོམ་སྤང་གི་ཉོན་མོངས་པའི་མངོན་གྱུར་སྤངས་པའི་ཕྱིར་དང་། ས་བོན་ཡང་དེ་མ་ཐག་པར་སྐྱེ་བའི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་སྤོང་བའི་ཕྱིར་དེ་ཕྱིན་ཆད་འདོད་པར་ལན་ཅིག་ལས་འོང་མི་སྲིད་པ་དང་ཕྱིར་མི་འོང་བའི་ཕྱིར་དེ་དང་དེར་བརྗོད་དོ་ཞེས་འཆད་དོ། །ཀུན་ལས་བཏུས་ལས། རྒྱུན་དུ་ཞུགས་པ་ཅིག་ཅར་ངེས་པར་འབྱིན་པ་ཞེས་གསུངས་པ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་མཐོང་ལམ་ཐོབ་པས་མཐོང་སྤང་སྤངས་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་བྱས་ཏེ། དེའི་རྗེས་ལ་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་ཁམས་གསུམ་གྱི་བདེན་པ་ལ་ཅིག་ཅར་དམིགས་ནས་སྒོམ་པས་འདོད་པའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་ལ་སོགས་པ་སྤངས་པ་ནི་སྲིད་རྩེའི་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་སྤོང་བས་ཕྱིར་འོང་དང་ཕྱིར་མི་འོང་ཐོབ་པ་མེད་པར་དགྲ་བཅོམ་པ་མངོན་ཏུ་བྱེད་པའོ། །རྒྱུད་ནི་མཐར་གྱིས་པ་བརྗོད་པར་བྱ་སྟེ། དེ་ནི་སྔར་མཐོང་སྒོམ་གྱི་སྤང་བྱ་གཅིག་ཀྱང་མ་སྤངས་པ་འཆིང་བ་མཐའ་དག་དང་ལྡན་པ་ཞིག་དང་པོར་མཐོང་ལམ་གྱིས་ཁམས་གསུམ་གྱི་མཐོང་སྤང་སྤངས་ཏེ། དེ་ནས་སྒོམ་ལམ་ཟག་བཅས་ཟག་མེད་གང་རུང་གིས་སྒོམ་སྤང་སྤངས་ཏེ་འབྲས་བུ་བཞི་རིམ་གྱིས་ཚང་བར་ཐོབ་པ་དང་གསུམ་མམ་གཉིས་འཐོབ་པའང་ཡོད་དོ། །དེ་ལ་རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་དང་། དགྲ་བཅོམ་པ་ལ་ཞུགས་པ་དང་གནས་པ་བཤད་པ་བཞི་ལས་དང་པོ་ནི་ཇི་ལྟར་འདོད་ཁམས་ན་སྒོམ་སྤང་གི་ཉོན་མོངས་པ་རྣམ་པ་དགུ་ཡོད་པ་དེ་བཞིན་དུ་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ས་དང་ས་བརྒྱད་པོ་རེ་རེ་ན་ཡང་སྤང་བར་བྱ་བའི་ཉེས་པ་ཆེན་པོ་འབྲིང་ཆུང་ངུ་གསུམ་གསུམ་དང་དེ་དག་རེ་རེ་ལའང་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་རྣམ་པ་དགུ་དགུ་ཡོད་པས་སྤྱིར་བརྒྱད་བཅུ་རྩ་གཅིག་ཡོད་དོ། །
ཇི་ལྟར་ས་དེ་དག་རེ་རེ་ན་སྤང་བྱ་དགུ་དགུ་ཡོད་པ་དེ་བཞིན་དུ་གཉེན་པོ་ཡོན་ཏན་སྒོམ་པའི་ལམ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་རྣམས་ཀྱང་དགུ་དགུ་བརྒྱད་ཅུ་རྩ་གཅིག་ཡོད་དོ། །(མི་ལྕོགས་མེད་ནས་བཟུང་སྟེ་)ཇི་ལྟར་ཞེ་ན། དེ་དག་རེ་རེ་ན་སྒོམ་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམ་པ་གསུམ་གསུམ་ཡོད་ལ་དེ་རྣམས་ཀྱི་རེ་རེ་ཞིང་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཕྱིར་རོ། །དེ་ལ་སྤང་བྱ་ཆེན་པོའི་ཆེན་པོ་ནི་སྤང་སླ་བའི་ཕྱིར་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུས་སྤོང་པ་ཡིན་ཏེ་གོས་ཀྱི་དྲི་མ་རགས་པ་འབད་པ་ཆུང་ངུས་སྤོང་བ་བཞིན་ནོ། །དེ་བཞིན་དུ་སྤང་བྱ་ཆུང་ངུའི་ཆུང་ངུ་ནི་སྒོམ་ལམ་ཆེན་པོའི་ཆེན་པོས་སྤོང་བ་ལ་སོགས་པའང་ཤེས་པར་བྱ་སྟེ། དང་པོ་ནི་ལམ་ཆེན་པོ་མི་སྲིད་པའི་ཕྱིར་དང་། ལམ་ཆེན་པོ་སྐྱེས་བ་ན་ཉོན་མོངས་པ་ཆེན་པོ་མི་སྲིད་པའི་ཕྱིར་རོ། །དེ་ལ་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་ནི་འབྲས་བུ་དང་པོ་ལ་ཞུགས་པ་དང་བཅུ་དྲུག་པ་ནི་གནས་པ་ཙམ་པོ་ཡིན་པར་སྔར་བཤད་ལ། (སྤྱིར་དད་མོས་ཙམ་ལ་དབྱེ་ན་དབང་པོས་གསུམ་མོ་རིགས་ཀྱིས་ལྔའོ། །སྤངས་པས་འཆིང་བ་ཀུན་ལྡན་ནས་ལྔ་པ་སྤངས་པའི་བར་དྲུག་གོ། རྟེན་གྱིས་དགུའོ། །ལམ་གྱིས་དབྱེར་མེད་དེ་ཐམས་ཅད་ཀྱང་བཅུ་དྲུག་པར་ཟད་པའོ། །སྤྱིར་བརྒྱད་བརྒྱ་དང་བཅུའོ། །མཐོང་ཐོབ་ཀྱང་རིགས་ཀྱིས་དབྱེར་མེད་གཞན་ནི་སྔ་མ་དང་འདྲ་སྟེ་སྤྱིར་བརྒྱ་དང་དྲུག་ཅུ་རྩ་གཉིས་སོ། །)རྒྱུན་ཞུགས་ཀྱི་འབྲས་གནས་གང་ཞིག་སྔར་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་མ་ཟད་དེ་མ་སྤངས་ན་དེ་ནི་དེ་ལྟར་ཏེ་རབ་ཏུ་ཐོགས་ན་ལན་བདུན་སྐྱེ་བ་སྲིད་པའི་ཕྱིར་སྲིད་པ་ལན་བདུན་པ་ཞེས་བྱ་སྟེ། མདོ་འགའ་ཞིག་ལས་པོ་ཟོས་ན་ལན་བདུན་པ་དང་། མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དོ། །
བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ལྷའི་སྲིད་པ་བདུན་དང་མིའི་སྲིད་པ་བདུན་དང་བར་དོའི་སྲིད་པ་བདུན་ཚན་གཉིས་ཏེ་ཉི་ཤུ་རྩ་བརྒྱད་ལེན་ཀྱང་བདུན་ཚན་དུ་ཆོས་མཐུན་པའི་ཕྱིར་སྲིད་པ་བདུན་པ་ཞེས་བྱ་སྟེ་ཤིང་ལོ་མ་བདུན་པ་བཞིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ན་རེ་དེ་ལྟ་ན་ཁམས་མང་པོའི་མདོ་ལས། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་འདི་ནི་གནས་མེད་དོ་ཞེས་བཤད་པ་དང་འགལ་ལ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ་དེ་ནི་འགྲོ་བ་རིས་མཐུན་གཅིག་ཏུ་མི་སྐྱེ་བའི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟ་མ་ཡིན་པར་སྒྲ་ཇི་བཞིན་དུ་བརྟག་ན་ནི་མདོ་ལས། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་འབྱུང་བས་བར་སྲིད་ཀྱང་མེད་པར་འགྱུར་རོ་ཞེས་ཟེར་རོ། །འོ་ན་དེ་ལྟ་ན་གནས་ཐམས་ཅད་དུ་འཆི་བ་མི་རུང་བར་འགྱུར་རོ་ཞེ་ན། མདོ་ལས། སྲིད་པ་ལན་བདུན་པར་གསུངས་པ་ནི་འདོད་པའི་སྲིད་པའི་དབང་དུ་བྱས་པའི་ཕྱིར་(དེ་ལ་དགོངས་ནས་གསུངས་པས་)ཉེས་པ་མེད་དོ་ཞེས་ཟེར་རོ། །འདི་ནི་ལས་ཀྱི་སྟོབས་ཀྱིས་འཕངས་པའི་ཕྱིར་དང་། དུས་དེ་སྲིད་ཀྱིས་རྒྱུད་སྨིན་པས་སྲིད་པ་བདུན་ལས་ལྷག་པར་ཡང་མི་སྐྱེ་ལ་དེའི་གོང་དུ་(བར་སྐབས་སུ་ལམ་གོང་མ་དང་)ཡང་དགྲ་བཅོམ་པ་མངོན་དུ་མི་བྱེད་(དེ་སྲིད་དུ་མྱོང་བར་ངེས་པའི་ལས་ཡོད་པའི་ཕྱིར། འདི་ནི་དེ་ལྟར་ཐོགས་ན་ཞེས་པ་དང་འགལ་ལོ། །)དེ་སྤྲུལ་གོམ་པ་བདུན་པས་ཟིན་པ་དང་རིམས་ཉིན་བཞི་པ་བཞིན་ནོ། །(རྒྱུན་ཞུགས་འབྲས་གནས་ཙམ་པོ་ནི་སྲིད་པ་ལན་བདུན་པ་ཡིན་ཏེ། གོང་མའི་ལྷར་བསྐྱེད་པ་ན་མིར་སྐྱེ་བ་མེད་དེ། འབྲས་བུ་ལ་ཉམས་བཞིན་དུ་འཆི་བ་ལ་སོགས་པར་ཐལ་བའི་སྐྱོན་ཡོད་པས་སོ། །གང་ཞིག་མིའི་རྟེན་ལ་རྒྱུན་ཞུགས་སུ་གྱུར་པ་དེ་ནི་མཐར་དེ་ཁོ་ནར་འོངས་ནས་མྱ་ངན་ལས་འདས་ལ། ལྷའི་ནང་དུ་དེ་ཐོབ་པའང་མཐར་ལྷའི་རྟེན་ལ་མྱ་ངན་ལས་འདའོ། །སྲིད་པ་བརྒྱད་པ་མི་འབྱུང་བ་ནི་ལམ་དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ་དེ་སྲིད་ཀྱིས་ངེས་པ་བརྒྱུད་སྨིན་པའི་ཕྱིར་སྤྲུལ་གོམ་བདུན་པས་ཟིན་པ་བཞིན་ནོ། །དེ་སྲིད་དུ་སྐྱེ་བ་འགྲུབ་སྟེ་ཐ་མའི་ཆ་མཐུན་གཉིས་དང་གོང་མའི་ཆ་མཐུན་ལྔ་སྟེ་ཀུན་སྦྱོར་བདུན་ལུས་པའི་ཕྱིར་རོ། །སོ་སྐྱེ་རྒྱུད་སྨིན་པ་ཁ་ཅིག་ཡང་ལན་བདུན་པ་ཡོད་དོ། །)དེ་ནི་སངས་རྒྱས་(ཀྱི་བསྟན་པ་དང་སངས་རྒྱས་)འཇིག་རྟེན་དུ་མི་འབྱུང་བ་ན་ནི་ཁྱིམ་པའི་རྟེན་ཉིད་ལ་ཆོས་ཉིད་ཀྱིས་ཐོབ་པའི་དགྲ་བཅོམ་ཐོབ་པས་དགེ་སློང་ཡིན་ནོ། །
ཁ་ཅིག་ན་རེ་ཕྱི་རོལ་པ་ལ་སོགས་པའི་དགེ་སྦྱོང་གི་ཚུལ་གྱིས་དགྲ་བཅོམ་ཐོབ་བོ་ཞེས་ཟེར་རོ། །རྒྱུན་ཞུགས་ཀྱི་འབྲས་གནས་གང་ཞིག་སྒོམ་ལམ་ཟག་བཅས་ཟག་མེད་གང་རུང་གིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་པའི་རྣམ་པ་གསུམ་མམ་རྣམ་པ་བཞིའི་བར་ལས་རྣམ་པར་གྲོལ་བ་(སྟེ་འདི་ནི་བདེན་པ་མཐོང་བའི་སྔོན་ནམ་ཕྱིས་སྤངས་ཀྱང་རུང་ངོ་། །གང་ཟག་)དེ་ནི་(བཞི་སྤངས་ན་)ཚེ་གཉིས་སམ་(གསུམ་སྤངས་ན་)གསུམ་དུ་རིགས་ནས་རིགས་སུ་སྐྱེ་བ་སྟེ། དེ་ལའང་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བ་གཉིས་སོ། །ཉོན་མོངས་པ་གཅིག་དང་གཉིས་སྤངས་པ་དེ་ནི་ཚེ་དྲུག་གམ་སྔར་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ་ཞེས་མ་སྨོས་ཀྱང་ཤུགས་ལ་གོའོ་ཞེས་སྔོན་གྱི་སློབ་དཔོན་ཁ་ཅིག་འཆད་དོ། །ཁ་ཅིག་ན་རེ་དེ་ཡང་ལན་གཉིས་སམ་གསུམ་དུ་རིགས་ནས་རིགས་སུ་སྐྱེ་བ་ཡིན་པའི་ཕྱིར་ལོགས་སུ་མ་བཤད་དོ་ཞེས་ཟེར་རོ། །
ཅིའི་ཕྱིར་ལྔ་བ་སྤངས་པའང་རིགས་ནས་རིགས་སུ་སྐྱེ་བར་མ་སྨོས་ཤེ་ན། འདོད་པའི་ཉོན་མོངས་པ་ལྔ་པ་སྤངས་པ་ནི་དྲུག་པའང་(ཚེ་དེ་ཉིད་ལ་)ངེས་པར་སྤོང་བའི་ཕྱིར་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་ཏེ། རྣམ་པ་དྲུག་པ་གཅིག་པུས་ནི་ཕྱིར་འོང་གི་འབྲས་བུ་ལ་གེགས་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་བར་ཆད་གཅིག་པའི་རྣམ་པ་དགུ་པ་གཅིག་པུས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་ལ་གེགས་བྱེད་པར་མི་འགྱུར་རོ། །(ཁམས་ལས་མི་འདའ་བའི་ཕྱིར་རོ། །)ཞེ་ན། དེ་ནི་མི་མཚུངས་ཏེ། བར་ཆད་གཅིག་པ་ནི་འདོད་ཁམས་ལས་འདའ་དགོས་པས་དཀའ་བའི་ཕྱིར་རྣམ་པ་གཅིག་གིས་ཀྱང་གེགས་བྱ་བར་ནུས་ལ། (འགྲེལ་པར་ནི་ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་ཅིག་འོང་བའི་ཕྱིར། ཕྱིར་འོང་བ་སྟེ། ཕན་ཆད་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་འདོད་ལྟར་སོང་ནས་མིར་ལན་ཅིག་ཕྱིར་འོང་དུ་བཤད་ལ་མདོ་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་འབྱུང་བ་ནི་སྒོམ་སྤང་ཆུང་གསུམ་ལུས་པ་ཡིན་ལ་)ཕྱིར་འོང་ནི་ཁམས་ལས་འདའ་མི་དགོས་པས་རྣམ་པ་དྲུག་པ་གཅིག་པུས་གེགས་བྱ་བར་མི་ནུས་པའི་ཕྱིར་རོ། །
གཉིས་པ་ཕྱིར་འོང་བཤད་པ་ནི་རྒྱུན་ཞུགས་ཀྱི་འབྲས་གནས་འདོད་པའི་སྒོམ་སྤང་(གཅིག་ནས་)རྣམ་པ་ལྔའི་བར་དུ་བཅོམ་པ་(དྲུག་པ་སྤོང་བའི་བར་ཆད་མེད་ལམ་གནས་པ་)གང་ཡིན་པ་དེ་ནི་འབྲས་བུ་དང་པོ་ལ་གནས་པར་མ་ཟད་འབྲས་བུ་གཉིས་པ་ཕྱིར་འོང་ལ་ཞུགས་པའང་ཡིན་ནོ། །ལན་ཅིག་ཕྱིར་འོང་འབྲས་གནས་ཙམ་པོ་ནི་བདེན་པ་མཐོང་ནས་འདོད་པའི་སྒོམ་སྤང་རྣམ་པ་དྲུག་པ་ཟད་པར་གྱུར་པ་(འི་རྣམ་གྲོལ་ལ་གནས་པ་)གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་འོང་བ་སྟེ། ཉོན་མོངས་པ་ཆུང་ངུ་གསུམ་གྱིས་ནི་འདོད་པར་ལན་ཅིག་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །(འདི་ལ་དབྱེ་ན་ཞུགས་པ་ལ་དད་མོས་མཐོང་ཐོབ་གཉིས་ཀ་ཡང་དབང་པོས་གསུམ་གསུམ་དང་། རྟེན་གྱིས་དགུ་དགུ་དང་། སྤངས་པ་དང་ལམ་གྱིས་ལྔ་ལྔའོ། །དད་མོས་ནི་རིས་ཀྱིས་ལྔ་སྟེ་སྤྱིར་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔའོ། །མཐོང་ཐོབ་ནི་རིགས་ཀྱིས་དབྱེར་མེད་པས་བརྒྱད་དང་སུམ་ཅུ་རྩ་ལྔའོ། །གནས་པ་གཉིས་ནི་གཞན་དང་སྔ་མ་འདྲ་ལ་སྤངས་པ་དང་ལམ་གྱིས་གསུམ་གསུམ་སྟེ། དད་མོས་ནི་བརྒྱད་ཅུ་རྩ་ལྔ་དང་། མཐོང་ཐོབ་ནི་ཉི་ཤུ་རྩ་བདུན་ཡོད་དོ། །)ཕྱིར་འོང་གི་འབྲས་གནས་འདོད་པའི་སྒོམ་སྤང་གི་ཉེས་པའི་ཆ་བདུན་དང་བརྒྱད་ཟད་པ་གང་ཡིན་པ་དེ་ནི་(དགྲ་བཅོམ་ཐོབ་པ་ལ་)ཚེ་གཅིག་པ་དང་(ཕྱིར་མི་འོང་ཐོབ་པ་ལ་ཉོན་མོངས་ཀྱི་)བར་ཆད་གཅིག་པ་ཞེས་བྱ་སྟེ་གནས་པ་ཁྱད་པར་ཅན་ནོ། །ཚེ་གཅིག་གིས་ཕྱིར་མི་འོང་ལ་བར་ཆད་བྱེད་པ་ནི་སྔར་བཤད་པ་ལྟར་འདི་ནི་འདོད་ཁམས་ལས་འདའ་དགོས་ཤིང་ཁམས་ལས་འདའ་བ་ནི། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །འགྲོ་བ་ལ་ལས་གེགས་ཤིན་ཏུ་བྱེད་ཅེས་འབྱུང་ལ། ཉོན་མོངས་པའང་ལས་དང་འདྲ་བས་སྤང་དཀའ་བའི་ཕྱིར་ཉོན་མོངས་པ་གཅིག་གིས་ཀྱང་བར་ཆད་བྱེད་པའི་ཕྱིར་རོ། །(མཐོང་ལམ་མ་ཐོབ་ཀྱི་སྔོན་དུ་གསུམ་དང་བཞི་སྤངས་པ་དང་བདུན་དང་བརྒྱད་སྤངས་པ་འབྲས་བུ་ཙམ་ཐོབ་པ་ནི་རིགས་སྐྱེའམ་བར་ཆད་གཅིག་པ་མ་ཡིན་ཏེ། དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་མ་ཐོབ་པའི་ཕྱིར་རོ། །དེ་དག་གམ་དེ་དག་གི་གོང་མའི་གཉེན་པོ་འབྲས་བུ་ཁྱད་པར་ཅན་མངོན་སུམ་དུ་བྱས་ན་ཡིན་ནོ། །)
གསུམ་པ་ཕྱིར་མི་འོང་བཤད་པ་ནི་ཕྱིར་འོང་གི་འབྲས་གནས་ཁྱད་པར་ཅན་དེ་ཉིད་འབྲས་བུ་གསུམ་པ་ཕྱིར་མི་འོང་པའི་འབྲས་བུ་ལ་ཞུགས་པའང་ཡིན་ནོ། །ཕྱིར་འོང་གི་འབྲས་གནས་དེ་ཉིད་འདོད་པའི་སྒོམ་སྤང་དགུ་པ་ཟད་པས་ཕྱིར་མི་འོང་བ་ཡིན་ཏེ། འདོད་པར་ཕྱིར་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་རོ། །ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་དེ་ཉིད་ནི་གསུམ་དུ་དབྱེ་སྟེ། གཟུགས་སུ་ཉེ་བར་འགྲོ་བ་དང་། གཟུགས་མེད་པར་ཉེ་བར་འགྲོ་བ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བའོ། །དེ་ལ་གཟུགས་སུ་ཉེ་བར་འགྲོ་བ་དེ་ནི་རྣམ་པ་ལྔ་སྟེ། བར་མ་དོར་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་སོ། །
དེ་ལ་དང་པོ་ནི་འདི་ནས་ཤི་འཕོས་ཏེ་གཟུགས་ཀྱི་(གནས་བཅུ་དྲུག་གང་རུང་གི་)བར་དེར་(ལྷག་མེད་)དགྲ་བཅོམ་ཐོབ་པར་བྱེད་པའོ། །(འདི་ཆོས་ཉིད་ཀྱིས་བར་དོར་ཡུན་རིང་གནས་ལ་སྐྱེ་བའི་ཉོན་མོངས་པ་ཆེད་པས་སོ། །)གཉིས་པ་ནི་(བར་དོར་འདའ་མ་ནུས་པ་དེ་)ལམ་སྒོམ་པ་ལ་མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་གཉིས་ཀ་ཡོད་པས་ཚངས་རིས་ལ་སོགས་པར་སྐྱེས་མ་ཐག་ཏུ་དགྲ་བཅོམ་ཐོབ་པར་བྱེད་པའོ། །(ཁ་ཅིག་ཕུང་པོ་ལྷག་མེད་དུ་འདའ་ཟེར་བ་ནི་མི་རིགས་ཏེ། ཚེ་འདོར་བའི་དབང་མེད་པའི་ཕྱིར་རོ། །དེ་ལ་དབང་ཐོབ་པ་ལ་རབ་མཐའི་བསམ་གཏན་བཞི་པ་ཐོབ་པའི་མི་དགྲ་བཅོམ་དབང་རྣོན་དགོས་པའི་ཕྱིར་རོ། །དེ་ལྟ་ན་བར་དོར་འདར་བ་དེ་ཚེ་ལ་དབང་བར་འགྱུར་རོ་ཞེ་ན་མི་དབང་ཡང་དོར་གནས་པར་བྱེད་པའི་ལས་ནི་སྐྱེས་ནས་མྱོང་འགྱུར་ལྟ་བུའི་མཐུ་ཅན་མེད་པས་མྱུར་དུ་ལྷག་མེད་དུ་འདའ་ལ། འདི་ནི་ཚད་དེ་རྫོགས་ནས་སོ། །དེས་ན་མི་མཚུངས་སོ། །)གསུམ་པ་ནི་བརྩོན་པ་ཡོད་ཀྱང་ལམ་ངང་གིས་འབྱུང་བ་མེད་པས་དེ་ལམ་སྒོམ་པ་ལ་རྩོལ་བ་དང་བཅས་པས་དགྲ་བཅོམ་ཐོབ་པར་བྱེད་པའོ། །བཞི་པ་ནི་བརྩོན་པ་ངང་ལམ་དང་གིས་འབྱུང་བ་གཉིས་ཀ་མེད་པས་ཚངས་རིས་ལ་སོགས་པར་སྐྱེས་ནས་ཡུན་རིང་པོ་ལོན་ནས་ལམ་སྒོམ་པ་ལ་རྩོལ་བ་མེད་པར་དགྲ་བཅོམ་ཐོབ་པར་བྱེད་པའོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་ལ། སློབ་དཔོན་ནི་མདོ་ལས། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་མངོན་པར་འདུ་བྱེད་མེད་པར་མྱང་འདས་སྔར་འབྱུང་བས་དེ་དང་མཐུན་པར་འབད་རྩོལ་མེད་པ་དང་ཡོད་པས་འཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པ་མེད་པ་དང་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པས་ལམ་ངང་གིས་འབྱུང་བ་དང་ངང་གིས་འབྱུང་བ་མ་ཡིན་པས་འདུ་བྱེད་མེད་པ་གསུམ་པར་བཞེད་དོ། །ལམ་ངང་གིས་འབྱུང་བར་འདྲ་ཡང་སྐྱེས་ནས་དང་ཁྱད་པར་མེད་པར་མི་འགྱུར་ཏེ། སྐྱེས་ནས་མྱང་འདས་ནི་ལམ་ཆེས་ངང་གིས་འབྱུང་བ་དང་། རྒྱུ་བསགས་པའི་སྒོ་ནས་ལམ་ཆེས་ཆེ་བ་དང་། ལམ་ཆེས་ཆེ་བ་ཉིད་ཀྱིས་ཟད་པར་བྱས་པས་ཕྲ་རྒྱས་ཆེས་ཆུང་བ་ཡིན་ལ། འདུ་བྱེད་མེད་པ་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །
ལྔ་པ་ནི་ཚངས་རིས་ལ་སོགས་པ་བསམ་གཏན་དང་པོའི་གནས་གཞན་དག་ཏུ་དགྲ་བཅོམ་མ་ཐོབ་པར་འོད་ཆུང་ལ་སོགས་པ་གོང་དུ་འཕོས་ནས་དགྲ་བཅོམ་ཐོབ་པར་བྱེད་པ་སྟེ། གོང་དུ་འཕོ་བ་(ནི་འདིར་ཕྱིར་མི་འོང་ཐོབ་ཀྱང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་མཐུས་བར་དོ་དང་སྐྱེས་གནས་འདའ་མི་ནུས་པ་སྟེ་)དེ་ནི་རྒྱུའིི་སྒོ་ནས་ཤེས་རབ་ལ་དགའ་བས་ལྷག་མཐོང་སྤྱད་པ་བསམ་གཏན་སྤེལ་བ་དང་། ཏིང་ངེ་འཛིན་ལ་དགའ་བས་ཞི་གནས་སྤྱད་པ་བསམ་གཏན་མ་སྤེལ་བ་གཉིས་ལས་དང་པོ་རྒྱུའི་སྒོ་ནས་བསམ་གཏན་སྤེལ་མ་བསྒོམས་ན་འབྲས་བུའི་སྒོ་ནས་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དེ་ཡང་དབྱེ་ན་འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ་ལས་དང་པོ་ནི་འདོད་པར་སྐྱེ་བའི་འཕགས་པས་བསམ་གཏན་བཞི་པ་གོམས་པར་བྱས་པ་ཞིག་བསམ་གཏན་དང་པོའི་བདེ་བའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་ཏེ་ཤི་འཕོས་པ་ན་ཚངས་རིས་ལ་སོགས་པར་སྐྱེས་ནས་སྔོན་གོམས་པའི་ཤུགས་ཀྱི་བསམ་གཏན་བཞི་པ་(བཅོ་ལྔ་)སྤེལ་(བསྒོམས་)ཏེ་འོག་མིན་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བྱེད་པའོ། །གཉིས་པ་ནི་(ཚངས་རིས་ཀྱི་རྟེན་ལ་གསུམ་སྤེལ་ལམ་དྲུག་སྤེལ་གོམས་ནས་)རྒྱུན་སྔ་མ་ལ་གཙང་མ་རིས་ཀྱི་ལྷ་ལྔའི་འོག་མ་གང་རུང་གཅིག་ཏུ་སྐྱེས་ནས་དེ་ནས་(བཅོ་ལྔ་པ་བསྒོམས་ནས་)འོག་མིན་ཏུ་སྐྱེས་ཏེ་དགྲ་བཅོམ་ཐོབ་པར་བྱེད་པའོ། །གསུམ་པ་ནི་ཚངས་ཆེན་མ་གཏོགས་པ་གནས་རིས་བཅུ་དྲུག་པོ་ཐམས་ཅད་དུ་སོང་སྟེ་འོག་མིན་གྱི་ལུས་ལ་དགྲ་བཅོམ་ཐོབ་པར་བྱེད་པའོ། །ཚངས་ཆེན་དུ་མི་སྐྱེ་བ་ནི་ལྟ་བའི་གནས་ཡིན་པ་དང་། གཙོ་བོ་གཅིག་པའི་གནས་ཡིན་པས་འཕགས་པ་རྣམས་ཀྱིས་སྤངས་པའི་ཕྱིར་རོ། །གང་དག་འོད་གསལ་མན་ཆད་དུ་རིམ་གྱིས་སྐྱེས་ནས་དེའི་རྟེན་ལ་དགྲ་བཅོམ་ཐོབ་པ་ལ་སོགས་པའང་ཡོད་པར་རིགས་པའི་ཕྱིར་འདི་གསུམ་དུ་ངེས་པ་ནི་མ་ཡིན་པར་གསལ་ལོ། །ཕྱིར་མི་འོང་བ་ཞེས་བྱ་བའང་འདོད་པ་ཁོ་ནར་ཕྱིར་མི་འོང་བ་ནི་མ་ཡིན་གྱི་འོན་ཀྱང་ས་གང་དུ་སྐྱེས་པའི་འཕགས་པ་དེ་ས་དེ་དང་འོག་མར་ཕྱིར་མི་འོང་(བས་ཕྱིར་མི་འོང་རྫོགས་)པའི་ཕྱིར་ཏེ། བསམ་གཏན་དང་པོར་སྐྱེས་པའི་ཕྱིར་མི་འོང་བ་འདོད་པ་དང་བསམ་གཏན་དང་པོར་ཕྱིར་མི་འོང་བ་ལ་སོགས་པ་ལྟ་བུ་སྟེ། འཕགས་པ་དེ་དག་ཡང་ན་ནི་རྟེན་དེ་ལ་དགྲ་བཅོམ་ཐོབ་པར་བྱེད་ལ། དེར་མ་ཐོབ་ན་ནི་གོང་དུ་འཕོ་བ་ཡིན་ཏེ། ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །(སྤེལ་མ་ཉམས་ནས་སྤྲིན་མེད་ལ་སོགས་པར་སྐྱེ་བ་ནི་མེད་དེ། སྤེལ་མའི་ཏིང་ངེ་འཛིན་བཞི་པའི་ས་པ་ཡིན་ལ་དེ་རང་སའི་ཉོན་མོངས་ཀྱིས་ཉམས་པར་མི་འགྱུར་ལ་ཉམས་ན་གནས་གཙང་དུ་སྐྱེ་བའི་ཕྱིར་རོ། །)
གཉིས་པ་རྒྱུའི་སྒོ་ནས་བསམ་གཏན་སྤེལ་མ་བསྒོམས་པ་ལས་གཞན་རྒྱུའི་སྒོ་ནས་བསམ་གཏན་མ་སྤེལ་བ་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཡིན་ཏེ། བསམ་གཏན་དང་པོ་ནས་བཞི་པའི་གནས་གཙང་མ་ལྔ་མ་གཏོགས་པ་རྣམས་སུ་རིམ་གྱིས་སོང་སྟེ། དེ་ནས་གཟུགས་མེད་པ་རྣམས་སུ་སོང་ནས་སྲིད་རྩེར་དགྲ་བཅོམ་ཐོབ་པར་བྱེད་པའོ། །གོང་དུ་འཕོ་བ་དེ་དག་ལ་བར་སྐབས་ས་འོག་མ་དག་ཏུ་དགྲ་བཅོམ་ཐོབ་པའང་ཡོད་མོད་ཀྱི་འོག་མིན་དང་སྲིད་རྩེའི་མཐར་ཐུག་པ་ཞེས་བྱ་བ་ནི་དེ་དག་ལས་གོང་དུ་འགྲོ་བ་མེད་པའི་ཕྱིར་ཏེ། དཔེར་ན་རྒྱུན་ཞུགས་ལ་སྲིད་པ་གཉིས་སམ་གསུམ་མངོན་པར་གྲུབ་ནས་མྱ་ངན་ལས་འདའ་བ་སྲིད་ཀྱང་ཕྱིན་ཆད་སྲིད་པ་བརྒྱད་པ་མི་འགྲུབ་པས་ན་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་པ་བཞིན་ནོ། །
གལ་ཏེ་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཟུགས་སུ་འགྲོ་བར་ཇི་ལྟར་འགྱུར་ཏེ། དེ་ནི་གཟུགས་མེད་དུ་འགྲོ་བ་ཡིན་པའི་ཕྱིར་རོ་ཞེ་ན། བདེན་མོད་ཀྱི་གནས་གཙང་མ་མ་གཏོགས་པ་རྣམས་སུ་རིམ་གྱིས་འོངས་ནས་གཟུགས་མེད་པར་འགྲོ་བའི་ཕྱིར་དེ་སྐད་དུ་བརྗོད་དོ། །འདི་དག་གནས་གཙང་མར་མི་འགྲོ་བ་ནི་གནས་གཙང་མ་དག་ནི་འཕགས་པའི་གནས་ཡིན་པས་དེ་ནས་ཤི་འཕོས་ནས་གཟུགས་མེད་བྱིས་པའི་གནས་སུ་མི་སྐྱེ་བའི་ཕྱིར་དང་། སྐྱེ་བ་དེ་དག་ཀྱང་འཕགས་པའི་གནས་སུ་མི་འགྲོ་བ་ནི་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཟུགས་སུ་ཉེ་བར་འགྲོ་བ་ལས་གཞན་ནི་གཟུགས་མེད་པར་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་སྟེ། འདོད་པར་ཕྱིར་མི་འོང་ཐོབ་པ་གཟུགས་ལས་འདོད་ཆགས་དང་བྲལ་བ་དག་ནི་གཟུགས་མེད་དུ་སྐྱེས་ནས་དགྲ་བཅོམ་འཐོབ་པའི་ཕྱིར་རོ། །དེ་ཡང་དབྱེ་ན་སྐྱེས་ནས་དང་། མངོན་པར་འདུ་བྱེད་བཅས་དང་། བྱེད་པ་མེད་པར་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་རྣམ་པ་བཞིའོ། །དེ་ན་བར་སྲིད་མེད་པས་བར་མ་དོར་མྱ་ངན་ལས་འདའ་བ་ནི་མེད་དོ། །རྣམ་པ་བཞི་ཞེས་བྱ་བའང་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་དབང་དུ་བྱས་ཀྱི་སྲིད་རྩེ་ལ་ནི་གོང་དུ་འཕོ་བའང་མེད་པའི་ཕྱིར་རོ། །ཕྱིར་མི་འོང་སྔར་གྱི་དེ་དག་ལས་གཞན་ནི་མཐོང་ཆོས་ཚེ་འདི་ཉིད་ལ་དགྲ་བཅོམ་ཐོབ་ནས་མྱ་ངན་ལས་འདའ་བའོ། །(མཐོང་ཆོས་ལ་འདའ་བ་ལ་རྟེན་གྱིས་དབྱེ་ན་དགུ་དང་། སྤངས་པས་བསམ་གཏན་དང་གཟུགས་མེད་བཞིའི་སྒོམ་སྤང་དགུ་བཞི་སོ་དྲུག་ཕྲག་གཉིས་ལས་སྲིད་རྩེའི་དགུ་པ་སྤངས་པ་བོར་ཏེ་བདུན་ཅུ་རྩ་གཅིག་གོ། དབྱེ་བ་གཞན་ནི་འདྲ་སྟེ་སྤྱིར་ཆིག་སྟོང་དྲུག་བརྒྱ་དང་དྲུག་ཅུ་རེ་གཉིས་ཡོད་དོ། །)དེ་ལྟར་གཟུགས་སུ་འགྲོ་བའི་ཕྱིར་མི་འོང་བ་ལྔ་དང་གཟུགས་མེད་པར་འགྲོ་བ་དང་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་སྟེ་ཕྱིར་མི་འོང་བདུན་ཡིན་ནོ། །གཟུགས་སུ་འགྲོ་བ་གཅིག་ཏུ་བགྲངས་ན་ནི་གསུམ་ཡིན་ནོ། །བར་མ་དོར་མྱ་ངན་ལས་འདའ་བ་ལ་སོགས་པ་ལྔ་པོ་དེ་དག་རེ་རེ་ལའང་གནས་གཞན་གྱིས་ཕྱེ་ན་བསམ་གཏན་ས་བཞི་ལ་ཁ་ཆེ་བ་ལྟར་ན་བདུན་ན་འདོད་ལས་གནས་གཞན་ཐ་དད་མེད་པ་དང་། ལྟ་བའི་གནས་ཡིན་པས་ཚངས་ཆེན་མ་གཏོགས་པ་བཅུ་དྲུག་བཅུ་དྲུག་དང་། རིགས་ཀྱིས་ཕྱེ་ན་ཉམས་པའི་ཆོས་ཅན་ལ་སོགས་པ་དྲུག་དྲུག་དང་། འདོད་ཆགས་དང་བྲལ་བས་ཕྱེ་ན་འཆིང་བ་མཐའ་དག་དང་ལྡན་པ་ནས་རང་སའི་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་དགུ་དགུ་དང་། དབང་པོས་ཕྱེ་ན་དབང་པོ་རྣོན་པོ་ལ་སོགས་པ་གསུམ་གསུམ་དུ་འགྱུར་བས་དེ་ལྟ་ན་བར་མ་དོར་མྱ་ངན་ལས་འདའ་བ་ལ་དབྱེ་ན་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་སྐྱེ་ནས་མྱ་ངན་ལས་འདའ་བ་ལ་སོགས་པ་བཞི་ལའང་སྦྱར་ཏེ་སྤྱིར་ཕྱིར་མི་འོང་བ་ཁྲི་ཉིས་སྟོང་དགུ་བརྒྱ་རྩ་དྲུག་ཅུར་འགྱུར་རོ། །
གཟུགས་མེད་དུ་འགྲོ་བ་ལའང་རྟེན་གྱིས་བཞི་དང་། དབང་པོས་གསུམ་དང་། རིགས་ཀྱིས་དྲུག་དང་། འདོད་ཆགས་དང་བྲལ་བས་དགུ་དགུ་དང་། ངོ་བོས་བར་མ་དོར་མྱ་ངན་ལས་འདའ་བ་མ་གཏོགས་པ་བཞི་སྟེ། རེ་རེ་ལ་དྲུག་བརྒྱ་བཞི་བཅུ་རྩ་བརྒྱད་བརྒྱད་ཡོད་པས་བསྡོམས་ན་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཀྱི་དབྱེ་བ་ཤེས་པར་བྱ་ཞིང་། དེ་དག་ཐམས་ཅད་ཀྱི་འོག་སའི་རྣམ་པ་དགུ་པ་ལས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་གོང་མའི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་པས་འདོད་པའི་དགུ་པ་སྤངས་པ་དེ་ཉིད་བསམ་གཏན་དང་པོའི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་པ་ལ་སོགས་པར་སྦྱར་རོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ལ་རིགས་ཀྱིས་དྲུག་དང་། དབང་པོས་གསུམ་གྱིས་དབྱེ་བ་ཤེས་པར་བྱའི་རྟེན་དང་འདོད་ཆགས་དང་བྲལ་བའི་དབྱེ་བ་ནི་མེད་དེ། རྟེན་ནི་འདོད་པ་གཅིག་ཏུ་ཟད་པའི་ཕྱིར་དང་། འདོད་པའི་ཉོན་མོངས་པ་མ་སྤངས་པ་ནི་ཕྱིར་མི་འོང་མ་ཡིན་པའི་ཕྱིར་རོ། །ཞེས་འཆད་མོད་ཀྱང་། རྟེན་གྱིས་གླིང་གསུམ་གྱི་མི་དང་ལྷ་རིས་དྲུག་སྟེ་དགུ་དང་། འདོད་ཆགས་དང་བྲལ་བས་བསམ་གཏན་དང་པོ་དང་སྲིད་རྩེའི་བར་གྱི་དགུ་བརྒྱད་བདུན་ཅུ་རྩ་གཉིས་སྤངས་པས་ཁྲི་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞིར་འགྱུར་རོ་ཞེས་གསུང་ངོ་། །(སར་ན་སྤང་བྱ་དགུ་དགུ་འཆིང་བ་ཀུན་ལྡན་དང་བསྡོམས་ནས་རེ་རེ་བཅུ་བཅུར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། འོག་སའི་དགུ་པ་སྤངས་མ་ཐག་པ་དང་དེའི་གོང་མའི་འཆིང་བ་ཀུན་ལྡན་གཉིས་གཅིག་ཏུ་བརྩི་སྟེ། རང་སའི་དགུ་པ་སྤངས་པ་ནི་དེར་སྲིད་པ་འགྲུབ་པ་མི་རུང་བས་དེའི་དབྱེ་བ་ཡིན་ནོ་ཞེས་གསུང་ངོ་། །དེ་ལྟར་ན་གནས་དང་རིགས་དང་འདོད་ཆགས་དང་བྲལ་བ་དང་དབང་པོའི་བྱེ་བྲག་གིས་དབྱེ་ན་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུའོ། །དེ་ལྟར་ན་གནས་གཅིག་ན་རིགས་དྲུག་གོ། རིགས་རེ་རེ་ལའང་སྤངས་པས་དགུ་དགུ་སྟེ་དགུ་དྲུག་ལྔ་བཅུ་བཞིའོ། །ལྔ་བཅུ་ང་བཞི་པ་བཅུ་དྲུག་ནི་བརྒྱད་བརྒྱ་དྲུག་ཅུ་རྩ་བཞིའོ། །དེ་དབང་པོའི་བྱེ་བྲག་གིས་སུམ་འགྱུར་དུ་བྱས་པའོ། །འཆད་པར་འགྱུར་བ་ལྔའང་དེ་བཞིན་དུ་སྦྱར་བས་ཐམས་ཅད་བསྡོམས་ནས་གཟུགས་སུ་འགྲོ་བའི་ཕྱིར་མི་འོང་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་ཡོད་དོ། །)འོ་ན་མདོ་ལས། གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་དགུར་བཤད་པའི་དོན་ཅི་ཞེ་ན། བར་མ་དོར་མྱ་ངན་ལས་འདའ་བ་ལ་ཞོགས་མའི་མེ་སྟག་ཆུང་ངུ་མངོན་པར་གྲུབ་བཞིན་དུ་འཆི་བ་དང་། ལྕགས་ཀྱི་ཚྭ་ཚྭ་སྟེང་དུ་ཡར་བཞིན་དུ་འཆི་བ་དང་། ལྕགས་ཀྱི་ཚྭ་ཚྭ་སྟེང་དུ་ཡར་ནས་ས་ལ་མ་ལྷུང་བར་འཆི་བའི་དཔེ་གསུམ་གྱིས་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ནས་མྱ་ངན་ལས་འདའ་བ་གསུམ་དང་། སྐྱེས་ནས་མྱ་ངན་ལས་འདའ་བ་ལ་སྐྱེས་མ་ཐག་དང་། འདུ་བྱེད་བཅས་དང་། བྱེད་པ་མེད་པ་གསུམ་དང་། གོང་དུ་འཕོ་བ་ལ་འཕར་བ་ལ་སོགས་པ་གསུམ་སྟེ། དེ་ལྟར་གསུམ་པོ་རེ་རེ་ལའང་རྣམ་པ་གསུམ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ནི་དགུར་བཤད་དོ། །(འབྱེད་པའི་རྒྱུ་མཚན་ནི་)ཕྱིར་མི་འོང་པ་གསུམ་དང་དགུ་པོ་དེ་དག་གི་ཁྱད་པར་རྣམས་ནི་རང་རང་གི་ལས་བར་སྲིད་འགྲུབ་པ་དང་། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གསུམ་དང་། དབང་པོ་རྣོ་འབྲིང་རྟུལ་པོ་གསུམ་དང་། ཉོན་མོངས་པ་ཆུང་འབྲིང་ཆེན་པོ་གསུམ་དང་། དབང་པོ་དང་ཉོན་མོངས་པ་ལའང་རྣོན་པོའི་རྣོན་པོ་དང་། སྤང་སླ་བའི་སླ་བ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་བྱེ་བྲག་ལས་ཡིན་ཏེ། བར་མ་དོར་མྱུར་བ་ལ་སོགས་པ་རྣམས་ལའང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ཡང་གསུམ་ཚན་དང་པོ་གཉིས་ལ་ནི་དབང་པོ་དང་ཉོན་མོངས་པའི་བྱེ་བྲག་ཡོད་ཀྱི་ལས་ཀྱི་བྱེ་བྲག་ནི་མེད་དེ། དང་པོ་གསུམ་ནི་མངོན་པར་འགྲུབ་པའི་ལས་སུ་མཚུངས་ལ། གཉིས་པ་གསུམ་ནི་སྐྱེས་ནས་མྱོང་འགྱུར་དུ་མཚུངས་པའི་ཕྱིར་རོ། །གསུམ་ཚན་ཐ་མ་ལ་ནི་ལས་དབང་ཉོན་མོངས་གསུམ་གའི་བྱེ་བྲག་ཡོད་དོ། །
འོ་ན་ལུང་བར་མ་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ནི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བ་དགུ་པོ་དེ་ལས་གོང་དུ་འཕོ་བ་གསུམ་དུ་མ་ཕྱེ་བར་བགྲངས་པ་ལས་ནི་སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་འདོད་པ་ཡིན་ནོ། །(གོང་འཕོ་མི་འབྱེད་པ་ཅི་ཞེ་ན་)དེ་ནི་བསམ་གཏན་སྤེལ་མ་སྤེལ་དང་། ཁམས་གཅིག་དང་གཉིས་སུ་འགྲོ་བ་དང་། འཕར་བ་ལ་སོགས་པ་ཤིན་ཏུ་མང་བས་གདུལ་བྱའི་བློ་འཁྲུག་བསམ་ཕྱེ་ཞེས་སོ། །ཅིའི་ཕྱིར་(སློབ་པའི་ནང་ན་)འདི་དག་ཁོ་ན་དམ་པར་བརྗོད་ཅེ་ན། ལས་དམ་པ་དགེ་བ་ལ་འཇུག་པའི་ཕྱིར་དང་། (འདོད་པ་ལ་འདོད་ཆགས་དང་བྲལ་བས་མི་དགེ་བ་སྤངས་པའི་ཕྱིར་)དམ་མིན་མི་དགེ་བ་ལ་མི་འཇུག་པའི་ཕྱིར་དང་། འགྲོ་བ་འདི་དག་ཏུ་སོན་པ་ཕྱིར་མི་འོང་བའི་ཕྱིར་དེ་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་ཡིན་གྱི་སོ་སོའི་སྐྱེ་བོ་དང་སློབ་པ་ཆགས་བཅས་ལ་ནི་དེ་དག་མེད་པའི་ཕྱིར་དང་། མི་སློབ་པའི་འཕགས་པ་དག་དམ་པ་ཡིན་ཀྱང་ཁམས་གོང་མར་འགྲོ་བ་མ་ཡིན་པའི་ཕྱིར་རོ། །
འོ་ན་མདོ་ལས། སྐྱེས་བུ་དམ་པ་གང་ཞེ་ན། སློབ་པའི་ཡང་དག་པའི་ལྟ་བ་ནས་ཏིང་ངེ་འཛིན་གྱི་བར་དང་ལྡན་པའོ་ཞེས་གསུངས་པ་ཇི་ལྟར་ཞེ་ན། དེ་ནི་སྲོག་གཅོད་པ་ནས་ཆང་འཐུང་བའི་བར་སྡིག་པ་ལྔ་པོ་གཏན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང་། སྡིག་པ་གཞན་ཡང་མཐོང་སྤང་དང་འདོད་པའི་སྒོམ་སྤང་ཅི་རིགས་པ་སྤངས་པས་ཕལ་ཆེར་སྤངས་པའི་ཕྱིར་དེ་ཙམ་གྱིས་རྣམ་གྲངས་པའི་དམ་པར་བཤད་པ་ཡིན་ལ། འདིར་ནི་རྣམ་གྲངས་མ་ཡིན་པའི་དམ་པར་བསྟན་པའི་ཕྱིར་རོ། །གལ་ཏེ་འདོད་པར་(ཆེ་དང་པོ་ལ་)འཕགས་པའི་བདེན་པ་མཐོང་བ་ཚེ་རྗེས་ནས་ཕྱིར་མི་འོང་ཐོབ་པ་ལའང་བར་མ་དོར་མྱ་ངན་ལས་འདའ་བ་ལ་སོགས་པའི་དབྱེ་བ་ཡོད་དམ་ཞེ་ན། མེད་དེ། གང་ཞིག་འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་དེ་ནི་གཟུགས་ལ་སོགས་པའི་ཁམས་གཞན་དུ་འགྲོ་བ་མེད། (དེ་ཕྱིར་མི་འོང་ཐོབ་པའི་ཚེ་དེ་ལ་མྱ་ངན་ལས་འདའ་)བའི་ཕྱིར་རོ། །(དེ་ཡང་འདོད་པ་སྡུག་བསྔལ་མང་བས་སྐྱོ་བས་སོ། །)དེ་ལ་འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཞེས་བྱ་བ་ནི་འདོད་པར་ཚེ་དང་པོ་ལ་རྒྱུན་ཞུགས་སམ་ལན་ཅིག་ཕྱིར་འོང་ཐོབ་སྟེ་ཤི་འཕོས་ནས་སླར་ཡང་ཚེ་གཉིས་པར་འདོད་པར་སྐྱེས་པའོ། །དེ་ནི་ཁམས་གཞན་དུ་འགྲོ་བ་མ་ཡིན་ཏེ། འདོད་པ་སྡུག་བསྔལ་མང་བས་སྡུག་བསྔལ་གྱིས་ཤིན་ཏུ་སྐྱོ་ཞིང་ཡིད་འབྱུང་བས་ཚེ་དེ་ཉིད་དམ། ཡང་ན་ཚེ་གཉིས་པ་ལ་འདོད་པར་སྐྱེས་ཏེ་ཕྱིར་མི་འོང་ཐོབ་པར་བྱས་ནས་དགྲ་བཅོམ་ཐོབ་པར་བྱེད་པའི་ཕྱིར་རོ། །གཟུགས་ཀྱི་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་བ་ནི་རེས་འགའ་ཁམས་གཞན་གཟུགས་མེད་དུ་ཡང་འགྲོ་སྟེ་གོང་དུ་འཕོ་བ་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་བཞིན་ནོ། །
(འདི་ནི་མཐར་གྱིས་པའི་འབྲས་བུ་ལ་དཀའ་བར་བཤད་པས་ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་གོང་དུ་འགྲོ་བར་སྲིད་པར་གསལ་ལོ་ཞེས་ཤེར་འོད་གསུང་ངོ་། །)འོ་ན་བརྒྱ་བྱིན་གྱིས་ཞུས་པའི་མདོ་ལས། བརྒྱ་བྱིན་གྱིས། བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མི་ཞེས། རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག། བཅོམ་ལྡན་བདག་ནི་རྒྱུན་ཞུགས་བདེ་གཤེགས་རྒྱུན་ཞུགས་ཏེ་ཞེས་རང་ཉིད་རྒྱུན་ཞུགས་ཡིན་པར་ཡང་བཤད་ཅིང་། དེ་ནས་མིར་སྐྱེས་ནས་མྱ་ངན་ལས་འདའ་བར་གྱུར་ཅིག། དེར་མྱང་འདས་མ་ཐོབ་ན་གཟུགས་ཁམས་སུ་སྐྱེ་བར་གྱུར་ཅིག་ཅེས། དེ་ནས་གཟུགས་ཁམས་སུ་སྐྱེ་བར་སྨོན་ལམ་བཏབ་ལ། སྟོན་པས་ཀྱང་། ལེགས་སོ་བརྒྱ་བྱིན་བག་ཡོད་པར་ནི་གནས་པར་གྱིས་ཞེས་གསུངས་ནས་དགག་པ་མ་མཛད་པའི་ཕྱིར་དེ་དང་འགལ་ཏེ། བརྒྱ་བྱིན་ནི་མིར་སྐྱེས་ན་འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་བརྒྱ་བྱིན་གྱིས་ཆོས་མངོན་པ་མ་ཤེས་པའི་ཕྱིར་ཡིན་ལ། སྟོན་པས་མ་བཀག་པ་ནི་བརྒྱ་བྱིན་(འཆི་ལྟས་ཀྱི་སྐྱོབ་ལས་)དགའ་བར་བྱ་བའི་ཕྱིར་(ཡིན་གྱི་སྨད་པའི་ཕྱིར་)ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་དོ། །འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་དེ་དང་ཁམས་གོང་མ་གཉིས་པོར་སྐྱེས་པའི་འཕགས་པ་རྣམས་ནི་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ལམ་མངོན་དུ་འགྱུར་བ་དང་མཐུན་པའི་(ལམ་གྱི་)རྟེན་(ལུས་)ཁྱད་པར་ཅན་ཐོབ་པའི་ཕྱིར་(ཡོངས་སུ་མི་ཉམས་པ་དང་)སྐྱེ་བ་དུ་མར་ལ་མ་ལ་འདྲིས་པར་བྱས་པས་ཤེས་རབ་ལ་སོགས་པའི་དབང་པོ་རྣམས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ཁྱད་པར་ཅན་དུ་གྱུར་(པས་དབང་པོ་འཕོ་བའང་མེད་)པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དབང་པོ་ཡོངས་སུ་སྨིན་པས་དབང་པོ་འཕོ་བའང་མི་རྟེན་ལ་ཁམས་གཞན་དུ་ཡང་མི་འགྲོའོ། །ཅིའི་ཕྱིར་སློབ་པ་ཆགས་བཅས་དག་པར་མ་དོར་མྱ་ངན་ལས་མི་འདའ་ཞེ་ན། སློབ་དཔོན་ནི་ཁམས་གོང་མའི་གཉེན་པོ་རྣམས་མ་འདྲིས་པས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་དང་། ཉོན་མོངས་པའི་ཕྲ་རྒྱས་རྣམས་ཤིན་ཏུ་ཆུང་བ་མ་ཡིན་པའི་ཕྱིར་ཆགས་བྲལ་ཁོ་ན་ལ་བཤད་པ་ཡིན་ནོ་ཞེས་བཞེད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ། མྱ་ངན་ལས་འདའ་བས་ནི་འདོད་པའི་མི་དགེ་བ་དང་ཁམས་གོང་མའི་བསྒྲིབས་ལ་ལུང་མ་བསྟན་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། ཁམས་གསུམ་ལས་འདའ་བ་དང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྒྱུན་ཞུགས་ཀྱིས་གསུམ་མམ་ཕྱིར་འོང་གིས་གཉིས་ཐོབ་པ་ལ་སོགས་པ་བྱ་བ་མང་པོ་ཞིག་བྱ་དགོས་པ་ལ་དེ་དག་དཀའ་བའི་ཕྱིར་བར་མདོ་པས་མི་ནུས་སོ་ཞེས་ཟེར་རོ། །
འོ་ན་བསམ་གཏན་སྤེལ་ནས་འོག་མིན་འགྲོ་ཞེས་བཤད་པ་ཇི་ལྟར་སྤེལ་ཞེ་ན། སྤེལ་བ་ནི་བསམ་གཏན་ཟག་བཅས་དང་ཟག་མེད་སྤེལ་བ་སྟེ། དེ་ཡང་དང་པོར་ནི་བསམ་གཏན་བཞི་པ་(དངོས་གཞི་)སྤེལ་བར་བྱེད་དེ། དེ་ནི་སྐྱོན་བརྒྱད་ལས་གྲོལ་བས་མཆོག་ཡིན་པའི་ཕྱིར་རོ། །དེ་ཡང་དང་པོར་དགྲ་བཅོམ་མམ་ཕྱིར་མི་འོང་ཡང་རུང་བསམ་གཏན་བཞི་པ་ཟག་མེད་རྒྱུན་ལྡན་དང་། དེ་ཡང་ཟག་བཅས་རྒྱུན་ལྡན་དང་། ཡང་ཟག་མེད་རྒྱུན་ལྡན་ཏེ་རྒྱུན་དང་ལྡན་པར་སྤེལ་ལ། དེ་ནས་སྔ་མ་ལྟར་སྐད་ཅིག་མ་གཉིས་པ་སྤེལ་ནས་སྒོམ་སྟེ་དེ་དག་ནི་སྦྱོར་བ་ཡིན་ནོ། །གང་གི་ཚེ་ཟག་མེད་ཀྱི་སྐད་ཅིག་མ་གཅིག་དང་ཟག་བཅས་ཀྱི་སྐད་ཅིག་མ་གཅིག་དང་ཡང་ཟག་མེད་ཀྱི་སྐད་ཅིག་མ་གཅིག་སྟེ། དེ་ལྟར་སྐད་ཅིག་མ་གསུམ་ནི་བསྲེས་ནས་སྙོམས་པར་འཇུག་ནུས་པས་དེའི་ཚེ་སྤེལ་མའི་དངོས་གཞི་གྲུབ་པ་ཡིན་ཏེ། (སྐད་ཅིག་མ་)དེ་ལ་དང་པོ་གཉིས་ནི་བར་ཆད་མེད་ལམ་དང་གསུམ་པ་ནི་རྣམ་གྲོལ་གྱི་ལམ་ལྟ་བུ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། སློབ་དཔོན་ནི་སྐད་ཅིག་མ་སྤེལ་བ་ནི་སངས་རྒྱས་མ་གཏོགས་པས་མི་ནུས་པའི་ཕྱིར་རོ། །རྒྱུན་སྤེལ་བ་ལ་རུང་ངོ་ཞེས་འདོད་དོ། །དེ་ལྟར་དང་པོ་བསམ་གཏན་བཞི་པ་སྤེལ་ནས་ཕྱིས་གོམས་ནས་དང་པོ་ལ་སོགས་པའི་(དངོས་གཞིའང་)སྤེལ་བར་བྱེད་དོ། །(རྟེན་ནི་)དེ་ཡང་དང་པོར་འདོད་ཁམས་ཀྱི་གླིང་གསུམ་དུ་སྤེལ་བར་བྱེད་ལ་ཕྱིས་ཉམས་པ་དག་གིས་ནི་གཟུགས་སུ་ཡང་སྤེལ་བར་བྱེད་དོ། །
སྤེལ་བའི་དགོས་པ་ནི་གསུམ་སྟེ། ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་(གཉིས་པོ་དེའི་དོན་དུ་)སྤེལ་བར་བྱེད་ཀྱི་དེ་དག་ལས་ཉམས་པ་མི་སྲིད་པས་ཉོན་མོངས་པ་ས་འཇིགས་པའི་ཕྱིར་ནི་མ་ཡིན་མོ། །རྟུལ་པོ་རྣམས་ནི་དེ་དག་གི་སྟེང་དུ་ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་སྟེ། རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ཐག་བསྲིང་བའི་སྒོ་ནས་འབྲས་བུ་ལས་མི་ཉམས་པར་བྱ་བའི་ཕྱིར་རོ། །དགྲ་བཅོམ་པ་དབང་པོ་རྣོན་པོ་ནི་(གཞན་གཉིས་མི་འབྱུང་བས་)མཐོང་བའི་ཆོས་ལ་བདེ་བར་གནས་པ་(ཁོ་ནའི་ཆེད་དུ་)དང་། རྟུལ་པོ་ནི་(མཐོང་ཆོས་ལ་བདེར་གནས་དང་འབྲས་བུ་ལས་མི་ཉམས་པའི་ཆེད་དུ་སྤེལ་ཏེ་དེ་)འབྲས་བུ་ལས་ཉམས་པའི་རྐྱེན་ཉོན་མོངས་པས་འཇིགས་པའི་ཕྱིར་ཡིན་ནོ། །རྒྱུན་ཞུགས་དང་ཕྱིར་འོང་གིས་ནི་སྤེལ་བ་མི་སྲིད་དེ། དེ་དག་གིས་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་གནས་གཙང་མ་ལྔར་ངེས་ཤེ་ན། རྒྱུ་སྤེལ་མ་སྒོམ་པ་དེ་ནི་ཟག་མེད་གཉིས་གཉིས་ཀྱི་བར་དུ་ཟག་བཅས་རེ་རེ་སྤེལ་བའི་ཆུང་ངུ་གསུམ་སྤེལ་དང་། འབྲིང་དྲུག་དང་། ཆེན་པོ་དགུ་དང་། ཤིན་ཏུ་ཆེན་པོ་བཅུ་གཉིས་དང་། ཤིན་ཏུ་ཆེས་ཆེན་པོ་བཅོ་ལྔ་སྤེལ་དུ་སྒོམ་པ་རྣམ་པ་ལྔ་ཡིན་པའི་ཕྱིར་རིམ་པ་ལྟར་འབྲས་བུ་གནས་གཙང་མའི་སྐྱེ་བའང་མི་ཆེ་བ་ལ་སོགས་པ་ལྔ་ཁོ་ན་ཡིན་ནོ། །དེ་དག་ཏུ་སྐྱེ་བ་ནི་ཟག་བཅས་ཀྱི་(རྫོགས་བྱེད་)དབང་གིས་སྐྱེ་བ་ཡིན་གྱི་(འཕེན་བྱེད་མིན་ནོ། །)ཟག་མེད་ནི་སྲིད་པའི་གཉེན་པོ་ཡིན་པས་འཕེན་བྱེད་མ་ཡིན་ནོ། །(དྲུག་སྤེལ་མན་ཆད་ཀྱི་ཟག་མེད་ནི་བསྐྱར་ནས་སྒོམ་པའོ། །གང་སྤེལ་ནི་དད་སོགས་ཆེ་འབྲིང་ལྔས་དེ་དག་ཏུ་སྐྱེ་བར་འདོད་དོ། །)
བཙུན་པ་དཔལ་ལེན་ན་རེ། གནས་གཙང་མ་དང་པོ་དད་པའི་དབང་པོ་ལྷག་པ་ནས་ལྔ་པ་ཤེས་རབ་ལྷག་པའི་བར་ལྔར་ཡིན་པས་ལྔ་ངེས་སོ་ཞེས་ཟེར་རོ། །སློབ་དཔོན་གང་སྤེལ་ན་རེ་དེ་ནི་མི་རིགས་ཏེ། དད་པ་ལ་སོགས་པ་ལྔ་ཆར་ཡང་རྩ་སྦམས་པའི་ཚུལ་དུ་རྣམ་པར་ལྟར་བྱས་ཏེ་ཆུང་ངུ་ལ་སོགས་པ་རྣམ་པ་ལྔར་ཕྱེ་བའི་ཕྱིར་གནས་གཙང་མ་ལྔར་ངེས་པ་ཡིན་གྱི་རེ་རེ་ལྷག་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །འགོག་པ་ཐོབ་པའི་ཕྱིར་མི་འོང་བ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་སེམས་ཞི་བ་མངོན་དུ་བྱེད་ནུས་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱ་བར་འདོད་དེ། འགོག་པ་ལ་སྙོམས་པར་ཞུགས་པ་ན་སེམས་མེད་པས་ལུས་ལ་བརྟེན་ནས་སྐྱེ་བའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། །སློབ་དཔོན་ནི་འགོག་པ་ལ་སྙོམས་པར་ཞུགས་པའི་དུས་ན་དེ་དང་མཐུན་པའི་ལུས་ཀྱིས་འགོག་པ་ཐོབ་པ་མངོན་སུམ་དུ་བྱེད་པའི་ཕྱིར་དང་། དེ་ལས་ལངས་པ་ན་རྣམ་ཤེས་དང་བཅས་པའི་ལུས་ཞི་བ་ཐོབ་པས་ཀྱེ་མ་འགོག་པའི་སྙོམས་འཇུག་ནི་མྱང་འདས་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་ལངས་པའི་སེམས་ཀྱིས་དེ་སོ་སོར་ཡང་དག་པར་མྱོང་བའི་ཤེས་པས་མངོན་སུམ་དུ་བྱེད་པས་ན་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ་ཞེས་བཞེད་དོ། །
འོ་ན་ཅིའི་ཕྱིར་མདོ་ལས། སློབ་པ་བཅོ་བརྒྱད་ཅེས་གསུངས་པ་དེར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་མ་གསུངས་ཤེ་ན། སློབ་པར་འཇོག་པའི་རྒྱུ་ཟག་མེད་ཀྱི་བསླབ་པ་གསུམ་དང་དེའི་འབྲས་བུ་བྲལ་བའི་རང་བཞིན་ཡིན་པ་ལ་འགོག་པའི་སྙོམས་འཇུག་ནི་སྤོང་ལམ་གྱི་རང་བཞིན་མ་ཡིན་པས་སློབ་པའང་མ་ཡིན་ལ། བྲལ་བའི་རང་བཞིན་སོ་སོར་བརྟགས་འགོག་མ་ཡིན་པས་སློབ་བའི་འབྲས་བུའང་མ་ཡིན་པའི་ཕྱིར་རོ། །དེ་ལ་སློབ་པ་བཅོ་བརྒྱད་ནི་མདོ་ལས། བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞུས་པ། བཙུན་པ་འཇིག་རྟེན་ན་ཡོན་གནས་དུ་ཞིག་མཆིས་ལགས། བཀའ་སྩལ་པ། ཁྱིམ་བདག་ཡོན་གནས་ནི་གཉིས་ཏེ། སློབ་པ་དང་མི་སློབ་བའོ། །ཁྱིམ་བདག་དེ་ལ་སློབ་པ་ནི་བཅོ་བརྒྱད་དོ། །མི་སློབ་པ་ནི་དགུའོ། །སློབ་པ་བཅོ་བརྒྱད་གང་ཞེ་ན། (ཞུགས་གནས་ཟུང་གསུམ་ཡ་གཅིག་དང་། །རྣོ་ལྟུལ་ཟུང་གཉིས་རིགས་སུ་སྐྱེ། །ཚེ་གཅིག་ཕྱིར་མི་འོང་ལྔ་སྟེ། །ཡོན་གནས་སློབ་པ་བཅོ་བརྒྱད་དོ་ཞེས་མཁན་ཆེན་པས་སྡོམ་ཚིག་མཛད་དེ་)རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་བར་བདུན་དང་། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་ལྔ་སྟེ་དེ་དག་ནི་སློབ་པ་བཅོ་བརྒྱད་ཡིན་ནོ། །
མི་སློབ་པ་དགུ་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་དང་། ཡོངས་སུ་མི་ཉམས་པའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་སྟེ། དེ་དག་ནི་མི་སློབ་པ་དགུ་ཡིན་ནོ་ཞེས་འབྱུང་བ་རྣམས་སོ། །
བཞི་པ་དགྲ་བཅོམ་པ་འཆད་པ་ལ་ཞུགས་པ་དང་། གནས་པ་གཉིས་ལས་དང་པོ་ནི་ཕྱིར་མི་འོང་བ་དེ་ཉིད་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་ཉོན་མོངས་པའི་ཆ་བརྒྱད་ཀྱི་བར་དུ་ཟད་བ་ནི་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །དེར་མ་ཟད་སྲིད་རྩེའི་ཉོན་མོངས་པ་དགུ་པ་སྤོང་བའི་བར་ཆད་མེད་པའི་ལམ་ལ་གནས་པ་དེ་ཡང་དགྲ་བཅོམ་ལ་ཞུགས་པ་ཡིན་ནོ། །དགུ་པའི་བར་ཆད་མེད་པའི་ལམ་དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། (སྔར་གྱི་ལམ་ཐམས་ཅད་ཀྱི་སྐལ་མཉམ་གྱི་རྒྱུ་རྒྱས་པས་བར་ཆད་མེད་ལམ་ཐམས་ཅད་ལས་ནུས་པ་ཆེ་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་རོ། །)ཁམས་གསུམ་ཀྱི་ཕྲ་རྒྱས་འཇོམས་པར་ནུས་པའི་ཕྱིར་དང་། དེ་ནི་མི་མཐུན་ཕྱོགས་ཀྱིས་གཞོམ་པར་མ་ནུས་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་སའིི་སྒོ་ནས་དབྱེ་ན་དགུ་སྟེ། བསམ་གཏན་གྱི་ས་དྲུག་དང་། གཟུགས་མེད་དང་པོ་གསུམ་ལ་བརྟེན་པའི་ཕྱིར་རོ། །དམིགས་པའི་སྒོ་ནས་དབྱེ་ན་བཞི་སྟེ། བདེན་བཞི་ལ་དམིགས་པའི་ཕྱིར་རོ། །རྣམ་པའི་སྒོ་ནས་དབྱེ་ན་བཅུ་དྲུག་སྟེ། བདེན་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པར་བྱེད་པའི་ཕྱིར་རོ། །ས་དང་དམིགས་པ་དང་རྣམ་པ་གསུམ་ཆར་གྱིས་དབྱེ་ན་ནི་རྣམ་པ་ཤིན་ཏུ་མང་སྟེ། མི་ལྕོགས་མེད་ལ་བརྟེན་པའི་རྡོ་རྗེ་ལྟ་བུ་དེ་ཉིད་འོག་སའི་ཟག་བཅས་ལ་མི་དམིགས་ཀྱི་སྲིད་རྩེ་ཁོ་ནའི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་རྗེས་ཤེས་ཕྱོགས་ཀྱི་རྣམ་པ་བརྒྱད་ཡིན་ཏེ་སྲིད་རྩེའི་སྡུག་བསྔལ་ལ་མི་རྟག་པ་ལ་སོགས་པ་རྗེས་སུ་ཤེས་པའི་རྣམ་པ་བཞི་དང་། ཀུན་འབྱུང་ལ་རྒྱུ་ལ་སོགས་པ་རྗེས་སུ་ཤེས་པའི་རྣམ་པ་བཞི་ཡིན་པའི་ཕྱིར་རོ། །འགོག་པའི་བདེན་པ་ལ་དམིགས་པ་ནི་སུམ་ཅུ་རྩ་དྲུག་ཡིན་ཏེ། ས་ཐམས་ཅད་ཀྱི་འགོག་པ་ལ་དམིགས་པ་སྲིད་པས་འདོད་པའི་འགོག་པ་ལ་དམིགས་པའི་ཆོས་ཤེས་བཞི་དང་ས་གོང་མ་བརྒྱད་ཀྱི་འགོག་པ་ལ་དམིགས་པའི་རྗེས་ཤེས་བཞི་ཚན་བརྒྱད་ཡིན་པའི་ཕྱིར་རོ། །ལམ་ལ་དམིགས་པ་ནི་རྣམ་པ་བརྒྱད་ཡིན་ཏེ། འདོད་པའི་ལམ་ལ་དམིགས་པའི་ཆོས་བཞི་དང་། གོང་མའི་ལམ་སྤྱི་ལ་དམིགས་པའི་རྗེས་ཤེས་བཞི་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་ལྔ་བཅུ་རྩ་གཉིས་ཡིན་ནོ། །དེ་བཞིན་དུས་ལྷག་མ་ལྔ་ལ་བརྟེན་པའང་ཤེས་པར་བྱའོ། །གཟུགས་མེད་དང་པོ་གསུམ་གྱིས་བསྡུས་པ་ནི་རིམ་པ་བཞིན་དུ་ཉི་ཤུ་རྩ་བརྒྱད་དང་རྩ་བཞི་དང་ཉི་ཤུ་ཡིན་ཏེ། དེ་དག་ནི་འདོད་པའི་ལམ་དང་ས་འོག་མའི་འགོག་པ་ལའང་མི་དམིགས་པའི་ཕྱིར་དང་ལམ་ནི་ཕན་ཚུན་རྒྱུ་ཡིན་པས། ས་དྲུག་ས་དགུའི་ལམ་ནི་དེའི། སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ་ཞེས་འབྱུང་བས་འོག་མ་གཟུགས་ཁམས་པའི་གཉེན་པོ་ལམ་སྤྱི་ལ་དམིགས་པའི་ཕྱིར་རོ། །
དེ་ལྟར་ན་བསམ་གཏན་ས་དྲུག་གིས་བསྡུས་པ་ལ་སུམ་བརྒྱ་བཅུ་གཉིས་དང་། གཟུགས་མེད་དང་པོ་གསུམ་ལ་བདུན་ཅུ་རྩ་གཉིས་ཏེ་བསྡོམས་པས་སུམ་བརྒྱ་བརྒྱད་ཅུ་རྩ་བཞིར་འགྱུར་ལ། དེ་དག་རིགས་དྲུག་དང་དབང་པོ་གསུམ་གྱིས་བསྒྱུར་ན་དྲུག་སྟོང་དགུ་བརྒྱ་རྩ་བཅུ་གཉིས་སུ་འགྱུར་རོ། །ཆོས་མངོན་པ་བ་གང་དག་ལམ་གྱི་བདེན་པའང་འགོག་པའི་བདེན་པ་དང་འདྲ་བར་ས་རེ་རེ་ལ་དམིགས་པར་འདོད་པ་ལྟར་ན་གོང་མའི་ལམ་སྤྱི་ལ་དམིགས་པའི་རྗེས་ཤེས་བཞི་མི་འབྱུང་བས་ས་དགུའི་ལམ་བདེན་ལ་དམིགས་པའི་ཆོས་ཤེས་བཞི་དང་རྗེས་ཤེས་སུམ་ཅུ་རྩ་གཉིས་ཏེ་བསམ་གཏན་ས་དྲུག་པོ་རེ་རེ་ལ་བརྒྱད་ཅུ་བརྒྱད་ཅུ་སྟེ། བསྡོམས་པས་བཞི་བརྒྱ་བརྒྱད་ཅུ་དང་། གཟུགས་མེད་དང་པོ་གསུམ་ལ་རང་ས་དང་གོང་སའི་ལམ་བདེན་ལ་དམིགས་པ་བཅུ་གཉིས་དང་བརྒྱད་དང་བཞི་བསྣན་པ་ས་གོ་རིམ་བཞིན་དུ་བཞི་བཅུ་དང་སུམ་ཅུ་རྩ་གཉིས་དང་ཉི་ཤུ་རྩ་བཞི་ཡིན་པས་དགུ་བཅུ་རྩ་དྲུག་ཏུ་འགྱུར་བས་ཐམས་ཅད་བསྡོམས་ན་ལྔ་བརྒྱ་བདུན་ཅུ་རྩ་དྲུག་དུ་འགྱུར་ལ། དེ་དག་སྔ་མ་ལྟར་རིགས་དང་དབང་པོའི་བྱེ་བྲག་གིས་དྲུག་འགྱུར་དང་སུམ་འགྱུར་དུ་བསྒྱུར་ན་རྡོ་རྗེ་ལྟ་བུ་ཁྲི་སུམ་བརྒྱ་དང་དྲུག་ཅུ་རྩ་བརྒྱད་དུ་འགྱུར་རོ་ཞེས་ཤེས་པར་བྱའོ། །རྡོ་རྗེ་ལྟ་བུའི་དམིགས་པ་སྡུག་བསྔལ་དང་ཀུན་འབྱུང་ནི་སྲིད་པའི་རྩེ་མོ་པ་ཁོ་ན་ཡིན་ལ་འགོག་ལམ་ནི་སྤང་བྱའི་དབང་གིས་ས་དགུ་ཆར་གྱི་ཡིན་ནོ། །ཞེས་བྱ་བ་ནི་གྲུབ་པའི་མཐའ་ལས་ཡིན་ཏེ། བསྒོམ་པའི་ལམ་ལ་འགོག་པའམ། ལམ་ལ་ཆོས་ཤེས་གང་ཡིན་དེ། ཁམས་གསུམ་གྱི་ནི་གཉེན་པོ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །
གཉིས་པ་ནི་སྲིད་རྩེའི་སྒོམ་སྤང་རྣམ་པ་དགུ་པོ་དེ། (རྡོར་ཏིང་གིས་)ཟད་པའི་ཐོབ་པ་དང་དེ་ཟད་པ་ཤེས་པའི་རྣམ་གྲོལ་གྱི་ལམ་ལྷན་ཅིག་ཏུ་སྐྱེ་སྟེ། (འདི་ནི་རྣམ་གྲོལ་ཐ་མ་ཡིན་ནོ། །ཟད་པ་ཤེས་པ་སྐྱེས་པ་)དེའི་ཚེ་འཕགས་པ་དེ་མི་སློབ་པ་ཞེས་ཀྱང་བྱ། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཞེས་ཀྱང་བྱ་སྟེ། འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བསླབ་པ་གསུམ་ལ་སློབ་མི་དགོས་པའི་ཕྱིར་དང་། རང་དོན་རྫོགས་ནས་གཞན་གྱི་དོན་བྱེད་པ་དང་། སོ་སོའི་སྐྱེ་བོ་དང་སློབ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་དང་། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཕམ་པར་བྱས་པའི་ཕྱིར་རོ། །(དགྲ་བཅོམ་ལ་དབྱེ་ན་དུས་ཀྱི་རྣམ་གྲོལ་ནི་རིགས་ཀྱིས་ལྔའོ། །དབང་པོས་གསུམ་མོ། །རྟེན་གྱིས་ཉེར་དགུ་སྟེ་སྤྱིར་བཞི་བརྒྱ་དང་སུམ་ཅུ་རྩ་བདུན་ནོ། །དུས་མི་སྦྱོར་ནི་རིགས་ཀྱིས་དབྱེར་མེད་ལ། དབང་པོ་དང་རྟེན་གྱིས་བསྒྱུར་བས་བརྒྱད་ཅུ་གྱ་བདུན་ནོ། །ཤེས་རབ་ཀྱིས་རྣམ་གྲོལ་ལའང་དབང་པོས་གསུམ། རིགས་ཀྱིས་དྲུག་རྟེན་གྱིས་ཉེར་དགུ་སྟེ། སྦྱར་ལྔ་བརྒྱ་དང་ཉི་ཤུ་རྩ་གཉིས་སོ། །གཉིས་ཀའི་ཆ་ལས་རྣམ་གྲོལ་ཡང་དེ་བཞིན་ནོ། །)སྔར་བཤད་པའི་འཕགས་པ་གཞན་བདུན་ནི་སློབ་པ་ཡིན་ཏེ། ཟག་པ་ཟད་པར་བྱ་བའི་ཕྱིར་བསླབ་པ་གསུམ་ལ་རྟག་ཏུ་སློབ་པའི་ཕྱིར་རོ། །
སོ་སོའི་སྐྱེ་བོ་རྣམས་ནི་སློབ་པ་མ་ཡིན་ཏེ། བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པས་(ཤེས་རབ་ཀྱི་བསླབ་པ་མེད་པའི་)ཕྱིར་དང་། བསླབ་པ་(གཞན་གཉིས་ཀྱང་)གཏོང་བའི་ཕྱིར་རོ། །དེའི་ཕྱིར་ཀུན་ཏུ་རྒྱུ་ཞི་བྱེད་ཀྱིས་ཞུས་པའི་མདོ་ལས། གོའུ་ཏ་མ་སློབ་པ་ཞེས་བརྗོད་པ་ཅིའི་ཕྱིར་སློབ་པ་སློབ་པ་ཞེས་བྱ་ཞེ་ན། ཞི་བྱེད་བསླབ་པ་ལ་སློབ་ཅིང་བསླབ་པ་ལ་སློབ་པས་ན་དེའི་ཕྱིར་སློབ་པ་ཞེས་བྱའོ་ཞེས་ལན་གཉིས་སུ་བཟླས་ཏེ་གསུངས་སོ། །(འཕགས་པ་ནི་སློབ་པ་ཅུང་ཟད་གཏོང་ཡང་ཐམས་ཅད་གཏོང་བ་མི་སྲིད་དེ་འཕགས་པ་མཉམ་པར་མ་བཞག་ཀྱང་སློབ་པའི་བསམ་པ་མི་འདོར་བའི་སྒོ་ནས་དེར་བརྗོད་དེ་འགྲོན་པོ་ལམ་ན་འདུག་པ་བཞིན་ནོ་ཡང་སློབ་པ་གསུམ་གྱི་ཐོབ་པ་དང་ཡང་ལྡན་པའི་ཕྱིར་རོ། །སློབ་པའི་ཆོས་ནི་མཐོང་སྒོམ་མོ། །མི་སློབ་པའི་ཆོས་ནི་མི་སློབ་ལམ་མོ། །)མྱ་ངན་ལས་འདས་པ་ནི་སློབ་མི་སློབ་གཉིས་ཀ་མ་ཡིན་ཏེ། དེ་ནི་སོ་སོར་བརྟགས་འགོག་ཡིན་ན་སོ་སོའི་སྐྱེ་བོ་དང་སློབ་མི་སློབ་ཐམས་ཅད་ལ་ཅི་རིགས་པར་ལྡན་པའི་ཕྱིར་རོ། །དེ་ལྟར་ན་ཉན་ཐོས་འཕགས་(པ་མཐར་གྱིས་)པའི་གང་ཟག་ནི་ཟུང་བཞི་ཡ་བརྒྱད་ཁོ་ན་ཡིན་ལ། དེ་དག་ཀྱང་མིང་གིས་བརྒྱད་ཡིན་གྱི་རྫས་སུ་ནི་མཐར་གྱིས་པ་ལ་ཞུགས་པ་དང་པོ་དང་འབྲས་བུ་ལ་གནས་པ་བཞི་དང་ལྔ་ཡིན་ཏེ། བཞུགས་པ་ཕྱི་མ་གསུམ་ནི་འབྲས་བུ་ལ་གནས་པ་དག་པོ་གསུམ་ལ་བཏགས་པ་ཡིན་པའི་ཕྱིར་རོ། །ཆགས་བྲལ་སྔོན་འགྲོ་ལ་ཕྱིར་མི་འོང་ཁྱད་པར་ཅན་ཉིད་དགྲ་བཅོམ་ལ་བཞུགས་པའང་ཡིན་ལ་ཞུགས་པ་སྔ་མ་གསུམ་དང་འབྲས་གནས་བཞི་སྟེ་བདུན་དུ་འགྱུར་རོ། །མིང་གིས་བརྒྱད་དུ་རྣམ་པར་བཞག་པའང་མཐར་གྱིས་ཐོབ་པའི་དབང་དུ་བྱས་པ་ཡིན་གྱི་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ནི་མ་ཡིན་ཏེ། ཕལ་ཆེར་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་བདེན་པ་མངོན་རྟོགས་སྐད་ཅིག་བཅོ་ལྔ་དང་བཅུ་དྲུག་པ་ཐོབ་པ་ནི་རིམ་པ་ལྟར་ཕྱིར་འོང་དང་ཕྱིར་མི་འོང་ལ་ཞུགས་གནས་ཁོ་ན་ཡིན་གྱི་རྒྱུན་ཞུགས་དང་ཕྱིར་འོང་ཞུགས་གནས་མ་ཡིན་པའི་ཕྱིར་རོ། །
གསུམ་པ་ཁྱད་པར་གྱི་ཆོས་འཆད་པ་ན་ས་དང་ལམ་གྱི་ཁྱད་པར་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཁྱད་པར་དང་། འབྲས་བུའིི་རྣམ་པར་བཞག་པའི་ཁྱད་པར་དང་། ཆོས་ཀྱི་འཁོར་ལོའི་ཁྱད་པར་དང་། ཁམས་དང་དབྱེ་བའི་ཁྱད་པར་དང་། རིགས་དང་ཉམས་པའི་ཁྱད་པར་དང་། དབང་པོ་འཕོ་བའི་ཁྱད་པར་བདུན་ལས་དང་པོ་ནི་གལ་ཏེ་འཕགས་པ་དག་ས་དང་ས་ལས་འདོད་ཆགས་དང་བྲལ་ན་གཉེན་པོ་གང་གིས་ས་གང་ལས་འདོད་ཆགས་དང་འབྲལ་ཞེ་ན། འདི་ལྟར་སྒོམ་པའི་ལམ་ནི་འཇིག་རྟེན་དང་དེ་ལས་འདས་པ་གཉིས་ལས་འཇིག་རྟེན་ལས་འདས་པའི་(ཁོ་ན་)ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བར་འགྱུར་གྱི་འོག་ས་དམན་ཞིང་གོང་མ་མེད་ལ་རང་ཉིད་གཉེན་པོར་མི་འགྱུར་བས་(ཏེ་དེ་ཡི་ཉོན་མོངས་རྒྱས་པར་འགྱུར་བས་)འཇིག་རྟེན་པས་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་དང་པོ་ནས་གྲོལ་བར་ཐལ་བའི་ཕྱིར་རོ། །སྲིད་རྩེ་ལས་གཞན་པའི་ས་(བརྒྱད་པོ་)ཐམས་ཅད་ལས་ནི་འཇིག་རྟེན་དང་དེ་ལས་འདས་པའི་ལམ་རྣམ་པ་གཉིས་ཀྱིས་ཅི་རིགས་པར་འདོད་ཆགས་དང་བྲལ་བར་འགྱུར་ཏེ། འཇིག་རྟེན་པ་ནི་གོང་མའི་ཉེར་བསྡོགས་དང་། འཇིག་རྟེན་ལས་འདས་པ་ནི་བདེན་པའི་རྣམ་པ་ཅན་རང་ས་དང་འོག་སའི་ལམ་མཐོང་ཟིན་སྒོམ་པའོ། །(བྲལ་ཐོབ་ཀྱི་བྱེ་བྲག་ན་)ཞི་གནས་སྤྱད་པ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བའི་འཕགས་པ་ལ་(རྣམ་པ་རེ་རེ་ཞིང་)བྲལ་པའི་ཐོབ་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་པ་ལས་འདས་པ་རྣམ་པ་གཉིས་གཉིས་སྐྱེ་བས་བྱིས་པ་ལྟར་སྤངས་པ་སླར་ལྡོག་པར་མི་འགྱུར་རོ། །(དེ་ཡང་ཉོན་མོངས་སྤོང་བའི་བྱ་བ་གཅིག་ཡིན་པའི་ཕྱིར་རོ། །)སྡེ་པ་ཁ་ཅིག་ན་རེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་བྲལ་བའི་ཐོབ་པ་ཟག་བཅས་དང་ཟག་མེད་གཉིས་ཀ་འདྲེན་(པར་སྔ་མ་དང་འདྲ་)ཏེ། གལ་ཏེ་དེས་འཇིག་རྟེན་པའི་བྲལ་ཐོབ་མི་འདྲེན་སྔོན་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དབང་པོ་རྟུལ་པོ་ཞིག་བསམ་གཏན་གྱི་སེམས་ལ་བརྟེན་ནས་དབང་པོ་རྣོན་པོར་འཕོ་བ་ན་ལམ་སྔ་མ་(ཟད་པར་)བཏང་པའི་ཕྱིར་དང་། འཇིག་རྟེན་པའི་བྲལ་ཐོབ་ཀྱང་མེད་པའི་ཕྱིར་ནམ་མཁའ་མཐའ་ཡས་ལ་སོགས་པ་གོང་མའི་(ས་བརྒྱད་ཀྱི་)ཉོན་མོངས་པ་དང་ལྡན་པར་འགྱུར་ཏེ། (དེ་དག་གིས་བྲལ་ཐོབ་ཟག་མེད་བཏང་ལ་ཟག་བཅས་མེད་པའི་ཕྱིར། དེས་ན་)དེ་འདྲ་བའི་འཕགས་པ་དེས་འཇིག་རྟེན་ལས་འདས་པའི་བྲལ་ཐོབ་བཏང་བ་ལ་གོང་མའི་ཉོན་མོངས་པ་མི་ལྡན་པའི་ཕྱིར་འཇིག་རྟེན་པའི་བྲལ་བའི་ཐོབ་པ་ཡོད་དོ་ཞེས་ཟེར་རོ། །ཐལ་བ་དེ་ནི་མི་འགྱུར་ཏེ། དཔེར་ན་ཁྱེད་རང་ལྟར་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྲིད་པའི་རྩེ་མོའི་ཕྱེད་ནི་མཚོན་པ་སྟེ་ཉོན་མོངས་པ་བརྒྱད་པ་མན་ཆད་ཅི་རིགས་པ་ལས་རྣམ་པར་གྲོལ་བའི་འཕགས་པ་ཕྱིར་མི་འོང་བ་དབང་པོ་རྟུལ་པོ་བསམ་གཏན་ལ་བརྟེན་ནས་དབང་པོ་འཕོ་བ་ལ་སྲིད་རྩེའི་གཉེན་པོ་འཇིག་རྟེན་པའི་ལམ་མེད་པའི་ཕྱིར་འཇིག་རྟེན་པའི་བྲལ་ཐོབ་ཀྱང་མེད་ལ། འཇིག་རྟེན་ལས་འདས་པའི་བྲལ་ཐོབ་ཀྱང་བསམ་གཏན་ལ་བརྟེན་ནས་དབང་པོ་འཕོ་བས་བཏང་བས་བྲལ་ཐོབ་གཉིས་ཀ་མེད་ཀྱང་སྲིད་རྩེའི་ཉོན་མོངས་མི་ལྡན་པར་འདོད་པ་བཞིན་དང་། ཡང་དཔེར་ན་བསམ་གཏན་དང་པོ་ལས་གོང་དུ་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའི་བྱིས་པ་རྣམས་ལའང་བསམ་གཏན་གཏོགས་པའི་དགེ་བ་ནི། ས་འཕོས་ཉམས་པ་དག་གིས་གཏོང་ཞེས་པས་འདོད་པའི་ཉོན་མོངས་སྤངས་པའི་བྲལ་ཐོབ་གཉིས་ཀ་(སྐྱེ་བའི་ས་འཕོས་པས་བཏང་ན་)མེད་ཀྱང་འདོད་པའི་ཉོན་མོངས་མི་ལྡན་པ་བཞིན་(འདིར་ཡང་གོང་མའི་ཉོན་མོངས་དང་མི་ལྡན་)ཏེ་འདི་ནི་གནོད་པའི་དཔེ་གཉིས་པ་ཡིན་ནོ། །
འདིར་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་གཟུགས་མེད་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་ལ་བརྟེན་ནས་དབང་པོ་འཕོ་བ་དག་ལ་གོང་མའི་ཉིན་མོངས་མི་ལྡན་པ་ནི་ས་བོན་སྤངས་པའི་ཕྱིར་ཡིན་ལ། བསམ་གཏན་དང་པོ་ལ་སོགས་པར་སྐྱེས་པ་ལ་འདོད་པ་ལ་སོགས་པ་འོག་མའི་ཉོན་མོངས་མི་ལྡན་པ་ནི་ས་བོན་ཡོད་ཀྱང་མངོན་དུ་འགྱུར་བའི་རྐྱེན་མ་ཚང་བས་ཡིན་གྱི་བྲལ་བའི་ཐོབ་པ་ཡོད་པས་ནི་མ་ཡིན་ནོ་ཞེས་མདོ་སྡེ་པ་ལ་སོགས་པ་འདོད་དོ། །(འཕགས་པ་ནི་ས་འཕོས་པས་བྲལ་ཐོབ་ཟག་བཅས་གཏོང་ཡང་། ཟག་མེད་ན་འབྲས་བུ་ཐོབ་སྦྱངས་ཉམས་པ་ལས་ཞེས་པའི་རྒྱུ་མེད་པར་མི་གཏོང་ངོ་། །)འོ་ན་ས་གང་གིས་ས་གང་ལས་འདོད་ཆགས་དང་འབྲལ་ཞེ་ན། དེ་ལ་ཟག་མེད་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ཡིས་ནི་སྟོབས་ཆེ་ཞིང་(ས་གོང་དང་)འོག་ས་ལས་ཀྱང་འདོད་ཆགས་དང་འབྲལ་ནུས་པས་ས་དགུ་པོ་ཐམས་ཅད་ལས་འདོད་ཆགས་འབྲལ་བར་འགྱུར་རོ། །(འོག་ས་སྟེ་འདོད་པ་ལ་འདི་ཟག་བཅས་དང་ཟག་མེད་གཉིས་ལས་གཞན་པའི་གཉེར་པོ་མེད་ལ། ས་གཞན་གྱི་ལ་འདི་ལས་གཞན་ཡང་ཡོད་དོ། །)གལ་ཏེ་ཉེར་བསྡོགས་ལ་བརྟེན་ནས་འོག་ས་ལས་འདོད་ཆགས་དང་འབྲལ་ན་རྣམ་གྲོལ་གྱི་ལམ་ཐ་མ་དེ་ཐམས་ཅད་དུ་ཉེར་བསྡོགས་ཀྱི་ངོ་བོར་སྐྱེའམ་འོན་ཏེ་དངོས་གཞིའི་ངོ་བོར་སྐྱེ་ཞེ་ན། གང་ཞིག་(སྐྱེ་བའི་ས་དགུ་ལ་)འདོད་པ་དང་བསམ་གཏན་དང་པོ་དང་གཉིས་པ་སྟེ་ས་གསུམ་གྱི་ཉོན་མོངས་པ་ལས་ཉེར་བསྡོགས་ཀྱིས་རྒྱལ་བ་ལ་ནི་གང་ཟག་དེ་གལ་ཏེ་དབང་པོ་རྣོན་པོ་ཡིན་ན་བསམ་གཏན་གྱི་དངོས་གཞི་ལས་རྣམ་གྲོལ་གྱི་ལམ་ཐ་མ་སྐྱེ་སྟེ། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་དེ་དངོས་གཞིའོ་ཡིད་བདེ་དང་བདེ་བར་སྤོ་ནུས་པའི་(ཕྱིར་དང་ཉེར་བསྡོགས་ལ་དགའ་ཆུང་བའི་)ཕྱིར་རོ། །འོན་ཏེ་དབང་པོ་རྟུལ་པོ་ཡིན་ན་ནི་ཉེར་བསྡོགས་ལས་མཐའི་རྣམ་གྲོལ་གྱི་ལམ་དགུ་པ་སྐྱེའི་དངོས་གཞི་ལས་ནི་མ་ཡིན་ཏེ། བསམ་གཏན་གསུམ་ན་ནི་ཉེར་བསྡོགས་དང་དངོས་གཞི་ཚོར་བ་ཐ་དད་པས་ཚོར་བ་སྤོ་བར་མི་ནུས་པའི་(ཕྱིར་དང་བཏང་སྙོམས་ཀྱི་རྗེས་སུ་བདེ་བ་དང་ཡིད་བདེ་སྐྱེ་དཀའ་བའི་)ཕྱིར་རོ། །
ས་གསུམ་གྱི་གོང་མ་བསམ་གཏན་གསུམ་པ་ལ་སོགས་པ་ལས་འདོད་ཆགས་དང་འབྲལ་བ་བཞི་པ་ཡན་ཆད་ཀྱིས་ནི་ཉེར་བསྡོགས་ལས་རྣམ་གྲོལ་ཐ་མ་སྐྱེ་བ་མིན་གྱི་འོན་ཀྱང་ས་དེ་དག་གི་དངོས་གཞི་ལས་སྐྱེ་སྟེ། ཉེར་བསྡོགས་དང་དངོས་གཞི་ཚོར་བ་བཏང་སྙོམས་སུ་ཐ་དད་མེད་པའི་ཕྱིར་རྩོལ་བ་ལ་མ་ལྟོས་པར་དངོས་གཞི་སྐྱེ་བའི་ཕྱིར་རོ། །(དེ་ཡང་སྔར་འདོད་ཆགས་དང་བྲལ་བའི་ས་ལ་གུས་བའི་ཕྱིར་རོ། །འོན་ཀྱང་འོག་སའི་དངོས་གཞི་ལ་མ་ཡིན་ཏེ། དེའི་ཉེར་བསྡོགས་ཀྱིས་འདོད་ཆགས་དང་བྲལ་ཟིན་པས་སོ། །)ཟག་མེད་ཀྱི་ས་དང་པོས་འདོད་ཆགས་དང་བྲལ་བའི་ཚུལ་བཤད་ཟིན་ནས་ལྷག་མ་བཤད་པ་ནི་འཕགས་པ་སྟེ་ཟག་མེད་ཀྱི་ས་ལྷག་མ་བརྒྱད་ཀྱིས་ནི་རང་ས་དང་གོང་སའི་ཉོན་མོངས་པ་ལས་རྒྱལ་བར་འགྱུར་གྱི་འོག་ས་ལས་ནི་མ་ཡིན་ཏེ། ཉེར་བསྡོགས་ཁོ་ནས་རྒྱལ་ཟིན་པའི་ཕྱིར་རོ། །
དེ་ལ་འཕགས་པ་བརྒྱད་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མ་གཏོགས་པ་རྣམས་ཏེ། ས་དེ་དག་གི་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་རྣམས་ནི་མི་རྟག་པ་ལ་སོགས་པ་བདེན་པའི་རྣམ་པ་ཅན་དུ་སྐྱེས་པ་དག་ཡིན་ནོ། །འོ་ན་འཇིག་རྟེན་ལས་འདས་པའི་ལམ་བདེན་པའི་དམིགས་རྣམ་ཅན་ཡིན་ན་འཇིག་རྟེན་པའི་ལམ་གང་ཞེ་ན། འཇིག་རྟེན་པའི་བར་ཆད་མེད་པའི་ལམ་ནི་གོ་རིམ་བཞིན་དུ་གོང་ས་ལས་ལྟོས་ནས་མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས་རགས་པ་དང་། སོགས་པའི་སྒྲས་གཟུང་བ་གནས་ངན་ལེན་ཤིན་ཏུ་ཆེས་མང་བས་མི་མཐུན་པར་གྱུར་པས་ཐ་བ་ངན་པ་དང་། རྩིག་པས་རྩིག་པ་དེ་ཉིད་ལས་ངེས་པར་མི་འབྱུང་བ་ལྟར་ས་དེ་ཉིིད་ཀྱིས་ས་དེ་ཉིད་ལས་ངེས་པར་མི་འབྱུང་བས་རྩིག་པ་སྟུག་པོ་ལྟ་བུར་ལྟ་བའི་རྣམ་པ་ཅན་དང་འོག་མའི་སྤྱོད་ཡུལ་ཅན་ཏེ་ས་འོག་མ་ལ་དམིགས་པ་ཡིན་ནོ། །རྣམ་པར་གྲོལ་བའི་ལམ་ནི་གོ་རིམ་བཞིན་དུ་སྔ་མ་ལས་བཟློག་པ་ཞི་བ་དང་། སོགས་པ་གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་ཅན་དང་། གོང་མའི་སྤྱོད་ཡུལ་ཅན་ཏེ་ས་གོང་མ་ལ་དམིགས་པ་ཡིན་ནོ། །
གཉིས་པ་ནི་འོ་ན་ཟད་པ་ཤེས་པའི་མཇུག་ཐོགས་སུ་ཤེས་པ་གང་སྐྱེ་ཞེ་ན། གལ་ཏེ་དགྲ་བཅོམ་པ་དབང་པོ་རྣོན་པོ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི་མི་ཉམས་པས་ཟད་པ་ཤེས་པ་ལས་མི་སྐྱེ་བའི་བློ་གྲོས་ཏེ་ཤེས་པ་སྐྱེ་ལ། གལ་ཏེ་མི་གཡོ་བའི་ཆོས་ཅན་མིན་ན་ནི་ཟད་པ་ཤེས་པ་ལས་ཟད་པ་ཤེས་པའི་རྒྱུན་ཙམ་ཁོ་ནའམ། ཡང་ན་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའི་མི་སྐྱེ་བ་ཤེས་པ་ནི་མ་ཡིན་ཏེ། ཉོན་མོངས་པ་སྐྱེ་བའི་སྐབས་ཡོད་བས་ཉམས་པ་སྲིད་པའི་ཕྱིར་དང་། མི་སྐྱེ་བ་ཤེས་པ་ལས་ཉམས་པ་མེད་པའི་ཕྱིར་རོ། །མི་སློབ་པའི་ཡང་དག་པའི་ལྟ་བ་དེ་ནི་དགྲ་བཅོམ་པ་ཐམས་ཅད་ལ་སྐྱེ་སྟེ། མི་གཡོ་བའི་ཆོས་ཅན་ལའང་རེས་འགའ་མི་སྐྱེ་བ་ཤེས་པ་ལས་མི་སྐྱེ་བ་ཤེས་པ་ཁོ་ན་དང་། རེས་འགའ་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེ་བའི་ཕྱིར་རོ། །
གསུམ་པ་ནི་གལ་ཏེ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་ཞེས་བརྗོད་ན་དགེ་སྦྱོང་ནི་གང་། ཚུལ་ནི་གང་། འབྲས་བུ་ནི་གང་ཞེ་ན། དགེ་སྦྱོང་ནི་ཉོན་མོངས་པ་ཅི་རིགས་པར་གཏན་དུ་ཞི་བའི་རྒྱུད་དེ། འཕགས་པའི་གང་ཟག་ཡིན་ལ། ཉོན་མོངས་པ་གཏན་དུ་ཞི་བར་བྱེད་པའི་ཐབས་དགེ་སྦྱོང་གི་ཚུལ་ནི་དྲི་མ་མེད་པའི་བར་ཆད་མེད་ལམ་སྟེ་རྣམ་གྲོལ་གྱི་ལམ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲལ་བུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལུང་བར་མ་ལས། ཇི་ལྟར་ན་དགེ་སྦྱོང་དུ་འགྱུར་ཞེ་ན། འདིས་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་ཀུན་ནས་ཉོན་མོངས་པ་ཅན་ནད་དང་བཅས་ཤིང་རྣམ་པར་སྨིན་པ་སྡུག་བསྔལ་བ་མ་འོངས་པའི་སྐྱེ་བ་ནས་འཆི་བའི་བར་རྣམས་ཞི་བར་བྱས་པ་སྟེ། འདི་ལྟར་ན་དགེ་སྦྱོང་དུ་འགྱུར་རོ་ཞེས་གསུངས་པས་ཟག་མེད་ཀྱི་ལམ་ཡིན་གྱི་ཟག་བཅས་ཀྱིས་ནི་(ལྕི་ཡང་ལས་གྲོལ་ཡང་ཉེས་པའི་འཕྲོ་དང་བཅས་པས་)གཏན་དུ་ཞི་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དགེ་སྦྱོང་གི་ཚུལ་དེའི་འབྲས་བུ་ནི་འདུས་བྱས་དང་འདུས་མ་བྱས་གཉིས་ཡིན་ཏེ་དེ་དག་ཀྱང་དབྱེ་ན་རེ་རེ་ལའང་བརྒྱད་ཅུ་རྩ་དགུ་དགུའོ། །གང་ཞེ་ན། ཁམས་གསུམ་གྱི་མཐོང་སྤོང་ལས་རྣམ་པར་གྲོལ་བའི་ལམ་བརྒྱད་དང་སྒོམ་སྤང་དགུ་དགུ་བརྒྱད་ཅུ་རྩ་གཅིག་ལས་རྣམ་པར་གྲོལ་བའི་ལམ་བརྒྱད་ཅུ་རྩ་གཅིག་སྟེ། དེ་ལྟར་རྣམ་གྲོལ་གྱི་ལམ་བརྒྱད་ཅུ་རྩ་དགུ་དང་། དེ་དག་གི་བར་ཆད་མེད་པའི་ལམ་ཡང་བརྒྱད་ཅུ་རྩ་དགུ་དང་། སྤང་བྱ་ཟད་པའི་འགོག་པ་བརྒྱད་ཅུ་རྩ་དགུ་རྣམས་དང་བཅས་པ་སྟེ། དེ་ལྟར་ན་བར་ཆད་མེད་པའི་ལམ་བརྒྱད་ཅུ་རྩ་དགུ་ནི་དགེ་སྦྱོང་གི་ཚུལ་ཡིན་ལ། རྣམ་པར་གྲོལ་བའི་ལམ་བརྒྱད་ཅུ་རྩ་དགུ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་དག་ཡིན་ཏེ། རྒྱུ་མཐུན་རྒྱུ་དང་འདྲ་བའོ་ཞེས་པ་དང་། གང་གི་སྟོབས་ཀྱིས་གང་སྐྱེ་བ། འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས་ཞེས་འབྱུང་བས་བར་ཆད་མེད་པའི་ལམ་དང་འདྲ་བ་དང་། དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་བར་ཆད་མེད་པའི་ལམ་གྱི་རྒྱུ་མཐུན་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །སྤང་བྱ་ཟད་པའི་འགོག་པ་བརྒྱད་ཅུ་རྩ་དགུ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་མ་བྱས་དག་ཡིན་ཏེ། གང་གི་སྟོབས་ཀྱིས་གང་འཐོབ་པ། དེ་ནི་སྐྱེས་བུ་བྱེད་པའི་འབྲས་ཞེས་འབྲས་བུ་འདུས་མ་བྱས་ཀྱང་བར་ཆད་མེད་པའི་ལམ་གྱི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་དག་བསྡུས་ནས་མདོ་ལས། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིར་བཤད་དོ། །
དེའི་ཕྱིར་སློབ་དཔོན་འཕགས་པས་ཀྱང་། དགེ་སྦྱོང་གང་ཞེ་ན། ཉོན་མོངས་པ་ཞི་བའི་རྒྱུད་དོ། །ཚུལ་གང་ཞེ་ན། ལམ་སྔ་མའོ། །ཚུལ་གྱི་འབྲས་བུ་གང་ཞེ་ན། ལམ་ཕྱི་མ་དང་འདུས་མ་བྱས་སོ་ཞེས་བཤད་དོ། །གལ་ཏེ་དེ་ལྟར་འབྲས་བུ་རྣམ་པ་མང་པོ་ཡོད་ན་འོ་ན་འབྲས་བུ་བཞིར་ཇི་ལྟར་གཞག་ཅེ་ན། འབྲས་བུ་མང་མོད་ཀྱི་དེ་དག་མདོ་ལས་འབྲས་བུ་བཞིར་རྣམ་པར་བཞག་པ་ནི་རྒྱུ་མཚན་རྣམ་པ་ལྔ་དག་སྲིད་པའི་ཕྱིར་རོ། །ལྔ་གང་ཞེ་ན། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་རེ་རེར་འཇོག་པ་ལ་ནི་སྔོན་གྱི་ཞུགས་པའི་ལམ་སྔ་མ་བཏང་བ་དང་། དེ་ལས་གཞན་པའི་འབྲས་བུ་ལ་གནས་པའི་ལམ་ཐོབ་པ་དང་། སྤང་བྱ་ཟད་པ་བསྡོམས་པའི་ཐོབ་པ་གཅིག་རྙེད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་ཆོས་ཤེས་པ་བཞི་དང་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་སོགས་པ་རྗེས་སུ་ཤེས་པ་བཞི་སྟེ། ཤེས་པ་བརྒྱད་ཚན་ཐོབ་པ་(སྟེ་ཅིག་ཅར་དུ་ལྡན་པ་)དང་། མི་རྟག་པ་ལ་སོགས་པ་ཡེ་ཤེས་ཀྱི་རྣམ་པ་བཅུ་དྲུག་ཚང་བར་ཐོབ་པའོ། །(དེ་ཟད་པ་སྡོམ་པ་ནི་སྤངས་པ་སོ་སོ་བ་རྣམས་བཏང་ནས་ཐམས་ཅད་སྡོམ་པའི་བྲལ་ཐོབ་ཟག་མེད་གཅིག་རྙེད་པ་སྟེ། འབྲས་བུ་དང་པོ་ལ་མཐོང་སྤང་གི་ཟད་པ་སྡོམ་པ་གཅིག་རྙེད་པ་དང་། གཉིས་པ་ལ་མཐོང་སྤང་དང་འདོད་པའི་སྒོམ་སྤང་དྲུག་ཟད་པ་སྡོམ་པ་ལ་སོགས་པའོ། །)དེ་ལ་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་པ་མན་ཆད་(ཞུགས་པ་དང་པོ་)ལ་ནི་རྒྱུ་མཚན་ལྔ་ག་མེད་པའི་ཕྱིར་དང་ཞུགས་པ་ཕྱི་མ་གསུམ་ལ་ནི་རྒྱུ་མཚན་ཕྱི་མ་གཉིས་ཡོད་ཀྱང་སྔ་མ་གསུམ་མེད་པའི་ཕྱིར་འབྲས་བུར་མ་བཤད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །(ཉན་ཐོས་ཀྱི་ས་ལས་ནི། ཉོན་མོངས་པ་རྣམ་པ་བཞི་སྤངས་བའི་ཕྱིར། གཉེན་པོ་འབྲས་བུ་བཞི་བཞག་སྟེ། ཉོན་མོངས་པ་ངན་སོང་དུ་འགྲོ་བར་འགྱུར་བའི་རྒྱུ་གྲངས་པའི་ཕྱི་མ་རྒྱུན་ཞུགས་ཀྱི་འབྲས་བུ་བཞག་གོ། ལྷ་དང་མིའི་སྲིད་པས་བསྡུས་པའི་སྐྱེ་བའི་རྒྱུན་གྱི་ཉོན་མོངས་སྤངས་པའི་ཕྱིར་ལན་ཅིག་ཕྱིར་འོང་གི་འབྲས་བུ་བཞག་གོ། འདོད་པར་སྐྱེ་ཞིང་ཕྱིར་འོང་བའི་ཉོན་མོངས་པ་སྤངས་ཤིང་ལྷའི་སྲིད་པ་ཁོ་ན་མངོན་པར་བསྒྲུབ་པའི་ཕྱིར་ཕྱིར་མི་འོང་གི་འབྲས་བུ་བཞག་གོ། ཁམས་གསུམ་གྱི་སྲིད་པར་སྐྱེ་བའི་ཉོན་མོངས་པ་ཐམས་ཅད་ཟད་པར་སྤངས་པའི་ཕྱིར་དགྲ་བཅོམ་པའི་འབྲས་བུ་བཞག་གོ ། ཞེས་འབྱུང་ངོ་། །)ཁ་ཅིག་འབྲས་བུ་དང་པོ་གཉིས་ལ་གནས་པ་ལའང་སྤངས་པ་བསྡོམས་པ་མེད་དེ། བྲལ་བའི་ཐོབ་པ་ཟག་མེད་དང་། །སྲིད་རྩེ་ཉམས་པར་བྱས་པ་དང་། །རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། །ཡོངས་ཤེས་ཁམས་ལས་འདས་པ་ལས། །ཞེས་ཁམས་ལས་འདས་པ་ལས་སྤངས་པ་སྡོམ་པར་བཤད་པ་ལ་ཁམས་ལས་འདས་པ་མེད་པའི་ཕྱིར་རོ་ཞེས་འཆད་པ་ནི་མ་ཡིན་ཏེ། ལུང་དེ་ནི་ཡོངས་ཤེས་སུ་འཇོག་པའི་རྒྱུ་མཚན་ཡིན་པའི་ཕྱིར་དང་། འགྲེལ་པ་ལས། སྤངས་པ་བསྡོམས་པ་ནི་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ་ཞེས་བྱ་བ་དང་། རྒྱུ་ལྔ་པོ་དེ་དག་ནི་འབྲས་བུ་རེ་རེ་ལ་ཡོད་དོ་ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་ཟག་མེད་ཀྱི་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན་ཆགས་བྲལ་སྔོན་འགྲོས་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་བར་པ་གཉིས་ཐོབ་པ་སྲིད་པས་དེ་དག་ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ཞེ་ན། འཕགས་པ་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ནི་(ཆོས་ཅན་དགེ་སྦྱོང་གི་འབྲས་བུ་ཡིན་ཏེ། ལམ་གཉིས་ཀྱི་འབྲས་བུ་སྤངས་པའི་ཐོབ་པ་རང་རང་གི་འབྲས་བུར་བསྡུས་པ་གཅིག་རྙེད་པའི་ཕྱིར་དང་)སྒོམ་ལམ་ཟག་བཅས་(ཀྱི་སྤངས་པ་ཁོ་ན་མིན་གྱི་)མཐོང་ལམ་ཟག་མེད་ཀྱི་སྤངས་པ(འང་དེར་)བསྲེས་ནས་ཐོབ་པའི་ཕྱིར་དང་། འབྲས་བུ་བར་པ་གཉིས་ཀྱིས་བསྡུས་པའི་ཟག་མེད་ཀྱི་ཐོབ་པ་གཅིག་འཛིན་པའི་ཕྱིར་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་ཡིན་ནོ། །(བྲལ་ཐོབ་ཟག་མེད་ཀྱི་སྟོབས་ཀྱིས་ཡོངས་སུ་ཉམས་པའང་མི་འཆིའོ། །འཇིག་རྟེན་པའི་ཆགས་བྲལ་པའི་འཕགས་ལས་བྲལ་བའི་ཐོང་རྣམ་གཉིས་ཞེས་པ། ཟག་མེད་ཀྱི་ཐོབ་པ་འཇིག་རྟེན་པའི་ལམ་གྱིས་སྐྱེས་པ་ད་ལྟར་ཡོད་ལ། འཕགས་ལམ་བརྒྱད། དེའི་སྟོབས་ཀྱིས་མ་འོངས་པ་ཐོབ་པས་འདུས་བྱས་དེ་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུར་བྱས་ན་ཡང་མི་འགལ་ལོ། །)དེ་ཉིད་ཀྱི་ཕྱིར་མདོ་ལས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པ་གང་ཡིན་པ་དེ་ཡིན་ནོ། །
ཕྱིར་མི་འོང་པའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ་ཞེས་གསུངས་ཏེ། གལ་ཏེ་སྤངས་པ་འདྲེན་མར་འཇུག་པ་མ་ཡིན་ན་འབྲས་བུ་དེ་དག་ཏུ་གཞག་པར་མི་ནུས་ཏེ། ཀུན་སྦྱོར་གསུམ་དང་ཀུན་སྦྱོར་ཐ་མའི་ཆ་མཐུན་ལྔའི་ཕྱོགས་གཅིག་ཀུན་སྦྱོར་གསུམ་པོ་མཐོང་ལམ་གྱིས་སྤངས་པའི་ཕྱིར་རོ། །དེས་ན་སྤངས་པ་འདྲེན་མར་འཇུག་པ་དེ་སྐད་དུ་གསུངས་སོ། །དེའི་ཕྱིར་འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་པས་བྲལ་ཐོབ་ཟག་མེད་དེའི་སྟོབས་ཀྱིས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སྤངས་པ་དེ་འཛིན་པར་བྱེད་པས་ཡོངས་སུ་ཉམས་ཀྱང་མི་འཆི་སྟེ། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་འབྱུང་བའི་ཕྱིར་རོ། །
བཞི་པ་དགེ་སྦྱོང་གི་ཚུལ་དུ་བཤད་པ་བར་ཆད་མེད་པའི་ལམ་ཟག་མེད་རྣམ་གྲོལ་འདུས་བྱས་དང་བཅས་པ་གང་ཡིན་པ་དེ་ཉིད་ནི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སྤངས་པས་ཚངས་པ་དང་། ཉོན་མོངས་པ་སྤོང་བའི་ཟག་མེད་ཀྱི་ལམ་ཡིན་པས་ཚངས་པའི་ཚུལ་ཡང་ཡིན་ཏེ། བརྒྱ་བྱིན་གྱི་མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། ཞི་བ་དང་། བསིལ་བར་གྱུར་པ་ཞིས་ཀྱང་བྱའོ་ཞེས་ཀྱང་གསུངས་པའི་ཕྱིར་རོ། །དེས་ན་ཚངས་པ་དང་། ཞི་བ་དང་། བསིལ་བར་གྱུར་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡིན་ཏེ། ཚངས་པའི་ཚུལ་ཟག་མེད་ཀྱི་ལམ་བླ་ན་མེད་པ་དང་ལྡན་པའི་ཕྱིར་དང་། ཉོན་མོངས་པ་ཚངས་པ་དང་ཞི་བ་དང་བསིལ་བའི་ཕྱིར་རོ། །ཚུལ་ནི་ཉོན་མོངས་པ་སྤོང་བ་དེའི་ཐབས་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར་རོ། །དེ་ནི་ཚངས་པའི་འཁོར་ལོའང་ཡིན་ཏེ། འཁོར་ལོ་དང་འདྲ་བའི་ཕྱིར་དང་ཚངས་པ་བཅོམ་ལྡན་འདས་ཀྱིས་བསྐོར་བའི་ཕྱིར་རོ། །དེ་ལ་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་དེ་ཉིད་ཡིན་ཏེ། མྱུར་བར་འགྲོ་བ་དང་། སོགས་པས་བསྡུས་པ་འདོར་བ་དང་འཇུག་པ་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་རྒྱལ་བ་རྣལ་དུ་འགོད་པ་དང་། འཕར་བ་དང་འབབ་པ་ཞེས་བྱ་བ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ལ་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་མ་བཅོ་ལྔས་བདེན་པ་མངོན་པར་རྟོགས་པའི་ཕྱིར་རམ་སྐད་ཅིག་མ་སྔ་མ་སྔ་མའི་རྗེས་ཐོགས་སུ་ཕྱི་མ་ཕྱི་མ་མྱུར་དུ་སྐྱེ་བའི་ཕྱིར་དང་། བདེན་པའི་དམིགས་པ་དང་ཡེ་ཤེས་ཀྱི་རྣམ་པ་དང་བར་ཆད་མེད་པའི་ལམ་སྔ་མ་རྣམས་འདོད་པའི་ཕྱིར་དང་། བདེན་པའི་དམིགས་པ་དང་ཡེ་ཤེས་ཀྱི་རྣམ་པ་དང་རྣམ་གྲོལ་གྱི་ལམ་ཕྱི་མ་རྣམས་ལ་འཇུག་པའི་ཕྱིར་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་ནི་བར་ཆད་མེད་པའི་ལམ་གྱིས་མཐོང་སྤང་རྣམས་ཀྱི་ཐོབ་པ་གཅོད་པའི་སྒོ་ནས་སྤོང་བའི་ཕྱིར་རོ། །རྒྱལ་བ་རྣལ་དུ་འགོད་པ་ནི་རྣམ་གྲོལ་གྱི་ལམ་གྱིས་བྲལ་ཐོབ་འཛིན་པའི་ཕྱིར་རོ། །འཕར་བ་ནི་རྣམ་གྲོལ་གྱི་ལམ་མམ་ཁམས་གོང་མའི་བདེན་པ་ལ་འཇུག་པའི་ཕྱིར་རོ། །འབབ་པ་ནི་བར་ཆད་མེད་པའི་ལམ་མམ་འདོད་པའི་བདེན་པ་ལ་འཇུག་པའི་ཕྱིར་རོ། །
བཙུན་པ་དབྱངས་སྒྲོགས་ན་རེ་མཐོང་ལམ་འཕགས་ལམ་ཡན་ལག་བརྒྱད་ནི་འཁོར་ལོའི་རྩིབས་དང་སོགས་ཀྱིས་བཟུང་བ་ལྟེ་བ་དང་མུ་ཁྱུད་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ནོ། །དེ་ལ་ཤེས་རབ་ཀྱི་བསླབ་པ་ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་དང་དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ཏེ། ཕན་ཚུན་འཇུག་པའི་ཕྱིར་དང་། མཐོང་སྤང་གཅོད་པའི་ཕྱིར་རོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ལྟེ་བ་དང་འདྲ་སྟེ། དེ་དག་ནི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་དེ་ལ་བརྟེན་ནས་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་འཐོབ་ལ་དེ་ཐོབ་པས་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་མུ་ཁྱུད་དང་འདྲ་སྟེ། དེས་གཞན་དག་ཉེ་བར་འཛིན་པའི་ཕྱིར་རམ། དམིགས་པ་ལ་སེམས་སྡུད་པའི་ཕྱིར་རོ་ཞེས་ཟེར་རོ། །
ཆོས་ཀྱི་འཁོར་ལོ་མཐོང་ལམ་ལ་ཟེར་བ་ཡང་མདོ་ལས། བཅོམ་ལྡན་འདས་ཀྱིས་ལྔ་སྡེ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་སྐྱེས་སོ། །ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་སྐྱེས་སོ་ཞེས་བྱ་བ་དང་། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་ལ་སོགས་པ་སྐྱེས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་ལ་སོགས་པ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ནས། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜིཉ་དང་ལྷ་བརྒྱད་ཁྲི་ལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜིཉ་ལ་བཀའ་སྩལ་པ། ཀུན་ཤེས་ཀཽཎྜིཉ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་བདག་གིས་ཆོས་ཀུན་འཚལ་ཏོ། །བདེ་བར་གཤེགས་པ་བདག་གིས་ཆོས་ཀུན་འཚལ་ཏོ་ཞེས་གསོལ་བ་དང་། ས་བླ་བའི་གནོད་སྦྱིན་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜིཉ་ཆོས་ཀུན་ཤེས་སོ་ཞེས་སྒྲ་བསྒྲགས་ཏེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཡུལ་བ་ར་ན་སེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་འདིར་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པ་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་སུས་ཀྱང་འཇིག་རྟེན་ན་སྐྱེ་བོ་མང་པོ་ལ་ཕན་པར་བྱ་བའི་ཕྱིར་ཆོས་དང་མཐུན་པར་མ་བསྐོར་བ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་པ་བསྐོར་ཏོ་ཞེས་ཀུན་ཤེས་ཀཽཎྜིཉ་ལ་མཐོང་ལམ་སྐྱེས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་གསུངས་པའི་ཕྱིར་རོ། །
དེ་ལ་ལན་གསུམ་དུ་བཟླས་པ་ནི་བྱེ་བྲག་ཏུ་སྨྲ་བ་དེ་ན་རེ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྡུག་བསྔལ་གྱི་ངོ་བོ་ལ་བཟླས་པ་གཅིག་དང་། སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་བཟླས་པ་གཅིག་དང་། སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་མཐར་ཐུག་པ་ལ་བཟླས་པ་གཅིག་སྟེ་གསུམ་མོ། །རྣམ་པ་བཅུ་གཉིས་ནི་བཟླས་པ་དེ་དག་རེ་རེ་ལའང་སྡུག་བསྔལ་གྱི་ངོ་བོ་མངོན་སུམ་དུ་གྱུར་པས་མིག་དང་། ཐེ་ཚོམ་མེད་པས་ཤེས་པ་དང་། ཡང་དག་པའི་དོན་ཤེས་པས་རིག་པ་དང་། རྣམ་པར་དག་པའི་ཕྱིར་བློ་ཞེས་པ་བཞི་བཞི་དང་། དེ་བཞིན་དུ་བདེན་པ་གཞན་གསུམ་པོ་རེ་རེ་ལའང་བཟླས་པ་གསུམ་གསུམ་དང་། བཟླས་པ་རེ་རེ་ལའང་མིག་སྐྱེས་པ་ལ་སོགས་པ་རྣམ་པ་བཞི་བཞི་ཡོད་པས་རྣམ་པ་བཅུ་གཉིས་བཅུ་གཉིས་ཡིན་ནོ། །
འོ་ན་ནི་བདེན་པ་བཞི་པོ་རེ་རེ་ལའང་བཟླས་པ་གསུམ་གསུམ་བཅུ་གཉིས་དང་། བཟླས་པ་རེ་རེ་ལའང་རྣམ་པ་བཞི་བཞི་དང་ལྡན་པས་རྣམ་པ་བཞི་བཅུ་རྩ་བརྒྱད་ཡོད་པའི་ཕྱིར་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་སུ་ཇི་ལྟར་འགྱུར་ཞེ་ན། བདེན་མེད་ཀྱི་བདེན་པ་རེ་རེ་ལའང་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་པར་འདྲ་བའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བརྗོད་དེ་དཔེར་ན་གཉིས་བསྟན་པ་དང་གནས་བདུན་ལ་མཁས་པ་བསྟན་པ་བཞིན་ནོ། །དེ་ལ་གཉིས་བསྟན་པ་ནི་མདོ་ལས། དགེ་སློང་དག་ཁྱེད་ལ་གཉིས་བསྟན་པར་བྱའི། དེ་ལེགས་པར་རབ་ཏུ་སྟོན་པ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ། །གཉིས་གང་ཞེ་ན། མིག་དང་གཟུགས་རྣམས་ཞེས་བྱ་བ་ནས་ཡིད་དང་ཆོས་རྣམས་སོ་ཞེས་བྱ་བའི་བར་དུ་སྦྱར་ཏེ་གཉིས་ཚན་དྲུག་ཡོད་ཀྱང་གཉིས་གཉིས་སུ་ཆོས་མཐུན་པའི་ཕྱིར་གཉིས་སུ་གསུངས་པ་དང་། གནས་བདུན་ནི་མདོ་ལས། དགེ་སློང་གནས་བདུན་ལ་མཁས་པ་ནི་ཆོས་འདུལ་བ་འདི་ལ་མྱུར་དུ་ཟག་པ་ཟད་པ་འཐོབ་པར་འགྱུར་རོ། །བདུན་གང་ཞེ་ན། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང་། གཟུགས་འགོག་པ་དང་། གཟུགས་འགོག་པར་འགྱུར་བའི་ལམ་དང་། གཟུགས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བའང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་པ་དང་། དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་ལའང་སྦྱར་ནས་བདུན་ལྔ་གསུམ་བཅུ་རྩ་ལྔ་ཡོད་ཀྱང་བདུན་ཚན་དུ་འདྲ་བས་བདུན་དུ་གསུངས་པ་བཞིན་ནོ། །དེ་ལ་བདེན་པ་བཞི་ཆར་གྱི་བཟླས་པ་གསུམ་གྱིས་རིམ་པ་ལྟར་མཐོང་སྒོམ་མི་སློབ་པའི་ལམ་གསུམ་བསྟན་ཏོ་ཞེས་ཟེར་རོ། །སློབ་དཔོན་ནི་དེ་ལྟ་ན་མཐོང་ལམ་ཁོ་ན་ཆོས་ཀྱི་འཁོར་ལོ་མ་ཡིན་པར་འགྱུར་ཏེ། བཟླས་པ་གཅིག་དང་རྣམ་པ་བཞི་ལས་མེད་པས་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་མ་ཚང་བའི་ཕྱིར་རོ། །དེས་ན་ཆོས་ཀྱི་རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་དང་། བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་ཀྱི་དོན་རབ་ཏུ་སྟོན་པས་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་དང་། གདུལ་བྱའི་རྒྱུད་ལ་དེའི་དོན་ཤེས་པར་བྱེད་པའི་སྒོ་ནས་གཏོད་ཅིང་གོ་བར་བྱེད་པའི་ཕྱིར་བསྐོར་བའང་ཡིན་ནོ། །ཡང་ན་མཐོང་སྒོམ་མི་སློབ་པའི་ལམ་གསུམ་གའང་གདུལ་བྱའི་རྒྱུད་ལ་འཇུག་པས་ཆོས་ཀྱི་འཁོར་ལོ་ཡིན་ནོ། །ཀུན་ཤེས་ཀཽཎྜིཉས་མཐོང་ལམ་ཐོབ་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་གསུངས་པ་ནི་ཀུན་ཤེས་ཀཽཎྜིཉ་ལ་སོགས་པའི་རྒྱུད་ལ་མཐོང་ལམ་བསྐྱེད་པའི་ཕྱིར་དང་པོར་བསྐོར་བར་བརྩམས་པའི་ཕྱིར་བསྐོར་བ་ཞེས་བྱའོ། །
བཟླས་པ་གསུམ་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་པ་ནས་ལམ་འཕགས་པའི་བདེན་པའོ་ཞེས་པའི་བར་ནི་བདེན་བཞིའི་རང་གི་ངོ་བོ་ལ་བཟླས་པ་དང། སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་པ་ནས་ལམ་བསྒོམ་པར་བྱའོ་ཞེས་པའི་བར་ནི་བྱ་བ་ལ་བཟླས་པ་དང་། སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་པ་ནས་ལམ་བསྒོམས་སོ་ཞེས་པའི་བར་ནི་མཐར་ཐུག་པ་ལ་བཟླས་པའོ། །རྣམ་པ་བཅུ་གཉིས་ནི་བདེན་བཞིའི་དབང་དུ་བྱས་ནས་འདི་ནི་སྡུག་བསྔལ་ལོ་ཞེས་པ་ནས། འདི་ནི་ལམ་མོ་ཞེས་པའི་བར་དུ་བདེན་བཞིའི་རང་གི་ངོ་བོ་ལ་དམིགས་པའི་རྣམ་པ་བཞི་དང་། ཡོངས་སུ་ཤེས་པར་བྱ་བ་ནས་བསྒོམ་པར་བྱ་བའི་བར་ནི་བྱ་བ་ལ་དམིགས་པའི་རྣམ་པ་བཞི་དང་། ཡོངས་སུ་ཤེས་སོ་ནས་བསྒོམས་སོའི་བར་ནི་མཐར་ཐུག་པ་ལ་དམིགས་པའི་རྣམ་པ་བཞི་ཡིན་ནོ་ཞེས་བཞེད་དོ། །དེ་ལྟར་ན་བྱེ་བྲག་ཏུ་སྨྲ་བ་ལྟར་ན་བདེན་པ་བཞི་པོ་རེ་རེ་ལའང་བཟླས་པ་གསུམ་གསུམ་དང་རྣམ་པ་བཅུ་(གཉིས་བཅུ་གཉིས་སུ་འདོད་ལ་)སློབ་དཔོན་ནི་བདེན་པ་བཞི་ག་བསྡོམས་པ་ལ་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་སུ་བཞེད་དོ། །
ལྔ་པ་ནི་འོ་ན་ཁམས་གང་དུ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གང་འཐོབ་ཅེ་ན། འདོད་པར་ནི་འབྲས་བུ་དང་པོ་གསུམ་སྔར་མ་ཐོབ་པ་འཐོབ་པར་འགྱུར་ལ་འབྲས་བུ་ཐ་མ་དགྲ་བཅོམ་པ་ནི་ཁམས་གསུམ་ཆར་དུ་འཐོབ་པར་འགྱུར་རོ། །གལ་ཏེ་འབྲས་བུ་དང་པོ་གཉིས་ནི་འདོད་པ་ལས་འདོད་ཆགས་དང་མ་བྲལ་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་དེ་ལྟར་རིགས་ན་ཁམས་གོང་མར་སྐྱེས་པ་ཞིག་ངེས་པ་ལ་འཇུག་པ་ན་སྐད་ཅིག་མ་བཅུ་དྲུག་པ་ལ་ཕྱིར་མི་འོང་དུ་འགྱུར་བས་ན་དེ་ཁམས་གོང་མར་ཇི་ལྟར་འཐོབ་པར་མི་འགྱུར་ཞེ་ན། ཁམས་གོང་མ་དག་ན་མཐོང་ལམ་མེད་པའི་ཕྱིར་དང་། སྔར་མཐོང་ལམ་སྐྱེས་པ་མེད་པར་ནི་འདོད་པ་ལས་འདོད་ཆགས་དང་བྲལ་ཡང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་མེད་པའི་ཕྱིར་རོ་ཞེས་བསམས་སོ། །མཐོང་ལམ་མེད་པ་ནི་མཐོང་ལམ་ཁམས་གསུམ་ཆར་ལ་དམིགས་པ་ཡིན་པ་ལ་གཟུགས་མེད་པ་ནི། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་ཁམས་འོག་མ་ལ་མི་དམིགས་པའི་ཕྱིར་དང་། (ཆོས་མ་ཐོས་བར་སྐྱེ་བ་ཡང་ཡོད་པས་སོ་ཞེ་ན་)གཟུགས་མེད་ན་རང་བྱུང་གཉིས་མི་སྲིད་ཅིང་སྲིད་པའི་ཉན་ཐོས་ཀྱི་མངོན་རྟོགས་ཀྱང་གཞན་ལས་མ་ཐོས་པར་མི་འཐོབ་པས་ཏེ་དེ་ན་སྐྱེས་བུ་དམ་པ་ལ་ཆོས་ཉན་པ་མེད་པའི་(ཕྱིར་དང་འདོད་པ་ལ་མི་དམིགས་པའི་ཕྱིར་རོ། །མཐོང་ལམ་ནི་དང་པོར་འདོད་པའི་སྡུག་བསྔལ་ལ་དམིགས་དགོས་ལ་གཟུགས་མེད་པས་དེ་ལ་མི་དམིགས་པའི་ཕྱིར་རོ། །)གཞན་ཡང་མདོ་ལས། སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་གསུངས་ན། གཟུགས་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་ནི་སྙོམས་འཇུག་གི་བདེ་བ་ལ་ཆགས་པའི་ཕྱིར་དང་། སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་འཁོར་བ་ལ་ཡིད་མི་སྐྱོ་ལ། སྐྱོ་བ་མེད་པར་ཡང་འཕགས་ལམ་འཐོབ་པར་མི་ནུས་པའི་ཕྱིར་རོ་ཞེས་པའི་རིགས་པ་དང་། བཅུ་ཚན་བཅུ་པའི་ལུང་ལས་ཀྱང་གང་ཟག་ནི་བཅུ་སྟེ། བཅུ་གང་ཞེ་ན། རིགས་ནས་རིགས་སུ་སྐྱེ་བ་དང་། མཆོག་ཏུ་ཐོགས་ན་ལན་བདུན་པ་དང་། བར་ཆད་གཅིག་པ་དང་། ལན་ཅིག་ཕྱིར་འོང་བ་དང་། བར་མ་དོར་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་ལྔ་དང་། དགྲ་བཅོམ་པའོ། །གང་ཟག་བཅུ་པོ་དེ་དག་ལས་དང་པོ་བཞི་དང་དགྲ་བཅོམ་པ་ནི་འདིར་རྩོམ་ཞིང་འདིར་མཐར་ཕྱིར་པར་འགྱུར་རོ། །བར་མ་དོར་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གང་ཟག་ལྔ་ནི་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །(འཕགས་པ་མ་ཡིན་པ་ནི་དེར་རྩོམ་པར་མ་གསུངས་སོ། །)དེ་ལ་འདིར་ཞེས་བྱ་བ་ནི་འདོད་པའི་ཁམས་ཡིན་ལ། རྩོམ་པ་ནི་མྱང་འདས་ཀྱི་ཐབས་ཀྱིས་འགོ་འཛུགས་པའོ། །དེར་ཞེས་བྱ་བ་ནི་ཁམས་གོང་མ་ཡིན་ནོ། །རེ་ཞིག་ཁམས་ཀྱིས་ནི་དེ་ལྟ་བུ་ཡིན་ནོ། །གལ་ཏེ་མི་གཡོའི་ཟད་ཤེས་ལས། །མི་སྐྱེའི་བློ་གྲོས་གལ་ཏེ་མིན། །ཞེས་བཤད་པ་དེ་ཅི་དགྲ་བཅོམ་པ་ལའང་དབྱེ་བ་ཡོད་དམ་ཞེ་ན། ཡོད་དེ།
དགྲ་བཅོམ་པའི་དབྱེ་བ་ནི་མདོ་ལས། དགེ་སློང་དག་དྲུག་པོ་འདི་དག་ནི་དགྲ་བཅོམ་པ་སྟེ། དྲུག་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་སྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །ཞེས་གསུངས་པས་དྲུག་ཏུ་འདོད་དེ། དེ་དག་ནི་རིམ་པ་ལྟར་དང་པོ་ལྔ་ཆར་ལ་ཉམས་པ་སྲིད་ཀྱང་རྐྱེན་ཆུང་ངུས་རང་གི་རྟོགས་པ་ལས་ཉམས་པ་དང་། ཉམས་པར་དོགས་པས་མྱ་ངན་ལས་འདའ་བར་སེམས་པ་དང་། ཉམས་པར་དྭོགས་པས་ལམ་བསྲུང་བ་ལ་བརྩོན་པ་དང་། རྐྱེན་ཆུང་ངུས་རྟོགས་པ་ལས་མི་བསྐྱོད་པ་དང་། དབང་པོ་འཕོས་ཏེ་མི་གཡོ་བ་རྟོགས་པའི་སྐལ་བ་དང་ལྡན་པ་དང་། དབང་པོ་རྣོ་བས་རྟོགས་པ་ལས་ཉམས་མི་སྲིད་པ་རྣམས་སོ། །དེ་ལྟར་དབང་པོ་རྣོན་པོ་ལའང་རང་བཞིན་གྱིས་རྣོ་བ་དང་དབང་པོ་འཕོས་པས་རྣོ་བ་གཉིས་སུ་འགྱུར་རོ། །དེ་ལྟར་དགྲ་བཅོམ་པ་དྲུག་པོ་དེ་དག་ལས་དང་པོ་ལྔ་ནི་སྒོམ་ལམ་གྱི་ཚེ་དབང་པོ་བརྟུལ་པོ་དད་པས་མོས་པ་ལས་སྐྱེས་པ་ཡིན་ལ། ལྔ་པོ་དེ་དག་གི་སེམས་ཀྱི་རྣམ་པར་གྲོལ་བ་ནི་དུས་དང་སྦྱོར་བ་ཡིན་ཏེ། ཟས་གོས་དང་གནས་ལ་སོགས་པའི་མཐུན་རྐྱེན་ཚང་བ་དང་ནད་དང་དགྲའི་ཚེར་མ་ལ་སོགས་པའི་འགལ་རྐྱེན་མེད་པ་ལ་ལྟོས་པའི་ཕྱིར་དུས་ཀྱི་རྣམ་པར་གྲོལ་བ་ཞེས་བྱའོ། །
དྲུག་པ་མི་གཡོ་བའི་ཆོས་ཅན་ནི་རྟོགས་པ་ལས་མི་ཉམས་པས་མི་གཡོ་བ་དེ་ཉིད་ཀྱི་ཕྱིར་དེ་ནི་མཐུན་རྐྱེན་དང་འགལ་རྐྱེན་ཡོད་མེད་ལ་མི་ལྟོས་(ཏེ་འདོད་དགུར་ཏིང་ངེ་འཛིན་མངོན་དུ་འགྱུར་)པས་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ལ། དེ་ནི་སྒོམ་ལམ་གྱི་དུས་ཀྱི་དབང་པོ་རྣོན་པོ་མཐོང་བས་ཐོབ་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། འབྲས་བུའི་ཁྱད་པར་ནི་རྒྱུའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །དེ་ཡང་སློབ་པའི་ཚེ་དད་མོས་མཐོང་ཐོབ་ཏུ་དབང་པོ་འཕོས་པའམ་རང་བཞིན་གྱིས་དབང་པོ་རྣོན་པོ་ལས་བྱུང་བའི་མི་གཡོ་བའི་ཆོས་ཅན་ནི་མཐོང་ཐོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་གྱི་མི་སློབ་པའི་ཚེ་དབང་པོ་བརྟུལ་པོ་རྣོན་པོ་མི་གཡོ་བའི་ཆོས་ཅན་དུ་དབང་པོ་འཕོས་པའི་མི་གཡོ་བའི་ཆོས་ཅན་དེ་ནི་མཐོང་ཐོབ་ཀྱི་རྒྱུ་ལས་བྱུང་བ་མ་ཡིན་ནོ་ཞེས་ཊཱི་ཀ་ལས་འཆད་དོ། །རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དང་མི་སྦྱོར་བ་ནི་འདོད་དགུར་ཏིང་ངེ་འཛིན་མངོན་དུ་འགྱུར་བ་དང་མི་འགྱུར་བའམ། ཡང་ན་རྟོགས་པ་ཉམས་པ་སྲིད་པ་དང་མི་སྲིད་པའི་ཕྱིར་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བ་དང་གཏན་དུ་རྣམ་པར་གྲོལ་བ་ཉིད་ཡིན་པར་ཤེས་པར་བྱའོ། །
དྲུག་པ་ནི་དགྲ་བཅོམ་པ་དེ་དག་དང་པོ་ནས་དེ་དག་གི་རིགས་ཅན་དུ་ངེས་པའམ་འོན་ཏེ་ཕྱིས་དེ་དག་ཏུ་གྱུར་པ་ཡིན་ཞེ་ན། (དབང་པོ་མ་འཕོས་པ་)ཁ་ཅིག་ནི་དང་པོ་ནས་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་དེའི་རིགས་སུ་ངེས་པའང་ཡོད་ལ་ཁ་ཅིག་ནི་ཕྱིས་རིགས་(སམ་དབང་པོ་)སྦྱངས་པ་ལས་གྱུར་པའང་ཡོད་དེ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་དབང་པོ་སྦྱངས་པས་འཆི་བར་སེམས་པའི་ཆོས་ཅན་དུ་འགྱུར་བ་ལ་སོགས་པ་བཞིན་ནོ། །དེ་དག་རིས་དྲུག་ཏུ་འགྱུར་བའི་རྒྱུ་ནི་རིམ་པ་ལྟར་སློབ་པའི་ཚེ་ལམ་སྒོམ་པ་ལ་རྒྱུན་སྦྱོར་གུས་སྦྱོར་གཉིས་ཀ་མེད་པ་དང་། གཉིས་ཀ་མེད་ལ་ཁྱད་པར་དུ་གུས་སྦྱོར་མེད་པ་དང་། རྒྱུན་སྦྱོར་ཙམ་དང་ལྡན་པ་དང་། གུས་སྦྱོར་དང་ལྡན་པ་དང་། སྦྱོར་བ་གཉིས་ཀ་དང་ལྡན་པའི་དབང་པོ་བརྟུལ་པོ་དང་། སྦྱོར་བ་གཉིས་ཀ་དང་ལྡན་པའི་དབང་པོ་རྣོན་པོ་ལས་གྱུར་པའི་ཕྱིར་རོ། །ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའང་དེ་ལྟར་སྲིད་པའི་ཕྱིར་ཡིན་གྱི་ངེས་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཁམས་གསུམ་ཆར་ན་དགྲ་བཅོམ་པ་དྲུག་གི་དབྱེ་བ་ཡོད་པར་རུང་ངོ་། །གང་དག་ངེས་པར་ཡོངས་སུ་ཉམས་པར་འགྱུར་བ་ལ་སོགས་པ་འདོད་པ་དེ་དག་གི་ལྟར་ན་འདོད་པ་ན་དྲུག་གི་དབྱེ་བ་ཡོད་ཀྱི་གོང་མ་གཉིས་ན་ནི་བཞི་པ་དང་དྲུག་པ་ལས་གཞན་ནི་མ་ཡིན་ཏེ། དེ་དང་གོང་མར་སྐྱེས་པ་ནི། ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཞེས་པས་དེ་གཉིས་(ཀྱི་འཕགས་པ་ནི་དབང་པོ་སྨིན་པ་དང་། སྐྱོ་བ་དང་རང་གཞན་ལ་གནོད་པ་མེད་པ་དེས་)ན་ཡོངས་སུ་ཉམས་པ་མེད་པས་དང་པོ་གསུམ་མེད་ལ། དབང་པོ་འཕོ་བ་མེད་པས་ལྔ་པའང་མེད་པའི་ཕྱིར་རོ། །གལ་ཏེ་འདི་དག་ཐམས་ཅད་རང་གི་འབྲས་བུ་དང་རིགས་ལས་ཉམས་པར་འགྱུར་རམ་ཞེ་ན། བར་པ་བཞི་ནི་རང་རང་གི་རིགས་ལས་ཉམས་པར་འགྱུར་གྱི་དང་པོ་ནི་རང་གི་རིགས་ལས་ཉམས་པ་མ་ཡིན་ཏེ། རིགས་དེ་བཅོས་མ་མ་ཡིན་པའི་ཕྱིར་དང་། དེ་བས་དམན་པའི་རིགས་མེད་པའི་(ཕྱིར་དང་དེ་ལ་སྦྱངས་པ་ལས་གྱུར་པ་མི་སྲིད་པའི་)ཕྱིར་རོ། །
དང་པོ་ལྔ་པོ་ཐམས་ཅད་ཀྱང་འབྲས་བུ་ལས་ཉམས་པར་འགྱུར་ཏེ། སྒོམ་སྤང་གཞི་དང་བཅས་ཤིང་འབྲས་བུ་གློ་བུར་བ་ཡིན་པས་ཡོངས་སུ་ཉམས་པའི་ཆོས་ཅན་ཡང་འབྲས་བུ་ལས་ཉམས་པ་སྲིད་དོ། །འོན་ཀྱང་དང་པོ་ནས་རིགས་ངེས་པ་ལས་ནི་ཐམས་ཅད་ཀྱང་ཉམས་པ་མ་ཡིན་ཏེ། དགྲ་བཅོམ་པ་འཆི་བར་སེམས་པ་ལ་སོགས་པར་ངེས་པ་ནི་སློབ་པ་དང་ནི་སློབ་པའི་ལམ་གཉིས་ཀྱིས་བརྟན་པོར་བྱས་པའི་ཕྱིར་དང་། (སློང་པའི་དུས་ན་དབང་པོ་སྤྱངས་པའི་མི་སློབ་པ་ཡང་མ་ཉམས་པར་སློབ་དཔོན་འདུན་བཟང་གིས་གསུངས་སོ། །སློབ་པའི་རིགས་དང་པོའང་འདས་མ་འདས་ཀྱི་ལམ་གཉིས་ཀྱིས་བརྟན་པར་བྱས་པས་མི་ཉམས་ཀྱི་སྦྱངས་པས་ཐོབ་པ་ལས་ནི་ཉམས་པར་འགྱུར་རོ། །དེ་ལྟ་ན་འབྲས་བུ་དང་པོ་ཉམས་པར་འགྱུར་ཏེ་འཇིག་རྟེན་པའིི་ལམ་གྱིས་བརྟན་པ་མ་བྱས་པས་སོ་ཞེ་ན། གཏན་ཚིགས་དེ་ནི་རིགས་ཀྱི་ཕྱིར་བཤད་ཀྱི་འབྲས་བུའི་ཕྱིར་མ་བཤད་པ་སྐྱོན་མེད་དོ། །འབྲས་བུ་འདས་མ་འདས་ཀྱི་ལམ་གྱི་ཅིག་ཅར་ཐོབ་པ་ནི་མི་སྲིད་ལ། རིགས་ལམ་གཉིས་ཀྱིས་བརྟན་པ་ནི་ཚེ་འདི་པའི་དྲོད་ལ་སོགས་པ་དང་ཕྱི་མའི་སྤོང་ལམ་མམ། འདི་ཉིད་ལས་གཉིས་ཀ་སྒོམ་པའང་ཡོད་དེ། །ཞེས་སོ། །)སློབ་པ་ན་(རིགས་)ངེས་པ་(འི་རིགས་དེ་)འང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པོར་བྱས་པའི་ཕྱིར་རོ། །འོན་ཀྱང་ཉམས་པའི་ཆོས་ཅན་ཕྱིས་འཆི་བར་སེམས་པར་དབང་པོ་སྦྱངས་པ་ལ་སོགས་པ་ལས་ནི་ཉམས་པ་ཡོད་དོ། །འབྲས་བུ་དང་པོ་རྒྱུན་དུ་ཞུགས་པ་ལས་ཀྱང་ཉམས་པ་མ་ཡིན་ཏེ། དེ་ནི་མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བ་ཡིན་ཞིང་དེ་ཡང་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་ལ་དེ་ཡང་གཞི་མེད་པ་ཅན་ཡིན་པའི་ཕྱིར་རོ། །གཞི་ནི་འདིར་ཡུལ་ཡིན་ཏེ། བདེན་པ་ལ་དམིགས་ནས་བདག་མེད་པ་ལ་བདག་ཏུ་རྟོགས་པའི་ཕྱིར་དང་། བདག་མེད་པར་མངོན་སུམ་དུ་ཤེས་ན་བདག་ཏུ་རྟོགས་པའང་མི་སྲིད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་སྒོམ་སྤང་རྣམས་ནི་གཟུགས་ལ་སོགས་པ་བདེན་པ་ལ་དམིགས་པའི་ཕྱིར་གཞི་དང་བཅས་པ་ཡིན་པས་སྤངས་ཀྱང་སླར་སྐྱེ་བ་སྲིད་པའི་ཕྱིར་འབྲས་བུ་ཕྱི་མ་རྣམས་ལས་ནི་ཉམས་པ་སྲིད་དོ། །གཞན་ཡང་འཕགས་པ་ངེས་པར་མི་རྟོག་པ་དག་ལ་དྲན་པ་ཉམས་པས་ཉོན་མོངས་པ་སྐྱེ་བར་འགྱུར་ན་ངེས་པར་རྟོག་པ་ལ་ནི་མ་ཡིན་ཏེ། ཐག་པ་ལ་ཐག་པར་རྟོགས་པ་ལ་སྦྲུལ་དུ་འཛིན་པ་མི་སྐྱེ་བ་བཞིན་ནོ། །ངེས་པར་མི་རྟོག་པའི་འཕགས་པ་ལའང་མཐོང་སྤང་རྣམས་མི་སྐྱེ་སྟེ། དེ་དག་ནི་ངེས་པར་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །(བྱེ་བྲག་ཏུ་སྨྲ་བ་རིགས་ནི། དེའི་རིགས་ཅན་ཡིན་ལ། དེར་རིགས་གཏན་དུ་ངེས་པ་ན་མིན་པ། དེ་ནི་རིགས་དེ་ལས་ཉམས་ནས་གཞན་དུ་འགྱུར་བ་ཡོད་ལ་དང་པོ་ནས་དེ་རིགས་ངེས་པ་ནི་གཞན་དུ་མི་འགྱུར་རོ། །དགྲ་བཅོམ་དང་པོ་ལྔ་གའང་འབྲས་བུ་བར་པ་གསུམ་ལས་ཉམས་པ་སྲིད་པར་འདོད་དོ། །མདོ་སྡེ་པ་ནི་འབྲས་བུ་བར་པ་གཉིས་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་ལ་ཉམས་པ་སྲིད་ཀྱི་འདས་ལམ་གྱིས་ཐོབ་པ་ལ་མི་སྲིད་པ་ལ་འདོད་དོ། །)མདོ་སྡེ་པ་ལ་སོགས་པ་རྣམས་ནི་འབྲས་བུ་དང་པོ་ལས་ཉམས་པ་མེད་པར་མ་ཟད་དགྲ་བཅོམ་པ་ལས་ཀྱང་ཉམས་པ་མེད་དེ། དེས་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་བའི་གཉེན་པོ་ཐོབ་པས་གཏན་དུ་མི་སྐྱེ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཟག་པ་ཟད་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །རེ་ཞིག་ཉོན་མོངས་པ་ཐམས་ཅད་ལོག་པས་དགྲ་བཅོམ་པར་འདོད་ན་ནི་སེམས་མེད་པའི་གནས་སྐབས་ཐམས་ཅད་དེར་འགྱུར་པའི་ཕྱིར་རོ། །
བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང་། སློབ་པ་ལ་བག་ཡོད་པ་ལ་བག་ཡོད་པར་བྱའོ་ཞེས་པ་སྨྲའོ་ཞེས་གསུངས་ཀྱི་དགྲ་བཅོམ་པ་ལ་ནི་མ་གསུངས་པའི་ཕྱིར་དང་། ཆོས་མངོན་པ་ལས་ཀྱང་། གནས་གསུམ་གྱིས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སྐྱེ་བར་འགྱུར་ཏེ། འདོད་པའི་འདོད་ཆགས་ཀྱིས་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པར་གྱུར་པའི་ཆོས་རྣམས་སྣང་བར་གྱུར་པ་ཡིན། དེ་ལའང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཞེས་གསུངས་ལ་དགྲ་བཅོམ་པ་ལ་དེ་དག་མེད་པའི་ཕྱིར་རོ། །གང་ཡང་མདོ་ལས། ཀུན་དགའ་བོ་དགྲ་བཅོམ་པ་ལའང་རྙེད་པ་དང་བཀུར་སྟི་བར་ཆད་བྱེད་པ་ཡིན་ནོ་ཞེས་ང་སྨྲའོ་ཞེས་གསུངས་པ་དེ་ནི་བསམ་གཏན་དངོས་གཞི་ལ་སྙོམས་པར་འཇུག་པ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་བར་དུ་གཅོད་པར་གསུངས་པ་ཡིན་ལ། བཅུ་ལས་འཕྲོས་པའི་མདོ་ལས། བསྐྱེད་པར་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་པ་ཡིད་དུ་འོང་བ་ཡིན་ནོ་ཞེས་གསུངས་པ་ནི་སློབ་པའི་དབང་དུ་མཛད་པ་ཡིན་ལ། དགྲ་བཅོམ་པ་དྲུག་ཏུ་གསུངས་པ་ནི་མཐར་གྱིས་གནས་པའི་སྙོམས་འཇུག་གི་ཡོན་ཏན་ལ་སོགས་པ་ལས་ཉམས་པ་ལ་ཉམས་པའི་ཆོས་ཅན་ལ་སོགས་པར་གསུངས་པའི་ཕྱིར་དང་། མདོ་གཞན་ལས། ཚེ་དང་ལྡན་པ་གནག་ཚོགས་ཅན་དུས་ཀྱིས་སེམས་རྣམ་པར་གྲོལ་བ་ཡིད་དུ་འོང་བ་ལུས་ཀྱིས་མངོན་སུམ་དུ་བྱས་པ་ལས་ལན་དྲུག་གི་བར་དུ་ཡང་དང་ཡང་དུ་ཡོངས་སུ་ཉམས་པ་དང་ཡི་ཆད་ནས་ལུས་དང་སྲོག་ལ་མི་ལྟ་བའི་ཕྱིར་མཚོན་གྱིས་འདེབས་པར་བྱེད་ལ་འཆི་བའི་དུས་ཁོ་ནར་དགྲ་བཅོམ་པ་ཉིད་ཐོབ་ཅིང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་གསུངས་པ་ཡང་སློབ་པའི་དུས་ཁོ་ན་ན་ཉམས་པ་ཡིན་པའི་ཕྱིར་དང་། སོལ་བའི་ཕུང་པོ་ལྟ་བུའི་མདོ་ལས། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་པ་དེ་ལ་རྒྱལ་རེས་འགའ་ཞིག་དྲན་པ་ཉམས་པ་ལས་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་སྐྱེ་བར་འགྱུར་རོ་ཞེས་གསུངས་པའང་སློབ་པའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །གང་དག་ཐེག་པ་གོང་མའི་རྗེས་སུ་སྨྲ་བ་རྣམས་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་ས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ས་བོན་སྤངས་པ་རྣམས་ནི་སློབ་པའི་འཕགས་པ་ལའང་ཉམས་པ་མེད་དེ་རྒྱུ་མེད་པའི་ཕྱིར་རོ། །གང་ཡང་དེ་དང་དེ་ལས་ཉམས་པར་བཤད་པ་ནི་སྒོམ་སྤང་གི་ས་བོན་མ་སྤངས་པ་རྣམས་ཡིན་ལ། སློབ་པ་དང་མི་སློབ་པ་ཐམས་ཅད་ལའང་དུས་དང་སྦྱོར་བ་དང་མི་སྦྱོར་བ་དང་ཉམས་པ་དང་མ་ཉམས་པ་ལ་སོགས་པ་ནི་དབང་པོ་བརྟུལ་པོ་དང་རྣོན་པོ་གཟུངས་དང་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་ལ་སོགས་པ་ལ་འཇུག་པའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ་ཞེས་འདོད་དེ། རིགས་པ་མཁྱེན་པ་དག་གིས། བདག་ལྟའི་ས་བོན་སྤངས་པའི་ཕྱིར། སླར་མི་ལྡོག་པ་ཉིད་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །ཅི་དགྲ་བཅོམ་པ་དེ་དག་ཁོ་ན་རིགས་དྲུག་དང་ལྡན་ནམ། འོན་ཏེ་གཞན་དག་ཀྱང་རིགས་དྲུག་དང་ལྡན་ཞེ་ན། ཇི་ལྟར་དགྲ་བཅོམ་པ་ལ་རིགས་དྲུག་ཡོད་པ་དེ་བཞིན་དུ་འཕགས་པ་སློབ་པ་དང་འཕགས་མིན་སོ་སོའི་སྐྱེ་བོ་རྣམས་ཀྱང་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་རིགས་དྲུག་དང་ལྡན་ཏེ། དགྲ་བཅོམ་པའི་རིགས་དེ་དག་ཀྱང་དངོས་དང་བརྒྱུད་ནས་དེ་དག་སྔོན་དུ་འགྲོ་བའི་ཕྱིར་དང་། འབྲས་བུ་རྒྱུ་ལ་མི་འཁྲུལ་བའི་ཕྱིར་རོ། །
བདུན་པ་གལ་ཏེ་དབང་པོ་བརྟུལ་པོ་རྣོན་པོར་འཕོ་བ་ན་གནས་སྐབས་གང་དུ་འཕོ་ཞེ་ན། མཐོང་བའི་ལམ་ལ་ནི་དབང་པོ་འཕོ་བ་མེད་དེ། དེ་ནི་མཉམ་གཞག་གི་རྒྱུན་གཅིག་ཁོ་ན་ཡིན་པས་(བྱ་བ་དེ་མ་གཏོགས་པ་གཞན་ལ་ལྡང་བ་དང་)སྦྱོར་བ་མེད་པའི་ཕྱིར་རོ། །(དད་མོས་ནི་ཟག་མེད་ཁོ་ན་ལས་འཕོ་ལ། བྱིས་པ་ནི་ཞི་རགས་ཀྱི་རྣམ་པ་ཅན་གང་ལ་རྟེན་ཡང་མི་འགལ་ཏེ་ཅི་ནས་ཀྱང་བདག་གི་དབང་པོ་དག་རྣོན་པོར་བྱའོ། །ཞེས་བསམས་ནས་སྦྱོར་བས་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་རིམ་གྱིས་དབང་པོ་འཕོའོ། །)དེས་ན་སོ་སོའི་སྐྱེ་བོ་དང་། སློབ་པ་དད་མོས་དང་། མི་སློབ་པ་དུས་སྦྱོར་གྱི་གནས་སྐབས་ན་དབང་པོ་འཕོ་བ་ཡོད་དོ། །གང་ཡང་མདོ་ལས། འདིས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལྷག་པའི་སེམས་ལས་བྱུང་བ་བཞི་ཐོབ་པ་གང་དག་ཡིན་པ་དེ་ལས་གང་ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་པར་འགྱུར་བར་ནི་ང་སྨྲའི། འདི་གཅིག་པུས་སེམས་ཀྱི་རྣམ་པར་གྲོལ་བ་མི་གཡོ་བའི་བར་དུ་ལུས་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ལས་ནི་འདི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་ང་མི་སྨྲའོ། །ཞེས་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ལའང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པར་བཤད་པ་དེ་ཇི་ལྟར་མི་གཡོ་བར་འགྱུར་ཞེ་ན། ཡོངས་སུ་ཉམས་པ་ནི་རྣམ་པ་གསུམ་དུ་ཤེས་པར་བྱའོ་ཞེས་སྦྱར་རོ། །གང་ཡིན་ཞེ་ན། ཡོན་ཏན་ཐོབ་པ་ལས་ཉམས་པ་དང་མ་ཐོབ་པ་ལས་ཉམས་པ་དང་ཐོབ་པ་ཉེ་བར་སྤྱད་པ་ལས་ཉམས་པའོ། །དེ་ལ་དང་པོ་ནི་རྙེད་པ་ལས་ཉམས་པ་ཡིན་ལ་ཕྱི་མ་གཉིས་ནི་ལྡན་པ་ལས་ཉམས་པ་ཡིན་ཏེ་རང་བཞིན་གྱིས་བླུན་པ་ལ་བློ་གྲོས་ཉམས་པ་ཞེས་བརྗོད་པ་བཞིན་ནོ། །ཉམས་པ་གསུམ་པོ་དེ་དག་ལས་སྟོན་པ་སངས་རྒྱས་ལ་ནི་ཉམས་པ་ཐ་མ་ཡོད་དེ། གདུལ་བྱའི་དོན་ལ་ཞུགས་པས་མཐོང་ཆོས་ལ་བདེ་བར་གནས་པའི་ཡོན་ཏན་འགོག་པའི་སྙོམས་འཇུག་ལ་སོགས་པ་ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཕྱིར་རོ། །དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ལ་ནི་ཉམས་པ་བར་མ་དང་ཐ་མའང་ཡོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་མ་ཐོབ་བའི་ཕྱིར་རོ་འང་གི་སྒྲས་ནི་ཉེ་བར་སྤྱད་པ་ལས་ཉམས་པ་སྡུད་པའོ། །དགྲ་བཅོམ་པ་གཞན་ལྔ་དང་སློབ་པ་སྒོམ་ལམ་པ་དང་སོ་སོའི་སྐྱོ་བོ་དབང་པོ་རྟུལ་པོ་ལ་ནི་ཉམས་པ་རྣམ་པ་གསུམ་ག་ཡོད་དོ། །དེའི་ཕྱིར་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པར་བཤད་པ་ནི་ཉེ་བར་སྤྱད་པ་ལས་ཉམས་པ་ཡིན་ལ་མི་གཡོ་བ་ལས་གཞན་ནི་རྣམ་པར་གྲོལ་བ་ལས་ཡིན་ནོ། །དགྲ་བཅོམ་པ་གཞན་ནིི་མདོ་ལས། རྐྱེན་ལྔ་དང་རྒྱུ་ལྔས་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་གང་ཞེ་ན། ལས་ཀྱི་མཐའ་ལ་ཞུགས་པ་ཡིན། སྨྲ་བ་ལ་ཞུགས་པ་ཡིན། རྩོད་པ་ལ་ཞུགས་པ་ཡིན། རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་ཡིན། ནད་གྱི་རྣམ་པ་ཡུན་རིང་པོས་ཐེབས་པ་ཡིན་ཞེས་འབྱུང་བས་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། རྣམ་པར་གྲོལ་བ་གཉིས་ཀ་ལས་ཉམས་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ནི་མདོ་ལས། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལྷག་པའི་སེམས་ལས་བྱུང་བ་བཞི་ཞེས་བྱ་བ་ནི་བསམ་གཏན་གྱི་དངོས་གཞི་བཞིའོ། །བཞི་པོ་དེ་དག་ལས་གང་ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་པར་འགྱུར་བ་ནི་ང་སྨྲའི་ཞེས་གསུངས་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔའི་དབང་དུ་བྱས་པ་ཡིན་ནོ། །འདི་གཅིག་པུས་སེམས་ཀྱི་རྣམ་པར་གྲོལ་བ་མི་གཡོ་བའི་བར་དུ་ལུས་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ལས་ནི་འདི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་ང་མི་སྨྲའོ་ཞེས་གསུངས་པ་ནི་རྣམ་པར་གྲོལ་བ་ལས་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཉམས་པ་མེད་པར་སྟོན་པ་ཡིན་ལ། མ་ཐོབ་པ་ལས་ཉམས་པ་དང་ཉེ་བར་སྤྱད་པ་ལས་ཉམས་པ་ནི་མ་ཐོབ་པ་དང་མ་སྤྱད་པ་ལ་ཉམས་པའི་མིང་གིས་བཏགས་པ་ཙམ་ཡིན་ལ་ཉམས་པ་དོན་དམ་པ་ནི་ཐོབ་པ་ལས་ཉམས་པ་ཡིན་ནོ་ཞེས་འདོད་དོ། །དེ་ལྟ་མོད་ཀྱིས་བྱེ་བྲག་ཏུ་སྨྲ་བ་དགྲ་བཅོམ་པ་ལའང་རྣམ་པར་གྲོལ་བ་ལ་ཉམས་པ་འདོད་པས་དགྲ་བཅོམ་པ་ཉམས་པའི་ཕྱིར་ཤི་ནས་འཁོར་བར་སྐྱེ་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། འབྲས་བུ་ལས་ཡོངས་སུ་ཉམས་པ་ནི་འགའ་ཡང་ཉམས་བཞིན་དུ་འཆི་འཕོ་བ་མེད་དེ། དྲན་པ་དང་ཤེས་བཞིན་གྱིས་མྱུར་བ་ཁོ་ནར་སོར་ཆུད་པར་བྱེད་པའི་ཕྱིར་ཏེ།
མདོ་ལས། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལ་དྲན་པ་ཉམས་པ་ཆུང་ངུ་འབྱུང་མོད་ཀྱི་འོན་ཀྱང་ཡང་ཁོ་ནར་ནུབ་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཚངས་པར་སྤྱོད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །གལ་ཏེ་འབྲས་བུ་ལ་གནས་པ་དང་འགལ་བའི་བྱ་བ་བྱེད་པ་སྲིད་པའི་ཕྱིར་ཡོངས་སུ་ཉམས་པ་སོར་ཆུད་པར་མི་འགྱུར་བ་དག་ཀྱང་སྲིད་པར་འགྱུར་རོ་ཞེ་ན། འབྲས་བུ་ལ་གནས་པ་དེ་ནི་བྱ་བ་མ་ཡིན་པ་སྲོག་གཅོད་པ་ལ་སོགས་པ་གང་ཡིན་པ་དེ་མི་བྱེད་དེ། ཟག་པ་མེད་པའི་ལམ་མངོན་དུ་གྱུར་པས་དྲན་པ་དང་ཤེས་བཞིན་མྱུར་བ་ཁོ་ནར་སྐྱེ་བའི་ཕྱིར་རྩལ་པོ་ཆེ་འགྲེད་ཀྱང་རྡེག་མི་འཆའ་བ་བཞིན་ནོ། །ཡང་གལ་ཏེ་དབང་པོ་འཕོ་བ་དག་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་དུ་ས་འཕོ་ཞེ་ན། རྟོགས་པའི་སྐལ་བ་དང་ལྡན་པ་ཞིག་མི་གཡོ་བར་འཕོ་ན་རྣམ་པར་གྲོལ་བའི་ལམ་དགུ་དང་བར་ཆད་མེད་པའི་ལམ་དགུ་སྟེ་བཅོ་བརྒྱད་ཀྱིས་འཕོ་སྟེ། མི་སློབ་པ་དབང་པོ་རྟུལ་པོའི་རིགས་དེ་སློབ་པ་དང་མི་སློབ་པའི་ལམ་གཉིས་ཀྱིས་ཤིན་ཏུ་བསྟེན་ཅིང་གོམས་པར་བྱས་པས་སྤང་དཀའ་བའི་ཕྱིར་རོ། །རྒྱུ་མཚན་དེ་མཚུངས་པའི་ཕྱིར་ཉམས་པའི་ཆོས་ཅན་ལ་སོགས་པ་འཆི་བར་སེམས་པ་ལ་སོགས་པར་འཕོ་བ་ལའང་རྣམ་གྲོལ་ཀྱི་ལམ་དགུ་དང་བར་ཆད་མེད་པའི་ལམ་དགུ་ཡིན་པར་གསལ་པོ། །(སློབ་པ་)དད་པས་མོས་པ་ཞིག་མཐོང་བས་ཐོབ་པ་རྟོགས་པར་བྱེད་པ་ལ་ནི་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་རེ་རེ་(ཁོ་ན་ལ་སྐྱེ་བ་)ཡིན་ཏེ། གོམས་པ་ཆུང་བས་སྤང་སླ་བའི་ཕྱིར་རོ། །(སློབ་མི་སློབ་གང་ཡིན་ཡང་)སྦྱོར་བའི་ལམ་ནི་མི་གཡོ་བར་འཕོ་བ་དང་མཐོང་ཐོབ་ཏུ་འཕོ་བ་ཐམས་ཅད་ཀྱི་ཡང་གཅིག་ཁོ་ན་ཡིན་ནོ། །དབང་པོ་སྦྱོར་བའི་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་དེ་ཡང་འཕགས་པ་ཡིན་ན་ཟག་མེད་ཁོ་ན་ཡིན་ཏེ། དོར་བར་བྱ་བའི་དབང་པོའམ་ལམ་ཡང་ཟག་མེད་ཡིན་ན་ཟག་བཅས་ཀྱིས་འདོར་བ་མི་སྲིད་པའི་ཕྱིར་(ཏེ་དམན་པས་མཆོག་ལས་ངེས་པར་མི་འབྱུང་བས་སོ། །)(མཐོང་བ་ལ་ལས་འཕོ་བ་མེད་ཅེས་)སོ་སོའི་སྐྱེ་བོ་ནི་ཟག་བཅས་ཀྱིས་འཕོ་བ་ཡིན་ནོ། །དབང་པོ་འཕོ་པ་དེ་ཡང་(རྟེན་)མི་ཁོ་ནའི་ནང་དུ་(ཉམས་པ་སྲིད་པས་)འཕེལ་ཞིང་འཕོའི་གཞན་དུ་ནི་མ་ཡིན་ཏེ། ངན་སོང་བ་ལ་ལམ་མི་རྟེན་པའི་ཕྱིར་དང་། ཁམས་གོང་མ་ན་ཉམས་པ་མེད་པའི་ཕྱིར་དང་། ཉམས་པས་འཇིགས་ནས་དབང་པོ་འཕོ་བ་ཡིན་པ་ལ། འདོད་པའི་ལྷ་བདེན་པ་མཐོང་བ་རྣམས་ནི་དབང་པོ་རྣོན་པོ་ཁོ་ན་ཡིན་ཏེ། ཡུལ་བཟང་པོ་དག་གིས་ཡིད་བྱུང་ནས་ལམ་གོམས་པས་དེ་ལ་དམིགས་ནས་ཉོན་མོངས་པ་མི་འབྱུང་བས་ཉམས་པ་མེད་པའི་ཕྱིར་རོ། །
དེ་ཡང་ཁམས་གསུམ་ཆར་ན་དགྲ་བཅོམ་པ་དྲུག་གི་དབྱེ་བ་ཡོད་པར་འདོད་པ་ལྟར་ན་ཁམས་གོང་མ་ནའང་དབང་པོ་སྦྱོང་བ་ཡོད་དེ། ཉམས་པའི་ཆོས་ཅན་ལ་སོགས་པ་སྲིད་པའི་ཕྱིར་དང་། ཉམས་བཞིན་དུ་དགྲ་བཅོམ་པ་མྱ་ངན་ལས་འདའ་བའང་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཉམས་པར་དྭོགས་པ་དང་བཅས་པ་ཡིན་གྱི་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ནི་འཆི་བར་སེམས་པ་དང་རྗེས་སུ་བསྲུང་བའི་ཆོས་ཅན་ཡིན་ནོ། །ཉམས་པའི་ཆོས་ཅན་མེད་ན་རྗེས་སུ་བསྲུང་བའི་ཆོས་ཅན་དང་འཆི་བར་སེམས་པའང་མི་སྲིད་དེ། དེ་དག་ནི་ཉམས་པས་འཇིགས་པ་ཡིན་ན་དེ་ཡང་ཁམས་གོང་མ་ན་མི་སྲིད་པའི་ཕྱིར་ཞེས་བྱ་བའང་དཔྱད་པར་བྱའོ། །དབང་པོ་སྦྱོང་བ་དེ་ཡང་མི་སློབ་པ་ཞིག་དབང་པོ་སྦྱོང་བ་ཡིན་ན་བསམ་གཏན་ས་དྲུག་དང་གཟུགས་མེད་དང་པོ་གསུམ་སྟེ་ཟག་མེད་ཀྱི་ས་དགུ་ལ་བརྟེན་ཏེ་སྦྱོང་བ་ཡིན། (ཏེ་དེའི་འབྲས་བུ་ས་དགུས་བསྡུས་པ་སྲིད་པའི་ཕྱིར་རོ། །འདི་འབྲས་བུ་ཐོབ་པ་དང་ཚུལ་འདྲའོ། །)སློབ་པ་ནི་(ཕྱིར་འོང་ཡིན་ན་མི་ལྕོགས་མེད་དང་ཕྱིར་མི་འོང་ཡིན་ན་)བསམ་གཏན་གྱི་ས་དྲུག་ལ་རྟེན་པ་ཡིན་གྱི་(གཟུགས་མེད་ལ་མི་རྟེན་ཏེ་)གང་གི་ཕྱིར་དབང་པོ་བརྟུལ་པོ་རྣོན་པོར་འཕེལ་བ་ནི་དབང་པོ་རྟུལ་པོས་བསྡུས་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ཙམ་པོ་དང་ཁྱད་པར་ཅན་བཏང་སྟེ་དབང་པོ་རྣོན་པོས་བསྡུས་པའི་ཕྱིར་འོང་དང་ཕྱིར་མི་འོང་བའི་འབྲས་བུ་ཙམ་པོ་འཐོབ་པར་འགྱུར་པའི་ཕྱིར་དང་། ཕྱིར་མི་འོང་ཐ་མའི་ཆ་མཐུན་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིིར་དང་། འདོད་པ་ལ་མི་དམིགས་པས་དེ་ན་མཐོང་ལམ་མེད་པའི་ཕྱིར་(དང་ཕྱིར་མི་འོང་གི་འབྲས་བུ་ཙམ་པོ་ལ་སོགས་)དེ་དག་གཟུགས་མེད་པས་བསྡུས་པའང་མེད་པའི་ཕྱིར་རོ། །
ཡང་དགྲ་བཅོམ་པ་དེ་དག་ནི་རྣམ་པ་དགུར་དབྱེ་སྟེ། སངས་རྒྱས་དང་རང་སངས་རྒྱས་གཉིས་དང་། ཉན་ཐོས་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་དང་། མི་གཡོ་བ་ལ་སྦྱངས་པ་ལས་གྱུར་པ་དང་། དང་པོ་ནས་མི་གཡོ་བའི་ཆོས་ཅན་ཏེ་མི་གཡོ་བ་གཉིས་ཏེ་བདུན་ནོ། །དེ་ལ་སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ལ་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡང་ཡིན་ནོ། །འཕགས་པའིི་གང་ཟག་དེ་དག་དགུར་བཞག་པ་ནི་དབང་པོ་རྟུལ་པོ་དང་འབྲིང་པོ་དང་རྣོན་པོ་གསུམ་པོ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་རྣམ་པ་དགུ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཉམས་པའི་ཆོས་ཅན་དང་འཆི་བར་སེམས་པ་དང་རྗེས་སུ་བསྲུང་བའི་ཆོས་ཅན་གསུམ་ནི་དབང་པོ་རྟུལ་པོའི་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་། གནས་པ་ལས་མི་བསྐྱོད་པ་དང་རབ་ཏུ་རྟོགས་པའི་སྐལ་བ་ཅན་དང་སྦྱངས་པ་ལས་གྱུར་པའི་མི་གཡོ་བ་གསུམ་ནི་འབྲིང་པོའི་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་། དང་པོ་ནས་མི་གཡོ་བའི་ཆོས་ཅན་དང་རང་སངས་རྒྱས་དང་སངས་རྒྱས་གསུམ་ནི་རྣོན་པོའི་ཆུང་ངུ་འབྲིང་ཆེན་པོ་གསུམ་ཡིན་ནོ། །
གཉིས་པ་གང་ཟག་བདུན་དུ་བསྡུ་བ་ནི་འཕགས་པའི་གང་ཟག་ནི་བདུན་ཏེ། དད་པས་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་དང་། དད་པས་མོས་པ་དང་། མཐོང་པས་ཐོབ་པ་དང་། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། (སངས་རྒྱས་གཉིས་ཀྱང་འདིར་འདུས་སོ། །)གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །གང་ཟག་བདུན་པོ་དེ་དག་ཀྱང་སྦྱོར་བས་བྱས་པ་ལས་ནི་དང་པོ་གཉིས་ཏེ། དང་པོ་སྦྱོར་ལམ་ལ་སོགས་པའི་དུས་ནས་གཞན་གྱི་དྲིང་ལ་འཇོག་པ་དང་མི་འཇོག་པའི་(དོན་ལ་སྦྱར་བས་ཐོབ་པ་)ཕྱིར་རོ། །དབང་པོས་བྱས་པ་ལས་ནི་གསུམ་པ་དང་བཞི་པ་སྟེ། གཉིས་ཀ་ལ་གཉིས་ཀ་ཡོད་ཀྱང་དད་པས་མོས་པ་ལྷག་པ་དང་ཤེས་རབ་ལྷག་པར་ཡོད་པའི་སྒོ་ནས་རིམ་པ་ལྟར་དབང་པོ་རྟུལ་བ་དང་རྣོ་(བས་དེར་འཇོག་)བའི་ཕྱིར་རོ། །སྙོམས་འཇུག་གིས་བྱས་པ་ལས་ནི་ལྔ་པ་སྟེ། འགོག་བའི་སྙོམས་འཇུག་ལུས་ཀྱིས་ར་དོན་ལ་སྦྱོར་བས་ཐོབ་པ་མངོན་སུམ་དུ་བྱེད་ནུས་(པས་འཇོག་)པའི་ཕྱིར་རོ། །(ཉོན་མོངས་ལས་)རྣམ་པར་གྲོལ་བས་བྱས་པ་ལས་ནི་དྲུག་པ་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བའི་ཕྱིར་རོ། །སྙོམས་པར་འཇུག་པ་དང་རྣམ་པར་གྲོལ་བ་གཉིས་ཀས་བྱས་པ་ལས་ནི་བདུན་པ་སྟེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཀྱིས་རིམ་པ་ལྟར་སྙོམས་འཇུག་དང་ཉོན་མོངས་པའི་སྒྲིབ་པའི་ཆ་གཉིས་ཀ་ལས་གྲོལ་བའི་ཕྱིར་རོ། །དེ་ལྟར་ན་མིང་གི་སྒོ་ནས་བདུན་ཡིན་ལ་བདུན་པོ་དེ་དག་ཀྱང་རྫས་སུ་ནི་དྲུག་ཡིན་ཏེ། འདི་ལྟར་མཐོང་སྒོམ་མི་སློབ་བའི་ལམ་གསུམ་པོ་ལ་དབང་པོ་རྣོ་རྟུལ་གྱིས་རིམ་པ་ལྟར་དད་པས་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་དང་། དད་མོས་མཐོང་ཐོབ་དང་། དུས་དང་སྦྱོར་བ་དང་མི་སྦྱོར་བའི་གང་ཟག་གཉིས་གཉིས་ཡིན་པའི་ཕྱིར་རོ། །(གཞན་དག་ནི་རྫས་ལོགས་སུ་མེད་དོ། །)དེ་ལ་དད་པས་རྗེས་འབྲང་ལ་དབང་པོས་དབྱེ་ན་རྣོ་རྟུལ་འབྲིང་པོ་གསུམ་དང་། རིགས་ཀྱིས་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་དང་། ལམ་གྱིས་ཤེས་བཟོད་བཅོ་ལྔ་དང་། འདོད་ཆགས་དང་བྲལ་བས་ནི་བདུན་ཅུ་རྩ་གསུམ་སྟེ། འདོད་པའི་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་འཆིང་བ་མཐའ་དག་དང་ལྡན་པ་དང་འདོད་པ་ནས་ཅི་ཡང་མེད་པའི་བར་ས་བརྒྱད་ལ་ཉོན་མོངས་པ་དགུ་དགུ་ལས་འདོད་ཆགས་དང་བྲལ་བའོ། །རྟེན་གྱིས་དགུ་སྟེ། སྒྲ་མི་སྙན་ན་ལམ་མེད་པས་རྟེན་དུ་མི་རུང་བའི་ཕྱིར་གླིང་གསུམ་གྱི་མི་དང་འདོད་པའི་ལྷ་དྲུག་གོ།
དེ་ལྟར་ན་དབང་པོ་དང་རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་དབྱེ་ན་འབུམ་བཞི་ཁྲི་བདུན་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔར་འགྱུར་ཏེ་གང་ཟག་གཞན་དག་ཀྱང་ཅི་རིགས་པར་དེ་བཞིན་དུ་དབྱེ་བར་བྱའོ། །དེ་ཡང་ཆོས་ཀྱི་རྗེས་འབྲང་དང་མཐོང་ཐོབ་དང་དུས་དང་མི་སྦྱོར་བར་གྲོལ་བ་རྣམས་ལ་ནི་རིགས་ཀྱིས་དབྱེ་བ་མེད་ལ། དད་མོས་དང་དུས་ཀྱིས་རྣམ་གྲོལ་གཉིས་ལ་ནི་རིགས་ལྔའི་དབྱེ་བ་ཡོད་དོ། །ཡང་དད་མོས་མཐོང་ཐོབ་ལ་ལམ་གྱི་སྒོ་ནས་ནི་སློབ་དཔོན་རྒྱལ་པོའི་སྲས་ལྟར་ན་འབྲས་བུ་ལ་གནས་པའི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ཀྱི་དབང་དུ་བྱས་ནས་དབྱེ་བ་མེད་ལ། སྐལ་ལྡན་ཁྱད་པར་ཅན་ནི་ས་དགུ་ལ་རྟེན་པའི་ལམ་དགུར་འདོད་དོ། །ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་དད་མོས་མཐོང་ཐོབ་ཏུ་འདུས་པས་ལོགས་སུ་བརྩིར་མེད་དོ། །གལ་ཏེ་བརྩི་ན་དབང་པོའི་སྒོ་ནས་གསུམ་དང་། རིགས་ཀྱི་སྒོ་ནས་དད་མོས་ཡིན་ན་ལྔ་དང་། མཐོང་ཐོབ་ཡིན་ན་དབྱེ་བ་མེད་དོ། །ལམ་དང་འདོད་ཆགས་དང་བྲལ་བ་ལའང་དབྱེ་བ་མེད་དོ། །རྟེན་ནི་སྐལ་ལྡན་ཁྱད་པར་ཅན་ནི་འདོད་པ་ནས་སྲིད་རྩེའི་བར་དུ་འདོད་ལ་རྒྱལ་པོའི་སྲས་ནི་གླིང་གསུམ་གྱི་མི་དང་ལྷ་རིས་དྲུག་སྟེ་དགུ་དང་། གཟུགས་ན་གནས་བཅུ་དྲུག་དང་། སྲིད་རྩེ་དང་ཉི་ཤུ་རྩ་དྲུག་ཏུ་འདོད་དོ། །ཤེས་རབ་ཀྱིས་རྣམ་གྲོལ་ཀྱང་དུས་ཀྱིས་རྣམ་གྲོལ་ཡིན་ན་རིགས་ལྔ་དང་། དུས་དང་མི་སྦྱོར་བ་ཡིན་ན་ནི་རིགས་ལ་དབྱེ་བ་མེད་དོ། །དེ་ལས་གཞན་ནི་དད་པས་རྗེས་འབྲང་བཞིན་ནོ། །(ཆོས་ཀྱི་རྗེས་འབྲང་ལ་རིགས་ཀྱིས་དབྱེ་བ་མེད་པས་དབང་པོ་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་། རྟེན་རྣམས་སྔ་མ་ལྟར་གསུམ་དང་བཅོ་ལྔ་དང་བདུན་ཅུ་རྩ་གསུམ་དང་དགུ་ཡིན་པས་དད་པས་རྗེས་འབྲངས་ལྔ་ཆ་སྟེ། ཉི་ཁྲི་དགུ་སྟོང་ལྔ་བརྒྱ་དྲུག་ཅུ་རྩ་ལྔར་འགྱུར་རོ། །དད་མོས་ལ་ནི་ལམ་སྐད་ཅིག་བཅུ་དྲུག་པ་ཁོ་ན་ཡིན་པས་དབྱེ་བ་མེད་ལ། དབང་པོ་དང་རིགས་དང་འདོད་ཆགས་དང་བྲལ་བ་དང་རྟེན་རྣམ་གསུམ་དང་ལྔ་དང་བདུན་ཅུ་རྩ་གསུམ་དང་དགུ་ཡིན་པས་དགུ་སྟོང་བརྒྱད་བརྒྱ་ལྔ་བཅུ་རྩ་ལྔར་འགྱུར་རོ། །མཐོང་ཐོབ་ལ་རིགས་དང་ལམ་ལ་དབྱེ་བ་མེད་ཅིང་དབང་པོ་དང་འདོད་ཆགས་དང་བྲལ་བ་དང་། རྟེན་རྣམས་གསུམ་དང་བདུན་ཅུ་རྩ་གསུམ་དང་དགུ་ཡིན་པས་དད་མོས་ཀྱི་ལྔ་ཆ་སྟེ། སྟོང་དགུ་བརྒྱ་བདུན་ཅུ་རྩ་གཅིག་ཏུ་འགྱུར་རོ། །)འདི་དག་གི་དབྱེ་བ་ནི་གྲངས་ཞིབ་ཏུ་ཊཱིཀ་ལས་འབྱུང་མོད་ཀྱི་འདིར་མ་བཀོད་དོ། །
འོ་ན་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དང་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་གང་ཞེ་ན། གང་ཞིག་བསམ་གཏན་དངོས་གཞི་ལ་བརྟེན་ནས་འགོག་པའི་སྙོམས་འཇུག་ཐོབ་པའི་(དགྲ་བཅོམ་པ་)དེ་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ཏེ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་ཏིང་ངེ་འཇིན་གྱིས་རྣམ་པར་ཐར་པའི་སྒྲིབ་པ་ལས་ཀྱང་གྲོལ་བའི་ཕྱིར་རོ། །དེ་ལ་རྣམ་པར་ཐར་བའི་སྒྲིབ་པ་ནི་(ལེ་ལོ་དང་)དམིགས་པ་བརྗེད་པ་དང་བྱིང་བ་དང་རྒོད་པ་དང་རྩོལ་བ་དང་མི་རྩོལ་བའི་ཉེས་པ་ལྔ་ལ་སོགས་པ་སྟེ། ཊཱི་ཀ་བྱེད་དག་གིས་རྣམ་པར་ཐར་པའི་སྒྲིབ་པ་ནི་གང་གིས་རྣམ་པར་ཐར་པ་དང་བསམ་གཏན་དག་སྐྱེད་པར་མི་ནུས་པ་སྟེ་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ་ཞེས་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་ནི་གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཡང་བསྐྱེད་པར་མི་ནུས་པ་སྟེ་ཞེས་བཤད་པས་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་པ་ཡིན་ལ། དེ་ཡང་གང་ཟག་ནི་ཉན་ཐོས་ལ་སྲིད་ཀྱི་སངས་རྒྱས་གཉིས་ནི་གཉིས་ཀའི་ཆ་ལས་རྣམ་གྲོལ་ཁོ་ན་ཡིན་པས་རྣམ་ཐར་དང་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པ་མི་སྲིད་པའི་ཕྱིར་རོ། །
དེ་ཡང་རྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་སྒྲིབ་པ་གསུམ་པར་བཤད་པའམ། ཡང་ན་དབུས་མཐའ་ལས། ཉོན་མོངས་པའི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད་ཅེས་གསུངས་པ་ལྟར་ན་ཤེས་བྱའི་སྒྲིབ་པར་འདུས་སོ། །དེ་ལྟ་ན་ཉན་རང་གིས་ཤེས་སྒྲིབ་སྤངས་པར་འགྱུར་རོ་ཞེ་ན། ཤེས་སྒྲིབ་མཐའ་དག་སྤང་བ་ལ་ནི་ཁྱབ་པ་མེད་ལ་ཤེས་སྒྲིབ་ཀྱི་བྱེ་བྲག་འགའ་ཞིག་སྤངས་པ་ནི་འདོད་པ་ཉིད་དེ། དཔེར་ན་ཉེར་བསྡོགས་ལ་འཇུག་མི་ཤེས་པ་ཤེས་སྒྲིབ་ཡིན་ཀྱང་དེས་སྤངས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་རྣམ་ཐར་རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་བས་རབ་ཏུ་ཕྱེ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཇི་ཙམ་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སེམས་རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །ཞེས་བཤད་དོ། །གང་ཞིག་བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ལ་བརྟེན་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་རྣམ་པར་གྲོལ་བ་དེ་ནི་གཉིས་ཀའི་ཆ་ལས་རྣམ་གྲོལ་ལས་ཅིག་ཤོས་ཤེས་རབ་ཀྱིས་རྣམ་གྲོལ་བ་སྟེ། དེ་དག་ལས་དགྲ་བཅོམ་པ་རྒྱན་ཅན་དང་། རྒྱན་མེད་ཅེས་བྱ་བར་གྲགས་སོ། །
གསུམ་པ་གཉིས་སུ་དབྱེ་བ་ནི་གལ་ཏེ་སློབ་པ་དང་མི་སློབ་པ་རྫོགས་པ་གཉིས་བཤད་ན་དེ་དག་ཇི་ལྟར་ཡིན་ཞེ་ན། སྙོམས་པར་འཇུག་པས་སློབ་པ་རྫོགས་པ་ནི་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་མི་འོང་བའོ། །དབང་པོས་རྫོགས་པ་ནི་མཐོང་བས་ཐོབ་པའོ། །འབྲས་བུས་རྫོགས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའོ། །དེ་ལྟར་ན་ཆོས་གསུམ་པོ་རྣམས་ཀྱིས་སློབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། མདོ་ལས། འདི་ལ་གང་ཞིག་ཉོན་མོངས་ལྔ་སྤངས་ཏེ། །མི་འཕྲོགས་ཆོས་ལྡན་སློབ་པ་ཡོངས་སུ་རྫོགས། །ཞེས་གསུངས་ཏེ། དེ་ལ་ཉོན་མོངས་ནི་ཐ་མའི་ཆ་མཐུན་ལྔ་སྟེ། དེ་སྤངས་པས་ནི་འབྲས་བུས་རྫོགས་པ་བསྟན་ཏོ། །གཞན་གྱིས་བསླབ་པ་མི་འཕྲོག་པས་ནི་མཐོང་ཐོབ་ཡིན་པས་དབང་པོས་རྫོགས་པའོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་ལྡན་པས་ནི་སྙོམས་འཇུག་གིས་རྫོགས་པའོ། །འདི་ལའང་ཕྱིར་མི་འོང་གི་འབྲས་བུ་མ་ཐོབ་པར་འགོག་པའི་སྙོམས་འཇུག་མི་འཐོབ་པས་ན་འབྲས་བུས་རྫོགས་པ་ནི་ཁྱབ་ཆེ་ལ་དབང་པོ་དང་སྙོམས་འཇུག་གིས་རྫོགས་པ་ནི་ཁྱབ་ཆུང་བ་ཡིན་ནོ། །དེའི་ཕྱིར་འབྲས་བུས་རྫོགས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་ཐམས་ཅད་ཡིན་ལ། དབང་པོ་དང་གཉིས་ཀྱིས་རྫོགས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་མཐོང་ཐོབ་ལུས་ཀྱིས་མངོན་སུམ་དུ་མི་བྱེད་པའོ། །སྙོམས་འཇུག་དང་གསུམ་གྱིས་རྫོགས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་མཐོང་ཐོབ་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། །འབྲས་བུ་དང་སྙོམས་འཇུག་གཉིས་ཀྱིས་རྫོགས་པ་ནི་ཕྱིར་མི་འོང་དང་མོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། །དབང་པོ་ཁོ་ནས་རྫོགས་པ་ནི་མཐོང་ཐོབ་འདོད་པ་ལས་འདོད་ཆགས་དང་མ་བྲལ་བའི་འཕགས་པའོ། །འབྲས་བུ་ཁོ་ནས་རྫོགས་པ་ནི་ཕྱིར་མི་འོང་དད་མོས་ལུས་ཀྱིས་མངོན་སུམ་དུ་མི་བྱེད་པའོ། །དབང་པོ་དང་སྙོམས་འཇུག་གཉིས་ཁོ་ནས་རྫོགས་པ་དང་། སྙོམས་འཇུག་ཁོ་ནས་རྫོགས་པ་ནི་མི་སྲིད་དེ། མཐོང་ཐོབ་ཡིན་ཀྱང་ཕྱིར་མི་འོང་གི་འབྲས་བུ་མ་ཐོབ་པར་སློབ་པ་རྫོགས་པ་མི་སྲིད་པའི་ཕྱིར་དང་། འདོད་པ་ལས་འདོད་ཆགས་དང་མ་བྲལ་བར་ཕྱིར་མི་འོང་གི་འབྲས་གནས་མི་འཐོབ་ལ་དེ་མ་ཐོབ་པར་འགོག་པ་ལ་སྙོམས་པར་འཇུག་པ་མི་སྲིད་པའི་ཕྱིར་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བའི་སློབ་པའང་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་ངེས་པའི་ཕྱིར་རོ། །དབང་པོ་དང་སྙོམས་འཇུག་གཉིས་ཀྱིས་ནི་མི་སློབ་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འབྲས་བུས་ཡོངས་སུ་མ་རྫོགས་པའི་མི་སློབ་པ་མི་སྲིད་པས་འབྲས་བུ་རྫོགས་པ་ནི་མ་བཤད་དོ། །དབང་པོས་རྫོགས་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བའོ། །སྙོམས་འཇུག་གིས་རྫོགས་པ་ནི་གཉིས་ཀའི་ཆ་ལས་གྲོལ་བ་དུས་ཀྱི་རྣམ་པར་གྲོལ་བའོ། །དབང་པོ་དང་སྙོམས་འཇུག་གཉིས་ཀས་རྫོགས་པ་ནི་གཉིིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བའོ། །
མངོན་པར་རྟོགས་པའི་ལམ་སྟོན་པ།
ལྔ་པ་མངོན་པར་རྟོགས་པའི་ལམ་སྟོན་པ་ནི་ལམ་གྱི་དབྱེ་བ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལམ་བཤད་པ་གཉིས་ལས་དང་པོ་ནི་འོ་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། མཐོང་བ་དང་། སྒོམ་པ་དང་། མི་སློབ་པའི་ལམ་དང་། སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་གྲོལ་དང་། ཁྱད་པར་གྱི་ལམ་ཞེས་བྱ་བ་མང་པོ་ཞིག་བཤད་པ་དེ་དག་བསྡུ་ན་དུ་ཞིག་ཡིན་ཞེ་ན། མདོར་བསྡུ་ན་ལམ་ཐམས་ཅད་ནི་འཆད་པ་ན་འདོན་པ་བསྒྱུར་ཏེ། སྦྱོར་དང་བར་ཆད་མེད་པ་དང་། རྣམ་གྲོལ་ཁྱད་པར་ཅན་ཞེས་བྱ་བ་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལ་དང་པོ་ནི་བར་ཆེད་མེད་པའི་ལམ་གྱི་རྒྱུ་ཡིན་ནོ། །གཉིས་པ་ནི་སྒྲིབ་པ་ལ་དངོས་སུ་གནོད་པ་བྱེད་པའོ། །གསུམ་པ་ནི་སྒྲིབ་པ་ལས་གྲོལ་བ་དང་པོར་སྐྱེས་པའོ། །བཞི་པ་ནི་དེ་ཕྱིན་ཆད་ཀྱི་རྣམ་པར་གྲོལ་བའི་ལམ་སྟེ། དེ་ཡང་མཐོང་བའི་ལམ་ལྟ་བུ་ལ་དཔེར་བརྗོད་ན་གོ་རིམ་བཞིན་དུ་ངེས་འབྱེད་ཆ་མཐུན་རྣམས་དང་། བཟོད་པ་བརྒྱད་དང་། ཤེས་པ་རྣམས་དང་། སྒོམ་པའི་ལམ་རྣམས་སྦྱོར་བ་ལ་སོགས་པ་བཞི་ཡིན་པ་བཞིན་ནོ། །དེ་ལ་དང་པོ་གཉིས་ནི་རྣམ་པར་གྲོལ་བའི་ཁང་བཟང་དུ་འགྲོ་བའི་ཕྱིར་ལམ་ཡིན་ལ། ཕྱི་མ་གཉིས་ནི་དེ་དང་འདྲ་བའི་ཕྱིར་རྒྱུ་བསགས་པའི་སྒོ་ནས་སྔ་མ་བས་ཆེས་ཁྱད་པར་དུ་འགྲོ་བའི་ཕྱིར་དང་། གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་རམ། དེ་དག་སྐྱེས་ན་ལྷག་མེད་དུ་འཇུག་པའི་ཕྱིར་ལམ་མོ། ཡང་མདོ་ལས། དགེ་སློང་དག་ལམ་ནི་རྣམ་པ་བཞི་སྟེ། མངོན་པར་ཤེས་པ་བུ་ལ་ལ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་བུ་ལ་ལ་སླ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་མོ་ཞེས་གསུངས་པ་དེ་ལ་བསམ་གཏན་གྱི་དངོས་གཞི་བཞི་ལ་བརྟེན་པ་དག་གི་ལམ་རྣམས་ནི་གོམས་པར་སླ་བ་ཡིན་ཏེ། ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་འཇུག་པས་འབད་མི་དགོས་པར་ངང་གིས་འཇུག་པའི་ཕྱིར་རོ། །ས་གཞན་མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་དང་གཟུགས་མེད་པ་རྣམས་ལ་བརྟེན་པ་དག་གི་ལམ་རྣམས་ནི་གོམས་པར་དཀའ་བ་ཡིན་ཏེ། གཟུགས་མེད་ཐམས་ཅད་ཀྱང་ཡན་ལག་གིས་མ་ཟིན་པའི་ཕྱིར་དང་། དང་པོ་གཉིས་ལྷག་མཐོང་ཤས་ཆེ་ལ་གཟུགས་མེད་ཞི་གནས་ཤེས་ཆེ་བས་འབད་པས་བསྒྲུབ་དགོས་པའི་ཕྱིར་རོ། །(ལམ་དེའང་གཉིས་ཏེ་)གང་ཟག་བློ་གྲོས་རྟུལ་པོ་ནི་ལམ་དཀའམ་སླ་ཡང་རུང་སྟེ་ཤེས་བྱ་མངོན་པར་ཤེས་པ་བུལ་བ་ཡིན་ལ། བློ་གྲོས་རྟུལ་པོ་ལས་ཅིག་ཤོས་རྣོན་པོ་རྣམས་ཀྱི་ནི་ལམ་དཀའམ་སླ་ཡང་རུང་སྟེ་ཤེས་བྱ་མངོན་པར་ཤེས་པ་མྱུར་བ་ཡིན་ནོ། །དེས་ན་དབང་པོ་རྣོན་པོ་ས་གཞན་ལ་བརྟེན་པ་ནི་ལམ་དཀའ་ལ་མངོན་ཤེས་མྱུར་བ་དང་། དབང་པོ་རྟུལ་པོ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ནི་ལམ་སླ་ལ་མངོན་ཤེས་བུལ་བ་དང་། དབང་པོ་རྣོན་པོ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ནི་ལམ་ཡང་སླ་ལ་མངོན་ཤེས་ཀྱང་མྱུར་བ་དང་། དབང་པོ་རྟུལ་པོ་ས་གཞན་ལ་བརྟེན་པ་ནི་ལམ་ཡང་དཀའ་ལ་མངོན་ཤེས་ཀྱང་བུལ་བ་ཡིན་ནོ། །
གཉིས་པ་ལ་རྫས་ཡོད་དང་བརྟགས་ཡོད་ཀྱི་ཁྱད་པར་དང་། གོ་རིམ་གྱི་ཁྱད་པར་དང་། ངོ་བོ་དང་སའི་ཁྱད་པར་དང་། ཤེས་ནས་དད་པའི་ཁྱད་པར་དང་། མི་སློབ་པའི་ཆོས་བཅུའི་ཁྱད་པར་བཤད་པ་ལྔ་ལས་དང་པོ་ནི་ལམ་འདི་དག་གིས་ནི་བྱང་ཆུབ་ཀྱི་ཕྱོགས་མཐུན་ཞེས་བྱ་བའི་མིང་འཐོབ་བོ། །དེ་དག་ཀྱང་དྲན་པ་ཉེར་གཞག་ནས་འཕགས་ལམ་ཡན་ལག་བརྒྱད་པའི་བར་སུམ་ཅུ་རྩ་བདུན་ནོ། །ཅིའི་ཕྱིར་དེ་དག་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཟད་པ་དང་ཕྱིན་ཆད་ཀྱང་མི་སྐྱེ་བ་ཤེས་པ་ནི། (གང་ཟག་གི་དབྱེ་བས་)བྱང་ཆུབ་(གསུམ་)ཅེས་བྱ་སྟེ། སྒྲིབ་པ་ཟད་ཅིང་བྱང་བའི་ཕྱིར་དང་། ཟད་ཅིང་མི་སྐྱེ་བར་ཆུབ་ཅིང་རྟོགས་པའི་ཕྱིར་རོ། །
དེ་ལ་ཟད་ཤེས་ཀྱིས་ནི་བདག་གིས་སྡུག་བསྔལ་ཤེས་སོ་ཞེས་པ་ནས་བདག་གིས་ལམ་བསྒོམས་སོ་ཞེས་པའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བར་རང་གི་དོན་བྱས་པ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་བྱང་ཆུབ་ཡིན་ལ། མི་སྐྱེ་བ་ཤེས་པས་ནི་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་པ་ནས་བདག་གིས་ལམ་བསྒོམས་ཏེ་ཡང་སྒོམ་དུ་མེད་དོ་ཞེས་པའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བར་ཡང་བྱར་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་བྱང་ཆུབ་ཡིན་ནོ། །དེ་ལྟ་བུའི་བྱང་ཆུབ་ནི་ཉན་ཐོས་ལ་སོགས་པའི་བྱེ་བྲག་གིས་གསུམ་ཡིན་ནོ། །བྱང་ཆུབ་དེ་དང་དངོས་དང་བརྒྱུད་པའི་སྒོ་ནས་རྗེས་སུ་མཐུན་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མདོ་ལས་དྲན་པ་ཉེར་གཞག་བཞི་ལ་སོགས་པ་སུམ་ཅུ་རྩ་བདུན་པོ་ལ་བྱང་ཆུབ་དེའི་ཕྱོགས་དང་མཐུན་པ་ཞེས་འབྱུང་ངོ་། །
སུམ་ཅུ་རྩ་བདུན་ཞེས་བྱ་བའང་མིང་གི་སྒོ་ནས་ཡིན་གྱི་ཁ་ཅིག་གི་གཞུང་ལུགས་ལྟར་ན་(མཚན་ཉིད་ཀྱི་སྒོ་ནས་)རྫས་སུ་ནི་བཅུ་ཡིན་ཏེ། གང་ཞེ་ན། རྣམ་པར་དཔྱད་ན་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཤེས་རབ་དང་ཏིང་ངེ་འཛིན་དང་བཏང་སྙོམས་དང་དགའ་བ་དང་རྟོག་པ་དང་ཚུལ་ཁྲིམས་དང་ཤིན་ཏུ་སྦྱངས་པ་ཞེས་བྱ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །(ཤེས་རབ་བརྒྱད་དང་། ཡང་དག་སྤོང་བཞི། བརྩོན་འགྲུས་ཀྱི་དབང་སྟོབས་གཉིས། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལགཡང་དག་པའི་རྩོལ་བ་དང་བརྒྱད་བརྩོན་འགྲུས་སོ། །དབང་སྟོབས་ཀྱི་དྲན་པ་གཉིས། དྲན་པ་ཡང་དག་བྱང་ཆུབ་ཡན་ལགཡང་དག་པའི་དྲན་པ་དང་བཞི་དྲན་པ། དབང་སྟོབས་ཀྱི་ཏིང་ངེ་འཛིན་གཉིས། རྫུ་འཕྲུལ་རྐང་བཞི། ཏིང་ངེ་འཛིན་ཡང་དགབྱང་ཆུབ་ཀྱི་ཡན་ལགཡང་དག་བའི་ཏིང་ངེ་འཛིན་དང་བརྒྱད་ཏིང་ངེ་འཛིན། དབང་སྟོབས་ཀྱི་དད་པ་གཉིས་དད་པ་སྟེ་རྫས་ལྔ་དང་། ཡང་དག་པའི་ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་ཏེ་རྫས་གཅིག་དང་། བཏང་སྙོམས་དགའ་བ། རྟོག་པ་ཤིན་ཏུ་སྦྱངས་པ་རྣམས་རྫས་རེ་རེ་སྤྱིར་རྫས་བཅུར་འདོད་ལ་)ཇིི་ལྟར་ཞེ་ན། (ཡང་དག་པའི་ལྟ་བ་ཆོས་རབ་ཏུ་རྣམས་བྱེད་དབང་སྟོབས་ཀྱི་ཤེས་རབ་སྟེ་བཞི་དང་)དྲན་པ་ཉེར་གཞག་བཞི་(སྟེ་བརྒྱད་)ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། བརྩོན་འགྲུས་ལ་ཡང་དག་པར་འཇོག་ཅིང་སྤོང་བ་བཞི་ཞེས་བྱ་བར་བརྗོད་པའི་ཕྱིར་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ནང་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་ལམ་བརྒྱད་ཀྱི་ནང་ནས་ཡང་དག་པའི་ལྟ་བ་གཉིས་ཤེས་རབ་ཡིན་ཞིང་། ཡང་དག་པའི་རྩོལ་བ་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་བརྩོན་འགྲུས་ཡིན་ལ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། རྫས་གཅིག་དབང་པོ་ལྔ་དང་སྟོབས་ལྔ་དང་བྱང་ཆུབ་ཀྱི་ཡན་ལག་གི་ནང་ནས་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གསུམ་དང་འཕགས་ལམ་བརྒྱད་ཀྱི་ནང་ནས་ཡང་དག་པའི་རྟོག་པ་སྟེ་དགུ་པོ་དེ་དག་ནི་རང་རང་གི་མིང་གིས་བསྟན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་ལྟར་ན་ཚུལ་ཁྲིམས་ཀྱི་ཡན་ལག་ལུས་ངག་གི་ལས་རྫས་ཐ་དད་ཅིང་རིགས་མི་མཐུན་པའི་ཕྱིར་རྫས་བཅུ་གཅིག་ཡིན་ནོ། །གཞན་དག་ནི་ཚུལ་ཁྲིམས་སྤོང་བའི་སེམས་པ་ལ་འདོད་ལ་དེ་གཅིིག་ཡིན་པའི་ཕྱིར་རྫས་གཅིག་ཏུ་འདོད་དོ། །
ཁ་ཅིག་ན་རེ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དད་སོགས་ལྔ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་དག་ཕན་ཚུན་བསྡུས་སམ་ཞེ་ན། སུམ་ཅུ་རྩ་བདུན་གྱིས་ལྔ་བསྡུས་ཀྱི་ལྔས་ནི་སུམ་ཅུ་རྩ་བདུན་མ་བསྡུས་སོ། །གང་དག་མ་བསྡུས་ཤེ་ན། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་ཏེ་དྲུག་པོ་རྣམས་སོ་ཞེས་འབྱུང་བས་སློབ་དཔོན་འཕགས་པ་ནི་ཡང་དག་པའི་རྟོག་པ་ཤེས་རབ་ཀྱི་ནང་དུ་འདུས་པའི་ཕྱིར་དང་། ཚུལ་ཁྲིམས་ལུས་ངག་གི་ལས་གཉིས་ཐ་དད་པར་བྱས་ནས་རྫས་བཅུ་ཡིན་པར་བཞེད་དོ་ཞེས་ཟེར་རོ། །དེ་ལྟར་དྲན་པ་ཉེར་གཞག་ཤེས་རབ་དང་། ཡང་དག་པར་འཇོག་པ་བརྩོན་འགྲུས་དང་རྫུ་འཕྲུལ་གྱི་རྐང་པ་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བའང་གཙོ་བོ་སྨོས་པ་ཡིན་གྱི་དེ་དག་ཀྱང་འཁོར་དང་བཅས་ན་ནི་སྐྱེས་ཐོབ་ཀྱི་ཡོན་ཏན་དད་པ་ལ་སོགས་པ་མ་གཏོགས་པ་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐོས་པ་དང་བསམ་པ་དང་སྒོམ་བྱུང་ཟག་བཅས་ཟག་མེད་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་དང་ཡང་དག་པའི་རྟོག་པ་དང་དད་པ་དང་དྲན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཀུན་ཀྱང་དྲན་པ་ཉེར་གཞག་ལ་སོགས་པ་ཡིན་ནོ། །(དེ་དག་གི་མཚན་ཉིད་དང་ཐོབ་པ་དང་མཉམ་གཞག་གི་རིག་བྱེད་མ་ཡིན་པ་ཡོད་ནའང་དེའི་སྐལ་མཉམ་ཡིན་པས་དེར་འདུས་ལ། སྦྱོར་བྱུང་སྨོས་པ་ན་སྐྱེས་ཐོབ་ཀྱི་དད་སོགས་དེར་མི་འདོད་པའོ། །)དེ་ལ་དྲན་པ་ཉེར་གཞག་བཞི་ནི་བཤད་ཟིན་ལ།
ཡང་དག་པར་སྤོང་བ་ལ་སོགས་པ་མ་བཤད་པས་འདིར་བཤད་པར་བྱ་སྟེ། དེ་ལ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་དང་། དེ་བཞིན་དུ་མ་སྐྱེས་པ་རྣམས་མི་སྐྱེས་བའི་ཕྱིར་ཞེས་བྱ་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཕྱིར་ཞིང་གོམས་པ་དང་། འཕེལ་ཞིང་རྒྱས་པ་དང་། ཡེ་ཤེས་ཀྱི་མངོན་སུམ་དུ་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་མདོ་ལས་གསུངས་ཏེ། དེ་ལ་འདུན་པ་ནི་བསམ་པའོ། །འབད་པ་ནི་སྦྱོར་བའོ། །བརྩོན་འགྲུས་ནི་དངོས་གཞིའོ། །སེམས་རབ་ཏུ་འཛིན་པ་དང་། ཡང་དག་པར་རབ་ཏུ་འཇོག་པ་ནི་རྗེས་སོ། །སྡིག་པ་སྐྱེས་པ་སྤོང་བ་ནི་མི་འཆབ་པ་དང་འགྱོད་པ་དང་བདག་ལ་རྣམ་པར་སྨོད་པ་དང་བཤགས་པའིི་རང་བཞིན་དག་ཡིན་ནོ། །དེའི་ཕྱིར་འདུན་པ་ལ་སོགས་པ་ནི་བརྩོན་འགྲུས་སོ། །མ་སྐྱེས་པ་མི་བསྐྱེད་པ་ནི་དྲན་པ་དང་ཤེས་བཞིན་དང་ལྡན་པས་སྤོང་བར་སེམས་པའོ། །དགེ་བ་མ་སྐྱེས་པ་སྐྱེད་པ་ནི་དགེ་བའི་བཤེས་གཉེན་བསྟེན་པ་ལ་སོགས་པའོ། །སྐྱེས་པ་གནས་ཤིང་འཕེལ་བ་ནི་དེའི་ཡོན་ཏན་ཤེས་ནས་དགའ་བའོ། །ཐེག་པ་གོང་མ་པ་དག་ནི་ཡང་དག་པར་སྤོང་བ་བཞི་ནི་གཉེན་པོ་སྟོབས་བཞིའི་རང་བཞིན་ཡིན་ཏེ། སྡིག་པ་སྐྱེས་པ་སྤོང་བ་ནི་རྟེན་གྱི་སྟོབས་དང་རྣམ་པར་སུན་འབྱིན་པའི་སྟོབས་སོ། །མ་སྐྱེས་པ་མི་བསྐྱེད་པ་ནི་ཉེས་པ་ལས་ལྡོག་པའི་སྟོབས་སོ། །ཕྱི་མ་གཉིས་ནི་གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་ཡིན་ནོ་ཞེས་བཞེད་དོ། །རྫུ་འཕྲུལ་གྱིི་རྐང་པའི་དབང་དུ་བྱས་ནས་མདོ་ལས་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བ། ཕྱོགས་གཅིག་ཏུ་མོས་པར་བྱས་ཏེ་ཁྱབ་པར་བྱེད་དོ་ཞེས་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། སེམས་དང་དཔྱོད་པ་ལའང་སྦྱར་ནས་གསུངས་ཏེ། དེ་ལ་འདུན་པ་ནི་ཞི་གནས་དོན་དུ་གཉེར་བས་གུས་པར་སྦྱོར་བའོ། །བརྩོན་འགྲུས་ནི་དེ་ལ་སྤྲོ་བས་རྒྱུན་དུ་སྦྱོར་བའོ། །སེམས་ནི་སྔར་གོམས་པར་བྱས་པའི་སེམས་ཀྱི་ནུས་པ་དང་ལྡན་པའོ། །དཔྱོད་པ་ནི་དམིགས་པ་དང་རྣམ་པ་ལ་རྣམ་པར་དཔྱོད་པའི་ཤེས་རབ་བོ། །བཞི་པོ་དེ་དག་ལས་བྱུང་བའི་ཏིང་འཛིན་ལ་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པར་བཤད་དེ་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ལ་སོགས་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་འདུན་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ལ་དེ་དང་དེར་བརྗོད་དེ་བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བརྗོད་པ་བཞིན་ནོ། །
དེ་ཡང་སྤོང་བའི་འདུ་བྱེད་ནི་དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་བཤད་པའི་ཉེས་པ་ལྔ་ནི་དེ་ཉིད་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ་ཞེས་བཤད་དོ། །དེ་ལ་བྱིང་རྒོད་ནི་གཅིག་ཏུ་བྱས་ལ། འདུ་མི་བྱེད་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་བྱིང་རྒོད་དུ་གྱུར་པ་ན་དེ་དག་སྤོང་བ་ལ་གཡེལ་བར་གྱུར་བའོ། །འདུ་བྱེད་པ་ནི་ཞི་གནས་དང་ལྷག་མཐོང་འབྲེལ་བར་འཇུག་པ་ན་དམིགས་རྣམ་ལ་རྩོལ་བ་ན་རྣམ་གཡེང་དུ་འགྱུར་བའི་ཕྱིར་སྐྱོན་ཡིན་ནོ། །ལེ་ལོ་དང་གདམས་ངག་བརྗེད་པ་ནི་སླའོ། །སྤོང་བའི་འདུ་བྱེད་བརྒྱད་ནི་དེ་ཉིད་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཆེ་རྣལ་དུ་འཇུག་པའོ་ཞེས་བཤད་དེ། དེ་ལ་ལེ་ལོའི་གཉེན་པོ་རྩོལ་བའིི་གནས་ནི་གང་ལ་འདུན་པ་དེ་ལ་བརྩོན་འགྲུས་འབྱུང་བས་འདུན་པའོ། །དེ་ལ་གནས་པ་ནི་རྩོལ་བའོ། །ཡིད་ཆེས་པར་གྱུར་ན་མངོན་པར་འདོད་པའི་འདུན་པ་འབྱུང་བས་རྩོལ་བའི་གནས་འདུན་པ་དེའི་རྒྱུ་ནི་དད་པའོ། །གནས་པ་རྩོལ་བ་དེའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ་བཞི་པོ་དེས་ནི་ལེ་ལོ་སེལ་བར་བྱེད་དོ། །དམིགས་པ་བརྗེད་པར་མ་གྱུར་པ་ནི་དྲན་པ་སྟེ་དེས་བརྗེད་ངས་སྤོང་བར་བྱེད་དོ། །བྱིང་དང་རྒོད་པ་རྟོགས་པ་ནི་ཤེས་བཞིན་ཏེ་དྲན་པ་མ་བརྗེད་པར་གྱུར་ནས་བྱིང་རྒོད་རྟོགས་པར་བྱེད་དོ། །དེ་སྤོང་མངོན་པར་འདུ་བྱེད་ནི་སེམས་པ་སྟེ་བྱིང་རྒོད་རྟོགས་ནས་དེས་སྤང་བའི་ཕྱིར་འདུ་བྱེད་པས་འདུ་མི་བྱེད་པ་སེལ་བར་བྱེད་དོ། །ཞི་ཚེ་རྣལ་དུ་འཇུག་པ་ནི་བཏང་སྙོམས་ཏེ་བྱིང་རྒོད་ཞི་བ་ན་སེམས་བཏང་སྙོམས་སུ་བྱེད་པས་འདུ་བྱེད་དྲགས་པ་སེལ་བར་བྱེད་དོ། །རྫུ་འཕྲུལ་ནི་མེད་པ་འཕྲུལ་པ་དང་ཡོད་པ་བསྒྱུར་བ་ལ་སོགས་པ་ཡིན་ལ། རྐང་པ་ནི་ཏིང་ངེ་འཛིན་ཡིན་ཏེ། ཡོན་ཏན་ཐམས་ཅད་འབྱོར་བའི་རྫུ་འཕྲུལ་གྱི་རྟེན་ཡིན་པའི་ཕྱིར་རོ། །
དེ་ལྟར་བྱས་ན་མདོ་ལས། དགེ་སློང་དག་ངས་ཁྱེད་ལ་རྫུ་འཕྲུལ་ཡང་བཤད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་བཤད་པར་བྱའོ་ཞེས་བྱ་བ་ནས་རྫུ་འཕྲུལ་གང་ཞེ་ན། འདི་ན་དགེ་སློང་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་ཅིང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བསྒྱུར་བར་བྱེད་དེ་འདི་ནི་རྫུ་འཕྲུལ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་དག་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏེ་འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བའི་བར་དུ་གསུངས་པའང་ལེགས་པར་དྲངས་བར་འགྱུར་རོ། །དེས་ན་བྱེ་བྲག་ཏུ་སྨྲ་བ་གང་དག་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ལ། རྐང་པ་ནི་འདུན་པ་དང་སེམས་དང་བརྩོན་འགྲུས་དང་བྱེད་པ་བཞི་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟར་ན་དེ་ལྟ་བུའི་མདོ་དང་ཡང་འགལ་ཞིང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའང་རྫས་བཅུ་གསུམ་དུ་འགྱུར་ཏེ། འདུན་པ་དང་སེམས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པར་འགྱུར་བའི་ཕྱིར་རོ། །དབེན་པ་ལ་གནས་པ་ནི་འདོད་པས་དབེན་པའོ། །འདོད་ཆགས་དང་བྲལ་བ་ནི་ཁམས་ལས་འདས་པའོ། །འགོག་པ་ནི་སྡུག་བསྔལ་འགོག་པའོ། །རྣམ་པར་སྤོང་བ་ནི་ཀུན་འབྱུང་སྤོང་བའོ། །ཡོངས་སུ་བསྒྱུར་བ་ནི་ཐར་པར་བྱེད་པའོ། །ཕྱོགས་གཅིག་ཏུ་མོས་པར་བྱས་ཏེ་ཞེས་བྱ་བ་ནི་ཡུལ་ལོ། །ཁྱབ་པར་བྱེད་པ་ནི་དམིགས་པའོ། །འདི་དག་ནི་ཚད་མེད་པ་དང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་ལའང་ཤེས་པར་བྱའོ། །དབང་པོ་ལྔ་ནི་དབུས་མཐའ་ལས། ཐར་པའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བ་དབང་བྱེད་དོ། །དམིགས་པ་བརྗེད་པར་མ་གྱུར་དང་། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་ཞེས་བཤད་པས་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར་རོ། །སྟོབས་ལྔ་ཡང་དེ་དག་ཉིད་ཡིན་ཏེ། ཁྱད་པར་ནི་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་ཏེ། དེ་ཉིད་ལས། མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར་རོ། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན་ཞེས་བཤད་དོ། །དེས་ན་དབང་པོ་རྣམས་ནི་མི་མཐུན་ཕྱོགས་མ་དད་པ་དང་ལེ་ལོ་དང་བརྗེད་ངས་དང་རྣམ་གཡེང་དང་ཤེས་བཞིན་མ་ཡིན་པ་རྣམས་བར་སྐབས་སུ་འབྱུང་བས་མི་མཐུན་ཕྱོགས་ཀྱིས་བརྫི་བའི་ཕྱིར་ཆུང་ངུ་ཡིན་ལ། སྟོབས་རྣམས་ནི་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་ཆེན་པོ་ཡིན་ནོ། །
དེ་དག་གི་གོ་རིམ་ནི་དད་པར་འགྱུར་ན་འབྲས་བུའི་དོན་དུ་བརྩོན་འགྲུས་རྩོམ་ལ། བརྩོན་འགྲུས་བརྩོམས་ན་དྲན་པ་ཉེ་བར་གནས་པར་འགྱུར་བ་དང་། དྲན་པ་གནས་ན་རྣམ་པར་མི་གཡེང་བས་སེམས་མཉམ་པར་འཇོག་ཅིང་། མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བྱང་ཆུབ་ནི་ཆོས་ཉིད་རྟོགས་པ་ཡིན་ལ། ཡན་ལག་ནི་འདིར་ཆ་ཤས་ལ་བརྗོད་པ་ཡིན་ནོ། །ཡན་ལག་རྣམ་པ་བདུན་ཡང་དེ་ཉིད་ལས། རང་བཞིན་ཡན་ལག་གནས་ཡན་ལག། གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག་ཅེས་བཤད་དེ། དེ་ལ་རང་བཞིན་གྱི་ཡན་ལག་ནི་ཆེས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །གནས་ཀྱི་ཡན་ལག་ནི་དྲན་པ་སྟེ། ཤེས་རབ་ནི་དྲན་པ་ལ་གནས་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཡན་ལག་ནི་བརྩོན་འགྲུས་སྟེ། སོ་སོའི་སྐྱེ་བོའོ་ས་ལ་སོགས་པ་འོག་མ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །ཕན་ཡོན་གྱི་ཡན་ལག་ནི་དགའ་བ་སྟེ། ཟག་མེད་པའི་བདེ་བས་ལུས་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པའི་ཡན་ལག་ནི་དེ་ཉིད་ལས། འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན་ཞེས་འབྱུང་བས་ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ཏེ། ཉོན་མོངས་པའི་གནས་ངན་ལེན་གྱི་གཉེན་པོ་ཡིན་པས་གསུམ་པོ་རིམ་པ་ལྟར་ཉོན་མོངས་པ་མེད་པའི་གཞི་དང་གནས་དང་ངོ་བོ་ཡིན་པའི་ཕྱིར་རོ། །
དེས་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་བྱང་ཆུབ་དང་ཡན་ལག་ལ་གཉིས་ཀ་ཡིན་ལ། གཞན་དག་ནི་བྱང་ཆུབ་ཀྱི་ཡན་ལག་སྟེ་འཁོར་ཡིན་པའི་ཕྱིར་ལྷས་བྱིན་གྱི་རིལ་བ་ཞེས་བརྗོད་པ་བཞིན་ནོ། །འཕགས་ལམ་ཡན་ལག་བརྒྱད་ནི་དེ་ཉིད་ལས། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ་ཞེས་གསུངས་ཏེ། དེ་ལ་ཡོངས་སུ་གཅོད་པ་ནི་ཡང་དག་པའི་ལྟ་བ་སྟེ། རྗེས་ཐོབ་ན་ཡང་དག་པའི་ལྟ་བས་མཉམ་གཞག་གི་དུས་ཀྱི་རྟོགས་པ་ངེས་པར་འབྱེད་པའི་ཕྱིར་རོ། །གོ་བར་བྱེད་པ་ནི་ཡང་དག་པའི་རྟོག་པ་དང་ངག་སྟེ། རྟོག་པ་ཀུན་སློང་དང་བཅས་པའི་ངག་གི་རྟོགས་པའི་དོན་དེ་གཞན་ལ་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་དེ་ཉིད་ལས། ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད་ཅེས་འབྱུང་བས་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ཡིན་ཏེ། ཡང་དག་པའི་ངག་གིས་འབེལ་གཏམ་ངེས་པར་བྱེད་པ་དང་། བྱ་བ་མ་ཡིན་པ་མི་བྱེད་པ་དང་། ཆོས་གོས་ལ་སོགས་པ་ཚོད་ཟིན་པར་འཚོལ་བས་རིམ་པ་བཞིན་ལྟ་བ་དང་ཚུལ་ཁྲིམས་དང་ཡོ་བྱད་བསྙུངས་པ་འདོད་པ་ཆུང་བར་ཡིད་ཆེས་པར་བྱེད་པའི་ཕྱིར་རོ། །མི་མཐུན་ཕྱོགས་སྤོང་བའི་གཉེན་པོའི་ཡན་ལག་ནི་དེ་ཉིད་ལས། ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཞེས་འབྱུང་བས་ཡང་དག་པའི་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ཏེ་གསུམ་གྱི་རིམ་པ་བཞིན་བརྩོན་འགྲུས་བརྩམས་ཤིང་དྲན་པ་ཉེ་བར་གནས་ལ་བསམ་གཏན་ལ་བརྟེན་ནས་མངོན་ཤེས་ལ་སོགས་པའི་ཡོན་ཏན་སྒྲུབ་པས་ལེ་ལོའོ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་བྱིང་རྒོད་དང་། དབང་སྙོམས་འཇུག་གི་སྒྲིབ་པ་རྣམས་སྤོང་བའི་ཕྱིར་རོ། །འདི་ལའང་ཡང་དག་པའི་ལྟ་བ་ནི་ཤེས་རབ་ཡིན་པས་འཕགས་པའི་ལམ་ཡང་ཡིན་ལ་ཡན་ལག་ཀྱང་ཡིན་ལ། གཞན་དག་ནི་དེའི་འཁོར་ཡིན་པས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །
གཉིས་པ་ནི་དྲན་པ་ཉེར་གཞག་ལ་སོགས་པའི་སྡེ་ཚན་བདུན་ནི་གནས་སྐབས་དེ་དང་དེར་གཙོ་བོ་ཡིན་པས་གོ་རིམ་བཞིན་དུ་ལས་དང་པོ་བ་ཚོགས་ལམ་པ་དག་དང་ངེས་འབྱེད་ཆ་མཐུན་བཞི་པོ་རྣམས་དང་ནི་སྒོམ་ལམ་དང་མཐོང་ལམ་ལ་གནས་པའི་གནས་སྐབས་ཀྱིས་རབ་ཏུ་ཕྱེ་ཞིང་བཞག་སྟེ། དེ་ལ་ལས་དང་པོ་པ་ཚོགས་ལམ་དུ་དྲན་པ་ཉེར་གཞག་བཞི་བཤད་དེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་སྒོམ་ཞེས་པ་དང་། འདི་ཉིད་ལས། ཕྱིན་ཅི་ལོག་གི་གཉེན་པོར་བཞི་ཞེས་འབྱུང་བས་ལུས་ལ་སོགས་པ་ལ་ཕྱིན་ཅི་ལོག་བཞི་སྤངས་ནས་བདེན་པ་ལ་འཇུག་པར་བྱ་བའི་ཆེད་དུ་ཉེ་བར་བརྟག་པའི་ཕྱིར་རོ། །ངེས་འབྱེད་ཆ་མཐུན་དྲོ་བར་གྱུར་པའི་གནས་སྐབས་སུ་ནི་ཡང་དག་པར་སྤོང་བ་བཞི་སྟེ། དམིགས་པ་དང་རྣམ་པའི་ཁྱད་པར་ཐོབ་པའི་རྒྱུས་བརྩོན་འགྲུས་སྤེལ་བའི་ཕྱིར་རོ། །རྩེ་མོ་ལ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། རྩེ་མོ་ཐོབ་པ་རྩ་མི་ཆད་ཅེས་པས་ཐོབ་པའི་དགེ་བའི་རྩ་བ་མི་ཉམས་པའི་བཟོད་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །བཟོད་པ་ལ་ནི་དབང་པོ་རྣམས་ཏེ། སྔ་མ་གཉིས་ལ་ནི་ཉམས་པ་སྲིད་ཅིང་འདི་ལ་ཉམས་པ་མི་སྲིད་པས་མི་ཉམས་པ་ལ་དབང་ཐོབ་པར་བྱ་བའི་ཕྱིར་རོ། །ཆོས་མཆོག་ལ་ནི་སྟོབས་རྣམས་ཏེ། མི་མཐུན་ཕྱོགས་ཉོན་མོངས་པ་དང་། འཇིག་རྟེན་པའི་ཆོས་གཞན་དག་གིས་མི་བརྫི་བར་བྱ་བའི་ཕྱིར་རོ། །
སྒོམ་ལམ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། མཐོང་ལམ་ནི་སྒོམ་ལམ་གྱིས་བར་དུ་ཆོད་པས་རིང་ལ་སྒོམ་ལམ་ནི་ལམ་གཞན་གྱིས་བར་དུ་མ་ཆོད་པས་བྱང་ཆུབ་ཟད་མི་སྐྱེ་ཤེས་པ་དང་ཉེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །མཐོང་ལམ་དུ་ནི་འཕགས་ལམ་ཡན་ལག་བརྒྱད་དེ། སྒོམ་ལམ་ནི་སའི་དབྱེ་བ་ཡོད་པས་མྱུར་དུ་འགྲོ་བ་མ་ཡིན་གྱི་མཐོང་ལམ་ལ་ནི་སའི་དབྱེ་བ་མེད་པས་མྱུར་དུ་འགྲོ་བའི་ཕྱིར་རོ། །མདོ་ལས། བྱང་ཆུབ་ཀྱི་ཡན་ལག་སྔོན་ལ་བསྟན་པ་ནི་བདུན་དང་བརྒྱད་གྲངས་ཀྱི་རིམ་པ་དང་མཐུན་པར་བསྟན་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །སློབ་དཔོན་ལ་སོགས་པ་གཞན་དག་ནི་མདོ་ལས་གསུངས་པའི་གོ་རིམ་དང་མཐུན་པར་རེ་ཞིག་དང་པོར་ཡུལ་གཟུགས་སྒྲ་ལ་སོགས་པ་དང་དེ་དག་གི་བྱེ་བྲག་ཁ་དོག་དང་དབྱིབས་ལ་སོགས་པ་མང་པོ་ལ་གཡེང་བའི་བློ་ཚར་བཅད་པར་བྱ་བའི་ཕྱིར་དེའི་གཉེན་པོར་དྲན་པ་ཉེར་གཞག་བཞི་སྒོམ་སྟེ། དབུས་མཐའ་ལས། མི་མཐུན་པ་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང་ཞེས་འབྱུང་བ་ལྟར་དྲན་པ་ཉེར་གཞག་གི་སྟོབས་ཀྱིས་བརྩོན་འགྲུས་འཕེལ་བས་དགོས་པ་བརྩོན་འགྲུས་བཞི་བསྐྱེད་པའི་ཕྱིར་སེམས་ཡང་དག་པར་རབ་ཏུ་འཇོག་པས་ཡང་དག་པར་སྤོང་བ་རྣམས་སོ། །དེ་ནས་ཏིང་ངེ་འཛིན་རྣམ་པར་སྦྱོང་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །ཏིང་ངེ་འཛིན་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་འདྲེན་པའི་བདག་པོར་གྱུར་པའི་དད་སོགས་ལྔ་ནི་དབང་པོ་རྣམས་སོ། །དེ་དག་ཉིད་མི་མཐུན་ཕྱོགས་ལས་རྒྱལ་བ་ནི་སྟོབས་རྣམས་སོ། །དང་པོ་ཉིད་དུ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། མཐོང་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །
མཐོང་སྒོམ་གྱི་ལམ་གཉིས་ཀ་ལ་བསྒོམ་པའི་ཕྱིར་འཕགས་ལམ་ཡན་ལག་བརྒྱད་པ་སྟེ། སྐྱེ་མཆེད་དྲུག་གི་ཚོགས་ཆེན་པོའི་མདོ་ལས། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་ན་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སྒོམ་ལམ་ལའང་ཡན་ལག་བརྒྱད་ཡོད་པར་གསུངས་ལ། ཡང་མདོ་ལས། དགེ་སློང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཚིག་བརྗོད་པ་ཞེས་བྱ་བ་འདི་ནི་འཕགས་པའི་བདེན་པ་བཞིའི་ཚིག་བླ་དགས་སོ། །དགེ་སློང་ཇི་ལྟར་རྟོགས་པའི་ལམ་གྱི་འཇུག་ཅེས་བྱ་བ་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་ཏེ། ཚིག་དེ་གཉིས་ཀྱིས་ནི་རིམ་པ་ལྟར་མཐོང་སྒོམ་གྱི་ལམ་བསྟན་པ་ཡིན་ཏེ། ཇི་ལྟར་རྟོགས་པའི་ལམ་གྱིས་བྱང་ཆུབ་ཀྱི་བར་དུ་འཇུག་ཅིང་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་མཐོང་ལམ་ལའང་ལམ་གྱིི་ཡན་ལག་ཡོད་པར་གསུངས་པའི་ཕྱིར་མདོ་ལས་བསྟན་པའི་གོ་རིམ་རྣམ་པར་དཀྲུག་པར་མི་བྱའོ་ཞེས་འདོད་ལ། ཐེག་པ་གོང་མ་བ་རྣསམ་ནི་དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་འབྱུང་བས་སྡེ་ཚན་བདུན་པོ་མདོ་ལས་གསུངས་པའི་གོ་རིམ་ལྟར་ཚོགས་ལམ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། དྲོད་རྩེ་དང་། བཟོད་མཆོག་དང་། མཐོང་ལམ་དང་། སྒོམ་ལམ་རྣམས་སུ་རིམ་པ་ལྟར་སྒོམ་སྟེ། འདི་ནི་འཇུག་པ་བདེ་བའི་ལམ་ཡིན་ནོ་ཞེས་བཞེད་དོ། །
གསུམ་པ་ནི་འོ་ན་བྱང་ཆུབ་ཕྱོགས་མཐུན་དུ་ཞིིག་ཟག་བཅས་དང་དུ་ཞིག་ཟག་མེད་ཡིན་ལ་དེ་དག་ས་གང་བ་ཡིན་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཟག་པ་མེད་པ་ཡིན་ཏེ། གནས་སྐབས་ཁྱད་པར་ཅན་(མཐོང་སྒོམ་)དང་། ཁྱད་པར་ཅན་མ་ཡིན་(པས་མི་སློབ་)པའི་སྒོ་ནས་མཐོང་སྒོམ་མི་སློབ་པའི་ལམ་གསུམ་གྱི་བསྡུས་པའི་ཕྱིར་རོ། །དེ་དག་ལས་གཞན་དྲན་པ་ཉེར་གཞག་ནས་སྟོབས་ཀྱི་བར་དག་ནི་གནས་སྐབས་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་སྒོ་ནས་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་ཡིན་ཏེ། སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་སྦྱོར་ལམ་གྱིས་བསྡུས་པ་དག་ནི་ཟག་བཅས་དང་། འཕགས་པའི་རྒྱུད་ལ་ཡོད་པ་ལམ་གསུམ་གྱིས་བསྡུས་པ་དག་ནི་ཟག་མེད་ཡིན་པའི་ཕྱིར་རོ། །ས་ནི་བསམ་གཏན་དང་པོ་ན་སུམ་ཅུ་རྩ་བདུན་པོ་ཐམས་ཅད་ཡོད་ལ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ན་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་གཏོགས་པ་སུམ་ཅུ་རྩ་དྲུག་ཡོད་དེ། བདེ་བླག་ཏུ་འཐོབ་པ་དང་། དྭོགས་པ་མེད་ན་དགའ་བར་འགྱུར་བ་ཡིན་པ་ལ་ཉེར་བསྡོགས་ནི་རྩོལ་བའི་སྟོབས་ཀྱིས་བསྐྱེད་དགོས་པའི་ཕྱིར་དང་། ས་འོག་མར་ཉམས་ཀྱིས་དྭོགས་པ་དང་བཅས་བའི་ཕྱིར་དང་། ཚོར་བ་བཏང་སྙོམས་པ་ཡིན་པའི་ཕྱིར་རོ། །
བསམ་གཏན་གཉིས་པ་ན་ནི་ཡང་དག་པའི་རྟོག་པ་མ་གཏོགས་པ་སུམ་ཅུ་རྩ་དྲུག་ཡོད་དེ། ཡང་དག་པའི་རྟོག་པ་ནི་རྟོག་པ་ཡིན་ལ་དེ་ན་གཉིས་པ་བས་སྤངས་ཟིན་པའི་ཕྱིར་རོ། །བསམ་གཏན་གསུམ་པ་དང་བཞི་པ་གཉིས་ན་ནི་དགའ་བ་དང་རྟོག་པ་དེ་གཉིས་མ་གཏོགས་པ་སུམ་ཅུ་རྩ་ལྔ་ཡོད་དེ། རྟོག་པ་སྔར་ནས་ནུབ་ལ་དགའ་བ་ལས་འདོད་ཆགས་དང་བྲལ་བའི་(ཕྱིར་དང་དེ་ལས་འདས་པའི་ས་ཡིན་པའི་)ཕྱིར་རོ། །བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་དང་གཉིས་པའི་བར་མ་བསམ་གཏན་དང་པོའི་དངོས་གཞི། ཁྱད་པར་ཅན་ནའང་རྟོག་པ་དང་དགའ་བ་མ་གཏོགས་པ་སུམ་ཅུ་རྩ་ལྔ་ཡོད་དེ། རྟོག་པ་སྤངས་ལ་ཚོར་བ་བཏང་སྙོམས་ཀྱི་ས་པ་ཡིན་པའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་པ་དང་པོ་གསུམ་ནའང་རྟོག་པ་དང་དགའ་བ་དེ་གཉིས་དང་ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་མེད་དེ། རྟོག་པ་སྤངས་ཤིང་ཚོར་བ་བཏང་སྙོམས་པ་ཡིན་པའི་ཕྱིར་དང་། དེ་དག་ན་ལུས་ངག་གི་ལས་མེད་པའི་ཕྱིར་རོ། །གཞན་སུམ་ཅུ་རྩ་གཉིས་ནི་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་མ་གཏོགས་པ་ཉི་ཤུ་རྩ་གཉིས་ནི་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་ན་ཡོད་(བསོད་ནམས་ཆ་མཐུན་གྱི་དད་སོགས་ཀྱིས་འདིའི་མིང་མི་ཐོབ་བོ་བཅོ་ལྔ་པོ་)དེ། དེ་དག་མེད་པ་ནི་འདོད་པ་མཉམ་པར་མ་བཞག་པ་དང་སྲིད་རྩེ་སེམས་ཀྱི་རྒྱུ་བ་མི་གསལ་བས་ས་དེ་གཉིས་ལ་ཟག་མེད་ཀྱི་ལམ་མི་བརྟེན་པའི་ཕྱིར་རོ། །
འོ་ན་གཟུགས་མེད་ན་ལུས་དྲན་པ་ཉེར་གཞག་ཇི་ལྟར་ཡོད་པར་འགྱུར་ཏེ། ལུས་དྲན་པ་ཉེར་གཞག་ནི་ལུས་ལ་དམིགས་པའི་ཤེས་རབ་ཡིན་ན་དེ་དག་རང་ས་ན་མེད་པའི་ཕྱིར་དང་། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། སྤྱོད་ཡུལ་ཟག་བཅས་འོག་མ་མིན་ཞེས་འབྱུང་བས་འོག་ས་ལ་མི་དམིགས་པའི་ཕྱིར་རོ་ཞེ་ན། གཟུགས་མེད་རང་ས་ན་གཟུགས་མེད་ཀྱང་ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ལ་བརྟེན་པའི་དྲན་པ་ཉེར་གཞག་དགེ་བ་ཟག་བཅས་ཀྱིས་བསམ་གཏན་བཞི་པའི་གཟུགས་ཟག་བཅས་ལ་དམིགས་པའི་ཕྱིར་དང་། འོག་མ་ལ་མི་དམིགས་པར་བཤད་པ་ནི་དངོས་གཞིའི་དགེ་བས་ཟག་བཅས་ལ་མི་དམིགས་པ་ཡིན་ལ། གཟུགས་མེད་དང་པོ་གསུམ་གྱི་དངོས་གཞི་དགེ་བ་ཟག་བཅས་ཟག་མེད་ཀྱིས་བསམ་གཏན་ས་དྲུག་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའི་ཕྱིར་དང་། སྲིད་རྩེའི་ཤེས་རབ་དགེ་བ་ཟག་བཅས་ཀྱིས་བསམ་གཏན་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའི་ཕྱིར་དང་། དེ་ཡང་འབྱུང་གྱུར་གྱི་གཟུགས་སུ་འདོད་པའི་ཕྱིར་རོ་ཞེས་རྒྱལ་པོའི་སྲས། (གྲགས་བའི་བཤེས་གཉེན་)འཆད་དོ། །ཡང་གལ་ཏེ་ཁམས་གོང་མ་གཉིས་ན་མི་དགེ་བ་མེད་པའི་ཕྱིར་དེ་དག་སྐྱེས་པ་སྤོང་བ་དང་མ་སྐྱེས་པ་མི་བསྐྱེད་བའི་ཕྱིར་བརྩོན་པའི་ཡང་དག་པར་སྤོང་བ་གཉིས་ཇི་ལྟར་ཡོད་པར་འགྱུར་ཞེ་ན། དེ་ལྟ་མོད་ཀྱི་ཉོན་མོངས་པ་དད་སྙོམས་འཇུག་གི་སྒྲིབ་པ་དང་ཟག་བཅས་ཀྱི་ཆོས་ལ་སྡིག་པའི་སྒྲར་བརྗོད་དེ་དོན་དམ་པའི་མི་དགེ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །
བཞི་པ་ནི་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་ཅིང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་ཞེས་ཤེས་ནས་དད་པ་ཐོབ་པ་བཞི་བཤད་ན་བྱང་ཆུབ་ཀྱི་ཕྱོགས་མཐུན་ལ་གནས་པ་དེ་དག་གནས་སྐབས་གང་དུ་ཤེས་ནས་དད་པ་ཇི་ལྟར་ཐོབ་ཅིང་དེ་དག་གི་ངོ་བོ་ཡང་གང་ཞེ་ན། མཐོང་ལམ་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་དང་པོ་གསུམ་མངོན་སུམ་དུ་མཐོང་ན་དེ་དག་ཆོས་ཡིན་པའི་ཕྱིར་དང་། སངས་རྒྱས་དང་དགེ་འདུན་གྱི་ངོ་བོ་མ་ཡིན་པས་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་འཐོབ་(སྟེ་ཟག་མེད་ཀྱི་སྤོང་བདུན་ཐོབ་ཅིང་ཤེས་རབ་ཀྱི་བདེན་པ་བདག་མེད་པར་མངོན་སུམ་དུ་མཐོང་བས་ཆོས་ཙམ་དུ་ཡིད་ཆེས་པའི་ཕྱིར་རོ། །)སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་མི་འཐོབ་ལ། ལམ་གྱི་བདེན་པ་མངོན་སུམ་དུ་རྟོགས་ན་(མི་སློབ་པ་དང་སློབ་པ་དང་མི་སློབ་པའི་)ལམ་བདེན་ནི་(སངས་རྒྱས་དང་དགེ་འདུན་)དེ་གཉིས་སུ་བྱེད་པའི་ཆོས་ཡིན་པས་སངས་རྒྱས་དང་སངས་རྒྱས་དེའི་ཉན་ཐོས་ཀྱི་དགེ་འདུན་དག་ལ་ཡང་ཤེས་ནས་དད་པ་འཐོབ་བོ། །(སྟེ་སློབ་མི་སློབ་ཀྱི་ལམ་བདེན་ལ་ཡིད་ཆེས་འཐོབ་)ཡང་གི་སྒྲ་ནི་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་འཐོབ་པའང་སྡུད་པའོ། །འདིར་འདི་ལ་འཕགས་པ་རྣམས་དགྱེས་ཤིང་མཉེས་པར་གྱུར་པས་ན་འཕགས་པ་དགྱིས་པའི་ཚུལ་ཁྲིམས་ནི་ཟག་མེད་ཀྱི་སྡོམ་པ་ཡིན་ལ་ཤེས་ནས་དད་པ་ནི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་ནས་ཡིད་ཆེས་པའོ། །བདེན་པ་དང་པོ་གསུམ་མཐོང་བ་ན་ཇི་ལྟར་ཆོས་ལ་ཤེས་ནས་དད་པ་འཐོབ་པར་འགྱུར་ཏེ། ཆོས་ནི་སློབ་པ་དང་མི་སློབ་པ་ཡིན་ལ་དེ་ཡང་ལམ་གྱི་བདེན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བདེན་པ་དེ་ཁོ་ན་ལ་ཆོས་སུ་འདོད་ན་སྡུག་བསྔལ་མཐོང་བ་ཙམ་ན་ཆོས་ལ་ཤེས་ནས་དད་པ་འཐོབ་པར་འགྱུར་རོ། །
དེ་ལྟ་ནའང་བདེན་གསུམ་མཐོང་ན་ཞེས་ཇི་ལྟར་བརྗོད་ཅེ་ན། འདིར་ཆོས་ཀྱི་སྒྲ་ནི་བདེན་པ་དང་པོ་གསུམ་ལ་བརྗོད་དེ། དེ་དག་གི་དེ་ཁོ་ན་ཉིད་ནི་ཆོས་ཡིན་པའི་ཕྱིར་དང་། འགོག་པ་ནི་ཆོས་རྣམས་ཀྱི་མཆོག་ཀྱང་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བདེན་པ་གསུམ་མཐོང་ན་ཆོས་ལ་ཤེས་ནས་དད་པ་འཐོབ་ཅེས་བྱ་བའང་བདེན་པ་གསུམ་ཅི་རིགས་པར་མཐོང་བ་ལ་འདོད་ཀྱི་ཚོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་སློབ་མི་སློབ་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་སློབ་པའི་གནས་སྐབས་ཀྱི་ལམ་ཟག་པ་མེད་པའང་ཆོས་ཡིན་ཏེ། དེ་དག་གི་མངོན་པར་རྟོགས་པའི་ཆོས་ཡིན་ཞིང་ཚོགས་པ་མ་ཡིན་པས་དགེ་འདུན་མ་ཡིན་ལ་སངས་རྒྱས་ཀྱང་མ་ཡིན་པའི་ཕྱིར་རོ། །(བསེ་རུ་ལྟ་བུ་ནི་འདུས་པ་མེད་ལ། དེའི་ལམ་ཡང་གཞན་གྱི་སྒྲ་ལ་མི་རྟེན་ཅིང་། བྱང་ཆུབ་སེམས་དཔའི་ལམ་ཡང་གཞན་གྱི་དྲིན་ལ་མི་འཇོག་པས་དགེ་འདུན་མིན་ཞེས་ཟེར་རོ། །གལ་ཏེ་ལམ་གྱི་བདེན་པ་མངོན་པར་རྟོགས་ན་སངས་རྒྱས་དང་དེའི་ཉན་ཐོས་ཀྱི་དགེ་འདུན་ལ་ཇི་ལྟར་ཡིད་ཆེས་པའི་དད་པ་འཐོབ་པར་འགྱུར་ཏེ། དེ་ནི་ཆོས་ཡིན་པའི་ཕྱིར་རོ་ཞེ་ན། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། མི་སློབ་པ་དང་གཉིས་ཀ་དང་ཞེས་འབྱུང་བས་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པའི་ལམ་དེ་དག་ནི་སངས་རྒྱས་དང་དེའི་ཉན་ཐོས་ཀྱི་དགེ་འདུན་གྱི་ལམ་གྱི་བདེན་པ་ཡིན་པའི་ཕྱིར་དེ་གཉིས་ཀྱི་ལམ་ལ་ནི་ཆོས་ཞེས་མི་བརྗོད་དེ། དེ་དག་མངོན་སུམ་དུ་ཤེས་ན་སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་འཐོབ་པའི་ཕྱིར་རོ་ཞེས་རྒྱལ་པོའི་སྲས་འཆད་དོ། །)དེས་ན་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ཆོས་ཡིན་པས་བདེན་པས་བཞི་ཆར་ཡང་ཆོས་ཡིན་པའི་ཕྱིར་བདེན་པ་བཞི་ཆར་མངོན་པར་རྟོགས་ན་ཆོས་ལ་ཤེས་ནས་དད་པ་འཐོབ་པར་འགྱུར་བ་ཡིན་ནོ། །ཤེས་ནས་དད་པ་བཞིར་གསུངས་པ་དེ་དག་ཀྱང་དད་པའི་ཡུལ་ལམ་གཞི་དཀོན་མཆོག་གསུམ་གྱི་བྱེ་བྲག་གིས་མིང་གི་སྒོ་ནས་བཞི་ཡིན་གྱི་རྫས་སུ་ནི་གཉིས་ཡིན་ཏེ། དཀོན་མཆོག་གསུམ་ལ་དད་(པའི་དད་པ་གསུམ་)ནི་དད་པའི་རང་བཞིན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །འདི་ཡང་སེམས་དང་བའི་སྟོབས་ཀྱིས་ཚུལ་ཁྲིམས་ཀྱང་དག་པ་ཡིན་པའི་ཕྱིར་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་ནས་ཤེས་ནས་དད་པའི་མིང་གིས་བཏགས་སོ། །
དད་པ་དང་ཚུལ་ཁྲིམས་དེ་གཉིས་ཀའང་དྲི་མ་སྟེ་ཟག་པ་མེད་པ་ཡིན་ཏེ། ཟག་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་གཞི་ལ་ལྟོས་ནས་ཤེས་པས་དད་པ་རྣམ་པར་འཇོག་ན་ཆོས་ལ་ཤེས་ནས་དད་པ་སྔར་གདོན་དགོས་པར་འགྱུར་ཏེ། བདེན་པ་དང་པོ་གསུམ་མཐོང་བ་ན་ཆོས་ལ་ཤེས་ནས་དད་པ་འཐོབ་པའི་ཕྱིར་རོ་ཞེ་ན། འདི་དག་གི་རིམ་པ་ནི་ཏིང་ངེ་འཛིན་ལས་ལངས་ནས་ཇི་ལྟར་མངོན་དུ་བྱེད་པ་ལྟར་བཀོད་པ་ཡིན་ཏེ། ཇི་ལྟར་མངོན་དུ་བྱེད་ཅེ་ན། ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་ཞེས་མངོན་དུ་བྱེད་དེ། རིམ་པ་ལྟར་ཆོས་ཀྱི་སྨན་སྟོན་པ་དང་། ཉོན་མོངས་པའི་ནད་གསོ་ཞིང་མྱ་ངན་ལས་འདས་པ་ནད་མེད་པ་ཐོབ་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ནད་མེད་པ་འཐོབ་པའི་གྲོགས་བྱེད་པའི་ཕྱིར་སྨན་པ་དང་སྨན་དང་ནད་གཡོག་ལྟ་བུར་གྱུར་པའི་ཕྱིར་དང་། དད་པའི་སྟོབས་ཀྱིས་ཚུལ་ཁྲིམས་ཀྱང་དང་བར་གྱུར་པའི་སྒྲུབ་པ་ཡིན་པའི་ཕྱིར་མཐའ་བཞི་པར་བཤད་དོ། །ཡང་ན་དཀོན་མཆོག་གསུམ་ནི་སྔར་བསྟན་པ་ལྟར་སྨན་པ་ལ་སོགས་པ་ལྟ་བུ་ཡིན་ལ་ཚུལ་ཁྲིམས་ནི་ནད་མེད་པ་ལྟ་བུར་གྱུར་པ་ཡིན་པས་སམ། ཡང་ན་བཞི་པོ་དེ་དག་རིམ་པ་ལྟར་ལམ་སྟོན་པར་བྱེད་པ་དང་ལམ་དང་ལམ་གྱི་གྲོགས་དང་བཞོན་པ་ལྟ་བུ་ཡིན་པས་སེམས་རབ་ཏུ་དད་པའི་ཕྱིར་རོ། །
ལྔ་པ་ནི་འོ་ན་ཅིའི་ཕྱིར་མདོ་ལས། སློབ་པ་ནི་སློབ་པའི་ཡང་དག་པའི་ལྟ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་ཡན་ལག་བརྒྱད་དང་ལྡན་ནོ། །མི་སློབ་པ་ནི་མི་སློབ་པའི་ཡང་དག་པའི་ལྟ་བ་ནས་ཏིང་ངེ་འཛིན་གྱི་བར་བརྒྱད་དང་། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཤེས་པ་སྟེ་ཡན་ལག་བཅུ་དང་ལྡན་ནོ་ཞེས་གསུངས་པའི་སློབ་པ་ལ་ཡང་དག་པའི་རྣམ་པར་གྲོལ་བ་དང་ཡང་དག་པའི་ཤེས་པ་མ་བཤད་ཅེ་ན། ཉོན་མོངས་པའི་འཆིང་བ་ལས་གཏན་དུ་ངེས་པར་གྲོལ་བ་དང་གྲོལ་བ་དེ་སོ་སོ་རང་གིས་ཤེས་པས་དེ་གཉིས་སུ་འཇོག་པ་ལ། སློབ་པ་རྣམས་ནི་ད་དུང་ཉོན་མོངས་པས་བཅིངས་པའི་ཕྱིར་སློབ་པའི་ཡན་ལག་ཏུ་ཡང་དག་པའི་རྣམ་གྲོལ་དང་ཡང་དག་པའི་ཤེས་པ་མ་བཤད་དོ། །
འཆིང་བའི་ཕྱོགས་གཅིག་ལས་རྣམ་པར་གྲོལ་བས་ནི་ཡང་དག་པའི་རྣམ་གྲོལ་གྱི་ཡན་ལག་ཏུ་མི་འགྱུར་རོ། །རྣམ་པར་གྲོལ་བ་དེ་ཡང་འདུས་བྱས་དང་འདུས་མ་བྱས་རྣམ་པ་གཉིས་ཡོད་པ་ལས་ཉོན་མོངས་པ་བཅོམ་པ་སོ་སོར་བརྟགས་འགོག་ནི་རྣམ་གྲོལ་འདུས་མ་བྱས་ཡིན་ལ། རྣམ་པར་གྲོལ་བ་ལ་དེར་ངེས་པ་མི་སློབ་པའི་མོས་པ་ནི་རྣམ་གྲོལ་འདུས་བྱས་ཡིན་ལ། གང་ཞིག་མི་སློབ་པའི་ཡན་ལག་ཏུ་གསུངས་པའི་ཡང་དག་པའི་རྣམ་གྲོལ་ནི་རྣམ་གྲོལ་འདུས་བྱས་མོས་པ་དེ་ཡིན་ཏེ། ཡན་ལག་བཅུ་ཆར་འདུས་བྱས་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ནི་སྐལ་པ་མི་མཉམ་པའི་ཕྱིར་དང་། སློབ་པ་དང་མི་སློབ་པ་གཉིས་ཀ་མ་ཡིན་པའི་ཕྱིར་ཡན་ལག་མ་ཡིན་ནོ། །རྣམ་པར་གྲོལ་བའི་ཡན་ལག་འདུས་བྱས་དེ་ཉིད་ནི་མདོ་ལས་སེམས་འདོད་ཆགས་ལས་རྣམ་པར་གྲོལ་བ་དང་། ཤེས་རབ་མ་རིག་པ་ལས་རྣམ་པར་གྲོལ་བ་གཉིས་སུ་གསུངས་ཏེ། རྣམ་གྲོལ་འདུས་བྱས་དེ་ཉིད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་ལྔའི་ནང་ནས་རྣམ་པར་གྲོལ་བའི་ཕུང་པོའང་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །སློབ་དཔོན་ནི་མོས་པ་འབའ་ཞིག་རྣམ་པར་གྲོལ་བ་མ་ཡིན་གྱི་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་དང་འདོད་ཆགས་ལ་སོགས་པ་ལས་རྣམ་པར་གྲོལ་བའི་ཟག་མེད་ཀྱི་སེམས་དང་སེམས་བྱུང་འདུན་པ་དང་བརྩོན་འགྲུས་ལ་སོགས་པ་གཞན་དག་ཀྱང་ཡིན་ཏེ། མདོ་ལས། སྟག་གི་བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བར་ཡོངས་སུ་དག་པའི་གཙོ་བོ་གང་ཡིན་ཞེ་ན། འདི་དག་དགེ་སློང་འདོད་ཆགས་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན། ཞེ་སྡང་དང་གཏི་མུག་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན་ཏེ། འདི་ལྟར་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱེད་པའམ། ཡོངས་སུ་རྫོགས་པ་རྗེས་སུ་འཛིན་པར་བྱེད་པ་འདུན་པ་དང་བརྩོན་འགྲུས་གང་ཡིན་པ་ཞེས་གསུངས་པའི་ཕྱིར་རོ་ཞེས་འཆད་དོ། །
གལ་ཏེ་ཡང་དག་པའི་ཤེས་པ་ནི་ཡན་ལག་བཅུ་པ་མ་ཡིན་ཏེ། ཡང་དག་པའི་ལྟ་བའི་ནང་དུ་འདུས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། བྱང་ཆུབ་སྔར་ཇི་སྐད་བཤད་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ཉིད་ཡང་དག་པའི་ཤེས་པ་ཡིན་ལ་དེ་ཡང་དག་པའི་ལྟ་བ་ནི་མ་ཡིན་ཏེ། ཟད་དང་མི་སྐྱེའི་བློ་ལྟ་མིན་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །ཡང་དག་པའི་ཤེས་པ་དེ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའང་ཡིན་ཏེ། རང་གི་བྱང་ཆུབ་ཤེས་པའི་ཕྱིར་རོ། །གལ་ཏེ་སེམས་རྣམ་པར་གྲོལ་ན་སེམས་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་གང་ཞིག་རྣམ་པར་གྲོལ་བར་འགྱུར་ཞེ་ན་མི་སློབ་པའི་སེམས་ནི་སྐྱེ་བར་འགྱུར་བ་མ་འོངས་པ་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བ་ཡིན་ཏེ། འདས་པའི་སྒྲིབ་པ་ཡོད་པ་ཡིན་ལ་ད་ལྟར་བ་ནི་སྒྲིབ་པ་ལ་དངོས་སུ་གནོད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་སྒྲིབ་པའི་ཐོབ་པ་དང་དུས་མཉམ་པའི་ཕྱིར་དང་། དེའི་རྗེས་ཐོགས་སུ་སྒྲིབ་པ་ལས་རྣམ་པར་གྲོལ་བའི་སེམས་སྐྱེ་བའི་ཕྱིར་རོ། །(ཉོན་མོངས་པ་ནི་དེའི་ཐོབ་པ་ལ་བཞག་སྟེ་དེ་སྐྱེ་བ་ལ་གེགས་བྱེད་པས་སོ། །)འོ་ན་མི་སྐྱེ་བའི་ཆོས་ཅན་དག་ཇི་ལྟར་སྒྲིབ་པ་ལས་གྲོལ་བ་ཡིན་ཞེ་ན། དེ་དང་འདྲ་བའི་ཕྱིར་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྟན་འཆོས་ལས་མི་སློབ་པའི་སེམས་མ་འོངས་པ་སྒྲིབ་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བཤད་དོ། །
འོ་ན་ལམ་འདས་པ་ལ་སོགས་པ་གང་གིས་སྒྲིབ་པ་དེ་སྤོང་ཞེ་ན། འགག་པར་འགྱུར་བ་དེ་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བའི་ལམ་གྱིས་ནི་ད་ལྟར་བ་དེའི་སྒྲིབ་པ་རབ་ཏུ་སྤོང་པ་ཡིན་ཏེ། འདི་ལྟར་སྤོང་བ་ནི་བྱ་བ་འགལ་བའི་སྒོ་ནས་གནོད་པ་བྱེད་པ་ཡིན་ན་འདས་པ་དང་མ་འོངས་པ་ནི་བྱ་བ་འགགས་པ་དང་མ་སྐྱེས་པའི་ཕྱིར་རོ། །གལ་ཏེ་ད་ལྟར་བའི་ལམ་གྱིས་ད་ལྟར་བའི་སྒྲིབ་པ་སྤོང་བ་ནི་མ་ཡིན་ཏེ། རྒྱུད་གཅིག་ལ་ཉོན་མོངས་པ་དང་ཡེ་ཤེས་ཀྱི་ཤེས་པ་རྒྱུད་གཉིས་སུ་ཐལ་བའི་ཕྱིར་དང་། འགལ་བ་ལྷན་ཅིག་ཏུ་འབྱུང་བར་ཐལ་བའི་ཕྱིར་དང་། ཡེ་ཤེས་ཉོན་མོངས་པའི་འཇིག་རྒྱུར་ཐལ་བའི་ཕྱིར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཉོན་མོངས་པའི་ཐོབ་པའམ་ས་བོན་སྤང་བྱར་འདོད་པས་ཡུན་རིང་དུ་མི་གནས་ཤིང་གནོད་པ་བྱེད་བཞིན་པའི་ལྟན་ཅིག་པ་ཡིན་པའི་ཕྱིར་དང་། སྤང་བྱ་ཕྱི་མ་བསྐྱེད་པའིི་ནུས་པ་དང་མི་ལྡན་པར་བསྐྱེད་པ་ལ་གནོད་པར་བརྗོད་པའི་ཕྱིར་སྐྱོན་མེད་དོ། །
འོ་ན་ཉོན་མོངས་བཅོམ་པ་འདུས་མ་བྱས་ཞེས་རྣམ་གྲོལ་འདུས་མ་བྱས་སུ་བཤད་པ་གང་ཡིན་པ་དེ་དང་མདོའམ་བསྟན་བཅོས་ལས་སྤངས་པའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་པའི་ཁམས་ཞེས་ཁམས་གསུམ་བཤད་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་གྲོལ་འདུས་མ་བྱས་སུ་བཤད་པ་གང་ཡིན་པ་དེ་ཉིད་སྤངས་པ་ལ་སོགས་པའི་ཁམས་གསུམ་དུ་ཤེས་པར་བྱ་སྟེ། འདི་ལྟར་སྤང་བྱ་(ཁམས་གསུམ་གྱི་)འདོད་ཆགས་ཀུན་ཟད་ཅིང་སྤངས་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་ཡིན་ལ། སྤངས་པའི་ཁམས་ཞེས་བྱ་བ་ནི་འདོད་ཆགས་ལས་གཞན་པའི་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་དག་ཡང་དག་པར་ཟད་ཅིང་སྤངས་པའོ། །འགོག་པའི་ཁམས་ཞེས་བྱ་བ་ནི་ཉོན་མོངས་པའི་གཞི་ཡང་དག་པར་ཟད་པ་སྟེ། གཞིའི་སྒྲ་ཡང་འདིར་ཡུལ་དང་རྒྱུ་ལ་བརྗོད་པར་འདོད་པ་སྟེ་ཉོན་མོངས་པ་ལས་གཞན་པའི་གཟུགས་ལ་སོགས་པ་ཟག་པ་དང་བཅས་པ་དག་གོ། (འདི་ནི་འདུན་པའི་འདོད་ཆགས་དང་བྲལ་བ་ལ་འདོད་དོ། །)འོ་ན་དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་པའི་དངོས་པོ་དེས་འདོད་ཆགས་དང་འབྲལ་བར་འགྱུར་རམ་ཞེ་ན། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་དམིགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་བདེན་པ་དེ་གཉིས་ཟག་བཅས་ཡིན་པས་ཡིད་འབྱུང་བར་འགྱུར་ལ། (ཡུལ་དམན་པ་ལ་སྐྱོན་དུ་བརྟག་པས་)བཟོད་པ་(བཞི་)དང་(སྒོམ་ལམ་)ཤེས་པ་གང་གིས་དངོས་སུ་ཉོན་མོངས་པ་སྤོང་བར་འགྱུར་བ་དེ་ནི་བདེན་པ་བཞི་པོ་གང་ལ་དམིགས་ཀྱང་རུང་ཀུན་གྱི་འདོད་ཆགས་དང་འབྲལ་བར་འགྱུར་རོ། །དེ་ལྟ་ན་ནི་ཡིད་འབྱུང་བ་དང་འདོད་ཆོགས་དང་བྲལ་བ་ལ་མུ་བཞི་སྲིད་དེ། ཡིད་འབྱུང་བར་འགྱུར་ལ་འདོད་ཆགས་དང་འབྲལ་བར་མི་འགྱུར་བ་ནི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་སྒོམ་ལམ་ཡིན་ཡང་རུང་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་ཅན་གྱི་ལམ་དང་། ཆགས་བྲལ་སྔོན་འགྲོའི་བདེན་པ་དང་པོ་གཉིས་ལ་དམིགས་པའི་ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཏེ། ཐམས་ཅད་ཀྱང་ཡིད་འབྱུང་བའི་དངོས་པོ་ལ་དམིགས་པས་ཡིད་སྐྱོ་བར་བྱེད་པའི་ཕྱིར་དང་། སྦྱོར་བའི་ལམ་ལ་སོགས་པ་གསུམ་ནི་སྤོང་ལམ་མ་ཡིན་པའི་ཕྱིར་དང་། ཆགས་བྲལ་སྔོན་འགྲོའི་བདེན་པ་དང་པོ་གཉིས་ལ་དམིགས་པའི་ཆོས་ཤེས་པའི་བཟོད་པ་སྤོང་ལམ་ཡིན་ཡང་འཇིག་རྟེན་པའི་སྒོམ་ལམ་གྱིས་སྔར་དུ་སྤངས་ཟིན་པའི་ཕྱིར་དང་། ཤེས་པ་ནི་སྤོང་ལམ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་ཤེས་པའི་བཟོད་པ་དག་གིས་ནི་ངེས་པར་ཉོན་མོངས་པ་རྣམས་སྤོང་སྟེ། འཇིག་རྟེན་པའི་ལམ་གྱི་སྲིད་རྩེ་ལས་འདོད་ཆགས་དང་མི་འབྲལ་བའི་ཕྱིར་རོ། །
འདོད་ཆགས་དང་འབྲལ་བར་འགྱུར་ལ་ཡིད་འབྱུང་བར་མི་འགྱུར་བ་ནི་འགོག་ལམ་ལ་དམིགས་པའི་སྤང་བྱ་དངོས་སུ་སྤོང་བའི་བར་ཆད་མེད་པའི་ལམ་ཆགས་བྲལ་སྔོན་འགྲོའི་འགོག་ལམ་ལ་ཆོས་ཤེས་པའི་བཟོད་པ་མ་གཏོགས་པ་རྣམས་ཏེ། དེ་དག་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་སྔར་དུ་སྤངས་ཟིན་པའི་ཕྱིར་དང་། གཞན་ནི་སྤང་བྱ་ལ་དངོས་སུ་གནོད་བྱེད་ཡིན་པའི་ཕྱིར་དང་། དེ་དག་གི་དམིགས་པ་འགོག་ལམ་ཟག་མེད་ལ་ཡོན་ཏན་དུ་ལྟ་བས་མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །གཉིས་ཀ་ཡིན་པ་ནི་བདེན་པ་དང་པོ་གཉིས་ལ་དམིགས་པའི་བར་ཆད་མེད་པའི་ལམ་ཆགས་བྲལ་སྔོན་འགྲོའི་བདེན་པ་དང་པོ་གཉིས་ལ་དམིགས་པའི་ཆོས་ཤེས་པའི་བཟོད་པ་ལས་གཞན་པ་རྣམས་ཏེ། ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་དང་། ཉོན་མོངས་པ་དངོས་སུ་སྤོང་བར་བྱེད་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་པའི་འགོག་ལམ་ལ་དམིགས་པའི་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་ཅན་གྱི་ལམ་དང་། ཆགས་བྲལ་སྔོན་འགྲོའི་འགོག་ལམ་ལ་ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་དང་། བར་ཆད་མེད་པའི་ལམ་ཡིན་ཡང་ཉོན་མོངས་པ་མི་སྤོང་བ་དབང་པོ་འཕོ་བ་ལ་སོགས་པའི་གནས་སྐབས་ཀྱི་བར་ཆད་མེད་པའི་ལམ་ཁ་ཅིག་ཀྱང་ཡིན་ནོ། །(དེ་ལ་འདོད་པའམ་ཅི་ཡང་མེད་པའི་བར་ལ་ཆགས་པ་དང་བྲལ་བ་ཞིག་བདེན་པ་རྣམས་ལ་ལྟ་ན་ཆོས་ཤེས་བཟོད་རྣམས་ཀྱིས་ཉོན་མོངས་མི་སྤོང་སྟེ། འཇིག་རྟེན་པའི་སྒོམ་ལམ་གྱིས་སྔར་སྤངས་ཟིན་པའི་ཕྱིར་བྲལ་ཐོབ་ཟག་མེད་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །རྗེས་ཤེས་རྗེས་བཟོད་དག་གིས་ནི་ངེས་པར་ཉོན་མོངས་སྤོང་སྟེ། འཇིག་རྟེན་པའི་ལམ་གྱིས་སྲིད་རྩེ་ལ་ཆགས་པ་དང་མི་འབྲལ་བའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་ཆགས་བྲལ་སྔོན་འགྲོ་བདེན་པ་ལ་ལྟ་བ་ནི་མཐོང་སྤང་སྤོང་དགོས་པས་དེ་དང་མི་འདྲའོ། །ཤེས་པ་རྣམས་ཀྱི་སྒོམ་ལམ་ལ་སྦྱོར་བ་དང་། རྣམ་གྲོལ་དང་། ཁྱད་པར་ཀྱི་ལམ་དང་། ཁ་ཅིག་གིས་ཀྱང་མི་སྤོང་ངོ་། །)དམིགས་པ་ཤེས་དང་བསྒོམ་པའི་རིམ། །སྒོམ་པ་པོ་དང་དེ་ཡི་ལམ། །ཇི་བཞིན་ཤེས་ནས་དེར་འཇུག་འདོད། །དགེ་སློང་གནས་འདི་མཉན་པར་རིགས། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་སྟེ་གནས་དྲུག་པའི་བཤད་པའོ།། །།
གནས་བདུན་པ་ཡེ་ཤེས་བསྟན་པ།
ད་ནི་གནས་བདུན་པ་འཆད་པ་ན་བཟོད་པ་དང་ཤེས་པ་དང་ལྟ་བའི་ཁྱད་པར་བཤད་པ་དང་། ཤེས་པ་བྱེ་བྲག་ཏུ་བཤད་པ་དང་། དེ་དག་གི་ཡོན་ཏན་བཤད་པ་གསུམ་ལས།
དང་པོ་བཟོད་པ་དང་ཤེས་པ་དང་ལྟ་བའི་ཁྱད་པར་བཤད་པ།
དང་པོ་ནི། གལ་ཏེ་བཟོད་པ་དང་ཤེས་པ་དང་ཡང་དག་པའི་ལྟ་བ་དང་ཡང་དག་པའི་ཤེས་པ་རྣམས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དྲི་མ་མེད་པའི་བཟོད་པ་བརྒྱད་པོ་རྣམས་ནི་ཤེས་པ་མིན་ཏེ། ཤེས་པ་ནི་ངེས་པའི་བདག་ཉིད་ཅན་ཡིན་ན་བཟོད་པ་རྣམས་ནི་བར་ཆད་མེད་པའི་ལམ་ཡིན་པས་དེའི་ཚེ་རང་གི་སྤང་བྱ་(ཐེ་ཚོམ་དང་)ཕྲ་རྒྱས་མ་སྤངས་པས་རང་གི་ཡུལ་ལ་ཐེ་ཚོམ་དང་བཅས་པའི་ཕྱིར་རོ། །(རང་གི་སྨོས་པ་ནི་ཤེས་པ་དང་པོ་བདུན་ཤེས་པ་མ་ཡིན་པར་ཐལ་བ་སྤངས་བའི་ཕྱིར་རོ། །)བཟོད་པ་དེ་དག་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པར་ཡིག་ཆེན་ཡང་དག་པར་རྟོགས་པའི་བདག་ཉིད་ཡིན་པས་ལྟ་བ་ནི་ཡིན་ནོ། (། དྲི་མེད་ཅེས་སྨོས་པས་བཟོད་པ་ཟག་བཅས་ནི་ཤེས་པ་ཡིན་ནོ། །ཤེས་པ་ཟད་མེད་ནི་ཐེ་ཚོམ་སྤངས་པས་ཁྱབ་བོ། །ཐེ་ཚོམ་སྤངས་པ་ཤེས་པར་མ་ངེས་ཏེ་ཆགས་བྲལ་སྔོན་འགྲོའི་བཟོད་པ་བཞིན་ནོ། །ཟད་མི་སྐྱེ་ཤེས་ལྟ་བ་མིན་ཏེ། བྱ་བ་བྱར་མེད་པ་ཙམ་དུ་རྟགས་ཀྱི་བདེན་བཞི་ལ་མི་རྟོག་པའི་ཕྱིར་དང་འབྲས་བུ་རྫོགས་ཟིན་པའི་ཕྱིར་རོ། །)ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་བློ་ནི་ལྟ་བ་མིན་ཏེ། ཡང་དག་པར་རྟོག་པ་མེད་པའི་ཕྱིར་དང་། དམིགས་པ་དང་རྣམ་པ་འཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་ནི་ཡང་དག་པའི་ཤེས་པ་ཞེས་བྱའི་ཤེས་པ་ཙམ་ཡང་མ་ཡིན་ནོ། །བཟོད་པ་བརྒྱད་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་དག་ལས་གཞན་པའི་འཕགས་པ་ཟག་པ་མེད་པའི་བློ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་གྱི་ཤེས་རབ་རྣམས་ནི་ཤེས་པ་དང་ཡང་དག་པའི་ལྟ་བ་གཉིས་ཀ་ཡིན་ཏེ། རྣམ་གྲོལ་གྱི་ལམ་ཡིན་པས་རང་གི་ཡུལ་ལ་ཐེ་ཚོམ་སྤངས་པས་ངེས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡང་ཡིན་པའི་ཕྱིར་རོ། །འཕགས་པའི་བློ་ལས་གཞན་ཟག་བཅས་འཇིིག་རྟེན་པའི་ཤེས་རབ་ཐམས་ཅད་ནི་ཀུན་རྫོབ་ཤེས་པ་ཡིན་ཏེ། ཟག་བཅས་ལ་ཤེས་པ་མ་ཡིན་པའི་ཤེས་རབ་མི་སྲིད་པའི་(ཕྱིར་དང་ཤེས་རབ་དང་ཡིན་ཡང་ཤེས་པ་ཡིན་པའི་)ཕྱིར་རོ། །དེ་ཡང་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་དགེ་མི་དགེ་ལུང་མ་བསྟན་ཐམས་ཅད་དང་ཡེ་ཤེས་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་ལྟ་བ་དྲུག་པོ་མ་གཏོགས་པ་ཉོན་མོངས་པ་ཅན་དང་མ་བསྒྲིབས་ལུང་མ་བསྟན་རྣམས་ནི་ཤེས་པ་ཁོ་ན་ཡིན་ནོ། །ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་ཅན་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་དྲུག་ནི་ཀུན་རྫོབ་ཤེས་པ་ཡིན་པར་མ་ཟད་ལྟ་བའང་ཡིན་ཏེ། ངེས་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །(དེས་ན་ལྟ་བ་ཁོ་ན་ཡིན་པ་ནི་མེད་དོ། །)
གཉིས་པ་ཤེས་པ་བྱེ་བྲག་ཏུ་བཤད་པ།
གཉིས་པ་ཤེས་པ་བྱེ་བྲག་ཏུ་བཤད་པ་ལ་ཤེས་པའི་ངོ་བོའི་དབྱེ་བ་དང་། གྲངས་ངེས་པ་དང་། རྣམ་པ་དང་། ས་དང་བརྟེན་པ་དང་། དྲན་པ་ཉེར་གཞག་ཏུ་གཞག་པ་དང་། དམིགས་པ་དང་། ལྡན་པའི་ཚུལ་དང་། ཐོབ་པའི་ཚུལ་བརྒྱད་ཡོད་པ་ལས་དང་པོ་ནི་མདོ་ལས་ཤེས་པ་བཅུ་སྟེ། (ཆོས་དང་རྫས་དང་ཀུན་རྫོབ་དང་། །གཞན་གྱིས་སེམས་དང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་འགོག་པ་དང་། ལམ་དང་ཟད་དང་མི་སྐྱེ་ཞེས། ཞེས་པ་བསྡུ་ཚིག་གོ།) འདི་ལྟ་སྟེ་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ་ཞེས་གསུང་པའི་ཤེས་པ་ཐམས་ཅད་རྣམ་པ་གཉིས་སུ་འདུས་ཏེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་དང་པོ་ཟག་བཅས་ནི་ཀུན་རྫོབ་ཤེས་པ་ཞེས་བྱ་བ་ཡིན་ཏེ། རེས་འགའ་རང་དང་སྤྱིའི་མཚན་ཉིད་ཀྱང་འཛིན་ལ་ཕལ་ཆེར་བུམ་པ་སྣམ་བུ་དང་སྐྱེས་པ་བུད་མེད་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། ཟག་མེད་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་རྣམ་པ་གཉིས་ཁོ་ན་ཡིན་ཏེ། སྡུག་བསྔལ་ཤེས་པ་ལ་སོགས་པ་ནི་འདི་གཉིས་སུ་འདུས་པའི་ཕྱིར་རོ། །
དེ་ལ་ཀུན་རྫོབ་ཤེས་པའི་ཡུལ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ཏེ། (བསམ་གཏན་དགེ་ཡུལ་ཡིད་དགུ་ཡིན་ཞེས་པ་དང་།) མིག་ཤེས་ཀྱིས་གཟུགས་ཤེས་པ་ལ་སོགས་པ་ཅི་རིགས་པར་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །ཆོས་ཤེས་པ་ཞེས་བྱ་བའི་སྤྱོད་ཡུལ་ནི་འདོད་པའི་སྡུག་བསྔལ་དང་སོགས་པས་བསྡུས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡིན་ནོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི་ཁམས་གོང་མ་གཉིས་པོའི་སྡུག་བསྔལ་དད་སོགས་པས་བསྡུས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡིན་པས་(ནམ་མཁའ་དང་སོ་སོར་བརྟགས་མིན་ནི་བདེན་བཞིར་མ་འདུས་པས་དེ་དག་གི་དམིགས་པ་མིན་ནོ། །)དེ་ལྟར་ན་ཤེས་པ་གསུམ་ཡིན་ནོ། །ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དེ་དག་ཉིད་སྡུག་བསྔལ་ཤེས་པ་ལ་སོགས་པ་བཞི་ཡིན་ཏེ། ཡུལ་བདེན་བཞི་ལ་དམིགས་པའི་བྱེ་བྲག་གིས་(སོ་དགུར་དབྱེ་བ་ནི་)ཆོས་ཤེས་རྗེས་ཤེས་ལས་ལྟ་བའི་རང་བཞིན་མ་ཡིན་པ་བདེན་བཞི་ལ་དམིགས་པའི་བྱེ་བྲག་གིས་སྡུག་བསྔལ་ཤེས་པ་ལ་སོགས་པ་(ལྟ་བའི་རང་བཞིན་མ་ཡིན་པའི་)རྣམ་པ་བཞི་པོ་དེ་དག་ཉིད་ནི་མི་སྐྱེ་བ་ཤེས་པ་དང་ཟད་པ་ཤེས་པ་གཉིས་སུ་འགྱུར་ཏེ། རྡོ་རྗེ་ལྟ་བུའི་ཏེང་ངེ་འཛིན་གྱི་རྗེས་སུ་སྐྱེས་པའི་བདེན་བཞིར་ཤེས་པ་གང་ཡིན་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་གཉིས་དང་པོར་སྐྱེས་པ་ནི་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། སྲིད་རྩེའི་ཕུང་པོས་བསྡུས་པའི་སྡུག་བསྔལ་དང་ཀུན་འབྱུང་ལ་མི་རྟག་པ་ལ་སོགས་པ་དང་རྒྱུ་ལ་སོགས་པར་དམིགས་པའི་ཕྱིར་རོ། །
དང་པོར་སྐྱེས་པ་ལས་གཞན་དེ་ཕྱིན་ཆད་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བདེན་པ་གཞན་དག་ལའང་དམིགས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་སྲིད་རྩེའི་བདེན་བཞི་ལ་དམིགས་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་པོར་སྐྱེས་པ་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་སོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་སྟེ་ཁྱད་པར་མེད་པ་ལ་ཁྱད་པར་རྟག་པ་ཡིན་ནོ། །འོ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དམིགས་པ་གཅིག་གམ་ཐ་དད་ཅེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གལ་ཏེ་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུའི་ངོ་བོར་གྱུར་པ་བདེན་པ་དང་པོ་གཉིས་ལ་དམིགས་ན་ནི་གཅིག་ལ་འོན་ཏེ། བསྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། ཁམས་གསུམ་གྱི་ནི་གཉེན་པོ་ཡིན་ཞེས་པས་འགོག་ལམ་ལ་དམིགས་ན་ནི་མི་གཅིག་སྟེ། ཤེས་པ་གཉིས་པོ་ནི་དང་པོར་སྲིད་རྩེའི་ཕུང་པོ་ཁོ་ན་ལ་ངེས་པར་དམིགས་པའི་ཕྱིར་ཏེ་དཔེར་ན་དུག་མདས་ཕོག་སྟེ་འཆི་བ་ན་ཐོག་མར་དུག་ཡན་ལག་ཐམས་ཅད་ལ་ཁྱབ་ནས་མཐར་ཤི་མ་ཐག་རྨའི་ཕྱོགས་ཁོ་ནར་འདུ་བ་བཞིན་ནོ། །(བཅུར་དབྱེ་བ་ན་)ཆོས་ཤེས་རྗེས་ཤེས་དང་ལམ་ཤེས་པ་དང་ཀུན་རྗོབ་ཤེས་པ་བཞི་ལས་ནི་ཕ་རོལ་ཀྱི་སེམས་རིག་པ་བཞག་སྟེ། (གཞན་སེམས་)ཟག་བཅས་(ལ་དམིགས་པ་ནི་)ཀུན་རྫོབ་ཤེས་པ་དང་། ཟག་མེད་(ལ་དམིགས་པ་ནི་)ལམ་ཤེས་པ་དང་གཉེན་པོའི་བྱེ་བྲག་གིས་ཆོས་ཤེས་རྗེས་ཤེས་ཀྱང་ཡིན་པའི་ཕྱིར་རོ། །(ཇི་ལྟར་ཞེ་ན། འདི་ལྟར་ཟག་བཅས་ཀྱི་གཞན་གྱི་སེམས་ཤེས་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསམ་གཏན་ལ་བརྟེན་ནས་སེམས་འདོད་ཆགས་དང་བཅས་བྲལ་ལ་སོགས་པ་འཇིག་རྟེན་པའི་རྣམ་པ་ཅན་གྱི་ཤེས་པ་དང་། འཕགས་པ་རྣམས་ཀྱི་རྗེས་ལས་ཐོབ་པའི་ཚེ་བསམ་གཏན་ལ་བརྟེན་ནས་ཤེས་པ་སྟེ་ཀུན་རྫོབ་ཤེས་པ་ཡིན་ནོ། །འཕགས་པའི་ཟག་མེད་ཀྱི་སེམས་ཤེས་པས་གཞན་གྱི་ཟག་མེད་ཀྱི་སེམས་ཤེས་ན་དེ་ནི་ལམ་ཤེས་པ་ཡིན་པས་ལམ་གྱི་རྣམ་པ་ཅན་ཁོ་ན་ཡིན་ཏེ། དེས་ཟག་བཅས་མི་ཤེས་བའི་ཕྱིར་དང་། སེམས་ཤེས་པས་འགོག་པ་ཤེས་པར་འགྱུར་བའང་མིང་དེ་འགོག་པ་སེམས་མ་ཡིན་བའི་ཕྱིར། ཤེས་པ་གཞན་ཡང་མིན་ཏེ། དེ་དག་གི་རྣམ་པ་ཅན་མ་ཡིན་པའི་ཕྱིར། ལམ་ཤེས་པའང་ཆོས་དང་རྗེས་སུ་ཤེས་པར་གཞག་པའི་ཕྱིར་སེམས་ཤེས་པ་ཟག་མེད་ནི་ཤེས་པ་གསུམ་པོ་ཡིན་ནོ། །)སེམས་ཤེས་དེས་ནི་ས་འདས་པ་མི་ཤེས་ཏེ། བསམ་གཏན་དང་པོ་ལ་སོགས་པ་འོག་མའི་ས་པས་བསམ་གཏན་གཉིས་པ་ལ་སོགས་པ་གོང་མའི་ས་པ་མི་ཤེས་པའི་ཕྱིར་རོ། །(དེ་ཡང་དམན་པའི་ཡུལ་མཆོག་མ་ཡིན་པའི་ཕྱིར། དེས་ན་བཞི་པའི་སེམས་པ་ཟག་བཅས་ཀྱི་ཡུལ་ནི་ས་ལྔ་ཡིན་པ་ནས་ཟག་མེད་ཀྱི་ཡུལ་ས་བཞི་ཡིན་པའི་བར་དུའོ། །)དབང་པོ་འདས་པའང་མི་ཤེས་ཏེ། དད་མོས་པའི་ལམ་གྱིས་མཐོང་ཐོབ་པའི་ལམ་མི་ཤེས་པ་དང་། དུས་དང་སྦྱོར་བའི་ལམ་གྱིས་དུས་དང་མི་སྦྱོར་བའི་ལམ་མི་ཤེས་(ཏེ་དབང་པོ་འདས་)པའི་ཕྱིར་རོ། །གང་ཟག་འདས་པ་མི་ཤེས་པ་ནི་ཕྱིར་མི་འོང་གི་ལམ་གྱིས་དགྲ་བཅོམ་གྱི་ལམ་མི་ཤེས་ལ། ཉན་ཐོས་ཀྱི་ལམ་གྱིས་རང་སངས་རྒྱས་ཀྱི་ལམ་མི་ཤེས་པ་ལ་སོགས་པའི་ཕྱིར་རོ། །(དེ་ཡང་རང་སྟོབས་ཀྱིས་མི་ཤེས་ངལ་བསམས་ཀྱི། སངས་རྒྱས་ལ་སོཌ་པས་བྱིན་གྱིས་བརླབས་ན་གང་ཟག་དང་དབང་པོ་འདས་ཀྱང་ཤེས་སོ། །འདིར་འཕགས་པ་ཆགས་བཅས་མ་སྨོས་པ་ནི་དེ་དག་ལ་སེམས་ཤེས་བཀག་པས་སོ། །)འདས་པའི་སྒྲ་ནི་འདིར་གོང་མ་ལ་བརྗོད་པར་འདོད་པ་ཡིན་ནོ། །དེའི་ཕྱིར་མཉམ་པ་དང་འོག་མ་ནི་ཤེས་པར་བསྟན་ཏོ། །
གཞན་ཡང་ཕ་རོལ་སེམས་ཤེས་ནི་གཞན་གྱི་སེམས་ད་ལྟར་བ་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར་དུས་ཞིག་པ་འདས་པ་དང་མ་སྐྱེས་པ་མ་འོངས་པའང་མི་རིག་གོ། ཅིའི་ཕྱིར་ཞེ་ན་འདས་པ་དང་མ་འོངས་པ་ཤེས་པ་ནི་རིམ་པ་ལྟར་སྔོན་གནས་རྗེས་དྲན་དང་འཆི་འཕོ་སྐྱེ་ཤེས་ཡིན་ལ་དེ་དག་ཀྱང་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར་རོ། །ཆོས་ཤེས་དང་རྗེས་ཤེས་ཀྱི་ཕྱོགས་དང་མཐུན་བའི་སེམས་ཤེས་པའི་བློ་ཡང་(རང་གི་རིགས་མཐུན་མ་ཡིན་པ།) ཕྱོགས་ཕན་ཚུན་(གཅིག་གིས་གཅིག་)རིག་པ་མིན་ཏེ། སེམས་ཤེས་པ་དེ་གཉིས་འདོད་པ་དང་ཁམས་གོང་མའི་གཉེན་པོ་ཐ་དད་ལ་དམིགས་པའི་ཕྱིར་རོ། །(གང་ལ་རྒྱབ་ཀྱིས་ཕྱོགས་པ་དེ་ལ་མི་དམིཌ་པར་འདོད་པས་སོ། །)དེ་ཡང་མཐོང་ལམ་ལ་ནི་ཕ་རོལ་གྱི་སེམས་ཤེས་པ་མེད་དེ། མཐོང་ལམ་ཡུན་ཐུང་བས་སེམས་ཤེས་ཀྱི་སྦྱོར་བ་བྱ་བའི་སྐབས་མེད་པའི་ཕྱིར་དང་། དེ་ནི་བདེན་པ་ལ་མཉམ་པར་བཞག་པ་ཟག་མེད་བར་མ་ཆད་ཡིན་པའི་ཕྱིར་རོ། །འོན་ཀྱང་སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་ནི་བདེན་པ་མངོན་སུམ་དུ་ཤེས་ནས་ཡིད་ཆེས་པ་ཡིན་གྱི་ཕ་རོལ་གྱི་སེམས་མངོན་སུམ་དུ་ཤེས་པ་ནི་མེད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །ཐེག་པ་གོང་མ་པ་ནི་འཇིག་རྟེན་གྱི་ཁམས་བརྒྱ་ཤེས་པ་ལ་སོགས་པ་སྐད་ཅིག་མ་ལ་སྐྱེ་བའི་ཡོན་ཏན་དུ་མ་བཞེད་པ་ཡིན་ནོ། །མཐོང་ལམ་ནི་ཕ་རོལ་སེམས་ཤེས་ཀྱི་ཡུལ་དུ་འགྱུར་བས་དེའི་ཁྱད་པར་བཤད་པར་བྱ་སྟེ། དེ་ལ་འཕགས་པ་ཉན་ཐོས་ཀྱི་སེམས་ཤེས་པས་ནི་དབང་པོ་རྟུལ་བས་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔ་ལས་སྐད་ཅིག་མ་དང་པོ་གཉིས་རིག་སྟེ། རྗེས་སུ་ཤེས་པའི་ཕྱོགས་ནི་དེ་ཤེས་པར་འདོད་པ་ན་སྦྱོར་བ་གཞན་གྱིས་སྒྲུབ་དགོས་པའི་ཕྱིར་དང་། གྲུབ་པ་ནའང་(དེའི་བར་ལ་ཡུལ་རིང་བ་འགོར་བས་)སེམས་བཅུ་དྲུག་པ་(ཐོབ་པར་འགྱུར་ལ་དེ་)ཐོབ་ནས་འདས་པའི་ཕྱིར་དང་འདས་པའང་མི་རིག་པའི་ཕྱིར་རོ། །
འོ་ན་ནི་སྐད་ཅིག་མ་དང་པོ་གཉིས་ཀྱང་མི་རིག་པར་འགྱུར་ཏེ། དེ་ཤེས་པར་འདོད་ནས་སྦྱོར་བ་བརྩམས་ཏེ་གྲུབ་པ་ན་སྐད་ཅིག་མ་གཉིས་པོའང་འགག་པའི་ཕྱིར་རོ་ཞེ་ན། སྐད་ཅིག་མ་གཉིས་པོ་འདི་ཤེས་པར་བྱའོ་ཞེས་སྦྱོར་བ་རྩོམ་པ་ནི་མ་ཡིན་གྱི་(སྐད་ཅིག་མ་གསུམ་ལ་སོགས་)གང་ཟག་འདིའི་སེམས་ཤེས་པར་བྱའོ་ཞེས་སྦྱོར་བ་རྩོམ་པ་ན་མངོན་ཤེས་གྲུབ་པ་དང་མཉམ་པར་སྐད་ཅིག་དང་པོ་གཉིས་སྐྱེས་པ་དག་ཤེས་པར་འགྱུར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་མོད་ཀྱི། དེ་ལྟ་ན་ནི་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་རྣམས་ཀྱང་ཤེས་པར་འགྱུར་རོ། །དེའི་ཕྱིར་སྤྱོར་བ་ནི་སྤྱི་ལ་དམིགས་པ་ཡིན་གྱི་བྱེ་བྲག་ནི་མ་ཡིན་གྱི། མི་ཤེས་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ཀྱང་ཁྱད་པར་མེད་པ་ལ་རྣམ་པར་རྟོག་པས་ཁྱད་པར་དུ་རྟོག་པ་ཁོ་ནར་ཟད་དོ། །རང་སངས་རྒྱས་བསེ་རུ་ལྟ་བུའི་སེམས་ཤེས་པས་ནི་སྐད་ཅིག་མ་དང་པོ་གཉིས་དང་བརྒྱད་པ་གསུམ་རིག་སྟེ། ཉན་ཐོས་ཀྱི་ནི་སྦྱོར་བ་ཆེན་པོས་བསྒྲུབ་དགོས་ལ་འདི་ནི་སྦྱོར་བ་ལ་རྩོལ་བ་ཆུང་བས་དང་པོ་གཉིས་ཤེས་ནས་ཡང་སྐད་ཅིག་མ་ལྔའི་བར་ལ་མངོན་ཤེས་འགྲུབ་པའི་ཕྱིར་རོ། །དེས་ཀྱང་སྐད་ཅིག་མ་དགུ་པ་ལ་སོགས་པ་ནི་མི་རིག་སྟེ། ཡང་སྦྱོར་བ་གཞན་གྱིས་སྒྲུབ་དགོས་པའི་ཕྱིར་དང་། དེ་ནས་དུབ་པས་སྐད་ཅིག་མ་བདུན་ལའང་སྦྱོར་བ་མི་རྫོགས་པའི་ཕྱིར་རོ། །ཁ་ཅིག་སྐད་ཅིག་མ་དང་པོ་གཉིས་ཤེས་ནས་ཡང་སྦྱོར་བ་གཞན་བྱས་ནས་སྐད་ཅིག་མ་བཅོ་ལྔ་པ་དང་གསུམ་ཤེས་སོ་ཞེས་བྱ་བར་འདོད་དོ། །ཉན་རང་གཉིས་ཀ་ལ་ཡང་སྐད་ཅིག་མ་དང་པོ་གཉིས་ཤེས་པར་བཤད་པ་ནི་མཚོན་པ་སྟེ། ཉན་ཐོས་ཀྱིས་ནི་རིགས་མཐུན་པའི་སྐད་ཅིག་མ་གཉིས་ཅི་རིགས་པར་ཤེས་པར་འགྱུར་ལ་རང་རྒྱལ་གྱིས་ནི་རིགས་མཐུན་པ་གཉིས་དང་མི་མཐུན་པ་གཅིག་སྟེ་གསུམ་ཅི་རིགས་པར་ཤེས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པས་སྦྱོར་བ་ལས་བྱུང་བའི་འབད་རྩོལ་མེད་པར་མཐོང་ལམ་གྱི་ཡེ་ཤེས་ཀྱི་སྐད་ཅིག་མ་ཀུན་ཤེས་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། དགེ་མཐར་ཕྱིན་པ་ཁྱོད་ལ་ནི། །སྦྱོར་བྱུང་དགེ་བ་འགའ་མ་མཆིས། །ཁྱོད་ནི་གང་ཞིག་བཞེད་ན་ཡང་། །བཞེད་པ་ཙམ་ལ་རག་ལས་སོ་ཞེས་བཤད་པ་བཞིན་ནོ། །
འོ་ན་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། བསྟན་བཅོས་ལས། ཟད་པ་ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ཤེས་སོ་ཞེས་བྱ་བར་ཤེས་པ་དང་། ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་བྱ་བར་ཤེས་པ་དེའི་རྒྱུ་ལས་བྱུང་བའི་ཤེས་པ་དང་མཐོང་བ་དང་རིག་པ་དང་བློ་དང་རྟོག་པ་དང་ཤེས་རབ་དང་སྣང་བ་དང་མངོན་པར་རྟོགས་པ་གང་ཡིན་པ་འདི་ནི་ཟད་པ་ཤེས་པ་ཞེས་བྱའོ། །མི་སྐྱེ་བ་ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བར་ཤེས་པ་ནས་བདག་གིས་ལམ་བསྒོམས་ཏེ་ཡང་སྒོམ་དུ་མེད་དོ་ཞེས་བྱ་བའི་བར་དུ་ཤེས་པ་དེའི་རྒྱུ་ལས་བྱུང་བའི་ཤེས་པ་དང་ཞེས་པ་ནས་འདི་ནི་མི་སྐྱེ་བ་ཤེས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་འབྱུང་བའི་ཕྱིར་ཟད་པ་ཤེས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་པ་དང་། སོགས་པས་གཟུང་བ་ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་མཉམ་གཞག་གི་དུས་སུ་ཤེས་པ་ལས་བྱུང་བའི་རྗེས་ཀྱི་ཤེས་པས་ངེས་པའོ། །དེ་བཞིན་དུ་མཉམ་གཞག་ཏུ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པར་རྟོགས་པ་ལས་ལངས་པའི་རྗེས་ལས་ཐོབ་པའི་ཤེས་པས་ངེས་པ་ནི་མི་སྐྱེ་བ་ཤེས་པའི་བློར་ཁ་ཆེ་བས་འདོད་དོ། །ཉི་འོག་པ་ནི་མཉམ་གཞག་ན་ཟག་མེད་ཀྱི་རྣམ་པ་བཅུ་དྲུག་ལས་གཞན་ཡང་ཡོད་པས་དེས་དེ་ལྟར་ངེས་སོ་ཞེས་འདོད་དོ། །འོ་ན་བསྟན་བཅོས་ལས། མཐོང་བ་ཞེས་བཤད་པའི་ཕྱིར་ཤེས་པ་དེ་གཉིས་ལྟ་བར་འགྱུར་ཏེ། ལྟ་བ་དང་མཐོང་བ་གཉིས་དོན་གཅིག་པའི་ཕྱིར་རོ། །འདོད་ན་ཟད་དང་མི་སྐྱེའི་བློ་ལྟ་མིན་ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མཐོང་བ་ནི་ཤེས་པས་འཕངས་པའི་རྣམ་གྲངས་སམ། ཐ་སྙད་ཙམ་མམ། ཡང་ན་ལུང་དང་རྟགས་ལས་མ་ལྟོས་པར་མིག་ཤེས་ཀྱིས་གཟུགས་ལྟར་མངོན་སུམ་དུ་རྟོགས་པས་ན་སྡུག་བསྔལ་ཤེས་པ་ལ་སོགས་པ་དང་ཤེས་ཏེ་ཡང་ཤེས་པར་བྱར་མེད་པ་ལ་སོགས་པར་ཤེས་པ་ཉིད་ལ་མཐོང་བ་ཞེས་བརྗོད་ཀྱི་རྟོག་པའི་བདག་ཉིད་མ་ཡིན་ཞིང་མཐོང་བ་ལ་ལྟ་བས་མ་ཁྱབ་པས་(སྔ་མ་ནི་དགྲ་བཅོམ་དབང་བོ་རྣོ་རྟུལ་གཉིས་ཀ་ལ་ཡོད་ལ་ཕྱི་མ་ནི་མི་གཡོ་བའི་ཆོས་ཅན་ཁོ་ནའོ་)ལྟ་བ་ནི་མ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ལས་ཀྱང་། རེ་ཞིག་ཤེས་པ་གང་ཡིན་པ་དེ་ནི་མཐོང་བ་ཡང་ཡིན་ནོ་ཞེས་ཤེས་པ་དང་མཐོང་བ་རྣམ་གྲངས་སུ་བཤད་ཀྱི་མཐོང་བ་ཡིན་ལ་ཤེས་པ་མ་ཡིན་པ་ཡང་ཡོད་དེ། མངོན་པར་རྟོགས་པའི་ཁོངས་སུ་གཏོགས་པའི་བཟོད་པ་བརྒྱད་ལྟ་བུའོ་ཞེས་འབྱུང་ངོ་། །མཐོང་བ་དང་ལྟ་བ་ནི་རྣམ་གྲངས་སུ་མ་བཤད་དོ། །
ཤེས་པ་དག་གི་སྡོམ་གྱི་ཚིགས་སུ་བཅད་པ་ནི། ཀུན་རྗོབ་ཆོས་དང་རྗེས་སུ་ཤེས། །གསུམ་ཡིན་དེ་དག་བཅུར་བཤད་དེ། །ཀུན་རྫོབ་ཤེས་པ་རང་དང་ནི། །སེམས་ཤེས་ཆའོ་ཆོས་ཤེས་ནི། །རང་དང་བདེན་པ་བཞི་ཤེས་དང་། །ཟད་དང་མི་སྐྱེ་སེམས་ཤེས་བརྒྱད། །རྗེས་ཤེས་ཀྱང་ཡིན་བདེན་གསུམ་ཤེས། །རང་དང་ཟད་དང་མི་སྐྱེ་ཤེས། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །ལྔ་ཡིན་ཟད་དང་མི་སྐྱེ་ཞེས། །རང་རང་བདེན་པ་བཞི་ཤེས་དང་། །ཆོས་ཤེས་རྗེས་སུ་ཤེས་དང་བདུན། །སེམས་ཤེས་ཆོས་ཤེས་རྗེས་ཤེས་དང་། །ལམ་ཤེས་ཀུན་རྗོབ་ཤེས་པ་དང་། །རང་དང་ལྔ་ཡིན་ལམ་ཤེས་ནི། །རང་དང་ཆོས་ཤེས་རྗེས་ཤེས་དང་། །སེམས་ཤེས་ཟད་དང་མི་སྐྱེ་ཞེས། །རྣམ་པ་དྲུག་ཏུ་ཡང་དག་བརྗོད་ཅེས་བྱའོ། །
གཉིས་པ་ནི་ཅིའི་ཕྱིར་ཤེས་པ་གསུམ་པོ་དེ་དག་བཅུར་ཕྱེ་ཞེ་ན། ཟག་བཅས་ཀྱི་རང་བཞིན་ལས་ནི་ཀུན་རྗོབ་ཤེས་པ་སྟེ། དེས་ཀུན་རྫོབ་ཤེས་ཀྱི་དོན་དམ་མི་ཤེས་པའི་ཕྱིར་རོ། །གཉེན་པོ་ལས་ནི་ཆོས་ཤེས་དང་རྗེས་ཤེས་གཉིས་ཏེ། རིམ་པ་ལྟར་འདོད་པ་དང་གོང་མའི་གཉེན་པོ་བྱེད་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་ཕྱེ་སྟེ་གཉིས་ཀའང་ཉེར་ལེན་གྱི་ཕུང་པོ་ལ་དམིགས་པས་དམིགས་པ་ཐ་དད་མེད་པའི་ཕྱིར་དང་། རྣམ་པ་མི་རྟག་པ་ལ་སོགས་པ་དང་རྒྱུ་ལ་སོགས་པ་མི་འདྲ་བས་བཞག་པའི་ཕྱིར་རོ། །རྣམ་པ་དང་སྤྱོད་ཡུལ་ཏེ་དམིགས་པ་གཉིས་ཀ་(ཐ་དད་པ་)ལས་ནི་འགོག་པ་དང་ལམ་ཤེས་པ་དག་ཕྱེ་སྟེ། འགོག་པ་ལ་སོགས་པ་དང་ལམ་ལ་སོགས་པའི་རྣམ་པའང་ཐ་དད་ཅིང་དམིགས་པ་འདུས་མ་བྱས་དང་འདུས་བྱས་ཀྱང་ཐ་དད་པའི་ཕྱིར་རོ། །གཞན་སེམས་ཤེས་པར་བྱའོ། །སྦྱོར་བ་ལས་ནི་ཕ་རོལ་ཀྱི་སེམས་ཤེས་པ་ཕྱེ་སྟེ། དེས་སེམས་བྱུང་ཡང་ཤེས་མོད་ཀྱི་གཞན་གྱི་སེམས་ཤེས་པར་བྱའོ་ཞེས་སྦྱོར་གྱི་སེམས་བྱུང་ཤེས་པར་བྱའོ་ཞེས་མི་སྦྱོར་བའི་ཕྱིར་རོ། །བྱ་བ་བྱས་པ་ཉིད་ལས་ནི་ཟད་པ་ཤེས་པ་སྟེ། བྱ་བ་བྱས་པའི་རྒྱུད་ལ་དང་པོ་ཉིད་དུ་སྐྱེ་བའི་ཕྱིར་རོ། །སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་ནི་མི་སྐྱེ་བ་ཤེས་པ་སྟེ། ཟག་མེད་ཀྱི་མེད་པ་སྔར་བསྐྱེད་པ་ཐམས་ཅད་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེས་ན་རྒྱུ་བདུན་པོ་དེ་དག་གིས་ཤེས་པ་བཅུར་རྣམ་པར་བཞག་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་དོ། །འོན་ཀྱང་འདི་དགརང་བཞིན་དང་ནི་གཉེན་པོ་དང་། །ཡུལ་དང་ཤེས་པའི་རྣམ་པ་ལས། །ཀུན་རྫོབ་ཤེས་སོགས་རྣམ་པ་བཅུར། །འདྲེན་པས་རབ་ཏུ་གསུངས་པ་ཡིན། །ཞེས་ཤེས་པར་བྱའོ། །ཆོས་ཤེས་འདོད་པའི་གཉེན་པོ་ཡིན་ནོ་ཞེས་བྱ་བའང་འདོད་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་དང་། གཉེན་པོ་ཆོས་ཤེས་མཐོང་སྒོམ་གྱི་ལམ་གྱིས་བསྡུས་པ་བདེན་བཞི་ལ་དམིགས་པ་ཐམས་ཅད་ཡིན་པའི་ཕྱིར་བཤད་པ་ཡིན་གྱི། དེར་མ་ཟད་གཞན་ཡང་ཆོས་ཤེས་ཀྱིས་ཁམས་གོང་མ་གཉིས་ཀྱི་གཉེན་པོ་བྱེད་པའང་ཡོད་དེ། གང་ཞེ་ན། སྒོམ་པའི་ལམ་ལ་འགོག་པ་ལ་ཆོས་ཤེས་པའམ། ལམ་ལ་ཆོས་ཤེས་པ་གང་ཡིན་པ་དེ་དག་ནི་འདོད་པ་ལ་སོགས་པ་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ཏེ། འདོད་པའི་རྟེན་ཅན་གྱི་འཕགས་པས་འདོད་པའི་སྒོམ་སྤང་དགུ་ཆོས་ཤེས་པས་རིམ་གྱིས་སྤངས་ནས་ཁམས་གོང་མའི་སྒོམ་སྤང་ཡང་སྔར་འདྲིས་པའི་ལམ་དེ་ཉིད་བསྐྱེད་ནས་སྤོང་བ་དག་སྲིད་པའི་ཕྱིར་རམ་ཡང་ན་འགོག་ལམ་ལ་ཆོས་ཤེས་ཀྱི་དམིགས་པ་འགོག་ལམ་གཉིས་ནི་ཟག་མེད་ཡིན་པས་ཁམས་སུ་མ་གཏོགས་པས་དམིགས་པ་དམན་པ་མ་ཡིན་པས་དེ་དག་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གསུམ་གའི་གཉེན་པོ་ཡིན་པ་སྲིད་པའི་ཕྱིར་རོ། །འོ་ན་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་ཡང་ཁམས་གོང་མའི་གཉེན་པོར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྔག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པའི་དམིགས་པ་ནི་འདོད་པའི་བདེན་པ་དང་པོ་གཉིས་ཟག་བཅས་ཡིན་པས་དམིགས་པ་དམན་པས་དེ་དག་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གོང་མ་གཉིས་ཀྱི་གཉེན་པོ་མ་ཡིན་ཏེ། རྣམ་པར་སུན་འབྱིན་པ་ཡིད་ལ་བྱེད་པ་ཡིན་པའི་(ཕྱིར་དམན་པས་མཆོག་སུ་ན་འབྱིན་མི་ནུས་པའི་)ཕྱིར་རོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །
ཁ་ཅིག་སྤང་བྱ་སྤོང་བ་ལ་དེ་ལ་དངོས་སུ་གནོད་པའམ་ཡང་ན་སྤང་བྱ་དེ་དང་འགལ་བ་ལ་ཡོན་ཏན་དུ་ལྟ་བའི་ཤུགས་ལ་སྤོང་བ་ཡིན་པ་ན་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་ནི་དེ་ལྟ་མ་ཡིན་ཏེ། (སྒོམ་པའི་ཞེས་སྨོས་ཀྱི་མཐོང་ལམ་མ་སྨོས་པ་ནི།) ཁམས་གོང་མའི་སྤང་བྱ་ལ་དངོས་སུ་མི་དམིགས་པའི་ཕྱིར་དང་། འགལ་ཟླ་ཡོན་ཏན་དུ་ལྟ་བང་མ་ཡིན་ཏེ། འོག་མའི་བདེན་པ་ལ་དམིགས་ནས་ཡིད་སྐྱོ་བར་བྱེད་པའི་ཕྱིར་རོ། །འགོག་ལམ་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གོང་མའི་སྤང་བྱ་དང་འགག་བ་ལ་ཡོན་ཏན་དུ་ལྟ་བའི་ཕྱིར་ཤུགས་ལ་སྤོང་བ་ཡིན་ནོ་ཞེས་འཆད་དོ། །མཐོང་ལམ་གྱི་ལ་འགོག་ལམ་ལ་ཆོས་ཤེས་པ་དག་གོང་མའི་གཉེན་པོ་མ་ཡིན་པ་ནི་བདེན་པ་ལ་དམིགས་པའི་ལོག་ཞུགས་ཐ་དད་པའི་ཕྱིར་ཏེ་མཐོ་ལ་མིར་འཛིན་པའི་ལོག་རྟོག་ཐག་པ་ལ་དེར་ཤེས་པས་མི་སྤོང་བ་བཞིན་ནོ། །དེའི་ཕྱིར་ཊཱི་ཀ་བྱེད་དག་གིས་སྒོམ་པའི་ལམ་ལ་ཞེས་སྨོས་པ་ནི་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་རྣམས་ནི་རྗེས་སུ་ཤེས་པའི་བཟོད་པས་གཞོམ་པར་བྱ་བ་ཡིན་ནོ་ཞེས་བཤད་དོ། །
འོ་ན་འགོག་ལམ་ལ་རྗེས་ཤེས་སྒོམ་ལམ་གྱིས་བསྡུས་པས་ཀྱང་འདོད་པའི་གཉེན་པོ་བྱེད་པར་འགྱུར་རོ་ཞེ་ན། འདོད་པའི་ཁམས་ཀྱི་སྤང་བྱའི་གཉེན་པོ་ནི་རྗེས་སུ་ཤེས་པ་སྒོམ་ལམ་གྱིས་བསྡུས་པའང་རྣམ་པ་ཐམས་ཅད་དུ་མ་ཡིན་ཏེ། (འདོད་པའི་སྤང་བྱ་)ཆོས་ཤེས་པས་སྤངས་ཟིན་པའི་ཕྱིར་དང་། འོག་མའི་སྤང་བྱ་མ་སྤངས་བར་གོང་མའི་གཉེན་པོ་སྐྱེ་བའང་མི་སྲིད་པའི་ཕྱིར་རོ། །གང་ཡང་སློབ་དཔོན་གང་སྤེལ་ན་རེ་ཆོས་ཤེས་པས་ནི་གོང་མའི་སྒོམ་སྤང་སྤོང་སྟེ། དེའི་ཡུལ་ཅན་འདོད་པའི་ཀུན་འགྲོ་སྤངས་པའི་ཕྱིར་དགྲ་བཅོམ་ནས་ཡུལ་འཇིག་པར་བྱེད་པ་བཞིན་ནོ། །རྗེས་སུ་ཤེས་པ་ལ་ནི་དེ་ལྟ་བུའི་བྱ་བ་མེད་པའི་ཕྱིར་རོ་ཞེས་ཟེར་བ་དེ་ཡང་མི་རིགས་ཏེ། དེ་ལྟ་ན་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པའང་གོང་མའི་སྒོམ་སྤང་གི་གཉེན་པོར་འགྱུར་ཏེ། ཡུལ་ཅན་འདོད་པའི་ཀུན་འགྲོའི་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་འདི་སྤང་དགོས་སོ། །
གསུམ་པ་ནི་ཤེས་པ་བཅུ་པོ་དེ་དག་ལས་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ནི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཅན་ཡིན་ནོ། །ཀུན་རྗོབ་ཤེས་པ་ནི་སྦྱོར་ལམ་ན་ཡོད་པ་དག་གཉིས་པོ་དེ་བཞིན་དུ་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ། གནས་སྐབས་གཞན་ན་ཡོད་པ་ནི་རྣམ་པ་གཞན་དུའང་ཡིན་ཏེ། མི་སྡུག་པ་དང་དབུགས་འབྱུང་རྔུབ་དང་བྱམས་སོགས་སྒོམ་པ་ན་རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་དག་ཏུ་མ་ཟད་བུམ་པ་དང་སྣམ་བུ་དང་ཟོ་ཞིག་འཐུང་ཞིག་སོང་ཞིག་འདུག་ཅིག་ཅེས་པ་ལ་སོགས་པ་རང་སྤྱིའི་མཚན་ཉིད་ལས་གཞན་པའི་རྣམ་པ་ཅན་ཡང་ཡོད་དོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །བདེན་པ་བཞི་ཤེས་པ་ནི་རང་རང་གི་བདེན་པའི་རྣམ་པ་ཅན་དུ་འཇུག་པས་རྣམ་པ་བཞི་བཞི་པ་ཡིན་ནོ། །གཞན་སེམས་ཤེས་པའི་ཡུལ་གྱི་ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་ལམ་ཤེས་པ་ཡིན་པས་ལམ་ཤེས་པ་དེ་བཞིན་དུ་ལམ་བདེན་གྱི་རྣམ་པ་བཞི་ཅན་ཡིན་ཞིང་། །དྲི་མ་དང་བཅས་པའི་ཕ་རོལ་ཡིད་ཤེས་ནི་ཤེས་བྱ་སེམས་དང་སེམས་ལས་བྱུང་བའི་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་(ཏེ་འདོད་ཆགས་དང་བཅས་པ་ལ་སོགས་པ་ཤེས་པ་ཡིན།) ལ། དེ་ཡང་སེམས་འཛིན་པའི་ཚེ་སེམས་བྱུང་དང་སེམས་བྱུང་འཛིན་པའི་ཚེ་སེམས་མི་འཛིན་ལ། ཚོར་བ་འཛིན་པའི་འདུ་ཤེས་ལ་སོགས་པ་ཕན་ཚུན་མི་འཛིན་པས་ཕ་རོལ་སེམས་ཤེས་ཟག་བཅས་ཟག་མེད་གཉིས་ཀའང་སེམས་དང་སེམས་བྱུང་རྫས་རེ་རེ་ཞིག་སྤྱོད་ཡུལ་དུ་བྱེད་པ་ཡིན་ནོ། །
འོ་ན་བཅོམ་ལྡན་འདས་ཀྱིས་གནས་མང་པོ་ལས་འདོད་ཆགས་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་པའི་སེམས་ལ་ཡང་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་བཅས་བྲལ་དང་། ཀུན་ཏུ་བསྡུས་པ་དང་རྣམ་པར་གཡེངས་པ་དང་། ཞུམ་པ་དང་རབ་ཏུ་བཟུང་བ་དང་། ཆུང་ངུ་དང་ཆེན་པོར་གྱུར་པ་དང་། རྒོད་པ་དང་། དེ་མ་ཡིན་པ་དང་། ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་དང་། མཉམ་པར་མ་བཞག་པ་དང་བཞག་པ་དང་། མ་བསྒོམས་པ་དང་བསྒོམས་པ་དང་། རྣམ་པར་མ་གྲོལ་བ་དང་རྣམ་པར་གྲོལ་བའི་སེམས་ལ་རྣམ་པར་གྲོལ་བའི་སེམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་པའི་བར་དུ་གསུངས་པ་དང་འགལ་བར་འགྱུར་རོ་ཞེ་ན་བྱེ་བྲག་ཏུ་སྨྲ་བ་ནི་དེ་དག་རྫས་རེ་རེ་བའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་མཚུངས་ལྡན་གཉིས་ཅིག་ཅར་འཇིན་པ་ནི་མ་ཡིན་ཏེ། དཔེར་ན་ཤེས་པས་གོས་སོ་སྙམ་དུ་འཛིན་པའི་ཚེ་དྲི་མ་མི་འཛིན་ལ་དྲི་མའོ་སྙམ་དུ་འཛིན་པའི་ཚེ་གོས་མི་འཇིན་པ་བཞིན་ནོ། །མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ཞེས་གསུངས་པའི་འདོད་ཆགས་དང་བཅས་པ་ནི་འདོད་ཆགས་དང་མཚུངས་པར་ལྡན་པ་འདྲེས་པའི་འདོད་ཆགས་དང་བཅས་པ་དང་། དེ་དང་མཚུངས་པར་མི་ལྡན་ཡང་འདོད་ཆགས་ཀྱི་ཐོབ་པ་དང་བཅས་པའམ་འདོད་ཆགས་རྒྱས་འགྱུར་གྱི་དམིགས་པ་ཡིན་པས་ལྡན་པའི་འདོད་ཆགས་དང་བཅས་པ་གཉིས་ལས་དང་པོ་ནི་འདྲེས་པ་དང་ལྡན་པ་གཉིས་ཀས་འདོད་ཆགས་དང་བཅས་པ་ཡིན་ལ། གཉིས་པ་ནི་དེ་ལས་གཞན་པའི་ཟག་བཅས་ཐམས་ཅད་དེ། དེ་ནི་བདེན་པ་ཁོ་ནས་འདོད་ཆགས་དང་བཅས་པ་ཡིན་ནོ། །དེ་ལྟར་གཉིས་ལས་འདིར་ནི་ལྡན་པའི་འདོད་ཆགས་དང་བཅས་པ་ཉིད་ལ་དེ་དགོངས་པ་ཡིན་ནོ། །བྲལ་བ་ནི་གཉིས་ཀ་དང་བྲལ་བ་སྟེ་ཟག་པ་མེད་པའི་སེམས་སོ་ཞེས་འདོད་དོ། །
ཁ་ཅིག་ན་རེ་མདོ་འདིར་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་ལ་འདོད་ཆགས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བར་བཤད་པ་ཡིན་ཏེ། གལ་ཏེ་འདོད་ཆགས་དང་མཚུངས་པར་མི་ལྡན་པ་འདོད་ཆགས་དང་བྲལ་བ་ཡིན་པ་ན་ནི་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པའི་སེམས་ཀྱང་འདོད་ཆགས་དང་བྲལ་བ་ཡིན་པར་འགྱུར་བ་ཞིག་ན་འདོད་ཆགས་དང་མཚུངས་པར་མི་ལྡན་པ་དེ་འདོད་ཆགས་དང་བྲལ་བ་ནི་མ་བཤད་དེ། ཞེ་སྡང་དང་བཅས་པ་དང་གཏི་མུག་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །ཆོས་མངོན་པ་བ་དག་ན་རེ་དེ་ལྟ་ན་སེམས་ཉོན་མོངས་པ་ཅན་མ་ཡིན་པ་མ་བསྒྲིབས་ལུང་མ་བསྟན་ནི་འདོད་ཆགས་དང་བཅས་བྲལ་གཉིས་ཀ་མ་ཡིན་པར་འགྱུར་ཏེ། རིམ་པ་ལྟར་འདོད་ཆགས་དང་མཚུངས་པར་མི་ལྡན་ཞིང་། གཉེན་པོའང་མ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་མཚུངས་པར་མི་ལྡན་པ་ཙམ་ཆགས་བྲལ་དུ་མི་འདོད་པས་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ཆགས་བྲལ་དུའང་མི་འགྱུར་རོ། །དེས་ན་མཚུངས་པར་ལྡན་པ་དང་། མི་ལྡན་པའི་འདོད་ཆགས་དང་བཅས་པ་གཉིས་ལས་མདོ་འདིར་ནི་ལྡན་པའི་འདོད་ཆགས་དང་བཅས་པ་ཉིད་ལ་བཤད་པར་རིག་པར་བྱའོ་ཞེས་ཟེར་རོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་བཅས་པ་དང་བྲལ་བའང་ཤེས་པར་བྱའོ། །ཀུན་ཏུ་བསྡུས་པ་དང་རྣམ་པར་གཡེངས་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རིམ་པ་ལྟར་རྣམ་གཡེང་དང་མཚུངས་ལྡན་པར་མི་ལྡན་པ་དང་ལྡན་པའི་བྱེ་བྲག་གིས་དམིགས་པ་ལ་སེམས་མངོན་པར་སྡུད་པའི་ཕྱིར་དགེ་བ་དང་ཉོན་མོངས་ཅན་ཡིན་ནོ་ཞེས་ཟེར་རོ། །
ནུབ་ཕྱོགས་པ་རྣམས་ན་རེ་དེ་གཉིས་ནི་རིམ་པ་ལྟར་གཉིད་ཉོན་མོངས་ཅན་དང་གཉིད་ལས་གཞན་པའི་ཉོན་མོངས་དང་མཚུངས་པར་ལྡན་པ་ཡིན་པས་གཉིས་ཀའང་ཉོན་མོངས་ཅན་ཡིན་ནོ་ཞེས་ཟེར་རོ། །ཁ་ཆེ་བ་ན་རེ། དེ་ནི་མི་རིགས་ཏེ། དེ་ལྟ་ན་སེམས་དེ་ཉིད་ཉོན་མོངས་ཅན་གྱི་གཉིད་དང་མཚུངས་པར་ལྡན་པའི་ཕྱིར་བསྡུས་པའང་ཡིན་ལ། ཉོན་མོངས་ཅན་ཡིན་པའི་ཕྱིར་རྣམ་པར་གཡེངས་པའང་ཡིན་པར་འགྱུར་བས་དེ་གཉིས་མཚན་ཉིད་འཆོལ་པའི་སྐྱོན་དུ་འགྱུར་བའི་ཕྱིར་དང་། བསྟན་བཅོས་ལས། སེམས་ཀུན་དུ་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཤེས་པའི་ཤེས་པ་ནི་བཞི་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ལམ་ཤེས་པའོ་ཞེས་འབྱུང་བ་དང་འགལ་བའི་ཕྱིར་ཏེ། གལ་ཏེ་ཀུན་དུ་བསྡུས་པ་གཉིད་དང་མཚུངས་ལྡན་ལ་འདོད་ན་རྗེས་ཤེས་དང་ལམ་ཤེས་པས་ཀུན་དུ་བསྡུས་པའི་སེམས་ལ་མི་དམིགས་པར་འགྱུར་ཏེ། ཁམས་གོང་མ་ན་གཉིད་མེད་ཅིང་། འདོད་ཁམས་ན་གཉིད་ཡོད་ཀྱང་རྗེས་ཤེས་འདོད་ཁམས་ལ་མི་དམིགས་པའི་ཕྱིར་དང་། ལམ་ཤེས་པ་ནི་ལམ་བདེན་ཁོ་ན་ལ་དམིགས་ལ་ལམ་བདེན་ནི་གཉིད་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དེས་ན་ཁྱོད་ལྟར་ན་བསྟན་བཅོས་ལས་འདི་སྐད་དུ་དེ་ཤེས་པའི་ཤེས་པ་ནི་གཉིས་ཏེ། ཆོས་ཤེས་པ་དང་། ཀུན་རྫོབ་ཤེས་པའོ་ཞེས་བརྗོད་དགོས་པར་འགྱུར་ཏེ། རྗེས་ཤེས་དང་ལམ་ཤེས་པས་དེ་མི་ཤེས་པའི་ཕྱིར་རོ། །
ཁོ་བོ་ཅག་ལྟར་ན་ནི་ཀུན་དུ་བསྡུས་པའི་སེམས་ནི་དགེ་བ་ཁོ་ན་ཡིན་པས་མཚན་ཉིད་འཆོལ་བའི་ཉེས་པར་ཡང་མི་འགྱུར་ལ། བསྟན་བཅོས་དང་འགལ་བའང་མེད་དེ། ཀུན་དུ་བསྡུས་པའི་སེམས་དགེ་བ་ནི་ཁམས་གསུམ་གྱིས་བསྡུས་བ་ཟག་བཅས་དང་མ་བསྡུས་པ་ཟག་མེད་གཉིས་ཀ་ཡིན་པས་ཁམས་གོང་མ་གཉིས་ཀྱི་སེམས་དགེ་བ་ཟག་བཅས་ལ་དམིགས་པ་ཟག་མེད་ཀྱི་ཤེས་པ་ནི་རྗེས་ཤེས་ཡིན་ལ། ལམ་བདེན་གྱིས་བསྡུས་པའི་སེམས་དགེ་བ་ཟག་མེད་ལ་དམིགས་པ་ནི་ལམ་ཤེས་པའང་ཡིན་པས་རྗེས་ཤེས་དང་ལམ་ཤེས་ཀྱི་དམིགས་པར་ཡང་གྲུབ་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་བཞིན་དུ་ཞུམ་པ་ནི་ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་ཅན་ནོ། །རབ་ཏུ་བཟུང་བ་ནི་བརྩོན་འགྲུས་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བའོ། །ཆུང་ངུ་ནི་ཆགས་སྡང་གཉིས་མཚུངས་པར་མི་ལྡན་པས་གཏི་མུག་དང་ཆགས་སྡང་གཉིས་པོ་གང་རུང་རེའི་རྩ་བ་གཉིས་དང་མཚུངས་པར་ལྡན་པ་དང་། འབད་པས་བསྒྲུབ་པར་བྱ་བ་མ་ཡིན་པ་དང་། དེ་དང་འདྲ་བ་མ་འོངས་པ་ཐོབ་པ་མེད་པ་དང་། རྗེས་སུ་འབྲང་བའི་གཟུགས་མེད་པས་རྣམ་ཤེས་ལ་ཚོར་བ་ལ་སོགས་པ་ཕུང་པོ་གསུམ་གྱི་རྗེས་སུ་འབྲང་བ་དང་བཅས་པ་དང་། ལོག་ལྟས་ཀྱང་དགེ་བ་གཏན་དུ་གཅོད་མི་ནུས་པས་རིམ་པ་ལྟར་རྩ་བ་དང་རིན་དང་འཁོར་དང་རྗེས་སུ་འབྲང་བ་དང་སྟོབས་ཆུང་བས་དགེ་བ་ཆུང་ངུ་དག་གིས་བསྟེན་པའི་ཕྱིར་ཉོན་མོངས་ཅན་ནོ། །ཆེན་པོ་ནི་མ་ཆགས་པ་ལ་སོགས་པ་གསུམ་ཕན་ཚུན་མེད་ན་མི་འབྱུང་བས་རྩ་བ་གསུམ་དང་མཚུངས་པར་ལྡན་པ་དང་། ཚོགས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པ་(ས་རིན་ཆེ་བ་)དང་། རྙེད་དང་བསྟེན་ཅེས་བྱ་བ་ནི། དགེ་བ་འདུས་བྱས་ཐོབ་པའོ་ཞེས་པས་དགེ་བ་འདུས་བྱས་ལ་དེ་དང་འདྲ་བ་མ་འོངས་པ་ཐོབ་པ་ཡོད་པ་དང་། རྣམ་ཤེས་ལ་འཁོར་ཚོར་བ་ལ་སོགས་པ་གསུམ་དང་གཟུགས་ཀྱི་ཕུང་པོ་བསམ་གཏན་ཟག་མེད་ཀྱི་སྡོམ་པས་བསྡུས་པ་དང་བཅས་པས་ཕུང་པོ་བཞིའི་རྗེས་སུ་འབྲང་བ་དང་བཅས་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་གཅིག་གིས་ཀྱང་མཐོང་སྤང་གི་ཕྲ་རྒྱས་བཅུ་གཏན་དུ་འཇོམས་པས་རིམ་པ་ལྟར་རྩ་བ་དང་རིན་དང་འཁོར་དང་རྗེས་སུ་འབྲང་བ་དང་སྟོབས་ཆེ་བས་དགེ་བ་ཆེན་པོ་དག་གིས་བསྟེན་པའི་ཕྱིར་དགེ་བ་ཡིན་ནོ། །རྒོད་པ་དང་རྒོད་པ་མ་ཡིན་པ་ནི་རིམ་པ་ལྟར་རྒོད་པ་དང་མཚུངས་པར་ལྡན་པ་དང་དེའི་གཉན་པོ་ཡིན་པའི་ཕྱིར་ཉོན་མོངས་ཅན་དང་དགེ་བའོ། །རྣམ་པར་མ་ཞི་བ་དང་ཞི་བའང་དེ་དང་འདྲའོ། །མཉམ་པར་མ་བཞག་པ་དང་བཞག་པ་ནི་རིམ་པ་ལྟར་རྣམ་གཡེང་དང་མཚུངས་པར་ལྡན་པ་དང་དེའི་གཉེན་པོ་ཡིན་པའི་ཕྱིར་ཉོན་མོངས་ཅན་དང་དགེ་བའོ། །མ་བསྒོམས་པ་ནི་སྔོན་མ་ཐོབ་པ་ལས་འཐོབ་པ་དང་། ཐོབ་ཟིན་མངོན་དུ་བྱེད་པའི་བསྟེན་པའི་སྒོམ་པ་དག་གི་མ་བསྒོམ་པའི་ཕྱིར་ཉོན་མོངས་ཅན་ནོ། །བསྒོམ་པ་ནི་དེ་གཉིས་ཀྱིས་བསྒོམས་པའི་ཕྱིར་དགེ་བའོ། །རྣམ་པར་མ་གྲོལ་བ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་། ཉོན་མོངས་པ་ཟད་པའི་རྒྱུད་ལ་མི་སྐྱེ་བས་གོ་རིམ་བཞིན་དུ་རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་དག་གིས་རྣམ་པར་མ་གྲོལ་བས་ཉོན་མོངས་ཅན་དང་། རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང་མཚུངས་པར་མི་ལྡན་པ་དང་ཉོན་མོངས་པ་ཟད་པའི་རྒྱུད་ལ་སྐྱེ་བས་རིམ་པ་ལྟར་རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་དག་གིས་རྣམ་པར་གྲོལ་བས་དགེ་བ་ཡིན་ནོ་ཞེས་འདོད་དོ། །
སློབ་དཔོན་ནི་དེ་ལྟར་བྱས་ན་མདོ་དང་མི་མཐུན་པ་དང་། སོ་སོའི་ཁྱད་པར་མ་བཤད་པ་ཡིན་ཏེ། དེ་ལ་དང་པོ་ནི་མདོ་ལས། ཇི་ལྟར་ན་སེམས་ནང་དུ་ཀུན་དུ་བསྡུས་པ་ཡིན་ཞེ་ན། །སེམས་གང་རྨུགས་པ་དང་གཉིད་དང་ལྷན་ཅིག་པར་གྱུར་ཅིང་ནང་དུ་ཀུན་དུ་འགོག་པ་དང་ལྷན་ཅིག་པར་གྱུར་ལ་ལྷག་མཐོང་དང་མཚུངས་པར་མི་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཕྱི་རོལ་ཏུ་རྣམ་པར་གཡེངས་པ་ཡིན་ཞེ་ན། སེམས་གང་འདོད་པའི་ཡོན་ཏན་ལྔ་རྣམས་ལ་རྗེས་སུ་གཡེངས་པ་ཡིན་ཞིང་རྣམ་པར་འཕྲོས་པ་ཡིན་ནོ་ཞེས་ཀུན་དུ་བསྡུས་པ་ནི་རྨུགས་གཉིད་དང་མཚུངས་ལྡན་ལ་བཤད་པས་གཉིས་ཀའང་ཉོན་མོངས་ཅན་དུ་བཤད་པའི་ཕྱིར་རོ། །འོ་ན་བསྟན་བཅོས་ལས། སེམས་ཀུན་ཏུ་བསྡུས་པ་ཡང་དག་པ་བཞིན་རབ་ཏུ་ཤེས་སོ་ཞེས་པ་ནས་ལམ་ཤེས་སོ་ཞེས་པའི་བར་དུ་བཤད་པ་དང་འགལ་ལོ་ཞེ་ན། སངས་རྒྱས་ཀྱིས་མ་གསུངས་པས་བསྟན་བཅོས་དང་འགལ་བ་ནི་སླའི་མདོའི་དོན་སྤོང་བ་ནི་རིགས་པ་མ་ཡིན་ནོ། །སོ་སོའི་ཁྱད་པར་མ་བཤད་པ་ནི་རྣམ་པར་གཡེངས་པ་དང་ཞུམ་པ་དང་ཆུང་ངུ་དང་རྒོད་པ་དང་རྣམ་པར་མ་ཞི་བ་དང་མཉམ་བར་མ་བཞག་པ་དང་མ་བསྒོམས་པ་དད་རྣམ་པར་མ་གྲོལ་བ་ཞེས་བྱ་བ་བརྒྱད་པོ་ཐམས་ཅད་ཉོན་མོངས་ཅན་དང་། །ཀུན་དུ་བསྡུས་པ་དང་རབ་ཏུ་བཟུང་བ་དང་ཆེན་པོ་དང་རྒོད་པ་མ་ཡིན་པ་དང་རྣམ་པར་ཞི་བ་དང་མཉམ་པར་བཞག་པ་དང་བསྒོམས་པ་དང་རྣམ་པར་གྲོལ་བ་ཞེས་བྱ་བ་བརྒྱད་དགེ་བ་ཁོ་ནར་བཤད་པས་སོ་སོའི་མཚན་ཉིད་ཐ་དད་མ་བཤད་པའི་ཕྱིར་རོ། །
བྱེ་བྲག་ཏུ་སྨྲ་བ་ན་རེ་དེ་དག་ཉོན་མོངས་ཅན་དང་དགེ་བར་མཚུངས་ཀྱང་སོ་སོའི་ཉེས་པ་དང་ཡོན་ཏན་གྱི་ཁྱད་པར་བཤད་ཟིན་པའི་ཕྱིར་སོ་སོའི་མཚན་ཉིད་མ་བཤད་པར་མ་གྲུབ་བོ་ཞེས་ཟེར་མོད་ཀྱི་འོན་ཀྱང་མདོ་དང་འགལ་བའི་ཉེས་པ་ནི་ཡོད་དོ། །དེའི་ཕྱིར་མདོའི་དོན་ནི་འདོད་ཆགས་དང་མཚུངས་པར་ལྡན་པ་དང་མཚུངས་པར་མི་ལྡན་པའི་སེམས་ནི་རིམ་པ་ལྟར་འདོད་ཆགས་དང་བཅས་པ་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་ཤེས་པར་བྱ་སྟེ། ཏིང་ངེ་འཛིན་མི་རྩོམ་པ་དང་། རྩོམ་ལ་མ་ཐོབ་པ་དང་། ཐོབ་པའི་དབང་དུ་བྱས་ནས་དྲུག་དང་བཅུ་གཉིས་དང་བཞི་རིམ་པ་བཞིན་དུ་གསུངས་སོ་ཞེས་འཆད་དོ། །
གཞན་ཡང་ཕ་རོལ་སེམས་ཤེས་ཀྱིས་སེམས་འདི་ཆགས་པ་དང་བཅས་པའོ་ཞེས་བྱ་བར་ཤེས་ཀྱི་གཟུགས་འདི་ལ་ཆགས་པ་དང་བཅས་པའོ་ཞེས་སེམས་དེའི་དམིགས་ཡུལ་ནི་མི་ཤེས་ཏེ། གལ་ཏེ་ཤེས་ན་གཟུགས་ལ་དམིགས་པས་ཕ་རོལ་སེམས་ཤེས་མ་ཡིན་པར་འགྱུར་བའི་ཕྱིར་དང་། གཞན་གྱི་སེམས་དེས་རང་གི་སེམས་ལ་དམིགས་པ་ན་རང་གི་སེམས་ཀྱི་ངོ་བོའང་འཛིན་པར་འགྱུར་བའི་ཕྱིར་རོ། །དེས་ན་ཕ་རོལ་སེམས་ཤེས་ཐམས་ཅད་ནི་ཡུལ་ཟག་བཅས་ཟག་མེད་ཀྱི་མཚུངས་ལྡན་དང་། རང་གི་མཚན་ཉིད་འཛིན་པ་དང་། དེ་ཡང་དུས་ད་ལྟར་བྱུང་བ་དང་། ཕ་རོལ་གྱི་རྒྱུད་ཀྱིས་བསྡུས་པ་དང་། ས་བསམ་གཏན་གྱི་དངོས་གཞིས་བསྡུས་པ་དང་། གཟུགས་ལ་བརྟེན་ནས་བསྒྲུབ་པར་བྱ་བ་ཡིན་པས་རྟེན་ཁམས་འོག་མ་གཉིས་ཀྱིས་བསྡུས་པ་དང་། ལམ་སྒོམ་ལམ་གྱི་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་ཅན་གྱིས་ལམ་གྱི་བསྡུས་པ་ཡིན་གྱི་གཟུགས་ལ་སོགས་པ་དང་། སྤྱིའི་མཚན་ཉིད་དང་། འདས་མ་འོངས་དང་། རང་གི་རྒྱུད་དང་། གཟུགས་མེད་ལ་དམིགས་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པས་ཆགས་བཅས་ལའང་ཕ་རོལ་སེམས་ཤེས་མེད་དེ། གཞན་ཡིད་ཤེས་པ་བསམ་གཏན་བཞི་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །ཡུལ་ཅན་ཡང་མཐོང་ལམ་དང་བསམ་གཏན་གྱི་ཉེས་བསྡོགས་དང་། བར་ཆད་མེད་པའི་ལམ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ལ་གཞན་གྱི་སེམས་ཤེས་བཀག་སྟེ། དེ་དག་ནི་སྤྱིའི་མཚན་ཉིད་ལ་དམིགས་པ་དང་། བར་ཆད་མེད་ལམ་ལ་བཀག་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་རྟོག་ཅིང་འཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་དང་། དེ་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །རྣམ་པའང་ཟག་མེད་ནི་ལམ་བདེན་གྱི་རྣམ་པ་ཅན་ཡིན་པས་སྨོན་པ་མེད་པའི་རྣམ་པ་ཅན་ཡིན་གྱི་སྟོང་པ་དང་མཚན་མེད་ཀྱི་རྣམ་པ་ཅན་ནི་མ་ཡིན་ཏེ། དེ་གཉིས་ནི་རིམ་པ་ལྟར་སྡུག་བསྔལ་དང་འགོག་པ་ཤེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱར་འདོད་དོ། །འདི་དག་གི་རྒྱུ་མཚན་ཡང་བྱེ་བྲག་ཏུ་སྨྲ་བས་རྣམ་པར་བརྟགས་པ་ཁོ་ན་ཡིན་ཏེ། ཡི་གེ་མང་པས་འཇིགས་པས་རྣམ་པར་དཔྱད་པ་ནི་མ་བྲིས་སོ། །
དེ་ལྟར་ཞར་ལ་འོངས་པ་བཤད་ནས་སྐབས་སུ་བབས་པ་བཤད་པ་ནི་སྔར་ཤེས་པ་བརྒྱད་ཡན་ཆད་བཤད་པའི་ལྷག་མ་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་བཞི་ཅན་ཡིན་ཏེ། ཤེས་པ་དེ་དག་དོན་དམ་པའི་ཡུལ་ཅན་ཡིན་ཡང་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པ་རྗེས་ཐོབ་ཀྱི་ཤེས་པས་བདག་གི་ཐ་སྙད་འདོགས་ཤིང་བདག་སྟོང་པ་མ་ཡིན་ལ་རྗེས་ཐོབ་ཀྱང་ཀུན་རྫོབ་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང་། མཉམ་གཞག་ཀྱང་དེ་དང་མཐུན་པར་བྱ་བའི་ཕྱིར་སྟོང་པ་དང་བདག་མེད་གཉིས་མི་བསྒོམ་པས་སྟོང་པ་དང་བདག་མེད་པའི་རྣམ་པ་གཉིས་མ་གཏོགས་སོ། །
ཅི་ཟག་མེད་ལ་རང་གི་མཚན་ཉིད་ཀྱི་རྣམ་པ་གཞན་ཡོད་དམ་མེད་ཅེ་ན། རེ་ཞིག་ཁ་ཆེ་བ་རྣམས་ན་རེ་དྲི་མ་མེད་པ་ལ་ནི་བཅུ་དྲུག་ལས་གཞན་པའི་རྣམ་པ་མེད་དོ་(བདེན་པའི་རྣམ་པ་ཅན་འདིར་འདུས་ལ། འདུས་མ་བྱས་གཞན་གཉིས་ནི་ཀུན་རྫོབ་ཤེས་པའི་ཡུལ་ལོ། །)ཞེས་ཟེར་རོ། །གཞན་ཉི་འོག་པ་དག་ནི་བཅུ་དྲུག་ལས་གཞན་ཡང་ཡོད་ཅེས་པ་འདོད་དེ། བསྟན་བཅོས་རྣམ་ཤེས་ཀྱི་ཚོགས་ལས། མི་ལྡན་པའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་རྣམས་ཤེས་པར་འགྲུར་བ་ཡོད་དམ་ཞེ་ན། ཤེས་པར་འགྱུར་ཏེ། རིགས་པས་བསྐྱེད་པའི་སྒོ་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་དང་། འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བར་ཤེས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་མི་ལྡན་པའི་སེམས་ནི་ཟག་པ་མེད་པའོ། །རིགས་པས་བསྐྱེད་པ་ནི་ཕྱིན་ཅི་མ་ལོག་པའོ། །གནས་ནི་མཚན་ཉིད་དོ། །གཞི་ནི་རྒྱུའོ། །གལ་ཏེ་དེ་ནི་མི་རྟག་པ་ལ་སོགས་པར་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་དང་གཞི་ཡོད་དོ་ཞེས་སྟོན་པ་ཡིན་གྱི་བདེན་པའི་རྣམ་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚིག་དེ་གཉིས་བསྟན་བཅོས་ཀྱི་གཞུང་གི་ཆ་གཞན་ནས་མི་འབྱུང་བའི་ཕྱིར་ཏེ། འདི་ལྟར་བསྟན་བཅོས་དེ་ཉིད་ལས། མཐོང་བས་སྤང་བར་བྱ་བའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་རྣམས་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། ཤེས་པར་འགྱུར་ཏེ། རིགས་པ་མ་ཡིན་པས་བསྐྱེད་པའི་སྒོ་ནས་བདག་དང་། བདག་གི་དང་། ཆད་པ་དང་། རྟག་པ་དང་། རྒྱུ་མེད་པ་དང་། བྱེད་པ་མེད་པ་དང་། སྐུར་བ་འདེབས་པ་དང་། མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། དམ་པ་དང་། དག་པ་དང་། གྲོལ་བ་དང་། ངེས་པར་འབྱིན་པར་བྱེད་པ་དང་། ནེ་མ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་དུ་ཤེས་པར་འགྱུར་ཞིང་། ཆགས་པ་དང་། སྡང་བ་དང་། རློམ་པ་དང་། རྨོངས་པར་འགྱུར་རོ་ཞེས་གང་གསུངས་པ་དེར་ཡང་འདི་སྐད་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ། །ཞེས་འབྱུང་བར་འགྱུར་བ་ཞིག་ན་དེར་མ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །
འདི་ཡང་མདོ་སྡེ་པ་ལ་སོགས་པ་ཁ་ཅིག་ནི་རྣམ་པ་བཅུ་དྲུག་ཏུ་བཤད་པ་ནི་མིང་གི་སྒོ་ནས་ཡིན་གྱི་རྗེས་སུ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་དང་བདེན་པ་གཞན་གསུམ་ནི་རྒྱུ་དང་འགོག་པ་དང་ལམ་གྱི་རྣམ་པ་རེ་རེ་བ་ཡིན་པས་བདུན་ཡིན་ཏེ། རྣམ་པ་ཕྱི་མ་དག་ནི་དང་པོ་དག་གི་རྣམ་གྲངས་ཙམ་ཡིན་པའི་ཕྱིར་དཔེར་ན་དབང་པོ་དང་བརྒྱ་བྱིན་དང་གྲོང་ཁྱེར་འཇིག་ཅེས་བྱ་བ་བཞིན་ནོ་ཞེས་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་ནི་དོན་དམ་པར་ནི་རྫས་སུ་རྣམ་པ་བཅུ་དྲུག་གོ་ཞེས་འདོད་དེ། དེ་ལ་རྐྱེན་ལ་རག་ལུས་པའི་ཕྱིར་མི་རྟག་པའོ། །གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །བདག་གིར་ལྟ་བའི་མི་མཐུན་ཕྱོགས་ཡིན་པས་སྟོང་པའོ། །བདག་ཏུ་ལྟ་བའི་མི་མཐུན་ཕྱོགས་ཡིན་པས་བདག་མེད་པའོ། །སྡུག་བསྔལ་གྱི་ས་བོན་གྱི་ཆོས་ཀྱི་ཚུལ་གྱི་རྒྱུའོ། །དེ་མ་ཐག་ཏུ་འབྱུང་བས་ན་ཀུན་འབྱུང་བའོ། །རྒྱུན་གྱི་འབྲེལ་བས་ན་རབ་ཏུ་སྐྱེ་བའོ། །རྒྱུ་རྐྱེན་མང་པོས་མངོན་པར་བསྒྲུབས་པས་རྐྱེན་ནོ། །སྡུག་བསྔལ་གྱི་ཕུང་པོ་ཞིག་པས་འགོག་པའོ། །འདོད་ཆགས་ལ་སོགས་པ་དུག་གསུམ་གྱི་མེ་གསུམ་ཞི་བའི་ཕྱིར་ཞི་བའོ། །སྡུག་བསྔལ་གྱི་འཚེ་བ་མེད་པས་གྱ་ནོམ་པའོ། །ལས་དང་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་བྲལ་བས་ངེས་པར་འབྱུང་བའོ། །ཐར་པར་བགྲོད་པར་བྱེད་པས་ལམ་མོ། །ཐབས་ཀྱི་རིགས་པ་དང་ལྡན་པས་རིགས་པའོ། །མྱང་འདས་ཡང་དག་པར་སྒྲུབ་པས་སྒྲུབ་པའོ། །གཏན་དུ་ཡང་དག་པར་འདའ་བར་བྱེད་པས་ངེས་པར་འབྱིན་པའོ། །རྣམ་པ་གཅིག་ཏུ་ན་རྟག་པ་དང་། བདེ་བ་དང་། བདག་གིར་དང་། བདག་ཏུ་ལྟ་བ་དང་། རྒྱུ་མེད་པ་དང་། རྒྱུ་གཅིག་པུ་དང་། རང་བཞིན་རྟག་ལ་གནས་སྐབས་རྣམ་པར་འགྱུར་བ་དང་། བློ་སྔར་བཏང་བར་ལྟ་བ་དང་། ཐར་པ་མེད་པ་དང་། སྡུག་བསྔལ་ལ་ཐར་པར་ལྟ་བ་དང་། བསམ་གཏན་གྱི་བདེ་བ་གྱ་ནོམ་པ་དང་། ཡང་དང་ཡང་ཉམས་པར་འགྱུར་བས་ཐར་པ་གཏན་དུ་བ་མ་ཡིན་པར་ལྟ་བ་དང་། ལམ་མེད་དོ། །ལམ་འདི་ངན་ནོ། །འདི་ལས་གཞན་ཡང་ལམ་ཡིན་ནོ། །ལམ་འདི་ཡང་ལྡོག་གོ་སྙམ་པའི་ལྟ་བ་དཔྱད་པ་བཅུ་དྲུག་གི་གཉེན་པོར་གོ་རིམ་བཞིན་དུ་མི་རྟག་པ་ལ་སོགས་བཅུ་དྲུག་ཡིན་ནོ། །
ཡང་རྣམ་པ་ཉིད་གང་ཞེ་ན། རྣམ་པ་ནི་ཤེས་རབ་ཡིན་ལ་དེ་ཡང་ཡུལ་འཛིན་པ་ན་ཤེས་རབ་ཁོ་ནས་འཛིན་པ་མ་ཡིན་གྱི་ཤེས་རབ་དེ་དང་བཅས་པའི་དམིགས་པ་དང་བཅས་པ་ཐམས་ཅད་ཀྱིས་འཛིན་པར་བྱེད་དེ། ཤེས་རབ་ནི་ས་མང་པོ་བ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་(རྫས་དང་བཏགས་པར་)ཡོད་པ་ཐམས་ཅད་ཀྱང་གཟུང་བྱ་ཡིན་(ཏེ་དེ་དག་གི་མི་འཛིན་པ་གང་ཡང་མེད་པ་ཡིན་)ནོ། །དེ་ལྟར་ན་ཤེས་རབ་ནི་རྣམ་པ་དང་འཛིན་པ་དང་གཟུང་བར་བྱ་བ་གསུམ་ག་དང་། ཤེས་རབ་ལས་གཞན་པའི་དམིགས་བཅས་ཐམས་ཅད་ནི་འཛིན་པ་དང་གཟུང་བར་བྱ་བ་གཉིས་དང་། དམིགས་པ་མེད་པ་རྣམས་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །མདོ་སྡེ་པ་ལ་སོགས་པ་རྣམས་ན་རེ་གལ་ཏེ་ཤེས་རབ་རྣམ་པར་འདོད་ན་དེ་ཉིད་གྲོགས་སུ་ལྡན་པའམ་ངོ་བོ་ཡིན་པས་རྣམ་པ་དང་བཅས་པ་ཡིན། དང་པོ་ལྟར་ན་ཤེས་རབ་ཉིད་རྣམ་པ་དང་བཅས་པར་མི་འགྱུར་ཏེ། ཤེས་རབ་ཤེས་རབ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཤེས་རབ་ལས་གཞན་པའི་མཚུངས་ལྡན་རྣམས་རྣམ་པ་དང་བཅས་པ་མ་ཡིན་པར་འགྱུར་རོ། །དེ་དག་གང་ཡང་རུང་བས་རྣམ་པ་དང་བཅས་པ་མ་ཡིན་པར་འདོད་ན་ཡང་། སེམས་དང་སེམས་བྱུང་དང་། རྟེན་དང་དམིགས་དང་རྣམ་བཅས་དང་། མཚུངས་པར་ལྡན་པའང་རྣམ་པ་ལྔ། །ཞེས་འདོད་པ་དང་འགལ་བར་འགྱུར་རོ། །དེའི་ཕྱིར་དམིགས་པ་ནི་ཡུལ་དང་། རྣམ་པ་ནི་བློའི་འཛིན་སྟངས་ཏེ་ཡུལ་གྱི་རྣམ་པ་ཅན་(གྱི་སེམས་སེམས་བྱུང་ཐམས་ཅད་)ལ་འདོད་དོ་ཞེས་ཟེར་རོ། །
ཡང་ཤེས་པ་བཅུ་པོ་འདི་དག་གི་ངོ་བོ་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཞེ་ན། དང་པོ་ཀུན་རྫོབ་ཤེས་པ་ནི་ཅི་རིགས་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཆར་ཡིན་ལ། ཤེས་པ་གཞན་དགུ་པོ་རྣམས་ནི་དགེ་བ་འབའ་ཞིག་པ་ཡིན་ནོ། །(འདིར་སེམས་ཤེས་ཟག་བཅས་ཀྱང་སྒོམ་བྱུང་གཟུང་ལ་ལྷག་མ་ནི་ལམ་བདེན་ཀྱིས་བསྡུས་སོ་ཞེས་གསུང་ངོ་། །)བཞི་པ་ནི་ཤེས་པ་དང་པོ་ཀུན་རྫོབ་ཤེས་པ་ནི་འདོད་པ་ནས་སྲིད་རྩེའི་བར་གྱི་ས་རྣམས་ཐམས་ཅད་ན་ཡོད་དེ། (ཁམས་གསུམ་ལ་དམིགས་པ་ཐམས་ཅད་དེར་འདོད་པས་སོ། །)བསམ་གཏན་དང་པོའི་ཉེར་བསྡོགས་ལ་སོགས་པ་བསམ་གཏན་ས་དྲུག་ན་ཆོས་ཤེས་པ་ཞེས་བྱ་བ་ཡོད་དེ། ས་དེ་དག་འདོད་པའི་སྡུག་བསྔལ་ལ་སོགས་པའི་(བདེན་པ་)ལ་དམིགས་པའི་ཕྱིར་དང་། གཟུགས་མེད་འདོད་པ་ལ་མི་དམིགས་པའི་ཕྱིར་མེད་དོ། །བསམ་གཏན་དྲུག་དང་གཟུགས་མེད་དང་པོ་གསུམ་སྟེ་ཟག་མེད་ས་དགུ་ན་རྗེས་སུ་ཤེས་པ་ཞེས་བྱ་བ་ཡོད་ལ། དེ་ཡང་གཟུགས་མེད་དང་པོ་གསུམ་ན་ནི་རྗེས་ཤེས་སྒོམ་ལམ་གྱིས་བསྡུས་པ་ཁོ་ན་ཡོད་དོ། །ཇི་ལྟར་རྗེས་ཤེས་ས་དགུ་ན་ཡོད་པ་དེ་བཞིན་དུ་བདེན་པ་བཞི་ཤེས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཏེ་དྲུག་ཀྱང་ས་དགུ་པོ་དེ་དག་ན་ཡོད་དོ། །འདིར་ཡང་ཆོས་ཤེས་ཀྱིས་བསྡུས་པ་ས་དྲུག་དང་རྗེས་ཤེས་ཀྱིས་བསྡུས་པ་ས་དགུ་ཆར་ན་ཡོད་ལ་དེ་ཡང་གཟུགས་མེད་དང་པོ་གསུམ་ན་ཡོད་པའི་བདེན་པ་བཞི་ཤེས་པ་ནི་རྗེས་ཤེས་ཀྱི་ཕྱོགས་སྒོམ་ལམ་གྱིས་བསྡུས་པ་ཁོ་ན་ཡོད་དོ། །གཞན་གྱི་ཡིད་ཤེས་པ་ནི་བསམ་གཏན་གྱི་དངོས་གཞི་བཞི་ཁོ་ན་ནི་ཡོད་ཀྱི་གཞན་ན་མེད་དོ། །(འདི་མངོན་ཤེས་ཀྱིས་བསྡུས་ལ། རྣམ་གནས་ནི་གཟུགས་ལ་རྩོམ་པས་དེ་ཉེར་བ་སྡོགས་དང་གཟུགས་མེད་ན་མེད་དོ། །)གཞན་གྱི་སེམས་ཤེས་དེ་ནི་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་པ་ལ་རྟེན་པ་ནི་མ་ཡིན་ཏེ། གང་ཟག་ཕན་ཚུན་ཡུལ་མ་ཡིན་པའི་ཕྱིར་རོ། །
ཆོས་ཤེས་པ་ཞེས་བྱ་བ་ནི་འདོད་པའི་རྟེན་ཅན་ཁོ་ན་ཡིན་ཏེ། འདོད་པའི་གཉེན་པོ་ཡིན་པའི་ཕྱིར་ཁམས་གོང་མ་གཉིས་སུ་ནི་ཆོས་ཤེས་མངོན་དུ་མི་བྱེད་དེ། ཆོས་ཤེས་འདོད་པ་ལ་དམིགས་པ་ལ་གཟུགས་མེད་འདོད་པ་ལ་མི་དམིགས་པའི་ཕྱིར་དང་། ཆོས་ཤེས་ནི་གཙོར་འདོད་པ་སུན་འབྱིན་པ་ཡིན་ན་གཟུགས་ཁམས་སུ་སྐྱེས་པ་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་དང་། ས་འཕོས་པས་བཏང་བས་དེ་སུན་མི་འབྱིན་པའི་ཕྱིར་རོ། །འདོད་པར་སྐྱེས་པ་ནི་འདོད་ཆགས་དང་བྲལ་ཡང་འདོད་ཁམས་ཀྱི་ཕུང་པོའི་ལྷག་མ་ལུས་པའི་ཕྱིར་ཆོས་ཤེས་མངོན་དུ་བྱེད་དེ་ཞེས་ཁ་ཅིག་ཟེར་རོ། །སློབ་དཔོན་འདུན་བཟང་ན་རེ་ཆོས་ཤེས་ནི་འདོད་པ་ལ་ཁོ་ནར་མངོན་དུ་བྱེད་ཀྱི་ཁམས་གོང་མ་གཉིས་སུ་ནི་མ་ཡིན་ཏེ། ཆོས་ཤེས་དེ་ལ་སྙོམས་པར་འཇུག་སྡང་གི་སེམས་རྣམས་འདོད་པ་ཁོ་ན་ན་ཡོད་པའི་ཕྱིར་རོ། །ཡང་ན་ཆོས་ཤེས་ཀྱི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་ཀྱི་རྟེན་འདོད་པའི་འབྱུང་བཞི་ཡིན་པས་དེ་དག་ཁམས་གོང་མ་གཉིས་ན་མེད་པའི་ཕྱིར་ཆོས་ཤེས་འདོད་པའི་རྟེན་ཅན་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཁམས་གསུམ་པའི་རྟེན་ཅན་ནི་ཕ་རོལ་སེམས་ཤེས་དང་ཆོས་ཤེས་ལས་གཞན་པའི་ཤེས་པ་བརྒྱད་པོ་དག་ཡིན་ནོ། །
ལྔ་པ་ནི་འོ་ན་ཤེས་པ་འདི་དག་དྲན་པ་ཉེར་གཞག་གང་གི་ངོ་བོ་ཡིན་ཞེ་ན། འགོག་པ་ཤེས་པའི་བློ་ནི་དྲན་པ་ཉེ་བར་བཞག་པ་གཅིག་ཁོ་ན་སྟེ། དྲན་པ་ཉེར་གཞག་བསྟན་པ་ལས། ཆོས་ནི་ལུས་དང་ཚོར་བ་དང་སེམས་དག་ལས་གཞན་པ་ཡིན་ནོ་ཞེས་འབྱུང་བས་ཆོས་དྲན་པ་ཉེར་གཞག་ཁོ་ན་ཡིན་པའི་ཕྱིར་རོ། །ཕ་རོལ་གྱི་སེམས་ཤེས་པའི་བློ་ནི་ལུས་ལ་མི་དམིགས་པས་དྲན་པ་ཉེར་གཞག་ཕྱི་མ་གསུམ་མོ། །འགོག་པ་དང་ཕ་རོལ་སེམས་ཤེས་ལས་གཞན་པ་ཤེས་པ་ལྷག་མ་བརྒྱད་ནི་ཅི་རིགས་པར་སྡུག་བསྔལ་ཤེས་པ་ལ་སོགས་པ་དེ་དག་རེས་འགའ་ལུས་ནས་རེས་འགའ་ཆོས་ཀྱི་བར་ལ་དམིགས་ཤིང་། ལས་ཤེས་པའང་གལ་ཏེ་ཟག་མེད་ཀྱི་སྡོམ་པ་ལ་དམིགས་ན་དེ་ལུས་དྲན་པ་ཉེར་གཞག་ཏུའང་འགྱུར་བས་དྲན་པ་ཉེར་གཞག་བཞི་ག་ཡིན་ནོ། །(ཀུན་རྫོབ་ཤེས་པ་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར།)
དྲུག་པ་ནི་འོ་ན་ཤེས་པ་དེ་དག་ཕན་ཚུན་གང་གིས་དམིགས་པར་གང་གྱུར་ཞེ་ན། ཆོས་ཤེས་པའི་བློའི་སྤྱོད་ཡུལ་ཏེ་དམིགས་པ་ནི་ཤེས་པ་དགུ་ཡིན་ཏེ། ལམ་ལ་ཆོས་ཤེས་པས་རྗེས་ཤེས་མ་གཏོགས་པའི་ཟག་མེད་ཀྱི་ཤེས་པ་བདུན་ལ་དམིགས་པའི་ཕྱིར་དང་། སྡུག་བསྔལ་དང་ཀུན་འབྱུང་ཤེས་པས་བསྡུས་པའི་ཆོས་ཤེས་པས་ཀུན་རྫོབ་ཤེས་པ་དང་གཞན་གྱི་སེམས་ཤེས་ཟག་བཅས་ལ་དམིགས་པའི་ཕྱིར་རོ། །ལམ་ཤེས་པའི་བློའི་དམིགས་པའང་ཤེས་པ་དགུ་ཡིན་ཏེ། དེ་ནི་ཟག་མེད་ཁོ་ན་ལ་དམིགས་པར་ངེས་པས་ཀུན་རྫོབ་ཤེས་པ་མ་གཏོགས་པའི་ཕྱིར་རོ། །རྗེས་སུ་ཤེས་པའི་བློའི་དམིགས་པའང་ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན་ཞེས་འབྱུང་བས་ཆོས་ཤེས་མ་གཏོགས་པའི་ཤེས་པ་དགུ་ཡིན་ནོ། །སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་ཤེས་པའི་བློའི་སྤྱོད་ཡུལ་ནི་བདེན་པ་དང་པོ་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་ཤེས་པ་དང་ཕ་རོལ་སེམས་ཤེས་ཟག་བཅས་གཉིས་ཡིན་ནོ། །
ཀུན་རྫོབ་ཤེས་པ་དང་གཞན་གྱི་སེམས་ཤེས་དང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་བཞིའི་སྤྱོད་ཡུལ་ནི་ཤེས་པ་བཅུ་ཆར་ཡིན་ཏེ། ཅི་རིགས་པར་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །དེ་ཡང་གཞན་ནི་གོ་སླ་ལ་ཕ་རོལ་སེམས་ཤེས་ཟག་མེད་ཀྱི་དམིགས་པ་ནི་ཤེས་པ་དགུ་ཡིན་ལ། ཟག་བཅས་ཀྱི་ནི་ཀུན་རྫོབ་ཤེས་པ་དང་ཕ་རོལ་སེམས་ཤེས་ཟག་བཅས་ཡིན་ནོ། །གཅིག་གི་སྟེ་འགོག་པ་ཤེས་པ་གཅིག་པུའི་དམིགས་པ་ནི་ཤེས་པ་ཐམས་ཅད་མིན་ཏེ། དེ་ནི་སོ་སོར་བརྟགས་འགོག་ཁོ་ན་ལ་དམིགས་ལ་དེ་ནི་ཤེས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཤེས་བྱའི་ཆོས་ཐམས་ཅད་རྣམ་པ་བཅུར་ཕྱེ་ལ་ཆོས་བཅུ་པོ་དག་ནི་ཤེས་པ་དུ་ཞིག་གི་ཡུལ་དུ་འགྱུར་བ་སྦྱར་ཏེ་ཤེས་པར་བྱའོ། །ཆོས་བཅུ་པོ་གང་དག་ཅེ་ན། ཆོས་འདུས་བྱས་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་ཁམས་གསུམ་པའི་ཆོས་དང་དྲི་མ་མེད་པའི་ཆོས་ཏེ་རྣམ་པ་བཞི་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཏེ་ལྔ་ལ་རེ་རེ་ལའང་རྣམ་པ་གཉིས་གཉིས་སུ་ཕྱེ་བས་སོ། །ཇི་ལྟར་ཞེ་ན་དང་པོ་བཞི་ལ་མཚུངས་ལྡན་དང་མཚུངས་ལྡན་མ་ཡིན་པ་གཉིས་གཉིས་ཏེ་བརྒྱད་དང་། འདུས་མ་བྱས་ལ་སོ་སོར་བརྟགས་འགོག་དགེ་བ་དང་ནམ་མཁའ་དང་བརྟགས་མིན་ལུང་མ་བསྟན་ཡིན་པས་གཉིས་སུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་སྦྱར་ཞེ་ན། ཀུན་རྫོབ་ཤེས་པའི་ཡུལ་དུ་བཅུ་པོ་ཐམས་ཅད་དང་། ཆོས་ཤེས་ཀྱི་ཡུལ་དུ་འདོད་པ(འི་ཆོས་གཉིས་)དང་ཟག་མེད་འདུས་བྱས་ཀྱི་གཉིས་གཉིས་ཏེ་(ཆོས་ཤེས་ཟག་མེད་ཀྱི་ཆ་གཉིས་ཏེ།) བཞི་དང་འདུས་མ་བྱས་དགེ་བ་སྟེ་ལྔ་དང་། རྗེས་ཤེས་ཀྱི་ཡུལ་དུ་ཁམས་གོང་མ་གཉིས་དང་ཟག་མེད་འདུས་བྱས་ཀྱི་(མཚུངས་ལྡན་ཡིན་མིན་)གཉིས་གཉིས་ཏེ་དྲུག་དང་འདུས་མ་བྱས་དགེ་བ་སྟེ་བདུན་དང་། སྡུག་བསྔལ་དང་ཀུན་འབྱུང་ཤེས་པའི་ཡུལ་དུ་ཁམས་གསུམ་གྱི་ཆོས་དྲུག་དྲུག་དང་། འགོག་པ་ཤེས་པའི་ཡུལ་དུ་འདུས་མ་བྱས་དགེ་བ་གཅིག་པུ་དང་། ལམ་ཤེས་པའི་ཡུལ་དུ་ཟག་མེད་འདུས་བྱས་ཀྱི་གཉིས་དང་། ཕ་རོལ་སེམས་ཤེས་ཀྱི་ཡུལ་དུ་འདོད་གཟུགས་དང་ཟག་མེད་ཀྱི་མཚུངས་ལྡན་གསུམ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡུལ་དུ་འདུས་མ་བྱས་ལུང་མ་བསྟན་མ་གཏོགས་པ་དགུ་འགྱུར་ཏེ། ཤེས་པ་དེ་དག་གི་དམིགས་ཡུལ་ཤེས་བྱ་དེ་དག་ཡིན་པའི་ཕྱིར་རོ། །དེས་ན་བྱེ་བྲག་ཏུ་སྨྲ་བ་ལྟར་ན་ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་ནི་བདེན་བཞིར་མ་འདུས་པར་འདོད་དེ། ཊཱིཀ་བྱེད་དག་གིས་ཀྱང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བདེན་པ་བཞི་ལ་དམིགས་པའི་ཕྱིར་ལ། འདུས་མ་བྱས་ལུང་དུ་མ་བསྟེན་པ་ནི་བདེན་པ་བཞི་ལ་མ་གཏོགས་པའི་ཕྱིར་རོ་ཞེས་བཤད་དོ། །
གལ་ཏེ་ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཅིག་ཅར་ཤེས་པར་འགྱུར་བར་ཡོད་དམ་ཞེ་ན། དེ་ནི་མེད་དེ། མདོ་ལས། དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་གང་ཅིག་ཅར་ཐམས་ཅད་ཤེས་པའམ་མཐོང་བ་དེ་ནི་འགའ་ཡང་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །འོན་ཀྱང་ཀུན་རྫོབ་ཤེས་པ་གཅིག་པུས་རང་གི་ངོ་བོ་དང་རང་གི་ཚོགས་ཏེ་རང་དང་ལྷན་ཅིག་འབྱུང་བའི་ཆོས་མཚུངས་ལྡན་དང་དེ་མ་ཡིན་པ་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པ་ཉིད་དུ་སྐད་ཅིག་མ་གཅིག་ལ་རིགས་པར་འགྱུར་ཏེ། མོས་པས་སྤྱོད་པའི་ས་དག་ཐོས་བསམ་ལས་བྱུང་བའི་ཀུན་རྫོབ་ཤེས་པས་ཆོས་ཐམས་ཅད་བདག་མེད་དོ་ཞེས་ཡིད་ལ་བྱེད་པའི་ཕྱིར་རོ། །སྐད་ཅིག་མ་གཉིས་པའི་ཡུལ་དུ་དང་པོའང་འགྱུར་བས་སྐད་ཅིག་མ་གཉིས་ཀྱི་ཡུལ་དུ་ནི་ཆོས་ཐམས་ཅད་འགྱུར་རོ། །དེ་ཡང་འདོད་པ་ན་ཐོས་བསམ་གཉིས་ཀ་དང་གཟུགས་ན་ཐོས་བྱུང་ཁོ་ནའོ། །རང་ཉིད་ནི་ཡུལ་དུ་མི་བྱེད་དེ། ཡུལ་དང་ཡུལ་ཅན་ལ་ཐ་དད་ཀྱིས་ཁྱབ་པ་ལ་ཡུལ་དང་ཡུལ་ཅན་ཐ་དད་མེད་པའི་ཕྱིར་དང་། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར་ཏེ། རལ་གྲིས་རང་ཉིད་མི་གཅོད་པ་བཞིན་ནོ། །རང་དང་ལྷན་ཅིག་འབྱུང་བའི་མཚུངས་ལྡན་རྣམས་ཀྱང་མི་འཛིན་ཏེ། དེ་དག་དང་དམིགས་པ་གཅིག་པས་རང་ཉིད་ལའང་དམིགས་པར་འགྱུར་བའི་ཕྱིར་རོ། །རང་དང་ལྷན་ཅིག་འབྱུང་བ་ལྡན་པ་མ་ཡིན་པ་རྣམས་ཀྱང་མེ་འཛིན་ཏེ་ཧ་ཅང་ཉེ་བའི་ཕྱིར་མིག་སྨན་དང་མིག་སྨན་གྱི་ཐུར་མ་བཞིན་ནོ། །ཀུན་རྫོབ་ཤེས་པ་བསྒོམས་པ་ལས་བྱུང་བས་ནི་ཆོས་ཐམས་ཅད་ཅིག་ཅར་ཤེས་པ་མ་ཡིན་ཏེ། གོོང་དང་འོག་མའི་སྤྱོད་ཡུལ་ཅན་ཞེས་པ་རྣམ་པར་ཆད་པ་ལ་དམིགས་པའི་ཕྱིར་དང་། གལ་ཏེ་ཅིག་ཅར་དམིགས་ནས་ཐམས་ཅད་ལས་ཅིག་ཅར་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཀུན་རྫོབ་ཤེས་པ་སྒོམ་བྱུང་གིས་ནི་ས་ཐ་དད་པའི་བདེན་པ་ལ་སོ་སོར་ངེས་པ་ཉིད་དུ་དམིགས་སོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །མདོ་སྡེ་པ་ལ་སོགས་པ་ནི་རང་རིག་འདོད་པས་རང་གི་ཚོགས་པའང་བདག་མེད་པར་ཤེས་པར་འདོད་ལ། ཐེག་པ་གོང་མ་པ་ནི་སྒོམ་བྱུང་གིས་ཀྱང་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་ཤེས་པ་ཡིན་ལ་ཅིག་ཅར་འདོད་ཆགས་དང་བྲལ་བའང་ཁོ་བོ་ཅག་འདོད་པ་ཡིན་ཏེ། འདི་ལ་བསམ་པའང་བཅལ་བར་བྱ་དགོས་སོ་ཞེས་འདོད་དོ། །
བདུན་པ་ནི་འོ་ན་གང་ཟག་གང་ཞིག་ཤེས་པ་དུ་དང་ལྡན་ཞེ་ན། རེ་ཞིག་སོ་སོའི་སྐྱེ་བོ་ཆགས་བཅས་དང་གཟུགས་མེད་ཀྱི་བྱིས་པ་རྣམས་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ལ་(འདོད་གཟུགས་ཀྱི་)ཆགས་བྲལ་ཞིག་ཡིན་ན་ནི་ཕོ་རོལ་སེམས་ཤེས་དང་ཡང་ལྡན་ནོ། །འཕགས་པ་ནི་ཆགས་ཅན་ཏེ་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་ཟག་མེད་ཀྱི་ཡེ་ཤེས་ཀྱི་སྐད་ཅིག་མ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་ལྡན་པ་ལ་ནི་དྲི་མེད་བཟོད་རྣམས་ཤེས་པ་མིན་ཞེས་འབྱུང་བས་བཟོད་པ་ནི་ཤེས་པ་མ་ཡིན་ལ་ཤེས་པ་གཞན་ཡང་མི་ལྡན་པས་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ནོ། །ཡེ་ཤེས་སྐད་ཅིག་མ་གཉིས་པ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་ནི་ཀུན་རྫོབ་ཤེས་པ་དང་ཆོས་ཤེས་པ་དང་སྡུག་བསྔལ་ཤེས་པ་སྟེ་གསུམ་དང་ལྡན་ཏེ། འདོད་པའི་སྡུག་བསྔལ་ཤེས་པ་དེ་ཉིད་ཆོས་ཤེས་ཀྱང་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ཀྱི་སྐད་ཅིག་མ་སྡུག་བསྔལ་ལ་རྗེས་ཤེས་དང་པོ་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཆོས་ཤེས་བཞི་ལ་ནི་སྔར་གྱི་སྟེང་དུ་རིམ་པ་ལྟར་གོང་མའི་སྡུག་བསྔལ་དང་འདོད་པའི་ཀུན་འབྱུང་དང་གཉེན་པོ་འགོག་ལམ་གསར་དུ་ཤེས་པས་རྗེས་ཤེས་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་རེ་རེ་འཕེལ་བས་རིམ་པ་ལྟར་བཞི་དང་ལྔ་དང་དྲུག་དང་བདུན་དང་ལྡན་ནོ། །
གལ་ཏེ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་ལ་ཆོས་ཤེས་ཀྱི་བར་ཐམས་ཅད་དུ་ཕ་རོལ་སེམས་ཤེས་བསྣན་ཏེ་ལྡན་པར་ཤེས་པར་བྱའོ། །བཟོད་པ་ཕྱི་མ་བདུན་དང་རྗེས་ཤེས་ཕྱི་མ་གསུམ་ལ་ནི་ཤེས་པ་སྔར་མེད་གསར་དུ་འཕེལ་བ་མེད་དེ། བཟོད་པ་ཤེས་པ་མ་ཡིན་ཞིང་རྗེས་ཤེས་ནི་སྔར་དུ་བགྲངས་ཟིན་པའི་ཕྱིར་རོ། །ཁ་ཅིག་ལམ་ལ་རྗེས་ཤེས་ཀྱི་ཚེ་ན་ཆགས་བཅས་ལ་ལམ་ཤེས་པ་དེ་ཉིད་དང་ཆགས་བྲལ་ལ་ཕ་རོལ་སེམས་ཤེས་དང་གཉིས་ལྡན་གྱི་གཞན་ནི་མ་ཡིན་ཏེ། འབྲས་བུ་ཐོབ་པས་ཤེས་པ་སྔ་མ་རྣམས་བཏང་བའི་ཕྱིར་ཏེ། འཕགས་པ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས་ཞེས་གསུངས་པའི་ཕྱིར་རོ། །ཞེས་འཆད་མོད་ཀྱི། ཊཱིཀ་ལས་ནི། ལམ་ལ་རྗེས་སུ་ཤེས་པ་ལ་ནི་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་བདུན་པོ་དེ་དག་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་བརྒྱད་དེ། དེ་དག་དང་གཞན་གྱི་སེམས་ཤེས་པ་དང་ལྡན་ནོ་ཞེས་བཤད་དོ། །དེ་བཞིན་དུ་སྒོམ་ལམ་ལ་གནས་པའང་ཆགས་བཅས་ཡིན་ན་ཕ་རོལ་སེམས་ཤེས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་བདུན་དང་། ཆགས་བྲལ་ཡིན་ན་ཕ་རོལ་སེམས་ཤེས་བསྣན་ཏེ་བརྒྱད་དང་ལྡན་ནོ། །མི་སློབ་པའི་ལམ་ལ་གནས་པ་ནི་ཤེས་རབ་ཀྱིས་རྣམ་གྲོལ་ལ་ཕ་རོལ་སེམས་ཤེས་མ་གཏོགས་དགུ་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་བཅུ་དང་ལྡན་ནོ་ཞེས་ཤེས་པར་བྱའོ། །
བརྒྱད་པ་ནི་འོ་ན་གནས་སྐབས་གང་དུ་ཤེས་པ་དུ་འཐོབ་ཅི་ན། མཐོང་བའི་ལམ་ལ་ནི་བཟོད་པ་བརྒྱད་དང་ཤེས་པ་བདུན་པོ་ཇི་ལྟར་སྐྱེས་པ་རྣམས་རང་རང་གི་རིགས་འདྲ་བ་མ་འོངས་པ་འཐོབ་པར་འགྱུར་ཏེ། འདི་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་ནས་གང་ལ་བརྟེན་ནས་སྐྱེས་པ་དེ་ནི་ད་ལྟར་བ་དང་མ་འོངས་པ་འཐོབ་པ་ལ་ས་གཞན་ལ་རྟེན་པ་ནི་མ་འོངས་པ་ཁོ་ན་འཐོབ་སྟེ། དེ་ཡང་མི་སྐྱེ་བའི་ཆོས་ཅན་དག་ཡིན་གྱི་སྐྱེ་བའི་ཆོས་ཅན་ནི་མ་ཡིན་ཏེ། མཐོང་ལམ་ལན་དུ་མ་སྐྱེས་པར་ཐལ་བའི་ཕྱིར་རོ། །འགྲེལ་པ་ལས། མཐོང་བའི་ལམ་ལ་བཟོད་པའམ་ཤེས་པ་གང་དང་གང་སྐྱེས་པ་དེ་དང་འདྲ་བ་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ན་འཐོབ་པར་འགྱུར་རོ་ཞེས་འབྱུང་བའི་རྣམ་པ་བཞི་ནི་དྲན་པ་ཉེར་གཞག་བཞི་ཡིན་ཏེ། རྣམ་པ་རྣམས་ནི་དྲན་པ་ཉེར་གཞག་ཏུ་བཤད་པའི་ཕྱིར་རོ་ཞེས་གསུངས་མོད་ཀྱི་ཊཱི་ཀ་ལས་ནི་ཇི་ལྟར་སྐྱེས་པ་རྣམས་འཐོབ་ཅེས་བྱ་བ་ནི་གང་དང་གང་སྐྱེས་པ་དེ་དག་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་དེ་དང་འདྲ་བའི་བཟོད་པ་མ་འོངས་པ་ཁོ་ན་འཐོབ་བོ། །དེའི་རྣམ་པ་བཞི་ཞེས་བྱ་བ་ནི་སྐལ་པ་འདྲ་བའི་ཕྱིར་བཟོད་པའི་རྣམ་པ་སྟེ་མི་རྟག་པ་ལ་སོགས་པའི་རྣམ་པ་བཞི་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་ན་དེ་ཉིད་མ་འོངས་པ་འཐོབ་ཅིང་དེའི་(མི་རྟག་པ་ལ་སོགས་པའི་)རྣམ་པ་བཞི་ཁོ་ན་འཐོབ་བོ། །དེ་བཞིན་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་ལའང་སྦྱར་བར་བྱའོ་ཞེས་བདེན་པ་གང་དང་གང་གིས་ཤེས་བཟོད་ཡིན་པའི་བདེན་པ་དེ་དང་དེའི་རྣམ་པ་མི་རྟག་པ་ལ་སོགས་པ་ཁོ་ན་འཐོབ་ཅིང་། དེ་ཡང་བཟོད་ཤེས་རྣམས་ནི་སྐལ་མཉམ་གྱི་རྒྱུ་མ་ཐོབ་པས་དེ་དང་འདྲ་བ་ཁོ་ན་འཐོབ་ལ་རྣམ་པ་ནི་བཞི་གའང་དམིགས་ཡུལ་བདེན་པ་མཚུངས་ཤིང་འདྲ་བས་བཞི་ཆར་གྱི་རིགས་འཐོབ་པར་བཤད་དོ། །སྒོམ་ལམ་ལ་ནི་ཤེས་པ་རིགས་འདྲ་བ་དང་མི་འདྲ་བ་དང་དེ་དག་གི་རྣམ་པའང་ཐམས་ཅད་མངོན་སུམ་དུ་འགྱུར་བའི་ཕྱིར་ཐམས་ཅད་ཀྱི་རྒྱུ་འཐོབ་པས་མཐོང་ལམ་ལས་ཁྱད་པར་འཕགས་པའི་རྣམ་པ་མ་འོངས་པ་འཐོབ་པར་འགྱུར་རོ། །
འོ་ན་མཐོང་བའི་ལམ་ལ་རིགས་མི་འདྲ་བ་མི་འཐོབ་བམ་ཞེ་ན། མཐོང་བའི་ལམ་དེ་ཉིད་ལ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ལ་རྗེས་སུ་ཤེས་པ་གསུམ་ལ་ནི་སྔོན་མ་ཐོབ་པ་ལས་ཀུན་རྫོབ་ཤེས་པའང་འཐོབ་བའི་ཕྱིར་མི་འདྲ་བའང་འཐོབ་བོ། །གསུམ་པོ་དེའི་ཆོས་ཤེས་ལ་ནི་འཐོབ་པ་མ་ཡིན་ཏེ། ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་མ་ཤེས་ཤིང་ཀུན་འབྱུང་མ་སྤངས་ལ་འགོག་པ་མངོན་དུ་མ་བྱས་པས་བདེན་པ་ཟད་པར་མ་རྟོགས་པའི་ཕྱིར་རོ། །བདེན་པ་གསུམ་པོ་རེ་རེ་ཟད་པར་རྟོགས་པའི་རྗེས་ལ་ཐོབ་པ་དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་བའི་མཐའ་ལས་བྱུང་བ་ཞེས་བྱའོ། །འདི་ལའང་སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་ལ་རྗེས་སུ་ཤེས་པ་རྣམས་ལ་རིམ་པ་ལྟར་བདེན་པ་གསུམ་པོ་དེ་དག་ལ་དམིགས་པའི་རྗེས་སུ་ཤེས་པ་ཐོབ་བོ་ཞེས་ཤེས་པར་བྱའོ། །ལམ་ལ་རྗེས་ཤེས་ལ་ནི་ཀུན་རྫོབ་ཤེས་པ་མི་འཐོབ་སྟེ། སྔོན་འཇིག་རྟེན་པའི་ལམ་གྱིས་བདེན་པ་དང་པོ་གསུམ་རྟོགས་ཀྱི་ཀུན་རྫོབ་ཤེས་པས་ལམ་བདེན་ནི་ནམ་ཡང་རྟོགས་མི་སྲིད་པའི་ཕྱིར་རོ། །འདི་ནི་བདེན་པ་ཟད་པར་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཡིན་ན་ལམ་ནི་ཟད་པར་སྒོམ་མི་ནུས་ཏེ། ཉན་རང་སངས་རྒྱས་གསུམ་གྱི་ལམ་གྱི་རིགས་མང་ཞིང་དེ་དག་རེ་རེ་ལའང་ཆུང་འབྲིང་ལ་སོགས་པའི་དབྱེ་བ་མང་བས་མཐའ་མེད་པའི་ཕྱིར་དང་། (གང་རུང་གཅིག་བསྒོམས་ན་གང་རུང་བརྟགས་མིན་འཐོབ་པས)དེ་དག་གང་ཟག་གཅིག་གིས་(དུས་གཅིག་ཏུ་)སྒོམ་པའང་མི་སྲིད་པའི་ཕྱིར་རོ། །མངོན་པར་རྟོགས་པ་ཞེས་བྱ་བའང་སྡུག་བསྔལ་ཤེས་པ་ནས་ལམ་སྒོམ་པའི་བར་རང་གི་བྱ་བ་བྱས་པ་ཡིན་ནོ། །འོ་ན་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ལའང་མི་འཐོབ་པར་འགྱུར་ཏེ། ཀུན་འབྱུང་མཐའ་དག་མ་སྤངས་པའི་ཕྱིར་རོ་ཞེ་ན། ཀུན་འབྱུང་མཐོང་སྤང་ནི་མཐའ་དག་སྤངས་པའི་ཕྱིར་འཐོབ་བོ། །ལམ་ནི་རིགས་མང་བའི་ཕྱིར་མཐོང་སྤང་གི་གཉེན་པོ་མཐའ་དག་སྒོམ་པར་མི་ནུས་པའི་ཕྱེར་མི་འཐོབ་བོ། །
ཁ་ཅིག་ན་རེ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་འདི་ནི་མཐོང་ལམ་གྱི་འཁོར་ཡིན་པའི་ཕྱིར་མཐོང་ལམ་ལ་བདེན་པ་གསུམ་གྱི་རྗེས་ཁོ་ན་ལ་འཐོབ་ཀྱི་ལམ་གྱི་རྗེས་ལ་ནི་མ་ཡིན་ཏེ། ལམ་ལ་རྗེས་ཤེས་ནི་སྒོམ་ལམ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ནི་རིགས་ཏེ། དེ་ནི་སྒོམ་ལམ་གྱི་འཁོར་ཡང་ཡིན་པས་མཐོང་ལམ་ཁོ་ནའི་འཁོར་ཡིན་པའི་སྒྲུབ་བྱེད་མེད་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཤེས་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དེ་རེས་འགའ་མངོན་དུ་བྱེད་དམ་ཞེ་ན། ཀུན་རྫོབ་ཤེས་པ་དེ་ནི་གཅིག་ཏུ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ནམ་ཡང་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེས་ན་མི་སྐྱེ་བའི་ཆོས་ཅན་དག་དེ་དང་དེར་འཐོབ་བོ་ཞེས་འདོད་དེ། མི་སྐྱེ་བའིི་ཆོས་ཅན་དག་ཡིན་ན་ཇི་ལྟར་འཐོབ་པར་འགྱུར། འཐོབ་ནའང་ཇི་ལྟར་སྐྱེ་བར་མི་འགྱུར་ཏེ། ཆོས་མེད་པ་འཐོབ་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་མཐོང་ལམ་ལ་མཉམ་པར་བཞག་པས་བདེན་བཞི་ལ་དམིགས་པའི་ཀུན་རྫོབ་ཤེས་པ་རྗེས་ལས་ཐོབ་པ་སྐྱེ་བར་ནུས་བའི་ཕྱིར་ཀུན་རྫོབ་ཤེས་པ་རྙེད་པ་ཞེས་བརྗོད་དོ་ཞེས་སྔོན་གྱི་སློབ་དཔོན་དག་(སེམས་ཙམ་གྱིས་འདོད་པར་)འཆད་དོ། །དེའི་ཕྱིར་ཀུན་ལས་བཏུས་ལས་ཀྱང་། མཐོང་བའི་ལམ་ལ་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་འཐོབ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་སྒོམ་པའི་ལམ་ལ་མངོན་དུ་བྱེད་དོ་ཞེས་བཤད་དོ། །
བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ནི་མཐོང་ལམ་གྱིས་འཐོབ་པ་ཡིན་པས་སྒོམ་ལམ་ལ་མངོན་དུ་བྱེད་པར་མི་རིགས་ལ། ཁོ་བོ་ཅག་ལྟར་ན་མཐོང་ལམ་དུ་དེ་དག་སྐྱེ་བའི་གོ་སྐབས་མེད་པས་མི་སྐྱེ་བའི་ཆོས་ཅན་ཡིན་ནོ་ཞེས་བརྗོད་དོ་ཞེས་ཟེར་རོ། །ས་ཡང་མཐོང་ལམ་ས་གང་དག་ཡིན་པ་དེ་རང་གི་ས་པའི་ཀུན་རྫོབ་ཤེས་པ་དང་འོག་སའི་ཀུན་རྫོབ་ཤེས་པས་འཐོབ་སྟེ། གལ་ཏེ་མཐོང་ལམ་མི་ལྕོགས་མེད་ལ་བརྟེན་ན་འདོད་པ་དང་མི་ལྕོགས་མེད་ཀྱིས་བསྡུས་པ་གཉིས་ཀྱིས་ཀུན་རྫོབ་ཤེས་པ་འཐོབ་པ་ནས་བསམ་གཏན་བཞི་པ་ལ་བརྟེན་ན་འདོད་པ་དང་བསམ་གཏན་ས་དྲུག་སྟེ་ས་བདུན་གྱིས་བསྡུས་པའི་ཀུན་རྫོབ་ཤེས་པ་ཐོབ་པའི་བར་དུ་སྦྱར་རོ། །འོ་ན་དེ་དྲན་པ་ཉེར་གཞག་ཏུ་དེ་གཅིག་ཡིན་ཞེ་ན། འགོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་ནི་དྲན་པ་ཉེར་གཞག་བཞིའི་ཐ་མ་ཆོས་དྲན་པ་ཉེར་གཞག་ཡིན་ཏེ། དེ་ནི་འགོག་བདེན་ལ་དམིགས་ལ་དེ་ཡང་ཆོས་ཁོ་ནར་ངེས་པའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ནི་དེ་དག་ལ་ལུས་ལ་སོགས་པ་ཡོད་པས་དྲན་པ་ཉེར་གཞག་བཞིན་ཡིན་ནོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་དེ་ནི་སྡུག་བསྔལ་ནས་འགོག་པའི་བར་གྱི་བདེན་པ་གང་ཞིག་མངོན་པར་རྟོགས་པས་ཐོབ་བའི་རང་རང་གི་བདེན་པ་དེའི་རྣམ་པ་ཅན་དང་དམིགས་པའང་རང་རང་གི་བདེན་པ་དེ་ཉིད་ཡིན་ཏེ། སྡུག་བསྔལ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་རྣམ་པ་མི་རྟག་པ་ལ་སོགས་པ་དང་དམིགས་པའང་སྡུག་བསྔལ་ཉིད་ཡིན་པ་ལ་སོགས་པའོ། །དེ་ཡང་སྐྱེས་ཐོབ་མ་ཡིན་གྱི་སྦྱོར་བ་འབད་རྩོལ་ལས་བྱུང་བ་ཡིན་ཏེ། མཐོང་ལམ་སྒོམ་པའི་སྟོབས་ཀྱིས་འཐོབ་པའི་ཕྱིར་རོ། །དེ་ཡང་འཁོར་དང་བཅས་ན་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་ཀུན་རྫོབ་ཤེས་པ་གཉིས་རིམ་པ་ལྟར་བསམ་གཏན་གྱི་སྡོམ་པའི་གཟུགས་རྗེས་སུ་འབྲང་བ་མེད་པ་དང་ཡོད་པའི་ཕྱིར་ཕུང་པོ་བཞི་པ་དང་ལྔ་པ་ཡིན་ནོ། །
བསྒོམ་པའི་ལམ་ལ་ཤེས་པ་དུ་འཐོབ་བཤད་པ་ནི་འདོད་པ་ལས་འདོད་ཆགས་དང་བཅས་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ལ་གནས་པ་ལ་ནི་བདེན་པ་བཞི་ཤེས་དང་ཆོས་ཤེས་རྗེས་ཤེས་དང་དྲུག་འཐོབ་སྟེ། དེ་ཡང་མཐོང་སྤང་ལས་རྣམ་པར་གྲོལ་བའི་ཤེས་པ་ཡིན་གྱི་སྒོམ་སྤང་ལས་གྲོལ་བ་ནི་མ་ཡིན་ཏེ། འབྲས་བུ་ལ་གནས་པ་ཙམ་པོ་ཡིན་པའི་ཕྱིར་རོ། །དེ་ཡང་ལམ་ལ་རྗེས་ཤེས་ནི་ལམ་ཤེས་པ་དང་རྗེས་ཤེས་གཉིས་ཀའི་ངོ་བོ་ཡིན་པའི་ཕྱིར་ལམ་ཤེས་པ་དང་རྗེས་ཤེས་གཉིས་ནི་ད་ལྟར་བྱུང་བ་ཡིན་ལ་ཤེས་པ་གཞན་བཞི་ནི་མ་འོངས་པ་ཁོ་ན་འཐོབ་བོ། །ས་ནི་ཆགས་བཅས་ཡིན་པས་མི་ལྕོགས་མེད་ཀྱིས་བསྡུས་པ་ཡིན་ལ། མཐོང་བ་རྗོགས་པས་བསྐྱེད་པའི་ཕྱིར་སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་འཐོབ་བོ། །ཕ་རོལ་སེམས་ཤེས་དང་ཀུན་རྫོབ་ཤེས་པ་དང་ཟད་པ་དང་མི་སྐྱེ་བ་བཞི་མི་འཐོབ་པ་ནི་རིམ་པ་ལྟར་འདོད་པ་ལས་ཆགས་བཅས་ཡིན་པའི་ཕྱིར་དང་། སྔོན་རྙེད་མི་འཐོབ་བོ་ཞེས་པས་སྔོན་རྙེད་ཟིན་པའི་ཕྱིར་རམ། ཡང་ན་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར་དང་། སློབ་པ་ཡིན་པའི་ཕྱིར་རོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ནས་ཅི་ཡང་མེད་པ་ལས་འདོད་ཆགས་དང་བྲལ་བའི་བར་ཅི་རིགས་པའི་གང་ཟག་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ལ་གནས་པས་ནི་སྔར་གྱི་དྲུག་དང་ཕ་རོལ་སེམས་ཤེས་དང་བདུན་འཐོབ་སྟེ། དེ་ལའང་ས་ནི་གང་ལ་རྟེན་པ་དེའི་རང་ས་དང་འོག་སས་བསྡུས་པ་འཐོབ་པར་ཤེས་པར་བྱའོ། །སྔ་མ་ལྟར་ན་ད་ལྟར་བ་ནི་གཉིས་དང་ལྔ་ནི་མ་འོངས་པ་འཐོབ་བོ། །སྔོན་རྙེད་ཟིན་པ་དང་སློབ་པ་ཡིན་པས་གཞན་གསུམ་ནི་མི་འཐོབ་བོ། །སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་དེའི་གོང་མ་འདོད་པ་ལ་ཆགས་བཅས་ཀྱི་བསྒོམ་པའི་ལམ་ལ་ནི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་གྲོལ་དང་ཁྱད་པར་ཅན་གྱི་ལམ་ཐམས་ཅད་ལ་ཆོས་ཤེས་རྗེས་ཤེས་དང་བདེན་པ་བཞི་ཤེས་དང་ཀུན་རྫོབ་ཤེས་པ་དང་བདུན་འཐོབ་བོ། །དེ་ཡང་གལ་ཏེ་སྒོམ་ལམ་འཇིག་རྟེན་པ་ཞི་རགས་ཀྱི་རྣམ་པ་ཅན་ཞིག་ཡིན་ན་ནི་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་དང་། འོན་ཏེ་འཇིག་རྟེན་ལས་འདས་པ་ཞིག་ཡིན་ན་ནི་རྗེས་ཤེས་འདོད་པའི་གཉེན་པོ་མ་ཡིན་ལ་ཆོས་ཤེས་འདོད་པའི་གཉེན་པོ་ཡིན་པས་ཆོས་ཤེས་དང་བདེན་པ་བཞི་ཤེས་གང་རུང་གཅིག་ད་ལྟར་བྱུང་བ་ཡིན་ལ་གཞན་དག་ནི་མ་འོངས་པ་འཐོབ་སྟེ། རང་རང་གི་རིགས་ཀྱི་སྐལ་མཉམ་གྱི་རྒྱུ་རྒྱས་པའི་ཕྱིར་རོ། །ཆགས་བཅས་དང་སློབ་པ་ཡིན་པས་གཞན་གསུམ་ནི་མི་འཐོབ་བོ། །སློབ་པ་བསམ་གཏན་བཞི་དང་གཟུགས་མེད་པ་གསུམ་སྟེ་ས་བདུན་གྱི་ཉོན་མོངས་པ་ལས་རྒྱལ་བ་སྟེ་འདོད་ཆགས་དང་འབྲལ་བར་བྱེད་པའི་བར་ཆད་མེད་པའི་ལམ་ལ་ནི་ཤེས་པ་སྔར་བཤད་པ་བདུན་པོ་ཁོ་ན་འཐོབ་སྟེ། དེ་ཡང་གལ་ཏེ་འཇིག་རྟེན་པའི་སྒོམ་ལམ་ཡིན་ན་ནི་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་གཞན་དྲུག་མ་འོངས་པ་འཐོབ་ལ། ཕ་རོལ་སེམས་ཤེས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་མི་འཐོབ་སྟེ། བར་ཆད་མེད་པའི་ལམ་ལ་བཀག་པའི་ཕྱིར་དང་སློབ་པ་ཡིན་པའི་ཕྱིར་རོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་ཡིན་ན་ནི་འདོད་གཉིས་ཅི་རིགས་ཁམས་གསུམ་གྱི་གཉེན་པོང་རུང་བས་འགོག་པ་དང་ལམ་ལ་ཆོས་ཤེས་པ་གང་ཡང་རུང་བའམ། ཁམས་གོང་མའི་གཉེན་པོ་ཡིན་པས་རྗེས་ཤེས་དང་བདེན་པ་བཞི་ཤེས་ལས་གང་རུང་ཞིག་ད་ལྟར་བ་དང་གཞན་དག་ནི་མ་འོངས་པ་འཐོབ་བོ། །བར་ཆད་མེད་པའི་ལམ་དང་སློབ་པ་ཡིན་པས་གཞན་གསུམ་ནི་མི་འཐོབ་བོ། །སློབ་པ་ཞིག་མངོན་པར་ཤེས་པ་དང་པོ་ལྔ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་ལམ་ལའང་ཤེས་པ་བདུན་འཐོབ་སྟེ། དེ་ཡང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞིག་གིས་འཐོབ་ན་སྔར་བཤད་པ་ལྟར་ཡིན་ལ་སྦྱོར་བའི་སྟོབས་ཀྱིས་འཐོབ་ན་ནི་ཀུན་རྫོབ་ཤེས་པ་ད་ལྟ་བ་ཡིན་ནོ། །
མི་སློབ་པས་མངོན་པར་ཤེས་པ་འཐོབ་པར་བྱེད་པ་ལ་ནི་མི་གཡོ་བ་ལ་དགུ་དང་གཞན་ལ་ནི་བརྒྱད་འཐོབ་པར་འགྱུར་རོ། །རབ་ཏུ་རྟོགས་པའི་སྐལ་པ་ཅན་ཞིག་མི་གཡོ་བ་འཐོབ་པར་བྱེད་པའི་བར་ཆད་མེད་པའི་ལམ་ལའང་ཆོས་ཤེས་རྗེས་ཤེས་དང་བདེན་པ་བཞི་ཤེས་དང་ཟད་ཤེས་དང་བདུན་འཐོབ་པ་ལས་ཆོས་ཤེས་རྗེས་ཤེས་གང་རུང་ཞིག་དང་བདེན་པ་བཞི་ཤེས་གང་རུང་ཞིག་དང་ཟད་པ་ཤེས་པ་དང་གསུམ་ད་ལྟར་བ་དང་གཞན་ནི་མ་འོངས་པ་འཐོབ་བོ། །སྙིང་པོ་ཟག་མེད་ཀྱི་དབང་པོ་འཕོ་བའི་ཕྱིར་དང་། བར་ཆད་མེད་ལམ་ཡིན་པས་གཞན་གསུམ་ནི་མི་འཐོབ་སྟེ། ཀུན་རྫོབ་ཤེས་པ་ཟག་བཅས་ཡིན་པས་དབང་པོ་རྟུལ་པོ་དང་སྲིད་རྩེའི་གཉེན་པོ་མ་ཡིན་པ་དང་། ཤེས་པ་གཞན་གཉིས་རྣམ་གྲོལ་གྱི་ལམ་ཡིན་པའི་ཕྱིར་རོ། །སློབ་པ་ཞིག་བསམ་གཏན་ཟག་བཅས་དང་ཟག་མེད་སྤེལ་མར་བསྒོམ་པའི་བར་ཆད་མེད་པའི་ལམ་དག་ལའང་བདུན་འཐོབ་སྟེ། འདི་ལའང་ཟག་མེད་ལ་ནི་འགོག་ལམ་ལ་ཆོས་ཤེས་པ་གཉིས་གང་རུང་ངམ་རྗེས་ཤེས་དང་བདེན་པ་བཞི་ཤེས་ལས་གང་རུང་ཞིག་ད་ལྟར་བྱུང་བ་དང་གཞན་ནི་མ་འོངས་པ་འཐོབ་བོ། །ཟག་བཅས་ལ་ནི་ཀུན་རྗོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །ས་བདུན་ལས་འདོད་ཆགས་དང་བྲལ་བའི་གོང་མ་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལའང་ཆོས་ཤེས་རྗེས་ཤེས་དང་བདེན་པ་བཞི་ཤེས་དང་ཕ་རོལ་སེམས་ཤེས་དང་བདུན་འཐོབ་སྟེ། བདུན་པོ་དེ་ལའང་འགོག་ལམ་ལ་ཆོས་ཤེས་གཉིས་གང་རུང་ངམ་རྗེས་ཤེས་དང་བདེན་པ་བཞི་ཤེས་ལས་གང་རུང་ཞིག་ད་ལྟར་བྱུང་བ་ཡིན་ལ་གཞན་དག་ནི་མ་འོངས་པ་འཐོབ་བོ། །སྲིད་རྩེའི་གཉེན་པོ་མ་ཡིན་པ་དང་། སློབ་པ་ཡིན་པས་གཞན་གསུམ་ནི་མི་འཐོབ་བོ། །སློབ་པ་ཞིག་དབང་པོ་རྟུལ་པོ་རྣོན་པོར་སྦྱོང་བའི་རྣམ་པར་གྲོལ་བའི་ལམ་ལ་ནི་གལ་ཏེ་ཆགས་བཅས་ཡིན་ན་ཆོས་ཤེས་རྗེས་ཤེས་དང་བདེན་པ་བཞི་ཤེས་ཏེ་ཤེས་པ་དྲུག་དང་འོན་ཏེ་ཆགས་བྲལ་ཞིག་ཡིན་ན་ཕ་རོལ་སེམས་ཤེས་བསྣན་ནས་བདུན་འཐོབ་ཅིང་། ད་ལྟར་བྱུང་བ་ནི་ཆོས་ཤེས་དང་བདེན་པ་བཞི་ཤེས་ལས་གང་ཡང་རུང་བ་ཞིག་དང་གཉིས་ཡིན་ལ་གཞན་དག་ནི་མ་འོངས་པ་འཐོབ་བོ། །འམ་ཞེས་བྱ་བ་ནི་ལུགས་གཞན་སྟོན་པ་སྟེ། ཁ་ཅིག་འདི་ནི་མཐོང་ལམ་དང་འདྲ་བའི་ཕྱིར་ཇི་ལྟར་མཐོང་ལམ་གྱིས་འབྲས་བུ་གསུམ་དང་ཀུན་རྗོབ་ཤེས་པ་འཐོབ་པ་ལྟར་འདི་ལའང་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པའང་འཐོབ་པའི་ཕྱིར་(དེ་གཉིས་ཀྱིས་)བདུན་(དང་བརྒྱད་)འཐོབ་བོ་ཞེས་འདོད་པ་བསྟན་པའི་ཕྱིར་རོ། །
ཁ་ཅིག་ནི་སྔར་རྟོགས་ཟིན་པས་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར་དང་། མཐོང་ལམ་ནི་འཐོབ་པར་བྱེད་པ་ཡིན་ལ་འདི་ནི་ཐོབ་ཟིན་པའི་ཕྱིར་མཐོང་ལམ་དང་འདྲ་བའང་མ་ཡིན་ནོ། །འོན་ཀྱང་སྦྱོར་བའི་ལམ་ལ་ནི་ཆགས་བཅས་དང་ཆགས་བྲལ་གཉིས་ཀས་ཀྱང་ཀུན་རྫོབ་ཤེས་པའང་འཐོབ་བོ་ཞེས་འདོད་དོ། །སློབ་པ་དབང་པོ་སྦྱོང་བའི་བར་ཆད་མེད་པའི་ལམ་ལ་ནི་ཆགས་བཅས་ཆགས་བྲལ་གཉིས་ཀས་ཆོས་ཤེས་རྗེས་ཤེས་དང་བདེན་པ་བཞི་ཤེས་དང་དྲུག་འཐོབ་ཀྱི། འདིར་ཡང་བར་ཆད་མེད་ལམ་དང་སློབ་པ་ཡིན་པས་ཤེས་པ་གསུམ་མི་འཐོབ་ལ། ཀུན་རྫོབ་ཤེས་པའང་མི་འཐོབ་སྟེ། མཐོང་ལམ་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་འདྲ་ཞེ་ན། ཇི་ལྟར་མཐོང་ལམ་གྱིས་འབྲས་བུ་དང་པོ་གསུམ་གང་རུང་ཞིག་འཐོབ་པ་ལྟར་འདིས་ཀྱང་བར་ཆད་མེད་པའི་ལམ་གྱིས་སློབ་པ་དབང་པོ་སྦྱོང་བ་ན་འདྲས་བུ་དང་པོ་གསུམ་པོ་དབང་པོ་རྣོན་པོས་བསྡུས་པ་འདུས་བྱས་གང་རུང་ཞིག་འཐོབ་ལ། ཡང་མཐོང་ལམ་བར་ཆད་མེད་པའི་ལམ་བཟོད་པ་རྣམས་ལ་ཀུན་རྫོབ་ཤེས་པ་མི་འཐོབ་པ་ལྟར་འདིར་ཡང་དེ་དང་འདྲའོ། །ཇི་ལྟར་སློབ་པ་དབང་པོ་སྦྱོང་བའི་བར་ཆད་མེད་པའི་ལམ་ལ་ཤེས་པ་དྲུག་འཐོབ་པ་དེ་བཞིན་དུ་སྲིད་རྩེའི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བ་སྟེ་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་པའི་ལམ་རྣམས་ལའང་ཤེས་པ་དྲུག་པོ་དེ་དག་ཉིད་འཐོབ་ཀྱི་སྲིད་རྩེའི་གཉེན་པོ་མ་ཡིན་ཞིང་སློབ་པའི་བར་ཆད་མེད་ལམ་ཡིན་པས་གཞན་མི་འཐོབ་པ་ནི་སྔར་བཞིན་ནོ། །སྲིད་རྩེའི་རྣམ་གྲོལ་གྱི་ལམ་དགུ་པ་ཟད་པ་ཤེས་པ་ལ་ནི་དབང་པོ་རྟུལ་པོ་ལ་ཉམས་པ་སྲིད་པས་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་འཐོབ་ཅིང་། མི་གཡོ་བའི་ཆོས་ཅན་གྱིས་ནི་མི་སྐྱེ་བ་ཤེས་པའང་འཐོབ་པས་བཅུ་འཐོབ་ལ། མི་གཡོ་བ་དེར་དབང་པོ་འཕོ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལའང་བཅུ་པོ་ཐམས་ཅད་འཐོབ་བོ། །འདི་དག་ལ་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་གང་རུང་ཞིག་དང་རྗེས་ཤེས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་གང་རུང་ཞིག་སྟེ་གསུམ་ནི་ད་ལྟར་བྱུང་བ་ཡིན་ལ་གཞན་དག་ནི་མ་འོངས་པ་འཐོབ་བོ། །
སྔར་བཤད་པའི་ལྷག་མ་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་དགུ་པ་དང་། ས་བདུན་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བ་དང་། མངོན་པར་ཤེས་པ་དང་། སྤེལ་མ་སྒོམ་པ་དང་། མི་གཡོ་བ་རྟོགས་པར་བྱེད་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་དང་པོ་བརྒྱད་པོ་རྣམས་དང་། དེ་བཞིན་དུ་སྔར་མ་སྨོས་པ་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བའི་སྦྱོར་བ་དང་ཁྱད་པར་ཅན་གྱི་ལམ་རྣམས་ལ་ཚོགས་པའོ། །རྣམས་ལ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་བརྒྱད་མ་འོངས་པ་འཐོབ་སྟེ་སློབ་པའི་དབང་དུ་བྱས་པའོ། །མི་སློབ་པ་ནི་མངོན་པར་ཤེས་པ་དང་སྤེལ་མ་སྒོམ་པ་དང་མི་གཡོ་བ་རྟོགས་པར་བྱེད་པའི་བར་ཆད་མེད་པའི་ལམ་ལ་དུས་ཀྱི་རྣམ་གྲོལ་ཡིན་ན་ཕ་རོལ་སེམས་ཤེས་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་བརྒྱད་འཐོབ་ལ། མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི་བར་ཆད་མེད་ལམ་ལ་བཀག་པས་ཕ་རོལ་སེམས་ཤེས་མ་གཏོགས་པ་དགུ་འཐོབ་བོ། །མངོན་པར་ཤེས་པ་དང་སྤེལ་མར་སྒོམ་པ་དང་མི་གཡོ་བ་རྟོགས་པར་བྱེད་པའི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་རྣམས་ལ་དུས་ཀྱི་རྣམ་གྲོལ་གྱིས་མི་སྐྱེ་བ་ཤེས་པ་མ་གཏོགས་པ་དགུ་དང་། མི་གཡོ་བས་བཅུ་པོ་ཐམས་ཅད་འཐོབ་བོ། །དེ་ཡང་། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ཞེས་འབྱུང་བས་ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་ཀྱིས་ནི་རྣམ་གྲོལ་གྱི་ལམ་ཡང་ལུང་མ་བསྟན་ཡིན་ལ་ལུང་མ་བསྟན་ལ་ནི་མ་འོངས་པ་འཐོབ་པ་མེད་དོ། །དེ་དག་ནི་མི་སློབ་པའི་དབང་དུ་བྱས་པའོ། །སོ་སོའི་སྐྱེ་བོ་འདོད་པ་དང་བསམ་གཏན་སྔ་མ་གསུམ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་ཐ་མ་རྣམས་ལ་ནི་རིམ་པ་ལྟར་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའི་སས་བསྡུས་པའི་ཀུན་རྗོབ་ཤེས་པ་དང་ཕ་རོལ་སེམས་ཤེས་མ་འོངས་པ་འཐོབ་བོ། །
བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་དགུ་པ་ལ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིས་བསྡུས་པའི་ཀུན་རྫོབ་ཤེས་པ་འཐོབ་ཀྱི་ཕ་རོལ་སེམས་ཤེས་ནི་མི་འཐོབ་སྟེ། དེ་ནི་གཟུགས་ལ་བརྟེན་ནས་བསྒྲུབ་པར་བྱ་བ་ཡིན་པས་གཞན་གྱི་སེམས་ཤེས་གཟུགས་མེད་ཀྱི་སས་བསྡུས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་མེད་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །བསམ་གཏན་གྱི་དངོས་གཞིའི་ས་པའི་སྦྱོར་བའི་ལམ་རྣམས་དང་། ལྷའི་མིག་དང་རྣ་བའི་མངོན་ཤེས་མ་གཏོགས་པའི་མངོན་ཤེས་གསུམ་གྱི་རྣམ་གྲོལ་གྱི་ལམ་དང་ཆད་མེད་དང་རྣམ་ཐར་ཟིལ་གནོན་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པའི་རྣམ་གྲོལ་གྱི་ལམ་ལ་ནི་ཀུན་རྗོབ་ཤེས་པ་དང་ཕ་རོལ་སེམས་ཤེས་གཉིས་ཀ་འཐོབ་སྟེ། དེ་དག་ནི་བསམ་གཏན་གྱི་དངོས་གཞི་ལ་རྟེན་པའི་ཕྱིར་རོ། །མངོན་ཤེས་སྤྲུལ་པ་མ་གཏོགས་སོ་ཞེས་བྱ་བ་ནི་བསམ་གཏན་དགེ་བའི་སྟོབས་ཀྱིས་དེ་དག་མ་འོངས་པ་འཐོབ་པར་བཤད་པ་ཡིན་ལ། འདིར་དེ་དག་གི་མ་འོངས་པ་མི་འཐོབ་པར་འདོད་དོ། །ངེས་འབྱེད་ཆ་མཐུན་དག་ལ་ནི་བསམ་གཏན་གྱི་ས་པ་དག་གིས་ཀྱང་ཕ་རོལ་སེམས་ཤེས་འཐོབ་པ་མེད་དེ། མཐོང་ལམ་གྱི་འཁོར་ཡིན་པའི་ཕྱིར་ཏེ། ཇི་ལྟར་མཐོང་ལམ་ལ་ཕ་རོལ་སེམས་ཤེས་མི་འཐོབ་པ་ལྟར་དེའི་འཁོར་ལའང་མི་འཐོབ་བོ་སྙམ་དུ་བསམས་པའོ། །དེ་ཡང་སོ་སོའི་སྐྱེ་བོ་འདོད་པ་དང་བསམ་གཏན་སྔ་མ་གསུམ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་ཐ་མ་མ་གཏོགས་པ་དང་སྦྱོར་བ་དང་བར་ཆད་མེད་པ་དང་ཁྱད་པར་ཅན་གྱི་ལམ་དང་མངོན་ཤེས་གསུམ་དང་ཆད་མེད་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པ་དག་གི་བར་ཆད་མེད་པའི་ལམ་རྣམས་ལ་ནི་ཀུན་རྫོབ་ཤེས་པ་ཁོ་ན་མ་འོངས་པ་འཐོབ་ཀྱི་གཉེན་པོ་མ་ཡིན་པས་ཕ་རོལ་སེམས་ཤེས་ནི་མི་འཐོབ་བོ་ཞེས་ཊཱི་ཀ་ལས་འཆད་དོ། །
འོ་ན་ཟག་བཅས་ཟག་མེད་ཀྱི་ལམ་གང་ལ་ས་དུ་པའི་ཤེས་པ་འཐོབ་ཅེ་ན། དེ་ལ་ལམ་གཉིས་ལས་དང་པོ་འཇིག་རྟེན་པའི་ལམ་ནི་མི་ལྕོགས་མེད་ལ་བརྟེན་ནས་འདོད་པ་ལས་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོའི་དངོས་གཞི་འཐོབ་པ་ན་རྣམ་གྲོལ་གྱི་ལམ་དགུ་པ་ལ་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞིས་བསྡུས་པའི་ཀུན་རྫོབ་ཤེས་པ་འཐོབ་པ་ནས་སྲིད་རྩེའི་ཉེར་བསྡོགས་ལ་བརྟེན་ནས་ཅི་ཡང་མེད་པ་ལས་འདོད་ཆགས་དང་བྲལ་ནས་སྲིད་རྩེའི་དངོས་གཞིས་འཐོབ་པ་ན་རྣམ་གྲོལ་གྱི་ལམ་དགུ་པ་ལ་སྲིད་རྩེའི་ཉེར་བསྡོགས་དང་དངོས་གཞིས་བསྡུས་པའི་ཀུན་རྫོབ་ཤེས་པ་འཐོབ་པའི་བར་དུ་སྦྱར་རོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལམ་ལ་ནི་ས་བསམ་གཏན་གཉིས་པ་ལྟ་བུ་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་གཉིས་པའི་སས་བསྡུས་པའི་ཟག་མེད་ཀྱི་བསམ་གཏན་གཉིས་པ་གང་ཞིག་ཐོབ་པ་དེར་ཡང་འོག་མ་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་དང་དངོས་གཞི་ཁྱད་པར་ཅན་དང་རྣམ་གྲོལ་དགུ་པའི་ཚེ་བསམ་གཏན་གསུམ་པའི་སས་བསྡུས་པའི་ཟག་པ་མེད་པའང་འཐོབ་སྟེ། གཉེན་པོའི་རིགས་རྒྱས་པའི་ཕྱིར་རོ། །དེ་བཞིན་དུས་གཞན་གྱི་ཟག་མེད་ལའང་སྦྱང་བར་བྱའོ། །གང་གིས་ཟད་པ་ཤེས་པ་འཐོབ་པ་དེ་ལ་ནི་ཟག་པ་དང་བཅས་པའི་ཡོན་ཏན་མི་སྡུག་པ་དང་དབུགས་འབྱུང་རྔུབ་དྲན་པ་དང་དྲན་པ་ཉེར་གཞག་དང་ཚད་མེད་དང་རྣམ་ཐར་ཟིལ་གནོན་དང་ཟད་པར་ལ་སོགས་པ་རྣམས་ཀྱང་འཐོབ་བོ། །དེ་ཡང་ས་ཀུན་གྱིས་བསྡུས་པའི་ཡོན་ཏན་འཐོབ་སྟེ། དེ་ཡང་འདོད་ཆགས་དང་བྲལ་བས་ཐོབ་པ་རྣམས་འཐོབ་ཀྱི་སྦྱོར་བས་ཐོབ་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བས་ཐོབ་པ་རྣམས་ནི་དར་གྱི་སྦྲེག་མ་ཐག་པ་བཅད་པའམ་རྒྱལ་སྲིད་ཆེན་པོ་ཐོབ་ན་འབུལ་བ་དང་བཅས་པས་ཡུལ་མི་རྣམས་ཀྱིས་བསུ་བ་བྱེད་པ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཐོབ་པ་བཅད་པ་དང་སེམས་ཀྱི་རྒྱལ་སྲིད་ཆེན་པོ་ཐོབ་པ་ལ་ཡོན་ཏན་གྱི་ཚོགས་རྣམས་ཀྱི་ཐོབ་པས་བསུ་བའི་ཕྱིར་རོ། །ཡོན་ཏན་དེ་དག་ཀྱང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་རྟེན་ཅན་གྱི་དགྲ་བཅོམ་ཡིན་ན་རིམ་པ་ལྟར་ཁམས་གསུམ་ཆར་གྱིས་བསྡུས་པ་དང་ཁམས་གོང་མ་གཉིས་དང་གཟུགས་མེད་ཀྱིས་བསྡུས་པ་ཁོ་ན་འཐོབ་ལ་དེ་བཞིན་དུ་སའི་སྒོ་ནས་ཀྱང་རྟོགས་པར་བྱའོ། །དེ་ཡང་སྔོན་རྙེད་ཟིན་པ་ནི་མི་འཐོབ་སྟེ། དེ་ནི་ཐོབ་ཟིན་པའི་ཕྱིར་དང་། (དམན་པའི་ཕྱིར་དང་།) ཐོབ་པ་བཏང་བ་ཡིན་ན་འདས་པ་མི་འཐོབ་པའི་ཕྱིར་རོ། །
སློབ་དཔོན་འདུན་བཟང་ནི་ཐོབ་པ་བཏང་བ་དེ་དག་སྔོན་འདྲིས་པར་བྱས་པས་སྔོན་དུ་འགྱུར་ཀྱང་མ་འོངས་པ་ནི་མི་འཐོབ་སྟེ་སྟོབས་ཉམས་པའི་ཕྱིར་རོ་ཞེས་འདོད་དོ། །སློབ་དཔོན་དབྱིག་བཤེས་ནི་སྔོན་རྙེད་པ་དག་ད་ལྟ་མི་ལྡན་པ་ལས་རྙེད་ན་བཏང་ཡང་མ་འོངས་པ་འཐོབ་པར་འདོད་ལ། ཁ་ཅིག་ནི་བཏང་བ་རྣམས་ནི་མ་འོངས་པ་མི་འཐོབ་ཀྱི། མ་བཏང་ན་མ་འོངས་པ་འཐོབ་བོ་ཞེས་འདོད་དེ། འདི་དག་ནི་གཞི་མེད་པར་ཁྱད་པར་གྱི་ཆོས་ལ་དཔྱོད་པ་ཡིན་ནོ། །
ཅི་ཐོབ་པ་སྙེད་པ་ཁོ་ན་ཡིན་ནམ་ཞེ་ན། ཐོབ་པ་ནི་རྣམ་པ་བཞི་སྟེ། རྙེད་པ་དང་། བསྟེན་པ་དང་། གཉེན་པོ་དང་། ཐག་སྲིང་བ་འཐོབ་པའོ། །དེ་ལ་རྙེད་པ་འཐོབ་པ་ཞེས་བྱ་བ་ནི་དགེ་བ་འདུས་བྱས་རྣམས་(གོམས་པས་དེ་དག་མ་འོངས་པ་རྣམས་)ཀྱིས་གསར་དུ་རྙེད་པའོ་ལྟ་བུ། །བསྟེན་པ་འཐོབ་པ་ཞེས་བྱ་བ་ནི་དགེ་བ་འདུས་བྱས། (ཐོབ་ཟིན།) རྣམས་ཀྱིས་ཡང་དང་ཡང་དུ་མངོན་དུ་བྱས་པའི་ཐོབ་པའོ། །དེ་ཡང་ད་ལྟར་བའི་ཆོས་ལ་ནི་རྙེད་པ་དང་བསྟེན་པ་གཉིས་ཡོད་ལ་མ་འོངས་པ་ལ་རྙེད་པ་འབའ་ཞིག་དང་འདས་པ་ལ་གཉིས་ཀ་མེད་དོ། །གཉེན་པོ་འཐོབ་པ་དང་ཐག་སྲིང་བ་འཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱིས་གཉེན་པོ་འཐོབ་པ་དང་དེ་དག་སྤངས་པ་ཐག་སྲིང་བ་ཡིན་ཏེ། རིམ་པ་ལྟར་ལུས་སེམས་ལ་འདོད་ཆགས་དང་བྲལ་བར་བྱེད་པ་དང་། ཉོན་མོངས་པའི་ཐོབ་པ་གཅོད་པའོ། །དེ་ལྟར་ན་དགེ་བ་ཟག་བཅས་རྣམས་ཀྱིས་ནི་ཐོབ་པ་བཞི་ཆར་ཡིན་ནོ། །དེ་ཡང་དང་པོ་གཉིས་ནི་དགེ་བ་ཟག་བཅས་རང་གིས་འཐོབ་པ་ཡིན་ལ་ཕྱི་མ་གཉིས་ནི་དེ་དག་གི་གཉེན་པོ་དང་རྣམ་གྲོལ་ཐོབ་པ་ལ་དེ་དག་གི་ཐོབ་པ་ཞེས་བཏགས་ནས་བརྗོད་པ་ཡིན་ནོ། །ཟག་མེད་ཀྱི་ནི་འཐོབ་པ་དང་པོ་གཉིས་ཡིན་གྱི་ཕྱི་མ་གཉིས་ནི་མ་ཡིན་ཏེ། ཟག་མེད་ལ་གཉེན་པོ་མེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ཐག་སྲིང་བའང་མེད་པའི་ཕྱིར་རོ། །ཉོན་མོངས་ཅན་བསྒྲིབས་ལ་ལུང་མ་བསྟན་རྣམས་ཀྱིས་ནི་གཉེན་པོ་འཐོབ་པ་དང་སྤངས་པ་ཐག་སྲིང་བའི་ཐོབ་པ་གཉིས་ཡིན་ཏེ། ཤེས་པ་ཁ་ཅིག་ནི་དེ་དག་གི་གཉེན་པོ་ཡིན་པའི་ཕྱིར་དང་། ཁ་ཅིག་ནི་དེ་དག་ཐག་སྲིང་བ་ཡིན་པའི་ཕྱིར་དང་། འདིར་གང་ཅུད་ཟད་བཤད་པའི་ཐོབ་པའི་དབྱེ་བ་ནི་ཤེས་པའི་ཐོབ་པ་ལ་བརྩམས་ནས་བཤད་པའི་ཕྱིར་དང་། སྤྱིར་ཐོབ་པའི་དབྱེ་བ་ཡང་སྔར་བཤད་ཟིན་པའི་ཕྱིར་རོ། །
འོ་ན་ནི་ཀུན་རྫོབ་ཤེས་པ་མི་དགེ་བ་དང་ལུང་མ་བསྟན་ཡོད་པས་དེ་དག་རྙེད་པ་དང་བསྟེན་པའི་ཐོབ་པའང་ཡོད་པའི་ཕྱིར་དེ་དག་གི་ཐོབ་པ་བཞིར་འགྱུར་རོ་ཞེ་ན། དེ་ལྟ་མོད་ཀྱི་ཕལ་ཆེ་བའི་དབང་དུ་བྱས་ནས་དེ་དག་གི་ཐོབ་པ་གཉིས་ཡིན་པར་བསྟན་ཏོ། །ཉི་འོག་པ་རྣམས་ནི་སྡོམ་པའི་ཐོབ་པ་དང་། རྣམ་པར་འཇིག་པ་འཐོབ་པ་གཉིས་བསྣན་ནས་དྲུག་ཏུ་འདོད་དེ། དང་པོ་ནི་མདོ་ལས། དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་ཤིན་ཏུ་བསྒོམས་པ་ཞེས་གསུངས་པ་མིག་སོགས་དབང་པོ་དྲུག་གི་སྒོ་སྡོམ་པ་དྲན་ཤེས་བཞིན་གྱི་བདག་ཉིད་ཡིན་ལ། གཉིས་པ་ནི་ལུས་ལ་དམིགས་པའི་ཉོན་མོངས་པ་ཐག་སྲིང་བ་སྟེ་ཕྱི་ནང་གི་ལུས་དྲན་པ་ཉེར་གཞག་འཐོབ་པ་ཡིན་ནོ། །ཁ་ཆེ་བ་རྣམས་ནི་དེ་དག་ཀྱང་རིམ་པ་ལྟར་ཕྱི་མ་གཉིས་ཀྱི་ནང་དུ་འདུས་སོ་ཞེས་ཟེར་རོ། །ཡང་ན་གཉིས་ཀའང་གཉིས་ཀའི་ཁོངས་སུ་འདུས་སོ་ཞེས་བྱས་ཀྱང་འགལ་བ་མེད་དོ་ཞེས་རྒྱལ་པོའི་སྲས་འཆད་དོ། །
དེ་དག་གི་ཡོན་ཏན་བཤད་པ།
ད་ནི་གསུམ་པ་དེ་དག་གི་ཡོན་ཏན་སྟོན་ཏེ། དེ་ཡང་སྔར་ནི་ཟད་པ་ཤེས་ལ་ཟག་བཅས་ཀྱང་ཞེས་ཉན་རང་སངས་རྒྱས་རྣམས་ཀྱི་ཟད་ཤེས་ཀྱི་སྐད་ཅིག་ལ་ཐོབ་པའི་ཡོན་ཏན་སྤྱིར་བཤད་ལ། འདིར་ནི་སངས་རྒྱས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་དང་ཐུན་མོང་གཉིས་ལས། དང་པོ་ལའང་གསུམ་ལས་མདོར་བསྟན་པ་ནི་རྣམ་བཤད་རིགས་པ་ལས། གཏི་མུག་གཉིད་གཉིས་སངས་ཕྱིར་དང་། །བློ་རྒྱས་ཕྱིར་ན་སངས་རྒྱས་པ་ཞེས་འབྱུང་བས་མ་རིག་པའི་གཉིད་སངས་པ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་སངས་རྒྱས་ཀྱིས་ཟད་པ་མཁྱེན་པའི་ཚེ་བརྙེས་པའི་ཡོད་ཏན་གྱི་ཆོས་ཉན་ཐོས་ལ་སོགས་པ་གཞན་དང་ཐུན་མོང་མ་ཡིན་པས་མ་འདྲེས་པའི་སྟོབས་བཅུ་དང་སོགས་པའི་སྒྲས་གཟུང་བ་མི་འཇིགས་པ་བཞི་དང་དྲན་པ་ཉེར་གཞག་གསུམ་དང་ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་དོ། །མདོ་གཞན་ལས་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པ་བཅོ་བརྒྱད་གསུངས་པ་ནི་མདོ་སྡེའི་རྒྱན་དུ། སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བཞིར་བསྡུས་པ་ནི་ཐེག་པ་གོང་མ་པའི་ལུགས་ཡིན་ནོ། །
རྒྱས་པར་བཤད་པ་ལ་བཞི་ལས་དང་པོ་སྟོབས་བཅུ་བཤད་པ་ནི་གནས་དང་གནས་མིན་པ་ནི་སྲིད་པ་དང་མི་སྲིད་པ་སྟེ། (འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དོ། །)དེ་ལ་གནས་དགེ་བ་ལས་མཐོ་རིས་འབྱུང་བ་དང་མི་དགེ་བ་ལས་ངན་སོང་འབྱུང་བ་དང་སྐྱེས་པ་རང་སངས་རྒྱས་སུ་འགྱུར་བ་ལ་སོགས་པ་དང་། གནས་མ་ཡིན་པ་དགེ་བས་ངན་སོང་དུ་འགྲོ་བ་གནས་མ་ཡིན་པ་ལ་སོགས་པ་རྒྱུ་དང་རྒྱུ་མ་ཡིན་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སྟོབས་ནི་ཤེས་པ་རྣམ་པ་བཅུ་སྟེ། དེ་ལ་གནས་དང་གནས་མ་ཡིན་པ་ནི་བསྡུ་ན་འདུས་བྱས་དང་འདུས་མ་བྱས་གཉིས་ཡིན་ལ། (གནས་མཁྱེན་བས་ནི་རྒྱུ་མེད་པར་སྨྲ་བ་འགོག་ལ། གནས་མ་ཡིན་པ་མཁྱེན་པས་ནི་མི་མཐུན་པ་རྒྱུར་སྨྲ་བ་འགོག་གོ།) འདུས་བྱས་ལ་ཁམས་གསུམ་དང་ཟག་མེད་ལ་མཚུངས་ལྡན་དང་དེ་མ་ཡིན་པ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དང་། འདུས་མ་བྱས་ལ་དགེ་བ་དང་ལུང་མ་བསྟན་གཉིས་སུ་ཕྱེ་བས་བཅུར་འགྱུར། དེ་ལ་ཀུན་རྫོབ་ཤེས་པའི་ཡུལ་ནི་བཅུ་ཆར་ཡིན་ལ། ཆོས་ཤེས་པའི་ནི་འདོད་པ་དང་ཟག་མེད་འདུས་བྱས་གཉིས་གཉིས་དང་འདུས་མ་བྱས་དགེ་བ་སྟེ་ལྔ་དང་། རྗེས་སུ་ཤེས་པའི་ནི་ཁམས་གོང་མ་གཉིས་དང་འདུས་བྱས་ཟག་མེད་གཉིས་གཉིས་དང་འདུས་མ་བྱས་དགེ་བ་སྟེ་བདུན་དང་། སྡུག་བསྔལ་དང་ཀུན་འབྱུང་ཤེས་པའི་ནི་ཁམས་གསུམ་གྱི་དྲུག་གོ། འགོག་པ་ཤེས་པའི་ནི་འདུས་མ་བྱས་དགེ་བ་ཁོ་ནའོ། །ལམ་ཤེས་པའི་ནི་འདུས་བྱས་ཟག་མེད་གཉིས་སོ། །ཕ་རོལ་སེམས་ཤེས་ཀྱིས་ནི་འདོད་གཟུགས་དང་འདུས་བྱས་ཟག་མེད་ཀྱི་མཚུངས་ལྡན་གསུམ་མོ། །ཟད་པ་དང་མི་སྐྱེ་བ་ཤེས་པའི་ནི་འདུས་མ་བྱས་ལུང་མ་བསྟན་མ་གཏོགས་པ་དགུའོ། །ཟག་བཅས་ཀྱི་ལས་དང་(དེའི་)འབྲས་བུ་རྣམ་པར་སྨིན་པ་སྣ་ཚོགས་(ནི་བདེན་པ་དང་པོ་གཉིས་ཡིན་ལ་དེ།) མཁྱེན་པའི་སྟོབས་ལ་ནི་འགོག་ལམ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་ཡིན་ཏེ། འགོག་ལམ་ཤེས་པ་ནི་ཟག་མེད་ཁོ་ན་ལ་དམིགས་ལ་ལས་དེའི་རྣམ་སྨིན་ནི་ཟག་བཅས་བདེན་པ་དང་པོ་གཉིས་ཀྱིས་(སེམས་ཤེས་ཀྱི་ཁམས་འོག་མ་གཉིས་ཀྱི་སེམས་སེམས་བྱུང་དགེ་མི་དགེ་ཤེས་ལ། ཆོས་ཤེས་ཆ་དང་བཅས་པས་འདོད་པ་དང་རྗེས་ཤེས་ཆ་དང་བཅས་པས་གོང་མ་གཉིས་ཤེས་སོ། །)བསྡུས་པའི་ཕྱིར་རོ། །(ཀུན་རྫོབ་ཤེས་པ་ནི་ཁམས་གསུམ་གའི་ལས་འབྲས་ལ་དམིགས་སོ། །)བསམ་གཏན་བཞི་དང་། སོགས་པས་གཟུང་བ་རྣམ་ཐར་བརྒྱད་དང་། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང་། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་གཉིས་དང་། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་དང་། གཟུགས་མེད་སྙོམས་འཇུག་བཞིའི་རང་བཞིན་དང་ཐོབ་པ་དང་ཕན་འདོགས་པ་དང་རོ་མྱང་ལྡན་ལ་སོགས་པ་དང་ཉམས་པ་ཆ་མཐུན་ལ་སོགས་པའི་(ཉོན་མོངས་དང་རྣམ་བྱང་གི་)དོན་རྣམས་ཐོགས་པ་མེད་པར་མཁྱེན་པའི་སྟོབས་ནི་ཤེས་པ་དགུ་ཡིན་ཏེ། དེ་དག་འདུས་བྱས་ཟག་བཅས་ཟག་མེད་ཁོ་ན་ལ་དམིགས་པའི་ཕྱིར་དང་འགོག་པ་ཤེས་པ་མ་གཏོགས་པའི་ཕྱིར་རོ། །དེ་བཞིན་དུ་དད་པ་ལ་སོགས་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། ཉན་ཐོས་ལ་སོགས་པ་ལ་མོས་པ་སྣ་ཆོགས་དང་། ཉན་ཐོས་ལ་སོགས་པའི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་རྣམས་ལ་ནི་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་དགུ་ཡིན་ཏེ། དེ་ལ་དབང་པོ་དང་མོས་པ་ནི་སེམས་བྱུང་ཡིན་ཞིང་ཁམས་ནི་སློབ་དཔོན་འདུན་བཟང་སེམས་ཅན་རྣམས་ཀྱི་སྔོན་གོམས་པའི་བག་ཆགས་ཀྱིས་ཡང་དག་པར་གྲུབ་པའི་བསམ་པ་ལ་འདོད་པས་དེ་ཡང་སེམས་དང་སེམས་བྱུང་ཁྱད་པར་ཅན་ཡིན་ལ། (དེ་ཡང་བདེན་པ་དང་པོ་གཉིས་དང་ལམ་མོ། །)དེ་དག་ཀྱང་ཟག་བཅས་ཟག་མེད་འདུས་བྱས་ཁོ་ན་ལ་དམིགས་པའི་ཕྱིར་རོ། །དམྱལ་བ་ནས་འགོག་པའི་བར་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དག་ལ་ནི་ཤེས་པ་བཅུ་ཡིན་ཏེ། ལམ་ནི་རྒྱུ་ཡིན་ལ་དེ་ཉིད་འབྲས་བུ་དང་བཅས་པ་མཁྱེན་པར་འདོད་ན་ནི་འགོག་པ་ཤེས་པའང་ཡོད་པའི་ཕྱིར་ཏེ། འགོག་པ་ནི་ལམ་གྱི་སྐྱེས་བུ་བྱེད་པ་དང་བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །ལམ་འབའ་ཞིག་མཁྱེན་པ་སྟོབས་སུ་འདོད་ན་ནི་ལམ་འདུས་བྱས་ཡིན་པས་འགོག་ཤེས་མ་གཏོགས་པ་ཤེས་པ་དགུ་ཡིན་ནོ། །དེ་ལྟར་ལུགས་ཐ་དད་པའམ་ཞེས་སྨྲོས་པ་ཡིན་ནོ། །
སྔོན་གྱི་གནས་རྗེས་སུ་དྲན་པ་དང་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། འདི་དག་བདེན་པ་ལ་མི་དམིགས་པའི་ཕྱིར་རོ། །འདི་ལྟར་སྔོན་གྱི་གནས་རྗེས་སུ་དྲན་པ་ནི་རང་གཞན་གྱི་སྐྱེ་བ་སྔ་མ་དྲན་པ་ཡིན་ལ། འཆི་བ་དང་འཕོ་བ་བར་དོ་དང་སྐྱེ་བ་མཁྱེན་པ་ནི་རང་གཞན་གྱི་མ་འོངས་པའི་སྲིད་པ་མཁྱེན་པ་སྟེ། འདི་དག་རང་གི་མཚན་ཉིད་ལ་དམིགས་ཀྱི་སྤྱིའི་མཚན་ཉིད་བདག་མེད་པའི་རྣམ་པར་མ་ཞུགས་པའི་ཕྱིར་བདེན་པ་ལ་མི་དམིགས་སོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་གལ་ཏེ་ཟག་པ་ཟད་པ་འགོག་བདེན་འབའ་ཞིག་མཁྱེན་པར་འདོད་ན་ནི་ཆོས་ཤེས་རྗེས་ཤེས་དང་འགོག་པ་ཤེས་པ་དང་ཟད་མི་སྐྱེ་ཤེས་པ་དང་ཀུན་རྗོབ་ཤེས་པ་དང་དྲུག་ཡིན་ཏེ། འགོག་པ་ཤེས་པའི་རིགས་ཁོ་ན་ཆོས་ཤེས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་དུ་བྱས་པའི་ཕྱིར་དང་། འདུས་མ་བྱས་ཡིན་པས་བདེན་པ་གཞན་གསུམ་ཤེས་པ་དང་ཕ་རོལ་སེམས་ཤེས་མི་སྲིད་པའི་ཕྱིར་རོ། །འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་རྒྱུད་ལ་ཡོད་པའི་ཤེས་པ་ལ་འདོད་ན་ནི་དེའི་རྒྱུད་ལ་ནི་ཤེས་པ་ཐམས་ཅད་འབྱུང་བས་ཤེས་པ་བཅུ་ཡིན་ནོ། །
ད་ནི་དེ་དག་གང་ལ་བརྟེན་པའི་ས་བཤད་པར་བྱ་སྟེ། དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པ་དང་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་གཉིས་ནི་བསམ་གཏན་གྱི་དངོས་གཞི་བཞི་པོ་དག་ན་ཡོད་དེ། འདི་དག་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེད་པར་བྱ་བ་ཡིན་པ་ནས་གཞན་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །སྟོབས་ལྷག་མ་བརྒྱད་པོ་ནི་(དེ་དག་འོག་ས་སྤོང་བ་ཡིན་གྱི་ཡོན་ཏན་བསྐྱེད་བའི་ས་མིན་པས།) ཉེར་བསྡོགས་ཕྱི་མ་བདུན་མ་གཏོགས་པ་ས་རྣམས་ཀུན་ན་ཡོད་དེ། བསྐྱེད་སླ་བའི་ཕྱིར་ཟག་མེད་རྣམས་ནི་ཅི་རིགས་པར་ཟག་མེད་ཀྱི་ས་རྣམས་ལ་རྟེན་ལ། ཀུན་རྫོབ་ཤེས་པས་བསྡུས་པའི་སྟོབས་རྣམས་ནི་ས་ཐམས་ཅད་ལ་རྟེན་པར་འདོད་དོ། །འོན་ཀྱང་འདི་དག་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་མཁྱེན་པའི་ཕྱིར་བསམ་གཏན་བཞི་བའི་སེམས་ལ་ཕལ་ཆེར་རྟེན་པ་ཡིན་ནོ། །ལུས་ཀྱི་རྟེན་ནི་གླིང་གཞན་དང་ཁམས་གཞན་དང་འགྲོ་བ་གཞན་གྱི་རྟེན་ལ་སངས་རྒྱས་མི་འབྱུང་བའི་ཕྱིར་དང་། བུད་མེད་རྟེན་དང་བསམ་སྦྱོར་དམན་པའི་ཕྱིར་འཛམ་བུའི་གླིང་གི་སྐྱེས་པ་ཁོ་ན་ལ་རྟེན་པར་འདོད་དོ། །
འོ་ན་ཤེས་པ་བཅུ་པོ་དེ་དག་ཉན་རང་ལ་སོགས་པ་ལའང་ཅི་རིགས་པར་ཡོད་བཞིན་དུ་ཅིའི་ཕྱིར་སངས་རྒྱས་ཁོ་ནའི་ལ་སྟོབས་ཞེས་བྱ་ཞེ་ན། སངས་རྒྱས་ལ་མངའ་བའི་ཤེས་པ་བཅུ་པོ་འདི་དག་ནི་སྟོབས་ཡིན་ཏེ། གང་གི་ཕྱིར་འདིའི་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པ་དེའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ལས་གཞན་ལའང་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་ཉི་ཚེ་བ་ཡོད་མོད་ཀྱི། འགའ་ཞིག་ཤེས་ཀྱང་འགའ་ཞིག་མི་ཤེས་པས་ཤེས་བྱ་ལ་ཐོགས་པ་དང་བཅས་པའི་ཕྱིར་སྟོབས་ཞེས་བྱ་བའི་མིང་མི་འཐོབ་སྟེ། གནས་བརྟན་ཤཱ་རིའི་བུས་ཁང་བདག་དཔལ་སྐྱེས་ཀྱི་ཐར་བའི་ཆ་མཐུན་གྱི་དགེ་བ་མ་ཤེས་པས་རབ་ཏུ་མ་ཕྱུང་བ་དང་བྱ་ཞིག་ཁྲས་གཅོས་པའི་སྐྱེ་འཆིའི་མཐའ་མ་ཤེས་པ་ལྟ་བུའོ། །དེ་ལྟར་ན་མཁྱེན་པ་ལ་ཐོགས་པ་མི་མངའ་བའི་ཕྱིར་སངས་རྒྱས་ཀྱི་ཐུགས་ཀྱི་སྟོབས་ནི་ཤེས་བྱ་བཞིན་དུ་མཐའ་ཡས་པ་ཡིན་ནོ། །འོ་ན་ཐུགས་ཀྱི་སྟོབས་དེ་ལྟར་ཐོགས་པ་མི་མངའ་ན་སྐུའི་སྟོབས་ཇི་ལྟར་ཞེ་ན། སངས་རྒྱས་ཀྱི་སྐུ་ལ་ནི་སྲེད་མེད་ཀྱི་བུའི་སྟོབས་མངའོ། །དེ་ལ་སྲེད་མེད་ཀྱི་བུ་ཞེས་བྱ་བ་ནི་སྟོབས་ཀྱི་མིང་སྟེ་དཔེར་ན་གྲངས་ཀྱི་གནས་གཞན་དྲུག་ཅུ་པ་ལ་གྲངས་མེད་ཅེས་བརྗོད་པ་བཞིན་ནོ། །སྔོན་གྱི་སློབ་དཔོན་གཞན་དག་ན་རེ་སྐུའི་རུས་པའི་ཚིགས་དང་ཚིགས་རེ་རེ་ནའང་སྲེད་མེད་ཀྱི་བུའི་སྟོབས་མངའོ་ཞེས་ཟེར་རོ། །(བྱང་ས་ལས་ཀྱང་། སྐུའི་ཚིགས་ཐམས་ཅད་ཀྱི་ཚིགས་རེ་རེ་ལའང་སྲེད་མེད་ཀྱི་བུའི་སྟོབས་མངའ་བ་དང་ཞེས་འབྱུང་ངོ་། །)དཔེས་སྟོན་པའི་གནས་བརྟན་བཙུན་པ་ན་རེ་ཐུགས་ཀྱི་སྟོབས་མཐའ་ཡས་པ་ལྟར་སྐུའི་སྟོབས་ཀྱང་མཐའ་ཡས་ཏེ། དེ་ལྟ་མ་ཡིན་ན་ཐུགས་ཀྱི་སྟོབས་ཇི་ལྟར་བཟོད་པར་འགྱུར་ཞེས་ཟེར་རོ། །དེའི་ཕྱིར་རུས་པའི་ཚིགས་གྱི་ཁྱད་པར་ནི་སངས་རྒྱས་དང་རང་སངས་རྒྱས་དང་འཁོར་ལོས་བསྒྱུར་བ་རྣམས་ཀྱི་རིམ་པ་ལྟར་ཀླུའི་མདུད་པ་དང་ལུ་གུ་རྒྱུད་དང་གཟེར་བུས་བཏབ་པ་ལྟར་སྲ་བ་ཡིན་ནོ། །
འོ་ན་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་ཕལ་པ་དང་། སོགས་པས་བསྡུས་པ་སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་ཀྱི་བུ་རྣམས་ཏེ་བདུན་པོ་དེ་དག་སྔ་མ་སྔ་མ་བཅུས་གླགས་ཤིང་བསྒྱུར་བ་ནི་ཕྱི་མ་ཕྱི་མའི་སྟོབས་ཡིན་ནོ། །ཁ་ཅིག་ན་རེ་སྟོབས་མཆོག་བཅུའི་སྟོབས་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ལ་དེ་གཉིས་སུ་བསྒྱུར་བ་ནི་སྲེད་མེད་ཀྱི་བུའི་སྟོབས་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་ནི་གནས་བརྟན་བཙུན་པའི་གཞུང་གཟུགས་པའི་ཕྱིར་སྐུའི་སྟོབས་ཇི་ལྟར་ཆེས་ཆེ་བ་དེ་ལྟར་རུང་སྟེ། དེ་ལྟ་མ་ཡིན་ན་མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་བའི་ཕྱིར་དང་། གཞན་དུ་ན་ལྷས་བྱིན་གྱིས་བསད་པའི་གླང་པོ་ཆེའི་རོ་ཞབས་ཀྱི་མཐེ་བོས་ར་བ་དང་འོབས་བདུན་ཟློ་བར་ཡང་མི་འགྱུར་བའི་ཕྱིར་རོ་ཞེས་འདོད་དོ། །དེ་ལྟ་བུའི་སྐུའི་སྟོབས་དེའི་ངོ་བོ་ནི་རེག་བྱའི་སྐྱེ་མཆེད་དེ་འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ན་ཡིན་གྱི་འབྱུང་བ་ལས་གྱུར་པ་ནི་མ་ཡིན་ནོ། །ཁ་ཅིག་ན་རེ་སྟོབས་དེ་ནི་འབྱུང་བ་མ་ཡིན་གྱི་སྔར་བཤད་པའི་འབྲས་བུའི་རེག་བྱ་འཇམ་པ་ཉིད་ལ་སོགས་པ་བདུན་ལས་དོན་གཞན་དུ་གྱུར་པ་རྒྱུར་བྱས་པའི་རེག་བྱ་བརྒྱད་པ་ཞིག་ཡིན་ནོ་ཞེས་ཟེར་རོ། །(འཁྲེགས་པ་ལ་འདོད་པར་མངོན་ནོ། །)
གཉིས་པ་མི་འཇིགས་པ་བཤད་པ་ནི་མི་འཇིགས་པ་ནི་རྣམ་པ་བཞི་ཡིན་པར་མདོ་ལས། ཀྱེ་མ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་འདི་ན་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པ་ཡང་རུང་སྟེ་འགའ་ཡང་ཆོས་དང་མཐུན་པས་རྒོལ་ཞིང་གླེང་བར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ལྟར་ངས་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་དང་། བག་ཚ་བ་མེད་པ་དང་། མི་འཇིགས་པ་ཐོབ་པར་གནས་ཏེ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་ཞལ་གྱིས་འཚོ་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ལ་སོགས་པ་གང་གིས་ཀྱང་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་མི་འཇིགས་པ་དང་པོ་ཞེས་པ་དང་དེེ་བཞིན་དུ་ང་ཉིད་ཀྱིས་ཟག་པ་རྣམས་ཟད་དོ་ཞེས་ཞལ་གྱིས་བཞེས་པ་དང་། ཉན་ཐོས་རྣམས་ལ་འདོད་ཆགས་ལ་སོགས་པ་བར་དུ་གཅོད་པའི་ཆོས་སུ་བསྟན་པ་དང་། ལམ་ངེས་པར་འབྱུང་བ་ཉིན་དུ་བསྟན་པ་ལ་རྒོལ་བ་མ་མཐོང་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་སྟེ། ཇི་ལྟར་སྟོབས་དང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཤེས་པ་བཅུ་དང་ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན་དུ་མི་འཇིགས་པ་དང་པོ་འདི་ཡང་ཡིན་ནོ། །བདག་ཉིད་ཀྱི་ཟག་པ་རྣམས་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ནི་སྒྲིབ་པ་མ་ལུས་པ་སྤངས་པ་ཉིད་མཁྱེན་པ་སྟེ། ཇི་ལྟར་སྟོབས་བཅུ་པ་ཟག་པ་ཟད་པ་མཁྱེན་པ་(འགོག་ཤེས་ཆ་མཐུན་དང་བཅས་པ།) ཤེས་པ་དྲུག་གམ་བཅུ་དང་ས་བཅུ་གཅིག་གིས་བསྡུས་པ་དེ་བཞིན་དུ་མི་འཇིགས་པ་གཉིས་པ་འདི་ཡང་ཡིན་ནོ། །བར་དུ་གཅོད་པའི་ཆོས་སུ་བསྟན་པ་ནི་ཉོན་མོངས་པའི་བདུད་ལ་སོགས་པ་ལམ་ལ་བར་དུ་གཅོད་པ་ཉིད་དུ་མཁྱེན་པ་སྟེ། ཇི་ལྟར་སྟོབས་གཉིས་པ་ལས་(ལས་དེ་ནི་སྡུག་ཀུན་དུ་འདུས་པས།) བདག་གིར་བྱ་བ་མཁྱེན་པ་འགོག་ལམ་ཤེས་པ་མ་གཏོགས་བརྒྱད་དང་ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན་དུ་མི་འཇིགས་པ་གསུམ་པ་འདི་ཡང་ཡིན་ཏེ། བདེན་པ་དང་པོ་གཉིས་ཀྱིས་བསྡུས་པ་ཁོ་ནས་བར་དུ་གཅོད་པའི་ཕྱིར་རོ། །ལམ་ངེས་པར་འབྱུང་བ་ཉིད་དུ་བསྟན་པ་ནི་ཉན་ཐོས་ལ་སོགས་པའི་ལམ་མཁྱེན་པ་སྟེ། ཇི་ལྟར་སྟོབས་བདུན་པ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ཤེས་པ་བཅུའམ་དགུ་དང་ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན་དུ་མི་འཇིགས་པ་བཞི་པ་འདི་ཡང་ཡིན་ཏེ། ཟག་བཅས་ཟག་མེད་ཀྱི་ལམ་འབྲས་བུ་དང་བཅས་པ་བཟུང་ན་བཅུ་དང་འབྲས་བུ་མེད་པ་བཟུང་ན་དགུ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་ནི་ཤེས་པ་ཉིད་མི་འཇིགས་པར་འདོད་ལ། སློབ་དཔོན་ནི་མི་འཇིགས་པ་ནི་མི་སྐྲག་པ་ཡིན་པས་ཤེས་པ་ཉིད་མ་ཡིན་གྱི་ཤེས་པའི་འབྲས་བུ་ཡིན་ཏེ། ཤེས་པ་ལ་བརྟེན་ནས་མི་སྐྲག་པ་འབྱུང་བའི་ཕྱིར་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་ཡིན་ཏེ་སྟེང་ཀ་རྐང་ནད་ཅེས་བྱ་བ་བཞིན་ནོ་ཞེས་བཞེད་དོ། །དོན་འདི་ཉིད་མདོ་སྡེའི་རྒྱན་ལས་ཀྱང་། རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་གེགས་མཛད་པ། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ་ཞེས་གསུངས་སོ། །(སྟོབས་ནི་གཞན་གྱི་ཟིལ་གྱིས་མི་གནོན་པ་ཡིན་ལ་མི་འཇིགས་པ་ནི་གཞན་སླར་ཟིལ་གྱིས་གནོན་པའོ། །)
གསུམ་པ་དྲན་པ་ཉེ་བར་བཞག་པ་གསུམ་བསྟན་པ་ནི་མདོ་ལས། དགེ་སློང་དྲན་པ་ཉེ་བར་བཞག་པ་གསུམ་པོ་འདི་དག་ནི་གང་དག་འཕགས་པ་བསྟེན་པར་བྱེད་པ་སྟེ་འཕགས་པས་དེ་དག་བསྟེན་ན་འཁོར་ལ་རྗེས་སུ་སྟོན་པར་འོས་སོ། །གསུམ་གང་ཞེ་ན། དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ། ཐུགས་རྗེ་ཅན། དོན་བཞེད་པ། ཕན་པར་བཞེད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པས་ཉན་ཐོས་རྣམས་ལ་འདི་ནི་ཁྱེད་ལ་ཕན་པར་བྱེད་པ། འདི་ནི་ཁྱེད་ལ་བདེ་བར་བྱེད་པ། འདི་ནི་ཁྱེད་ལ་ཕན་པ་དང་བདེ་བར་བྱེད་པའོ་ཞེས་ཆོས་སྟོན་པར་མཛད་ཅིང་། ཉན་ཐོས་དེ་དག་དེ་ལ་ཉན་པར་བྱེད། རྣ་བ་གཏོད་པར་བྱེད། ཀུན་ཤེས་བའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། སྟོན་པའི་བསྟན་པ་ལས་མི་འགལ་བར་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་དུ་དགྱེས་པར་ཡང་མི་འགྱུར། ཡིད་བདེ་བ་དང་ཐུགས་ཡ་ཡ་བོར་ཡང་མི་འགྱུར་གྱི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པ་བསྟེན་པར་བྱེད་པ་སྟེ་འཕགས་པས་དེ་དག་བསྟེན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་བཞག་པ་དང་པོ་ཡིན་ནོ་ཞེས་པ་དང་། དེ་བཞིན་དུ་སྟོན་པ་ཆོས་སྟོན་པ་ན་ཉན་ཐོས་དེ་དག་དེ་ལ་ཉན་པར་མི་བྱེད་པ་ནས་སྟོན་པའི་བསྟན་པ་ལས་འགལ་བར་བྱེད་པའི་བར་དུ་གྱུར་ན། དེས་དེ་བཞིན་གཤེགས་པ་ཀུན་དུ་མི་དགྱེས་པ་དང་ཡིད་མི་བདེ་བ་དང་ཐུགས་ཡ་ཡ་པོ་དང་ཀུན་ནས་མནར་སེམས་སུ་མི་འགྱུར་ལ། མི་བཟོད་པ་དང་འཚིག་པ་དང་ཐུགས་མ་རངས་པ་མི་མངའ་བར་དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་པ་ནི་དྲན་པ་ཉེར་གཞག་གཉིས་པ་དང་། དེ་བཞིན་དུ་ཉན་ཐོས་ཁ་ཅིག་ནི་དེ་ལ་ཉན་པར་བྱེད་པ་ནས་སྟོན་པའི་བསྟན་པ་ལས་མི་འགལ་བའི་བར་དུ་བྱེད་ལ། ཁ་ཅིག་ནི་ཉན་པར་མི་བྱེད་པ་ནས་སྟོན་པའི་བསྟན་པ་ལས་འགལ་བའི་བར་དུ་བྱེད་ཀྱང་དེས་དེ་བཞིན་གཤེགས་པ་དགྱེས་པ་དང་མི་དགྱེས་པ་གཉིས་ཀར་མི་འགྱུར་བར་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་པ་ནི་དྲན་པ་ཉེར་གཞག་གསུམ་པའོ་ཞེས་འཁོར་གུས་པར་ཉན་པ་དང་མི་ཉན་པ་དང་གཉིས་ཀའི་བྱེ་བྲག་གིས་གསུམ་གསུངས་ལ་གསུམ་པོ་འདི་དག་ནི་དྲན་པ་དང་ཤེས་བཞིན་ནམ་ཤེས་རབ་ཀྱི་བདག་ཉིད་དག་ཡིན་ལ། ཤེས་རབ་ཀྱི་ཆ་ནི་ཀུན་རྫོབ་ཤེས་པ་ཡིན་ནོ། །འོ་ན་ཉན་ཐོས་ཉོན་མོངས་པ་སྤངས་པ་རྣམས་ལའང་འཁོར་གུས་པར་ཉན་མི་ཉན་དང་གཉིས་ཀ་ལ་ཆགས་སྔང་མི་འབྱུང་བ་ཡོད་པའི་ཕྱིར་སངས་རྒྱས་ཀྱིས་མ་འདྲེས་པར་ཇི་ལྟར་འགྱུར་ཞེ་ན། ཉན་ཐོས་ཀྱི་ནི་ཆགས་སྡང་གི་བག་ཆགས་མ་སྤངས་ལ་སངས་རྒྱས་ཀྱིས་སྤངས་པའི་ཕྱིར་རོ། །
དེ་ལ་བག་ཆགས་ནི་རྒྱལ་པོའི་སྲས་དང་གང་སྤེལ་ནི་ཉན་ཐོས་ལ་སྔོན་ཉོན་མོངས་པ་སྤྱད་པའི་མཐུས་ལུས་ངག་གི་གཡོ་བ་འགྱུར་བའི་རྒྱུ་ནུས་པའི་ཁྱད་པར་སེམས་ལ་ཡོད་པ་ལ་འདོད་ཅིང་། བཙུན་པ་གོ་ཆ་མཐའ་ཡས་ནི། ལུང་དུ་མ་བསྟན་པའི་སེམས་ཀྱི་ཁྱད་པར་ཡིན་ནོ་ཞེས་ཟེར་བས་ཉན་ཐོས་ལ་ཆགས་སྡང་དངོས་མེད་ཀྱང་ལུང་དུ་མ་བསྟན་པའི་སེམས་ཀྱི་ཁྱད་པར་ཡོད་ལ། སྟོན་པ་ནི་དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་དགེ་བ་ཡིན་པའི་ཕྱིར་རོ་མཉམ་དུ་བསམ་པའོ། །སློབ་དཔོན་ནི་ཉན་ཐོས་དག་ནི་གུས་པར་ཉན་པ་དང་མི་ཉན་པ་དང་། གཉིས་ཀ་ལ་ཡིད་བདེ་བ་དང་མི་བདེ་བ་དང་གཉིས་ཀར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་འདི་ནི་སངས་རྒྱས་ཁོ་ནའི་ཆོས་སུ་བསྟན་པའམ། ཡང་ན་ཆགས་སྡང་གཉིས་ནི་ཉན་ཐོས་ལའང་མེད་མོད་ཀྱི་འོན་ཀྱང་ཉན་ཐོས་རྣམས་ནི་སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་བས་དེའི་སློབ་མ་ཡིན་པས་ཉན་ཐོས་ཀྱི་ཡོན་ཏན་ནི་སངས་རྒྱས་ལ་བརྟེན་ནས་ཐོབ་པའི་ཕྱིར་མ་འདྲེས་པར་མི་བཞག་ལ་སངས་རྒྱས་ཀྱི་ནི་དེ་ལྟ་མ་ཡིན་པའི་ཕྱིར་མ་འདྲེས་པར་བཞག་གོ་ཞེས་འཆད་དོ། །
བཞི་པ་ཐུགས་རྗེ་ཆེན་པོ་བཤད་པ་ལ་ཐུགས་རྗེ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་ཉིན་ལན་གསུམ་མཚན་ལན་གསུམ་དུ་སུ་ནི་དར། སུ་ནི་རྒུད། སུ་གདུལ་བར་བྱ་བའི་དུས་ལ་བབ་ཅེས་བྱ་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་གཟིགས་པས་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ཏེ། (དེ་ལྟ་མིན་ན་ཁམས་གསུམ་ལ་དམིགས་ནས་སྡུག་བསྔལ་གྱི་རྣམ་བཅན་དུ་མི་འགྲུབ་བོ། །)དེ་ཡང་གཏི་མུག་མེད་པའི་རང་བཞིན་ནོ། །འོ་ན་ཅིའི་ཕྱིར་འདི་ལ་ཐུགས་རྗེ་ཆེན་པོ་ཞེས་ཆེན་པོའི་སྒྲར་བརྗོད་ཅེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་དང་། རྣམ་པ་སྡུག་བསྔལ་གསུམ་ལ་རྟོག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། སྤྱོད་ཡུལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཅན་དུ་དྲན་པར་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་དང་། ཤེས་རབ་ཀྱི་ངོ་བོ་ཡིན་པས་ཤིན་དུ་རྣོ་བའི་ཕྱིར་དེ་བས་ཆེས་ཆེ་བ་གཞན་མེད་པས་ཆེས་ཆེ་བ་ཡིན་པའི་ཕྱིར་རོ། །འོ་ན་སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ངོ་བོ་ཉིད་ལ་སོགས་པ་ཐ་དད་དུ་བྱ་བ་སྟེ་(ངོ་བོ་དམིགས་རྣམ་ས་དང་རྒྱུད། །ཐོབ་དང་སྐྱོབ་པ་འདྲ་མི་འདྲ་ཞེས་པའི་)ཁྱད་པར་རྣམ་པ་བརྒྱད་ཡོད་དེ། དེ་ལ་སྙིང་རྗེ་ནི་ཞེ་སྡང་མེད་པའི་ངོ་བོ་ཉིད་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་རྣམ་པ་ཅན་དང་། འདོད་པའི་ཁམས་ཀྱི་སེམས་ཅན་ཁོ་ན་ལ་དམིགས་པ་དང་། མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ཡང་ཡིན་མོད་གྱི། དེ་གཉིས་ནི་བསམ་གཏན་དང་པོར་བསྡུས་ཏེ་བསམ་གཏན་དང་པོ་ལ་སོགས་པས་བཞི་དང་། ཉན་རང་དང་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བས་ཐོབ་པ་དང་། ཉན་ཐོས་ལ་སོགས་པས་ནི་སྙིང་རྗེ་བ་འབའ་ཞིག་ཏུ་ཟད་ཀྱི་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་མི་སྐྱོབ་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཅན་ཁོ་ན་ལ་སྙིང་རྗེ་སྐྱེ་བས་སེམས་ཅན་ཐམས་ཅད་ལ་མི་འདྲ་བར་སྙིང་རྗེ་བ་ཡིན་ནོ། །ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པའི་ངོ་བོ་ཉིད་དང་། སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། ཏིང་ངེ་འཛིན་ལས་སུ་རུང་བ་ཉིད་ཀྱིས་དེ་ཁོ་ནས་དེ་བསྐྱེད་པར་ནུས་པའི་ཕྱིར་བསམ་གཏན་བཞི་པའི་ས་པ་ཁོ་ན་དང་། སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་དང་། སྲིད་རྩེ་ལས་འདོད་ཆགས་དང་བྲལ་བས་ཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་མཛད་པ་ན་འཁོར་བའི་འཇིགས་པ་ཆེན་པོ་ལས་ཡོངས་སུ་སྐྱོབ་པ་དང་། སྡུག་བསྔལ་ཅན་དང་དེ་མ་ཡིན་པའི་སེམས་ཅན་ཐམས་ཅད་ལ་འདྲ་བར་ཐུགས་བརྩེ་བ་ཡིན་ནོ། །
གསུམ་པ་མཉམ་མི་མཉམ་གྱིས་མཇུག་བསྡུ་བ་ནི་ཅི་སངས་རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་མཉམ་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་ནི་རྒྱུ་སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཡང་དག་པར་འགྲུབ་པ་དང་། འབྲས་བུ་ཟག་མེད་ཀྱི་ཆོས་ཀྱི་རྒྱུན་གྱི་ཚོགས་སམ་སེམས་གནས་གྱུར་པ་ཆོས་ཀྱི་སྐུ་འགྲུབ་པ་དང་། འཕྲིན་ལས་འགྲོ་བའི་མཐོ་རིས་དང་བྱང་གྲོལ་གྱི་དོན་སྒྲུབ་པར་སྤྱོད་པའི་རྒྱུ་ཐུགས་རྗེ་ཆེན་པོ་ཐོབ་པ་གསུམ་གྱིས་ནི་མཉམ་པ་ཉིད་དེ། སྐུ་ཚེ་དང་རིགས་དང་གདུང་དང་སྐུའི་བོངས་ཚོད་ཀྱིས་ནི་མཉམ་པ་མིན་ཏེ། སྐྱེ་དགུ་རྣམས་ཀྱི་ཚེ་རིང་བ་དང་ཐུང་བ་དང་། འཇིག་རྟེན་ན་རྒྱལ་རིགས་དང་བྲམ་ཟེ་གང་བཀུར་བ་དང་། གདུང་འོད་སྲུང་དང་གོའུ་ཏ་མ་ལ་སོགས་པ་གང་བཀུར་བ་དང་། འཇིག་རྟེན་པ་ལུས་བོངས་ཚོད་ཆེ་བ་དང་ཆུང་བའི་ཚེ་དུས་ཇི་ལྟ་བ་བཞིན་དུ་སངས་རྒྱས་རྣམས་ཀྱང་སྐུ་ཚེ་དང་རིགས་དང་གདུང་དང་སྐུའི་བོངས་ཚོད་རྣམས་དེ་དག་དང་མཐུན་པར་སྟོན་པས་ཁྱད་པར་ཡོད་པའི་ཕྱིར་རོ། །
འདིར་སྨྲས་པ། རྒྱུ་དང་འབྲས་བུ་ཕན་འདོགས་པ། །གསུམ་པོ་རེ་རེའང་བཞི་བཞི་སྟེ། །ཚོགས་ཀུན་ཡུན་རིང་བར་ཆད་མེད། །གུས་བྱས་གོམས་པ་བཞི་ནི་རྒྱུ། །ཡེ་ཤེས་དང་ནི་སྤངས་པ་དང་། །མཐུ་དང་གཟུགས་སྐུ་ཕུན་ཚོགས་པ། །རྣམ་བཞི་འབྲས་བུ་དེ་དག་ཀྱང་། །རྣམ་པ་བཞི་བཞིར་ཤེས་བྱ་སྟེ། །མ་བསྟན་མཁྱེན་དང་ཐམས་ཅད་མཁྱེན། །རྣམ་ཀུན་མ་འབད་མཁྱེན་པ་བཞི། །ཡེ་ཤེས་ཕུན་ཚོགས་ཉོན་མོངས་ཀུན། །གཏན་དུ་སྤངས་དང་བག་ཆགས་བཅས། །ཏིང་འཛིན་སྙོམས་འཇུག་སྒྲིབ་ཀུན་སྤངས། །རྣམ་བཞི་སྤངས་པ་ཕུན་ཚོགས་སོ། །ཕྱིའི་ཡུལ་སྤྲུལ་བསྒྱུར་བྱིན་རླབས་པ། །ཡུལ་ལ་མངའ་བརྙེས་སྟོང་བྱིན་རློབ། །ཚེ་ལའོ་ཐོགས་བཅས་ཐོགས་མེད་དང་། །རིང་ལ་མྱུར་གཤེགས་ཆུང་ངུར་ནི། །མང་འཇུག་སྤྱོད་ལམ་མངའ་བརྙེས་པའོ། །ཡ་མཚན་ནར་མ་སྣ་ཚོགས་པ། །སྟོན་ལ་མངའ་བརྙེས་རྣམ་པ་བཞི། །རྒྱལ་བའི་མཐུ་ནི་ཕུན་ཚོགས་པའོ། །མཚན་དང་དཔེ་བྱད་སྟོབས་དང་ནི། །སྐུ་གདུང་རིང་བསྲེལ་རྡོ་རྗེ་ལྟར། །སྲ་བ་གང་ཡིན་སངས་རྒྱས་ཀྱི། །གཟུགས་སྐུ་ཕུན་ཚོགས་རྣམ་པ་བཞིའོ། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །འཁོར་བའི་སྡུག་བསྔལ་དག་ལས་ནི། །གཏན་དུ་ཐར་མཛད་རྣམ་པ་བཞི། །ཕན་འདོགས་པ་དེ་རྣམ་གཅིག་ཏུ། །བདེ་འགྲོ་དང་ནི་ཐེག་གསུམ་འགོད། །བཞི་ཡིན་འགྲོ་བའི་བླ་མ་དེའི། །ཡོན་ཏན་རྒྱ་མཚོ་དཔག་མེད་ཕྱིར། །རབ་ཏུ་དབྱེ་ན་མཐའ་ཡས་མོད། །ཆེ་བའི་བདག་ཉིད་མདོར་བསྡུས་པའོ། །གང་དག་སྐྱོབ་པ་ཀུན་མཁྱེན་གྱི། །ཡོན་ཏན་དམ་པ་གང་ཤེས་ནས། །རྒྱལ་དང་དེ་ཡི་དམ་ཆོས་དང་། །དེ་ཡི་རྗེས་འཇུག་དགེ་འདུན་ལ། །རབ་དད་དེ་དག་མཁས་པ་ཡིན་ཞེས་བྱའོ། །
དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དང་དེའི་ཆོས་ལ་དད་པ་ཙམ་གྱིས་ཀྱང་རྣམ་སྨིན་མ་ངེས་པའི་སྡིག་པ་ཐམས་ཅད་ཟིལ་གྱིས་མནན་ནས་ལམ་གྱི་རྟེན་མཐོ་རིས་ལྷ་མིའི་ལེགས་པ་དུ་མ་བརྒྱུད་དེ་བགྲོད་པར་བྱ་བའི་མཆོག་མྱ་ངན་ལས་འདའ་བར་འགྱུར་ཏེ། ལུང་སྨན་གྱི་གཞི་ལས། གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཆུང་ངུ་བྱེད་འགྱུར་བའང་། །དེ་དག་མཐོ་རིས་སྣ་ཚོགས་དག། བགྲོད་ནས་བདུད་རྩིའི་གོ་འཕང་ཐོབ་ཅེས་པ་དང་། འགྲེལ་པ་ལས་ཀྱང་། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་སྟེ། ངེས་པར་འབྱིན་པས་འབྲས་བུ་མེད་པ་མ་ཡིན་པ་དང་། དེ་ཡང་གནས་སྐབས་མཐོ་རིས་སུ་འབྱིན་པས་ཡིད་དུ་འོང་བ་དང་། ལན་མང་དུ་འབྱིན་པས་མཆོག་ཏུ་གྱུར་པ་དང་། མཐོང་ཆོས་ལ་སོགས་པ་ལ་མྱོང་བས་མྱུར་བ་དང་། མཐར་མྱང་འདས་འཐོབ་པས་མཐའ་བཟང་བའི་ཕྱིར་རོ་ཞེས་བཤད་དོ། །
གཉིས་པ་ཐུན་མོང་གི་ཡོན་ཏན་ལའང་གཉིས་ལས་མདོར་བསྟན་པ་ནི་མ་འདྲེས་པ་བཅོ་བརྒྱད་མ་གཏོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་གཞན་ནི་སློབ་མ་ཉན་ཐོས་དང་དེས་མཚོན་ནས་རང་རྒྱལ་དང་ཡང་ཐུན་མོང་བ་ཡིན་ལ། ཡོན་ཏན་གྱི་ཆོས་ཁ་ཅིག་ནི་སོ་སོའི་སྐྱེ་བོ་དང་ཡང་ཐུན་མོང་བ་ཡིན་ནོ། །ཆོས་དེ་དག་ཀྱང་གང་ཞེ་ན། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་ཤེས་དྲུག་དང་། སོགས་པས་གཟུང་བ་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ཚད་མེད་བཞི་དང་། རྣམ་ཐར་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཏིང་ངེ་འཛིན་གསུམ་ལ་སོགས་པའོ། །དེ་ལ་ཉོན་མོངས་པ་མེད་པ་ནས་སོ་སོ་ཡང་དག་པར་རིག་བཞིའི་བར་དང་། ཟག་ཟད་ཀྱི་མདོན་ཤེས་དང་། འགོག་པའི་རྣམ་ཐར་དང་། རྣམ་པར་ཐར་པའི་སྒོ་གསུམ་ནི་འཕགས་པ་ཁོ་ན་དང་ཐུན་མོང་བ་དང་། ལྷག་མ་རྣམས་ནི་སོ་སོ་སྐྱེ་བོ་དང་ཡང་ཐུན་མོང་བ་ཡིན་ནོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས་འཕགས་པ་ཁོ་ན་དང་ཐུན་མོང་བ་ཉོན་མོངས་པ་མེད་པ་ལ་སོགས་བཤད་པ་ལ་བཞི་ལས་དང་པོ་ཉོན་མོངས་པ་མེད་པ་ནི་དགྲ་བཅོམ་པ་དག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་ཉོན་མོངས་ལས་བྱུང་བ་དང་རང་ཉིད་ཀྱང་ཡོན་གནས་ཀྱི་ཁྱད་པར་དུ་རིག་ནས་ཕ་རོལ་པོའི་ཉོན་མོངས་པ་སྤང་བར་འདོད་ནས་བདག་མཐོང་བ་དང་བདག་ལ་དམིགས་ནས་གཞན་དག་ལ་ཉོན་མོངས་པ་ཆགས་སྡང་དང་ང་རྒྱལ་དང་བག་མེད་པ་སྐྱེ་བར་མ་གྱུར་ཅིག་སྙམ་དུ་མཉམ་པར་བཞག་ནས། (ལམ་འདིས་སུ་ཡང་ཉོན་མོངས་པར་མི་བྱེད་པས་ན་ཉོན་མོངས་པ་མེད་པའི་འདི་ནི་གཞན་གྱི་སེམས་བསྲུང་བའི་ཐབས་མཁས་ཀྱི་ཁྱད་པར་རོ། །)དེ་ལས་ལངས་ནའང་དེ་དང་རྗེས་སུ་མཐུན་པར་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་སྟེ་དེ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ནོ། །(གཞན་རྒྱུད་ཀྱི་སྒོམ་སྤང་གི་ཉོན་མོངས་མ་འོངས་པ་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ་ཟག་མེད་ནི་དེ་ལྟ་བུ་མེད་དོ། །)ས་ནི་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པས་བསམ་གཏན་རྣམས་ཀྱི་ཡ་མཐའ་བཞི་པ་ཁོ་ན་ན་ཡོད་ལ། གང་ཟག་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་གྱི་ཉམས་པའི་ཆོས་ཅན་ལ་སོགས་པ་དགྲ་བཅོམ་གཞན་གྱི་ནི་མ་ཡིན་ཏེ། དེ་དག་ལ་ཉམས་པ་སྲིད་པས་རང་གི་རྒྱུད་ཀྱིའང་རེས་འགའ་ཉོན་མོངས་སྤང་བར་མི་ནུས་(ན་གཞན་གྱིས་ལྟ་ཅི་སྨོས།)པའི་ཕྱིར་རོ། །ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་མི་ཁོ་ནས་སྐྱེད་པར་བྱེད་པ་ཡིན་ཏེ། (གྲོགས་ཉོན་མོངས་མང་བ་དང་དེ་ན།) བློ་གསལ་བའི་ཕྱིར་རོ། །འདིའི་དམིགས་པ་ནི་ཕ་རོལ་ཆགས་སྡང་ཅན་དག་ལ་ཉོན་མོངས་སྐྱེ་བར་མ་གྱུར་ཅིག་ཅེས་སྒོམ་པའི་ཕྱིར་ཉོན་མོངས་པ་འདོད་པར་གཏོགས་པ་དང་མ་སྐྱེས་པ་མ་འོངས་པ་གཞིར་བཅས་འདོད་ཆགས་ལ་སོགས་པ་སྒོམ་སྤང་རྣམས་ཀྱི་སྤྱོད་ཡུལ་ཅན་ཡིན་ཏེ། ཁམས་གོང་མ་པ་དག་འཕགས་པ་ལ་དམིགས་ནས་ཉོན་མོངས་པ་སྐྱེ་བ་ཤས་ཆུང་བའི་ཕྱིར་དང་། སྔར་སྐྱེས་པ་རྣམས་སྤང་བར་མི་ནུས་པའི་ཕྱིར་དང་། མཐོང་སྤང་གཞི་མེད་པ་བརྟགས་པ་ལ་དམིགས་པ་ཀུན་འགྲོ་རྣམས་ནི་རང་གིས་ཐམས་ཅད་ལ་དམིགས་པས་གཞན་རྒྱུད་ལ་དམིགས་པའང་ཡོད་པས་སྤང་བར་མི་ནུས་པའི་ཕྱིར་དང་། སྒོམ་སྤང་ནི་བདེན་པ་དང་པོ་གཉིས་ལ་དམིགས་པས་གཞི་དང་བཅས་པ་སྤང་བར་ནུས་པའི་ཕྱིར་རོ། །
གཉིས་པ་སྨོན་ནས་ཤེས་པ་ནི་ཇི་ལྟར་ཉོན་མོངས་པ་མེད་པའི་ངོ་བོ་ཀུན་རྗོབ་ཤེས་པ་དང་ས་བསམ་གཏན་བཞི་པ་དང་གང་ཟག་མི་གཡོ་བའི་ཆོས་ཅན་དང་རྟེན་གླིང་གསུམ་གྱི་མིའི་རྟེན་ཅན་ཡིན་པ་དེ་བཞིན་དུ་སྨོན་ནས་ཤེས་པའི་ངོ་བོ་ལ་སོགས་པའང་ཡིན་ནོ། །འོན་ཀྱང་སྨོན་ནས་ཤེས་པ་དེའི་དམིགས་པ་ནི་ཉོན་མོངས་པ་གཞི་དང་བཅས་པ་ཁོ་ན་མ་ཡིན་གྱི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དོ། །དེ་ལ་སྨོན་ནས་ཤེས་པ་ནི་འདི་དང་འདི་ཤེས་པར་བྱའོ་སྙམ་དུ་སྨོན་པ་སྔར་བཏང་ནས་རབ་མཐའ་བཞི་པ་ལ་མཉམ་པར་བཞག་ནས་དེའི་ཡུལ་དུ་ཇི་ཙམ་གྱུར་པ་ཤེས་པའོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་ན་རེ་གཟུགས་མེད་པ་ནི་མངོན་སུམ་དུ་མི་ཤེས་ཏེ། འདི་ནི་བསམ་གཏན་བཞི་པའི་ས་པ་ཡིན་པས་གོང་མ་གཟུགས་མེད་པ་ཡུལ་མ་ཡིན་པའི་ཕྱིར་ཏེ། འདི་ནི་མངོན་ཤེས་དང་འདྲ་བ་ཡིན་ལ་དེ་ནི་རང་དང་འོག་སའི་ཡུལ་ཅན་ཡིན་ཞེས་འཆད་པར་འགྱུར་པའི་ཕྱིར་རོ། །འོན་ཀྱང་ལུས་དང་སེམས་དམན་ཞིང་ཞི་བའི་རྒྱུ་མཐུན་པ་ལས་ནི་གཟུགས་མེད་ནས་སྐྱེས་སོ་ཞེས་བྱ་བ་དང་། སྙོམས་འཇུག་གི་སྤྱོད་པ་དང་ལྡན་པ་ལས་གཟུགས་མེད་སྐྱེས་སོ་ཞེས་བྱ་བ་དང་། གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་ལམ་ཉམས་པ་དང་ལྡན་པས་གཟུགས་མེད་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཤེས་ཏེ་ཞིང་པ་རྣམས་ཀྱིས་འབྲུ་ལས་ཞིང་དང་ཞིང་ལས་འབྲུ་དཔོག་པ་བཞིན་ནོ་ཞེས་ཟེར་རོ། །གཞན་དག་གི་གཞུང་ལུགས་ལྟར་ན་ནི་སངས་རྒྱས་རྣམས་ཀྱི་མངོན་སུམ་གྱི་ཡུལ་དུ་མ་གྱུར་པ་ནི་འགའ་ཡང་མེད་པས་གཟུགས་མེད་པའང་མངོན་སུམ་དུ་མཁྱེན་པར་འདོད་དོ། །མངོན་པར་རྟོགས་པའི་རྒྱན་ལས་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅད་རྒྱལ་བའི་ཉོན་མོངས་མེད་ཅེས་ཉན་རང་གི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་བདག་ལ་དམིགས་ནས་མི་འགའ་ཞིག་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་པར་གྱུར་ན་མི་རུང་ངོ་ཞེས་མིའི་ཉོན་མོངས་སྐྱེ་བ་ཡོངས་སུ་སྤོང་བའི་ཐབས་ལ་འབད་པ་ཡིན་པས་ཉི་འཚེ་བ་དང་རེ་ཞིག་པ་དང་། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་གྲོང་ལ་སོགས་པར་སེམས་ཅན་ཉོན་མོངས་པ་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ས་བོན་རྩ་བ་ནས་འབྱིན་པར་བཞེད་པས་ཁྱབ་པ་དང་གཏན་དུ་བ་ཡིན་པར་བཤད་ལ། སྨོན་ནས་ཤེས་པའང་ཉན་ཐོས་ལ་སོགས་པ་རྣམས་འབད་པ་དང་བཅས་པ་དང་། མཚན་མར་འཛིན་པ་དང་། ཤེས་སྒྲིབ་དང་བག་ཆགས་མ་སྤངས་པས་ཐོགས་པ་དང་བཅས་པ་དང་། ལྷག་མེད་དུ་འཇུག་པས་རེས་འགའ་བ་དང་། ཤེས་སྒྲིབ་མ་སྤངས་པས་འདྲི་བ་ཐམས་ཅད་ཀྱི་ལན་མི་ལྡོན་པ་ཡིན་ལ། སངས་རྒྱས་ཀྱི་ནི་མཚན་མ་མེད་པར་རང་གི་ངང་གིས་འཇུག་པས་འབད་པ་མེད་པ་དང་། དངོས་པོ་ལ་མངོན་པར་མ་ཞེན་པས་གཟུགས་སོགས་ལ་ཆགས་པ་དང་བྲལ་བ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། འཁོར་བ་ཇི་སྲིད་བར་གནས་པས་རྟག་ཏུ་གནས་པ་དང་། ཡང་དག་པའི་སོ་སོ་རིག་བཞི་བརྙེས་པས་འདྲི་བ་ཀུན་གྱི་ལན་ལྡོན་པ་ཡིན་ཏེ། དེ་ཉིད་ལས། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་། །ཐོགས་པ་མེད་དང་རྟག་གནས་དང་། །འདྲི་བ་ཀུན་ལན་འདེབས་པར་བཞེད་ཅེས་བཤད་དོ། །
གསུམ་པ་སོ་སོ་ཡང་དག་རིག་བཞི་ནི་ཇི་ལྟར་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གང་ཟག་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་གླིང་གསུམ་གྱི་མིས་སྐྱེད་པ་དེ་བཞིན་དུ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་ཀྱང་དེ་དང་འདྲའོ། །དེ་དག་གི་དམིགས་པ་དང་ས་དང་ངོ་བོ་ལ་ནི་ཁྱད་པར་ཡོད་དེ། དེ་དག་ལས་དང་པོ་གསུམ་ནི་གོ་རིམ་བཞིན་དུ་མིང་དང་དོན་དང་ངག་རྣམས་ལ་གཞན་གྱིས་བཟློག་པར་མི་ནུས་པས་ཐོགས་པ་མེད་པར་ཤེས་པ་ཡིན་ཏེ། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་སྒྲུབ་པའི་ཆོས་འཕགས་ལམ་བརྒྱད་དང་། འབྲས་བུའི་ཆོས་མྱང་འདས་རིག་པ་མ་ཡིན་གྱི་ཆོས་རྣམས་ཀྱི་མིང་ཚིག་ཡི་གེའི་ཚོགས་རིག་པ་སྟེ་དོན་རྣམས་ཀྱི་རྗོད་བྱེད་ཡིན་པའི་ཕྱིར་ན་བསྟན་པའི་ཆོས་སོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དམ་མྱ་ངན་ལས་འདས་པ་རིག་པ་སྟེ། བརྗོད་པར་བྱ་བའི་དོན་ནི་དོན་གྱི་མཆོག་ཡིན་པའི་ཕྱིར་རོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱིས་བཤད་པའི་རྒྱུ་མཚན་ཅན་གྱི་ངག་རིག་པ་སྟེ། དོན་གྱི་རྒྱུ་མཚན་ཅན་གྱི་ཚིག་ཡིན་པས་ངེས་པའི་ཚིག་གོ།
བཞི་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་དོན་རྣམས་ཀྱིས་འགལ་བ་དང་འབྲེལ་བ་དོན་དང་འབྲེལ་བའི་རིགས་པ་དང་། གཞན་ལ་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ལ་ཐོགས་པ་མེད་པར་ཤེས་པ་དང་། རང་ཉིད་ཡིད་ལ་བྱེད་པས་ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་མི་བརྗེད་པས་ལམ་ལ་དབང་བ་ཉིད་ལ་ཐོགས་པ་མེད་པར་ཤེས་པ་སྟེ། དང་པོ་ནི་འབེལ་གཏམ་ལ་མཁས་པ་ཡིན་ལ། གཉིས་པ་ནི་རང་ཉིད་ཡིད་ལ་བྱེད་པ་ལ་མཁས་པ་ཡིན་ནོ། །འདི་ནི་སྤོབས་པའང་ཡིན་ལ་སོ་སོ་རིག་པའང་ཡིན་པའི་ཕྱིར་སྤོབས་པ་སོ་སོར་རིག་པའོ། །ཡང་ན་སྤོབས་པ་ནི་རིག་པ་དང་གྲོལ་བར་སྨྲ་བ་སྟེ། དེ་ཤེས་པའི་ཕྱིར་སྤོབས་པ་སོ་སོར་ཡང་དག་པར་རིག་པའོ། །(འདི་བཞི་ཀའང་མིང་དང་དོན་ལ་མཉམ་རྗེས་གཉིས་ཀར་དམིགས་ལ། སྨྲ་བ་ནི་དེའི་རྗེས་ལ་ཐོབ་པ་ཁོ་ན་ཡིན་ནོ་ཞེས་རྒྱལ་སྲས་གསུང་ངོ་། །)སྤོབས་པ་སོ་སོ་ཡང་དག་པར་རིག་པ་དེའི་དམིགས་པ་ནི་ངག་དང་ལམ་ཡིན་ཏེ། ངག་དང་མངོན་པར་བརྗོད་པ་ལ་དབང་བ་ནི་ངག་ལ་དམིགས་པ་ཡིན་ལ་ལམ་ལ་དབང་བ་ནི་ལམ་ལ་དམིགས་པའོ། །(ལམ་ཡང་ཟག་བཅས་ཟག་མེད་གང་རུང་ཡིན་ནོ་དེ་ལྟ་མིན་ན། ས་ཐམས་ཅད་པར་མི་འགྱུར་རོ་ཞེས་འདོད་དོ། །)དེའི་ངོ་བོ་ནི་ཤེས་པ་དགུ་ཡིན་ཏེ། (ངག་ནི་བདེན་པ་དང་པོ་གཉིས་ཡིན་པས།) ངག་ལ་དམིགས་པ་ནི་ཀུན་རྫོབ་དང་སྡུག་བསྔལ་ཀུན་འབྱུང་ཆོས་ཤེས་རྗེས་ཤེས་ཟད་མི་སྐྱེ་ཤེས་པའི་(ཤེས་པ་བདུན་གྱི་)རང་བཞིན་ཡིན་ཞིང་། ལམ་ལ་དམིགས་པ་ནི་ལམ་དང་ཆོས་ཤེས་རྗེས་ཤེས་ཟད་མི་སྐྱེ་ཤེས་པ་དང་ཕ་རོལ་སེམས་ཤེས་ཀྱི་(ཤེས་པ་དྲུག་གི་)རང་བཞིན་ཡིན་ལ། འདུས་མ་བྱས་ལ་མི་དམིགས་པས་འགོག་ཤེས་མ་གཏོགས་པའི་ཕྱིར་རོ། །གལ་ཏེ་ངག་དང་ལམ་ལ་དམིགས་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་ཤེས་པར་ཇི་ལྟར་འགྱུར་ཞེ་ན། ངག་དེ་ཉིད་ཟག་བཅས་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ལ། ཕྱི་མ་བསྐྱེད་པའི་ཕྱིར་ཀུན་འབྱུང་ཡང་ཡིན་པས་དེ་ཤེས་པ་ན་དེ་དག་ཤེས་པར་གཞག་གོ། ས་ནི་འདོད་པ་ནས་སྲིད་རྩེའི་བར་ཐམས་ཅད་ན་ཅི་རིཌ་པར་ཡོད་དེ། ངག་དང་ལམ་གང་ཡང་རུང་བ་ལ་དམིགས་པའི་ཕྱིར་རོ། །
དོན་སོ་སོ་ཡང་དག་པར་རིག་པ་ནི་གལ་ཏེ་དོན་ཆོས་ཐམས་ཅད་རིག་པ་ལ་འདོད་ན་ནི་ཤེས་པ་བཅུའི་དམིགས་པར་མི་འགྱུར་བའི་ཆོས་གང་ཡང་མེད་པས་ཤེས་པ་བཅུ་ཡིན་པའམ། འོན་ཏེ་མྱང་འདས་རིག་པ་ལ་འདོད་ན་འགོག་པ་ཤེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་དང་སེམས་ཤེས་པ་བཞི་ལས་གཞན་པ་དྲུག་གི་རང་བཞིན་ཡིན་པའི་ཕྱིར་རོ། །དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་ས་ཀུན་ན་ཡོད་ལ། དེ་དག་ལས་གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གཉིས་ནི་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ཏེ། རིམ་པ་ལྟར་མིང་གི་ཚོགས་ལ་སོགས་པ་བསྟན་པའི་ཆོས་དང་ངག་ལ་དམིགས་པའི་ཕྱིར་རོ། །དེ་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་ནི་ས་འདོད་པ་དང་བསམ་གཏན་བཞི་པོ་དག(སྟེ་ས་ལྔ་ན་ཡོད་དེ།) དེ་ཡན་ཆད་ན་ནི་རྗོད་བྱེད་མིང་ཚིག་ཡི་གེའི་ཚོགས་མེད་པའི་ཕྱིར་རོ། །དག་སྟེ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འདོད་པ་དང་བསམ་གཏན་དང་པོ་ཁོ་ན་ན་ཡོད་དེ། མདོ་ལས། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའོ་ཞེས་འབྱུང་བས་ངག་ནི་རྟོག་པས་ཀུན་ནས་བསླང་བའི་བདག་ཉིད་ཡིན་ན་བསམ་གཏན་གཉིས་པ་ཡན་ཆད་ན་རྟོག་པ་མེད་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་དེ་དག་གཅིག་ཐོབ་ན་ཐམས་ཅད་འཐོབ་པས་གང་རུང་གཅིག་མ་ཚང་བར་ནི་དེ་དག་འཐོབ་པ་མེད་དེ། (ལམ་གཅིག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །)འདི་དག་གི་རྒྱུ་སྔོན་གྱི་སྦྱོར་བ་ནི་ཁ་ཅིག་གོ་རིམ་བཞིན་དུ་རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་ལ་མཁས་པར་བྱས་པས་འཐོབ་པར་འདོད་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཐམས་ཅད་ཀྱི་སྦྱོར་བ་སངས་རྒྱས་ཀྱི་བཀའ་ཁོ་ནའི་རྣམ་གྲངས་ངོ་བོ་ངེས་ཚིག་དབྱེ་བ་ལ་མཁས་པར་བྱས་པས་འདི་དག་འཐོབ་པར་འདོད་དོ། །(རྣམ་བཤད་རིག་པའི་འགྲེལ་པ་ལས་ཀྱང་། རྣམ་གྲངས་ཀྱིས་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཉེ་རྒྱུ་བྱས་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་མཚན་ཉིད་ཀྱིས་ནི་དོན་སོ་སོ་ཡང་དག་པར་རིག་པ་ཡིན། ངེས་པའི་ཚིག་གིས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡིན། རབ་ཏུ་དབྱེ་བས་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡིན་ནོ་ཞེས་འབྱུང་བ་དང་མཐུན་ནོ། །)གོ་རིམ་ཡང་ཚིག་ཡི་གེའི་རྗེས་སུ་འབྲངས་ནས། དོན་རྟོགས་པས་ཆོས་སོ་སོར་རིག་ནས་དོན་དང་། དོན་ལས་མིང་གི་རྣམ་གྲངས་ཤེས་པ་འབྱུང་བས་ངེས་པའི་ཚིག་དང་། དེ་དག་ལས་ནི་རིག་གྲོལ་གྱི་སྤོབས་པ་ཐོགས་པ་མེད་པར་འགྱུར་བའི་ཕྱིར་དེ་ལྟར་བསྟན་ཏོ། །(འདི་དག་གི་གོ་རིམ་ནི་ཚིག་དང་ཡི་གེའི་རྗེས་སུ་འབྲངས་ནས་དོན་རྟོགས་ལ། དོན་གྱི་གཅིག་གཉིས་ལ་སོགས་པའི་ཚིག་བླ་དགས་དང་། དེ་དག་ལ་ཐོགས་པ་མེད་པའི་ཕྱིར་རོ། །ཞེས་གདགས་པ་ལས་སོ། །)ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དང་སོ་སོ་ཡང་དག་རིག་བཞི་སྟེ་དྲུག་པོ་དེ་དག་ནི་རབ་ཀྱི་མཐའ་པ་བསམ་གཏན་བཞི་པའི་སྟོབས་ཀྱིས་འཐོབ་ལ། རབ་ཀྱི་མཐའ་པ་ཞེས་བྱ་བའི་བསམ་གཏན་བཞི་པ་དེ་ནི་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། ཆོས་དང་། དོན་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་གསུམ་དང་། རབ་ཀྱི་མཐའ་པའི་བསམ་གཏན་བཞི་པ་དེ་ཉིད་དང་རྣམ་པ་དྲུག་གི་བདག་ཉིད་ཡིན་ལ། བསམ་གཏན་བཞི་པ་ལ་ལ་ནི་ཉོན་མོངས་པ་མེད་པ་དང་། ལ་ལ་ནི་སྨོན་ནས་ཤེས་པ་དང་། ལ་ལ་ནི་སོ་སོ་ཡང་དག་པར་རིག་པ་གསུམ་དང་། ལ་ལ་ནི་དེ་དག་མ་གཏོགས་པ་རབ་ཀྱི་མཐའ་པ་འགའ་ཞིག་ཡིན་པའི་ཕྱིར་རོ། །
ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་རྟོག་དཔྱོད་ཀྱིས་ཀུན་ནས་སློང་བའི་ཕྱིར་འདོད་པ་དང་བསམ་གཏན་དང་པོའི་ས་པ་ཡིན་ནོ། །འོ་ན་དྲུག་པོ་དེ་དག་རབ་མཐའ་པས་ཞེས་ཁྱད་པར་མེད་པར་བཤད་ཅེ་ན། དེ་ནི་རབ་ཀྱི་མཐའ་པའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་པའི་ཕྱིར་དེ་སྐད་བཤད་ཀྱི་བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ནོ། །དེ་ལ་རབ་ཀྱི་མཐའ་པ་ཞེས་བྱ་བ་ནི་བསམ་གཏན་གྱི་ཡ་མཐའ་བསམ་གཏན་བཞི་པ་ཡིན་ནོ། །ཇི་ལྟར་ཞེ་ན། རབ་མཐའ་བསམ་གཏན་བཞི་པ་དེ་ནི་འདོད་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས་ཅི་ཡང་མེད་པ་ལས་སྲིད་རྩེ་ལ་སྙོམས་པར་འཇུག་པའི་བར་དང་། ཡང་སྲིད་རྩེ་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ནས་བསམ་གཏན་དང་པོ་ལས་ལངས་ནས་འདོད་པའི་སེམས་ལ་གནས་པའི་བར་དང་། དེ་ནས་ཡང་འདོད་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས་བསམ་གཏན་གསུམ་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་བར་ས་ཀུན་གྱིས་ལུགས་དང་མཐུན་པ་དང་མི་མཐུན་པའི་སྙོམས་པར་འཇུག་པས་མཐུན་པར་བྱས་པའི་ཕྱིར་དང་། བསྒོམ་པ་ཆུང་ངུ་བསམ་གཏན་དང་པོ་ལས་འབྲིང་གཉིས་པ་ལས་ཆེན་པོ་གསུམ་པ་ལ་སྙོམས་པར་འཇུག་པས་གསུམ་པ་ནི་འཕེལ་བའི་མཆོག་ཏུ་གྱུར་པས་འཕེལ་བའི་རབ་ཡིན་ལ། རབ་དེའི་ཡ་མཐའ་ཡིན་པས་ན་བཞི་པ་ནི་འཕེལ་བའི་རབ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ལ་སོགས་པ་ཡོན་ཏན་དྲུག་པོ་དེ་དག་ཀྱང་སངས་རྒྱས་ལས་གཞན་པའི་གང་ཟག་གི་རྒྱུད་ལ་ཡོད་པ་རྣམས་ནི་སྦྱོར་བ་འབད་རྩོལ་ལས་སྐྱེས་པ་ཡིན་གྱི་འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བ་ནི་བཞེད་པ་ཙམ་ལས་རག་ལས་པ་ཡིན་གྱི་སྦྱོར་བ་ལས་བྱུང་བ་ནི་ཅུང་ཟད་ཀྱང་མེད་དོ། །
གཉིས་པ་ཕལ་ཆེར་བྱིས་པ་དང་ཐུན་མོང་བ་ལ་མངོན་པར་ཤེས་པ་ནི་རྣམ་པ་དྲུག་ཏུ་ཤེས་པར་བྱའོ། །གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་སྤྲུལ་པ་དང་འགྲོ་བ་ཤེས་པ་དང་། ལྷའི་རྣ་བ་དང་། གཞན་གྱི་ཡིད་དུག་གསུམ་བཅས་བྲལ་ལ་སོགས་པའི་ཁྱད་པ་དང་། རེས་འགའ་ཆགས་རེས་འགའ་སྡང་ངོ་ཞེས་པ་ལ་སོགས་པའི་གོ་རིམ་ཤེས་པ་དང་། རང་བཞན་གྱི་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་སྟེ་བྱེད་པའི་མངོན་པར་ཤེས་པའོ་ཞེས་ཐམས་ཅད་ལ་སྦྱར་རོ། །དྲུག་པོ་དེ་དག་ལས་དང་པོ་ལྔ་ནི། སོ་སོའི་སྐྱེ་བོ་དང་ཐུན་མོང་བ་ཡིན་ལ་དྲུག་པ་ནི་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་དོ། །
ངོ་བོ་ནི་མངོན་ཤེས་དྲུག་པོ་དེ་དག་ཐམས་ཅད་ནི་དཔེར་ན་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་རྣམ་གྲོལ་གྱི་ལམ་གྱི་རང་བཞིན་ཡིན་པ་ལྟར་རྣམ་པར་གྲོལ་བའི་ལམ་གྱི་བློ་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །(གལ་ཏེ་བར་ཆད་མེད་ལམ་གྱིས་བསྡུས་ན་དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་མངོན་ཤེས་མེད་པར་འགྱུར་ཏེ་བར་ཆད་མེད་ལམ་བཏང་ནས་མེད་པའི་ཕྱིར་རོ། །ལྷའི་མིག་དང་རྣ་བའི་མངོན་ཤེས་ནི་དབང་ཤེས་ཡིན་པས་རྣམ་གྲོལ་ལམ་ཇི་ལྟར་ཡིན་ཞེ་ན། ལམ་གཞན་གྱི་རྣམ་གྲོལ་དུ་དེ་དག་འགལ་ཡང་མངོན་ཤེས་ཀྱི་རྣམ་གྲོལ་ཡིན་པས་སྐྱོན་མེད་དོ། །དེ་ལྟ་མིན་ན་སྒོམ་བྱུང་གི་མངོན་ཤེས་སུ་འགལ་ཏེ་རྣམ་གྲོལ་གྱི་ལམ་མིན་པས་སོ། །)གསུམ་པ་དང་དྲུག་པ་མ་གཏོགས་པ་བཞི་ངོ་བོ་ནི་ཀུན་རྫོབ་ཤེས་པ་སྟེ། ཟག་བཅས་ཁོ་ན་ཡིན་པའི་ཕྱིར་རོ། །(དེ་ཡང་གསུམ་གྱིས་ནི་ཟག་མེད་དང་གཅིག་སྔོན་གྱི་མཐའ་ལ་དམིགས་པས་སོ། །)གཞན་གྱི་སེམས་ལ་དམིགས་ནས་དེའི་ཁྱད་པར་ཤེས་པ་ནི་རྫས་ཀྱི་རང་གི་མཚན་ཉིད་ལ་དམིགས་པ་དང་། ཀུན་དུ་རྟོག་ཅིང་འཚོལ་བའི་བསམ་པ་ཅན་དང་། ཟག་མེད་ལམ་གྱི་རྣམ་པ་ཅན་དང་། ཟག་བཅས་ཕ་རོལ་གྱི་སེམས་ཆགས་བཅས་དང་ཆགས་བྲལ་ལ་སོགས་པའི་རྣམ་པ་ཅན་ཡིན་ན་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་དང་། འགོག་པ་མཚུངས་ལྡན་མ་ཡིན་ཞིང་སྡུག་བསྔལ་དང་ཀུན་འབྱུང་ཤེས་པའི་རྣམ་པ་ཅན་ཡང་མ་ཡིན་པས་ཤེས་པ་ལྔ་པོ་དེ་དག་མ་ཡིན་གྱི་འོན་ཀྱང་ཟག་མེད་ཀྱི་ཆ་ཆོས་ཤེས་རྗེས་ཤེས་དང་ལམ་དང་ཕ་རོལ་སེམས་ཤེས་ཡིན་ལ། ཟག་བཅས་ཀྱི་ཆ་ཀུན་རྫོབ་ཤེས་པ་དང་ཕ་རོལ་སེམས་ཤེས་གཉིས་ཡིན་པས་ཤེས་པ་ལྔ་ཡིན་ནོ། །
ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་ཇི་ལྟར་ཟད་པ་མཁྱེན་པའི་སྟོབས་ཤེས་པ་དྲུག་གམ་བཅུའི་རང་བཞིན་དང་ས་བཅུ་གཅིག་གིས་བསྡུས་པ་དེ་བཞིན་དུ་ཟག་པ་ཟད་པ་འབའ་ཞིག་ལ་དམིགས་པ་ཡིན་ན་ཤེས་པ་དྲུག་དང་། ཟག་པ་ཟད་པའི་རྒྱུད་ལ་ཡོད་པའི་ཤེས་པ་ཡིན་པར་འདོད་ན་ནི་དེའི་རྒྱུད་ལ་ཤེས་པ་བཅུ་ཀ་ཡོད་པའི་ཕྱིར་ཤེས་པ་བཅུ་ཆར་ཡིན་ནོ། །ས་ཡང་ཅི་རིགས་པར་བཅུ་གཅིག་པོ་ཐམས་ཅད་ཡིན་པ་ཤེས་པར་བྱའོ། །མངོན་ཤེས་དང་པོ་ལྔ་ནི་བསམ་གཏན་གྱི་དངོས་གཞི་བཞི་དག་ན་ཡོད་ལ། (མངོན་ཤེས་འདི་དག་བསམ་གཏན་ཁྱད་པར་ཅན་ན་མེད་དེ་ལྷག་མཐོང་ཤས་ཆེ་བས་ལམ་སླ་བ་མ་ཡིན་པའི་ཕྱིར་རོ། །)གཟུགས་མེད་ན་ནི་མེད་དེ། རྫུ་འཕྲུལ་དང་ལྷའི་རྣ་བ་དང་འཚི་འཕོ་དང་སྐྱེ་བ་ཤེས་པ་གསུམ་ནི་གཟུགས་ལ་དམིགས་པའི་ཕྱིར་དང་། སེམས་ཀྱི་རྣམ་གྲངས་དང་སྔོན་གྱི་གནས་རྗེས་སུ་དྲན་པའང་གཟུགས་ཀྱི་དམིགས་པ་ལ་བརྟེན་ནས་བསྒྲུབ་དགོས་པའི་ཕྱིར་ཏེ། འདི་ལྟར་བསམ་གཏན་པ་དག་བསམ་གཏན་ལ་བརྟེན་ནས་གཟུགས་འདི་འདྲ་བས་ན་སེམས་འདི་འདྲ་བར་འགྱུར་རོ་ཞེས་དང་། ལུས་འདི་ལ་སེམས་ཀྱི་རྣམ་པ་ཅི་འདྲ་བ་ཞིག་ཅེས་ཕ་རོལ་ལ་ཡིད་གཏོད་དེ། གང་གི་ཚེ་གཟུགས་ལ་མ་ལྟོས་པར་ཕ་རོལ་གྱི་སེམས་ཤེས་པ་དེའི་ཆ་སེམས་ཤེས་པ་གྲུབ་པ་ཡིན་ནོ། །ཡང་བསམ་གཏན་ལ་བརྟེན་ནས་བདག་གཞན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་འགགས་མ་ཐག་པའི་མཚན་མ་བཟུང་ནས་དེའི་སྔ་མ་སྔ་མ་ལ་ཡིད་གཏད་དེ་མཐར་ཉིང་མཚམས་སྦྱོར་བའི་སེམས་དང་། དེ་ནས་སྔ་མའི་བར་དོའི་གནས་སྐབས་དང་། དེ་ནས་སྔ་མའི་འཆི་བའི་སྲིད་པ་དང་། དེ་ནས་སྔ་མའི་སྔོན་དུས་ཀྱི་སྲིད་པ་ལ་ཡིད་གཏོད་དེ། གང་གི་ཚེ་བར་སྲིད་དྲན་པ་དེའི་ཚེ་སྔོན་གནས་རྗེས་དྲན་གྲུབ་པ་ཡིན་ནོ། །
དེ་ཡང་དང་པོ་ནི་རིམ་གྱིས་དྲན་ལ་མངོན་པར་གྲུབ་ནས་ནི་ཚེ་གཅིག་དང་གཉིས་ལ་སོགས་པ་རྒལ་ཏེ་ཐོད་རྒལ་དུ་ཡང་དྲན་ལ། དེ་ཡང་སྔོན་ཉམས་སུ་མྱོང་བ་ཁོ་ན་དྲན་ནོ། །གལ་ཏེ་སྔོན་ཉམས་སུ་མྱོང་བ་ཁོ་ན་དྲན་ན་འོ་ན་རྟེན་འདོད་པ་པའི་སྔོན་གནས་རྗེས་དྲན་གྱིས་གནས་གཙང་མ་རྣམས་ཇི་ལྟར་དྲན་ཏེ་ཕྱིར་མི་འོང་ཡིན་པས་དེ་དག་འདིར་མི་སྐྱེ་ཞིང་སོ་སོའི་སྐྱེ་བོ་རྣམས་དེར་མི་སྐྱེ་བའི་ཕྱིར་རོ་ཞེ་ན། ཉམས་སུ་མྱོང་བ་ནི་མཐོང་བ་དང་ཐོས་པས་ཉམས་སུ་མྱོང་བ་གཉིས་ལས་གནས་གཙང་མ་པ་རྣམས་ནི་འདི་ལྟ་བུ་ཡིན་ནོ་ཞེས་ཐོས་པས་ཉམས་སུ་མྱོང་བའི་ཕྱིར་རོ། །དེས་ན་སྔོན་གནས་རྗེས་དྲན་ནི་རང་གཞན་གྱི་སྔོན་འདོད་པ་ལ་སོགས་པའི་གནས་གཞན་དག་རྗེས་སུ་དྲན་པས་བསྒྲུབ་དགོས་པ་ལ་གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། སྤྱོད་ཡུལ་ཟག་བཅས་འོག་མ་མིན་ཞེས་འདོད་པ་ལ་སོགས་པའི་གནས་གཞན་འོག་མ་ལ་མི་དམིགས་པའི་ཕྱིར་དང་། མདོ་ལས། བདག་མིང་འདི་ཞེས་བྱ་རིགས་ནི་འདི་ལྟ་བུར་ཁ་ཟས་ནི་འདི་ལྟ་བུ་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེ་ནི་འདི་ཙམ་ཞིག་ཐུབ། བདག་གནས་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་པ་དང་། སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གླེང་གཞི་དང་བཅས་པ་རྗེས་སུ་དྲན་ནོ་ཞེས་གསུངས་པས་ས་འོག་མའི་སྔོན་གྱི་གནས་དང་རུས་དང་རིགས་དང་མིང་དང་ཁ་ཟས་ལ་སོགས་པ་དྲན་དགོས་པའི་ཕྱིར་གཟུགས་ལ་ལྷོས་པ་ཡིན་པ་ལ་གཟུགས་མེད་འོག་ས་ལ་མི་དམིགས་པའི་ཕྱིར་རོ། །དེ་ཡང་མངོན་ཤེས་གྲུབ་ནས་ནི་གཟུགས་ལ་མ་ལྟོས་པར་ཤེས་སོ། །རྫུ་འཕྲུལ་དང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་གསུམ་གྱི་སྦྱོར་བ་ནི་བསམ་གཏན་ལ་བརྟེན་ནས་རིམ་པ་ལྟར་ལུས་ཡང་བ་དང་འཕར་བ་ལ་སོགས་པ་དང་། ཆུང་ངུ་དང་ཐག་རིང་པོའི་སྒྲ་དང་། སྣང་བ་ཡིད་ལ་བྱེད་པ་ཡིན་ལ། ཟག་ཟད་ཀྱི་མངོན་ཤེས་ཀྱི་སྦྱོར་བ་ནི་གནས་དྲུག་པར། ཚུལ་གནས་ཐོས་དང་བསམ་གཏན་པ་། །ཞེས་ཉོན་མོངས་པ་སྤོང་བའི་ཐབས་རྒྱས་པར་བསྟན་པའི་ཕྱིར་ཡང་འདིར་མི་བརྗོད་དོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །དེ་དག་ནི་རྣམ་གནས་ཀྱི་རྒྱུ་ཡིན་ལ། རྣམ་པར་སྨིན་པའི་རྒྱུ་ནི་རིན་པོ་ཆེའི་ཕྲེང་བ་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །མངོན་ཤེས་ལྔ་པོ་འདི་དག་ནི་རང་ས་དང་འོག་སའི་སྤྱོད་ཡུལ་ཅན་ཡིན་གྱི་གོང་མའི་ནི་མ་ཡིན་ཏེ། དམན་པའི་ཡུལ་མཆོག་མ་ཡིན་པའི་ཕྱིར་རོ། །(རྫུ་འཕྲུལ་གྱིས་དེའང་འོག་མར་འགྲོ་ཞིང་སྤྲུལ་གྱི་གོང་དུ་མ་ཡིན་པ་སོགས་གཞན་ལའང་སྦྱར་རོ། །)དེའི་ཕྱིར་གཟུགས་མེད་པའི་སེམས་ནི་སེམས་ཀྱི་རྣམ་གྲངས་ཤེས་པ་དང་སྔོན་གནས་དྲན་པའི་མངོན་ཤེས་ཀྱིས་མི་འཛིན་ཏེ། དེ་ནི་གོང་མའི་སེམས་ཡིན་པའི་ཕྱིར་རོ། །དེ་ལྟ་ན་གཟུགས་མེད་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཇི་ལྟར་སྔོན་གྱི་གནས་དྲན་པའི་མངོན་ཤེས་ཀྱིས་དྲན་ཏེ། དེ་ནི་བསམ་གཏན་བཞི་པའི་ས་པ་ཡིན་པས་དེས་གོང་མ་གཟུགས་མེད་ཀྱི་སེམས་མི་འཛིན་པའི་ཕྱིར་རོ་ཞེ་ན། དེ་ནི་ཕ་རོལ་པོའི་རྒྱུད་ལ་བརྟེན་ནས་བསྐྱེད་དེ། ཕ་རོལ་པོའི་ཡིད་ཤེས་འགགས་མ་ཐག་པའི་མཚན་མ་བཟུང་ནས་བསྐྱེད་པའི་ཕྱིར་རོ། །གང་དག་གཟུགས་མེད་ནས་ཤི་འཕོས་པ་མ་ཡིན་པ་དེ་དག་ནི་སླ་བའི་ཕྱིར་དང་རང་གི་རྒྱུད་ལ་བརྟེན་ནས་སྐྱེད་པར་བྱེད་དོ། །དེ་ཡང་བར་དོ་ཚུན་ཆད་དུ་དྲན་པར་འདོད་ཀྱི་གཞན་ནི་མི་དྲན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་དག་འཐོབ་པའི་ཚུལ་ནི་མངོན་པར་ཤེས་པ་བྱེ་བྲག་ཅན་སྔོན་མ་བསྐྱེད་པས་མ་འདྲིས་པ་རྣམས་ནི་སྦྱོར་བས་འཐོབ་པར་བྱ་བ་ཡིན་ལ། (ཁྱད་པར་ཅན་ནི་འཕགས་ལམ་དང་འབྲལ་བའོ། །)གང་དག་ཚེ་རབས་སྔ་མ་ལ་གོམས་ཤིང་འདྲིས་པ་རྣམས་ནི་འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་བོ། །དེ་དག་མངོན་སུམ་དུ་འགྱུར་བ་ནི་འདྲིས་པ་དང་མ་འདྲིས་པ་གཉིས་ཀའང་སྦྱོར་བའི་སྟོབས་ཁོ་ནས་འཐོབ་པར་བྱ་བ་ཡིན་ནོ། །
དྲན་པ་ཉེ་བར་བཞག་པར་བཤད་པ་ནི་མངོན་པར་ཤེས་པ་གསུམ་པ་སེམས་ཀྱི་རྣམ་གྲངས་ཤེས་པ་ནི་མཚུངས་ལྡན་ཁོ་ན་ལ་དམིགས་པས་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེར་གཞག་གསུམ་ཡིན་ཏེ་གཞན་གྱི་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་ལྷའི་རྣ་བ་དང་ལྷའི་མིག་གི་མངོན་ཤེས་གསུམ་ནི་དྲན་པ་ཉེར་གཞག་དང་པོ་ལུས་དྲན་པ་ཉེར་གཞག་ཡིན་ཏེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་འདོད་པར་གཏོགས་པའི་སྤྲུལ་པ་ནི། ཕྱིའི་སྐྱེ་མཆེད་བཞི་ཞེས་འཆད་པར་འགྱུར་བས་སྒྲ་ནི་རྒྱུན་ཆད་པས་སྤྲུལ་པར་མི་བྱེད་པས་གཟུགས་དྲི་རོ་རེག་བྱ་བཞི་ལ་དམིགས་པའི་ཕྱིར་དང་། ལྷའི་རྣ་བ་ནི་བསྐལ་བ་དང་མ་བསྐལ་བའི་སྒྲ་ལ་དམིགས་པའི་ཕྱིར་དང་། ལྷའི་མིག་གིས་ནི་འཆི་བ་དང་བར་དོ་དང་སྐྱེ་བའི་སྲིད་པའི་ཁ་དོག་བཟང་ངན་ལ་སོགས་པའི་གཟུགས་ལ་དམིགས་པའི་ཕྱིར་དང་། དེ་ཐམས་ཅད་ཀྱང་གཟུགས་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ལྷའི་མིག་གི་མངོན་ཤེས་ཀྱི་དམིགས་ཡུལ་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ཡིན་ན། འོ་ན་མདོ་ལས་འཆི་འཕོ་སྐྱེ་ཤེས་ཀྱིས་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ནོ་ཞེས་པ་ལ་སོགས་པ་སྒོ་གསུམ་གྱི་ལས་དང་ལྡན་པ་ཤེས་པར་གསུངས་པ་དང་འགལ་ཏེ། ལུས་ཀྱི་རིག་བྱེད་མ་ཡིན་པ་དང་ངག་དང་ཡིད་ཀྱི་ལས་གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པའི་ཕྱིར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་དག་དེ་དག་ལྷའི་མིག་གི་མངོན་ཤེས་ཀྱིས་མི་ཤེས་ཀྱི་འོན་ཀྱང་ལྷའི་མིག་གི་མངོན་ཤེས་ཀྱི་འཁོར་དུ་གྱུར་པའི་ཡིད་ཀྱི་རྣམ་ཤེས་ཀྱིས་ཤེས་པ་ཡིན་པས་སྒོ་གསུམ་གྱི་ལས་དང་ལྡན་པ་ཤེས་པ་ནི་ཡིད་ཤེས་ཡིན་ནོ་ཞེས་འདོད་པ་ནི་མི་རིགས་ཏེ། ཡིད་ཤེས་དེ་མངོན་ཤེས་དྲུག་ཏུ་མ་འདུས་ན་དྲུག་ལས་ཐ་དད་པའི་མངོན་ཤེས་ཡིན་པས་མངོན་ཤེས་བདུན་པར་ཐལ་བར་འགྱུར་ལ། འདུས་ན་འཁོར་དུ་རྣམ་པར་བཞག་པ་མི་འཐད་པར་འགྱུར་རོ། །དེས་ན་ལུས་ངག་གི་ཉེས་སྤྱོད་ནི་ལྷའི་མིག་དང་རྣ་བའི་མངོན་ཤེས་ཀྱིས་ཤེས་ལ་ཡིད་ཀྱིས་ཉེས་སྤྱོད་དེ་དག་ལས་དཔོག་པའམ་སེམས་ཀྱི་རྣམ་གྲངས་ཤེས་པས་ཤེས་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །
སྔོན་གནས་རྗེས་དྲན་ནི་གཟུགས་དང་སེམས་དང་སེམས་བྱུང་གསུམ་ག་ལ་དམིགས་པས་དྲན་པ་ཉེར་གཞག་བཞི་ཀའི་བདག་ཉིད་ཡིན་ལ། ཟག་ཟད་ཀྱི་མངོན་ཤེས་ཀྱང་གལ་ཏེ་ཟག་པ་ཟད་པ་འབའ་ཞིག་ལ་དམིགས་པ་ཡིན་ན་ནི་ཆོས་དྲན་པ་ཉེར་གཞག་དང་། འོན་ཏེ་དེའི་རྒྱུད་ལ་དམིགས་པ་ཡིན་ན་ནི་ཤེས་པ་བཅུའི་ངོ་བོ་ཡིན་པས་དྲན་པ་ཉེར་གཞག་བཞི་ཀ་ཡིན་ནོ། །ཡང་ན་ཟག་པ་ཟད་པ་འབའ་ཞིག་ལ་དམིགས་པས་ཤེས་པ་དྲུག་གི་ངོ་བོ་ཡིན་ཡང་དྲན་པ་ཉེར་གཞག་གཞན་གསུམ་ཡང་མ་འོངས་པ་འཐོབ་པས་དྲན་པ་ཉེར་གཞག་བཞི་ཆར་གྱི་རང་བཞིན་ཞེས་ཊཱི་ཀ་བྱེད་དག་འཆད་དེ་འགྲེལ་པའི་དགོངས་པའང་དེ་ཉིད་དུ་གསོལ་ལོ། །ཡང་མངོན་ཤེས་དེ་དག་ལས་ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་ནི་ཉོན་མོངས་པ་ཅན་མ་ཡིན་ཞིང་དགེ་བ་བཞིར་ཡང་མ་འདུས་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །(དེ་དག་སྐྱེས་ཐོབ་མིན་ལ། སྦྱོར་བྱུང་ཡང་མིན་ཏེ་དེ་ནི་ཐོས་བསམ་སྒོམ་གསུམ་གྱིས་བསྡུས་ལ་དེ་ལ་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་ཀ་མི་སྲིད་པས་སོ། །)དེ་དག་ཀྱང་མིག་དང་རྣ་བའི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་ནོ། །འོ་ན་དེ་དག་བསམ་གཏན་བཞི་པའི་ས་པར་མི་འགྱུར་ཏེ། གཉིས་པ་སོགས་ན་ལུས་མིག་དང་། རྣ་བའི་རྣམ་ཤེས་རྣམ་རིག་སློང་། གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་འཆད་པར་འགྱུར་བས་མིག་དང་རྣ་བའི་རྣམ་ཤེས་དེ་དག་བསམ་གཏན་གཉིས་པ་ཡན་ཆད་ན་མེད་ལ། དེ་དག་མེད་པར་དེ་དག་དང་མཚུངས་ལྡན་གྱི་ཤེས་རབ་མི་འཐད་པའི་ཕྱིར་རོ་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་གཟུགས་ཀྱི་ཁམས་ན་བཅུ་བཞིའོ་ཞེས་འབྱུང་བས་རྣམ་ཤེས་དེ་དག་གི་རྟེན་མིག་དང་རྣ་བའི་དབང་པོ་བསམ་གཏན་བཞི་པའང་ཡིན་པས་རྟེན་དག་གི་དབང་གིས་བསམ་གཏན་བཞི་པར་བརྗོད་དོ། །ཡང་ན་བར་ཆད་མེད་པའི་ལམ་གྱི་དབང་གིས་དེ་སྐད་བརྗོད་དེ། ཐོག་མར་སྒྲུབ་པ་ན་ལམ་སླ་བའི་མཆོག་ཡིན་པས་བར་ཆད་མེད་ལམ་བསམ་གཏན་བཞི་པ་ལ་བརྟེན་ནས་བསྒྲུབ་དགོས་པའི་ཕྱིར་རོ། །མངོན་ཤེས་ལྷག་མ་བཞི་པོ་རྣམས་ནི་དགེ་བ་ཁོ་ན་ཡིན་ནོ། །(དེ་ཡང་བསམ་གཏན་གྱིས་བསྡུས་པའི་རྣམ་གྲོལ་གྱི་ལམ་ཡིན་པས་སོ། །)
འོ་ན་རབ་ཏུ་བྱེད་པ་ལས། མངོན་པར་ཤེས་པ་གང་ཞེ་ན། ཤེས་རབ་དགེ་བ་ཡིན་ནོ་ཞེས་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ནི་མངོན་ཤེས་དགེ་བ་གཙོ་བོར་གྱུར་པའམ། ཡང་ན་མངོན་ཤེས་ཕལ་ཆེར་དགེ་བ་ཡིན་བའི་དབང་དུ་བྱས་ནས་དེ་སྐད་དུ་བཤད་པ་ཡིན་ཏེ་དཔེར་ན་མོན་སྲན་རྡེའུ་ལ་སོགས་པ་ཡོད་བཞིན་དུ་མོན་སྲན་གྲེའུ་ཕལ་ཆེ་བས་དེའི་ཕུང་པོར་བརྗོད་པ་གཞིན་ནོ། །མངོན་ཤེས་དྲུག་པོ་འདིའི་དག་ལས་ཕྱི་མ་གསུམ་ནི་མི་སློབ་པའི་རིག་པ་གསུམ་ཞེས་བྱའོ། །ཅིའི་ཕྱིར་གསུམ་པོ་དེ་དག་ཁོ་ན་རིག་པ་ཡིན་གྱི་དང་པོ་གསུམ་མ་ཡིན་ཞེ་ན། དེ་གསུམ་གྱིས་སྔོན་གྱི་མཐའ་དང་སོགས་པས་གཟུང་བ་ཕྱི་མའི་མཐའ་དང་བར་ལ་ཀུན་དུ་རྨོངས་པའི་མ་རིག་པ་རྣམ་པར་བཟློག་པའི་ཕྱིར་རོ། །འདི་ལ་སྐལ་ལྡན་ཁྱད་པར་ཅན་ལ་སོགས་པ་ནི་ཟག་ཟད་ཀྱི་མངོན་ཤེས་ཀྱི་སྐབས་སུ་མདོ་ལས་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་འབྱུང་བ་དང་། འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཞེས་བྱ་བའི་རིམ་པ་དང་མཐུན་པར་སྔོན་གནས་རྗེས་དྲན་དང་འཆི་འཕོ་སྐྱེ་ཤེས་དང་ཟག་པ་ཟད་པ་ཤེས་པ་གསུམ་གྱིས་རིམ་པ་ལྟར་སྔོན་དང་བར་དང་ཕྱི་མའི་མཐའ་ལ་ཀུན་དུ་རྨོངས་པ་བཟློག་པར་བྱེད་དོ་ཞེས་འཆད་མོད་ཀྱི། སློབ་དཔོན་འདུན་བཟང་དང་པོས་རང་གཞན་གྱི་རྒུད་པ་མཐོང་ལ། བར་མས་གཞན་གྱི་རྒུད་པ་མཐོང་ནས་སྐྱོ་བ་སྐྱེ་ལ། དེ་ལྟར་སྐྱོན་གསུམ་པས་ཡང་དག་པའི་དོན་རྟོགས་པས་ན་དེ་གསུམ་གྱིས་རིམ་པ་ལྟར་སྔོན་དང་ཕྱི་མའི་མཐའ་དང་བར་ད་ལྟར་བྱུང་བ་ལ་ཀུན་དུ་རྨོངས་པ་བཟློག་གོ་ཞེས་འཆད་པས་ཉིད་རིགས་ཏེ། འགྲེལ་པ་ལས། སྔོན་གྱི་གནས་དང་འཆི་འཕོ་བ་དང་སྐྱེ་བ་དང་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་རྣམས་ནི་མི་སློབ་པའི་རིག་པ་གསུམ་ཞེས་བྱའོ་ཞེས་བཤད་ནས། འདི་དག་གིས་ནི་གོ་རིམ་བཞིན་དུ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་ལ་ཀུན་དུ་རྨོངས་པ་བཟློག་པར་བྱེད་དོ་ཞེས་བཤད་པའི་ཕྱིར་སློབ་དཔོན་གྱི་དགོངས་པའང་དེ་ཉིད་ཡིན་པར་མངོན་ནོ་ཞེསརྒྱལ་པོའི་སྲས་འཆད་དོ། །
མངོན་ཤེས་གསུམ་པོ་དེ་དག་ཁོ་ན་རིག་པ་གསུམ་ཡིན་པར་ནི་ཡང་མདོ་ལས། མི་སློབ་པའི་རིག་པ་ནི་གསུམ་སྟེ། མི་སློབ་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་དུ་བྱེད་པའི་རིག་པ་དང་། མི་སློབ་པའི་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱེད་པའི་རིག་པ་དང་། མི་སློབ་པའི་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱེད་པའི་རིག་པའོ་ཞེས་པ་དང་། སྡེ་སྣོད་གསུམ་པ་ཡིན། རིག་པ་གསུམ་པ་ཡིན་ཞེས་ཀྱང་གསུངས་པས་གསུམ་པོ་དེ་དག་ལས་ཀྱང་དོན་དམ་པར་མི་སློབ་པའང་ཡིན་ལ་དེའི་རིག་པའང་ཡིན་པ་ནི་ཟག་མེད་ཡིན་པས་ཐ་མ་ཟག་ཟད་ཀྱི་མངོན་ཤེས་ཁོ་ན་ཡིན་ལ། དང་པོ་གཉིས་ནི་མི་སློབ་པ་དེའི་རྒྱུད་ལ་སྐྱེས་པའི་ཕྱིར་མི་སློབ་པ་དེའི་རིག་པ་ཞེས་བྱའི་དངོས་སུ་ན་དེ་གཉིས་ནི་ཟག་བཅས་ཡིན་པས་སློབ་མི་སློབ་གཉིས་ཀ་མ་ཡིན་པས་མི་སློབ་པ་མ་ཡིན་ནོ། །གལ་ཏེ་མངོན་ཤེས་འདི་དག་སློབ་པ་ལའང་ཡོད་བཞིན་དུ་ཅིའི་ཕྱིར་སློབ་པའི་རིག་པར་མི་བརྗོད་ཅེ་ན། མངོན་ཤེས་འདི་དག་སློབ་པ་ལའང་ཡོད་པར་འདོད་དེ་འོན་ཀྱང་དེ་དག་རིག་པར་ནི་མ་བཤད་དོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྒྱུད་མ་རིག་པས་ཟིལ་གྱིས་མནན་པ་དང་བཅས་པའི་ཕྱིར་དང་། (ལངས་པ་ན་སྒོམ་སྤང་གི་)མ་རིག་པ་དང་བཅས་བཞིན་དུ་རིག་པར་འོས་པ་མ་ཡིན་པའི་ཕྱིར་རོ། །(བཅིངས་པ་ལ་རྣམ་གྲོལ་མ་བཤད་དོ། །)ཡང་དྲུག་གི་ཚོགས་ཀྱི་བཞི་པ་རེག་པ་བཞི་པའི་མདོའི་རལ་པ་ཅན་སྟོང་རབ་ཏུ་བྱུང་བའི་དགེ་སློང་རྣམས་ལ་གདམས་པ་ལས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་གསུངས་པ་ལས་མངོན་པར་ཤེས་པ་དྲུག་གི་དང་པོ་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པ་དང་། གསུམ་པ་སེམས་ཀྱི་རྣམ་གྲངས་ཤེས་པ་དང་། དྲུག་པ་ཟག་ཟད་ཀྱི་མངོན་ཤེས་རྣམས་ནི་རིམ་པ་བཞིན་དུ་རྫུ་འཕྲུལ་དང་ཁྱོད་ཀྱི་སེམས་ནི་འདི་འདྲའོ་ཞེས་ཀུན་བརྗོད་པ་དང་ལམ་ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པས་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཡིན་ནོ། །ཅིའི་ཕྱིར་ཆོ་འཕྲུལ་ཞེས་བྱ་ཞེ་ན། དང་པོར་གདུལ་བྱ་གཞན་གྱི་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཏེ་ཧ་རའི་དོན་ཏོ། །དེ་ལ་དང་པོས་ནི་ཕ་རོལ་ཀྱི་ཡིད་འདུན་པའི་སྒོ་ནས་འཕྲོག་པར་བྱེད་ཅིང་། གཉིས་པས་ནི་ཕ་རོལ་ཀྱི་བསམ་པ་ཤེས་ནས་ཆོས་བསྟན་པའི་སྒོ་ནས་ཡིད་འཕྲོག་པར་བྱེད་ལ། གསུམ་པས་ནི་བསྟན་པ་བཞིན་བསྒྲུབས་པས་སྨིན་ཅིང་གྲོལ་བའི་སྒོ་ནས་ཡིད་འཕྲོག་པའི་ཕྱིར་རོ། །ཡང་ན་འདི་དག་གིས་རིམ་པ་ལྟར་བསྟན་པ་ལ་ཞེ་འགྲས་པ་དང་བར་མར་གནས་པ་དང་ཞུགས་པ་རྣམས་ཀྱིས་ཡིད་འཕྲོག་པའི་ཕྱིར་རམ། ཡང་ན་འདུན་པ་དང་འཇུག་པ་དང་ཞུགས་པ་རྣམས་ཀྱིས་ཡིད་འཕྲོག་པའི་ཕྱིར་རོ། །ཆོ་འཕྲུལ་གསུམ་པོ་འདི་དག་གི་ནང་ན་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཁོ་ན་མཆོག་ཡིན་ཏེ། ཉོན་མོངས་པ་ཟད་པ་མེད་ན་མི་འབྱུང་ཞིང་། བར་ཆད་མེད་པའི་ལམ་ཟག་མེད་ཁོ་ན་ལས་སྐྱེས་པས་རྒྱུ་དེ་ལ་མ་འཁྲུལ་བའི་ཕྱིར་དང་། འདིར་ཉོན་མོངས་པ་དང་བྲལ་བས་ཕན་པའི་ཕྱིར་དང་། ཕྱི་མར་སྡུག་བསྔལ་གྱི་ཁུར་དང་བྲལ་བས་གཏན་དུ་ཡིད་དུ་འོང་བའི་འབྲས་བུ་ལ་སྤྱོར་བར་བྱེད་པའི་ཕྱིར་རོ། །ཆོ་འཕྲུལ་དང་པོ་གཉིས་ནི་གྷན་ངྷ་རི་ཞེས་བྱ་བའི་རིག་སྔགས་ཀྱིས་ནམ་མཁའ་ལ་འགྲོ་བ་དང་། རྟོག་བྱེད་ཅེས་བྱ་བའི་རིག་སྔགས་གྱིས་ཕ་རོལ་ཀྱི་སེམས་ཤེས་པ་དང་། སྨན་དང་མི་མ་ཡིན་པའི་ནུས་པས་ཀྱང་དེ་ལྟར་འགྱུར་བའི་ཕྱིར་ཟག་མེད་ཀྱི་རྒྱུ་ལ་མི་འཁྲུལ་བའང་མ་ཡིན་ལ། གདུལ་བྱ་འདུན་པ་དང་བསམ་པ་ཤེས་པ་ཙམ་གྱིས་དངོས་སུ་ཕན་པ་དང་ཡིད་དུ་འོང་བའི་འབྲས་བུ་ལ་མི་སྦྱོར་བས་མཆོག་མ་ཡིན་ནོ། །
འོ་ན་རྫུ་འཕྲུལ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ནོ་ཞེས་འདོད་དེ། འདིས་འབྱོར་ཞིང་འགྲུབ་པར་བྱེད་པའི་ཕྱིར་རོ། །ཅི་ཞིག་འབྱོར་ཞིང་འགྲུབ་ཅེ་ན། རྫུ་འཕྲུལ་ཏིང་ངེ་འཛིན་དེ་ལས་ནི་ཡུལ་སྤྲུལ་པ་དང་འགྲོ་བ་དབང་འབྱོར་བ་འགྲུབ་པའི་ཕྱིར་རོ། །དེ་ལ་རྫུ་འཕྲུལ་གྱིས་འགྲོ་བ་ནི་རྣམ་པ་གསུམ་ཏེ། བྱ་བཞིན་དུ་རིམ་གྱིས་ལུས་ཀྱིས་མགྱོགས་པོར་ཕྱིན་པར་བྱེད་པ་ལུས་ཕྱིན་བྱེད་དང་། ལམ་ཐག་རིང་པོའང་ཐུང་ངུར་མོས་པ་བྱས་པས་མྱུར་དུ་སླེབ་པ་མོས་པ་ལས་བྱུང་བ་དང་། ཡིད་ཀྱིས་བསམས་པ་ཙམ་གྱིས་དེར་སླེབ་པའི་ཡིད་མགྱོགས་སོ། །དེ་དག་ལས་ཡིད་བཞིན་དུ་མགྱོགས་པས་ན་ཡིད་མགྱོགས་ཀྱིས་འགྲོ་བ་ནི་སྟོན་པ་སངས་རྒྱས་ཁོ་ན་ལ་མངའ་སྟེ། (ཡིད་ལ་བསམས་པ་ཙམ་གྱིས་དེར་ཕྱིན་པས་ཡིད་མགྱོགས་སོ། །)ཡུལ་ཐག་ཤིན་ཏུ་རིང་བར་ཡང་ཐུགས་བསྐྱེད་པ་ཙམ་གྱིས་བྱོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཞི་ལས་འཕྲོས་པའི་མདོ་ལས། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ། །འགྲོ་བ་གཞན་གཉིས་སྟོན་པ་ལ་མངའ་བར་དངོས་སུ་མ་བཤད་ཀྱང་མངའ་བར་གྲུབ་བོ། །སངས་རྒྱས་ལས་གཞན་ཉན་རང་ལ་སོགས་པ་དག་ལ་ནི་ལུས་ཕྱིན་བྱེད་ཀྱི་འགྲོ་བའང་ཡོད་ལ་མོས་པ་ལས་བྱུང་བ་ཡང་ཡོད་དོ། །སྤྲུལ་པ་ཅི་ལྟ་བུ་ཞེ་ན། སྤྲུལ་པ་ནི་རྟེན་འདོད་གཟུགས་ཀྱི་སྤྲུལ་པ་གཉིས་ལས་དང་པོ་ལ་ཡང་གཉིས་ལས་རེ་ཞིག་དང་པོ་(འདོད་པའི་རྟེན་ཅན་གྱིས།) འདོད་པར་གཏོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་གཟུགས་དྲི་རོ་རེག་བྱ་བཞི་སྤྲུལ་གྱི་ནང་གི་སྐྱེ་མཆེད་ནི་སྤྲུལ་པར་མི་བྱེད་དེ། དེ་སྤྲུལ་ན་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བའི་ཕྱིར་རོ། །སྒྲ་ནི་རྒྱུན་མེད་པའི་ཕྱིར་མི་སྤྲུལ་ལོ། །དེ་ཡང་བདག་ཉིད་སེང་གེ་དང་གླང་པོ་ཆེ་ལ་སོགས་པར་བསྒྱུར་བས་བདག་གི་ལུས་དང་འབྲེལ་བ་དང་། བདག་ཉིད་ལས་ཕྱི་རོལ་ཏུ་སེང་གེ་དང་གླང་པོ་ཆེ་ལ་སོགས་པར་སྤྲུལ་པས་གཞན་གྱི་ལུས་དང་འབྲེལ་བ་རྣམ་པ་གཉིས་སོ། །གཉིས་པ་རྟེན་འདོད་པ་པ་དེས་གཟུགས་སུ་གཏོགས་པ་ནི་དེ་ན་དྲི་རོ་མེད་པས་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཁོ་ན་སྤྲུལ་ཞིང་དེ་ཡང་སྔ་མ་ལྟར་བདག་གཞན་གྱི་ལུས་དང་འབྲེལ་བ་གཉིས་གཉིས་བཞིའོ། །དེ་ལྟར་ན་འདོད་པའི་རྟེན་ཅན་གྱི་(འདོད་པ་དང་གཟུགས་ཀྱི་གཉིས་གཉིས་ཏེ།) སྤྲུལ་པ་རྣམ་པ་བཞི་ཡིན་ནོ། །དེ་བཞིན་དུ་གཉིས་པ་རྟེན་གཟུགས་ཁམས་པས་ཀྱང་རང་ས་དང་འདོད་པའི་སྐྱེ་མཆེད་གཉིས་དང་བཞི་སྤྲུལ་ཞིང་དེ་གཉིས་ཀ་རེ་རེ་ཞིང་བདག་གཞན་གྱི་ལུས་དང་འབྲེལ་བར་སྤྲུལ་པས་སྤྱིར་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །གལ་ཏེ་དེས་འདོད་པར་བདག་གི་ལུས་དང་འབྲེལ་བའི་དྲི་རོ་སྤྲུལ་ན་དེ་དེ་གཉིས་དང་ལྡན་པར་འགྱུར་རོ་ཞེ་ན། དེ་དག་ལས་སྲེད་པ་མེད་པས་སྤྲུལ་ཀྱང་ལྡན་པར་མི་འགྱུར་ཏེ་དཔེར་ན་གོས་དང་རྒྱན་ལུས་དང་འབྲེལ་ཀྱང་སེམས་ཅན་དུ་མི་བགྲང་བས་སེམས་དང་ལྡན་པར་མི་འགྱུར་བ་བཞིན་ནོ། །
ཡང་ཅི་མངོན་ཤེས་ཁོ་ནས་སྤྲུལ་པ་སྤྲུལ་བར་བྱེད་དམ་ཞེ་ན། མ་ཡིན་ཏེ། མངོན་ཤེས་ཀྱི་འབྲས་བུ་སྤྲུལ་པའི་སེམས་དག་གིས་སྤྲུལ་པར་བྱེད་ལ། སྤྲུལ་སེམས་དེ་དག་ཀྱང་དབྱེ་ན་ནི་བཅུ་བཞིའོ། །གང་ཞེ་ན། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་སེམས་ནི་འདོད་པ་དང་བསམ་གཏན་དང་པོའི་ས་པའི་གཉིས་ཡིན་པ་ནས་བསམ་གཏན་གཉིས་པའི་འབྲས་བུ་ས་འོག་མ་པ་གཉིས་དང་རང་གི་ས་པ་སྟེ་གསུམ་དང་། གསུམ་པའི་ས་འོག་མ་པ་གསུམ་དང་རང་གི་ས་པ་སྟེ་བཞི་དང་། བཞི་པའི་ས་འོག་མ་པ་བཞི་དང་རང་གི་ས་པ་དང་། ལྔ་ཡིན་པའི་བར་དུ་རིམ་པ་བཞིན་དུ་ཤེས་པར་བྱའོ། །དེས་ན་བསམ་གཏན་གྱི་འབྲས་བུ་སྤྲུལ་སེམས་ནི་རང་ས་དང་འོག་ས་པའི་ཡིན་གྱི་བསམ་གཏན་འོག་མའི་ས་པ་དག་གི་འབྲས་བུ་ས་གོང་མ་ལས་སྐྱེས་པའི་སྤྲུལ་སེམས་ནི་མིན་ཏེ་(ཡིན་ན་འོག་ས་ལ་བརྟེན་ནས་གོང་ས་སྤྲུལ་ནུས་པར་ཐལ་བས་སོ། །)གོང་ས་མ་ཐོབ་ན་བསྐྱེད་མི་ནུས་ལ་ཐོབ་ན་དེ་ཉིད་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདོད་པའི་སྤྲུལ་སེམས་བསམ་གཏན་བཞི་པོ་ཁོ་ནའི་འབྲས་བུ་ཡིན་པ་ལས་བསམ་གཏན་འོག་མའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་བསམ་གཏན་གོང་མའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་འགྲོ་བའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། བསམ་གཏན་དང་པོའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་དེས་བསམ་གཏན་དང་པོའི་ས་པའི་བར་དུ་འགྲོ་ནུས་ཀྱི་གཉིས་པ་ལ་སོགས་པར་འགྲོ་མི་ནུས་ལ། བམས་གཏན་གཉིས་པའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་དེས་བསམ་གཏན་གཉིས་པའི་བར་དུ་འགྲོ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གསུམ་པ་ལ་སོགས་པའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པ་ལའང་སྦྱར་ཏེ་ཤེས་པར་བྱའོ། །སྤྲུལ་སེམས་དེ་དག་རྙེད་པའི་ཚུལ་ནི་བསམ་གཏན་གྱི་དངོས་གཞི་བཞིན་དུ་འོག་ས་ལས་འདོད་ཆགས་དང་བྲལ་བའི་སྒོ་ནས་རྙེད་དོ། །
འོ་ན་སྤྲུལ་སེམས་དེ་རང་ཉིད་ཀྱི་རྗེས་ཁོ་ན་ལས་འབྱུང་ཞིང་ལྡང་ངམ་གཞན་ལས་ཀྱང་འབྱུང་ཞིང་གཞན་ཡང་འབྱུང་ཞེ་ན། སྤྲུལ་སེམས་དེ་ནི་ཐོག་མར་མངོན་དུ་བྱེད་ཅིང་སྤྲུལ་སེམས་ལ་འཇུག་པ་ན་བསམ་གཏན་དག་པ་པ་དང་རྒྱུན་གྱི་ཚེ་སྤྲུལ་སེམས་རང་ཉིད་ལས་སྐྱེ་བར་འགྱུར་ལ། སྤྲུལ་སེམས་ལ་གནས་པ་དེ་ལྡང་བ་ན་ཏིང་ངེ་འཛིན་ལ་མ་ཞུགས་པར་ལྡང་བ་མེད་པས་སྤྲུལ་སེམས་དེ་ལས་ཀྱང་སྤྲུལ་སེམས་ལས་ལངས་པའི་ཚེ་བསམ་གཏན་དག་པ་པ་དང་། རྒྱུན་གྱི་ཚེ་སྤྲུལ་སེམས་རང་ཉིད་དང་གཉིས་སྐྱེ་བར་འགྱུར་གྱི་གཞན་དང་གཞན་ལས་ནི་འབྱུང་བ་མེད་དོ། །(དེས་ན་སྤྲུལ་སེམས་ཁོ་ན་ལས་འདོད་པའི་སེམས་ལྟ་བུས་ལྡང་བ་ནི་མི་སྲིད་དེ་བྱ་འཕུར་བ་དང་འབབ་པ་ངེས་པར་འདབ་མ་ལ་བརྟེན་པ་བཞིན་ནོ། །)སྤྲུལ་པ་ཐམས་ཅད་ཀྱང་རང་རང་གི་ས་པའི་སྤྲུལ་པའི་སེམས་ཀྱིས་རང་སའི་སྤྲུལ་པ་སྤྲུལ་པར་བྱེད་ཀྱི་ས་གཞན་པའི་སྤྲུལ་སེམས་ཀྱིས་ནི་ས་གཞན་གྱི་སྤྲུལ་པ་སྤྲུལ་པར་མི་བྱེད་དོ་ཞེས་སྤྱིར་བཏང་ནས་དམིགས་བསལ་བསམ་གཏན་གཉིས་པ་ཡན་ཆད་པ་དག་གི་སྤྲུལ་པ་ངག་སྨྲར་འཇུག་པ་ནི་རང་ས་ནས་རྟོག་དཔྱོད་མེད་ཅིང་ངག་སྨྲ་བ་ཀུན་སློང་རྟོག་དཔྱོད་ལ་ངེས་པར་ལྟོས་པས་ས་འོག་མ་བསམ་གཏན་དང་པོའི་ས་པའི་སྨྲ་སེམས་ཁོ་ནས་སྨྲར་འཇུག་ལ། ཀྱང་ཞེས་པ་ནི་འདོད་པ་དང་བསམ་གཏན་དང་པོ་ན་ནི་རང་གི་ས་པའི་སེམས་ཁོ་ནས་སྨྲར་འཇུག་གོ་ཞེས་པ་བསྡུ་བའི་ཕྱིར་རོ། །ངག་སྨྲ་བ་དེ་ཡང་ལྷ་དང་བཅས་པའི་སྟོན་པ་སངས་རྒྱས་མིན་པའི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ནས་སྨྲ་བར་བྱེད་དེ། ལུང་རིང་པོ་ལས། གཅིག་གིས་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་མི་སྨྲ་བར་གྱུར་པ་དང་། །དེ་དག་ཐམས་ཅད་སྨྲ་མི་འགྱུར་ཞེས་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་སྤྲུལ་པ་ནི་ཐམས་ཅད་བཞེད་པ་ཙམ་གྱིས་འབྱུང་བའི་ཕྱིར་སྔ་ཕྱི་ཇི་ལྟར་བཞེད་པར་སྨྲ་བས་ངེས་པ་མེད་དེ། ལས་གདགས་པ་ལས། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སྤྲུལ་པ་ནི་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་བ་དེའི་ཚེ་སྤྲུལ་པ་མི་སྨྲ་ལ་སྤྲུལ་པ་སྨྲ་བ་དེའི་ཚེ་སངས་རྒྱས་མི་གསུང་བ་དང་། ཉན་ཐོས་ཀྱི་སྤྲུལ་པ་ཉན་ཐོས་ཀྱི་ཆ་བྱད་ཅན་སྤྲུལ་པ་ནི་ཉན་ཐོས་སྨྲ་བའི་ཚེ་སྤྲུལ་པའང་སྨྲ་ལ་ཉན་ཐོས་མི་སྨྲ་བའི་ཚེ་སྤྲུལ་པའང་མི་སྨྲ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་དང་ཏིང་ངེ་འཛིན་ལ་མངའ་བརྙེས་པས་མྱུང་དུ་སྙོམས་པར་འཇུག་ཅིང་བཞེངས་ཏེ་དམིགས་པའང་མི་གཏོང་ལ་ཉན་ཐོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །
གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན་ཏེ། ཡེ་ཤེས་དང་དབང་གི་ཕ་རོལ་ཏུ་ཕྱིར་པ་ཡིན་ལ་ཉན་ཐོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །འདི་ལ་གལ་ཏེ་སྨྲ་བའི་ངག་མང་པོ་སྤྲུལ་ན་ནི་སྒྲ་ཡང་སྤྲུལ་པར་འགྱུར་བས་ཕྱིའི་སྐྱེ་མཆེད་བཞི་ཞེས་པ་དང་། འགལ་བར་འགྱུར་ལ། འོན་ཏེ་ངག་གཅིག་ལས་མེད་ན་མང་པོ་སྨྲ་བར་བྱེད་པ་མི་འཐད་དོ། །གལ་ཏེ་མང་པོར་སྨྲ་བར་སྣང་བ་ཡིན་གྱི་ངག་གཅིག་ལས་མེད་དོ་ཞེ་ན། དེ་ནི་ཕྱིའི་སྐྱེ་མཆེད་བཞི་ལའང་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་བྱེ་བྲག་ཏུ་སྨྲ་བས་སེམས་ཅན་གསར་སྐྱེ་མེད་པས་དབང་པོ་ལྔ་མི་སྤྲུལ་ལ། སྒྲ་ལ་རྒྱུན་མེད་པས་མི་སྤྲུལ་ལོ་ཞེས་བྱ་བའང་སྤྲུལ་པ་འདི་དག་སེམས་ཀྱི་སྣང་བ་མ་གཏོགས་པ་དོན་ལ་ཡོད་པའི་ཆོས་ཡིན་ན་ནི་ཇི་ལྟར་སྤྲུལ་པ་ཡིན། མེད་ནའང་གསར་དུ་སྐྱེ་བ་དང་རྒྱུན་མེད་པ་དག་ཀྱང་ཤེས་པ་ལ་སྣང་བར་འགྱུར་རོ་ཞེས་བརྟག་པར་བྱའོ། །
འོ་ན་རྒྱུད་གཅིག་ལ་སེམས་གཉིས་ཅིག་ཅར་མི་འབྱུང་བས་སྨྲ་སེམས་ཡོད་པའི་ཚེ་སྤྲུལ་སེམས་མེད་ལ་སྤྲུལ་སེམས་ཡོད་པའི་ཚེ་སྨྲ་སེམས་མེད་པས་ཇི་ལྟར་སྤྲུལ་པ་སྨྲར་འཇུག་ཅེ་ན། དང་པོ་སྦྱོར་བའི་ཚེ་སྤྲུལ་སེམས་ཀྱིས་སྤྲུལ་པ་སྤྲུལ་ནས་བདག་གི་སྤྲུལ་པ་འདི་ཡུན་རིང་དུ་གནས་པར་གྱུར་ཅིགདེ་ནས་སྨྲ་སེམས་ཀྱིས་སྨྲ་བར་གྱུར་ཅིག་ཅེས་རིམ་པ་ལྟར་འབྱུང་བར་བྱིན་གྱིས་བརླབས་ནས་ཇི་ལྟར་བྱིན་གྱིས་བརླབས་པ་ལྟར་ཕྱིས་སྤྲུལ་སེམས་ལས་གཞན་སྨྲ་སེམས་ཀྱིས་སྨྲར་འཇུག་པའི་ཕྱིར་སྐྱོན་མེད་དོ། །ཅི་གསོན་པོ་ཁོ་ན་ལ་བྱིན་རླབས་ཡོད་དམ། འོན་ཏེ་ཤི་བ་ལའང་ཡོད་ཅེ་ན། (སྤྲུལ་པ་པོ་)ཤི་བ་ལ་ཡང་བྱིན་གྱིས་བརླབས་ནས་ཡུན་རིང་དུ་འཇུག་པ་ཡོད་དེ། ལུང་ཕྲན་ཚེགས་ལས། སྟོན་པ་འདས་ནས་འཕགས་པ་ཀུན་དགའ་བོ་དང་ཉེ་བར་འཁོར་གྱིས་མདོ་སྡེ་དང་འདུལ་བ་བསྡུས་པའི་རྗེས་ལ་འཕགས་པ་འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་ཏེ། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། བློ་གྲོས་རབ་རིབ་བསལ་བས་སྒྲོན་མེར་ཡང་དག་ལྡན་ཞེས་སྨྲས་ནས། འདི་སྙམ་དུ་བདག་གིས་སྟོན་པའི་བཀའ་དྲིན་མཐའ་དག་བསབ་པར་མི་ནུས་མོད་ཀྱི་འོན་ཀྱང་སྡེ་སྣོད་གསུམ་བསྡུས་ན་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ་ཞེས་གསུང་བའི་སྟོན་པའི་གསུང་བསྒྲུབས་ཤིང་བསྟན་པ་ཡུན་རིང་དུ་གནས་པར་བྱས་པས་འཇིག་རྟེན་ལ་ཕན་བཏགས་ཤིང་ཚངས་སྤྱོད་ཡུན་རིང་དུ་སྤྱད་པས་དེ་ནི་ལུས་རྣག་ཅན་འདིས་སྐྱོ་བས་བདག་མྱ་ངན་འདའ་བའི་དུས་ལ་བབ་པོ་སྙམ་ནས། བདག་གི་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་གཞག། གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་འགྱུར། །ངོ་ཚ་མེད་རྣམས་ཆད་པས་བཅད། །ངོ་ཚ་བྱེད་ནི་ཡོངས་སུ་གཟུང་། །བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདས་དུས་བབ། །ཅེས་སྨྲས་ཏེ། ཀུན་དགའ་བོ་ལ་བསྟན་པ་གཏད་ནས་སྟོན་པའི་སྐུ་གདུང་གི་མཆོད་རྟེན་བརྒྱད་ཀྱི་དྲུང་དུ་སོང་སྟེ་མཆོད་ཅིང་། ཀླུའི་གནས་དང་སུམ་ཅུ་རྩ་གསུམ་དུའང་སོང་ནས་སྟོན་པའི་མཆེ་བ་ལ་མཆོད་པ་བྱས་ཏེ། སླར་རྒྱལ་པོའི་ཁབ་ཏུ་འོངས་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་མྱ་ངན་ལས་འདའ་བར་སྨྲ་བར་འདོད་པ་ན་རྒྱལ་པོ་གཉིད་དུ་སོང་བས་མ་ཕྲད་པར་གྱུར་ཏོ། །
དེ་ནས་འོད་སྲུངས་ཆེན་པོ་རི་བྱ་རྐང་ཅན་དུ་སོང་སྟེ་རི་གསུམ་གྱི་དབུས་སུ་རྩ་བཏིང་བ་ལ་འདུག་ནས་བདག་གི་ལུས་འདི་སངས་རྒྱས་བྱམས་པའི་སློབ་མ་རྣམས་སྐྱོ་བར་བྱ་བའི་ཕྱིར་བྱམས་བའི་བསྟན་པ་རྒྱས་ཀྱི་བར་དུ་རི་ཁ་ཟུམ་སྟེ་རིའི་དབུས་སུ་མ་ཉམས་པར་གནས་པར་གྱུར་ཅིགརྒྱལ་པོ་མ་སྐྱེས་དགྲ་ལུས་བལྟར་འོངས་ན་རི་རྣམས་བྱེ་ནས་མཐོང་བར་གྱུར་ཅིགཚེའི་འདུ་བྱེད་བཏང་མ་ཐག་ཏུ་ས་གཡོ་བ་ལ་སོགས་པའི་ལྟས་སྣ་ཚོགས་འབྱུང་བར་གྱུར་ཅིག་སྙམ་དུ་བསམས་ནས་གློག་འབྱིན་པ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་རང་གི་ལུས་བྱིན་གྱིས་བརླབས་ནས་སྟོན་པས་གནང་བའི་ན་བཟའ་ཕྱག་དར་ཁྲོད་ཀྱིས་ལུས་དང་གསིལ་བྱེད་དང་ལྷུང་བཟེད་རྣམས་བཏུམས་ཏེ་གློ་གཡས་པ་ཕབ་རྐང་པའི་སྟེང་དུ་རྐང་པ་བཞག་ནས་ཉལ་ཏེ་མྱ་ངན་ལས་འདས་སོ། །གང་གི་ཚེ་སངས་རྒྱས་བྱམས་པ་བྱོན་པ་དེའི་ཚེ་བྱམས་པ་འདུས་པ་དང་པོའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་བཅས་པ་རི་བྱ་རྐང་ཅན་དུ་གཤེགས་ནས་རི་གསུམ་བསལ་ཏེ་བྱམས་པས་འོད་སྲུངས་ཆེན་པོའི་རུས་པ་ཕྱག་ཏུ་བསྣམས་ནས་ཆོས་བསྟན་པས་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དགྲ་བཅོམ་འཐོབ་པར་གསུངས་ལ། སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས་ནི་བྱམས་པའི་འདུས་པ་གཉིས་པ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་དང་། འདུས་པ་གསུམ་པ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་ཏེ། འདུས་པ་གསུམ་ཆར་ལ་འོད་སྲུངས་ཆེན་པོའི་ལུས་བྱམས་པས་བསྟན་ནས་གདུལ་བྱ་མང་པོའི་དོན་བྱེད་པར་གསུངས་པའི་ཕྱིར་རོ། །ཁ་ཅིག་འོད་སྲུངས་ཆེན་པོ་མྱ་ངན་ལས་འདས་པར་བཤད་པ་ནི་ཐེག་ཆུང་བའི་ལུགས་ཡིན་གྱི་ཐེག་ཆེན་པ་ནི་འགོག་པ་ལ་སྙོམས་པར་ཞུགས་པར་བཞེད་དོ། །ཞེས་གསུངས་པ་ནི་མི་རིགས་ཏེ། སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས་ཀྱང་མྱ་ངན་ལས་འདས་པ་ཁོ་ནར་གསུངས་པའི་ཕྱིར་རོ། །ཤི་ནས་བྱིན་གྱིས་བརླབས་པ་དེ་ཡང་ཁ་ཆེ་བ་རུས་པ་ལྟ་བུ་བརྟན་པ་ལ་ཡོད་ཀྱི་མི་བརྟན་པ་ཤ་ཁྲག་དང་པགས་པ་ལ་སོགས་པ་ལ་མེད་དེ། དེའི་ཕྱིར་འོད་སྲུངས་ཀྱི་ཡང་ཀེང་རུས་འབའ་ཞིག་གནས་ཀྱི་ཤ་ལ་སོགས་པ་བྱིན་གྱིས་མ་བརླབས་པའི་ཕྱིར་རོ་ཞེས་འདོད་ལ། གཞན་དག་ན་རེ་ཤི་བ་ལས་ནི་བྱིན་རླབས་ཡོད་པ་མིན་གྱི་འོད་སྲུངས་ཀྱི་ཀེང་རུས་གནས་པ་ནི་གནས་གཙང་མའི་ལྷ་རྣམས་ཀྱི་མཐུས་གནས་པ་ཡིན་ནོ་ཞེས་འདོད་དོ། །
འོ་ན་སྤྲུལ་སེམས་གཅིག་གིས་དུ་མ་སྤྲུལ་ལམ་གཅིག་གིས་གཅིག་ཁོ་ན་སྤྲུལ་ཞེ་ན། དང་པོར་ཏེ་མ་བྱང་བའི་ཚེ་ནི་སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པ་ཡིན་ཏེ། ཡུན་རིང་དུ་འབད་དགོས་པའི་ཕྱིར་རོ། །ཕྱིས་མངོན་ཤེས་བྱང་བར་གྱུར་ནས་ནི་སྔ་མ་ལས་བཟློག་པ་སྤྲུལ་སེམས་གཅིག་གིས་དུ་མ་སྤྲུལ་བར་བྱེད་དོ། །ཞེས་སྤྲུལ་སེམས་ཐམས་ཅད་ལུང་མ་བསྟན་ཡིན་ནམ་ཞེ་ན། བསྒོམས་པ་ལས་སྐྱེས་པའི་སྤྲུལ་སེམས་གང་ཡིན་པ་དེ་ནི་ངེས་པར་ལུང་མ་བསྟན་ཡིན་ལ། (ས་གོང་མར་སྐྱེས་པས་ཀྱང་འོག་མའི་དེ་མངོན་དུ་བྱེད་པའི་ཕྱིར་རོ། །)ལྷ་ཀླུ་དང་ཤ་ཟ་ལ་སོགས་པའི་སྐྱེ་བ་ལས་སྐྱེས་ཤིང་ཐོབ་པའི་སྤྲུལ་སེམས་ནི་ཕན་པ་དང་གནོད་པ་བྱ་བའི་ཕྱིར་སྤྲུལ་པར་བྱེད་པ་དང་བཏང་སྙོམས་པ་ཡིན་པའི་ཕྱིར་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་མོ། །ལྷ་ཀླུ་ལ་སོགས་པ་དེ་དག་གིས་བྱས་པའི་སྤྲུལ་པ་རང་དང་གཞན་གྱི་རྒྱུ་དང་འབྲེལ་བ་ནི་སྒྲ་མ་གཏོགས་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཐམས་ཅད་ཡིན་པའི་ཕྱིར་སྐྱེ་མཆེད་དགུ་པ་ཡིན་ནོ། །དབང་པོ་དང་ཐ་མི་དད་པའི་ཕྱིར་དེ་སྐད་དུ་བརྗོད་ཀྱི་དབང་པོ་ནི་དངོས་སུ་ན་སེམས་ཅན་དུ་སྟོན་པ་ཁོ་ན་ཡིན་པས་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་སྤྲུལ་པར་མི་བྱེད་དོ། །སྤྲུལ་པ་སེམས་མེད་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་ཀྱང་སྤྲུལ་པར་མི་བྱེད་དོ། །སྤྲུལ་པ་སེམས་མེད་ཡིན་པར་ནི་གདགས་པ་ལས། སྤྲུལ་པ་དེ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཞེས་བརྗོད་པར་བྱའམ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་མ་ཡིན་ཞེས་བརྗོད་པར་བྱ། སྨྲས་པ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའོ་ཞེས་བརྗོད་པར་བྱའོ། །རྒྱུར་བྱས་པའི་གཟུགས་ཅན་ནམ། རྒྱུར་བྱས་པའི་གཟུགས་ཅན་མ་ཡིན་པ་ཞེས་བརྗོད་པར་བྱ། སྨྲས་པ། རྒྱུར་བྱས་པའི་གཟུགས་ཅན་ནོ་ཞེས་བརྗོད་པར་བྱ་སྟེ། སེམས་མེད་པ་ཞེས་ཀྱང་བརྗོད་པར་བྱའོ། །སྤྲུལ་པ་གང་གི་སེམས་ཀྱི་དབང་གིས་འཇུག་པར་བྱ་ཞེས་བརྗོད་པར་བྱ། སྨྲས་པ། སྤྲུལ་པ་ནི་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་དང་པོ་ནི་སེམས་ཅན་དེའི་སེམས་ཀྱི་དབང་གིས་འགྱུར་ལ། གཉིས་པ་ནི་སྤྲུལ་པ་པོའི་སེམས་ཀྱི་དབང་གིས་འཇུག་གོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་འདི་ནི་སྒོམ་བྱུང་གི་དབང་དུ་བྱས་ཀྱི་སྐྱེས་ཐོབ་ནི་དེ་ཉིད་ལས། སྤྲུལ་པ་སེམས་ཡོད་པ་ཞེས་བྱའམ་མེད་པ་ཞེས་བྱ་ཞེ་ན། སྤྲུལ་པ་ནི་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྐྱེས་ཐོབ་ནི་སེམས་ཡོད་པ་ཞེས་བྱ་ལ། སྒོམ་བྱུང་ནི་སེམས་མེད་པ་ཞེས་བྱའོ། །ཞེས་སྐྱེས་ཐོབ་ལ་སེམས་ཡོད་པར་བཤད་དོ། །དེ་བཞིན་དུ་སྤྲུལ་པས་ཁ་ཟས་ཟོས་པ་ན་སྐྱེས་ཐོབ་ཀྱི་ནི་སྤྲུལ་པ་ཉིད་ཀྱི་ལྟོར་འཇུ་ལ་སྒོམ་བྱུང་གི་ནི་སྤྲུལ་པ་པོའི་ལྟོར་འཇུ་བར་བཤད་དོ། །དེས་ན་རང་གཞན་གྱི་ལུས་དང་འབྲེལ་བའི་སྤྲུལ་པ་ནི་སྐྱེ་མཆེད་དགུ་པ་ཡིན་པ། རང་གཞན་གྱི་ལུས་དང་མ་འབྲེལ་པའི་སྤྲུལ་པ་ནི་སྔར་བཤད་པ་ལྟར་སྐྱེ་མཆེད་བཞི་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱའོ། །
ཅི་རྫུ་འཕྲུལ་སྒོམ་བྱུང་དང་སྐྱེས་ཐོབ་ཁོ་ནར་ཟད་དམ་ཞེ་ན་མ་ཟད་དེ། རྫུ་འཕྲུལ་ནི་སྔ་མ་གཉིས་པོ་དེ་དག་དང་། གྷན་ངྷ་རི་ལ་སོགས་པའི་གསང་སྔགས་ལས་སྐྱེས་པ་དང་། རུས་སྦལ་གྱི་ཟེ་བ་དང་རྨ་བྱའི་མདོངས་ལ་སོགས་པའི་སྨན་དག་ལས་སྐྱེས་པ་དང་། རྒྱལ་པོ་ང་ལས་ནུ་དང་བར་སྲིད་པ་རྣམས་ཀྱི་ལྟ་བུ་ལས་སྐྱེས་པ་དང་རྣམ་པ་ལྔ་ཡིན་ནོ་ཞེས་ཤེས་པར་བྱའོ། །ལྷའི་རྣ་བ་དང་མིག་ཏུ་བཤད་པ་གང་ཡིན་པ་དེ་དག་ཅི་ལྷའི་དངོས་ཡིན་ནམ། འོན་ཏེ་བྱང་ཆུབ་སེམས་དཔའ་དང་འཁོར་ལོས་བསྒྱུར་བ་དང་ཁྱིམ་བདག་རིན་པོ་ཆེ་རྣམས་ཀྱི་མིག་ལྟར་ལྷའི་དང་འདྲ་བས་བཏགས་ནས་དེ་སྐད་དུ་བརྗོད་ཅེ་ན། དེ་གཉིས་ནི་ནི་ལྷའི་མིག་དང་ལྷའི་རྣ་བ་དངོས་ཁོ་ན་ཡིན་ཏེ། བསམ་གཏན་པ་དག་བསམ་གཏན་ལམ་ཉམ་པར་བཞག་ནས་སྒྲ་དང་སྣང་བ་ལ་གཏོད་པའི་སྦྱོར་བའི་སྟོབས་ཀྱིས་མིག་དང་རྣ་བའི་ཐོན་ཀོར་དུ་བསམ་གཏན་གྱི་ས་པའི་འབྱུང་བཞི་རྒྱུར་བྱས་པའི་གཟུགས་ཅན་དང་བ་(ཤ་དང་པགས་པ་དང་རུས་པ་དང་ཁྲག་དང་མ་འབྲེལ་ཞིང་། ལྷའི་མིག་གིས་རྒྱབ་ཕྱོགས་སུའང་མཐོང་ལ་ཤས་མི་མཐོང་བ་ཁྱད་པར་རོ། །)ཐག་རིང་པོ་ན་གནས་པ་དང་ཆོད་པ་དང་ཕྲ་བའི་གཟུགས་དང་སྒྲ་ཐོས་པའི་རྒྱུར་གྱུར་པའི་དབང་པོ་འགྲུབ་པས་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར་རོ། །
ལྷའི་མིག་དང་རྣ་བ་དེ་གཉིས་ཀྱང་གཟུགས་ཉམས་སུ་མྱོང་བའི་སྒོ་ནས་བསྒྲུབས་པའི་ཕྱིར་རྟག་ཏུ་རྣམ་ཤེས་དང་བཅས་པས་བརྟེན་པ་དང་བཅས་པ་ཁོ་ན་ཡིན་ལ། གཏན་མེད་པའི་ཞར་བ་དང་ནོང་པ་ཡོ་བ་དང་འོན་པ་ལྟ་བུ་མ་ཡིན་པས་མ་ཚང་བ་མེད་པའང་ཡིན་ནོ། །དེ་གཉིས་ཀྱི་ཡུལ་ནི་གཟུགས་སྒྲ་ཐག་རིང་བ་དང་ཕྲ་བ་དང་སོགས་པས་བསྡུས་པ་བསྒྲིབས་པའི་སྤྱོད་ཡུལ་ཅན་ཡང་ཡིན་པས་ཤའི་མིག་ལས་ཁྱད་པར་དུ་འཕགས་ཏེ། གང་ཕྱིར་ཤའི་མིག་གིས་གཟུགས། །ཐག་རིང་གནས་དང་སྒྲིབ་པ་དང་། །ཕྲ་དང་ཐམས་ཅད་མི་མཐོང་བ། །དེ་ཕྱིར་ལྷ་ཡིས་མཐོང་བར་འདོད་ཅེས་འགྲེལ་པ་ལས་འབྱུང་བ་བཞིན་ནོ། །འོ་ན་ལྷའི་མིག་གིས་ཇི་ཙམ་མཐོང་ཞེ་ན། བསམ་གཏན་དང་པོའི་ལྷའི་མིག་གིས་འདོད་པ་དང་བསམ་གཏན་དང་པོ་མཐོང་བ་ལ་སོགས་པ་སྔར་བཤད་ཟིན་ཏོ། །ཉན་རང་སངས་རྒྱས་གསུམ་གྱི་ལྷའི་མིག་མངོན་པར་འདུ་བྱེད་པ་མེད་པས་ནི་རིམ་པ་ལྟར་སྟོང་དང་པོར་དང་སྟོང་གཉིས་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་མཐོང་ལ། མངོན་པར་འདུ་བྱེད་པའི་སྟོབས་ཀྱིས་ནི་རིམ་པ་ལྟར་དགྲ་བཅོམ་པ་རྣམས་ཀྱིས་སྟོང་གཉིས་དང་བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ཀྱིས་སྟོང་གསུམ་དང་སྟོན་པ་སངས་རྒྱས་རྣམས་ཀྱིས་ནི་ཇི་ཙམ་བཞེད་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་མཐོང་ངོ་། །
ཅི་རྫུ་འཕྲུལ་ཁོ་ན་སྐྱེས་ཐོབ་ཡིན་ནམ། འོན་ཏེ་གཞན་ཡང་སྐྱེས་ཐོབ་ཡིན་ཞེ་ན། རྫུ་འཕྲུལ་ལས་གཞན་ལྷའི་མིག་དང་རྣ་བ་དང་སྔོན་གནས་རྗེས་དྲན་དང་ཕ་རོལ་སེམས་ཤེས་བཞི་ལ་ཡང་སྐྱེ་བས་ཐོབ་པ་ཡོད་མོད་ཀྱི་(དེ་ནི་འགྲོ་བ་དེ་ཐམས་ཅད་ཀྱིས་སྐྱེས་པའི་དུས་ཉིད་ན་རང་བཞིན་གྱིས་ཐོབ་པ་ཡིན་གྱི་ཁ་ཅིག་གམ་བྱ་ནམ་མཁའ་ལ་འགྲོ་བ་ལྟར་སྐྱེས་པའི་འོག་ཏུ་ཐོབ་པ་ནི་མ་ཡིན་ནོ། །རྫུ་འཕྲུལ་ནི་ལྔ་སྟེ་འདི་རྟོག་གེས་བྱས་པ་མེད་དོ། །མིག་དང་རྣ་བའི་མངོན་ཤེས་གསུམ་སྟེ། སྔགས་དང་སྨན་ལས་བྱུང་བ་མ་གཏོགས་སོ། །སེམས་ཤེས་ནི་བཞི་སྟེ་སྨན་ལས་བྱུང་བ་མེད་དོ། །དགེ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་ཅེས་ཀྱང་གྱུར་ཅིག། འདི་བཞི་སྐྱེ་བས་ཐོབ་པ་ནི་མ་ཡིན་ནོ། །འདི་བཞི་སྐྱེས་པས་ཐོབ་པ་ནི་འདོད་པའི་ལྷ་ཀླུ་དང་གཟུགས་ཀྱི་ལྷ་རྣམས་ལ་ཡོད་དོ། །)འོན་ཀྱང་སྐྱེས་ཐོབ་ཀྱིས་ནི་ཅུང་ཟད་ཀྱང་མངོན་ཤེས་ཀྱི་མིང་མི་འཐོབ་བོ། །སྐྱེས་ཐོབ་ཀྱི་ལྷའི་མིག་གང་ཡིན་པ་དེས་ནི་སྲིད་པ་བར་མ་མི་མཐོང་སྟེ། དེ་ནི་སྐྱོན་བཅུ་གཅིག་དང་བྲལ་བ་མངོན་པར་ཤེས་པའི་ལྷའི་མིག་རྣམ་པར་དག་པ་ཁོ་ནའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལ་ལྷའི་མིག་སྐྱེས་ཐོབ་ནི་ཀླུ་དང་འདོད་གཟུགས་ཀྱི་ལྷ་རྣམས་ལ་ཡོད་དོ། །གཟུགས་མེད་ན་ནི་མངོན་ཤེས་ལྔ་དང་སྐྱེས་ཐོབ་ཀྱང་མེད་དེ། ཊཱི་ཀ་ལས། གཟུགས་མེད་ན་མངོན་ཤེས་ལྔ་དང་སྐྱེས་ཐོབ་ཐམས་ཅད་མེད་དེ། གཟུགས་མེད་པའི་ཕྱིར་དང་། དེ་ལྟ་བུའི་ལུས་ཡང་དག་པར་མི་འགྲུབ་པའི་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་རོ། །(སྐྱེས་ཐོབ་ཀྱི་ཆོས་ཀྱི་ཁྱད་པར་ལ།) ཕ་རོལ་སེམས་ཤེས་སྐྱེས་ཐོབ་དེ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་མོ། །གང་ཡང་རྟོག་གེ་བ་རྣམས་ཀྱི་མཚན་མ་ལས་སེམས་ཤེས་པ་དང་རིག་སྔགས་ཀྱིས་བྱས་པའི་སེམས་ཤེས་པ་དེ་ཡང་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡིན་ལ་སེམས་ཤེས་སྒོམ་བྱུང་ནི་དགེ་བ་ཁོ་ན་ཡིན་ནོ། །ཕ་རོལ་སེམས་ཤེས་དང་སྔོན་གནས་རྗེས་དྲན་སྐྱེས་ཐོབ་ནི་དམྱལ་བ་པས་ནི་དང་པོ་སྐྱེས་ནས་ཇི་སྲིད་དུ་སྡུག་བསྔལ་གྱི་ཚོར་བས་མ་ཉེན་པ་དེ་སྲིད་དུ་ཕ་རོལ་ཀྱི་སེམས་དང་སྔོན་གྱི་གནས་ཤེས་ཀྱི་ཕྱིས་ནི་སྡུག་བསྔལ་གྱི་ཚོར་བས་ཉེན་པས་ཡིད་ཉམས་པར་བྱས་པའི་ཕྱིར་(བདག་ཀྱང་མ་དྲན།) མི་ཤེས་སོ། །འགྲོ་བ་གཞན་ལྷ་དང་དུད་འགྲོ་དང་ཡི་དྭགས་ཀྱི་ཕ་རོལ་སེམས་ཤེས་དང་སྔོན་གནས་རྗེས་དྲན་སྐྱེས་ཐོབ་ཀྱིས་ནི་སྡུག་བསྔལ་གྱི་ཚོར་བས་མ་ཉེན་པས་རྟག་ཏུ་ཤེས་སོ། །དེ་ལ་རེ་ཞིག་ལྷས་ནི་མདོ་ལས། དྲང་སྲོང་ཚོགས་ཀྱིས་བསྟེན་པ་དང་། །ཆོས་གྱི་རྒྱལ་པོ་བཞུགས་གྱུར་ཅིང་། །བདག་ལ་དགའ་བ་བསྐྱེད་པ་ཡི། །རྒྱལ་བྱེད་ཚལ་དེ་འདི་ཡིན་ནོ་ཞེས་པ་དང་། བདག་གང་ནས་ཤི་འཕོས་གང་དུ་སྐྱེས་གང་གི་ས་སྐྱེས་ཞེས་གནས་གསུམ་ཤེས་པར་བཤད་པ་ལྟ་བུའོ། །དུད་འགྲོས་ཀྱང་ཤེས་ཏེ་ཀླུ་ལ་སོགས་པ་བཞིན་ནོ། །ཡི་དྭགས་ཀྱིས་ཀྱང་ཤེས་ཏེ། ཇི་སྐད་དུ། བདག་གི་མཐུན་དང་མི་མཐུན་པས། །ལོངས་སྤྱོད་དག་ནི་གང་བས་གསར། །དེ་དག་གཞན་གྱིས་ལོངས་སྦྱད་དེ། །ཁོ་བོ་ཅག་ནི་སྡུག་བསྔལ་བསྟེན་ཞེས་འབྱུང་བ་བཞིན་ནོ། །མི་རྣམས་ལ་ནི་རྫུ་འཕྲུལ་ལ་སོགས་པ་སྔར་ཇི་སྐད་བཤད་པ་དེ་དག་བསྒོམས་པ་ལས་བྱུང་བ་དང་རྟོག་གེ་དང་རིག་སྔགས་དང་སྨན་དང་ལས་ལས་སྐྱེས་པ་རྣམས་ཡོད་ཀྱི་དེ་དག་སྐྱེ་བས་ཐོབ་པ་ནི་མེད་དེ། སྐྱེས་པ་ཙམ་གྱིས་མི་ལྡན་པའི་ཕྱིར་རོ། །འོ་ན་རང་བཞིན་གྱིས་ཚེ་རབས་དྲན་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་ལས་ཀྱི་ཁྱད་པར་ལས་སྐྱེས་པ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་ལས། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང་། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར་ཞེས་འབྱུང་བ་བཞིན་ནོ། །དེའི་ཕྱིར་སྔོན་གནས་རྗེས་དྲན་ནི་བསྒོམས་པ་ལས་བྱུང་བ་དང་། སྐྱེས་ཐོབ་དང་ལས་ལས་སྐྱེས་པ་དང་གསུམ་ཡོད་པར་རིག་པར་བྱའོ། །
བཟོད་དང་ཤེས་པ་ལྟ་བའི་བྱེ་བྲག་དང་། །ཤེས་པའི་རང་བཞིན་ཇི་སྙེད་ལྡན་ཚུལ་དང་། །ཤེས་པས་བསྡུས་པའི་ཡོན་ཏན་རྣམ་པ་གཉིས། །ཤེས་ཤིང་ཐོབ་འདོད་གནས་འདི་མཉན་པར་གྱིས།། །།ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་གནས་བདུན་པའི་བཤད་པའོ།། །།
གནས་བརྒྱད་པ་སྙོམས་པར་འཇུག་པ་བསྟན་པ།
གནས་བརྒྱད་པ་འཆད་པ་ན་དེ་ལྟར་ཤེས་པའི་རང་བཞིན་གྱི་ཡོན་ཏན་(སྟོབས་ནས་མངོན་ཤེས་ཀྱི་བར།) རྣམས་བཤད་ནས། (དེ་དག་ཀྱང་མཉམ་པར་བཞག་པ་ལས་འབྱུང་བས།) ད་ནི་བསམ་གཏན་དང་གཟུགས་མེད་ལ་སོགས་པ་ཤེས་པ་ལས་གཞན་ཏིང་ངེ་འཛིན་ལ་སོགས་པས་བསྡུས་པའི་ཡོན་ཏན་རྣམས་བཤད་པར་བྱ་སྟེ། དེ་ལའང་བསམ་གཏན་དང་གཟུགས་མེད་བཤད་པ་དང་། དེ་ལ་བརྟེན་པའི་ཡོན་ཏན་བཤད་པ་གཉིས་ལས།
དང་པོ་བསམ་གཏན་གཟུགས་མེད་བཤད་པ།
དང་པོ་ལའང་ངོ་བོ་དང་། དབྱེ་བ་དང་། ཡན་ལག་རྣམ་པར་བཞག་པ་དང་། འཐོབ་པའི་ཚུལ་དང་། ཁྱད་པར་གྱི་ཆོས་དང་། ཉེར་བསྡོགས་དང་། ཏིང་ངེ་འཛིན་གྱི་དབྱེ་བ་བཤད་པ་བདུན་ལས།
དང་པོ་ལའང་གཟུགས་མེད་རྣམས་ཀྱང་ཡོན་ཏན་གྱི་རྟེན་ཡིན་མོད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་མ་ཡིན་ལ། བསམ་གཏན་རྣམས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའམ་(སྐྱེས་རིམ་ལྟར།) དང་པོར་བཤད་པ་ལ་བསམ་གཏན་དག་ནི་མདོར་བསྡུས་ན་འབྲས་བུ་སྐྱེ་བ་དང་། རྒྱུ་སྙོམས་པར་འཇུག་པ་རྣམ་པ་གཉིས་ཡིན་ལ། (འདི་གཉིས་ཀྱི་ཁྱད་པར་བོད་ཁ་ཅིགརང་ས་ཁོ་ནར་མངོན་དུ་འགྱུར་བ་ནི་འབྲས་བུའོ། །འོག་སར་མངོན་དུ་བྱེད་པ་ནི་རྒྱུའོ། །མཉམ་གཞག་ཁོ་ན་ཡིན་པ་ནི་རྒྱུའོ། །གཉིས་ཀ་ཡིན་པ་ནི་འབྲས་བུའོ། །དགེ་བ་ཁོ་ན་ཡིན་པ་ནི་རྒྱུའོ། །དགེ་བ་དང་ལུང་མ་བསྟན་ཡང་ཡིན་པ་ནི་འབྲས་བུའོ། །སྒོམ་བྱུང་ཁོ་ན་ཡིན་པ་ནི་རྒྱུའོ། །དེང་ཐོས་བྱུང་དང་སྐྱེས་ཐོབ་ཀྱང་ཡིན་པ་ནི་འབྲས་བུའོ། །ཚེ་ཇི་སྲིད་པར་རྒྱུན་ཆགས་པ་ནི་འབྲས་བུའོ། །རེས་འགའ་བ་ནི་རྒྱུའོ། །ཉེར་བསྡོགས་དང་བཅས་པ་ནི་རྒྱུའོ། །དངོས་གཞི་ཁོ་ན་ཡིན་པ་ནི་འབྲས་བུའོ། །འོག་མའི་རྟེན་ལའང་གོང་མའི་ཏིང་ངེ་འཛིན་སྐྱེ་རུང་བ་ནི་རྒྱུའོ། །དེའི་འབྲས་བུ་གོང་མའི་ཕུང་པོ་སྣོད་དང་བཅས་པ་ནི་འབྲས་བུའོ་ཞེས་སོ། །)དེ་དག་རེ་རེ་ཞིང་ཡང་སའི་སྒོ་ནས་རྒྱས་པར་དབྱེ་ན་བསམ་གཏན་དང་པོ་ནས་བཞི་པའི་བར་རྣམ་པ་བཞི་བཞི་ཡིན་ནོ། །དེ་ལ་འབྲས་བུ་བསམ་གཏན་དང་པོ་ལ་སོགས་པ་དེར་སྐྱེ་བའི་བསམ་གཏན་དག་ནི་གནས་གསུམ་པར་སོ་སོར་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་རབ་ཏུ་སྟེ་དང་པོར་བཤད་ཟིན་ལ། རྒྱུ་སྙོམས་འཇུག་གི་བསམ་གཏན་ཐམས་ཅད་ཀྱང་གཙོ་བོ་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ཞིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རང་བཞིན་མཚན་ཉིད་ཀྱང་རྩེ་གཅིག་པ་ཡིན་པས་ཉོན་མོངས་ཅན་དང་(གཡོ་བའི་དགེ་བ་དང་།) མ་བསྒྲིབས་ལུང་མ་བསྟན་གྱི་སེམས་རྩེ་གཅིག་པའང་ཡོད་པས་དེ་དག་བཅས་པའི་ཕྱིར་དགེ་བའི་སེམས་རྩེ་སྟེ་དམིགས་པ་གཅིག་པར་བྱེད་པའི་སེམས་བྱུང་ཡིན་གྱི་སེམས་དམིགས་པ་གཅིག་པ་ཙམ་ནི་མ་ཡིན་ནོ། །དེ་ཉིད་རྗེས་སུ་འབྲང་བའི་འཁོར་དང་བཅས་ན་ནི་གཟུགས་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གང་རུང་ཡང་ཡོད་པས་ཕུང་པོ་ལྔའི་རང་བཞིན་ནོ། །ཏིང་ངེ་འཛིན་དང་མཚུངས་ལྡན་ཐམས་ཅད་དམིགས་པ་ལ་རྩེ་གཅིག་བཞིན་དུ་སེམས་ཁོ་ན་ལ་དམིགས་པ་ལ་རྩེ་གཅིག་པ་ཞེས་བརྗོད་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །
(སློབ་དཔོན་གྱིས།) གལ་ཏེ་སེམས་ཐམས་ཅད་སྐད་ཅིག་མ་ཡིན་པས་དམིགས་པ་འཕོ་ལོང་མེད་པའི་ཕྱིར་རྩེ་གཅིག་པ་མ་ཡིན་ནམ་གང་གིས་དེ་དག་རྩེ་གཅིག་པར་བྱེད་པའི་(ཁྱད་པར་བྱེད་ཆོས་)ཏིང་ངེ་འཛིན་(དོན་གཞན།) བརྟགས་པ་ནི་དོན་མེད་དོ་ཞེ་ན་མ་ཡིན་ཏེ། སྐད་ཅིག་དང་པོའི་སེམས་པ་མི་དགོས་ཀྱང་སྐད་ཅིག་མ་གཉིས་པའི་སེམས་(དང་པོ་དམིགས་པའམ་)ཏིང་ངེ་འཛིན་དེའི་སྒོ་ནས་དམིགས་པ་ལས་རྣམ་པར་མི་གཡེང་བར་བྱེད་པས་དོན་དང་བཅས་པའི་ཕྱིར་རོ། །(ཞེ་ན།) འོ་ན་དེ་ལྟ་ན་སེམས་དང་པོ་ཏིང་ངེ་འཛིན་དང་མཚུངས་ལྡན་དེ་ལ་ཏིང་ངེ་འཛིན་དོན་མེད་པར་འགྱུར་བའི་ཕྱིར་(ཏེ་དེའི་བྱ་བ་མི་བྱེད་པའི་ཕྱིར།) དང་། སྐད་ཅིག་དང་པོའི་ཏིང་ངེ་འཛིན་གཉིས་པའི་དུས་ན་འགགས་ན་གཉིས་པ་ལ་བྱེད་པ་འཇུག་པ་འགལ་བའི་ཕྱིར་དང་། མ་འགགས་ན་སེམས་སྔ་མ་དང་དུས་མི་མཚུངས་པར་འགྱུར་བའི་ཕྱིར་དང་། གཞན་ཡང་དྲན་པ་མ་ཉམས་པ་ལ་སོགས་པའི་རྒྱུ་མཚན་གང་ཁོ་ནས་ཏིང་ངེ་འཛིན་རྩེ་གཅིག་ཏུ་འདོད་པའི་རྒྱུ་མཚན་དེ་ཁོ་ནས་སེམས་རྩེ་གཅིག་པར་བྱེད་ནུས་ན་དེའི་རྒྱུར་ཏིང་ངེ་འཛིན་དོན་གཞན་བཏགས་པ་ལ་དགོས་པ་མེད་ལ། མི་ནུས་ན་ཏིང་ངེ་འཛིན་ལའང་མཚུངས་པའི་ཕྱིར་དང་། གཞན་ཡང་ཏིང་ངེ་འཛིན་ནི་སེམས་ཀྱི་ས་མང་པོ་པ་ཡིན་པས་སེམས་(ཐམས་ཅད།) རྩེ་གཅིག་པར་ཐལ་བར་འགྱུར་པའི་ཕྱིར་རོ་ཞེ་ན་མི་འགྱུར་ཏེ། ཏིང་ངེ་འཛིན་སྟོབས་ཆེ་བ་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་པ་ཡིན་ཞིང་། སྟོབས་ཆུང་བ་དང་མཚུངས་པར་ལྡན་པའི་སེམས་ནི་རྩེ་གཅིག་པ་མ་ཡིན་ལ། ཏིང་ངེ་འཛིན་ས་མང་པོ་ཙམ་ནི་དགེ་བ་ཁོ་ནར་མ་ངེས་པ་དང་སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བར་འདོད་དོ། །མདོ་སྡེ་པ་ན་རེ་སེམས་རྩེ་གཅིག་པ་ཁོ་ན་ཏིང་ངེ་འཛིན་ཡིན་གྱི་སེམས་ལས་དོན་གཞན་དུ་གྱུར་པའི་ཏིང་ངེ་འཛིན་ནི་མེད་དེ། ལམ་གྱི་ཚོགས་ཀྱི་བསླབ་པའི་སྒོའི་མདོ་ལས། ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། བསམ་གཏན་བཞིའོ་ཞེས་པ་དང་། སྟག་གི་བྱང་ཆུབ་ཀྱི་བུའི་མདོ་དང་། ཉན་ཐོས་ཀྱི་རྣམ་པར་བཤད་པ་ལས་སེམས་ཡོངས་སུ་དག་པའི་གཙོ་བོ་ནི་བསམ་གཏན་བཞི་ཡིན་ནོ་ཞེས་ཇི་ལྟར་ཚུལ་ཁྲིམས་དང་ཤེས་རབ་ཀྱི་བསླབ་པ་ཚུལ་ཁྲིམས་དང་ཤེས་རབ་ཁོ་ན་ཡིན་པ་ལྟར་སེམས་ཀྱི་བསླབ་པའང་སེམས་ཁོ་ནར་གསུངས་སོ་ཟེར་རོ། །
སྒྲའི་དོན་ཅིའི་ཕྱིར་བསམ་གཏན་ཞེས་བྱ་ཞེ་ན། འདིས་མཆོག་ཏུ་སེམས་པར་བྱེད་པས་བསམ་གཏན་ཏེ་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་ཕྱིར་རབ་ཏུ་ཤེས་པའི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། གལ་ཏེ་སེམས་པར་བྱེད་པ་བསམ་གཏན་ཡིན་ན་ཏིང་ངེ་འཛིན་(ཉོན་མོངས་ཅན་སོགས།) ཐམས་ཅད་བསམ་གཏན་དུ་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཕུལ་དུ་ཕྱིན་པ་དང་ལྡན་པའི་སེམས་པར་བྱེད་པའི་ཏིང་ངེ་འཛིན་ལ་བསམ་གཏན་དུ་བརྗོད་དེ་ཉི་མ་ལ་སྣང་ལྡན་ཞེས་བརྗོད་པ་བཞིན་ནོ། །ཕུལ་དུ་ཕྱིན་པའི་སེམས་པར་བྱེད་པའང་འདིར་ཡན་ལག་དང་ལྡན་པས་རྟ་གཉའ་སྦྲེལ་བས་འདྲེན་པའི་ཤིང་རྟ་ལྟར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་ངང་གིས་འབྱུང་བ་ལ་འདོད་དེ། དེའི་ཕྱིར་མདོ་ལས། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། ལམ་སླ་བ་ཞེས་གསུངས་སོ། །འོ་ན་མཆོག་ཏུ་སེམས་པ་མེད་པས་ཉོན་མོངས་ཅན་བསམ་གཏན་དུ་མི་འགྱུར་རོ་ཞེ་ན། དེ་ལའང་ལོག་པར་ངེས་པར་སེམས་པ་ཡོད་པས་དེ་དང་འདྲ་བ་ཙམ་ལ་དེ་སྐད་དུ་བརྗོད་དེ་ས་བོན་རུལ་པ་བཞིན་ནོ། །(མི་དགེ་བའི་བསམ་གཏན་ཡོད་པ།) བཅོམ་ལྡན་འདས་ཀྱིས་ཀྱང་ཚངས་པའི་ཚོགས་ཀྱི་མདོ་ལས། མི་དགེ་བའི་བསམ་གཏན་སྒྲིབ་པ་ལྔ་ལས་སྐྱེས་ཤིང་ངེས་པར་འབྱུང་བ་མི་ཤེས་ལ་དེ་དག་གིས་བར་དུ་གཅོད་ཅིང་བསྒོམ་སྟེ་བསྔགས་པར་མི་འོས་པའི་བསམ་གཏན་གྱི་བསྔགས་པ་མི་གསུང་ངོ་ཞེས་གསུངས་སོ། །
འོ་ན་བསམ་གཏན་དང་པོ་ལ་སོགས་པ་དེ་དག་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ནི་ས་དེ་ན་དུ་བ་ལ་མེས་ཁྱབ་པ་ལྟར་ལྷན་ཅིག་སྤྱོད་པ་ཡིན་པས་རྟོག་པ་མེད་པར་དགའ་བདེ་དང་ལྡན་པའི་དཔྱོད་པ་མི་སྲིད་པས་དཔྱོད་པ་དང་དེས་མཚོན་པའི་རྟོག་པ་དང་དགའ་བ་དང་བདེ་བ་དང་མཚུངས་པར་ལྡན་པའི་དགེ་བ་རྩེ་གཅིག་པའོ། །དེ་ལྟ་ན་ལྷན་ཅིག་དཔྱོད་པས་རྟོག་པས་དཔྱོད་པའང་གོ་བས་རྟོག་དང་དགའ་དང་བདེ་དང་ལྡན་ཞེས་ཅིའི་ཕྱིར་མི་སྨོས་ཞེ་ན། ཡན་ལག་ལྔ་ལྔ་སྤངས་པ་ཡིན་ཞེས་བརྗོད་པ་ན་བསམ་གཏན་ཁྱད་པར་ཅན་ཡང་གཉིས་པར་ཐལ་བར་འགྱུར་བ་སྤང་བའི་ཕྱིར་རོ། །བསམ་གཏན་ལྷག་མ་གསུམ་ནི་རིམ་པ་ལྟར་ཡན་ལག་སྔ་མ་སྔ་མ་རྟོག་དཔྱོད་སྤངས་ཤིང་དགའ་བདེ་དང་ལྡན་པ་དང་། རྟོག་དཔྱོད་དང་དགའ་བ་སྤངས་ཤིང་བདེ་བ་དང་ལྡན་པ་དང་། རྟོག་དཔྱོད་དང་དགའ་བདེ་སྤངས་པའི་གཟུགས་ཀྱི་དགེ་བ་རྩེ་གཅིག་པའོ། །ཇི་ལྟར་བསམ་གཏན་རྣམས་འབྲས་བུ་སྐྱེ་བ་དང་རྒྱུ་སྙོམས་འཇུག་གཉིས་དང་རེ་རེ་ལའང་བཞི་བཞི་ཡིན་པ་དེ་བཞིན་དུ་གཟུགས་མེད་ཀྱང་རྣམ་པ་གཉིས་དང་བཞི་བཞི་པ་ཡིན་ནོ། །དེ་ལ་འབྲས་བུ་སྐྱེ་བའི་གཟུགས་མེད་ནི་གཟུགས་མེད་པ་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི་ཞེས་བཤད་ཟིན་ལ། རྒྱུ་སྙོམས་འཇུག་གི་གཟུགས་མེད་ཀྱང་གཟུགས་ལས་འདོད་ཆགས་དང་བྲལ་པའི་སྙོམས་འཇུག་དགེ་བ་རྩེ་གཅིག་པའོ། །རྗེས་སུ་འབྲང་བའི་གཟུགས་མེད་པས་འཁོར་དང་བཅས་ན་ནི་ཕུང་པོ་བཞིའོ། །བཞི་པོའི་ཁྱད་པར་ནི་ལམ་གང་གིས་བསམ་གཏན་བཞི་པ་ལ་སོགས་པ་འོག་མའི་ས་ལས་དབེན་པ་སྟེ་རྣམ་པར་འབྱེད་ཅིང་འདོད་ཆགས་དང་འབྲལ་བའི་ཉེར་བསྡོགས་བར་ཆད་མེད་ལམ་ལས་སྐྱེས་པ་ནི་རིམ་པ་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའོ། །(འདི་དག་གི་བར་ཆད་མེད་ལམ་གྱི་འོག་ས་ལས་རྒྱལ་བར་བྱེད་པ་ཙམ་དུ་མ་ཟད་དམིགས་པ་ལས་ཀྱང་འདའ་བར་བྱེད་དེ་གཟུགས་མེད་དམིགས་པ་ལས་ངེས་པར་འབྱུང་བས་སོ། །)གཟུགས་མེད་པ་དེ་དག་ཀྱང་དངོས་གཞི་བཞི་ཉེར་བསྡོགས་ཕྱི་མ་གསུམ་དང་བཅས་པར་ནི་(དངོས་གཞི་ནི།) རང་ས་ན་གཟུགས་མེད་ཅིང་འོག་སའི་ཟག་བཅས་ཀྱི་གཟུགས་ལ་མི་དམིགས་(ལ་ཉོར་བསྡོགས་ནི་རང་གི་འོག་ས་ལ་དམིགས་ཀྱང་ས་རྒལ་ནས་མི་དམིགས།) པས་གཟུགས་ཀྱི་འདུ་ཤེས་བཤིག་པ་ཞེས་བྱ་སྟེ། ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ན་ནི་བསམ་གཏན་བཞི་པའི་གཟུགས་ལ་དམིགས་ནས་རགས་སོགས་སུ་(བས་གང་ལ་དམིགས་པ་དེའི་འདུ་ཤེས་འབྱུང་།) ལྟ་བའི་ཕྱིར་གཟུགས་ཀྱི་འདུ་ཤེས་ཡོད་པའི་ཕྱིར་རོ། །(འདི་དག་ནའང་རྗེས་ཤེས་པ་དྲུག་གི་རིགས་མིན་པ་ལ་དམིགས་པ་ནི་ཡོད་དོ། །)
འདིར་དགེ་འདུན་ཕལ་ཆེན་པོའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་དང་། ཐམས་ཅད་ཡོད་སྨྲའི་བྱེ་བྲག་གོས་དམར་བའི་སྡེ་པ་དང་། མང་པོས་བཀུར་བ་པ་རྣམས་གཟུགས་མེད་ནའང་གཟུགས་ཅུང་ཟད་ཡོད་དེ། ལུང་བར་མའི་བསུས་པོ་ཆེའི་མདོ་ལས། ཚེ་དང་ལྡན་པ་བསུས་པོ་ཆེ་ཚེ་གང་ཡིན་པ་དང་དྲོད་གང་ཡིན་པའི་ཆོས་འདི་དག་ནི་འདྲེས་པ་སྟེ་མ་འདྲེས་པ་མ་ཡིན་ནོ་ཞེས་ཚེ་དང་དྲོད་གཉིས་འདྲེས་པར་གསུངས་ཤིང་། གཟུགས་མེད་ནའང་ཚེ་ཡོད་ལ་ཚེ་ཡོད་ན་དྲོད་ཀྱང་ཡོད་ལ་དྲོད་ནི་གཟུགས་ཡིན་པའི་ཕྱིར་དང་། དེ་བཞིན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དཔེར་ན་འདམ་བུའི་ཤོག་གཉིས་གནམ་དུ་བསྒྲེང་སྟེ་ཕན་ཚུན་བརྟེན་ཅིང་འདུག་པ་དེ་ལ་འགའ་ཞིག་གིས་གཅིག་བོར་ན་ཅིག་ཤོས་འགྱེལ་བར་འགྱུར་ལ། ཅིག་ཤོས་བོར་ནའང་ཅིག་ཤོས་འགྱེལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་མིང་དང་གཟུགས་དག་ཀྱང་ཕན་ཚུན་རྟེན་ཅིང་གནས་སོ་ཞེས་པ་དང་། ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་ཀྱང་ཉིང་མཚམས་སྦྱོར་བའི་མཚན་ཉིད་ཀྱི་སྐབས་སུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་མིང་གཟུགས་ཕན་ཚུན་བརྟེན་པ་དང་། རྣམ་ཤེས་ཀྱིས་མིང་གཟུགས་བསྐྱེད་པར་གསུངས་ཤིང་། གཟུགས་མེད་ནའང་མིང་དང་རྣམ་ཤེས་ཡོད་པའི་ཕྱིར་དང་། རྣམ་ཤེས་གནས་པ་བཞི་སྟོན་པའི་མདོ་ལས། དགེ་སློང་དག་རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ། གཟུགས་ལ་དམིགས་པ། གཟུགས་ལ་བརྟེན་པ་གནས་སོ། །དགེ་སློང་དག་གང་ལ་ལ་ཞིག་འདི་སྐད་དུ་བདག་ནི་གཟུགས་དང་ཚོར་བ་ནས་འདུ་བྱེད་ཀྱི་བར་དག་ལས་གཞན་དུ་རྣམ་པར་ཤེས་པ་འགྲོ་བའམ་འོང་བར་སྨྲའོ་ཤེས་ཟེར་ན་དེའི་ངག་དེ་ནི་དེའི་ཚིག་ཙམ་དུ་ཟད་དོ་ཞེས་གསུངས་ཏེ། ཕུང་པོ་བཞི་ལས་གཞན་དུ་རྣམ་ཤེས་འགྲོ་འོང་བཀག་པའི་ཕྱིར་རོ། །གཟུགས་མེད་པར་བཤད་པ་ནི་བུ་ངན་པ་དང་རྐེད་པ་ཕྲ་བ་ལ་བུ་མེད་པ་དང་རྐེད་མེད་ཅེས་དམན་པའམ་ཕྲ་བ་ལ་དགག་པའི་སྒྲ་བརྗོད་པ་བཞིན་ནོ་ཞེས་ཟེར་རོ། །
ཁ་ཆེ་བ་ལ་སོགས་པ་དག་འདི་ནི་རིགས་པ་མ་ཡིན་ཏེ། ལུང་དང་པོ་གཉིས་ནི་མདོ་ལས། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་འདོར་བྱེད་ཅིང་ཞེས་གསུངས་པས་གཟུགས་མེད་ན་ལུས་ཉིད་ཀྱང་མེད་ན་དེ་འདོར་བ་ག་ལ་ཡོད། ཕན་ཚུན་བརྟེན་པའང་གཉིས་ཀ་ཡོད་ན་ཕན་ཚུན་བརྟེན་པ་ཉིད་སྲིད་པས་འདོད་གཟུགས་ན་སྤྱོད་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་དང་། གསུམ་པ་ནི་འདོད་གཟུགས་ཀྱི་མིང་གཟུགས་རྣམ་ཤེས་ཀྱི་རྐྱེན་ཅན་ཡིན་གྱི་གཟུགས་མེད་ཀྱི་རྣམ་ཤེས་ནི་མིང་ཁོ་ནའི་རྐྱེན་ཡིན་པའི་ཕྱིར་མིང་གཟུགས་ཐམས་ཅད་རྣམ་ཤེས་ཀྱི་རྐྱེན་ཅན་དུ་གཟུགས་ཀྱི་རྣམ་ཤེས་ཐམས་ཅད་མིང་གཟུགས་ཀྱི་རྐྱེན་དུ་སྟོན་པ་མ་ཡིན་པའི་ཕྱིར་དང་། ཕུང་པོ་བཞི་ལས་གཞན་དུ་རྣམ་ཤེས་འགྲོ་འོང་བཀག་པ་ནི་ཕུང་པོ་བཞི་པོ་ལས་གང་ཡང་རུང་བ་ཞིག་མེད་ན་རྣམ་ཤེས་འགྲོ་འོང་བཀག་པ་ཡིན་གྱི་གཟུགས་ལ་སོགས་པ་ཐམས་ཅད་དུས་གཅིག་ཏུ་ཚོགས་པ་མེད་པར་བཀག་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཚེ་སྔ་མ་ནས་བར་སྲིད་ཀྱི་རྒྱུན་གྱིས་འདིར་སྐྱེ་བ་ནི་འོང་བ་ཡིན་ལ། བར་སྲིད་ཀྱི་རྒྱུན་གྱིས་འདི་ནས་ཕྱི་མར་སྐྱེ་བ་ནི་འགྲོ་བའོ། །གལ་ཏེ་གཟུགས་མེད་ན་གཟུགས་ཅུང་ཟད་ཡོད་པར་འདོད་ན་དེ་ཇི་ལྟ་བུ་ཞིག་ཡོད་པར་འདོད། གལ་ཏེ་ལུས་ངག་གི་སྡོམ་པ་ཙམ་ཞིག་ཡོད་པར་འདོད་ན་ནི་མི་རིགས་ཏེ། རྟེན་ལུས་ངག་མེད་པར་དེ་དག་གི་སྡོམ་པ་མི་རིགས་པའི་ཕྱིར་རོ། །སྡོམ་པ་ནི་འབྱུང་འགྱུར་ཡིན་ན་གཟུགས་མེད་ན་རྟེན་འབྱུང་བ་མེད་པས་འབྲས་བུ་འབྱུང་འགྱུར་མི་རུང་བའི་ཕྱིར་རོ། །
གལ་ཏེ་དཔེན་ན་ཟག་མེད་ཀྱི་འབྱུང་བ་མེད་ཀྱང་ཟག་མེད་ཀྱི་སྡོམ་པ་འབྱུང་གྱུར་གྱི་གཟུགས་ཡོད་པ་ལྟར་གཟུགས་མེད་རང་ས་ན་འབྱུང་བ་མེད་ཀྱང་གཟུགས་ཀྱི་འབྱུང་བ་རྒྱུར་བྱས་པ་བསམ་གཏན་གྱི་སྡོམ་པ་ཡོད་དོ་ཞེ་ན། དེ་ནི་མི་མཚུངས་ཏེ། ཟག་མེད་ལ་འབྱུང་བ་མེད་ཀྱང་ཟག་མེད་ཀྱི་སྡོམ་པ་ནི་གང་དུ་སྐྱེས་པ་དེ་ན་ཡོད་པའི་ཟག་བཅས་ཀྱི་འབྱུང་བ་རྒྱུར་བྱས་ནས་སྐྱེ་ལ་བསམ་གཏན་གྱི་སྡོམ་པ་ནི་ཟག་བཅས་ཡིན་པས་དེ་ལྟ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ལུས་དང་དབང་པོ་དང་གནས་དང་ཡུལ་རྣམས་ཡོད་ན་ནི་ཇི་ལྟར་གཟུགས་ཅུང་ཟད་ཡོད་པར་འགྱུར། གལ་ཏེ་རྡུལ་ཕྲ་རབ་ཙམ་གྱི་གཟུགས་ཤིག་ཡོད་པས་བོངས་ཚོད་ཆུང་བའི་ཕྱིར་གཟུགས་མེད་ན་ཅུང་ཟད་ཡོད་དོ་ཞེས་བྱ་བར་འདོད་ན་ནི་ཆུའི་སྐྱེ་བོ་ཕྲ་མོའི་གཟུགས་ལྟར་མི་སྣང་བ་དག་ཀྱང་གཟུགས་མེད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། སྲིད་རྩེ་བའང་སེམས་མེད་པར་ཇི་ལྟར་མི་འགྱུར། སྲིད་རྩེ་བ་དེ་ཁོ་ན་གཟུགས་མེད་དུ་ཇི་ལྟར་མི་འགྱུར་ཏེ། ཤིན་ཏུ་ཆ་ཕྲ་བའི་ཕྱིར་རོ། །གལ་ཏེ་གཟུགས་དང་བའི་ཕྱིར་གཟུགས་མེད་པར་འདོད་ན་ནི་དང་བའི་ཕྱིར་རྡོ་རྗེའི་རི་ལའང་ཐོགས་པ་མེད་པར་འགྲོ་བས་གཟུགས་ན་སྤྱོད་པ་དང་སྲིད་པ་བར་མའང་གཟུགས་མེད་པར་འགྱུར་རོ། །གལ་ཏེ་གང་ལས་ཆེས་མཆོག་ཏུ་དང་བ་གཞན་མེད་པ་ཞིག་གཟུགས་མེད་ཡིན་ནོ་ཞེ་ན། དེ་ལྟར་ན་སྙོམས་འཇུག་གིས་ཁྱད་པར་དུ་འཕགས་པ་ལྟར་སྐྱེ་བས་ཀྱང་ཆེས་མཆོག་ཏུ་དང་བས་སྲིད་རྩེ་བ་ཁོ་ན་གཟུགས་མེད་དུ་འགྱུར་རོ། །གལ་ཏེ་གཟུགས་མེད་ན་གཟུགས་ཡོད་ཀྱང་དེ་ནི་དང་བས་ས་འོག་མའི་དབང་པོས་གཟུང་བར་མི་ནུས་པས་གཟུགས་མེད་དུ་བརྗོད་དོ་ཞེ་ན། དེ་ལྟ་ན་བསམ་གཏན་བཞི་པར་སྐྱེས་པའི་གཟུགས་ཀྱང་གཟུགས་མེད་དུ་འགྱུར་ཏེ། གོང་མ་གོང་མའི་གཟུགས་རྣམས་དང་བས་འོག་མ་འོག་མའི་དབང་པོས་མི་ཟིན་པའི་ཕྱིར་རོ། །
གལ་ཏེ་འདོད་པའི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བ་ནི་འདོད་ཁམས་ཡིན་ལ། གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་ཁམ་པ་ཡིན་པས་དེ་གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་གྱི་གཟུགས་མེད་ཅེས་པའི་མིང་ནི་འདོད་རྒྱལ་བ་ཡིན་ནོ་ཞེ་ན། སྔ་མ་གཉིས་དོན་མཐུན་ཡིན་ལ་ཕྱི་མ་འདོད་རྒྱལ་ཡིན་པ་ལ་རིགས་པ་ཅི་ཡོད། བཅོམ་ལྡན་འདས་ཀྱིས་ཀྱང་གཟུགས་མེད་པ་རྣམས་ནི་གཟུགས་རྣམས་ལས་ངེས་པར་བྱུང་བ་ཡིན་ནོ་ཞེས་བྱ་བ་དང་། ལུང་བར་མ་ལས་གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་གཟུགས་རྣམས་ལས་འདས་ནས་ཞེས་བྱ་བ་དང་། རྣམ་པར་ཤེས་པའི་གནས་བདུན་དང་། སེམས་ཅན་གྱི་གནས་དགུ་བསྟན་པའི་མདོ་ལས། གཟུགས་ཅན་མ་ཡིན་པའི་སེམས་ཅན་དག་ཡོད་ཅེས་བྱ་བ་དང་། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ལ་སོགས་པས་རྒྱུ་སྙོམས་འཇུག་ལ་གཟུགས་བཀག་ནས་འབྲས་བུ་སྐྱེ་བ་ལའང་གཟུགས་དགག་པ་གསུངས་པའི་ཕྱིར། གཟུགས་མེད་པ་ན་གཟུགས་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ཡོད་ན་ཇི་ལྟར་གཟུགས་ཀྱི་འདུ་ཤེས་སུ་མི་འགྱུར་ཞེས་རང་གི་ཕྱོགས་གཞུང་འཛུགས་པར་བྱེད་དེ། (དེའི་གཟུགས་དེ་ནི་མདོ་སྟེ་བ་སེམས་ལ་གཟུགས་ཀྱི་ས་བོན་ཡོད་པས་དེ་ལས་སྐྱེ་བར་འདོད། བྱེ་བྲག་སྨྲ་བ་གཟུགས་མེད་དུ་སྐྱེས་པ་དག་གཟུགས་ཀྱི་སེམས་མངོན་དུ་གྱུར་ན་དེའི་འཆི་ལྟས་ཀྱང་གཟུགས་ཀྱི་རྐྱེན་ཡིན་ལ། རྣམ་སྨིན་དང་སྐལ་མཉམ་གྱི་རྒྱུ་ནི་འདས་པའི་གཟུགས་རྫས་གྲུབ་ཏུ་འདོད་དོ། །)འོ་ན་གཟུགས་མེད་ནས་ཤི་འཕོས་ཏེ་ཁམས་འོག་མར་སྐྱེས་པ་དག་ལ་ཇི་ལྟར་གཟུགས་འབྱུང་བར་འགྱུར་ཏེ། དེ་ནི་གཟུགས་མེད་ཅིང་གཟུགས་ཀྱི་ཉེ་བར་ལེན་པ་ནི་གཟུགས་ཁོ་ན་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཚེ་གཟུགས་ནི་ལྷན་ཅིག་བྱེད་པའི་རྐྱེན་ལས་ཀྱིས་འཕངས་པའི་སེམས་ལས་སྐྱེ་བར་འགྱུར་ལ། ཉེ་བར་ལེན་པའི་རྒྱུ་ནི་འདོད་གཟུགས་ན་ཡོད་པའི་འབྱུང་བཞི་ཉིད་ཡིན་ནོ། །དེའི་ཕྱིར་ཁ་ཅིག་མདོ་སྡེ་པ་ལུས་སེམས་ཕན་ཚུན་ས་བོན་ཅན་ཡིན་ནོ་ཞེས་བྱ་བ་དང་། བྱེ་བྲག་ཏུ་སྨྲ་བ་གནས་སྐབས་དེའི་གཟུགས་འདས་པའི་གཟུགས་ལས་སྐྱེའོ་ཞེས་བྱ་བ་དང་། སེམས་ཙམ་པ་ཀུན་གཞི་ལས་སྐྱེ་བར་འདོད་དོ་ཞེས་འཆད་པ་ནི་ལེགས་པ་མ་ཡིན་ཏེ། དང་པོ་ནི་ཚུ་རོལ་མཛེས་པ་པའི་ལུགས་ཡིན་པའི་ཕྱིར་དང་། གཉིས་པ་ནི་དེ་ལྟར་བའི་གཟུགས་ཡོད་བཞིན་དུ་འདས་པ་ལ་ལྟོས་མི་དགོས་པའི་ཕྱིར་དང་། གསུམ་པ་ནི་གཟུགས་རྫས་སུ་མེད་པར་འདོད་པས་དེའི་རྒྱུ་ལ་འབད་པ་དོན་མེད་པའི་ཕྱིར་རོ། །གཟུགས་མེད་པའི་སྙོམས་འཇུག་བཞིའི་སྒྲའི་དོན་ནི་འོ་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ནམ་མཁའ་ལ་སོགས་པ་ཁོ་ན་ལ་དམིགས་པས་མིང་དེ་སྐད་ཅེས་བྱའམ། འོན་ཏེ་སྦྱོར་བའི་མིང་གིས་བཏགས་ཤེ་ན། སྦྱོར་བའི་མིང་གིས་ཏེ། འདི་ལྟར་སྦྱོར་བའི་ཚེ་ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བ་དང་། རྣམ་ཤེས་མཐའ་ཡས་སོ་ཞེས་བྱ་བ་དང་། ཅི་ཡང་མེད་དོ་ཞེས་བྱ་བ་དེ་ལྟར་སྦྱོར་བའི་ཕྱིར་ནམ་མཁའ་མཐའ་ཡས་ལ་སོགས་པ་དེ་སྐད་བརྗོད་ཀྱི་གཞན་ན་ནི་ཅི་རིགས་པར་ཆོས་གཞན་དག་ལའང་དམིགས་སོ། །བཞི་པ་ནི་འདུ་ཤེས་ཆུང་ཞིང་མི་གསལ་བས་དམན་པའི་ཕྱིར་འདུ་ཤེས་མེད་པ་ཞེས་ཀྱང་བྱ་ལ། འདུ་ཤེས་ཅུང་ཟད་ཡོད་པའི་ཕྱིར་འདུ་ཤེས་མེད་པའང་མ་ཡིན་ནོ་ཞེས་བརྗོད་དོ། །སྲིད་པ་གསུམ་ན་དེ་བས་མཐོ་བའི་ས་མེད་པས་སྲིད་རྩེ་ཞེས་ཀྱང་བྱའོ། །ཡང་ན་སྦྱོར་བའི་ཚེ་འདུ་ཤེས་ནི་ནད་དོ། །འབྲས་སོ། །ཟུག་རྔུའོ་ཞེས་འདུ་ཤེས་རགས་པ་ལའང་སྐྱོན་དུ་ལྟ་ལ། འདུ་ཤེས་མེད་པ་པ་ནི་ཀུན་ཏུ་རྨོངས་པའོ་ཞེས་འདུ་ཤེས་མེད་པའང་ཀུན་དུ་རྨོངས་པའི་རྒྱུ་ཡིན་ནོ་ཞེས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་འདི་ནི་ཞི་བ་དང་གྱ་ནོམ་པའོ་ཞེས་སྦྱོར་བའི་ཕྱིར་ཡང་དེ་སྐད་དུ་བརྗོད་དོ། །
གཉིས་པ་དབྱེ་བ་ནི་གོང་དུ་སྨོས་པའི་ཚུལ་དེ་ལྟར་ན་ཡན་ལག་མ་གཏོགས་པ་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་སྙོམས་པར་འཇུག་པའི་དངོས་གཞིའི་རྫས་ནི་རྣམ་པ་བརྒྱད་ཡིན་ལ། (འདིས་ཡན་ལག་དང་ཉེར་བསྡོགས་དང་ཁྱད་པར་ཅན་མ་བསྟན་པར་འདོ་དོ། །)བརྒྱད་པོ་དེ་དག་ལས་སྲིད་རྩེ་མ་གཏོགས་པ་བདུན་ནི་རྣམ་པ་གསུམ་གསུམ་ཡིན་ཏེ། །རོ་མྱང་བ་དང་མཚུངས་པར་ལྡན་པ་དང་། དག་པ་པ་དང་། ཟད་པ་མེད་པ་རྣམས་སོ། །བརྒྱད་པ་སྲིད་རྩེ་ནི་རོ་མྱང་ལྡན་དང་དག་པ་པ་རྣམ་པ་གཉིས་ཡིན་གྱི་འདུ་ཤེས་དམན་ཞིང་རྒྱུ་བ་མི་གསལ་བས་དེ་ལ་འཕགས་པའི་ལམ་མི་རྟེན་པས་ཟག་མེད་ནི་མ་ཡིན་ནོ། །དེ་ལ་རོ་མྱང་ལྡན་ནི་མཚུངས་ལྡན་གྱི་གྲོགས་སྲེད་པ་དང་བཅས་པའོ། །ཟག་བཅས་འཇིག་རྟེན་པའི་སྙོམས་འཇུག་དགེ་བ་ནི་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པས་དག་པ་ཞེས་བྱའོ། །རོ་མྱང་ལྡན་དེས་ཅི་ཞིག་རོ་མྱང་བར་བྱེད་ཅེ་ན། དག་པ་པ་དེ་ནི་རོ་མྱང་ལྡན་དེས་རོ་མྱང་བར་བྱ་བ་ཡིན་ཏེ། དག་པ་པ་འདི་ནི་བཟང་ངོ་ཞེས་དེ་ལ་ཞེན་ཅིང་སྲེད་པའི་ཕྱིར་རོ། །དེས་ན་རོ་མྱང་ལྡན་ནི་བསམ་གཏན་ཉོན་མོངས་ཅན་ཡིན་པས་དག་པ་པ་ལས་ལངས་པ་དང་རོ་མྱང་ལྡན་ལ་སྙོམས་པར་ཞུགས་པ་ཡིན་ནོ། །ལྟ་བ་དང་ང་རྒྱལ་ལ་སོགས་པ་དང་ལྡན་པའི་བསམ་གཏན་ཡང་ཡོད་མོད་ཀྱི་སྲེད་བཅས་ཁོ་ན་རོ་མྱང་ལྡན་དུ་བཤད་པ་ནི་དེ་ཁོ་ན་དམིགས་པ་ལ་ཞེན་པས་དེ་ལས་ངེས་པར་མ་བྱུང་ན་གོང་མར་འགྱུར་མི་སྲིད་པའི་ཕྱིར་དེ་སྐད་ཅེས་བཤད་དོ། །ཟག་མེད་ནི་འཇིག་རྟེན་ལས་འདས་པའི་སྙོམས་འཇུག་བདེན་པའི་རྣམ་པ་ཅན་ནོ། །
གསུམ་པ་ཡན་ལག་རྣམ་པར་བཞག་པ་ལ་གཉིས་ལས་སྤྱིའི་དོན་ལ་གསུམ་གྱི་དང་པོ་གཟུགས་མེད་ལ་ཡན་ལག་མི་སྟོན་པའི་རྒྱུ་མཚན་ནི་ཅི་བསམ་གཏན་ལྟར་གཟུགས་མེད་པ་དག་ལའང་ཡན་ལག་ཡོད་དམ་ཞེ་ན་མེད་དེ། འགྲེལ་པ་ལས། སྙོམས་པར་འཇུག་པའི་རྫས་དེ་དག་ལས་བསམ་གཏན་རྣམས་ཁོ་ན་ཡན་ལག་དང་ལྡན་པ་ཡིན་གྱི་གཟུགས་མེད་པ་རྣམས་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་རྒྱུ་མཚན་ནི་ཀུན་ལས་བཏུས་ལས། གཟུགས་མེད་པ་རྣམས་ན་ནི་ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་ཡན་ལག་རྣམ་པར་བཞག་པ་མེད་དོ་ཞེས་བཤད་ཅིང་། སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་དེ་ཁོ་ན་ལྟར་བཤད་ལ། དེའི་དོན་ཡང་སློབ་དཔོན་གང་སྤེལ་གྱི་ཊཱི་ཀ་ལས་ཁ་ཅིག་ན་རེ་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཏེ། གང་དང་གང་ན་རྒྱུ་བ་རགས་པ་དེ་དག་ནི་དེར་ཡན་ལག་ཏུ་བཞག་ན་གཟུགས་མེད་ན་ནི་ཉེ་བར་ཞི་བ་ལྷག་པས་སེམས་དང་སེམས་བྱུང་དེ་དག་རྒྱུ་བ་ཞན་པས་དེ་དག་ལ་ཡན་ལག་རྣམ་པར་བཞག་པ་མི་སྲིད་པས་ཏིང་ངེ་འཛིན་ཤས་ཆེ་བ་དེ་དག་ན་ནི་སེམས་ལས་བྱུང་བ་གཞན་འགའ་ཡང་གཙོ་བོ་མ་ཡིན་པས་གཟུགས་མེད་དུ་ཡན་ལག་རྣམ་པར་མི་གཞག་གོ་ཞེས་ཟེར་རོ། །གཞན་དག་ན་རེས་གང་དུ་སེམས་བྱུང་ཚར་ཕྱིན་པར་འགག་པ་དེར་ཡན་ལག་བཞག་སྟེ། དེ་ལྟར་བམས་གཏན་དང་པོ་ནི་སྡུག་བསྔལ་དང་ཡིད་མི་བདེ་འགག་ཅིང་། དེ་བཞིན་དུ་གཉིས་པར་རྟོག་དཔྱོད་དང་། གསུམ་པར་དགའ་བ་དང་། བཞི་པར་ནི་བདེ་བ་འགག་ལ། དེ་མན་ཆད་ན་ནི་སེམས་བྱུང་གང་ཡང་ཚར་ཕྱིན་པར་འགག་པ་མེད་དོ་ཞེས་བཤད་དོ། །དེ་ལྟར་ན་ཆོས་མངོན་པ་ལས་ནི་བསམ་གཏན་དངོས་གཞི་བཞི་པོ་མ་གཏོགས་པ་ལ་ཡན་ལག་མེད་པར་བཤད་ཅིང་། འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི་གཟུགས་མེད་པ་དག་བཏང་སྙོམས་དང་རྩེ་གཅིག་པའི་ཡན་ལག་གཉིས་དང་ལྡན་ཞིང་སྣལ་མ་ཕྲ་སྦོམ་ལས་བྱས་བའི་རས་ལྟར་སེམས་ཞི་མ་ཞིའི་ཁྱད་པར་གོང་དུ་ཡོད་པར་བཤད་ལ། བྲང་ཏི་ནི་གཟུགས་མེད་བཞི་པོ་དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་དང་ཏིང་ངེ་འཛིན་ཏེ་ཡན་ལག་བཞི་བཞི་དང་ལྡན་ནོ་ཞེས་ཟེར་རོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ནི་བསྒོམ་པའི་རིམ་པ་དང་པོ་ལས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཀྱང་ཚོར་བ་བཏང་སྙོམས་དང་རྟོག་དཔྱོད་དང་རྩེ་གཅིག་པའི་ཡན་ལག་བཞི་དང་ལྡན་པར་བཤད་དོ། །
གཉིས་པ་གྲངས་ངེས་པ་ནི་གལ་ཏེ་འདུ་ཤེས་དང་རེག་པ་ལ་སོགས་པ་སེམས་ལས་བྱུང་བ་གཞན་དག་ཀྱང་ཡོད་བཞིན་དུ་ཅིའི་ཕྱིར་རྟོག་དཔྱོད་ལ་སོགས་པ་ཁོ་ན་ཡན་ལག་ཏུ་བཞག་ཅེ་ན། འདིའི་ལན་ལ་གཞན་ལུགས་དང་། རང་ལུགས་གཉིས་ལས་དང་པོ་ནི་ཁ་ཅིག་ན་རེ་གང་དག་བསམ་གཏན་སྔ་མ་ལ་ཡོད་པ་ཕྱི་མས་སྤངས་ཤིང་བོར་བ་དེ་དག་ཡན་ལག་ཏུ་བཤད་ཀྱི་འདུ་ཤེས་ལ་སོགས་པ་ནི་སྔ་མ་ལ་ཡོད་ཀྱང་ཕྱི་མས་བོར་བ་མེད་པའི་ཕྱིར་ཡན་ལག་ཏུ་མ་བཤད་དེ། འདི་ལྟར་བསམ་གཏན་དང་པོ་ལ་ཡན་ལག་ལྔ་ཡོད་པའི་རྟོག་དཔྱོད་གཉིས་བོར་ནས་གཉིས་པར་བཞག་ལ། དང་པོའི་རྟོག་དཔྱོད་གཉིས་དང་གཉིས་བའི་དགའ་བ་དང་གསུམ་བོར་ནས་གསུམ་པ་དང་། དེ་གསུམ་དང་གསུམ་པའི་བདེ་བ་དང་བཞི་བོར་ནས་བསམ་གཏན་བཞི་པར་བཤད་པའི་ཕྱིར་རོ། །དེ་ལྟར་ཏིང་ངེ་འཛིན་ཀྱང་ཡན་ལག་མ་ཡིན་པར་འགྱུར་རོ་ཞེ་ན། ཏིང་ངེ་འཛིན་སྙོམས་འཇུག་གི་གཙོ་བོ་ཡིན་པའི་ཕྱིར་མི་མཚུངས་སོ། །ཡང་ན་བསམ་གཏན་དང་པོ་ལ་སོགས་པའི་ཡན་ལག་ལྔ་ལ་སོགས་པ་ཁོ་ནར་བཞག་སྟེ། ཡན་ལག་དེ་དག་བསམ་གཏན་དང་པོ་ལ་སོགས་པ་ལ་ཆེས་ཕན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟ་ན་བསམ་གཏན་དང་པོ་ལ་རྟོག་དཔྱོད་ཡན་ལག་ཏུ་མི་འཇོག་པར་དྲན་པ་དང་ཤེས་རབ་དག་ཡན་ལག་ཏུ་འཇོག་པར་འགྱུར་ཏེ། དྲན་པ་ཉེ་བར་གནས་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་ཞུམ་རྒོད་ལ་སོགས་པ་མི་འབྱུང་བས་རྟོག་དཔྱོད་གཉིས་པས་དྲན་པ་དང་ཤེས་རབ་ཆེས་ཕན་པའི་ཕྱིར་རོ། །
གཉིས་པ་ནི་འགྲེལ་པ་ལས། ཁ་ཅིག་དེ་སྐད་དུ་རྒོལ་བ་ཡོད་མོད་ཀྱི་སྔོན་གྱི་སློབ་དཔོན་རྣམས་ནི་ཇི་སྙེད་མངོན་པ་དེ་ལྟར་མི་སྟོན་ཏེ། དེ་ལྟ་བས་ན་འདི་ནི་དཔྱད་པར་བྱ་བ་ཡིན་ནོ་ཞེས་འབྱུང་བ་ལ་ཊཱི་ཀ་བྱེད་དག་འདི་ནི་རྣལ་འབྱོད་སྤྱོད་པའི་ས་མཐོང་བས་དཔྱད་པར་བྱ་བ་ཡིན་ནོ་ཞེས་སློབ་དཔོན་གྱིས་དེར་བལྟ་བར་ཁུངས་འབྱིན་པ་ཡིན་པས་དེ་དང་མཐུན་པར་བཤད་པར་བྱའོ་ཞེས་འཆད་དོ། །འོ་ན་དེ་ལས་ཇི་ལྟར་འབྱུང་ཞེ་ན། འདི་ལྟར་བསམ་གཏན་རྣམས་ལ་འདུ་ཤེས་ལ་སོགས་པའི་ཆོས་གཞན་དག་ཡོད་ཀྱང་རྟོག་དཔྱོད་ལ་སོགས་པ་ཁོ་ན་ཡན་ལག་ཏུ་བཞག་པ་ནི་སོ་སོར་གཉེན་པོ་དང་ཕན་ཡོན་དང་དེ་གཉིས་ཀའི་རྟེན་ནམ་གནས་ཀྱི་ཡན་ལག་གི་ཕྱིར་རོ་ཞེས་འབྱུང་བས་དེ་དག་གི་དབང་དུ་བྱས་ཏེ་གྲངས་ངེས་བསམ་པར་བྱའོ། །
གསུམ་པ་ཡན་ལག་དང་ཡན་ལག་ཅན་གྱི་དོན་ངོས་གཟུང་བ་ནི་བྱེ་བྲག་ཏུ་སྨྲ་བ་ཏིང་ངེ་འཛིན་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་གཉིས་ཀ་ཡིན་ལ་གཞན་དག་ནི་ཡན་ལག་ཁོ་ན་ཡིན་ནོ། །ཞེས་ཟེར་རོ། །སློབ་དཔོན་ནི་ཡན་ལག་ལས་དོན་གཞན་དུ་གྱུར་པ་མ་ཡིན་ཡང་ཡན་ལག་བཞི་པའི་དམག་ཅེས་བརྗོད་པ་ལྟར་ཚོགས་པའི་སྤྱི་དང་བྱེ་བྲག་ཡིན་ནོ་ཞེས་འདོད་དོ། །
གཉིས་པ་གཞུང་དོན་ལ་བསམ་གཏན་དང་པོ་ལ་ནི་ཡན་ལག་ལྔ་སྟེ། མི་མཐུན་ཕྱོགས་འདོད་པའི་འདོད་པའི་འདོད་ཆགས་དང་གནོད་སེམས་དང་རྣམ་འཚེ་ལ་སོགས་པ་སྤོང་བས་གཉེན་པོའི་ཡན་ལག་རྟོག་པ་དང་དཔྱོད་པ་དང་། རྟོག་དཔྱོད་ཀྱི་མི་མཐུན་ཕྱོགས་སྤངས་ནས་དབེན་པ་ལས་སྐྱེས་པའི་དགའ་བདེ་འཐོབ་པས་ཕན་ཡོན་གྱི་ཡན་ལག་དགའ་བ་དང་བདེ་བ་དང་། སེམས་རྩེ་གཅིག་པའི་སྟོབས་ཀྱིས་སྔ་མ་དེ་དག་འགྲུབ་པས་དེ་གཉིས་ཀའི་རྟེན་གྱི་ཡན་ལག་ཏིང་ངེ་འཛིན་རྣམས་སོ། །བསམ་གཏན་གཉིས་པ་ལ་ནི་ཡན་ལག་བཞི་སྟེ། མི་མཐུན་ཕྱོགས་དང་པོའི་རྟོག་དཔྱོད་སྤོང་པས་གཉེན་པོའི་ཡན་ལག་ནང་རབ་ཏུ་དང་བ་དང་། ཕན་ཡོན་དང་གནས་སམ་རྟེན་གྱི་ཡན་ལག་ནི་སྔ་མ་ལྟར་དགའ་བ་དང་སོགས་པས་གཟུང་བ་བདེ་བ་གཉིས་དང་ཏིང་ངེ་འཛིན་ཏོ། །བསམ་གཏན་གསུམ་པ་ལ་ནི་ཡན་ལག་ལྔ་སྟེ། མི་མཐུན་ཕྱོགས་འོག་སའི་དགའ་བ་སྤོང་བས་གཉེན་པོའི་ཡན་ལག་དགའ་བ་ལ་རྩོལ་བ་མེད་པས་དམིགས་པ་ལ་ལྷུན་གྱིས་གྲུལ་པའི་མཚན་ཉིད་ཅན་འདུ་བྱེད་ཀྱི་བཏང་སྙོམས་དང་བཏང་སྙོམས་ཀྱི་རྒྱུ་མཚན་མི་བརྗེད་པའི་དྲན་པ་དང་མི་བརྗེད་པའི་ཤེས་བཞིན་གསུམ་དང་ཕན་ཡོན་དང་རྟེན་གྱི་ཡན་ལག་ནི་རིམ་པ་ལྟར་བདེ་བ་དང་སེམས་གནས་པ་ཏིང་ངེ་འཛིན་རྣམས་སོ། །སེམས་གནས་པ་ཏིང་ངེ་འཛིན་ཡིན་པར་ལམ་གྱི་ཚོགས་ཀྱི་མདོ་ལས། ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་སེམས་གནས་པ་དང་། ཡང་དག་པར་གནས་པའོ་ཞེས་འབྱུང་བའི་ཕྱིར་རོ། །བསམ་གཏན་རྣམས་ཀྱི་མཐའ་བཞི་པ་ན་ནི་ཡན་ལག་བཞི་སྟེ། མི་མཐུན་ཕྱོགས་འོག་སའི་བདེ་བ་སྤོང་བས་གཉེན་པོའི་ཡན་ལག་གཉིས་ཀའང་ས་འོག་མའི་སྐྱོན་བརྒྱད་དང་བྲལ་བས་དྲན་པ་ཡོངས་སུ་དག་པ་དང་འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ་གཉིས་དང་། ཕན་ཡོན་དང་རྟེན་གྱི་ཡན་ལག་ནི་རིམ་པ་ལྟར་བདེ་བ་ཡང་མིན་སྡུག་བསྔལ་ཡང་མིན་པའི་ཚོར་བ་བཏང་སྙོམས་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་རྣམས་སོ། །དེ་ལྟར་ན་དེ་དག་ནི་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་དོ། །(འདི་དག་གི་གཉེན་པོ་ནི་ཐག་སྲིང་གི་གཉེན་པོར་འདོད་པ་ཉིད་ལེགས་སོ། །)
རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི། བསམ་གཏན་དང་པོའི་མི་མཐུན་ཕྱོགས་ནི་འདོད་པའི་འདོད་ཆགས་དང་། གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་རྣམས་གཅིག་ཏུ་བྱས་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཆལ་བའི་ཚུལ་ཁྲིམས་དང་། རྣམ་པར་གཡེང་བ་དང་ལྔ་ཡིན་ལ། བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་ནི་བསམ་གཏན་དང་པོའི་འདོད་ཆགས་དང་། རྟོག་དཔྱོད་གཉིས་གཅིག་ཏུ་བྱས་པ་དང་། སྡུག་བསྔལ་དང་། རྒོད་པ་དང་། ཏིང་ངེ་འཛིན་མ་རྗོགས་པ་དང་ལྔ་ཡིན་ནོ། །བསམ་གཏན་གསུམ་པའི་མི་མཐུན་ཕྱོགས་ནི་བསམ་གཏན་གཉིས་པའི་འདོད་ཆགས་དང་། ཡིད་བདེ་བ་དང་། དགའ་བ་དང་། ཏིང་ངེ་འཛིན་མ་རྗོགས་པ་དང་བཞིའོ། །བསམ་གཏན་བཞི་པའི་མི་མཐུན་ཕྱོགས་ནི་དབུགས་འབྱུང་རྔུབ་དང་། བསམ་གཏན་གསུམ་བའི་འདོད་ཆགས་དང་། བདེ་བ་དང་། བདེ་བ་ལ་རྩོལ་བ་དང་། ཏིང་ངེ་འཛིན་མ་རྫོགས་པ་དང་ལྔ་ཡིན་ནོ་ཞེས་པ་དང་། གཉེན་པོའི་ཡན་ལག་གི་སྐབས་སུ་བསམ་གཏན་དང་པོའི་མི་མཐུན་ཕྱོགས་རྣམ་པ་ལྔ་སྤོང་བའི་གཉེན་པོ་དྲན་ཤེས་བཞིན་དང་བཏང་སྙོམས་གསུམ་ཡིན་ཀྱང་རྟོག་དཔྱོད་ཀྱི་སྒོས་མངོན་པར་བསྒྲུབས་པས་ན་དེ་གསུམ་གྱི་མིང་གིས་མ་བསྟན་པར་རྟོག་དཔྱོད་གཉིས་གཉེན་པོའི་ཡན་ལག་ཏུ་བསྟན་ལ། དེ་བཞིན་དུ་བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་རྣམ་པ་ལྔ་སྤོང་བ་གཉེན་པོའང་དྲན་པ་དང་། ཤེས་བཞིན་དང་བཏང་སྙོམས་གསུམ་ཡིན་ཡང་སེམས་དགའ་བའི་ཉེ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པའི་ཕྱིར་དེ་དག་རང་མིང་གིས་མ་བསྟན་པར་རྟོག་དཔྱོད་གྱི་འཁྲུག་པ་ཞི་པས་ནད་རབ་ཏུ་དང་བའི་མིང་གིས་བསྟན་ཏེ། དེས་མ་འདིའི་ནད་རབ་ཏུ་དང་བ་ནི་དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་ཀྱི་ངོ་བོ་ཉིད་ཡིན་ནོ། །བསམ་གཏན་གསུམ་པ་ལ་ནི་སེམས་དགའ་བའི་ཉེ་བའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་བཏང་སྙོམས་དང་དྲན་ཤེས་བཞིན་གསུམ་རང་གི་མཚན་ཉིད་ཁོ་ནས་བསྟན་ཏོ། །དེའི་ཕྱིར་གཉེན་པོ་ལ་སོགས་པ་ཡན་ལག་གསུམ་གྱི་དབང་དུ་བྱས་ཏེ་བསམ་གཏན་དེ་དག་ཡན་ལག་ལྔ་པ་དང་བཞི་པར་བཞག་ལ། བསམ་གཏན་བཞིའི་ཁྱད་པར་ནི་དང་པོ་དང་གཉིས་པ་ལ་ནི་ཏིང་ངེ་འཛིན་ཡོངས་སུ་རྗོགས་པའི་ཁྱད་པར་ཡོད་དོ། །གཉིས་པ་དང་གསུམ་པ་ལ་ནི་ཕན་འདོགས་པ་ཡོངས་སུ་རྗོགས་པའི་ཁྱད་པར་ཡོད་དོ། །གསུམ་པ་དང་བཞི་པ་ལ་ནི་ཡོངས་སུ་དག་པ་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ་ཞེས་བཤད་དོ། །བཅོ་བརྒྱད་པོ་དེ་དག་ཀྱང་མིང་གི་སྒོ་ནས་ཡིན་གྱི་རྫས་སུ་ནི་བཅུ་གཅིག་ཡིན་ཏེ། འདི་ལྟར་བསམ་གཏན་དང་པོའི་ཡན་ལག་ལྔ་དང་། གཉིས་པའི་ནང་རབ་ཏུ་དང་བ་དང་གསུམ་པའི་ཏིང་ངེ་འཛིན་མ་གཏོགས་པ་བཞི་དང་། བཞི་པའི་ཚོར་བ་བཏང་སྙོམས་རྣམས་སོ། །གལ་ཏེ་རྟོག་དཔྱོད་དང་དྲན་པ་དང་འདུ་བྱེད་བཏང་སྙོམས་དང་སེམས་བདེ་དང་ཚོར་བ་བཏང་སྙོམས་རྣམས་ནི་རྫས་རེ་རེ་ཞིང་ཡན་ལག་ཏུ་རུང་མོད་ཀྱི་བསམ་གཏན་སྔ་མ་གཉིས་ཀྱི་བདེ་བ་བསམ་གཏན་གྱི་ཡན་ལག་ཏུ་ཇི་ལྟར་འགྱུར་ཏེ། ས་དེ་གཉིས་ན་དགའ་བ་ལས་འདོད་ཆགས་དང་མ་བྲལ་བས་སེམས་ཀྱི་བདེ་བ་མེད་པའི་ཕྱིར་དང་། ལུས་ཀྱི་བདེ་བའང་མཉམ་པར་བཞག་པ་ན་བསམ་གཏན་གྱི་ཡན་ལག་ཏུ་མི་འགྱུར་ཏེ། དེ་ནི་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བ་ཡིན་ན་དེ་ཡང་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ཡིན་པས་མཉམ་གཞག་ཏུ་མི་འབྱུང་བའི་ཕྱིར་རོ། །
གཞན་ཡང་བསམ་གཏན་གསུམ་པའི་བདེ་བ་རྫས་གཞན་དུ་མི་འགྲུབ་པར་འགྱུར་ཏེ། བསམ་གཏན་དང་པོར་བགྲངས་ཟིན་པའི་ཕྱིར་དང་། དེར་བགྲངས་ཀྱང་རྫས་གཞན་དུ་བགྲང་ན་གཉིས་པའི་བདེ་བའང་རྫས་གཞན་དུ་བགྲང་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དོ། །བསམ་གཏན་གསུམ་པའི་བདེ་བ་ནི་སེམས་བདེ་(ཡིན་པས་ཚོར་བ་)ཡིན་ལ། བསམ་གཏན་དང་པོ་དང་གཉིས་པ་དག་ན་ནི་དགེ་བའི་ས་མང་པོ་པའི་སེམས་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཞེས་བརྗོད་པ་ཡིན་ནོ། །བསམ་གཏན་སྔ་མ་གཉིས་ན་ནི་ཚོར་བ་བདེ་བ་མི་སྲིད་དེ། ཚོར་བ་བདེ་བ་ལ་ལུས་སེམས་ཀྱི་ཚོར་བ་གཉིས་ལས་མེད་ཅིང་། དེ་ལ་ལུས་ཚོར་ནི་མ་ཡིན་ཏེ། སྙོམས་པར་ཞུགས་པ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་རོ། །སེམས་ཚོར་ཡང་མ་ཡིན་ཏེ། ཡན་ལག་དགའ་བ་ཞེས་བགྲངས་ཟིན་པའི་ཕྱིར་དང་། དགའ་བ་ནི་ཡིད་བདེ་ཡིན་ན་བདེ་བ་དང་ཡིད་བདེ་གཉིས་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །དེ་གཉིས་རྣམ་གྲངས་ཀྱི་ཡན་ལག་ཡིན་པར་ཡང་མི་རིགས་ཏེ། ཡན་ལག་ལྔ་ཞེས་ཚོགས་པ་གཅིག་ལ་འབྱུང་བར་བཤད་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །
དཔེས་སྟོན་པ་ན་རེ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལས། མདོ་སྡེ་པ་བཙུན་པས་ཆོས་མངོན་པ་བ་རྣམས་ཀྱི་ལྟར་ན་ཟོ་ཆུན་འཁྱུད་མོ་ལྟར་མིག་རྣམ་པར་ཤེས་པ་ལ་སོགས་པ་འོག་ནས་གོང་དུ་འདྲེན་ཏོ་ཞེས་བཤད་དེ། དེའི་འདོད་པ་ནི་མིག་ཤེས་ལ་སོགས་པ་ནི་བསམ་གཏན་གཉིས་པ་ལ་སོགས་པའི་ས་པའང་ཡོད་དོ་ཞེས་བྱ་བ་ཡིན་ནོ་ཞེས་ཊཱི་ཀར་བཤད་ཅིང་། བསམ་གཏན་སྟོན་པའི་མདོ་ལས་ཀྱང་བསམ་གཏན་གསུམ་པ་སྟོན་པ་ན་དེ་དགའ་བ་ལས་འདོད་ཆགས་དང་བྲལ་ནས་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དུ་གནས་ཤིང་བདེ་བ་ལུས་ཀྱི་མྱོང་ལ་ཞེས་གསུངས་པས་ལུས་བདེ་ནི་འདོད་པ་དང་བསམ་གཏན་དང་པོའི་ས་པ་ཁོ་ནར་མ་ཟད་ཀྱི། གཉིས་པ་དང་གསུམ་པའི་ས་པའང་ཡོད་པས་དེས་ན་བསམ་གཏན་གསུམ་ཆར་ནའང་ལུས་བདེ་ཁོ་ན་ཡན་ལག་ཡིན་ནོ་ཞེས་ཟེར་རོ། །འོ་ན་ལམ་གྱི་ཚོགས་ཀྱི་མདོ་ལས། བདེ་བའི་དབང་པོ་གང་ཞེ་ན། བདེ་བ་མྱོང་བར་འགྱུར་བའི་རེག་པས་རེག་པ་ལ་ལུས་ཀྱི་དང་སེམས་ལས་བྱུང་བའི་ཚོར་བ་ཚོར་བའི་རྣམ་པ་བདེ་བ་སིམ་པ་སྐྱེ་བ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཞེས་བྱའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྡེ་པ་གཞན་ཐམས་ཅད་ཀྱི་གཞུང་ལས་ལུས་ཀྱི་ཚོར་བ་ཞེས་པ་ཁོ་ན་འབྱུང་བས་སེམས་ལས་བྱུང་བའི་ཞེས་པ་ནི་འགའ་ཞིག་གིས་སྒྲོ་བཏགས་པ་ཡིན་པའི་ཕྱིར་དང་། མདོ་ལས་ཀྱང་བདེ་བ་ལུས་ཀྱིས་མྱོང་ལ་ཞེས་རང་གི་སྒྲས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ནི་ཡིད་ཀྱི་ལུས་ཀྱིས་ཞེས་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་བདེ་བ་ཡིད་ཀྱིས་མྱོང་ལ་ཞེས་གསུངས་པས་ཆོག་གི་ལུས་ཀྱིས་ཞེས་གསུངས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གཞན་ཡང་བསམ་གཏན་སྔ་མ་གཉིས་སུ་ཤིན་ཏུ་སྦྱངས་པ་ལ་བདེ་བར་བརྗོད་ན་སྔ་མ་གཉིས་ཀྱི་བས་ཤིན་ཏུ་སྦྱངས་པ་ཁྱད་པར་དུ་འཕགས་པ་ཡོད་པས་བསམ་གཏན་བཞི་པ་ལའང་ཡན་ལག་བདེ་བ་སྨོས་པར་འགྱུར་ན་དེར་མ་སྨོས་པས་ན་དང་པོ་གསུམ་ན་ཚོར་བ་བདེ་བ་ཡོད་པས་དེ་ཡན་ལག་ཏུ་བཤད་ཀྱི་བཞི་པ་ན་ཚོར་བ་བདེ་བ་མེད་པས་དེ་ཡན་ལག་ཏུ་མ་བཤད་དོ། །
གལ་ཏེ་བསམ་གཏན་སྔ་མ་གཉིས་ཀྱི་ཤིན་ཏུ་སྦྱངས་པ་ནི་བདེ་བའིི་ཚོར་བ་དང་མཐུན་པས་བདེ་བར་བཤད་ཀྱི་བཞི་པའི་ཤིན་ཏུ་སྦྱངས་པ་ནི་བདེ་བའི་ཚོར་བ་དང་མི་མཐུན་པས་བདེ་བར་མ་བཤད་དོ་ཞེ་ན། འོ་ན་བདེ་བའི་ཚོར་བ་དང་མཐུན་པས་གསུམ་པའི་ཤིན་ཏུ་སྦྱངས་པའང་ཅིའི་ཕྱིར་བདེ་བར་མ་བཤད། གལ་ཏེ་བདེ་བའི་ཚོར་བ་དང་མཐུན་མོད་ཀྱི་ལས་སུ་རུང་བའི་མཚན་ཉིད་ཅན་གྱི་བཏང་སྙོམས་ཀྱིས་བཅོམ་པས་དེར་བདེ་བར་མ་བཤད་དོ་ཞེ་ན་མ་ཡིན་ཏེ། བསམ་གཏན་སྔ་མ་གཉིས་ཀྱིས་ཤིན་དུ་སྦྱངས་པ་བས་གསུམ་པའི་ཤིན་དུ་སྦྱངས་པ་ཁྱད་པར་དུ་འཕགས་པས་བཏང་སྙོམས་ཁོ་ནས་དེ་འཕེལ་བའི་ཕྱིར་རོ། །གཞན་ཡང་བསམ་གཏན་སྔ་མ་གཉིས་ན་ཤིན་ཏུ་སྦྱངས་པ་ཁོ་ན་བདེ་བ་མ་ཡིན་ཏེ། མགོན་མེད་ཟས་སྦྱིན་གྱིས་ཞུས་པའི་མདོ་ལས། གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པ་ལས་སྐྱེས་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དེའི་ཚེ་འདིའི་འདོད་པ་ཉེ་བར་སྡུད་པའི་ཡིད་བདེ་གཉིས་དང་། མི་དགེ་བ་ཉེ་བར་སྡུད་པའི་ཡིད་བདེ་མི་བདེ་བཏང་སྙོམས་གསུམ་སྟེ་ཆོས་ལྔ་ནི་སྤོང་བར་འགྱུར་ལ། ཆོས་ལྔ་པོ་ནང་རབ་ཏུ་དང་བ་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བདེ་བ་དང་ཏིང་ངེ་འཛིན་ནི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཤིན་ཏུ་སྦྱངས་པ་དང་བདེ་བ་ཐ་དད་དུ་གསུངས་པའི་ཕྱིར་དང་། གསུངས་ཀྱང་ཐ་དད་མ་ཡིན་ན་ལྔར་མི་རུང་ཞིང་ཐ་དད་ཡིན་ན་བསམ་གཏན་གསུམ་ཆར་གྱི་བདེ་བ་ལུས་བདེར་གྲུབ་པའི་ཕྱིར་རོ། །
འོ་ན་སྒོ་ལྔའི་ཤེས་པ་རང་བཞིན་གྱིས་གཡེང་བའི་ཕྱིར་ཁ་ཕྱིར་ལྟ་ཡིན་པས་མཉམ་གཞག་ཏུ་ལུས་ཀྱི་རྣམ་ཤེས་ཇི་ལྟར་འབྱུང་ལ། གལ་ཏེ་འབྱུང་ནའང་ཕྱི་རོལ་ཏུ་གཡེངས་པ་དང་ལུས་ཤེས་སྐྱེས་པས་ཏིང་ངེ་འཛིན་ལས་ཉམས་པ་དང་། གནས་པ་ལས་ལངས་པར་ཡང་འགྱུར་བ་དང་། ལུས་བདེ་མཉམ་གཞག་ཏུ་མི་འབྱུང་བས་བསམ་གཏན་གྱི་ཡན་ལག་ཏུ་མི་འཐད་ཅིང་། གཞན་ཡང་འདོད་པའི་རྟེན་ཅན་ཟག་བཅས་ཟག་མེད་ཀྱི་བསམ་གཏན་ལ་མཉམ་པར་བཞག་པ་ནས་བསམ་གཏན་གྱི་ས་པ་ཡིན་པས་རིམ་པ་ལྟར་འདོད་པའི་ལུས་ཤེས་ཀྱིས་གཟུགས་ཀྱི་རེག་བྱ་འཛིན་མི་ནུས་པས་རེག་བྱ་དང་ལུས་ཤེས་གཟུགས་ཀྱི་ས་པ་ཡིན་པས་འདོད་པའི་ལུས་དབང་གི་གཟུགས་ན་སྤྱོད་པའི་རེག་བྱ་འཛིན་པའི་ལུས་ཤེས་སྐྱེད་མི་ནུས་པའི་ཕྱིར་དང་། ཚོགས་པ་གཅིག་ལ་ཡན་ལག་ཟག་བཅས་ཟག་མེད་གཉིས་མི་རུང་བས་ཤིན་ཏུ་སྦྱངས་པའི་རེག་བྱ་དང་ལུས་ཤེས་ཀྱང་ཟག་མེད་དུ་འགྱུར་རོ་ཞེ་ན། ཉེས་པ་དེ་དག་མེད་དེ། མཉམ་པར་བཞག་པ་ན་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པ་ཤིན་ཏུ་སྦྱངས་པའི་རེག་བྱ་ཞེས་པ་ལུས་ཡང་ཞིང་ཟོ་མདོག་བདེ་བར་བྱེད་ཅིང་བདེ་བའི་ཚོར་བ་དང་མཐུན་པའི་རླུང་གིས་ལུས་ལ་རྒྱས་ཤིང་ཁྱབ་པས་དེའི་མཐུས་ཤིན་ཏུ་སྦྱངས་པའི་རེག་བྱ་ལ་དམིགས་པའི་ཏིང་ངེ་འཛིན་དང་མཐུན་པའི་ལུས་ཤེས་མཚུངས་ལྡན་དང་བཅས་པ་འབྱུང་བའི་ཕྱིར་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་ལུས་ཤེས་མཚུངས་ལྡན་དང་བཅས་པ་དེ་ཉིད་ལུས་ཀྱི་ནང་དུ་འབྱུང་བས་ཕྱི་རོལ་ཏུ་གཡེངས་པར་ཡང་མི་འགྱུར་ལ། ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་དེ་སྐྱེས་པ་ན་ཏིང་ངེ་འཛིན་ལས་ཉམས་པ་དང་། ལངས་པར་ཡང་མི་འགྱུར་བའི་ཕྱིར་དང་། སྤྱིར་འདོད་པའི་ལུས་དབང་གིས་གཟུགས་ཀྱི་རེག་བྱ་ལ་དམིགས་པའི་ལུས་ཤེས་སྐྱེད་པའི་ཁྱབ་པ་མེད་ཀྱང་། འདིར་ཏིང་ངེ་འཛིན་གྱིས་སྟོབས་བསྐྱེད་པའི་མཐུས་མཉམ་གཞག་གི་འདོད་པའི་ལུས་དབང་གིས་གཟུགས་ཀྱི་ཤིན་ཏུ་སྦྱངས་པའི་རེག་བྱ་ལ་དམིགས་པ་ཤིན་ཏུ་སྤྱངས་པའི་ལུས་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་ནུས་ཤིང་། དེ་ཉིད་ཀྱིས་ན་ལུས་བདེ་བསམ་གཏན་གྱི་ཡན་ལག་ཏུའང་གྲུབ་ལ། ཤིན་ཏུ་སྦྱངས་པའི་རེག་བྱ་དང་ལུས་ཤེས་ཟག་མེད་དུ་ཐལ་བ་ནི་འདོད་པ་ཉིད་དེ། ལམ་གྱི་ཚོགས་ཀྱི་མདོ་ལས། ལུས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་དང་། སེམས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་ཞེས་ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པའི་ཕྱིར་རོ། །
འོ་ན་སྐྱེ་མཆེད་དྲུག་གི་ཚོགས་ཀྱི་མདོ་ལས། ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། མིག་ཇི་སྙེད་པ་དང་གཟུགས་རྣམས་ཇི་སྙེད་པ་དང་མིག་གི་རྣམ་པར་ཤེས་པ་ཇི་སྙེད་པ་དང་ཞེས་པ་ནས་ལུས་ཇི་སྙེད་པ་དང་རེག་བྱ་རྣམས་ཇི་སྙེད་པ་དང་ལུས་ཀྱི་རྣམ་པར་ཤེས་པ་ཇི་སྙེད་པའོ་ཞེས་བྱ་བའི་བར་དུ་ཁམས་བཅོ་ལྔ་པོ་ཐམས་ཅད་ཟག་བཅས་ཁོ་ནར་གསུངས་པ་དང་འགལ་ལོ་ཞེ་ན། དཔེས་སྟོན་པ་ན་རེ་དེ་ནི་ཤིན་ཏུ་སྦྱངས་པའི་རེག་བྱ་དང་ལུས་ཤེས་མ་གཏོགས་པའི་རེག་བྱ་དང་ལུས་ཤེས་གཞན་ལ་དགོངས་ནས་གསུངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་ཟེར་རོ། །བསམ་གཏན་གཉིས་པའི་ཡན་ལག་ནང་རབ་ཏུ་དང་བ་ནི་རྒྱུ་བསམ་གཏན་དང་པོའི་རྟོག་དཔྱོད་ཀྱི་འཁྲུག་པ་དང་བྲལ་ཞིང་དང་པོས་འདོད་པ་ལས་ངེས་པར་འབྱུང་བར་མ་ཟད་འདིས་མཉམ་གཞག་གི་ས་དང་པོ་ལས་ཀྱང་ངེས་པར་འབྱུང་བས་དེ་ལ་ཡིད་ཆེས་པའི་དད་པ་ཡིན་ནོ། །
འདིར་སྐལ་ལྡན་ཁྱད་པར་ཅན་ན་རེ་སེམས་གྱི་གནས་སྐབས་རྟོག་དཔྱོད་ཞི་བ་ཙམ་ནང་རབ་ཏུ་དང་བ་ཡིན་ལ། དེ་བཞིན་དུ་རྟོག་དཔྱོད་དང་ཏིང་ངེ་འཛིན་ལ་སོགས་པའང་སེམས་ལས་རྫས་གཞན་མ་ཡིན་གྱི་སེམས་ཀྱི་གནས་སྐབས་ལ་བཏགས་པ་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་ཏེ། དེ་དག་རྒྱུ་འབྲས་ཡིན་པས་རྫས་ཐ་དད་པའི་ཕྱིར་རོ། །ཡང་གལ་ཏེ་བསམ་གཏན་སྔ་མ་གཉིས་ཀྱིས་དགའ་བ་ཡིད་བདེར་འདོད་པ་ནི་མི་རིགས་ཏེ། སྡེ་པ་གཞན་དག་དགའ་བ་སེམས་བྱུང་གི་ཆོས་གཞན་(ཡིད་གྱི་ས་པ་ཁོ་ན་)ཡིན་ལ་ཡིད་བདེ་བསམ་གཏན་གསུམ་ཆར་གྱིའང་བདེ་བར་འདོད་པ་ལྟར་བསམ་གཏན་གསུམ་ཆར་གྱི་བདེ་བ་ནི་དགའ་བ་ལས་གཞན་པའི་ཡིད་བདེ་ཡིན་ནོ་ཞེ་ན། བསམ་གཏན་སྔ་མ་གཉིས་ན་ནི་དགའ་བ་ལས་འདོད་ཆགས་དང་མ་བྲལ་བས་ཉེ་བར་མ་ཞི་བས་དགའ་བ་ཁོ་ན་ཡིད་བདེ་བ་ཡིན་ལ། གསུམ་པ་ནི་དགའ་བ་ལས་འདོད་ཆགས་དང་བྲལ་བས་ཉེ་བར་ཞི་བས་སེམས་བདེ་ཁོ་ན་ཡིན་གྱི་ཡིད་བདེ་ནི་མ་ཡིན་ཏེ། བསམ་གཏན་ཡན་ལག་ལས་ངེས་འབྱུང་ཡིན་པས་རྣམ་པར་བསྒྱུར་བའི་མདོ་ལས་བསམ་གཏན་གསུམ་པ་བཀའ་སྩལ་ནས། འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་མ་ལུས་པར་འགག་པར་འགྱུར་རོ་ཞེས་པ་དང་། བསམ་གཏན་བཞི་པ་ལ་ནི་བདེ་བའི་དབང་པོ་འགག་པར་འགྱུར་རོ་ཞེས་པ་དང་། བསམ་གཏན་གྱི་ཡན་ལག་སྟོན་པའི་མདོ་ལས། དེ་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའི་ཞེས་བརྗོད་པ་སྟེ་དགའ་བ་མེད་པའི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་ལུང་རྣམ་པ་གཉིས་ལས་གསུམ་པར་ཡིད་བདེ་འགག་ཅིང་བཞི་པར་བདེ་བ་དེ་མ་ཐག་པ་སེམས་བདེ་དང་ཡིད་བདེ་ནི་སྔ་མ་(བསམ་གཏན་)གསུམ་པ་ནས་སྤངས་པར་གསུངས་པའི་ཕྱིར་རོ། །(དགའ་བདེ་གཉིས་ཚོར་བ་བདེ་བར་འདྲ་ཡང་དགའ་བས་སེམས་བ་ཞི་བར་བྱེད་ལ། ཞི་བར་གྱུར་པའི་ཚེ་ས་གཞན་ཐོབ་ན་དེའི་རིགས་ཅན་གྱི་ཚོར་བ་ལ་བདེ་བ་ཞེས་བརྗོད་དོ། །)དེས་ན་བསམ་གཏན་སྔ་མ་གཉིས་ཀྱིས་བདེ་བ་ནི་ཤིན་ཏུ་སྦྱངས་པ་དང་ཡིད་བདེ་ནི་དགའ་བ་ཡིན་ལ། གསུམ་པ་ལ་ནི་སེམས་ཀྱི་སིམ་པ་ཉིད་བདེ་བར་བཞག་གོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་ཅིང་། ཁ་ཅིག་ཡིད་བདེ་ནི་ཡིད་དགའ་བ་ཡིན་ལ། བསམ་གཏན་ལ་བདེ་བ་ཡན་ལག་ཏུ་བཤད་པ་ནི་ལུས་བདེ་ཡིན་ཏེ། དེ་ཡང་ལུས་ཤིན་ཏུ་སྦྱངས་པ་ལས་སྐྱེས་པའི་བདེ་བ་ཡིན་པར་འདོད་ལ། བཞི་པ་ལ་ནི་དེ་ཡང་སྤང་པར་འདོད་དོ། །
ཅི་ཉོན་མོངས་ཅན་གྱི་བསམ་གཏན་ལའང་སྔར་བཤད་པའི་ཡན་ལག་དེ་དག་ཡོད་དམ་ཞེ་ན། ཁ་ཅིག་ཡོད་ལ་ཁ་ཅིག་མེད་དེ། འདི་ལྟར་ཉོན་མོངས་པ་ཅན་གྱི་བསམ་གཏན་དང་པོ་ལ་ནི་དེའི་ས་པའི་ཉོན་མོངས་ལས་དབེན་བ་མ་ཡིན་(ཞིང་དེ་དང་མཚུངས་པར་ལྡན་)པས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་མེད་ཅིང་། གཉིས་པ་ལ་ནི་དེའི་ས་པའི་ཉོན་མོངས་པས་བརྙོགས་པས་རབ་ཏུ་མ་དང་བས་ནད་རུབ་ཏུ་དང་བ་མེད་ལ། གསུམ་པ་ལ་ནི་ཉོན་མོངས་ཅན་གྱི་བདེ་བས་ཀུན་ཏུ་རྨོངས་ཤིང་བསླད་པས་ཤེས་བཞིན་དང་དྲན་པ་མེད་ཅིང་། (དགེ་བའི་ས་མང་པོ་པ་ཡིན་པས་བཏང་སྙོམས་ཀྱང་མེད་དོ། །)བཞི་པ་ལ་ནི་དེའི་ས་པའི་ཉོན་མོངས་པས་དྲི་མ་ཅན་དུ་བྱས་པས་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་མེད་དོ། །གྲུབ་མཐའ་འཛིན་པ་ཁ་ཅིག་ན་རེ་ཉོན་མོངས་ཅན་གྱི་བསམ་གཏན་དང་པོ་དང་གཉིས་པ་ན་ནི་ཤིན་ཏུ་སྦྱངས་པ་མེད་ལ། གསུམ་པ་དང་བཞི་པ་ན་ནི་འདུ་བྱེད་བཏང་སྙོམས་མེད་དེ། དེ་དག་ནི་ཉོན་མོངས་ཅན་ཡིན་ལ་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་ནི་དགེ་བའི་ས་མང་པོ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེས་ན་དགའ་བ་ནི་འདོད་པས་དབེན་པ་ལས་སྐྱེས་པའི་དགའ་བ་དང་། ནང་རབ་ཏུ་དང་བ་ནི་རྟོག་དཔྱོད་ཞི་བ་དང་། དྲན་པ་དང་ཤེས་བཞིན་ནི་དམིགས་པ་མ་བརྗེད་པ་དང་ཤེས་རབ་ཙམ་ལ་འདོད་པའི་ཕྱིར་ཉོན་མོངས་ཅན་ལའང་ཡོད་དོ་ཞེས་བྱ་བར་འདོད་དོ། །
འོ་ན་ལུགས་སྔ་མ་ལྟར་ན་(གཉིས་པའི་)ཤིན་ཏུ་སྦྱངས་པ་དང་(གསུམ་པའི་)བཏང་སྙོམས་ཡོད་དམ་མེད་ཅེ་ན། ཁ་ཅིག་ན་རེ་དེ་དག་དགེ་བ་ཡིན་པས་དངོས་སུ་མེད་པར་མ་བཤད་ཀྱང་མེད་པར་གྲུབ་བོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་དག་མེད་པར་མ་བཤད་པས་ཡོད་དོ་ཞེས་(གཉིས་པའི་ཤིན་ཏུ་སྦྱངས་པ་དང་། གསུམ་པའི་བཏང་སྙོམས་ཁ་ཅིག་དེ་གཉིས་དགེ་བ་ཡིན་པས་མེད་པར་འདོད་ལ་ཁ་ཅིག་མེད་པར་མ་བཤད་པས་ཡོད་པར་འདོད་དོ། །)ཟེར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ལུང་བར་མ་ལས་བསམ་གཏན་དང་པོ་གསུམ་ནི་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་པ་དག་ཡིན་ནོ་ཞེས་གསུངས་པས་བསམ་གཏན་བཞི་པ་ནི་གཡོ་བ་མེད་པ་ཡིན་ཏེ། འོག་སའི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་རོ། །དེ་ལ་སྐྱོན་བརྒྱད་ནི་རྟོག་པ་དང་དཔྱོད་པ་གཉིས་དང་དབུགས་རྔུབ་པ་དང་འབྱུང་བ་དག་སྟེ་གཉིས་དང་བདེ་བ་དང་། སོགས་པས་གཟུང་བ་སྡུག་བསྔལ་དང་། ཡིད་བདེ་དང་ཡིད་མི་བདེ་དང་བཞི་སྟེ་བརྒྱད་ཡིན་ནོ། །གཞན་དག་ན་རེ་བསམ་གཏན་དང་པོ་ནི་རྟོག་དཔྱོད་དང་གཉིས་པ་ནི་དགའ་བ་དང་། གསུམ་ནི་བདེ་བས་གཡོ་བས་སྐྱོན་དང་བཅས་ལ་བཞི་པ་ནི་དེ་དག་དང་བྲལ་བས་མི་གཡོ་བ་ཡིན་ཏེ། ལུ་ཧི་ཏའི་མདོ་ལས། བསམ་གཏན་བཞི་པ་ནི་དཔེར་ན་རླུང་མེད་པའི་མར་མེ་རླུང་གིས་མི་གཡོ་བ་དེ་དང་འདྲའོ་ཞེས་རླུང་མེད་པའི་མར་མེ་དཔེར་མཛད་ནས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །
འོ་ན་སྔ་མ་གཉིས་ན་ཡིད་བདེ་དང་གསུམ་པ་ན་བདེ་བ་དང་། བཞི་པ་ན་བཏང་སྙོམས་ཁོ་ན་ཡོད་པར་བཤད་ན་ཅི་རྒྱུ་སྙོམས་འཇུག་བསམ་གཏན་དང་པོ་ན་བདེ་བ་དང་གཉིས་པ་ན་ཡོད་པའི་ཚོར་བ་ཡིད་བདེ་དང་གསུམ་པ་ན་བདེ་བ་དང་བཞི་པ་ན་ཡོད་པའི་བཏང་སྙོམས་དེ་དག་འབྲས་བུ་སྐྱེ་བ་ནའང་ཡོད་དམ་ཞེ་ན། བཞི་པ་ན་དེ་ལྟ་ཡིན་མོད་ཀྱི་གཞན་ན་ནི་དེ་ལྟ་ན་ཡིན་ཏེ། སྐྱེ་བའི་བསམ་གཏན་བཞི་པོ་དག་ལས་བསམ་གཏན་དང་པོ་ན་ནི་ཡིད་ཀྱི་ས་པའི་ཡིད་བདེ་དང་མིག་རྣ་ལུས་ཀྱི་རྣམ་ཤེས་གསུམ་དང་མཚུངས་ལྡན་གྱི་བདེ་བ་དང་རྣམ་ཤེས་བཞི་ཆར་གྱི་བཏང་སྙོམས་དང་། གཉིས་པ་ན་ནི་རྣམ་ཤེས་གཞན་མེད་པས་ཡིད་ཀྱི་ས་པ་ཁོ་ནའི་བཏང་སྙོམས་དང་ཡིད་བདེ་དང་། གསུམ་པ་ན་ནི་ཡིད་ཀྱི་ས་པའི་སེམས་ཀྱི་བདེ་བ་དང་བཏང་སྙོམས་དང་། བཞི་པ་ན་ནི་ཡིད་ཀྱི་ས་པའི་བཏང་སྙོམས་ཀྱི་ཚོར་བ་ཁོ་ན་ཡོད་དོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ན་མིག་ཤེས་ལ་སོགས་པ་གསུམ་དང་རྟོག་དཔྱོད་མེད་ན་གཟུགས་དང་སྒྲ་དང་རེག་བྱ་འཇིན་པ་དང་ལུས་ངག་གི་རྣམ་པར་རིག་བྱེད་སློང་བར་ཇི་ལྟར་འགྱུར་ཞེ་ན། གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ལ་མིག་ཤེས་ལ་སོགས་པ་དེ་དག་མེད་པའང་མ་ཡིན་ལ་རང་གི་ས་པའང་མ་ཡིན་ནོ། །
འོ་ན་ཇི་ལྟ་བུ་ཞེ་ན། བསམ་གཏན་གཉིས་པ་ལ་སོགས་པ་ས་གོང་མ་གསུམ་པོ་དག་ན་ལུས་དང་མིག་དང་རྣ་བའི་རྣམ་ཤེས་གསུམ་དང་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀུན་སློང་རྟོག་དཔྱོད་ལ་ངེས་པར་ལྟོས་ཤིང་རང་ས་ན་དེ་མེད་པས་ཀུན་ནས་སློང་བར་བྱེད་པའི་རྟོག་དཔྱོད་གང་ཡིན་པ་དེ་ནི་བསམ་གཏན་དང་པོའི་སར་གཏོགས་པ་ཡིན་ཏེ་དཔེར་ན་ས་གོང་མ་པ་དག་འོག་སའི་སྤྲུལ་པ་སྤྲུལ་པར་འདོད་པ་ན་འོག་སའི་སྤྲུལ་སེམས་གོང་མའི་རྟེན་ལ་མངོན་དུ་བྱེད་པ་བཞིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་ལ། (དེས་ནས་དེས་བསྡུས་པ་མེད་ཀྱི་རྟེན་དེ་ལ་ཡོད་ལ། དེས་བསླང་བའི་ཆོས་དེ་དག་ཀྱང་དང་པོའི་ས་པ་དང་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ་གསུང་ངོ་། །)དེ་ཡང་གོང་སར་མངོན་དུ་བྱེད་པའི་མིག་ལ་སོགས་པའི་རྣམ་ཤེས་དང་རྟོག་དཔྱོད་གང་ཡིན་པ་དེ་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་གྱི་དེ་དག་མི་དགོས་པའི་དམན་པ་ཡིན་པའི་ཕྱིར་དགེ་བ་མ་ཡིན་པའམ། ཡང་ན་དང་པོའི་དགེ་བ་ནི་རྣམ་སྨིན་དང་བཅས་པ་ཡིན་ན་དང་པོའི་རྣམ་སྨིན་ནི་གཉིས་པ་ལ་སོགས་པ་དོན་དུ་མི་གཉེར་བས་དེའི་རྒྱུ་དགེ་བའི་སེམས་མངོན་དུ་བྱ་བ་ལ་འབད་པ་མི་བྱེད་དོ་ཞེས་རྒྱལ་པོའི་སྲས་འཆད་དོ། །འོག་ས་ལས་འདོད་ཆགས་དང་བྲལ་(ཞིང་དང་པོའི་དེ་དག་སྤངས་)པའི་ཕྱིར་ཉོན་མོངས་ཅན་ཡང་མིན་ཏེ་སྤྲུལ་པའི་སེམས་བཞིན་ནོ། །བསམ་གཏན་དང་པོའི་ལུང་མ་བསྟན་དེ་དག་ནི་དམན་པ་ཡིན་ཡང་(མཐོང་ཐོས་སོགས་ལ།) དགོས་པའི་ཕྱིར་མངོན་དུ་བྱེད་ཀྱི་དེ་ཡང་གུས་པས་ནི་མ་ཡིན་ནོ། །དཔེས་སྟོན་པ་ལ་སོགས་པའི་བསམ་གཏན་ཕྱི་མ་གསུམ་ནའང་རྣམ་ཤེས་ཚོགས་གསུམ་ག་ཡོད་པར་འདོད་དོ། །
བཞི་པ་འཐོབ་ཚུལ་ལ་གསུམ་ལས་དང་པོ་དག་པ་བ་ནི་འོག་ས་ལས་འདོད་ཆཊ་དང་བྲལ་བ་དང་། གོང་ནས་འོག་ཏུ་སྐྱེ་བ་དང་། སྦྱོར་བ་དང་། ཆགས་བྲལ་ལས་ཉམས་པ་བཞིས་འཐོབ་པ་ལས་དག་པ་བ་དེ་དང་སྔར་གཏན་མི་ལྡན་པ་ནི་འོག་ས་ལས་འདོད་ཆགས་དང་བྲལ་བའམ། སྲིད་རྩེ་མ་གཏོགས་པ་གོང་ས་ནས་འོག་སར་སྐྱེ་བ་ལས་ནི་ངེས་འབྱེད་ཆ་མཐུན་གྱི་དག་པ་བ་མ་གཏོགས་པ་གསུམ་འཐོབ་ཀྱི། སྲིད་རྩེ་ནི་དེ་བས་མཐོ་བའི་ས་མེད་ཅིང་འོག་ས་ནས་དེར་སྐྱེ་བ་ན་(རྒྱུ་སྙོམས་འཇུག་)དེ་སྔར་ནས་ལྡན་པ་སྐྱེ་བས་གསར་འཐོབ་མེད་པས་འོག་ས་ལས་འདོད་ཆགས་དང་བྲལ་བ་ཁོ་ནས་འཐོབ་ཀྱི་སྐྱེ་བས་འཐོབ་པ་མེད་དོ། །(འདོད་ཆགས་དང་བྲལ་བས་འཐོབ་པ་དེ་ཡང་ངེས་འབྱེད་ཆ་མཐུན་མ་གཏོགས་སོ། །)དེ་ཡང་སྔར་མི་ལྡན་པའི་དབང་དུ་བྱས་ཀྱི་དག་པ་བ་དང་སྔར་ནས་ལྡན་པ་ནི་ངེས་འབྱེད་ཆ་མཐུན་གྱི་བསམ་གཏན་དག་པ་པ་ཆགས་བྲལ་དང་སྐྱེ་བས་མི་འཐོབ་ཀྱི་སྦྱོར་བས་འཐོབ་ལ། གནས་པ་ཆ་མཐུན་ལས་ཉམས་ན་ཉམས་པའི་ཆ་མཐུན་དང་། བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་པ་ལས་དང་པོའི་ཉམས་པའི་ཆ་མཐུན་འཐོབ་པ་ལྟ་བུ་ཉམས་པ་ལས་ཀྱང་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་ལས། བསམ་གཏན་དག་པ་པ་འདོད་ཆགས་དང་བྲལ་བས་འཐོབ་པར་འགྱུར་ལ། འདོད་ཆགས་དང་བྲལ་བས་འདོར་བར་འགྱུར་བ་དང་། དེ་བཞིན་དུ་ཡོངས་སུ་ཉམས་པ་དང་སྐྱེ་བ་ལས་འཐོབ་པ་དང་འདོར་བར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། བསམ་གཏན་དང་པོ་ཉམས་པའི་ཆ་དང་མཐུན་པའོ། །དེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་ལ། ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བས་འདོར་རོ། །ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འཐོབ་ལ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འདོར་རོ། །གོང་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ན་འཐོབ་ལ། དེ་ནས་འདོད་པའི་ཁམས་སུ་སྐྱེ་བ་ན་འདོར་རོ་ཞེས་འབྱུང་ངོ་། །ཚངས་པའི་འཇིག་རྟེན་ནི་བསམ་གཏན་དང་པོའོ། །དེས་ན་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བས་ནི་དང་པོའི་ཉམས་པའི་ཆ་མཐུན་འདོར་ཏེ། དང་པོའི་ཉོན་མོངས་དང་མཐུན་པའི་ཕྱིར་དང་པོའི་ཉོན་མོངས་བཞིན་ནོ། །
གཉིས་པ་(བསམ་གཏན་གཟུགས་མེད་ཀྱི་)སྙོམས་འཇུག་ཟག་མེད་ནི་རྒྱུ་བཞི་པོ་དེ་དག་ལས་སྔར་མི་ལྡན་པ་ལས་ནི་འདོད་ཆགས་དང་བྲལ་བ་ཡིས་འཐོབ་ཅིང་(དེ་ཡང་ལམ་ནི་ཟག་བཅས་ཟག་མེད་གང་གིས་བྲལ་ཡང་རུང་ངོ་། །དེ་ནི་ཕྱིར་མི་འོང་ཁོ་ན་སྟེ། འབྲས་བུ་དང་པོ་གཉིས་ནི་དངོས་གཞིས་མ་བསྡུས་བས་སོ། །)སྔར་ནས་ཟག་མེད་དང་ལྡན་པ་ནི་སྦྱོར་བའི་སྟོབས་ཀྱིས་ཟད་ཤེས་ལས་ཀྱང་མི་སློབ་པ་དངོས་གཞིས་བསྡུས་པ་འཐོབ་ལ། དབང་པོ་རྟུལ་པོ་རྣོན་པོར་འཕོས་ན་རྣོན་པོས་བསྡུས་པའི་སློབ་པ་དང་མི་སློབ་པ་འཐོབ་བོ། །ཕྱིར་མི་འོང་ཆགས་བྲལ་དེ་དག་སྔོན་འགྲོས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་པ་ལ་འཇུག་པ་ལས་ཀྱང་ཟག་མེད་ཀྱི་བསམ་གཏན་དངོས་གཞི་འཐོབ་ཀྱང་མཐར་གྱིས་པ་མི་ལྕོགས་མེད་ཁོ་ན་ལ་བརྟེན་ནས་ངེས་པ་ལ་འཇུག་ན་དངོས་གཞི་མི་ཐོབ་པས་ཐམས་ཅད་ཀྱིས་འཐོབ་པར་མ་ངེས་པས་ངེས་པ་ལ་འཇུག་པས་འཐོབ་པ་མ་བཤད་ཅིང་། མི་སློབ་པ་ཉམས་ན་སློབ་པས་བསྡུས་པའི་སྙོམས་འཇུག་དངོས་གཞི་འཐོབ་ཀྱང་སྙོམས་འཇུག་ཟག་མེད་ཀྱི་རིགས་ཙམ་སྔར་ནས་ལྡན་པས་གསར་ཐོབ་མེད་པས་ཉམས་པས་འཐོབ་པའང་མ་བཤད་ལ། (ས་དེ་དག་ཏུ་སྐྱེས་པའི་བྱིས་པའང་ཟག་མེད་དང་ལྡན་པར་ཐལ་བས།) ཟག་མེད་ལ་སྐྱེ་བས་འཐོབ་པ་ནི་མེད་དོ། །
གསུམ་པ་སྙོམས་འཇུག་ཉོན་མོངས་ཅན་ནི་སྔར་དེ་དང་མི་ལྡན་པ་ལས་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་བསམ་གཏན་དང་པོ་ཉོན་མོངས་ཅན་འཐོབ་པ་ལྟ་བུ་ཡོངས་སུ་ཉམས་པས་འཐོབ་པ་དང་སྲིད་རྩེ་མ་གཏོགས་པ་བསམ་གཏན་གཉིས་པ་ཡན་ཆད་ནས་དང་པོ་སྐྱེས་ན་དང་པོའི་ཉོན་མོངས་ཅན་འཐོབ་པ་ལྟ་བུ་གོང་ས་ནས་འོག་སར་སྐྱེ་བ་ཡིས་འཐོབ་པ་གཉིས་ཡོད་ཀྱི་འདི་འོག་ནས་གོང་དུ་སྐྱེ་བའམ་ཆགས་བྲལ་གྱིས་མི་འཐོབ་སྟེ་འདི་སྔར་ནས་ལྡན་པས་སྦྱོར་བ་དང་འདོད་ཆགས་དང་བྲལ་བས་འཐོབ་པ་ནི་མེད་དོ། །
ལྔ་པ་ཁྱད་པར་གྱི་ཆོས་བཤད་པ་ནི་འོ་ན་སྙོམས་འཇུག་གི་རྫས་དེ་དག་གང་གི་མཇུག་ཏུ་དུ་ཞེ་ན། ཟག་པ་མེད་པའི་བསམ་གཏན་དང་གཟུགས་མེད་པའི་མཇུག་ཐོགས་སུ་རང་ས་དང་(བཅས་ན་)ལྟག་གི་ས་གཉིས་ཏེ་ས་གསུམ་གྱི་བར་གྱི་དགེ་བ་(ཟག་བཅས་)ཟག་མེད་དང་། (རང་དང་)འོག་མ་(གཉིས་ཏེ་ས་)གསུམ་པའི་བར་གྱི་དགེ་བ་ཟག་བཅས་ཟག་མེད་དག་སྐྱེའོ། །འདི་ཡང་སྤྱིར་བསྟན་པ་ཙམ་ཞིག་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ཏེ། བསམ་གཏན་དང་པོ་ཟག་པ་མེད་པའི་མཇུག་ཐོགས་སུ་འོག་མའི་སྙོམས་འཇུག་དག་པ་ཕ་དང་ཟག་མེད་སྐྱེ་བ་མེད་པའི་ཕྱིར་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཟག་མེད་ཀྱི་མཇུག་ཐོགས་སུ་ཡང་གོང་མའི་ཟག་མེད་སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་ཟག་མེད་ཀྱི་བསམ་གཏན་དང་པོའི་མཇུག་ཐོགས་སུ་དྲུག་སྐྱེ་སྟེ། རྒྱུན་གྱི་ཚེ་རང་གི་ས་པའི་ཟག་མེད་དང་། སྙོམས་མཇུག་ས་ལས་ལངས་པའི་ཚེ་རང་གི་ས་པའི་དག་པ་པ་དང་། ཟག་བཅས་དང་སྤེལ་ནས་ལུཊ་བཞིན་སྙོམས་པར་འཇུག་པའི་ཚེ་བསམ་གཏན་གཉིས་པའི་དག་པ་པ་དང་། ཟག་བཅས་དང་མ་སྤེལ་བར་ལུགས་བཞིན་སྙོམས་པར་འཇུག་པ་དང་ཐོད་རྒལ་གྱི་སྦྱོར་བའི་ཚེ་མ་སྤེལ་བར་ལུགས་དང་མཐུན་པར་སྙོམས་པར་འཇུག་པ་ན་བསམ་གཏན་གཉིས་པའི་ཟད་མེད་དང་། སྤེལ་ནས་རིས་མི་མཐུན་པ་གསུམ་པར་འགྲོ་བའི་ཚེ་ཐོད་རྒལ་དངོས་བསམ་གཏན་གསུམ་པའི་དག་པ་པ་དང་། མ་སྤེལ་བར་གསུམ་པར་འགྲོ་བ་ན་ཉེ་བའི་སྦྱོར་བ་གསུམ་པའི་ཟག་མེད་སྐྱེ་བའི་ཕྱིར་རོ། །གོང་འོག་གི་བཞི་པ་ཕན་ཆད་ནི་སྐྱེ་བ་མི་སྲིད་དེ་ཤིན་ཏུ་རིང་བའི་ཕྱིར་དང་། འདོད་པ་ན་ཟག་མེད་མི་སྲིད་པའི་ཕྱིར་དང་། འདོད་པའི་དགེ་བ་ཙམ་སྐྱེ་ཡང་ས་སྙོམས་འཇུག་མ་ཡིན་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་ཟག་མེད་ཀྱི་མཇུག་ཐོགས་སུ་ནི་བརྒྱད་སྐྱེ་སྟེ། རྒྱུན་གྱི་ཚེ་དང་། དེ་ལས་ལངས་པའི་ཚེ་རིམ་པ་ལྟར་རང་གི་ས་པའི་ཟག་མེད་དག་པ་པ་དང་། མ་སྤེལ་བར་ལུགས་དང་མཐུན་པར་སྙོམས་པར་འཇུག་པའི་ཚེ་བསམ་གཏན་གསུམ་པའི་ཟག་མེད་དང་། སྤེལ་ནས་ལུགས་དང་མཐུན་པར་སྙོམས་པར་འཇུག་པའི་ཚེ་བསམ་གཏན་གསུམ་པའི་དག་པ་པ་དང་། མ་སྤེལ་བར་གསུམ་པར་འགྲོ་བ་ན་ཉེ་སྦྱོར་བཞི་པའི་ཟག་མེད་དང་སྤེལ་ན་ཐོད་རྒལ་དངོས་བཞི་པའི་དག་པ་པ་དང་། ལུཊ་དང་མི་མཐུན་པར་སྙོམས་པར་འཇུག་པའི་ཚེ་མ་སྤེལ་ན་དང་པོའི་ཟག་མེད་དང་། སྤེལ་ན་དག་པ་པའང་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གསུམ་པའི་ཟག་མེད་ཀྱི་མཇུག་ཐོགས་སུ་བཅུ་འབྱུང་སྟེ། རང་སའི་གཉིས་དང་། བཞི་པའི་གཉིས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་གཉིས་དང་། བསམ་གཏན་གཉིས་པའི་གཉིས་དང་། ལུགས་དང་མི་མཐུན་པར་གསུམ་པར་འགྲོ་བ་ན་བསམ་གཏན་དང་པོའི་གཉིས་ཀྱང་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཏུ་བཅུ་བཅུ་འབྱུང་བའང་ཅི་རིགས་པར་ཤེས་པར་བྱའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཟག་མེད་ཀྱི་མཇུག་ཐོགས་སུ་ནི་དགུ་འབྱུང་སྟེ་རང་སའི་གཉིས་དང་། ལུགས་དང་མཐུན་པར་སྙོམས་པར་འཇུག་པ་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཉིས་དང་། ལུགས་དང་མཐུན་པར་རིས་མི་མཐུན་པ་གསུམ་པར་འགྲོ་བ་ན་སྙོམས་འཇུག་ལས་ལངས་པའི་ཚེ་སྲིད་རྩེའི་དག་པ་པ་ཁོ་ན་འབྱུང་སྟེ། དེ་ན་རྒྱུ་བ་ཞན་པས་ཟག་མེད་མེད་པའི་ཕྱིར་རོ། །
ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་བསམ་གཏན་བཞི་པའི་ས་པའི་དག་པ་པ་དང་ཟག་མེད་གཉིས་གཉིས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྗེས་སུ་ནི་རང་ས་དང་འོག་ས་རྣམ་ཤེས་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དག་པ་པ་དང་། ཟག་མེད་གཉིས་གཉིས་དང་། གོང་ས་སྲིད་རྩེའི་དག་པ་བ་ཁོ་ན་དང་བདུན་འབྱུང་ངོ་། །དེ་ཡང་རྗེས་ཤེས་ཀྱི་མཇུག་ཐོགས་སུ་ནི་གཟུགས་མེད་ལ་སྙོམས་པར་འཇུག་གི་ཆོས་ཤེས་ཀྱི་འཇུག་ཐོགས་སུ་གཟུགས་མེད་ལ་སྙོམས་པར་མི་འཇུག་སྟེ། གཟུགས་མེད་འདོད་པ་ལ་མི་དམིགས་ཤིང་། ཆོས་ཤེས་འདོད་པའི་རྟེན་ཅན་དང་། འདོད་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །སྙོམས་འཇུག་དག་པ་པ་ལས་དག་པ་པ་དང་ཟག་མེད་སྐྱེ་བའང་དག་པ་པ་ཡི་མཇུག་ཐོགས་སུ། ལྟག་འོག་གསུམ་པའི་བར་དགེ་བ། །སྐྱེའོ་ཞེས་ཇི་ལྟར་ཟག་མེད་ལས་དུ་འབྱུང་བཤད་པ་དེ་བཞིན་དུ་རིག་པར་བྱའོ། །འོན་ཀྱང་ཁྱད་པར་ནི་འདི་ཡོད་དེ། དག་པ་པ་ལས་ནི་སྔར་འབྱུང་བ་དེ་དག་གི་སྟེང་དུ་ལྷག་པར་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་(ཚེའམ་རོ་མྱང་བ་ན།) རང་རང་གི་ས་པའི་ཉོན་མོངས་ཅན་གྱི་བསམ་གཏན་ཡང་འབྱུང་གི་ཟག་མེད་ཀྱི་མཇུག་ཐོགས་སུ་ནི་ཉོན་མོངས་ཅན་འབྱུང་བ་མེད་དོ། །སྙོམས་འཇུག་ཉོན་མོངས་ཅན་ལས་ནི་གལ་ཏེ་ཤེས་བཞིན་དང་དྲན་པས་ཟིན་ན་ལངས་པའི་ཚེ་རང་སའི་དག་པ་པ་དང་། རྒྱུན་གྱི་ཚེ་རང་སའི་ཉོན་མོངས་ཅན་དང་། དེ་དག་ཏུ་མ་ཟད་རང་སའི་ཉོན་མོངས་དེས་གཟིར་བ་ལས་འོག་མའི་དག་པ་པ་ལ་དགའ་བར་འགྱུར་བས་ལངས་པ་ན་ས་འོག་མའི་དག་པ་པ་(འམ་དགེ་བ་ཁ་)གཅིག་ཀྱང་འབྱུང་བར་འགྱུར་རོ། །གལ་ཏེ་བདག་གིས་བསམ་གཏན་འདི་ནི་ཉོན་མོངས་ཅན་ཞིག་སྟེ་དེ་བས་ནི་འོག་མ་བཟང་ངོ་ཞེས་རང་སའི་ཉོན་མོངས་ཅན་ལ་སྐྱོན་དུ་ཤེས་ནས་འོག་མར་འཕོ་ན་ནི་དགེ་བ་ལས་འཕེས་པ་ཡིན་ལ། འོན་ཏེ་ཉོན་མོངས་ཅན་དུ་མ་ཤེས་ན་ནི་དེ་ལས་ཇི་ལྟར་འོག་མའི་དགེ་བར་འཕོ་ཞེ་ན། དང་པོ་སྙོམས་པར་འཇུག་པ་ན་གོང་མའི་ཉོན་མོངས་ཅན་པས་ནི་འོག་མའི་དག་པ་པ་བཟང་བས་གོང་མའི་སེམས་ཉོན་མོངས་ཅན་དུ་གྱུར་ན་དེ་མ་ཐག་ཏུ་འོག་མའི་དག་པ་པ་ལ་གནས་པར་གྱུར་ཅིག་སྙམ་དུ་འཕངས་པའི་ཕྱིར་གོང་མའི་ཉོན་མོངས་ཅན་གྱི་མཇུག་ཐོགས་སུ་འོག་མའི་དག་པ་པ་འབྱུང་སྟེ་དཔེར་ན་དུས་འདི་ཙམ་ན་ལྡང་བར་བྱའོ་སྙམ་དུ་བསམས་ནས་གཉིད་ལོག་པ་འདོད་པའི་དུས་སུ་སད་པར་འགྱུར་བ་བཞིན་ནོ། །ཟག་མེད་ནི་ཉོན་མོངས་ཅན་གྱི་མཇུག་ཐོགས་སུ་རང་ས་དང་འོག་ས་པའང་རྣམ་པ་ཐམས་ཅད་དུ་མི་སྐྱེའོ། །དེ་ཡང་སྙོམས་པར་འཇུག་པའི་དུས་ཀྱི་དབང་དུ་བྱས་ནས་དག་པ་པ་དག་ཉོན་མོངས་ཅན་གྱི་མཇུག་ཏུ་རང་སའི་ཉོན་མོངས་ཅན་ཁོ་ན་སྐྱེའི་གཞན་སའི་ཉོན་མོངས་ཅན་མི་འབྱུང་ངོ་ཞེས་བཤད་ཀྱི་འཆི་འཕོ་བའི་ཚེ་ནི་སྐྱེ་བའི་བསམ་གཏན་དག་ན་སྐྱེས་ཐོབ་ཀྱི་དགེ་བ་མཉམ་གཞག་མ་ཡིན་པས་ཀྱང་བསམ་གཏན་དག་པ་པའི་མིང་ཐོབ་པས་སྙོམས་འཇུག་དག་པ་པ་ལས་ནི་རང་ས་དང་གོང་འོག་གིས་གང་དུ་སྐྱེ་བ་དེ་དག་ཐམས་ཅད་ཀྱི་ཉིང་མཚམས་སྦྱོར་སེམས་ཉོམ་མོངས་པ་ཅན་ཀུན་འབྱུང་བ་སྲིད་དེ། །འདི་ལྟར་བསམ་གཏན་དང་པོ་པ་ལྟ་བུའི་དགེ་བ་སྐྱེས་ཐོབ་ལ་གནས་ཏེ་རང་ས་དང་གོང་འོག་ཐམས་ཅད་དུ་སྐྱེ་བ་སྲིད་ལ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་འབྱུང་བས་སྐྱེ་བའི་སེམས་ཅན་ཐམས་ཅད་ཉོན་མོངས་ཅན་དུ་ངེས་པའི་ཕྱིར་རོ། །དེ་ཡང་འཆི་འཕོའི་ཚེ་སྙོམས་འཇུག་ཉོན་མོངས་ཅན་ལས་ནི་རང་ས་དང་འོག་སའི་ཉོན་མོངས་ཅན་སྐྱེའི་ས་གོང་མའི་ཉོན་མོངས་ཅན་མི་འབྱུང་བས་གོང་མ་སྐྱེ་བ་མིན་ནོ། །འོག་སའི་ཉོན་མོངས་མ་སྤངས་པར་གོང་མར་མི་སྐྱེ་བས་ན་དེས་དེར་ཉིང་མཚམས་སྦྱོར་བ་འགལ་བའི་ཕྱིར་རོ། །
ཅི་སྙོམས་འཇུག་དག་པ་བ་ཐམས་ཅད་ཀྱི་མཇུག་ཐོགས་སུ་རང་ས་དང་གོང་འོག་གི་ཉོན་མོངས་ཅན་དང་དག་པ་པ་དང་ཟག་མེད་ཀྱི་སྙོམས་འཇུག་འབྱུང་ངམ་ཞེ་ན། མ་ཡིན་ཏེ། སྲིད་རྩེ་མ་གཏོགས་པའི་སྙོམས་འཇུག་དག་པ་པ་དེ་དག་ནི་ཉམས་པའི་ཆ་དང་མཐུན་པ། སོགས་པས་བསྡུས་པ་གནས་པའི་ཆ་དང་མཐུན་པ་དང་། ཁྱད་པར་གྱི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། རྣམ་པ་བཞི་བཞི་པ་ཡིན་ལ། སྲིད་རྩེ་ལ་ནི་གོང་ན་ས་གཞན་མེད་པས་ཁྱད་པར་གྱི་ཆ་མཐུན་ན་མེད་པའི་ཕྱིར་གསུམ་ཡིན་ནོ། །(མཐོང་ལམ་དང་མཐུན་པའི་ངེས་འབྱེད་ཆ་མཐུན་ནི་གཟུཊ་མེད་ན་མེད་དོ། །)ཉམས་པའི་ཆ་མཐུན་ལ་སོགས་པ་དེ་དག་ནི་གོ་རིམ་བཞིན་དུ་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང་། (འཕེལ་འགྲིབ་མེད་པར་)རང་གི་ས་པ་དང་རྗེས་སུ་མཐུན་པ་དང་། ས་གོང་མའི་སེམས་སྐྱེ་བ་དང་རྗེས་སུ་མཐུན་པ་དང་། དེ་ལས་ཟག་མེད་སྐྱེ་བས་ཟག་མེད་ཀྱི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །དེ་ལ་རྗེས་སུ་མཐུན་པ་ཞེས་བྱ་བའང་དེ་དང་དེ་སྐྱེ་བ་ལ་ཕྱོགས་པ་ཙམ་ཡིན་གྱི་དངོས་སུ་སྐྱེས་པ་ནི་མ་ཡིན་ཏེ། ཐམས་ཅད་ཀྱང་དག་པ་པ་ཡིན་པའི་ཕྱིར་རོ། །འོ་ན་ཀྱང་གནས་པའི་ཆ་དང་མཐུན་པ་ནི་སྐྱེས་པའི་ངོ་བོ་ཉིད་ཡིན་ནོ། །དེས་ན་ཟུག་མེད་ཀྱི་བསམ་གཏན་གཟུཊ་མེད་ནི་ངེས་འབྱེད་ཆ་མཐུན་གྱི་བསམ་གཏན་གཟུགས་མེད་དག་པ་པ་ལས་སྐྱེ་བ་ཡིན་ནོ། །འོན་ཉམས་པ་ཆ་མཐུན་ལ་སོགས་པ་བཞི་པོ་དེ་དག་གང་གི་མཇུག་ཐོགས་སུ་དུ་འབྱུང་ཞེ་ན། ཉམས་པའི་ཆ་མཐུན་གྱི་མཇུག་ཐོགས་སུ་རྒྱུན་གྱི་དུས་སུ་ཉམས་པའི་ཆ་མཐུན་རང་ཉིད་དང་། ཁྱད་པར་དུ་འགྲོ་བའི་དུས་སུ་གནས་པའི་ཆ་མཐུན་ཏེ་གཉིས་གཉིས་དང་། སོགས་པས་གཟུང་བ་གནས་པའི་ཆ་མཐུན་གྱི་མཇུག་ཐོགས་སུ་ངེས་འབྱེད་ཆ་མཐུན་མ་གཏོགས་པ་གསུམ་དང་། ཁྱད་པར་ཆ་མཐུན་གྱི་མཇུག་ཐོགས་སུ་ཉམས་པའི་ཆ་མཐུན་མ་གཏོགས་པ་གསུམ་དང་། (འདི་ལས་ཉམས་ཀྱང་གནས་པ་མ་བཏང་ན་དེ་ཉིད་སྐྱེར་རུང་བའི་ཕྱིར་རོ། །)ངེས་འབྱེད་ཆ་མཐུན་གྱི་མཇུག་ཐོཊ་སུ་ཟག་མེད་འབྱུང་ཡང་དག་པ་པ་མ་ཡིན་པས་རྒྱུན་གྱི་ཚུལ་གྱིས་ངེས་འབྱེད་ཆ་མཐུན་དེ་གཅིག་པུ་འབྱུང་སྟེ། དེ་ལྟར་ན་རང་སའི་ཉོན་མོངས་པ་དང་དག་པ་པ་དང་གོང་སའི་དག་པ་པ་དང་ཟག་མེད་འབྱུང་བ་ནི་གོ་རིམ་བཞིན་དུ་ཉམས་པའི་ཆ་མཐུན་དང་གནས་པའི་ཆ་མཐུན་དང་ཁྱད་པར་གྱི་ཆ་མཐུན་དང་ངེས་འབྱེད་ཆ་མཐུན་ཁོ་ན་ཡིན་པར་ཤེས་པར་བྱའོ། །(ཟག་མེད་ལས་ལྡང་བའི་ཚེ་ཉམས་པའི་ཆ་མཐུན་མ་གཏོགས་པ་གང་རུང་མངོན་དུ་བྱེད་དོ་གསུང་ངོ་། །)
འོ་ན་ཐོད་རྒལ་གྱི་སྙོམས་འཇུག་ཇི་ལྟར་སྐྱེད་ཅེ་ན། དེ་ལ་བཞི་ལས་དང་པོ་གང་ལ་སྙོམས་འཇུག་བྱ་བའི་གཞི་ནི། བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་ཟག་བཅས་ཀྱི་ས་བརྒྱད་དང་ཟག་མེད་ཀྱི་ས་བདུན་ཏེ་དེ་ལྟར་ཟག་བཅས་ཟག་མེད་རྣམ་པ་གཉིས་སོ། །གཉིས་པ་ཇི་ལྟར་སྙོམས་པར་འཇུག་པའི་ཚུལ་ལ་སྦྱོར་བ་དངོས་གཞི་གཉིས་ཀྱི་དང་པོ་ལའང་གཉིས་ལས་རིང་བའི་སྦྱོར་བ་ནི་འབྲེལ་བ་སྟེ་ཐོག་མར་ཟག་བཅས་ཀྱི་ས་བརྒྱད་དང་ཟག་མེད་ཀྱི་ས་བདུན་པ་དང་རིས་མ་བར་བར་ལུགས་དང་མཐུན་པར་གོ་རིམ་བཞིན་དུ་སོང་ཞིང་ལུགས་དང་མི་མཐུན་པར་གོ་རིམ་བཞིན་དུ་འོངས་ནས་སྙོམས་པར་འཇུག་པ་དང་། དེ་ནས་ཕྱིས་ཉེ་བའི་སྦྱོར་བ་ནི་ཟག་བཅས་སུ་རིས་མཐུན་པའི་བསམ་གཏན་དང་པོ་ནས་གསུམ་པ་དང་། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ས་རེ་རེ་རྒལ་ནས་ལུགས་དང་མཐུན་པར་ཡར་སོང་ཞིང་། དེ་བཞིན་དུ་ཟག་བཅས་སུ་རིས་མཐུན་པའི་ཅི་ཡང་མེད་པའི་སྐྱེ་མཆེད་ནས་བསམ་གཏན་དང་པོའི་བར་དུ་ཡང་ས་རེ་རེ་རྒལ་ནས་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པས་མར་འོངས་པ་དང་། དེ་བཞིན་དུ་ཟག་མེད་དུ་རིས་མཐུན་པའི་བསམ་གཏན་དང་པོ་ནས་གསུམ་པ་དང་། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པས་རེ་རེ་རྒལ་ནས་ལུགས་དང་མཐུན་པར་ཡར་སོང་ཞིང་། དེ་བཞིན་དུ་ཟག་མེད་དུ་རིས་མཐུན་པའི་ཅི་ཡང་མེད་པའི་སྐྱེ་མཆེད་ནས་བསམ་གཏན་དང་པོའི་བར་དུའང་ས་རེ་རེ་རྒལ་ནས་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་ས་མར་འོངས་པ་སྟེ། དེ་ལྟར་ཟག་བཅས་དང་ཟག་མེད་དུ་རིས་མཐུན་པའི་ས་གཅིག་སྟེ་རེ་རེ་རྒལ་ནས་ལུགས་དང་མཐུན་པར་ཡར་སོང་ཞིང་རིས་མཐུན་པའི་ས་རེ་རེ་རྒལ་ནས་ལུགས་དང་མི་མཐུན་པར་མར་འོངས་པའི་སྒོ་ནས་བྱང་བར་བྱས་ནས།
གཉིས་ལ་དངོས་གཞི་ནི་གང་གི་ཚེ་ཟག་བཅས་ཀྱི་བསམ་གཏན་དང་པོ་ནས་ཟག་མེད་ཀྱི་བསམ་གཏན་གསུམ་པ་དང་། དེ་ནས་ཟག་བཅས་ཀྱི་ནམ་མཁའ་མཐལ་ཡས་སྐྱེ་མཆེད་དང་། དེ་ནས་ཟག་མེད་ཀྱི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ལུགས་དང་མཐུན་པར་ས་རེ་རེ་རྒལ་ཞིང་རིས་མི་མཐུན་པ་གསུམ་པ་ལ་སྙོམས་པར་འཇུག་པ་དང་། དེ་བཞིན་དུ་ཟག་བཅས་གྱི་ཅི་ཡང་མེད་པའི་སྐྱེ་མཆེད་ནས་ཟག་མེད་ཀྱི་བསམ་གཏན་དང་པོའི་བར་དུ་ལུགས་དང་མི་མཐུན་པར་ས་རེ་རེ་རྒྱལ་ཞིང་རིས་མི་མཐུན་པ་གསུམ་པར་འགྲོ་བ་དང་། དེ་བཞིན་དུ་ཟག་མེད་ཀྱི་བསམ་གཏན་དང་པོ་ནས་ཟག་བཅས་ཀྱི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ལུགས་དང་མཐུན་པར་ས་རེ་རེ་བརྒལ་ཞིང་རིས་མི་མཐུན་པ་གསུམ་པར་འགྲོ་བ་དང་། དེ་བཞིན་དུ་ཟག་མེད་ཀྱི་ཅི་ཡང་མེད་པའི་སྐྱེ་མཆེད་ནས་ཟག་བཅོས་ཀྱི་བསམ་གཏན་དང་པོའི་བར་དུ་ལུགས་དང་མི་མཐུན་པར་ས་རེ་རེ་བརྒལ་ཞིང་རིས་མི་མཐུན་པ་གསུམ་པར་འགྲོ་བ་སྟེ། དེ་ལྟར་ཟག་བཅས་སམ་ཟག་མེད་རིས་མི་མཐུན་པ་གསུམ་པར་འགྲོ་བ་སྟེ་སྤེལ་མར་སྙོམས་པར་འཇུག་ནུས་པ་དེའི་ཚེ་ཐོད་རྒལ་གྱི་སྙོམས་འཇུག་དངོས་གཞི་གྲུབ་པ་ཡིན་ནོ། །དེ་བཞིན་དུ་ཟག་བཅས་ཟག་མེད་ཀྱི་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་དང་། སྲིད་རྩེན་ས་གཉིས་པའི་བར་དུ་ལུགས་དང་མཐུན་པ་དང་མི་མཐུན་པར་ས་རེ་རེ་བརྒལ་ནས་རིས་མི་མཐུན་པ་གསུམ་པར་འགྲོ་བའི་ཐོད་རྒལ་ལ་སོགས་པའང་སྦྱར་ཏེ་ཤེས་པར་བྱའོ། །སྔར་བཤད་པ་ལྟར་ཤིན་དུ་རིང་བའི་ཕྱིར་བཞི་པ་ལ་ནི་སྙོམས་པར་མི་འཇུག་གོ། གསུམ་པ་རྟེན་ནི་དེ་ལྟ་བུའི་ཐོད་རྒལ་དེ་ཡང་བློ་གསལ་བས་གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་། བཞི་པ་གང་ཟག་ནི་མཐོང་ཐོབ་དབང་པོ་རྣོ་བས་ཏིང་ངེ་འཛིན་ལ་དབང་ཡང་ཉོན་མོངས་པ་མེད་པ་མ་ཡིན་ལ། དུས་ཀྱིས་རྣམ་གྲོལ་ཉོན་མོངས་པ་མེད་པ་ཡིན་ཡང་དབང་པོ་རྟུལ་བས་ཏིང་ངེ་འཛིན་ལ་དབང་བ་མ་ཡིན་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་མི་གཡོ་བ་(གཉིས་ཀའི་ཆ་ལས་རྣམ་གྲོལ།) ཁོ་ནས་སྐྱེད་པར་བྱེད་དེ། མི་སློབ་པ་ཡིན་པས་ཉོན་མོངས་པ་མེད་པའི་ཕྱིར་དང་། དབང་པོ་རྣོ་ཞིང་བསམ་གཏན་དངོས་གཞི་ཐོབ་བས་ཏིང་ངེ་འཛིན་ལ་དབང་འབྱོར་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ཐོད་རྒལ་ཡང་ཚུལ་འདི་ཉིད་ཡིན་པར་སྡེ་པས་འདོད་ལ། ཤིན་ཏུ་རྒྱས་པའི་སྡེ་སྣོད་ལྟར་ན་ནི་མངོན་པར་རྟོགས་པའི་རྒྱན་ལས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་(ཏིང་ངེ་འཛིན་ནི་ཟག་པ་བཅས་མ་བཅས་གཉིས་ཀའོ། །)གཟུང་སྟེ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་ཚུལ་གཞན་དུ་བཤད་དོ། །
ལུས་ཀྱི་རྟེན་ཡང་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་དེ་དག་ནི་རང་གི་ས་པའི་ལུས་དང་འོག་སའི་ལུས་ཀྱི་རྟེན་ཅན་ཡིན་ཏེ། སྲིད་རྩེའི་སྙོམས་འཇུག་ནི་སྲིད་རྩེར་ཡང་མངོན་སུམ་དུ་བྱེད་ལ་འོག་མ་འདོད་ཁམས་ཀྱི་བར་དུ་ཡང་མངོན་སུམ་དུ་བྱེད་པ་(པོས་དགུ་པ་ཡིན་པ་)ནས་བསམ་གཏན་དང་པོའི་སྙོམས་འཇུག་དང་པོ་རང་ས་དང་འོག་མ་འདོད་པའི་རྟེན་ལ་མངོན་སུམ་དུ་བྱེད་པས་ས་གཉིས་པ་ཡིན་པའི་བར་དུ་སྦྱར་རོ། །(དེ་ཡང་ཟག་བཅས་ནི་འབྲས་བུ་རང་ས་དང་རྒྱུ་འོག་ས་ལ་བརྟེན་པར་ངེས་སོ། །)འོ་ན་ཅིའི་ཕྱིར་གོང་དུ་སྐྱེས་པའི་རྟེན་ལ་སྙོམས་འཇུག་འོག་མ་མངོན་སུམ་དུ་མི་བྱེད་ཅེ་ན། འདི་ལྟར་གང་དུ་སྐྱེས་པ་དེ་ལ་རང་ས་ན་མཆོག་ཡོད་པས་འོག་མའི་དམན་པས་དགོས་པ་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟར་སྤྱིར་བསྟན་ནས་དམིགས་ཀྱིས་བསལ་བ་ནི་སྲིད་པའི་རྩེ་མོར་སྐྱེས་པའི་ཕྱིར་མི་འོང་པ་ནི་འཕགས་པ་སྟེ་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས་སྲིད་རྩེའི་ཟག་པ་ཟད་པར་བྱས་ཏེ་དགྲ་བཅོམ་ཐོབ་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། སྲིད་རྩེ་རང་ས་ན་ཟག་མེད་ཀྱི་ལམ་མེད་པའི་ཕྱིར་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཟག་མེད་དེ་ཡང་སྲིད་རྩེ་ལ་ཐག་ཉེ་བའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་སོགས་པར་དང་པོའི་མིག་ཤེས་ལ་སོགས་པ་མངོན་དུ་བྱེད་པ་ནི་དེ་དག་མ་བསྒྲིབས་ལུང་མ་བསྟན་ཡིན་པས་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་མ་ཡིན་པའི་ཕྱིར་དང་། འདིར་ནི་དེ་དག་གི་རྟེན་བསམ་པ་སྐབས་སུ་བབ་པའི་ཕྱིར་རོ། །ཡང་ན་དེ་དག་དམན་ཡང་རང་ས་ན་མེད་པའི་ཕྱིར་ལྟ་བ་ལ་སོགས་པ་ལ་དགོས་པ་ཡོད་པས་མངོན་དུ་བྱེད་དོ་ཞེས་ཤེས་པར་བྱའོ། །
ཡང་སྙོམས་འཇུག་དེ་དག་གི་དམིགས་པ་གང་ཞེ་ན། སྲེད་པ་དང་བཅས་པ་རོ་མྱང་བ་དང་མཚུངས་པར་ལྡན་པའི་སྙོམས་འཇུག་རྣམས་ནི་རང་རང་གི་ས་པའི་སྲིད་པ་ཟག་བཅས་ཀྱི་ཕུང་པོའི་དངོས་པོ་ཁོ་ན་ལ་དམིགས་པ་ཡིན་གྱི། རང་གི་ངོ་བོ་ཉོན་མོངས་ཅན་ཡིན་ཞིང་འོག་ས་ལས་འདོད་ཆགས་དང་བྲལ་(བའི་ཉོན་མོངས་ཅན་ཡིན།) བས་འོག་ས་ལ་དམིགས་པའང་མ་ཡིན་ལ། (དེ་ལ་དམིགས་ནས་སྲེད་པ་སྐྱེ་ན་དེ་འདོད་ཆགས་དང་མ་བྲལ་བར་ཐལ་བས་སོ། །)ས་གང་གི་སྲེད་པ་གང་ཡིན་པ་དེ་ནི་ས་དེ་ཁོ་ན་ལ་རྒྱས་པར་འགྱུར་བས་གོང་འོག་རང་རང་གི་སྲེད་པས་ཡོངས་སུ་བཅད་པའི་ཕྱིར་ས་གོང་མ་ལའང་དམིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་གོང་མ་ཉིད་དུ་མི་འགྲུབ་སྟེ། ས་ཐ་དད་དུ་མ་བཅད་པའི་ཕྱིར་ས་གཅིག་པའི་གནས་གཞན་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་གཞན་གསུམ་གསུམ་པ་རྣམས་དང་བརྒྱད་པོ་དག་ལྟག་འོག་ཏུ་འདུག་ཀྱང་ས་གཅིག་པ་ཉིད་དུ་འགྲུབ་བོ་ཞེས་རྒྱལ་པོའི་སྲས་འཆད་དོ། །ཟག་མེད་ལ་དམིགས་པའང་མ་ཡིན་ཏེ། ཟག་མེད་དོན་དུ་གཉེར་ན་དགེ་བའི་ཆོས་ལ་འདུན་པར་འགྱུར་བའི་ཕྱིར་རོ། །བསམ་གཏན་དགེ་བ་དག་པ་པ་དང་ཟག་མེད་ཀྱི་དམིགས་ཡུལ་ནི་ཅི་རིགས་པར་ཡོད་དགུ་ཅོག་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་གང་ཡང་རུང་བ་ལ་དམིགས་ནས་སེམས་ཉེ་བར་འཇོག་པའི་ཕྱིར་རོ། །གཟུགས་མེད་ཀྱི་ཉེར་བསྡོགས་ཀྱིས་འོག་སའི་ཟག་བཅས་ལ་དམིགས་ཤིང་དངོས་གཞི་ཉོན་མོངས་ཅན་ཡང་ཡོད་ལ་དངོས་གཞི་དགེ་བས་ཆོས་ཤེས་ཕྱོགས་མཐུན་གྱི་ལམ་དང་འོག་སའི་འགོག་པ་ལ་(དག་པས་གོང་མ་རྟོགས་ཡང་མངོན་ཤེས་མིན་གྱི་བསམ་གཏན་གྱི་སེམས་ཀྱིས་སེམས་དེ་གཉིས་ཀྱི་དམིགས་པ་ནི།) མ་དམིགས་ཀྱང་ཟག་མེད་འོག་སའི་གཉེན་པོ་རྗེས་ཤེས་ཕྱོགས་མཐུན་གྱི་ལམ་བདེན་དང་རང་ས་དང་གོང་ས་ཁ་དམིགས་པས་དེ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་དང་། བསམ་གཏན་རྣམས་ནི་ཀུན་ཏུ་ལྟ་བ་པ་ཡིན་པས་དངོས་གཞིས་ཀྱང་འོག་སའི་ཟག་བཅས་ལ་དམིགས་ཀྱང་གཟུགས་མེད་པའི་དངོས་གཞི་དགེ་བདག་པ་པ་དང་ཟག་མེད་རྣམས་ཀྱི་སྦྱོད་ཡུལ་ནི་ས་འོག་མའི་ཟག་བཅས་མིན་ཏེ། གཟུགས་མེད་པའི་དངོས་གཞི་རྣམས་ནི་དམིགས་པ་ལས་ངེས་པར་བྱུང་བ་ཡིན་པའི་ཕྱིར་རོ། །གོང་མ་ལ་དམིགས་སོ་ཞེས་བྱ་བའང་སྲིད་རྩེའི་འཕགས་པ་ཅི་ཡང་མེད་པའི་སེམས་མངོན་དུ་བྱས་པའི་དབང་དུ་བྱས་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །(ཤུགས་ལ་འོག་ས་ལམ་ཟག་མེད་ལ་གོང་སའི་རྫས་ཤེས་ཕྱོགས་མཐུན་གྱི་དམིགས་པར་བསྟན་ནོ་དེ་ཡང་ས་དགུའི་ལམ་ནི་ཕན་ཚུན་དུ་ཞེས་པའི་ཚུལ་དུའོ། །)བསམ་གཏན་དང་གཟུགས་མེད་དག་པ་པ་ལ་སོགས་པ་གསུམ་པོ་འདི་དག་ལས་ཟག་པ་མེད་པའི་དངོས་གཞི་རྣམས་ཀྱིས་རང་ས་དང་གོང་སའི་ཉོན་མོངས་པ་རྣམས་སྤོང་གི་(དག་པ་པ་ནི།) ཉེར་བསྡོགས་ཀྱིས་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་དང་། (ཉོན་མོངས་ཅན་ནི།) སྲིད་པས་སྲིད་པ་ལས་ངེས་པར་མི་འབྱུང་བས་རང་སའི་གཉེན་པོ་མ་ཡིན་པའི་ཕྱིར་དང་། འོག་སའི་དག་པ་པ་བས་གོང་སའི་ཉོན་མོངས་ཅན་ཆེས་ཁྱད་པར་དུ་འཕགས་པས་(སུན་མི་འབྱིན་པས།) དམན་པས་ཁྱད་པར་ཅན་སྤང་བར་མི་ནུས་པའི་ཕྱིར་གོ་རིམ་བཞིན་དུ་དག་པ་པའི་དངོས་གཞིས་ཀྱང་འོག་ས་དང་རང་ས་དང་གོང་སའི་ཉོན་མོངས་པ་རྣམས་མི་སྤོང་ན་ཉོན་མོངས་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས། བསམ་གཏན་དང་གཟུགས་མེད་གོང་ས་གོང་སའི་ཉེར་བསྡོགས་ནི་ས་འོག་མ་འོག་མའི་གཉེན་པོ་ཡིན་པས་ཟག་མེད་ཀྱིས་སྤོང་བར་མ་ཟད་(ཉེར་བསྡོགས་)དག་པ་པས་ཀྱང་ཉོན་མོངས་པ་རྣམས་སྤོང་ངོ་ཞེས་སྦྱར་རོ། །
དྲུག་པ་ཉེར་བསྔོགས་བཤད་པ་ནི། འོ་ན་ཉེར་བསྡོགས་དུ་ཡོད་ཅེ་ན། སྙོམས་འཇུག་དངོས་གཞི་(བརྒྱད་ཡོད་པས་)བརྒྱད་པོ་དེ་དག་ལ་ནི་གང་གིས་འཇུག་པའི་སྦྱོར་བ་ཉེར་བསྡོགས་ཀྱང་བརྒྱད་ཡོད་ལ། ཐམས་ཅད་ཀྱང་ཉོན་མོངས་ཅན་ལ་འབྲལ་ལམ་མེད་པས་སྲེད་པ་དང་མཚུངས་ལྡན་གྱི་ལམ་གྱིས་ཉོན་མོངས་སྤང་བར་མི་ནུས་ལ་འདི་དག་ནི་འདོད་ཆགས་དང་འབྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར་ངོ་བོར་མྱོང་བ་དང་མཚུངས་ལྡན་མ་ཡིན་གྱི་དག་པ་པ་ཁོ་ན་མངོན་པར་འདུ་བྱ་བ་མེད་པར་འབྱུང་བ་དང་། འོག་ས་ལས་ཡིད་བྱུང་བ་དང་བྲལ་ན་དགའ་བདེ་དང་མཚུངས་པར་ལྡན་པ་ཡིན་ན་དེ་དག་ནི་འབད་དེ་དྲང་དགོས་པས་མངོན་(ཡིན་ཏེ་ཉོན་མོངས་ཅན་ནི་འོག་སའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ཕྱི་མ་བདུན་མི་གསལ་བས་ཟག་མེད་མེད་དོ། །རྒྱུ་མཉམ་གཞག་གི་བསམ་གཏན་གཟུགས་མེད་ལ་ཉོན་མོངས་ཅན་མེད་པས། འབྲས་བུའི་དེ་དག་ཏུ་སྐྱེ་བ་ན་ཉིང་མཚམས་སྦྱོར་སེམས་ནི་རང་རང་གི་ཉེར་བསྡོགས་མཉམ་པར་མ་བཞག་པ་ཉོན་མོངས་ཅན་གྱིས་སྦྱོར་རོ་ཞེས་པ་ནི་གྲུབ་མཐའོ། །)པར་འདུ་བྱ་བ་དང་བཅས་པ་དང་། འོག་ས་ལས་ཡིད་བྱུང་བ་དང་མ་བྲལ་བས་ཚོར་བའང་བདེ་བ་ཡང་མིན་སྡུག་བསྔལ་ཡང་མིན་པ་བཏང་སྙོམས་ཀྱི་དབང་པོ་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ནོ། །ཡང་ན་འབད་དེ་དྲང་བར་བྱ་བ་ཡིན་པས་བཏང་སྙོམས་དང་མཚུངས་པར་ལྡན་ལ། འོག་ས་ལས་ཡིད་བྱུང་བ་དང་མ་བྲལ་བ་དང་། འདོད་ཆགས་དང་འབྲལ་བའི་ལམ་ཡིན་པས་དག་པ་པ་ཡིན་གྱི་རོ་མྱང་བ་དང་མཚུངས་ལྡན་མ་ཡིན་ནོ་ཞེས་བྱའོ། །
སློབ་དཔོན་འཕགས་པས་ནི་སྙོམས་འཇུག་དངོས་གཞི་བརྒྱད་པོ་དེ་དག་ལ་འཇུག་པའི་ཡིད་ལ་བྱེད་ལ་བདུན་བདུན་བཤད་དེ། དེ་ལས་འོག་མ་རྣམས་ཚེ་ཐུང་ཞིང་སྡུག་བསྔལ་མང་བ་ལ་སོགས་པའི་སྒོ་ནས་རགས་སོགས་དང་གོང་མ་རྣམས་དེ་ལས་ཟློག་པ་ཞི་སོགས་སུ་ལྟ་བའི་སྒོ་ནས་སྤང་བྱ་དང་ཐོབ་བྱ་ཤེས་པར་བྱས་ཤིང་སྤང་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་གཏོད་པར་བྱེད་པ་ཐོས་བསམ་དང་འདྲེས་པ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང་། སྤང་བྱ་དང་ཐོབ་བྱའི་སྦྱོར་བ་རྩོམ་པར་བྱེད་པའི་རྩེ་གཅིག་པ་ཞི་རགས་ཀྱི་མཚན་མ་ལ་མོས་པ་ཐོས་བསམ་ལས་འདས་པ་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་། འོག་སའི་ཉོན་མོངས་པ་ཆེ་གསུམ་སྤོང་བར་བྱེད་པ་རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང་། དབེན་པ་ལ་དགའ་བ་རྒྱས་ཤིང་ཉོན་མོངས་པ་འབྲིང་གསུམ་སྤོང་བར་བྱེད་པ་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་དང་། འོག་མའི་ཉོན་མོངས་མངོན་དུ་རྒྱུ་དང་བྲལ་བས་དེ་ཟད་མ་ཟད་བརྟག་པའི་ཕྱིར་དེ་སྐྱེ་བའི་མཚན་མ་ཡིད་ལ་བྱེད་པ་དང་ཐོབ་པ་ལ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་པ་དཔྱོད་པའི་ཡིད་ལ་བྱེད་པ་དང་། དེ་ལྟར་བརྟགས་པས་ཉོན་མོངས་པ་ཆུང་གསུམ་ཡོད་པར་རྟོགས་ནས་ཆུང་གསུམ་སྤོང་ཞིང་དངོས་གཞིའི་དངོས་རྒྱུར་གྱུར་པ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའོ། །དེ་རྣམས་ཀྱིའང་དང་པོ་དྲུག་སྦྱོར་བ་དང་བདུན་པ་ནི་དངོས་གཞིའོ། །
དེ་ལྟར་གོང་མ་པས་འཇིག་རྟེན་པའི་གོང་མའི་ཉེར་བསྡོགས་ཀྱིས་འོག་སའི་སྒོམ་སྤང་དགུ་ཅར་སྤངས་པར་བཤད་པ་དེ་ནི་གོང་མ་པའི་ལུགས་ཡིན་གྱི་བྱེ་བྲག་སྨྲ་བའི་ལུགས་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་གང་ཞིག་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་མི་ལྕོགས་མེད་ལ་བརྟེན་ནས་མཐོང་ལམ་ཐོབ་པ་དེས་དང་པོའི་ཉེར་བསྡོགས་ཐོབ་པའི་ཕྱིར་འདོད་པའི་སྒོམ་སྤང་མཐའ་དག་སྤངས་པར་འགྱུར་ན་བསྒོམ་པས་སྤང་བྱ་མ་སྤངས་ན། འབྲས་བུ་དང་པོ་ལ་ཞུགས་པ་ཞེས་བྱ་བའི་འགྲེལ་པར་འདོད་པ་ལ་ཆགས་བཅས་ཀྱི་མཐོང་ལམ་པ་དེ་ཁམས་གསུམ་གྱི་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་འཆིང་བ་མཐའ་དག་དང་ལྡན་པར་བཤད་པའི་ཕྱིར་རོ། །ཉེར་བསྡོགས་བརྒྱད་པོ་དེ་དག་ལས་དང་པོ་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ནི་དག་པ་པ་ཡིན་པར་མ་ཟད་འཕགས་པ་ཟག་པ་མེད་པའང་ཡིན་ཏེ། (འདི་ནི་གསལ་བས་རང་འོག་གོང་གསུམ་གྱི་ཉོན་མོངས་ལས་རྒྱལ་ལོ། །)བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དག་འཇིག་རྟེན་ལས་འདས་པའི་ལམ་དེ་ལ་བརྟེན་ནས་བསྐྱེད་པའི་ཕྱིར་རོ། །ཉེར་བསྡོགས་གཞན་དག་ནི་འོག་མའི་དངོས་གཞི་ལ་བརྟེན་པའི་ཕྱིར་དེ་དག་ལ། འཇིག་རྟེན་ལས་འདས་པའི་ལམ་མི་བརྟེན་ཏོ། །ཉེར་བསྡོགས་གཞན་རྣམས་ལའང་མཉམ་པར་བཞག་པ་དང་མ་བཞག་པ་གཉིས་ཡོད་པ་ལས་དང་པོ་ནི་དགེ་བ་དག་པ་པ་ཁོ་ན་ཡིན་ལ། གཉིས་པ་ནི་ཊཱི་ཀར་བསམ་གཏན་གཟུགས་མེད་བརྒྱད་ཅར་གྱི་ཉེར་བསྡོགས་ཉོན་མོངས་པ་ཅན་མཉམ་གཞག་མ་ཡིན་པས་ཉིང་མཚམས་སྦྱོར་རོ་ཞེས་བྱ་བ་འདི་ནི་གྲུབ་པའི་མཐའ་ཡིན་ནོ་ཞེས་འབྱུང་བས་ཉིང་མཚམས་སྦྱོར་སེམས་ཀྱང་ཡིན་པས་ཉོན་མོངས་ཅན་ཡང་ཡིན་ཏེ། འགྲེལ་པ་ལས། ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ཉོན་མོངས་ཅན་ཡིན་མོད་ཀྱི་མཉམ་པར་གཞག་པ་ལ་ནི་ཉོན་མོངས་པ་ཅན་ཉིད་དགག་གོ་ཞེས་བཤད་པའི་ཕྱིར་རོ། །(མྱང་ལྡན་གྱི་སྙོམས་འཇུག་ཀྱང་ཡོད་དོ་ཞེས་ཟེར་རོ། །)
སྔོན་གྱི་སློབ་དཔོན་ཁ་ཅིག་(འདུན་བཟང་ནི་)བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ནི་གསལ་བའི་ཕྱིར་དག་པ་པ་དང་ཟག་མེད་དང་རོ་མྱང་ལྡན་དང་གསུམ་ག་ཡོད་དོ་ཞེས་འདོད་ལ། སློབ་དཔོན་འདུན་བཟང་ན་རེ་མི་ལྕོགས་མེད་ནི་དངོས་གཞི་ལ་སྙོགས་པའི་ཕྱིར་རོ། །མྱང་ལྡན་གྱི་སྙོམས་འཇུག་ཀྱང་ཡོད་དོ་ཞེས་ཟེར་རོ། (འདི་ལའང་ཉིང་མཚམས་སྦྱོར་སེམས་འདོད་ན་དེ་སྲིད་དོ། །)། འོ་ན་ཉེར་བསྡོགས་ཞེས་ཀྱང་འབྱུང་། །བསམ་གཏན་ཁྱད་པར་ཅན་ཞེས་ཀྱང་འབྱུང་ན་གཅིག་གམ་ཐ་དད་ཅེ་ན། ཐ་དད་དེ། ཉེར་བསྡོགས་ནི་འདོད་ཆགས་དང་འབྲལ་བའི་ལམ་ཡིན་ལ། བསམ་གཏན་དང་པོའི་དངོས་གཞི་དེ་ཉིད་རྟོག་པ་དང་བྲལ་བས་ཁྱད་པར་དུ་འཕགས་པས་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་ལ། དེ་ནི་(འབྲས་ལམ་མིན་གྱི་བྲལ་ཟིན་ཡིན་པས་དེ་ལ་དབྱེ་ན།) དག་པ་པ་དང་ཟག་མེད་དང་རོ་མྱང་ལྡན་དང་རྣམ་པ་གསུམ་ག་དང་། (མི་ལྕོགས་མེད་དེ་ནི།) འབད་ནས་སྐྱེད་པར་བྱ་བ་ཡིན་པས་ཚོར་བའང་བདེ་བ་ཡང་མིན་སྡུག་བསྔལ་ཡང་མིན་པ་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ནོ། །དེ་ཉིད་ཀྱིས་ན་(བདེ་བ་དང་མི་ལྡན་པས་)ལམ་བསྐྱེད་དཀའ་བ་ཞེས་བྱའོ། །དེས་ན་བསམ་གཏན་དང་པོ་ལ་རྟོག་དཔྱོད་གཉིས་ཀ་དང་བཅས་པའི་དངོས་གཞི་ཙམ་དང་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་ལྡན་པའི་ཁྱད་པ་ཅན་གྱི་དབྱེ་བ་ཡིད་ཀྱི་གཉིས་པ་ལ་སོགས་པ་ལ་ནི་དེ་ལྟ་བུའི་ཁྱད་པར་མེད་པས་དངོས་གཞི་ལ་དབྱེ་བ་མེད་དོ། །བསམ་གཏན་ཁྱད་པར་ཅན་ཟག་བཅས་གང་ཡིན་པ་དེ་ནི་བསྒོམས་ན་ཚངས་ཆེན་དུ་སྐྱེ་བས་ཚངས་པ་ཆེན་པོའི་འབྲས་བུ་ཅན་ཡིན་ནོ། །དེས་ན་བྱམས་པ་ལ་སོགས་པ་ནི་རྫོགས་བྱེད་ཡིན་པའི་ཕྱིར་ཚུངས་པའི་གནས་པ་ཞེས་ཀྱང་བྱའོ། །
བདུན་པ་ཏིང་ངེ་འཛིན་གྱི་དབྱེ་བ་ནི་ཡང་ཏིང་ངེ་འཛིན་ཐམས་ཅད་མདོར་བསྡུས་ཏེ་མདོ་ལས། ཏིང་ངེ་འཛིན་ནི་རྣམ་པ་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་ཏིང་ངེ་འཛིན་གསུམ་གསུངས་པ་ལ་བསམ་གཏན་ཁྱད་པར་ཅན་དེ་ནི་རྟོག་པ་ཙམ་ཞིག་བཀག་པས་རྟོག་མེད་དཔྱོད་ཙམ་གྱི་ཏིང་ངེ་འཛིན་ཡིན་ལ། ཁྱད་པར་ཅན་དེ་མན་ཆད་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་དང་ཉེར་བསྡོགས་མི་ལྕོགས་མེད་གཉིས་ནི་རྟོག་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །ཁྱད་པར་ཅན་དེ་ཡན་ཆད་བསམ་གཏན་གཉིས་པའི་ཉེར་བསྡོགས་ནས་སྲིད་རྩེའི་བར་རྣམས་ནི་ས་དེ་བསྡུས་ཀྱི་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཏོ། །ཡང་མདོ་ལས། ཏིང་ངེ་འཛིན་རྣམ་པ་གསུམ་སྟེ། སྟོང་པ་ཉིད་དང་སྨོན་པ་མེད་པ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་ཏིང་ངེ་འཛིན་གསུམ་གསུངས་པ་ལས་ཡུལ་མྱང་འདས་སོ་སོར་བརྟགས་འགོག་ནི་ཡུལ་ལྔ་དང་ཕོ་མོ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་མམ་བཞིའི་མཚན་མ་(སྟེ་བཅུ་དང་)བྲལ་བས་མཚན་མེད་ཡིན་ལ། (འདིར་དབང་པོ་རྣམས་མཚན་མར་མ་སྨོས་པ་ནི་དབང་པོ་ནི་ཡུལ་ལྟར་ཡིད་འཕྲོག་པར་བྱེད་པ་མིན་པས་སོ། །)དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡིན་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མཚན་མ་ཐམས་ཅད་ཞི་བ་འགོག་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྟོང་པའམ་བདག་མེད་ལ་དམིགས་ནས་སྡུག་བསྔལ་གྱི་བདེན་པའི་བདག་མེད་པ་དང་སྟོང་པ་ཉིད་དུ་འཇུག་པའི་རྣམ་པ་ཉིད་དང་མཚུངས་པར་ལྡན་པའོ། །(འདི་ཡང་འཇིག་ལྟའི་གཉེན་པོའོ། །)སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་ཡུལ་སྨོན་བྱ་མ་ཡིན་པའི་འདུས་བྱས་ལ་དམིགས་ནས་ཡིད་འབྱུང་བའི་རྣམ་པ་ཅན་ཡིན་ལ། སྟོང་པ་དང་བདག་མེད་པས་ཀྱང་སྡུག་བསྔལ་གྱི་བདེན་པ་ལ་སྟོང་པ་དང་བདག་མེད་ཀྱི་རྣམ་པར་དམིགས་མོད་ཀྱི་དེ་གཉིས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མྱང་འདས་ཀྱི་མཚན་ཉིད་ཀྱང་ཡིན་ན་དེ་དག་གིས་མྱང་འདས་ལས་ཡིད་མི་འབྱུང་བ་ལྟར་སྡུག་བསྔལ་ལས་ཀྱང་ཡིད་མི་འབྱུང་ལ་འགག་བདེན་གྱིས་ཀྱང་ཡིད་མི་འབྱུང་གི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་གཉིས་དང་ཀུན་འབྱུང་གི་བདེན་པ་དང་ལམ་གྱི་བདེན་པའི་རྣམ་པ་བརྒྱད་པོའི་ནང་ནས་ལམ་གྱི་རྣམ་པ་བཞིའང་ལུང་བར་མ་ལས་རེ་ཞིག་བླང་བྱ་ཡིན་ཡང་འདུས་བྱས་ཡིན་པས་ཆུ་རྒལ་བའི་གཟིངས་ལྟར་ལྷག་མེད་དུ་འཇུག་པ་ན་ངེས་པར་འདོར་བས་སྤང་བྱར་གསུངས་པས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཕྱི་མ་གཉིས་དང་འགོག་བདེན་གྱི་རྣམ་པ་བཞི་སྟེ་དྲུག་པོ་དེ་དག་ལས་གཞན་པ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དང་པོ་གཉིས་དང་ཀུན་འབྱུང་དང་ལམ་གྱི་བདེན་པའི་རྣམ་པ་བརྒྱད་དེ་རྣམ་པ་བཅུ་དང་མཚུངས་པས་ལྡན་པའི་ཏིང་ངེ་འཛིན་(ནི་སྨོན་མེད་ཀྱི་ཏིང་ངེ་འཛིན་)ནོ། །
སློབ་དཔོན་ཐོགས་མེད་དང་སེང་གེ་བཟང་པོ་ལ་སོགས་པས་ནི་མཚན་མ་མེད་པ་ནི་ཞི་བའི་ངོ་བོ་ཡིན་པའི་ཕྱིར་འགོག་ལམ་གྱི་རྣམ་པ་བརྒྱད་དང་། སྨོན་པ་མེད་པ་ནི་དེ་དག་གིས་ཁམས་གསུམ་ལ་སྨོན་པ་ལྡོག་པའི་ཕྱིར་མི་རྟག་པ་དང་སྡུག་བསྔལ་བ་དང་ཀུན་འབྱུང་གི་རྣམ་པར་བཞི་སྟེ་དྲུག་ལྡན་དུ་བཤད་དོ། །ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་ཟག་བཅས་འཇིག་རྟེན་པ་དག་པ་པ་དང་། (དེ་ཡང་ངེས་འབྱེད་ཆ་མཐུན་དང་འཕགས་ལམ་གྱི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་ལ།) འཇིག་རྟེན་ལས་འདས་པ་དྲི་མ་མེད་པ་གཉིས་ཡིན་ལ། དེ་དག་ས་ནི་དང་པོ་འདོད་པ་དང་བསམ་གཏན་ས་དྲུག་དང་གཟུགས་མེད་བཞི་སྟེ་བཅུ་གཅིག་ན་ཡོད་ལ། གཉིས་པ་ནི་ཟག་མེད་ཀྱི་ལམ་གང་ན་ཡོད་པའི་ས་འདོད་པ་དང་སྲིད་རྩེ་དང་བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་བདུན་མ་གཏོགས་པ་ཟག་མེད་ས་དགུ་ན་ཡོད་དོ། །དེ་ལྟར་དག་པ་པ་དང་ཟག་མེད་གཉིས་ལས་ཏིང་ངེ་འཛིན་གསུམ་པོ་དེ་དག་དྲི་མ་མེད་པ་ནི་ཐར་པའི་རྒྱུ་དང་དེར་འཇུག་པའི་སྒོ་ཡིན་པས་མདོ་ལས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་ཞེས་ཀྱང་གསུངས་སོ། །
ཡང་མདོ་ལས། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སོགས་པས་གཟུང་བ་སྨོན་པ་མེད་པ་སྨོན་པ་མེད་པ་དང་། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་སྔ་མ་གསུམ་ལས་གཞན་ཡང་ཏིང་ངེ་འཛིན་གསུམ་གསུངས་ཏེ། རིམ་པ་ལྟར་སྟོང་པ་ཉིད་ལ་སོགས་པ་སྔ་མ་གསུམ་ལ་དམིགས་པའི་ཕྱིར་མིང་དེ་སྐད་ཅེས་བྱའོ། །དེ་ལྟར་གསུམ་པོ་དེ་དག་ལས་དང་པོ་གཉིས་ནི་རིམ་པར་ལྟར་མི་སློབ་པའི་སྟོང་པ་ཉིད་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་དམིགས་ནས་དེ་གཉིས་ལ་བདག་འཛིན་དང་སྲིད་པའམ་དགའ་བ་དགག་པའི་ཕྱིར་མི་སློབ་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་འདི་ནི་བདག་གི་མ་ཡིན་ནོ་ཞེས་སྟོང་པའི་རྣམ་པ་དང་མི་སློབ་པའི་སྨོན་པ་མེད་པའི་ཏིང་ངེ་འཛིན་འདི་ནི་མི་རྟག་པའོ་ཞེས་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པ་ཡིན་ནོ། །འོ་ན་སྟོང་ཉིད་སྟོང་ཉིད་གྱི་ཏིང་ངེ་འཛིན་དེ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལྟར་སྟོང་བདག་མེད་གཉིས་ཀར་མི་དམིགས་པར་སྟོང་ཉིད་ཀྱི་རྣམ་པ་ཁོ་ནར་དམིགས་ཤེ་ན། (སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ཉེར་ལེན་གྱི་ཕུང་པོ་སྟོང་ཉིད་དུ་ཡིད་ལ་བྱེད་ལ་)སྟོང་ཉིད་སྟོང་ཉིད་ནི། སྟོང་ཉིད་ཀྱི་ཏིང་ངེ་འཛིན་དེ་ཉིད་ཡང་སུན་འབྱིན་པས་ན་འདུས་བྱས་ཐམས་ཅད་ལས་ཡིད་འབྱུང་བའོ། །སྟོང་ཉིད་ཀྱི་ཏིང་ངེ་འཛིན་སྟོང་བདག་མེད་ཀྱི་རྣམ་པ་གཉིས་པ་ཅན་ཡིན་ཡང་སྟོང་ཉིད་སྟོང་ཉིད་ཀྱི་ཏིང་ངེ་འཛིན་འདི་སྟོང་ཉིད་ཀྱི་རྣམ་པར་ཞུགས་པའི་སྟོང་ཉིད་ཀྱི་རྗེས་ཁོ་ན་ལ་བསྐྱེད་པའི་ཕྱིར་དང་། ལམ་དུ་ཞུགས་པ་གྲོགས་དང་བྲལ་བ་ན་འགྲོན་པོ་ངོ་མི་ཤེས་པ་མཐོང་བས་ཀྱང་དགའ་ལ་གཅིག་བུ་ནི་གྲོགས་ཀྱིས་སྟོང་པས་མི་དགའ་བ་ལྟར་སྲིད་པ་ལ་བདག་མེད་པར་མཐོང་ཡང་སྟོང་པར་མ་མཐོང་ན་དགའ་བར་འགྱུར་གྱི། སྟོང་པར་མཐོང་ན་མི་དགའ་ཞིང་སྐྱོ་བར་འགྱུར་བས་དེས་ན་སྐྱོ་བ་དང་མཐུན་པས་སྟོང་པའི་རྣམ་པ་ཁོ་ནར་དམིགས་ཀྱི་བདག་མེད་པའི་རྣམ་པར་ནི་མ་ཡིན་ནོ། །དེ་བཞིན་དུ་ཏིང་ངེ་འཛིན་གཉིས་པོ་དེ་དག་བདེན་པ་དང་པོའི་སྡུག་བསྔལ་གྱི་རྣམ་པ་དང་ཀུན་འབྱུང་དང་འགོག་ལམ་གྱི་རྣམ་པ་བཅུ་གཉིས་སུའང་དམིགས་པ་མ་ཡིན་ཏེ། སྒོ་རིམ་བཞིན་དུ་དམིགས་ཡུལ་ཏིང་ངེ་འཛིན་དེ་དག་ཟག་མེད་ཡིན་པས་ཟག་བཅས་འཕགས་པ་དང་མི་མཐུན་པའི་སྡུག་བསྔལ་དང་། སྡུག་བསྔལ་བསྐྱེད་པའི་རྒྱུ་ལ་སོགས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་དང་། འགོག་བདེན་མ་ཡིན་པའི་ཕྱིར་དང་། ལམ་བདེན་ཡིན་པས་ཀུན་འབྱུང་བྱ་ཡིན་ལ་སུན་དབྱུང་བྱ་དེ་ཉིད་སུན་འབྱིན་བྱེད་དུ་མི་འཐད་པའི་ཕྱིར་རོ། །
མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མི་སློབ་པའི་མཚན་མེད་ལས་ལངས་པའི་རྗེས་ལ་ཟག་བཅས་སམ་ཟག་མེད་ཀྱི་ཤེས་པ་གཞན་མ་སྐྱེས་ན་མཚན་མེད་ཀྱི་རྒྱུན་འབྱུང་བར་འགྱུར་བ་ལས། མཚན་མེད་ལས་ཡངས་པའི་རྗེས་ལ་ཟག་བཅས་སམ་ཟག་མེད་སྐྱེ་བ་ན་མཚན་མེད་འབྱུང་བའི་རྐྱེན་མ་ཚང་བས་འགག་པར་འགྱུར་ཞིང་འགག་པ་དེ་ནི་སོ་སོར་བརྟགས་མིན་གྱི་འགོག་པ་ཡིན་གྱི་སོ་སོར་བརྟགས་འགོག་ནི་མ་ཡིན་ཏེ། ཟག་བཅས་གཉེན་པོས་བྲལ་བ་ནི་སོ་སོར་བརྟགས་འགོག་ཡིན་པ་ལ་མི་སློབ་པའི་མཚན་མེད་ནི་ཟག་མེད་ཡིན་པས་འཕགས་པ་དང་མི་མཐུན་པ་མེད་པས་གཉེན་པོས་བྲལ་བ་མི་སྲིད་པའི་ཕྱིར་རོ། །དེས་ན་དམིགས་པ་མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སོ་སོར་མ་བརྟགས་པས་ཟད་པ་སྟེ་འགོག་པ་ལ་དམིགས་ནས་ཞི་བའི་རྣམ་པ་ཁོ་ནར་ཡིད་ལ་བྱེད་པ་ཡིན་གྱི་འགོག་པ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པར་ནི་ཡིད་ལ་བྱེད་པ་མ་ཡིན་ཏེ། རིམ་པ་ལྟར་འགོག་པ་ནི་མི་རྟག་པའི་འགོག་པ་དང་ཐུན་མོང་མ་ཡིན་པས་མི་རྟག་པའི་འགོག་པར་དམིགས་ན་བརྟགས་མིན་རྟག་པ་སུན་ཕྱུང་བར་འགྱུར་ལ། དེ་སུན་ཕྱུང་ན་མཚན་མེད་སུན་འབྱིན་བྱེད་སུན་ཕྱུང་བས་སུན་དབྱུང་བྱའི་མཚན་མེད་སུན་ཕྱུང་བར་མི་འགྱུར་བའི་ཕྱིར་དང་། གྱ་ནོམ་པ་ནི་དགེ་བ་ཡིན་ན་བརྟགས་མིན་ལུང་མ་བསྟན་ཡིན་པའི་ཕྱིར་དང་། གཉེན་པོས་སྤང་བྱ་དང་བྲལ་ནས་འཁོར་བ་ལས་ངེས་པར་བྱུང་བ་ནི་ངེས་འབྱུང་ཡིན་ན་བརྟགས་མིན་ནི་གཉེན་པོའི་སྟོབས་ཀྱིས་བྲལ་བ་མ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ཕྱི་མ་གསུམ་པོ་འདི་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ཏེ། ཟག་མེད་འཕགས་ལམ་ལ་(ཡོན་ཏན་དུ་ལྟ་བས་དེ་ལ།) མི་སྡང་གི་འདི་དག་ནི་ཏིང་ངེ་འཛིན་སྔ་མ་གསུམ་ལ་རྒྱབ་ཀྱིས་ཕྱོགས་པས་འཕགས་པའི་ལམ་ལ་སྡང་བས་དོར་བྱ་ཉིད་དུ་ལྟ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་འདི་དག་ལ་རྣམ་པར་ཐར་པ་སུན་འབྱིན་པའི་ཏིང་ངེ་འཛིན་ཞེས་ཀྱང་གྲག་གོ།
རྟེན་ནི་བློ་གསལ་བས་(གླིང་གསུམ་གྱི་)མིའི་ནང་ཁོ་ནར་སྐྱེད་པར་བྱེད་ལ། (སྟེ་མིའི་ལུས་ནི་ན་རྒས་འཆི་བ་ལ་སོགས་པའི་རྟེན་དུ་གྱུར་པས་ནད་ལ་སོགས་པ་དང་འདྲ་བར་འདུ་བྱེད་ཟག་མེད་འཇུག་པ་ལ་ཡང་མི་མཐུན་པའི་འདུ་ཤེས་འདྲེན་ལ། ལྷ་ལ་ནི་མ་ཡིན་ཏེ་ཕལ་ཆེར་ལུས་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །)གང་ཟག་ནི་དབང་པོ་རྣོ་བས་དེ་སྐྱེད་པའི་མཐུ་ཡོད་པའི་ཕྱིར་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ན་ལ་སྐྱེའི་དབང་པོ་རྟུལ་བས་དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་ཏེ། (སློབ་པ་ནི་བྱ་བ་ལྷག་མ་དང་བཅས་པས་འཕགས་ལམ་ལ་མི་སྡང་ལ། དུས་ཀྱི་རྣམ་གྲོལ་ནི་འཕགས་ལམ་རྗེས་སུ་སྲུང་བ་ལ་བརྩོན་པས་དེ་སུན་མི་འབྱིན་ནོ། །ས་ནི་བསམ་གཏན་བཞི་གཟུགས་མེད་གསུམ་འདོད་པ་དང་བཅས་པ་ན་ཡོད།) བསྐྱེད་པར་མི་ནུས་པའི་ཕྱིར་རོ། །དེས་ན་འཕགས་པ་དག་མཐོང་ཆོས་ལ་བདེ་བར་གནས་པར་བྱ་བ་དང་། ཀུན་ཏུ་ཆགས་པའི་གནས་སུ་གྱུར་པ་མི་སློབ་པའི་སྟོང་ཉིད་ལ་སོགས་པའི་ཏིང་ངེ་འཛིན་དེ་དག་ལ་རྒྱབ་ཀྱིས་ཕྱོགས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གཞན་དང་གཞན་དག་ལ་སྙོམས་པར་འཇུག་གོ་ཞེས་སྡེ་པས་འདོད་ལ། ཐེག་པ་གོང་མ་པ་རྣམས་ནི་རྣམ་སྣང་མངོན་བྱང་ལས། སེམས་ནི་རང་དངོས་མེད་ཕྱིར་དང་། འབྲས་བུ་རྒྱུ་རྣམས་སྤངས་ཕྱིར་དང་ཞེས་འབྱུང་བ་བཞིན་དུ་ཆོས་རྣམས་ཀྱི་རང་གི་ངོ་བོ་དང་འབྲས་བུ་དང་རྒྱུས་སྟོང་པ་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པར་འདོད་ལ། དེ་དག་ཀྱང་ཆོས་རྣམས་ཀྱི་རང་གི་ངོ་བོས་སྟོང་པ་ལ་སོགས་པའམ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་ཤེས་པའི་ཏིང་ངེ་འཛིན་ལ་སོགས་པ་ལ་འདོད་པའི་ཕྱིར་ཟག་མེད་དུ་འདོད་དོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་ཀུན་བརྟགས་དང་གཞན་དབང་དང་ཡོངས་གྲུབ་ཀྱི་ཡུལ་ཅན་གསུམ་གྱི་དབང་དུ་བྱས་ནས་སྟོང་ཉིད་སྨོན་མེད་མཚན་མེད་ཀྱི་ཏིང་ངེ་འཛིན་གསུམ་གསུངས་སོ། །དེས་ན་ཐོས་བསམ་ལས་བྱུང་བ་དང་། འཇིག་རྟེན་པའི་སྒོམ་བྱུང་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་གསུམ་རིམ་པ་ལྟར་སྟོང་པ་ཉིད་ལ་སོགས་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་ཡིན་ནོ་ཞེས་གསུངས་སོ། །ས་ནི་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་ཉེར་བསྡོགས་སུ་བདུན་མ་གཏོགས་(ན་ཉེར་བསྡོགས་བདུན་གོང་འོག་ལ་ཞི་རགས་སུ་དམིགས་ནས་འགོས་སུན་འབྱིན་གྱི་འཕགས་ལམ་སུན་མི་འབྱིན་པས་སོ། །)པ་འདོད་པ་དང་བསམ་གཏན་གྱི་ས་དྲུག་དང་གཟུགས་མེད་པ་ས་བཞི་སྟེ་བཅུ་གཅིག་ན་ཡོད་དོ། །
ཡང་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་བསྒོམ་པ་ནི་རྣམ་པ་བཞི་སྟེ། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའང་ཡོད་ཅེས་བྱ་བ་ནས་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་པ་མཐོང་བར་འགྱུར་བའང་ཡོད། ཤེས་རབ་རབ་དུ་རྣམ་པར་འབྱེད་པར་འགྱུར་བའང་ཡོད། ཟག་པ་ཟད་པར་འགྱུར་བའང་ཡོད་ཅེས་བྱ་བའི་བར་དུ་གསུངས་པ་དེ་ལ་ཟག་བཅས་སམ་ཟག་མེད་ཀྱང་རུང་སྟེ། དག་(བདག་པའམ་ཟག་པ་མེད།) པའི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །འདི་ནི་འདོད་པ་ལས་འདས་པའི་དང་པོ་ཡིན་པས་དེ་སྐད་དུ་བཤད་ཀྱི་བསམ་གཏན་གཞན་དག་ཀྱང་མཐོང་ཆོས་ལ་བདེར་གནས་ཡིན་ནོ། །སློབ་དཔོན་གང་སྤེལ་ཀྱི་ཊཱི་ཀ་ལས་ཀྱང་གལ་ཏེ་བསམ་གཏན་ཐམས་ཅད་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་བཞིན་དུ་མདོ་ལས་དང་པོ་ཁོ་ན་དེར་བཤད་ཅེ་ན། རྣལ་འབྱོར་བ་ནི་འདོད་ཁམས་ཉེས་པ་མང་བ་ལས་འདས་པས་དེའི་བདེ་བས་བློ་ལྷག་པར་ཡོངས་སུ་ཚིམ་པས་ཡིན་ཏེ་དཔེར་ན་འབྲོག་ཏུ་ངལ་ཞིང་སྐོམ་པ་ཆུ་རྙོག་པ་ཅན་གྱིས་ཚིམ་པ་བཞིན་ནོ་ཞེས་བཤད་དོ། །ཕྱི་མ་ལ་བདེ་བ་མྱོང་བར་ངེས་པ་ནི་མེད་དེ། ཉམས་པ་དང་། (དེ་སྤངས་ནས།) ཕྱི་མ་ལ་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་དང་། མཐོང་ཆོས་ལ་མྱ་ངན་ལས་འདས་པ་རྣམས་ལ་ཚེ་ཕྱི་མ་ལ་བདེ་བར་གནས་པ་མེད་པའི་ཕྱིར་དང་། ཟག་མེད་ལ་རྣམ་སྨིན་ཀྱང་མེད་པའི་ཕྱིར་རོ། །འཆི་འཕོ་དང་སྐྱེ་བ་ཤེས་པའི་ལྷའི་མིག་གི་མངོན་ཤེས་དང་དེའི་རྗེས་སུ་བྱུང་བའི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་ནི་ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པར་འདོད་དོ། །སྐྱེ་བ་ཤེས་པར་འགྱུར་བ་དང་མཐོང་བར་འགྱུར་བ་གཉིས་ལས་དང་པོ་ནི་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་ཤེས་པ་མིག་གི་མངོན་ཤེས་ཀྱི་རྗེས་སུ་རྒྱུ་བ་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་བཅས་ཡིན་ལ། གཉིས་པ་ནི་ད་ལྟར་གྱི་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་པ་མིག་གི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་པ་མེད་པའོ། །
འོ་ན་མདོ་ལས་ལྷའི་མིག་གི་མངོན་ཤེས་ཤེས་པ་མཐོང་འགྱུར་གྱི་ཏིང་ངི་འཛིན་དུ་བཤད་པ་དང་འགལ་ཏེ། མངོན་ཤེས་ནི་ཤེས་རབ་ཡིན་ལ་དེ་ནི་ཏིང་ངེ་འཛིན་བསྒོམ་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཏིང་ངེ་འཛིན་གྱི་འབྲས་བུ་ལ་རྒྱུ་ཏིང་ངེ་འཛིན་གྱི་མིང་གིས་བཏགས་པ་སྟེ་ལྟེང་ཀ་རྐང་ནད་ཅེས་བརྗོད་པ་བཞིན་ནོ། །ཁ་ཅིག་ན་རེ། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་པས་(མངོན་ཤེས་)འདི་ནི་ཡིད་རྣམ་གྲོལ་གྱི་ལམ་བསམ་གཏན་གྱིས་བསྡུས་པ་མཉམ་གཞག་ཁོ་ན་ཡིན་པས་ཏིང་ངེ་འཛིན་སྒོམ་པ་དངོས་ཡིན་པས་མདོ་དང་འགལ་བ་མེད་དོ་ཞེས་ཟེར་རོ། །ཊཱི་ཀ་བྱེད་དག་ནི་ཕྱོགས་སྔ་མ་ནི་ཆོས་མངོན་པའི་མཛོད་སེམས་པ་རྣམས་ཀྱི་ལུགས་ཡིན་ཏེ། མངོན་ཤེས་མཚན་ཉིད་པ་དང་ཏིང་ངེ་འཛིན་ལ་ཡིད་བསྒོམ་པ་བཏགས་པ་བར་འདོད་ལ། ལུགས་ཕྱི་མ་ལྟར་ན་མིག་གི་མངོན་ཤེས་ཏིང་ངེ་འཛིན་ཡིན་པས་ཏིང་ངེ་འཛིན་བསྒོམ་པ་དངོས་སུ་འདོད་པར་འཆད་དོ། །སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཁམས་གསུམ་གྱིས་བསྡུས་པ་མི་སྡུག་པ་དང་། དབུགས་འབྱུང་རྔུབ་དྲན་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་ཤེས་དང་པོ་ལྔ་དང་། ཟག་བཅས་ཀྱི་རྣམ་ཐར་དང་། ཟིལ་གནོན་ལ་སོགས་པ་ཟག་བཅས་དང་ཟག་མེད་རྣམ་ཐར་སྒོ་གསུམ་དང་། ཐོད་རྒལ་གྱི་སྙོམས་འཇུག་དང་། ཟག་ཟད་ཀྱི་མངོན་ཤེས་ལ་སོགས་རྣམས་ལའང་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ཕྱིར་ཏིང་ངེ་འཛིན་གྱི་མིང་གིས་བཏགས་ནས་བློ་སྟེ་ཤེས་རབ་རབ་ཏུ་རྣམ་པར་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གོང་ནས་གོང་དུ་ཕུལ་དུ་ཕྱིན་པར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཁྱད་པར་དུ་འགྱུར་བའི་ཕྱིར་རོ། །བསམ་གཏན་གྱི་ཡ་མཐའ་བཞི་པས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེས་ཟག་པ་མ་ལུས་པར་ཟད་པར་འགྱུར་བས་ཟག་པ་ཐམས་ཅད་ཟད་པར་འགྱུར་བ་ཏིང་ངེ་འཛིན་སྒོམ་པ་ཞེས་བྱའོ། །(ས་གཞན་ལ་བརྟེན་པའི་རྡོར་ཏིང་ཡང་དེ་ཡིན་མོད་ཀྱང་)ཏིང་ངེ་འཛིན་བཞི་པོ་འདི་དག་བྱེ་བྲག་ཏུ་སྨྲ་བ་ནི་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་རྒྱུད་ལ་ཇི་ལྟར་བསྐྱེད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། འདི་ལྟར་ལས་ཀྱི་མཐའ་ལ་གཟིགས་པའི་ཆེད་དུ་ཞིང་པའི་གྲོང་དུ་བྱོན་པ་ན་ཤིང་འཛམ་བུའི་དྲུང་དུ་བསམ་གཏན་དང་པོ་བསྐྱེད་པ་དང་། དེ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐུན་དང་པོ་ལ་ལྷའི་བུའི་བདུད་བཏུལ་བའི་རྗེས་ལ་ལྷའི་སྤྱན་གྱིས་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་ཉམས་པར་གཟིགས་པ་དང་། དེ་ནས་དེ་དག་བསྐྱབ་པའི་ཕྱིར་གུང་ཐུན་ལ་བསམ་གཏན་དང་རྣམ་པར་ཐར་བ་དང་སྙོམས་པར་འཇུག་པ་རྣམས་བསྐྱེད་པ་དང་། དེའི་རྗེས་ལ་ཐུན་གསུམ་ལ་ལ་བསམ་གཏན་བཞི་པ་ལ་བརྟེན་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་ནས་དེས་ཀུན་སྦྱོར་ཐམས་ཅད་སྤངས་པ་རྣམས་ནི་རིམ་པ་ལྟར་མཐོང་ཆོས་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ཡིན་པའི་ཕྱིར་རོ། །དེས་ན་ཏིང་ངེ་འཛིན་བཞི་ཁོ་ནར་གསུངས་སོ་ཞེས་འདོད་དོ། །
དེ་ལ་བརྟེན་པའི་ཡོན་ཏན་བཤད་པ།
གཉིས་པ་དེ་ལ་བརྟེན་པའི་ཡོན་ཏན་བཤད་པ་ལ་དངོས་དང་། ཁྱད་པར་གྱི་ཆོས་བཤད་པ་གཉིས་ཀྱི་དང་པོ་ལ་བཞི་ལས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ཤིང་འབྲས་བུ་བསོད་ནམས་ཚད་མེད་འབྱུང་བའི་ཚད་མེད་པ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་རྣམ་པ་བཞི་ཡིན་ནོ། །དེ་དག་བཞིར་ངེས་པ་ནི་རིམ་པ་ལྟར་གནོད་སེམས་དང་། སོགས་པས་བསྡུས་པ་རྣམ་པར་འཚེ་བ་དང་། གཞན་གྱི་ཕུན་སུམ་ཚོགས་པ་ལམ་དགའ་བ་དང་། འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་བཏང་སྙོམས་ཀྱིས་འདོད་པའི་འདོད་ཆགས་ཀྱི་གཉེན་པོ་བྱེད་པ་ལྟར་མི་སྡུག་པས་ཀྱང་བྱེད་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁ་དོག་གི་འདོད་ཆགས་དང་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོར་གོ་རིམ་བཞིན་དུ་མི་སྡུག་པ་དང་བཏང་སྙོམས་སོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་ལ། སློབ་དཔོན་ནི་འཁྲིག་པའི་འདོད་ཆགས་གྱི་གཉེན་པོར་མི་སྡུག་པ་དང་། ཉེ་དུ་ལའང་འབྲེལ་མེད་ལྟར་སྒོམ་པས་ཕ་མ་ལ་སོགས་པ་ཉེ་དུའི་འདོད་ཆགས་ཀྱིས་གཉེན་པོར་བཏང་སྙོམས་སོ་ཞེས་བཞེད་དོ། །ཚད་མེད་པའི་ངོ་བོ་ནི་སེམས་ཅན་ལ་ཞེ་སྡང་མེད་པའི་དགེ་བའི་རྩ་བ་ནི་བྱམས་པ་ཡིན་ལ། སྙིང་རྗེ་ཡང་དེ་དང་འདྲ་བར་ཞེ་སྡང་མེད་པའི་དགེ་བའོ། །གཞན་བདེ་བ་དང་ལྡན་པར་ཤེས་ན་ཡིད་བདེ་བ་ནི་དགའ་བ་ཚད་མེད་པ་ཡིན་ལ། བཏང་སྙོམས་ནི་མ་ཆགས་པའི་རང་བཞིན་གྱི་དགེ་བའོ། །
འོ་ན་དེ་གནོད་སེམས་ཀྱི་གཉེན་པོར་ཇི་ལྟར་འགྱུར་ཞེ་ན། དེའི་སྤང་བྱའི་གནོད་སེམས་ནི་ཆགས་པས་དྲངས་པའི་གནོད་སེམས་ཡིན་པའི་ཕྱིར་འགྱུར་རོ། །སློབ་དཔོན་ནི་འདོད་ཆགས་དང་གནོད་སེམས་གཉིས་ཀའི་གཉེན་པོར་འགྱུར་བ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་གཉིས་ཀའི་རང་བཞིན་ཡིན་ན་རུང་བས་གཉིས་ཀའི་རང་བཞིན་དུ་བཞེད་དོ། །དེ་ཡང་ཆོས་གཅིག་ལ་གཉིས་ཀའི་རང་བཞིན་ཡིན་པར་ནི་མི་གཟུང་གི་(བར་མ་གནས་པའི་)མ་ཆགས་པ་དང་ཞེ་སྡང་མེད་པ་སོ་སོ་ལ་བཏང་སྙོམས་སུ་བརྗོད་པའོ། །དེ་དག་གི་རྣམ་པ་ནི་གོ་རིམ་བཞིན་དུ་ཀྱེ་མ་སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག་སྙམ་པ་དང་། ཡིད་དགའ་བ་དང་ལྡན་པར་གྱུར་ཅིགཉེ་རིང་དང་ཆགས་སྡང་མེད་པར་མཉམ་པར་བྱའོ་སྙམ་དུ་ཡིད་ལ་བྱེད་ཅིང་དེ་དག་ལ་སྙོམས་པར་འཇུག་པའོ། །གལ་ཏེ་སེམས་ཅན་རྣམས་བདེ་བ་ལ་སོགས་པ་དང་མི་ལྡན་པ་ལ་བདེ་བ་ལ་སོགས་པར་ཡིད་ལ་བྱེད་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ལ། ཕྱིན་ཅི་ལོག་ཀྱང་མི་དགེ་བ་ཡིན་པའི་ཕྱིར་ཇི་ལྟར་དགེ་བར་འགྱུར་ཞེ་ན། སྡུག་བསྔལ་ལ་སོགས་པ་ལ་བདེ་བའོ་སྙོམ་དུ་ཤེས་པ་ལ་སོགས་པ་ནི་མ་ཡིན་གྱི། འོན་ཀྱང་སྡུག་བསྔལ་བའི་སེམས་ཅན་འདི་དག་བདེ་བར་གྱུར་ཅིག་ཅེས་མོས་པ་ཡིད་ལ་བྱེད་པའི་ཕྱིར་དགེ་བ་ཡིན་ནོ། །དེ་ལྟ་ནའང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་མི་སྲིད་པའི་ཕྱིར་ཕྱིན་ཅི་ལོག་པར་མོས་པ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་བསམ་པ་བཟང་བའི་ཕྱིར་དང་། གནོད་སེམས་ལ་སོགས་པ་མི་དགེ་བའི་གཉེན་པོ་བྱེད་པའི་ཕྱིར་དང་། གཅིག་ཏུ་སེམས་ཅན་ལ་ཕན་པར་ཞུགས་པའི་ཕྱིར་དགེ་བ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་ལས། གཞན་ལ་གཅིག་ཏུ་ཕན་པ་བདེ། །མི་ཕན་ཕྱིར་ན་ཅིག་ཤོས་མིན། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་པ་ལ་སོགས་པ་ནི་མོས་པའམ་འདུན་པའི་རང་བཞིན་ཡིན་པའི་ཕྱིར་དང་། བྱམས་པ་ལ་སོགས་པའང་ཞེ་སྡང་མེད་པ་ལ་སོགས་པ་སེམས་ལས་བྱུང་བ་གཞན་ལ་འདོད་པའི་ཕྱིར་ཇི་ལྟར་དེ་དག་གི་རྣམ་པར་འགྱུར་ཞེ་ན། བདེན་མོད་ཀྱི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་འདུན་པ་དང་མཚུངས་པར་ལྡན་པའི་ཞེ་སྡང་མེད་པ་ལ་འདོད་པའི་ཕྱིར་སྐྱོན་མེད་དོ། །
ཚད་མེད་པ་འདི་དག་གི་སྤྱོད་ཡུལ་ཏེ་དམིགས་པ་ནི། འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཡིན་ཏེ། འདོད་པའི་སེམས་ཅན་ལ་དམིགས་པའི་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །མདོ་ལས། དེ་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པ། ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་ནི་བྱམས་པ་དང་མཚུངས་ལྡན་གྱི་སེམས་ནི་བྱམས་པ་དང་ལྡན་པའི་སེམས་ཡིན་ལ། དེ་ཉིད་རིམ་པ་ལྟར་ཉེ་བའི་ཉོན་མོངས་པ་ཁོན་འཛིན་དང་། ཕྲག་དོག་དང་། ཞེ་སྡང་གི་གཉེན་པོ་ཡིན་པས་ཁོན་མེད་པ་ལ་སོགས་པ་གསུམ་དང་། དེ་ཉིད་ཀྱི་འབྲས་བུ་ཆེ་བས་ཡངས་པ་དང་། ས་གཟུགས་ན་སྤྱོད་པ་ཡིན་པས་རྒྱ་ཆེན་པོར་གྱུར་པ་དང་། སེམས་ཅན་ཚད་མེད་པ་ལ་དམིགས་པས་ཚད་མེད་པ་དང་། མི་མཐུན་ཕྱོགས་སྤངས་པས་ཤིན་ཏུ་བསྒོམས་པའོ། །དེ་ལྟར་ན་ཁོན་མེད་པ་ལ་སོགས་པ་ཚིགས་གསུམ་དང་། གཅིག་དང་། གཅིག་དང་། གཅིག་དང་། གཅིག་གིས་རིམ་པ་ལྟར་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པ་དང་། འབྲས་བུ་དང་། ས་དང་། དམིགས་པ་དང་། རྣམ་པར་དག་པའི་ཕན་ཡོན་གྱི་སྒོ་ནས་བྱམས་པ་དེ་བསྟན་པ་ཡིན་ནོ། །ཕྱོགས་གཅིག་ཏུ་ཞེས་པ་ནི་གནས་ཕྱོགས་ཀྱིས་མཚོན་ནས་གནས་པ་པོ་ཕྱོགས་ཅན་གྱི་སེམས་ཅན་སྟོན་པའོ། །མོས་པ་ཡིན་ལ་བྱེད་པ་ཡིན་པས་མོས་ཏེའོ། །སེམས་ཅན་ཐམས་ཅད་ལ་ཅིག་ཅར་མོས་པར་བྱེད་པས་ཁྱབ་པར་བྱས་ནས་སོ། །དངོས་གཞིའི་སྙོམས་འཇུག་ཐོབ་པས་ན་རྫོགས་པར་བྱས་ཏེའོ། །དུས་ཡུན་རིང་པོར་རྗེས་སུ་འཇུག་པས་ན་གནས་སོ་ཞེས་གསུངས་སོ་ཞེས་རྣམ་བཤད་རིགས་པ་ལས་བཤད་དོ། །དེ་དག་གིས་ནི་དགའ་བ་ཚད་མེད་པ་ནི་ཡིད་བདེ་ཡིན་པས་བསམ་གཏན་སྔ་མ་གཉིས་ན་ཡོད་ལ། ཚད་མེད་པ་གཞན་གསུམ་ནི་མཉམ་གཞག་ཁོ་ན་ཡིན་པས་མི་ལྕོགས་མེད་ཀྱང་གསལ་བས་དངོས་གཞི་དང་འདྲ་བས་བསམ་གཏན་གྱི་ས་དྲུག་ན་ཡོད་པར་ཁ་ཅིག་འདོད་ཅིང་། ཁ་ཅིག་དངོས་གཞི་ཁོ་ན་ཡིན་པས་བསམ་གཏན་ཁྱད་པར་ཅན་དང་དངོས་གཞི་བཞི་སྟེ་ལྔ་ན་ཡོད་པར་འདོད་ལ། ཁ་ཅིག་མཉམ་པར་མ་བཞག་པ་དང་སྦྱོར་བའང་སྨོས་ཏེ། འདོད་པ་དང་བསམ་གཏན་གྱི་ཉེར་བསྡོགས་བཞི་དང་དངོས་གཞི་ལྔ་སྟེ་བཅུ་ན་ཡོད་པར་འདོད་དོ། །
འོ་ན་གནོད་སེམས་ལ་སོགས་གཉེན་པོའི་ཕྱིར་ཞེས་གང་བཤད་པ་ཅི་བྱམས་པ་ལ་སོགས་པས་ཉོན་མོངས་པ་དངོས་སུ་སྤོང་ངམ་ཞེ་ན། ཚད་མེད་བཞི་པོ་དེ་ཡིས་གནོད་སེམས་ལ་སོགས་པ་དངོས་སུ་མི་སྤོང་སྟེ། བསམ་གཏན་དག་པ་པ་དངོས་གཞིའི་ས་པ་ཡིན་ལ། དག་པ་པའི་དངོས་གཞིས་ནི་ཉོན་མོངས་པ་མི་སྤོང་ངོ་ཞེས་བཤད་ཟིན་པའི་ཕྱིར་དང་། (སྤོང་ལམ་མིན་པའི་ཕྱིར་དང་།) དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཉོན་མོངས་སྤང་བ་ཡིན་པ་ལ་འདི་དག་མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པས་ཉོན་མོངས་སྤང་པ་ཡིན་པ་ལ་འདི་དག་སེམས་ཅན་ལ་དམིགས་པས་ཉི་ཚེ་བ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས་ཀྱང་། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར་། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་བཤད་དོ། །འོན་ཀྱང་དེ་དག་གི་སྦྱོར་བས་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པའི་ཕྱིར་དང་། དངོས་གཞིས་སྤངས་པ་ཐག་སྲིང་བར་བྱེད་པའི་ཕྱིར་གནོད་སེམས་ལ་སོགས་པའི་གཉེན་པོར་བཤད་དོ། །ཉོན་མོངས་པ་སྤོང་བ་ནི་གལ་ཏེ་འཇིག་རྟེན་པའི་ལམ་གྱིས་སྤོང་ན་ནི་ཉེར་བསྡོགས་ཀྱིས་སྤོང་བ་ཡིན་ལ། འོན་ཏེ་(མགོ་མནན་པ་དེ་དག)འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་ན་ནི་བདེན་པ་རྟོགས་པའི་སྤོང་ལམ་གྱིས་(དངོས་སུ་རྩ་བ་ནས།) སྤོང་བ་ཡིན་པའི་ཕྱིར་རོ། །འོན་ཀྱང་བྱམས་སོགས་གསུམ་འདོད་པ་དང་ཉེར་བསྡོགས་ན་ཡོད་པར་འདོད་པ་ལྟར་ན་ནི་སྦྱོར་བ་དང་དམིགས་རྣམ་དང་ངོ་བོ་དངོས་གཞིའི་ཚད་མེད་དང་འདྲ་ཞིང་། དེ་དག་གི་སྦྱོར་བས་ཉོན་མོངས་པ་རྣམས་རྣམ་པར་མནན་ནས་སྤོང་ལམ་བར་ཆད་མེད་པའི་ལམ་(འདོད་ཆགས་དང་བྲལ་ཏེ་དངོས་གཞི་ཐོབ་ནས་དངོས་གཞིས་བསྡུས་པའི་ཚད་མེད་རྙེད་པའི་ཕྱིར་གནོད་སེམས་ལ་སོགས་པའི་རྐྱེན་སྟོབས་ལྡན་གྱིས་ཀྱང་མི་རྗིའོ། །)རྣམས་ཀྱིས་དངོས་སུ་སྤོང་ངོ་། །
འདི་སྒོམ་པའི་ཚུལ་ནི་སྒོམ་པ་པོ་ཉོན་མོངས་ཆུང་ན་ཇི་ལྟར་རང་ཉིད་ཀྱི་རྒྱུད་ལ་བདེ་བ་ཡོད་པའམ། གཞན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དགྲ་བཅོམ་པ་ལ་སོགས་པའི་རྒྱུད་ལ་བདེ་བ་མངའ་བར་ཐོས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་ཅིག་ཅར་མོས་པར་བྱེད་དོ། །གལ་ཏེ་ཉོན་མོངས་པའི་འཇུག་པ་ཤས་ཆེ་བས་སེམས་ཅན་ཐམས་ཅད་ལ་དེ་ལྟར་མོས་པར་མི་ནུས་ན་ནི་སེམས་ཅན་ལ་མཛའ་བོ་དང་། ཐ་མལ་པ་དང་། དགྲ་བོའི་ཕྱོགས་གསུམ་དུ་དབྱེ་ཞིང་། མཛའ་བོའང་ཆེ་འབྲིང་ཆུང་ངུ་གསུམ་དུ་ཕྱེ་ལ། དང་པོར་བསྐྱེད་སླ་བས་མཛའ་བོ་ཆེ་འབྲིང་ཆུང་ངུ་གསུམ་ལ་རིམ་གྱིས་མོས་པར་བྱེད་ལ། གལ་ཏེ་གསུམ་ག་ལ་བྱམས་པ་མཉམ་པོར་ཐོབ་ན་དེ་ནས་ཐ་མལ་པ་དང་། དེ་ནས་དགྲ་བོའི་ཕྱོགས་ལའང་ཆུང་འབྲིང་ཆེན་པོ་གསུམ་དུ་ཕྱེ་ནས་ཆུང་འབྲིང་ཆེན་པོ་གསུམ་ལ་རིམ་གྱིས་ཁྱབ་པར་བྱེད་ཅིང་གལ་ཏེ་དགྲ་བོ་ཆེན་པོ་ལ་མཛའ་བོ་ཆེན་པོ་ལྟར་བདེ་བར་མོས་པ་མི་ལྡོག་པར་གྱུར་ན། དེ་ནས་རིམ་གྱིས་ཁྱིམ་དང་གྲོང་དང་ཡུལ་ཕྱོགས་གཅིག་གི་སེམས་ཅན་དང་། དེ་ནས་རིམ་གྱིས་ཕྱོགས་གཅིག་ནས་འཇིག་རྟེན་ཐམས་ཅད་ཀྱི་བར་དུ་བྱམས་པས་རྒྱས་ཤིང་ཁྱབ་པར་བྱེད་དོ། །དེ་ཡང་དགེ་རྩ་ཆད་པ་དང་རང་རྒྱལ་ལའང་སྔོན་གྱི་བསོད་ནམས་དང་དེ་མ་ཡིན་པའི་དབང་གིས་རིམ་པ་ལྟར་(རང་སངས་རྒྱས་)གཟུགས་བཟང་ངན་ལ་སོགས་པ་དམིགས་པས་སེམས་ཅན་རྣམས་ལ་སྐྱོན་ཡོན་གཉིས་ཀ་ཡོད་ཀྱང་ཡོན་ཏན་གྱི་ཆ་ནས་བསམས་ན་བྱམས་པ་མྱུར་དུ་སྐྱེ་བས་སྐྱོན་ནི་བསམ་པར་མི་བྱ་སྟེ། འགྲེལ་པ་ལས། གང་ཞིག་ཐམས་ཅད་དུ་ཡོན་ཏན་འཛིན་པ་དེ་ནི་བྱམས་པ་མྱུར་དུ་སྐྱེད་པར་བྱེད་དོ། །སྔོན་གྱི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འབྲས་བུ་སྣང་བའི་སྒོ་ནས་དགེ་བའི་རྩ་བ་ཀུན་དུ་ཆད་པ་ལའང་ཡོན་ཏན་གཟུང་བར་ནུས་ལ། རང་སངས་རྒྱས་ལའང་སྐྱོན་གཟུང་བར་ནུས་སོ་ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་སྡུག་བསྔལ་རྣམ་པ་མང་པོའི་ཆུ་བོར་བྱིང་ཞིང་མངོན་པར་དགའ་བ་དང་མི་ལྡན་པ་འདི་རྣམས་སྡུག་བསྔལ་ལས་མྱུར་དུ་ཐར་པ་དང་། མངོན་པར་དགའ་བ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་དུ་མོས་པས་སྙིང་རྗེ་དང་དགའ་བ་ལའང་སྒོམ་པར་བྱེད་ལ། བཏང་སྙོམས་ནི་དང་པོ་ཐ་མལ་པའི་ཕྱོགས་ལ་བརྩམས་ནས་མཐར་དགྲ་དང་གཉེན་ལ་མཚུངས་པར་ལྟ་བ་ཡིན་ནོ། །ཚད་མེད་པ་བཞི་པོ་འདི་དག་ནི་དང་པོ་བློ་གསལ་བས་མི་དག་གི་ནང་དུ་བསྐྱེད་ཀྱི་གཞན་དུ་ནི་མ་ཡིན་ཏེ། དེ་དག་བློ་མི་གསལ་བས་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །
ཅི་ཚད་མེད་དེ་དག་གཅིག་དང་ལྡན་པ་དེ་ངེས་པར་ཐམས་ཅད་དང་ལྡན་ནམ་ཞེན། ཐམས་ཅད་ནི་མ་ཡིན་གྱི་འོན་ཀྱང་དགའ་བ་མ་གཏོགས་པ་གསུམ་ནི་གཅིག་ལྡན་ན་གཞན་གཉིས་ཀྱང་ལྡན་པས་གཅིག་ཡོད་ན་ངེས་པར་གསུམ་གསུམ་དང་ལྡན་ལ། དགའ་བ་ནི་ཡིད་བདེ་ཡིན་པས་དེ་ནི་བསམ་(དང་གཞན་གྱིས་འདོམས་པ་ལ་ལྟོས་པའི་ཕྱིར།) གཏན་གསུམ་པ་དང་བཞི་པའི་ས་ལ་མི་ལྡན་པའི་ཕྱིར་རོ། །འདི་ཡང་ཐོབ་པ་ལ་བསམས་ཀྱི་མངོན་གྱུར་ནི་རྣམ་པ་འགལ་བས་རེ་རེ་དང་ལྡན་པ་ཡིན་ནོ། །ཡང་མདོ་ལས། ནད་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའི་ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པོའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ་ཞེས་པ་དང་། དེ་བཞིན་དུ་གཟུགས་མེད་པ་བཞི་དང་། རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ་ཞེས་རྣམ་པར་ཐར་པ་བརྒྱད་གསུངས་པ་ལས་རྣམ་ཐར་དང་པོ་གཉིས་ནི་རྣམ་པར་སྡོས་པ་ལ་སོགས་པའི་རྣམ་པར་ལྟ་བའི་ཕྱིར་མི་སྡུག་པའི་རང་བཞིན་ཡིན་ཏེ། འདིའི་ངོ་བོ་མ་ཆགས་པ་དང་། དམིགས་པ་འདོད་པར་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ནི་(མི་སྡུག་མ་ཆགས་པ་སོགས་སུ་)སྔར་མི་སྡུག་པར་བཤད་པ་བཞིན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། མི་སྡུག་པ་ནི་ས་བཅུ་པ་ཡིན་ལ། རྣམ་ཐར་དང་པོ་གཉིས་ནི་བསམ་གཏན་གཉིས་པ་ཡན་ཆད་ན་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་མེད་དེ། གང་ཡུལ་ལ་འདོད་ཆགས་དང་བྲལ་བ་དེ་ནི་ཡུལ་ཅན་ཤེས་པ་ལས་ཀྱང་འདོད་ཆགས་དང་བྲལ་ཏེ་སྣ་ལྕེའི་རྣམ་ཤེས་བཞིན་ནོ། །(བསམ་གཏན་ཕྱི་མ་གསུམ་ན་ནང་གི་དབང་པོ་གཟུགས་ཅན་ལ་ཆགས་པ་ཡོད་དོ། །རྣམ་ཐར་འདི་གསུམ་བསམ་གཏན་གསུམ་པར་ཅིའི་ཕྱིར་མ་བཞག་ཅེ་ན། རང་གི་སྤང་བྱ་གཉིས་པའི་ཁ་དོག་གི་འདོད་ཆགས་མེད་པས་མི་སྡུག་པའི་རྣམ་ཐར་མེད་ལ།) བསམ་གཏན་གཉིས་པ་ལ་སོགས་པ་ནའང་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་ཊཱི་ཀར་བཤད་པས་གོ་རིམ་བཞིན་དུ་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པས་བསམ་གཏན་སྔ་མ་གཉིས་ཁོ་ན་ན་ཡོད་དོ། །དེ་ཡང་དངོས་གཞིས་བསྡུས་པའི་དག་པ་པ་དང་། མོས་པ་ཡིད་ལ་བྱེད་པ་ཡིན་པས་རྣམ་པར་གནོན་པ་ཙམ་མམ་ཐག་སྲིང་བའི་གཉེན་པོ་ཡིན་གྱི་དངོས་སུ་སྤོང་བ་ནི་མ་ཡིན་ནོ། །
དེ་ལ་ནང་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་ནི་(གཟུགས་ཀྱིས་སེམས་ཐོབ་པ་གང་ཞིག)གཟུགས་ལས་འདོད་ཆགས་དང་མ་བྲལ་བ་དང་བྲལ་བའམ། ཊཱི་ཀར་རང་ཉིད་ཀྱི་གཟུགས་ཀྱི་འདུ་ཤེས་མ་བཤིག་པ་དང་བཤིག་ནས་ཕྱི་རོལ་ཀྱི་གཟུགས་ལ་ལྟ་བ་ཡིན་པར་བཤད་པའམ། ཡང་ན་ཀུན་ལས་བཏུས་ཀྱི་འགྲེལ་པར་གཟུགས་མེད་པའི་སྙོམས་འཇུག་ལ་བརྟེན་ནས་ལྟ་བ་པོ་བདག་ཉིད་ལ་གཟུགས་སུ་འདུ་ཤེས་མངོན་དུ་བྱེད་པ་དང་གཟུགས་ཀྱི་འདུ་ཤེས་སྤངས་ནས་མིང་བཞིའི་འདུ་ཤེས་མངོན་དུ་བྱེད་པ་ལ་རིམ་པ་བཞིན་བཤད་དོ། །གསུམ་པ་སྡུག་པའི་རྣམ་ཐར་ནི་བསམ་གཏན་གྱི་ཡ་མཐའ་བཞི་པ་ན་ཡོད་ཅིང་། དེ་ཡང་ངོ་བོ་ཆགས་པའི་གཉེན་པོ་ཡིན་པས་གཙོ་བོ་མ་ཆགས་པ་ཡིན་གྱི་སྡུག་པའི་རྣམ་པ་ཅན་ཡིན་པས་མི་སྡུག་པ་ནི་མ་ཡིན་ནོ། །དེས་ན་གཟུགས་ཡིད་དུ་འོང་བ་སྤྲུལ་ནས་སྡུག་པར་ལྟ་ཞིང་དེ་ཉིད་ཏིང་ངེ་འཛིན་གྱི་ལུས་ཀྱིས་མངོན་སུམ་དུ་བྱེད་པས་ན་མེད་དེ་སྐད་ཅེས་བྱའོ། །(སྔ་མ་གཉིས་ཏེ་གསུམ་པོ།) དེ་དག་འཁོར་དང་བཅས་ན་ནི་རྗེས་འབྲང་གི་གཟུགས་ཡོད་པས་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །(བདེ་བས་གཡོ་བར་བྱས་པས་བདེ་བས་རྒྱབ་ཀྱིས་ཕྱོགས་པ་མི་སྲིད་པས་སྡུག་པའི་རྣམ་ཐར་ཡང་མེད་པའི་ཕྱིར་རོ། །འོ་ན་གསུམ་པའི་ཁ་དོག་ལ་ཆགས་པ་མེད་པས་བཞི་པར་ཡང་དེ་ཇི་ལྟར་ཡོད་ཅེ་ན། དེ་ན་དེ་སྐྱེད་པའི།) དགོས་པ་ནི་མི་སྡུག་པ་བསྒོམས་པས་ཡིད་ཞུམ་པར་རབ་ཏུ་དགའ་བས་གཟེངས་བསྟོད་པ་དང་། སྡུག་པ་སྤྲུལ་པ་ལ་ཆགས་པ་སྐྱེན་རྣམ་ཐར་དང་པོ་གཉིས་མ་གྲུབ་པ་ཡིན་ལ་མི་སྐྱེ་ན་གྲུབ་པ་ཡིན་པས་དེ་བརྟག་པའི་ཡང་ཕྱིར་རོ། །བསམ་གཏན་དང་པོ་གསུམ་དུ་སྡུག་པའི་རྣམ་ཐར་མི་སྟོན་པ་ནི་ས་དེ་དག་ན་དགའ་བ་དང་བདེ་བ་ཡོད་པས་སྡུག་པར་ཡིད་ལ་བྱས་ན་ཡུལ་དེ་ལ་དགའ་བ་དང་སྲེད་ན་མ་ཆགས་པར་མི་འགྲུབ་པའི་ཕྱིར་རམ། སྐྱོན་དང་བཅས་པའི་བསམ་གཏན་ཡིན་པས་དེ་མི་འགྲུལ་པའི་ཕྱིར་རོ་སྙམ་དུ་བསམས་སོ། །(རྣལ་འབྱོར་པ་རྣམས་རྒྱུ་མཚན་གཉིས་ཀྱིས་རྣམ་ཐར་དང་ཟིལ་གནོན་ལ་སོགས་བ་བསྐྱེད་དེ། ཉོན་མོངས་ཐག་སྲིང་བའི་ཕྱིར་དང་། སྙོམས་འཇུག་ལ་དབང་འབྱོར་བར་བྱ་བའི་ཕྱིར་རོ། །དེ་ལ་དབང་ནས་ས་ལ་སོགས་པ་གསེར་ལ་སོགས་པར་བསྒྱུར་བ་དགདངོས་པོ་བརྟན་པ་དུས་འདི་སྲིད་དུ་གནས་པར་གྱུར་ཅིག་ཅེས་མོས་པ་ལྟར་འགྲུབ་པས་བྱིན་གྱིས་རློབ་པ་དང་། ཚེ་གཏོང་འཇོག་དང་། རྡུལ་ཕྲན་དུ་རི་རབ་འཇུག་པ་ལ་སོགས་པ་བྱེད་ལ། གཉིས་ཀས་ཀྱང་ཉོན་མོངས་མེད་དང་སྨོན་ནས་ཤེས་དང་ཡང་དག་རིག་བཞི་ལ་སོགས་དང་འཕགས་པའི་རྗུ་འཕྲུལ་འགྲུབ་པར་བྱེད་དོ། །)གཟུགས་མེད་པའི་མཉམ་གཞག་དགེ་བ་དག་པ་པ་དང་ཟག་མེད་རྣམས་ཁོ་ན་རྣམ་ཐར་ཡིན་གྱི་ཉོན་མོངས་ཅན་དང་མཉམ་པར་མ་བཞག་པ་འཆི་བའི་སྲིད་པའི་སེམས་ལྟ་བུའང་མ་ཡིན་ནོ། །(འདི་དགེ་བ་ཁོ་ན་ཡིན་པས་སོ། །)
ཁ་ཅིག་གཟུགས་མེད་དེ་དག་ན་རྣམ་སྨིན་སྐྱེས་ཀྱི་སེམས་དང་སེམས་བྱུང་རྣམས་ལ་བསམས་ནས་འཆི་བའི་སེམས་ལས་གཞན་པའི་མཉམ་པར་མ་བཞག་པའི་སེམས་ཀྱང་ཡོད་པར་འདོད་དོ། །ཕྱོགས་སྔ་མ་ལྟར་ན་ནི་གཟུགས་མེད་མཉམ་པར་མ་བཞག་པ་ནི་འཆི་བའི་སྲིད་པའི་གནས་སྐབས་ཀྱི་སེམས་དང་སེམས་བྱུང་ཁོ་ན་ཡིན་པར་འདོད་དོ། །གཟུགས་མེད་ཀྱི་དངོས་གཞིར་མ་ཟད་ཉེར་བསྡོགས་ཀྱི་རྣམ་གྲོལ་གྱི་ལམ་གྱིས་ཀྱང་རྣམ་ཐར་ཀྱི་མིང་ཐོབ་ཀྱི་བར་ཆད་མེད་པའི་ལམ་གྱིས་ནི་རྣམ་ཐར་གྱི་མིང་མི་འཐོབ་སྟེ། རྣམ་ཐར་ནི་འོག་ས་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ན་དེ་ནི་ས་འོག་མ་ལ་དམིགས་པའི་ཕྱིར་རོ། །(དེ་ཡང་དང་པོ་གཉིས་ཁ་དོག་གི་འདོད་ཆགས་ལ་དང་། གསུམ་པ་ནི་མི་སྡུག་པ་ལ་དང་། གཟུགས་མེད་ནི་དམིགས་པ་འོག་མ་དག་ལ་རྒྱབ་ཅིང་ཕྱོགས་པའི་ཕྱིར་རོ། །)རྣམ་ཐར་བརྒྱད་པ་འགོག་པའི་རྣམ་ཐར་ནི་གནས་གཉིས་པར་བཤད་པའི་འགོག་པའི་སྙོམས་པར་འཇུག་པའོ། །འདི་དག་ལ་ཅིའི་ཕྱིར་རྣམ་པར་ཐར་པ་ཞེས་བྱ་ཞེ་ན། དང་པོ་གཉིས་དང་གསུམ་པ་དང་གཟུགས་མེད་རྣམས་དང་འགོག་པ་རྣམས་ནི་གོ་རིམ་བཞིན་དུ་ཁ་དོག་གི་འདོད་ཆགས་དང་། ཞུམ་ཞིང་ཆགས་པ་དང་། གཟུགས་ཀྱི་འདུ་ཤེས་དང་། འདུ་ཤེས་དང་ཚོར་བའམ། འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གཞན་དག་ན་རེ་འགོག་པ་ནི་སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ་ཞེས་ཟེར་རོ། །དེ་ལ་སྙོམས་འཇུག་གི་སྒྲིབ་པ་ནི་སྒྲིབ་པ་གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞིའང་སྐྱེད་པར་མི་བྱེད་པ་དེ་ཡིན་ནོ་ཞེས་ཊཱི་ཀ་བྱེད་དག་འཆད་དོ། །འགོག་པ་དེ་ལ་འཇུག་པའི་སེམས་ནི་ཁམས་གསུམ་ན་ཤིན་ཏུ་ཕྲ་བ་སྲིད་རྩེ་ཡིན་ལ་དེ་ཉིད་ཀྱང་(འགོག་པ་ལ་དམིགས་ནས་)ཆེས་ཕྲ་བར་བྱས་པའི་མཇུག་ཐོགས་སུ་སྙོམས་པར་འཇུག་སྟེ་(སེམས་རྒྱུན་གཅོད་དགོས་པའི་ཕྱིར་རོ། །)ལྡང་བ་ན་ནི་འཕེན་པ་ཇི་ལྟ་བ་བཞིན་དུ་སྲིད་རྩེ་རང་གི་ས་པའི་དག་པ་པ་དང་འོག་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་འཕགས་པ་ཟག་པ་མེད་པའི་སེམས་ཀྱིས་འགོག་པ་དེ་ལས་ལྡང་བར་འགྱུར་ཏེ། དེ་ལྟར་ན་འགོག་པའི་སྙོམས་འཇུག་དང་དེ་ལ་སྙོམས་འཇུག་པར་འཇུག་སེམས་ནི་སྲིད་རྩེ་བ་ཡིན་པས་ཟག་བཅས་ཁོ་ན་ཡིན་ལ། ལྡང་སེམས་ནི་ཟག་བཅས་ཟག་མེད་གཉིས་ཀ་ཡིན་ནོ། །
རྣམ་ཐར་འདི་དག་ལས་དང་པོ་གསུམ་ལས་སྔ་མ་གཉིས་ནི་འདོད་པར་གཏོགས་པའི་སྣང་བ་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་མི་འོང་བ་དང་གསུམ་པ་ནི་ཡིད་དུ་འོང་བའི་ཡུལ་ཅན་ཡིན་ནོ། །གལ་ཏེ་འདི་དག་ཏིང་ངེ་འཛིན་ལ་བརྟེན་ནས་སྤྲུལ་པ་མ་ཡིན་ནམ་ཞེ་ན། ཡིན་མོད་ཀྱི་འདོད་པར་གཏོགས་པ་སྤྲུལ་པ་ཡིན་ནོ། །གང་དག་གཟུགས་ཅན་མིན་པའི་རྣམ་ཐར་བཞི་པོ་དེ་དག་གི་སྤྱོད་ཡུལ་ཏེ་དམིགས་པ་ནི་ས་གོང་མ་པ་དང་རག་གི་ས་པའི་སྡུག་བསྔལ་དང་། སོགས་པས་བསྡུས་པ་ཀུན་འབྱུང་དང་འགོག་པ་དང་། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་གྱི་བདེན་པ་ས་གོང་མ་དང་འོག་མ་དང་རང་གི་ས་པའི་ཐམས་ཅད་དང་། རྩ་བར་མ་སྨོས་ཀྱང་གཟུགས་མེད་ཀྱི་རྣམ་ཐར་དེ་དག་མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་པ་སྲིད་པས་དེ་དག་མི་(འདི་ནི་ཉེར་བསྡོགས་གོང་མ་བདུན་མ་གཏོགས་པ་ས་བཅུ་པོར་བཤད།) སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་པའི་ཕྱིར་སོ་སོར་མ་བརྟགས་པས་འགོས་པའང་ཡིན་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དམིགས་པ་ནི་འདུས་མ་བྱས་ནམ་མཁའང་ཡིན་ནོ། །བསམ་གཏན་གསུམ་པར་རྣམ་ཐར་མ་བཞག་པ་ནི་བསམ་གཏན་གཉིས་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་པའི་ཕྱིར་དང་། བདེ་བ་མཆོག་ཏུ་གྱུར་པའི་སྙིང་པོས་བསྐྱོད་པས་གཡོ་བའི་ཕྱིར་རོ། །དེ་ལྟར་ན་བསམ་གཏན་གསུམ་པ་ནའང་ཁ་དོག་གི་འདོད་ཆགས་མེད་པས་བསམ་གཏན་བཞི་པར་སྡུག་པའི་རྣམ་ཐར་ཅིའི་ཕྱིར་སྐྱེད་ཅེ་ན། དེ་ནི་མི་སྡུག་པས་རྒྱུད་ཞུམ་པ་རབ་ཏུ་དགའ་བར་བྱ་བ་དང་བརྟག་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གཟུགས་མེད་དང་པོ་གསུམ་ནི་ཟག་བཅས་ཟག་མེད་གཉིས་ཀ་ཡིན་ཏེ། དེ་དག་མཉམ་གཞག་དགེ་བ་ཡིན་པས་དེ་ལ་གཉིས་ཀ་ཡོད་པའི་ཕྱིར་དང་། བདེན་པ་ལ་དམིགས་པར་བཤད་པའི་ཕྱིར་རོ། །
འོ་ན་རྣམ་ཐར་དང་ཟིལ་གནོན་ལ་སོགས་པ་འདི་དག་ལ་དགོས་པ་ཅིའི་ཕྱིར་སྙོམས་པར་འཇུག་ཅེ་ན། ཐག་སྲིང་གི་གཉེན་པོ་ཡིན་པས་ཉོན་མོངས་པ་ཐག་སྲིང་བ་དང་། སྙོམས་འཇུག་ལ་དབང་ཐོབ་པར་བྱ་བ་གཉིས་ཀྱི་ཕྱིར་ཏེ། ཉོན་མོངས་པ་ཐག་མ་བསྲིངས་ཤིང་སྙོམས་འཇུག་ལ་དབང་མ་ཐོབ་ན་ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་དང་། གང་གི་ས་ལ་སོགས་པ་གསེར་ལ་སོགས་པར་ཡོད་པའི་དངོས་པོ་བསྒྱུར་བ་དང་། དེ་ཉིད་དུས་རིང་པོར་གནས་པར་བྱིན་གྱིས་རློབ་པ་དང་། སྐུ་ཚེ་གཏོང་འཇོག་དང་། རི་རབ་རྡུལ་ཕྲན་དུ་འཇུག་པར་བྱེད་པ་ལ་སོགས་པ་འཕགས་པའི་རྫུ་འཕྲུལ་མི་འགྲུབ་པས་དེ་དག་མངོན་པར་སྒྲུབ་པར་བྱ་བའི་ཆེད་དུའོ། །
ཡང་ཅིའི་ཕྱིར་རྣམ་ཐར་གསུམ་པ་དང་བརྒྱད་པ་ཁོ་ན་ལ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་ཞེས་བཤད་ལ། གཞན་དག་ལ་ནི་མ་ཡིན་ཞེ་ན། གོ་རིམ་བཞིན་དུ་རྣམ་ཐར་དང་པོ་གཉིས་དང་གཟུགས་མེད་དང་པོ་གསུམ་པོས་གཟུགས་ཅན་དང་གཟུགས་མེད་ཀྱི་རྣམ་ཐར་གྱི་སྒྲིབ་པ་མཐའ་དག་སྤངས་པས་གཙོ་བོ་ཡིན་པའི་ཕྱིར་དང་། གཟུགས་དང་གཟུགས་མེད་པའི་ཁམས་དང་སའི་མཐའ་ན་གནས་པའི་ཕྱིར་རོ་ཞེས་འགྲེལ་པར་འབྱུང་མོད་ཀྱི། འོན་ཀྱང་དེ་གཉིས་རིམ་པ་ལྟར་གཟུགས་དང་གཟུགས་མེད་ཀྱི་ས་པའི་རྣམ་ཐར་རྫོགས་པར་མངོན་དུ་བྱས་པ་ཡིན་པས་དེ་སྐད་བསྟན་ཏོ་ཞེས་གཟུང་ངོ་། །ཡང་ན་འཕགས་པ་རྣམས་དེ་གཉིས་ལ་ལན་མང་དུ་གནས་པས་ན་དེ་སྐད་ཅེས་གསུངས་སོ་ཞེས་ཀུན་ལ་བཏུས་ཀྱི་འགྲེལ་པར་བཤད་དོ། །
ཡང་བརྒྱད་ལས་འཕྲོས་པའི་མདོ་ལས། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་པ་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་བ་དང་ཆེ་བ་ལ་ལྟ་བ་གཉིས་ཏེ་བཞི་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བ་ན་ར་སེའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོ་ན་སྔོན་པོ་འབྱུང་བ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ་ཞེས་པ་དང་། དེ་བཞིན་དུ་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ལ་དེ་ལྟར་ལྟ་བ་བཞི་སྟེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གསུངས་པའི་ནང་གཟུགས་སུ་འདུ་ཤེས་པ་དང་དེ་མེད་པར་འདུ་ཤེས་པ་ནི་རྣམ་ཐར་གྱི་དང་མཚུངས་ལ། ཆུང་ངུ་དང་ཆེན་པོ་ནི་སེམས་ཅན་དང་སྣོད་ཀྱི་གཟུགས་སམ། ཕྲ་རགས་སོ། །ཁ་དོག་བཟང་ངན་ནི་ཡིད་དུ་འོང་མི་འོང་ངམ། ཡང་ན་ལྷ་དང་མིའི་གཟུགས་སོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་དབང་བསྒྱུར་ནས་སོ། །ཤེས་པ་ནི་ཞི་གནས་དང་མཐོང་བ་ནི་ལྷག་མཐོང་ཡིན་ནོ་ཞེས་འཕགས་པ་ཐོགས་མེད་ཀྱིས་བཤད་ལ། ཁ་དོག་བཞིའི་དཔེ་དོན་གཉིས་ཀའི་སྐབས་སུ་རེ་རེ་ཞིང་སྔོན་པོ་ལ་སོགས་པ་ཚིག་བཞི་བཞི་སྨོས་པ་ནི་གོ་རིམ་གཞིན་དུ་མདོར་བསྟན་པ་དང་། ལྷན་སྐྱེས་དང་། བཅོས་མ་དང་། ལྷན་སྐྱེས་དང་བཅོས་མ་གཉིས་ཀའི་ཐུན་མོང་གི་ཁ་དོག་ཡིན་ལ་ཟར་མ་དང་དོང་ག་དང་བན་དུ་ཇི་བ་ཀའི་མེ་ཏོག་དང་སྐར་མ་པ་བ་སངས་དང་རས་ནི་རིམ་པ་ལྟར་ལྷན་སྐྱེས་དང་བཅོས་མའི་དཔེའོ། །དེ་ལྟ་བུར་འདུ་ཤེས་པར་གྱུར་པ་ནི་ཟིལ་གྱིས་ནོན་ནམ་མ་ནོན་ཀྱང་རུང་སྟེ་དེ་ལ་མངོན་པའི་ང་རྒྱལ་གྱི་འདུ་ཤེས་མེད་པའོ། །སློབ་དཔོན་གང་སྤེལ་ནི་ཤེས་པ་ནི་དང་པོ་ཤེས་པ་ཙམ་སྟེ་བར་ཆད་མེད་པའི་ལམ་མོ། །མཐོང་བ་ནི་དེའི་རྒྱུ་མཚན་ཅན་གྱི་རྣལ་འབྱོར་རྫོགས་པ་སྟེ་རྣམ་གྲོལ་གྱི་ལམ་མོ་ཞེས་འཆད་དོ། །དེ་དག་ཀྱང་དང་པོ་བཞི་ནི་ཁ་དོག་དང་དབྱིབས་གཉིས་ཀ་ལ་ཆགས་སྡང་སྐྱེ་བའི་གཉེན་པོ་དང་། ལྷག་མ་བཞི་ནི་གཞན་གྱི་ཁ་དོག་ལ་ཆགས་པ་དང་ཡིད་རྣམ་པར་ཞུམ་པའི་གཉེན་པོ་ཡིན་ནོ། །
དེ་ལྟར་བརྒྱད་པོ་དེ་དག་ལས་ཟིལ་གནོན་དང་པོ་གཉིས་ཀྱི་ངོ་བོ་དང་། ས་དང་། གང་གི་གཉེན་པོ་ཡིན་པ་དང་། དམིགས་པ་ནི་ཇི་ལྟར་རྣམ་ཐར་དང་པོ་གཟུགས་ཅན་གཟུགས་ལ་ལྟ་བ་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་ཟིལ་གནོན་གསུམ་པ་དང་བཞི་པ་གཉིས་ཀྱི་ངོ་བོ་དང་། ས་དང་། གང་གི་གཉེན་པོ་ཡིན་པ་དང་། དམིགས་པ་ནི་རྣམ་ཐར་གཉིས་པ་གཟུགས་མེད་གཟུགས་ལ་ལྟ་བ་ཇི་ལྟ་བ་བཞིན་ནོ། །གཞན་ཁ་དོག་གི་ཟིལ་གནོན་བཞིའི་ས་དང་ངོ་བོ་ལ་སོགས་པའང་རྣམ་ཐར་གསུམ་པ་སྡུག་པའི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །རྣམ་ཐར་ཟིིལ་གནོན་གྱི་ཁྱད་པར་ནི་རྣམ་ཐར་གྱིས་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ཀྱི་ཟིལ་གྱིས་མི་ནོན་ལ། ཟིལ་གནོན་གྱིས་ནི་ཇི་ལྟར་འདོད་པ་བཞིན་དུ་སྐད་ཅིག་ལ་སྔོན་པོ་ལ་སོགས་པའམ། རྣམ་པར་སྔོས་པ་ལ་སོགས་པ་ཡིད་དུ་མི་འོང་བར་མོས་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པའི་དངོས་པོ་སྡུག་པར་དམིགས་ཀྱང་ཉོན་མོངས་པ་མི་སྐྱེ་བར་དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར་རོ། །གཟུགས་མེད་ལ་ཟིལ་གནོན་མ་བཤད་པ་ནི་གཟུགས་ཟིལ་གྱིས་ནོན་ན་དེ་ཡང་ནོན་པའི་ཕྱིར་མ་བཤད་དོ། །
འཕགས་པ་རྣམས་ནི་གཟུགས་ཀྱི་དེ་བཞིན་ཉིད་དང་མཚན་མ་ཡིད་ལ་བྱེད་པས་ཟིལ་གྱིས་ནོན་པར་བྱེད་ལ། བྱིས་པ་རྣམས་ནི་སྡུག་པ་དང་མི་སྡུག་པ་ཕན་ཚུན་ལྟོས་པ་དང་། ཕན་ཚུན་གཅིག་ལ་གཅིག་རྗེས་སུ་འབྲེལ་པ་དང་དེས་ན་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ་སྡུག་པར་རོ་གཅིག་པའི་འདུ་ཤེས་ཀྱིས་མོས་པར་བྱས་ནས་ཟིལ་གྱིས་གནོན་པར་བྱེད་དོ་ཞེས་འཕགས་པ་ཐོགས་མེད་འཆད་ལ། སློབ་དཔོན་གང་སྤེལ་ནི་ཁ་ཅིག་ཁ་དོག་བཟང་ངན་ལ་ཆགས་སྡང་མེད་པར་དམིགས་པ་ཟིལ་གྱིས་གནོན་པར་བྱེད་དེ་ཞེས་ཟེར་ལ། ཁ་ཅིག་ན་རེ་དེ་ལྟ་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་དག་ཞེ་སྡང་མེད་པའི་རང་བཞིན་དུའང་འགྱུར་ན་མ་ཆགས་པའི་རང་བཞིན་ཅན་དུ་བཤད་པའི་ཕྱིར་བཟང་ངན་གཉིས་ཀ་ཟིལ་གྱིས་མནན་ནས་མི་སྡུག་པར་རོ་གཅིག་ཏུ་མཐོང་བ་ཡིན་ནོ་ཞེས་ཟེར་རོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱི་ལུགས་སྟོན་པར་བྱེད་དོ། །
ཡང་བཅུ་ལས་འཕྲོས་པའི་མདོ་ལས། ཟད་པར་ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་བར་ཆད་མེད་པར་ཟད་པར་ས་ལ་སོགས་པར་རྒྱས་པར་ཁྱབ་པར་བྱེད་པའི་ཟད་པར་གྱི་སྐྱེ་མཆེད་བཅུའོ་ཞེས་བཤད་པའི་དང་པོ་བརྒྱད་ནི་ཆགས་པའི་གཉེན་པོ་མ་ཆགས་པའི་རང་བཞིན་ཡིན་ལ། (དེ་ཡང་སྔོ་སོགས་བཞི་ནི་ཟིལ་གནོན་ཕྱི་མ་བཞིའི་འབྲས་བུ་ཡིན་པས་སོ། །)ས་ནི་བསམ་གཏན་གྱི་ཡ་མཐའ་བཞི་ཁོ་ན་ན་ཡོད་དེ་(ཟིལ་གནོན་གྱིས་བཞིའི་སྦྱོར་བ་ལས་བྱུང་བས་སོ། །)དང་པོ་བརྒྱད་ཀྱི་སྤྱོད་ཡུལ་ཏེ་དམིགས་པ་ནི་འཇིག་རྟེན་གྱི་ནི་ཐ་སྙད་དུ། ཁ་དོག་དབྱིབས་ལ་ས་ཞེས་བརྗོད། ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །ཞེས་འབྱུང་བས་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ལ། གང་དག་རླུང་གཟུགས་ཀྱི་སྐྱེ་མཆེད་ཡིན་(འབྱུང་བཞི་ཡང་ཁ་དོག་དང་དབྱིབས་ལ་འདོད་པའང་ཡོད་དེ།) པར་མི་འདོད་པ་དེ་དག་ན་རེ་ཟད་པར་རླུང་གི་དམིགས་པ་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །ཟད་པར་ནམ་མཁའ་དང་རྣམ་ཤེས་གཉིས་ནི་གཟུགས་མེད་དང་པོ་གཉིས་དག་པ་པའི་རང་བཞིན་ཡིན་ལ། དེ་གཉིས་ཀྱི་སྤྱོད་ཡུལ་ནི་རང་གི་ས་པའི་ཕུང་པོ་བཞི་ཡིན་ནོ། །(ཟག་མེད་ནི་ཡུལ་ཐམས་ཅད་དུ་རྒྱས་པར་བྱེད་མི་ནུས་པས་འདི་དག་གི་དམིགས་པ་ཡིན་ནོ། །)སྐྱེ་མཆེད་གཞན་ལ་ཟད་པར་དུ་མི་འཇོག་པ་ནི་མིག་སོགས་བདུན་གྱིས་སྣོད་ཀྱི་འཇིག་རྟེན་ལ་(དེའི་རིགས་མེད་པས།) མ་ཁྱབ་ཅིང་དྲི་རོས་གཟུགས་ཁམས་སུ་མ་ཁྱབ་ལ་སྒྲ་ལ་རྒྱུན་མེད་པས་ཟག་པར་དུ་མི་བཞག་གོ་ཞེས་པ་ལས་འབྱུང་ལ། ཅི་ཡང་མེད་པ་དང་སྲིད་རྩེ་གཉིས་ཟད་པར་དུ་མི་བཞག་པ་ནི་(དམིགས་པར་མི་གསལ་བ་དང་སྤྲོ་བསྡུ་དང་མི་མཐུན་པའི་ཕྱིར་རོ། །)བསྡུ་བ་ལས་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་ཀྱིས་ཟད་པར་མཐའ་ཡས་ཤིང་ཚད་མེད་པ་གྲུབ་པས་དེ་དག་ལས་སོགས་དབྱུང་དུ་མེད་པའི་ཕྱིར་རོ་ཞེས་བཤད་པའམ། ཁ་ཅིག་ན་རེ་དེ་གཉིས་ཟད་པར་གྱི་འབྲས་བུ་ཡིན་པས་ཟད་པར་དུ་མི་བཞག་གོ་ཞེས་ཟེར་རོ། །
རྣམ་ཐར་ལ་སོགས་པ་གསུམ་གྱི་ཁྱད་པར་ནི་ཡོན་ཏན་རྣམས་རིམ་གྱིས་འཇོག་པས་དང་པོར་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས། དེ་ནས་ཟིལ་གྱིས་གནོན། དེ་ནས་ཁྱབ་པར་བྱེད་པས་སྔ་མ་སྔ་མ་རྫོགས་ཤིང་དག་པ་ལས་ཕྱི་མ་ཕྱི་མ་འབྱུང་བས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། རྒྱུ་དང་རྒྱུ་འབྲས་གཉིས་ཀ་དང་འབྲས་བུ་ཁོ་ནའོ་ཞེས་འགྲེལ་པ་དང་ཊཱི་ཀར་བཤད་དོ། །དེ་དག་ལས་འགོག་པའི་རྣམ་ཐར་ལས་གཞན་རྣམས་ནི་སོ་སོ་སྐྱེ་བོ་དང་ཡང་ཐུན་མོང་བ་ཡིན་ལ། འགོག་པའི་སྙོམས་འཇུག་ནི་འཕགས་པ་ཁོ་ན་ལ་ཡོད་པ་ཡིན་ནོ་ཞེས་ཀྱང་གནས་གཉིས་པར་བཤད་ཟིན་ལ། ཐམས་ཅད་ཀྱང་ཐག་སྲིང་གི་གཉེན་པོ་ཡིན་ནོ། །
གཉིས་པ་ཁྱད་པར་གྱི་ཆོས་བཤད་པ་ནི་རྣམ་ཐར་ལ་སོགས་པ་འདི་དག་ཇི་ལྟར་འཐོབ་ཅེ་ན། ཉི་ཤུ་རྩ་དྲུག་ལས་འགོག་པའི་རྣམ་ཐར་གྱིས་ཐོབ་པ་དང་རྟེན་ལ་སོགས་པ་ནི་གནས་གཉིས་པར་བཤད་ཟིན་ལ་ལྷག་མ་ཉི་ཤུ་རྩ་ལྔ་པོ་རྣམས་ནི་སྔར་འདྲིས་པ་ཡིན་ན་འདོད་ཆགས་དང་། བྲལ་བ་ཙམ་དང་(འདྲིས་པ་ནི་དང་པོ་ནས་སྲིད་རྩེའི་བར་སྔར་ཐོབ་བ་བཏང་བ་དག་གོ།) མ་འདྲིས་པ་རྣམས་ནི་སྦྱོར་བ་འབད་རྩོལ་གྱིས་འཐོབ་སྟེ། གོམས་པ་དང་མ་གོམས་པའི་མཐུ་ལས་བྱུང་བའི་ཕྱིར་རོ། །ཡང་གཟུགས་མེད་ཅེས་བྱ་བའི་རྣམ་ཐར་བཞི་དང་ཟད་པར་གཉིས་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་ལ། དེ་དག་གི་ལྷག་མ་(རྣམ་ཐར་དང་པོ་གསུམ་ཟིལ་གནོན་བརྒྱད་ཟད་པར་བརྒྱད་དེ།) བཅུ་དགུ་པོ་རྣམས་ནི་མི་ལས་སྐྱེ་བས་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། ལྷ་ལ་སོགས་པའི་འགྲོ་བ་གཞན་ན་ལུང་མེད་པའི་ཕྱིར་དང་། འདི་དག་ནི་ལུང་གི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །
འོ་ན་ལུང་མེད་པས་བསམ་གཏན་གཟུགས་མེད་དག་ཁམས་གོང་མ་གཉིས་སུ་(རང་རང་གི་གོང་མ་གོང་མ།) ཇི་ལྟར་སྐྱེ་ཞེ་ན། བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་ནི་སྤྱིར་ལུང་དང་རྒྱུ་དང་། ལས་དང་། ཆོས་ཉིད་ཀྱི་སྟོབས་དང་བཞི་ལས་སྐྱེ་བ་ལས་ཁམས་གོང་མ་གཉིས་པོ་དག་ཏུ་ནི་ལུང་མེད་ཀྱང་གཟུགས་མེད་པའི་སྙོམས་འཇུག་རྒྱུ་དང་ལས་ཀྱི་སྟོབས་གཉིས་ཀྱིས་སྐྱེའོ། །དེ་ལ་གཟུགས་སུ་རྒྱུའི་སྟོབས་ཀྱིས་སྐྱེ་བ་ནི་སྔོན་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་གོམས་པར་བྱས་པ་ལས་ཉམས་པ་དག་གཟུགས་ཁམས་སུ་སྐྱེས་ཏེ། དེར་སྔོན་གོམས་པའི་སྐལ་མཉམ་གྱི་རྒྱུ་སྟོབས་དང་ལྡན་པ་ཉེ་པས་གཟུགས་མེད་ཀྱི་ཏིང་ངེ་འཛིན་སྐྱེ་ལ། ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ནི་སྔོན་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་ནས་ཉམས་པ་དེ་ཉིད་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་གྱུར་པའི་སྟོབས་ཀྱིས་གཟུགས་ཁམས་སུ་སྐྱེས་པ་ནའང་གཟུགས་མེད་ཀྱི་ཏིང་འཛིན་ཐོབ་ནས་ཡང་གཟུགས་མེད་པར་སྐྱེ་སྟེ། འོག་མའི་ས་ལས་འདོད་ཆགས་དང་མ་བྲལ་བར་གོང་མར་མི་སྐྱེ་བའི་ཕྱིར་རོ། །ཇི་ལྟར་གཟུགས་མེད་གཟུགས་སུ་སྐྱེ་བ་ལྟར་གཟུགས་མེད་གཟུགས་མེད་ཉིད་དུ་སྐྱེ་བའང་རྒྱུ་དང་ལས་ཀྱི་སྟོབས་གཉིས་ལས་སྐྱེ་སྟེ། དེ་ལ་རྒྱུའི་སྟོབས་ཀྱིས་སྐྱེ་བ་ནི་གོང་མིའི་ཉེར་བསྡོགས་སྒོམ་པར་བྱེད་པ་ལ་ཡིན་ལ། ལས་ཀྱིས་སྟོབས་ཀྱིས་སྟོབས་ཀྱིས་སྐྱེ་བ་ནི་སྐྱེ་བས་ཐོབ་པའི་གཟུགས་མེད་དོ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་ནི་རྒྱུ་དང་ལས་ཀྱི་སྟོབས་དེ་དག་དང་ཆོས་ཉིད་ཀྱི་སྟོབས་ཀྱིས་ཀྱང་སྐྱེའོ། དེ་ལ་ཆོས་ཉིད་ཀྱིས་སྐྱེ་བ་ནི་འཇིག་རྟེན་འཇིག་པའི་ཚེ་བསམ་གཏན་འོག་མའི་སེམས་ཅན་ལ་དགེ་བའི་ཆོས་རྣམས་ཀྱིས་འཇུག་པ་ཤས་ཆེ་བས་བསམ་གཏན་གོང་མའི་སེམས་ངང་གིས་སྐྱེ་བ་བཞིན་ཏེ། བསམ་གཏན་གྱི་གདམས་ངག་སྟོན་པའི་ལུང་ལ་མ་ལྟོས་པར་སྔོན་བསམ་གཏན་གོམས་པའི་བག་ཆགས་ཀྱིས་སྐྱེ་བ་ལ་ཆོས་ཉིད་ཀྱིས་སྐྱེ་བ་ཞེས་བརྗོད་དོ། །
བྱེ་བྲག་ཏུ་སྨྲ་བ་བག་ཆགས་ཀྱི་རྣམ་གཞག་མི་འདོད་པས་སྔོན་བསམ་གཏན་གོམས་པའི་སྐལ་མཉམ་གྱི་རྒྱུ་ལས་འབྱུང་བ་ལ་འདོད་དེ། འདོད་པའི་ཁམས་སུ་ནི་ལྷ་ལ་རྒྱུ་གསུམ་པོ་དེ་དག་དང་། མི་ལ་དེ་དག་གི་སྟེང་དུ་ཡིད་ལ་བྱེད་པ་བདུན་དང་སེམས་གནས་པའི་ཐབས་དགུ་ལ་སོགས་པ་ལུང་གི་སྟོབས་ལས་ཀྱང་སྐྱེའོ། །འདི་ཡང་ལེགས་པར་དཔྱད་ན་ལས་ཀྱི་སྟོབས་ཀྱིས་སྐྱེ་བ་དེ་གལ་ཏེ་ལས་ཀྱི་རྣམ་སྨིན་གྱི་འབྲས་བུར་འདོད་ན་ནི་འདོད་ཁམས་སུ་བསམ་གཏན་གཟུགས་མེད་དང་། གཟུགས་སུ་གཟུགས་མེད་ཀྱི་སེམས་ལས་ཀྱི་སྟོབས་ཀྱིས་མི་སྐྱེ་བར་འགྱུར་ཏེ། དེ་དག་ནི་གཟུགས་དང་གཟུགས་མེད་ཁོ་ནར་རྣམ་པར་སྨིན་པའི་ཕྱིར་རོ། །འོན་ཏེ་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུར་འདོད་ན་ནི་དེའི་རྒྱུ་དང་ཆོས་ཉིད་ཀྱིས་སྐྱེ་བའང་ཡིན་པས་རྣམ་པ་གསུམ་གྱི་དབྱེ་བ་མི་འཐད་པར་འགྱུར་མོད་ཀྱི་འོན་ཀྱང་གཙོ་ཆེ་ཆུང་གི་བྲེ་བྲག་ལ་དགོངས་ནས་འདིའི་རྣམ་དབྱེ་མཛད་དོ། །འཇིག་རྟེན་འཇིག་པ་ན་དེའི་རྐྱེན་གྱིས་བསམ་གཏན་བཞི་པ་ལ་གཟུགས་མེད་ཀྱི་ཏིང་ངེ་འཛིན་མི་སྐྱེ་བས་གཟུགས་མེད་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བ་མ་བཤད་ལ། རང་སའི་ཏིང་ངེ་འཛིན་སྐྱེ་བ་ནི་ཆོས་ཉིད་མ་ཡིན་པས་འཇིག་རྟེན་འཇིག་པ་ན་ལུང་མེད་པར་འོག་སའི་རྟེན་ལ་གོང་སའི་ཏིང་ངེ་འཛིན་སྐྱེ་བ་ཁོ་ན་ལ་འདིར་ཆོས་ཉིད་ཅེས་བྱའོ། །ལས་དང་ཆོས་ཉིད་ལའང་རྒྱུ་ཡོད་མོད་ཀྱི་དེ་དག་གཙོ་ཆེ་བས་དེ་སྐད་བསྟན་ཏོ། །
བཤད་པ་ཡོངས་སུ་རྫོགས་པའི་བྱ་བ།
སྤྱིའི་དོན་གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ལ་བསྟན་པ་དང་དེ་འཛིན་པ་བཤད་པ་དང་། བདག་ཉིད་ཀྱིས་བསྟན་པ་བཟུང་བ་ལ་སྐྱོན་དོར་བ་དང་། གཞན་བསྟན་པ་འཛིན་པ་རྣམས་ལ་བག་ཡོད་པར་གདམས་པ་གསུམ་ལས།
དང་པོ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་ནི་རྣམ་པ་གཉིས་ཏེ། ལུང་གི་ཆོས་དང་། མངོན་པར་རྟོགས་པའི་ཆོས་ཀྱི་བདག་ཉིད་དོ། །དེ་ལ་ལུང་གི་ཆོས་ནི་མདོ་སྡེ་དང་འདུལ་བ་དང་མངོན་བའི་སྡེ་སྣོད་གསུམ་ཡིན་ཏེ། རིམ་པ་ལྟར་དང་པོས་ནི་བསླབ་པ་གསུམ་དང་། གཉིས་པས་ནི་ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་སེམས་ཀྱི་བསླབ་པ་དང་ཚུལ་ཁྲིམས་ཀྱི་བསླབ་པ་དང་། གསུམ་པས་ནི་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པས་ཤེས་རབ་ཀྱི་བསླབ་པ་སྒྲུབ་པའི་ཕྱིར་དང་། བླང་དོར་གྱི་གནས་ལ་ཐེ་ཚོམ་ཟ་བ་དང་། སྤྱོད་པ་མཐའ་གཉིས་ལ་སྦྱོར་བ་དང་། ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོ་བྱེད་པའི་ཕྱིར་དང་། བླང་དོར་གྱི་གནས་སྟོན་པ་དང་། དེ་བླང་དོར་གྱིས་སྒྲུབ་པ་དང་། འབེལ་གཏམ་ལ་མཁས་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་དེའི་རྒྱུ་ནི་དགུས་འདོད་དོ། །ཞེས་བཤད་དོ། །སྡེ་སྣོད་གསུམ་པོ་དེ་དག་ལ་ཐོས་པ་དང་བསམ་པ་དང་ཞི་གནས་དང་ལྷག་མཐོང་གི་སྒོམ་པ་བྱས་པས་རིམ་པ་ལྟར་སེམས་ལ་བག་ཆགས་འཇོག་པ་དང་། རྟོགས་པར་བྱེད་པ་དང་། སེམས་ཞི་བར་བྱེད་པ་དང་། རབ་ཏུ་རྟོགས་པའི་སྒོ་ནས་སྤང་བྱ་ལས་རྣམ་པར་གྲོལ་བར་བྱེད་དེ་དེ་ཉིད་ལས། དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་འབྱུང་ངོ་། །ལུང་གི་ཆོས་ཀྱི་ངོ་བོ་དང་ཚད་ལ་སོགས་པ་ནི་གནས་གཉིས་པར་བཤད་ཟིན་ཏོ། །མངོན་པར་རྟོགས་པའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་འབྲས་བུ་རྣམ་གྲོལ་གྱི་ལམ་ཟད་པ་དང་བཅས་པ་སྟེ་དེ་དག་ཀྱང་གནས་དྲུག་པར་བཤད་ཟིན་ཏོ། །དེ་ལྟར་ན་བསྟན་པ་དམ་པའི་ཆོས་ནི་ལུང་དང་། སྒྲུབ་པ་དང་། འབྲས་བུའི་ཆོས་གསུམ་དུའང་འགྱུར་རོ། །འོ་ན་ཆོས་དེ་དག་འཛིན་པ་གང་ཞེ་ན། དེ་ལ་ལུང་གི་ཆོས་དེ་འཛིན་པར་བྱེད་པ་ནི་ལུང་བཞིན་དུ་ཤེས་ནས་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་པས་གཞན་ལ་སྨྲ་བར་བྱེད་པ་ཡིན་པའི་ཕྱིར་སྡེ་སྣོད་འཛིན་པ་དང་། ལུང་གི་ཆོས་འཛིན་པ་དང་། བསྟན་པ་འཛིན་པ་ཞེས་ཀྱང་བྱའོ། །རྟོགས་པའི་ཆོས་དེ་འཛིན་པར་བྱེད་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རང་གི་རྒྱུད་ལ་སྒྲུབ་ཅིང་ཉམས་སུ་ལེན་པར་བྱེད་པ་ཡིན་པའི་ཕྱིར་བསླབ་པ་གསུམ་ལ་སློབ་པ་དེ་དག་ནི་སྟོན་པའི་བསྟན་པ་དམ་པའི་ཆོས་འཛིན་པ་ཡིན་ནོ། །དེ་གཉིས་ལས་གཞན་པ་ནི་དམ་པའི་ཆོས་འཛིན་པ་མ་ཡིན་པས་ན་ཁོ་ནའི་སྒྲ་སྨོས་སོ། །དེའི་ཕྱིར་སྐྱེས་བུ་དམ་པ་ཁ་ཅིག་ནི་ལུང་གི་ཆོས་གཙོར་འཛིན་པར་བྱེད་ལ། སྐྱེས་བུ་དམ་པ་ཁ་ཅིག་ནི་མངོན་པར་རྟོགས་པའི་ཆོས་འཛིན་པར་བྱེད་དོ། །སྐྱེས་བུ་དམ་པ་ཁ་ཅིག་ནི་གཉིས་ཀའང་འབད་པས་འཛིན་པར་བྱེད་དེ། དེས་ན་དེ་དག་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བསྟན་པ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །
འོ་ན་ཤཱཀྱའི་རྒྱལ་པོའི་བསྟན་པ་དུས་ཇི་སྲིད་དུ་གནས་ཤེ་ན། འགྲེལ་པ་ལས། དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ་རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི་ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ་ཞེས་འབྱུང་ལ། ཊཱི་ཀ་བྱེད་དག་ཡུན་རིང་དུ་གནས་པ་ནི་ལོ་སྟོང་གི་འོག་ཏུའང་གནས་སོ་ཞེས་བྱ་བ་སྟེ་ཕྱོགས་འདི་ཉིད་རིགས་པར་བལྟའོ། །ཞེས་འཆད་དོ། །དེ་ཡང་བསྐལ་པ་བཟང་པོའི་མདོ་ལས་ནི་ལུགས་སྔ་མ་དང་མཐུན་པར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །ཞེས་ལོ་སྟོང་གནས་པར་གསུངས་པ། ལུང་ཕྲན་ཚེགས་ལས་ཀྱང་ལོ་སྟོང་ཁོ་ན་གནས་པར་གསུངས་སོ། །གང་དག་ལུང་ཕྲན་ཚེགས་ལས་བསྟན་པ་ལོ་བདུན་སྟོང་དུ་གནས་པ་ལས་སྐྱེ་དགུའི་བདག་མོ་ལ་སོགས་པ་བུད་མེད་རབ་ཏུ་བྱུང་བས་ཉིས་སྟོང་འགྲིབས་ནས་ལོ་ལྔ་སྟོང་གནས་པར་གསུངས་སོ་ཞེས་འཆད་པ་དེ་དག་གིས་ནི་ལུང་ཕྲན་ཚིགས་མ་མཐོང་བར་ཟད་དེ། ཕྲན་ཚེགས་ཀྱི་སྐྱེ་དགུའི་བདག་མོ་གོའུ་ཏ་མ་ལ་སོགས་པ་ལ་བླ་མའི་ཆོས་བརྒྱད་གསུངས་པའི་སྐབས་དང་། འཕགས་པ་ཀུན་དགའ་བོ་མྱ་ངན་ལས་འདའ་བར་བཞེད་ནས་ཤ་ནའི་གོས་ཅན་ལ་བསྟན་པ་གཏོད་པའི་སྐབས་དང་། འཕགས་པ་ཉི་མའི་གུང་པས་རི་སྤོས་ཀྱི་ངད་ལྡང་གི་ཀླུ་བཏུལ་བའི་སྐབས་ལ་སོགས་པ་རྣམས་ལས་བསྟན་པ་ལོ་སྟོང་ཁོ་ན་གནས་པར་གསུངས་ཀྱི་ལོ་ཉིས་སྟོང་འགྲིབ་པ་དང་ལྔ་སྟོང་གནས་པར་གསུངས་པ་མེད་པའི་ཕྱིར་རོ། །འབུམ་ཊཱི་ཀ་ལས་ནི་ལུགས་ཕྱི་མ་དང་མཐུན་པར་ལྔ་སྟོང་ལ་ཕྱེད་ཕྱེད་དུ་བྱས་ནས་ལྔ་བརྒྱ་པ་ཕྲག་བཅུ་ལས་དང་པོ་ལ་དགྲ་བཅོམ་པ་དང་། གཉིས་པ་ལ་ཕྱིར་མི་འོང་པ་དང་། གསུམ་པ་ལ་རྒྱུན་ཞུགས་མང་དུ་འབྱུང་བས་འབྲས་བུའི་དུས་ཀྱི་ལེའུ་གསུམ་དང་། བཞི་པ་ལ་ཤེས་རབ་ཀྱི་བསླབ་པ་དང་། ལྔ་པ་ལ་སེམས་ཀྱི་བསླབ་པ་དང་། དྲུག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་མང་དུ་འབྱུང་བས་སྒྲུབ་པའི་དུས་ཀྱི་ལེའུ་གསུམ་དང་། བདུན་པ་ལ་མངོན་པ་དང་། བརྒྱད་པ་ལ་མདོ་སྡེ་དང་། དགུ་པ་ལ་འདུལ་བ་འཛིན་པ་མང་དུ་འབྱུང་བས་ལུང་གི་དུས་ཀྱི་ལེའུ་གསུམ་དང་། བཅུ་པ་ནི་རྟགས་ཙམ་འཛིན་པའི་དུས་ཀྱི་ལེའུ་ཞེས་བྱ་སྟེ། (དེ་དག་ཏུ་གཙོ་ཆེ་བས་དེ་སྐད་བཤད་ཀྱི་ཐམས་ཅད་ཐམས་ཅད་ལ་མེད་པ་མ་ཡིན་གསུངས་སོ། །)དེ་ཉིད་ལ་ལྔ་བརྒྱ་པ་ཐ་མ་ཞེས་བྱའོ་ཞེས་བཤད་དོ། །དེ་ནས་དམ་པའི་ཆོས་ནུབ་པར་འགྱུར་ཏེ། དེའི་དུས་ན་འཛམ་བུའི་གླིང་པའི་མིའི་ཚེ་ཚད་ལྔ་བཅུ་པ་ཡིན་ལ། ད་ལྟར་ནི་ཚེ་ཚད་དྲུག་ཅུ་པ་དང་མངོན་པའི་དུས་ཡིན་པར་མཁས་པ་དག་གསུང་ངོ་། །ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་ནི་ལོ་ཉིས་སྟོང་གནས་པར་གསུངས་སོ། །
གཉིས་པ་ནི་བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ཚུལ་གྲུབ་པ་དང་མཐུན་པར་བཤད་ལ། ཅུང་ཟད་ནི་མདོ་སྡེ་པ་དང་ཉི་འོག་བྱེ་བྲག་ཏུ་སྨྲ་བའི་འདོད་པའི་ཚུལ་ཡང་བཤད་པའི་ཕྱིར་ཕལ་ཆེར་ཞེས་སྨོས་སོ། །དེ་ལྟར་བཤད་པ་ལ་གཞུང་འདིར་ཚིག་དང་དོན་གྱི་ཆ་ལ་ཉེས་པར་མཁས་པ་རྣམས་ཀྱིས་ཟིན་ཏེ་མཁྱེན་པ་གང་ཡིན་པ་དེ་ནི་རྩོམ་པ་པོ་བདག་གིས་ཉེས་པ་ཡིན་པས་མཁས་པ་རྣམས་ཀྱིས་བཟོད་པར་མཛོད་ཅིག་ཅེས་པའོ། །གལ་ཏེ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་མཁས་པ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལུང་བཞིན་བཤད་པས་ན་ཉེས་པ་མེད་དོ་སྙམ་ན། ལུང་དང་རྟོགས་པའི་དམ་པའི་ཆོས་ཀྱི་ཚུལ་ཏེ་མཚན་ཉིད་བརྗོད་པ་ལ་ནི་ཐུབ་པས་སངས་རྒྱས་བཅོམ་ལྡན་འདས་དང་། དེའི་སྲས་ཤ་རིའི་བུ་ལ་སོགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་གཞན་ལ་ནི་འཁྲུལ་བ་སྲིད་པའི་ཕྱིར་རོ། །
གསུམ་པ་ནི་སློབ་མ་རྣམས་ལ་རྣམ་གྲོལ་གྱི་ལམ་དང་ལམ་ཡིན་པའི་རྣམ་དབྱེ་སྟོན་པས་ན་སྟོན་པ་འཇིག་རྟེན་པ་རྣམས་ཀྱི་མིག་ལྟ་བུར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་ནི་ཟུམ་སྟེ་མྱ་ངན་ལས་འདས་པར་གྱུར་ཅིང་། སངས་རྒྱས་ལས་གཞན་ཆོས་ཀྱི་དཔང་པོར་གྱུར་པ་འཕགས་པ་འོད་སྲུང་ལ་སོགས་པ་འཕགས་པའི་སྐྱེ་བོ་རྣམས་ཀྱང་ཕལ་ཆེར་མྱ་ངན་ལས་འདས་ཏེ་ཟད་པར་གྱུར་པ་ན་ཐུབ་པའི་བསྟན་པ་འདི་ཚིག་དང་དོན་གྱི་སྒོ་ནས་དཀྲུགས་སོ་ཞེས་སྦྱར་རོ། །གང་གིས་དཀྲུགས་ཤེ་ན། བདེན་པ་མ་མཐོང་ཞིང་མ་རིག་པའི་མུན་པས་བསྒྲིབས་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང་མ་མཐོང་ལ། སྟོན་པའི་ལུང་ལ་མི་རྟེན་ཞིང་གཞན་གྱིས་བཅོས་སུ་མི་བཏུབ་པས་རང་དགར་གྱུར་པའི་ངན་པའི་རྟོག་པ་དང་ལྡན་པ་རྣམས་ཀྱིས་སོ། །ཇི་ལྟར་དཀྲུགས་ཤེ་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས་ཧུ་ལུ་ཧུ་ལུ་ཀའི་ཆོ་ག་ལ་སོགས་པ་རུང་བ་མ་ཡིན་པའི་གཞི་བཅུ་བཅས་ནས་བསྟན་པ་རྣམ་པར་དཀྲུགས་པ་ན། དེ་དག་གནས་བརྟན་ཀུན་དགའ་བོའི་ལྷན་ཅིག་གནས་པ་གནས་བརྟན་ཐམས་ཅད་འདོད་པ་དང་གྲགས་པ་ནས་ཟླ་སྐུར་དང་ཞི་ལྡན་གྱི་བར་དགྲ་བཅོམ་པ་བདུན་བརྒྱས་ཡངས་པ་ཅན་དུ་འདུས་ཏེ་བསྡུ་བ་གཉིས་པ་མཛད་ནས་རྣམ་པར་བསལ་ཏོ། །དེ་ནས་སྟོན་པ་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་པོ་མྱ་ངན་མེད་བྱུང་བའི་ཚེ་དགྲ་བཅོམ་པ་རྣམས་ལེགས་པར་སྦྱར་བ་དང་ཐ་མ་ལ་པ་དང་ཟུར་བཅག་པ་དང་ཤ་ཟའི་སྐད་ཀྱིས་སྟོན་པའི་གསུང་རབ་འདོན་པར་བྱེད་ཅིང་། དེ་དག་གི་སློབ་མ་རྣམས་སོ་སོར་གྱེས་པ་ལས་སྡེ་པ་བཅོ་བརྒྱད་དུ་གྱུར་ཏེ་ཕན་ཚུན་གྲུབ་མཐའ་མི་མཐུན་པ་སྣ་ཚོགས་ཀྱིས་བསྟན་པ་དཀྲུགས་པར་གྱུར་པ་ན་དགྲ་བཅོམ་པ་དང་སོ་སོའི་སྐྱེ་བོ་མཁས་པར་གྱུར་པ་རྣམས་ཛྭ་ལན་དྷ་རའི་དགོན་པར་འདུས་ཏེ་བསྟན་པ་བསྡུས་ནས་རྩོད་པ་དེ་དག་ཉེ་བར་ཞི་བར་བྱས་ཏེ། དེའི་ཚེ་སྟོན་པ་འདས་ནས་ལོ་སུམ་བརྒྱ་ལོན་ནོ་ཞེས་གྲག་གོ། ཁ་ཅིག་སྟོན་པ་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན་རྒྱལ་པོ་དགའ་བོ་དང་པད་མ་ཆེན་པོ་ཞེས་བྱ་བ་བྱུང་བ་ན་གྲོང་ཁྱེར་པ་ཊ་ལི་པུ་ཏྲའི་ནང་དུ་གནས་བརྟན་འོད་སྲུང་ཆེན་པོ་དང་བླ་མ་ལ་སོགས་པ་བཞུགས་པའི་དུས་སུ་བདུད་སྡིག་ཅན་བཟང་པོ་ཞེས་བྱ་བ་དགེ་སློང་གི་ཆ་བྱད་དུ་བྱས་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་དགེ་འདུན་རྣམས་ཕྱེ་ནས་བསྟན་པ་རྣམ་པར་དཀྲུགས་ཏེ། དེའི་ཚེ་གནས་བརྟན་ཀླུ་སྡེ་དང་ཡིད་འོང་གི་དུས་སུ་སྡེ་པ་སོ་སོར་གྱེས་ནས་ལོ་དྲུག་ཅུ་རྩ་གསུམ་ན་གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་སོ་ཞེས་ཟེར་རོ། །གཞན་ཡང་རང་བྱུང་རྫོགས་པའི་སངས་རྒྱས་དང་རང་བྱུང་དེའི་བསྟན་པ་གཅེས་པར་འཛིན་པ་རྣམས་ཀྱང་འཁོར་བ་ལས་མཆོག་ཏུ་གྱུར་པ་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བའི་མྱ་ངན་ལས་འདས་པར་གཤེགས་ཏེ། འགྲོ་བ་རྣམས་ལ་སྐྱོབ་པར་བྱེད་པའི་མགོན་མེད་པར་གྱུར་པ་ན་ཡང་དག་པའི་གདམས་ངག་འདོམས་པར་བྱེད་པ་མེད་པས་སྔར་བཤད་པའི་ཡོན་ཏན་རྣམས་འཇོམས་པར་བྱེད་ཅིང་བསྟན་པ་ནུབ་པར་བྱེད་པའི་རྒྱུ་ལྟ་བ་ལ་སོགས་པའི་དྲི་མ་རྣམས་ཀྱིས་དགའ་མགུར་ཏེ་རང་དགར་དུས་དེང་སང་འཇིག་རྟེན་འདི་ན་སྤྱོད་པར་བྱེད་དོ། །
གོང་དུ་བསྟན་པའི་ཚུལ་དེ་ལྟར་ན་ཐུབ་པ་སངས་རྒྱས་དག་གི་བསྟན་པ་ནི་དཔེར་ན་འཆི་བའི་དུས་ན་ལྐོག་མར་སྲོག་ཕྱིན་པ་ན་འཆི་བ་ལ་ཉེ་བ་དང་འདྲ་བར་རིང་དུ་མི་གནས་པའི་ཕྱིར་དང་། ལྟ་བ་ངན་པ་ལ་སོགས་པའི་དྲི་མ་རྣམས་ཀྱང་སྟོབས་དང་ལྡན་པའི་དུས་སུ་རིག་པར་བྱས་ནས་ནི་ཐར་པ་འདོད་པ་དག་གིས་བག་ཡོད་པར་གྱིས་ལ་བསྟན་པ་འཛིན་པ་ལ་རྣམ་པར་བརྩོན་པར་གྱིས་ཤིག་ཅེས་འདོམས་པ་སྟེ། ཇི་སྐད་དུ་སོ་སོ་ཐར་པ་ལས། ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་ཐོབ་བོ་ཞེས་གསུངས་པ་ལྟ་བུའོ། །
གང་ཕྱིར་ཡོན་ཏན་རྟེན་གྱུར་ཡན་ལག་ཉེར་བསྡོགས་དང་བཅས་པའི། བསམ་གཏན་དང་ནི་གཟུགས་མེད་སྙོམས་འཇུག་རབ་དབྱེ་འཐོབ་ཚུལ་དང་། དེ་དག་ལ་བརྟེན་ཡོན་ཏན་ཏིང་འཛིན་ཚད་མེད་རྣམ་ཐར་སོགས། ཇི་བཞིན་རྟོགས་པ་གནས་འདི་ལས་ཡིན་དེ་ཕྱིར་འདི་མཉན་རིགས། །ཆོས་མངོན་པའི་མཇོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའི་བཤད་པའོ།། །།
ཐ་མར་དགེ་བའི་འཇུག་གི་དོན།
བརྟན་དང་གཡོ་བའི་རང་བཞིན་གང་ཡིན་དེ་སྒྲུབ་བྱེད། །སྐྱེ་བ་དང་ནི་སྐྱེད་བྱེད་དེ་དག་རྣམ་པ་མ་ལུས་ལས། །རྣམ་གྲོལ་དེ་ཡང་དེ་བཞིན་ཉིད་ཡིན་དཔག་ཡས་ཡོན་ཏན་ལ། །ཐོགས་མེད་སྤོབས་པའི་འབྱུང་གནས་ཆོས་མངོན་འདི་ནི་སངས་རྒྱས་གསུངས། །གནས་བརྟན་ཀ་ཏྱའི་བུ་སོགས་སྡེ་བདུན་གཞུང་གི་རྗེས་འབྲང་ཞིང་། །སྡོམ་བརྩོན་དམ་པ་ཆུ་དབུས་པ་དང་ཉེ་སྦས་ལ་སོགས་པ། །འཕགས་ཚོགས་རྣམས་ཀྱི་གྲུབ་ཆེན་བྱེ་བྲག་བཤད་མཚོ་ཆེན་པོ་ཡི། །དོན་གྱི་རིན་ཆེན་མ་ལུས་མཛོད་གྱུར་འདི་ནི་མཛད་པ་གང་། །དབྱིག་གཉེན་ཞེས་བྱ་སངས་རྒྱས་བསྟན་པ་མ་ལུས་མཁྱེན་པ་ཡི། །ཉི་མ་ཉིད་གྱུར་དེ་ཡིས་ཐུབ་དང་དེ་སྲས་ཞིར་གཤེགས་ཤིང་། །བསྡུ་བའི་གཞི་ཡང་ཉམས་གྱུར་གསུང་རབ་རྣམ་པར་བསླད་མཐོང་ནས། །སྙིགས་དུས་བསྟན་པའི་དབང་གྱུར་གཞུང་མང་མཛད་པར་གྱུར་པ་ཡིན། །
དེ་ལྟར་ཕན་བདེའི་འབྱུང་གནས་བསྟན་པའི་མིག་གྱུར་གཞུང་བཟང་འདི་ནི་སློབ་དཔོན་གྱིས་མཛད་པའི། །རབ་གསལ་འགྲེལ་ཆེན་ཉི་འོད་ལ་བརྟེན་རྣམ་པར་ཕྱེ་བའི་བཤད་སྦྱར་དག་ཀྱང་མཐོང་གྱུར་ཅིང་། །མཁས་དང་མཁས་པ་རིམ་ནས་རིམ་པར་བརྒྱུད་པའི་མན་ངག་ཉེར་ཐོབ་ལེགས་བཤད་གོམས་པའི་མཐུས། །འཇམ་དབྱངས་ཞེས་བྱས་སངས་རྒྱས་བསྟན་ལ་མོས་པ་ལྷུར་བྱས་རྣམ་བཤད་འདི་ནི་བྱས་པ་ཡིན། །དགེ་བ་དྲི་མེད་རྒྱ་ཆེན་བསགས་པ་གང་དེས་མུན་པར་འཁྱམས་པ་ཡི། །འགྲོ་བ་འདི་དག་མ་ལུས་ཐར་པའི་སྣང་ལྡན་འཕགས་ལམ་བཟང་པོར་ནི། །ཀུན་ནས་འཁྲིད་བྱེད་ཐུབ་མཆོག་ཉིད་དུ་གྱུར་ནས་སྐྱབས་མེད་སེམས་ཅན་རྣམས། །སྲིད་དང་ཞི་བའི་འཇིགས་པ་ཀུན་ལས་མ་ལུས་རབ་ཏུ་སྒྲོལ་བར་ཤོག །
ས་ཆེན་མངའ་བ་རྐང་གཉིས་རྣམས་ཀྱི་རྗེ། །སྐྱབས་གསུམ་རིན་ཆེན་དབུ་ཡི་ཅོད་པན་གྱིས། །ཉེར་མཛེས་སྲས་དང་བཅས་པ་སྙུན་མེད་ཅིང་། །ཡུན་རིང་ཞབས་བརྟན་ཆབ་སྲིད་བདེ་བར་གྱུར། །སྐྱེ་དགུ་རྣམས་ཀྱང་ཕན་ཚུན་བྱམས་ལྡན་ཞིང་། །ཡམས་དང་ཉེ་བར་འཚེ་བ་ཀུན་ཞི་སྟེ། །ཚེ་དང་འབྱོར་བས་བརྒྱན་པའི་དལ་འབྱོར་དག །འབྲས་བུ་ཡོད་པར་ཀུན་དུ་སྤྱོད་པར་ཤོག །བདག་ཀྱང་སྐྱེ་བ་ཀུན་དུ་མི་ཡི་ལུས། །ཚུལ་ཁྲིམས་གཙང་མའི་གོས་ཀྱིས་རབ་བརྒྱན་པ། །ཐོབ་ནས་སངས་རྒྱས་གསུང་རབ་མ་ལུས་པ། །ཇི་བཞིན་རྟོགས་ནས་གཞན་ལ་སྟོན་གྱུར་ཅིག །དོན་མང་ཕྲ་དང་ཚིག་ཀྱང་བརླིང་བ་དང་། །ཤིན་ཏུ་མཁས་པ་རྣམས་ཀྱིས་རྣམ་དཔྱད་པའི། །ཚུལ་ཡང་ཐ་དད་སྣ་ཚོགས་འགྲོ་བའི་སླད། །སངས་རྒྱས་གསུང་ཡང་རྣམ་པ་མང་མཐོང་བས། །གཞུང་འདིར་ཇི་བཞིན་མིན་པར་བདག་གིས་ནི། །བཤད་གྱུར་ཉེས་པ་གང་དེ་རྒྱལ་རྣམས་དང་། །རྒྱལ་བའི་སྲས་སོགས་མཁས་རྣམས་སྤྱན་སྔར་ནི། །ཅི་ཞིག་གྱུར་ཞེས་ཡིད་ནི་གནོང་བར་གྱུར། །གང་དག་རང་གཞན་གཞུང་ལ་མ་སྦྱངས་ཤིང་། །ཕྱོགས་རེའི་དོན་ལ་མོས་པ་ལྷུར་བྱེད་པ། །དེ་དག་བློ་དང་འཚམ་པར་མ་གྱུར་པ། །དེ་དག་གང་ཡིན་ཤེས་པས་བརྟག་དགོས་སོ།། །།
ཆོས་མངོན་པའི་མཇོད་ཀྱི་འགྲེལ་པ་མངོན་བའི་རྒྱན་ཞེས་བྱ་བ་རྒྱལ་བའི་བསྟན་པ་ལྔ་བརྒྱ་ཕྲག་བདུན་པའི་མཐར་ཉེ་བ་ན། ཤེས་བྱ་རྣམ་པར་འབྱེད་པའི་བློ་གྲོས་མཚུངས་པ་མེད་པས་ཐུབ་པའི་བསྟན་པའི་རྒྱལ་མཚན་འཛིན་ཅིང་། ཐུགས་རྗེ་དང་འཕྲིན་ལས་ཀྱི་དཔལ་འབྱོར་བཟང་པོས་སྐྱེ་དགུ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་དང་། ཤེས་བྱའི་ནམ་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་སྙན་གྲགས་ཀྱི་འོད་ཟེར་གྱིས་ཕྱོགས་མ་ལུས་པ་ཁྱབ་པར་གྱུར་པས་སྡོམ་བརྩོན་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཅིང་། གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས། དཔའ་ས་སྐྱའི་ཆོས་གྲྭ་ཆེན་པོར་དབུ་བརྩམས་ནས། སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ།། །།