← Search

མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

ཀརྨ་ཆགས་མེད།

རྣམ་ཐར་གྱི་ཐལ་ཕྲེང་།

p. 1

༄༅། །བི མོ ཀྟ སྟ སྟི སི རྒྱ ཤྩ ཤི ར ས ཤ ནི སཾ བི ཧ ར ཏི སྨ།།
༄༅། །རྣམ་ཐར་གྱི་ཐལ་ཕྲེང་ཡོད་པའི་དབུ་ཕྱོགས་ལེགས་པར་བཞུགས་ལགས་སོ།།

p. 2

ན་མོ་མཉྫགྷོ་ཥ་ཡེ། །ལོ་ཡི་རྒྱལ་པོ་བྱི་བའི་ལོ། །རྩི་ཐོག་རྒྱས་པ་དབྱར་གྱི་དུས། །དུས་བཟང་ཡར་ངོའི་ཚེས་བཅུ་ལ། །སྤྲིན་དཀར་འཛུམ་པའི་ལྷ་ལམ་ནས། །སཱུརྱ་མཛེས་པའི་ཞལ་རས་ངོམས། །བཻཌཱུར་མཛེས་པའི་སྤང་ལྗོངས་ལ། །འདབ་བརྒྱད་པདྨའི་ཚལ་ཆེན་རྒྱས། །ལྗོན་ཤིང་ཡལ་གའི་རྔ་ཡབ་ནི། །ལྷ་མོ་སྒྲོལ་མས་ཅུང་ཟད་གཡོབ། །རྐང་དྲུག་སྙན་པའི་གླུ་དབྱངས་སྒྲོག །བསམ་གཏན་ཁང་བུའི་བ་གམ་ན། །འཇམ་ཞིང་བདེ་བའི་གདན་གྱི་སྟེང་། །དགེ་སློང་ཀརྨ་ཆགས་མེད་དེ། །རང་གི་རྣམ་ཐར་གླེགས་བམ་གཅིག །བརྩམས་ཚར་འཛུམ་དང་མུ་ལེ་

p. 3

བཞུགས། །དེ་ཚེ་རང་ལས་མི་ཞན་པའི། །དགེ་ཚུལ་ཀརྨ་སློབ་ལམ་ཞེས། །མཚན་ཉིད་གྲྭ་ས་འགྲིམ་པ་ཞིག །བྱུང་ནས་རྣམ་ཐར་དེ་ལ་བལྟས། །མ་མགུ་ཁྲེལ་བགད་འགའ་རེ་བྱས། །དགེ་སློང་དེ་ལ་འདི་སྐད་ཟེར། །ཧེ་ཧེ་དགེ་སློང་བགྲེས་པོ་ཁྱེད། །མདོ་རྒྱུད་ལུང་དང་མི་མཐུན་པ། །དངོས་སྟོབས་རིགས་པས་མ་གྲུབ་པ། །འབྲེལ་མེད་དྲན་ཚད་གླེགས་བམ་བྲི། །འདི་འདྲ་གཏན་ནས་མི་འཐད་ཕྱིར། །ལུང་གིས་ལུང་དགག་བཏང་རྒྱུ་ཡོད། །རིགས་པའི་གནོད་བྱེད་འཕེན་རྒྱུ་ཡོད། །རྒྱ་གར་ཡུལ་གྱི་ཕྱག་ལེན་ལྟར། །འབྲེལ་མེད་བསྟན་བཅོས་འདི་འདྲ་

p. 4

བ། །མེ་སྦྱོར་ཁྱི་ཡི་མཇུག་མར་ཆིངས། །མཁས་པས་མཐོང་ན་ངོ་ཡང་ཚ། །བཟང་པོས་མཐོང་ན་ཐུགས་ཀྱང་ཁྲེལ། །བླུན་པོས་བཏོན་ན་ཁ་ཡང་ན། །སྣག་ཤོག་འདི་ཙམ་རྒྱུ་གྱོང་ལ། །ལག་པ་ན་བས་རྒྱུ་དེ་གྱོང་། །ཡིག་དྲུག་ཆག་པ་བར་ཆད་ཆེ། །ཉམས་ལེན་བཤོལ་བ་བདུད་ཀྱི་ལས། །ཟེར་ནས་ཕར་རྒྱུག་ཚུར་རྒྱུག་བྱས། །དེ་ཚེ་དགེ་སློང་དེས་སྨྲས་པ། །ཁྱེད་དགེ་ཚུལ་གྲྭ་ས་མཐོང་ལགས་ན། །ལུང་དང་རིགས་པས་ཕྱུག་ལགས་ན། །ལུང་རིགས་སྐྱོན་དེ་བཏང་མཛོད་དང་། །ང་ལ་བློ་སྐྱེད་འོང་ཤས་ཁ། །ཟེར་བས་དགེ་ཚུལ་དེ་ཉིད་ཀྱིས། ཞྭ་མོ་སྤྱི་བོར་ལེབ་ཞྭ་བྱས། །ཕྲེང་བ་ཤད་ཤད་མང་དུ་བྱས། །ཟླུམ་ཁྱེར་ཕྲག་གོང་གཡོན་དུ་བཀལ། །སྐེད་པ་ལྡེམ་ལྡེམ་ཁྱུག་ཁྱུག་གིས། །བགྲོ་གླེང་ཁྱབ་པ་འདི་ལྟར་རོ། །ཁྱོད་ཀྱི་རྣམ་ཐར་ངན་པ་རང་བསྟོད་ཡིན་པར་ཐལ། རྣམ་ཐར་ཕལ་ཆེར་སློབ་མས་བརྩམས་པ་ཡིན་པ་གང་ཞིག །རང་གི་རྣམ་ཐར་རང་གིས་རྩོམ་པ་མེད་པའི་ཕྱིར། ཟེར་ནས་ཕྲེང་བ་ལག་པ་གཡོན་ལ་དཀྲིས། ལག་པ་ཚག་སྒྲ་ཐོན་པ་ཞིག་བརྡབས་པ་དང་མཉམ་དུ། ཀི་ཧ་ཞེས་རྣ་གདོང་བཀའ་བའི་ཐལ་སྐད་ཅིག་དང་། རྡོག་སྡེབ་ཁང་སྐུབ་ཕུད་ལེ་ཁད་ཅིག་བྱས་སོ།

p. 5

དགེ་སློང་གིས་ལན་བཏབ་པ། རྟགས་གཉིས་པ་མ་གྲུབ་སྟེ། གྲུབ་ཆེན་ཀརྨ་པ་སེམས་དཔའ་རང་བྱུང་རྡོ་རྗེ་སོགས་མཁས་གྲུབ་དུ་མས་རང་རང་གི་རྣམ་ཐར་རྩོམ་པའི་ཕྱིར། ཟེར་ནས་ལག་པ་རྡེབ་པ་ཙམ་ཞིག་དང་ཀི་ཤར་ཆུང་བ་གཅིག་བྱས་སོ། །དེ་ནས་རིམ་བཞིན་དུ་དགེ་ཚུལ་གྱིས་རིགས་ལུང་བཏང་། དགེ་སློང་གིས་ལན་བཏབ་སྟེ། རང་གི་རྣམ་ཐར་རང་གིས་བརྩམས་པ་མི་འཐད་པར་ཐལ། དེ་ལ་རྒྱུ་མཚན་མེད་པའི་ཕྱིར་ཟེར་བས། རྟགས་མ་གྲུབ་སྟེ། དེ་ལ་རྒྱུ་མཚན་ཡོད་དེ་ནང་གི་རྟགས་མཚན་དང་ཉམས་རྟོགས་འཆར་ཚུལ་སློབ་མ་ལ་རྒྱུས་མེད་པས་རང་གིས་མ་བརྩམས་ན་མི་གསལ་བའི་ཕྱིར་སྨྲས་སོ། །འོ་ན་ཁྱོད་ཀྱི་རྣམ་ཐར་བརྩམས་པ་མི་འཐད་པར་ཐལ། སྐྱེས་བུ་དམ་པ་དང་གོ་ས་ཆེན་པོ་རྣམས་ལ་རྣམ་ཐར་ཡོད་ཀྱིས་ཁྱོད་ལྟ་བུ་བྱ་བྲལ་ཁུ་ཚུར་ཙམ་པ་ཞིག་ལ་རྣམ་ཐར་རྩོམ་པ་དོན་མེད་པའི་ཕྱིར་ཟེར་རོ། །རྟགས་མ་གྲུབ་སྟེ། སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་བཀའ་མི་བཅག་པའི་ཕྱིར་བརྩམས་པ་གང་ཞིག །བླ་མའི་བཀའ་བཅག་པ་ལྟུང་བ་ཆེན་པོར་བཤད་པའི་ཕྱིར་སྨྲས། འོ་ན་ཡང་ལྡེབ་མ་འགའ་ཟུང་གིས་ཆོག་པར་ཐལ། ཁྱོད་ལ་གླེགས་བམ་ལོང་བའི་རྣམ་ཐར་མི་

p. 6

འཐོབ་པའི་ཕྱིར། རྟགས་མ་གྲུབ་སྟེ། སྤྲུལ་སྐུས་ཤོག་ལྡེབ་སུམ་བརྒྱ་གླེགས་བམ་དུ་བྱས། འདིའི་ནང་ན་བྲིས་གསུངས་ཕྱིར་བཀའ་མི་བཅག་པའི་ཕྱིར་འོ་ན་ཕྱི་ཡི་རྣམ་ཐར་ཐ་མལ་བན་རྐྱང་ཞིག་གི་ལོ་རྒྱུས་ལས་མེད་པ་འདིས་སྤྲུལ་སྐུའི་དགོངས་པ་མི་འགྲུབ་པར་ཐལ། སྙན་ངག་གིས་བཅིངས་ནས་རྣམ་ཐར་ལེགས་པོ་ཞིག་དགོས་པའི་ཕྱིར་ཟེར་རོ། །རྗེ་མི་བསྐྱོད་ཞབས་ཀྱིས། དོན་ཏིལ་འབྲུ་ཙམ་ལ་སྒོ་ཏ་ལའི་ལོ་མ་ཙམ་བཏགས་ནས་རང་བསྟོད་བྱས་པ་ཟོབ་དང་མི་ཆོས་བླ་མའི་རྫུན་དུ་བྱས་པ་གང་ཞིག །དྲང་པོའི་ལོ་རྒྱུས་བྲིས་པ་ལ་ཉེས་ལྟུང་མེད་པའི་ཕྱིར། འོ་ན་ཁྱོད་རང་གིས་བྲི་བ་མི་འཐད་པར་ཐལ། ཁྱོད་རང་གི་སློབ་བུ་པདྨ་རིག་འཛིན་དང་ཡང་དག་སོགས། རྩོམ་ཤེས་ཤིང་བྲིས་ལེགས་པ་ཞིག་ལ་རྩོམ་འཇུག་པ་འཐད་པའི་ཕྱིར། ཟེར་བ་ལ། རྟགས་མ་གྲུབ་སྟེ། རྒྱལ་བ་གཡུང་སྟོན་པས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ཡང་། །བསྟོད་ར་ཆེ་བས་བླ་མ་ཟོབ་པོར་བཏང་། །ཞེས་གསུངས་པ་དང་མཚུངས་དགོངས་པའི་ཕྱིར་སྨྲས་སོ། །འོ་ན་ཡང་ཁྱོད་ཀྱིས་འདི་བརྩམས་པ་མ་ལེགས་པར་ཐལ། བར་སྐབས་སུ་སྙན་ངག་གི་མཛེས་རྒྱན་རེ་མི་འདུག་པའི་ཕྱིར་ཟེར་བ་ལ།

p. 7

རྟགས་མ་གྲུབ་སྟེ། སྙན་ངག་མཁན་ལ་བཀག་པ་མེད། །བྱི་བ་ལ་ནི་གླང་ཆེན་བཞིན། །ཞེས་གསུངས་པ་གང་ཞིག །སྙན་ངག་བྱས་ན་དྲང་པོའི་གཏམ་ཨེ་ཡིན་དང་། བསྟོད་རྒྱུ་མེད་པ་ལ་སྙན་ངག་གིས་བསྟོད་པ་གང་ཡིན་འབྱེད་དཀའ་བའི་ཕྱིར། སྨྲས། དེ་མི་འཐད་པར་ཐལ་ཏེ་དེ་གཉིས་མཁས་པ་རྣམས་ཀྱིས་འབྱེད་པའི་ཕྱིར། །ཟེར་བ་ལ་རྟགས་མ་གྲུབ་སྟེ། མཁས་གྲུབ་ཚད་ལྡན་སུས་ཀྱང་སྤྲང་པོ་ང་ཡི་རྣམ་ཐར་མི་གཟིགས་པ་གང་ཞིག །རང་ལ་དད་པའི་གྲྭ་སློབ་ཕལ་ཆེར་སྙན་ངག་མི་གོ་མཁན་མང་བའི་ཕྱིར། སྨྲས། །འོ་ན་ཁྱོད་ཀྱི་རྣམ་ཐར་གྱི་སྤྱི་དོན་འདི་མི་འཐད་པར་ཐལ། འདི་ན་མདོ་སྔགས་ཀྱི་ལམ་ཕལ་ཆེར་ཚང་བར་འདུག་པ་གང་ཞིག །འདི་ཐམས་ཅད་ཁྱོད་ཀྱིས་རྟོགས་དཀའ་ཞིང་འཁྲུལ་པའི་ཆ་འགའ་རེ་ཡོད་པའི་ཕྱིར། ཟེར་བ་ལ། མ་ཁྱབ་སྟེ། འཁྲུལ་པའི་ཆ་བག་རེ་ནི་ས་བཅུ་རྒྱུན་གྱི་མཐའ་ཚུན་ལ་ཡོད་པར་བཤད། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །འཁྲུལ་པ་ཡེ་ཤེས་དུམ་བུར་གནས། །ཞེས་གསུངས་པ་ལྟར་རྒྱ་གཞུང་ཚད་ལྡན་རྣམས་ལ་ཡང་། འཁྲུལ་པའི་ཆ་ཅུང་ཟད་རེ་ཡོད་པར་བཞེད་མཁན་ཡོད་པ་གང་ཞིག །བོད་གཞུང་ལ་ཡང་དེ་དང་

p. 8

འདྲ་བས་ང་དེ་བས་མི་ལྷག་པའི་ཕྱིར་རོ། །སྨྲས་སོ། །ཁྱོད་ཀྱི་ནང་གི་རྣམ་ཐར་མི་འཐད་པར་ཐལ། རྨི་ལམ་ཤས་ཆེའི་ལྷ་མཐོང་འདྲེ་མཐོང་འདྲ་བ་དེ་དག་བདུད་དང་དམ་སྲིས་བསླུས་པ་ཡིན་པ་གང་ཞིག །རྨི་ལམ་མཆོག་འཛིན་ཆེ་བ་བར་ཆད་ཀྱི་རྒྱུ་ཡིན་པའི་ཕྱིར་ཟེར་རོ། །རྟགས་དང་པོ་མ་གྲུབ་སྟེ། བདུད་དང་དམ་སྲིས་བསླུས་པ་ཡིན་ན། འཕྲལ་དུ་བཀྲ་མི་ཤིས་པའམ། བློ་ཆོས་སུ་མི་འགྲོ་བར་འགྱུར་བ་ལས། དེ་ལྟར་མ་བྱུང་བའི་ཕྱིར། རྟགས་གཉིས་པ་མ་གྲུབ་སྟེ། དེ་དག་ལ་བདག་གིས་དགའ་བྲོད་དང་མཆོག་འཛིན་ཆེན་པོ་མེད་པའི་ཕྱིར་སྨྲས་སོ། །ཁྱོད་ཀྱི་གསང་བའི་རྣམ་ཐར་མི་འཐད་པར་ཐལ། ཁྱེད་རང་གི་མི་དྲན་པར་གཞན་གྱིས་གསུངས་པའི་སྐྱེས་རབས་བྲི་མི་རུང་བ་གང་ཞིག །ཁྱོད་རང་གིས་རྨི་ལམ་དྲན་སྣང་བྱུང་ཐོབ་བྲི་མི་གཏུབ་པའི་ཕྱིར་ཟེར་རོ། །རྟགས་དང་པོ་མ་གྲུབ་སྟེ། རྒྱལ་བ་སྟག་ལུང་བཀྲ་ཤིས་དཔལ་གྲུབ་སོགས་ཀྱིས་གཞན་གྱིས་གསུངས་པའི་སྐྱེས་རབས་བྲི་བར་མཛད་པའི་ཕྱིར། །རྟགས་གཉིས་པ་མ་གྲུབ་སྟེ། པཎྜི་ཏ་སྨྲི་ཏིའི་སྐྱེ་བ་འདས་ལོག་ཀུ་སུ་ལུ་པ་དང་། ཆེ་ཚང་སངས་རྒྱས་ཡེ་ཤེས་པས་ཀྱང་རྨི་ལམ་དུ་དྲན་པའི་སྐྱེས་རབས་བྲིས་འདུག་པའི་ཕྱིར་སྨྲས། འོ་

p. 9

ན་ཡང་གསང་གི་རྣམ་ཐར་མི་འཐད་པར་ཐལ། ཁྱོད་ས་ཐོབ་ཡིན་ནོ་སྤྲུལ་པ་ཡིན་ནོ་སོགས། ཟེར་བ་ལ་ང་རྒྱལ་སྐྱེས་ན་བདུད་ཀྱི་བར་ཆད་ཡིན་པས། བྱང་ཆུབ་སེམས་དཔའ་ཡིན་ཀྱང་སངས་རྒྱས་ཐོབ་པ་ལ་རིང་དུ་གྱུར་པའི་ཕྱིར། ཟེར་བས། རྟགས་མ་གྲུབ་སྟེ། དེ་དག་གཏེར་ཡིག་ཚད་ལྡན་ནས་བྱུང་བས་བདུད་ཀྱི་ལུང་བསྟན་མིན་པར་ངེས་པ་ནི་གང་ཞིག །བདག་ང་རྒྱལ་སྐྱེས་ན་ནི་ས་ཐོབ་གྲུབ་པ་ཐོབ་ཟིན་སྙམ་ནས་དགེ་སྦྱོར་སྒྱུར་ཞིང་མེད་པས་བར་ཆད་མིན་པར་ངེས་པའི་ཕྱིར་སྨྲས། འོ་ན་དེ་ཁོ་ནའི་རྣམ་ཐར་མི་འཐད་པར་ཐལ། ཁྱོད་ཁྲིད་སྟོན་མཁན་ཡིན་པ་ལ་རོ་གཅིག་ཆེན་པོ་རྟོགས་ཟེར་རྒྱུ་ཙམ་མི་འདུག་པས་ངོ་ཚ་བའི་ཕྱིར་ཟེར་བ་ལ། རྟགས་མ་གྲུབ་སྟེ། བོད་དུ་རོ་གཅིག་རྟོགས་པ་ཕྱེད་གསུམ་ཟེར་བ་ཡང་གདའ། །བདག་རྟོགས་པ་མི་མཐོ་ཡང་བྱང་ཆུབ་ཀྱི་ལམ་གེགས་མེད་སྟོན་ཤེས་པ་ནི་གང་ཞིག །ངེས་པ་མཚམས་མི་འབྱེད་པའི་མཐོན་པོ་སུ་དང་དེ་སྔ་ནི་མ་ཐུག་པའི་ཕྱིར། །སྨྲས། ཁྱོད་ཀྱིས་གནམ་ཆོས་ལ་ལུང་བསྟན་པ་མི་འཐད་པར་ཐལ། དེ་ཚོ་ཐོག་ཏུ་མ་བབ་ན་ཁྱོད་ངོ་ཚ་བའི་ཕྱིར། ཟེར་བ་ལ། རྟགས་མ་གྲུབ་སྟེ། བར་ཆད་མ་བྱུང་ན་དེ་འདྲ་

p. 10

འབྱུང་བའི་ལས་དབང་ཡོད་པ་སྟེ། བར་ཆད་རྐྱེན་དབང་དུ་ཤོར་ན་སྔར་ཡང་ལུང་བསྟན་སྟེང་དུ་མ་སོང་བ་མང་བས། ང་དང་ང་ཡི་ལུང་བྱང་ལ་ཡང་དེ་བས་མི་ལྷག་པའི་ཕྱིར་སྨྲས། ཁྱོད་ཀྱི་རྣམ་ཐར་འདི་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟར་དགོས་པ་མེད་པ་ཐལ། ཕྱིའི་རྣམ་ཐར་འདི་མཐོང་བ་ལ་དགོས་པ་མེད་པ་གང་ཞིག །ནང་གི་རྣམ་ཐར་ལའང་དགོས་པ་མེད། གསང་བའི་རྣམ་ཐར་ལ་ཡང་དགོས་པ་མེད་པའི་ཕྱིར། ཟེར་བ་ལ། རྟགས་དང་པོ་མ་གྲུབ་སྟེ། དབུལ་ཕོངས་ཉམ་ཆུང་མི་རྩིས་ཆུང་བ་ཞིག་ཡིན་ཀྱང་། བློ་ཆོས་དང་མཐུན་ན་ཀུན་གྱིས་བཀུར་བར་གོ་བའི་ཕྱིར། རྟགས་གཉིས་པ་མ་གྲུབ་སྟེ། དུས་སྙིགས་ཀྱང་བསྙེན་སྒྲུབ་ནུས་ན་བྱིན་རླབས་རྟགས་མཚན་ཅུང་ཟད་འོང་སྙམ་དུ་སྤྲོ་བ་སྐྱེ་བའི་ཕྱིར། རྟགས་གསུམ་པ་མ་གྲུབ་སྟེ། ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་སྡིག་ཕྲ་མོ་ལ་འཛེམ་པའི་གནད་ཡོད་པའི་ཕྱིར། སྨྲས་སོ། །འོ་ན་གསང་བ་དང་ཡང་གསང་གི་རྣམ་ཐར་མི་འཐད་པར་ཐལ། ཁྱོད་སད་ན་ལེགས་དང་ཀླུའི་རྒྱལ་མཚན་སོགས་ཀྱི་སྤྲུལ་པ་ཡིན་ན་ཁོ་ཐབས་འདི་བས་དྲག་ཙམ་འོང་འོས་པ་གང་ཞིག །ཁྱོད་སྟོང་ཉིད་མངོན་སུམ་དུ་རྟོགས་ན་ས་དང་པོའི་ཡོན་ཏན་ཆ་ཙམ་ཡང་ཁྱོད་ལ་

p. 11

མི་འདུག་པའི་ཕྱིར། ཟེར་བ་ལ། རྟགས་དང་པོ་མ་གྲུབ་སྟེ། སངས་རྒྱས་བྱ་ཤིང་རྟ་མོ་དང་ཆུ་སྲིན་དུ་སྐྱེས་དུས་ཀྱང་འགྲོ་དོན་ཧ་ཅང་མི་ཆེ་བའི་ཕྱིར། རྟགས་གཉིས་པ་མ་གྲུབ་སྟེ། རྣལ་འབྱོར་པ་ལུས་རྒྱ་ཁྱུང་གི་སློང་རྒྱ་སེང་གེའི་མངལ་རྒྱ་ཞེས། ཡོན་ཏན་རྣམས་བར་དོར་འཆར་བ་ཕྱག་རྫོགས་ཀྱི་བཞེད་པ་ཡིན་པ་གང་ཞིག །བྱམས་པའི་མདོ་ལས། དགེ་སློང་མ་ཕམ་པ་ས་བཅུ་པ་ལ་ཡོན་ཏན་དང་རྟགས་ཅི་ཡང་མེད་པར་ཀུན་གྱིས་འཕྱས་པར་བཤད་པའི་ཕྱིར། ཁྱོད་ཀྱི་ཡང་གསང་དེ་ཁོ་ནའི་རྣམ་ཐར་མི་འཐད་པར་ཐལ། དང་པོ་ལ་མེད་པ་གང་ཞིག །གཉིས་པ་ལ་ཡང་མེད་པའི་ཕྱིར་ཟེར་རོ། །རྟགས་དང་པོ་མ་གྲུབ་སྟེ། རང་ལ་དབང་ལུང་ཐོབ་པ་རྣམས། ཁུངས་བཙུན་སྙམ་ནས་ཉམས་སུ་ལེན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་སྟེ། ཉམས་རྟོགས་སྐྱེ་ལུགས་ལ་གོ་བ་འཆར་བའི་ཕྱིར་སྨྲས། འོ་ན་འདི་གཞན་ལ་སྟོན་མི་རུང་བར་ཐལ། ཁྱོད་རང་གི་རྟགས་མཚན་འགགས་པ་གང་ཞིག །མ་དད་པ་འཕྱ་བཞད་སྐུར་པ་འདེབས་པའི་ཕྱིར། དེ་བདེན་ཀྱང་ང་ནི་རྟགས་ལ་རེ་བ་དང་དོགས་པ་མེད། སྐུར་འདེབས་ལ་ཡང་འཚེར་བག་དང་ཟུག་རྔུ་མེད། འོན་ཀྱང་

p. 12

དད་པ་ཡོད་ཀྱང་དབང་གི་འབྲེལ་བ་མེད་པ་ལ་སྟོན་མི་རུང་ཟེར་བ་བདེན་བདེན་ཧེ་ཧེ། དེ་ནས་དགེ་ཚུལ་དགེ་སློང་གཉིས་པོ་དུམ་ནས་ཐ་དད་མེད་པར་འདུག་གོ །ཞེས་པ་སྣོན་ཟླའི་ཉེར་ལྔ་ལའོ། །མངྒ་ལཾ།།

རིགས་རུས་དང་འབྲེལ་ཞིང་སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་དང་མཐུན་པ་ཕྱི་ཡི་རྣམ་ཐར།

p. 13

༄༅། །དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་ལས། རིགས་རུས་དང་འབྲེལ་ཞིང་སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་དང་མཐུན་པ་ཕྱི་ཡི་རྣམ་ཐར་ཡོད་དོ། །

p. 14

ན་མོ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རི་སརྦ་བུདྡྷ་བོ་དྷི་སཏཱ་ཡེ་ན་མ། ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །སྐྱེས་དགུའི་མི་ཤེས་མུན་པ་མཐར་བྱེད་པ། །བདག་གི་སྐྱབས་མཆོག་འགྲོ་བ་ཡོངས་ཀྱི་མགོན། །འོད་མཚན་ཅོད་པན་འཆང་དེས་བདག་སྐྱོངས་ཤིག །འོག་མིན་གནས་སུ་ཀུན་བཟང་རྡོ་རྗེ་འཆང་། །དེ་ཡི་རྣམ་ཐར་ཡི་གེར་བྲིས་པ་ལ། །བླ་མེད་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད། །རྫོགས་ཆེན་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུར་གྲགས། །འཐུག་པོ་བཀོད་པར་ལོངས་སྐུ་རྣམ་སྣང་གི །མཛད་པ་ཡི་གེའི་རིས་སུ་བཀོད་པ་ལས། །ཏྲི་ཡོག་སྡེ་གསུམ་ལོངས་སྐུའི་

p. 15

བསྟན་པར་གྲགས། །མི་མཇེད་ཞིང་འདིར་སྤྲུལ་སྐུ་ཤཱཀ་ཐུབ་ཀྱི། །མཛད་པ་རྣམ་ཐར་ཡི་གེར་བཀོད་པ་ལ། །འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་དེ། །ལྔ་བརྒྱ་ཕྲག་བཅུར་གནས་པ་སྤྲུལ་སྐུའི་བསྟན། །འཕགས་པའི་ཡུལ་གྱི་པཎ་གྲུབ་ཐམས་ཅད་ཀྱི། །མཛད་པ་རྣམ་ཐར་ཡི་གེར་བཀོད་པ་རྣམས། །བོད་དུ་ཆ་ཙམ་འགྱུར་བ་བསྟན་འགྱུར་རོ། །སྔོན་ཚེ་པད་འབྱུང་སྤྲུལ་པའི་རྗེ་འབངས་རྣམས། །མཛད་པ་རྣམ་ཐར་ཡི་གེར་བཀོད་པ་སོགས། །གཏེར་དུ་སྦས་པ་རིམ་པར་བཏོན་རྣམས་ལ། །གཏེར་ཆོས་ཞེས་བྱ་རྣམ་གྲངས་བརྗོད་ལས་འདས། །དེ་བཞིན་ས་སྐྱ་བཀའ་

p. 16

བརྒྱུད་བཀའ་གདམས་རྣམས། །རང་རང་བླ་མ་བརྒྱུད་པའི་རྣམ་ཐར་དང་། །གསུང་སྒྲོས་བཀའ་འབུམ་དཔག་ཏུ་མེད་པ་ལ། །ཉམས་ལེན་བྱེད་པ་སོ་སོའི་གྲུབ་མཐའི་བྱུང་། །དེ་དག་དམ་ཆོས་དཀོན་མཆོག་ཅེས་བྱ་སྟེ། །བདག་ཅག་རྣམས་ཀྱི་སྐྱབས་ཡུལ་ཕྱག་གི་གནས། །ཅི་ཕྱིར་དེ་དག་འཕགས་པ་ཁོ་ན་ལགས། །བདག་གི་འདི་ནི་དེ་འདྲའི་གྲལ་མི་གཏོགས། །འཇིག་རྟེན་ཁ་ངག་སྐྱིད་སྡུག་བླ་འོ་ཙམ། །བདག་ནི་དམ་པ་མིན་ཕྱིར་དམ་པ་ཡི། །རྣམ་ཐར་དག་ནི་རི་བོང་རྭ་དང་མཚུངས། །དེ་ཕྱིར་བྲི་བ་ཤོག་བུ་ཆུད་ཟ་ཞིང་། །ཤེས་ལྡན་རྣམས་ཀྱིས་མཐོང་ན་ཁྲེལ་བའི་རྒྱུ། །འོན་ཀྱང་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །དེ་ཡིས་འབྲི་དགོས་གསུངས་ནས་ཤོག་བུ་ཡང་། །འཛིན་བརྡུང་བྱས་པའི་གླེགས་བམ་གནང་བྱུང་བས། །འབྲེལ་མེད་གང་དྲན་གསུང་མི་བཅག་ཕྱིར་འབྲི། །དེ་ལ་ཐོག་མ་མེད་པའི་སྔོན་རོལ་ནས། །ང་མེད་པ་ལ་ང་ཞེས་བདག་ཏུ་བཟུང་། །རང་ངོ་རང་གིས་མ་རིག་འཁོར་བར་འཁྱམས། །མཐའ་མེད་སྡུག་བསྔལ་ཆུ་བོ་ཆེན་པོས་ཁྱེར། །སྐྱེ་རྒ་ན་འཆིའི་རྦ་ལ་རྟག་ཏུ་གཡེངས། །རིགས་དྲུག་སྐྱེ་བ་མཐོ་

p. 17

དམན་གར་ཡང་སྐྱེས། །དེ་དག་སྐྱེས་པའི་ཤ་དང་རུས་པ་ཡང་། །ཕྱོགས་གཅིག་བསྡོམས་ན་སྟོང་གསུམ་འཇིག་རྟེན་གང་། །ཁྲག་རྣམས་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །དགྲ་རྣམས་བསད་པའི་མགོ་བོ་སྤུངས་ན་ཡང་། །དབུས་ཀྱི་རི་བོ་མཆོག་རབ་ཙམ་ཞིག་སྟེ། །ཉེ་དུ་ཤི་ཕྱིར་ངུས་པའི་མཆི་མ་ཡང་། །གཅིག་ཏུ་བསགས་ན་རོལ་པའི་མཚོ་བདུན་ཙམ། །རེས་འགའ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། །རེས་འགའ་ལོང་བ་སྤྲང་པོ་ལམ་ཉེས་མཁན། །རེས་འགའ་གླིང་བཞི་འོད་གསལ་ཉི་ཟླའི་ལྷ། །རེས་འགའ་མུན་གླིང་དུད་འགྲོ་དམན་པའི་ལུས། །རེས་འགའ་གནས་ལྔར་མཁས་པའི་པཎྜི་ཏ། །རེས་འགའ་བ་དང་བོང་བུ་གཏི་མུག་ཅན། །རེས་འགའ་སྲོག་གཅོད་ཤན་པ་རེས་འགའ་བུ། །རེས་འགའ་གཉེན་འདུན་བརྩེ་གྲོགས་རེས་འགའ་དགྲ། །དེ་ལྟར་ངེས་མེད་སྙིང་པོ་མེད་པ་སྟེ། །འཁོར་བའི་འཁོར་ལོར་བདག་ནི་རྟག་ཏུ་འཁྱམས། །བདག་ཉིད་གཅིག་པུ་མ་ཡིན་སེམས་ཅན་ཀུན། །དེ་ལྟར་འཁོར་བར་འཁྱམས་ཕྱིར་སྐྱོ་བ་བསྐྱེད། །དེ་ལྟར་སྔོན་ཚེ་འཁོར་བར་འཁྱམས་ན་ཡང་། །རེ་ཞིག་ཚུལ་ཁྲིམས་རྣམ་དག་ཅིག་བསྲུངས་བའི། །འབྲས་བུ་ད་རེས་

p. 18

སྨིན་ཏེ་མི་ལུས་ཐོབ། །དེ་ཡང་མི་ལུས་ཙམ་པོ་མ་ཡིན་པར། །དལ་འབྱོར་ལུས་ནི་ཕུན་སུམ་ཚོགས་པ་སྟེ། །དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ། །ཀླ་ཀློ་དང་ནི་ཆོས་ལ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །འདི་བརྒྱད་སྤངས་པས་ཆོས་ཀྱི་སྐལ་བ་ཡོད། །དེ་ལྟར་བདག་གིས་དལ་བ་བརྒྱད་འདི་ཐོབ། །མི་ཡི་དབང་པོ་ཚང་ཞིང་དད་པར་ལྡན། །དམ་པའི་ཆོས་ནི་དར་བའི་ཡུལ་དབུས་ཏེ། །ཚེ་འདིར་མཚམས་མེད་ལ་སོགས་མ་བྱས་པར། །རང་འབྱོར་ལྔ་པོ་བདག་གིས་དེ་ལྟར་ཐོབ། །ཤཱཀ་ཐུབ་བྱོན་ཅིང་ཆོས་འཁོར་རིམ་གསུམ་བསྐོར། །དེ་ཡི་བསྟན་པ་དེང་སང་གནས་པ་དང་། །རྗེས་སུ་སློབ་དང་དགེ་བའི་བཤེས་མང་བཞུགས། །དེ་ལྟར་གཞན་འབྱོར་ལྔ་ཡང་བདག་གིས་ཐོབ། །ཁྱད་པར་རྡོ་རྗེ་ཐེག་པའི་ཉམས་ལེན་བསྟན། །རྩ་གསུམ་འཁོར་ལོ་བཞི་དང་ཁམས་དྲུག་ལྡན། །ཐོབ་དཀའ་རྡོ་རྗེའི་ལུས་འདི་བདག་གིས་རྙེད། །གཞན་དག་མི་རྣམས་ཐམས་ཅད་དེར་མཚུངས་པས་། །ཐོབ་དཀའི་ལུས་འདི་དོན་དང་ལྡན་པ་གཅེས། །གལ་ཏེ་དོན་དང་ལྡན་པར་མ་གྱུར་ན། །རིན་ཆེན་གླིང་ཕྱིན་སྟོང་པར་ལོག་དང་མཚུངས། །དེ་ཕྱིར་བདག་དང་བདག་འདྲའི་

p. 19

མི་གཞན་རྣམས། །དལ་འབྱོར་མི་ལུས་དོན་ལྡན་གལ་ཆེའོ། ༈ །དེ་ནས་སྐྱེ་བའི་ཡུལ་གྱི་དོན་བཤད་པ། །འོག་མིན་གནས་བཞུགས་རྣམ་སྣང་ཆེན་པོ་ཡི། །ཕྱག་མཐིལ་སྤོས་ཆུའི་རྒྱ་མཚོ་ཆེན་པོ་ལས། །པད་སྡོང་མེ་ཏོག་ཉེར་ལྔ་བརྩེགས་པ་ཡི། །བཅུ་གསུམ་པད་སྟེང་སངས་རྒྱས་ཐུགས་ཀའི་ཐད། །དེ་ལ་ཟེའུ་འབྲུ་ཕྲུམ་ཕྲུམ་རེ་རེ་ཡང་། །འཇིག་རྟེན་ཁམས་ནི་དཔག་ཏུ་མེད་གསུངས་པའི། །དབུས་མ་སྟོང་གསུམ་འཇིག་རྟེན་ཁམས་ཀྱི་དབུས། །སྟོང་ནི་སྤྱི་ཕུད་ཅེས་བྱའི་དབུས་མ་སྟེ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་ཞིང་ཁམས་ཏེ། །གླིང་བཞིའི་ནང་ནས་སངས་རྒྱས་སྟོང་འབྱོན་པའི། །གླིང་གི་མཆོག་གྱུར་ལྷོ་རྒྱལ་འཛམ་བུ་གླིང་། །དེ་ལ་ཡུལ་ཆེན་ཉི་ཤུ་རྩ་བཞི་ལས། །ཁ་བའི་ཡུལ་ཞེས་འཛམ་གླིང་བྱང་གི་ཕྱོགས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་ཡུལ། །དེ་ལ་ས་གཞི་སྟོད་སྨད་བར་གསུམ་ལས། །སྨད་ཀྱི་ཆར་གཏོགས་གླིང་ཁྲི་བར་མ་སྟེ། །སྒང་དྲུག་ནང་ནས་མདོ་ཁམས་ཟལ་མོ་སྒང་། །ཡུལ་ཕྲན་ངོམ་དུ་རུང་བ་ཞེས་བྱའི་སྟོད། །ཆུ་བོ་གསེར་ལྡན་དལ་གྱིས་འབབས་པའི་འགྲམ། །གནས་མིན་གནས་ཀྱི་མིང་དང་ལྡན་པའི་ས། །ལམ་གསུམ་གྲུ་

p. 20

གསུམ་བྲིས་པ་ལྟ་བུའི་ནང་། །ས་གཞི་ཆོས་འབྱུང་འབུར་དུ་དོད་པའི་དཀྱིལ། །ཁྲག་འབུར་ཕ་བོང་དཀྱིལ་འཁོར་ལྟ་བ་འདྲ། །དེ་ཡི་དྲུང་དུ་ཁོ་བོ་བཙས་པའི་ས། །དེ་ནས་མ་དང་ཕ་ཡི་རིགས་སྨོས་པ། །འགྲུ་ལ་མི་འགྱུར་ཐར་པའི་གནས་བརྒྱུད་ལས། །ཟླ་ངོམ་འདུས་མདོ་མི་འགྱུར་ཐར་པའི་གནས། །རི་ཐོ་དཀར་པོ་འབྲུ་ཡིན་ཞེས་པའི་རྒྱུད། །རྒྱ་ར་ཞེས་བྱ་ཕྱུག་ཅིང་ནོར་མང་བ། །གསེར་ཁྱམས་ཞེས་བྱར་འདུག་ཚེ་ཀརྨ་པ། །དོན་ལྡན་ཞབས་ནི་དེ་རུ་སྐུ་བལྟམས་པས། །ཡུལ་དེར་བསླངས་བས་ཚ་རུ་གཅིག་ཕུལ་བ། ཁོག་སྨད་ནག་པོས་ཟིན་པས་སྤྲུལ་སྐུ་དེས། །གསུང་བསྒྲགས་མི་རྒྱུད་དབུལ་དུ་འགྲོ་གསུངས་ལྟར། །དང་པོ་ཕྱུག་ཅིང་མདོ་གསེར་སོགས་བཞེངས་ཀྱང་། །རིམ་གྱིས་རྒུད་པས་འགྱུ་ལི་ཞེས་བྱ་བའི། །བུ་མོ་ཆོས་སྐྱོང་སྐྱིད་ཅེས་བྱ་བ་སྟེ། །གཞོན་དུས་ཌཱཀིའི་མཚན་བལྟས་བཤད་པ་ཡི། །རྟོགས་མཚན་ཆ་ཙམ་ཚང་བ་ཡིན་ཟེར་ཐོས། །མི་གཞན་ཉེ་རིང་མེད་པ་སུ་ལ་ཡང་། །སྡུག་བསྔལ་བྱུང་བ་ཐོས་ཚེ་ངུ་བ་སོགས། །རང་བཞིན་སྙིང་རྗེ་ལྡན་པའི་བག་ཅིག་ཡོད། །དེ་ནི་བདག་གི་ལུས་འདི་བསྐྱེད་པའི་མ། །དེ་ཡི་མ་རྒན་ཨ་དབྱི་ཚེ་དབང་སྒྲོན། །བྱིས་པ་འཚོ་སྐྱོང་བྱེད་

p. 21

པའི་མ་མ་ཡིན། །དྲིན་ཆེན་མ་དང་མཉམ་པས་སྙིང་རེ་རྗེ། །སློབ་དཔོན་གསང་ཡུམ་ཨ་དབྱི་རེ་ནེ་མཚོ། །དོན་གྱི་མ་ཡར་ཉིད་དུ་ཐོབ་པར་འདུག །དེ་ལྟར་མ་ལ་རྣམ་གྲངས་གསུམ་དུ་ཕྱེ། །དེ་བཞིན་ཕ་ལ་ཡང་ནི་གསུམ་ཡོད་དེ། །ལས་ཀྱི་ཕ་དང་ལུས་འདི་བསྐྱེད་པའི་ཕ། །བྱིན་གྱིས་བརླབས་པའི་ཕ་དང་གསུམ་དུ་འདོད། །ལས་ཀྱི་ཕ་ནི་ཇོ་རུ་ཞེས་བྱ་སྟེ། །དེ་ཡི་རུས་ནི་དབེས་ཆུང་ཁོག་ནས་ནི། །རུས་ཆེན་གདོང་ལས་ཆད་པའི་མགར་བ་ཞིག །ངོམ་དུ་འཁྱལ་བས་དྲུང་ཆེན་མཁའ་སྤྱོད་པའི། །ལྷ་ཁང་བཞེངས་པའི་སྒོ་ཕོག་ལ་སོགས་བརྡུངས། །ཐུགས་ལ་འཕྲོད་ནས་ས་སྒང་གཟེ་ཐང་དང་། །རྨོ་ཡི་ས་ཆ་གང་བསྡམ་གནང་གསུངས་པས། །དེ་གཉིས་ནས་ལ་བྱས་པའི་ཟན་སྒོང་གཉིས། །ཉི་མ་ལོག་ཆར་ནང་དུ་བཞག་པ་ཡིས། །གཟེ་ཐང་ཟན་ཞིག་རྨོ་ཡི་མ་ཞིག་པས། །ས་སྒང་བས་ནི་རྨོ་ཉིད་བཟང་བར་གོ །སོལ་བ་བཟོ་ལ་ཤིང་ཡང་ཡོད་འདུག་པས། །རྨོ་རུ་ས་བཟུང་མོ་མས་ལུང་བསྟན་ལྟར་། །ཆུ་བྲག་བར་དུ་གྲོང་བཏབ་དར་ཞིང་རྒྱས་། །མགར་དིལ་སྟེང་དུ་རྫོང་ཡང་བརྩིགས་པ་དང་། །དབེས་མགར་ཞེས་བྱ་མངའ་ཐང་ཡར་འཕེལ་ནས། །བློན་ཆེན་གསེར་ཡོབ་

p. 22

བཅོ་བརྒྱད་གྲ་རུ་ཚུད། །དེ་ཡི་མི་རྒྱུད་མང་འཕེལ་ཕ་སྡེར་གྱུར། །དཔོན་རྒྱུད་མེད་ཀྱང་དེ་ཡི་མི་རྒྱུད་གཅིག །ལུས་ཤེད་དཔའ་གཏུམ་དག་དང་ལྡན་གྱུར་ཏེ། །གཟིག་ཅིག་རྣ་ཕུར་ནས་བཟུང་གྲི་བརྒྱབས་བསད། །ཐམས་ཅད་ཧ་ལས་འདི་ནི་ཕོ་འདྲེ་རེད། །སྨྲས་པས་དེ་ལ་ཕོ་འདྲེ་མིང་དུ་འཇིག །མིང་དངོས་མདོ་སྐྱབས་སྐྱ་སྣ་ཞེས་བྱ་ཡིན། །དེ་ཡི་བུ་གཅིག་ཡོད་པ་ཆུང་དུས་ནས། །ཤ་སྔོ་ཤིག་མང་ཤིན་ཏུ་མི་སྡུག་པས། །གླིང་གི་ཇོ་རུ་འདྲ་འདུག་སྨྲས་པ་ཡིས། །མིང་ཡང་ཇོ་རུ་སྔོ་མདུང་ཞེས་གྲགས་ཏེ། །སྔོ་ཞིང་ངོ་དང་བྲང་རྣམས་སྤྱི་ཡིས་གང་། །སྐྲ་རྣམས་འཇུར་སིག་ཤིན་ཏུ་མི་སྡུག་པས། །སྤྲོ་ཐུང་ཚིག་རྩུབ་སེམས་རྒྱུད་དྲང་བ་ལ། །དགེ་སྡིག་གཉིས་ཀ་གང་ལའང་སྤྲོས་པ་མེད། །མཉེད་དང་ལྷམ་བརྡོག་མ་གཏོགས་ཤེས་སྒོ་ཆུང་། །གཞོན་ཚེ་ཨ་ནུ་ཁག་གི་གཡོག་པོ་ལ། །ཕྱིས་ནས་ཨ་ནུས་ང་ཡི་མ་དང་ནི། །མཉམ་དུ་བཞག་ཅིང་སྦྲ་འོག་སྦྲེལ་ཚེའི་དཔེ། །ཁྱིམ་ཆུང་འདྲ་བ་ཞིག་ནི་བྱས་གདའ་བས། །ཁྱིམ་དུ་བདག་སྐྱེས་ཇོ་རུའི་བུ་ཞེས་གྲགས། །ཆུང་ཚེ་རུམ་དུ་ཉལ་ཞིང་ཕ་རུ་འཛིན། །ཁོ་རང་ཉིད་ཀྱི་འང་བུ་རུ་འཛིན་པའོ། །ལུས་ཀྱི་ཕ་ནི་ཨ་ནུ་པད་དབང་སྟེ། །རྡོ་རྗེ་

p. 23

ལེགས་པས་ཨ་ཁའི་ལི་ཐང་དུ། །ཕ་ཡིས་བུ་ལ་ཕྱེད་གསུམ་སྣང་ཟེར་དཔེ། །ས་སྐྱ་པཎ་ཆེན་ས་སྐྱའི་གདུང་རྒྱུད་ཉིད། །ཁོ་རང་ཡིན་སྙམ་ང་རྒྱལ་མཛད་པའི་ཚེ། །ཆོས་སྐྱོང་པུ་ཏྲས་ཁྲེལ་བགད་བྱེད་པ་གཟིགས། །འོ་ན་ང་ཡི་ཕ་དེ་སུ་ཡིན་སྨྲས། །པུ་ཏྲ་ངོ་ཚ་ལག་གཡོན་ངོ་བཀབ་ནས། །གཡས་ཀྱིས་ས་ལ་ཟླ་བའི་གཟུགས་བྲིས་པས། །བློན་པོ་ཟླ་བ་ཞེས་བྱའི་སྲས་ཡིན་སྐད། །དེ་ལྟར་ཆེན་པོའི་གདུང་རྒྱུད་དེ་ལྟར་ན། །ཁྱིམ་དུ་སྐྱེས་ཤིང་བུ་རུ་བཟུང་ན་ཡང་། །སྙིགས་མའི་དུས་འདིར་བུ་རུ་ཐེ་ཚོམ་ཟ། །ཅི་ཕྱིར་སྙིགས་དུས་བུད་མེད་ལུས་མི་ཐུབ། །འཕྱོན་མའི་བུ་ལ་ཕ་ཡི་ངོས་འཛིན་དཀའ། །འོན་ཀྱང་ཕ་དང་མ་ཡི་ཚིག་མཐུན་ཅིང་། །མངོན་ཤེས་ལྡན་པ་འགའ་ཡི་གསུང་སྒྲོས་ཀྱིས། །ལུས་འདིའི་ཕ་ནི་ཨ་ནུ་ཡིན་པར་སེམས། །དེ་དོན་བཤད་ན་བདག་ནི་ལོ་དྲུག་ཙམ། །ཨ་ནུ་རི་ཁྲོད་སྐུ་མཚམས་ལྷོད་པའི་སྐབས། །ངེད་ཅག་བྱིས་པ་གསུམ་ལ་ཡི་གེ་བསླབས། །དགོང་མོ་བྱིས་པ་གཞན་རྣམས་འགྲོ་བཅུག་ནས། །ང་ལ་ཟན་མར་སྦྱིན་ཞིང་གཅེས་སྤྲས་བྱེད། །མི་རྣམས་ཕལ་ཆེར་ཀུན་གྱིས་བདག་ལ་ཡང་། །ཨ་ནུའི་བུ་རེད་སྨྲ་མཁན་མང་དུ་བྱུང་། །ང་ནི་ཇོ་རུའི་

p. 24

རུམ་ཞིང་ཕ་ཡིན་ཛ། །ཨ་ནུའི་བུ་རེད་ཟེར་དོན་ཅི་ཡིན་བསམ། །ཉིན་ཞིག་ཨ་ནུ་ཉིད་ལ་འདི་སྐད་ཞུས། །ང་ནི་མི་ཀུན་ཁྱེད་ཀྱི་བུ་རེད་ཟེར། །ཡིན་ནམ་ཅི་ཡིན་ཞུས་པས་གད་མོ་མཛད། །ཁྱོད་རང་མ་ལ་དྲིས་ཤོག་ནན་གྱིས་གསུངས། །དེ་དུས་བྱིས་པ་ངོ་ཚ་མི་ཤེས་པས། །མ་ལ་ཁྱིམ་དུ་བདག་གིས་འདི་སྐད་དྲིས། །ང་ལ་མི་ཚོས་ཨ་ནུའི་བུ་རེད་ཟེར། །གང་ཡིན་དྲིས་པས་ཨ་མས་བྲང་བརྡུང་ཟེར། །ནན་གྱིས་དྲིས་པས་སྒོ་རྒྱབ་བྲོས་ན་ས་ཐལ། །རྗེས་སུ་དེད་ནས་ནན་གྱིས་དྲིས་པ་ལ། །ཨ་ནུའི་བུ་ཡིན་ཨེ་ཀོ་ཟེར་ནི་བྱུང་། །ཨ་ནུའི་མ་ཡིས་ཅི་ཟེར་གསུངས་པ་ལ། །དེ་སྐད་ཞུས་པས་ཁོ་བོ་པང་དུ་བླངས། །ང་ཡི་བུ་ཡིན་གསུངས་ནས་འོ་ཡང་བསྐྱལ། །རྒྱུན་དུ་ཐུགས་རྩིས་བུ་དང་འདྲ་བར་མཛད། །ཕྱིས་ཀྱང་ཡང་ནས་ཡང་དུ་བུ་ཡིན་པས། །ས་ཞིང་མ་ཁང་ཁྱོད་ལ་མི་དབང་ཡང་། དཔེ་ཆ་འདི་རྣམས་ཁྱོད་ལ་དབང་བའི་ཕྱིར། །ཕོ་ཚར་ན་ནི་ས་ཞིང་དུམ་བུ་བས། །དཔེ་ཆ་འདི་ཚོ་དགའ་བ་ཡིན་ནོ་གསུངས། །དུས་ཕྱིས་ཨ་མས་ལས་ཀ་མི་ཐུབ་ནས། །ཁྲལ་ཞིང་མི་ཟིན་ཨ་མ་མའུ་གཉིས། །རི་ཁྲོད་འདི་རུ་ཡར་ལ་ཞོག་སྨྲས་དུས། །ཨ་ནུ་རིན་ཆེན་རྒྱལ་གྱིས་འདི་སྐད་དུ། །མ་

p. 25

དང་གྲྭ་པ་མཉམ་དུ་ཟུང་དཀའ་བས། །ཁྲལ་ཞིང་གཏེ་ཁྲལ་མི་དགོས་བན་ཞིང་འབུལ། །མ་དང་ནོར་ཉོབ་ཕྱིར་ཞོག་ཡང་ཡང་ཟེར། །འོན་ཀྱང་ས་ཞིང་སོ་ནམ་མ་འདོད་བསྒྱུར། །ཨ་ནུ་འདའ་ཁའི་ཞལ་ཆེམས་བཞག་པ་ཡང་། །ཁྱོད་ནི་ང་ཡི་བུ་ཡིན་ངེས་པའི་ཕྱིར། །ང་ཡི་རུས་པ་དཀར་རྩི་ས་ཡག་སར། །རྒྱོབས་དང་ཁྱོད་རང་ལ་ཡང་ཕན་ནོ་གསུངས། །ཡང་ནི་ཆུང་དུས་ཨ་ནུ་ངེད་དཔོན་སློབ། །འབྲུག་པ་ཀརྨ་བསྟན་འཕེལ་ཉིན་ཕུག་ནས། །འབྱོན་ཁ་ཅོག་པུ་ཞིག་ཕུལ་མཇལ་བའི་དུས། །ཞབས་དབང་ཞུས་དུས་ཞབས་གཉིས་ངེད་གཉིས་ཀྱི། །མགོ་ལ་བཞག་ནས་བཞད་ཅིང་འདི་སྐད་གསུངས། །སྒོམ་པ་ཕའུ་གཉིས་ལ་བྱིན་གྱིས་རློབས། །ཞེས་གསུངས་དེ་ཡང་སྔོན་ནས་ངེད་ཚང་དང་། །ཐུགས་འདྲིས་ཆེ་ཞིང་ང་ཡང་ཇོ་རུའི་བུ། །ཡིན་པར་དགོངས་ཀྱང་ངོས་འཛིན་འདྲ་བར་འདུག །མངོན་ཤེས་ཡོད་པར་ཡོངས་སུ་གྲགས་པ་ཡི། །རྒྱུ་ར་གཅོད་པ་མཇལ་དུ་སོང་བའི་དུས། །སྒོམ་པ་ཕའུ་གཉིས་ཞེས་ཡང་ཡང་གསུངས། །དཔོན་རྒན་ཞེས་བྱ་ཁ་མང་རྒྱུས་ཡོད་ཅིག །འདི་ལ་ཡོན་ཏན་འདི་འདྲ་ལོབ་དོ་བས། །ཨ་ནུ་པད་དབང་བུ་ནི་ལོས་རིང་ཡིན། །ཇོ་རུས་

p. 26

ལྷམ་ལ་རྡོག་པ་རྒྱབ་པ་དང་། །རྟོལ་སྐོམ་མཉེ་བས་ཅི་ཡང་མི་ཤེས་པས། །དེ་ཡི་བུ་ལ་འདི་འདྲ་གར་འོང་ཟེར། །ཚེར་ལུང་དྲུང་པ་ཀུན་དགའ་རྣམ་རྒྱལ་བས། །ཉིན་བྱེད་གླིང་པའི་མི་སྣ་གཉིས་པོ་ལ། །འདི་ནི་ཨ་ནུའི་བུ་ཡིན་གྲྭ་ཚང་གི །གྲ་ལ་གྲལ་བཞག་དགོས་ཞེས་དངོས་ཀྱིས་གསུངས། །དབུས་སུ་སླེབ་འགྲོགས་གྲྭ་ཚང་ཟ་དམ་དུ། །བླ་མ་དབུ་སེ་ཐོད་ཕྲེང་ཅན་ཞིག་གིས། །ཕྱག་གཡུག་བྱུང་བས་དྲུང་དུ་སོང་ཙ་ན། །ང་ཡང་སྔགས་པ་ཞིག་གི་བུ་ཡིན་ཞིང་། །ཁྱོད་ཀྱང་སྔགས་པ་ཞིག་གི་བུ་ཞིག་རེད། །ངེད་རང་གཉིས་པོ་གྲོགས་མཆེད་བྱ་འོ་གསུངས། །བླ་མ་དེ་ནི་བླ་མ་ཝ་རྒན་ཞེས། །རྙིང་མའི་བླ་མ་མངོན་ཤེས་ཅན་ཞིག་རེད། །རྒྱུན་དུ་ང་ལ་ཐུགས་བཏགས་ཆེན་པོ་མཛད། །དེ་དུས་བསླེབས་ནས་ཞག་གཅིག་ཨེ་རེད་ཙམ་། །ལུས་ལ་ཐོད་ཕྲེང་ལ་སོགས་རྟགས་ནི་མེད། །སྲུང་འཁོར་རྣམས་ཀྱང་སྦས་ཤིང་མཐོང་ས་མེད། །དེ་ཡིས་ངོས་འཛིན་མངོན་ཤེས་རེད་དོ་སྙམ། །དུས་ཕྱིས་བླ་མ་ཆོས་སྒོ་བ་དེ་ཡི། །ཁྲོམ་དབང་མཛད་ཚེ་ང་ལ་འགྲིམས་བཅུག་ནས། །ཁོང་ནི་སྒམ་པོ་པ་ཡི་གདུང་རྒྱུད་ཡིན། །རིགས་རྒྱུད་བཟང་པོར་སྐྱེས་པ་འདི་ཡང་ནི། །ཚེ་སྔོན་བསོད་ནམས་བསགས་པའི་

p. 27

རྟགས་ཡིན་ཞེས། །ཁྲོམ་གྱི་ནང་ནས་བསྔགས་པ་བརྗོད་མཛད་ཅིང་། །ཁྱོད་རང་སྒམ་པོ་པ་ཡི་རིགས་རྒྱུད་རེད། །བདག་པོ་ཡིན་གསུངས་དྲུང་ཆེན་སྒམ་པོ་པའི། །བཀའ་འབུམ་པོ་ཏི་གཅིག་ཀྱང་བསྐུར་ནས་བྱུང་། །གཞན་ཡང་ཨ་ནུས་ང་ཡི་སྐུ་རྣམས་ནི། །ནམ་བཞར་ཚེ་ན་ང་ཡི་ལྟག་ཁུང་དུ། །རུས་པ་འབུར་འབུར་ཡོད་པ་ལ་རེག་ཅིང་། །ཁོང་རང་ལ་ཡང་དེ་ལྟར་གདའ་བ་སྟོན། །ཁོང་རང་ཡབ་ནི་ཨ་ནུ་བཙན་ཕྱུག་ལའང་། །རུས་པ་འབུར་འབུར་དེ་ཉིད་ཡོད་པ་ཡིན། །ཁྱེད་ཀྱི་ལྟག་ཁུང་རུས་པ་འབུར་འབུར་འདི། །ང་ཡི་བུ་རུ་ངེས་པའི་རྟགས་ཡིན་གསུངས། །ཨ་ནུས་ང་ནི་ཁོང་གི་བུ་ཡིན་ཞིང་། །རིན་རྒྱལ་ཨ་ནུ་ཀརྨའི་བུ་ཡིན་ནོ། །དགོངས་པའི་གདེང་ལ་དེ་ག་འདུག་པ་དེ། །མཐོང་ནས་རིན་རྒྱལ་མི་དགའ་གནོད་ཚིག་སྨྲ། །དེ་དུས་རིན་རྒྱལ་སོ་གཅིག་བུད་པ་ལ། །རིང་བསྲེལ་བྱོན་ནས་གདའ་བས་ཨ་ནུ་མཉེས། །ང་རང་བུ་མིན་བསམ་ཡང་རེད་གསུངས་མཉེས། །ཚི་ལ་གནོད་གསུངས་རིང་བསྲེལ་བསྐྱང་བར་བྱས། །དེ་ལྟར་མ་ཡིས་ཟེར་དང་ཨ་ནུའི་གསུང་། །བླ་མ་ལྔ་ཡིས་ངོས་འཛིན་མཐུན་པའི་ཕྱིར། །ང་ཡི་ལུས་འདི་ཨ་ནུའི་བུ་རུ་ངེས། །འོན་ཀྱང་ཇོ་

p. 28

རུའི་ཕོ་ཉེ་མོ་ཉེ་འགས། །ཨ་ནུའི་རུས་ལ་མཐོ་བསྡོང་བྱེད་བསམས་ནས། །མི་དགའ་འབར་ཤ་ལྐོག་སྨྲས་བྱེད་མོད་ཀྱང་། །དྲང་པོ་ཡིན་གྱི་སྡོང་སྐྱེད་ཟེར་བའི་དཔེ། །རུས་ལ་བདག་གི་མཐོ་བསྡོང་ཅི་ལ་བྱེད། །སྔོན་ཚེ་རིགས་ངན་འདྲེག་མཁན་ལས་འཁྲུངས་བའི། །འཕགས་པ་ཉེ་བར་འཁོར་ལ་བཅོམ་ལྡན་གྱིས། །རྒྱལ་པོ་གསལ་རྒྱལ་ལ་ནི་ཕྱག་འཚོལ་གསུངས། །དེ་ཚེ་མི་ཀུན་དེ་ནི་མི་རུང་ཟེར། །དེ་ཚེ་ཐུབ་པས་ང་ཡི་བསྟན་པ་ལ། །རིགས་དང་རུས་ནི་གཙོ་བོ་མ་ཡིན་ཏེ། །འབྲས་བུ་ས་ཐོབ་དེ་ཉིད་གཙོ་བོ་གསུངས། །དེ་ནས་རྒྱལ་པོས་དེ་ལ་ཕྱག་འཚལ་བས། །ས་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར། །དེ་བཞིན་དམ་ཆོས་ཚུལ་བཞིན་བྱས་པ་ལ། །རིགས་ནི་སྤྲང་པོ་ཤན་པ་ཡིན་ཡང་བཟོད། །དམ་ཆོས་ཚུལ་བཞིན་མ་བྱས་ལོག་སྤྱོད་ན། །རིགས་ནི་མཐོ་ཡང་ཆོས་པའི་གྲར་མི་ཚུད། །རྒྱ་དང་བོད་ཀྱི་པཎ་གྲུབ་ཐམས་ཅད་ཀྱང་། །ལ་ལ་རིགས་མཐོ་རྒྱལ་རིགས་བྲམ་ཟེའི་རིགས། །ལ་ལ་རིགས་དམའི་དམངས་རིགས་གདོལ་པའི་རིགས། །དུས་ཕྱིས་བྱོན་དང་བཞུགས་པའི་མཁས་གྲུབ་འགའ། །སྐུ་སྐྱེ་གདན་ས་ལ་སོགས་འཐོབ་མེད་ཅིང་། །རིགས་ཀྱང་ཐ་མལ་བྲན་གཡོག་བུ་

p. 29

ལ་ཡང་། །དམ་ཆོས་ཚུལ་བཞིན་བྱས་པའི་མཁས་གྲུབ་གྱུར། །འགྲོ་བའི་གཙུག་རྒྱན་བསྟན་པའི་གསལ་བྱེད་ནི། །མང་དུ་སྣང་ཕྱིར་བདག་ཀྱང་ཆོས་ནུས་ན། །རིགས་ནི་དམའ་ཡང་མཐོ་བསྡོང་དགོས་དོན་མེད། །འོ་ན་རིགས་ལ་འདི་ཙམ་ངོས་འཛིན་དང་། །དག་ཆ་བྱེད་པས་དགོས་པ་ཅི་ཡོད་ན། །དུས་ཕྱིས་བདག་ཀྱང་བླ་མའི་མིང་ཐོགས་ཤིང་། །ས་ཟད་རྡོ་འབུར་ཟེར་བའི་དཔེ་བཞིན་དུ། །དགོན་དང་གདན་ས་ཆེན་པོ་འགའ་རེ་ཡི། །ཚོགས་དབུས་དང་ནི་དགེ་འདུན་ཚོགས་ཕྱག་དང་། །དཔོན་རིགས་སྟོབས་ཆེན་འགའ་ཡི་ཕྱག་དང་ནི། །བླ་ཆེན་སར་གནས་སེམས་དཔའ་འགའ་རེ་ཡི། །ཕྱག་ལེན་མཛད་ནས་བྱུང་བས་ཁྱག་མི་ཁྱག །རྣམ་རྟོག་བྱུང་ཚེ་རུས་སྒོག་བེད་གཅིག་གདའ། །གཞན་ཡང་གདུང་རྒྱུད་འདི་ཉིད་ཡིན་ངེས་ན། །བོད་རྗེའི་གདུང་རིགས་ཡིན་པས་ཨོ་རྒྱན་གྱིས། །ཐུགས་རྗེས་ལྷག་པར་འཛིན་པའི་གནད་གཅིག་དང་། །མགུར་ལྷ་བརྟན་མ་རོལ་པ་སྐྱ་བདུན་སོགས། །བོད་ཀྱི་སྲུང་མ་རྣམས་ཀྱིས་ཁ་འཛིན་དང་། །མཁའ་སྤྱོད་པ་ལ་ཁས་ལེན་ཡོད་པའི་ཕྱིར། །མགོན་པོ་ཕྱག་བཞི་པ་དང་དམ་ཅན་གཉིས། །མ་བསྒྲུབས་ན་ཡང་འཁོར་བའི་

p. 30

གནད་ཅིག་ཡོད། །དེ་ལྟར་ཨ་ནུའི་བུ་རུ་ངེས་བྱས་ནས། །ད་ནི་དེ་ཡི་གདུང་རིགས་ཆེ་བ་བརྗོད། ༈ །འཛམ་གླིང་འདི་ནི་དང་པོ་ཆགས་པའི་དུས། །མི་ནི་ལ་ལ་བརྫུས་ཏེ་སྐྱེས་པ་དང་། །ལ་ལ་དྲོད་གཤེར་ལ་ལ་སྒོང་སྐྱེས་བྱུང་། །དེ་དུས་ལྷ་དང་མི་གཉིས་ཁྱད་མེད་པར། །ལུས་ལ་འོད་ཡོད་ནམ་མཁར་འགྲོ་ནུས་སོ། །དེ་ཚེ་ལྷ་ཡི་ཡུལ་ནས་ལྷ་བུ་ཞིག །འཛམ་བུ་གླིང་འདིར་འོང་ནས་བསྡད་པ་ལ། །ས་ཡི་ཞག་སོགས་མི་ཡི་ཟས་ཟོས་པས། །འཕུར་བར་མ་ནུས་མི་ཡི་ཡུལ་དུ་ལུས། །འོད་ཀྱང་ཉམས་ནས་ཉི་མ་ཟླ་བ་སྲིད་། །ལྷ་དེའི་བུ་ལ་འོད་གསལ་ལྷ་ཡི་རྒྱུད། །དེ་ལ་མང་པོས་བཀུར་བའི་རྒྱལ་པོ་དང་། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྡེ་ལྔ་བྱུང་། །དེ་ཡི་རྒྱུད་ལ་ཤཱཀྱ་ཆེན་པོ་དང་། །ལི་ཙ་བྱི་དང་ཤཱཀྱ་རི་བྲག་པ། །ཤཱཀྱ་ཆེན་པོའི་རྒྱུད་ལ་ཤཱཀ་ཐུབ་འཁྲུངས། །སྒྲ་གཅན་ཟིན་ནས་ཤཱཀྱ་ཆེ་ཚང་རྫོགས། །འདི་ཡན་རྒྱལ་རབས་དཔག་ཏུ་མེད་པ་སྟེ། །སངས་རྒྱས་འཁོར་བ་འཇིག་དང་གསེར་ཐུབ་དང་། །འོད་སྲུང་རྣམས་ཀྱི་སྟོན་པ་བསྟན་པར་བཅས། །ཚུལ་བཞིན་སྐྱོང་བའི་སྦྱིན་བདག་ཆེན་པོའོ། །དེ་ནས་དེ་ཡི་གདུང་རིགས་བརྒྱུད་ལུགས་ལ། །བཞེད་པ་མང་ཡང་འཇམ་

p. 31

དཔལ་རྩ་རྒྱུད་ནས། །ཤཱཀྱ་ལི་ཙ་བྱི་ཡི་རིགས་སུ་གསུངས། །སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་ཞིག །བོད་དུ་བྱོན་པ་གཉའ་ཁྲི་བཙན་པོ་སྟེ། །གདུང་རབས་བདུན་དུ་འཇའ་ལུས་མཁའ་ལ་གཤེགས། །དེ་ཡི་གདུང་རྒྱུད་རྒྱལ་པོ་ཐོ་ཐོ་རི། །སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་དེའི། །ཕོ་བྲང་རྩེ་རུ་འཇའ་འོད་མེ་ཏོག་ཆར། །དང་བཅས་ཟ་མ་ཏོག་གི་གླེགས་བམ་དང་། །སྤང་སྐོང་བརྐོས་ཕོར་ཤེལ་གྱི་མཆོད་རྟེན་བབས། །གཉེན་པོ་གསང་བར་མཚན་གསོལ་མཆོད་པ་ཡི། །རྒྱལ་པོ་བགྲེས་པོ་སྐུ་ལུས་གཞོན་ནུར་གྱུར་། །རྒྱལ་རབས་ལྔ་ནས་དོན་འདི་ཤེས་ལུང་བསྟན། །རྒྱལ་རབས་ལྔ་ནས་ཐུགས་རྗེ་ཆེན་པོ་དངོས། །རྒྱལ་པོ་སྲོང་བཙན་སྒམ་པོའི་དབུ་སྟེང་ན། །འོད་དཔག་མེད་ཀྱི་དབུ་དང་བཅས་པ་འཁྲུངས། །དབུ་དེ་ལ་བས་དཀྲིས་པས་ལ་ཐོད་བྱུང་། །ལྷ་ས་ལ་སོགས་གཙུག་ལག་བརྒྱ་རྩ་བཞེངས། །ཇོ་ཤཱཀ་བོད་དུ་གདན་དྲངས་ཆོས་སྲོལ་བཙུགས། །ཐུགས་དམ་བཅུ་གཅིག་ཞལ་ནི་རང་བྱོན་འཁྲུངས། །དེ་ནས་རྒྱལ་རབས་ལྔ་ནས་འཇམ་དབྱངས་ཀྱི། །སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འཁྲུངས། །འཛམ་གླིང་སུམ་གཉིས་མངའ་འོག་གཅིག་

p. 32

ཏུ་བསྡུས། །པདྨ་འབྱུང་གནས་བོ་དྷི་སཏཱ་སོགས། །མཁས་པ་བརྒྱ་རྩ་གདན་དྲངས་མདོ་སྔགས་བསྒྱུར། །བསམ་ཡས་ལ་སོགས་གཙུག་ལག་བརྒྱ་རྩ་བཞེངས། །སད་མི་བདུན་སོགས་རབ་བྱུང་སྡེ་ཡང་བཙུགས། །དེ་ནས་རྒྱལ་རབས་གཉིས་ནས་ཕྱག་རྡོར་གྱི། །སྤྲུལ་པ་མངའ་བདག་ཁྲི་རལ་ཞེས་བྱ་འཁྲུངས། །འོད་འཇང་་་་་འུ་ཤང་རྡོ་ཡི་གཙུག་ལག་ཁང་ཆེན་བཞེངས། །མདོ་རྒྱུད་ཐམས་ཅད་ལེགས་སྦྱར་སྐད་ལས་བསྒྱུར། །རབ་བྱུང་རྣམས་ལ་བསྙེན་བཀུར་བསྟན་པ་རྒྱས། །དེ་ནས་བདུད་སྤྲུལ་རྒྱལ་པོ་གླང་དར་གྱིས། །སྨོན་ལམ་དབང་གིས་བསྟན་པ་བསྣུབས་པར་གྱུར། །དེ་ཡི་སྲས་དྲུང་མངའ་བདག་འོད་སྲུང་གིས། །མངའ་རིས་སྐོར་གསུམ་ཐམས་ཅད་དབང་དུ་བསྒྱུར། །སྤྲང་ཕྲུག་སྲས་སུ་བརྫུ་བ་ཡུམ་བསྟན་གྱིས། །དབུས་གཙང་རུ་བཞི་ཙམ་ཞིག་དབང་བར་གྱུར། །འོད་སྲུང་བརྒྱུད་པ་དེ་ལ་གསུམ་དུ་གྱེས། །གཅིག་ནི་རྒྱལ་ཚུགས་ཟིན་པ་གུ་གེ་རྒྱལ། །གཅིག་གི་རྒྱུད་ཆད་གཅིག་ལ་མང་འཕེལ་ནས། །གཅིག་ནི་འབྲོ་ཡུལ་བྱོན་ནས་འབྲོ་རྗེ་སྟེ། །དེ་ཡི་རྒྱུད་ལ་ཇོ་བོ་སྤྲུག་བཙན་འཁྲུངས། །གདུང་རིགས་ཡོངས་ཀྱི་ཕོ་ལྷ་མཛོད་ཅེས་པ། །ལྷ་གདོང་དཀར་པོ་འདི་དང་

p. 33

རུས་གཅིག་གོ །ཞལ་ངོ་གཉིས་ནི་ཁམས་སུ་བྱོན་པའི་ཚེ། །གཅིག་ནི་ཤར་ཕྱོགས་ཙོང་ཁ་རྒྱལ་པོར་གྱུར། །གཅིག་ནི་ངོམ་དུ་བཞུགས་པ་སྤོམ་ར་སྡོང་། །དེ་ཡི་རྒྱུད་ལ་ངོམ་པ་ལྷ་གདོང་ཟེར། །ལ་ལས་མངའ་རིས་གོང་མ་ཆོས་རྒྱལ་ལ། །སྐུ་སྐག་རྩུབ་པས་མོ་མས་ལུང་བསྟན་ལྟར། །སྲས་ཞིག་གླུད་དུ་བརྫང་བ་ངོམ་དུ་ཆགས། །དེ་ཕྱིར་ཡས་རྫོང་ཁ་ནག་ཡིན་ནོ་སྨྲས། གང་ལྟར་བོད་རྗེའི་གདུང་རྒྱུད་ཡིན་པའི་ཕྱིར། །བོད་རྗེའི་དགྲ་བླ་རོལ་པ་སྐྱ་བདུན་གྱི། །གསོལ་ཁ་དག་ཀྱང་སྐབས་སུ་བཏང་སྲོལ་སྣང་། །གསོལ་འདེབས་ལེའུ་བདུན་མ་འདོན་པའི་ཚེ། །ཆོས་རྒྱལ་གདུང་རྒྱུད་མཐའ་རུ་མ་གཏོང་བར། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ། །ང་ཡི་ཐུགས་རྗེའི་རྒྱུན་ཆད་མེད་པར་སྐྱོབ། །ཟེར་བ་འདི་ཉིད་འདོན་ཚེ་རང་ཉིད་ནི། །གདུང་རིགས་ཡིན་པའི་ཡུས་ཀྱིས་མནངས་ནས་ནི། །ངུ་སྐད་མཆི་མ་དབང་མེད་འདོན་པ་ནི། །ང་ཡི་ཡབ་རྒན་དེ་ཡིས་ཡང་ཡང་མཐོང་། །སྤོམ་ར་ནས་བཟུང་མི་རབས་འགའ་ཞིག་ཏུ། །རྒྱུ་ན་ཚོང་བྱེད་དབུས་ན་འགྲིམས་བྱེད་ཅིང་། །ཚོང་དཔོན་ཕྱུག་པོ་ངོམ་དུ་གཞི་ཆགས་ཏེ། །བཀའ་འགྱུར་བཞེངས་སོགས་ཡོན་བདག་ཕྱུག་པོར་

p. 34

གྱུར། །དེ་ནས་གྲགས་ནག་ཅེས་བྱའི་སྟོབས་ཆེན་ཚར། །ཆོས་རྒྱལ་འཕགས་པའི་དྲུང་སྐོར་རྒྱ་ནག་བྱོན། །རྒྱལ་པོས་དུ་ཝན་ཞལ་གྱི་ལས་ཀ་དང་། །གོས་ཆེན་ནག་པོའི་མདུང་མ་ཤེལ་ཐམ་གནང་། །ཚེ་སྟོད་སྣེ་གདོང་རྩེ་བའི་ཕྱག་མཛོད་དང་། །ཚེ་སྨད་གོ་འཇོ་རྒྱལ་པོའི་བློན་པོ་བྱས། །བྱ་རོག་རྫོང་སོགས་ཕབ་ཚེ་དམག་དཔོན་དང་། །རྒྱལ་པོ་འདས་ནས་ཕ་དོད་སྐུ་ཚབ་བྱས། །དེ་ཡི་བུ་དགུ་ཡོད་པའི་ཐ་ཆུང་བ། །ངོམ་པ་རྒྱལ་བ་བཟང་པོའི་གདན་ས་དབང་། །དེ་སྲས་དཔལ་ཆེན་སྒ་ལོའི་སྐྱེས་མཐའ་དེ། །དྲུང་ཆེན་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་པ། །ལོ་བཞི་དུས་ན་ལས་མགོན་རྩེ་རོགས་བྱེད། །རྒྱུད་སྡེ་བཞི་སོགས་ཡི་དམ་ཆོས་སྐྱོང་མཇལ། །སྲས་གཉིས་ཡོད་རྟིང་ཞེན་ལོག་རབ་བྱུང་མཛད། །དེ་བཞིན་། གཤེགས་པ་རཏྣ་གླིང་པ་སོགས། །བླ་མ་བརྒྱ་དང་ཉི་ཤུ་རྩ་གཅིག་བསྟེན། །སྤུ་བོ་རྨ་ཀུང་གནས་སྒོ་ཕྱེ་བ་དང་། །རྡོར་དྲིལ་རྔ་རྣམས་རྟེན་མེད་ནམ་མཁར་བཞག །ཕྱག་རྗེས་ཞབས་རྗེས་ཕྱག་ནས་ཀ་བར་ཟུག །ནམ་མཁར་འཕུར་དང་མདའ་དར་མེས་མི་ཚིག །སྡིགས་མཛུབ་མཛད་པས་རྔབ་ཀྱང་དུམ་བུར་འཐོར། །སྐྱེ་བ་ཉི་ཤུ་རྩ་ལྔ་གསལ་བར་དྲན། །རྒྱ་ནག་

p. 35

ཡུལ་བྱོན་རྒྱལ་པོའི་བླ་མ་མཛད། །སྐུ་ལུས་མ་བཞག་བདེ་བ་ཅན་དུ་བྱོན། །དེ་སྲས་སྒམ་པོ་པ་ཞེས་བྱ་བ་ཡང་། །ཆུང་ཚེ་སྲིད་བསྐྱངས་འབུམ་ཆ་བཅོ་བརྒྱད་བཞེངས། །ཆེ་ནས་རབ་བྱུང་མཁས་གྲུབ་ཆེན་པོ་སྟེ། །སྒམ་པོ་ཙཱ་རི་ལྷ་སྟེང་ལ་སོགས་སུ། །སྐུ་མཚམས་ལོ་གྲངས་བཞི་བཅུ་ཙམ་ལ་མཛད། །བཀའ་འབུམ་དག་ཀྱང་པོ་ཏི་བཅུ་གཉིས་ཏེ། །དྭགས་ལྷ་སྒམ་པོའི་གདན་སའི་མཁན་པོ་མཛད། །རྡོ་རྗེས་ཆུ་དང་འོ་མ་ཕྱེ་བ་དང་། །དྲིལ་བུའི་རྩེ་མོར་རྡོ་རྗེ་བསྐོར་བ་དང་། །ཕྱག་དྲུག་པ་སོགས་ཡི་དམ་ཆོས་སྐྱོང་མཇལ། །རྒྱ་ནག་རྒྱལ་པོས་ཞྭ་ནག་གསེར་མདོངས་ཅན། །གསེར་ཐམ་བྱི་བ་ནག་པོའི་ཐུལ་པ་དང་། །སྐད་ཆ་གདན་དམར་ལ་སོགས་ལས་ཀ་གནང་། །དགའ་བདེ་ལྷུན་གྲུབ་ཅེས་བྱའི་དགོན་པ་བཏབ། །དེ་ཡི་སྲས་ནི་བྱ་བྲལ་བ་ཡིན་ཏེ། །སྔོན་ཚེ་ཨོ་རྒྱན་བོད་དུ་བཞུགས་དུས་ཀྱི། །གསོལ་དཔོན་སྐྱེ་བ་ཡིན་པར་ལུང་གིས་ཟིན། །ཡི་དམ་ཆོས་སྐྱོང་དཔག་མེད་ཞལ་གཟིགས་ཤིང་། །རོ་གཅིག་ཆེན་པོའི་རྟོགས་པ་མངོན་དུ་གྱུར། །ཁྱད་པར་སྐྱེས་བུ་ཆེན་པོ་བསྒྲུབས་པ་ཡིས། །དངོས་སུ་གྲུབ་ནས་མི་རྒྱུད་འཕེལ་བར་གྱུར། །དེ་ལ་སྲས་གཉིས་

p. 36

ཡོད་པའི་ཆེ་བ་ནི། །ལྷ་རྒོད་རྒྱལ་ཞེས་བྱ་བ་བཙན་དྲག་ལྡན། །མཁར་གསུམ་རྩེ་རུ་ལྷ་ཁང་གསུམ་དང་ནི། །དངུལ་གྱིས་རྒྱས་འབྲིང་རྣམ་གསུམ་ལ་སོགས་བཞེངས། །ཕྱིས་ནས་ནཱ་རོ་ཆོས་དྲུག་ཉམས་བླངས་ནས། །འདས་དུས་རིང་བསྲེལ་ཁ་དོག་སྣ་ཚོགས་པ། །གདུང་བཞུས་མལ་དུ་ཕྱིས་ཀྱང་བཙལ་བས་རྙེད། །དེ་སྲས་དབང་ཕྱུག་རྒྱལ་མཚན་ཞེས་བྱ་བ། །རྟག་ཏུ་ཚ་ཚ་ཁོ་ནར་ཐུགས་དམ་མཛད། །མགོན་ཁང་བཙུགས་ནས་སྔགས་འཆང་ཁྲོ་བོ་མགོན། །ལོ་གྲངས་བཅུ་གསུམ་མགོན་པོ་སྒྲུབ་བཅུགས་པས། །མི་མ་ཡིན་གྱིས་དངོས་སུ་འོ་མ་འདྲེན་། །ཕྱིས་ནས་སྐུ་རིམ་མདོས་སོགས་བཅའ་བའི་ཚེ། །མཁའ་སྤྱོད་པ་ཡིས་མཛད་པའི་མགོན་པོའི་ཚོགས། །སྡེ་ཕས་བཀྱག་ཅིང་སྔགས་པས་གྱེར་བའི་ཚེ། །མགོན་པོའི་གྲི་གུག་ལྷང་ལྷང་ནམ་མཁའ་ནས། །གཡུག་པ་ཡོན་མཆོད་གཉིས་ཀས་ཕལ་ཆེར་མཐོང་། །དེ་སྲས་གསུམ་གྱི་ཆེ་བའི་བརྒྱུད་པ་ཆད། །ས་ཞིང་ཐམས་ཅད་དགོན་སྡེ་རྣམས་ལ་ཕུལ། །འབྲིང་བ་མགོན་པོ་དབང་ཕྱུག་ཅེས་བྱ་སྟེ། །མི་ཚེར་ཆོས་སྤྱོད་མཐའ་དག་ཐུགས་དམ་མཛད། །འདས་དུས་ཐུགས་ལྗགས་སྤྱན་དང་ཧཱུཾ་ཡིག་བྱོན། །ཆུང་བ་མགོན་པོ་རྒྱལ་ཞེས་བྱ་བ་

p. 37

སྟེ། །གསར་རྙིང་བསྙེན་པ་དུང་ཕྱུར་ལྷག་ཙམ་དང་། །རྒྱུན་དུ་གསར་རྙིང་ཐུགས་དམ་དཔག་ཏུ་མེད། །རྨི་ལམ་རང་ཉིད་ཁྲོ་ཆུའི་སྐུར་གྱུར་ནས། །རི་རབ་ལ་ནི་འཕུར་ཏེ་སྐོར་བ་སོགས། །ཕོ་རོག་དམར་གཏོར་དགྲ་ལ་དངོས་སུ་བརྒྱབས། །དེ་ནས་དགྲ་བོ་རྩད་ནས་བརླགས་པ་སོགས། །ཡི་དམ་ཆོས་སྐྱོང་ལྷ་རྟགས་དཔག་མེད་ཅིང་། །གང་འགྲས་དགྲ་དཔུང་ཐམས་ཅད་རྩད་ནས་བཅད། །འདས་ཚེ་ཐུགས་ལྗགས་ཁྲོ་ཆུའི་སྐུ་སོགས་བྱོན། །མགོན་པོ་དབང་ཕྱུག་སྲས་པོ་ལྷ་བཟོ་ཞེས། །གསར་རྙིང་སྔགས་ཆོས་སྒྲ་དང་ས་རིས་དང་། །ལྷ་རིས་ལ་སོགས་ཡོན་ཏན་ཆེ་བ་དང་། །བསྙེན་སྒྲུབ་ནུས་པས་མཐུ་ཡི་གྲགས་པ་ཆེ། །རྨི་ལམ་བླ་མ་སྐུ་གསུམ་ལ་སོགས་མཇལ། །འདས་ཚེ་ཀུན་ཏུ་བཟང་པོ་ཨུ་རྒྱན་སྐུ། །ཐུགས་ལྗགས་སྤྱན་གསུམ་རིང་བསྲེལ་ཞུན་ཐིག་བྱོན། །མགོན་པོ་རྒྱལ་ལ་སྲས་ནི་བཞི་ཡོད་པས། །ཕལ་ཆེར་གཞོན་ནུར་འདས་ཤིང་གདུང་མ་བཞུས། །གསོལ་དཔོན་དགེ་འདུན་ཞེས་བྱ་དགེ་ཚུལ་ཞིག །གཞོན་དུས་གཡུལ་དུ་བསད་པ་གདུང་བཞུས་པས། །རིང་བསྲེལ་ཡུངས་ཀར་ལྟ་བུ་ཤེལ་གྱི་མདོག །མགོ་རུས་ལྷ་བའི་དཀྱིལ་ནས་བྱོན་གདའོ། །སྲས་

p. 38

པོ་ཆེ་བ་ཨ་ནུ་བཙན་ཕྱུག་ནི། །རྟ་མགྲིན་བསྙེན་ཅིང་མཚན་བརྗོད་ཐུགས་དམ་བྱེད། །དེ་ཡི་སྲས་ནི་པདྨ་དབང་དྲག་ཅེས། །ཆུང་ངུའི་དུས་ནས་རིགས་བཟང་དཔའ་བོར་གྲགས། །མགུར་ཡང་བབས་ཏེ་ཁུ་བོས་བཤད་མ་བཅུག །མདོས་ཟློག་བསྐང་གསུམ་ས་རྩིས་བཟོ་ཡི་རིགས། །རི་མོ་འབུར་སྐུ་ལ་སོགས་ཅི་ཡང་མཁྱེན། །གསར་རྙིང་སྔགས་ཡོན་བསྐྱེད་རྫོགས་ཉམས་ལེན་བཟང་། །སྐུ་གསུམ་སྒྲུབ་པ་ལན་གཉིས་མཛད་པའི་ཚེ། །རྨི་ལམ་ཡུལ་དུ་ཨོ་རྒྱུན་མཇལ་བ་དང་། །དངོས་སུ་རྡོ་རྗེ་ཕག་མོ་ཞལ་གཟིགས་ཤིང་། །གུར་དྲག་སྒྲུབ་པ་ལོ་མཚམས་བསྡད་པའི་ཚེ། །མཁའ་འགྲོས་མར་ཁུ་དངོས་སུ་དྲངས་བ་དང་། །དགུན་སྒང་ཚེས་བཅུའི་ཚོགས་ཀྱི་གཞི་འགྲམ་དུ། །དབྱར་ཁའི་སྲུག་རློན་སྡེར་གང་ཙམ་འདུག་པ། །དེར་འཚོགས་རྣམས་ཀྱིས་དངོས་སུ་ཟ་རྒྱུ་བྱུང་། །དེ་སོགས་དངོས་ཉམས་རྨི་ལམ་ལྷ་རྟགས་མང་། །གཤིན་རྗེ་སྒྲུབ་ཚེ་ཧོ་ཁུང་ནང་དུ་ནི། །ཁྲག་ལྷོ་དངོས་སུ་སླེབ་ཅིང་ལིངྒ་འཕར། །སྐྱེས་བུ་ཆེན་པོ་དངོས་སུ་ལན་འགའ་གཟིགས། །སྲིད་ཙང་སྲེའུ་གསོ་དང་སྲུང་ཟློག་སོགས། །ཕན་ཐོགས་ཆེ་ཞིང་དེ་ལུགས་འགྲོ་དོན་ཆེ། །ཕྱིས་སུ་རབ་བྱུང་མ་འདས་བར་དུ་ནི། །ཆབས་

p. 39

ལེན་ལྷམ་ཕུད་གདན་གཅིག་མཐར་ཐོན་མཛད། །ཟངས་མདོག་དཔལ་རིར་ཐེ་ཚོམ་མེད་གསུངས་ནས། །འདས་ཚེ་ཞག་བདུན་བཀྲག་བཟང་ཕུང་པོ་གཙང་། །བཞུས་ཚེ་སྤྲིན་ལ་གདུགས་དང་རྒྱལ་མཚན་དང་། །འཁོར་ལོ་དཔལ་བེའུ་བུམ་པ་གསེར་ཉ་དུང་གཟུགས་དོད། །མེ་ཏོག་ཆར་པ་ལྷོ་ནུབ་ངོས་ནས་བབས། །འཇའ་ཟུག་ཉི་ཟླ་སྐར་གསུམ་ཉིན་གཅིག་འཛོམས། །ཐུགས་ལྗགས་སྤྱན་གསུམ་ཚེམས་ལ་རིང་བསྲེལ་དང་། །ཕྱག་བཞི་ཞིང་སྐྱོང་དམ་ཅན་རྣམས་ཀྱི་སྐུ། །ཨ་ཡིག་གཉིས་དང་ཧཱུྃ་ཡིག་མཐིང་ནག་གཉིས། །དུང་དཀར་གཡས་འཁྱིལ་ཤིན་ཏུ་ངོ་མཚར་བ། །ཤ་རི་རམ་ནི་སོར་ལྔ་ཙམ་པ་ལ། །ཆུ་ཤེལ་འདྲི་བ་ཕྱི་ནང་མི་སྒྲིབ་པར། །དེ་སོགས་བྱོན་ཅིང་དགོངས་ཞག་མ་རྫོགས་བར། །བདུན་ཚིགས་པོ་ལ་དེ་ཐད་ནམ་མཁའ་ལ། །འཇའ་འོད་འཁྱིལ་བ་འགའ་དང་འགའ་ཡིས་མཐོང་། །དགོངས་ཞག་རྫོགས་ཚེ་བདག་གི་རྨི་ལམ་དུ། །ཁོ་བོ་ད་བར་སེམས་ཉིད་ནམ་མཁའ་ལ། །སྲས་ནི་སྟོང་ཉིད་ཉམས་ལེན་ངང་ལ་བསྡད། །དེ་ཡིས་སྒོམ་གོ་ཨེ་ཆོད་གསུངས་བྱུང་བས། །དེ་ཡིས་སྒོམ་གོ་ཆོད་ཀྱང་ད་ནི་ཁྱེད། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །

p. 40

ཁྱེད་རང་བསྙེན་སྒྲུབ་མཛད་པའི་ཡི་དམ་ལྷ། །ཐམས་ཅད་དེར་བཞུགས་དེ་རུ་བྱོན་ཞུས་རྨིས། །ཕྱིས་དུས་གར་སྐྱེས་རྨི་ལམ་བརྟག་པའི་ཚེ། །ཐུགས་སྒྲུབ་ཡང་སྙིང་འདུས་པའི་དཀྱིལ་འཁོར་ནི། །ཧ་ལམ་པ་ཞིག་མཇལ་ཞིང་ཨ་ནུ་རང་། །དེ་ཡི་ནང་དུ་བཞུགས་པ་ཡིན་སྙམ་བགྱིད། །ཟངས་མདོག་དཔལ་རིར་ཐུགས་སྒྲུབ་དཀྱིལ་འཁོར་དངོས། །ཡིན་ཕྱིར་དེ་རུ་བཞུགས་པའི་ངེས་པ་ཐོབ། །དུས་ཕྱིས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཡིས། །སྔོན་དུས་ཨོ་རྒྱན་བསམ་ཡས་བཞེངས་པའི་དུས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཧོར་འདྲ་ནི། །འདོད་རྒྱལ་ཞེས་བྱ་ལྷ་ཁང་ལས་མི་ལ། །མགོ་དཔོན་བརྡུང་བཙོག་ལ་སོགས་བྱེད་པ་སྟེ། །ཨོ་རྒྱན་ཞལ་མཇལ་ཆོས་འབྲེལ་ཐོབ་ཙམ་ཞིག །དེ་ཡི་སྐྱེ་བ་པདྨ་དབང་དྲག་སྟེ། །ད་ལྟ་ཨོ་རྒྱན་མདུན་ན་སྲིན་པོའི་ལུས། །རྩེ་གཅིག་དམ་ཆོས་བསྐྱེད་རྫོགས་ཉམས་སུ་ལེན། །ལུས་རྟེན་དེ་ལ་འཇའ་ལུས་རིག་འཛིན་ཐོབ། །དེ་ནས་སྤྲུལ་པས་མ་འོངས་རིགས་རྒྱུད་འདིར། །བླ་མ་ཞིག་ཀྱང་འོང་ཚུལ་ཞིབ་པར་གསུངས། །དེ་ནི་བདག་གི་ལུས་ཀྱི་ཕ་དང་ནི། །ཡོན་ཏན་སློབ་པའི་སློབ་དཔོན་གཉིས་ཀ་ནི། །པདྨ་དབང་དྲག་ཡིན་ཕྱིར་དྲིན་ཆེའོ། །ང་ཡི་མ་ནི་ཁོང་གི་

p. 41

གཡོག་མོའི་ཚེ། །ཁོང་དང་འབྲེལ་བའི་བྱིས་པ་གཅིག་ཞུགས་པ། །ཟླ་སྡིབ་རེད་ནས་རི་ན་སྐྱེས་ཏེ་ཤི། །གཟུགས་བརྙན་ཧ་ཅང་མ་དོད་པ་འདུག་སྐད། །དེ་ནས་ང་ནི་ལུས་ལ་ཨེ་ཞུགས་ཙམ། །བྱིས་པ་སོས་ཕྱིར་རེ་ནེ་དགོན་དུ་སོང་། །ཨ་མི་མཆོད་རྟེན་དྲུང་དུ་ཉལ་བ་ལ། །རྨི་ལམ་འདྲ་བ་འཁྲུལ་པའི་སྣང་བ་ལ། །མི་ནི་ཆེན་པོ་ཁ་དོག་སྔོ་སང་ལ། །རལ་པ་ཧྲི་ལི་ཧྲ་ལ་ཡོད་པ་ལ། །མཆུ་ནི་བྱ་རོག་མཆུ་ནི་རིང་པོ་ཅན། །འཆམས་སྟབས་བྱེད་ཅིང་བྱུང་བས་མོ་ཉལ་བའི། །གོས་སྟེང་རེ་བ་ནག་པོ་ལྷན་འདུག་པ། །མཆུ་ཡིས་ཧྲག་སྒྲ་དང་བཅས་བཀོག་ནས་འཕངས། །དེ་ཚེ་མོ་ཡིས་དུང་རྡོག་ལེགས་པོ་གཉིས། །མཆོང་གཅིག་དང་ནི་གསུམ་པོ་རྙེད་པ་ལ། །མཆོང་དེ་ཐང་ལ་ཤོར་བས་ཆག་ཤོར་ཞིང་། །དུང་གཉིས་མོ་ཡི་ཐོད་འཛི་ལ་གདན་རྨིས། །བུ་གཉིས་སོས་ཤིང་བུ་མོ་མི་སོས་རྟགས། །ཡིན་པར་འདུག་ཅེས་ཡང་ཡང་སྨྲ་བ་ཐོས། །དེ་ཕྱིར་ཆུང་སྲིའི་བར་ཆད་སེལ་བ་དང་། །བྱིན་གྱིས་བརླབས་པའི་ཕ་ནི་ཆོས་སྐྱོང་མཆོག །ལས་མགོན་བྱ་རོག་གདོང་ཅན་ཡིན་པར་འདོད། །མགོན་པོ་འདི་ལ་གཞན་དང་མི་འདྲ་བའི། །བཀའ་བབ་ཡིན་སྙམ་བློ་གཏད་ཁེལ་བ་ཞིག །

p. 42

རང་བཞིན་ཤུགས་ཀྱིས་སེམས་ལ་འཆར་བར་སྣང་། །དེ་ལྟར་ཆོས་དབང་ཀུན་བཟང་ངེད་གཉིས་ཀྱིས། །ཕ་མ་ཡིན་ཚུལ་དག་ནི་མཉམ་པ་སྟེ། །ཇོ་རུ་ཕ་ཆེར་གྲུམ་བུའི་ཞ་ནས་ནི། །བར་སྐབས་འགའ་ལ་གྲུ་གུ་འདྲ་བ་བྱུང་། །དེ་དུས་སྐོར་ལ་ཆོས་དབང་ལུས་ཞུགས་སྐད། །དེ་ནས་བདག་ཉིད་བཙས་པར་ཉེ་བ་ན། །ཨ་མས་རྨི་ལམ་རྟ་དཀར་ཞིག་ཞོན་ནས། །ལག་ཏུ་མར་མེ་དཀར་ཆུང་ཞིག་བལྟམས་ནས། །ལུང་པའི་ཕུ་ངོས་སོང་བ་རྨིས་སྨྲས་པས། །ཇོ་རུས་དེ་ལ་རྣམ་པར་རྟོག་པ་སྐྱེས། །ཁྱོད་ཀྱིས་ངོ་ཚེར་རྟ་ནི་གཡབ་མ་མྱོང་། །འཆི་རྒྱུ་ཨེ་ཡིན་ཟེར་ནས་སྡུག་བསྔལ་བྱས། །དེ་དགོང་ཡིན་ནམ་དེ་ཡི་ཕྱིར་ནུབ་ཙམ། །ཁོ་བོ་ཉེས་སྐྱོན་མེད་པར་བདེ་བར་སྐྱེས། །དེ་ནས་ཡབ་རྒན་པདྨ་དབང་དྲག་གིས། །ལྷ་འདྲེ་སྟོང་སྒྲིབ་བཏགས་དང་ཚེ་འགུགས་དང་། །ཚེ་དཔག་གསང་འདུས་གཏོར་དབང་ལ་སོགས་པ། །སྐྱེས་མ་ཐག་ཏུ་རཏྣའི་ཆོས་དང་འཕྲད། །དེ་ལྟར་བཙས་ནས་རིང་པོར་མ་སོང་སྐབས། །ཕ་ཁོང་བུ་ཞེས་བྱ་བའི་ཇ་པ་ཞིག །ངོམ་སྟོད་སྤྱི་པས་བླངས་ནས་ངེད་ཚང་དུ། །དམག་མི་ཇ་དང་བཅས་པ་གནས་ཚང་བྱས། །ཁ་མཆུ་དུམ་ནས་གནང་རྣམས་བསྡུ་བའི་ཚེ། །ཐབ་ན་

p. 43

བཏབ་པ་མ་གཏོགས་ཟེར་བ་ཡི། །ཇ་རྣམས་མནའ་ཤེར་བྱས་དུས་མནའ་མ་ཕུད། །རྫོ་མ་མང་པོའི་ནང་ན་ཆུ་བླུགས་ནས། །ཇ་ཁག་ཇ་ལིང་མང་པོས་རྫ་མ་བཀང་། །མནའ་བསྐྱེལ་ཚར་ནས་ཁོང་ཚོས་བླངས་ཁྱེར་བས། །ཆུ་རྣམས་ཐམ་ཅད་ཇ་རྒོད་ཁོ་ནར་གྱུར། །གཞན་ཡང་དམག་མི་སོ་སོས་བྱིན་པ་དང་། །ལྟེབ་གཞི་དང་ནི་གནས་ཚེས་འདྲ་བ་སོགས། །སྐམ་རློན་ཇ་ཡིས་ཁྱིམ་རྣམས་ཁེངས་འདྲར་གྱུར། །དཔེར་ན་སྔོན་ཚེ་དགེ་སློང་སྦྲང་རྩི་མཆོག །སྐྱེས་མ་ཐག་ཏུ་ཁྱིམ་གྱི་སྣོད་རྣམས་ཀུན། །སྦྲང་རྩིས་གང་བར་གྱུར་པ་དང་མཚུངས་པས། །བདག་ཀྱང་དབུལ་པོའི་ཁྱིམ་དུ་སྐྱེས་ན་ཡང་། །སྐྱེས་མ་ཐག་ཏུ་ཁྱིམ་རྣམས་ཇས་གང་ཞིང་། །ཆེ་རུ་ལངས་ནས་ཇ་ལ་ལོངས་སྤྱོད་པ། །ཚེ་སྔོན་བསོད་ནམས་ཅུང་ཟད་བསགས་རྟགས་སོ། །དེ་ནས་ཟླ་བ་བཅུ་ནི་ལོན་པ་དང་། །ཨ་ནུའི་བུ་འདི་ཐར་ཁར་ཕུད་དགོས་ཤིང་། །རྟེན་འབྲེལ་ཡོད་པས་ཐར་སྟོན་དགོས་གསུངས་ནས། །མཛོ་མོ་ཤེ་མར་ནོར་རིན་གཅིག་ཡོད་པ། །ཕེད་ནས་ཐམས་ཅད་བོས་ཏེ་ཕྱེ་མར་བྱས། །བུ་ཡི་མིང་ལ་དབང་དྲག་སྲུང་བཏགས་སོ། །དེ་དོན་ཕྱིས་ཀྱང་ང་ཡི་ཨ་དབྱི་དེས། །ཁྱོད་ཀྱི་

p. 44

དོན་ལ་མར་ཤེ་ནོར་རིན་བཏང་། །ཁྱོད་ཀྱི་བེད་ཅིག་ངེད་ཚོས་རག་དགོས་ཞེས། །ཡང་ནས་ཡང་དུ་དྲིན་རྩི་བྱེད་པ་ཐོས། །དེ་ཡང་སྔོན་གྱི་མདོ་སྡེའི་གླེང་གཞི་ནས། །བཙས་སྟོན་རྒྱས་པར་བྱས་ཤིང་མིང་བཏགས་པའི། །ལོ་རྒྱུས་འབྱུང་བ་རྣམས་དང་རྗེས་སུ་མཐུན། །དེ་ནས་ལོ་ནི་གཉིས་སམ་གསུམ་གྱི་དུས། །ཀ་བའི་ངོས་ལ་སངས་རྒྱས་ཙཀ་ལི་ཞིག །ཨ་ནུས་སྦྱར་བ་ཡིན་ནམ་སྦྱར་འདུག་པའི། །མིང་དང་ཅི་ཡིན་བདག་གིས་མི་ཤེས་ཀྱང་། །དེ་ལ་བསྣོག་དང་བཀྲལ་སོགས་མི་བྱེད་ཅིང་། །དགའ་ཞིང་དེ་ལ་ཡང་ཡང་ལྟ་བ་དང་། །གུས་ཤིང་དད་པ་བརྡ་ཙམ་ཤེས་པར་གྱུར། །ནུབ་མོ་འཁྲུལ་སྣང་འབོམ་སྒྲིལ་འདྲ་བ་ཡི། །ཇོ་འཁོར་ལྟར་འཁོར་དེ་ལས་ཟེར་མ་འཕྲོ། །དེ་ཉིད་མཐོང་བས་སྐྱུག་ལོག་ཡིད་མི་དགའ། །དེ་་འདྲ་མཐོང་བས་མཚན་ངུས་བྱས་པའི་ཚེ། །ཕ་མས་བདུག་པ་སྐྱབས་འགྲོ་བྱེད་པ་དྲན། །ད་ལྟ་བྱིས་པ་མཚན་ངུས་བྱེད་ཀུན་ཀྱང་། །དེ་འདྲ་མཐོང་བ་ཡིན་ཏེ་འོང་ངོ་སྙམ། །དེ་དུས་དེ་འདྲ་གདའ་ནི་བཤད་མི་ཤེས། །དེ་ནས་བདག་གི་ལོ་ངོ་བཞི་ཙམ་དུས། །ཨོག་མ་ན་བ་ཨ་ནུས་མགོ་གཡོག་ནས། །ལག་ཏུ་འཁྲི་ལོ་བཞག་ནས་ཡེངས་བཅུག་ནས། །རྩ་གབ་

p. 45

བཙུགས་པས་རྣག་ཀྱང་མང་དུ་བྱུང་། །ཨ་ནུས་ང་ནི་བརྡུངས་ལེ་རེད་བསམས་ནས། །ངས་ནི་ཉེས་པ་ཅི་ཡང་མ་བྱས་པར། །སྨྲས་ཤི་ང་ངུས་པས་ཀུན་གྱིས་བྲིད་བྱེད་ཅིང་། །འཁྲི་ལོ་ཐང་ལ་མ་ཤོར་ཟེར་བ་དྲན། །དེ་ནས་བྱིས་པ་གཞན་ལ་བསྡིགས་པའི་ཚེ། །ཨ་ནུ་པད་དབང་རྩ་གབ་ཁུར་འོང་ནས། །ཁྱོད་ཀྱི་སྐེ་ལ་བཙུགས་ཞེས་སྨྲས་པ་དྲན། །དེ་ནས་སྲིང་མོ་བུ་མོ་ཞིག་སྐྱེས་འདུག །སྐྱེས་པ་རང་ཡང་དེ་དུས་མི་ཤེས་པས། །ངེད་ཚང་བུ་མོ་སྣུམ་མགོ་མ་ཞིག་ཡོད། །སྨྲས་པས་ཀུན་གྱིས་དེ་ལྟར་སྨྲ་བར་བྱེད། །འདི་སྐབས་མི་མ་ཡིན་པ་འགའ་མཐོང་སྟེ། །མཁར་རྩེ་ལྷ་ཁང་མཇལ་དུ་སོང་རྩ་ན། །ལྷ་ཁང་སྒོ་ལ་ལྕགས་ཐག་བཙའ་ཁྲོ་ནི། །དམར་པོ་ཞིག་ནི་བྲེས་ཏེ་གདའ་བ་མཐོང་། །རོགས་ལ་བྱིས་པ་ཞིག་ནི་ཡོད་པ་ལ། །དེ་ལ་མ་རྫི་སྨྲས་ཤིང་ནང་དུ་སོང་། །ཕྱི་རུ་འོང་ཛ་ལྕགས་ཐག་མི་སྣང་སྟེ། །རྡོ་རྗེ་ལེགས་པའི་ཆོ་འཕྲུལ་ཡིན་ནོ་ཟེར། །ཁྱིམ་དུ་ཇོ་རུའི་རུམ་དུ་ཉལ་ཙ་ན། །ཐོ་རངས་མི་རྒན་མགོ་སེ་གོས་ཧྲུལ་ཅན། །ངར་སྡོང་ཀུན་ཀྱང་མེ་བཀྲ་འཁྱུག་གེ་བས། །ཆུ་ཟོམ་ཞིག་ཁྱེར་ཁྱིམ་གྱི་སྒོ་ངོས་ནས། །ཡར་བྱུང་ཕུག་རྩིག་ནང་དེར་དངོས་སུ་ཐལ། །ནུབ་མོ་

p. 46

དགོང་ཧུབ་བསྐོལ་ཞིང་ཡོད་ཙ་ན། །བུ་མོ་ཤ་སྔོ་སྐུ་ནི་བསླས་པ་ལ། །རྒྱན་ནི་མེད་པ་བཅུ་དྲུག་ན་ཚོད་ཅན། །ཚུར་ཚུར་བྱུང་བས་གཟུགས་དེ་ཇེ་ཆུང་སོང་། །གྲུ་གང་ཙམ་གྱུར་ཐབ་ཀའི་ནང་དུ་ཐལ། །ཉིན་ཞིག་ཁྱིམ་དུ་སུ་ཡང་མེད་པ་ལ། །ཁྱིམ་ཕུག་ཤིང་འགའ་ཡོད་པ་ཕར་བསལ་ནས། །རྟོལ་ཕོ་འདྲ་བ་དུད་འགྲོའི་མགོ་ཞིག་གིས། །བལྟས་ནས་བྱུང་བས་རང་ཡང་སྐྲག་ཅིང་ངུས། །ཨ་དབྱི་བྱུང་ནས་བལྟས་པས་མི་སྣང་ངོ་། །དེ་ལྟར་མི་མ་ཡིན་འགའ་མཐོང་བ་དང་། །རང་འཐག་སྟོང་སྐོར་བྱེད་པ་མཐོང་བ་རྣམས། །སྲིང་མོ་འཆི་བའི་རྟགས་ནི་ཡིན་པ་འདྲ། །ཞྭ་དམར་གྲགས་པ་སེང་གེ་ལ་སོགས་པ། །སྐྱེས་ཆེན་འགའ་ཡང་ཆུང་དུས་ལྷ་འདྲེ་མཐོང་། །དབྲ་འགུ་ལྷ་མཐོང་འདྲེ་མཐོང་རྟགས་ཞེས་ཐོས། །དེ་དང་དེ་ཡང་ཕྱོགས་མཐུན་ཙམ་ལགས་སོ། །དེ་དུས་བསམ་པ་ཅི་ཡང་མེད་ན་ཡང་། །གཤོར་འཇིམ་རྣམས་ལ་གཙུག་གཙུག་བཟོ་བྱས་ནས། །གྲལ་དུ་བསྒྲིགས་ནས་བླ་མ་ཡིན་ཁས་བྱས། །ང་རང་ཇི་རེ་གྱེ་རེ་བྱས་ནས་ཀྱང་། །བླ་མ་རྣམས་ཀྱིས་འདོན་པ་བྱེད་སྟངས་བྱེད། །བྱིས་པ་གཞན་ཚོས་ང་ཡི་སྟངས་བྱེད་དུས། །ཁྱེད་ཚོས་བླ་མ་དེ་ཚོ་བླ་མ་ངན། །ང་ཡི་བླ་མ་བླ་

p. 47

བཟང་ཡིན་ཞེས་བརྗོད། །སྲིང་མོ་བུ་མོ་དེ་ནི་བྱུང་ཙ་ན། །བླ་མའི་གྲལ་ལ་བུ་མོ་མི་ཉན་བསམ། །བུ་མོ་དེ་ནི་ནམ་ཡང་འོང་མི་འཇུག །ཕལ་ཆེར་རྩེད་མོ་དེ་རང་མང་བར་རྩེ། །དེ་ཡང་སྔོན་གྱི་བག་ཆགས་སད་པ་འདྲ། །དེ་ནས་བུ་མོ་དེ་ཉིད་ཤི་བ་ལ། །ཕུ་ན་ཀརྨ་བསྟན་འཕེལ་བཞུགས་པ་ཡི། །རྟོགས་ལྡན་གསུམ་བཞི་འཕོ་འདེབས་བཏང་བྱུང་བས། །འཕོ་བ་ཐེབ་སོང་ཡོན་བདག་ལྟོས་གསུངས་པས། །ང་ཡིས་བལྟས་པས་བུ་མོའི་རོ་དེ་ནི། །ཤ་མདོག་དཀར་ཞིང་ཟིལ་པ་ཕྲོམ་མེར་གདའ། །དེ་ཡི་མགོ་ནས་རླངས་པ་ཇ་རླངས་ཙམ། །ནམ་མཁར་ཕྱུ་རུ་རུ་ནི་འགྲོ་བ་མཐོང་། །དེ་ཡང་ང་ཡི་མཐོང་སྣང་ཡིན་པ་འདྲ། །གཞན་སུས་དེ་ལྟར་མཐོང་རབ་མི་ཟེར་རོ། །དེ་ནས་བུ་མོའི་རོ་དེ་རིར་བསྐྱལ་ནས། །དགོང་མོ་ཨ་ནུ་ཡ་རིར་བཞུགས་ཙ་ན། །མ་ཀའི་ཉི་ཐིག་དེ་ཡི་སྣེ་མོ་ན། །ཡི་གེ་ཨ་ཡིག་ཆེན་པོ་ཞིག་འདུག་པ། །ཨ་ཡིག་རྐང་པ་ཤིང་གདན་ཐོག་དེར་ཡོད། །ཨེ་མཐོང་གསུངས་པས་སུས་ཀྱང་མ་མཐོང་སྟེ། །ང་དང་འགྲམ་པ་གཏུག་དང་ཨེ་མཐོང་གསུངས། །འགྲམ་པ་གཏུག་ཀྱང་མ་མཐོང་དེ་ཡི་ཚེ། །སྒོ་ན་བུད་མེད་འགའ་ཟུང་ཡོད་པ་ཡིས། །ཡ་ཐ་

p. 48

ཁང་པར་འཇའ་ཞིག་ཟུག་གདའ་ཟེར། །སྒོ་ན་རྒྱུག་པས་འཇའ་ཡང་ཡལ་ཏེ་སོང་། །བུ་མོ་དེ་ཡང་རིགས་བཟང་ཡིན་པར་གྲགས། །དེ་ནས་ཕུ་དེར་ཀརྨ་བསྟན་འཕེལ་ལ། །བསྔོ་ཞུས་ཁྱེར་ནས་ཇོ་རུ་ཨ་མ་དང་། །ང་དང་བཅས་པ་བཀའ་བསྒོ་ཞུར་སོང་བས། །བུ་མོ་ཤི་ཟེར་ཨ་མ་ངུས་པ་དང་། །བུ་མོ་ཤི་བས་མི་སྡུག་ང་ཡོད་ལེ། །ཨེ་ཤེ་ལགས་སྨྲས་བླ་མ་འཁོར་བཅས་ཀྱིས། །དེ་བདེན་གསུངས་ནས་ང་ལ་གཅེས་སྤྲས་མཛད། །དེ་དུས་མང་ཆོས་རྒྱུན་དུ་ཐོབ་ན་ཡང་། །ཉན་ནི་མི་ཤེས་འོན་ཀྱང་ཚིག་སྡུམ་ཟིན། །པདྨ་ལྟར་གས་ཨུཏྤལ་ལྟར་གས་སོགས། །བླ་མས་གསུངས་པའི་ཞལ་སྟངས་རྒྱུན་དུ་བྱས། །དབང་ལུང་ཡང་ནི་འགའ་རེ་ཐོབ་པ་རེད། །དགེ་མ་འགའ་ཡིས་སེམས་ངོ་རྙེད་མ་རྙེད། །ཟེར་ནས་གླེང་ལབ་འགའ་རེ་བྱེད་པ་ཐོས། །སེམས་ཞེས་ཟེར་བ་རང་གི་སེམས་ཡིན་འོས། །དེ་ལ་ཅི་འདྲ་ཡོད་སྙམ་སེམས་ལ་བལྟས། །སེམས་ཉིད་འགྱུ་བ་ཏུར་ཏུར་འཕྲོ་བ་མཐོང་། །འདི་ལ་ལྟ་བ་དེ་ནི་ནམ་ཡིན་སྙམ། །ཨ་ཀྱང་གར་ཡིན་འདི་ནི་ཙ་དུ་བ། །མི་རྒན་བསམ་ཡོད་མང་པོ་བརྒྱག་བཏགས་ནས། །འདི་ན་འོང་ངོ་འདི་བས་དཀའ་ཞིག་ཡོད། །འདི་རང་ཡིན་ན་དཀའ་སླས་

p. 49

གར་དགོས་བསམ། །སྲུང་ལུགས་ཤེས་པར་འདུག་ཀྱང་མ་བསྐྱངས་སོ། །དེ་དུས་རང་ལོ་ལྔ་དུས་ཡིན་པ་ལ། །དེ་ཙམ་རྟོགས་པ་སྔོན་སྦྱང་ཡོད་རྟགས་ལགས། །དེ་སྐོར་བུང་བ་ཆེན་པོ་མཐེ་བོང་ཙམ། །དབྱར་དགུན་རྒྱུན་དུ་ཐབ་ཁའི་ལྟག་དེར་འདུག །ཕལ་ཆེར་ཨ་མ་ཉིད་ལ་འཁོར་བ་ཡོད། །ཨ་མས་བུ་མོའི་རྣམ་ཤེས་ཡིན་ཟེར་ནས། །ལི་ལི་སོགས་ལ་གསོད་ནི་མི་འཇུག་པར། །འཚོ་སྐྱོང་བྱེད་པ་ལོ་གཉིས་ལྷག་ཙམ་ཡོད།།དེ་ནས་མེད་སོང་ཆོས་དབང་ལུས་ཞུགས་པས། །ཆོས་དབང་བུ་མོ་དེ་ཡི་སྐྱེ་བ་རུ། །མཐོང་བ་མཁན་འགས་སྨྲས་ཟེར་ཨ་མས་གླེང་། །བུང་བ་དེ་ནི་འོང་ལུགས་འདྲ་ཆགས་ཡིན། །དེ་ནས་རང་ལོ་དྲུག་ནས་ཡི་གེ་བསླབས། །མགུར་འབུམ་སྡོམ་འདོན་ཐུབ་ཙམ་ཡོད་པའི་ཚེ། །ནུབ་ཅིག་འགྲིམ་པ་མི་རྒན་ཞིག་བྱུང་བས། །མགུར་འབུམ་ནང་དུ་ཅི་འདྲ་གདའ་ཟེར་བས། །ང་རང་ལུས་པོ་བསྲང་ནས་སྐྱིལ་ཀྲུང་བཅས། །བྲག་དཀར་སྐྱིད་ཕུག་ཉི་མ་རྫོང་ལ་སོགས། །མི་ལའི་གསུང་ནི་ཚིག་འབྲུ་གཅིག་གཉིས་སྨྲས། །དེ་མ་ཐག་ཏུ་རང་གི་རྣམ་ཤེས་ནི། །ཚོགས་བརྒྱད་འགགས་པའི་ཞི་གནས་ཐོམ་པོ་ལ། །ཡུན་རིང་ཞིག་གི་བར་དུ་

p. 50

འབྱམས་པར་གྱུར། །སྔོན་ཚེ་མི་ཉག་སྒོམ་རིང་ལ་སོགས་ལའང་། །དེ་ལྟར་ཁྲིད་ལ་སོགས་པ་མ་ཞུས་པར། །ཞི་གནས་འཐོམ་པོར་ཡུན་རིང་སོང་བ་ཡིས། །ཕྱིས་སུ་སྒོམ་ཆེན་བཟང་པོ་འོང་བ་ཡི། །སྔ་ལྟས་ཡིན་པར་བཤད་དང་ཆ་མཐུན་ནོ། །འདི་སྐབས་རིཏྟ་སངས་རྒྱས་ཕུན་ཚོགས་ཕེབས། །མཁར་དུ་གདན་དྲངས་ཕྱག་དབང་ཙམ་ཞིག་ཐོབ། །འདི་སྐབས་ཆུ་རྩེད་མདེའུ་ལ་སོགས་པ། །བྱིས་པ་རྣམས་དང་ལྷན་ཅིག་རྩེ་ན་ཡང་། །ཨ་ནུ་རིན་རྒྱལ་ཤིག་ནི་མང་བ་དེས། །ཉིན་རེ་ཙམ་ལ་ཤིག་མང་བཏུས་པ་ན། །སྤར་སྐུ་རེ་རེ་སྦྱིན་ར་ཡོད་པ་དང་། །མཁར་དུ་ཉུག་པས་ཤིང་སྐུ་སྒོག་པོ་དག །འདུག་གིན་ནང་ན་སྤར་སྐུ་ཡོད་ཟེར་བ། །མུན་ནག་ཆེ་བས་སྐྲག་ཅིང་འདར་ན་ཡང་། །སོང་ནས་སྤར་སྐུ་མང་པོ་རྙེད་པ་རྣམས། །མཆོད་བཤམས་བསྒྲིགས་ནས་ལྷ་ཁང་ཚུལ་དུ་བྱས། །དེ་ལ་ཤིན་ཏུ་རྩིས་ཆེ་ཕྱག་ཀྱང་འཚལ། །གཞན་བས་རང་ཉིད་རེ་རེ་མང་ན་སྐྱིད། །དེ་ཡང་ཆོས་ཀྱི་བག་ཆགས་སད་རྟགས་སོ། །ཁྱིམ་ཚེས་རྒན་མོ་དམོད་ངན་སྐྱུག་མཁན་ལ། །བྱིས་པ་ཞིག་དང་ངེད་གཉིས་མཐུ་བྱེད་སྨྲས། །ཟན་ལ་གཟུགས་བྱས་སྐྱེར་པའི་ཕུར་པ་བཟོས། །ང་ནི་རྟ་མགྲིན་ཁྱོད་ཀྱིས་ཕྱག་

p. 51

རྡོར་སྒོམས། །སྨྲས་ཤིང་ཧཱུྃ་དང་བཛྲ་ཕཊ་སོགས་བཟླས། །ལིངྒ་བསྒྲལ་དང་མནན་པ་བྱེད་སྟངས་བྱས། །རང་ཉིད་ལྷ་རུའང་བརྡ་ཙམ་སྒོམ་ཤེས་ཏེ། །དེ་ཡི་རྩེད་མོ་ལན་མང་ཡང་ཡང་བྱས། །དེ་ཡང་རཏྣ་གླིང་པའི་རྣམ་ཐར་ལས། །སྔགས་པའི་བག་ཆགས་སད་པའི་རྟགས་སུ་གསུངས། །དེ་དུས་དང་ནི་དེ་བས་སྔ་ཙམ་ལ། །ཤིང་དུམ་རྡོ་མཆུ་གང་རྙེད་མང་པོ་ནི། །ཁྱིམ་ཕུག་མུན་ནག་བསྐུང་ཞིང་བསོགས་ནས་བཞག །ཇོ་རུས་འདི་ཚོ་ཅི་ཡིན་གནོད་ཝེ་ཟེར། །རོང་ལ་འཕེན་གྲབས་བྱེད་དུས་ངུ་འབོད་བྱས། །རྩིས་ཆེན་འཇིགས་པ་དེ་ན་གནས་སྣང་ཡོད། །དོན་ལ་མགོན་ཁང་རྟེན་རྫས་བསགས་པ་ཡི། །བག་ཆགས་ཙམ་ཞིག་ཡིན་པར་མངོན་པའོ། །མདའ་རྩེད་རྩེ་ཞིང་ཨ་ཐོ་གཟེ་ཤེས་ཀྱང་། །བྱ་རི་ལ་སོགས་གསོད་པའི་སྣང་བ་མེད། །གསོད་མ་བསམས་ཀྱང་སྲོག་ལག་སྦྲེལ་བ་ཡི། །བྱིའུ་གསུམ་ཙམ་ཤི་ཤོར་རོ་དང་སྒོ། །མེ་ལ་བསྲེགས་ནས་ཚ་ཚ་གདབ་པར་བྱས། །རང་ལོ་བརྒྱད་ནས་ཡི་གེ་སྐྱེན་པོ་ཤེས། །ཨ་ནུས་ཀྱང་ནི་དབང་ལུང་ཅུང་ཟད་གནང་། །གཏོར་བསྔོས་ཆག་མེད་གུར་དྲག་རྒྱུན་དུ་བཏོན། །གཏོར་སྒམ་མེད་པས་རྫ་མ་གསར་པ་ཞིག །ཕྱེད་

p. 52

ཙམ་ནས་བཀང་དེ་སྟེང་གཏོར་མ་བཅས། །རྡོ་ལེབ་ཁ་ཆོད་བྱས་ཏེ་གཏོར་བསྔོས་བྱས། །དེ་དུས་ནམ་མཁའ་ལངས་བས་ནུ་བོ་ཞིག །ཡོད་པས་མིང་ཡང་ནམ་ལངས་ཞེས་བཏགས་སོ། །ང་རང་ལོ་བརྒྱད་ལོན་དུས་ཨ་ནུ་ཡི། །གྲུ་པར་ཁྲིད་ནས་གྲོང་ཆོག་ཟ་མགོ་བཙུགས། །དེ་དུས་གཟུགས་ཆུང་རྩམ་པ་ཕོར་ཤུབ་གང་། །སོགས་པ་དེ་ལ་ང་རང་ཁྱག་ཐང་གདའ་། །དེ་ལྟར་ལོ་བརྒྱད་ལོན་ནས་གྲོང་ཆོག་ཟོས། །དགེ་སློང་ཏིལ་ཁུ་བཀྲ་ཤིས་ཞེས་བྱ་བས། །ཁྱོད་ནི་མ་ནུ་རོ་ཟན་བྱ་བ་ཡིན། །མ་ཡི་ནུ་མ་ནུ་ཞིང་དཀོར་ཟ་ཟེར། །རང་གྲོལ་ཀླུ་སྐྱབས་ཞེས་བྱ་མཐོང་བ་བས། །འདི་འདྲ་མ་ངེས་པ་ཡི་རིགས་ཡིན་ཞེས། །ང་ཡི་ལུས་ལ་བལྟ་ཞིང་ཡང་ཡང་སྨྲ། །ཨ་ནུའི་ཞལ་ནས་ཡང་ཡང་ལན་མང་དུ། །བླ་མ་ལོག་ནས་ཚོལ་ནི་མི་དགོས་པར། །དབང་ལུང་ཡོན་ཏན་ཕ་ལས་བསླབ་ཆོག་པ། །ཚེ་རབས་ལས་འཕྲོ་སྐལ་པ་བཟང་པོ་ཡིན། །རྐུ་རྫུན་གཤིས་ལ་མི་འཁྲི་གཤིས་བཟང་བས། །གསེར་ཕྱེའི་འགྲམ་དུ་བཞག་ཀྱང་དོགས་མི་དགོས། །རྣམ་རིགས་རྣོ་བས་ཡོན་ཏན་བརྡ་སྟོན་ཆོག །སྐྱེ་བ་དྲན་ནས་སྨྲ་རྒྱུ་མི་འདུག་པ། །དེ་ཡན་སྐུ་སྐྱེ་ཡིན་ཡང་འདི་བས་ནི། །ལྷག་པའི་གོ་བ་་

p. 53

ཤེས་རབ་མེད་དོ་ཞེས། །རྒྱུན་དུ་བསྟོད་པ་ཐུགས་རྩིས་ཆེ་བར་མཛད། །སུས་མཐོང་མི་རྣམས་ཀུན་གྱི་ཡིད་འོང་ཞིང་། །འདི་འདྲ་གཟུགས་ཆུང་ཤེས་རབ་ཡིག་ཆ་མཁས། །ཇོ་རུའི་བུ་ལ་འདི་འདྲ་འོང་ཞེས་ཟེར། །ལ་ལས་ལོས་འོང་པད་དབང་བུ་རེད་ཟེར། །འབྲུག་པའི་རྟོགས་ལྡན་ལྷུན་གྲུབ་རབ་རྒྱས་ལ། །མ་དང་ཇོ་རུས་ཕྱག་དབང་ནམ་ཞུས་དུས། །ཕྱག་དབང་ང་ལ་མ་ཞུ་བུ་ལ་ཞུས། །ཡང་ཡང་གསུངས་པའང་ལུང་བསྟན་ལྟ་བུར་སྣང་། །དེ་དུས་གུ་རུ་ཞི་དྲག་ལ་སོགས་པ། །ལས་བྱང་རྣམས་ཀྱི་ཁ་རམ་ཁྱོགས་པ་དང་། །བསྐང་ཡིག་ལ་སོགས་དཔེ་ཆོག་ཐམས་ཅད་ལ། །རིམ་བུ་མཉམ་འདོན་ཆོག་པས་ཡོན་བདག་མགུ། །བཅའ་ཚོགས་མཆོད་གཡོག་རྣམས་ཀྱང་གོ་ཆོད་ཐུབ། །དེ་དུས་ད་ལྟ་ང་རང་འདྲ་བ་ཡི། །བླ་མ་ཞིག་ལ་བཅར་ཡ་བཟང་ན་ནི། །ལོ་ནི་བཅུའམ་བཅུ་གཅིག་དུས་ཙམ་ནས། །རྗེས་གནང་བསྔོ་བ་ཐུབ་ཙམ་འོང་རྒྱུར་འདུག །འོན་ཀྱང་ཨ་ནུས་བླ་མར་འོང་རེ་མེད། །སྒོམ་པའི་ཡོན་ཏན་རྣམས་ལ་སློབ་ཏུ་བཅུག །ང་རང་གིས་ཀྱང་སྒོམ་ནག་གཞན་འདྲ་བའི། །གཏོ་ཆོག་ཁོ་ནར་འབྱམས་པར་མི་བྱ་སྟེ། །སྒོམ་པའི་ཡོན་ཏན་ཤིན་ཏུ་མཁས་

p. 54

པར་བསླབས། །བསྙེན་སྒྲུབ་ངག་ནུས་ཤིན་ཏུ་ཆེ་བ་ཡི། །སྔགས་པོ་ནུས་ལྡན་ཞིག་ནི་བྱེད་དགོས་བསམ། །དེ་ལོའི་ལོ་མཇུག་ཙམ་ལ་ཨ་ནུ་ཡི། །ཁུ་བོ་སྔགས་འཆང་བརྒྱད་ཅུ་གྱ་གཅིག་པ། །མཇལ་དུ་སོང་བས་བྱིན་རླབས་བཀའ་བསྒོ་ཐོབ། །ན་སོ་ཆུང་ཡང་སྔགས་པ་བྱེད་བསམས་ནས། །ང་ཡི་ཆོས་སྐྱོང་གཟའ་དང་དམ་ཅན་གཉིས། །གང་དགའ་ཞུས་པས་ང་ལའང་དྲང་གཏམ་གསུངས། །གཟའ་ནི་མི་ཆུན་དམ་ཅན་དགའ་འོ་གསུངས། །དེ་དུས་རང་ལོ་བཅུ་ནི་ལོན་པའི་དུས། །ཞལ་སྔ་སྐུ་སྐྱེ་དགུང་ལོ་བཅོ་ལྔ་པ། །ཕེབས་པ་མཁར་དུ་གདན་དྲངས་ཉུང་དབང་ཐོབ། །ང་ལ་གཟིགས་ནས་སྤྱན་བསྒྲད་ཨམ་གཙིགས་བསྡམས། །རྡུང་རྡེག་བྱིས་སྦ་སྡིགས་པར་མཛད་འདུག་པས། །ང་ནི་བསམ་པ་ཡོད་ཕྱིར་མ་སྐྲག་པས། །དེ་ནས་སྐུ་སྐྱེ་རང་ཡང་བཞད་ཅིང་གདའ། །དེ་སྐོར་སྐུ་མདུན་སི་ཏུ་ཕེབས་པ་ལ། །ཁྲོམ་མང་ནང་དུ་མཇལ་བས་དར་ཕོན་ཐོབ། །ཁྲོམ་ཆོས་ཤུ་ལོ་ཀ་གཅིག་ཐོས་པ་ནི། །དེ་དུས་ཉིད་ནས་མ་བརྗེད་བློ་ལ་ཟིན། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་

p. 55

སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་ཚར་ནས་གཡུལ་འཁོར་རྒྱབ་ཐལ་ལོ། །གར་དབང་སྤྲུལ་སྐུའང་ཆིབས་གོང་ཞིག་ཏུ་མཇལ། །དར་ཕོན་རེད་སྙམ་ཕྱག་དབང་ཞིག་ཐོབ་བོ། །དེ་ནས་ལོ་ནི་འགའ་ཟུང་ལྔ་ཙམ་ལ། །བདག་གིས་ངོམ་ཆུའི་འགྲམ་དུ་ཆུ་རྩེད་དང་། །ནེའུ་སེང་མང་དུ་ཕད་པས་མ་ཉན་ཟེར། །བདག་ནི་གྲུམ་བུས་གྲུ་གུ་བཞིན་དུ་ཞ། །ཁུར་ནས་ཆུ་སྐོར་མདོ་རུ་ཆུ་ཉན་ཕྱིན། །ནུབ་མོ་གཉིད་ཟློས་འདྲ་བའི་འཁྲུལ་སྣང་ལ། །ལྷ་རྗེ་བཙུན་གཟུགས་ཆེས་བཟང་ཞྭ་སེར་ཅན། །སྨན་ཁུག་སྔ་ཤ་བྱས་ནས་རྟ་དཀར་ཞོན། །ཡ་ཀི་ཆུ་རྒྱུད་དེ་ནས་བྱུང་སྙམ་ནས་། །ཨ་མ་ལྷ་རྗེ་ཕེབས་བྱུང་རྟ་ཁ་ལོངས། །སྨྲས་པས་ཁོང་ཚོས་བུ་འདིས་གཉིད་ཟློས་ཟེར། །སྐྲག་སྣང་བྱེད་ཅིང་སྐྱབས་འགྲོ་བྱེད་པར་སྣང་། །དེ་ནི་གནས་བདག་དྲང་སྲོང་ལྷ་རྗེ་དེས། །ཁོ་བོའི་ནད་དེ་བསལ་བ་ཡིན་པ་འདྲ། །ལོ་གྲངས་དྲུག་བདུན་བར་དུ་ནད་དེ་ཕན། །དེ་དུས་ཙམ་ན་སྐབས་ཤིག་རྨི་ལམ་ན། །གྲོང་པའི་ལྟག་དེར་ལྷ་གཡག་དཀར་པོ་ནི། །

p. 56

ཤིན་ཏུ་ཆེ་ཞིང་འཇིགས་ལ་སྤུ་ཞོལ་ཅན། །གཅིག་འདུག་བདག་ནི་དེ་ཡི་སྟེང་དུ་ཕྱིན། །ལུས་ལ་དགའ་བདེ་དཔག་མེད་སྐྱེས་པ་རྨིས། །དཀར་ཕྱོགས་ཡུལ་ལྷ་ཞིག་གིས་མགོན་རྟོགས་ལགས། །དེ་དུས་སྐོར་ནས་ཐབ་བསང་གསུར་མཆོད་དང་། །ཐབ་ལྷ་བསྟོད་པ་སོགས་ཀྱང་བྱེད་ཅིང་ཡོད། །དཀར་ལེབ་བཅུ་གསུམ་འཇམ་དབྱངས་འཕྲུལ་མོ་སོགས། །དཔེ་མོ་འགའ་ཞིག་ཤེས་པའང་ཐིག་པོ་ཡོད། །གཤིས་ཀྱི་འཚུབ་ཅིང་རྩེ་སྣེ་མང་ན་ཡང་། །སྡིག་པའི་བྱ་བ་སྔོན་ལ་མ་སོགས་པའི། །བྱ་བ་མི་དྲན་དེ་འདྲ་བྱེད་སྟངས་ཀྱིས། །རྩེད་མོ་ཙམ་ཡང་བྱས་པ་མི་དྲན་ནོ། །དེ་ལྟར་དལ་འབྱོར་མི་ལུས་རིན་པོ་ཆེ། །བློ་གསལ་དབང་པོ་རྣོ་ཞིང་ཡིད་གཞུངས་པ། །རིགས་བཟང་རིགས་པ་ཆོས་ཀྱི་སྣོད་རུང་བ། །སྐྱེས་པའི་རྣམ་ཐར་ལེའུ་དང་པོ་སྟེ། །ཉོབ་པ་འདྲ་ཡང་གནད་འགགས་འགའ་རེ་ཡོད།༈ །དེ་ནས་ཚེ་རབས་ལས་འཕྲོ་སྨོན་ལམ་གྱིས། །སྦས་པའི་རྣལ་འབྱོར་པྲ་བྷ་ཤྭ་ར་ཞེས། །ཕྱི་ལྟར་སྒོམ་པ་གྲོང་ཆོག་རྒད་པོ་ལ། །ནང་ལྟར་བསྙེན་སྒྲུབ་བསྐྱེད་རྫོགས་རིག་སྔགས་འཆང་། །གསང་བ་རིག་འཛིན་སྦས་པའི་རྣལ་འབྱོར་ལ། །དེ་ལ་སློབ་བུ་ཀརྨ་དབང་ཕྱུག་དང་། །འཚོ་མཛད་

p. 57

དབུ་ཆེའི་སྔགས་འཆང་རཏཱའི་མཚན། །སྔགས་འཆང་བསྙེན་སྒྲུབ་བརྩོན་པའི་དམ་ཚིག་ཅན། །ཨཱ་ཡུམངྒའི་མིང་ཅན་དེ་ཉིད་དང་། །རྟོགས་ལྡན་བྱ་བཏང་མཐར་ཕྱིན་པྲ་བའི་མིང་། །ཉིད་ཀྱི་སྐུ་སྲས་འཚོ་མཛད་སྔགས་ཆོས་མཁན། །རཏྣ་དྷ་ཛ་ལ་སོགས་འགའ་ཡོད་དེ། །ལོ་རེ་བཞིན་དུ་མགོན་པོ་ཕྱག་བཞི་པའི། །མདོས་ཆེན་ཉི་ཤུ་སོགས་ནི་རྒྱས་པ་དང་། །དྲི་མེད་ཌཀིའི་སུན་ཟློག་རྒྱས་པ་དང་། །ན་རཀ་དོང་སྤྲུགས་ཆོ་ག་མ་ཆག་མཛད། །དེ་ཚེ་ཕྱོགས་ཀྱི་བུ་ཆེན་ཀུན་འདུས་ནས། །ཀུན་གྱི་མཆོད་གཡོག་རམ་འདེགས་བདག་གིས་ཐུབ། །དེ་ཚེ་ལོ་རེ་བཞིན་དུ་བུ་ཆེན་ཚོས། །དབང་ལུང་གདམས་པ་འདོད་ནས་ལན་རེའམ། །ལན་གཉིས་ཙམ་ལ་མཇལ་ལ་འོང་བའི་དུས། །དབང་ལུང་ཧ་ཅང་ཚན་ཆེན་མི་གནང་སྟེ། །གཞུང་ནས་གསུངས་དང་མཐུན་པར་དགོས་གསུངས་ནས། །དབང་ལུང་མན་ངག་སྣ་ཁ་རེ་ཟུང་ཙམ། །དཀའ་འཚེར་དང་བཅས་དེ་ལས་མི་གནང་ཡང་། །བདག་ལ་རེ་ཆེ་གསུངས་ནས་མ་ཞུས་ཀྱང་། །དབང་ལུང་མན་ངག་ཐམས་ཅད་ཡོད་སྤྲུགས་མཛད། །དེ་ཕྱིར་སྔ་ཕྱི་དུ་མར་མང་དུ་ཐོབ། །བདག་ཀྱང་ལོ་ངོ་བཅུ་གཅིག་ལོན་པའི་དུས། །དཔལ་རི་

p. 58

རྩེ་ཡི་རི་ཁྲོད་འདི་ཉིད་དུ། །སེང་གདོང་མ་ཡི་མན་ངག་ལས་བྱུང་ལྟར། །སྒབ་འདྲེའི་མནན་པ་ཞག་གསུམ་ཙམ་ཞིག་བྱས། །དེ་ནས་ཐུགས་སྒྲུབ་གཞུང་ནས་གསུངས་པ་ལྟར། །བདུད་བཞི་དང་ནི་དམ་སྲིའི་མནན་པ་བྱས། །ཟླ་གཅིག་བར་དུ་སྙན་དྲོད་མ་ཡལ་བར། །མེ་ཉི་སྤངས་ནས་ངག་མཚམས་དམ་པོ་ལ། །སློབ་དཔོན་མ་གཏོགས་སུ་ལ་ངོ་མི་གཏུག །ཀུན་དྲིལ་ཡིད་བཞིན་ནོར་བུའི་སྒྲུབ་པ་བྱས། །དེ་ཚེ་འདུག་ཚུགས་ངག་མི་འཆོར་བ་སོགས། །མི་རྒན་ཞིག་དང་ཁྱད་པར་མི་འདུག་ཅེས། །སློབ་དཔོན་གྱིས་ནི་བསྟོད་ར་མང་དུ་མཛད་། །ད་ལྟ་ལོ་གྲངས་བཅུ་གཅིག་ལོན་པ་ཡི། །བྱིསྦ་འདི་ཚོ་བསམ་པ་མེད་ལུགས་ལ། །བལྟས་ན་ང་རང་ལས་འཕྲོ་སད་རྟགས་ལགས། །དེ་དུས་ཆར་ཆེ་གདུང་མ་འཁྱོགས་བྱུང་བས། །ང་ཡི་མདུན་དུ་ཀ་བ་བཙུགས་ཟེར་ནས། །ཁོང་གིས་ཀ་བ་རྒྱབ་ཤོམ་བྱེད་པ་དེ། །ཀ་བ་འགྱེལ་ནས་ང་ཡི་མདུན་དེ་རུ། །དྲིལ་བུ་ཡོད་པ་དེ་ལ་ཕོག་སོང་ཛ། །དྲིལ་བུའི་དབུ་རྩེ་ཀ་བ་ལ་ཟུག་ནས། །མགྲིན་པ་ཅུང་ཟད་འཁྱོགས་པར་གྱུར་པ་ལས། །ཆག་གས་མ་བྱུང་ངོ་མཚར་ཆེའོ་གསུངས། །དེ་ཚེ་བདག་ནི་ཆབ་བསིལ་འོང་བའི་ཚེ། །ནམ་མཁར་

p. 59

སྤྲིན་དཀར་ཤིན་ཏུ་མཛེས་པ་ཞིག །བར་སྣང་མ་ཟད་ལྷུང་ལ་ཁད་འདྲའི་ནང་། །འབྲུག་གི་སྒྲ་ནི་གཏན་ནས་མིན་པ་ལ། །རྔ་ནི་བརྡུངས་བ་ལན་གྲངས་གཅིག་གཉིས་ཐོས། །འགྲུབ་རྟགས་རོལ་མོའི་སྒྲ་ཐོས་ཞེས་པ་དེ། །ཡིན་ནམ་སྙམ་པའི་རྟོག་པ་ཡང་ཡང་བྱུང་། །མཚམས་ཁང་ནང་དེར་ཕྱོགས་དེར་མེད་པ་ལ། །གན་སྤོས་བཟང་པོའི་སྤོས་དྲི་ལན་འགའ་འཐུལ། །དེ་ནས་མཚམས་གྲོལ་སློབ་དཔོན་ཆགས་ཕྱིར་འབྲང་། །གཏོ་ཆོག་ཆེ་ཕྲ་བཅའ་ཚོགས་ཐམས་ཅད་དང་། །འདོན་ཆ་ས་རྩིས་ལ་སོགས་ཉེར་མཁོ་བསླབས། །དེ་དུས་དེ་འདྲའི་ལུགས་ཀྱི་ཡོན་ཏན་ལ། །ང་བས་མཁས་པ་མེད་སྙམ་ང་རྒྱལ་ཡོད། །དེ་ནས་རང་ལོ་བཅུ་གཉིས་ལོན་པའི་དུས། །ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ཕྱི་སྒྲུབ་ལ། །ཟླ་གཅིག་སྟན་དྲོད་མ་ཡལ་ངག་མཚམས་བྱས། །དེ་དུས་སྲས་པོ་རཏྣ་དྷ་ཛ་ཡིས། །དྲག་སྔགས་དཔེ་ཞིག་གཞན་ལ་འཚོང་འདུག་པས། །སློབ་དཔོན་ཐུགས་ཁྲོས་དྲག་སྔགས་ཐམས་ཅད་པ། །མེ་ལ་བསྲེག་པར་དམ་བཅས་མེ་བུས་སོ། །དེ་ཚེ་བདག་གིས་བློ་བཏོན་འདི་སྐད་ཞུས། །ཨོ་རྒྱན་གསུང་རྣམས་མེ་ལ་སྲེག་མི་རུང་། །རང་གར་བཞག་ན་འཁྱེར་བས་སྡིག་རྩར་འགྱུར། །

p. 60

དེ་བས་གཏེར་དུ་སྦས་ན་ལེགས་ཞུས་པས། །ཁྱེད་བདེན་གསུངས་ནས་གཏེར་དུ་རེ་ཞིག་སྦས། །དྲག་སྔགས་རྒྱུད་པ་མ་ཆད་བདག་གི་དྲིན། །ན་སོ་ཆུང་ཡང་བློ་ཁ་གསལ་བ་འདྲ། །དེ་སྐོར་ཙམ་ལ་ངོམ་རྗེ་རྒྱལ་པོ་བ། །བླ་མ་ཀརྨ་བསྟན་འཛིན་ཆེར་བསྙེན་ནས། །སུན་ཟློག་བཅུ་གསུམ་དགོས་ཟེར་དེ་བྱེད་དུས། །ཆབ་མདོའི་བླ་དགེ་ས་སྒང་བླ་དགེ་དང་། །དེ་མོ་སྐུ་སྐྱེའི་དྲུང་སྐོར་མང་པོ་ཡིས། །སུན་ཟློག་འདོན་སར་ཀུན་གྱིས་ལྟད་མོ་བྱེད། །ཡར་ཞུས་པ་ནི་ང་རང་ཁོ་ན་ཡིན། །བྱིས་འདི་ཡི་ཡི་གེ་སྐྱེན་པ་ཞེས། །ཀུན་གྱིས་ལྟ་ཞིང་ངོ་མཚར་ཆེ་ཆེ་བྱེད། །ཁྱད་པར་གནས་པོ་འཕགས་པ་ང་ཡི་དྲུང་། །འདུག་ནས་དག་དང་མ་དག་འདོན་ནོན་བྱེད། །དེ་ཚེ་ལྷག་པར་སྤོབས་པ་ཆེ་བ་དང་། །ཟར་ཟུར་ཙམ་ཡང་ནོར་བར་མ་གྱུར་པས། །དེར་ཡོད་ཐམས་ཅད་ཨ་ཨ་བན་ཆུང་འདི། །ཟེར་ཞིང་ཐམས་ཅད་དགའ་སྣང་མཚར་སྣང་བྱེད། །སློབ་དཔོན་གྱིས་ཀྱང་དེ་རྒྱབ་ལན་མང་དུ། །ང་རང་ཡང་ནི་བླ་ཆག་ནོར་ཤོམ་བྱུང་། །རྒོད་པོ་བྱས་ཟེར་ཡང་ཡང་དགྱེས་ཚོར་མཛད། །དེ་ནས་སྡེ་པ་འདས་ཤིང་རྩིས་བྱས་པས། །སློབ་དཔོན་ཞལ་ནས་ཁྱེད་རང་རྡེལ་རྣམས་རྒྱོབ། །ངེད་གཉིས་དཔྱད་ནི་

p. 61

འདུག་གསུངས་ངེས་བརྒྱབས་པས། །གཉེར་པ་བཀྲ་ཤིས་བློ་བཟང་གཉིས་པོ་ཡིས། །བུ་ཆུང་ཁྱོད་རང་སྡོད་ཟེར་བརྩི་མ་བཅུག །རྩིས་མཁན་མཁས་པ་ཉེ་གནས་ཞེས་བྱ་དང་། །སློབ་དཔོན་ཁོང་རྣམ་གཉིས་པོས་རྡེལ་བརྒྱབས་པས། །མི་ཆེན་མང་བའི་བླ་ཟིལ་ཡིན་པ་འདྲ། །ཁོང་རྣམ་གཉིས་པོ་གཉུག་ཐོག་ནོར་ཞིང་འཆོབ། །བདག་གིས་བརྒྱབས་པས་ཐག་ཐག་མྱུར་དུ་ཕོག །དེ་ཚེ་མི་ཆེན་དེ་ཚོས་གད་མོ་བྱས། །དེ་ཚེ་རྩིས་མཁན་ཉེ་གནས་ཞལ་སྐྱེངས་ནས། །ཞལ་ངོ་ནག་ཅིང་དངུལ་ཆུ་ཐིགས་པ་འདྲ། །དེ་ནས་རང་ལོ་བཅུ་གསུམ་དེ་ལོ་ལ། །གུ་རུ་དྲག་པོའི་གསང་སྒྲུབ་མཚམས་དམ་བྱས། །རྨི་ལམ་གྲི་ནི་རྩེ་རྣོན་འདོམ་གསུམ་ཙམ། །ཡུ་བ་མེད་ཅིང་སོ་ལ་ངར་གས་ཅན། །དེ་འདྲ་ཞིག་ནི་རྙེད་རྨིས་ཅི་ལགས་ཞུས། །ཡུ་བ་མེད་པ་ངར་གས་སོང་བ་ནི། །མཚམས་ལ་བར་ཆད་འོང་ཉན་ཆེ་བ་ཡིན། །གུ་དྲག་འདི་ནི་ཤིན་ཏུ་བཀའ་གཉན་པས། །སྡེ་བརྒྱད་དམ་སྲི་རྣམས་ཀྱིས་མི་བཟོད་ནས། །ངས་ཀྱང་གུ་དྲག་ཡུན་རིང་བསྙེན་པའི་ཚེ། །ང་ཡི་ཕ་ལ་ཐོག་བརྒྱབས་བསད་པ་ཡིན། །དེ་སྐད་གསུངས་ནས་ཞག་ནི་གཉིས་གསུམ་ནས། །སློབ་དཔོན་གསང་ཡུམ་དུད་འགྲོ་

p. 62

ཞིག་གིས་བརྡུངས། །བརླ་ལ་རྨ་ནི་རབ་ཏུ་ཆེ་བ་བྱས། །སྡེ་ལ་འཛིང་རྩོད་ཁ་སྨྲས་འགའ་བྱུང་བས། །ང་ཡི་ཕ་རྒན་ཇོ་རུར་བར་གྲི་ཕོག །དེ་ནས་རྨ་རྣམས་སྔགས་པར་བྱ་བའི་ཕྱིར། །ཞག་ནི་བདུན་གསུམ་མ་ལོང་ཙམ་ཞིག་ནས། །མཚམས་ནི་གྲོལ་ཞིང་དེ་རྗེས་མཚམས་བསྡམས་ནས། །སླར་ཡང་བདུན་གཉིས་དེ་ཡི་ཁ་བཀང་བྱས། །དམིགས་པ་གསལ་ཞིང་སྟན་དྲོད་མ་ཡལ་སོགས། །གཞུང་ལྟར་བྱས་པས་བཤད་ལྟར་སློང་ཡང་བྱུང་། །བཏང་སྙོམས་ཉལ་ལ་སློང་ཡང་ག་ལ་འབྱུང་། །བྱིསྦའི་སྒྲུབ་པའི་སློང་ལ་ཆོག་ཙམ་བྱུང་། །ཕྱིས་དེ་ལོ་ཙམ་ཞིག་ལ་ཡིན་ནམ་སེམས། །སློབ་དཔོན་ཁོང་གིས་དགོངས་ཞག་གསུངས་པ་ནས། །ཟླ་གཉིས་བར་དུ་ལྡོག་མཚམས་བྱས་ནས་ཀྱང་། །ངེད་རང་གཉིས་ཀས་ཐུགས་སྒྲུབ་ལས་བྱང་དེ། །ཚར་གསུམ་བཞི་ཙམ་བཏོན་ཅིང་བསྙེན་པའང་བྱས། །དེ་སྐོར་ཁྲོ་ཀིང་གཟའ་དང་ཤན་པ་སོགས། །བཀའ་སྲུང་མང་པོའི་དབང་ལུང་དག་ཀྱང་གནང་། །དེ་ནས་དེ་སྐོར་འབྲུག་པའི་རྟོགས་ལྡན་ནི། །ལྷུན་གྲུབ་རབ་རྒྱས་མཇལ་དུ་མཚམས་སྒོར་སོང་། །གནས་འགྱུ་ལ་སོགས་སྒོམ་གཏམ་འགའ་བྱས་པས། །ཁྱོད་ནི་ཤེས་རབ་ཆེན་པོ་ཞིག་འདུག་པས། །ཁ་ཡ་

p. 63

མི་ཡོང་གསུངས་ནས་མཉེས་མཉེས་མཛད། །དེ་སྐོར་ངོམ་གཤིས་ངོམ་རྒྱལ་མན་ཆོད་ནས། །དགེ་བསྙེན་བྱང་ཆུབ་དྲག་པ་ཡན་ཆོད་ཀྱི། །སྡེ་ཡི་སྲུང་བ་རིམ་གྲོ་སེར་སྲུང་བཅས། །ལོ་འགའི་བར་དུ་སློབ་དཔོན་གྱིས་མཛད་པས། །དུད་རྣམས་ཕལ་ཆེར་ཁྱིམ་དུ་མ་ཕྱིན་མེད། །ཀུན་ལ་ཕན་ཐོགས་ཆེ་བ་ཡོངས་སུ་གྲག །དེ་ནས་རང་ལོ་བཅུ་བཞིར་སླེབས་ཙམ་ན། །བདག་གིས་ནན་གྱིས་སློབ་དཔོན་ལ་ཞུས་ནས། །ཁོ་ནི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །དེ་ཡི་སྒྲུབ་པ་ཟླ་མཚམས་གཅིག་མཛད་པས། །དེ་ཕྱིར་ཁོང་ཚང་རླུང་རྟ་ཡར་འཕེལ་སོགས། །དེ་ཡང་རྟེན་འབྲེལ་ཁོ་བོས་ཞུས་པ་ལེགས། །བདག་དང་སློབ་དཔོན་གཉིས་ཀ་མཚམས་བྱས་ནས། །དམ་ཅན་སྒབ་འདྲེའི་མནན་པ་ཞིག་དགུ་དང་། །སྐྱེས་བུའི་སྒྲུབ་པ་བདུན་གཉིས་མཚམས་བསྡམས་པས། །ལམ་དུ་སོང་སྟེ་རྐྱེན་ངན་མ་བྱུང་ངོ་། །སྔོན་དུས་རྣལ་འབྱོར་དབང་ཕྱུག་བཀྲ་ཤིས་དང་། །སྡེ་པ་ཁྲོམ་ལོད་ལ་སོགས་སྔགས་འཆང་ནི། །བསྙེན་པ་དུང་ཕྱུར་མང་པོ་ཐོན་ནས་ཀྱང་། །དམ་ཅན་བསྒྲུབས་པས་མ་ནོན་འདས་རྐྱེན་སོགས། །བཀྲ་མི་ཤིས་པ་མང་དུ་བྱུང་ཐོས་ན། །བདག་གིས་སྔགས་ཆུང་བྱིསྦ་དེ་

p. 64

དུས་ན། །སྒྲུབ་པ་ལམ་སོང་དེ་ཡང་ངོ་མཚར་ཡིན། །དེ་སྐོར་མར་ཐང་དཔོན་པོ་ཉི་འབུམ་དང་། །བེ་རི་བལ་དུར་དཔོན་གཡོག་བསླེབས་བྱུང་བས། །ང་ལ་མིའུ་འདྲ་ཆག་བཤད་དགོས་ཟེར། །བློ་ལ་ཡོད་པས་མཚན་རིང་བཤད་པ་ཡི། །ཕྱིར་ནངས་ཤ་ནི་མང་པོ་གནང་བ་དང་། །དེ་ཡི་བུ་ཚ་ངོ་ཤེས་ཞིག་འདུག་པས། །བུ་ཆུང་ཡོན་ཏན་མཁས་པ་འདི་འདྲ་བ། །བེ་རི་རྒྱལ་པོའི་སྡེ་ནང་ལ་སོང་ན། །རྟ་ནོར་ལུག་སོགས་དཔག་ཏུ་མེད་པ་རྙེད། །སྦྲ་གཞིས་འདོད་ན་རྒྱལ་པོས་ཕོག་འོང་ཟེར། །ཅེས་ཀྱང་འགྲོ་ཟེར་དོ་དམ་བྱེད་འདུག་ང། །ཁྱིམ་པ་རྣམས་ཀྱང་མི་འདོད་མེད་ཙམ་གདའ། །དེ་རུ་འགྲོ་བ་བྱུང་ན་སང་ཕྱི་འགྲོ། །ཉེར་མཁོ་དཔེ་ཆ་འགའ་རེ་བྲི་བསམས་ཀྱང་། །ཤོག་བུ་མེད་པས་ཅི་དྲག་བསམ་པ་ན། །འཚོ་མཛད་རཏྣ་དྷ་ཛས་ཐབས་ཡོད་ཟེར། །རྗེ་ཡིས་མཛད་པའི་བཀའ་གདམས་ལམ་རིམ་གྱིས། །དཔེ་ཆ་དབུ་ནས་ལྔ་དྲུག་མ་ཚང་ཞིག །འདི་ལ་ཤོག་བུ་ལུགས་ཤོག་ཟེར་ནས་བྱིན། །ཤོག་བུ་བླུགས་ནས་དཔེ་ཆ་འགའ་བྲིས་སོ། །ཀྱེ་མ་བདག་ནི་མ་ལ་སྐྱེས་པ་ནས། །ད་ལྟ་ལྔ་བཅུ་ང་གཉིས་ཡན་ཆོད་དུ། །སྡིག་པ་དེ་ལས་ཆེ་བ་བྱེད་མ་མྱོང་། །དམ་ཆོས་

p. 65

སྤང་པའི་སྡིག་དེ་ཤིན་ཏུ་ལྗི། །དུས་ཕྱིས་བཤགས་པ་མང་དུ་བགྱིད་མོད་ཀྱང་། །ད་དུང་སྒྲིབ་པ་དེ་ལ་རབ་ཏུ་སྐྲག །དེ་དུས་ཡི་དམ་ཆོས་སྐྱོང་སྒྲུབ་པ་ཡི། །རྟེན་རྫས་སྒྲུབ་རྫས་བསྐང་རྫས་ལ་སོགས་པ། །ན་སོ་ཆུང་ཡང་བརྩོན་འགྲུས་ཤིན་ཏུ་ཆེ། །གྲི་རོའི་སྙིང་དང་ཤ་དང་རུས་པ་དང་། །ཁྱི་རོའི་སྙིང་དང་པགས་པ་ལ་སོགས་པ། །ན་སོ་ཆུང་ཡང་རང་གིས་ལེན་པར་བྱས། །ནུས་ལྡན་སྔགས་འཆང་ཡི་དམ་ལྷ་འགྲུབ་ཅིང་། །ཆོས་སྐྱོང་བྲན་ལྟར་འཁོར་བ་ཞིག་བྱེད་བསམ། །འཚོ་མཛད་རཏྣ་དྷ་ཛའི་འདོད་པ་ལྟར། །བྲག་ཕུག་ཅིག་ཏུ་ཞག་བདུན་མཚམས་བྱས་ནས། །ངེད་གཉིས་སྨྲ་སྒྲུབ་ཅིག་ནི་ཞག་ལྔའི་སོར། །མཚམས་དེ་རལ་ཤོར་དམ་ཚིག་མ་ཐུབ་པས། །དེ་ནི་འགྲུབ་ལ་ཁད་ཙམ་མ་འགྲུབ་བོ། །དེ་ནས་རང་ལོ་བཅོ་ལྔ་ལོན་པའི་དུས། །རང་ཉིད་གཅིག་པུ་མེ་དང་ཉི་མ་སྤངས། །སྟན་དྲོད་མ་ཡལ་ངག་མཚམས་དམ་པོ་ཡི། །བདེ་མགོན་སྦྲེལ་མའི་མགོན་པོའི་ཕྱི་སྒྲུབ་དེ། །ཟླ་བ་ཧྲིལ་པོ་གསུམ་ལ་སྒྲུབ་པའི་ཚེ། །དེ་སྐོར་དྲེད་སྨྱོན་ཞིག་གིས་ཁྱིམ་ཕེད་ནས། །མི་ནི་མང་པོ་དྲུག་ཅུ་ཙམ་ཟོས་པའི། །སྐད་ཆ་ཐོས་ནས་ཤིན་ཏུ་སྐྲག་ན་ཡང་། །མཚམས་ནི་མ་གྲོལ་

p. 66

སྔས་སུ་སྟ་རེ་བཞིག། །བྱུང་མ་ཐག་ཏུ་སྟ་རེ་བརྒྱབ་བོ་བསམ། །མི་ནི་ཆེན་པོ་མང་དུ་ཟོས་ཟིན་ན། །དེ་དུས་བྱིསྦའི་བསམ་ཚུལ་རྒོད་པར་སྣང་། །དེ་དུས་འབྲུག་པ་ཀརྨ་བསྟན་འཕེལ་དེ་། །སྨར་ཁམས་སྒང་ནས་འདི་ཕྱོགས་ཕེབས་པ་ཐོས། །བསྙེན་པ་བདེ་མཆོག་མགོན་པོའི་ཡིག་བདུན་གཉིས། །འབུམ་ཕྲག་ཉེར་གཅིག་འཁོར་བཞི་ཁྲི་རེ་ཙམ། །ལས་བཞིའི་སྦྱིན་སྲེག་མ་ཚར་ལང་མི་རུང་། །བླ་མ་དེ་ཉིད་མི་མཇལ་དོགས་པ་ཡིས། །མཚན་རིང་གཉིད་སྤངས་རྩེ་གཅིག་བསྙེན་པ་བྱས། །དེ་ནས་གཉིད་ནི་རབ་ཏུ་ཡུར་པ་ན། །ཕར་འགྲོ་ཚུར་འགྲོ་བྱས་ན་སྟན་དྲོད་ཡལ། །མལ་སར་འདུག་ནི་གཉིད་ན་འགྲོ་འདུག་པས། །མལ་སར་ཤིང་གི་ལྕོག་རྩེ་ཞིག་བཅུག་ནས། །དེ་ཡི་སྟེང་དུ་རང་ཉིད་ཙོག་པུར་འདུག །མལ་ས་གྲང་དོགས་གོས་གཤམ་སྟན་ལ་བཀབ། །དེ་འདྲ་བྱས་པས་གཉིད་ནི་ཡུར་བ་ན། །ལྕོག་ཙེ་སྟེང་ནས་འགྱེལ་གྲབས་གཉིད་སད་འོང་། །དེ་ནས་གཉིད་ནི་རབ་ཏུ་ཆག་པ་ཡིས། །ལྕོག་ཙེ་དང་བཅས་འགྱེས་བས་མགོ་ཡང་རྡེབ། །ཟུག་གཟེར་འབྱུང་བས་ཡུན་རིང་གཉིད་མེད་འགྱུར། །དེ་འདྲའི་སྙིང་རུས་ད་ལྟའང་ཐུབ་པར་དཀའ། །བྱིསྦའི་སྒྲུབ་པའི་སྙིང་རུས་ཡ་མཚན་

p. 67

སྣང་། །དེ་ནས་ཞག་གསུམ་ཙམ་ལ་མགོ་གཟེར་གྱི། །རིམས་ངན་ཤིན་ཏུ་ཐུ་བ་ན་ན་ཡང་། །བསྙེན་པ་མ་ཆག་སྙིང་རུས་ཆེ་བ་བསྐྱེད། །མཚམས་ཡང་མ་ལྷོད་སྨན་འགའ་ཟོས་པས་ཕན། །མཚམས་གཡོག་ལ་སོགས་འཕྲོད་པར་མ་གྱུར་ཀྱང་། །ནད་ཆེན་རེད་པས་ལུས་ལ་ནད་དྲེག་ཆགས། །དེ་ཡང་སྒྲུབ་པ་གཉན་པའི་སློང་དུ་གོ །ཕྱི་རབས་ཀུན་སྤྱི་ཀྱང་སྒྲུབ་པ་གཉན་པོའི་དུས། །ནད་སོགས་བྱུང་བར་དེ་ལྟར་སྙིང་རུས་མཛོད། །མཚམས་དེ་མཐར་ཕྱིན་ལས་བཞིའི་སྦྱིན་སྲེག་བླུགས། །དེ་ནས་སློབ་དཔོན་ངེད་གཉིས་འབྲུག་པ་མཇལ། །བླ་མའི་རྣལ་འབྱོར་བཞག་ཐབས་ཞུར་སོང་བས། །བླ་མའི་རྣལ་འབྱོར་བཞག་ཐབས་ལ་སོགས་གནང་། །ཞྭ་ཞལ་སྟོན་གསུངས་ཕྱིང་པ་དམར་པོ་ལ། །རས་ཆུང་པཎ་ཞུ་འདྲ་ཞིག་བཟོས་འདུག་པ། །པད་མ་མཐོང་གྲོལ་ཡིན་ནོ་ལན་གསུམ་གསུངས། །དེ་ནི་རྟེན་འབྲེལ་གནད་ཅིག་ཡིན་པར་སྣང་། །སྒར་དེ་འཁྱེར་ཁ་ཤིན་ཏུ་ཆེ་འདུག་པ། །སྒྲིགས་དང་བཅའ་ཁྲིམས་ངོ་མཚར་ཅན་ཡང་འདུག །དེ་ཡི་རྒྱབ་ཏུ་འགྲོ་བའི་བསམ་པ་ཤར། །མི་འགས་ཀྱང་ནི་འགྲོ་རྒྱུ་ཨེ་ཡིན་ཟེར། །སློབ་དཔོན་གྱིས་ཀྱང་བཀག་པ་མི་གདའ་སྟེ། །ང་རིང་ན་

p. 68

སོ་ཆུང་ཡང་བསམ་པ་ཆེ། །འབྲུག་པ་བླ་མ་བཟང་ཞིང་ཆོས་ཀྱང་ཟབ། །འོན་ཀྱང་འདི་ལ་ཡར་ཤམ་མར་ཤམ་ཆེ། །ཡར་གྲུའི་རྟོགས་ལྡན་ཐམས་ཅད་གྲུབ་ཐོབ་ཡིན། །དེ་འདྲའི་བསྐལ་པ་ང་ལ་ཡོད་པར་དཀའ། །མར་གྲྭ་རྣམས་ནི་སྤང་པོ་ཆོས་མེད་ཡིན། །ཆོས་ཀྱང་མེད་ལ་མི་ཚེར་སྤྱང་དགོས་བྱུང་། །དེ་འདྲ་བྱུང་ན་གཉིས་མེད་སེང་གེ་རེད། །ཡ་ཉེན་ཆེ་སྙམ་དེ་རུ་མ་སོང་ངོ་། །བྱིསྱའི་བསམ་པ་དེ་ཡང་བདེན་པ་འདྲ། །དེ་དུས་ང་ནི་ཤེས་རབ་ཆེ་ཞེས་སྨོན། །དགེ་ལུགས་དྲུང་རམ་ཉ་ཁམ་ཆོས་རྗེ་ཡིས། །ཁྱེད་རང་ང་ཡི་བནྡེ་ཨེ་བྱེད་གསུངས། །ཆོས་ལུགས་དེ་ལ་སློབ་དཔོན་མི་དད་པས། །ང་རང་ཡང་ནི་དེ་དང་འདྲ་ན་ཡང་། །བྱིསྶ་སྤྱང་བས་མི་དད་མ་སྨྲས་ནས། །ང་ཡི་རྨི་ལམ་བརྟག་པ་ཞིག་བྱེད་ནས། །རྨི་ལམ་བཟང་ན་བརྗེ་བྱེད་དོ་ཞུས། །ཕྱིར་ནངས་ཁྱོད་ཀྱི་རྨི་ལམ་ཅི་རྨིས་གསུངས། །རྫུན་ཞུས་རྨི་ལམ་རྒྱ་ཆེན་མ་རྨིས་ཞུས། །ཁྱོད་ནི་བནྡེ་མི་མོས་པ་ཡིན་འདུག །ང་ལ་སྤུ་གྲི་དེ་ཉིད་འབུལ་ལམ་གསུངས། །སྤུ་གྲི་རྣོན་པོ་ཞིག་ཡོད་དེ་ཕུལ་ལོ། །དེ་ལྟར་ལོ་བརྒྱད་ལོན་ནས་བཅོ་ལྔའི་བར། །སློབ་དཔོན་དེ་ཡི་ཆགས་ཕྱི་གྲྭ་པ་སྟེ། །མཚམས་དུས་མ་གཏོགས་འདུག་

p. 69

རྒྱུ་ཡུད་ཙམ་མེད། །བརྒྱ་ལ་ལན་རེ་མ་གཏོགས་རྟ་ནི་མེད། །སློབ་དཔོན་ཆིབས་ཁ་དེ་ནི་བདག་གིས་ཁྲིད། །ལམ་ངན་ཡོད་དུས་སློབ་དཔོན་འབྲུལ་དོགས་ནས། །ཕྱི་ལྟས་རྒྱུན་དུ་བྱེད་པ་ཤུགས་ལ་འབྱུང་། །ལན་འགའ་མར་སོགས་ཁུར་པོ་ཁྱག་ཚད་ཡོད། །ནམ་ཁོམ་གསེང་ནས་ཐུགས་སྒྲུབ་ལ་སོགས་པ། །ལས་བྱང་ཚར་རེ་དེ་ཡི་བསྐང་སྤུངས་འདོན་། །ཉིན་གུང་མདོས་གཏོར་ལ་སོགས་བཅའ་ཚོགས་མང་། །དགོང་མོ་དྲག་པོ་ལ་སོགས་གཏོར་ཆོག་དང་། །བཅའ་ཚོགས་གང་བྱས་དེ་དག་འདོན་པ་དང་། །ཉལ་ཁ་ཆོས་སྤྱོད་བག་ཆགས་རང་གྲོལ་དང་། །བར་དོའི་རྩ་ཚིག་ལ་སོགས་ཆག་མེད་དང་། །སྐབས་རེ་ཁྱིམ་དུ་ཞག་མ་རེ་ཟུང་ཙམ། །འདུག་རྒྱུ་བྱུང་ན་ཟ་ཡིག་འཁོར་ལོ་དང་། །ཙཀ་ལི་ལ་སོགས་ཆགས་ཕྱི་ཁོ་ན་སྒྲུབ། །ལོ་དུས་སློབ་དཔོན་སྐུ་རིམ་མདོས་སོགས་དང་། །གྲོང་ཆོག་ཚེ་ཡི་རང་གི་རྩམ་སོགས་དང་། །རྒྱ་རི་བསོགས་པ་མ་ལ་ཕན་པ་བས། །གཞན་གྱི་འབུལ་བ་མཆོད་འབྲུ་སོགས་ཀྱང་མེད། །དེ་དུས་དེ་ཚོ་ཡིད་ལ་མ་དྲན་ཏེ། །གོས་ཟས་རྣམས་ཀྱང་མ་ཡི་ཁྱིམ་ནས་ཡིན། །དེ་ལྟར་ཁ་ཐོན་ཙམ་ལས་འབགས་སྒོ་མེད། །འོན་ཀྱང་ཡོན་ཏན་

p. 70

འགོས་ན་འབགས་སྒོ་མཆོག །དེ་ག་ཡིན་འདུག་ཕྱི་རབས་གྲྭ་པ་རྣམས། །དེ་དོན་གོ་བར་གྱིས་ལ་སློབ་དཔོན་ལ། །གླ་དགོས་མ་ཟེར་ཡོན་ཏན་གང་དགོས་སློབས། །འདི་ཡང་རང་གི་ཉམས་མྱོང་སྙིང་གཏམ་ཡིན། །དེ་ལྟར་ཁོམ་དུས་ཡུད་ཙམ་མེད་ན་ཡང་། །ཆབ་མའི་སྣེ་ལ་རྡུལ་བྱང་བཏགས་ནས་འགྲོ། །ཇ་མགྲོན་ལ་སོགས་ཡུད་ཙམ་དལ་བའི་སྐབས། །ཡི་གེའི་འདེབས་ཁ་ལྷ་རིས་འཁོར་ལོ་དང་། །དཀྱིལ་འཁོར་བྲི་ལུགས་ལ་སོགས་བསླབས་པར་བྱས། །ལམ་དུ་འགྲོ་ཚེ་རྩིས་དང་ས་རིས་བསླབ། །འདོན་པའི་སྐབས་མཚམས་ཇ་ནི་གསོལ་སྐབས་ཀྱང་། །བསྙེན་སྒྲུབ་ལས་སྦྱོར་མདོས་ཟློག་བསྐང་བ་ཡི། །གནད་འགག་གལ་ཆེ་བ་རྣམས་བསླབ་པར་བྱས། །རྟ་མེད་རྐང་ལ་འགྲོ་དུས་དེ་ལྟར་ཏེ། །དེ་ཚེ་སློབ་དཔོན་ཞལ་ནས་ལན་མང་དུ། །ཁྱོད་ལས་དྲི་ནན་ཆེ་བ་ཨེ་སྲིད་ཨང་། །རྐང་ཐང་ལ་ནི་འགྲོ་མི་ནུས་པའི་དུས། །མ་དྲི་ཟེར་བ་ཡང་ཡང་བཀའ་བསྩལ་ཏེ། །ཤེས་རབ་ཅན་གྱིས་གནད་འགག་དྲི་ཤེས་ན། །སློབ་དཔོན་དེ་ནི་ཡོན་ཏན་རྒྱ་མཚོ་ཡིན། །མ་དྲིས་ན་ནི་ཅི་ཡང་གསུངས་མི་སྲོལ། །དེ་ཕྱིར་ང་དང་སློབ་དཔོན་གཅིག་པ་ཡི། །སྔགས་པ་དག་ཀྱང་འགའ་ཟུང་ཡོད་ན་

p. 71

ཡང་། །ཁོང་ཚོས་ཅི་ཡང་དྲི་སྲོལ་མི་འདུག་པས། །གནད་ཀྱི་མན་ངག་གཅིག་ཀྱང་མི་སྣང་ངོ་། །ཁྱད་པར་དྲག་སྔགས་ཚན་ཆེན་མང་པོ་ཞིག །མཆིས་ཀྱང་ཀུན་ནོར་བཞིན་དུ་གཞན་ལ་གསང་། །ཁྱོད་དང་རཏྣ་དྷ་ཛ་གཉིས་པོ་ནི། །ལུས་ལས་ཆད་པའི་བུ་ཡིན་གསུངས་ནས་བསླབས། །ནང་ནུབ་བསྙེན་པ་དག་ནི་ཅུང་ཟད་དང་། །ལས་བྱང་འདོན་ཚེ་བསྐྱེད་རིམ་ཨེ་ཟིན་སོགས། །ཉམས་ལེན་ལ་ནི་བག་ནི་ལེགས་པར་བཞག །དེ་ལྟར་ཡོན་ཏན་ཞོར་ལ་བསླབས་པས་ལོབ། །ཁ་རོག་བསྡད་ན་བསླབ་རྒྱུ་མི་འོང་སྟེ། །དམྱལ་བར་སྐྱེས་ན་སྡུག་བསྔལ་ཡོད་པ་ལྟར། །མི་ལུས་ཐོབ་ནས་བྲེལ་བ་མེད་མི་སྲིད། །དེ་ཡང་ཕྱི་རབས་གྲྭ་པས་ཡིད་ལ་ཞོག །ལོ་བརྒྱད་ལོན་ནས་བཅོ་ལྔའི་བར་དག་ཏུ། །སློབ་དཔོན་གྲྭ་པ་བྱས་པའི་རྣམ་ཐར་ཡིན། །དེ་ནས་རང་ལོ་བཅུ་དྲུག་ལོན་ཙམ་དུས། །སློབ་དཔོན་གྱིས་ཀྱང་དཔེ་ཆ་ཉེར་མཁོ་གནང་། །ང་ཡིས་གང་ཤེས་ཡོན་ཏན་ཐམས་ཅད་ནི། །པར་བཏབ་བཞིན་དུ་ཐམས་ཅད་ཁྱོད་ཀྱིས་ཤེས། །ད་ནི་ཁྱོད་རང་གྲོང་ཆོག་ལོགས་སུ་གྱིས། །དངོས་པོ་གང་བྱུང་མ་ལ་ཕན་དགོས་གསུངས། །ང་རང་བཅའ་ཚོགས་མགྱོགས་ཤིང་འདོན་བཟང་

p. 72

བ། །བུ་ཆུང་ཡིན་པས་དགའ་མགུ་བདེ་བ་དེས། །ཐམས་ཅད་ཀུན་གྱིས་མི་ཐོབ་བཞིན་དུ་བོས། །ན་སོ་ཆུང་བས་ནངས་པར་སྔ་ལང་དུས། །ནམ་ཚོད་མི་ཟིན་དོགས་ནས་སེམས་ཁྲལ་ཡོད། །དེ་མིན་མདོས་ཟློག་བསྐང་གསུམ་གཏོ་ཆོག་དང་། །ས་རྩིས་གདུང་སོགས་གང་ལའང་ཐོགས་པའང་མེད། །ཆོབ་ཙམ་བཅོ་བརྒྱད་ཤེས་ན་སྔགས་པ་རབ། །ཟེར་བའི་ཁ་དཔེ་བཞིན་དུ་རབ་མ་ཤེས། །དེ་ལོ་བླ་མ་བཀྲ་ཤིས་ཞེས་བྱ་ལ། །ཟླ་གཅིག་ཙམ་དུ་དགུ་མཐའ་ལྔ་བསྡུས་དང་། །གཟས་འཛིན་དང་བཅས་གྲ་ཐུབ་ཙམ་ཞིག་བསླབ། །གྲོང་ཆོག་གར་སོང་ཁ་བསོད་གཏོར་སྒབ་དྲོ། །ནུབ་མོ་ལན་འགའ་རྔ་ནི་རྡུང་བའི་དུས། །མགར་གྱི་ཚྭ་ཚྭ་བཞིན་དུ་སེང་སྒྲ་དང་། །བཅས་ཏེ་རྔ་ལ་མེ་སྟག་ཚྭ་ཚྭ་འཐུལ། །གཟའ་ཡི་ནད་ཀྱིས་ཤི་ལ་ཁད་འགའ་ཡང་། །སྔགས་དང་བྱིན་རླབས་ཟ་ཡིག་ལ་སོགས་ཀྱིས། །འཕྲལ་དུ་ཕན་ཞིང་བདེ་བ་མང་དུ་བྱུང་། །དེ་ལོ་ཟླ་གཅིག་ཞག་པོ་བཅོ་བརྒྱད་བར། །མཚམས་བསྡམས་སྟན་དྲོད་མ་ཡལ་མེ་ཉི་སྤངས། །རྟ་མགྲིན་ནཱ་ག་ཀླུ་འདུལ་སྒྲུབ་པ་བྱས། །དེ་ཚེ་དྲུང་པ་ཀུན་དགའ་རྣམ་རྒྱལ་ཕེབས། །མཁར་གྱི་ནང་དུ་གདན་འདྲེན་བྱས་ན་ཡང་། །མཚམས་དམ་

p. 73

དངོས་སུ་མཇལ་རྒྱུ་མ་བྱུང་ཡང་། །ཁུང་བལྟས་བྱས་པས་རྒྱང་ནས་ཞལ་མཇལ་བྱུང་། །དེ་སྐོར་རྒྱ་ར་གཅོད་པ་ཕེབས་པ་ལ། །ཐམས་ཅད་འུར་ནས་མཇལ་དུ་སོང་བ་ལ་། །སློབ་དཔོན་ཞལ་ནས་དུས་ལོག་སྙིགས་མ་འདིར། །ཧ་ཅང་མངོན་ཤེས་གྲུབ་རྟགས་བཟང་རྒྱུ་མེད། །མི་མང་ནང་དུ་རྡུང་བཙོག་བྱེད་ཟེར་བས། །དེ་ཡང་ངོ་ཚ་མཇལ་དུ་མི་འགྲོ་གསུངས། །ཐམས་ཅད་སོང་ནས་ཡུ་གུ་མ་སོང་ན། །ཕྱོགས་རིས་བྱས་ཞེས་ཀུན་གྱིས་འབར་ནི་འོང་། །རྡུང་བཙོག་མི་བྱེད་ཐབས་ཤིག་ང་ལ་ཡོད། །ངེད་རང་གཉིས་པོ་མ་གཅིག་ལབ་སྒྲོན་གྱི། །བསྐྱེད་རིམ་གསལ་པོར་བསྒོམས་ནས་འགྲོ་བས་ཆོག །ཁོང་ལ་མངོན་ཤེས་ཐོགས་པ་མེད་ཟེར་བས། །ཁོང་རང་ལྷ་དེ་རྡུང་བློ་མེད་ཞུས་པས། །དེ་བདེན་གསུངས་ནས་མཇལ་དུ་སོང་བ་ལ། །རྡུང་བཙོག་མ་མཛད་ཐུགས་མཐུན་དགྱེས་པར་བྱུང་། །ཀུ་རེ་བཞད་བགད་ཆོས་གཏམ་མང་པོ་དང་། །བཟང་ཇ་མང་པོ་བཀོལ་ནས་ངོམ་ཚད་གནང་། །འདི་སྐོར་ལོ་གསུམ་ཙམ་ལ་དམ་བཅའ་ཡི། །གཏོར་མ་བརྒྱ་རྩ་ལོ་གསུམ་ཆག་མེད་བྱས། །ཀླུ་གཏོར་མང་དུ་བཏང་བས་ཆུ་འགྲམ་ན། །ཆུ་རྩད་གདའ་བ་བརྐོས་པས་ཆུ་མིག་བྱུང་། །

p. 74

དེ་ཉིད་གཞུང་ཆུའི་ཆུ་ལག་ཡིན་དོགས་ནས། །འདོམ་པ་གསུམ་བཞི་བྲག་ལ་ཐུག་པར་བརྐོས། །ཆུ་དེ་བྲག་གི་སྲུབ་ནས་འབབས་པ་ལ། །ཆུ་མིག་བཟོས་པས་གཞུང་ཆུ་མ་ཡིན་རྟགས། །ཆུ་དེ་བཟང་བས་ཇ་ཡང་ཐུབ་བོ་ཟེར།།དུས་ཕྱིས་གཞུང་ཆུ་ཚུར་འགྱུར་བཀབ་ནི་སྣང་། །དེ་ལོ་གཙུག་ཕུད་དྲུང་པ་ཚེར་ལུང་པ། །ཀུན་དགའ་རྣམ་རྒྱལ་ཕེབས་པ་མཇལ་སོང་བས། །སློབ་དཔོན་སྐྲ་ཕུད་ཕུལ་ནས་ཚངས་སྤྱོད་ཀྱི། །དགེ་བསྙེན་ཞུས་ཏེ་གོ་མའི་དགེ་བསྙེན་ཏེ། །ཆབ་ལེན་ལྷམ་ཕུད་གདན་གཅིག་རྟག་ཏུ་མཛད། །བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་ལུང་དང་། །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ལུང་ཡང་ཐོབ། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི། །ཁྲིད་ཐོབ་རྟོགས་འབུལ་ཞུས་པས་ངོ་སྤྲོད་གནང་། །དེ་ནས་བཟུང་སྟེ་གནས་འགྱུའི་འབྲོས་དེད་ནི། །རྒྱུན་དུ་མ་བསྒྱུར་ཙམ་རེ་སྐྱོང་བ་དང་། །ལོ་ཤས་བར་དུ་བརྒྱ་ཕྱག་རེ་ཡང་འཚལ། །སྔོན་འགྲོ་བཞི་སྦྱོར་དམིགས་པ་ཐུན་རེ་ཡང་། །ལོ་འགའི་བར་དུ་རྒྱུན་དུ་མ་བརྗེད་བྱས། །རྨི་ལམ་རྩུབ་ཟིན་ལེན་འགའ་སེམས་ངོ་ཟིན། །འགྲོ་བའི་ཚེ་ཡང་ས་རྡོར་རྟགས་བྱས་ནས། །ཕ་ཀིར་མ་སླེབས་བར་དུ་མི་ཡེངས་པར། །བྱ་

p. 75

སྙམ་དེ་ལྟར་རྒྱུན་དུ་བརྩོན་འགྲུས་བྱས། །ཐེ་ཚོམ་མེད་པའི་ངེས་ཤེས་ཆེན་པོ་ཡོད། །དེ་སྐོར་རྐང་ནད་གྲུམ་བུའི་ནད་བྱུང་བས། །དྲུང་པར་ལུང་ཞུས་ཕྱག་རྡོར་ཁྱུང་ཤམ་ཅན། །བཅོ་བརྒྱད་ལོན་དུས་ཟླ་གཅིག་བསྙེན་པ་ནི། །མཚམས་དམ་མེ་ཉི་སྤངས་ཏེ་རྩེ་གཅིག་བཟླས། །ལྷ་བྲིས་ཀྱང་ནི་ཆོབ་ཙམ་ཤེས་པ་ཡིས། །གཞན་གྱི་ཐང་སྐུའང་འགའ་ཟུང་ཙམ་ཞིག་བྲིས། །སྔགས་པའི་ལུགས་ཀྱིས་གྲོང་ཆོག་གདུལ་བྱ་ནི། །བར་སྐབས་མེད་པར་ཤིན་ཏུ་རྣམ་གཡེང་ཆེ། །བཅུ་དྲུག་ལོན་ནས་བཅུ་དགུའི་ལོ་ཕྱེད་བར། །སྔགས་པ་ཚད་ལྡན་བྱེད་པའི་རྣམ་ཐར་ཡིན། །དེ་ནས་རང་ལོ་བཅུ་དགུའི་སྟེང་ལ་སླེབས། །དེ་ལྟར་ཆུང་ཚེ་སློབ་དཔོན་རྗེས་འབྲང་དང་། །བར་སྐབས་རང་གི་གྲོང་ཆོག་བྱེད་ཚེ་ཡང་། །རས་པའི་མིག་ལྟོས་བཞིན་དུ་ཁ་བཙོག་སྨྲས། །རྩེ་འགྱུ་ལ་སོགས་སྤྱོད་པ་རྩིང་ན་ཡང་། །དངོས་སུ་ཆགས་པ་སྤྱོད་བསམ་ཡིད་མ་འཕྲེང་། །སྔོན་དུས་ནུབ་ཅིག་རང་གི་གསང་རྡོར་ནི། །ཁྲིག་པ་གསུམ་དུ་བྱས་ནས་བཅད་པ་རྨིས། །ཞུས་པས་སློབ་དཔོན་ཞལ་ནས་འདི་སྐད་གསུངས། །ཁྱོད་ལ་བནྡེ་འོང་བའི་རྟགས་ཡིན་གསུངས། །བུད་མེད་འགའ་ལ་ངག་འཁྱལ་སྨྲས་

p. 76

པ་ཡིས། །བདེན་པར་བཟུང་ནས་ཆགས་པ་ཨེ་སྤྱོད་ཀྱི། །ཚིག་རྣམས་ཟེར་བས་ངོ་ཚ་སྐྲག་སྣང་གི །དེ་ཕྱིན་དེ་ལ་ཁྲོས་པའི་ཚུལ་དུ་བསྡད། །ཨ་མཆོད་ཅིག་གིས་ང་ཡི་ཡོན་ཏན་ལ། །མགུ་ནས་ཁོ་ཡི་བུ་མོ་སྦྱིན་ཟེར་ནས། །དོ་དམ་བྱས་པས་ངག་བཅད་ཁྲོས་ནས་བསྡད། །གཞན་ཡང་བུ་མོ་སྦྱིན་ཟེར་འགའ་རེ་བྱུང་། །སློབ་དཔོན་ཕ་མ་གཉིས་ཀྱང་གཏམ་ཞིང་འདུག །བློ་དྲི་བྱུང་ཚེ་ཁྲོས་ནས་ཚིག་ངན་སྨྲས། །ཀྱེ་མ་བདག་ནི་ད་རུང་བྱིསྦ་ཡིན། །དེ་འདྲའི་སྣང་བ་ང་ལ་མེད་བསམ་ཛ། །ཕ་མ་ཉེ་དུ་ཡོན་བདག་མང་པོ་ཡིས། །འདི་འདྲ་ལན་མང་ཟེར་བས་ད་ནི་བདག །ཆོས་དང་འཇིག་རྟེན་གང་བྱེད་རན་ཚོད་རེད། །མི་ལུས་འདི་ཡང་ཐོབ་པར་དཀའ་གསུངས་ནས། །ད་རེས་ལུས་འདི་དོན་ལྡན་ཆོས་ཤིག་བྱེད། །ཆོས་ལ་བྱེད་ལུགས་སྣ་ཚོགས་གདའ་ན་ཡང་། །ཆོས་སྣང་ཆེ་ཡང་སྐྱེ་བོས་ཆོས་མི་འགྲུབ། །དེ་བས་ཆོས་སྒོ་གཅིག་ལ་ཞུགས་དགོས་གདའ། །གྲུབ་མཐའ་མི་གཅིག་སྣ་ཚོགས་གདའ་ན་ཡང་། །ཨོ་རྒྱན་ལུང་བསྟན་འདི་ལ་ཆག་བཞག་ན། །ཀརྨ་པ་ལ་དོ་ཟླ་མི་སྣང་བས། །འདི་ཡི་ཆོས་ལུགས་ཞིག་ལ་ཞུགས་པར་བྱ། །དེ་ལ་རྟོགས་ལྡན་ལུགས་དང་རབ་བྱུང་

p. 77

ལུགས། །གཉིས་སུ་གདའ་སྟེ་འཇིག་རྟེན་ཁ་ངག་ལ། །ཆོས་ཤིག་བྱེད་ན་དམ་ཆོས་འདུལ་བ་གྱིས། །འདི་དང་ཕྱི་མ་གཉིས་ཀ་སྐྱིད་ཟེར་དཔེ། །འདུལ་ཁྲིམས་བསྲུང་བའི་ཆོས་ཤིག་བདག་གིས་བྱེད། །དེ་ཡང་ཁམས་སུ་བསྡད་ན་མཐར་ཐོན་དཀའ། །དབུས་གཙང་གྲྭ་ས་ཞིག་ལ་འགྲོ་ན་བསམ། །དེ་དུས་བྲག་དམར་དཔོན་པོ་ཨ་ཏ་རྒྱལ། །དེ་ཚང་ངེད་རང་དཔོན་སློབ་གཉིས་ཀ་ནི། །ཕྱག་བཞི་པ་ཡི་མདོས་ཆེན་བཅའ་རུ་བོས། །ད་ནི་བདག་གིས་ཅིས་ཀྱང་བརྗེ་བྱེད། །སྐྱ་ཕུད་འབུལ་བའི་བླ་མ་ཀར་ལུགས་ཤིག །ནམ་རྙེད་སུ་དགའ་བསམ་ཞིང་བློ་ལ་བཀྲམ། །དེ་ཡང་རང་ལ་ཁ་ཐབས་མེད་པ་ཡི། །བླ་མ་དེ་ཡིས་དབུས་ན་བརྫངས་པ་ཡི། །ཐུགས་བཏགས་མེད་ན་སྐྲ་ཕུད་ཕུལ་ཞན་འདྲ། །དེ་བསམ་ཞག་གསུམ་ཙམ་ལ་གཉིད་མ་རྙེད། །བསང་འགྲམ་མོ་བཏབ་མོ་ཡང་ཤིན་ཏུ་བཟང་། །སློབ་དཔོན་ལ་ནི་ཅི་ཡང་ཟུར་མ་ཞུས། །དེ་ཚེ་དེ་དགོང་ཚེར་ལུང་དྲུང་པ་ཕེབས། །མཇལ་དུ་སོང་དུས་དེ་ངོས་མ་ཞུས་ཀྱང་། །སྟབས་ཀྱིས་དབུས་གཙང་གླེང་གླང་མང་པོ་འགའ། །ང་ཡི་སློབ་དཔོན་དེ་དང་བྱུང་སོང་བས། །དྲུང་པའི་ཞལ་ནས་ཐུབ་བསྟན་ཉིན་གླིང་དུ། །སྔར་ཡང་

p. 78

གྲྭ་པ་དྲུག་ཅུ་ཙམ་ཞིག་བཏང་། །བན་ཆུང་འདི་ཡང་སོང་ན་ལེགས་པོ་འོང་། །གསུངས་ནས་ང་ཡི་ངོ་ལ་གཟིགས་ཤིང་བཞད། །ཡར་ནི་དེ་ཡི་ཟུར་ཙམ་མ་ཞུས་པ། །ང་ཡི་བསམ་པ་མཁྱེན་ནས་གདའ་འོ་བསམ། །དེ་ནས་དྲུང་པ་རྨོ་ན་ཕེབས་སོང་བས། །ད་ནི་མཇལ་རྟེན་ཅུང་ཟད་ཅིག་རྙེད་ན། །དྲུང་པ་མཇལ་ནས་སྐྲ་ཕུད་འབུལ་བསམས་པས། །དེ་ནས་སློབ་དཔོན་དང་ཡང་གྲོས་བྱས་འགྲིགས། །དེ་ཚེ་གཉེར་པ་དགེ་བ་བསྙུངས་ནས་ནི། །སློབ་དཔོན་ངེད་གཉིས་སྐུ་རིམ་བྱེད་དུ་བོས། །སྔོན་དུ་གུ་དྲག་ཟློག་པ་ལ་སོགས་པ། །རྗེས་སུ་མགོན་པོའི་མདོས་ཆེན་ཡུན་རིང་བཅས། །མགོན་པོ་ལ་སོགས་ལུང་ཡང་ཕྲན་བུ་ཐོབ། །ནམ་མཁའི་མཛོད་ཐབས་ལ་སོགས་ཕྱག་ཁྲིད་གནང་། །ཁྱེད་ཀྱིས་ང་ནི་དབུས་སུ་བརྫངས་ན་ནི། །ང་ཡི་སྐྲ་ཕུད་འདི་ཉིད་འབུལ་འདོད་ཞུས། །བརྫང་གསུངས་རང་ལོ་བཅུ་དགུ་ཡོས་ཀྱི་ལོ། །ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཚེས་བཅུའི་ཉིན། །སྐྱ་ཕུད་བླང་ཞིང་སྐྱབས་གསུམ་སྡོམ་པ་དང་། །ཚངས་པར་སྤྱོད་པའི་དགེ་བསྙེན་བྱས་པ་ཡིས། །མིང་ནི་ཀརྨ་བསམ་འགྲུབ་ཅེས་བཏགས་སོ། །དེ་ནས་གྲྭ་ས་གར་འགྲོ་ཞུས་པ་ཡིས། །གྲྭ་ས་ཟུར་ཅོག་འོག་མིན་ལེགས་བཤད་

p. 79

སོགས། །གར་སོང་ཁྱད་མེད་ཐམས་ཅད་ལེགས་པ་སྟེ། །ཡང་རི་འདི་ན་དམ་ཉམས་འགྲོ་མི་རུང་། །ངས་ནི་ཆགས་སྡང་གཏམ་ཞིག་གཏན་ནས་མིན། །ཁྱོད་རང་མདོ་སྔགས་ཆོས་ལུགས་གང་བྱེད་གསུངས། །ང་ནི་ཤེས་རབ་ཆེ་བའི་ལུགས་ཤིག་ཡིན། །སྔགས་ཀྱི་གྲོང་ཆོག་ང་རང་གིས་ཀྱང་ཤེས། །མཚན་ཉིད་བཤད་གྲྭ་ཞིག་ལ་འགྲོ་ན་ཞུས། །འོ་ན་ཐུབ་བསྟན་སྐུ་གཞོག་ཉིན་བྱེད་གླིང་། །ཡབ་སྲས་ཐུགས་བརྩེས་ཆེ་བས་སྤྱན་དང་འདྲ། །དེ་རུ་བཏང་གསུངས་ཐུགས་ཐག་དེར་བཅད་ནས། །ཆོས་སྤྱོད་རབ་གསལ་ནང་དོན་མཚན་བརྗོད་སོགས། །ཟིན་ཐུན་ཀྱང་ནི་གང་ཟིན་མཛོད་ཅེས་གསུངས། །ཆོས་སྤྱོད་རབ་གསལ་ས་གཞི་བྱིན་རླབས་བཟུང་། །གྲོང་ཆོག་ཅིག་ལ་འགྲོ་བའི་ཞར་ཞོར་ལ། །ཕག་མོ་རྒྱས་པ་ཞག་པོ་ལྔ་ཡི་ནང་། །ཁེར་འདོན་ཡོད་པ་ཞིག་ནི་བློ་ལ་ཟིན། །དེ་ནས་དེས་མཚམས་ཟླ་བ་གཉིས་ཙམ་བསྡད། །མཚན་བརྗོད་ཟབ་མོ་ནང་དོན་གཉིས་ཀ་བཟུང་། །ཟབ་སྒྲོན་ལ་སོགས་ཉེར་མཁོ་འགའ་ཡང་བཟུང་། །ད་ནི་དབུས་ན་འགྲོ་རོགས་ནམ་རྙེད་བསམ། །དེ་ཚེ་དབུས་ནས་མཆོག་གི་སྤྲུལ་སྐུ་ཡིས། །དགེ་སློང་གཉིས་ལ་བཀའ་ཤོག་བསྐུར་ནས་

p. 80

ཀྱང་། །གྲྭ་རྒྱུན་གང་མང་ཐོངས་ཤོག་གསུངས་པར་གདའ། །དེ་ནས་དྲུང་པས་ཀུན་ལ་ཉག་བཞག་ཀྱང་། །ང་ལས་གཞན་པ་འགྲོ་མཁན་མ་བྱུང་ངོ་། །དེ་ནས་དབུས་སུ་འགྲོ་བ་ཐོག་བཅད་པས། །ཕ་མ་ཉེ་དུས་བཤོལ་ཐབས་སྣ་ཚོགས་བྱས། །གཙུག་པུར་མཚམས་གྱིས་དབུས་སུ་མ་འགྲོ་ཟེར། །མ་དང་ཨ་དབྱིས་ངེད་གཉིས་སྐྱོར་རམ་ཟེར། །ངུ་ཞིང་མྱ་ངན་སྨེ་སྔགས་ཤི་ལྟར་བྱས། །ལ་ལས་ཁྱོད་ཀྱི་རྐང་ནད་གྲུམ་བུ་འདིས། །ད་ལྟ་ཡང་ནི་འཐིང་འགྲོས་འདི་ཡིན་ན། །ལམ་དུ་ལུས་ན་སྤྱང་ཀིས་ཟའོ་ཟེར། །ལ་ལས་དབུས་ནས་ལྟོགས་ཤིང་མུ་གེ་ཆེ། །སྡུག་བསྔལ་བྱུང་རབས་ལོ་རྒྱུས་མང་དུ་བཤད། །ལ་ལས་གྲྭ་ས་རྣམས་སུ་ཁྲིམས་དམ་པས། །མདོ་སྒྲུབ་ཁུར་བའི་ལོ་རྒྱུས་མང་དུ་བཤད། །ལ་ལས་དབུས་སུ་སོང་བ་མགོ་མ་ཐོན། །མི་ཡུལ་རོ་འཁྱམས་བྱུང་རབས་མང་དུ་བཤད། །ཇི་ལྟར་ཟེར་ཡང་ང་ཡི་སེམས་མ་འགྱུར། །དེ་ཚེ་སྲུ་མོ་ངུ་ཞིང་འདི་སྐད་དོ། །ཇི་ལྟར་སྨྲས་ཀྱང་འགྱུར་རྒྱུ་མེད་པ་ཡི། །ཁྱོད་ཀྱི་སེམས་འདི་རྡོ་ལ་བྱས་སམ་ཟེར། །ཕ་མ་བསྐྱུར་བའི་ཆོས་ནི་ཨ་ཀ་ཟེར། །དེ་ཚེ་ང་ཡིས་ཀུན་ལ་ཚིག་ལན་ནི། །ངོམ་རིང་བརྗེ་སུམ་སྟོང་དྲུག་བརྒྱ་ཟེར། །དེ་ཚོ་ལ་ཡང་ཕ་མ་

p. 81

ཨེ་མི་ཡོད། །ཚེ་ཟད་ན་ནི་གཞི་བྱེས་གར་ཡང་འཆི། །ཆོས་ལ་སོང་ནས་ཤི་ན་དོན་བཟང་འགྲུབ། །ན་ན་ཡང་ནི་སྡིག་སྒྲིབ་དག་པ་ཡིན། །དེ་སྐད་སྨྲས་ནས་འགྲོ་བ་རྡོག་བརྡབས་པས། །ཡོན་བདག་རྣམས་ཀྱིས་བྱིན་པའི་དར་ཁ་ཡང་། །སུམ་ཅུ་ཙམ་ཞིག་མར་ཡང་མང་དུ་བྱུང་། །ཨ་ཏ་རྒྱལ་དང་པད་རྒྱལ་ལ་སོགས་ཀྱིས། །དར་ཁ་བརྫངས་ཤིང་ཁ་ད་འགའ་བྱས་ནས། །ངེད་ཚོའི་མགོ་ལ་ཟན་མར་ཕྱིན་པ་རེ། །གྱིས་ཤོག་ཟེར་ནས་འགྲོ་ལ་དགའ་སྣང་བྱས། །དྲུང་པའི་ཕྱག་ནས་ཇ་འཁོར་གསུམ་ཙམ་དང་། །གཡུ་རྡོག་འགའ་བརྫངས་ཞལ་ད་རྒྱས་པར་མཛད། །ད་རེས་འདི་ན་ཇ་ཡང་སྲབ་པར་གདའ། །སློབ་གཉེར་གྱིས་ལ་ཆས་ཀ་སྐུར་རོ་གསུངས། །དེ་ནས་གར་དབང་པ་ཡིས་འབུལ་སྐྱེལ་དང་། །ཆེ་ཚང་སྤྲུལ་སྐུ་ཚང་དང་དྲུང་པ་ཚང་། །ཉིན་གླིང་དགེ་སློང་གཉིས་དང་སྒར་འགྲུལ་འགའ། །དང་བཅས་ཐ་སྐར་ཟླ་བའི་ཉེར་གཉིས་ལ། །ཕ་ཡུལ་གནས་མདོའི་ས་ནས་སྒར་པ་བཀྱག །སློབ་དཔོན་དང་བྱེ་སྡུག་སྣང་མ་བྱུང་བ། །ཕྱིས་ཀྱང་མཇལ་བའི་རྟེན་འབྲེལ་ཡིན་པར་སྣང་། །ཇོ་རུས་བསྐྱལ་བས་མཆི་མ་འགའ་བྱུང་བས། །དེ་རྗེས་མི་འཕྲད་པ་ཡི་ལྟས་སུ་སྣང་། །

p. 82

དེ་ནས་རི་བོ་ཆེ་ནས་ལྷ་ཁང་མཇལ། །དགེ་འདུན་རྣམས་ལ་འཚོགས་ཞལ་མཇལ་འདོད་ཀྱང་། །ཟུར་མང་འབུལ་དཔོན་རྣམས་ཀྱིས་མཇལ་མ་བཅུག །ཁྱོད་རང་རྟ་དྲེལ་རྣམས་ལ་འཚོ་སྐྱོང་རེམ། །ཚོགས་པ་མཇལ་འདོད་ན་ནི་ངེད་ཚོར་ལྟོས། །ཞེས་ཟེར་རྟ་དྲེལ་བརྒྱ་ལྷག་འཚོ་བ་ལ། །དྲེལ་རྣམས་ཕྱེ་ཆུ་མ་ལོབ་འབུལ་ནོར་རེད། །དྲེལ་ཁྱུ་རེ་རེའི་ནང་དུ་རེ་རེ་འགྲོ་། །བོས་ཀྱང་མི་འདུ་དཀའ་སླས་ཤིན་དུ་ཆེ། །དབུས་པ་སྒར་གསུམ་ཁྱི་ཡང་རྒོད་པ་དང་། །དྲེལ་རྣམས་མི་འདུས་འཇིགས་སྐྲག་ཆེ་བ་དང་། །ཉིན་བཞིན་ཤིང་ཁུར་རེ་རེ་ཁྲལ་སོད་དང་། །འབུད་མི་ཤེས་ཀྱང་ཤན་འབུད་ཁྲལ་ཀྱང་ཡོད། །རྟ་གླེང་ལྔ་བཅུ་ལྷག་ཙམ་ཡོད་ན་ཡང་། །རྟ་རྫི་ཡིན་ཀྱང་ཅུང་ཟད་སྐྱ་དབང་མེད་། །རྐང་པར་ཤིང་ཟུག་རྨ་ཡང་སོས་དུས་མེད། །གོས་ཐུང་བཅད་པས་སྐྱིད་པར་རྨ་ཡང་བྱུང་། །ལངས་འདུག་དཀའ་ཞིང་ལྷགས་པ་ཆེ་ན་ཡང་། །སྙིང་རུས་བསྐྱེད་ཅིང་སྡིག་སྒྲིབ་དག་སྙམ་ནས། །འགུལ་འཚེར་བ་དང་སྤྱི་ཁྲལ་ཡིན་སྙམ་པའི། །ཡིད་ལ་མ་ཤར་ངག་ཏུ་ཟུར་མ་སྨྲས། །སྒར་དཔོན་གཉིས་ཡོད་ཞལ་ཚ་ངག་གྱོང་ཡང་། །ཁོང་ཁྲོ་མ་སྐྱེས་སྒྲིབ་པ་དག་གོ་བསམ། །འོན་ཀྱང་དཀོན་མཆོག་

p. 83

ཐུགས་རྗེ་མཐུ་ཆེ་བས། །རི་བོ་ཆེ་ན་ཕྱིན་པས་གྲུམ་བུ་ཕན། །སྤུ་ཐོག་ཕྱིན་པས་ཚོང་དཔོན་གཅིག་གིས་ནི། །ལེའུ་བདུན་མ་འདོན་པ་ཐོས་པའི་ཚེ། །ཨུ་རྒྱན་རྗེ་ལ་དད་པ་ཚད་མེད་པ། །ཤ་རུས་ཞིག་པ་འདྲ་བ་དབང་མེད་སྐྱེས། །ལྕགས་ལའི་ཚུར་ནང་རིམས་རྒོད་ཐུ་མོ་ན། །དེ་ཉིན་ར་ཤ་རུལ་པ་ཞིག་ཀྱང་ཟོས། །ན་བ་གསང་ནས་ཤི་ཡང་ཆོས་ཕྱིར་ཡིན། །བསམས་ནས་ཡབ་སྲས་དང་ནི་ཇོ་བོའི་ཕྱོགས། །མགོ་བསྟན་ཉལ་དུས་གཉེར་པ་ལྷ་སྐྱབས་ཀྱིས། །མགོ་མཇུག་བསྒྱུར་ནས་ཉལ་བ་ཅི་ཡིན་ཟེར། །གཞན་ཡང་རྒྱུན་དུ་དེ་ཕྱོགས་མགོ་བསྟན་ཉལ། །ཡིད་ཆེས་དད་པ་བྱས་པའི་རྣམ་ཐར་ཡིན། །ལམ་དུ་འགྲོ་ཚེ་བསྙེན་པ་མ་ཆག་པའི། །ཟབ་མདོ་སེང་གདོང་ལ་སོགས་ཐུགས་དམ་བྱས། །ནུབ་མོ་གཏོར་བསྔོས་གསུར་མཆོད་རྒྱུན་དུ་དང་། །དེ་དུས་བསྐྱེད་རིམ་ང་རྒྱལ་བརྟན་པ་ཡི། །ཞྭ་དམར་པ་དེ་བགྲེས་ཉམས་ཆེ་ཟེར་བས། །ང་རང་མ་མཇལ་གོང་དུ་འདས་དོགས་ནས། །དེ་ལ་སྲུང་འཁོར་རྒྱུན་དུ་སྒོམ་ཞིང་སོང་། །བསམ་བཟང་ཡིན་ཏེ་ཧམ་པ་ཆེ་བ་འདྲ། །ཕྱི་རབས་འགྲོ་འདུག་བྱེད་པའི་བན་སར་རྣམས། །དཀའ་སླས་གང་བྱས་སྒྲིབ་སྦྱང་ཡིན་པར་

p. 84

སྒོམས། །བྲེལ་བ་ཆེ་ཞིང་ཐང་ནི་ཆད་ན་ཡང་། །འདི་ལྟར་ཐུགས་དམ་རིམ་པ་མ་ཆག་ན། །གང་བསམ་མཐར་ཕྱིན་དོན་འབྲས་འབྱུང་བའོ། །ཇག་རྐུན་རྒོད་ཅིང་བླངས་ལེན་མང་དྲག་པས། །ཞུ་ཡིག་ཤོར་དོགས་སོ་སོའི་གོང་བར་དྲུབ། །རྭ་སྒྲེང་སླེབས་ཚེ་རྟ་ཡོད་ཐམས་ཅད་ནི། །རྟ་རྒྱུག་བྱས་ནས་ལྷ་ཁང་མཇལ་དུ་སོང་། །རྐང་ཐང་མ་འོངས་སྐུ་མིའི་རྗེས་མི་སླེབས། །རྗེས་སུ་ལུས་ན་ཧོར་གྱིས་གོས་བཤུས་ནས། །གོང་བར་དྲུབ་པའི་ཞུ་ཡིག་འཆོར་རོ་ཟེར། །རྭ་སྒྲེང་ལོ་རྒྱུས་ཤེས་ཚེ་དད་པ་ཆེ། །སྐྱ་མི་རྣམས་ཀྱི་རྗེས་སུ་རྒྱུག་པ་ཡིས། །རྗེས་སླེབས་ཇོ་བོ་འཇམ་པའི་རྡོ་རྗེ་དང་། །ཨ་ཏི་ཤ་ཡི་པཎ་ཞྭ་ཆབ་རིལ་དང་། །གནས་ཀྱི་ཕྱི་ནང་ཧ་ལམ་པ་ཞིག་མཇལ། །དེ་ནུབ་གཉེར་པ་ལྷ་སྐྱབས་འདི་སྐད་ཟེར། །ཉིན་བཞིན་ཤྭ་རྗེས་མི་སླེབ་གཉིད་ཡུར་བཅལ། །དེ་རིང་སྐྱ་མའི་རྒྱུག་དང་མཉམ་རྒྱུག་རེད། །མི་འདི་གཡོ་མ་བཙོག་མོ་རེད་ཟེར་ནས། །རྐང་པའི་རྨ་དང་སྐྱིད་པའི་རྨ་མ་སོས། །རྒྱུན་དུ་གཡོ་ཡང་བྱས་པ་མ་ཡིན་ཏེ། །དེ་ཉིན་གནས་དེའི་བྱིན་རླབས་འདྲ་བ་བྱུང་། །དེ་ནས་སྟག་ལུང་མཇལ་བར་འདོད་ན་ཡང་། །རོགས་ནི་མེད་པས་གཙུག་ལག་རྒྱང་ནས་མཇལ། །དེ་ནས་

p. 85

ཟ་དམ་པ་ཡི་ཐབ་བསུ་བྱུང་། །ཆང་ནི་རྒྱུན་དུ་བཅད་པ་ཡིན་ན་ཡང་། །དེ་ཉིན་རྟེན་འབྲེལ་དང་ནི་དགའ་ཚོར་གྱིས། །ཆང་དང་ཐབ་བསུའི་ཟས་སྣ་ཚིམས་པར་རོལ། །དེ་ནས་དགེ་བཤེས་ཤ་ར་བ་ཆེན་པོའི། །ཕྱག་གཡས་དང་ནི་སངས་རྒྱས་རིང་བསྲེལ་ནི། །བྲེ་གང་བཞུགས་པའི་ཤ་བ་འབུམ་པ་མཇལ། །དེ་ནས་ཟ་དམ་རྡོ་རྗེ་གདན་དུ་སླེབས། །གཙུག་ལག་དེ་ཉིད་མཐོང་བ་ཙམ་གྱིས་ཀྱང་། །པདྨ་འོད་ཀྱི་ཕོ་བྲང་ཡིན་ནམ་སེམས། །ཟ་དམ་ཞལ་ངོས་གཞི་ལེན་སྟོན་མོ་ནི། །སོ་སོས་ཁུར་བར་མི་ཁྱག་ཙམ་དུ་བྱིན། །རིན་པོ་ཆེ་པ་ཀརྨ་མཆོད་སྤྲིན་དང་། །ཞལ་ངོར་མཇལ་དར་བཏང་ཞིང་མདུན་གྲལ་བྱུང་། །དགེ་འདུན་ཚོགས་པ་དེ་ཉིད་མཐོང་ཙམ་གྱིས། །སངས་རྒྱས་ཞིང་དུ་དངོས་སུ་ཕྱིན་པ་འདྲ། །ཇ་འདྲེན་རྣམས་ཀྱིས་རུང་ཁང་ཇ་ཁྱེར་ཡང་། །ཐོས་པ་ཙམ་གྱིས་དད་པས་མཆི་མ་འཁྲུགས། །དེ་རུ་ཆེ་ཚང་སྤྲུལ་སྐུའི་ཇ་འགྱེད་དང་། །ཟུར་མང་ཁག་གི་མང་ཇ་འབུལ་བ་ཚར། །བདག་གིས་ཀྱང་ནི་སྒྲིགས་ཇའི་མང་ཇ་དང་། །རྣམ་བཞག་བཏང་ཞིང་དྲུང་པའི་གྲྭ་པ་ནི། །བཞི་བཅུ་ལྷག་ཙམ་འདུག་ལ་ཤོག་ཇ་བསྐོལ། །དེ་ནས་མཚུར་ཕུར་སྒར་

p. 86

པ་བཏེགས་སོང་བས། །དང་པོ་ཞྭ་དམར་ཅོད་པན་འཛིན་པ་ཡི། །ཞལ་མཇལ་ཕྱག་དབང་མདུན་གྲལ་ཙམ་ཞིག་བྱུང་། །དེ་ནས་དབོན་པོ་ནམ་མཁའི་མདུན་གྲལ་དང་། །གཞི་ལེན་སྟོན་མོ་ཁུར་མི་ཐེག་པ་བྱུང་། །དེ་ནས་རྒྱལ་བའི་དབང་པོའི་ཕྱག་དབང་དང་། །མདུན་གྲལ་བྱུང་སྟེ་དང་པོ་མཇལ་བའི་ཚེ། །ཞལ་མདོག་ནག་ཅིང་འབྲུམ་པ་ཐུག་གེ་བ། །དེ་ནས་ཞག་རེ་སོང་ཞིང་ཇེ་དཀར་སོང་། །དེ་ཡང་མཐོང་ལུགས་སྒྲིབ་པའི་རྟགས་སུ་གོ །དེ་ནས་རྒྱལ་ཚབ་དྲུང་པའི་ཕྱག་དབང་དང་། །ཕྱག་མཛོད་ཨ་བོས་མདུན་གྲལ་སྟོན་མོ་བྱས། །དེ་ནས་ཕོགས་བརྒྱབ་རེ་ཞིག་ངལ་བསོ་བྱས། །རྒྱལ་བ་ཡབ་སྲས་གསུམ་པོ་ཁྲི་ལ་ཕེབས། །དྲུང་པས་བསྐུར་བའི་གསེར་དང་གོས་ཆེན་དང་། །བརྒྱ་འབུལ་སོ་སོར་རེ་རེ་ཡོད་པ་དང་། །གར་དབང་བ་ཡིས་རྟ་མཛོ་ཇ་སོགས་དང་། །ཆེ་ཚང་བ་ཡིས་བསྐུར་བ་ལ་སོགས་པ། །ཡབ་སྲས་སོ་སོར་བརྒྱ་འབུལ་ཕྱེད་གསུམ་ཙམ། །དབུ་ཞྭ་ཞྭ་ནག་འཛམ་གླིང་གཡས་བཞག་དང་། །ཞྭ་དམར་མཐོང་བ་དོན་ལྡན་ཞེས་བྱ་བ། །དམར་སེར་མཐོང་གྲོལ་རྒྱལ་ཚབ་པ་ཡི་སྟེ། །སོ་སོར་དབུ་ཞྭ་ལན་གྲངས་གཉིས་རེ་བཞེས། །དག་པའི་ཞིང་དུ་སླེབས་འདྲའི་ལྟད་

p. 87

མོ་མཐོང་། །མཆོག་གི་སྤྲུལ་སྐུས་ཕག་མོའི་དབང་བཞི་གནང་། །གསེར་གདུང་དངུལ་གདུང་ལ་སོགས་གླིང་དང་ནི། །ལྷ་ཆེན་འཛམ་གླིང་རྒྱན་དང་ཆོས་དྲུག་མ། །ཤཱཀྱ་ཤྲཱིའི་པཎ་ཞྭ་ལ་སོགས་མཇལ། །སྒྲུབ་གནས་པད་མ་ཁྱུང་རྫོང་ལ་སོགས་པ། །རི་པའི་གནས་མཇལ་རྣམས་ཀྱང་ཐོག་གཅིག་མཇལ། །དེ་རུ་ཞག་པོ་བཅོ་བརྒྱད་གནས་འབྲེལ་བྱུང་། །ཕྱག་དང་སྐོར་བ་ལ་སོགས་བཟང་འབྲེལ་བཞག །འདུལ་བ་ལུགས་ཀྱི་རང་ལོ་ཉི་ཤུ་པ། །ནག་རྩིས་ལུགས་ཀྱི་རང་ལོ་བཅུ་དགུ་པ། །ཡོས་ལོ་མགོ་ཟླའི་ཚེས་པ་བཅོ་ལྔ་ལ། །འོག་མིན་མཚུར་ཕུའི་གཙུག་ལག་ཁང་ཆེན་པོར། །ལྷ་ཆེན་འཛམ་གླིང་རྒྱན་གྱི་མདུན་དེ་རུ། །དོན་གྱི་སླད་དུ་མཚན་ནས་སྨོས་པ་ནི། །བདག་གི་མཁན་པོ་ཡོངས་རྫོགས་བསྟན་པའི་བདག །དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་སྟེ། །རྡོ་རྗེ་དགའ་བ་དོན་ཀུན་ཡོངས་སུ་གྲུབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས། །མཁན་པོ་མཛད་ཅིང་སློབ་དཔོན་མཚན་སྨོས་པ། །དགེ་འདུན་ཟུར་རིའི་དྲུང་པ་བདེ་མཆོག་དང་། །གསང་སྟོན་དང་ནི་དུས་སྒོ་བ་རྣམས་ནི། །དགེ་སློང་ཉི་མ་དང་ནི་ཆོས་རྒྱལ་སོགས། །ལས་གྲལ་ཟུར་

p. 88

རེའི་དགེ་སློང་ཉི་ཤུ་ཙམ། །སྔ་དྲོ་དགེ་ཚུལ་རབ་བྱུང་ཞུ་མི་ནི། །བརྒྱ་དང་ཉི་ཤུ་ཨེ་ཡོད་ཙམ་དང་ནི། །ཐབས་ཅིག་བདག་ནི་རབ་བྱུང་དགེ་ཚུལ་བསྒྲུབས། །མིང་ནི་ཀརྨ་སློབ་ལམ་ཞེས་པ་གནང་། །དེ་ཡི་ཕྱི་དྲོ་ངེད་ཅག་དྲུག་ཅུ་ཙམ། །ཐག་དྲ་བྱས་ནས་དགེ་སློང་བསྙེན་རྫོགས་བསྒྲུབས། །མིང་ནི་ཀརྨ་ཆགས་མེད་ཅེས་བཏགས་སོ། །དེ་ཚེ་བདག་ནི་མི་ལུས་དོན་ལྡན་གྱུར། །དཀའ་སྤྱད་སྙིང་རུས་བྱས་པའི་དོན་གོ་བྱུང་། །ད་ནི་ད་ལྟ་ཤི་ཡང་འགྱོད་མེད་ཅིང་། །གལ་ཏེ་མ་ཤི་ཚེ་ཡང་རིང་ན་ཡང་། །འདུལ་ཁྲིམས་འདི་ཉིད་སྙིང་ནོར་མིག་འབྲས་ལྟར། །བསྲུང་དང་དེ་གས་ཆོག་པ་བསམ་པ་ཡི། །བློ་ནི་རྣལ་དུ་ཕེབས་པ་ལྟ་བུ་བྱུང་། །དེ་ནས་འཇིག་རྟེན་འཁོར་བའི་ཁྱིམ་སྤངས་ནས། །ཁྱིམ་ནས་ཁྱིམ་མེད་པ་རུ་རབ་ཏུ་བྱུང་། །བཅོམ་ལྡན་ཤཱཀྱའི་རྒྱལ་པོའི་བསྟན་པ་ལ། །ཉེས་མེད་ཕུན་སུམ་ཚོགས་པར་རབ་བྱུང་བ། །དེ་ཡང་ཆུང་ནས་རབ་བྱུང་ཉིད་ཡིན་པ། །འདི་ནི་བསྟན་ལ་ཞུགས་པའི་རྣམ་ཐར་ཡིན། །དེ་ནས་རྒྱལ་གྱི་ཟླ་བའི་ཡར་ཚེས་ལ། །ཟ་དམ་བསླེབས་ནས་ཞག་བར་མལ་གསོ་དང་། །སྒྲིགས་ཆས་མ་རྙེད་ཞག་འགའ་འགོར་ཚེ་ཡང་། །ཕྱག་དང་སྐོར་བ་ཟིན་ཐུན་ལ་

p. 89

སོགས་བཟུང་། །སྐབས་འདིར་ལྷ་སའི་ཇོ་ཤཱཀ་གཉིས་པོ་ལ། །སྙན་དར་གསོ་དང་སྐར་མེའི་ཁ་གསོ་དང་། །ཞོར་ལ་རོགས་ཀྱི་སྟབས་ཀྱིས་སེ་རའང་མཇལ། །དེ་ནས་སྤྱི་པའི་ཆོས་ཁྲིམས་ཆེན་པོ་ཡི། །ཁྱོད་ནི་ཨ་ནུ་ཨམ་ཞིག་ཡིན་ཟེར་བས། །དྲུང་པས་གྲལ་བཞག་དགོས་ནི་གསུངས་གདའ་སྟེ། །ཟླ་བ་རེ་ལ་མང་ཇ་རེ་རེ་ནི། །རྒྱུགས་རྒྱུ་ཡོད་ན་གྲལ་བཞག་བྱེད་པ་ཡིན། །ཡང་ན་ཁྱོད་ནི་ཤེས་རབ་ཆེ་ཟེར་བས། །ལོ་གསུམ་སོང་ནས་གྲ་སྐོར་ཐེང་བ་ཡི། །ཁས་ལེན་ཡོད་ན་གྲལ་བཞག་བྱེད་པ་ཡིན། །ཟེར་ནས་བརྒྱུད་པ་འདྲ་བ་བྱས་བྱུང་བས། །ང་ལ་ཇ་ནི་འཁོར་དྲུག་གཅིག་ལས་མེད། །དེ་ནི་སྒྲིགས་ཆས་མང་ཇས་ཕལ་ཆེར་ཟད། །ཟླ་ང་མི་དགོས་གཅིག་ཀྱང་བསྐོལ་རྒྱུ་མེད། །ཡོན་ཏན་ཅི་ལོབ་ང་ལ་གདེང་ཚོད་མེད། །ཡོན་ཏན་མེད་ན་གྲལ་མགོར་སྐྱིད་རྒྱུ་མེད། །ཇ་ཐུག་འདྲེན་པ་མི་ཤེས་དཀའ་འདུག་སྟེ། །ང་ལ་གྲལ་བཞག་མི་དགོས་ཞུས་པ་ཡིས། །གྲལ་ཆེན་བཅུ་བཞི་ཡོད་པའི་གཡོན་གྲལ་གྱི། །རྒྱབ་མ་དེ་ཡི་ཐ་མ་རང་ལ་བཞག །ཇ་ཐུག་འདྲེན་དུས་ཟིལ་ཆེ་སྐྲག་ཅིང་འདར། །མ་གང་ན་ནི་ཁྱོད་ཀྱི་ཡིན་ནམ་ཟེར། །ཅུང་ཟད་བོ་ན་སྤོས་ཞལ་མ་བརྫད་

p. 90

ཟེར་། །ཟླ་གཉིས་ནང་ན་ཞག་བདུན་ཐབ་རེས་འཁོར། །གོས་ལ་ཆུད་ཟླ་ཚེར་མ་ཁུར་བ་དཀའ། །འོན་ཀྱང་སྡུག་པའི་སྣང་བ་མ་བྱུང་སྟེ། །དགེ་འདུན་སྡེ་འདིར་བཞུགས་པ་ཐམས་ཅད་ནི། །དགེ་བཤེས་མཁས་བཙུན་ལྡན་པ་ཁོ་ན་ཡིན། །སར་གནས་བྱང་ཆུབ་སེམས་དཔའ་མང་དུ་བཞུགས། །ཀུན་གྱི་ཞན་ཤོས་ངན་ཤོས་ང་རང་ཡིན། །འདྲེན་པ་ཐབ་རེས་ལ་སོགས་དཀའི་སླས་ཀྱང་། །རང་གི་སྒྲིབ་སྦྱོང་འདི་བས་ལྷག་མེད་བསམ། །ཀུན་ལ་དག་སྣང་དད་པ་ཚད་མེད་ཡོད། །གཤག་གི་ནང་དུ་རབ་འབྱམས་པ་གཉིས་དང་། །དགེ་སློང་གཅིག་དང་དགེ་ཚུལ་གཉིས་འདུག་པ། །ཁོང་རྣམས་མི་འཚམས་ཇ་ཐུག་སོ་སོར་བསྐོལ། །ངན་ཁ་གནོད་པ་འགའ་རེ་བྱེད་འདུག་ཀྱང་། །ང་རང་ནམ་ཡང་ཁོང་རྣམས་ཀུན་ལ་དྲངས། །མཐུན་པའི་ཐབས་ལ་དཀོན་མཆོག་དཔང་བཞག་བྱས། །ཀྱེ་མ་ང་ནི་གྲྭ་ས་འདིར་འོང་བ། །ཀླད་རུས་རྩོད་དང་ཆགས་སྡང་བསག་ཕྱིར་མིན། །ཆོས་ཤིག་ཨེ་འོང་བསམས་ནས་འོང་བ་ཡིན། །ཁོང་ཚོས་ངན་པ་བྱས་ཀྱང་ལན་མི་རུང་། །སྙམ་པ་རང་གིས་རང་ལ་དྲན་སྐུལ་བཏབ། །ཆུ་ལེན་ཕྱོགས་མ་ལ་སོགས་གཤག་གི་ལས། །ང་ནི་ཁོང་ཚོའི་

p. 91

གཡོག་ལ་བཞག་ལྟར་བྱས། །དེ་ཡང་རང་གི་སྒྲིབ་སྦྱོང་ཡིན་ནོ་བསམ། །ཆུ་ལེན་འགྲོ་ཚེ་མར་ལམ་ཟབ་སྒྲོན་སོགས། །སྐུ་རིམ་ཆོས་སྤྱོད་རྣམས་ལ་ཁ་འདོན་དང་། །ཡར་ལམ་འདོན་མི་ནུས་ཚེ་སེམས་ངོ་བསྲུང་། །ནུབ་མོ་ཉལ་ཁ་དྲུང་པས་གསུངས་པ་ཡི། །སྔོན་འགྲོ་བཞི་སྦྱོར་དམིགས་ཐུན་འདོན་པ་ནི། །བྱས་ཚེ་དྲུང་རམ་འཇིགས་མེད་ཅེས་བྱ་བས། །མི་ནག་པ་ཡི་འདོན་པ་འདྲ་བ་སྟེ། །ཅི་ཡིན་མ་བྱེད་གསུངས་ཕྱིར་དེ་ཕྱིན་ཆད། །ཡིད་ལ་བསྒོམས་ཤིང་ངག་ནས་མ་བཏོན་བསྒྱུར། །ནམ་ལངས་ནས་བཟུང་ཉི་ཟེར་མ་ཕོག་བར། །མལ་སར་བསྡད་ནས་ཟིན་ཐུན་བཟུང་བར་བྱེད། །དེ་ནས་འཁར་རྔ་བཏང་ནས་འཚོགས་ལ་འགྲོ། །ཞིབ་ཙམ་ཕུལ་ཐག་དེ་དང་ཐུག་པ་ནི། །ཅ་ནེ་དོ་འོང་དེ་ལ་སྐྱབས་སེམས་དང་། །ས་གཞི་བྱིན་རླབས་གནས་བསྟོད་ལ་སོགས་འདོན། །དེ་ནས་གཎྜི་བརྡུངས་བས་སྔ་ཆོས་འཚོགས། །ཚེ་གཟུངས་སྨན་བླའི་གཟུངས་དང་རྣམ་པར་འཇོམས། །སྒྲོལ་མ་དཀར་སྔོན་བརྟན་བཞུགས་ལ་སོགས་འདོན། །དེ་ནས་བློ་འཛིན་ཆོས་ནི་མང་བ་སྟེ། །བསྡུས་ཆེན་བསྡུས་འབྲིང་བསྡུས་ཆུང་ཆབ་ཚོ་གསུམ། །པོ་ཏི་ལྔ་དང་དགོངས་གཅིག་ལ་སོགས་པ། །

p. 92

སོ་སོར་བསླབ་ཅིང་མ་ཟིན་བར་དུ་སྐྱོར། །ཟིན་ནས་ཆོས་ཁྲིམས་པ་ཡིས་ཞྭ་གཡུག་པས། །འདུ་ཁང་སྒོ་རྩར་འགྲོ་ནས་བགྲོ་གླེང་བྱེད། །སྐོར་བ་གང་བྱེད་རང་གི་གང་འདོད་དེ། །བདག་ནི་རྒྱུན་དུ་བགྲོ་གླེང་ཁོ་ན་བྱས། །དེ་ནས་དུང་གཏོང་མང་ཇ་འཚོགས་པ་སྟེ། །པི་ཤ་ཙི་ནི་འདོན་ཅིང་འཚོགས་ལ་འགྲོ། །འཚོགས་ཕྱག་གསུམ་འཚལ་ཞྭ་གྱོན་འཚོགས་ལ་བཞུགས། །དེ་ནས་པི་ཤ་བཞག་ནས་དབུ་ཞྭ་ཕུད། །བཞུགས་ཚེ་གསེར་སྐུ་བཞག་བཞིན་ལུས་གནད་བསྲང་། །མགོ་བོ་རལ་རིལ་མེད་པར་འདུག་དགོས་སོ། །ཅུང་ཟད་འགལ་ན་ཆོས་ཁྲིམས་པ་དེ་ཡིས། །སྦ་ཡི་དབྱུགས་པས་རྡུང་བར་བྱེད་པ་སྟེ། །གོས་ཀྱི་སྒབ་མ་མེད་ན་རྡོག་ཐོ་རྡེག །དགྱེ་དགུ་བྱུང་ན་སྣ་ལ་སྤོས་མེ་བཙུགས། །གཉིད་ཡུར་བྱས་ན་ཆབ་ཆུ་གཉའ་ཁུང་བླུག །ཁྲིམས་པ་རྣམས་ལ་ཁ་ལེན་ལག་ལེན་དང་། །གྲུ་པ་འཛིངས་ནས་གྲི་མུད་བཏོན་པ་དང་། །ཆང་འཐུང་ཐོས་ན་མདོ་སྒྲུབ་བརྒྱགས་ནས་ཕུད། །ཆོས་ཁྲིམས་པ་ལ་དགོངས་པ་མ་ཞུས་པར། །གྲོང་དུ་ཡུད་ཙམ་སོང་ན་གཏོང་ཇ་དགོས། །གྲི་མ་བཏོན་ཡང་གྲྭ་པོ་འཛིང་སོགས་ལ། །མང་ཇ་གཏོང་ཇ་བརྒྱ་ཕྱག་ལ་སོགས་གཅོད། །དེ་སོགས་སྒྲིགས་

p. 93

ནི་ཤིན་ཏུ་དམ་པའི་ཕྱིར། །ཕལ་ཆེར་ཆད་པ་ཤོར་བ་མང་ན་ཡང་། །བདག་ནི་ཆོས་ཁྲིམས་སྤྱི་མི་གཅིག་གིས་ཀྱང་། །མིག་ལོག་ཚིག་གྱོང་ཙམ་ཡང་བྱེད་མ་མྱོང་། །གྲྭ་སར་སྒྲིགས་མཐུན་བྱས་པའི་རྣམ་ཐར་ཡིན། །དེ་ནས་མང་ཇ་ཡོད་ན་དེར་ཡང་བཏང་། །ཉིན་ཕྱེད་ཐུག་ཚུལ་འཚོགས་དང་ཆོས་ར་དང་། །འཛིན་ཆོས་བགྲོ་གླེང་སྔ་དྲོ་དེ་དང་འདྲ། །དགོང་ཇ་ལ་ནི་རྒྱུན་ཆགས་གསུམ་པ་དང་། །ཆ་གསུམ་དུས་མིན་འཆི་ཟློག་ལ་སོགས་འདོན། །དགོང་མོ་གཎྜི་བརྡུངས་ནས་རིགས་ལུང་འཚོགས། །ཕལ་ཆེར་སྲོད་དང་ནམ་ཕྱེད་ཟུན་ཁ་ཙམ། །བགྲོ་གླེང་ཡིན་ཏེ་ང་ཡང་བགྲོ་གླེང་བརྩོན། །བར་སྐབས་ནང་ནུབ་རང་གི་དགེ་རྒན་དང་། །སློབ་ཆུང་བ་དང་གཉིས་ལ་ཚིག་བསླབ་འགྲོ། །དེ་ལྟར་སྒྲིགས་ལ་དགོས་ལུགས་ཟུར་ཙམ་སྟེ། །གྲྭ་སའི་སྒྲིགས་ཁྲིམས་བྱས་པའི་རྣམ་ཐར་ཡིན། །དེ་ནི་འབྲུག་གི་ལོ་ནི་སར་བ་དང་། །རྒྱལ་བ་ཡབ་སྲས་གསུམ་ཁ་ཟ་དམ་ཕེབས། །ཆིབས་བསུ་སེར་ཕྲེང་བཀྲ་ཤིས་ཁྲ་རིང་དང་། །སྔགས་འཆམས་རྔ་བྲོ་ལ་སོགས་རྩེ་སྣ་མང་། །ཕྱོགས་ཀྱི་འདུ་འཚོགས་རྩེ་ཤིང་དབུ་ལག་སོགས། །ངོ་མཚར་ལྟད་མོ་སུམ་རྩེན་ལྷ་ཡུལ་འདྲ། །འདུ་འཚོགས་པ་ཡང་

p. 94

ཤིག་ཤིག་གཡོ་སྙམ་བྱེད། །དཀར་གྲོ་ཚོགས་འཁོར་ལ་སོགས་དཔག་མེད་དང་། །གྲྭ་ཚང་ལ་ཡང་འགྱེད་དང་མང་ཇ་དང་། །སྒྲུབ་བརྒྱུད་ཀཾ་ཚང་འདི་ཡི་བསྟན་པ་ལ། །དེ་དུས་ནས་ནི་ལྷག་པ་མ་བྱུང་སྣང་། །ཡབ་སྲས་རྣམས་ལ་གྲྭ་ཚང་འབུལ་ཆེན་བཀྱག །འབུལ་བས་ཟ་དམ་རི་ལ་བཅུད་བརྒྱབས་པས། །ད་དུང་གཉེར་ཚང་ནང་ནས་ཕྱེད་མ་རྫོགས། །ཡབ་སྲས་གསུམ་ཁས་དབུ་ཞྭ་བཞེས་པ་དང་། །ཁྱད་པར་མཆོག་གི་སྤྲུལ་སྐུའི་གྲྭ་ཚང་དང་། །ཕྱག་རྫས་ཐམས་ཅད་རྒྱལ་བའི་དབང་པོར་ཕུལ། །ད་ནི་ཁོ་བོ་བསམ་པ་རྫོགས་སོ་གསུངས། །དཔོན་ཆེན་སེ་འཁོར་བ་ཡིས་བརྒྱ་འབུལ་དང་། །བལ་པོ་ཛ་ཡ་ལཀིའི་བརྒྱ་འབུལ་སོགས། །དབུ་ཞྭ་བཞེས་ཐེབ་བཞི་ཙམ་དེར་བྱུང་མཇལ། །ཕལ་ཆེར་ང་ནི་འབུལ་བ་ཁྱེར་རོགས་ཡིན། །དེ་ནས་ཟླ་བ་ཧྲིལ་པོ་གཅིག་གི་བར། །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཁྲིད་ཆེན་གནང་། །བདེ་མཆོག་དབང་བཞི་ཕག་མོའི་དབང་བཞི་དང་། །སྒྲོལ་དཀར་དང་ནི་སྨན་བླའི་དབང་ལུང་དང་། །གནས་བརྟན་ཆོ་ག་ཟབ་མདོ་ལྟུང་བཤགས་དང་། །བཀའ་གདམས་ལམ་རིམ་རྒྱས་པ་ལྗགས་བཤད་བཅས། །འབྲི་གུང་དགོངས་གཅིག་བཤད་པ་དང་བཅས་

p. 95

པ། །བྱམས་ཆོས་སྡེ་ལྔ་གཞུང་བཞི་སྤྱོད་འཇུག་ལུང་། །བློ་སྦྱོང་ཚིགས་བཅད་བརྒྱད་མའི་ཁྲིད་རྣམས་གནང་། །དེ་ལྟར་ཟླ་ལྔ་ངོ་དང་དྲུག་ཙམ་བཞུགས། །དབང་ལུང་ཆོས་ཀྱི་བཀའ་དྲིན་དེ་དུས་ཐོབ། །ད་ནི་ཁྱེད་རང་གྲྭ་པ་ཐམས་ཅད་ཀྱིས། །ང་ལ་དབང་ལུང་མ་ཐོབ་མ་བསམ་གསུངས། །དེ་ནས་སྡེ་སྲིད་གཙང་པའི་གདན་ཞུས་མང་། །བློ་སྦྱོང་དོན་བདུན་བྱང་ཆུབ་སེམས་བསྐྱེད་དང་། །ཁྲིད་དེའི་ཕྱེད་ཙམ་རྫོགས་ཏེ་སྒར་བཏེགས་ཏེ། །ཡབ་སྲས་གསུམ་དང་ཟུར་ཅོག་ཉིན་བྱེད་གླིང་། །སྒྲུབ་མཆོག་གླིང་དང་སྒར་བདུན་མཉམ་དུ་བྱོན། །སྟོད་ལུང་སྡེ་པས་མང་ཇ་ཚབ་ར་བྱུང་། །བྲག་གདོང་ཞིག་ཏུ་ཨོ་རྒྱན་རིན་པོ་ཆེའི། །སྲིན་མོ་དམ་ལ་བཏགས་པ་ཡིན་ཟེར་ནས། །ཞབས་རྗེས་འདམ་པ་འབོགས་འདྲ་མང་པོ་མཇལ། །དམྱལ་བའི་ཟངས་ཁ་ཚ་དམྱལ་མཚོ་ཡོད་པ། །ཨུ་རྒྱན་རིན་པོ་ཆེ་ཡིས་དེ་དྲངས་ནས། །མཚོ་དེ་སྐམ་རྗེས་ཡིན་ཟེར་ཆུ་ཚན་མོ། །ཡུད་ཙམ་སྒྲེས་ན་འབྲོང་ཤ་ཚོས་ཐུབ་ཟེར། །ཆུ་ཁོལ་མཁར་རྩིག་བཞི་ལྔ་ཨེ་ཡོད་ཙམ། །ས་ནས་སྐྱ་ཕུར་ནམ་མཁར་འཕུར་བ་མཐོང་། །དེ་ནས་ཇོ་བོ་གཉན་ཆེན་ཐང་ལྷའི་ཞོལ། །དེ་ནས་ལམ་སྟོད་བྱང་ལམ་

p. 96

བརྒྱུད་པ་སྟེ། །བདེ་ཆེན་ཡངས་པ་ཅན་པས་སེར་ཕྲེང་དང་། །དཀར་གྲོ་ཚབ་ར་ལ་སོགས་གཟབ་པར་བྱུང་། །སྤྱན་སྔའི་བཞུགས་ཁྲི་དངུལ་གདུང་གཉིས་ལ་སོགས། །གཙུག་ལག་ཁང་དང་དགེ་འདུན་སྡེ་རྣམས་མཇལ། །དེ་དུས་དགེ་འདུན་ཐམས་ཅད་རྐང་ཐང་སྟེ། །ཁལ་མ་གཉིས་གསུམ་ཙམ་རེ་འགེལ་བ་ལས། །ཧ་ཅང་དཀའ་ལས་ཆེ་བར་མ་བྱུང་ངོ་། །བྱང་དེར་ཧོར་སོགས་ཁ་ནོན་ཨོ་རྒྱན་གྱིས། །བཞེངས་པའི་དམ་ཅན་སྐུ་འདྲ་ཆེན་པོ་མཇལ། །ཤིན་ཏུ་གཉན་ཟེར་བཀའ་བསྒོ་སྨོན་ལམ་བྱས། །དེ་ནས་ཇོ་མོ་ཤ་མེད་གངས་དཀར་མ། །གངས་རི་རྩེ་རྣོན་གནམ་དུ་བསྙེགས་པའི་དྲུང་། །ཨོ་རྒྱན་རྗེ་ཡི་སྒྲུབ་གནས་ཡོད་པའི་དྲུང་། །རང་བྱུང་རྒྱལ་མོའི་བླ་མཚོ་ལེགས་པོ་མཇལ། །དེ་ནས་ཐོབ་རྒྱལ་དཔོན་གྱི་ཚབ་ར་དང་། །དཀར་གྲོ་མང་ཇ་ལ་སོགས་བཟང་དུ་བྱུང་། །སྟག་གི་གྲུ་ཁར་སླེབས་པས་སྒར་པ་ཆེ། །གཙང་པོའི་ཁ་ཞེང་ཆེ་བས་རྒྱ་མཚོ་འདྲ། །མགོ་བོ་སྦོས་ནས་ཡེངས་བ་ལྟ་བུར་སོང་། །རིན་སྤྱང་དཔོན་པས་ཚབ་ར་མང་ཇི་བྱུང་། །དེ་ནས་གཡུང་གི་ཡུལ་དུ་སླེབས་པ་དང་། །འོག་མིན་གླིང་པས་བསུ་བ་སེར་ཕྲེང་དང་། །དཀར་གྲོ་ཚོགས་འཁོར་ལ་སོགས་

p. 97

གཟབ་རྒྱས་བྱུང་། །དགེ་འདུན་སྡེ་དང་གཙུག་ལག་ཁང་རྣམས་མཇལ། །གནུབས་ཀྱི་ཡུལ་དེར་མི་ལས་མཐུ་བསྒྲུབས་པའི། །སྒྲུབ་ཕུག་དོང་ཁང་ས་ཞབས་ཡོད་པ་མཇལ་། །ཡོན་ཏན་རྒྱ་མཚོའི་གཟིམས་ཁང་དེ་ཡང་མཇལ། །མདའ་དེར་ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡི། །ཕོད་ཀ་ཕ་བང་ལ་ནི་རྒྱབ་པའི་རྗེས། །སེར་བ་ཕབས་པའི་རི་ཤུལ་རྗེས་རྣམས་མཇལ། །སྨན་པ་ཉི་འོད་གསལ་གྱི་སྨན་སྒྲོ་ནི། །ས་ལ་ཐིམ་རྗེས་ནད་ཀུན་སེལ་བ་ཡི། །སྨན་ཆུ་དེ་ཡང་མཇལ་ཞིང་འཐུང་བར་བྱས། །དེ་ནས་འོ་ཡུག་ཤང་དུ་སླེབ་པ་དང་། །འོ་ཡུག་གང་སྔོན་གཙུག་ལག་ཁང་དེ་དང་། །ཕ་བང་ལོང་བུའི་སྐུ་མཁར་རྒྱང་ནས་མཇལ། །འོ་ཡུག་གླིང་ཁའི་རྫོང་གི་ཧོར་དཔོན་དང་། །བྲག་ནག་པ་ཡི་དཔོན་པོའི་མང་ཇ་དང་། །ཚབ་ར་ལ་སོགས་གདུལ་བྱ་ལེགས་པར་བྱུང་། །དེ་ནས་གཙང་གི་ཉང་སྟོད་ཕྱོགས་སླེབས་པས། །སྡེ་སྲིད་ཆེན་པོས་ཐབ་བསུ་སྔོན་མ་སླེབས། །དེ་ནས་ཉིན་ལམ་ཙམ་གྱི་བར་དག་དུ། །སྐྱ་མི་ངོ་མཚར་རྒྱན་ཆ་དཔག་མེད་ཅན། །སྟོང་ཕྲག་ཨེ་ཡོད་ཙམ་དང་ཧོར་སོགས་ཀྱི། །ཆ་ལུགས་ཡོད་པ་ལྔ་བརྒྱ་གཡས་ནས་གཤར། །རྐང་ལུགས་འདྲ་བ་ལྔ་བརྒྱ་

p. 98

གཡོན་ནས་གཤར། །སེར་མོ་ཁྲི་ཕྲག་ཙམ་གྱིས་སེར་ཕྲེང་དང་། །འཆམས་དང་རྩེ་སྣ་དཔག་ཏུ་མེད་པ་སོགས། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་མངའ་ཐང་གིས། །བསུས་ཏེ་གཙང་སྟོད་ཤེལ་དཀར་རྒྱང་རྩེར་ཕེབས། །ས་སྐྱོང་མི་ཡི་དབང་པོ་དེ་ཉིད་ཀྱིས། །དཀར་གྲོ་ཚོགས་འཁོར་ཚབ་ར་མང་ཇ་དང་། །དངུལ་འགྱེད་དེར་འགྱེད་རས་འགྱེད་ལ་སོགས་བྱུང་། །ཡབ་སྲས་ཁྲི་ལ་ཕེབས་ནས་དབུ་ཞྭ་བཞེས། །ཁྲི་འབུལ་སྟོང་འབུལ་བརྗོད་པར་དཀའ་བ་སྟེ། །སྔ་དྲོའི་ལམ་ཙམ་སྒོར་མོར་འབུལ་བས་འཁོར། །ད་རུང་རྫོང་ནས་འབུལ་བ་མ་རྫོག་ཟེར་། །དེ་ན་ལོ་ནི་ཕྱེད་གཉིས་ཙམ་ལ་བཞུགས། །དེ་ཚེ་སློབ་གཉེར་ཤིན་ཏུ་སྨྲ་བར་བྱུང་། །གཞུང་དང་ཆོས་སྤྱོད་ཐམས་ཅད་མ་ལུས་ཟིན། །བསྡུས་སྒྲ་ནང་གི་རྟགས་གསལ་འབྱེད་ཙམ་ལོབ། །སྦྲུལ་གྱི་ལོ་ཡི་སྨོན་ལམ་ཆེན་པོ་ལ། །ཀར་ལུགས་དགེ་འདུན་སྟོང་ཕྲག་བཅུ་གཉིས་འཚོགས། །དེ་དབུས་མཆོག་གི་སྤྲུལ་སྐུའི་ཕྱག་དཔེ་གནང་། །བདག་གིས་ནང་དོན་མགོ་ནས་རྩིས་ཕུལ་བས། །ཡར་བལྟས་གུར་ནང་མིག་གིས་གང་བ་འདྲ། །ཤིན་ཏུ་སྐུ་ཟིལ་ཆེ་བས་འདར་ན་ཡང་། །བྱང་ཤས་ཆེ་བས་མ་ཆད་ལེགས་པར་བྱུང་། །གྲྭ་རོགས་རྣམས་

p. 99

ཀྱིས་ལེགས་པོ་བྱུང་སོང་ཟེར། །དེ་དུས་ཡོན་མཆོད་ཆོས་སྡེ་ཐམས་ཅད་དགྱེས། །ལུགས་གཉིས་བདེ་སྐྱིད་མངོན་དགའི་ཞིང་དང་འདྲ། །དེ་ནས་རྒྱལ་བ་ཡབ་སྲས་མཇལ་བའི་ཕྱིར། །བོ་དོང་སྤྲུལ་སྐུ་ཕེབས་ལས་ཕྱག་དབང་ཐོབ། །གནས་བརྟན་བྷ་ཀུ་ལ་ཡི་རྣམ་འཕྲུལ་དུ། །གྲགས་པ་དཔལ་འཁོར་ཆོས་སྡེའི་མཁན་ཆེན་དང་། །ཏྲེ་ཆུང་སྤྲུལ་སྐུ་རྣམས་ཀྱང་ཞལ་མཇལ་ལོ། །ངོ་མཚར་བཅུ་གསུམ་ཚང་བའི་མཆོད་རྟེན་དང་། །འཁོར་ལོ་སྡོམ་པའི་བློས་བསླངས་ངོ་མཚར་ཅན། །འཚོགས་པ་སྟོང་ནི་ར་ཆེན་འཚོགས་ཞལ་མཇལ། །དགེ་འདུན་སྡེ་ལ་དད་པ་ཚད་མེད་སྐྱེས། །བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །དགེ་འདུན་སྡེ་དང་འབྲལ་མེད་སྨོན་ལམ་བཏབ། །དཀྱིལ་འཁོར་སུམ་ཅུ་ལྷག་ཙམ་རྡུལ་ཚོན་བཞེངས། །སྒྲུབ་མཆོད་བྱེད་པའི་བུམ་ཆུ་རྣམས་བཏུང་ཞིང་། །དཀྱིལ་འཁོར་དེ་དག་ཐམས་ཅད་ཞིབ་པར་མཇལ། །དཀྱིལ་འཁོར་ཆེ་གྲ་འདོམ་པ་བཞི་ལྔ་འདུག །དེ་ཚོ་སྐལ་པ་བཟང་བའི་རྣམ་ཐར་ཡིན། །གླ་བའི་ཚེར་གསེབ་སྒར་པ་བཞུགས་པ་ལ། །དགུན་ཁ་རླུང་ཆེ་བྱེ་མས་མིག་ལ་གནོད། །ལྷགས་ཁ་ཆེ་བས་བྱེ་མར་དོང་བྲུས་ནས། །དེ་ནང་ཙོག་

p. 100

པུར་འདུག་ཅིང་ཟིན་ཐུན་སྐྱོར། །ས་དེ་གཉན་ཞིང་དུར་གླིང་རེད་པ་དེས། །ཐོད་སྐམ་མེ་འབར་དངོས་སུ་རྒྱུག་པ་དང་། །གཙང་པོའི་ཆུ་འདྲེས་གླང་གི་སྐད་འདོན་སོགས། །ཆོ་འཕྲུལ་ཆེ་བས་བན་ཆུང་ཐམས་ཅད་སྐྲག །མཚན་མོ་སྒར་མཐའ་ཕ་ཟད་འདུག་མི་ཕོད། །གུར་ནང་ཟིན་ཐུན་སྐྱོར་ན་གྲྭ་རྒན་རྣམས། །རྣ་བ་ཚ་ཟེར་ཟིན་ཐུན་སྐྱོར་མ་བཅུག །བདག་གིས་བསྙེན་སྒྲུབ་བྱེད་ཅིང་བསྐྱེད་རིམ་གསལ། །སེམས་ངོ་ཡང་ནི་སྲུང་བདེ་ཡོད་པ་དེས། །སྐྱོན་མེད་བསམས་ནས་ཕ་ཟད་དབེན་ས་རུ། །དོང་གི་ནང་དུ་འདུག་ཚེ་གཉིད་སོང་ཛ། །སྐག་སྔངས་བྱུང་ནས་བལྟས་པས་དོང་ཁ་ན། །ཝ་ཞིག་ཕྱིན་པ་ང་ལ་ལྟ་ཞིང་གདའ། །དེ་ནས་ཟིལ་ཆེས་སྐྲག་སྔངས་ཆེར་བྱུང་བས། །གུར་དྲག་སྒོམ་ཞིང་སེམས་ངོ་སྐྱོང་བསྡད་ཛ། །སྒར་འདབས་ཕ་ཟད་ཞིག་ནས་ཀེང་རུས་ཀྱིས། །འཆམ་ཞིང་འོང་བའི་སྒྲ་སྐད་ཚུར་ཚུར་ཉེ། །བྲོས་ན་བར་ཆད་ཡིན་པས་འདུག་དགོས་བསམས། །བཅོ་ལྔའི་ཟླ་བ་གསལ་བས་མིག་ཕྱེས་ནས། །ཅི་འདྲ་འདུག་དེ་ལེགས་པར་བལྟ་བསམས་པས། །ཁང་རྩེག་གསུམ་ཙམ་རིང་བས་ནག་པོ་ནི། །གཟུགས་གཞན་མེད་པའི་རྒྱ་གྲམ་དབྱིབས་ཅན་ཞིག །ཁྲིག་ཁྲག་སྒྲ་སྐད་

p. 101

ཆེན་པོ་དང་བཅས་ནས། །སྒར་པ་ལ་ནི་མཐའ་ནས་བསྐོར་ཏེ་སོང་། །བདག་ལ་བར་ཆད་གནོད་པ་མ་བྱུང་ངོ་། །དེ་ནས་དེ་སྐོར་ཆོ་འཕྲུལ་ཇེ་མང་བས། །བན་ཆུང་ཅིག་ཀྱང་གུར་རྒྱབ་ཉལ་མ་ཕོད། །ཡང་ན་རོགས་ནི་མང་པོ་ཁག་ཅིག་འདུག །བདག་ནི་རོགས་མེད་རྒྱུན་དུ་མཐའ་དེར་བསྡད། །མཚན་ཉིད་སློབ་གཉེར་ཁོ་ནར་མ་འབྱམས་པར། །ནང་དུ་ཉམས་ལེན་ཡོད་པའི་རྣམ་ཐར་ཡིན། །བན་གསར་སློབ་གཉེར་བྱེད་པའི་གྲྭ་པ་ཀུན། །ནང་དུ་ཉམས་ལེན་ཅུང་ཟད་མེད་ན་ནི། །སློབ་གཉེར་ཁོ་ནར་འབྱམས་ཀྱང་བར་ཆད་འོང་། །དེ་ཕྱིར་སློབ་གཉེར་དུས་ནས་ཉམས་ལེན་གཅེས། །དེ་ནས་བདག་ནི་ཤེས་རབ་ཆེའོ་ཞེས། །དབུས་དང་ཁམས་དང་གར་སོང་ཆེ་བར་གྲགས། །དེ་ཡི་ཚོད་ཀྱིས་སློབ་གཉེར་མ་བྱུང་བ། །དྲུང་པས་གསང་གཏམ་ཀརྨ་བསམ་འགྲུབ་ལ། །འདི་ནི་བན་ཆུང་ཤེས་རབ་ཅན་ཡིན་པས། །དྲུང་རམ་རྒྱལ་པ་འདྲ་བའི་དགེ་བཤེས་ནི། །ཡོན་ཏན་ཆེ་བ་ཞིག་ལ་སྤྲོད་གསུངས་ཀྱང་། །གྲྭ་ཚང་སླེབས་ནས་ཀརྨ་བསམ་འགྲུབ་ཀྱིས། །ཁོང་རང་མཐུན་ཕྱོགས་བདེ་ཆེན་ཞེས་བྱ་ལ། །སྤྲད་ནས་དར་ཁ་ཇ་སྡེར་དེ་ལ་བཏང་། །ང་རང་ཇ་རྣམས་མ་ཟད་བར་

p. 102

དུ་དྲངས། །འོན་ཀྱང་བློ་སྐྱེད་ཕན་ཐོགས་ཆུང་བར་སྣང་། །ཅི་དྲག་བསམ་ཚེ་རྒྱལ་རམ་དྲུང་རམ་པས། །ཁོང་ཚོས་བསླབ་ལུགས་འདི་འདྲས་ལོབ་མི་སྲིད། །མང་པོ་བཟུང་བའི་ཁ་ན་ཡོད་པ་མིན། །ཁོང་ཚོའི་ཁྱབ་འདི་ང་ལ་དགོས་རྒྱུ་མེད། །མདོ་རྒྱུད་གསུང་རབ་དོན་ལ་ཕྱིན་ཅི་ལོག །བུམ་པ་ལ་ཡང་བགོ་བཤའ་བརྒྱབ་པ་ཡི། །ཚིག་འཁྲི་ཁོ་ན་ཡིན་པ་དོན་གོ་མེད། །ལར་གྱི་བན་ཆུང་ཤེས་ཆེན་མང་ལགས་ཀྱང་། །བན་རྒན་ཡོན་ཏན་ཡོད་པ་དཀོན་པ་ཡིན། །ཁྱེད་ཀྱང་སྙིང་རུས་ཤེས་རབ་ཆེའོ་སྟེ། །བསླབ་ལུགས་འདི་འདྲས་ཡོན་ཏན་ག་ལ་འགོས། །ཞེས་སོགས་ཁོ་རང་བསླབ་འདོད་འདྲ་བ་བྱས། །གྲོགས་མཆེད་འགའ་རེས་དྲུང་རམ་རྒྱལ་རམ་པའི། །ཁ་ཡ་བྱས་ན་དམྱལ་བར་འཕེན་འོང་ཟེར། །འདི་ཡི་ཁ་ཡ་མ་བྱེད་ཟེར་མི་མང་། །དེ་ནས་རབ་འབྱམས་ཚེ་མཆོག་ཅེས་བྱ་བ། །དྲུང་པའི་གྲྭ་རིགས་ཤེས་ཆེན་ཞིག་ཡོད་པར།།བློ་དྲི་བྱས་པས་ཁོང་གིས་དྲང་གཏམ་བྱས། །རྒྱལ་རང་བ་ལ་བསླབ་པ་བྱས་ན་ནི། །མཚན་ཉིད་ཡོན་ཏན་འོང་བ་ཁག་ཁྱག་སྟེ། །མི་གཞི་ངན་ཅིང་ཀུན་དང་མི་འཆམས་པས། །དེ་ཡིས་གང་ཟེར་མ་བྱེད་ཀུན་དང་འཁོན། །ཡོན་ཏན་བསླབ་ན་བློ་སྐྱེད་

p. 103

འོང་ངོ་ཟེར། །ཨེ་མ་མི་གཞི་ངན་པ་བསླབ་པ་མིན། །ཡོན་ཏན་བྱུང་ན་དེ་ག་གལ་ཆེ་བསམ། །དར་ཁ་ཇ་སྡེར་ཕུལ་ནས་དགེ་རྒན་བྱས་། །དགེ་རྒན་སྔོན་མ་མ་བསྐྱུར་སྔར་ལྟར་བསླབ། །ཟླ་གཅིག་ཙམ་ནས་བསྡུས་གྲྭའི་གོ་བ་འཇགས། །དེ་ནས་རྒྱུན་དུ་དགེ་རྒན་དེ་གཉིས་ལ། །ཉིན་རེ་ཁྱབ་པ་སོ་སོར་རེ་རེ་དང་། །སློབ་ཆུང་བ་ཡི་དཔྱ་ཁྲལ་ཁྱབ་པ་གཉིས། །དེ་གསུམ་རེ་རེ་བསླབ་དང་ཁྱབ་པ་ལྔ། །རིན་པོ་ཆེ་ཡི་ཁྱབ་པ་རེ་དང་དྲུག །ཐུགས་མ་སྐབས་དུས་མ་གཏོགས་རྒྱུན་དུ་བསླབ། །ཉིན་ཞིག་འཇམ་དབྱངས་ཤེས་རབ་རིལ་བུ་བསྒྲུབས། །རིལ་བུ་བན་ཆུང་རྣམས་ཀྱིས་སུ་ཐོབ་འཕྲོག །མང་དུ་སུས་ཐོབ་ཡོན་ཏན་ཆེ་བ་འདྲ། །དབྱངས་ཅན་རྒྱུན་བསྙེན་ཟླ་བ་དྲུག་ཙམ་བྱས། །བསྡུས་སྒྲའི་རྩོད་རིགས་ཇེ་དྲག་ཇེ་དྲག་བྱུང་། །བན་ཆུང་རང་དང་འདྲ་འདྲ་དེ་ཚོ་ཡང་། །ཁྱོད་ཀྱི་རྒྱལ་རང་བ་ཡི་ཁྱབ་པ་དེ། །ཁྱོད་ནི་འོང་ནི་ལན་ནི་མི་རྒྱབ་ཅེས། །བཙོག་ལྟ་ཡོད་ཁ་བ་ནི་ཟེར་ན་ཡང་། །དོན་ལ་ཁོང་རྣམས་སྐྲག་ནས་ལན་རྒྱོབ་དཀའ། །རྒྱལ་རང་བ་ཡིས་བསླབ་པའི་ཁྱབ་པ་དེ། །མདའ་བརྒྱབ་བཞིན་དུ་སུས་ཀྱང་ལན་འོང་དཀའ། །དེ་འདྲའི་དགེ་བཤེས་

p. 104

མཁས་པ་ངོ་མཚར་ཆེ། །འོན་ཀྱང་འཇིག་རྟེན་མི་ཆོས་མི་ཤེས་པས། །ཀུན་གྱིས་སྡང་ཞིང་འབར་བ་འཕང་བ་ལ། །དེ་དུས་འོག་མིན་གླིང་པའི་བཙུན་པ་དང་། །གསུང་རབ་གླིང་པའི་བཙུན་པ་འགའ་ཟུང་དང་། །རིགས་ལུང་གིས་ཀྱང་འབྲེལ་པ་ཅུང་ཟད་བཞག །དེ་ལྟར་གཙང་ན་ལོ་ནི་ངོ་གཉིས་ཙམ། །ལུགས་གཉིས་བདེ་སྐྱིད་དག་པའི་ཞིང་དང་འདྲ། །དེ་ནས་ཡབ་སྲས་གཉིས་པོ་ལ་ཕྱིར་བྱོན། །བསམ་འགྲུབ་རྩེ་རུ་མཆོག་གི་སྤྲུལ་སྐུ་ཡིས། །ཕྱག་ཇ་དང་ནི་ཕྱི་ཕྲེང་བཀའ་ཤོག་ལ། །ཁར་སང་ཁོ་བོ་ཤར་ཕྱོགས་ལ་སོང་ནས། །དེ་ཕྱོགས་སྐྱ་སེར་དད་འདུན་ལ་བལྟས་ན། །ངེད་རང་བླ་མར་མཉམ་འགྲོགས་བྱས་པ་ཀུན། །ཅུང་ཞིག་དྲེད་སྙམ་ཡོད་པ་འདྲ་ཞིག་འདུག །བླ་མ་དང་ཡང་ས་ཐག་འགྱང་སོང་ན། །དཀོན་པའི་འདུ་ཤེས་དད་པ་དག་སྣང་རྣམས། །ཆེ་རུ་མི་འགྲོའི་ངེས་པ་མེད་པའི་ཕྱིར། །མ་མཇལ་བར་སོགས་དུས་ནི་རྒྱུན་དུ་ཡང་། །ཐོས་བསམ་སྒོམ་ལ་འབུངས་ཞེས་ཞལ་གདམས་བྱུང་། །དེ་ཕྱིར་གྲྭ་ཚང་དང་ཡང་མ་མཇལ་ཞིང་། །གསུངས་ལྟར་སྐྱོ་སེམས་དད་གུས་ཆེ་བར་སོང་། །ཕྱི་རབས་བླ་མའི་དྲུང་དུ་འདུག་པ་ཀུན། །རྒྱུན་དུ་དེ་ལྟར་ཡིན་སྙམ་མ་བྱེད་ལ། །གང་ཐོབ་

p. 105

དབང་ལུང་རྣམས་ཀྱི་ཐོབ་ཡིག་དང་། །དྲི་རྟོག་ཉམས་ལེན་རྟོགས་འབུལ་ལ་སོགས་པ། །བློ་ལ་ལྷག་ལུས་མེད་པ་བྱེད་དགོས་གདའ། །དེ་ནས་རྒྱལ་ཚབ་པ་ནི་གཙང་དུ་བཞུགས། །ཉིན་གླིང་ཅོག་གྲ་གཉིས་ནི་དབུས་སུ་ཕེབས། །མར་ལམ་གནོད་སྦྱིན་གང་བ་བཟང་པོའི་ཞོལ། །ར་ལུང་གདན་ས་མཇལ་དུ་ཕྱིན་པ་ལ། །གླིང་རས་ཕུག་ཏུ་གླིང་རས་འདྲ་སྐུ་དང་། །རྒྱུ་རེས་གཟིམས་ཁང་འདྲ་སྐུ་གསུང་བྱོན་མ། །སྤོས་སྐྱར་མེ་ཏྲིའི་ཕྱག་མཁར་ལ་སོགས་མཇལ། །ཡར་འབྲོག་མཚོ་འགྲམ་སྣ་གར་རྩེ་པ་ཡི། །ཉ་ཡི་ཚབ་ར་ལ་སོགས་བཀུར་སྟི་བྱུང་། །དེ་ནས་གངས་དཀར་ཕུག་རོན་ཅང་གསེབ་བཞུགས། །གངས་དཀར་རྩེ་ནས་དཀར་གྲོ་ཚོགས་འཁོར་དང་། །ལོ་ནི་ཕྱེད་གཉིས་ཙམ་ལ་ཕོགས་བརྒྱབ་བོ། །དེ་དུས་ཐོད་པ་སྦ་རིའི་གཟིམས་ཁང་དང་། །བདེ་ཆེན་ཆོས་འཁོར་གངས་དཀར་རྡོ་རྗེ་གདན། །དེ་ཚོའི་གནས་མཇལ་འཚོགས་མཇལ་ལ་སོགས་བྱས། །དེ་དུས་གཙང་པས་དབུས་རུ་ལྷོ་ངོས་ཀྱི། །སེར་འཚོགས་ཆེན་པོ་བསམ་ལས་འདས་པ་བསྡུས། །འགྱེད་དང་མང་ཇ་གཏོང་སྒོ་ཆེན་པོ་མཛད། །དགོན་སྡེ་དགེ་འདུན་དཔག་ཏུ་མེད་པ་ཡི། །འཚོགས་ཞལ་མཇལ་ཞིང་

p. 106

ལེགས་བཤད་གླིང་པ་དང་། །ར་བ་སྟོད་སྨད་དྭགས་པོ་གྲྭ་ཚང་གི །བཙུན་པ་འགའ་དང་རིགས་ལུང་འབྲེལ་བ་བཞག །རྡོ་རྗེ་གདན་པའི་ཚེས་བཅུ་ཆེན་པོ་སོགས། །ངོ་མཚར་ལྟད་མོ་དཔག་ཏུ་མེད་པ་མཛད། །ཆུར་ཞུགས་མཛད་ཚེ་དགོངས་པ་ཞུས་པ་ནི། །མཆེད་གྲོགས་བཅུ་བཞི་ཙམ་ཞིག་དང་བཅས་ནས། །དབུས་གཞུང་གནས་སྐོར་ཟླ་དུམ་ཙམ་ལ་སོང་། །བླ་མ་རྔོག་པའི་གདན་ས་སྤྲེལ་ཞིང་དུ། །རྗེ་བཙུན་མར་པ་ལོ་ཙཱའི་གསེར་གདུང་དང་། །ནཱ་རོའི་ཐུགས་དམ་པདྨ་རཱ་ག་དང་། །ནཱ་རོའི་ཐུགས་དམ་ལྷ་མོའི་ཞལ་ཐང་དང་། །རྔོག་པ་མཁའ་སྤྱོད་བྱོན་པའི་དུས་ཀྱི་ནི། །བླ་མ་གཟིམས་ཁྱི་གཉིས་ཀྱི་ཞབས་རྗེས་དང་། །མི་ལས་སེར་བ་ཕབ་པས་བྱ་བྱེའུ་ཤི། །ཐུ་ཐུམ་བྱས་ནས་བླུགས་རྗེས་ཞ་ལའི་སྟེང་། །རས་གོས་རྗེས་དང་བྱ་བྱེའུ་རྣམས་སོས་པའི། །གཤོག་པ་དང་ནི་སྦར་མོ་མང་པོའི་རྗེས། །མི་ལས་སྒྲུབ་པ་བྱས་པའི་ས་ཕུག་མཇལ། །རྔོག་པའི་འདྲ་སྐུ་གསུང་བྱོན་མ་སོགས་མཇལ། །དེ་ནས་ཇོ་ལྡན་འཚོགས་སྡེ་དགེ་འདུན་དགོངས། །གནས་བརྟན་སྤྲུལ་པ་རྒྱུན་དུ་བཞུགས་པ་མཇལ། །གྲྭ་བགྲེས་རྣམས་ལ་གནས་བརྟན་དངོས་འདྲ་བ། །བྱིན་རླབས་བབ་དང་ལྡན་པ་ཁོ་ན་

p. 107

འདུག །རྣམ་ཐོས་སྲས་ཀྱིས་ཕུལ་བའི་དུང་དཀར་དང་། །རྣམ་སྲས་མདུང་དམར་ཅན་གྱི་མདུང་སོགས་མཇལ། །དེ་ནས་བྲག་ཁ་སྡེ་བས་མདུན་གྲལ་དང་། །གཞི་ལེན་སྟོན་མོ་ལམ་ཆས་བདག་རྐྱེན་དང་། །བུ་ཚ་བཏང་ནས་གནས་མཇལ་ཞིབ་བྱས་ཏེ། །མི་འགྱུར་ལྷུན་པོ་དཔལ་གྱི་བསམ་ཡས་ཀྱི། །དབུ་རྩེ་རིམ་གསུམ་གླིང་བཞི་གླིང་ཕྲན་དང་། །ཇོ་མོ་གླིང་གསུམ་བཅས་པ་རྒྱས་པར་མཇལ། །ཨཱརྱ་པ་ལོའི་གླིང་ནི་མཇལ་བའི་ཚེ། །རྟ་མགྲིན་སྲིད་གསུམ་ཟིལ་གནོན་སྐུ་དེ་ནི། །བྱི་རུ་མར་ཁུས་ནང་ནས་དྲངས་པ་ལྟར། །ཤངས་ཀྱི་རྩེ་ནས་མར་ཁུའི་ཐིགས་པ་ཞིག །ཐིགས་ལ་ཁད་དུ་ན་རེ་འདུག་པ་མཐོང་། །གཞན་ཚོས་དེ་ལྟར་མཐོང་བ་མི་འདྲ་དེ། །ཕྱིར་ནངས་ཚེས་གསུམ་བསམ་ཡས་ཆོས་སྐྱོང་བབ། །སྡེ་སྣ་རྣམས་ཀྱིས་འབུལ་བ་ཞུ་ཡིག་དང་། །ཇ་ཞུས་ཆང་ཞུས་མང་པོ་བྱེད་པ་དང་། །ལྷ་རྟ་རྣམས་ལ་རབ་གནས་བྱེད་པ་མཐོང་། །དེ་ནས་མཆིམས་ཕུ་བྲེའུ་དགེའུར་ཕྱིན། །ཨོ་རྒྱན་འདྲ་སྐུ་བེ་རོའི་ཕྱག་བཟོ་དང་། །སྒྲུབ་ཕུག་ཨོ་རྒྱན་ཆོས་ཁྲི་རང་བྱོན་དང་། །རང་བྱུང་རྡོ་རྗེས་བཙུགས་པའི་སྒྲུབ་སྡེ་མཇལ། །མཁས་གྲུབ་ཆེན་པོ་ཀློང་ཆེན་རབ་

p. 108

འབྱམས་པའི། །གདུང་འབུམ་ས་ཡང་འགམ་ཞིང་སྨོན་ལམ་བཏབ། །སྒྲུབ་གནས་དེ་ལས་སྐྱིད་པ་མེད་པར་སེམས། །ལམ་དེར་ཆོས་རྒྱལ་ཡབ་ཀྱིས་བཞེངས་ཟེར་བའི། །གཙུག་ལག་བསྐལ་པ་དང་པོའི་ནས་འབྲུ་སོགས། །དེ་སྐོར་གནས་རྣམས་ཞིབ་པར་བྲིར་མི་ལོངས། །དེ་ནས་དཔལ་ལྡན་ཕག་མོ་གྲུ་ཡི་ནི། །ཀུན་ཏུ་བཟང་པོའི་ནགས་ཁྲོད་མཇལ་དུ་ཕྱིན། །རྩ་དཀྱིལ་ནང་དུ་སྐུ་འདྲ་ཆོས་དྲུག་མ། །ཕག་གྲུ་རོ་ཡི་ཞབས་རྗེས་ངོ་མཚར་བའི། །འདྲ་སྐུ་དངོས་དང་འདྲ་བའི་མདུན་དེར་ཡང་། །ལུས་གནད་བསྲང་ཞིང་སེམས་ངོ་ལྟ་སོགས་བྱས། །བཀྲ་ཤིས་སྒོ་མང་བརྒྱད་དང་ལྷ་ཆེན་བརྒྱད། །ནོར་བུ་ཁྱུང་དང་སེང་གེ་ལ་སོགས་མཇལ། །དགེ་འདུན་རྣམས་དང་ལྷན་ཅིག་གསོ་སྦྱོང་བྱས། །མཁན་པོ་དེ་ལས་སོ་ཐར་མདོ་ཡང་ཐོབ། །དེ་ནས་ཟངས་རི་དཔོན་པོས་བཀུར་སྟི་དང་། །གསེར་དང་དངུལ་གྱི་ཤུབ་ནི་སུམ་རིམ་ནང་། །ཐོད་པ་སྨུག་ཆུང་གསེར་གྱིས་ཤན་པ་མཇལ། །ཐོད་པ་དེ་ཡི་ནང་ནས་བདུད་རྩི་བཏུང་། །དེ་ནས་ཟངས་རི་མཁར་དམར་མཇལ་དུ་ཕྱིནཾ། །ཙན་དན་དཀར་པོ་རང་བྱོན་ནང་གཞུག་ཅན། །མ་གཅིག་སྐུ་ཚབ་དངོས་དང་འདྲ་བ་མཇལ། །ཐོད་པ་བྷ་

p. 109

དྲའི་འདྲ་སྐུ་གསུང་བྱོན་མ། །དེ་སོགས་དེ་ཡི་རྟེན་རྣམས་ཐམས་ཅད་མཇལ། །དེ་ནས་རྒྱལ་པོའི་ཕོ་བྲང་སྣེ་གདོང་དུ། །ཞབས་དྲུང་སྣེ་གདོང་རྩེ་བས་ལམ་ཆས་སོགས་། །བདག་རྐྱེན་མཛད་ཅིང་སྣེ་གདོང་གཙུག་ལག་དང་། །དེས་སྔོན་ཆོས་སྡེ་དགེ་འདུན་སྡེ་ཡང་མཇལ། །དེ་ནས་གཡུ་རུ་ཁྲ་འབྲུག་གཙུག་ལག་ཁང་། །རང་བྱོན་རྡོ་སྐུ་ཇོ་མོ་ཞལ་ཟས་མ། །ཨོ་རྒྱན་འདྲ་སྐུ་མུ་ཁྲིའི་ཕྱག་བཟོ་དང་། །མཆོད་རྟེན་དབུ་ལྔ་ལ་སོགས་ཞིབ་པར་མཇལ། །རས་ཆུང་ཕུག་ཏུ་རས་ཞྭ་སྤང་རྒྱན་དང་། །གཙང་སྨྱོན་འདྲ་སྐུ་ལ་སོགས་ཞིབ་པར་མཇལ། །ཡར་ལུང་ཤེལ་བྲག་ཚེ་ཆུ་འབུམ་པ་དང་། །གཡུ་ཡི་ལྷ་ཁང་བྱ་ཡི་ལྷོ་ཁང་དང་། །སྲིན་པོ་རི་དང་ཆུ་བོ་རི་ལ་སོགས། །རྒྱང་མཇལ་མ་གཏོགས་ནང་དུ་འགྲོ་མ་ཁོམ། །གནས་རི་ཅུང་ཟད་སྐོར་བའི་རྣམ་ཐར་ཡིན། །དེ་ནས་དེ་སྐོར་སློབ་གཉེར་དམར་ཐིག་སྟེ། །བདག་ཀྱང་བསྡུས་ར་རྐང་ཁྱབ་སོར་བཞག་ལ། །སུ་ལ་ཡིན་ཀྱང་འཁོར་གསུམ་འགྲོ་སྙམ་དང་། །ཚུར་ལ་བཏང་ཡང་ལན་ནི་ཐེབ་སྙམ་ཡོད། །གཞུང་དང་ཆོས་སྤྱོད་ཆོ་ག་གཉིས་ལ་སོགས། །འཚོགས་འདོན་ཚིག་གཅིག་མ་ལུས་སྔར་ནས་ཟིན། །གཞུང་གཞན་

p. 110

རྣམས་ཀྱང་ཁེར་འདོན་ཆུ་འདྲ་ཡོད། །དེ་ཚེ་དགེ་རྒན་དྲུང་རམ་རྒྱལ་རམ་པས། །ཡུ་གུ་ཚང་གི་བསྡུས་སྒྲ་འདི་ལ་ནི། །མགོ་མཇུག་མེད་དེ་མི་ཚེ་འདི་རང་རེད། །གྲྭ་ཚང་བསྡད་ནས་ལོ་ནི་ཉི་ཤུ་ཙམ། །སོང་བ་ཚོས་ཀྱང་ད་རུང་བསྡུས་ར་རེད། །བསྡུས་རའི་རིགས་པ་ཕྲའུ་འདི་ཁོ་ན། །བསླབས་ཤིང་བསྡད་ན་གསུང་རབ་གོ་དོན་གཏོར། །ཚིག་འཁྲི་ཁོ་ན་དོན་དང་རྒྱབ་འགལ་ཡིན། །ས་དགེ་རྣམས་ནི་བསྡུས་ར་ལོ་གསུམ་བསླབ། །རྟོགས་གསལ་འབྱེད་ནས་གཞུང་ལ་འཇུག་པ་ཡིན། །དེ་སོགས་འགའ་རེ་གསུངས་ཕྱིར་བདག་གིས་ཀྱང་། །ཚད་མའི་སྤྱི་དོན་འཇམ་དབྱངས་བཞེད་པ་ཡི། །གྲུབ་ལིས་མགོ་ནས་ཨ་ཐོ་བ་གཅིག་བཟུང་། །རྒྱས་པར་བྱེད་ན་ཊིཀྐ་དགོས་གསུངས་པས། །ཚད་མའི་ཊིཀ་ཆེན་རིགས་གཞུང་རྒྱ་མཚོ་ཡི། །མགོ་ནས་རབ་མང་བཟུང་ཞིང་ཡོད་སྐབས་ཡིན། །ཁམས་སུ་སྤྲུལ་སྐུ་པདྨ་རྒྱལ་པོ་ཡི། །དབོན་པོ་ཕྲིན་ལས་འདས་ཟེར་མང་ཇ་དང་། །རྒུན་འགྱེད་ལ་སོགས་བྱུང་བའི་སྐད་ཆ་ལ། །ཨ་ནུ་པད་དབང་འདས་ཞེས་ཟེར་བ་ཐོས། །ཤམ་ཐབས་ལྷམ་སོགས་བཟང་པོ་གསར་པ་གཉིས། །བྷེ་ཏའི་ཕྲེང་བ་བཟང་པོ་ཡོད་པ་རྣམས། །བཙོང་ནས་གྲྭ་ཚང་ལ་ནི་མང་ཇ་དང་། །

p. 111

དར་འགྱེད་བྱུང་བའི་ཁ་ཐག་སྨན་འཛིན་སོགས། །གང་ཡོད་ཡབ་སྲས་དྲུང་དུ་སྙན་འདེབས་བསྐུར། །དེ་ནས་ཤམ་ཐབས་མེད་པ་ཉོ་བའི་ཕྱིར། །བྱམས་པ་གླིང་གི་ཆོས་སྡེ་ཆེན་པོར་ཕྱིན། །མཆོད་རྟེན་ཆེན་པོ་གྲུབ་བརྒྱའི་གསེར་སྐུ་དང་། །རྒྱལ་བ་མཆོག་དབྱངས་གདུང་གི་མཆོད་རྟེན་དང་། །དགེ་འདུན་སྡེ་དང་བཅས་པ་ཐམས་ཅད་མཇལ། །བོ་དོང་བ་ཡི་དྲུང་རམ་པ་ཞིག་དང་། །བཀའ་བཅུ་པ་ཞིག་གདའ་ལ་རིགས་ལུང་བཏང་། །སྒར་དུ་དགུན་སྒང་ལྷགས་པ་ཆེ་བའི་སྐབས། །ལྷམ་ཡང་མེད་པས་རྐང་པ་རྡོ་འདྲ་ཡང་། །རྒྱུན་དུ་ནམ་ཕྱེད་བར་དུ་བགྲོ་གླེང་བྱེད། །རྐང་པ་འཁྱགས་པས་ཤེད་ཀྱིས་རྡོག་རྡེབ་བྱེད། །འདིས་ཀྱང་སྡིག་པ་དག་པར་འགྱུར་རོ་སྙམ། །མཆེད་གྲོགས་འགས་ཀྱང་ད་ལོ་ཁྱོད་ལ་ཡང་། །བློ་སྐྱེད་ལེགས་པོ་བྱུང་ནི་གདའ་འོ་ཟེར། །དེ་དུས་བསམ་ཡས་མཐིལ་ནས་མང་ཇ་བྱུང་། །དེ་ཡི་འཚོགས་ལ་བཀའ་བཅུ་པ་ཞིག་སྨྱོ། །ཁོ་ནི་རྩི་དམར་རྒྱལ་པོ་ཡིན་ནམ་ཟེར། །རྟ་འུ་ཀརྨ་བཀྲ་ཤིས་ཞེས་བྱ་བས། །མེ་མཆོད་བྱེད་ཟེར་ལུས་པོ་སྲེག་འདུག་ཀྱང་། །ཅུང་ཟད་མ་ཕན་འཚོགས་པ་ཐམས་ཅད་ཀྱིས། །མཐའ་ནས་བསྐོར་ཏེ་མདོ་སྒྲུབ་བརྒྱབ་

p. 112

པ་དང་། །སྐུ་མདུན་སི་ཏུའི་བཀའ་ཤོག་བླངས་པ་དང་། །དྲུང་འཚོ་བ་ཡི་མེ་བཙའ་ལ་སོགས་པ། །ཅིས་ཀྱང་མ་ཕན་སྨྱོ་ནག་གཅེར་བུར་རྒྱུག །མཆོག་གི་སྤྲུལ་སྐུ་ཞིང་ནི་བརྗེ་བ་དང་། །ནོར་ནད་ཧོན་གྱིས་རྒྱལ་ཁམས་འཇོམས་པ་དང་། །ཀར་སྲིད་གཙང་པ་ཟ་དམ་པ་རྣམས་ནི། །ཆུས་ནི་མི་རྟག་བརླག་པར་འགྱུར་བ་སོགས། །དེ་དུས་དེ་ཡིས་གང་ཟེར་ཕྱིས་སུ་ཐིག །རམ་འབྱམས་པ་དང་གྲྭ་བགྲེས་གང་འཇིགས་ལ། །ངོ་སྲུང་མེད་པར་ཚིག་ངན་བརྗོད་ན་ཡང་། །ང་ནི་དེ་ན་ནམ་འགྲོ་ཐལ་མོ་སྦྱར། །བྲམ་ཟེ་སྐྱེ་བ་བདུན་པར་སྐྱབས་སུ་མཆི་། །དེ་སྐད་ནམ་འགྲོ་རྒྱུན་དུ་བརྗོད་པར་བྱེད། །དགེ་རྒན་དྲུང་རམ་ཀརྨ་འཇིགས་མེད་ཀྱིས། །འདི་ནི་ང་ཡི་དགེ་གཞོན་སྙིང་རྗེ་བས། །ཁྱོད་ཀྱི་གདམས་ངག་ཅི་ཡང་ཤེས་དོ་བས། །འདི་ལ་ཕན་ཐབས་གྱིས་གསུངས་ངོ་མ་ཆོག །དྲག་པོའི་རྫས་རྒོད་གཅིག་ནི་བསྡུ་ཤོམ་ལ། །ང་རང་སྣ་ཁྲག་ཐིགས་བྱུང་བསྡུ་མ་ཕོད། །ང་ཡི་ངོ་ཚེར་སྣ་ཁྲག་འོང་མ་མྱོང་། །བསམ་ཡས་ཆོས་སྐྱོང་ཡིན་ངེས་རེད་དོ་བསམ། །སྲུང་འཁོར་ཞིག་བཏགས་དམིགས་པས་ཞག་འགའ་གཟིར། །འོ་མ་ཕོར་པ་གང་ནི་འདུག་པ་ལ། །བན་དེ་ཞིག་གིས་འཕོ་ཤོམ་འདུག་

p. 113

པ་ལ། །བདག་གིས་བན་དེ་བརྡུངས་ནས་ཕྱིར་ཕུད་པས། །འོ་མའི་ཕྱེད་བོ་ཕྱེད་ནི་ལུས་པ་རྨིས། །ལེ་མོ་མི་ཕན་དེ་ནས་ཕན་འགྱུར་ཏེ། །ཚེ་སྲོག་ཕྱེད་ནི་བླངས་ནི་ཚར་བར་གོ །དེ་དོན་དགེ་རྒན་ལ་ཞུས་སྟེང་དུ་སོང་། །དེ་དུས་སྒར་འདབས་ལྕང་རྒན་ཆེན་པོ་ལ། །བཙག་བྱུག་བལ་ཚོན་མང་པོ་བཏགས་པ་འདུག །དེ་ལ་བཙན་རྒོད་ནམ་མཁའ་སྤུ་འཛིན་གནས། །མཚན་མོ་དེ་ཡི་ཉེ་ལོགས་འགྲོ་མི་ཕོད། །བདག་གི་གུར་དང་དེ་གཉིས་ཉེ་འདུག་པས། །དེ་ཡི་མདུན་དེར་ང་རང་དུས་རྒྱུན་དུ། །མཚན་རིང་གཅིག་པུར་ཟིན་ཐུན་སྐྱོར་ཞིང་འདུག །དང་པོ་རྩུབ་ཉམས་ཅུང་ཟད་བྱུང་ན་ཡང་། །བསྐྱེད་རིམ་སེམས་ངོ་བསྒོམས་པས་རང་ཞིར་སོང་། །དེ་དུས་བསྙེན་སྒྲུབ་ཚན་ཆེར་མ་ཐོན་ཀྱང་། །ཨུ་རྒྱན་རྗེ་ཡི་ཐུགས་རྗེའི་སྟོབས་ཆེ་བས། །ལྷ་འདྲེས་རྩིས་འཇོགས་བྱས་པའི་རྣམ་ཐར་ཡིན། །དེ་དུས་རྟོགས་ལྡན་ཀརྨ་བཀྲ་ཤིས་ཞེས་བྱ་བས། །ངེས་མེད་སྨོན་པའི་བརྟུལ་ཞུགས་མཛད་ཅིང་བྱོན། །ཆོས་ཁྲིམས་པ་དང་བུ་ཚ་མང་པོ་འགས། །གཤགས་འགལ་གྱིས་བརྡུངས་བྷན་བེ་རལ་བཅག །དྲུད་ཅིང་བརྡུངས་ཏེ་སྒར་གྱི་རྒྱབ་ཏུ་ཕུད། །སླར་ཡང་རྟེན་འབྲེལ་བཟང་ཟེར་སྨོ་སྤྱོད་

p. 114

བྱེད། །གྲྭ་པ་ཀུན་གྱིས་སྨྱོན་པ་རེད་དོ་ཟེར། །བདག་གིས་བརྟགས་པས་སྨྱོན་པ་མིན་པར་ཤེས། །རྩམ་པ་བསྡུས་ནས་ཕུལ་བས་ཅུང་ཟད་ཅིག །གསོལ་ནས་དེ་འཕྲོ་རླུང་ལ་ཕྱར་ནས་བྱོན། །གྲུ་པས་མ་ཕུད་ཁྱི་ཞིག་ལ་ཆིབས་ནས། །ཡར་ཆབ་གཙང་པོར་ཐོགས་མེད་བྱོན་པར་སྣང་། །ཕྱིས་སུ་གྲུབ་ཐོབ་ཆེན་པོར་ཡོངས་སུ་གྲགས། །དེ་འདྲ་མཇལ་ཞིང་གསུང་ཐོས་འབྲེལ་པ་ཐོབ། །གསུང་ནི་བདེན་པར་མ་གྲུབ་ཁོ་ན་གསུངས། །སྟངས་སྟབས་གཙོ་བོ་ནམ་མཁར་ཕྱག་གཡུག་གོ །གོ་ན་ཆོས་འབྲེལ་དེ་གས་ཆོག་པར་སྣང་། །དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་བསྙུངས། །འཚོགས་པ་རྣམས་ཀྱང་ཟིལ་དང་བཀྲག་མདངས་ཡལ། །བྱ་རོག་རྣམས་ཀྱང་གཏོར་མ་མི་ཟ་ཞིང་། །རྣ་བ་རི་བོང་འདྲ་བའི་བྱ་ཞིག་བྱུང་། །མཚན་བརྗོད་སྒྲོལ་མ་ཤེར་སྙིང་འབུམ་ཐེར་དང་། །བཀའ་འགྱུར་ལ་སོགས་སྒར་ཚང་སོ་སོ་དང་། །གྲྭ་ཚང་སོ་སོས་སྐུ་རིམ་རྒྱ་ཆེ་ཡང་། །གྲུ་བགྲེས་རྣམས་ཀྱང་རྨི་ལྟས་ངན་ནོ་ཟེར། །རྒྱལ་བ་མཆོག་དེ་སྤྲུལ་སྐུའི་བཀོད་པ་བསྡུས། །དེ་སྐོར་སི་ཏུ་སྤྲུལ་སྐུ་ཡར་ཕེབས་པ། །ཆུ་བོ་རི་རུ་མཇལ་བས་དགྱེས་ཚོར་བཅས། །ཟས་སྣ་མང་པོ་གནང་སྦྱིན་རྒྱ་ཆེན་དང་། །ཕག་གྲུ་

p. 115

མགོན་པོའི་དཔེ་དབང་དག་ཀྱང་ཐོབ། །དེ་ནས་གསང་རྟོལ་སྒར་པ་ངུ་སྒྲས་ཁེངས། །མཆི་མའི་ཆར་བབ་ས་གཞི་དམར་པོར་སོང་། །ཉིན་མོ་ཡིན་ཀྱང་མུན་པ་ནག་སྙམ་བྱེད། །འཚོགས་པ་རྣམས་ཀྱང་འཚོགས་སུ་དུ་བ་ལས། །འཚོགས་འདོན་བྱེད་མཁན་རེ་ཟུང་ལས་མི་སྣང་། །བགྲོ་གླེང་སློབ་གཉེར་བྱེད་པའི་རྒྱུན་ཡང་འགགས། །དེ་ཚེ་རིན་པོ་ཆེ་དང་གྲྭ་བགྲེས་ཚོས། །མང་ཇ་འདོན་པ་མེད་ན་ངོ་ཡང་ཚ། །དགོངས་པ་མི་རྫོགས་འདོན་པ་བྱེད་དགོས་གསུངས། །འོན་ཀྱང་ཕྱེད་ཙམ་འདོན་པ་མི་འདོན་ནོ། །དེ་ཚེ་བདག་གིས་ཡིད་ལ་འདི་ལྟར་བསམ། ༈ །ཀྱེ་མ་རྒྱལ་བ་འདས་ཚུལ་བསྟན་ན་ཡང་། །ཁོང་ཚོ་ལ་ལ་ཞིག་གིས་བྱེད་པ་ལྟར། །ཐུགས་ལ་ཕོག་པའི་བྱ་བ་ངས་མ་བྱས། །དམ་ཚིག་ལ་ཡང་ཆག་ཉམས་ཅུང་ཟད་མེད། །དབང་དང་བཀའ་ལུང་རྣམས་ཀྱང་ཆོག་ཙམ་ཐོབ། །རྩེ་གཅིག་དད་པས་གསོལ་བ་འདེབས་ནུས་ན། །བཞུགས་དང་མི་བཞུགས་བྱིན་རླབས་ཁྱད་པར་མེད། །ཆོས་བཞིན་བྱས་ན་དགོངས་པ་དེ་ཡིས་རྫོགས། །འདོན་པ་མ་བཏོན་ངུས་པས་ཅི་ལ་ཕན། །བསམས་ནས་འདོན་པ་སྐད་འཕངས་བཏེགས་ཏེ་བྱས། །ལར་ནི་དང་པོ་གྲལ་

p. 116

རྒྱབ་མཐར་བཞག་སྟེ། །སྒྲིགས་ཆས་གོས་ཀྱང་ངན་ངོན་ལས་མེད་ཀྱང་། །འདོན་པ་ངེས་ནི་སློབ་གཉེར་དམར་བ་དེས། །ཆོས་ཁྲིམས་པ་ནི་ལས་ཐོག་སོ་སོ་ཡིས། །རྒྱབ་གྲལ་དུ་ནི་ནམ་ཡང་སྡོད་མ་བཅུག །རེས་འགའ་རྩ་གྲལ་རེས་འགའ་གདོང་གྲལ་བཞག །གྲྭ་སར་མང་བས་གྲལ་དཀྱིལ་ཙམ་དུ་ཕྱིན། །འོན་ཀྱང་རྒྱབ་གྲལ་དབེན་ཞིང་ཁུར་ཆུང་བས། །སྔར་གྱི་གྲལ་དུ་ཡང་ཡང་སོང་ན་ཡང་། །ཆོས་ཁྲིམས་པ་ཚོས་ཡང་ཡང་ཚུར་ལ་བཞག །དང་པོ་རྩིས་ཆུང་དམའ་སར་བཞག་ན་ཡང་། །རང་ཉིད་ཆོས་མཐུན་སློབ་གཉེར་འབད་པ་ན། །ཤུགས་ཀྱིས་མཐོ་སར་ཕྱིན་པའི་ཉམས་མྱོང་འདི། །གྲྭ་པ་གསར་པ་ཀུན་གྱིས་གོ་བར་གྱིས། །དེ་དུས་ང་བས་གྲལ་ནི་མཐོ་བ་ལ། །ཀུན་གྱིས་ང་བས་མི་རྩིས་ཆེ་བ་འགའ། །ད་ལྟ་ང་ལ་ཕྱག་འབུལ་བྱེད་པ་དང་། །ལ་ལ་བན་ལོག་སྐྱེ་བོར་སོང་འདུག་པསུ། །ཁོང་རྣམས་ང་བས་ཞན་པ་མ་ཡིན་ཅིང་། །ང་ཡང་དེ་བས་ལྷག་པ་མ་ཡིན་ཀྱང་། །ཆོས་མགོ་ཐོན་དང་མ་ཐོན་ཁྱད་པར་དང་། །ཉམས་ལེན་བྱས་དང་མ་བྱས་ཁྱད་པར་རེད། །དོན་འདི་གྲྭ་པ་ཀུན་གྱིས་ཡིད་ལ་ཞོག །འཕྲལ་དུ་མི་མིང་ཡོད་དམ་མེད་ཀྱང་རུང་། །ཆོས་མགོ་ཐོན་པ་ཕྱི་མ་ཨ་ཀྱང་

p. 117

ཆེ། །ད་གང་ལ་ཡང་གལ་ཆེན་འདུག་གོ་ཀྱེ། །དེ་ཡང་ང་ཡི་ཉམས་མྱོང་ཆོས་བཤད་ཡིན། །དེ་ནས་རྒྱལ་བའི་སྐུ་གདུང་ཡབ་སྲས་བཅས། །མཚུར་ཕུར་ཕེབས་པས་གྲྭ་ཚང་དེ་རུ་ཕྱིན། །ཡང་རི་མ་གཏོགས་དབུས་གཙང་ཀར་ལུགས་ཀྱི། །ཆོས་སྡེ་སེར་ཁྱིམ་མ་གཏོགས་ཐམས་ཅད་འཚོགས། །རྒྱལ་བའི་དབང་པོས་བརྒྱད་ཁྲི་དགོས་གསུངས་ཀྱང་། །འགྱེད་རྣམས་བྱེད་ཁ་དབོན་པོ་ནམ་མཁའ་ཡིས། །ལན་གསུམ་རྩིས་པས་ཁྲི་ཚོ་བདུན་བྱུང་ཟེར། །དེ་དག་ནང་ནས་ཉིན་བྱེད་གླིང་པ་ནི། །ཕ་ཤིའི་བུ་ལྟར་ཧ་ཅང་ཡུས་ཆེ་བས། །རྒྱལ་བའི་དབང་པོས་ཕྱག་ཇ་ཕྱག་དབང་དང་། །ན་བཟའི་དུམ་བུ་ཕྱག་གིས་འགྱེད་པ་དང་། །སྤོས་སྐོར་ལ་སོགས་གཞན་ལ་མེད་པ་མཛད། །རྒྱལ་བའི་དབང་པོའི་སྒར་དང་གྲྭ་ཚང་གིས། །ཞག་པོ་བཅོ་ལྔའི་བར་དུ་གདུང་མཆོད་དང་། །གཙང་པས་བཅོ་ལྔ་དང་ནི་ཟླ་གཅིག་བར། །མར་ཁུ་འབྲས་ཐུག་དཀར་གྲོ་ཟས་སྣ་དང་། །མང་ཇ་འགྱེད་སོགས་དཔག་ཏུ་མེད་པ་དང་། །ཕྱོགས་ཀྱི་མང་ཇ་དཔག་ཏུ་མེད་པ་དང་། །དགུན་ཁ་དགུ་གཏོར་ཉི་མ་ཐུང་ཐིག་ལ། །སྤྱི་དང་སྒེར་སོགས་མང་ཇ་བཅོ་ལྔ་ཙམ། །བཏང་ལོང་གུང་སེང་སྐོར་

p. 118

བའང་ལོང་བྱུང་བ། །ཉི་མ་སུམ་ལྡབས་ཙམ་དུ་རིང་བ་འདྲ། །དྲུང་ཡིག་པ་ཡིས་ཟུར་ཆོས་འཆད་པ་དང་། །རས་པ་ལྔ་བཅུ་ཙམ་གྱིས་རས་ཕུད་བྱེད། །དེ་དུས་ཀྱི་ལེ་སྐུ་སྐྱེའི་སྒར་གཞིས་ཕེབས། །སོག་པོ་ཀརྨ་ཡེར་གདིང་མཇལ་དུ་བྱུང་། །ཡབ་སྲས་བརྒྱ་འབུལ་དབུ་ཞྭ་སྒྲོན་པའི་ཚེ། །བདག་ཀྱང་གྲྭ་རེས་རེད་པས་འབུལ་ཁྱེར་གྲ། །དེ་དུས་ཕྱག་རྫས་ཡོད་པ་ཐམས་ཅད་ཀྱིས། །གཤེགས་རྫོངས་མང་ཇ་མང་པོ་བསྐོལ་འདུག་པས། །བདག་ལ་ཅི་ཡང་མེད་པས་བསོད་ནམས་ཆུང་། །ཅི་བྱ་སྙམ་ཚེ་དད་ལྡན་འགའ་ཞིག་གིས། །སོར་མཛུབ་མར་མེ་བྱེད་ནས་ཕུལ་བ་ཐོས། །བདག་ཀྱང་དེ་ལྟར་བྱེད་པ་ཐག་བཅད་པས། །བླ་མ་དྲུང་ཡིག་པ་ལ་ཞུ་དགོས་ཟེར། །དྲུང་ཡིག་པ་ལ་མཇལ་ནས་ཞུས་པ་ཡིས། །ཁྱོད་ཀྱིས་སྔར་ཕན་ཁྲིད་འདྲ་མ་ཐོབ་ན། །ཧ་ཅང་མི་ཚུགས་པ་ཡང་འོང་དོགས་གསུངས། །བདག་གིས་དྲུང་པ་ལ་སོགས་ཁྲིད་ཀྱང་ཐོབ། །གནས་འགྱུ་སྲུང་བདེ་ཙམ་ནི་ཡོད་དོ་ཞུས། །བླ་མའི་རྣལ་འབྱོར་བཞག་ཐབས་ཤིག་ཀྱང་ཐོབ། །ཉེར་བརྒྱད་རྒྱལ་བའི་དུས་མཆོད་ནུབ་པ་ལ། །མཆེད་གྲོགས་ལྔ་ཙམ་མཉམ་དུ་མར་མེ་ཕུལ། །དྲུང་རམ་པ་ཞིག་ཉམས་འབར་འདྲ་བ་ཡིས། །

p. 119

ཕོ་རད་བརྒྱབ་པས་གཞན་གྱིས་བཟུང་དགོས་བྱུང་། །དེ་དུས་གནས་ཉམས་འཐུག་པོ་ཡོད་པ་དེས། །ཁ་ངོ་བསྡུ་བ་ཙམ་ཡང་མ་ཤོར་ཏེ། །སྨོན་ལམ་ཆེན་མོ་བཟང་སྤྱོད་ལ་སོགས་དང་། །བདེ་སྨོན་ལ་སོགས་ནོར་ཙམ་མ་བྱུང་བས། །དེ་ཚེ་ཆང་ཞིག་དྲངས་ནི་བྱུང་བ་ལ། །མི་འཐུང་ང་ནི་གྲྭ་ཚང་ཡིན་ནོ་སྨྲས། །རྒྱལ་བའི་དབང་པོའི་བཀའ་ཡིན་གསུངས་བྱུང་བས། །རྒྱལ་བའི་དབང་པོ་རྩ་དེར་བཞེངས་ནས་གདའ། །ཕོར་གང་འཐུང་ཞིང་ད་རུང་དྲངས་བྱུང་ནས། །ད་རེས་བཀའ་ཡིན་གསུངས་ཕྱིར་རྟེན་འབྲེལ་བྱས། །དེ་བས་གྲྭ་ཚང་ཁྲིམས་ཡོད་མི་ཕོད་ཞུས། །རྒྱལ་བའི་དབང་པོའི་ཞལ་ནས་ལན་གསུམ་དུ། །སྨོན་ལམ་ཡག་པོ་འདེབས་པ་གནང་ཞེས་གསུངས། །ཚིག་ཚོད་རྒྱལ་བའི་དབང་པོས་བཟུང་ནས་ཀྱང་། །ཞལ་ཕུ་མཛད་པའི་སྔགས་མར་བྱུག་རྒྱུ་དང་། །སྙན་དར་དུམ་བུ་མཛུབ་གུར་སྲི་བ་དང་། །འཁྱག་དོགས་ལག་པར་བཀོན་རྒྱུ་ཚ་རུ་གནང་། །དེ་སྐོར་ལྷགས་པ་ཤིན་ཏུ་ཆེ་ན་ཡང་། །ཡབ་སྲས་གདུང་རྟེན་ལ་སོགས་ཁག་ཆེ་བས། །ནམ་ཕྱེད་ཡོལ་ཙམ་བསྐོར་བ་བྱེད་པ་དང་། །གཞན་ལ་ཚིག་འཕྲོ་མ་སྟོན་གསུང་ན་ཡང་། །གྲོགས་མཆེད་འགའ་ཡིས་སྟོན་

p. 120

ཟེར་བསྟན་པ་ཡིས། །གཉན་ཞུགས་ལག་འགགས་ཡན་ཆད་རབ་ཏུ་སྐྲངས། །ཟུག་གཟེར་ཞག་པོ་དྲུག་བདུན་དཔག་མེད་ཅིང་། །རང་ཡང་ཤི་རྒྱུ་ཡིན་པར་ངེས་བསམས་ཀྱང་། །འགྱོད་མེད་ཤི་ན་དོན་ཆེན་འགྲུབ་བོ་བསམ། །གཟེར་བཙག་ན་ནི་འབུལ་འདོད་ཡོད་པ་ཀུན། །འབུལ་མི་ཕོད་པའི་རྐྱེན་དུ་འགྱུར་དོགས་ཡོད། །གཟེར་བཙག་ལ་སོགས་ཡུད་ཙམ་མ་ཤོར་ཏེ། །སེམས་ངོ་ཁོ་ན་བསྐྱངས་བས་མགོ་ནོན་ནས། །ཟུག་གཟེར་ཆེ་ཡང་དེ་དབང་མི་འཆོར་ཞིང་། །སྡུག་བསྔལ་མེད་ཅིང་ལུས་སེམས་དགའ་བདེ་རྒྱས། །མེ་རེ་ཁྱི་ལེ་རྒྱ་མཚོ་ལྟ་བུ་ནི། །ཉིན་མོ་ཕལ་ཆེར་འཁོར་ཡུག་ལྟ་བུ་བྱུང་། །གོས་ནི་ངན་ཅིང་ཤིན་ཏུ་སྲབ་ན་ཡང་། །ལྷགས་པ་ཆེ་ཡང་འཁྱག་སྣང་མ་བྱུང་ངོ་། །རྒྱལ་བའི་དབང་པོས་བླ་མའི་རྣལ་འབྱོར་དང་། །ཐུགས་རྗེ་ཆེན་པོའི་སྒོམ་ལུང་བསྡུས་པ་དང་། །ཕྱག་རྒྱ་ཆེན་པོའི་བཞག་ཐབས་བཅས་པ་གནང་། །རྒྱལ་དབང་བཅུ་པའི་ཞལ་གདམས་བཀའ་བཀོད་ནི། །ཤོག་དྲིལ་ཤིན་ཏུ་རིང་ཞིང་ཆེ་བ་ཞིག །སྐུ་མདུན་སི་ཏུས་འཚོགས་ཆེན་རྣམས་ལ་ནི། །ལན་གསུམ་བར་དུ་གཡས་གཡོན་དཀྱིལ་གསུམ་གྱི། །འཚོགས་ལ་རྒྱ་ཆེ་མི་གོ་དོགས་ཕྱིར་གསུངས། །གསུང་

p. 121

བཟང་ཚངས་པའི་དབྱངས་དང་འདྲ་བར་གྲགས། །རྒྱལ་བའི་དབང་པོས་འཚོགས་ཆེན་དེ་ལ་ནི། །ན་བཟའ་དུམ་བུ་ཕྱག་གིས་འགྱེད་པ་དང་། །འཚོགས་ལ་སྨོས་སྐོར་ལན་མང་མཛད་པའི་ཚེ། །སྤྱན་ཆབ་ཉིལ་ཉིལ་འཚོགས་པའི་ན་བཟའ་བཏུང་། །སྤོས་ཕོར་ཆེན་པོ་ཤིང་རྟའི་འཁོར་ལོ་ལ། །བཞག་ནས་རྒྱལ་བའི་དབང་པོ་ཉིད་ཀྱིས་དྲུད། །འཚོགས་ཆེན་ལ་ནི་དེ་ལྟར་སྤོས་སྐོར་དང་། །དངུལ་གྱི་བུམ་པ་ཆེན་པོ་རྒྱབ་ཏུ་ཁྱེར། །ཉིན་རེ་ལན་གྲངས་བཅོ་ལྔར་འཚོགས་ཆུ་ལེན། །འཚོགས་པ་ལ་ནི་ཕྱག་ནི་གསུམ་རེ་དང་། །ཤར་ཕྱོགས་ངོས་སུ་ཕྱག་གསུམ་རྒྱུན་དུ་མཛད། །ཡབ་སྲས་གཙོ་མཛད་བླ་མ་ཐམས་ཅད་དང་། །ཆོས་སྡེ་རྣམས་ལ་འབུལ་བ་དཔག་མེད་དང་། །སྤང་ལོང་རྣམས་ལ་སྦྱིན་པ་དཔག་མེད་ཅིང་། །འབུལ་བ་བརྒྱབས་ནས་འཚོགས་བསྡོ་མཛད་པའི་ཉིན། །སྤྲིན་འཇའ་དཀར་པོའི་ཐ་མར་སྣ་ལྔ་ཅན། །ཤིང་ལོ་འབྲུག་སོགས་སྣ་ཚོགས་གཟུགས་བརྙན་ཅན། །ནུབ་ནས་བྱུང་སྟེ་ཤར་དུ་ཡུད་ཡུད་འགྲོ། །ཁ་བ་མེ་ཏོག་འདབ་མ་བརྒྱད་རེ་དང་། །བཅུ་རེ་ལ་སོགས་ཟེའུ་འབྲུར་བཅས་པ་བབ། །བཟོས་ཀྱང་ཐོན་པར་དཀའ་བའི་རྡུལ་ནོན་བབ། །དེ་ལྟར་

p. 122

རྒྱལ་དབང་ཀརྨ་པ་ཆེན་པོའི། །འདུས་པ་ཁྲི་ཕྲག་བདུན་དང་བཅས་པ་ཡི། །ཞལ་མཇལ་ཕྱག་དང་བསྐོར་བའི་འབྲེལ་པ་ཐོབ། །དེ་འདྲ་ཚེ་རབས་དུ་མར་རྙེད་དཀའ་སྙམ། །དེ་ནས་གྲྭ་ཚང་འོད་ཟེར་དམ་པ་ཡི། །གཙུག་ལག་ཁང་དུ་གཞི་འཇགས་རྒྱུན་དུ་བཞུགས། །མདུན་བྱས་སྐྱ་མི་བཞར་ཞིང་རིགས་ལུང་ཆག །དེ་ཚེ་དགེ་རྒན་དྲུང་རམ་པ་དེ་ཡིས། །ད་ནི་རྒྱལ་བ་མཆོག་དེ་མི་བཞུགས་ནས། །ལར་གྱི་ཀཾ་ཚང་བསྟན་པ་ནུབ་མགོ་ཡིན། །རིགས་ལུང་མེད་ན་བློ་སྐྱེད་འོང་ཐབས་མེད། །ཊིཀྐ་སྤྱི་དོན་བཟུང་ཡང་དོན་གོ་ཆུང་། །ལར་ནི་ཁྱོད་ལ་བློ་སྐྱེད་ཆེན་པོ་བྱུང་། །དེ་ལ་གྲྭ་པ་འགའ་རེ་ཆགས་སྡང་གིས། །ང་ལ་ཡང་ནི་མི་དགའ་ལྟ་འདུག་པས། །ད་ནི་ཚིག་ཀྱང་མི་བསླབ་དེ་བས་ན། །ཐར་རྒྱན་བཟུང་ན་དགའ་རབ་མང་དུ་གསུངས་། །ནན་གྱིས་ཞུས་ཀྱང་ཚིག་ཀྱང་བོསླབ་མ་ཉན། །དེ་ནས་དྭགས་པོའི་ཐར་རྒྱན་བཟུང་བ་ཡི། །ཉིན་རེ་ལྡེབ་མ་བདུན་རེ་ཕལ་ཆེར་ཟིན། །ལས་དང་རྒྱུ་འབྲས་སྐབས་དེ་བཟུང་བའི་ཚེ། །ད་ནི་མི་དགེ་བཅུ་ཡི་བྱ་བ་ནི། །བྱེད་རེ་སྙམ་པའི་ཞེ་མནའ་མང་དུ་ཤོར། །དྭགས་པོའི་ཐར་རྒྱན་ཅུང་ཟད་མ་གཏོགས་བཟུང་། །བྱང་ཆུབ་སེམས་བསྐྱེད་དེ་ལ་ངེས་

p. 123

ཤེས་སྐྱེས། །སེམས་བསྐྱེད་ལྟ་རྒྱུད་ལུགས་དེ་ཐོབ་ན་ཡང་། །རྒྱས་པ་སྤྱོད་རྒྱུད་ལུགས་དེ་མ་ཐོབ་པས། །ལྷ་སར་སོང་སྟེ་ཤཱཀྱ་མུ་ནེའི་དྲུང་། །སོར་མཛུབ་གཡོན་པ་མར་མེར་ཕུལ་ནས་ཀྱང་། །བྱང་ཆུབ་སེམས་བསྐྱེད་རྒྱས་པ་བླང་བའི་ཚེ། །བན་རྒན་གཅིག་གིས་ཕྱོགས་ང་ཆེ་འདུག་པས། །སྔར་ནི་བཟང་སྤྱོད་ཆད་དམ་མ་ཆད་ཟེར། །ད་ནི་མི་འདོན་དགུ་འདོན་བྱེད་དོ་ཟེར། །བལ་པོ་ཨ་ཙ་ར་དང་སོག་པོ་སོགས། །ངོ་མཚར་ཆེ་བ་ཙམ་དུ་ལྟད་མོ་མཛད། །ཇོ་ཤཱཀ་ལ་སོགས་གནས་མཇལ་ཞིབ་ཏུ་བྱས། །སྔོན་དུ་མཇལ་བའི་རྡོག་ལན་ཡིན་པར་བསྒོམ། །དེ་ནས་ཡེར་པའི་གནས་དེ་མཇལ་དུ་ཕྱིན། །གསེར་གླིང་པ་ཡི་གསོལ་སྡེར་གླ་གོར་ཤ །བཞུགས་ཁྲི་གྲུབ་རྒྱའི་མཆོད་རྟེན་ལ་སོགས་མཇལ། །ཡེར་པའི་གཉེར་པས་གསོལ་ཞབས་ལེགས་པར་བྱས། །ཟླ་བ་ཕུག་ཏུ་རྟོགས་ལྡན་ཤཱཀྱ་མཇལ། །བཞུགས་ལུགས་མི་ལ་དངོས་དང་འདྲར་བ་སེམས། །དེ་ནུབ་གནས་ཚང་དུ་བོས་གསུང་གླེང་བྱས། །ཕྱིར་ནངས་བསྐྱལ་ནས་འཆི་བ་འོང་ངེས་པས། །ཧུར་ཐག་ཐོང་ཞེས་ཞལ་གདམས་གསུང་བགོས་བྱས། །དེ་ནས་གྲྭ་ཚང་ཉིད་དུ་སླེབས་མ་ཐག །ལོ་དུས་མཆོད་པར་གྲྭ་ཚང་

p. 124

མཚུར་ཕུར་ཕེབས། །སྒར་དང་ཆོས་སྡེ་ཐོ་རམ་པ་ཞིག་འཚོགས། །དངུལ་གདུང་བཞུགས་པའི་གཙུག་ལག་རྩིག་པ་ཡི། །རྡོ་ཡང་རྒྱལ་བའི་དབང་པོ་རང་ཉིད་ཀྱིས། །འོ་བརྒྱལ་མཛད་པའི་རྡོ་ཕི་ཆེན་པོ་སྣང་། །སྔོན་ཆད་མཐོང་མ་མྱོང་བའི་རི་དྭགས་དང་། །མ་ཧེའི་བུ་ནི་རྒྱ་ཚ་ཡིན་ཟེར་བ། །དེ་སོགས་ལྟད་མོ་ངོ་མཚར་འགའ་ཡང་མཐོང་། །གསེར་གདུང་དངུལ་གདུང་གཉིས་ཀྱི་དྲུང་དུ་ནི། །ཤིག་མི་གསོད་དང་བསྟན་དོན་ཁོ་རང་དོན། །མིན་པར་གཞན་སྐྱོན་མི་བརྗོད་དམ་བཅའ་ཕུལ། །གདུང་མཆོད་གྲུབ་ནས་སླར་ཡང་ཟ་དམ་ཕེབས་། །ད་ནི་ཡུན་རིང་མི་འདུག་ཁམས་སུ་འགྲོ། །དེ་ཕྱིར་གང་ལའང་འབྲེལ་པ་དགོས་འདུག་པས། །དབུ་མ་ཕར་ཕྱིན་ལ་སོགས་ཊིཀྐ་བལྟས། །ཁྱབ་པ་འགའ་རེ་བསླབ་དགོས་ཞུས་པས་བསླབས། །བླ་མ་ཝ་རྒན་ཞེས་བྱའི་གྲུབ་ཐོབ་སར། །འཕོ་བའི་ཁྲིད་དང་ཆོས་དྲུག་ལ་སོགས་ཞུས། །རྣམ་རུ་ཆོས་མཛད་དྲུང་ནས་འཁྲུལ་འཁོར་བསླབ། །ཀུན་རིག་དང་ནི་རྗེས་གནང་འགའ་རེ་ཙམ། །ལྐོག་ཏུ་བཟུང་ཞིང་མགོན་བློ་བསམ་གཏན་ལ། །ཕྱག་བཞི་དང་ནི་ཕག་མོ་མགོན་པོ་ཡི། །འདོན་ལུགས་ལ་སོགས་ཉེར་མཁོ་མང་དུ་བསླབ། །དྲུང་རམ་

p. 125

འགྲོ་སྐྱོང་ཞེས་བྱར་ལུང་ཞུས་ནས། །གདན་ཐོག་གཅིག་མའི་ལུས་སྦྱིན་ལ་སོགས་བཟུང་། །དེ་དུས་བླ་མ་ཝ་རྒན་དེ་ཉིད་ཀྱིས། །ཀློང་གསལ་དམ་ཅན་མགར་ནག་སྒྲུབ་སྐོར་དང་། །གཤིན་རྗེ་ཀིང་ཀང་དམར་པོའི་ལུང་རྣམས་ནི། །ང་ལ་གསན་པར་མཛད་ཅིང་ཇ་གྲར་འགར། །ཆགས་མེད་ངེད་གཉིས་ཕར་བླ་ཚུར་བླ་ཡིན། །དེ་སྐད་ཡང་ནས་ཡང་དུ་གསུངས་པར་མཛད། །འོན་ཀྱང་ཁོང་ནི་ཡོངས་གྲགས་བླ་ཆེན་ཡིན། །གཞན་ཚོས་ཀུ་རེ་ཡིན་ནམ་བསམ་པ་འདྲ། །ཡེལ་པ་མཐར་ཕྱིན་ཞེས་བྱ་དགེ་ཚུལ་ནི། །ཤིན་ཏུ་དབུལ་ཞིང་གོས་ཀྱང་མེད་པ་ཞིག །ཛཾ་ལྷ་དམར་པོའི་དབང་ལུང་བྱས་པ་ཡིས། །དེ་ཕྱིན་གོས་སོགས་ཆས་ཀ་ཇེ་དྲག་བྱུང་། །རི་བོ་ཆེ་བའི་དྲུང་རིམ་ཀུན་འཕེལ་གྱིས། །ཀིང་ཀང་དམར་པོའི་ལུང་དང་ལག་ཁྲིད་ཞུས། །སོག་པོ་དབུ་མཛད་ཅེས་པའི་བླ་མ་ཞིག །ཁ་ཐག་ལ་སོགས་ཕུལ་ནས་གདམས་ངག་ཞུས། །གཞན་ཡང་དྲུང་རམ་པ་དང་བཀའ་བཅུ་པས། །ཡང་ཟློག་ལུང་དང་ལག་ཁྲིད་ཞུས་སོང་ངོ་། །དར་རྩེ་མདོ་པའི་རབ་འབྱམས་ཤེས་རབ་ཀྱིས། །གྲྭ་པ་དགེ་སློང་ཀརྨ་དབང་པོ་དང་། །དྲུང་རམ་པ་ནི་འཕེལ་རྒྱས་ལ་སོགས་པས། །ནག་རྩིས་

p. 126

བསླབ་དགོས་ཟེར་ནས་བདག་གིས་བསླབས། །གོ་བདེ་བ་ཞིག་བྱེད་དགོས་ཟེར་བ་ཡིས། །སྐག་གསུམ་བརྩི་ཐབས་ཞེས་བྱའི་བསྟན་བཅོས་བརྩམས། །དེ་མཐོང་དྲུང་མཚོ་སྨན་མོ་ཆེ་བ་ཡིས། །དར་རྒུད་ལ་སོགས་འགའ་རེ་དགོས་གསུངས་བསླབས། །ཨ་བས་ལ་སོགས་མཁས་པ་མང་ན་ཡང་། །རྩིས་ལ་ཁོ་བོ་མཁས་པར་གྲགས་པ་དང་། །བསྟན་ཆོས་དེ་ཉིད་མང་དུ་འཕེལ་བ་ཐོས། །གྲྭ་ཚང་གྲྭ་སའི་གྲྭ་རུ་འགྲོ་ཚེ་ཡང་། །འགའ་རེས་དབང་ལུང་ཞུས་པའི་རྣམ་ཐར་ཡིན། །རང་ཡང་དབོན་པོ་ཆོས་དྲུག་ཅེས་བྱ་ལ། །སྒར་པའི་བྲིས་མཐའ་ལན་ཚའི་འདེབས་ཁ་བསླབ། །དགེ་སློང་ཡང་ཤེས་དྲུང་ནས་གྲྭ་ཚང་ལུགས། །ས་རིས་ཡང་ནི་གོ་ཆོད་པ་ཞིག་བསླབ། །ཀུན་འཕེལ་དྲུང་ནས་བོད་སྒྲའི་གཞུང་འགྲེལ་དང་། །དགེ་སློང་ཡང་ཤི་དྲུང་ནས་མཚམས་སྦྱོར་བསླབ། །ཨོ་རྒྱན་ཡི་གེ་འགའ་ཡང་བྲི་བར་བྱས། །གྲོང་མཆེད་ཞིག་གིས་ཐང་ཆུང་གཉིས་བྲིས་པས། །ལྷ་ཆེན་སྤྲུལ་སྐུ་ལྷུན་གྲུབ་ཐུགས་དགྱེས་ནས། །རི་མོ་བསླབ་ན་ད་ནི་རྩ་ལེ་གདའ། །ཁྱོད་རང་བསླབ་ན་བསླབ་རོགས་བྱེད་དོ་གསུངས། །མགོན་བླ་བསམ་གཏན་ཞིང་སྐྱོང་སྲོག་འཁོར་སོགས། །གདམས་པ་ཅུང་ཟད་བྱིན་

p. 127

པས་རབ་ཏུ་མགུ། །དགེ་སློང་གླང་པོ་ཚངས་དབྱངས་ལ་སོགས་ཀྱང་། །བསྙེན་སྒྲུབ་མན་ངག་ཁྱོད་འདྲ་མི་འདུག་ཅེས། །གུས་ཤིང་རྟག་ཏུ་གུས་འདུད་དགའ་སྣང་བྱེད། །ཞག་བདུན་མཚམས་བསྡམས་བསྙེན་པ་ཞིག་ཀྱང་བྱས། །དེ་དུས་སོག་པོ་ཁོ་ལོའི་ཆེན་པོའི་བུ། །ཀརྨ་ཐལ་ཇིའི་བླ་མར་བསྐོས་པ་ཡི། །དྲུང་རམ་བཟང་པོ་ཞེས་བྱ་ཕེབས་བྱུང་སྟེ། །རྟ་དང་དར་གོས་འགྱེད་སོགས་ཚན་ཆེན་གདའ། །ཁོང་དང་མཉམ་དུ་ད་རུང་གྲྭ་པ་འགའ། །བཏང་དགོས་པ་ཡི་གྲོས་དང་ཁ་གླེང་དུ། །ཁམས་པ་ཆགས་མེད་འདི་ཉིད་བཏང་བ་ནི། །མི་ཤེས་དགུ་ཤེས་གདུལ་བྱ་རྙེད་ཟེར་སྐད། །ང་རང་ལ་ཡང་ཨེ་འགྲོ་ཟེར་བ་མང་། །སོག་པོའི་བླ་མ་དེ་ཡིས་ང་བོས་ནས། །སོག་ཡུལ་སྐྱིད་རབ་ཨེ་འགྲོ་ཟེར་བའི་དུས་། །བླ་མ་འདི་ལ་ཚིག་ངན་མ་བརྗོད་ན། །སྤྱི་པར་ཞུ་ནས་ང་ནི་ཁྲིད་ལེ་གདའ། །སྤྱི་པས་གསུངས་ན་མི་འགྲོའི་དབང་ནི་མེད། །སོག་ཡུལ་སོང་ན་སྲོག་ཆགས་ཁྲི་ཚོ་འགྲོ། །བསམས་ནས་བདག་གིས་བླ་མ་དེ་ཉིད་ལ། །སོག་པོའི་བླ་མ་བྱེད་ནས་འགྲོ་བ་བས། །ཡང་ན་ཁམས་ཀྱི་རྟོལ་ལེ་གསོད་པའམ། །ལྷ་སའི་ཡ་ཕོ་བྱེད་པ་དགའ་སྨྲས་པས། །བླ་མའི་

p. 128

སྲིན་ཕོག་ཁ་ངོ་དམར་པོར་སོང་། །ལྷ་ཆེན་དང་ནི་མགོན་ཁང་རྣམས་ལ་ཡང་། །ཐོད་པ་གཏུགས་ནས་བདག་ནི་སོག་ཡུལ་དུ། །འགྲོ་མི་དགོས་པ་ཐུགས་རྗེས་ཟུངས་ཤིག་སྨྲས། །དེ་ནས་དཀོན་མཆོག་ཐུགས་རྗེས་འགྲོ་མ་དགོས། །འོན་ཀྱང་སོག་པོ་དབུ་མཛད་དེ་ལ་ནི། །གདམས་ངག་ཟབ་མོ་འགའ་རེ་བསླབ་དགོས་བྱུང་། །དེ་ནས་བླ་མ་ཝ་རྒན་དེ་ཉིད་ལ། །གྲྭ་པ་ཀུན་ཀྱང་དད་ཅིང་རྩི་འཇོགས་ཆེ། །ཡབ་སྲས་དྲུང་ནས་མ་ཐོབ་དབང་ལུང་རྣམས། །དེ་ལ་ཞུ་སྲོལ་གདའ་བས་འགའ་རེ་ཞུས། །ཁོང་གི་བློ་ལ་ཀུན་རིག་བྲག་ནག་མེད། །དཀོར་ཆོག་དབང་ལུང་ཐོབ་སྟེ་བློར་མེད་གསུངས། །དཔེ་ཆོག་མཛད་ནས་དབང་སྒྲུབ་མཛད་པ་ཡི། །ཕྱག་ལེན་ལྟ་བསམ་བསྲུངས་ནས་བསྡད་པ་ཡིས། །ང་རང་རིགས་པ་རབ་ཏུ་རྣོ་བ་དེས། །ཁོང་རང་ཡང་ནི་ཅུང་ཟད་མ་དབེན་ནས། །དབང་འདི་སྒྲུབ་ཚེ་ཁྱོད་རང་ཕྱིར་སྡོད་གསུངས། །ལན་གསུམ་གསུངས་ཀྱང་མ་སོང་བསྲུངས་ནི་བསྡད། །ཅུང་ཟད་མ་མཉེས་ལྟ་སྟངས་ཤིག་མཛད་ནས། །གྲེ་གུང་དེ་ནས་སུམ་བྷ་ནི་གསུངས་པས། །བདག་ནི་རང་དབང་མེད་པར་རླུང་ཁྱེར་ལྟར། །ཕྱི་ལོག་རྒོ་རྒྱབ་དེ་རུ་འགྲོ་དགོས་བྱུང་། །ཡར་ཤོག་མ་

p. 129

གསུངས་བར་དུ་འགྲོ་མ་ཕོད། །ནུས་པ་ཆེ་བར་འདུག་སྙམ་ངེས་ཤེས་སྐྱེས། །ལར་ནི་ཁོང་ལ་གྲྭ་པ་ཟོག་ལོ་མེད། །དབང་ཞུ་ནམ་བྱུང་ང་ལ་ངག་བྱེད་ནས། །གཏོར་མ་བདག་གིས་བཅའ་ཞིང་མཆོད་གཡོག་བྱེད། །གྲོང་ཆོག་གྲྭ་པ་འགའ་ལ་འགྲོ་རོགས་དགོས། །བདག་ལ་ཐུགས་བཏགས་ཐུགས་རྩིས་ཆེ་བ་ལ། །ཁོང་གི་ལིང་ག་ཆུང་ཆུང་འགའ་བྲིས་ནས། །ང་ལ་བཅའ་བཅུག་ཁྱི་གཟུགས་ནང་དུ་བཅུག །དམར་གཏོར་ཆུང་ཆུང་མང་པོ་བཅས་པ་ནས། །ཞག་འགའི་བར་དུ་ནུབ་མོ་རྔ་རྡུང་མཛད། །དེ་ནས་ཟླ་ཕྱེད་ཙམ་ཞིག་སོང་བ་དང་། །བླ་མའི་ཞལ་ནས་ཉིན་ཞིག་འདི་སྐད་གསུངས། །སྔ་མོ་ང་ལ་འགྲས་པའི་དཔོན་རིགས་ཤིག །ཐམས་ཅད་ཤི་ནས་ཡུགས་ས་མ་གཅིག་ལུས། །ཡུགས་ས་མ་དེས་ང་ལ་ཆ་ངན་བཏང་། །ཁྱོད་ལ་མཐུ་ནི་ཡོད་པ་ག་ལ་བདེན། །ང་ནི་ད་རུང་མ་ཤི་ཡོད་ཟེར་བས། །ད་རེས་ཞག་བར་ཏྲཀཱད་རྦད་པ་ཡིན། །ང་ཡིས་ཞག་བདུན་དེ་བས་དགོས་མི་སྲིད། །ད་རེས་བདུན་གཉིས་སོང་ཡང་རྟགས་མ་བྱུང་། །ང་ལ་འགྲོས་ཚད་མ་བརླག་གཅིག་ཀྱང་མེད། །དཔོན་མོ་འདི་ལ་སྔར་ནས་དབང་འགའ་བསྐུར། །དེ་དོན་ཡིན་ནམ་ཅི་ཡང་འོང་མ་ཐུབ། །

p. 130

འདི་ལ་ཁྱོད་ཀྱིས་མཐུ་ཞིག་བྱེད་རོགས་གྱིས། །གོས་སོགས་གང་ཕན་ཁྱོད་ལ་སྦྱིན་ནོ་གསུངས། །ཀྱེ་མ་བདག་གིས་དགེ་སློང་སྡོམ་པ་ཞུས། །འདྲེན་ནི་མི་ཐུབ་ལྟུང་བ་ཕོག་ཞུས་ནས། །ཆོ་འཕྲུལ་འདྲ་ཞིག་བྱས་ན་ཨེ་ཆོག་ཞུས། །མི་ཆོག་སྲོག་ལས་རང་ཞིག་མཛོད་དང་ནི། །འདྲེན་ཐུབ་པ་ནི་ང་རང་ཁག་ཁྱག་གསུངས། །དེ་སྐོར་ཟ་དམ་གཉེར་ཆེན་ཞལ་ངོ་ཡིས་། །བོས་ནས་ཇ་བླུད་གྲོས་ཤིག་ཡོད་དོ་གསུངས། །སྡེ་དཔོན་འདི་ཡིས་གཉོམ་ཆུང་ང་འདྲ་ལ། །བཀའ་གྲོས་གར་ཡོད་བཀའ་བཀྱོན་ཡོད་དམ་སྐུག །མཁར་རྩེའི་རྫོང་དཔོན་འདི་དང་མ་དུམ་པས། གྲྭ་ཚང་འདི་ན་དོ་བསྡོས་ཕོད་བཙུགས་པས། །ཁྱོད་ཀྱིས་འདི་ལ་མཐུ་ཞིག་གྱིས་དང་ནི། །མཚམས་འདྲ་དགོས་ན་མཚམས་རྒྱགས་ཅི་དགོས་སྤྱད། །གོས་ལ་སོགས་པའི་གནང་སྦྱིན་བྱེད་དོ་གསུངས། །བདག་ནི་ཆོས་ཤིག་བསམས་ནས་འདི་ན་འོང་། །དགེ་སློང་ཡིན་པས་སྲོག་བཅད་སྡོམ་པ་འཆོར། །ཞུས་པས་བསྟན་པའི་དོན་ལ་སྐྱོན་མེད་ཚུལ། །ཆོས་བཤད་རྒྱ་ཆེན་ཀླད་པ་ལྕེ་ཡིས་བསྐོར། །རྗེས་སོགས་དགོས་ཚུལ་མང་པོ་སྨྲས་ན་ཡང་། །ཤར་གླིང་བླ་མ་འདིས་པའི་རྫས་ཁུག་ན། །མེད་པ་མི་གདའ་ད་ནི་ཅི་དྲག་

p. 131

སྙམ། །ཤེས་རེ་ཟེར་བས་ད་ནི་བྱེད་རྒྱུ་མེད། །དེ་སྐོར་དྲི་མེད་ཟེར་བའི་བན་ཆུང་ཞིག །ཁོ་ཡི་མ་དེ་ཁྱིམ་མཚེས་ཤིག་གིས་བརྡུངས། །འདི་ལ་ཁྱོད་ཀྱིས་མཐུ་ཞིག་བྱེད་རོགས་གྱིས། །ཡང་ན་ངན་སྔགས་ཤིག་ནི་ང་ལ་སློབ། །ཁྱོད་རང་ཆགས་ཕྱིར་གང་ཕན་ངས་བསྒྲུབ་ཟེར། །དེ་དག་རུང་ངམ་བྱས་ན་རྟགས་འོང་ངམ། །བརྟགས་པས་གངས་རི་ཆེན་པོ་ཞིག་ལ་ནི། །འབྱར་བའི་བྲག་རི་ཆུང་ངེ་བ་ཞིག་ནི། །བདག་གིས་གཟུ་བ་ཨེ་ཐུབ་ཚད་པ་ཡིས། །རྫོག་ན་རྫོག་མ་རག་ལ་འདུག་པ་དང་། །ར་ཞིག་བདག་གིས་གསོད་ཤོམ་བྱས་པ་ལ། །ཀྱེ་མ་བདག་ནི་དགེ་སློང་ཡིན་པ་ལ། །ར་ནི་གསོད་དགོས་ལས་དོན་ཅི་ཡིན་སྙམ། །རྒྱལ་བའི་དབང་པོས་ཁྲོམ་ནི་མང་པོའི་ནང་། །ང་ཡི་ངོ་ལ་ཆེད་དུ་གཟིགས་ནས་ཀྱང་། །སྤྱན་ཆབ་སྔོ་དང་ཉིལ་གྱིས་བཏང་བ་རྨིས། །བྱས་ན་རྟོགས་ཚོ་མྱུར་དུ་ཐོན་འདུག་སྟེ། །ང་ལ་ལྟུང་བ་ཚབས་ཆེན་ཕོག་པར་གོ །སྣ་ཚོགས་ཐབས་ཀྱིས་དེ་དག་མ་བྱས་པས། །བླ་མ་གཉེར་པ་མི་དགྱེས་མ་ཤོར་ཏེ། །བན་ཆུང་ཁྲོས་ནས་ཁ་ཡང་མི་བསྲེའོ། །གོས་དང་ཆོས་ཀ་མེད་ནས་ཨུས་ཐུག་ཀྱང་། །རྒྱུ་འབྲས་རྣམ་སྨིན་འཛེམས་པའི་རྣམ་ཐར་

p. 132

ཡིན། །དེ་བཞིན་ཕྱི་རབས་བདག་གི་གྲྭ་པ་རྣམས། །དྲག་སྔགས་ཤེས་ཤིང་ནུས་མཐུ་ཡོད་ནའང་། །རྒྱུ་འབྲས་རྣམ་སྨིན་སོམས་ལ་དམན་ས་ཟུངས། །དེ་སྐོར་ཟུར་མང་བ་དང་དྲུང་པ་ཡི། །གྲྭ་རིས་ཨར་སྐྱོ་མང་དུ་བྱུང་བ་ལ། །ཆས་ཀ་མེད་ཀྱང་རྩམ་ལྷག་བསོགས་པ་ཡི། །ཆང་སོགས་ལུགས་དང་མཐུན་པའི་གཞི་ལེན་དང་། །མཇལ་ཁ་ལ་སོགས་ལྷ་ཡིས་མ་ཁྲེལ་བྱས། །ཇོ་རུ་ཤི་བའི་སྐད་ཆ་བྱུང་བ་ལ། །དགེ་སློང་དྲུག་ཅུ་ཙམ་ལ་སྨོན་ལམ་ཇ། །རྒྱལ་ཚབ་པ་ལའང་སྙན་འདེབས་ཐེངས་བར་བྱས། །སྒྲིགས་དང་མི་མཐུན་སློབ་གཉེར་མི་བྱེད་རྣམས། །དགོངས་པ་ཞུས་ན་མྱུར་དུ་གནང་སྲོལ་གདའ། །སྒྲིགས་མཐུན་སློབ་གཉེར་བརྩོན་པའི་གྲྭ་པ་ནི། །དགོངས་པ་ཞུས་ཀྱང་མི་གནང་ཀ་ནན་ཆེ། །བདག་ནི་གོས་ཡང་ཧ་ཅང་མེད་པ་དང་། །སྐུལ་མ་བྱེད་པར་གསུངས་ཀྱང་དྲུང་པ་འདས། །ཕ་ཡུལ་དུས་ལོག་མ་ཡང་གར་འཁྱམས་མེད། །ནུ་བོ་དེ་ཡང་གཞིས་ངན་འབྲེལ་དོགས་དང་། །སློབ་དཔོན་དྲིན་ཆེན་དེ་ཡང་མཇལ་འདོད་པས། །དགོངས་པ་ལན་མང་ཞུས་ཀྱང་གནང་མ་ཉན། །རྩིས་བྱས་ང་རང་རླུང་རྟ་དར་དུས་སོང་། །དུས་ཚོད་རྩིས་ནས་ཞུས་པས་འདོད་བཞིན་གནང་། །དེ་ལ་

p. 133

གྲོགས་མཆེད་འགའ་རེས་ངོ་མཚར་བྱས། །ལ་ལ་འགྲོ་ཇ་མེད་པར་ལྐོག་འགྲོས་བྱེད། །ལ་ལས་ཡོད་ཀྱང་མི་བྲ་ཁྱེར་ནས་འགྲོ། །ང་ཡིས་དགེ་འདུན་ཁམ་ཆེན་འདི་འདྲ་བའི། །ཞལ་དུ་ཐེང་ན་དེ་བས་ལྷག་མེད་བསམ། །གང་ཡོད་ཆེས་ཀ་བཙོང་ནས་འགྲོ་ཇ་བརྒྱབ། །ཕྱག་འཚལ་སྤོས་སྐོར་ལ་སོགས་བྱས་ཚར་ཏེ། །དེ་བར་གཉེར་ཆེན་དེ་ཡིས་མ་གསན་ཟིན། །རིན་པོ་ཆེ་ལ་སོང་ནས་ཁམས་པ་འདི། །གྲྭ་ཚང་འདི་ལ་མཁོ་བའི་མི་ཞིག་རེད། །དགོངས་པ་གནང་བ་མ་ཉན་ཞུས་སྐད་ཐོས། །འོན་ཀྱང་འགྲོ་ཇ་སོགས་ཚར་གསུང་བློ་མིང་། །རིན་པོ་ཆེས་ཀྱང་ང་ལ་སྙེད་བཏགས་ནས། །སླར་ཡང་དགོངས་པ་བཀག་པར་བྱེད་དགོངས་ནས། །བཀའ་གསུང་འགའ་རེ་བྱས་ནས་བྱུང་བ་ཡིས། །ཚིག་ལན་འཇམ་པོ་ཞུས་པས་ཐབས་མ་རྙེད། །དེ་ནས་མཚུར་ཕུར་ཡབ་སྲས་ཕྱག་འབུལ་སོང་། །རྒྱལ་བའི་དབང་པོ་སྐུ་མཚམས་དམ་པོར་གདའ། །རྒྱལ་ཚབ་པ་ལ་ཕྱག་དབང་ཞུ་ཞོར་ལ། །ཁམས་ནས་ཨ་ནུའི་བུ་ཆེན་པདྨ་འཕེལ། །ང་ནི་བསུ་ཕྱིར་ཡིན་ཟེར་ཡོད་པ་སྟེ། །ཁོང་གིས་ཆོས་དྲིན་ལ་ཕྱིར་འགྲོ་བར་གདའ། །དེ་ནས་ཁམས་སུ་འགྲོ་རོགས་སུ་མ་རྙེད། །ཀོང་པོར་འཇའ་

p. 134

ཚོན་སྙིང་པོ་མཇལ་འདོད་ཀྱང་། །དེ་རུ་སོང་ན་བེར་ཆད་འོང་རྟགས་བྱུང་། །བླ་མ་ཝ་ལ་དགོངས་པ་ཞུས་པ་ཡིས། །དམ་པའི་རྡེའུ་མོ་རྟེན་འབྲེལ་ཞིག་མཛད་ནས། །སྔགས་པའི་བུ་ལ་འདི་ཙམ་ལུས་འོང་ཡང་། །རྟེན་འབྲེལ་བཟང་པོ་མགོ་ཐོན་གདུལ་བྱ་རྒྱས། །ཞེས་གསུངས་ལུང་བསྟན་དགེ་རྒན་རྒྱལ་རང་པས། །ཁྱོད་ཀྱི་འགྲོ་ང་འོང་ནུབ་རྨི་ལམ་ན། །ཁྱོད་ལ་གདུལ་བྱ་ཆེན་པོ་འོང་ངོ་གསུངས། །གྲོགས་མཆེད་ཁམས་འགྲོས་པ་རྣམས་སྟག་ལུང་དུ། །སོང་ཚར་འགྲོ་རོགས་སུ་ཡང་མ་རྙེད་པས། །ཨ་སྐྱོ་སྒྲུང་མཁན་ཞིག་ལ་ལམ་ཆོས་རྣམས། །ཁུར་བཅོལ་འོང་བས་སྤྱི་པས་རྫོངས་བ་དང་། །མཆེད་གྲོགས་རྣམས་ཀྱིས་ཇ་ཆང་སྐྱེལ་མ་དང་། །གྲོགས་མཆེད་གཉིས་ཀྱིས་ཚུགས་གཅིག་བར་བསྐྱལ་ནས། །ང་ལ་ཕྱག་འཚལ་བྱིན་རླབས་ཞུས་ཏེ་སོང་། །དགོན་ལ་རྒྱང་ནས་ཕྱི་ཕྱག་སྨོན་ལམ་ཞུས། །དེ་ནས་སྔགས་པ་ཞིག་གི་གཡུལ་ཁ་ཡི། །ཁེབ་ཞབས་ཤིག་ཏུ་བསྡད་པའི་དགོང་མོ་ལ། །སེར་བ་ཆེན་པོ་ཞིག་ནི་བྱུང་བ་ལ། །སྔགས་པས་གཏོར་མ་ཟོར་སོགས་མང་པོ་འགའ། །ང་རང་ཡོད་པའི་མདུན་དེར་འཕང་ཞིང་སྔགས། །རེ་རེ་འཕེན་དུས་སླར་ཡང་ཐུ་བ་འདྲ། །སེར་ལུད་ས་ཆ་ཐམས་

p. 135

ཅད་དུང་མདོག་བྱས། །ལོ་ཏོག་ལའང་ཧ་ཅང་མ་དོགས་ཟེར། །དེ་ནས་སྔགས་པ་ཡུད་ཙམ་རྒྱལ་སོང་ཟེར། །ཡོན་བདག་མ་དེ་ངུ་ཞིང་མདུན་དུ་བྱུང་། །བདག་གི་པད་ཞྭ་ཕྱིང་ཁུག་ལ་སོགས་པ། །ཤར་ཁ་བ་ཡི་ཆས་སུ་བརྫུས་ནས་ཡོད། །ངེད་ཚང་སྔར་ནས་ཡུལ་འདིའི་སེར་སྲུང་ཡིན། །ད་ལོ་འདི་འདྲ་འོང་ནི་མ་མྱོང་བ། །སྔགས་པ་འདས་རྒྱུ་ཨེ་ཡིན་ཟེར་ཞིང་འདུག །སྔགས་པས་སེར་བའི་སྔགས་ནི་མི་དགོངས་དོ། །རང་ག་དྲག་སྔགས་བཏོན་པས་གར་ཐུབ་སྨྲས། །དེ་མ་ཐག་ཏུ་ང་ཉིད་ཁྱིམ་དུ་བོས། །སེར་བའི་གདོང་ཟློག་སྔགས་དེ་བསླབ་པ་ཡིས། །ལམ་ཆེས་ཕན་པའི་མར་དང་རྩམ་པ་བྱུང་། །དེ་ནས་ལམ་དེར་ཡུན་རིང་འགོར་བ་དང་། །ལམ་ཆས་རྣམས་ཀྱང་བསབ་སེ་བ་བྱུང་སྟེ། །དབུས་པའི་ཚོང་དཔོན་ལ་སོགས་འགའ་རེ་ཡིས། །མོ་ཐོབ་ཟེར་བས་དཔེ་མོ་བཏབ་པ་དང་། །རྩིས་ཀྱི་རྣོ་གཏོང་བསྦྲགས་ནས་བཤད་པ་ཡིས། །སྔ་གཏོང་ཐམས་ཅད་མངོན་ཤེས་འདྲ་བ་བྱུང་། །ཇ་མར་རྩམ་པ་ལ་སོགས་མང་དུ་བྱུང་། །འབྲི་གུང་ཞབས་དྲུང་མཇལ་ཏེ་ཕྱག་དབང་ཐོབ། །དབུ་རུ་ཞཱ་ཡི་ལྷ་ཁང་ཞིབ་པར་མཇལ། །སྐྱེས་བུས་རྒྱ་ནག་ཡུལ་ནས་ཁྱེར་འོང་བའི། །རྡོ་

p. 136

རིང་དང་ནི་སྒོ་ཡི་རུ་བཞི་རྣམས། །རྡོ་ལ་བྱས་ཤིང་ཁྲོ་ཆུས་འཛེར་ལ་སོགས། །རྡོ་རྗེ་ལེགས་པས་བཟོས་པ་འགའ་དང་ནི། །ཀླུ་ཡི་ཁ་གནོན་མཆོད་རྟེན་ལ་སོགས་འདུག །འབྲི་གུང་མཐིལ་ནི་རྒྱང་མཇལ་ཙམ་ཞིག་བྱས། །དེ་ནས་དབུས་པ་དང་འགྲོགས་བྱང་ལམ་བརྒྱུད། །ཕ་བོང་ཆེན་པོ་གུར་ཙམ་ཞིག་གི་རྩར། །བསྡད་ནུབ་སྒྲུང་མཁན་ཕཊ་ཤར་མང་དུ་བྱེད། །ཁྱོད་ཀྱིས་ཡི་གེ་ཡང་ནི་མི་ཤེས་པར། །ས་གཉན་འདི་ཚོར་ཕཊ་ཤར་ཅི་ཡིན་སྨྲས། །ང་ཡི་ཐུགས་རྗེ་ཆེན་པོའི་གཅོད་ཡིན་པས། །ཡིག་དྲུག་མ་གཏོགས་འདོན་པ་ཤེས་མི་དགོས། །དམིགས་པ་ཡོད་ཟེར་ཕཊ་ཤར་རྣ་བ་ཚ། །ཁྱོད་རང་ཕར་གྲིབ་དེ་ན་སོང་ལ་ཉོལ། །ཡ་གིར་ཁྱོད་རང་ལོ་ཐོག་ཤར་དེ་ན། །གནམ་སྒྲོན་གཤིན་རྗེའི་མཆེ་བ་འདུག་གོ་སྨྲས། །དེ་ཙམ་རྣམ་རྟོག་ང་ཡིས་མ་ཆོད་ན། །ཟེར་ཞིང་སླར་ཡང་ཕཊ་སྒྲ་མང་དུ་བྱེད། །ནམ་ཕྱེད་ཙམ་ལ་ཕོ་ལྷོག་ན་ནས་འདུག །ཡར་ལངས་ཆུ་བསྐོལ་སྔགས་ནས་འཐུང་དུ་བཅོལ། །ཕྱིར་ནངས་སྒར་རྗེས་འགྲོ་ནུས་ཙམ་ཞིག་བྱུང་། །དེ་ལྟར་གཅོད་དམིགས་ལེགས་པོ་མི་ཤེས་པར། །ས་གཉན་རྣམས་སུ་ཐོ་ཅོ་མི་རུང་བས། །དེ་ཡང་ཀུན་གྱིས་ཡིད་ལ་བཞག་པར་མཛོད། །

p. 137

ནས་སྒྲུང་མཁན་ཕ་མ་བུ་གཉིས་དེ། །ཨ་སྐྱོ་ལྟོགས་པ་རེད་པས་ཟ་རེམ་ནས། །ང་ཡི་རྒྱགས་རྣམས་བྱང་པ་སྟོང་པར་ཆད། །རྩམ་ལྷག་ཇ་མོར་ཅུང་ཟད་འདུག་པ་དེས། །བརྔན་བསང་བརྡ་མཚོན་ཙམ་ཞིག་བྱས་པའི་ནུབ། །དངོས་གྲུབ་འོང་བའི་རྟགས་ཀྱི་རྨི་ལམ་མཐོང་། །ཕྱིར་ནངས་བུ་ཆུང་ཨ་སྐྱོ་བ་ཞིག་གིས། །ཁྲེལ་པོ་ཁུར་རོགས་གྲྭ་པ་བྱེད་པ་དང་། །ལམ་རྒྱགས་རྣམས་ཀྱང་དེ་ཡིས་སྦྱིན་པར་བྱས། །དེ་ལྟར་ལྷ་དང་སྲུང་མ་རྣམས་ལ་ཡང་། །གསོལ་མཆོད་བྱས་ན་དངོས་གྲུབ་འཕྲལ་ཉིད་དུ། །འོང་བ་དེ་ཡང་ངོ་མཚར་ཡིད་ཆེས་བྱུང་། །དེ་ནས་ནུབ་ཅིག་དྲུང་པ་རིན་པོ་ཆེ། །ཞལ་རས་ཤིན་ཏུ་ནག་པ་ཞིག་མཇལ་རྨིས། །ཕྱིར་ནངས་ཨ་སྐྱོ་བཅོ་བརྒྱད་ཙམ་ཡོད་པ། །ཕར་ཆེར་ཧོར་གྱི་ཇག་པས་བླངས་ན་ཡང་། །ང་ཡི་པད་ཞྭ་ལ་སོགས་ལ་བལྟས་ནས། །མི་ལན་ངེད་ལ་བསམ་ངན་མ་བཟུང་ཟེར། །དེ་དུས་ཨ་སྐྱོ་ཀུན་གྱིས་ཁོ་བོ་ལ། །ཨ་སྐྱོ་སྤྱི་ཡི་བསྟན་པ་ལ་ཕན་པས། །མཐུ་ཞིག་བླ་མ་ཁྱེད་ཀྱིས་མཛད་དགོས་ཟེར། །ལ་ཁར་ལ་བཙས་ཤིན་ཏུ་འཇིགས་པ་གདའ། །འདི་ལ་བདག་གིས་གདམས་ངག་ཅིག་བྱས་ན། །དེ་ཚེའི་རྟ་ལིང་སྤང་ལ་ཕོ་ཆོག་སྟེ། །

p. 138

ང་ནི་དམྱལ་བ་ལ་སྐྲག་མི་བྱེད་སྨྲས། །དེ་ལྟར་གཞན་གྱི་ངོ་བསྟོད་ལ་ཉན་ནས། །འཕྱོར་འཕྱོར་བྱེད་ནས་དོན་མེད་མཐུ་སོགས་ཀྱིས། །ངན་སོང་ས་བོན་བསྒྲུབ་པར་མི་བྱ་སྟེ། །བནྡེ་གནས་སྐོར་བ་རྣམས་ཡིད་ལ་ཞོག །དེ་ནས་ཧོར་གྱི་དབང་ལུའི་སྡེ་རྣམས་ལ། །སོག་པོས་མི་ནི་བརྒྱ་ལྷག་ཙམ་བསད་ཅིང་། །རྟ་ནོར་ཐམས་ཅད་སོག་པོ་ལ་ཤོར་ནས། །མི་རྣམས་ཐམས་ཅད་དམག་ལ་སོང་ཤུལ་ཕྱིན། །ངེད་ཅག་ཨ་སྐྱོ་བ་ནི་བཅོ་བརྒྱད་ཙམ། །རབ་འབྱམས་པ་སོགས་དགེ་སློང་བདུན་ཡོད་པ། །ཞག་མ་ཉི་ཤུ་དབུས་པ་མ་བྱུང་བར། །ཆོ་ག་འདོན་རོགས་བྱེད་ན་རྟ་སྦྱིན་ཟེར། །སོག་དོགས་ཆེ་བར་འདུག་པས་མ་བསྡད་ཅིང་། །ངེད་རྣམས་ལྡོམ་བུ་བྱེད་འགྲོ་སྨྲས་པ་ཡིས། །དགེ་སློང་ཀུན་གྱིས་བསྔོ་བ་ཁྱོས་གྱིས་ཟེར། །བདག་གིས་དགེ་སློང་རྣམས་ཁྲིད་ཇ་ཚེ་ཙམ། །ལྡོམ་བུ་བྱས་པས་མར་ཐུད་ཆུར་བ་རྣམས། །ཁྱག་ཚད་བྱུང་ཞིང་མི་ཤི་ས་འགའ་ནས། །མར་ཤེ་དམ་དུམ་མང་དུ་འབུལ་བ་བྱུང་། །རི་བོ་ཆེ་རུ་སྤྲུལ་སྐུ་ཚང་མ་དང་། །གསོལ་ཇ་དཔོན་དང་གྲོགས་མཆེད་འགའ་རེས་ཀྱང་། །བཟང་ཇ་མང་དྲངས་ལམ་ཆེས་བསྐུར་བ་དང་། །འཇང་ལྷམ་རས་ཀྱི་འབོལ་བུ་ཞིག་ཀྱང་

p. 139

བྱིན། །ཟས་མདར་མ་སླེབས་བར་དུ་ཤར་ཀའི་ཆས། །དེ་ནས་སྦེ་བེ་ནང་དུ་སྦས་ཡོད་པའི། །གཟན་ཤམ་ཞྭ་ནི་ཁ་གང་མ་ལ་སོགས་། །བླ་མའི་ཆ་ལུགས་བྱས་ཤིང་ཡོན་བདག་གིས། །རྟ་གཡར་ཨ་མའི་སྒོ་ཙར་ཕྱིན་པ་ཡིས། །ཨ་དབྱིས་ངོ་མ་ཤེས་ཏེ་སུ་ཡིན་ཟེར། །སློབ་དཔོན་ནུ་བོ་ལ་སོགས་གཞི་བྱེས་འཛོམས། །དབུས་གཙང་གྲྭ་ས་འཁོར་བའི་རྣམ་ཐར་ཡིན། །དེ་ནས་སློབ་དཔོན་ཨ་ནུ་པད་དབང་གིས། །ད་ནི་རེ་ཞིག་རི་ཁྲོད་མ་ཐོན་བར། །མཁར་གྱི་རྩེ་ཡི་ལྷ་ཁང་འདི་ལ་བཞུགས། །དབེན་ལེ་ལ་ནི་རི་ཁྲོད་ཅིག་དང་འདྲ་། །རྗེས་ཀྱང་འུར་ཞོག་ཡང་ཡང་འོང་འདུག་པས། །ལྷ་ཁང་འདི་ནི་ཁྱོད་ལ་འབུལ་ལོ་གསུངས། །དཔོན་རྒན་ཚེ་དབང་རྣམ་རྒྱལ་དེ་ཡིས་ཀྱང་། །ལྷ་ཁང་འདི་ནི་ང་ཡི་ཐོབ་སྐལ་ཡིན། །བཞུགས་ས་དང་ནི་སེར་གླ་བཞག་ས་ལ། །ལྷ་ཁང་འདི་ནི་འབུལ་ལོ་རྒྱུན་དུ་སྨྲས། །འོན་ཀྱང་ཕ་ཡུལ་སྤང་ན་ཆོས་ཕྱེད་འགྲུབ། །སྐྱེས་པའི་ཡུལ་འདིར་མི་འདུག་རྒྱུན་དུ་བསམ། །གཙུག་ཕུའི་སྒྲུབ་སྡེ་འདུག་འོས་ཡོད་ན་ཡང་། །བླ་མ་རིག་རལ་འདུག་དོགས་ཁྲོ་ཚུལ་བསྟན། །རྨོ་ཡི་གཟིམས་ཁང་ནང་དུ་འདུག་འོས་ཀྱང་། །ཟུར་མང་བ་ཡི་བཀའ་མེད་

p. 140

སྟབས་མ་བདེ། །ཉ་རོང་ནང་དུ་འདུག་གམ་བསམ་ན་ཡང་། །རིན་རྒྱལ་གྱིས་ནི་རི་རིག་ཆོས་ཁོ་བསྒག །ས་སྒང་སྡེ་པས་སྤོམ་ནེར་སྡོད་གསུངས་ཀྱང་། །ཨ་ནུས་བགགས་ནས་དེ་ཡང་སྟབས་མ་བདེ། །ཐམ་ཁའི་རྒན་གསུམ་འགའ་རེས་རེ་ནེ་ཡི། །ཆོས་རྗེར་བཀོད་འདོད་ཟེར་རན་བྱུང་ན་ཡང་། །ཀརྨའི་བན་དཔོན་འགའ་རེས་བཀག་པ་ཐོས། །སྟོང་དཔོན་སྡེ་པས་ཆུ་བར་སྡོད་གསུངས་ཀྱང་། །ལྐོག་ནས་རིན་རྒྱལ་གྱིས་ནི་སྟོང་དཔོན་བཀག །རྨི་ལམ་ངོམ་རྒྱལ་གྱིས་ཀྱང་ར་མདའ་བྱུང་། །ལྷོ་རུ་གཡོ་སྨད་རི་ཁྲོད་ཚོར་སོང་ཡང་། །རྨི་ལམ་ངོམ་རྒྱལ་རྟགས་བྱུང་དངོས་སུ་ཡང་། །ལྷོ་རུ་བ་ཡིས་བགགས་ནས་སྟབས་མ་བདེ། །སློབ་དཔོན་ཞལ་ནས་དཔལ་རི་རྩེ་འདི་ན། །རི་ཁྲོད་ཅིག་ནི་བཟོ་བར་མི་བྱེད་ན། །དམ་ཚིག་ཆག་གསུངས་རི་ཁྲོད་བྱས་པ་དང་། །གར་ཡང་སྟབས་མ་འགྲིགས་པས་འདི་ན་ལུས། །ཕ་ཡུལ་ཆགས་ཞེན་སྤངས་བའི་རྣམ་ཐར་ཡིན། །རྨོ་རུ་གཉེར་པ་ལྷ་སྐྱབས་ཀྱིས་བོས་ནས། །གཞི་ལེན་སྟོན་མོ་བྱས་ཤིང་སྐུ་འདྲའི་མདུན། །ཚོགས་འཁོར་བྱས་པས་བྱིན་རླབས་བབ་ཆེ་ཞིང་། །བདེ་གསལ་མི་རྟོག་ངང་ལ་འབྱམས་པར་གྱུར། །སྐུ་ཚབ་དྲུང་དུ་ཆོས་དབང་ཀུན་བཟང་

p. 141

དང་། །དོན་གྲུབ་གཉིས་ཀྱི་སྐུ་ཕུད་དག་ཀྱང་ཕུལ། །ཨ་ནུ་གཅོད་པའི་གདན་འབེབ་བཞུགས་དགོས་གསུངས། །ཟླ་གཉིས་ཙམ་ཞིག་དེ་རུ་མཚམས་བྱས་ནས། །གཉན་ཤིང་གནས་དེར་རྒྱུན་དུ་སེར་བ་རྒྱབ། །གནས་བསྟོད་བྱས་པས་དེ་ནས་སེར་བ་ཆད། །བར་སྐབས་དབང་ཀ་རྗེས་གནང་མང་པོ་དང་། །ལྡོམ་བུ་གྲོང་ཆོག་ལ་སོགས་ཅི་བདེར་འགྱེད། །མཁར་གྱི་ལྷ་ཁང་ནང་དུ་ཟླ་གཉིས་ཙམ། །མཚམས་གྱི་ཁུང་ནས་རིན་རྒྱལ་ས་རིས་ཁྲིད། །ཆོས་དྲུག་དམིགས་ཐུན་རེ་ཡིས་ཐུགས་དམ་བྱས། །བར་སྐབས་ཡིད་གཅུས་ནད་ནི་ཐུ་མོ་ཡིས། །འཆི་བར་འདུག་སྙམ་སེམས་ངོ་ཨུ་ཚུགས་ཀྱིས། །བོགས་སུ་ཐོན་ཅིང་སྨན་དང་སྔགས་ཀྱིས་ཕན། །དཔལ་རིའི་རི་ཁྲོད་དང་པོ་རྨིང་བཏིང་ཉིན། །ནམ་ཡང་མེད་པར་དེ་ཉིན་ཕོ་རོག་ཅིག །བྲག་མགོ་དེར་བབ་ཡུན་རིང་བསྡད་པ་ནི། །རྟེན་འབྲེལ་ལྷ་རྟགས་མགོན་པོའི་སྲུང་རྟགས་ལགས། །དེ་ནས་རིམ་གྱིས་ཕོ་རོག་ཕལ་ཆེར་འཁོར། །འགྲོས་འགྲིམ་འགྲོ་ལ་བསུ་སྐྱེལ་ཚུལ་ཡང་བྱས། །མགོན་པོའི་མདོས་ཆེན་བཅའ་རུ་སོང་ས་རུ། །མཛོ་ཞིག་བཤས་སོང་བ་ཡིས་རྐྱེན་བྱས་ནས། །གྲོང་ཆོག་བྱེད་རིང་ལོ་གྲངས་བཅུ་གསུམ་བར། །

p. 142

ཚོགས་ཤ་ཙམ་ཡང་ཟ་བར་མ་བྱས་སོ། །རླུང་རྩི་དགོས་ཟེར་དུས་ཀྱང་རུས་ཁུ་བཏང་། །ཐུ་མོ་ན་དུས་ཚོགས་ཤ་ཚོང་དུས་ཤ །ཞག་བར་ཐུག་རྡོར་བཏང་ཞིང་ཕན་ནས་བཅད། །གྲྭ་སར་འདུག་དུས་སྒྲིགས་དང་རྣམ་བཞག་གིས། །གྲྭ་པ་བླ་མ་ཁྲལ་འདོན་མ་ཡིན་པར། །རང་གི་སྤྱོད་པ་སངས་རྒྱས་བསྟན་པ་དང་། །མཐུན་པའི་མིག་ལྟོས་གྲྭ་ས་ཡིན་པའི་ཕྱིར། །རང་གི་ཆོས་འདི་རང་གི་སེམས་ལ་བཅོལ། །བུད་མེད་རྒྱང་བསྲིང་ཚོགས་ཆང་ཙམ་མ་འཐུང་། །ཝས་གཅིག་པ་ཡི་ཕན་ཡོན་མདོ་མཐོང་བས། །དཀར་གྲོ་གདན་གཅིག་ཁོ་ན་མཐར་ཐོན་དང་། །ཆབ་ལེན་ལྷམ་ཕུད་དང་བ་འདྲེན་པར་བྱས། །དེ་ཡང་ཇོ་བརྫུ་མི་སྡུན་མ་ཡིན་པར། །སངས་རྒྱས་བསྟན་པའི་རྩ་བ་འདུལ་ཁྲིམས་ཏེ། །འདི་ཉིད་གཙང་མ་འཆི་ཁ་བློ་བདེ་བ། །དེ་འདྲ་ཞིག་ལ་དམིགས་རྩེ་གཏད་པར་བྱས། །ཕྱི་རབས་གྲྭ་པ་བརྗེ་སྒྲིགས་འགྲིམས་རྣམས། །དེ་ལྟར་སྒྲིགས་དང་གྲྭ་སའི་ཁྲིམས་རྣམས་ནི། །དེ་ན་འདུག་ཚེ་ཁོ་ན་མ་ཡིན་པར་། །རང་གིས་རང་ལ་དེ་ལྟར་བཅའ་ཁྲིམས་སྡོམས། །དེ་ལྟར་བྱས་ན་ཆོས་མགོ་ཐོན་པ་ཡིན། །དེ་ལྟར་སྤྱོད་པ་འདུལ་བ་སོར་བཞག་འདི། །ཇོ་བརྫུ་མ་ཡིན་ཤཱཀ་ཐུབ་དགོངས་པ་

p. 143

ཡིན། །སྔས་སྤངས་ཙོག་པུ་དག་ཀྱང་ལོ་གསུམ་བྱས། །འོན་ཀྱང་དེ་ནི་མི་སྔོན་མཛེས་ཙམ་ལས། །ཕན་ཡོན་དགོས་ཁྱད་ཆེ་བར་མི་གདའ་བས། །དེ་ལྟར་སེང་གེའི་ཉལ་སྟབས་བྱས་པ་སྟེ། །འདི་ནི་མདོ་སྔགས་གཉིས་ཀྱི་གཞུང་ནས་གསལ། །གྲྭ་ས་བཟང་པོ་དེ་དང་བྲལ་ན་ཡང་། །གྲྭ་སའི་རྐང་མ་འདྲོངས་པའི་རྣམ་ཐར་ཡིན། །རིམ་པར་ཚེ་འདས་མང་པོའི་སྔས་མགོར་ཕྱིན། །ཤི་བ་ཐོས་དང་ཤི་ལ་ཁད་ཐོས་ན། །མྱུར་དུ་ཐོས་ལོང་མེད་པར་རྒྱུགས་པ་ཡང་། །རོ་དང་ཤ་བ་གང་སྔ་ཟེར་བའི་དཔེ། །འབུལ་བ་ཨེ་འོང་ཨེ་ཆེ་དྲན་མ་མྱོང་། །འཕོ་བ་ཐེབས་ན་ངན་སོང་མི་སྐྱེ་ཞིང་། །དག་པའི་ཞིང་དུ་སྐྱེ་བར་རྒྱུད་ནས་གསུངས། །དེ་བས་ཕན་ཡོན་ཆེ་བ་ཅི་ཞིག་ཡོད། །དེ་ཉིད་ཁོ་ན་བསམས་ནས་མྱུར་དུ་རྒྱུགས། །ལམ་དུ་སྤང་རོ་གང་གདའ་འཕོ་བ་བཏབ། །ལ་ལར་མི་རྟག་བྱམས་དང་སྙིང་རྗེ་ཡིས། །རང་དབང་མེད་པར་མཆི་མའི་རྒྱུན་ཟག་ཅིང་། །བསྐྱེད་རྫོགས་ཉམས་ལེན་གསལ་བ་གསོལ་འདེབས་བྱས། །སྤྱི་བོ་སྐྱངས་དང་ཤ་ཤུན་བྱེ་བ་ནི། །ཌཱ་རུ་བཞིན་དུ་པག་པག་ཟེར་བ་དང་། །དང་པོ་སྐྲངས་པ་ཕྱིས་ནས་ཁོལ་བུར་བྱི། །རླངས་པ་ཐོན་དང་ཚ་དྲོད་

p. 144

སྤྱི་བོར་འདུས། །ལག་པ་དྲོ་ལྷུག་ཆུ་སེར་ཐོན་པ་དང་། །སེ་གོལ་སྒྲ་ཙམ་ཀོག་སྒྲ་གྲག་པ་དང་། །འཕོ་བ་བཏབ་མ་ཐག་གམ་ཕྱིར་ནངས་སོགས། །ནམ་མཁར་འཇའ་ཚོན་འཁྱིལ་དང་སྤྲིན་འཇའ་བཀྲ། །ཕུང་པོ་རི་ལ་བསྐྱལ་སར་འཇའ་ཟུག་དང་། །ཉམས་ལེན་ཅི་ཡང་མེད་པའི་མི་ནག་པ། །བསྲེགས་པས་ཤ་རི་རམ་དང་ཡིག་འབྲུ་སོགས། །འཕོ་བའི་རྟགས་ནི་གཞུང་དང་མཐུན་པར་བྱུང་། །ལ་ལར་ཇི་ལྟར་བཏབ་ཀྱང་ཐེབས་རྟགས་མེད། །རྣམ་ཤེས་སྔོན་ནས་འཕོས་སོང་ཚར་རམ་སྙམ། །འཆི་ཁ་ཉིད་ནས་སྔས་མགོར་ཡོད་པ་ན། །ཕལ་ཆེར་ཐེབས་རྟགས་ངེས་པར་འོང་བར་སྣང་། །འཕོ་འདེབས་མང་དུ་བྱས་པའི་རྣམ་ཐར་ཡིན། །གྲྭ་པ་རྣམས་ཀྱང་བདག་པོ་ཡོད་མེད་ལ། །མ་ལྟོས་སྤྲང་རོ་རྣམས་ལ་འཕོ་བ་ཐོབ། །འབུལ་བ་ཨེ་ཆེར་མ་རྒྱུགས་རློམས་སེམས་སྤོངས། །ཚེ་འདས་དེ་ལ་བྱམས་དང་སྙིང་རྗེ་སྒོམས། །རང་ཡང་འདི་དང་འདྲ་སྙམ་མི་རྟག་སྒོམས། །བརྒྱུད་པ་རྣམས་ལ་སྙིང་ནས་གསོལ་བ་ཐོབ་། །གྲོང་ཆོག་བླ་མར་འགྲོ་བའི་ཐོབ་མེད་ཀྱང་། །སྙིང་རྗེའི་མཆི་མ་འཁྲུགས་ཤིང་འཕོ་བ་ཐོབ། །འཕོ་བ་ཐེབས་ན་ངན་སོང་ལྟ་ཅི་སྨོས། །དག་པའི་ཞིང་དུ་སྐྱེ་བས་འགྲོ་དོན་

p. 145

ཚེ། །གཞན་ལ་ཕན་ན་འགྲོ་དོན་དེ་ག་ཡིན། །སྡིག་ཆེན་བཙན་ཐབས་སངས་རྒྱས་ཐོབ་པའི་ཐབས། །འཕོ་བ་འདི་ལ་ནན་ཏན་མཛོད་ཅིག་ཨང་། །དེ་ནས་ངོམ་གཤིས་ལྡོམ་བུ་ལོ་མང་བྱས། །དབྱར་ལྡོམ་འདི་ལ་འབུ་སྲིན་འཆི་འདུག་ཀྱང་། །པདྨ་ནིར་ཏི་ཤྭ་རའི་གཟུངས་སྔགས་བཟླས། །དམ་ཆོས་བསླབ་བཏུས་གཞུང་ནས་གསུངས་པ་ལྟར་། །ལྡོམ་བུ་ལེགས་པོ་བྱུང་བར་ཆགས་པ་སྤངས། །མ་བྱུང་གཙང་ལང་དགོས་པའི་གྲོང་འགའ་ལའང་། །ཁོང་ཁྲོ་སྤངས་ཤིང་མི་དགའ་མེད་པར་བྱས། །བྱུང་དང་མ་བྱུང་གཉིས་པོ་རོ་སྙོམས་ནས། །མ་བྱུང་ས་དེར་ཡང་ནས་རྒྱུན་དུ་འགྲོ། །ནས་སྡེར་རེ་ལ་ཚེ་འདས་མང་པོ་ཡི། །མིང་སྨོས་འོང་ཚེ་ལྷག་པར་སྙིང་རྗེ་སྐྱེས། །ཀྱེ་མ་སོ་ནམ་འདི་ཡི་དཀའ་ལས་ལ། །བསམ་ན་ནས་སྡེར་རེའང་འཇུ་དཀའ་སྙམ། །ཤི་བསྔོ་གསོན་བསྔོ་སོ་སོར་རྒྱས་པར་བྱས། །དེ་ཡང་སེམས་ངོའི་ངང་ནས་འཁོར་གསུམ་པོ། །མི་དམིགས་པ་ཡིས་བསྔོ་བ་ཨེ་ཐུབ་བྱས། །མར་ཐུད་ལ་སོགས་བཟའ་བའི་རིགས་བྱུང་ན། །བྲན་ནས་མགྲོན་རིགས་བཞི་ལ་གཏོར་མ་བསྔོས། །ཡོན་བདག་ཚོགས་རྫོགས་རང་ཡང་དཀོར་ཆུང་སྙམ། །རབ་ཏུ་

p. 146

བྱུང་ནས་འཚོ་བ་བསོད་སྙོམས་པའི། །བཅོམ་ལྡན་འདས་ཀྱི་བཀའ་ཡིས་གནང་བ་ལགས། །སྤྲང་དགོས་སྙམ་དུ་ཡི་མུག་མི་བྱ་ཞིང་། །དཀོར་ལ་འཛེམ་ཞིང་བཟང་བརྫུ་མི་བྱེད་པར། །འཚོ་བའི་ཕུགས་ནི་བསོད་སྙོམས་རང་ལ་གཏད། །འདི་ནི་སངས་རྒྱས་བསྟན་པ་ཡིན་པར་གོ །དེ་བཞིན་བློ་ཕུགས་དམ་པའི་ཆོས་ལ་གཏོད། །ཆོས་ཀྱི་འཚོ་བའི་ཕུགས་ནི་སྤྲང་ལ་གཏད། །ཞིང་གི་སོ་ནམ་ཕྱུགས་ཀྱི་སྒབ་སྲུང་དང་། །ཚྭ་ཁེ་ཚོང་དཔོན་རྒྱ་འགྲོ་དབུས་སྐོར་དང་། །ཤེ་དང་དོམ་སོགས་ལོག་འཚོ་སྤང་བར་བྱས། །དེ་བཞིན་བྱེད་པ་ཤཱཀ་ཐུབ་གསུང་དང་མཐུན། །རོ་སྙོམས་ལྡོམ་བུ་བྱས་པའི་རྣམ་ཐར་ཡིན། །ལོ་གྲངས་བཅུ་གསུམ་གྲོང་ཆོག་བྱས་པའི་ཚེ། །བསྐང་བ་ཟློག་པ་མདོས་དང་གཏོར་ཁ་སྟོན། །བསངས་དང་གསས་མཁར་ཀླུ་ཡི་མཆོད་པ་སོགས། །དྲག་ཞན་ཀུན་གྱི་རྐྱེན་ཟློག་རིམ་གྲོ་བྱས། །གཟའ་ནད་རྒྱལ་ནད་ཅན་འགའི་སྲོག་མགོ་ཐོན། །ནད་པ་གདོན་ཅན་འགའ་ཡི་གདོན་ནད་བསལ་། །ཤི་སྲི་ཞུགས་པ་འགའ་ཡི་ཤི་འཕྲོ་བཅད། །བྱད་ཁས་ཕུང་བ་འགའ་ཡི་བྱད་ཟློག་བྱས། །དེ་དག་ཚེ་ཡང་ཟས་ནོར་ཁོ་ནའི་དོན། །ཨེ་རྙེད་ཨེ་སྦྱིན་བསམ་པའི་རློམ་སེམས་

p. 147

སྤངས། །འབུལ་བ་ཆེ་ཆུང་མཉམ་པར་ལེགས་སོ་བརྗོད། །མ་བྱིན་པ་ལ་འཁང་དང་བརྡ་བསྙག་སྤངས། །སྔོན་ལ་མ་བྱིན་པ་ལ་མི་འགྲོ་སོགས། །རྗེས་ནས་ཞེ་བཞག་ཁ་དྲིན་བརྩི་བ་སྤངས། །རང་ཁྱིམ་འདུག་གམ་གྲོང་ཆོག་བྱས་ཀྱང་རུང་། །མི་ཡིས་བྱིན་པ་མ་གཏོགས་ཁམ་གང་མེད། །ཚེ་འདས་དོན་ནམ་རིམ་གྲོ་ཡིན་ཀྱང་རུང་། །ཐུགས་དམ་དགེ་སྦྱོར་མ་གཏོགས་བྱ་རྒྱུ་མེད། །འབུལ་བ་བྱུང་ན་ཁོ་རང་རྐྱེན་རྣམས་འགྱུར། །གཤིན་དོན་ཡིན་ཀྱང་ཚེ་འདས་དེ་ཡིས་ཐོབ། །འབུལ་བ་མེད་ཀྱང་དགེ་བ་ཐུན་མོང་ཡིན། །བསམ་སྟེ་རྙེད་དང་མ་རྙེད་རོ་མཉམ་བྱས། །དེ་ཕྱིར་དགའ་མགུ་སླ་ཟེར་འབྲེལ་སྒོ་ཚ། །ལ་ལས་བཟང་མེད་ངན་མེད་དགའ་ཕོར་མཐོང་། །འགྲས་རྒྱུ་དགྲ་རུ་སྔར་དུས་ཡིན་པ་འགའ་། །ཡིད་བཞག་མ་བྱས་གར་བོས་དེ་རུ་སོང་། །འདི་ཕྱི་གང་ཕན་ཁ་ཞེ་མེད་པར་བྱས། །འཇིག་རྟེན་འདི་ན་དགྲ་གཉེན་ངེས་པ་མེད། །དགྲ་ནི་གཉེན་འགྱུར་གཉེན་ཡང་དགྲ་རུ་ལྡང་། །སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་མེད། །ངེས་པར་ཡིད་ལ་བཞག་ཕྱིར་ཁོག་སྲན་སྤངས། །གྲོང་ཆོག་ལུགས་ཀྱི་འགྲོ་དོན་བྱེད་ལུགས་འདི། །ངེས་པར་འདི་ལྟར་

p. 148

བྱས་ན་སྒྲིབ་པ་ཆུང་། །ཕྱུག་པོ་དབང་ཡོད་རྣམས་དང་གཉོམ་ཆུང་ནི། །དབུལ་པོ་རྣམས་ལས་དབུལ་པོ་གལ་ཆེ་སྟེ། །ཕྱུག་པོ་བཙན་པོས་བླ་མ་སུ་ཡང་རྙེད། །གཉོམ་ཆུང་དབུལ་པོས་མི་སྙེད་སྙིང་རྗེ་བསམ། །མི་ལུས་ཐོབ་ནས་དམ་ཆོས་མ་བྱས་པར། །མི་ཚེ་སྐྱིད་འདོད་ངང་ལ་སྡུག་གིས་ཟད། །ཤི་ནད་ཕོག་ནས་ཆོས་ཤིག་ད་གཟོད་དྲན། །ཕུ་རྒྱུག་མདའ་རྒྱུག་ཉོ་སྐྱི་ཚོལ་གསུམ་བྱེད། །དབང་སྡེར་གང་ཙམ་མགོ་ལ་ཨེ་ཕྱིན་ཟེར། །ནད་དེ་ཨེ་ཕན་གལ་ཏེ་མ་ཕན་ནའང་། །བླ་མ་ཕེབས་ན་འགྱོད་པ་མེད་དོ་ཟེར། །ཚེ་འདིའི་སྲོག་དང་ཕྱི་མའི་འགྲོ་ས་གཉིས། །རྗེས་གནང་གཅིག་གཉིས་ཙམ་ལ་རེ་ནས་གདའ། །འདི་ཚོ་བས་ནི་སྙིང་རྗེ་མི་གདའ་བསམ། །དཀའ་དཀའ་དཀོན་དཀོན་ཆེ་འགྱིང་ངས་མ་བྱས། །མྱུར་དུ་སོང་ནས་ཁྱིམ་དེར་སླེབས་ཞོར་ནས། །བྱིན་རླབས་ཆ་གསུམ་བྱབ་ཁྲུས་ལུས་སྦྱིན་དང་། །དབང་སྣ་གང་མང་ནས་ཕུལ་འཇལ་འཇལ་བྱས། །ཉིན་རེ་དབང་སྣ་བཅུ་བཞི་ཙམ་རེ་འགྲོ། །ཞག་གཉིས་སོང་ནས་ནད་པ་དབང་གིས་བླུས། །དབང་ལ་རྩིས་མེད་བྱེད་པ་མ་ཡིན་ཏེ། །གྲོང་ཆོག་ལུགས་ཀྱི་འགྲོ་དོན་འདི་ཡིན་ཏེ། །ཡི་དམ་རེ་རེའི་མཚན་སྔགས་ཐོས་ནའང་། །

p. 149

འབུ་སྲིན་ཡིན་ཀྱང་ངན་སོང་སྒོ་ཆོད་གསུངས། །དབང་རེ་ཐོབ་ན་ཕན་ཡོན་མུ་མཐའ་མེད། །འཕྲལ་རྐྱེན་ཡིན་ན་ཚེ་ཡང་རིང་བར་ནུས། །དབང་གིས་ནད་པར་ཕན་པ་དུ་མ་བྱུང་། །ཚེ་ཟད་ཡིན་ན་ངན་སོང་སྒོ་ཆོད་བསམ། །དབང་ཡོན་ཆེ་ཆུང་བཟང་ངན་བསམ་མ་མྱོང་། །སྨྱོན་པ་ལ་སོགས་གདོན་རྒོད་འགའ་བཏུལ་བས། །རང་ཡང་གོད་ཁ་ལ་སོགས་གདོན་ཆེ་ཡང་། །རྣམ་རྟོག་སྤངས་ནས་གཞན་ལ་གང་ཕན་བྱས། །ནད་ངན་དམར་བཤལ་ལོང་བ་གཟེར་ཐུང་སོགས། །མེ་ལྟར་མཆེད་པའི་དལ་ཡམས་མང་པོ་ལ། །འཛེམ་བག་མ་བྱས་གར་བོས་དེ་རུ་སོང་། །སྔོན་ལས་གཏུག་པ་མ་ཡིན་གདམས་ངག་དང་། །དམིགས་པ་སྲུང་འཁོར་གཟབ་པས་སྐྱོན་མ་བྱུང་། །དེ་ལྟར་སྲོག་དང་བསྡོས་ནས་ཕན་བཏགས་པས། །མང་པོ་འགའ་ཡིས་དྲིན་དེ་མི་ཤེས་ཤིང་། །འོས་ཚོད་ཙམ་གྱི་བཀུར་བཅག་མི་བྱེད་ཀྱང་། །དེ་ལ་དྲིན་རྩི་ཀོ་ལོང་ཟུར་མ་སྨྲས། །བཟང་ངན་རོ་སྙོམས་བྱས་པའི་རྣམ་ཐར་ཡིན། །དེ་ལྟར་གྲོང་ཆོག་ལོ་གྲངས་བཅུ་གསུམ་བྱས། །རྩ་བ་བཞི་པོ་མ་འཆུག་སྲོག་ལྟར་བསྲུང་། །གྲོ་གར་གདན་གཅིག་མཐའ་རུ་ཐོན་པར་བྱས། །གྲོང་ཡུལ་རྣམས་སུ་རྒྱུན་དུ་

p. 150

འདུག་དགོས་ཀྱང་། །གྲོང་པའི་ཆོས་ཀྱིས་མ་གོས་འདུལ་ཁྲིམས་གཙང་། །བདག་གི་རྗེས་སུ་འཇུག་པའི་གྲྭ་པ་རྣམས། །གྲོང་ཆོག་བྱེད་ཀྱང་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཐུགས་དམ་འཕེལ་ཞིང་དགའ་མགུ་སླ་བ་དང་། །ཡོན་ལ་འཁོང་དང་བརྡ་བརྙག་མེད་པ་ཡི། །ང་ཡི་རྣམ་ཐར་འདི་ག་སྐྱོང་བར་མཛོད། །སྙིགས་དུས་ཆར་དཀོན་སད་དང་སེར་བ་རྒོད། །ལོ་རེ་ལན་གཉིས་རབ་ན་ལན་རེས་ཆོག །ཆར་འབོད་ལོ་གཅིག་མ་གཏོགས་རྒྱུན་དུ་བྱས། །རེས་འགའ་འབབ་སླ་ཞི་འབོད་ཙམ་གྱིས་ཆོག །རེས་འགའ་འབབ་དཀའ་དྲག་འབོད་སྣ་ཚོགས་བྱས། །ཆར་རྫས་མར་ལ་དམིགས་རྩེ་མ་གཏད་པར། །ཆར་པ་བབས་ན་སྦྱིན་པ་རྒྱ་ཆེན་རེད། །འབུ་སྲིན་ཡན་ལ་ཕན་ཐོགས་ཆེ་བར་བསམ། །འབབ་ཁ་སྲ་སྙི་མང་ཉུང་ཁྱད་ཙམ་ལས། །གཏན་ནས་མ་ཁུག་བྱ་བ་འོང་མ་མྱོང་། །སད་འོང་མུན་རུབ་ནམ་མཁའ་གཡེར་དུས་འགའ། །མཚོ་འགྲམ་སོང་ནས་དམིགས་པ་བྱས་ཉལ་བས། །ཐོ་རངས་སྤྲིན་ཚོགས་འདུ་བ་ལན་འགའ་བྱུང་། །སེར་བའི་ཚེས་མ་བྱིན་ཀྱང་མ་ཟོས་ཏེ། །འབུ་སྲིན་ཡན་ལ་སྙིང་རྗེ་བསྒོམས་ནས་སྔགས། །སྤྱི་སེམས་ཕན་ཐོགས་བྱས་པའི་རྣམ་ཐར་ཡིན། །འོན་ཀྱང་སྙིགས་

p. 151

དུས་མི་ཀུན་མགུ་དཀའ་བས། །དྲག་འབོད་བྱས་ཚེ་ཡུལ་ལྷ་ལ་གནོད་ཅེས། །གཤེ་སྐུར་བཙན་གཏམ་འགའ་རེ་བྱས་པ་དང་། །ཡུང་ལ་ཕན་ཕྱིར་ཆར་འབོད་བྱས་པ་ན། །བམ་པོ་རུལ་ཟེར་གཤེ་སྐུར་བྱེད་པ་དང་། །ཆར་འབོད་དཀའ་ལས་ཆེར་བྱས་བབས་པ་ན། །ཐན་ཞག་ཚང་དང་ཉི་ལོག་འབབ་སྐར་ཟེར། །སྡེ་ལ་ཕན་ཕྱིར་གསས་མཁར་ཆག་མེད་ལ། །བསང་མཆོད་རྫས་ལ་ཁྲལ་དུ་མཐོང་བ་སོགས། །གཏམ་རྒྱུ་མང་ཕྱིར་ལོ་གཅིག་ཕྱིན་ཆད་ནས། །ཆར་འབོད་སྤྲིན་སྡུད་མི་བྱེད་དམ་བཅས་པས། །དེ་ལོ་སད་འབྱམས་མུག་ཆེན་མི་ལངས་སོ། །ཀྱེ་མ་བདག་གིས་ཐུབ་ཤེས་ཆུང་ན་ཡང་། །ད་ལོ་མ་བྱས་བློ་འགོང་ལངས་བསམས་འགྱོད། །དེ་དག་སྤྱི་ཙམ་འབྱམས་བཤད་ཟུར་ཙམ་ཡིན། །དེ་དག་ལོ་རྒྱུས་བྲི་བར་ག་ལ་ལོངས། །སྔོན་དུས་དབུས་ནས་ཕྱིན་པའི་ཕྱིར་ལོ་ལ། །ནོར་ནད་ཧོན་གྱིས་རྒྱལ་ཁམས་དམྱལ་ཐག་བཅད། །ཐུབ་པའི་ལག་བླངས་མེད་ཀྱང་བཟང་སེམས་ཀྱིས། །ཟ་ཡིག་སྔགས་ཆུ་བསང་སོགས་གང་དྲག་བྱས། །ཀུན་གྱིས་མ་ཕེབས་ན་ནི་བསད་དང་འདྲ། །མ་ཐུབ་པ་ལ་འགྱོད་པ་མེད་དོ་ཟེར། །ལ་ལས་ཐུབ་ན་འདི་སྦྱིན་ཁས་ལེན་བྱས། །ཚ་

p. 152

ཁུ་མ་སོང་ཁ་ནི་གཙང་པ་འགར། །ལོ་ནི་ཕྱེད་གཉིས་ཙམ་རེ་ཐུབ་སོང་ཞིང་། །སྦྱིན་ཆད་ཐམས་ཅད་ཡལ་ནི་ཐལ་ན་ཡང་། །དགོས་ཞེས་ཟེར་བ་ཟུར་ཙམ་མ་སྨྲས་སོ། །ཟ་ཡིག་སྔགས་ཆུ་རྒྱུན་དུ་འཕྲོད་པ་དེས། །གནས་སྒོ་བ་ནི་ལོ་ནི་ཕྱེད་གསུམ་ཐུབ། །སྔགས་ཆུ་གཟུངས་ཆུ་ལྷོག་སྒྲ་དང་བཅས་ཁོལ། །ཁྱིམ་ཚེས་མི་ངན་ཞིག་གིས་ངན་བྱས་ནས། །བ་ཐོའི་ཁ་ན་ཚྭ་ཁུ་བླུག་པ་དང་། །ནོར་ནད་ཐར་མའི་ནང་ལོང་མཛོ་ཞིག་དང་། །མ་ནའི་མཛོ་ཞིག་གཉའ་བསྡེབས་ཞིང་རྨོས་ཀྱང་། །མ་ན་བ་ནི་ངོ་མཚར་ཆེ་ལགས་ཀྱང་། །ནོར་ནད་ཡུན་རིང་ལོ་ལྔ་མ་ཆད་པས། །སྔགས་ཆུ་ཟ་ཡིག་མ་འཕྲོད་དེ་ནས་ན། །དེ་ནས་ཆོས་དབང་ཀུན་བཟང་དབུས་སུ་བརྫངས། །རི་ཁྲོད་ཟླ་གཅིག་མཚམས་བྱས་སྒྲོལ་དཀར་བསྙེན། །ཇ་མར་མོད་ཀྱང་དགོང་ཧུབ་མ་འཐུང་བར། །རུས་པའི་དུམ་བུས་སྡུམ་བུ་བསྐོལ་བས་འཚོ། །ཐུན་བཞིར་བླ་སྒྲུབ་གསོལ་འདེབས་རྒྱང་འབོད་བྱས། །འགྱུ་བ་སྒོམ་དུ་འཆར་བའི་བོགས་ཤིག་ཐོན། །དེ་ལོ་སློབ་དཔོན་དྲིན་ལན་གསོན་དགོངས་བྱས། །ཀུན་རིག་དབང་ཡང་སུམ་ཅུ་ཙམ་ཞིག་ཕུལ། །ཀུན་རིག་བསྙེན་པ་ཡང་ནི་ཟླ་གཅིག་བྱས། །སྒྲིབ་པ་དག་པའི་རྟགས་

p. 153

མཚན་ཅུང་ཟད་ཐོན། །དེ་སྔོན་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཕེབས། །མཇལ་ཞིང་ཆོས་འབྲེལ་ཡང་ནི་ཅུང་ཟད་ཐོབ། །སླར་ཡང་གཅིག་མཇལ་རྟོགས་འབུལ་གསུང་གླེང་དང་། །དབང་དང་བྱང་སྡོམ་ལ་སོགས་འབྲེལ་བ་ཐོབ། །དེ་ནས་བདག་གི་ཉམས་དང་རྨི་ལམ་སྐབས། །དབང་ལུང་ཞུ་འཕྲོ་ཡོད་ན་མྱུར་དུ་ཞུས། །གྲོ་ཞུན་ཟླ་བའི་ནང་ནས་སློབ་དཔོན་མེད། །ཅེས་པའི་ལུང་བསྟན་བྱུང་བས་སློབ་དཔོན་ལ། །དབང་ལུང་ཐམས་ཅད་ཆོ་ག་ཕྱག་ལེན་རྣམས། །དག་ཆ་དང་བཅས་སླར་ཡང་སྔར་ཐོབ་པའི། །དབང་རྣམས་ཞུ་ཝིག་ལ་སོགས་དག་ཐེར་བྱས། །གྲོ་ཞུན་ཟླ་བའི་ནང་ནས་བསྙུངས་གཞི་བྱུང་། །དེ་ནས་ཟླ་བ་འགའ་ཟུང་ཙམ་ནས་འདས། །རང་ལ་ཆེས་ཀ་གང་ཡོད་གཤེགས་རྫོངས་བྱས། །ཆོས་ཀ་ཐོན་པའི་མི་ཁ་ཆོད་པར་བྱུང་། །སློབ་དཔོན་སྐུ་དྲིན་བསོབ་པའི་རྣམ་ཐར་ཡིན། །དེ་ནས་དབུས་ནས་རང་གི་མཆེད་གྲོགས་ནི། །བཀའ་བཅུ་མཁའ་མཉམ་ཞེས་བྱ་ཕེབས་བྱུང་བས། །བེ་རི་རྒྱལ་པོའི་བཀའ་ཁྲིམས་འཇིགས་ན་ཡང་། །ལོ་གཅིག་བཞག་ནས་ཉེར་མཁོའི་རྗེས་གནང་དང་། །དབང་ལུང་མང་དུ་བྱས་ཤིང་རི་ཁྲོད་ལ། །བཞག་པས་ཚེ་

p. 154

མཚམས་ལྟར་དུ་ཐུགས་དམ་འཕེལ། །དགེ་སློང་ཆོས་ལྡན་རབ་འབྱོར་ཕེབས་བྱུང་བས། །རྗེས་གནང་ལ་སོགས་ཉེར་མཁོ་འགའ་བསླབ་ཅིང་། །མགོན་པོའི་གདངས་སོགས་འགའ་རེ་ཚུར་ཡང་བསླབས། །སྔོན་ཆད་ཁོང་ལ་བླ་མིང་མེད་ན་ཡང་། །དེ་ཕྱིར་བླ་མར་གྱུར་ཞིང་གདུལ་བྱ་འཕེལ། །ཕན་ཚུན་ཐུགས་ཡིད་གཅིག་འདྲེས་མཐར་ཐོན་ནོ། །དེ་ནས་བཀའ་ཆེན་རྣམ་དག་དབུས་གཙང་ནས། །དམ་ཅན་ལ་སོགས་རྙིང་མའི་དབང་ལུང་འགའ། །ཞུ་ཕྱིར་ཡིན་གསུངས་སྣ་གཏད་ཕེབས་བྱུང་བ། །ཡུན་རིང་བཞུགས་བཅུག་དབང་ལུང་ཚན་ཆེན་ཕུལ། །གནས་འགྱུ་ལ་སོགས་གནད་འགག་འགའ་རེ་དང་། །དབང་བཀའ་རྗེས་གནང་ལ་སོགས་ལེགས་པར་ཕུལ། །ཚུར་ལའང་ཁོང་ཉིད་གྲྭ་ནི་རྒན་པ་དེས། །མ་ཐོབ་པ་ནི་འགའ་རེ་ཚུར་ལའང་ཞུས། །དེང་སང་བཟང་མཐོང་འགྲོ་དོན་ཆེ་བ་དང་། །ཐུགས་དམ་ཀྱང་ནི་འཕེལ་བར་བཞུགས་ཞེས་ཐོས། །དེ་ནས་མཆེད་གྲོགས་བརྩོན་འགྲུས་ཞེས་བྱ་བ། །ལུང་དང་དབང་སོགས་ཞུ་ཕྱིར་ཡིན་ཟེར་བྱུང་། །དབང་ལུང་མང་པོ་བྱས་ཤིང་གཏོར་ཟློག་དང་། །དབང་བཀའ་རྗེས་གནང་བསླབས་ནས་རི་ཁྲོད་བཞག །དེ་ཡང་ལོ་ནི་བཅུ་གསུམ་རི་

p. 155

ཁྲོད་དེར། །ཐུགས་དམ་འཕེལ་ཞིང་གདུལ་བྱ་ཆེ་བར་གྱུར། །འོན་ཀྱང་ཁོང་གིས་དྲག་ལས་མང་དྲག་པས། །ནད་ངན་གདུག་པ་ཅན་ཞིག་བསྙུངས་འདུག་པ། །སུས་ཀྱང་དེ་ཕྱོགས་ལྟ་ཡང་མི་ཕོད་ཅིང་། །ཞག་དགུའི་བར་དུ་སྐུ་རིམ་བསྙུངས་གཡོག་བྱས། །དུས་ཕྱིས་ཀུན་ཤེས་རབ་འབྱམས་པ་དེ་ཡང་། །དབང་ལུང་ཞུ་དང་རྗེས་གནང་བསླབ་ཕྱིར་བྱུང་། །དབང་ལུང་འགའ་རེ་ཕུལ་ཞིང་ཟ་ཆོག་བསླབས། །གནས་འགྱུའི་ངོ་སྤྲོད་བྱས་པས་ཕན་ཐོགས་གསུངས། །གསལ་བྱེད་ཅེས་བྱའི་བརྗེ་ཞིག་བྱུང་སོང་། །གྲྭ་ཚང་གྲྭ་པ་ཆེ་ཕྲ་སུ་བྱུང་ཡང་། །ཇི་ལྟར་འབྱོར་བའི་གསོལ་ཞབས་གཟབ་པ་དང་། །དབང་ལུང་དང་ནི་ཉེར་མཁོའི་ཡོན་ཏན་བསླབས། །རང་ལ་ཁ་ཐབས་གང་ཡོད་ཕན་ཐོགས་བྱས། །མཉམ་པོར་བསྡད་ན་འདའ་བོར་མཐོང་བའི་དཔེ། །ཚུར་ལ་དད་པ་དག་སྣང་ཆུང་བ་དང་། །ཡུས་དང་ཧམ་པ་གཞན་ལས་ཆེ་འདུག་ཀྱང་། །མཆེད་གྲོགས་རྡོ་རྗེ་སྤུན་གྱི་དམ་ཚིག་བསྲུངས། །ཕྱག་ལེན་ཞེ་ས་གདོང་བ་ལ་སོགས་པ། །ལྷ་དང་བླ་མས་མ་ཁྲེལ་བ་ཞིག་བྱས། །རྒྱལ་བ་ཡབ་སྲས་གྲྭ་རིགས་འདི་རྣམས་ནི། །གཞན་གྱི་དགེ་བཤེས་བཟང་པོ་སུ་བས་ཀྱང་། །ལྷག་

p. 156

གོ་བསམ་པའི་དག་སྣང་ངེས་པར་ཡོད། །མཆེད་གྲོགས་དམ་ཚིག་བསྲུང་བའི་རྣམ་ཐར་ཡིན། །ཕྱི་རབས་མཆེད་གྲོགས་ཀུན་ཀྱང་དེ་ལྟར་མཛོད། །ཡོས་ལོར་ཕྲིན་ལས་དབུས་སུ་བརྫངས་བ་ཡང་། །མགོ་ཐོན་ཆོས་དབང་ཕྱིར་ལ་ཕེབས་ནས་བྱུང་། །བླ་མ་བཞག་བླར་སངས་རྒྱས་འཕེལ་གདུང་ཡོད། །ཟ་དམ་གཉེར་པས་མཆོད་པ་ཕུལ་ན་ཡང་། །ཅུང་ཟད་ཙམ་ཡང་མ་འཕེལ་ཞལ་ངོའང་སྐྱེངས། །ཁྱོད་ཀྱི་ཇོ་ཇོ་བླ་མ་དེ་ཉིད་ནི། །བཟང་པོ་ཡིན་མིན་ལྟ་ཟེར་འཕེལ་གདུང་ལ། །གསོལ་བ་བཏབ་མ་ཐག་ཏུ་གསུམ་ཙམ་འཕེལ། །གཅིག་ནི་བསྐུར་བ་ཡིན་ཞེས་ཕྱག་རྟེན་དུ། །འཕྲད་མ་ཐག་ཏུ་བདག་ལ་སྦྱིན་རྒྱུ་སྣང་། །དེ་ནས་ཁོང་ལའང་དབང་ལུང་ཕྱག་ཁྲིད་དང་། །རིམ་པར་མཚམས་སྒྲུབ་ལ་སོགས་བྱེད་བཅུག་པས། །བླ་མའི་གོ་ཆོད་རང་གཞན་ཕན་ཐོགས་བྱུང་། །སློབ་དཔོན་གཤེགས་རྫོངས་སྔར་གྱི་ནང་རྟེན་ནི། །སྒ་ལོའི་ཕྱག་བཟོ་མགོན་པོའི་སྐུ་འདྲ་ཡང་། །གྲྭ་ཚང་ཕྱག་ཏུ་ཐེངས་ཤིང་ཐུགས་དགྱེས་སྐད། །གྲྭ་ཚང་ཚོང་དཔོན་རྒྱལ་མཚན་ལ་སོགས་པ། །མི་གཞི་ངན་ཅིང་མི་རྣམས་མི་འདུས་ཀྱང་། །གྲྭ་ཚང་དམ་ཚིག་བསམས་ནས་ལོ་དུས་བཞིན། །རང་ལ་གང་ཡོད་བཀུར་

p. 157

བཀྱག་ལེགས་པར་བྱས། །ཆོས་དབང་དང་ནི་ཕྲིན་ལས་གཉིས་པོས་ཀྱང་། །གྲྭ་ཚང་མང་ཇ་འགའ་ཞིག་ཐེངས་འདུག་ཅིང་། །ཆགས་མེད་ཀྱིས་ནི་བྱེད་ལུགས་འདི་འདྲ་བ། །གྲྭ་ཚང་གྲྭ་རིས་ཀུན་གྱིས་བྱས་ན་ནི། །གྲྭ་ཚང་བསྟན་པ་ཡར་འགྲོ་སླའོ་ཞེས། །གྲྭ་བགྲེས་འགའ་རེས་གླེང་བར་བྱེད་ཅེས་ཐོས། །རང་ལ་ཁ་ཐབས་ཅི་ཡོད་ཤུགས་བསྐྱེད་ནས། །བསྟན་པའི་ཆགས་ཕྱི་བྱས་པའི་རྣམ་ཐར་ཡིན། །དེ་ནས་དེ་མོ་སྤྲུལ་སྐུ་ཕེབས་པ་མཇལ། །རྗེས་གནང་འབྲེལ་བ་ཙམ་ཞིག་ཐོབ་པ་དང་། །དེ་སྐོར་ལྷོ་པ་དང་པོ་ཕེབས་བྱུང་མཇལ་ཙམ་དང་། །གསུང་གླེང་ཕྱག་དཔེ་གཡར་པོ་ཙམ་ཞིག་བྱས། །སྐབས་འགར་རྒྱུད་འབུམ་རིགས་གཉིས་ཚང་བར་མཇལ། །ཡི་དམ་ལྷ་ཚོགས་ནམ་མཁའི་སྐར་འདྲ་ཡང་། །ཡི་དམ་གང་ལ་བྱས་ན་ཐུགས་རྗེ་ཆེ། །སྙིང་པོ་གང་ཞིག་བཟླས་ན་ཕན་ཡོན་ཆེ། །དེང་སང་རང་དབང་ཡོད་དུས་གདམ་དགོས་སྙམ། །ཀུན་གྱི་ནང་ནས་ཐུགས་རྗེ་ཆེན་པོ་དང་། །ཡི་གེ་དྲུག་པ་འགྲན་ཟླ་མེད་པར་གོ །དེ་ཡང་བྱ་སྤྱོད་ལ་སོགས་སྤྱོད་ལམ་དཀལ། །རྒྱུད་སྡེ་བླ་མེད་ལྷ་ནི་སྤྱན་རས་གཟིགས། །སྔགས་ནི་ཡི་གེ་དྲུག་པ་ཡིན་པ་ལ། །རྒྱུད་དང་རྒྱ་གཞུང་ཁ་

p. 158

གསལ་ལྟ་ཆོག་པ། །རྒྱ་བོད་མཁས་གྲུབ་སུས་ཀྱང་མ་བཀག་ཅིང་། །བཀའ་བབས་རྒྱུད་པ་དམ་ཚིག་སེལ་མེད་པ། །རྒྱལ་བ་རྒྱ་མཚོ་འདི་ཉིད་མཆོག་ཏུ་གོ །དཔེ་ཆ་རྣམས་ཀྱང་སྙེམས་མེད་པ་འགའ་ནས། །མཁའ་འགྲོ་གཏད་རྒྱུའི་ཚུལ་དུ་ལག་ཏུ་ཕྱིན། །འོན་ཀྱང་དབང་ལུང་ཤིན་ཏུ་དཀོན་འདུག་པས། །སུ་ལ་རྩད་གཅོད་བྱས་ཀྱང་རྙེད་མ་གྱུར། །དེ་དུས་བདེ་ཆེན་རྩེ་པའི་སྒར་པ་ཕེབས། །ཅོག་པུ་རེ་རེའི་དྲུང་དུ་སོང་ནས་ཀྱང་། །རྒྱལ་བ་རྒྱ་མཚོ་ཐོབ་མྱོང་ཨེ་ཡོད་ཞུས། །དཀོན་མཆོག་ཡན་ལག་ཞལ་རྩེབ་རྣམས་ཀྱང་གདའ། །དབང་ལུང་ཡབ་སྲས་དྲུང་ནས་འགའ་ཐོབ་སྟེ། །རྒྱལ་བ་རྒྱ་མཚོ་ཡིན་མིན་མི་ཤེས་ཟེར། །ཀྱེ་མ་བདག་ནི་སྐལ་བ་ཤིན་ཏུ་དམན། །ཆོས་འདི་ནུབ་ནས་བརྒྱུད་པ་མེད་དམ་སེམས། །ད་ནི་ཚད་ལྡན་བླ་མ་རྙེད་དཀའ་བས། །འདི་ཡི་དབང་ལུང་ཐོབ་མྱོང་ཞིག་རྙེད་ན། །སྐྱེ་བོ་ཐ་མལ་པ་ཞིག་རེད་ན་ཡང་། །ཕར་ལ་བསླབ་ཅིང་ཚུར་ལ་ཞུ་དགོས་བསམ། །སྐྱ་སེར་བན་བོན་སུ་ཐུག་ཐམས་ཅད་ལ། །རྒྱལ་བ་རྒྱ་མཚོ་ཨེ་ཐོབ་ཁོ་ན་དྲིས། །དེ་དུས་གྲྭ་རྒན་ཀརྨ་རྣམ་རོལ་པས། །རྒྱལ་ཚབ་གོང་མའི་དྲུང་ནས་རྗེས་གནང་དང་། །གར་དབང་གོང་མའི་རྗེས་

p. 159

གནང་ངེས་པར་ཐོབ། །དབང་ཕྱུག་རྡོ་རྗེའི་དྲུང་ནས་དོན་ལྡན་གྱི། །བཀའ་འབུམ་རྫོགས་པར་ཐོབ་པའི་ལུང་འདི་ཡང་། །བཀའ་འབུམ་གྲ་ནི་རེད་པས་ཐོབ་བམ་གསུངས་། །ཁོང་གིས་དབང་བསྐུར་མི་མཛད་པར་འདུག་ཀྱང་། །ནན་ཏན་ཆེན་པོས་ཞུས་པས་གནང་ཙམ་བྱུང་། །ཆོས་རྗེ་གྲགས་པའི་གདུང་ནི་བཞུ་བའི་ཕྱིར། །མཁས་གྲུབ་ཆེན་པོ་ལུང་རིགས་ཉི་མ་ཕེབས། །དེ་ཉིད་མཇལ་ཞིང་དབང་ལུང་རྒྱས་པ་ཐོབ། །དེ་ནས་བཟུང་སྟེ་ཡི་དམ་དེ་རང་བྱས། །དེ་སྔོན་སྒྲོལ་དཀར་བདེ་མཆོག་ཕག་མོ་དང་། །གུ་རུ་ཞི་དྲག་རྣམས་ནི་གཙོ་བོ་ཡིན། །སྔ་ཕྱི་བར་ལ་ལོ་རེ་བཞིན་དུ་ནི། །ཞི་ཁྲོ་ཤིན་ཏུ་མང་བ་བླུག་པ་ཡང་། །གྲོང་ཆོག་གཞན་བས་ཞི་ཁྲོ་གལ་ཆེ་བྱས། །ལྷགས་པ་ཆེ་ཞིང་དཀའ་སླས་ཆེ་ན་ཡང་། །ཕྱག་ལེན་ཐམས་ཅད་ཞིབ་རྒྱས་མ་འཆུགས་བྱས། །ཡིག་དྲུག་དགེ་ཧུབ་ཕྱག་དང་མར་མེ་སོགས། །ཞག་གཅིག་ཆོས་ལ་འདི་བས་ལྷག་མེད་བསམ། །ཆོས་བཤད་དགེ་བའི་ཁས་ལེན་ནན་གྱིས་བྱས། །དེ་ཡང་རང་གཞན་ཚོགས་རྫོགས་བསམ་པ་ལས། །ནས་འབྲུ་ཨེ་འོང་རྟོག་ངན་འགྱུ་མ་མྱོང་། །རེས་འགའ་རླུང་འཚུབས་དཀྱིལ་འཁོར་གཤག་གྲུབ་

p. 160

དུས་། །བྱིན་འབེབས་བྱས་པས་རླུང་འཇམ་སྤོས་དྲི་འཐུལ། །མར་མེ་དཀར་ཆུང་དང་ནི་མཚན་ཐུབ་རྣམས། །ཡུན་རིང་འཛིན་པ་དེ་འདྲ་ལན་མང་བྱུང་། །དེ་ནས་རྟ་ལོའི་ལོ་མཇུག་ཙམ་ཡིན་ནམ། །ཕྲིན་ལས་ཀྱང་ནི་དབུས་ནས་མགོ་ཐོན་ཕེབས། །དབང་ལུང་མང་བྱས་ལག་ཁྲིད་ཀུན་བསླབས་པས། །བླ་མའི་གོ་ཆོད་རང་གཞན་ཕན་པ་བྱུང་། །དེ་སྐོར་བླ་མ་མུ་ནེའི་མཚན་ཅན་ཞིག །ངོམ་སྨད་ཕེབས་ནས་ཆོས་ར་མཛད་འདུག་ཐོས། །དེ་དུས་སོག་དོགས་ཆེ་བས་འགྲོ་དཀའ་ཡང་། །སྔགས་ཆོས་པད་ཞྭ་དར་ནག་ལ་སོགས་བཅས། །པདྨ་འོད་འབར་བཀའ་ལུང་ཚང་བར་ཐོབ། །ཚུར་ལ་ཞི་ཁྲོ་རྗེས་སོར་ཞུ་འདོད་གསུངས། །དེ་ནས་ལོ་ནི་འགའ་ཟུང་སྔ་བ་ལ། །བླ་མ་ཀརྨ་དགེ་ལེགས་སྤྱན་དྲངས་ཕེབས། །ཕན་ཚུན་དབང་ལུང་མང་པོ་འབུལ་རེས་བྱས། །གཞན་ཡང་དེ་སྔོན་ཚུལ་ཁྲིམས་རིན་ཆེན་ལ། །ཞི་ཁྲོ་ཡོངས་རྫོགས་དབང་ལུང་ཕུལ་བྱས་ཤིང་། །མགོན་མང་ལ་སོགས་འབྲུག་ལུགས་ཚུར་ལ་ཞུས། །བླ་མ་པདྨ་གྲགས་པ་དབང་ལྡན་དང་། །རྣམ་དཀར་ལ་སོགས་བླ་མ་འགའ་རེ་དང་། །སྔགས་པ་འགའ་ལ་གུ་རུ་ཞི་དྲག་སོགས། །གསར་རྙིང་དབང་ལུང་དག་ཀྱང་མང་དུ་

p. 161

བྱས། །དེ་ནས་དྲུང་པ་ཁྲི་འདོན་མཛད་ཐོས་པས། །ལེགས་ཇ་རྟ་སོགས་རྟེན་འབྲེལ་མཚོན་པ་བསྐུར། །དེ་ནས་དྲུང་པའི་སྤྲུལ་སྐུ་ཚུར་ཕེབས་པ། །གདན་འདྲེན་བསུ་བ་དཀར་གྲོ་ཚོགས་འཁོར་སོགས། །གྲྭ་སའི་སྲོལ་དང་མཐུན་པར་ཅི་འགྲུབ་བྱས། །བླ་མཆེད་རིན་ཆེན་བློ་གྲོས་ཀུན་གྲགས་སོགས། །དགེ་བའི་བཤེས་གཉེན་འགའ་དང་གྲྭ་པ་རྣམས། །པདྨ་འོད་འབར་དབང་ལུང་དགོས་ཞེས་ཕུལ། །བླ་མཆེད་གཉིས་ལ་ར་ཐོད་ལུང་ཡང་ཕུལ། །དྲུང་པ་ལ་ཡང་རྗེས་གནང་འགའ་ཞིག་ཕུལ། །གཟིགས་སྐལ་བསྐུངས་ནས་བཞག་པ་ངོས་འཛིན་མཛད། །གསེར་སྐུ་ཆོས་གོས་རྟ་དྲེལ་ལ་སོགས་པ། །ཀོ་ཇ་གནང་ནས་རྨོ་གཙུག་བདག་པོར་བསྐོས། །གཟིམས་ཁང་གཉིས་ལ་ཞིག་གསོས་ལ་སོགས་བྱས། །སྤྲུལ་པའི་སྐུ་དེ་མཇལ་བ་ནས་བཟུང་སྟེ། །རྣམ་གཡེང་ཇི་ལྟར་ཆེ་ཡང་མི་གནོད་པའི། །བདེ་གསལ་མི་རྟོག་ཉམས་རྟོགས་བརྟན་པོ་ནི། །ཟླ་དྲུག་ཙམ་དུ་འབྲལ་མེད་འདྲ་བ་བྱུང་། །དེ་ནས་གེལ་དུ་ཕྱག་ཆེན་ཁྲིད་ཆུང་དང་། །ཁྲོམ་དབང་ལ་སོགས་བདུན་གཉིས་ཙམ་ཞིག་བྱས། །ཁྲོམ་དབང་དུས་ཤིག་བུམ་ཆུ་ལོག་པོར་འཕེལ། །གནས་འགྱུ་འཕྲོད་པ་ཡང་ནི་འགའ་

p. 162

རེ་བྱུང་། །དེ་ནས་འོད་ནར་བདུན་གསུམ་ཨེ་ཡིན་ཙམ། །ཁྲིད་དང་ཆོས་ར་བཙུགས་པ་མཉམ་དུ་བྱས། །ཁྲོམ་ཚོགས་ཡང་ནི་སུམ་བརྒྱ་ཙམ་རེ་འདུས། །ཕྱིས་སུ་བྱིསྦ་འགའ་ཡིས་མནན་པ་བཏོན། །ཐོ་རྣམས་འགྱེལ་བས་རྟེན་འབྲེལ་མ་ལེགས་ནས། །དེ་ལོ་བཙའ་སད་འགའ་རེ་བྱུང་གདའ་ཡང་། །རིམ་གྱིས་བཙའ་མེད་ལོ་བར་ལོ་ལེགས་པས། །ཡུལ་ཕྱོགས་གཞན་དུ་ལོ་ཉེས་བྱུང་སྐབས་ཀྱང་། །ཡུལ་དེར་ལོ་ལེགས་རང་ཡང་བསྟན་པ་བྱུང་། །བཀྲ་ཤིས་ལོ་ལེགས་གྲུབ་པའི་རྣམ་ཐར་ཡིན། །དེ་ནས་རྨོ་ཡི་དྲུང་པའི་གཟིམས་ཁང་ལ། །བར་ཆད་ཞུགས་ཤིང་ཆོ་འཕྲུལ་ཆེ་དྲག་པས། །སུ་ཡང་སྡོད་པར་ནུས་པ་མི་གདའ་བས། །ཞིག་པོ་བཅུ་གཉིས་ཙམ་ཞིག་མཚམས་བསྡམས་ནས། །ས་འདུལ་འདྲ་བའི་སྒྲུབ་པ་དྲག་པོ་དང་། །སྦྱིན་སྲེག་སྲི་མནན་ལ་སོགས་བྱས་པ་ཡིས། །དེ་ཕྱིས་སུ་བསྡད་བར་ཆད་མེད་པ་དང་། །རྟོགས་ལྡན་དྲག་པའང་ལོ་གྲངས་བཅུ་གསུམ་བཞུགས། །དེ་རྗེས་རས་ཆེན་པདྨ་འོད་གསལ་གྱིས། །ལོ་གྲངས་བཅུ་གསུམ་ཕྱག་རྫོགས་རླུང་ཁྲིད་སོགས། །དཀའ་ཐུབ་བཅུད་ལེན་ཉམས་རྟོགས་འཕེལ་བ་དང་། །བེར་ནག་བསྒྲུབས་པས་རྟགས་མཚན་ཞལ་གཟིགས་

p. 163

བྱུང་། །བར་ཆད་མེད་ཅིང་ཐུགས་དམ་འཕེལ་བར་གྱུར། །གཞན་ཡང་ང་རང་སུ་བཞག་བར་ཆད་མེད། །ང་ཡི་ཁ་མེད་པ་རུ་བསྡད་པ་ཞིག །ན་ཚ་དྲག་པོ་འཆི་ལ་ཐུག་པ་བྱུང་། །གཞན་ཡང་དབུས་ནས་ཕྱིན་ནས་ལོ་བཅུ་གསུམ། །གྲོང་ཆོག་བླ་མ་བྱེད་པའི་ཚེ་ན་ཡང་། །རང་བས་མཐོ་དང་རང་དང་མཉམ་པ་ཡི། །བླ་མ་ཀུན་ལ་ཕྱག་འཚལ་དག་སྣང་སྦྱངས། །ས་སྒང་ཆོས་རྗེ་གླིང་སྟོད་ཆོས་རྗེ་དང་། །ཀར་མདའི་ཆོས་རྗེ་ན་རིམ་གསུམ་ལ་སོགས། །མཚན་ཉིད་བླ་མ་ཀུན་ལ་རིགས་ལུང་ཕུལ། །སྟག་ལུང་ཞབས་དྲུང་འཇང་གྲྭ་དར་རྒྱས་དང་། །བདེ་ཆེན་རྩེ་པའི་བླ་མ་ཆོས་འཁོར་དང་། །ཚུལ་ཁྲིམས་རིན་ཆེན་ལ་སོགས་སྒོམ་ཕྱོགས་ཀྱི། །ཉམས་ལེན་གང་དྲག་རྣམས་ལ་རྟོགས་འབུལ་དང་། །བླ་མིང་མེད་ཀྱང་ཉམས་ལེན་ཡོད་སྙམ་པའི། །སྒོམ་ཆེན་སུ་ཐུག་ཀུན་ལ་ཉམས་བསྡུར་བྱས། །གཞན་ཡང་སྔགས་ཆོས་ཤེས་དང་མཆོད་གནས་སོགས། །རང་རང་ཡོན་ཏན་དེ་ལ་འབྲེལ་གཏམ་བྱས་། །ཚུར་ལའང་རང་གི་དོན་གྱི་དག་ཐེར་དང་། །ཕར་ལ་གང་ཕན་བློ་སྐྱེད་སྟབས་ཀྱིས་བྱིན། །ཟོམ་ཟོམ་རང་ཆེ་ཨང་འདི་མ་བྱས་པར། །དགེ་བཤེས་རྣམ་པར་སྐྱོང་བའི་རྣམ་

p. 164

ཐར་ཡིན། །ལོ་དགུ་ལོན་ནས་རང་ལོ་སོ་བདུན་བར། །གྲོང་ཆོག་ཚེས་མི་དཀོར་ལ་ཟོས་ལགས་ཀྱང་། །གང་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་དང་། །འདོན་བཟང་བསྙེན་པ་ཐུགས་དམ་ཞོར་ལ་འགྲུབ། །དཀའ་མགུ་བདེ་ཞིང་ཡོན་ལ་འཁོང་བསྙེག་མེད། །སྲོག་བཅད་མ་སོང་བསླབ་སྡོམ་འཆལ་བ་མེད། །ཀུན་ལ་ཕན་ཐོགས་ཡོན་བདག་ཀུན་ཀྱང་དགའ། །གྲོང་ཆོག་མཐའ་རུ་ཕྱིན་པའི་རྣམ་ཐར་ཡིན། །འོན་ཀྱང་གྲོང་ཆོག་ཁོ་ནར་མ་འབྱམས་ཏེ། །ཞག་བདུན་བདུན་གཉིས་ཡང་ན་བདུན་གསུམ་རེ། །ཟླ་རེ་ཟླ་གཉིས་ཟླ་གསུམ་ཙམ་རེ་དང་། །རིང་དུས་ཤིག་ལ་ཟླ་བ་ལྔ་ཡིན་ཏེ། །བར་སྐབས་ཀུན་ཏུ་མཚམས་ལ་དམིགས་རྩེ་གཏད། །རང་ལོ་བཅུ་གཅིག་ལོན་པ་ནས་བཟུང་སྟེ། །སུམ་ཅུ་སོ་བདུན་ལོན་པ་ཡན་ཆད་དུ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དམ་ཅན་བཀའ་ཡི་སྲུང་མ་ཡན་ཆད་ཀྱི། །སྒྲུབ་ཆེན་སྒྲུབ་ཕྲན་ཞོར་སྒྲུབ་རྒྱུན་བསྙེན་སོགས། །སྒྲུབ་པ་ཆེ་ཕྲ་བརྒྱ་ལྷག་ཙམ་སོང་སེམས། །གྲོང་ཆོག་ཁ་སྣུམ་ཁོ་ནར་མ་འབྱོམས་པར། །དམིགས་རྩེ་སྒྲུབ་ལ་གཏད་པའི་རྣམ་ཐར་ཡིན། །དངོས་པོ་རྣམས་ཀྱང་རང་གི་མཚམས་རྒྱུགས་དང་། །སྐུ་རིམ་གསུང་རབ་

p. 165

ཚར་འགའ་སྒྲོག་པ་དང་། །དཔེ་ཕྲན་པོ་ཏི་བཞི་ལྔ་བཞེངས་པ་དང་། །ཆོས་དབང་ཕྲིན་ལས་དབུས་སུ་རྫོངས་ཆས་དང་། །སློབ་དཔོན་འདས་པའི་གཤེགས་རྫོངས་བྱེད་པ་དང་། །དྲུང་པ་དང་ནི་ཆོས་སྒོ་བ་སོགས་ལ། །ཕྱག་རྟེན་འབུལ་བ་མཚོན་ཙམ་མ་གཏོགས་པ། །ཧ་ཅང་རླབས་ཆེན་བྱ་བ་མ་འགྲུབ་བོ། །དེ་ཚེ་མཁས་གྲུབ་ལུང་རིགས་ཉི་མ་ནི། །སྐུ་མདུན་སི་ཏུས་གདན་དྲངས་ཀརྨར་ཕེབས། །དེ་ཞོར་ཕར་ལམ་ཚུར་ལམ་ཞལ་མཇལ་ཞིང་། །དབང་ལུང་འདོད་པ་ཡོད་པ་འགའ་རེ་ཐོབ། །རིན་རྒྱལ་འདས་པའི་གདུང་སྦྱངས་སོགས་གྲུབ་ནས། །རང་ལོ་སོ་བདུན་བྱ་ལོའི་ལོ་མཇུག་ལ། །མཚམས་བསྡམས་ལོ་གྲངས་བཅུ་གསུམ་དམ་བཅའ་བྱས། །དྲུང་པ་དང་ནི་ཆོས་སྒོ་བ་གཉིས་ལ། །ལོ་གྲངས་བཅུ་གསུམ་མཚམས་ལ་འདུག་པ་དང་། །མ་ཤི་བར་དུ་གྲོང་ཆོག་སྤང་བ་ཡིས། །དམ་བཅའི་ཞུ་ཡིག་དག་ཀྱང་ཕུལ་བྱས་པས། །ཆོས་སྒོ་བ་ཡི་ལེགས་སོའི་བཀའ་ཤོག་དང་། །དུང་གི་ཆིབས་ཆས་བཟང་པོའི་གནང་སྦྱིན་བསྐུར། །མཚམས་སྒྲུབ་བར་ཆད་ཆེ་བའི་རྟགས་བྱུང་བས། །ཟླ་གཅིག་བར་དུ་གེགས་སེལ་སྲུང་ཟློག་བྱས། །དེ་ནས་བདེ་མཆོག་ཕག་མོའི་སྒྲུབ་

p. 166

པ་བྱས། །དེ་ནས་རང་ཉིད་ཤི་ཡང་འགྱོད་མེད་ཕྱིར། །ཆོས་དབང་ཕྲིན་ལས་པདྨ་རིག་འཛིན་དང་། །དོན་གྲུབ་ལ་སོགས་གྲྭ་པ་འགའ་ཟུང་གཏུགས། །སྔོན་འགྲོ་བཞི་སྦྱོར་ཉམས་ལེན་འབད་བཞིན་དུ། །སྒྲུབ་ཐབས་རྒྱ་མཚོ་ལ་སོགས་དབང་ལུང་རྣམས། །སྔར་མ་ཐོབ་པ་ཐམས་ཅད་ཚར་བར་བྱས། །དེ་ནས་མཚམས་སྒོ་འདག་འཆར་ངག་འཁོར་ཡུག །ཤིན་ཏུ་མཚམས་བསྡམས་ཐུགས་རྗེ་ཆེན་པོ་ཡི། །སྒྲུབ་པ་ཕྱག་ཆེན་གཉིས་པོ་ཁོ་ནར་འབད། །པདྨ་རིག་འཛིན་གསེར་ཞོའི་ཁ་འདེབས་དང་། །བཟོ་བོ་བྱས་ཏེ་ཨོ་རྒྱན་གསེར་སྐུ་ནི། །རྐང་གང་ཙམ་ཞིག་བྱོན་ལེགས་ལེགས་པར་བཞེངས། །ངག་བཅད་དམ་ཡང་ངག་གཏམ་བུག་སྒོ་ནས། །གུར་དྲག་སྤྱོད་གཞུང་ངག་ཁྲིད་རྒྱས་པ་དང་། །རྡུལ་བྱང་ངོས་ནས་ཁྲིད་ཆུང་བྱས་པ་ཡིས་། །པདྨ་རིག་འཛིན་བྱ་བཏང་རྟོགས་ལྡན་བྱས། །མཚམས་བསྡམས་ལོ་གསུམ་རྩེ་གཅིག་བསྒྲུབས་པ་ཡིས། །རྟགས་མཚན་ཐོན་ཅིང་ཉམས་རྟོགས་རྩལ་ཆེན་སྐྱེས། །དེ་ནས་ཕག་ལོར་མ་མ་ཨ་དབྱི་འཆུགས། །སྐས་བཙུགས་སྔས་མགོར་འཕོ་བ་འདེབས་པ་དང་། །མཚམས་ཁུང་ཉིད་ནས་སྦྱིན་སྲེག་བླུགས་པར་བྱས། །མོ་རང་ལོ་བར་ཡིག་དྲུག་ཇོ་ཕོམ་

p. 167

སོགས། །ཚ་བོ་བདག་གིས་དྲིན་ལན་སོད་པར་སེམས། །བྱི་བའི་ལོ་ལ་དྲུང་པའི་སྤྲུལ་སྐུ་ཕེབས། །རི་ཁྲོད་གདན་དྲངས་བསྙེན་བཀུར་ཅི་འབྱོར་དང་། །མཚམས་ཁུང་དུ་མཇལ་གསང་འདུས་གསང་སྒྲུབ་ཞུས། །དེ་ནས་རིམ་པར་རྒྱུན་དུ་ཆོས་དབང་གིས། །གྲོང་ཆོག་ང་ཡི་མཚམས་གཡོག་ཁུར་ཁྱེར་བས། །དཔོན་རིགས་གང་དྲག་རྣམས་ཀྱི་སྲུང་ཁ་སོགས། །གདུལ་བྱ་ཡང་ནི་ཇེ་ཆེར་སོང་གྱུར་ཅིང་། །ཕྲིན་ལས་ལོ་གསུམ་བཞུགས་པའི་གྲོང་ཆོག་གིས། །འབྲིམ་སྒོ་ཆེ་ཞིང་ཆར་འབོད་སྨྱོ་འདུལ་སོགས། །ང་རང་དུས་དང་འདྲ་བར་ཕན་ཐོགས་ཆེ། །རང་གི་རྟོགས་ལྡན་ཀརྨ་མགོན་པོ་ཡང་། །གནས་སྐོར་ལན་གཉིས་འཁོར་ཞིང་རྒྱབ་རིས་ལ། །ཏི་སེ་བལ་ཡུལ་འབྲས་མོ་ཚུན་ཆད་འཁོར། །དོན་གྲུབ་ཆོས་འཕེལ་ལ་སོགས་གྲྭ་པ་འགའ། །ཇོ་མཇལ་སོང་བའང་མགོ་ཐོན་གནས་རི་འཁོར། །དེ་ནས་རང་གི་རྨི་ལམ་དང་མཐུན་པའི། །བདེ་ཆེན་ཞིང་བཀོད་ཐུབ་པ་གནས་བཅུ་དང་། །འོད་དཔག་སྟོང་སྐུ་ཞི་དྲག་ལ་སོགས་པ། །ཆོས་དབང་ཀུན་བཟང་ཉིད་ཀྱིས་གེལ་དུ་ཡང་། །སངས་རྒྱས་སྟོང་སྐུ་གནས་བཅུ་རྣམ་སྲས་དང་། །དཀྱིལ་ཐང་རྣམས་དང་མ་ཎི་ཁྲི་མཁར་

p. 168

ཐོན། །དེ་དག་རབ་ཏུ་གནས་དང་བསྔོ་སྨོན་བྱས། །ཐུགས་རྗེ་ཆེན་པོའི་སྒྲུབ་པ་ལོ་གསུམ་སོང་། །སྦྱིན་སྲེག་ཁ་བསྐང་ལེགས་པར་གྲུབ་ནས་ཀྱང་། །གཞན་དོན་ཆུ་བོ་དབྱིངས་ཁྱབ་ལས་སྦྱོར་དང་། །གསུང་རྟེན་མཐོང་གྲོལ་པར་བཏབ་བཀྱེ་བ་དང་། །མཆོད་རྟེན་མཐོང་གྲོལ་བརྡ་ཙམ་བཞེངས་པའང་བྱས། །ཉམས་དང་རྟོགས་པ་སྔར་དང་མི་འདྲ་སྐྱེས། །ཆོས་དབང་དང་ནི་ཕྲིན་ལས་གཉིས་པོས་ཀྱང་། །ལོ་རེ་ཟླ་མཚམས་འགའ་ཟུང་ཐོན་པ་དང་།།མདོས་དང་ཞི་ཁྲོ་གཏོར་ཆེན་ལ་སོགས་པ། །ང་རང་སྲོལ་ལུགས་ཇི་བཞིན་མ་ཆག་ཐོན། །ཆོས་དབང་ཀུན་བཟང་ཉིད་ཀྱིས་བསྐུལ་བྱས་པས། །གཤིན་རྗེ་ཁྲོ་ཆུའི་ཟིན་བྲིས་རྒྱས་པར་བྲིས། །དེ་ནས་བླ་མ་རི་པ་བག་ཡོད་བ། །རྟ་ཁྲབ་ལ་སོགས་འབུལ་བ་ཆེར་བསྣམས་ནས། །དེ་ཉིད་ཞུ་ཕྱིར་བྱོན་ཡང་བདག་མ་གཏུགས། །ཆོས་དབང་གིས་ནི་དབང་ལུང་ཕུལ་བྱས་ཏེ། །ཁོང་གིས་ཟླ་བ་གསུམ་ཙམ་བསྒྲུབས་བྱས་ནས། །ནུས་པ་ཆེ་ཞིང་ཟབ་པའི་གྲགས་པས་ཁྱབ། །བདག་གིས་ནན་ལྟར་བཀག་ཀྱང་མ་ཉན་པར། །གྲྭ་པ་གཅིག་ཙམ་རྒྱ་འགྲོས་བྱས་སོང་བས། །ཇ་ནི་མང་དུ་ཡོད་དམ་ཆས་ཀ་རྣམས། །འབྲུག་ལོར་ང་རང་སྤུན་

p. 169

གཉིས་རབ་ཏུན། །སྐུ་རིམ་བར་སྐབས་འདི་ཡིས་རི་བཤུ་དང་། །བཀའ་འགྱུར་ལ་སོགས་གསུང་རིབ་མང་དུ་བཀླགས། །རེ་ཞིག་ཆོས་དབང་བསྙུངས་བས་མདོ་མང་སོགས། །སྔ་ཕྱི་གསུང་རབ་མང་དུ་བཀླགས་པ་སོགས་། །དཀོར་རྫས་ཕལ་ཆེར་དགེ་བའི་ཕྱོགས་སུ་ཐེངས། །པདྨ་རིག་འཛིན་གཉེར་པ་ཆོས་འཕེལ་གཉིས། །བདུད་འདུལ་རྡོ་རྗེ་མཇལ་དུ་སོང་ན་ཡང་། །མ་མཇལ་དཀའ་ལས་ཆེ་ཞིང་ཡུས་ཆེ་བས། །མཚམས་ཁུང་ཉིད་ནས་ཞག་འགའ་དབང་ལུང་བྱས། །དེ་ཞོར་མཐར་ཕྱིན་ཨོ་རྒྱན་རིག་འཛིན་སོགས། །མཚམས་ཀྱི་དམ་བཅའ་ཕུལ་བས་དབང་ལུང་བྱས། །དེ་བཞིན་ལོ་གསུམ་མཚམས་ཀྱི་ཁས་ལེན་ལ། །ཞག་པོ་རེ་ཟུང་ཉེར་མཁོའི་དབང་ལུང་ནི། །བུག་སྒོ་ཉིད་ནས་བྱས་པས་དེ་ཡི་འབྲས་། །པདྨ་རིག་འཛིན་ལོ་གསུམ་ཕྱོགས་གསུམ་དང་། །ཡང་དག་མཐར་ཕྱིན་ཨོ་རྒྱན་རིག་འཛིན་དང་། །ཀརྨ་རྣམ་རྒྱལ་ལྟ་སྒོམ་ལྷུན་གྲུབ་སོགས། །ལོ་གསུམ་མཚམས་སྒྲུབ་ཐོན་པ་འགའ་རེ་བྱུང་། །སྐྱོ་ཐུ་བླ་མར་བར་ཆད་འགའ་བྱུང་བས། །ཡུལ་གཞན་འགྲོའམ་གང་དགའི་བློ་དྲི་བྱུང་། །མཚམས་ལ་སྡོད་སྨྲས་སྐུ་གསུམ་སྒྲུབ་པ་དང་། །སྔོན་འགྲོ་བཞི་

p. 170

སྦྱོར་ཟིན་བྲིས་བསྐུར་བ་ཡིས། །མ་འདས་བར་དུ་མཚམས་བསྡམས་ཐུགས་དམ་འཕེལ། །འདས་ནས་ཐུགས་དམ་བརྟན་ཞིང་རྟེན་ཡང་བྱོན། །གཞན་ཡང་རྡུལ་བྱང་ངོས་ནས་ཁྲིད་ཆུང་འགའ། །བྱས་པས་སེམས་ངོ་ལེགས་པར་འཕྲོད་པ་དང་། །ཁྲིད་ཐོབ་མྱོང་ལ་བོགས་སྐྱེད་ཐོན་པ་དང་། །ཕྱོགས་སུ་གསོལ་འདེབས་ངོ་སྤྲོད་ཕྲིན་ཡིག་ཏུ། །བསྐུར་བས་སེམས་ངོ་གསལ་པོར་འཕྲོད་པ་དང་། །དེ་ཡི་ཡི་གེ་གཞན་གྱིས་མཐོང་བ་དང་། །སེམས་ལ་ཕན་པ་མང་དུ་བྱུང་འདུག་གོ །རང་དོན་མཚམས་སྒྲུབ་རྩེ་གཅིག་བྱེད་ངོས་ནས། །གཞན་ཕན་འགྲོ་དོན་བྱུང་ཚུལ་རྣམ་ཐར་ཡིན། །སྦྲུལ་ལོར་པདྨ་རིག་འཛིན་འགྲོ་དོན་ལ། །བྱོན་སོང་འགྲོ་དོན་རྒྱ་ཆེན་འགྲུབ་འདུག་ཅིང་། །གཏེར་སྟོན་མཇལ་ནས་གཏེར་སར་མང་དུ་ཐོབ། །ལས་ཅན་ཆོས་བདག་ཡིན་པར་མངའ་གསོལ་ནས། །ཟང་ཟིང་འབུལ་བ་བཅས་ཏེ་ལུག་ལོར་སླེབས། །མཚམས་ཀྱི་ཁུང་དུ་གཏེར་ཆོས་གསར་པའང་ཞུས། །དེ་དག་རྣམས་ཀྱི་བསྙེན་སྒྲུབ་ཐེམ་པར་བྱས། །དེ་སྔོན་ལོ་ཆེན་བཀྲ་ཤིས་དཔལ་བཟང་ཕེབས། །འབུལ་བ་ཞུ་ཡིག་བསྐུར་ནས་ཕྲིན་ལས་བཏང་། །ཆོས་ཀྱི་ཕྲིན་པ་བྱས་ཏེ་མི་ཏྲའི་སྐོར། །ཞུས་ཤིང་བསྙེན་པ་དག་

p. 171

ཀྱང་ཐོན་པར་བྱས། །བུང་བས་པདྨའི་ཚལ་ནས་བཅུད་སྡུད་ལྟར། །ཆོས་ལ་ཕྱོགས་རིས་སྤངས་པའི་རྣམ་ཐར་ཡིན། །རང་ལ་བསྔོ་རྟེན་བྱང་ཞུས་མང་བ་དང་། །ཆོས་དབང་གྲོང་ཆོག་གདུལ་བྱ་ཆེ་བ་རྣམས། །ཞི་ཁྲོའི་ཕོ་བྲང་དབང་ཙཀ་ཞལ་ཐང་སོགས། །ཕལ་ཆེར་ཆུད་མ་ཟོས་པར་དགེ་ཕྱོགས་བསྒྲུབས། །རྟོགས་ལྡན་ཤེས་རབ་འདས་པའི་གདུང་སྦྱངས་དང་། །ཆོས་ཀ་ཅུང་ཟད་ཅི་འདུག་རྗེས་འབྲངས་བྱས། །རྟ་ལོའི་ལོ་མཇུག་ཉམས་དང་རྨི་ལམ་ལ། །བསྟུན་ནས་མི་འགྱུར་རྡོ་རྗེ་ངོས་འཛིན་དང་། །ཁྲི་འདོན་དབང་ལུང་ཕུལ་ཞིང་རང་ཉིད་དང་། །མཉམ་དུ་མཚམས་བསྡམས་བསྒྲུབས་པ་བྱས་པའི་ཚེ། །བར་ཆད་ཐུགས་རླུང་ལ་སོགས་བསྙུང་གཡོག་དང་། །གསོལ་དཔོན་གཟིམས་དཔོན་སྐུ་རྫི་དགེ་རྒན་དང་། །སློབ་དཔོན་ཐམས་ཅད་རང་གིས་གོ་ཆོད་བྱས། །ཐུགས་དམ་ཅུང་ཞིག་ཚགས་པར་གྱུར་ན་ཡང་། །ཨུ་རྒྱན་རྗེ་ཡི་བསྟན་པའི་ཆགས་ཕྱི་བསམ། །རིམ་གྱིས་བར་ཆད་ཞི་ཞིང་ལས་འཕྲོ་སད། །སྔོན་རེབས་སྐྱེ་བ་དཔག་མེད་དྲན་པ་དང་། །ལྷ་འདྲེ་ཀུན་གྱིས་གཟུགས་སྟོན་སྲོག་སྙིང་ཕུལ། །སངས་རྒྱས་བྱང་སེམས་དཔག་མེད་ཞལ་གཟིགས་ཤིང་། །གནམ་

p. 172

ཆོས་སྤོད་ཆུང་བཅུ་གསུམ་ཙམ་བྱུང་བས། །ཕལ་ཆེར་རང་གིས་ཡིག་མཁན་བྱས་པ་ཡིས། །དེ་དག་ནས་གསུངས་སྤྲུལ་སྐུའི་སྐུ་རིམ་དང་། །གཏེར་སྒྲུབ་རྣམས་ཀྱང་ལུང་བཞིན་བདག་གིས་བསྒྲུབས། །དེ་དུས་ཀཿཐོག་འགྲིམ་ཞིག་བྱུང་བ་ལ། །བྱིན་རླབས་རྟེན་དང་ལམ་ཆས་ཞུ་ཡིག་སོགས། །ཨུ་རྒྱན་ཐུགས་ཀྱིས་མ་ཁྲེལ་བ་ཞིག་བྱས། །སྤྲུལ་སྐུ་ཆབ་མདོར་རབ་བྱུང་བྱེད་དགོས་སོགས། །བྱ་ཐབས་དཀའ་བའི་སེམས་ཁྲལ་ཆེར་བྱུང་ཡང་། །ཨོ་རྒྱན་རྗེ་ལ་རྩེ་གཅིག་གསོལ་བཏབ་པས། །རྐྱེན་དབང་མ་ཤོར་རྒྱུ་བཏང་ཆོག་ཙམ་བྱུང་། །ཨོ་རྒྱན་བསྟན་ལ་ཕན་པའི་རྣམ་ཐར་ཡིན། །དེ་ནས་མཚམས་ཀྱི་དམ་བཅའ་རིང་མོ་ཡང་། །ལོ་ངོ་བརྩིས་ན་བཅུ་བཞི་ཙམ་སོང་ཞིང་། །ཧྲིལ་པོ་བཅུ་གསུམ་ཅུང་ཟད་མ་ལོང་ཙམ། །སྤྲུལ་སྐུ་འབུལ་བ་བྱས་ཏེ་ཡུམ་སར་ཕོག །རང་ལོ་ལྔ་བཅུ་ཁྱི་ལོའི་ཆོ་འཕྲུལ་ཟླར། །མཚམས་གྲོལ་ཨ་ནུ་རྣམས་ཀྱིས་ཆོས་ཚུགས་ཟེར། །ཞི་ཁྲོའི་སྒྲུབ་ཆེན་དབང་ཁྲིད་སྦྲག་མ་དང་། །ཕྱི་དྲོ་ཕྱག་ཆེན་ཉུང་ཆོས་རེ་བཤད་ཅིང་། །པདྨ་རིག་འཛིན་ལ་ཡང་བཤད་དུ་བཅུག །ཁྲོམ་པ་རྒྱས་དུས་སྟོང་ཕྲག་བཞི་ཡོད་ཟེར། །ཁྲིད་ཕྲུག་ཀྱང་ནི་ལྔ་བརྒྱ་མི་ཚད་དོ། །དེ་དུས་སེམས་ངོ་

p. 173

འཕྲོད་པ་མང་དུ་བྱུང་། །སེར་མོ་ཆོས་ཞུས་པ་ཡང་མང་དུ་སྣང་། །ཟང་ཟིང་འབུལ་བ་དག་ནི་ཆར་ལྟར་བབ། །འཇང་གྲྭ་བསམ་གཏན་རྒྱ་མཚོ་མཇལ་དུ་བྱུང་། །དབང་བཀའ་ཡ་ཟུང་ཕུལ་ཞིང་གལ་ཏེ་ནི། །གློ་བུར་འདས་པ་ལ་སོགས་བྱུང་ན་ནི། །འདི་ལྟར་མཛོད་ཅེས་ཐུགས་དམ་སྐུལ་མ་ཕུལ། །རིང་པོར་མ་ཐོགས་འདས་པས་ཐུགས་དམ་ཟིན་། །ཉམས་ལེན་མི་བྱེད་ཐུགས་དམ་མེད་པ་དེ། །ཐུགས་དམ་བཞུགས་པ་མཚར་ཟེར་མི་རྣམས་གླེང་། །དེ་ནས་ལྷོ་པ་སྤྲུལ་སྐུའི་བཀའ་ཤོག་ལ། །དགོངས་འདུས་དབང་ལུང་ཁྱེད་ལ་འཕྲོད་དགོས་པ། །འབྲི་གུང་ཞབས་དྲུང་བཀའ་བཀོད་ཡིན་པས་ན། །མ་འཕྲོད་ན་ནི་ང་ཡང་དབུས་འབྱོན་དགོས། །ཞབས་དྲུང་ཉིད་ཀྱིས་བཀའ་བཀྱོན་འོང་དོགས་པས། །མྱུར་དུ་ཤོག་གསུངས་ཡི་གེ་བང་ཆེན་ནི། །ལན་གྲངས་བཞི་ཙམ་བཏུད་ནས་བྱུང་བས་སོང་། །དགོངས་འདུས་སྒྲུབ་ཆེན་དང་སྦྲག་བཀའ་རྫོགས་གནང་། །ངེས་ཤེས་དག་སྣང་ཞག་རེ་སོང་བཞིན་འཕེལ། །དད་པའི་གདུང་ཤུགས་མཆི་མ་ཆར་ལྟར་བབ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་སོགས། །དབང་ལུང་འགའ་རེ་གསན་བཞེད་འདུག་པ་ཕུལ། །གྲྭ་ཚང་

p. 174

རྣམས་ལ་མགོན་པོའི་དབང་ཡང་ཕུལ། །ཞབས་དྲུང་ན་བཟའ་ཆ་རུ་མ་དང་ནི། །དབུ་ཞྭ་ལ་སོགས་གནང་སྦྱིན་ཆེན་པོ་དང་། །གདན་མཐོ་ཕྱག་ལན་ལ་སོགས་ཆེ་བཀུར་མཛད། །དེ་ནས་ཡོན་བདག་ཤུ་གུ་བུ་དང་ནི། །ལྷོ་པས་གཞིས་ལེན་མཛད་ནས་ཆམ་གཤིས་སུ། །ཞི་ཁྲོའི་དབང་ཁྲིད་སྦྲེལ་མ་བཙུགས་པ་ཡིས། །ཁྲིད་ཕྲུག་ཀྱང་ནི་བརྒྱ་ཤར་ཨེ་ཡོད་ཙམ། །ཁྲོམ་ཚོགས་ཀྱང་ནི་སྟོང་ཕྲག་ལྷག་ཙམ་དང་། །ནས་སོགས་ཟང་ཟིང་ཀྱང་ནི་མང་དུ་བྱུང་། །སྔགས་པ་མང་པོར་རྙིང་མའི་དབང་ལུང་ཕུལ། །སོག་གའི་དགེ་འདུན་པ་རྣམས་ཆོས་ཞུར་བྱོན་། །དེ་དག་ལ་ཡང་འདོད་ཆོས་དབང་ལུང་ཕུལ། །སྔགས་པ་ཤིན་ཏུ་མང་བ་ཐམས་ཅད་ལ། །དྲེགས་པའི་སྲོག་དབང་དགོས་ཟེར་ནན་ཆེ་བས། །བྱས་མ་ཐག་ཏུ་སེར་བ་ཆེན་པོ་དང་། །གྲྭ་པ་ནད་པ་ཡོད་པ་རབ་ཏུ་ཐུ། །གྲྭ་པ་ནད་པ་གཅིག་ཀྱང་ཤི་བར་གྱུར། །དེ་ཚེ་སྔགས་འཆང་དམ་ཆོས་ལ་སོགས་ཀྱིས། །བླ་མ་གཞན་འགས་དྲེགས་པའི་སྲོག་དབང་ནི། །ཁྲོམ་ལ་བྱས་ཀྱང་རྩུབ་ཉམས་མི་འོང་བ། །ནུས་པ་མེད་པའི་རྟགས་ནི་ཡིན་པ་འདྲ། །ཟེར་ཞིང་ནུས་པར་ལྡན་པའི་ངེས་ཤེས་བྱས། །དེ་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་

p. 175

རུ། །འབྲི་སྟག་གསུང་དང་གཏེར་ཡིག་ཞལ་འཆམས་པ། །རཏྣ་བི་ཛ་ཡ་བསྙུངས་གདན་འདྲེན་བརྒྱུད། །དེར་སོང་ཐབ་བསུ་ལ་སོགས་ཆེ་བཀུར་དང་། །རྒྱལ་པོ་མཆེད་གཉིས་སྲས་དང་བཙུན་མོ་དང་། །བློན་པོ་ཚོགས་ཀྱིས་གུས་ཞབས་བཀུར་སྟི་གཟབ། །ལྷོ་པ་སྤྲུལ་སྐུ་ཡང་ཅིག་དེར་ཕེབས་ནས། །ང་ནི་ལན་གཅིག་དབུས་སུ་ཕེབས་དགོས་པས། །བར་སྐབས་འདི་ན་བསྙེན་སྒྲུབ་ཐེམས་པ་སོགས། །ཁྱོད་ལས་དྲགས་པ་གཞན་ཞིག་མི་སྣང་བས། །ཆོས་རྒྱལ་འདི་ཡི་སྲུང་ཁ་གང་དྲགས་མཛོད། །ཁག་ནི་ཕོག་འགེལ་ལྟ་བུ་ཡིན་ནོ་གསུངས། །ཞུག་ནི་བཅོ་བརྒྱད་བར་དུ་དབང་རྣམས་ཕུལ། །ད་རུང་རྗེས་གཅོད་གཏོར་རྒྱག་བྱེད་དགོས་གསུངས། །དེ་ལྟར་བྱས་ན་གདོན་དང་བྱད་ཁ་ཆེ། །ཕུགས་སུ་ཕན་ཡང་འཕྲལ་དུ་རྩུབ་ཡོངས་ཞུས། །ཅིས་ཀྱང་དགོས་གསུངས་གཏོར་རྒྱག་སྦྱིན་སྲེག་བྱས། །ཐོག་བརྒྱབ་བདག་གི་འབྲི་ནི་གཉིས་བསད་ཅིང་། །ཟེར་མ་འདྲ་བས་དུས་དེར་རྟ་ཡང་ཤི །རྒྱལ་པོ་ཡང་ནི་སྐུ་ཁམས་རིམ་པ་རུ། །བདེ་བར་འགྱུར་བར་ལུང་བསྟན་ཐོག་ཏུ་བབ། །འབུལ་བ་ལ་སོགས་ཤིན་ཏུ་ལེགས་པར་མཛད། །དེ་ནས་འབྲོང་པས་གདན་དྲངས་གོ་བར་

p. 176

ཕྱིན། །ཞག་བདུན་དབང་བཙུགས་ཆོས་འབྲེལ་འགའ་རེ་དང་། །རྟ་ནོར་འབུལ་བ་དག་ནི་ཆར་བཞིན་བབ། །སྔགས་པ་འགའ་ལའང་དབང་ལུང་འགའ་རེ་ཕུལ། །དད་རྟེན་གསང་ཆབ་ཞབས་དབང་དགོས་ཟེར་བས། །དེ་འདྲའི་བབ་ཐོབ་བྱ་བྲལ་ང་ལ་མེད། །དད་རྟེན་གྱིས་སྨྲས་སྐྱེས་རབས་ཟུར་ཙམ་ཞིག །བྲིས་ནས་གཏད་པས་ཁོང་རྣམས་མགུ་བར་གྱུར། །དེ་ནས་གསང་བ་ལུས་མེད་རྡོ་རྗེ་རྒྱུད། །ཚང་སར་བ་ཡིས་གདན་དྲངས་དེ་རུ་སོང་། །ཁྲིད་ཆུང་བཙུགས་ཤིང་དབང་ལུང་མང་དུ་ཕུལ། །བརྒྱ་འབུལ་ལ་སོགས་ཡབ་སྲས་ཕེབས་ལྟར་བྱས། །དེ་ནས་མདོ་ཁམས་སྐྱོང་མ་ཆེན་མོ་སྟེ། །ཇོ་མོ་གཡུ་སྒྲོན་རི་ཡི་མགུལ་དུ་སོང་། །གསས་མཁར་བརྩེགས་ཤིང་རྟེན་འབྲེལ་ལེགས་ཚོགས་བསྒྲིགས། །དེ་ཡང་ཚང་སར་འབྲོག་སྡེའི་འབུལ་བ་བྱུང་། །ཚང་སར་བླ་མས་ཚུགས་མ་འགའ་ཟུང་བསྐྱལ། །རྩ་བའི་བླ་མར་འཛིན་པའི་དད་འདུན་མཛད། །བན་ཁྲལ་ལྔ་ཙམ་སྐྲ་ཕུད་ཕུལ་བ་བླངས། །དེ་ནས་ཤོར་ལུང་དུ་སླེབས་སྔགས་པ་འགས། །ཞུས་པའི་དབང་དང་ཁྲིད་སོགས་དབང་ལུང་ཕུལ། །ཟང་ཟིང་ལོངས་སྤྱོད་རང་གཞན་ཧ་ལས་གྱུར། །དེ་ནས་ངོམ་དུ་སླེབས་ནས་ཆབ་མདོར་མཇལ། །

p. 177

ཆོས་རྗེ་ཚང་ལ་བརྒྱ་འབུལ་བཀྱག་པ་དང་། །འཚོགས་ལ་མང་ཇ་དགེ་སློང་མར་འགྱེད་སོགས། །རྟ་ནོར་བརྒྱད་ཅུ་ལྷག་གིས་གཏོང་སྒོ་བྱས། །རྫ་མོ་མན་ཆད་ཆབ་མདོ་ཡན་ཆད་ཀྱི། །རི་བཤུ་མང་ཇ་བླ་མ་དགོན་སྡེ་ལ། །གང་འོས་འབུལ་བ་ལ་སོགས་འགྲུབ་པ་དང་། །མི་འགྱུར་རྡོ་རྗེར་རྟ་ནོར་ལྔ་བཅུ་ཕུལ། །ཆབ་མདོ་བླ་གཉེར་ཐུགས་བཏགས་གནང་སྦྱིན་བཟང་། །ཆོས་རྗེའི་དྲུང་ནས་རྗེས་གནང་ཡ་ཟུང་གནང་། །གཉེར་པ་རྣམ་སྲས་ཀྱིས་ཀྱང་ཕྱག་འཚལ་ཞིང་། །བསོད་ནམས་ཁ་བཏགས་བཏང་ཞིང་གཙང་ཐེར་གྱི། །ཤམ་ཐབས་ཕུལ་ནས་རྒྱུན་དུ་མནབ་དགོས་གསུངས། །བླ་མ་གནས་པོ་སོ་སོས་གདན་འདྲེན་དང་། །སོ་སོའི་འབུལ་བ་དགོན་གསེབ་བསྔོ་ཞུས་དང་། །ལྐོག་ཏུ་དབང་དང་བྱིན་རླབས་ཞུས་པ་མང་། །པདྨ་རིག་འཛིན་བཀའ་བཀྱོན་ཆེ་ན་ཡང་། །ལག་ངན་མི་བཞག་ཁྱོད་ཀྱི་ངོ་ཡིན་གསུངས། །དེ་ནས་རི་ཁྲོད་ཕྱིན་ནས་ཟླ་གཉིས་ཙམ། །དཔོན་སློབ་བརྒྱད་དགུས་སྒྲུབ་ཕྲན་འུར་འདོན་བྱས། །བླ་མ་དགོངས་འདུས་སྒྲུབ་ཆེན་བཀའ་གཉན་ཡང་། །བར་ཆད་མ་བྱུང་ནམ་མཁར་འཇའ་འོད་སོགས། །ཡ་མཚན་རྟགས་ཐོན་རང་གཞན་ཡིད་ཆེས་

p. 178

འཕེལ། །དེ་ནས་ནང་ཆེན་པ་ཡི་གདན་འདྲེན་བྱུང་། །ཉིན་ཕུག་ཐད་དུ་ཞག་པོ་གཅིག་ཙམ་བསྡད། །འབྲུག་པ་ཚང་དང་བླ་མ་རྒྱལ་དབང་བས། །གདན་དྲངས་དག་སྣང་བཀུར་སྟི་ལེགས་པར་བྱས། །དེ་ནས་ཆུ་སྐོར་མདོ་རུ་སླེབས་པ་དང་། །ཁེ་ཁར་དཔོན་སོགས་ཡོན་བདག་འགའ་རེ་ཡིས། །ཞུས་པའི་ཁྲིད་དང་དབང་སོགས་ཞག་འགའ་བྱས། །གདུལ་བྱ་བཀུར་སྟི་རབ་ཏུ་བཟང་བ་དང་། །བཙན་སར་ཞིག་གི་གསོལ་ཀ་གསས་མཁར་བརྩིགས། །ཆུ་གཉན་གནས་བདག་དེ་ཡི་བསང་ཡིག་བྲིས། །དེ་ནས་རྡོ་བྲང་རོང་རིས་ལ་སོགས་སུ། །ཞག་འགའ་དབང་ལུང་གདུལ་བྱ་ཆེ་བར་བྱུང་། །དེ་ནས་དཔེ་ཁུ་བྲག་ཏུ་ཕྱིན་པ་ཡིས། །པདྨ་རིག་འཛིན་གཞི་ལེན་སྟོན་མོ་དང་། །ནང་ཆེན་བ་ཡིས་ཁྲིད་ཀྱི་གཞི་བཏིང་ནས། །ཞི་ཁྲོའི་དབང་ཁྲིད་ཕྱག་ཆེན་ཉུང་ཆོས་སྤེལ། །ཁྲོམ་ཚོགས་ཀྱང་ནི་ཤིན་ཏུ་ཆེ་བ་དང་། །ད་འགྲོ་རན་ཀྱང་ཆོས་རའི་ཚེ་ལ་བསྡད། །འབྲུག་ལུགས་རྟོགས་ལྡན་བཟང་པོ་འགའ་དང་ནི། །རྟགས་པར་དབོན་པོ་བླ་མ་མགོན་པོ་སོགས། །དེང་སང་བླ་དགེ་མང་པོས་དབང་ཁྲིད་གསན། །ཚབ་ཤི་བླ་མས་གདན་དྲངས་དབང་ལུང་གསན། །སྤྱི་རྒྱལ་དཔོན་

p. 179

གྱིས་གདན་དྲངས་གྲྭ་པ་རྣམས། །ཁྱིམ་དུ་བཀའ་བརྒྱད་མདོས་དང་ཞི་ཁྲོ་བླུགས། །བདག་ནི་རྒྱང་དུ་བསྡད་ནས་དབང་དང་ནི། །དགེ་བསྙེན་གནས་པའི་མཚོ་ལ་མཆོད་འབུལ་བྱས། །བདག་གིས་སྨྲས་ལྟར་བསྲུངས་བ་མུས་ཀྱིས་བདེ། །བཀུར་སྟི་གུས་ཞབས་ཚད་ལས་འདས་པ་བྱས། །དེ་ནས་ཝ་དྲག་ཕུ་རུ་ཟླ་ཤས་ཤིག །ངལ་གསོས་གྲྭ་པ་ང་རྣམས་ལ་དབང་ལུང་དང་། །འཕོ་བའི་ཁྲིད་བཙུགས་སོ་སོར་རྟགས་ཐོན་གྱུར། །དཀྱིལ་ཚ་བླ་མས་གདན་དྲངས་བཀུར་སྟི་དང་། །རྩོང་མདའི་དགོན་པ་རྣམས་ཀྱིས་དབང་ལུང་གསན། །དེ་ནས་དབའ་སའི་ཤོགས་སུ་ཞག་གསུམ་ཙམ། །དབང་ཞུ་འབུལ་བ་དག་ཀྱང་རྒྱ་ཆེར་བྱུང་། །ཨུ་རྒྱན་ཆེན་པོས་བཞེངས་པའི་མཆོད་རྟེན་རྩར། །ཉིན་གཅིག་ཕྱིན་ནས་གུ་རུའི་དབང་ཡང་བྱས། །དེ་ནས་ཚང་སར་གདན་ཞུས་བཀའ་ཤོག་ལྟར། །ལ་གོང་དུ་ཕྱིན་ཁྲིད་དང་དབང་བཙུགས་པས། །དཀྱིལ་ཚ་བླ་མ་ཚང་སར་སྐུ་མཆེད་དང་། །ལ་གོང་བ་དང་རྩོང་མདའི་དགེ་འདུན་རྣམས། །དབང་ལུང་འགྲོ་དོན་རབ་ཏུ་ཆེ་བ་དང་། །ཟང་ཟིང་གདུལ་བྱ་ཡང་ནི་མང་དུ་བྱུང་། །དེ་ནས་ར་ཛཱ་རྫོང་དུ་ཞག་བདུན་བར། །མགོན་པོ་བསྙེན་པའི་

p. 180

ཁོང་ནས་ཚང་སར་བ། །སྐུ་མཆེད་བཞེད་པ་ལྟར་དུ་དབང་ལུང་དང་། །ས་ཆེན་ཀུན་སྙིང་སྒ་ལོའི་གདུང་འབུམ་ལ། །ཕྱག་དང་སྐོར་བ་དར་ལྕོག་བཙུགས་པ་དང་། །གནས་དེའི་གནས་ཡིག་གནས་བསྟོད་ཚུལ་དུ་བྲིས། །དེ་ནས་ནང་ཆེན་སྒར་དུ་ནང་ཆེན་པ། །སྐུ་མཆེད་བཙུན་མོ་སྲས་དང་བཅས་པ་ལ། །ཚེ་དབང་བརྒྱ་རྩ་འབུལ་དང་ཚེ་སྒྲུབ་བྱས། །བཀུར་སྟི་གུས་ཞབས་དག་ཀྱང་དཔག་མེད་ཅིང་། །ཆོས་ཀྱི་རྒྱལ་པོར་བྱང་ཆུབ་སེམས་བསྐྱེད་ཕོག །དེ་རྗེས་དེ་རུ་དྲུང་པ་ཕེབས་པ་ལ། །རྟ་ནོར་བརྒྱ་ལྷག་ཙམ་གྱི་འབུལ་བ་དང་། །དབང་ལུང་འགའ་ཡི་འབྲེལ་བ་གནང་བ་ཐོབ། །གྲྭ་པ་རྣམས་ལ་མ་མགོན་དབང་ཕུལ་ཞིང་། །དྲུང་པར་བརྟན་བཞུགས་གཟའ་ཡི་བཀའ་གཏད་ཕུལ། །དེ་ནས་རྟ་རྣ་དགོན་དུ་སོང་བ་ཡིས་། །སྤྱི་པས་ཞུས་ནས་ལྔ་ལྡན་ཁྲིད་ཆུང་དང་། །དབང་ལུང་འབྲེལ་པ་རྒྱ་ཆེན་ཞུ་བ་ཕུལ། །རྟ་རྣ་དགོན་གསར་བ་ཡིས་དབང་ལུང་ཞུས། གཟིམས་ཁང་བར་ཆད་ཞུགས་ཞེས་རྣམ་རྟོག་ལང་། །སྦྱིན་སྲེག་ལ་སོགས་བར་ཆད་རྐྱེན་སེལ་བྱས། །དགེ་ཚུལ་དགེ་སློང་དྲུག་བདུན་བསྒྲུབས་པ་དང་། །གནས་བསྟོད་བྲིས་ཤིང་སྐོར་བའི་ཐིག་ཚད་ཉིན། །རྒྱབ་རིའི་

p. 181

མགུལ་དུ་འཇའ་ནི་དར་ཡུག་འདྲ། །དེ་ནས་འོ་ཇོ་མཇལ་དུ་སོང་བ་ལ། །ལམ་དུ་མཇལ་མཁན་གདུལ་བྱ་མང་བ་དང་། །ཁ་བ་ལྷགས་པ་དཀའ་ཚེགས་ཆེ་ན་ཡང་། །སྒྲིབ་པ་སྦྱང་ཕྱིར་སྙིང་རུས་བསྐྱེད་དེ་ཕྱིན། །ཚུག་མ་འགའ་ཟུང་སོ་ནས་མཇལ་མཁན་སོགས། །རྒྱུས་མེད་ཡུལ་དེར་ཡབ་སྲས་ཕེབས་ལྟར་བྱས། །ཕྱི་ཉིན་གནས་ཀྱི་རྩེ་དེར་འཇའ་ཚོན་ཟུག ༣མིག་མཐོང་ལྷབ་ཁ་བ་ཅིག་འདུག་པ་དེས། །རུ་བ་གཞན་ནི་བུད་ནས་སོང་ན་ཡང་། །བུད་མེད་རྒྱན་ལྡན་རས་དཀར་གྱོན་པ་འགས། །གནས་འདིར་བླ་མ་བཟང་པོ་ཕེབས་ཤིང་ཡོད། །ཟེར་བའི་ལུང་བསྟན་བྱུང་བས་ཁོང་ཚང་གི །རུ་བ་མ་སྐྱས་བསྒྲུགས་པ་ཡིན་ནོ་ཟེར། །གནས་དེར་གནས་བསྟོད་མགུར་མ་ཞིག་ཀྱང་བྱས། །དེ་ནས་སྲམ་གྱི་མི་ཆེན་ཟིལ་བཟང་རྩར། །ལྷོ་པ་སྤྲུལ་སྐུ་དབུས་ནས་ཕེབས་པ་མཇལ། །རྟ་ནོར་སུམ་ཅུ་སོ་གྲངས་ཙམ་ཞིག་ཕུལ། །དབང་ལུང་འབྲེལ་པ་ཐོབ་ཅིང་སྟག་ལུང་པའི། །སྐུ་གཟན་ལ་སོགས་གནང་སྦྱིན་བཟང་པོ་དང་། །གདན་མཐོ་ཕྱག་ལན་ལ་སོགས་བདག་རྐྱེན་མཛད། །རྟ་མགྲིན་ལྷ་ལྔའི་དབང་ལུང་བཞེད་གསུངས་ཕུལ། །དེ་དུས་འབྲོང་པ་བསམ་འགྲུབ་ཤོག་ཁ་ཡིས། །

p. 182

ཞག་འགའ་དབང་ཞུས་འབུལ་བ་དཔག་མེད་བྱུང་། །རི་པ་ཡང་དག་དང་ནི་སྔགས་པ་འགའ། །བོན་པོའི་བླ་མ་སྔགས་པ་ལ་སོགས་པ། །སེར་མོ་ཀུན་གྱིས་དབང་ལུང་མང་དུ་ཞུས། །དེ་ནས་རྟ་རྣ་སོགས་ནས་གཟེ་གཞུང་ཕྱིན། །གཟེ་རྒྱལ་མདུན་དུ་གསས་མཁར་བསྟོད་སོགས་བྱས། །འབྲུག་སྒྲ་ཆར་འཛམ་འབབ་ཅིང་ཉི་མ་གསལ། །ཇོ་བོས་དགའ་བའི་རྣམ་འགྱུར་དག་ཡང་བསྟན། །ཨ་འབུམ་རྒྱུད་ཀྱི་དཔོན་ཚང་ཁག་རྣམས་ཀྱིས། །དབང་འབྲེལ་མང་དུ་ཞུས་ཤིང་བཀུར་སྟི་གཟབ། །དེ་ནས་མར་ཐང་ཆོས་རྗེ་ཁུ་དབོན་སོགས། །སྤྱི་སྒེར་རྟ་ནོར་དྲུག་ཅུ་ལྷག་ཙམ་ཕུལ། །ཁུ་དབོན་གཉིས་ལ་ཆོས་འབྲེལ་ལུང་ཡང་ཞུས། །གཙུག་ལག་ཁང་དང་ཡང་དགོན་ལ་སོགས་མཇལ། །སྔོན་དུས་ལྷ་ཁང་ལན་གཅིག་མཇལ་བའི་དུས། །དབུ་རྩེ་དེ་རུ་ཨོ་རྒྱན་མགོན་པོའི་སྐུ། །དངུལ་ལས་གྲུབ་པ་སྐུ་ཚད་ལས་ཆེ་ཙམ། །བེར་དང་དབུ་ཞྭ་བླ་མ་དངོས་འདྲ་བ། །དེ་འདྲ་ཞིག་ནི་གསལ་པོར་མཇལ་བ་ལ། །དེ་དུས་དེ་ཉིད་མི་སྣང་ཅི་ཡིན་བསམ། །སངས་རྒྱས་དབོན་གྱི་དངུལ་སྐུ་བུ་ཆུང་ཙམ། །ཆ་ལུགས་རྡོ་རྗེ་འཆང་གི་ཆ་ལུགས་ཅན། །དེ་ལ་དེ་དུས་མཐོང་སྣང་བྱུང་བར་སྣང་། །དོན་ལ་ཞལ་གཟིགས་

p. 183

ལྟ་བུ་ཡིན་པ་འདྲ། །གནང་སྦྱིན་ལ་སོགས་ཐུགས་འདོགས་བཟང་དུ་བྱས། །སྤྲུག་བཙན་འཛི་རྒྱལ་དགོན་དང་རྣམ་གསུམ་ལ། །ཀ་བསྟོད་གསུམ་བྲིས་བན་དེ་འགའ་ལ་བྱིན། །འབྲུག་པ་དབུ་མཛད་ཀུན་ཤེ་རབ་འབྱམས་པ། །གྲུ་པ་གནས་པོ་རིས་བཞུགས་དཔོན་སོགས་ཀྱིས། །གདན་དྲངས་དེ་དག་རྣམས་ལ་དབང་བསྐུར་བྱས། །བསྔོ་སྨོན་བཀའ་བསྒོ་ཞུ་སོགས་རྣམ་གཡེང་འཕེལ། །དེ་ནས་རིམ་གྱིས་ངོམ་གྱི་སར་སླེབས་ཏེ། །གཙུག་ཕུ་བདེ་བ་སྟེང་དུ་གནས་མལ་ཞིག །ཞག་གསུམ་ཙམ་ལ་དབང་དང་ཆོས་འབྲེལ་བྱས། །དབྱར་ཆུ་རྒྱུས་ཀྱང་ཉེ་ཞོ་མེད་པ་རུ། །རང་གི་གནས་སུ་མགོ་ཐོན་བདེ་བར་སླེབས། །གསང་འདུས་སངས་རྒྱས་སྟོང་སྐུའི་ཕོ་བྲང་སོགས། །བུམ་སྒྲུབ་ཆས་ཀ་རྣམས་ཀྱང་ཆོས་དབང་གིས། །བརྩོན་འགྲུས་བྱས་ནས་ལེགས་པར་བསྒྲུབས་འདུག་ཅིང་། །གསང་འདུས་ཕྱི་སྒྲུབ་གྲྭ་མང་འུར་འདོན་དང་། །ནང་སྒྲུབ་གསང་སྒྲུབ་རྣམས་ཀྱང་རང་གིས་བྱས། །ཆོས་རྗེ་ཞི་བ་བཟང་པོ་ཕེབས་བྱུང་བས། །རྟ་ནོར་ལྔ་བཅུ་ལྷག་ཙམ་འབུལ་བ་བྱས། །གསུང་བཟང་གནང་སྦྱིན་འཇམ་དབྱངས་རྗེས་གནང་གནང་། །དེ་ནས་ལྷ་སྟེང་མཇལ་དུ་ཕྱིན་པ་

p. 184

ཡིས། །དབོན་པོ་དང་ནི་སྤྱི་སྒེར་སོ་སོ་ཡིས། །གདན་འདྲེན་དག་སྣང་ཤིན་ཏུ་ལེགས་པར་བྱས། །སྟོང་ནག་བླ་མ་ཀརྨ་དབང་ཕྱུག་པས། །གདན་མཐོ་ཕྱག་ལན་བཀུར་སྟི་མཛད་པ་དང་། །ཕན་ཚུན་དག་སྣང་རྗེས་གནང་གསན་རེས་མཛད། །སྟོང་ནག་སྤྲུལ་སྐུ་འཇའ་མོ་སྐུ་སྐྱེ་གཉིས། །གཙོར་བྱས་ལྷ་སྟེང་དགེ་འདུན་ཐམས་ཅད་ལ།།པདྨ་འོད་འབར་དབང་ལུང་རྫོགས་པ་དང་། །གནམ་ཆོས་གནས་བཅུ་མ་མགོན་འཁོར་ལྔ་སོགས། །དབང་ལུང་ཡང་ནི་མང་དུ་ཕུལ་གྲུབ་ཅིང་། །ཞོགས་པར་གུར་དང་ལྷ་ཁང་གཉིས་པོ་ནི། །འཇའ་དཀར་དག་གིས་འབྲེལ་པ་ལ་ལས་མཐོང་། །གནས་ཡིག་འབྲི་དགོས་ཟེར་བས་གནས་བསྟོད་བྱས། །དེ་ནས་གླེ་བྲག་སྒྲུབ་པ་མོ་དེ་ཡིས། །ཡུད་ཙམ་གདན་དྲངས་ལུང་དང་གཅོད་དབང་བྱས། །དེ་ནས་ཡོར་སྟོད་ས་གཞི་གཉན་ས་རུ། །སྒར་བརྒྱག་ཆོས་ར་ཚུགས་ཟེར་བཙུགས་པ་ལ། །ཆོན་ཐག་རྒྱུག་དང་ཆུ་བྲན་བསྡུར་བ་སོགས། །དངོས་ཉམས་རྨི་ལམ་ཆོ་འཕྲུལ་ཆེ་ན་ཡང་། །ཏིང་ངེ་འཛིན་གྱིས་གཟིར་བས་ཞི་གྱུར་ཅིང་། །ཁྲིད་པ་ཡང་ནི་ལྔ་བཅུ་ཨེ་ཡོད་ཙམ། །ཁྲོམ་པ་ལྔ་བརྒྱ་ལྷག་ཙམ་འདུག་པ་དང་། །ཞི་ཁྲོའི་དབང་ཁྲིད་སྦྲེལ་མ་བཙུགས་བྱས་

p. 185

ཤིང་། །ཡུལ་འབྲོག་འཁྲུག་པ་ཞིག་ཀྱང་འདུག་པ་སྡུམ། །ཟང་ཟིང་ལོངས་སྤྱོད་འབུལ་བ་མང་དུ་བྱུང་། །དེ་ནས་གདན་ས་ཆེན་པོ་ཀརྨ་མཇལ། །སྐར་མ་བརྩི་སོགས་ཅི་ཡང་མ་བྱས་ཀྱང་། །རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཉིན། །རྒྱལ་ཕུར་འཛོམས་པའི་ཉི་མ་སྔ་དྲོ་ལ། །རི་བོ་ཆེ་བའི་དཔོན་གྱིས་གདན་དྲངས་ནས། །བཀྲ་ཤིས་གསར་མར་སླེབས་ཤིང་སྟོན་མོ་བྱས། །མ་མགོན་སྙན་དར་རྟེན་འབྲེལ་ལེགས་ཚོགས་བསྒྲིགས། །དེ་ནས་ལྷ་སྡེས་གདན་འདྲེན་སྟོན་མོ་དང་། །ཚེ་འབྲོམ་སྐུ་སྐྱེ་ལ་སོགས་བླ་དགེ་ནི། །དགེ་འདུན་པ་ནི་ཚོགས་པ་ཐམས་ཅད་ལ། །གཡེར་མོ་ཆེ་རུ་ཀུན་རིག་ཕག་མོ་དང་། །མ་མགོན་སྔགས་བདག་བདུད་སྲིན་དབང་རྣམས་དང་། །གནམ་ཆོས་གནས་བཅུ་མ་མགོན་ལ་སོགས་ཀྱི། །ཞག་པོ་བཅོ་ལྔར་དབང་ལུང་མང་པོ་དང་་། །འདུ་ཁང་ནང་དུ་ལས་བཞིའི་སྦྱིན་སྲེག་དང་། །དྲག་རིམ་རྣམས་ཀྱི་ཁྱིམ་དུ་གདན་འདྲེན་དང་། །ཚོགས་དབུས་གདན་མཐོ་ལ་སོགས་བཀུར་སྟི་དང་། །བསྙེན་རྫོགས་ཞུ་མཁན་དགུ་དང་དགེ་ཚུལ་ནི། །སྒྲུབ་མཁན་སུམ་ཅུ་ཙམ་དང་བན་གསར་གྱི། །སྐྲ་ཕུད་འབུལ་མཁན་བཅུ་བཞི་ཙམ་ལ་སོགས། །བསྟན་

p. 186

ལ་ཕན་པའི་འགྲོ་དོན་ཆེ་ཤོས་བྱུང་། །དེ་ནས་རེ་ནེ་དགོན་མཇལ་ཐམ་ཁར་སླེབས། །ཆོས་ཚུགས་ཟེར་བས་ཞི་ཁྲོའི་དབང་ཁྲིད་བཙུགས། །རྣམ་དཀར་ལ་སོགས་རེ་ནེའི་བན་དེ་དང་། །ཁྲོམ་ཚོགས་རྣམས་ལ་དབང་ཆོས་ཕུལ་བ་དང་། །ཟང་ཟིང་གདུལ་བྱ་ཡང་ནི་རབ་ཅིག་བྱུང་། །དེ་ནས་གནས་མདོ་ནང་དུ་གསང་འདུས་ཀྱི། །དབང་ཁྲིད་བཙུགས་པས་ཁྲིད་ཞུ་སུམ་བརྒྱ་ལྷག །ཁྲོམ་པ་ཡང་ནི་སྟོང་ཕྲག་ལྷག་ཙམ་ལ། །དབང་ཁྲིད་སྦྲེལ་བས་ཤིན་ཏུ་བཀའ་གཉན་ཡང་། །ཁྲོམ་སོགས་ནད་མེད་ཤིན་ཏུ་འཇམ་པ་དང་། །ངོམ་གྱི་སྟོད་སྨད་ཆུ་ལ་དར་ཆགས་ཀྱང་། །བར་སྐབས་འདི་རུ་དར་མེད་ཉི་མ་དྲོ། །ཆུ་བར་བླ་མ་དགེ་སློང་གཉིས་པོ་དང་། །འབྲུག་པ་དང་ནི་གཏེར་སྟོན་ཡིན་ཟེར་སོགས། །སེར་མོ་བ་ནི་འགའ་ལ་དབང་ལུང་ཕུལ། །དེ་ནས་ཝ་པ་སྐུ་སྐྱེ་ཕེབས་བྱུང་བར། །དབང་ལུང་མང་དུ་ཕུལ་ཞིང་ཚུར་ཡང་ཞུས། །བར་དེར་བདུད་འདུལ་རྡོ་རྗེ་ཕེབས་ཐོས་པས། །འབུམ་རྫོང་གནས་ལ་འབྲེལ་ཐོགས་ཙམ་ཞིག་བྱུང་། །དཀའ་ཚེགས་ཆེ་ཡང་སྒྲིབ་པ་དག་པར་སེམས། །དེ་ནས་གསང་འདུས་བུམ་སྒྲུབ་ཞག་བཅུ་ཙམ། །བཙུགས་པས་བར་ཆད་ལ་སོགས་མ་བྱུང་ཞིང་། །

p. 187

སྒྲུབ་ཁང་གཡས་གཡོན་དང་ནི་བུམ་ཁང་ལ། །རང་གི་རྩྭ་རིས་རྟོགས་ལྡན་རིས་ཆེན་པས། །འཇའ་ཚོན་ཟུག་པ་འགའ་རེས་མཐོང་བ་དང་། །དྲི་བཟང་འཐུལ་དང་རིལ་བུ་འཕེལ་བ་བྱུང་། །ཝ་པ་སྐུ་སྐྱེ་ཡབ་སྲས་རྣམས་དང་ནི། །འཇའ་མོ་སྐུ་སྐྱེ་ལ་སོགས་འགའ་ཞིག་ལ། །ཐུགས་རྗེ་ཆེན་པོའི་དབང་ལུང་རྫོགས་པར་བྱས། །དེ་ནས་དགོངས་འདུས་སྒྲུབ་ཆེན་བཙུགས་པ་སྟེ། །སྔ་ཕྱི་གཉིས་ཀར་ཐུན་པ་སུམ་ཅུ་ལྷག །ཝ་པ་སྤྲུལ་སྐུ་ལ་སོགས་འགའ་ཞིག་གིས། །དཀྱིལ་འཁོར་སྟེང་དུ་ཐུགས་རྗེ་ཆེན་པོ་སོགས། །དངོས་སུ་མཇལ་སོགས་དག་སྣང་རྟགས་ཐོན་སྣང་། །དགོངས་འདུས་དབང་ལུང་དབང་གཞན་ལ་སོགས་བྱས། །ཝ་པའི་སྲས་པོ་གསུམ་གྱི་སྐྲ་ཕུད་དང་། །སྲས་པོ་གཉིས་དང་འཇའ་མོ་སྐུ་སྐྱེ་ལ། །དགེ་ཚུལ་སྡོམ་པ་ཕོག་ཅིང་རྗེས་གནང་སོགས། །ཉེར་མཁོའི་དབང་ལུང་སྐུ་ཡོན་ཕུལ་བ་གྲུབ། །འཕྲལ་ནས་དབང་སོགས་བླ་མའི་བྱ་བ་ཐུབ། །དེ་ནས་མི་འགྱུར་རྡོ་རྗེའི་སྐུ་རིམ་ལ། །མདོས་དང་སྦྱིན་སྲེག་དབང་ཡང་མང་དུ་ཕུལ། །དེ་ནས་བདུད་འདུལ་རྡོ་རྗེ་མཇལ་དུ་སོང་། །གླ་བ་ཀེ་རུ་ཆོས་རའི་སྒང་ལ་མཇལ། །ཐུགས་བྲེལ་ཆེ་ཡང་དབང་ལུང་མང་

p. 188

དུ་གནང་། །ཆོས་བདག་དཀྱིལ་འཁོར་འཛིན་པའི་བུ་དགུ་ཡི། །ཡ་རྒྱལ་ཡིན་པའི་གསུང་དང་དམ་རྫ་ས་གནང་། །གཏེར་ཁ་ནས་བྱོན་བདག་གི་ལུང་བསྟན་དང་། །མི་འགྱུར་རྡོ་རྗེར་ཞུ་ཡིག་བརྟན་གཞུག་བསྐུར། །འཇིགས་སྐྲག་དཀའ་ཚེགས་ལ་སོགས་ཁྱད་བསད་ནས། །ཨུ་རྒྱན་གསུང་ལ་ཡིད་ཆེས་བློ་གཏད་ནས། །གཏེར་སྟོན་གཉིས་པོ་ཞལ་འཛོམས་ཐབས་ལ་འབད་། །སྤོམ་ནེ་བྲག་ཏུ་ཞལ་འཛོམས་བྱས་མ་ཐག །བྱང་ངོས་ཤར་ངོས་ཁྱབ་པའི་སྤྲིན་དཀར་པོ། །དར་དཀར་བརྐྱངས་བ་འདྲ་བའི་ངོ་མཚར་བྱུང་། །དབང་ལུང་ཕན་ཚུན་གཉིས་པོས་གསན་རེས་དང་། །ཐུགས་ཡིད་གཅིག་འདྲེས་རྟེན་འབྲེལ་ལེགས་ཚོགས་འགྲིགས། །འདི་ནི་ཨུ་རྒྱན་བསྟན་ལ་ཕན་པ་ཡི། །བདག་གི་ལེགས་བྱས་དྲག་ཤོས་ཡིན་པར་སེམས། །དེ་རུ་སྟག་ལུང་རྟོགས་ལྡན་མངོན་དགའ་དང་། །ཁ་བ་དཀར་པོའི་རྟོགས་ལྡན་རས་རྐྱང་བ། །མངའ་རི་རྟོགས་ལྡན་གྲུབ་ཐོབ་རས་རྐྱང་མཁན། །ཀཿཐོག་རྟོགས་ལྡན་ལ་སོགས་བཟང་པོ་འགར། །བདག་དང་སྤྲུལ་སྐུ་གཉིས་ཀས་དབང་ལུང་ཕུལ། །མངོན་དགའ་དང་ནི་ཀཿཐོག་པ་གཉིས་ལ། །ལྔ་ལྡན་བཤད་པ་ཞག་འགའ་བྱས་པ་ཡིས། །ཡིད་ཆེས་དད་པ་དག་

p. 189

སྣང་དཔག་མེད་བྱས། །ཟང་ཟིང་གདུལ་བྱ་དབང་ཞུ་མང་དུ་བྱུང་། །དེ་ནས་གཏེར་སྟོན་བདུད་འདུལ་རྡོ་རྗེ་ལ། །མཚམས་དང་སྒྲུབ་པའི་ཁས་ལེན་འགའ་བྱས་པས། །ཁྱེད་རང་ད་ནི་རིག་འཛིན་རྒད་པོ་རེད། །ད་ནི་མཚམས་སྒྲུབ་ལྷག་ཏུ་དགོས་རྒྱུ་མེད། །སྤྲུལ་སྐུ་འདི་ཡི་ཆགས་ཕྱི་སྒྲུབ་པ་དང་། །གསར་རྙིང་སོ་སོར་གང་ལ་གང་མོས་ཀྱི། །དབང་ལུང་ཁྲིད་སོགས་འགྲོ་དོན་གང་འཕེལ་མཛོད། །སྤྲུལ་སྐུའི་ཆགས་ཕྱི་ཁྱེད་ལས་ལྷག་པ་མེད། །སྤྲུལ་སྐུས་ཀྱང་ནི་ཁོང་གི་ངག་ཉན་དགོས། །སྤྲུལ་སྐུ་འདི་ཡི་ཆགས་ཕྱི་འགྲུབ་པ་ན། །ཤཱཀ་ཐུབ་ཨུ་རྒྱན་གཉིས་ཀའི་ཆགས་ཕྱི་འགྲུབ། །དེ་བས་ལྷག་པའི་ཆོས་གཞན་ཅི་ཞིག་ཡོད། །གནམ་ཆོས་འདི་རྣམས་ཁ་ཚང་ལེགས་པར་གདའ། །ང་ཡི་ས་གཏེར་ཁོང་གི་གནམ་ཆོས་གཉིས། །ཕན་ཚུན་གཉིས་ཀས་བསྟན་པ་མཉམ་དུ་སྤེལ། །ངེད་རང་རྣམ་པ་ལུས་ནི་སོ་སོ་ཡང་། །སེམས་ནི་དབྱེར་མེད་གཅིག་ཏུ་མཉམ་པ་ཡིན། །ཕྱི་མའི་དུས་ཀྱང་ཨུ་རྒྱན་དྲུང་དུ་འཛོམ། །དེ་སོགས་ཞལ་ཏ་གསུངས་པས་མཆི་མ་འཁྲུགས། །དེ་ནས་ཚུར་འོང་རེ་ཞིག་མཚམས་བསྡམས་ནས། །གནམ་ཆོས་ས་གཏེར་གསར་པ་དེ་དག་གི། །

p. 190

བསྙེན་པ་སྒྲུབ་པ་ཟླ་བ་འགའ་ཟུང་བྱས། །ལྷོ་པ་སྤྲུལ་སྐུའི་རྒྱལ་བ་འབྲི་གུང་པའི། །དགོངས་རྫོགས་མཆོད་བསྔོ་རྟེན་གྱི་གནང་སྦྱིན་བྱུང་། །མདོར་ན་ཁྱི་ཡི་ལོ་སར་མཚམས་གྲོལ་ནས་། །བྱི་བའི་ལོ་ཡི་སྣོན་གྱི་ཟླ་བ་ཕན། །ལོ་ནི་ཧྲིལ་པོ་ཕྱེད་དང་གསུམ་དེ་ལ། །ཆིབས་ཁྱོགས་པ་ཡི་རྟ་དང་འགེལ་མཛོ་ནས། །བ་ཤད་གླང་ཤད་ཡན་ཆད་དུད་འགྲོའི་ཚོགས། །སྟོང་ཕྲག་ཕྱེད་གཉིས་ཙམ་ཞིག་བྱུང་ངམ་སེམས། །ཇ་མར་ནས་དང་ཀ་ཅ་གཞན་དག་ཀྱང་། །དེ་དང་ཆ་མཐུན་མཚུངས་ཤིག་བྱུང་བ་རྣམས། །བླ་མ་ཆེ་ཕྲ་དགོན་སྡེ་ཆེ་ཕྲ་དང་། །ཀློག་འདོན་བུམ་སྒྲུབ་སྒྲུབ་པ་ཆེ་ཕྲ་དང་། །ཞལ་ཐང་བརྒྱད་དགུ་སངས་རྒྱས་སྟོང་སྐུ་དང་། །གནམ་ཆོས་ལ་སོགས་དཔེ་ཕྲན་གླེགས་བམ་ནི།།བཅོ་བརྒྱད་ལྷག་ཙམ་བཞེངས་པའི་རྩོལ་བ་དང་། །ཡིག་དྲུག་ཁྲི་མཁར་ལྷག་ཙམ་བརྐོ་བ་དང་། །ཕལ་ཆེར་དགེ་བའི་ཕྱོགས་ལ་ཐེངས་རྩིས་ཡིན། །དཔོན་རིགས་རྣམས་ལ་གཏོང་ཕྱུང་འགའ་རེ་དང་། །ཡོན་བདག་རྣམས་ལ་གང་འོས་གནང་སྦྱིན་དང་། །འབྲེལ་པ་རྣམས་ལ་བཟའ་བཏུང་གང་འོས་རྣམས། །དམ་ཆོས་ཁོ་ན་ཡིན་རྒྱུ་མེད་ན་ཡང་། །འཇིག་རྟེན་དོན་མཐུན་མཁོ་བ་སྦྱིན་པ་སྟེ། །བསྡུ་བ་

p. 191

དངོས་བཞིའི་གྲངས་སུ་ཐེ་འམ་སྙམ། །གྲྭ་པ་རྣམས་ཀྱང་རྩ་བཞི་ཆང་ལྔ་སྲུང་། །ཟིན་ཐུན་དགེ་སྦྱོར་རང་རང་ཤེས་རབ་ལ། །གང་འགྲུབ་འབད་འབུང་འདོན་མཁན་ཁོ་ན་སྟེ། །འདི་དག་དེང་སང་བན་དེ་དགེ་འདུན་གྱི། །གྲུ་རུ་འགྲོ་ཕྱིར་གྲྭ་པའི་ཟས་དང་གོས། །དེ་ཡང་དགེ་བའི་ཕྱོགས་སུ་འགྲོ་བར་སེམས། །བདག་ཀྱང་བཟང་ཇ་ཚོགས་ཤ་ཞིབ་རྩམ་སོགས། །བརྒྱགས་ཚད་ཟ་ཞིང་ངོམས་ཚད་བཏུང་བ་ཡང་། །ཧ་ཅང་དཀོར་ཆེ་ཞུ་བར་དཀའ་སྲིད་ཀྱང་། །ཐུབ་པའི་གསུང་ལས་ཤུགས་ཀྱིས་བྱུང་བ་ཡི། །གསེར་སྲང་སྟོང་ཕྲག་རི་བའི་ཟས་དང་གོས། །དགེ་སློང་རྣམས་ཀྱིས་ལོངས་སྤྱོད་རུང་བར་གསུངས། །རྒྱ་ཆེ་རོལ་པའི་མདོ་ལས་ཡོད་བཞིན་དུ། །མི་ཟ་དཀའ་ཐུབ་བྱས་པས་སྡིག་བྱང་བར། །འདོད་པ་དེ་ནི་མུ་སྟེགས་ལུགས་སུ་བཤད། །དེ་ཕྱིར་འབད་མེད་ཤུགས་ལས་བྱུང་བ་ཡི། །ཟས་གོས་ཡི་དམ་བསྐྱེད་རིམ་གསལ་བའི་ཕྱིར། །ལོངས་སྤྱོད་པ་འདིས་སྒྲིབ་པར་མི་འགྱུར་བར། །གསར་རྙིང་རྒྱུད་སྡེ་རྣམས་ལ་ཡིད་ཆེས་ཡིན། །ཤི་བྱང་གསོན་བྱང་བསྔོ་རྟེན་ཟས་དང་ནོར། །ཆར་ལྟར་བབ་ཅིང་གར་སོང་ཆ་མེད་པར། །ངེས་པར་ཆོས་ཕྱོགས་ཁོ་ནར་ཐེངས་དཀའ་

p. 192

བ། །ཁྲོ་ཆུ་ཁོལ་མའི་ལོངས་སྤྱོད་འབྱུང་དོགས་ཀྱང་། །སྟོང་ཕྲག་ཉེར་ལྔ་ལ་སོགས་མདོ་སྡེ་ལས། །གླིང་བཞིའི་སྐྱེས་པ་བུད་མེད་ཐམས་ཅད་ནི། །དགྲ་བཅོམ་གྱུར་ལ་ཇི་སྲིད་འཚོ་ཡི་བར། །བཀུར་སྟི་ཕུན་སུམ་ཚོགས་པ་བྱས་པ་བས། །གང་གིས་འཁོར་གསུམ་དག་པའི་བསྔོ་བ་གཅིག །བསོད་ནམས་ཆེ་བར་གསུངས་ཕྱིར་སྟོང་ཉིད་དོན། །ངོ་བོ་མཐོང་ཕྱིར་འཁོར་གསུམ་བསྔོ་བ་བགྱི། །དེའི་མཐུས་སྦྱིན་པ་བྱིན་པའི་འབྲས་བུ་དེ། །ཚེ་རབས་ཀུན་ཏུ་བསྔོས་པ་དེ་ལ་སྨིན། །མི་ཟད་འཕེལ་ཞིང་མཐར་ཐུག་བྱང་ཆུབ་རྒྱུར། །འགྱུར་བར་ཐུབ་པའི་གསུང་ལ་བློ་བཀལ་བས། །དཀོར་ཟས་གལ་ཏེ་ཆོས་ཕྱོགས་མ་ཐེངས་ཀྱང་། །འཕྲོ་བརླག་མི་འོང་ཙམ་ཞིག་ངེས་སོ་སྙམ། །གསང་སྔགས་དབང་ལུང་ཟབ་མོ་ཁྲོམ་ལ་འཆད། །གསང་དམ་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །ཆོས་སྲུང་ཌཱཀིའི་བཀའ་ཆད་འོང་དོགས་ཀྱང་། །ལྟོ་བའི་གནས་ལུགས་ཕྱོགས་ཙམ་རྟོགས་པ་དེས། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གོ །འགྲོ་ཀུན་མ་ལུས་བདག་གིས་འདྲེན་པ་ཡི། །སྨོན་ལམ་སེམས་བསྐྱེད་བློ་སྟོབས་དམ་བཅའ་བླངས། །ཉམས་ལས་མ་ཐོབ་ཉེས་པ་ཆེ་གསུངས་པས། །རང་ལ་གསང་

p. 193

སྒྲོག་ཉེས་པ་བྱུང་ཡང་བཟོད། །ཟབ་མོའི་ཆོས་སྒྲ་ཐོས་དང་དབང་ཐོབ་པ། །འཁོར་བ་མཐའ་ཅན་ཡིན་པས་ཕན་ཡོན་བསམ། །ཁྱད་པར་སེར་མོ་མི་ཟས་གསོལ་མཁན་རྣམས། །བཀའ་ཆད་ལུང་སྡུམ་གསང་སྔགས་ལོག་པར་གོལ། །དེ་དག་རྣམས་ལ་མན་ངག་སྒོ་སྐྱེལ་གྱིས། །ཕན་ཐོགས་ཕན་ཡོན་ཆེ་བར་སྙིང་ནས་བསམ། །རང་གིས་གང་ཤེས་དབང་ལུང་ཁྲིད་ལ་སོགས། །སེམས་ཅན་གཞན་ལ་ཕན་ཐོགས་མ་བྱུང་ན། །ཆོས་ཟབ་སྣོད་ངན་རྟུལ་བར་འཕང་ངོ་བསམ། །དེ་རྣམས་མ་གཏོགས་དབང་ཆོས་ཚོང་ཟོང་ཁྱེར། །གདུལ་བྱ་ཨེ་རྙེད་བསམ་པ་བདག་ལ་མེད། །འོན་ཀྱང་རང་ཤུགས་གདུལ་བྱ་བྱུང་བ་རྣམས། །མི་དགོས་མི་འདོད་མི་ལེན་ཟེར་བ་སོགས། །ཟོབ་དང་མཛེས་མཛེས་གཡོ་སྒྱུ་ངས་མ་བྱས། །ད་དུང་ལོ་ཤེས་འགྲོ་དོན་གང་འཕེལ་དང་། །ཚེ་མཇུག་གང་གདའ་སྒྲུབ་ལ་དྲིལ་སྙམ་ཡོད། །དེ་ལྟར་མ་ལ་སྐྱེས་ནས་ད་ལྟ་ནི། །རང་ལོ་ལྔ་བཅུ་ཕྱེད་དང་ང་གཉིས་ཀྱི། །ཕྱི་ཡི་རྣམ་ཐར་ལོ་རྒྱུས་ཐོ་རིམ་ཡིན། །ཞིབ་པར་བྲི་བར་མི་ལོངས་ཀུན་གྱིས་ཤེས། །སྐུ་ཕུད་བན་དེ་ལྔ་བཅུ་ཙམ་དང་ནི། །དགེ་སློང་བཅུ་ཁ་དགེ་ཚུལ་བཞི་བཅུ་ལྷག །དགེ་མ་བརྒྱ་

p. 194

ཤར་ཙམ་ཞིག་བྱུང་ངམ་སེམས། །བསམ་གཞིག་མ་བཏང་གང་དྲན་བྲིས་པ་དེས། །གོང་འོག་འཆོལ་དང་འགའ་རེ་མ་ཚང་ཡང་། །ཡི་གེ་ཉུང་ཕྱིར་ཚིག་ཉུང་དོན་དུ་ཡིན། །བདག་ནི་སྐྱེས་བུ་དམ་པ་མ་ལགས་ཤིང་། །ཐ་མལ་སྙིགས་དུས་ཆོས་པའི་གཟུགས་བརྙན་ཙམ། །དེ་ཕྱིར་རྣམ་ཐར་འབྲི་རྒྱུ་མ་མཆིས་ཀྱང་། །རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་ཡི། །གསུང་མི་བཅག་ཕྱིར་ལོ་རྒྱུས་མདོར་བསྡུས་འདི། །སྐྱིད་སྡུག་ཁ་དལ་ཚུལ་དུ་བྲིས་པ་ཡིན། །རེ་ཞིག་རྫོགས་ཀྱང་རྫོགས་སོ་མི་བྱེད་དེ། །ད་རུང་མ་ཤི་བར་དང་ཤི་རྗེས་ཀྱི། །ལོ་རྒྱུས་རྣམས་ཀྱང་འདི་ལ་མཐུད་པ་ཡིན། །དེ་ནས་རང་ལོ་ང་གཉིས་སྤྲེལ་ཟླ་ཡི།།

རིག་སྔགས་འཆང་བའི་རྣལ་འབྱོར་པ་རཱ་ག་ཨ་སྱའི་བསྙེན་སྒྲུབ་ཀྱི་རྟགས་ཡིག་དང་འབྲེལ་བ་ནང་གི་རྣམ་ཐར་མདོར་བསྡུས།

p. 195

༄༅། །རིག་སྔགས་འཆང་བའི་རྣལ་འབྱོར་པ་རཱ་ག་ཨ་སྱའི་བསྙེན་སྒྲུབ་ཀྱི་རྟགས་ཡིག་དང་འབྲེལ་བ། ནང་གི་རྣམ་ཐར་མདོར་བསྡུས་བཞུགས་སོ།།

p. 196

ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཧཱུྃ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །མི་འབྲལ་དད་པ་བརྟན་པོས་ཕྱག་འཚལ་ལོ། །རྨི་ལམ་ལ་སོགས་རྟགས་མཚན་ཕྲན་བུ་ལ། །དགའ་རློམ་བདེན་འཛིན་ཆེ་བ་བར་ཆད་རྒྱུ། །ཡིན་པར་གསུང་ཕྱིར་ཧ་ཅང་དགའ་བྲོད་དང་། །རློམ་སེམས་བདེན་འཛིན་ཆེན་པོའང་མ་མཆིས་ཏེ། །མེ་བུས་རྟགས་ལ་དུ་བ་ཟེར་བའི་དཔེ། །ཚུལ་བཞིན་བསྙེན་སྒྲུབ་མང་དུ་བྱས་པ་ལ། །རྟགས་མཚན་ཅི་ཡང་མེད་ན་ནུས་མེད་རྟགས། །དེ་ཡང་གསང་སྔགས་གསར་རྙིང་ཐམས་ཅད་ནས། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །སྒྲུབ་པ་ལམ་དུ་

p. 197

སོང་དང་མ་སོང་རྟགས། །བཟང་ངན་རྨི་ལམ་བརྟག་པའི་རྟགས་ཡིག་གསུངས། །ངེས་པའི་དོན་ལ་རྨི་ལམ་རྫུན་ཡིན་ཀྱང་། །རྨི་ལམ་མ་ཚད་མངོན་སུམ་འདི་ཡང་རྫུན། །དེ་བཞིན་རྒྱུ་འབྲས་ངན་སོང་མཐོ་རིས་དང་། །ས་དང་ལམ་དང་མཛད་པ་བཅུ་གཉིས་སོགས། །ཐམས་ཅད་མི་བདེན་ཀུན་རྫོབ་འཁྲུལ་ངོ་ཡིན། །ངེས་པར་བདེན་པ་ཆོས་སྐུ་ཉག་གཅིག་སྟེ། །འཁོར་འདས་དབྱེར་མེད་རྒྱུ་འབྲས་དུས་མཚུངས་པ། །ཆོས་དབྱིངས་སྐྱེ་མེད་གཅིག་པུ་བདེན་ན་ཡང་། །དེ་ལ་བདེན་པར་མི་བདེན་འཛིན་པ་བྲལ། །དེས་ན་ས་བཅུ་རྒྱུན་གྱི་ཐ་མའི་བར། །རྨི་ལམ་བཟང་ངན་

p. 198

འབྲས་བུ་བདེན་པར་གསུངས། །དེ་དོན་ས་ནི་བཅུ་པའི་མདོ་སྡེ་ལས། །བག་ཆགས་སྦྱངས་པའི་སྔ་ལྟས་སུ། །རྟག་པར་གཅེར་བུར་བྱུང་བ་དང་། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང་། །དྲི་མའི་ཚོགས་རྣམས་དག་པ་དང་། །མཚོ་ཆུ་དག་ལས་བསྒྲལ་བ་དང་། །ཆར་གྱི་རྒྱུན་གྱིས་བཀྲུ་བ་དང་། །མེ་དཔུང་ཆེན་པོས་སྲེག་པ་དང་། །ཤིན་ཏུ་མཐོ་བའི་རྩེ་དག་ནས། །རླུང་གིས་གཡེངས་ཤིང་འཁོར་བ་དག །སྒྲིབ་པ་དག་པའི་སྔ་ལྟས་སོ། །གཡུལ་ཆེན་འགྱེད་ལས་སླར་ལོག་དང་། །ནད་ལས་ཐར་ཏེ་སོས་པ་དང་། །གཤེད་མའི་ལག་ནས་ཤོར་བ་དང་། །གཅན་གཟན་ཁ་ནས་ཐར་བ་དང་། །དུག་ནད་དག་ལས་སོས་པ་དང་། །བཅིངས་བ་ཀུན་ལས་གྲོལ་བ་རྣམས། །འཇིགས་དང་བྲལ་བའི་སྔ་ལྟས་སོ། །ས་རྣམས་ཐོབ་པའི་སྔ་ལྟས་ཀྱང་། །ཁྲི་རྐང་དག་ལས་འཛེགས་པ་དང་། །ཕལ་པའི་སྐས་ལ་འཛེགས་པ་དང་། །ལྗོན་ཤིང་དག་ལ་འཛེགས་པ་དང་། །གྱེན་ལ་ཤིན་ཏུ་འཛེགས་པ་དང་། །རི་བོའི་རྩེ་རུ་འགྲོ་བ་དང་། །རིན་ཆེན་སྐས་ལ་འཛེགས་པ་དང་། །མཆོད་རྟེན་དག་ལ་འཛེགས་པ་དང་། །ནམ་མཁའི་སྐས་ལ་འཛེགས་པ་དང་། །དེ་ནི་དོན་གྱི་སྔ་ལྟས་ཡིན། །ས་རྣམས་

p. 199

ནོན་པའི་སྔ་ལྟས་ནི། །ཁྲི་མཐོན་སྟེང་ན་འདུག་པ་དང་། །གླང་པོ་ཆེ་ལ་ཞོན་པ་དང་། །སེང་གེ་དག་ལ་ཞོན་པ་དང་། །ཁྱུང་ཆེན་ལྡིང་ལ་ཞོན་པ་དང་། །མཆོད་རྟེན་རྩེ་ལ་ཕྱིན་པ་དང་། །རི་བོའི་རྩེ་ལ་འདུག་པ་དང་། །ནམ་མཁའི་དབྱིངས་ལ་འདུག་པ་དང་། །ལུས་ལ་སྲིན་བུ་བྱུང་བ་དང་། །ཉི་མའི་དཀྱིལ་དུ་འདུག་པ་རྣམས། །རྣལ་འབྱོར་ས་ལ་གནས་པའི་རྟགས། །སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །རྒྱལ་པོའི་བཀའ་ལ་བཏགས་པ་དང་། །བཀའ་ཡི་དཔང་པོར་བསྐོས་པ་དང་། །གནས་ལ་དབང་ནི་བྱེད་པ་དང་། །གཡུལ་ཆེན་དག་ལས་རྒྱལ་བ་དང་། །བདག་ཉིད་རྒྱལ་པོར་གྱུར་པ་དང་། །མགོ་ལ་མེ་ཏོག་སྐྱེས་པའོ། །ཆོས་ལ་དབང་བའི་སྔ་ལྟས་ནི། །གླེགས་བམ་བཟང་པོ་རྙེད་པ་དང་། །དེ་བཞིན་འབྲི་བ་མང་པོ་དང་། །དེ་དག་ལ་ནི་སྤྱད་པ་དང་། །གཞན་ལ་འཆད་ཅིང་སྟོན་པ་དང་། །དེ་ཉིད་གཏན་ལ་འབེབས་པ་དང་། །མེ་ལོང་དག་ལ་བལྟས་པ་དང་། །ཤེལ་གྱི་བུམ་གང་འཐུང་བ་དང་། །རིན་ཆེན་ནོར་བུ་འཐུ་བ་དང་། །འཁོར་ལོ་ལག་ཏུ་ཐོགས་པ་དང་། །ཉི་མ་ལག་གིས་བཟུང་བ་དང་། །རི་བོ་ཀླད་ལ་སྐོར་བའོ། །བདེན་པ་

p. 200

མཐོང་བའི་སྔ་ལྟས་ཀྱང་། །སྔོན་མ་མཐོང་བའི་ཡུལ་མཐོང་དང་། །སྟོང་གསུམ་རྒྱ་ཆེར་མཐོང་བ་དང་། །གླིང་གྲོང་གཞན་དུ་ཕྱིན་པ་དང་། །རི་བོའི་རྩེ་ལ་ཕྱིན་པ་དང་། །ནམ་མཁའ་རྒྱ་ཆེར་མཐོང་བ་དང་། །རྒྱ་མཚོའི་སྟེང་དུ་ཕྱིན་པ་དང་། །ལག་ན་སྒྲོན་མེ་ཐོགས་པ་དང་། །ཉི་མའི་སྙིང་པོ་བལྟས་པའོ། །ལུང་བསྟན་ཐོབ་པའི་སྔ་ལྟས་ནི། །རོལ་མོའི་སྒྲ་རྣམས་ཐོས་པ་དང་། །འབྲུག་གི་སྒྲ་ནི་སྒྲོག་པ་དང་། །སེང་གེའི་ང་རོ་སྒྲོག་པ་དང་། །ཆོས་ཀྱི་སྒྲ་ཡི་གཏམ་ཐོས་དང་། །གཟུགས་བརྙན་ཞལ་ཞི་འཛུམ་པ་དང་། །སངས་རྒྱས་གསུང་ཐོས་ཞལ་མི་མཐོང་། །ལྷ་མོས་གླུ་དབྱངས་སྒྲོག་པ་དང་། །གཞལ་ཡས་དག་ལ་སྒྲ་བྱུང་དང་། །གྲག་གོ་གྲག་གོ་ཞེས་བརྗོད་ཅིང་། །ཆོས་ཀྱི་དུང་ནི་སྒྲོག་པའོ། །ཞེས་གསུངས་གཞན་ཡང་དཀོན་མཆོག་བརྩེགས་པ་ཡི། །ལེའུ་བཞི་པ་རྨི་ལམ་བསྟན་པའི་མདོར། །བྱང་ཆུབ་ཤིང་མཐོང་ས་ནི་གཉིས་པར་བཤད། །རྨི་ལམ་སངས་རྒྱས་སེམས་དཔས་བསྐོར་མཐོང་བ། །ས་ནི་བཅུ་སྟེ་བདུད་ལས་མ་གཏོགས་གསུངས། །རི་རབ་ལ་འཛེགས་ས་ནི་དྲུག་པར་བཤད། །གླང་ཆེན་ཞོན་པ་རྨིས་ན་ས་བདུན་པ། །དེ་ལྟར་བྱང་ཆུབ་སེམས་

p. 201

དཔའི་ཐེག་པ་དག །ཡིན་རྟགས་རྨི་ལམ་བརྒྱ་རྩ་བརྒྱད་གསུངས་ནས། །དེ་ནས་ཚིགས་སུ་བཅད་དེ་བཀའ་བསྩལ་པ། །གང་ལ་མཚན་མ་དེ་དག་ཡོད་གྱུར་པ། །དེ་ནི་བདག་ཉིད་ཆེ་བར་ཐེ་ཚོམ་མེད། །སྤྱོད་པ་ཅུང་ཟད་ཙམ་ཡང་རྟོགས་གྱུར་ཀྱང་། །ཡོན་ཏན་ཤེས་པས་ཉེས་པ་མ་བསྐྱེད་ཅིག །རྒྱ་མཚོ་ཆེན་པོ་ལས་ནི་མེ་འབར་ཞིང་། །མེ་ཡི་དབུས་ནས་ཆུ་ནི་བྱུང་གྱུར་ཀྱང་། །གང་ལ་མཚན་མ་གཅིག་ཙམ་ཡོད་གྱུར་པ། །དེ་ནི་བྱང་ཆུབ་ཕྱིར་ལྡོག་ངས་མ་མཐོང་། །སྡིག་སྤྲུལ་པོ་ནི་ལྷུན་པོའི་གཟུགས་གྱུར་ཀྱང་། །གང་གིས་བྱེ་སྙེད་ཞིང་དུ་འགྲོ་གྱུར་ཀྱང་། །དེ་འདྲའི་བྱེད་རྒྱུ་དེ་དག་ཡོད་པ་ནི། །བྱང་ཆུབ་སེམས་ལས་ཕྱིར་ལྡོག་ཡོད་མ་ཡིན། །སྤྱོད་པས་ས་ལ་ལྡོག་པར་སྣང་གྱུར་ཀྱང་། །འདི་ལ་བྱང་ཆུབ་ཕྱིར་ལྡོག་འགའ་ཡང་མེད། །གང་ཟག་གཅིག་ཙམ་ཡོན་ཏན་ཆུང་བས་ཀྱང་། །ལྷག་པའི་བསམ་པས་སྤྱོད་ན་བྱང་ཆུབ་ཐོབ། །ནམ་མཁའི་ཁམས་དང་དེ་བཞིན་སེམས་ཅན་ཁམས། །སངས་རྒྱས་ཡེ་ཤེས་དེ་བཞིན་བྱང་ཆུབ་སེམས། །ཆོས་བཞི་གང་ཡིན་དེ་དག་ཚད་མེད་དེ། །དེ་དག་འཇིག་རྟེན་ཀུན་གྱིས་རྟོགས་མི་ནུས། །ཞེས་གསུངས་དེ་བཞིན་གསེར་འོད་ལས་

p. 202

ཀྱང་བྱུང་། །བླ་མེད་ཕ་རྒྱུད་གསང་འདུས་རྩ་རྒྱུད་ལས། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པ་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེར་རབ་ཏུ་གསུངས། །བསམ་གཏན་བཟླས་པའི་བརྩོན་པ་ཡི། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དབྱེ་བ་རྣམ་པ་གཉིས་སུ་མཐོང་། །དེ་ལ་འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་གི་གནས་ཏེ། །བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པས། །སངས་རྒྱས་འོད་ནི་བཟང་པོར་མཐོང་། །སངས་རྒྱས་རྫོགས་ནི་ལོངས་སྤྱོད་པའི། །སྐུ་ཡང་བདག་གིས་མྱུར་དུ་མཐོང་། །སེམས་ཅན་ཆེན་པོ་ཁམས་གསུམ་པོས། །མཆོད་པ་བྱེད་པ་དེས་མཐོང་ངོ་། །ཡེ་ཤེས་ཆེན་པོ་འོད་འདྲའི་གཟུགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པ་བྱེད་པར་མཐོང་། །རྡོ་རྗེ་སེམས་དཔའི་གཟུགས་ཆེན་དང་། །དྲག་པ་ཆེན་པོ་རྡོ་རྗེ་ཆོས། །གསང་བ་རྡོ་རྗེ་དྲག་པ་ཆེར། །རྨི་ལམ་དག་ན་རང་གཟུགས་མཐོང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །སངས་རྒྱས་ཆེན་པོར་ཕྱག་འཚལ་བའི། །རྨི་ལམ་འདི་འདྲ་མཐོང་གྱུར་ན། །སྐུ་གསུང་

p. 203

ཐུགས་ཀྱི་དངོས་གྲུབ་སྟེར། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཏེ། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་བུ་མོ་དག་མཐོང་ན། །དེ་ནི་དངོས་གྲུབ་ཐོབ་པར་འགྱུར་། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱང་། །ཞིང་ན་བཞུགས་པ་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཡིད་དུ་འོང་བ་སྩོལ། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་ལུས། །སངས་རྒྱས་ཀུན་གྱིས་ཀྱང་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བ་མཐོང་བར་འགྱུར། །ཀུན་དགའ་ར་བ་སྐྱེད་མོས་ཚལ། །ལྷ་ཡི་བུ་མོ་སོགས་པས་བརྒྱན། །སངས་རྒྱས་ཀུན་གྱི་བྱིན་བརླབས་པའི། །བསམ་གཏན་དམ་ཚིག་ཅན་གྱིས་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་མངོན་པར་དབང་བསྐུར་མཐོང་། །རིག་འཛིན་རྒྱལ་པོ་ཆེན་པོ་ཡིས། །མཆོད་པ་བྱེད་པ་དེས་མཐོང་ངོ་། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །གདོལ་པ་ཁྱི་ཡི་སྦྱོར་བ་སོགས། །གལ་ཏེ་རྡོ་རྗེའི་བློ་མཐོང་ན། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སེམས་ཀྱི་གནས་ནི་འགྲུབ་

p. 204

མི་འགྱུར། །དེ་ལ་འདི་ནི་རྨི་ལམ་རྣམ་པར་སྤྱོད་པའི་དམ་ཚིག་གི་སྙིང་པོའོ། །ཞེས་གསུངས་དེ་བཞིན་གསང་སྔགས་རྙིང་མ་ཡི། །དྲག་པོ་བདེར་གཤེགས་འདུས་པའི་རྟགས་ཡིག་ལས། །རྨི་ལམ་དག་ཏུ་བླ་མ་མཁའ་འགྲོའི་རྟགས། །ཞལ་སྟོན་ཆོས་འཆད་ལུང་བསྟན་བྱེད་པ་དང་། །རང་ཉིད་རུས་རྒྱན་ཐོགས་ནས་ནམ་མཁར་འཕུར། །ལྷ་ཡི་གནས་སོགས་ཨོ་རྒྱན་ཡུལ་དུ་ཕྱིན། །ཞིང་ཁམས་བཀོད་པ་ཁྱད་འཕགས་མཐོང་བ་ནི། །ཨོ་རྒྱན་པདྨ་འགྲུབ་པའི་མཚན་མ་ཡིན། །རལ་གྲི་ཨུཏྤལ་ཆོས་ཀྱི་པོ་ཏི་རྙེད། །སེང་གེ་གླང་ཆེན་ཁྲི་ལ་འདུག་པ་ནི། །འཇམ་དཔལ་ཡ་མཱན་ཀའི་མཚན་མ་ཡིན། །གོས་དམར་གྱོན་དང་མེ་ཏོག་དམར་པོས་བརྒྱན། །རྟ་སྐད་འབྱིན་དང་ལུས་ལ་མེ་ཆེན་འབར། །གསུང་གི་ལྷ་མཆོག་རྟ་མགྲིན་མཚན་མ་ཡིན། །རི་རབ་ཀླད་སྐོར་རྒྱ་མཚོ་ཧུབ་ཀྱིས་འདེབས། །རྡོ་རྗེ་དྲིལ་འཁྲོལ་མེ་ཏོག་སྔོན་པོ་འཐུ། །གསང་བདག་ཕྱག་ན་རྡོ་རྗེའི་མཚན་མ་ཡིན། །བུད་མེད་ཚོགས་འདུ་ཟས་གོས་དངོས་གྲུབ་སྟེར། །མ་སྲིང་མཛའ་མོར་སྤྲུལ་ནས་གསང་ཚིག་སྨྲ། །ཡོན་ཏན་མཁའ་འགྲོ་སྡེ་ལྔའི་མཚན་མ་ཡིན། །ལུས་ལ་འདབ་རྒྱས་ནམ་མཁར་འཕུར་བ་དང་། །རྒྱ་མཚོ་

p. 205

སྐམ་དང་སྦལ་སྦྲུལ་ཟ་བ་རྣམས། །ཕྲིན་ལས་བྱ་ཁྱུང་འགྲུབ་པའི་མཚན་མ་ཡིན། །ལག་ན་སྣ་ཚོགས་མཚོན་ཆའི་འཁོར་ལོ་འཕེན། །དུད་འགྲོ་ལ་སོགས་སེམས་ཅན་སྣ་ཚོགས་བསད། །རྡུང་དང་བཏོག་དང་མགོ་ལུས་ཕྲལ་ལ་སོགས། །སྤྲུལ་པ་ཡཀཱ་མེ་དབལ་མཚན་མ་ཡིན། །ཞེས་གསུངས་གཞན་ཡང་སངས་རྒྱས་གླིང་པ་ཡི། །ཨོ་རྒྱན་ཐུགས་སྒྲུབ་དྲག་པོའི་རྟགས་ཡིག་ལས། །འཁྲུལ་སྣང་བཟློག་ཕྱིར་འདི་ལྟར་འོང་། །རང་བྱུང་ཡེ་ཤེས་ཤར་རྟགས་སུ། །ལུས་ལ་ཉི་ཟླ་ཤར་བ་དང་།།གཞན་དོན་འགྲུབ་རྟགས་ཚོགས་དཔོན་བྱེད། །ལྷ་སྲིན་སྡེ་བརྒྱད་བྲན་ཁོལ་རྟགས། །དམག་ཚོགས་མང་པོའི་དཔོན་བྱེད་དང་། །སེམས་ཅན་གཞན་དོན་འགྲུབ་རྟགས་སུ། །ཆུ་བོ་ལས་སྒྲོལ་མཉན་པ་བྱེད། །མཆོག་དང་ཐུན་མོང་ཐོབ་པའི་རྟགས། །མེ་ཏོག་དཀར་དམར་འཐུ་བ་དང་། །མཁའ་འགྲོ་འདུ་རྟོགས་བུད་མེད་འདུ། །དཔའ་བོ་འགྲུབ་རྟགས་སྐྱེས་པ་དགའ། །སྒྲིབ་པ་བག་ཆགས་བྱང་བའི་རྟགས། །རང་གི་ལུས་ལས་རྣག་ཁྲག་འཛག །བདུད་ཐུལ་རྟགས་སུ་ཁྱུང་ལ་ཞོན། །ས་བཅུ་ནོན་རྟགས་གླང་ཆེན་བཅིབས། །ཐར་ལམ་བགྲོད་རྟགས་ཟམ་པ་བཙུག

p. 206

ས། །འཁོར་བ་བསྒྲལ་ཕྱིར་ཆུ་ཆེན་སྒྲོལ། །ཉོན་མོངས་ལས་ཐར་གངས་ལ་འཛེགས། །གདེང་ཚད་ལྡན་ཕྱིར་ཆུ་བོ་བསྒྱུར། །རིགས་ལྡན་བུད་མེད་ལུང་ཡང་སྟོན། །རྨི་ལམ་པདྨའི་ཞལ་མཇལ་སོགས། །གྲུབ་རྟགས་ལ་སོགས་རྨི་ལམ་འབྱུང་། །ཞེས་གསུངས་དེ་ཡང་བདུད་ལས་མ་གཏོགས་ཏེ།།ཉམས་ལེན་སྒྲུབ་པ་མི་བྱེད་སྡིག་སྤྱོད་ལ། །དེ་འདྲའི་རྟགས་བྱུང་བདུད་ཀྱི་ལས་ཡིན་ཏེ། །རྨི་ལམ་བཟང་ངན་རེ་རེ་ངེས་མེད་དེ། །ཤས་ཆེར་བྱུང་ན་བཟང་ངན་འབྲས་བུ་འབྱིན། །བཀའ་བཞི་སེང་ཆེན་རྨི་ལམ་ལ་བརྟེན་ནས། །མར་པས་བཀའ་བརྒྱུད་རྣམས་ཀྱི་ལུང་བསྟན་མཛད། །མི་ལས་རྨི་ལམ་ལ་བརྟེན་དྭགས་པོ་དང་། །རས་ཆུང་བ་ལ་ལུང་བསྟན་རྣམ་གསུམ་མཛད། །སྤོམ་བྲག་པ་ཡི་རྨི་ལམ་ལུང་བསྟན་ལ། །བརྟེན་ནས་སངས་རྒྱས་རས་ཆེན་བླ་མར་བསྟེན། །དེ་ལྟར་སྔོན་གྱི་གྲུབ་ཐོབ་ཆེན་པོ་ནི། །མངོན་པར་ཤེས་པ་ཐོགས་པ་མེད་རྣམས་ཀྱིས། །རྨི་ལམ་རྟགས་ལ་སྤངས་ཆ་མཛད་པ་དང་། །མངོན་ཤེས་མ་ཐོབ་པ་རྣམས་སྨོས་ཅི་དགོས། །དེ་ཡང་རྨི་ལམ་ལ་སོགས་དག་སྣང་ལ། །མཆོག་འཛིན་ཆེ་ན་མཆོག་གི་གེགས་སུ་འགྱུར། །དེ་ཕྱིར་ཧ་ཅང་མཆོག་འཛིན་མ་

p. 207

མཆིས་ཤིང་། །སྒྲུབ་ལ་མི་ཚེར་འབད་པའི་རྟགས་ལ་ནི། །ཆེན་པོ་མ་བྱུང་རྨི་ལམ་བརྡ་མཚོན་ཙམ། །བདག་ནི་དབང་པོ་ཐ་མའི་ཡང་མཐའ་སྟེ། །དངོས་སུ་ཡི་དམ་ལྷ་ཡི་ཞལ་མ་མཐོང་། །ཉམས་དང་རྨི་ལམ་ཕལ་ཆེར་རྨི་ལམ་སྟེ། །ཧ་ཅང་མི་གསལ་འར་འུར་ཅུང་ཟད་རེ། །བྱུང་བ་བྲི་རིན་ཆོག་པ་མི་གདའ་སྟེ། །སྤྲུལ་སྐུ་མཆོག་གི་གསུང་ཡང་བཅག་མི་རུང་། །རང་གི་རྗེས་ཞུགས་གྲྭ་པ་འགའ་རེ་ཡང་། །སྒྲུབ་པ་ཐོན་པར་ལྷ་རྟགས་ཡོད་སྙམ་ནས། །སྤོབས་པ་སྐྱེ་ཕྱིར་གོ་རིམ་མ་ངེས་པར། །ཧྲག་བསྡུས་ཙམ་ཞིག་འདི་རུ་བཀོད་པ་སྟེ། །ཞིབ་པར་སོ་སོའི་ཟིན་བྲིས་རྒྱས་པ་དང་། །དམ་དུམ་མང་བས་ཕྱོགས་གཅིག་མ་མཆིས་སོ། །དེ་ལ་གོ་རིམ་ངེས་པ་མེད་ན་ཡང་། །འདི་རུ་གོ་རིམ་བཀོད་དེ་བྲི་བ་ནི། །དུས་ཀྱི་སྔ་ཕྱི་ངེས་པ་མ་མཆིས་སོ། །དེ་ལ་མོས་གུས་བླ་མའི་རྣལ་འབྱོར་ལ། །བརྟེན་ནས་རྩ་བརྒྱུད་བླ་མ་མང་པོ་ཡི། །ཐུགས་རྗེས་བཟུང་ཞིང་བྱིན་གྱིས་བརླབས་པའི་རྟགས། །ཡི་དམ་བསྐྱེད་རིམ་བསྙེན་སྒྲུབ་ལ་བརྟེན་ནས། །ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་བའི་རྟགས། །བསྙེན་སྒྲུབ་ཚོགས་དང་གཏོར་མ་ལ་བརྟེན་ནས། །མཁའ་འགྲོ་ཆོས་སྐྱོང་

p. 208

བར་ཆད་སེལ་བའི་རྟགས། །དེ་ཡང་ཡི་དམ་ཆོས་སྐྱོང་སོ་སོ་དང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྟགས་ལ་སོགས། །དབྱེ་བ་མང་ཞིང་ཕྲན་བུ་རྟགས་རྣམས་ནི། །བྲི་བར་མི་ལོངས་དེ་ཕྱིར་ཧྲག་བསྡུས་བྲི། ༧ །དང་པོ་རྩ་བརྒྱུད་བླ་མའི་རྟགས་བཤད་པ། །བྱིས་སྔགས་ཆོས་ཉམས་ལེན་ཤེས་ཙམ་དུ། །རྨི་ལམ་ཡུལ་དུ་ནམ་མཁའི་མཐོང་དུ་འཕུར། །རྒྱ་ནག་གླང་ཆེན་འགྱིང་རི་མཇལ་དུ་ཕྱིན། །ལམ་དུ་དར་རྩེ་མདོ་ཡི་རི་མགོ་རུ། །བབས་ནི་བསྡད་པས་དར་རྩེ་མདོ་པ་ཡི། །ཤིང་འཐུ་འགའ་ཡིས་པད་དབྱངས་བྱེད་པ་ཐོས། །དེ་ནས་གླང་ཆེན་འགྱིང་རིའི་རྩེར་ཕྱིན་པས། །ལྷ་ཁང་གཉིས་ཙམ་འདུག་པ་མཇལ་བ་ཡི། །དཀོར་གཉེར་བ་ལ་གནས་བཤད་གྱིས་སྨྲས་པས། །མི་གོ་འདུག་པས་གཤེ་འབར་འགའ་ཡང་བྱས། །རི་ཡི་རྩེར་ཕྱིན་ནམ་མཁར་བལྟས་པ་ཡིས། །འཇའ་གུར་ནང་དུ་ཀུན་ཏུ་བཟང་པོ་ནི། །སྐུ་མདོག་སྔོན་པོ་མཉམ་བཞག་ཕྱག་རྒྱ་ཅན། །རེས་གསལ་རེས་མི་གསལ་བ་ཞིག་མཇལ་ཏེ། །ཉི་མ་དེ་ཡང་ཤར་ཕྱོགས་ནམ་མཁའ་ནས། །སྔར་བས་ཤར་འདུག་རི་དེ་ཤིན་ཏུ་མཐོ། །དེ་ནས་འཕུར་ཏེ་ཡར་ལ་འོང་བ་ཡིས། །ཁྱིམ་དུ་བབ་པས་ང་ཡི་

p. 209

ཨ་དབྱི་དེས། །ཐབ་ཏུ་འོ་མ་གཅིག་ནི་བཀོལ་ཞིང་གདའ། །གཉིད་སད་ཤོད་དུ་སོང་བས་རྨིས་ལྟར་འདུག །ཉི་མ་ཡང་ནི་ཤར་དྲོས་རེད་འདུག་པས། །ཨ་དབྱིས་ད་བར་གཉིད་ནི་འདུག་ཨ་ཟེར། །གླང་ཆེན་འགྱིང་རིའི་བཀོད་པ་ལ་བལྟས་ན། །རྨི་ལམ་རྨིས་དང་ཕལ་ཆེར་མཚུངས་པར་སྣང་། །བརྒྱུད་པའི་གྲོལ་ཕུགས་ཆོས་སྐུ་ཀུན་ཏུ་བཟང་། །བྱིན་རླབས་རྨི་ལམ་མཇལ་དེ་དང་པོའོ།། །།དེ་ནས་རང་ལོ་བཅོ་ལྔ་དུས་ཀྱི་ཚེ། །བདེ་མགོན་སྦྲེལ་མའི་བསྙེན་པ་ཟླ་གསུམ་དུས། །སྟག་ལུང་མར་ཐང་རི་བོ་ཆེ་འདི་རུ། །སྔར་ནས་སྔགས་རྒྱུན་མ་ཆད་ཟེར་བ་ཡི། །མགོན་པོ་དངོས་སུ་བཞུགས་སྙམ་དད་པ་ཡོད། །སྤྱན་དྲངས་དུས་ཀྱང་རྒྱ་གར་བསིལ་བ་ཚལ། །བོད་ཡུལ་མར་ཐང་ཉིད་ནས་སྤྱན་དྲངས་བསྒོམ། །དེ་དུས་མགོན་པོའི་དཀྱིལ་འཁོར་བཤམས་པའི་སྟེང་། །རྗེ་དྲུང་གྲགས་པ་གཟི་བརྗིད་ལྡན་པར་བཞུགས། །འཁོར་ལོ་བདེ་མཆོག་རྒྱུད་ཀྱི་བཤད་པ་འགའ། །ཡུན་རིང་བར་དུ་བདག་ལ་གསུངས་པ་རྣམས། །ཕྱིར་ནངས་ཡིད་ལ་ཡོད་ཀྱང་ཕྱིས་ནས་བརྗེད། །རྨི་ལམ་ཡུལ་དུ་འཁོར་ལོ་སྡོམ་པ་ཡི། །རྒྱུད་ཀྱི་བཤད་པ་ཐོབ་པ་གཉིས་པའོ།། །།

p. 210

རང་ལོ་ཉེར་གཉིས་རྒྱལ་གྱི་ཟླ་བ་ལ། །སོར་མཛུབ་ཕུལ་བ་གཉན་ཞུགས་སྐྲངས་ཤིང་གཟེར། །ཤི་བར་ངེས་སྙམ་མ་ནམ་བཞི་སྐོར་དང་། །ཐུན་བཞི་དག་ལ་རྩེ་གཅིག་འབད་བྱས་པས། །རྨི་ལམ་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་དེ། །དངོས་དང་འདྲ་བ་བཞེངས་ནས་བཞུགས་པ་ལ། །ཕྱག་ཏུ་གཏོར་འགུ་ནང་དུ་ཆུ་ཚན་མོ། །བསྣམས་ནས་མི་འགའ་ལ་ནི་ཁྲུས་མཛད་དོ། །བདག་ལ་ཞུ་སྣ་མེད་སྙམ་འགྲོ་མ་སྤོབས། །ཁྲུས་བྱེད་ན་ནི་ཡར་ཤོག་གསུངས་བྱུང་བས། །ཡར་སོང་ཆུ་ཚན་ཞིག་གིས་ཁྲུས་མཛད་པས། །ཕྱིར་ནངས་རྣག་རྡོལ་དེ་ནས་ཟུག་གཟེར་ཆད། །ཐུགས་རྗེའི་ཆུ་ཡིས་སྡིག་སྒྲིབ་སྦྱངས་བ་ཡིས། །དངོས་སུ་ཟུག་གཟེར་ཞི་འདི་གསུམ་པའོ།། །།དེ་ནས་རང་ལོ་ཉེར་ལྔ་ཙམ་གྱི་དུས། །བླ་མེད་གསང་བ་བླ་མའི་རྣལ་འབྱོར་དང་། །གཏུམ་མོའི་དམིགས་ཐུན་རྒྱུན་དུ་སྒོམ་པའི་དུས། །རྨི་ལམ་རྒྱལ་བ་ཆོས་ཀྱི་དབང་ཕྱུག་དེ། །ཞལ་དབྱིབས་ལ་སོགས་དངོས་དང་འདྲ་བ་མཇལ།།བདག་ལ་དབང་བཞི་ཡོངས་རྫོགས་གནང་ཤོམ་སྣང་། །གསང་ཡུམ་ཙ་ཀ་ལི་ལ་བྲིས་པ་ཞིག །འདུག་པའི་བྷ་གའི་ནང་དུ་བདག་ཞུགས་ནས། །ཡབ་ཡུམ་གཉིས་པོ་སྙོམས་པར་ཞུགས་པ་ཡི། །

p. 211

རྡོ་རྗེའི་སྦུག་ནས་བདག་ཉིད་ཡར་དྲངས་ཏེ། །སྐུ་ཡི་གནས་བཞིར་དབང་བཞི་བསྐུར་སྣང་དང་། །ཁྱད་པར་ཐུགས་ཀའི་ཐད་དུ་ཕྱིན་པའི་ཚེ། །ལུས་སེམས་བདེ་སྟོང་འདྲེས་པའི་ཉམས་རྟོགས་སྐྱེས། །དེ་ཚེ་ངོ་སྤྲོད་ཞལ་ནས་གསུངས་པ་ཡང་། །སྐུ་ཡི་ནང་དེར་ཐོས་པའི་སྣང་བ་བྱུང་། །ཆོས་དྲུག་ལུགས་ཀྱི་བླ་མའི་རྣལ་འབྱོར་དེ། །ཤིན་ཏུ་ཟབ་པའི་ངེས་ཤེས་བརྟན་པ་ཐོབ། །ཧེ་རུ་ཀ་དཔལ་དྷ་ཤྭ་ར་ཡི། །སྐུ་ཡི་གནས་བཞིར་དབང་བཞི་བསྐུར་བ་ཡིས། །སྨིན་པར་བྱས་པ་འདི་ནི་བཞི་པའོ།། །།རང་ལོ་ཉེར་བརྒྱད་ཉེར་དགུའི་མཚམས་ཙམ་ལ། །སློབ་དཔོན་གདུང་རྟེན་ཨོ་རྒྱན་སྐུ་རྟེན་ནི། །རང་གི་ལག་གིས་བཞེངས་ཤིང་དངུལ་གསོལ་ཚེ། །རྨི་ལམ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ནི། །སྐུ་ཚད་ཁང་རྩེག་གཉིས་ཙམ་ཨེ་ཡོད་ཙམ། །སྐུ་མདོག་པད་ཞྭ་བེར་དང་ཆོས་གོས་སོགས། །ཐམས་ཅད་ལྗང་གུ་ཨིནྡྲ་ནཱི་ལའི་མདོག །ཁྲོ་འཛུམ་སྤྱན་རྩ་དམར་ཞིང་བྱང་དུ་གཟིགས། །རྡོ་རྗེ་བྷནྡྷ་ཁཊཾ་བསྣམས་པ་མཇལ། །དེ་སྔོན་རྙིང་མའི་དབང་ལུང་ཆེར་མ་འཕེལ། །དེ་ནས་ཉེ་བར་བླ་མ་པདྨ་སོགས། །ཞི་དྲག་བཀའ་རྫོགས་ལུང་རྫོགས་

p. 212

ཞུ་མི་དང་། །དེ་དག་བསྙེན་སྒྲུབ་བྱེད་པ་མང་དུ་བྱུང་། །རྟེན་འབྲེལ་པད་ཞྭ་ལྗང་གུ་ཞིག་བཟོས་ནས། །ཞི་ཁྲོའི་དབང་བསྐུར་གཏོར་རྒྱག་དུས་གྱོན་པས། །ཕན་ཐོགས་ཆེ་ཞིང་རྡོ་རྗེ་ལེགས་པ་བྱུང་། །ཕྲིན་ལས་བདག་ཉིད་པདྨ་ཐོད་ཕྲེང་རྩལ། །མཇལ་ནས་ཕྲིན་ལས་སྒོ་བྱེ་ལྔ་པའོ།། །།དབུས་ནས་ཕྱིན་ནས་རིང་པོར་མ་ལོན་དུས། །སྔར་འདྲེས་མེད་པར་ཁྲོམ་གྲགས་སྡེ་རྣམས་ལ། །ཀར་ལྡོམ་གཅིག་ལ་འགྲོ་ཁའི་རྨི་ལམ་ལ། །ཐུགས་རྗེ་ཆེན་པོ་ཇོ་བོ་བཅུ་གཅིག་ཞལ། །རྩ་ཕྱག་བརྒྱད་པོ་ཞབས་བཞི་ལྡན་པ་ལ། །ཞབས་ངར་བཞི་ལ་ཞབས་མགོ་གཉིས་ཡོད་པ། །དེ་ཡང་སྟེང་འོག་རིང་ཐུང་ཚུལ་དུ་སྣང་། །སྐུ་མདོག་དཀར་པོ་ལ་སོགས་གཞུང་ལྟར་ནི། །བྲིས་སྐུ་བཞེངས་སྐུ་མ་ཡིན་འཕགས་པ་དངོས། །དེ་ཡི་མདུན་གྱི་གཡས་གཡོན་གཉིས་པོ་ན། །མདའ་དར་དཀར་ལྗང་གཉིས་ཀྱི་མགུལ་དུ་ནི། །སྒྲོལ་མ་དཀར་སྔོན་གཉིས་ཀྱི་སྐུ་འདྲ་ནི། །དང་པོ་ཐང་སྐུ་ཆུང་ཆུང་འདྲ་བ་ལ། །ཕྱིས་ནས་ཐང་སྐུ་མ་ཡིན་སྒྲོལ་མ་དངོས། །དེ་ལྟར་གཙོ་འཁོར་གསུམ་པོ་གསལ་བར་མཇལ། །སྡེ་དེ་ཡོན་བདག་རྩ་བར་རིམ་གྱིས་འགྱུར། །བཅུ་གཅིག་ཞལ་དང་སྒྲོལ་མ་མཇལ་བ་ནས། །

p. 213

འདུལ་བྱ་འགྲོ་དོན་སྒོ་བྱེ་དྲུག་པར་བརྩི།། །།རང་ལོ་སུམ་ཅུ་སོ་ཙམ་དུས་ཀྱི་ཆ། །རྒྱལ་བ་རྒྱ་མཆའ་དབང་ལུང་ཡད་ཆམ་པ། །ཞུ་ས་མ་རྙེད་ཡང་ཡང་ཡོད་འགྱོད་ཆེ། །རྨི་ལམ་ཡུལ་དུ་ཆོས་དབྱིངས་རྡོ་རྗེ་ནི། །ཤིན་ཏུ་གསལ་བ་དངོས་ལྟར་མཇལ་བའི་ཚེ། །བདག་ལ་རྒྱལ་བ་མཚོའི་ཆོས་འབྲེལ་ཞིག །གནང་དགོས་ཞུས་ཚེ་རྒྱལ་བའི་དབང་པོ་ཡིས། །རྒྱལ་བ་རྒྱ་མཚོའི་གཙོ་རྐྱང་མངོན་རྟོགས་ནི། །སྤྱི་དང་འདྲ་ལ་མི་འདྲའི་ཁྱད་པར་ནི། །ཕྱག་གཡས་དང་པོས་དོན་ཡོད་གྲུབ་པ་ཡི། །ཕྱག་རྒྱ་མཛད་པ་ཞིག་གི་སྒོམ་ལུང་ནི། །ཡི་གེ་བཅུ་པའི་ལུང་ནི་གསལ་བར་གནང་། །ཞབས་དབང་ཐོབ་ན་དབང་བཞི་ཡོངས་རྫོགས་ནི། །ཐོབ་པ་ཡིན་ནོ་ཞེས་པ་ཡིད་ཡོད་པས། །ཞབས་དབང་གནང་བས་དབང་བཞི་ཡོངས་རྫོགས་ནི། །ཐོབ་པ་ཡིན་སྙམ་དགའ་བ་ཚད་མེད་སྐྱེས། །རྒྱལ་བ་རྒྱ་མཚོ་མི་ཡི་ཚུལ་བཟུང་བ། །རྒྱལ་མཆོག་བཅུ་པ་ཆོས་དབྱིངས་རྡོ་རྗེ་ལ། །རྨི་ལམ་ཡུལ་དུ་རྒྱལ་བ་རྒྱ་མཚོ་དང་། །བྱིན་རླབས་དབང་ལུང་ཐོབ་འདི་བདུན་པའོ།། །།དེ་ནས་རང་ལོ་སོ་དྲུག་ཙམ་གྱི་དུས། །ནུབ་གཅིག་དགེ་སྦྱོར་མང་བྱས་མནལ་སོང་བས། །རྗེ་བཙུན་

p. 214

སྒྲ་སྒྱུར་མར་པ་ལོ་ཙཱ་བ། །སྐུ་ནི་བརྗིད་ཅིང་སྣུམ་བག་ལྡན་པ་ལ། །སྐུ་སྟོད་རལ་པས་ཁེབས་པ་སྔགས་པའི་གཟུགས། །ན་བཟའ་ཕུག་སྨུག་ཞབས་ནི་སྐྱིལ་ཀྲུང་སོགས། །དངོས་དང་འདྲ་བ་གསལ་པོར་མཇལ་བ་ལ། །དད་གུས་ལྡན་པས་བདག་གིས་ཞུས་པ་ནི། །དུར་ཁྲོད་བདག་མོ་ལྷ་མོ་དུད་སོལ་མ། །སྤྱང་ཞོན་མ་དང་གསུམ་གྱི་དབང་གནོང་ཞུས། །དབང་གཞན་གཉིས་པོ་མ་གནང་ཡང་། །དུད་སོལ་མ་ཡི་གཏོར་དབང་གསལ་པོ་ནི། །སྔོན་གྱི་གཏོར་དབང་རྣམས་དང་འདྲ་བ་ལ། །མངོན་རྟོགས་སྐབས་སུ་ནག་མོ་དགུ་སྒྲུབ་དང་། །གསང་སྒྲུབ་ལྷ་མང་གཉིས་པོ་གབ་སྤྲད་པ། །དེ་འདྲ་གསུངས་དུས་མངོན་རྟོགས་མཉམ་འདོན་བྱས། །གཏོར་མ་སྤྱི་བོར་བཞག་སོགས་གཞུང་ལྟར་མཛད། །བསྟོད་རིང་དེ་ནི་བབ་པར་མི་མཛད་དོ། །དེ་མིན་གཏོར་དབང་ཡིག་རྙིང་ལྟར་དུ་ཐོབ། །མངོན་རྟོགས་དེ་འདྲ་རྗེས་མཐུན་ལྷ་མོ་ཡི། །བརྒྱ་རྩ་དག་ཀྱང་བདག་གིས་བསྒྲིགས་པ་ཡི། །གར་བཅས་ནད་རིམས་ཆད་སོགས་ཕན་ཆེར་གྱུར། །རྨི་ལམ་སྐབས་སུ་མར་པ་ལོ་ཙཱ་ལ། །ལྷ་མོའི་དབང་དང་མངོན་རྟོགས་སྒོམ་ལུགས་ཀྱི། །ཞལ་ཁྲིད་ཐོབ་པ་འདི་ནི་བརྒྱད་པའོ།། །།

p. 215

ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི། །ཕྱི་སྒྲུབ་རྒྱལ་བ་རྒྱ་མཚོ་བསྙེན་པ་ཡི། །ཕོ་བྲང་ཁང་བཟང་བལྟ་ན་སྡུག་པའི་ནང་། །འོད་དཔག་མེད་མགོན་ཆོས་ཀྱི་དབང་ཕྱུག་དང་། །སྤྱན་རིས་གཟིགས་དངོས་ཆོས་དབྱིངས་རྡོ་རྗེ་གཉིས། །ཞལ་དང་སྐུ་དབྱིབས་མངོན་སུམ་འདྲ་བ་ལ། །བེར་དང་ན་བཟའ་ལ་སོགས་གཟི་མདངས་རྒྱས། །ཁང་པའི་ཕྱི་ནང་བར་གསུམ་ཐམས་ཅད་ན། །རྡོ་བ་དཀར་པོར་ཡི་གེ་དྲུག་པ་དང་། །ཀརྨ་པ་མཁྱེན་བརྐོས་པས་གང་བར་སྣང་། །དེ་འདྲ་རྨི་ལམ་ཡུལ་དུ་མཇལ་ན་ཡང་། །དད་པ་འཕེལ་ཞིང་དངོས་སུ་མཇལ་ལྟར་གྱུར། །རྒྱལ་བ་རྒྱ་མཚོ་ལྷ་དགུ་བསྙེན་པའི་དུས། །དཔལ་ལྡན་དུས་གསུམ་མཁྱེན་པ་མཇལ་ན་ཡང་། །སྐུ་ལུས་ཧ་ཅང་གསལ་པོར་མ་མཐོང་ཡང་། །དེ་ཡི་གཡས་དེར་གྲུབ་ཆེན་ཀརྨ་པ། །སྐུ་ཤ་སྨུག་སང་སྣུམ་བག་ར་ཙ་སེ། །གསལ་བར་མཇལ་ནས་ཕྱག་འཚལ་དད་གུས་བྱས། །བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེའི་གཏེར། །རྨི་ལམ་ལན་འགའ་མཇལ་ཏེ་དགུ་པའོ།། །།དེ་སྔོན་རང་ལོ་སོ་ལྔ་ལོན་པའི་དུས། །དཀོན་མཆོག་སྤྱི་འདུས་ཐུགས་དམ་བྱེད་སྐབས་ཤིག །བདག་གིས་དཀོན་མཆོག་སྤྱི་འདུས་ཞུས་པ་

p. 216

ཡི། །བླ་མ་མུ་ནེའི་མཚན་ཅན་དེ་དང་ནི། །དེ་ཡི་ཞུ་ས་ཆོས་རྗེ་པ་གཉིས་ནི། །ཤམ་ཐབས་ལེགས་པའི་སྟེང་དུ་རས་གཟན་ནི། །ནམ་ཐང་གསར་པ་རེ་མནབ་བཞེངས་ནས་བཞུགས། །ཤིན་ཏུ་མཛེས་ཤིང་དང་བ་འདྲེན་པའི་སྐུ། །རས་ཆུང་རྡོར་གྲགས་དངོས་སུ་ཕེབས་པ་འདྲ། །ཁོང་གཉིས་ཞལ་ནས་དཀོན་མཆོག་སྤྱི་འདུས་སོགས། །གཏེར་ཆོས་གསུང་གླེང་འགའ་རེ་བྱེད་པའི་སྐབས། །རྙིང་མའི་གྲུབ་ཐོབ་སངས་རྒྱས་གླིང་པའི་ལུགས། །གུ་རུ་དྲག་པོ་ཡི་དམ་མཛད་པ་གཅིག །ཡོད་དོ་ཟེར་བའི་སྒྲ་ཞིག་ཐོས་པར་གྱུར། །དེ་མ་ཐག་ཏུ་གཏེར་སྟོན་ཡིན་ཟེར་བའི། །གྲུབ་ཐོབ་གཅེར་བུ་རས་ཀྱི་ཨང་རག་ཅན། །སྐུ་གཟུགས་ཆེ་ལ་ཤ་རྒྱས་ཡན་ལག་རགས། །ལྷུ་ཚིགས་སྦོམ་ཞིང་ཐུང་བ་མགོན་པོའི་གཟུགས། །ཞལ་ནི་ཞི་མ་ཁྲོ་ལ་སྤྱན་ཟླུམ་པ། །བརྟུལ་ཞུགས་སྤྱོད་པ་གར་དང་འཆམས་སྟབས་སོགས། །མ་ངེས་སྣ་ཚོགས་མཛད་ཅིང་ཕེབས་བྱུང་ནས། །ང་ནི་ཨོ་རྒྱན་པདྨའི་ཐུགས་སྤྲུལ་ཡིན། །ལབ་ཀྱི་སྒྲོལ་མའི་གསུང་གི་སྤྲུལ་པ་ཡིན། །གསུངས་པས་རང་དབང་མེད་པར་དད་པ་སྐྱེས། །ཐལ་མོ་སྦྱར་ཞིང་མཆི་མ་ཆར་ལྟར་བབས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་

p. 217

རྣམས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བར་ཆད་ཐམས་ཅད་སེལ་བར་མཛད་དུ་གསོལ། །ཞུས་པས་བར་ཆད་སེལ་ཕྱིར་བགེགས་བསྐྲད་ཚུལ། །བདག་གི་སྟེང་དུ་མཆོངས་ནས་བདག་ལ་ནི། །ཕྱག་མཛུབ་རྡུང་བཙོག་དཔག་ཏུ་མེད་པ་མཛད། །དེ་ཚེ་ཟུག་གཟེར་སྡུག་བསྔལ་མ་བྱུང་བར། །ལུས་སེམས་བདེ་བ་ལྷང་ལྷང་སྐྱེ་བ་བྱུང་། །དེ་ནས་གཏེར་ཆོས་དབང་ལུང་ཐམས་ཅད་པ། །ཇི་ལྟར་སྣང་བའི་ཚུལ་ནི་མི་དྲན་པར། །འཇའ་ཚོན་སྙིང་པོའི་ལུགས་ཀྱི་གཏེར་ཆོས་ཀྱི། །དབང་ལུང་མཐའ་དག་ཐོབ་པའི་སྣང་བ་འདི། །སེམས་ལ་དགའ་བདེ་དཔག་ཏུ་མེད་པ་སྐྱེས། །དེ་ནས་འགྲོ་དོན་གར་ཆེའི་ལུང་བསྟན་དང་། །བསྙེན་པ་ཅི་ཐོན་ལ་སོགས་གསུང་གླེང་མཛད། །བར་ཆད་སེལ་བའི་བརྡ་ཡང་འགའ་རེ་བསྟན། །རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་ལ། །དངོས་སུ་མཇལ་བའི་རྟེན་འབྲེལ་མ་འགྲིགས་ཀྱང་། །རྨི་ལམ་ཡུལ་དུ་མཇལ་ནས་གཏེར་ཆོས་རྣམས། །ཡོངས་རྫོགས་རྫུ་འཕྲུལ་བྱིན་རླབས་ནུས་མཐུ་ནི། །ཐོབ་སྟེ་རྟ་ཕག་གསང་བའི་ལུང་བསྟན་ལས། །ལ་ལ་མཚན་ཐོས་ཙམ་གྱིས་གྲོལ་གསུངས་པ། །འདི་འདྲའི་རིགས་ལ་དགོངས་པ་མ་

p. 218

ཡིན་ནམ། །རིམ་པར་འཇའ་ཚོན་ལུགས་ཀྱི་དབང་ལུང་རྒྱུན། །ཕལ་ཆེར་རྩོལ་མེད་བདག་གིས་ཐོབ་གྱུར་ཅིང་། །བདག་ནས་གཞན་ལ་འཕེལ་སྟོབས་རབ་ཏུ་ཆེ། །རིག་འཛིན་དེ་ཡི་ཆོས་ཀྱི་བདག་པོ་ཞིག །ཁོ་བོ་ཡིན་པར་ལུང་གིས་ཟིན་པ་ཡི། །ཚིག་སྒྲོས་འགའ་རེ་གཞུང་དུ་གསལ་ན་ཡང་། །གཞན་གྱི་བློར་ཤོང་དཀའ་ཕྱིར་སྨྲ་མ་སྤོབས། །ལས་འཕྲོ་གླིང་པའི་གཏེར་ཆོས་ཐམས་ཅད་ཀྱི། །བཀའ་རྫོགས་གཏེར་སྟོན་ཉིད་ལ་རྨི་ལམ་དུ། །ཐོབ་པ་འདི་ནི་རྣམ་གྲངས་བཅུ་པའོ།། །།དེ་ནས་རང་ལོ་སོ་བརྒྱད་ནས་བཟུང་སྟེ། །རྒྱལ་བ་རྒྱ་མཚོ་རྩེ་གཅིག་སྒྲུབ་པའི་ཚེ། །རྒྱལ་བ་རང་བྱུང་རྡོ་རྗེ་དེ་ཉིད་ཀྱིས། །དབང་གི་དོན་རྣམས་གསུང་ཞིང་ཁྲོམ་ཚོགས་ལ། །བདག་གིས་བུམ་པ་ལ་སོགས་འདྲེན་མཁན་བྱས། །དེ་དུས་བརྡ་དང་རྟེན་འབྲེལ་འགའ་ཡང་བྱུང་། །རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཞལ་དབྱིབས་སོགས། །དངོས་སུ་མཇལ་དང་འདྲ་བ་ཕེབས་བྱུང་བས། །ཕྱག་འཚལ་མཇལ་དར་བཏང་ཞིང་ཕྱག་ནས་འཇུས། །རབ་ཏུ་མཉེས་ཤིང་གནང་སྦྱིན་འགའ་ཡང་གནང་། །ཁོ་བོ་གཙང་དུ་སོག་པོའི་ཁ་ནོན་ལ། །འགྲོ་དགོས་ཡོད་གསུང་བྱོན་ནས་སོང་བ་རྨིས། དེ་དང་མཐུན་

p. 219

པར་སོག་པོའི་དད་འདུན་དང་། །ཀར་ལུགས་ཆོས་སྡེ་འགའ་ལའང་བཀའ་དྲིན་བྱུང་། །འོག་མིན་གླིང་ཡང་ཕྱག་ཏུ་ཕུལ་བོར་སྣང་། །རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་ཞལ་དབྱིབས་སོགས། །དངོས་སུ་མཇལ་དུས་འདྲ་བ་ཞིག་མཇལ་ནས། ཁ་ཐག་སྨན་འཛིན་ཕུལ་ནས་ཕྱག་དབང་ཞུས། །བཀའ་ཤོག་གསུང་ཕྲིན་འགའ་ཡང་མཛད་ཅིང་གདའ། །དེ་ནས་རྒྱལ་བའི་དབང་པོས་ཁོ་བོ་ལ། །དམ་ཆོས་འདུལ་བའི་དྲི་བ་མཛད་བྱུང་བས། །བདག་གིས་སྤོབས་པ་བསྐྱེད་དེ་ཞུས་པ་ནི། །རྩ་བ་བཞི་ཡི་སྲོག་བཅད་སྐབས་སུ་ནི། །མི་འམ་མིར་ཆགས་བསད་པ་ཞེས་བྱའི་དོན། །མི་འམ་ཞེས་པ་མི་ཉིད་བསད་པ་སྟེ། །མིར་ཆགས་ཞེས་པ་བུད་མེད་ཁོག་པ་ཡི། །ཕྲུ་གུ་ཆགས་པ་སྨན་གྱིས་བཤིག་ལ་ཟེར། །དམག་ལ་སོགས་པ་དོན་གཅིག་ཅེས་པ་ནི། །དཔེར་ན་དགེ་སློང་བརྒྱ་ཕྲག་དམག་སོང་ནས། །དེ་དག་ཕ་རོལ་ཨེ་སོད་བློ་མཉམ་ནས། །དགེ་སློང་གཅིག་གིས་མི་གཅིག་བསད་པ་ན། །དགེ་སློང་ཐམས་ཅད་སྡོམ་པ་འཆོར་བར་བཤད། །འདི་ནི་བྱེ་བྲག་སྨྲ་བའི་ལུགས་ཡིན་ཏེ། །བྱེ་བྲག་སྨྲ་འདི་ཐེག་པ་དམན་ཤོས་ཡིན། །མདོ་སྡེ་པ་ཡི་ལུགས་ལ་རྩ་བ་བཞི། །རེ་རེ་ཤོར་

p. 220

ཡང་གཞན་རྣམས་ཡོད་པར་བཤད། །བྱེ་བྲག་སྨྲ་བའི་རྩ་བ་གཅིག་ཤོར་ན། །སྡོམ་པ་ཐམས་ཅད་འཆོར་བས་མེད་པར་བཤད། །མི་གཙང་སྤྱོད་ཀྱི་རྟེན་ནི་བུད་མེད་ལ། །ཁ་དང་བཤང་ལམ་ལ་སོགས་རྨ་གསུམ་པོ། །གང་རུང་སྤྱོད་པ་ལ་ནི་ཟེར་བ་སོགས། །འདུལ་བའི་བཤད་པ་འགའ་ནི་ཞུས་པ་ཡི། །ཐུགས་ནི་ཤིན་ཏུ་བདག་ལ་དགྱེས་པར་མཛད། །མ་འོངས་ཐུགས་རྗེས་འཛིན་པའི་ཞལ་བཞེས་མཛད། །གཉིད་སད་དུས་ཀྱང་ཞལ་རས་ཁྲ་ལམ་མེ། །ཡིད་ལ་གསལ་བའི་དགའ་བདེ་ལྷང་ལྷང་སྐྱེས། །ཡང་ནི་རྒྱལ་བ་ཆོས་དབྱིངས་རྡོ་རྗེ་ཡིས། །དཀྱིལ་འཁོར་གཅིག་ལ་གཡོན་སྐོར་མཛད་འདུག་པས། །གཡས་སྐོར་མཛད་པར་བདག་གིས་ཞུས་པ་ཡིས། །དེ་ནས་གཡས་སྐོར་མཛད་པའི་རྟགས་ཕྱི་ལ། །བདག་གིས་མཉམ་དུ་སྐོར་བ་བྱས་པ་རྨིས། །འདི་ལ་རྟེན་འབྲེལ་གནད་འགའ་ཡོད་དམ་སེམས། །ཡང་ནི་སློབ་དཔོན་སྦས་པའི་རྣལ་འབྱོར་མཇལ། །ཆོས་གཏམ་འགའ་རེ་བྱས་ཏེ་འདི་སྐད་ཞུས་། །གཞི་ཡི་ཕྱག་ཆེན་ཡ་ཀི་སངས་རྒྱས་ཐུགས། །མ་ཀི་སེམས་ཅན་འབུ་སྲིན་ཡན་གྱི་སེམས། །རྣལ་འབྱོར་རང་གི་སེམས་ཀྱི་ངོ་བོ་ལ། །བཟང་ངན་སྤུ་ཙམ་མེད་པ་ཞིག་ཡིན་

p. 221

ནོ། །ཞེས་ཞུས་རྒྱལ་བ་མཆོག་དང་ནི། །རིག་འཛིན་སློབ་དཔོན་སྦས་པའི་རྣལ་འབྱོར་སོགས། །ལྟ་སྤྱོད་དག་གམ་མ་དག་དྲོད་ཉུལ་བའི། །གསུང་ལན་ཕུལ་བ་འདི་ནི་བཅུ་གཅིག་གོ། །ཡང་ནི་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་མཇལ། །དེ་ཚེ་རྒྱལ་བའི་དབང་པོས་བཀའ་བསྩལ་པ། །ཁྱོད་རང་མ་ཎི་བུམ་སྒྲུབ་ཚུགས་ཤིག་གསུངས། །བདག་ལ་བུམ་སྒྲུབ་ལུང་གཅིག་གནོང་ཞུས་པས། །གནང་གསུངས་པོ་ཏི་ཕྱག་ཏུ་ཕུལ་བ་ཡིས། །ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི། །མགོ་ནས་ཕྲེང་གཉིས་ཙམ་ཞིག་ལུང་གནང་ནས། །བུམ་སྒྲུབ་རང་གི་དཔེ་དེ་མ་རྙེད་པས། །འདྲ་གཅིག་མཛད་ནས་བྱོན་ནི་སོང་བ་ལ། །རྗེས་སུ་རྒྱུགས་ནས་དཔེ་ཆ་མ་རྙེད་ཀྱང་། །བུམ་སྒྲུབ་དེ་ཡི་སྔགས་ལུང་གནོང་ཞུས་པས་། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་ལན་གསུམ་གསལ་བར་གསུངས་པ་ལ། །ཧྲཱིཿདེ་སྦྱར་རྒྱུ་ཡིན་པས་གསུངས་དགོས་ཞུས། །ཞལ་ནས་ཧཱིཿདེ་དངོས་སུ་མ་གསུངས་ཀྱང་། །གསུངས་པ་ཡིན་སྙམ་རང་གི་ཡིད་ལ་གསལ། །ཐོ་རངས་སུ་ལའང་བཀའ་ཆོས་མི་གནང་བ། །ཞུ་མཁན་ནན་ཏན་མ་བྱུང་དོན་རེད་དེ། །ནན་ཏན་ཞུས་ན་གནང་རྒྱུ་རེད་དོ་བསམ། །

p. 222

ཕྱིར་ནངས་གཉིད་སད་བསམ་པའི་རྗེས་ཤོས་ལ། །ཡིག་དྲུག་ལུང་ནི་ཞལ་ནས་གསུངས་པ་ནི། །བསྐྱེད་པའི་རིམ་པ་སྤྲོས་བཅོས་དོན་ཡིན་ལ། །ཧཱི༔ཡིག་ཞལ་ནས་མ་གསུང་ཡིད་ཡུལ་དུ། །སྣང་བ་རྫོགས་རིམ་བརྗོད་དུ་མེད་པའི་དོན། །ཡིན་པར་འདུག་སྙམ་བསྐྱེད་རྫོགས་གོ་བ་ཤར། །སྤྱན་རས་གཟིགས་དབང་རྒྱལ་དབང་ཀརྨ་པས། །བུམ་སྒྲུབ་ཚུགས་གསུངས་བཀའ་ཡི་གནང་བ་དང་། །བསྐྱེད་རྫོགས་ལུང་གནང་དེ་ཡི་དོན་རྟོགས་པས། །འདི་ནི་རྟེན་འབྲེལ་ལེགས་འགྲིགས་བཅུ་གཉིས་པ།། །།དཔལ་ལྡན་དུས་གསུམ་མཁྱེན་པ་སྐུ་མདོག་སྨུག །དབུ་སྐྲ་སེ་ཞིང་ཞལ་མན་ཆེ་བ་སོགས། །འདྲ་སྐུ་རྣམས་དང་འདྲ་བ་ཞིག་མཇལ་བས། །རྒྱལ་བ་རྒྱ་མཚོའི་ཆོས་འབྲེལ་གནང་དགོས་ཞུས། །རྒྱལ་བ་རྒྱ་མཚོའི་མངོན་རྟོགས་ལུང་དང་ནི། །ཡིག་དྲུག་བཟླས་ལུང་དམིགས་རིམ་བཅས་པ་དང་། །རྗེས་ཤིག་འོད་གསལ་སྒོམ་ལུགས་གསལ་བར་གནང་། །དེ་ནས་རྨི་ལམ་ཡིན་པར་ངོས་ཟིན་ཏེ། །གཉིད་འདི་མ་སད་བར་དུ་ཞུ་དགོས་སྙམ། །ད་རུང་འདི་ཡི་རྫོགས་རིམ་སྐུ་གསུམ་གྱི། །ངོ་སྤྲོད་དངོས་གཞི་རྣམས་ཀྱང་གནང་དགོས་ཞུས། །གཏུམ་མོའི་དམིགས་རིམ་ཚང་མ་གཅིག་

p. 223

དང་ནི། །སྤྲུལ་སྐུའི་ངོ་སྤྲོད་ལོངས་སྐུའི་ངོ་སྤྱོད་གཉིས། །དམིགས་པའི་རིམ་པ་གཞུང་ལྟར་ཚང་མ་དང་། །དེ་བཞིན་ཆོས་སྐུའི་ངོ་སྤྲོད་བཅས་པ་རྣམས། །ཚིག་ཉུང་དོན་འདུས་པ་རེ་གནང་བ་ཡིན། །དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས། །རྒྱལ་བ་རྒྱ་མཚོའི་བསྐྱེད་རྫོགས་ཆ་ཚང་བ། །འདི་ནི་ངོ་མཚར་ཁྱད་འཕགས་བཅུ་གསུམ་པ།། །།ནཱ་རོ་པཎ་ཆེན་ཛྷཱ་ན་སིདྡྷི་དེ། །གཅེར་བུ་སྐུ་ལ་རུས་པའི་རྒྱན་དྲུག་གསོལ། །སྐུ་སྨད་སྟག་གི་པགས་པའི་ཨང་རིག་ཅན། །སྐུ་ནི་མི་ཚད་གཞན་བས་ཆེ་བ་ལ། །འཁོར་ནི་རང་འདྲ་ཉི་ཤུ་ཙམ་གྱིས་བསྐོར། །ཐམས་ཅད་སྐུ་མདོག་དཀར་ལ་དམར་མདངས་ཆགས།་།ཞལ་དབྱིབས་ཨ་ཙ་ར་ཡི་ཆ་བྱད་ཅན། །ཐམས་ཅད་གར་སྟབས་ཤིག་ཤིག་མཛད་པ་ལ། །ཐམས་ཅད་མགྲིན་གཅིག་རྡོ་རྗེའི་མགུར་གསུངས་ཀྱང་། །མགུར་དེ་ཕྱིར་ནངས་བརྗེད་ནས་ཡིད་མ་ཟིན། །དེ་བཞིན་ཕྱིས་ཤིག་དྲུང་ཆེན་མཁའ་སྤྱོད་པའི། །བླ་སྒྲུབ་གཅིག་ནི་བརྩམས་པའི་དུས་སུ་ཡང་། །ལྷོ་ཕྱོགས་རྒྱ་གར་ཡུལ་ནས་ནཱ་རོ་པ། །གྲུབ་ཐོབ་ཆ་ལུགས་ཐོར་ཙུགས་ཡོད་པ་ཞིག །བྱ་ལྟར་འཕུར་ནས་བདག་གི་སྙིང་གར་ཐིམ། །དེ་ལྟར་མཁས་

p. 224

པ་ནཱ་རོ་པཎ་ཆེན་དེ། །རྨི་ལམ་ཡུལ་དུ་སྐུ་མཇལ་གསུང་ཐོས་ཤིང་། །རང་གི་སྙིང་གར་ཐིམ་འདི་བཅུ་བཞི་པ། །ནུབ་ཅིག་རྨི་ལམ་དང་པོ་རང་ཉིད་ནི། །ཐ་མལ་འདི་གའི་ལུས་སུ་ཡོད་པ་ལ། །དེ་ནས་བདག་ཉིད་ཐ་མལ་མ་ཡིན་པར། །ཆོས་རྗེ་འཛམ་གླིང་རོལ་པའི་རྡོ་རྗེ་དེར། །དངོས་སུ་གྱུར་ནས་འདུག་པ་དེ་ཡི་ཚེ། །བུད་མེད་འགའ་ཡིས་འདི་པ་དང་པོའི་དུས་། །གྲོང་ཆོག་ཀྱང་ནི་མཛད་རབས་གླེང་བྱེད་ཅིང་། །དད་གུས་ཆེན་པོ་བྱེད་ཅིང་རྣམ་ཐར་གླེང་། །དེ་ལྟར་བླ་མ་ཡི་དམ་དབྱེར་མེད་པ། །ཐུགས་རྗེ་ཆེན་པོ་རྒྱལ་བ་ཀརྨ་པའི། །བྱིན་རླབས་ཞུགས་པས་རྨི་ལམ་རང་ཉིད་ནི། །ཀརྨ་པ་དང་དབྱེར་མེད་གཅིག་གྱུར་པ། །འདི་ནི་ཡ་མཚན་ངོ་མཚར་བཅོ་ལྔའོ།། །།ཡང་ནི་གྲུབ་ཆེན་ཀརྨ་པཀི་དེས། །གྲུབ་རྟགས་མང་པོ་སྟོན་ཅིང་བཞུགས་པ་ཡི། །ཉེར་གནས་དེ་ནི་བདག་གིས་བྱས་པ་དང་། །ཆུ་ཆེན་བརྒྱབས་ནས་ཕར་ཁར་ཕྱིན་པ་ནས། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་མཇལ་བ་ལ། །སེང་གདོང་མ་ནི་གཙོ་སྐྱོང་རྗེས་གནང་སོགས། །དབང་གཉིས་ཐོབ་པས་ཤིན་ཏུ་ཡིད་དགའ་ནས། །སེང་གདོང་མ་འདི་ལན་གྲངས་འགའ་ཐོབ་པས། །ང་ཡི་ཚེ་རབས་ལས་ལྷ་རེད་

p. 225

སྨྲས་པས། །དེ་བཞིན་མཁས་གྲུབ་ལུང་རིགས་ཉི་མ་ནི། །ལན་གྲངས་དུ་མར་མཇལ་ཞིང་དད་གུས་འཕེལ། །འཆི་བ་འོང་སོགས་ཞལ་གདམས་གསུངས་པ་དང་། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུས་པ་དང་། །རྟ་མགྲིན་ཉང་ལུགས་རྗེས་གནང་སྤྱོད་ལུང་དང་། །ཚོགས་བདག་དམར་པོའི་ཆོས་སྐོར་ལ་སོགས་ཐོབ། །བླ་མ་ཡི་དམ་དོན་ལ་དབྱེར་མེད་ཕྱིར། །ཡང་ཡང་ཞལ་མཇལ་དབང་ལུང་མན་ངག་རྣམས། །ཐོབ་པ་འདི་ནི་ངོ་མཚར་བཅུ་དྲུག་པ།། །།ཡང་ནི་རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་དང་། །འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པ་དང་། །སྟག་ལུང་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་གསུམ། །ཞལ་འཛོམས་འཁོར་ཚོགས་མང་པོས་བསྐོར་བ་མཇལ། །དེ་ཚེ་བདག་གིས་རྒྱལ་བའི་དབང་པོ་ལ། །ཁྱེད་ནི་ལྷོ་བྲག་སོག་པོས་དེད་པའི་དུས། །རྫུ་འཕྲུལ་མང་པོ་བསྟན་ཟེར་ཨེ་བདེན་ཞུས། །ང་ལ་ཉམས་སྣང་ཅི་ཡང་མེད་པ་ལ། །དོང་དུ་འཕངས་བ་འདྲ་ཞིག་བྱས་བྱུང་བས་། །དེ་མ་ཐག་ཏུ་ཙཱ་རིའི་ལྷ་དེ་བྱུང་། །དེ་ནས་ཚེགས་མེད་ཐར་ཞེས་གསུངས་པ་དང་། །བདག་གིས་རྫུ་འཕྲུལ་བཤད་པ་རྒྱ་ཆེན་པོ། །ཡར་ལ་ཞུས་པ་མང་དྲག་བྲིར་མི་

p. 226

ལོངས་། །བཀྲ་ཤིས་དཔལ་གྲུབ་བདག་ལ་དགྱེས་ཚུལ་གྱིས། །བདག་ལ་བཅར་ནས་བཞུགས་པ་ལྟར་དུ་མཛད། །འདི་ལྟར་འབྲི་སྟག་ཀར་གསུམ་མཇལ་བ་ནི། །གསུམ་ཁའི་ཆོས་ཀྱི་བཀའ་དྲིན་ཐོབ་པ་ཡི། །རྟེན་འབྲེལ་ལེགས་ཚོགས་འདྲ་སྟེ་བཅུ་བདུན་པ།། །།སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་མཇལ། །མགོན་པོའི་རིགས་རྣམས་སྒྲུབ་ཐབས་གླེགས་བམ་བསྣམས། །མ་ནིང་གནམ་ལྕགས་ཐོག་མདའི་ལུང་དེ་ནི། །ཤིན་ཏུ་གསལ་ཞིང་རྒྱས་པར་གནང་བ་དང་། །མི་ལ་རས་ཆེན་སྐུ་ཡི་རྣམ་པ་ནི། །ཧ་ཅང་གསལ་པོར་མིན་ཙམ་མཇལ་བ་ཡིས། །བར་ཆད་མི་འབྱུང་བ་ཡི་ལུང་བསྟན་མཛད། །རྒྱལ་བའི་དབང་པོ་བཅུ་པ་ཞལ་མཇལ་བས། །བདག་ལ་འགྲོ་དོན་ཕྲིན་ལས་འབྱུང་ལུང་བསྟན། །དེ་ལ་བར་ཆད་བྱེད་པ་ཡོད་ན་ཡང་། །དཀོན་མཆོག་ཐུགས་རྗེས་ཟློག་པའི་བརྡ་ཡང་བསྟན། །དེ་ལ་བདག་གིས་ཡར་ལ་ཞུས་པ་ནི། །འཇའ་ཚོན་ལུང་བསྟན་དེ་ལ་སྤང་ཆ་ཡོད། །ཁྱེད་ཀྱིས་རྟ་མགྲིན་བསྙེན་པ་ཐུགས་དམ་མཛོད། །འདི་ཙམ་ནུས་པ་ཁྱེད་ལ་ཡོད་རེའོ། །དེ་སྐད་ཞུས་ཏེ་རྨི་ལམ་འཁྲུལ་པའི་ངོར། །མགོན་པོའི་ལུང་ཐོབ་བར་ཆད་ཞི་བ་དང་། །འགྲོ་དོན་འབྱུང་

p. 227

ལུང་བསྟན་འདི་བཅོ་བརྒྱད་པ།། །།ཉམས་དང་རྨི་ལམ་འདྲེས་པའི་སྣང་བ་ལ། །ཕ་གཅིག་དམ་པ་སངས་རྒྱས་སྐུ་མདོག་སྨུག །དབུ་སྐྲ་འགྱུ་རུ་སེག་གེ་བ་ཞིག་ལ། །སྐུ་ལ་བལ་ཐུལ་དཀར་པོ་མནབས་པ་ལ། །མཁའ་འགྲོ་སྨུག་མོ་སྔོན་མོ་སེར་མོ་དང་། །དམར་མོ་ལྗང་མོ་ལྔ་ཡིས་བསྐོར་ནས་བྱོན། །ཞི་བྱེད་གདམས་པ་ཉུང་དུ་གསུངས་ནས་གཤེགས། །ཡང་ནི་གཏེར་སྟོན་འཇའ་ཚོན་སྙིང་པོ་དེ། །ཁོང་རང་གཏེར་ཁའི་ཐུགས་རྗེ་ཆེན་པོ་ཡི། །པོ་ཏི་བསྣམས་ནས་ང་ལ་དབང་ལུང་གནང་། །གནང་གསུངས་བདག་གིས་གསེར་གྱི་མཎྜལ་ནི། །འབུལ་གྲབས་བྱེད་ཅིང་ཡོད་ཚེ་གསུངས་པ་ནི། །འདི་ནི་སྲོང་བཙན་སྒམ་པོའི་ལུགས་ཡིན་གསུངས། །འོ་ན་ཨོ་རྒྱན་རིན་པོ་ཆེ་ཡིས་མཛད་པ་ཡི། །ཐུགས་རྗེ་ཆེན་པོ་མེད་དམ་ཞུས་པ་ཡིས། །ཨོ་རྒྱན་མཛད་པའི་ཐུགས་རྗེ་ཆེན་པོ་ཡི། །པོ་ཏི་ངོམ་གཤིས་འདི་ན་གཏེར་དུ་ཡོད། །ཅེས་སོགས་གསུང་གླེང་བྱས་རྨིས་ཡང་ནས་ནི། །དྲུང་ཆེན་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་དེ། །དགེ་སློང་ཆ་ལུགས་པཎ་ཞྭ་སེར་པོ་ཅན། །འདྲ་སྐུ་རྣམས་དང་ཆ་ལུགས་མཚུངས་པ་མཇལ། །ཇ་ཞིག་མཎྜལ་ཕུལ་ནས་ཆོས་འབྲེལ་

p. 228

ཞུས། །སྙན་བརྒྱུད་ཡིན་གསུངས་ཕྱག་རྒྱ་ཆེན་པོ་ཡི། །སེམས་ཀྱི་བཞག་ཐབས་ངོ་སྤྲོད་གསལ་པོར་གནང་། །དམ་པ་རྒྱ་གར་གཏེར་སྟོན་ཧཱུྃ་ནག་དང་། །མཁའ་སྤྱོད་པ་དང་གྲུབ་ཐོབ་རྣམ་གསུམ་ལ། །རྨི་ལམ་ཆོས་འབྲེལ་ཞུས་འདི་བཅུ་དགུ་པ།། །།ཡང་ནི་དྲིན་ཆེན་ཆོས་ཀྱི་དབང་ཕྱུག་དེ། །སྐུ་དང་ཞལ་རས་མངོན་སུམ་ལྟ་བུར་མཇལ། །དཀོར་གྱི་སྒྲིབ་པ་ཇི་ལྟར་སྦྱང་བའི་ཐབས། །ཞལ་གྱིས་གདམས་པ་མང་དུ་གསུངས་པ་དང་། །ཡབ་སྲས་ཞལ་དགྱེས་ཚོགས་ལ་འཚོགས་པ་མཇལ། །འདི་དུས་ཙམ་ན་ཞལ་ནི་དགྱེས་ཚོད་རེད། །ཡང་ནི་ཆོས་དབྱིངས་རྡོ་རྗེ་དེ། །མངོན་སུམ་ལྟ་བུར་མཇལ་བ་ལ། །རྡོ་རྗེ་ཕག་མོའི་ལས་ཚོགས་ཀྱི། །དགྲ་ཡི་གནོད་པ་ཟློག་པའི་ཐབས། །དམིགས་པ་སྔགས་དང་བཅས་པ་གནང་། །རྗེ་འབངས་གནུབས་བན་ནམ་མཁའི་སྙིང་པོ་དེ། །པཎ་ཞྭ་ཆོས་གོས་གསོལ་ཞིང་བགྲེས་ཉམས་ཅན། །ཕེབས་ནས་བྱུང་བས་འདི་པ་སྐུ་ཚེ་རིང་། །ཚེ་ལ་དབང་བའི་རིག་འཛིན་ཡིན་པའི་ཕྱིར། །ཨོ་རྒྱན་རྣམ་ཐར་འདི་ལ་འདྲིའོ་སྙམ། །རྒྱལ་བ་མི་བསྐྱོད་རྡོ་རྗེ་དེ་ཉིད་ནི། །གསལ་པོར་བྱོན་ནས་བཞེངས་པའི་སྟབས་ཀྱིས་བཞུགས། །ཞེན་ལོག་

p. 229

ངེས་འབྱུང་ཆོས་ནི་མང་དུ་གནང་། །ཞྭ་ནག་དགུ་པ་དབང་ཕྱུག་རྡོ་རྗེ་དང་། །ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་མཇལ། །ཚེར་ལུང་དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ་དེ། །མངོན་སུམ་ལྟ་བུར་བྲོ་གར་བྱེད་པ་དང་། །འཇའ་ཚོན་སྙིང་པོ་གཟི་བརྗིད་འབར་བའི་སྐུ། །མཇལ་ཞིང་རྒྱལ་དབང་བཅུ་པ་གསལ་པོར་མཇལ། །ང་ཡི་སློབ་དཔོན་ཨ་ནུ་པད་དབང་དེས། །མིང་ཡིག་ཕྱག་ཏུ་མ་ཐེངས་ཞུས་པ་ཡིས། །དེ་ལ་ཁྱེད་རང་གསོལ་བ་ཐོབ་ཅིག་གསུངས། །ཡབ་སྲས་གཏེར་སྟོན་དྲུང་པ་ལ་སོགས་པ། །རྨི་ལམ་ཞལ་མཇལ་ཆོས་ཐོབ་ཉི་ཤུ་པ།། །།ཡང་ནི་དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ་ནི། །གསལ་པོར་མཇལ་བས་བྱང་ཤར་ནགས་འདབས་ཀྱི། །ལུང་ནི་གྱེར་དབྱངས་ཟུར་མང་ལུགས་ལྟར་མཛད། །རྗེ་བཙུན་རཏྣ་བྷ་དྲ་དེ་ཉིད་ནི། །དགེ་སློང་བགྲེས་ཚུལ་གཟི་བརྗིད་ལྡན་པའི་སྐུ། །ཤིན་ཏུ་གསལ་བ་མངོན་སུམ་ལྟར་མཇལ་བས། །བརྐོས་ཕོར་རི་མོ་གང་ཡོད་ཚ་ཚ་ལ། །དོད་དགོས་པ་ཡི་དཔེ་བཞིན་བཀའ་བརྒྱུད་ཀྱི། །བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ནི། །རྗེས་འཇུག་སློབ་མ་རྣམས་ཀྱིས་སྐྱོང་དགོས་ཚུལ། །ཕྱག་ཆེན་ཆོས་འབྲེལ་གེགས་སེལ་དང་བཅས་

p. 230

གནང་། །སྟག་ལུང་བཀྲ་ཤིས་དཔལ་གྲུབ་ཁུ་དབོན་དང་། །དྲུང་པའི་སྤྲུལ་སྐུ་རྒྱལ་ཚབ་པ་དང་ནི། །རྒྱལ་དབང་བཅུ་པ་ཞྭ་ནག་བཞེས་པ་སོགས། །མངོན་སུམ་འདྲ་བ་ལན་འགའ་མཇལ་བ་སྟེ། །སྔ་རབས་འདས་དང་ད་ལྟར་བཞུགས་པ་ཡི། །བཀའ་བརྒྱུད་བླ་མ་མང་པོ་ཞལ་མཇལ་ཞིང་། །ཆོས་འབྲེལ་ཐོབ་པའི་རྨི་ལམ་ཉེར་གཅིག་པ།། །།ཡང་ནི་དཔལ་ལྡན་ཞྭ་དམར་ཅོད་པན་ཅན། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་དངོས་ལྟར་དུ། །ཁྲི་ནི་མཐོན་པོ་ཞིག་ལ་བཞུགས་ནས་ཀྱང་། །ཕྱག་ན་གླེགས་བམ་ཞིག་ནི་བསྣམས་མཛད་ནས། །མདོ་སྡེ་ཞིག་གི་ལུང་ནི་གནང་བ་དང་། །ཕྱིར་ནངས་སྨན་མདོའི་དོན་ལ་ངེས་པ་ཐོབ། །རྨི་ལམ་མདོ་ལུང་ཐོབ་ཅིང་དེ་ཡི་དོན། །རྟོགས་ནས་རང་གཞན་དོན་བྱས་ཉེར་གཉིས་པ།། །།འབྲུག་པ་རྒྱལ་སྲས་ངག་དབང་རྣམ་རྒྱལ་དེ། །རྟོགས་ལྡན་ཆ་ལུགས་གཟི་བརྗིད་ལྡན་པ་ལ། །སྐུ་མདོག་ཤིན་ཏུ་དམར་མདངས་ཆགས་པ་མཇལ། །འདི་ནི་ནམ་མཁའི་སྙིང་པོའི་སྤྲུལ་པ་རུ། །ལུང་བསྟན་ཡོད་སྙམ་དད་པ་ཆེར་སྐྱེས་པ། །ཁོང་གིས་མཛད་པའི་ལུང་བསྟན་མང་པོ་ཞིག །དཔེ་ཆ་གནང་ཡང་ཡི་གེ་ཆོད་དཀའ་དེ། །ལོ་ཡི་མིང་ཞིག་

p. 231

ཟླ་བ་མ་ཤེས་པས། །ལོ་དེ་རྒྱ་གླུ་བ་ཡིན་ནོ་གསུངས། །གཞན་ནི་མ་ཁྲོལ་དཔེ་དེའི་དཀྱིལ་དེ་ན། །བྱང་གི་བྱང་ནས་ཆོས་སྐྱོང་གཅིག་འོང་ངོ་། །ཟེར་བ་གདའ་བ་བསྟན་པའི་ལུང་བསྟན་གོ །རྒྱལ་བའི་དབང་པོ་སི་ཏུ་སྤྲུལ་པའི་སྐུ། །ཞལ་འཛོམས་གཟི་བརྗིད་རབ་ཏུ་འབར་བ་མཇལ། །རྒྱལ་བའི་དབང་པོ་དཔོན་སློབ་བརྒྱད་དགུ་ཙམ། །གསེར་རྔ་སིལ་སྦུབ་ཁ་བཏགས་ནག་པོའི་ལུང་། །རྡུང་ཞིང་བེར་ནག་ཅན་གྱི་བསྐང་གསོ་ནི། །གསར་རྩོམ་ཤིན་ཏུ་ལེགས་པ་མཛད་པ་དང་། །རང་ལ་གཤེ་སྐུར་བྱེད་པ་འགའ་ཐོས་པས། །དེ་ལ་སྙིང་རྗེ་བཏང་ལེན་སྒོམ་པའི་ནུབ། །ཆོས་དབྱིངས་རྡོ་རྗེ་མངོན་སུམ་ལྟ་བུ་རུ། །དྲུང་དུ་བཞུགས་ནས་གསུང་སྐད་ཆུང་ངུ་ཡིས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །གསུངས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དངོས། །ཉིད་ཀྱི་མཛད་སྤྱོད་ཡིན་པར་ངེས་ཤེས་སྐྱེས། །ཡང་ནི་ས་ཚིག་འོང་གྲབས་བྱུང་བའི་ཚེ། །སེམས་བསྐྱེད་སྙིང་རྗེས་ཆར་འབོད་དྲག་དམིགས་བཏང་། །རྒྱལ་བ་བཅུ་པ་ཤིན་ཏུ་གསལ་བར་མཇལ། །ཡང་ནི་འོད་དཔག་མེད་མགོན་ཆོས་ཀྱི་དབང་། །མངོན་སུམ་ལྟ་བུར་བཞེངས་པའི་སྟབས་ཀྱིས་བྱོན། །ཕྱག་གཡས་སྐྱབས་

p. 232

སྦྱིན་བདག་གི་དཔྲལ་བ་དང་། །མགྲིན་པར་བཞག་ནས་བྱིན་རླབས་གནང་བར་མཛད། །ཡང་ནི་ཞྭ་མར་ཅོད་པན་འཛིན་པ་ནི། །དྲུག་པ་ཡིན་སྙམ་བདུན་པའང་ཡིན་སྙམ་པས། །ཁྲི་ལ་ཕེབས་ནས་ཆོས་ཐུན་ཅུང་ཟད་གནང་། །ཡང་ནི་རྒྱལ་བ་ཀརྨ་པ་ཆེན་པོ། །གསལ་པོར་མཇལ་ཞིང་ཞབས་དབང་གནང་བར་མཛད། །མ་ངེས་བཀའ་བརྒྱུད་བླ་མ་མང་པོ་མཇལ། །བྱིན་རླབས་ལུང་བསྟན་སྣང་བའི་རྨི་ལམ་དང་། །རྣམ་གྲངས་མང་ཡང་ཉེར་གསུམ་པ་རུ་བརྩིས།། །།གཅོད་ཀྱི་དམིགས་རིམ་ཤས་ཆེར་སྒོམ་པའི་ཚེ། །ཨ་ཙ་ར་ནི་སྨུག་ནག་གཟི་བརྗིད་ཅན། །མཇལ་བས་དམ་པ་རྒྱ་གར་ཡིན་པར་ཤེས། །བདག་ལ་འཇམ་དཔལ་སྨྲ་བའི་སེང་གེ་ཡི། །དབང་གནོང་ཞུས་ནས་ལུང་ཐང་ཕྲེང་བ་ཕུལ། །དབང་བསྐུར་སྟ་གོན་མཛད་བདོ་གཉིད་སད་དོ། །གྲགས་པ་མཆོག་དབྱངས་གསལ་པོར་མཇལ་བ་དང་། །བདུད་འདུལ་རྡོ་རྗེ་ལན་གྲངས་མང་དུ་མཇལ། །ཐུགས་རྗེ་ཆེན་པོའི་དཔེ་ཆ་གནང་བ་དང་། །ཁྱུང་གི་སྤྱི་གཙུག་ནོར་བུ་ཡིན་གསུངས་ནས། །ཆུ་ཤེལ་སྒོ་ང་ཙམ་ཞིག་གནང་བ་ཡིས། །འདི་ཡོད་ཅི་བསམ་འགྲུབ་སྙམ་དགའ་བ་སྐྱེས། །ཚེ་འདིར་མཇལ་སྲིད་གལ་ཏེ་མ་

p. 233

མཇལ་ནའང་། །དག་པའི་ཞིང་དུ་མཇལ་ལོ་གསུངས་པ་རྨིས། །དམ་པ་རྒྱ་གར་རིག་འཛིན་བདུད་འདུལ་སོགས། །རྨི་ལམ་མཇལ་ཞིང་ལུང་བསྟན་ཉེར་བཞི་པ།། །།ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ལན་དུ་མར། །མཇལ་བས་ཆོས་ཀྱི་གསུང་གླེང་མང་པོ་དང་། །མི་ཏྲ་ཁྲིད་དྲུག་དབང་ལུང་གནང་བ་དང་། །སྐུ་གསུམ་ངོ་སྤྲོད་དཀོན་མཆོག་ཡན་ལག་གིས། །མཛད་པ་རེད་སྙམ་ལྡེབ་མ་བརྒྱ་ཙམ་ཐོབ། །ཞལ་མཇལ་དགྱེས་ཚུལ་སྟོན་པ་གྲངས་མང་ངོ་། །དངོས་སུ་མཇལ་བའི་སྟབས་ཤིག་མ་འགྲིགས་དུས། །རྨི་ལམ་ཡུལ་དུ་མཇལ་ཞིང་ཆོས་ཐོབ་པ། །འདི་ཡི་ཐོབ་གོ་ཆོད་དམ་འཁྲུལ་པ་ལགས། །ཞེས་པའི་ཞུ་ཡིག་ཕུལ་བའི་ལན་དུ་ཡང་། །རྨི་ལམ་མཇལ་བ་དེ་གས་གོ་ཆོད་གསུངས། །ངོ་མཚར་འདི་ནི་ཉི་ཤུ་རྩ་ལྔའོ།། །།ཡང་ནི་ཨོ་རྒྱན་པདྨ་འབྱུང་གནས་དེ། །སྔགས་འཆང་གཟི་བརྗིད་ལྡན་པའི་ཚུལ་དུ་མཇལ། །རས་ཆུང་བ་དང་རས་པ་གཞན་ཞིག་གཉིས། །རང་གི་མདུན་དུ་བཞེངས་ནས་མགུར་འགའ་གསུངས། །ཡང་ནི་དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ལ། །རྒྱལ་བ་རྒྱ་མཚོའི་དབང་ལུང་ཡོངས་རྫོགས་པ། །རྨི་ལམ་ཡུལ་དུ་ཐོབ་

p. 234

པའི་སྣང་བ་སྟེ། །འདི་ནི་དག་སྣང་ཉི་ཤུ་རྩ་དྲུག་གོ། །སྔོན་དུས་རང་ལོ་སོ་གཉིས་ཙམ་གྱི་དུས། །མར་པ་མི་ལ་དྭགས་པོ་རྣམ་གསུམ་མཇལ། །མར་མི་གཉིས་པོ་ཧ་ཅང་མི་གསལ་ཞིང་། །དྭགས་པོ་ཤིན་ཏུ་གསལ་བ་མངོན་སུམ་འདྲ། །དེ་ཚེ་སུས་ཟེར་མེད་པར་ཆོས་ཀྱི་སྒྲ། །མར་པ་ལོ་ཙཱ་འདྲ་བ་ཞིག་འདོད་ན། །བླ་མ་མར་པ་དབྱེར་མེད་གསོལ་བ་ཐོབ་། །མི་ལ་རས་པ་འདྲ་བ་ཞིག་འདོད་ན། །མི་ལ་བླ་མ་དབྱེར་མེད་གསོལ་བ་ཐོབ། །རང་ཉིད་དྭགས་པོ་འདྲ་བ་ཞིག་འདོད་ན། །དྭགས་པོ་བླ་མ་དབྱེར་མེད་གསོལ་བ་ཐོབ། །གང་འདྲ་འདོད་ཅེས་གདམ་དགའ་འབྱུང་བ་ལ། །མར་པ་ངོ་བོ་བཟང་ཡང་ཁྱིམ་པའི་ཚུལ། །མི་ལ་དཀའ་ཐུབ་སྡུག་སྒྱུར་དཀའ་སླས་ཚེ། །དྭགས་པོ་འདྲ་བ་ཞིག་ནི་འདོད་བསམ་གདམས་། །ནུབ་ཅིག་རིག་འཛིན་རྒྱལ་བ་མཆོག་དབྱངས་དང་། །འཇའ་ཚོན་སྙིང་པོ་ཞལ་སྤྲོད་མཛད་པ་ཞིག །རྨི་ལམ་ལ་ནི་གསལ་བར་ཞལ་མཇལ་ལོ། །རང་ལོ་ཞེ་གཅིག་ཙམ་དུ་མཚམས་ཁུང་དུ། །དྭགས་པོ་ཕག་གྲུ་སྐྱོ་པ་ཐང་པ་རྣམས། །དཔོན་སློབ་ཚུལ་དུ་བཞུགས་པ་མཇལ་བའི་ཚེ། །དྭགས་པོའི་སྐུ་དེ་མངོན་སུམ་ལྟ་བུར་མཇལ། །དེ་ཚེ་བཀའ་བརྒྱུད་བླ་

p. 235

མ་འདི་རྣམས་ནི། །ས་ཐོབ་ཁོ་ན་ཡིན་སྙམ་དད་པ་སྐྱེས། །དེ་ཚེ་ནམ་མཁའི་དབྱིངས་ནས་སྒྲ་གྲག་པ། །འདི་རྣམས་ས་ཐོབ་ཡིན་པ་སྨོས་ཅི་དགོས། །འདི་རྣམས་རྒྱུད་འཛིན་ཐམས་ཅད་ས་ཐོབ་ཡིན། །ཟེར་བས་དད་པ་ཚད་མཚུངས་མེད་པ་སྐྱེས། །སྟོང་ཉིད་སྒོམ་པ་སྔར་དང་མི་འདྲ་བ། །བསྒོམ་བྱ་སྒོམ་བྱེད་བྲལ་བའི་རྟོགས་པ་སྐྱེས། །དེ་ཡི་ངང་ལ་མ་སད་བར་དུ་བསྡད། །སད་མ་ཐག་ཏུ་ཉམས་ལེན་དེ་ཐོག་གདའ། །ཞག་བར་ཏིང་འཛིན་དེ་ལ་ཕྱམ་ཕྱིམ་སོང་། །རྟོགས་པའི་བོགས་ནི་ཆེན་པོ་དེ་དུས་བྱུང་། །བཀའ་བརྒྱུད་བཞེད་པའི་ཐ་མལ་རྗེན་པ་དེ། །ངོ་ཤེས་མི་དང་འཕྲད་པ་ལྟ་བུ་བྱུང་། །དེ་ཕྱིར་ཡེངས་སྐབས་མ་གཏོགས་དེ་ཡི་ངང་། །བཀའ་བརྒྱུད་བླ་མ་རྨི་ལམ་ཞལ་མཇལ་བ། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་དྭགས་པོའི་ལུགས། །ཇི་བཞིན་རྟོགས་འདི་ཉི་ཤུ་རྩ་བདུན་པ།། །།མི་གཡེལ་གནས་སུ་ལྷོ་པ་སྤྲུལ་སྐུ་ཡིས། །དགོངས་འདུས་སྒྲུབ་ཆེན་གནང་དུས་ཉམས་ཀྱི་སྐབས། །དཀྱིལ་འཁོར་དབུས་དེར་ཨོ་རྒྱན་རིན་པོ་ཆེ། །སྤྲུལ་སྐུའི་ཆ་ལུགས་པད་ཞྭ་ཆོས་གོས་ཅན། །སྐད་ཅིག་གློག་འགྱུའི་ཡུད་ཙམ་གསལ་བར་མཇལ། །དེ་ནས་མི་

p. 236

སྣང་ཡལ་བའི་དུས་ཀྱི་ཚེ། །ང་ཡི་བུ་གཅིག་མི་འགྱུར་རྡོ་རྗེ་ལ། །བར་ཆད་འོང་སྙམ་སེམས་རྩ་སྡུག་པའི་ཚེ། །ཨོ་རྒྱན་ཡལ་མལ་དེ་ནས་སྒྲ་གྲག་པ། །པད་འབྱུང་ཐུགས་རྗེས་སྐྱོབ་ཅེས་ལུང་བསྟན་པས། །ལུས་སེམས་དགའ་བདེ་དཔག་ཏུ་མེད་པ་སྐྱེས། །དེ་རྗེས་རང་གིས་དགོངས་པ་འདུས་པ་ཡི། །སྒྲུབ་ཆེན་བཙུགས་ཚེ་དེ་ཡི་རྨི་ལམ་ལ། །རྒྱ་གར་རིག་འཛིན་དགའ་རབ་རྡོ་རྗེ་དང་། །ཤི་རི་སེང་ཧ་མཇལ་བའི་སྣང་བ་དང་། །སྒྲུབ་ཆེན་བྱེད་ཚེ་ཉམས་དང་རྨི་ལམ་དུ། །རིག་འཛིན་རྣམས་དང་མཇལ་འདི་ཉེར་བརྒྱད་པ།། །།ཁྲོ་ཆུའི་སྒྲུབ་ཆེན་བྱས་པའི་ཚེ། །རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ། །སྟོད་འགག་སྔོན་པོ་པད་ཞྭ་དམར། །ཇོ་བོ་རྗེ་ཡི་ཆ་ལུགས་འདྲ། །པདྨ་སཾ་བྷ་ཞལ་མཇལ་དང་། །ཝ་པ་སྐུ་སྐྱེ་བྱོན་བྱུང་བས། །འཇའ་ཚོན་དངོས་སློབ་ཆོས་བདག་ཏུ། །སྣང་ཕྱིར་འགའ་རེ་ཞུ་འམ་སྙམ། །ཕྱིར་ནངས་ཞུ་ཁ་ཞུ་ཨེ་རུང་། །བརྟགས་པས་ཡ་ཀི་རྒྱ་ལམ་ནས། །ཆོས་དབྱིངས་རྡོ་རྗེ་ཞལ་མཐོང་ལ། །དངོས་ལྟར་ཡར་ལ་ཕེབས་པ་མཐོང་། །ཡར་བལྟས་ལམ་གཉེར་གཟིམས་ཁང་ནང་། །འཇའ་ཚོན་སྙིང་པོ་བཞུགས་འདུག་པས། །རྒྱལ་བའི་དབང་པོ་འབྱོན་འདུག་

p. 237

པ། །ཨེ་གཟིགས་གཏེར་སྟོན་ལ་ཞུས་པས། །གཟིགས་གསུང་པ་ཡི་བརྡ་ཡང་མཛད། །དེ་སོགས་རྨིས་ལྟས་བཟང་པོ་བྱུང་། །དབེ་ཁུ་བྲག་ཞབས་ཕྱག་ཆེན་ཁྲིད་། །བཙུགས་ཚེ་ཆོས་དབྱིངས་རྡོ་རྗེ་ཉིད། །སྐུ་མདོག་ཟླ་བ་ལྟར་དཀར་ཞིང་། །བདག་ལ་དགྱེས་ཚུལ་དཔག་མེད་བསྟན། །ཕྱག་ཆེན་བཙུགས་པའི་དོན་ཡིན་སྙམ། །དེ་རྣམས་གཅིག་རྩིས་ཉེར་དགུ་པ།། །།དེ་ལྟར་བླ་མའི་བྱིན་རླབས་རྟགས། །རང་ལོ་ང་གཅིག་སྣོན་ཟླ་ཕན། །བྱུང་བ་ཚིག་ཉུང་དོན་འདུས་སོ། །རྒྱས་པ་བརྗེད་སོང་འབྲི་མ་ཐུབ། །ད་རུང་དེ་ནས་སྤྱི་དོན་གཉིས་པ་བསྐྱེད་རིམ་བསྙེན་སྒྲུབ་རྣམས། །བྱས་པ་ཡི་དམ་ལྷ་ཡི་གྲུབ་རྟགས་སྐོར། །སྔ་ཕྱི་གོ་རིམ་མ་ངེས་ཕྱོགས་གཅིག་བྲི། །ལོ་བརྒྱད་ལོན་ནས་གུར་དྲག་གཏོར་བསྔོས་སོགས། །བསྐྱེད་རིམ་བསྒོམས་ཤིང་སྙིང་པོ་བཟླས་པ་ཡི། །རྨི་ལམ་སྐྲག་སྔངས་ནམ་བྱུང་ཕལ་ཆེར་ལ། །གུ་རུ་དྲག་པོའི་བསྐྱེད་རིམ་ཟིན་པ་དང་། །རྨི་ལམ་རྒྱལ་འགོང་རྟགས་ནི་བྱུང་བའི་ཚེ། །རང་ཉིད་གུར་དྲག་བསྒོམས་པས་དངོས་ལྟར་གྱུར། །ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་པ་ཡིས། །ལྕགས་སྡིག་རྭ་བར་རྒྱལ་འགོང་བཙུད་ནས་

p. 238

ཀྱང་། །དྲག་ཏུ་གཟིར་བས་ཐུལ་བ་ལ་སོགས་བྱུང་། །བདེ་མཆོག་ཕག་མོ་སྨན་བླ་ལ་སོགས་པ། །ཆོ་ག་ཐུགས་དམ་མང་ཞིག་བྱས་པའི་དུས། །རྨི་ལམ་བཅོམ་ལྡན་ཤཱཀྱ་ཐུབ་པ་ནི། །མངོན་སུམ་ལྟ་བུར་གསལ་བ་ཁྲི་ལ་བཞུགས། །དེ་ཡི་གཡས་གཡོན་མདུན་གྲལ་ལྟར་བྱས་ནས། །གནས་བརྟན་བཅུ་དྲུག་རབ་བྱུང་ཆོས་གོས་གསོལ། །གདིང་བ་རྐྱང་བའི་གདན་ལ་ཐམས་ཅད་ཀྱང་། །འདུལ་བ་དང་མཚུངས་ཆ་ལུགས་དགེ་སློང་ལ། །ཕྱག་མཚན་མི་སྣང་ཆང་ཟུང་ཕྱག་རྒྱ་ཡི། །འདུལ་བ་ལུགས་ལྟར་ཉན་ཐོས་འདུག་སྟངས་ཀྱིས། །དང་བ་འདྲེན་པར་བཞུགས་པ་དངོས་ལྟར་མཇལ། །དེ་ནས་བདག་གི་དགེ་སློང་ཆ་ལུགས་སུ། །ཐུབ་པའི་མདུན་དྲུང་དེ་ནས་ཡར་གྱུ་རུ། །ཐལ་མོ་སྦྱར་ནས་གུས་འདུད་ཆེར་བྱས་པས། །ཐུབ་པའི་སྐུ་ལས་འོད་ཟེར་འཕྲོས་ནས་ནི། །བདག་ལ་ཐིམ་པ་འདྲ་ཞིག་བྱུང་མ་ཐག །བདག་ནི་ཐ་མལ་ལུས་སུ་མི་སྣང་བར། །བཅོམ་ལྡན་ཐུབ་པ་ཉིད་ཀྱི་སྐུར་གྱུར་ཏེ།།ཆེ་ཆུང་ད་ལྟའི་ལུས་ཚད་འདི་དང་འདྲ། །མདུན་གྱི་ཐུབ་པ་བས་ནི་གསུམ་ལོག་ཆུང་། །སྐུ་མདོག་གསེར་མདོག་གཙུག་ཏོར་ལ་སོགས་དང་། །ས་ནོན་མཉམ་བཞག་རྡོ་རྗེ་སྐྱིལ་ཀྲུང་སོགས། །

p. 239

དངོས་དང་འདྲ་བ་གསལ་བར་གྱུར་སྣང་བྱུང་། །འདི་ལ་རྟེན་འབྲེལ་གནད་ཅིག་ཡོད་པ་ཡིན། །མཚམས་ཁུང་གནས་བརྟན་ཆོ་ག་རྒྱས་པར་བཏང་། རང་གི་ཆོས་བརྒྱུད་སྟོན་པའི་བསྟན་པ་ནི། །ཇི་སྲིད་གནས་བར་འབྱུང་བའི་སྨོན་ལམ་བཏབ། །དེ་ནུབ་བདག་ནི་ཁྲི་ཐོན་སྟེང་དུ་བཞག །གོས་ནི་བཟང་པོ་བཀོན་ཞིང་ལུང་བསྟན་སྒྲ། །འདི་ལྟར་སངས་རྒྱས་བསྟན་པའི་དོན་བསམས་ནས། །རང་གི་དོན་ནི་ཞོར་ལ་སྒྲུབ་བོ་ཟེར། །ཕྱིར་ནུབ་ཐུབ་པ་གནས་བརྟན་བཅུ་དྲུག་བཅས། །སྐུ་ཡི་རྣམ་པ་གསལ་ཙམ་མཇལ་བ་ལ། །ཏིང་ངེ་འཛིན་གྱི་དབང་བཞི་བླངས་བྱས་པས། །དངོས་སུ་ཐོབ་པའི་སྣང་བ་བྱུང་བ་དང་། །ཡང་ནི་བཅོམ་ལྡན་ཐུབ་པའི་དབང་པོ་ནི། །མཇལ་ཀྱང་སྐུ་ནི་ཧ་ཅང་མི་གསལ་བ། །དེ་ཡི་གཡས་སུ་ཤཱ་རིའི་བུ་དང་ནི། །གཡོན་དུ་མོའུ་འགལ་གྱི་བུ་གཉིས་ནི། །ཤིན་ཏུ་གསལ་བར་བཞེངས་ནས་བཞུགས་པ་ཡི། །མཆོག་ཟུང་གཉིས་པོས་ཆོས་ནི་མང་དུ་གསུངས། །ཡང་ནི་བཅོམ་ལྡན་ཤཱཀ་ཐུབ་འཁོར་བཅས་ཀྱི། །མཛད་པ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ། །མཐོང་ནས་དགའ་བ་ཆེན་པོ་སྐྱེས་ན་ཡང་། །ཇི་ལྟར་མཐོང་རྣམས་བརྗེད་ནས་འབྲི་མ་

p. 240

ཐུབ། །འོན་ཀྱང་དེ་ཉིད་ཡིད་ལ་དྲན་པས་ཀྱང་། །ཡིད་ལ་བདེ་བ་ལྷང་ལྷང་སྐྱེ་བ་བྱུང་། །ཡང་ནི་ཉན་ཐོས་འོད་སྲུང་ཆེན་པོ་ནི། །བཙུན་པ་དབུ་ལ་གཙུག་ཏོར་མཛེས་པས་བརྒྱན། །སྐྱིལ་མོ་ཀྲུང་གིས་བཞུགས་པ་དེ་དང་ནི། །སུ་ཡིན་མི་ཤེས་བཙུན་ཆུང་གཙུག་ཏོར་ཅན། །དེ་རྣམས་རྨི་ལམ་སྐབས་སུ་གསལ་བར་མཇལ། །བྱང་ཆུབ་སེམས་བསྐྱེད་བཟང་པོ་བྱས་པའི་ནུབ། །ཉམས་དང་རྨི་ལམ་འདྲེས་པའི་བར་མཚམས་སུ། །མདུན་གྱི་ནམ་མཁར་བཅོམ་ལྡན་ཤཱཀྱ་ཐུབ། །སྐུ་ཚད་ཁང་རྩེག་གསུམ་ཙམ་ཡོད་པ་ལ། །སྐུ་མདོག་ན་བཟའ་ཐམས་ཅད་གསེར་གྱི་མདོག །ས་ནོན་མཉམ་གཞག་མཛད་པ་མཇལ་བ་སོགས། །འདི་དག་རྣམས་ལ་བདེན་པ་ཡོད་སྲིད་ན། །ང་ཡི་སློབ་མ་ཡང་སློབ་རྗེས་སློབ་དང་། །བདག་ལ་བསླབ་སྡོམ་ཞུས་པ་དེ་ཡི་རྒྱུད། །བཙུན་པ་གྲྭ་ཐུབ་འགའ་རེ་འོང་ངམ་སེམས། །ཐུབ་དབང་ཉན་ཐོས་ཆེན་པོ་རྣམས་དང་བཅས། །རྨི་ལམ་ཞལ་མཐོང་བྱིན་གྱིས་བརླབས་པ་ཡི། །རྟགས་མཚན་འདི་ནི་དང་པོ་ཉིད་དུ་ཙམ། །རང་ལོ་སོ་བཞི་སོ་ལྔ་ཡིན་སྙམ་པར། །རང་ཉིད་རྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་ནི། །རྨི་ལམ་སྐབས་སུ་ཤིན་ཏུ་གསལ་བར་བསྒོམས། །

p. 241

རྣམ་སྣང་ཡུམ་བཅས་ནམ་མཁའ་གང་བར་བསྒོམས། །ཨོ་དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུར་ནི་མཛད་དུ་གསོལ། །ཞེས་བརྗོད་གསོལ་བ་བཏབ་པ་ཡིས། །རྣམ་སྣང་གཙོ་བོ་ཡབ་ཡུམ་གཉིས། །སྦྱོར་བ་མཛད་པའི་བྱང་ཆུབ་སེམས། །དཀར་པོ་དང་ནི་འོད་ཟེར་དཀར། །རང་གི་སྨིན་མཚམས་ནས་ཞུགས་ནས། །ལུས་ཀུན་བདུད་རྩི་དཀར་པོས་གང་། །ནམ་མཁའི་ལྷ་ཚོགས་ཐམས་ཅད་ཀྱང་། །བྱང་སེམས་འོད་ཟེར་དཀར་པོར་ཞུ། །རང་གི་དཔྲལ་བའི་ཨ་ཡིག་ལ། །ཐིམ་པའི་དམིགས་པ་བྱས་པ་ཡིས། །མངོན་སུམ་ལྟ་བུར་གསལ་བར་གྱུར། །ནམ་མཁའི་འོད་དཔག་ཡུམ་དང་བཅས། །ནམ་མཁའ་གང་བར་དམིགས་བྱས་ནས། །ཨཱདཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་ནི་མཛད་དུ་གསོལ། །ཞེས་སྨྲས་ངག་གིས་གསོལ་བཏབ་པས། །འོད་དཔག་མེད་པ་ཡབ་ཡུམ་རྣམས། །སྦྱོར་བ་མཛད་པའི་བྱང་ཆུབ་སེམས། །དམར་པོ་དྭངས་ཤིང་འོད་ཟེར་དམར། །རང་

p. 242

གི་མགྲིན་པ་ནས་ཞུགས་ཏེ། །ལུས་ཀུན་བདུད་རྩི་དམར་པོས་གང་། །ནམ་མཁའི་ལྷ་ཚོགས་ཐམས་ཅད་ཀྱང་། །བྱང་སེམས་འོད་ཟེར་དམར་པོར་ཞུ། །རང་གི་མགྲིན་པའི་ཡིག་ལ། །ཐིམ་པར་བསྒོམས་པས་དངོས་ལྟར་གྱུར། །ནམ་མཁར་རྡོར་སེམས་ཡུམ་བཅས་པ། །ནམ་མཁའི་ཁམས་ཀུན་གང་བར་བསམ། །ཧཱུཾ་དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་ནི་མཛད་དུ་གསོལ། །ཞེས་པས་གསོལ་བ་བཏབ་པ་ཡིས། །རྡོར་སེམས་ཡབ་ཡུམ་སྦྱོར་བ་ཡི། །བྱང་སེམས་འོད་ཟེར་སྔོན་པོའི་རྒྱུན། །རང་གི་ཐུགས་ཀ་ནས་ཞུགས་ཏེ། །བདག་ལུས་བདུད་རྩི་སྔོན་པོས་ཁེངས། །ནམ་མཁའི་ལྷ་ཚོགས་ཐམས་ཅད་ཀྱང་། །བྱང་སེམས་འོད་ཟེར་སྔོན་པོར་ཞུ། །རང་གི་སྙིང་ཁའི་ཧཱུྃ་ལ་ཐིམ། །དེ་འདྲའི་དམིགས་པ་གསལ་པོ་ནི། །བྱས་པས་དེ་ལྟར་གྱུར་པ་ཡི། །སྣང་བའི་རྨི་ལམ་བྱུང་བ་ཡི། །ཕྱིར་ནངས་རྒྱལ་བ་རྒྱ་མཚོ་ཡི། །བདག་མཇུག་རྒྱས་འབྲིང་བསྡུས་པ་རྣམས། །བྱ་ཚུལ་གོ་བ་གསལ་པོར་ཤར། །ཡང་ནི་རྒྱལ་བ་རྒྱ་མཚོ་ཡི། །ལྷ་ལྔའི་བསྐྱེད་རིམ་བསྒོམས་ནས་ཀྱང་། །

p. 243

ཁྲོམ་ལ་ཡིག་དྲུག་བསྐུར་བ་ཡིས། །རང་ཉིད་ལྷ་ལྔ་དངོས་སུ་གྱུར། །ཁྲོམ་རྣམས་ཐམས་ཅད་ཡི་གེ་དྲུག །འུར་དང་ཆི་ལེ་བཏོན་སོང་རྨིས། །ཡང་ནི་ནུབ་ཅིག་མཚམས་ཁུང་དུ། །རྨི་ལམ་བཟུང་བའི་འདུན་པས་འཕུར་ནས་ནི། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཡུན་རིང་སོང་། །རྨི་ལམ་ཡུལ་ནི་བསམ་པ་ཙམ་གྱིས་ཕྱིན། །ད་ཙམ་ཕྱིན་འོང་བསམས་ཤིང་འཕུར་སོང་བས། །བདེ་བ་ཅན་གྱི་ཞིང་དུ་ཕྱིན་པ་ན། །ས་གཞི་བཻཌཱུརྱ་ཡི་རང་བཞིན་ལ། །ནམ་མཁའ་ལྟར་དུ་སྔོ་ནི་ཏིང་ཏིང་དཀྱིལ། །བཅོམ་ལྡན་མགོན་པོ་འོད་དཔག་མེད་པ་ནི། །སྐུ་ཚད་རི་བོ་ཙམ་ལ་བྱི་རུ་ལྟར། །ལྷམ་མེ་ལྷང་ངེ་བཞུགས་ནི་འདུག་ན་ཡང་། །གཟི་བརྗིད་ཆེ་དྲག་ཉི་མའི་དཀྱིལ་ལྟ་བུ། །ལྟ་བར་མི་བཟོད་ཞིབ་ཆ་མ་མཐོང་ཡང་། །དེ་ཡི་གཡས་སུ་འཕགས་པ་སྤྱན་རས་གཟིགས། །པད་སྡོང་སྟེང་དུ་རྒྱལ་བ་རྒྱ་མཚོ་ནི། །ཆ་ལུགས་བཞུགས་པ་ཤིན་ཏུ་གསལ་བ་དང་། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །ཕྱག་རྡོར་ཁྲོ་བོའི་ཆ་ལུགས་གསལ་བར་མཇལ། །གཞན་གྱི་འཁོར་སོགས་ཞིབ་པར་མ་མཐོང་སྟེ། །དེ་ནས་ཚུར་ལ་འཕུར་ནི་འོང་བ་ཡི། །རང་གི་ཁྱིམ་དུ་སླེབས་

p. 244

པའི་སྣང་བ་བྱུང་། །ཚེ་དཔག་གསང་འདུས་བསྙེན་པའི་སྐབས་ཤིག་ན། །དུང་མཁར་རེད་སྙམ་མཁར་གྱི་ནང་སོང་ནས། །གཞལ་ཡས་ཁང་དུ་འདུག་པའི་དབུས་ན་ནི། །ཚེ་བདག་རིགས་ལྔ་ཡབ་ཡུམ་ཞལ་སྦྱོར་དང་། །དཀྱིལ་འཁོར་ལྷ་ཚོགས་ཧ་ལམ་པ་ཞིག་མཇལ། །ཡང་ནི་རང་ཉིད་ཤམ་ཐབས་དཀར་པོ་ཞིག་དཀྲིས་ཤིང་། །རྒྱབ་ཏུ་ཐབ་ཆ་ཚང་བ་ཞིག་ཀྱང་ཁུར་། །བྱིས་པ་ཆུང་ཆུང་བཅུ་གཉིས་ཙམ་ཁྲིད་ནས། །འདི་ཚོ་བདེ་བ་ཅན་དུ་ཁྲིད་ནས་ཀྱང་། །འགྲོ་རྒྱུ་ཡིན་ཏེ་ད་རུང་ཆུང་དྲག་པས། །འགྲོ་ནི་མི་ནུས་ག་ལེར་སྐྱོང་དགོས་བསམ། །དེ་འདྲ་རྨིས་བ་བདག་གི་སློབ་མ་རྣམས། །ཉམས་རྟོགས་དགེ་སྦྱོར་ད་རུང་རྩལ་མ་རྫོགས། །ཡུན་རིང་སྐྱོང་ན་ཞིང་དེར་ཁྲིད་ནུས་གདའ། །རྨི་ལམ་ཆུ་འགྲམ་ལུང་པ་ཞིག་གི་ནང་། །མི་ནི་དཔག་ཏུ་མེད་པ་འདུ་འཚོགས་ལ། །བནྡེ་ཤེས་ཆེ་མང་པོ་དགའ་ལྡན་གྱི། །གནས་སུ་འགྲོ་ཟེར་ལུང་པའི་ཕུ་ལ་སོང་། །གཞན་ཡང་ཞིང་ཁམས་སོ་སོར་འགྲོ་ཟེར་ནས། །ཕྱོགས་བཞི་མཚམས་བརྒྱད་གར་ཡང་འགྲོ་མི་སྣང་། །ཐུར་དུ་འགྲོ་མི་ཤིན་ཏུ་ཚན་ཆེན་གདའ། །ང་ནི་བདེ་བ་ཅན་དུ་འགྲོ་བསམས་ནས། །ནུབ་ཕྱོགས་ནམ་མཁའ་མཐོན་པོ་

p. 245

ལ་འཕུར་ནས། །བྱ་རྒོད་བཞིན་དུ་ཏ་ལ་ལ་འགྲོ་དོ། །ང་ཡི་རྒྱབ་ན་གྲྭ་པ་གཅིག་འཕུར་བྱུང་། །འཕུར་མི་ཐུབ་པས་ང་བས་དམའ་དོ་བས། །ཡར་ཤོག་ང་ཡི་མཇུག་མའི་སྟེང་སྡོད་དང་། །དེ་ཡིས་ཆོག་སྨྲས་དེ་ནས་གཉིད་སད་དེ། །འདི་ཡང་མ་འོང་འབྱུང་ཚུལ་བརྡ་ཡིན་སྙམ། །ཡང་ནི་རྨི་ལམ་ནམ་མཁའི་དབྱིངས་འཕུར་ཞིང་། །བདེ་ཆེན་ཞིང་དང་འོད་དཔག་མེད་པ་ལ། །དད་པ་ཚད་མེད་སྐྱེས་ཤིང་འོད་མདོ་དང་། །གསུངས་པ་དེ་ཡང་ཤཱཀ་ཐུབ་དྲིན་ཡིན་སྙམ། །བཅོམ་ལྡན་འདས་དང་དེ་ཡི་བསྟན་པ་ལ། །དད་པ་ཚད་བཟུང་མེད་པ་སྐྱེས་པ་དེ། །གཉིད་སད་དུས་ཀྱང་དེ་ལྟར་དད་པ་སྣང་། །ཡང་ནི་ཝ་པ་སྐུ་སྐྱེར་འཇའ་ཚོན་ལུགས། །ཞུ་ཁའི་ཐོ་རངས་འཕགས་པ་སྤྱན་རས་གཟིགས། །ཕྱག་སྟོང་སྤྱན་སྟོང་སྟག་གི་སྟེང་དུ་ནི། །རྡོ་རྗེ་གྲོ་ལོད་ལྟ་བུར་བཞུགས་པ་མཇལ། །གསང་བ་འདུས་པའི་རིལ་བུ་བུམ་སྒྲུབ་དུས། །ཉམས་དང་རྨི་ལམ་འདྲེས་པའི་སྐབས་ཤིག་ལ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་གཙོ་འཁོར་ཚུལ། །མིག་ནི་ཕྱེད་བཙུམ་ཡུད་ཙམ་མཇལ་ན་ཡང་། །ཨ་མ་རིལ་བུ་ལྷད་མེད་ཟོས་པའི་ནུབ། །ཐུགས་རྗེ་

p. 246

ཆེན་པོ་འཕགས་པ་བཅུ་གཅིག་ཞལ། །རྨི་ལམ་ཡུལ་དུ་གསལ་བར་མཇལ་བར་སྣང་། །ཡི་དམ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ལན་གྲངས་འགའ་རེ་མཇལ་འདི་གཉིས་པ་སྟེ། །བདག་གི་སློབ་མར་ཁས་ལེན་བྱེད་ན་ནི། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི། །བཀའ་བབ་བྱིན་རླབས་ཁྱད་པར་འཕགས་སྙམ་ཡོད། །རྨི་ལམ་བདེ་གཤེགས་སྨན་གྱི་བླ་དེ་ནི། །སྐུ་ཡི་རྣམ་པ་གསལ་ཙམ་མཇལ་བ་ལ། །ཏིང་ངེ་འཛིན་གྱི་དབང་བཞི་ཞུས་པ་ཡིས། །ཤིན་ཏུ་གསལ་བར་ཐོབ་པའི་སྣང་བ་བྱུང་། །སྨན་བླའི་སྒོ་ནས་འགྲོ་དོན་ཆེན་པོ་འགྲུབ། །བྱང་བུ་འགའ་ཞིག་བཞུ་རྒྱུ་ཡོད་པ་ལ། །བཞུ་མ་ཁོམ་པར་ཞག་འགའ་ལུས་པའི་ཚེ། །རྨི་ལམ་ཡུལ་དུ་རྒྱལ་བ་མི་འཁྲུགས་པའི། །ཆོ་ག་ལྷག་ཆད་མེད་པར་གསལ་བར་བཏོན་། །ཕྱིར་ལྡོག་སྐབས་སུ་ཚེ་ལས་འདས་པ་ཞིག །ཐལ་མོ་སྦྱར་ནས་མདུན་དུ་འདུག་པ་ལ། །བསྐྱེད་རིམ་གསལ་བར་ཕྱིར་ལྡོག་ཚང་བར་བྱས། །ལམ་བསྟན་བྱས་པས་ཚེ་འདས་དེ་ཉིད་ཀྱིས། །ལེགས་སོ་ཟེར་ནས་ཡུད་ཀྱིས་བུད་སོང་ངོ་། །ཡང་ནི་བྱང་བུ་བཞུ་རྒྱུ་ཞིག་ཡོད་པ། །དགོངས་ཞག་ནང་དུ་བཞུ་ཆད་བྱས་པ་ལ། །མ་ཁོམ་འགོར་བས་དགོངས་ཞག་

p. 247

རྫོགས་སམ་སྙམ། །དེ་ཚེ་དགེ་སློང་ཞིག་གི་རྨི་ལམ་དུ་། །ཀུན་རིག་དཔེ་ཆོག་བྱེད་ཅིང་འདོན་དོ་བས། །ངས་ཀྱང་མཉམ་དུ་བཏོན་ཅིང་ཕྱིར་ལྡོག་བྱས། །རང་ཉིད་རྣམ་སྣང་བསྒོམས་པའི་མདུན་དེ་རུ། །ངོ་མི་ཤེས་པའི་ཚེ་འདས་ཤིག་འདུག་པའི། །རྣམ་ཤེས་ཡི་གེ་ཨ་ཡིག་དམར་པོ་བྱས། །བདེ་བ་ཅན་དུ་འཕེན་པའི་དམིགས་པ་ནི། །གསལ་པོ་བྱས་པས་མངོན་སུམ་གྱུར་སོང་ངོ་། །སངས་རྒྱས་གསུམ་གྱི་སྒོ་ནས་རང་གཞན་གྱི། །དོན་ནི་ཅུང་ཟད་འགྲུབ་པའི་རྟགས་མཚན་ནི། །རྨི་ལམ་འཁྲུལ་པའི་ངོ་ལ་བརྡ་ཙམ་རེ། །བྱུང་བ་འདི་ནི་རྟགས་མཚན་གསུམ་པ་ཡིན། །རྨི་ལམ་རང་ཉིད་རྡོ་རྗེ་འཇིགས་བྱེད་ནི། །མེ་ཡི་སྤུ་གྲིའི་བསྐྱེད་རིམ་བསྒོམས་བྱས་པས། །དེ་ཉིད་དངོས་སུ་གྱུར་ནས་གནོད་བྱེད་བཏུལ། །ཐོ་རངས་དུས་ཤིག་ཉམས་དང་རྨི་ལམ་མཚམས། །རྡོ་རྗེ་འཇིགས་བྱེད་དབུ་དགུ་ཕྱག་སོ་གཉིས། །བཅུ་དྲུག་ཞབས་ཅན་སྐུ་མདོག་མཐིང་ཁ་ལ། །མ་ཧེའི་ཞལ་སོགས་ཤིན་ཏུ་གསལ་བ་ལ། །མཁར་རྩེག་གསུམ་བཞི་ཙམ་གྱི་སྐུ་ཚད་ཅིག །ཧ་ཧའི་སྒྲ་ནི་སྒྲོག་པ་གསལ་བར་མཇལ། །རྟ་མགྲིན་ནག་པོས་སྦྱིན་སྲེག་བྱས་དུས་ཤིག །སྦྱིན་སྲེག་བྱས་ཚེ་ཉམས་ཀྱི་སྣང་བ་

p. 248

ལ། །རང་གི་རྒྱབ་ནས་རྟ་སྐད་ཆེན་པོ་གྲག །དེ་ནས་རྟ་སྐད་གཞན་དང་མི་འདྲ་བ། །སིལ་སྒྲ་ཆོམ་སྒྲ་དང་བཅས་ཡུན་རིང་ལ། །ས་ཡང་ཡོམ་ཡོམ་འགུལ་སྙམ་བྱེད་པ་བྱུང་། །རྨི་ལམ་བནྡེ་སྨྱོན་པ་ཞིག་བྱུང་བ། །དེ་ནི་བེ་གར་དངོས་སུ་གྱུར་ནས་གདའ། །རང་ཉིད་རྟ་མགྲིན་ནག་པོ་གསལ་བར་བསྒོམས། །ཕྱག་གཡོན་ལྕགས་ཀྱུས་ཁོ་ཡི་སྙིང་ནས་བཟུང་། །ཕྱག་གཡས་རལ་གྲིས་མང་དུ་རྒྱབ་པ་ཡིས། །ད་ནི་འདི་ཙམ་ང་ལ་མ་བྱེད་དང་། །ཕྱིན་ཆད་གནོད་པ་མི་བྱེད་ཟེར་བ་ལ། །བདག་གི་འཁོར་དང་བཅས་པ་ཐམས་ཅད་ལ། །གནོད་པ་བྱེད་རེ་ཟེར་བའི་མནའ་སྐྱོལ་སྨྲས། །ཁྱེད་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཕྱིན་ཆད་གནོད་པ་བྱེད་རེ་ན་ར་ཀན། །དེ་སྐད་གསལ་བར་ཁས་ལེན་བྱས་པའོ། །ཡང་ནི་འདག་སྐུ་དཔེ་རུལ་ལ་སོགས་པ། །མང་པོ་འདུག་པ་རྒྱལ་འགོང་རྟགས་སུ་ཤེས། །རང་ཉིད་རྟ་མགྲིན་དམར་པོ་རས་ཆུང་ལུགས། །བསྒོམས་པས་ང་རང་དེ་ཉིད་དངོས་སུ་གྱུར། །ཕྱག་གཡས་དབྱུག་ཐོ་དེ་ཡིས་གཅིག་བརྒྱབས་པས། །འདག་སྐུ་ཐམས་ཅད་ཆོག་ཤིང་གྲུག་པ་དང་། །གཉིས་བརྒྱབས་ཐམས་ཅད་ཕྱེ་མ་ཕྱེ་མར་སོང་། །གསུམ་བརྒྱབས་རྗེས་མེད་

p. 249

འཇའ་ལྟར་ཡལ་བ་རྨིས། །བཅོམ་ལྡན་འཁོར་ལོ་བདེ་མཆོག་དུང་གི་མདོག །ཞལ་བཞི་ཕྱག་ནི་བཅུ་གཉིས་ལྡན་པ་ལ། །ཡུམ་ནི་དམར་མོ་ཕྱག་གཉིས་པ་ཡིས། །འཁྱུད། །འཁོར་ནི་དཔའ་བོ་མཁའ་འགྲོ་དྲུག་ཅུ་གཉིས། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །དེ་ཉིད་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །ལུས་སེམས་བདེ་བ་ཆེན་པོ་སྐྱེ་བ་དང་། །རྨི་ལམ་དུ་མཇལ་རྗེས་སུ་དྲན་དུས་ཀྱང་། །ལུས་སེམས་བདེ་བའི་ཉམས་ཡང་སྐྱེ་བར་གྱུར། །རི་ཁྲོད་གསར་པ་གྲུ་གསུམ་དབྱིབས་ཤིག་ནང་། །ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལྷ་ཚོགས་རྣམས། །ཡབ་ཡུམ་ཞལ་སྦྱོར་རྣམ་པར་བཞུགས་པ་ནི། །ཧ་ལམ་པ་ཞིག་མཇལ་བས་རབ་ཏུ་དགའ། །བཀྲ་ཤིས་ཤོ་ལོ་ཀ་གཅིག་བརྗོད་པ་རྨིས། །རྨི་ལམ་རང་ཉིད་རྡོ་རྗེ་འཆང་ཆེན་ནི། །དང་པོ་བསྐྱེད་རིམ་གཅིག་ནི་སྒོམ་བྱས་པས། །དེ་ནི་དེ་ཉིད་དངོས་སུ་གྱུར་པ་སྙམ། །རྨི་ལམ་ས་ཆ་ངོ་མི་ཤེས་པ་ཡི། །མི་རུས་མང་པོ་གཅལ་དུ་བཀྲམ་པའི་དབུས། །ཁང་པ་ཆེན་པོ་གཞལ་ཡས་ཁང་འདྲ་བ། །ཤར་ནས་གཡས་སྐོར་འདྲ་བ་སྒོ་མང་པོ། །རིམ་པར་ཕྱེས་ཤིང་རིམ་པར་སོང་བ་ཡིས། །དང་པོ་རང་ཉིད་བཅོམ་ལྡན་

p. 250

མི་བསྐྱོད་པ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་སྐུ་རུ་གྱུར། །དེ་ནས་སྒོ་གཅིག་ཕྱེས་ནས་སོང་བ་ན། །རང་ཉིད་རིན་འབྱུང་ཞལ་གསུམ་ཕྱག་དྲུག་གྱུར། །དེ་ནས་སྒོ་གཅིག་ཕྱེས་ནས་སོང་བ་ཡིས། །རང་ཉིད་སྣང་མཐའི་ཞལ་གསུམ་ཕྱག་དྲུག་གྱུར། །དེ་ནས་སྒོ་གཅིག་ཕྱེས་ནས་སོང་བ་ཡིས། །རང་ཉིད་དོན་གྲུབ་ཞལ་གསུམ་ཕྱག་དྲུག་སྟེ། །ཆ་ལུགས་དུས་འཁོར་ལུགས་དང་འདྲ་སྙམ་ཞིང་། །རིམ་པར་ཌཱཀི་རྣམས་ཀྱིས་དབང་བསྐུར་ཞིང་། །སྐུ་གང་དྲི་མ་དག་ནས་རིགས་བདག་བརྒྱན། །དེ་དག་རྣམ་གྲངས་ཚང་བ་ཡུད་ཙམ་ལ། །ཧ་ཅང་ཞིབ་ཆ་གསལ་པོ་མིན་ཙམ་བྱུང་། །དེ་ནས་ཕོ་བྲང་དབུས་སུ་ཕྱིན་པ་དང་། །རང་ཉིད་དུས་འཁོར་ཞལ་ཕྱག་མང་པོ་ཅན། །ཡབ་ཡུམ་དང་བཅས་གཞུང་དང་མཐུན་པ་ཡི། །སྐུ་རུ་བདག་ཉིད་དངོས་སུ་གྱུར་པ་ལ། །རང་གི་མདུན་དེར་བཅོམ་ལྡན་གསང་བའི་བདག །མཐིང་ནག་བཞེངས་པའི་སྟབས་ཀྱིས་བུམ་པ་བསྣམས། །བདག་གི་སྤྱི་བོར་བུམ་པའི་དབང་བསྐུར་བས། །དེ་ཚེ་ཏྟཱཀི་དཔག་ཏུ་མེད་པ་ཡིས། །ཕོ་བྲང་ཕྱི་ནང་ཀུན་ནས་རོལ་མོ་དང་། །བཀྲ་ཤིས་བརྗོད་པའི་འུར་སྒྲ་དིར་དིར་ངང་།། །བུམ་ཆུས་བདག་གི་ལུས་གང་དྲི་མ་དག །

p. 251

ཆུ་ལྷག་སྤྱི་བོར་འཁྱིལ་བས་རིགས་ཀྱི་བདག །མི་བསྐྱོད་པ་ཡི་དབུ་ལ་རྒྱན་གྱུར་པ། །དེ་ནི་གསལ་ཞིང་ཡ་མཚན་ཆེ་བར་བྱུང་། །ཡང་ནི་མུན་པ་ཞིག་གིས་གཡོགས་བྱུང་བས། །རང་ཉིད་འཇིགས་བྱེད་མེ་ཡི་སྤུ་གྲི་ནི། །དངོས་སུ་གྱུར་ཏེ་མུན་པ་སངས་བ་དང་། །ཡང་ནི་རང་ལུས་མུན་པས་གཡོགས་བྱུང་བས། །རང་ཉིད་གུ་རུ་དྲག་པོ་བསྒོམས་པ་ཡིས་། །གུ་རུ་དྲག་པོ་དངོས་སུ་རེད་སོང་བས། །མུན་པ་དེ་ཡང་སངས་བར་རྨིས་པ་ཡིས། །རང་དང་ནུ་བོ་ཚན་ཆེན་ནད་ལས་གྲོལ། །ཡང་ནི་རང་ཉིད་བར་དོར་ཕྱིན་སྣང་བྱུང་། །ནམ་མཁར་བལྟས་པས་བུདྡྷ་ཧེ་རུ་ཀ །སྨུག་ནག་ཞལ་གསུམ་ཕྱག་དྲུག་ནམ་མཁའ་གང་། །དེ་ནས་ནམ་མཁར་བཛྲ་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་ནམ་མཁའ་གང་། །དེ་ནས་ནམ་མཁར་རིཏཱ་ཧེ་རུ་ཀ །སེར་ནག་ཞལ་གསུམ་ཕྱག་དྲུག་ནམ་མཁའ་གང་། །དེ་ནས་ནམ་མཁར་པདྨ་ཧེ་རུ་ཀ །དམར་ནག་ཞལ་གསུམ་ཕྱག་དྲུག་ནམ་མཁའ་གང་། །དེ་ནས་ནམ་མཁར་ཀརྨ་ཧེ་རུ་ཀ །ལྗང་ནག་ཞལ་གསུམ་ཕྱག་དྲུག་ནམ་མཁའ་གང་། །དེ་རྣམས་རེ་རེ་ལའང་སྐུ་ནི་ཆེན་པོ་དང་། །ཆུ་ངུ་མང་པོས་གར་སྟབས་ནམ་མཁའ་གང་། །སྣང་

p. 252

ལ་རང་བཞིན་མ་གྲུབ་འཇའ་ཚོན་འདྲ། །དེ་འདྲ་རེ་རེ་ལའང་ཞག་རེ་སྟེ། །ཞག་ནི་མང་པོར་བར་དོར་བསྡད་སྣང་བྱུང་། །ཞི་བའི་ལྷ་ཚོགས་གཅིག་ཀྱང་མ་ཤར་བ། །དེ་ཚེ་ཐུགས་དམ་བསྡད་པ་ཡིན་པ་འདྲ། །དེ་ནས་ཐུགས་དམ་འགྲོགས་དང་ཁྲོ་བོ་ཡི། །བར་དོ་འདི་དང་ཐུག་པ་རེད་དོ་བསམས། །དེ་ནས་ཀོ་རི་སེང་ཧ་ཕྲ་མེན་དང་། །དབང་ཕྱུག་ཉེར་བརྒྱད་ཁྲག་འཐུང་ཐམས་ཅད་ཤར། །བར་དོ་ཡིན་སྙམ་ལྷ་རྣམས་ངོ་ཤེས་ཤིང་། །སྐྲག་འཇིགས་མི་རུང་བསམ་ཡང་སྐྲག་ཅིང་འདར། །དྲན་པས་མ་ཟིན་འཁྲུལ་པར་གྱུར་ནས་ནི། །རང་ཉིད་བུད་མེད་ཅིག་ནི་ཡིན་ནམ་སྙམ། །དེ་ཡི་ཚེ་ན་སྙན་པའི་གསུང་ཞིག་གིས། །ང་ལ་ངོ་སྤྲོད་ཚིག་ཅིག་གནང་བ་ནི། །ཁྱོད་རང་མ་འཁྲུལ་གསང་མཚན་དྲན་པར་གྱིས་གསུངས་པས། །ང་རང་ཀརྨ་ཆགས་མེད་ཡིན་པ་དང་། །བར་དོ་མ་ཡིན་རྨི་ལམ་ཡིན་པར་ཤེས། །འདི་ནི་ཞི་ཁྲོའི་ངོ་སྤྱོད་རྒྱས་པ་ནི། །རྨི་ལམ་ཡུལ་དུ་ཐོབ་པ་ཡིན་པ་འདྲ། །བཅོམ་ལྡན་དགྱེས་པ་རྡོ་རྗེ་སྐུ་མདོག་ནག །ཞལ་ཕྱག་མང་པོ་ཡོད་པའི་གཙོ་བོ་སྟེ། །འཁོར་ནི་ལྷ་མོ་བརྒྱད་དང་སེམས་དཔའ་བརྒྱད། །ཞལ་སྦྱོར་ཡོད་པའི་ལྷ་ཚོགས་མཇལ་བ་ལ། །དེ་ཡི་

p. 253

སྔགས་ཀྱང་ཤེས་ནས་བཏོན་པ་ཡིས། །གཙོ་བོ་སྤྱི་དང་འདྲ་ལ་འཁོར་རྣམས་ནི། །སེམས་དཔའ་རེ་དང་ལྷ་མོ་རེ་རེ་ཡི། །སྔགས་ནི་སྤེལ་བ་ཞིག་ནི་གདའ་བ་རྨིས། །དེ་ལྟར་རྒྱུད་སྡེ་ཆེན་པོ་སོ་སོ་ཡི། །ལྷ་ཚོགས་སོ་སོར་བསྙེན་སྒྲུབ་མ་བྱས་ཀྱང་། །བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང་གསུངས་ལྟར། །རྒྱལ་བ་རྒྱ་མཚོའི་རྒྱུད་སྡེ་སྤྱི་སྒྲུབ་ལ། །ཐུགས་དམ་བྱས་པས་རྒྱུད་སྡེ་མང་པོ་ཡི། །དཀྱིལ་འཁོར་ལྷ་ཚོགས་མཇལ་འདི་བཞི་པར་བརྩི། །རང་དང་ཉེ་འཁོར་ཐམས་ཅད་མོ་གདོན་ཞིག །གནོད་པ་ནད་རིམས་དྲག་པོས་འགའ་རེ་ཤི །གྲུ་འཁོར་རྣམས་ལ་རིམས་ནད་ཡང་ཡང་བྱུང་། །རང་གི་བླ་གནས་གཡོན་པ་ལོ་འགའ་རུ། །མི་གསལ་མེད་པ་ལྟ་བུ་བྱུང་གྱུར་ཅིང་། །མོ་གདོན་ཞིག་གིས་གདོན་རྟགས་མང་དུ་བྱུང་། །མཚམས་བསྡམས་ལོ་ནི་འགའ་ཟུང་སོང་རྗེས་ནུབ། །རྒྱན་ཆ་མང་པོས་བརྒྱན་པའི་བུད་མེད་ཅིག །བུད་མེད་རྒྱན་མེད་མང་པོས་བསྐོར་ནས་བྱུང་། །དེ་མཐོང་ཙམ་གྱིས་འདོད་ཆགས་ཆེན་པོ་སྐྱེས། །འོན་ཀྱང་ཆགས་པ་སྤྱོད་པ་མ་རྨིས་སོ། །ཕྱིར་ནུབ་ཡང་ནི་བུད་མེད་དེ་བྱུང་ནས། །ལེགས་པར་བལྟས་པས་མཆེ་བ་མང་པོ་ནི། །ཁ་ཡི་ནང་ན་སྐྱ་དང་

p. 254

ཟིང་ངེ་གདའ། །དེ་ནས་འདྲེ་མོ་ཡིན་པར་ངོ་ཤེས་ཏེ། །རང་ཉིད་ཁྲོ་བོ་ཡཀཱ་མེ་དབལ་དུ། །བསྒོམས་པས་མོ་ཉིད་བྲོས་ནི་སོང་བ་དང་། །རྗེས་སུ་དེད་ནས་རྒྱུགས་པས་བུད་མེད་དེ། །རྒན་མོ་མི་སྡུག་རྒྱུན་ཆ་མེད་པ་ཡི། །སྐུ་ནི་ཐོར་ཅོག་བྱས་པ་ཞིག་ཏུ་གྱུར། །རང་ཉིད་ཡཀཱ་མེ་དབལ་དངོས་སུ་གྱུར། །ཕྱག་གཡས་ཐོ་བ་མོ་ཡི་མགོ་དེ་ལ། །གཅིག་བརྒྱབས་མགོ་ཆག་གཉིས་བརྒྱབས་ཀླད་པ་འཐོར། །གསུམ་བརྒྱབས་རོ་ཡང་མེད་པར་ཡལ་སོང་ངོ་། །ཕྱིར་ནངས་ནས་ནི་བླ་གནས་ཚུད་ནས་སྣང་། །ཡང་ནི་གདོན་གྱིས་ཟིལ་སྣང་ཆེན་པོ་བྱུང་དུས་ཤིག །ཡི་དམ་ལྷ་ཚོགས་བསྐྱེད་རིམ་བྱས་པའི་མཇུག །རང་ཉིད་རྡོ་རྗེ་ཕུར་པ་དངོས་ཡིན་པའི། །སྣང་བ་བྱུང་ནས་སྐུ་སྨད་ཕུར་པའི་དབལ། །གདོན་གྱི་སྟེང་ན་གཟིར་བར་བྱས་པ་རྨིས། །རྨི་ལམ་ཡུལ་དུ་བླ་མ་ཞིག་བྱུང་ནས། །བགྲོ་གླེང་བྱས་པས་རྒྱལ་འགོང་ཡིན་པར་ཤེས། །རང་ཉིད་རྡོ་རྗེ་གྲོ་ལོད་ཧཱུྃ་སྒྲུབ་དུ། །བསྒོམས་པས་བདག་ཉིད་གྲོ་ལོད་དངོས་སུ་གྱུར། །ཕྱག་གཡོན་ཕུར་པ་ཁོ་ལ་བཏབ་པ་ཡིས། །ཁོ་ཡི་ལུས་ཞིག་ཤིང་ལེབ་འདྲ་ཞིག་གྱུར། །དེ་ནས་རང་ཉིད་རྟ་མགྲིན་ནག་པོར་བསྐྱེད། །རལ་གྲི་མེ་དཔུང་འབར་བས་བརྒྱབས་

p. 255

པ་ཡིས། །དངོས་མེད་གྱུར་ཏེ་ཐུབ་པ་གསལ་པོ་དང་། །ནུབ་ཅིག་གཉིད་པ་མ་ཡིན་ཉམས་སྣང་ལ། །མདུན་གྱི་བར་སྣང་སེང་གེ་དཀར་མོ་ཆིབས། །རལ་པ་སྔོ་ནག་དུད་སྤྲིན་བཞིན་དུ་སྤྲུག །ཐད་ཞལ་གདོང་གི་འགྱིང་ཞིང་ང་ལ་ལྟ། །སེང་གེ་དེ་ལ་ཞོན་པའི་སྲིན་པོ་ནི། །སྨུག་ནག་གཅེར་བུ་རྒྱན་མེད་འཇིགས་སུ་རུང་། །མཆེ་བ་ཡར་མར་བསྣོལ་བ་སྐྱ་ཟིང་ངེ་། །བཞིན་ནི་ཁྲོ་བོ་སྐུ་རྣམས་དམར་སེར་འཁྱིལ། །སེང་གེའི་སྟེང་ན་ལུས་པོ་སྒུར་ནི་འདུག །སྲིན་པོ་དེ་ཡི་སྟེང་ན་ཨོ་རྒྱན་རྗེ། །པདྨ་འབྱུང་གནས་སྐུ་མདོག་སྨུག་ནག་ལ་། །གཅེར་བུ་གཟི་མདངས་རབ་ཏུ་འབར་བ་ལ། །དབུ་ལ་པད་ཞྭ་ལི་ཁྲིའི་མདོག་ཅན་གསོལ། །ཞིལ་ནི་ཨ་ཙར་ཁྲོས་འདྲ་ཁྲོ་གཉེར་ཅན། །ཕྱུག་འགག་གསེར་གྱི་གདུ་བུ་འོད་ཟེར་འཕྲོ། །ཕྱག་གཉིས་སྲིན་པོའི་དཔུང་པར་འཁྱུད་ནས་བསྡམ། །ཞབས་གཉིས་སྲིན་པོ་དེ་ལ་ཆིབས་པ་ཞིག །ཤིན་ཏུ་གསལ་བར་མཇལ་ནས་ཡལ་བའི་རྗེས། །གདམས་ངག་གནང་བ་གཞན་དུ་བཀོད་པས་གསལ། །ནུབ་ཅིག་རང་ཉིད་ཉལ་བའི་སྟེང་དེ་ན། །སྲོག་ཆགས་རྒྱུ་མ་འདྲ་ཞིག་ཉལ་ནས་གདའ། །རེས་འགའ་ཡར་ལངས་རེས་འགའ་མར་ལ་འཁྱིལ། །ཀླུ་

p. 256

བདུད་ཆོ་འཕྲུལ་ཡིན་པར་ངོས་ཟིན་ནས། །བྱ་ཁྱུང་ཡིད་ལ་དྲན་པར་གྱུར་མ་ཐག །ཡེ་ཤེས་བྱ་ཁྱུང་དམར་པོ་དེ་ཉིད་ནི། །རང་གི་རུམ་དུ་འཛུལ་ནི་བྱུང་མ་ཐག །རྒྱུ་མ་འདྲ་དེ་གར་སོང་ཆ་མེད་གྱུར། །ནུབ་ཅིག་ས་སྒང་སྡེ་པའི་རྒྱབ་དེར་ཕྱིན། །བུ་ཆུང་དང་ནི་མི་གཞོན་མང་པོ་གདའ། །བུ་ཆུང་ཀླུ་བདུད་མི་གཞོན་དམ་ཅན་རེད། །ཕྱིར་འོང་ཆུ་འགྲམ་ལྗོན་ཤིང་སྐྱེད་ཚལ་གསེབ། །བུད་མེད་གཅིག་འདུག་དེ་རུ་སོང་ཙ་ན། །གློ་བ་འདྲ་བའི་སེམས་ཅན་ཆེན་པོ་ཞིག །བདག་ནི་གན་རྐྱལ་ཉིད་དུ་མནན་ནས་བྱུང་། །ཡར་བལྟས་སྟེང་དུ་ངོམ་ཆུ་འབབས་ཤིང་གདའ། །དེ་ཡི་སྟེང་དུ་ས་སྒང་ཟམ་ཡང་གདའ། །ཀླུ་རྒྱལ་བྱི་སྦའི་གཟུགས་ཅན་གནོད་པར་གོ །ང་རང་བྱ་ཁྱུང་དམར་པོ་ཞིག་ཏུ་སྤྲུལ། །སེམས་ཅན་གློ་བ་འདྲ་དེ་ཟོས་པ་ཡིས། །ཤ་ཁོག་སྨད་སྡུམ་འདྲ་ཞིག་རེད་ནས་སོང་། །དེ་ཡང་གྲི་ཡིས་བཤགས་པས་མེད་སོང་ཞིང་། །ང་རང་དབྱུག་པ་ཞིག་ཁྱེར་ཡར་འོང་ཛ། །དེ་སྔ་བརྡ་གཅིག་བསྟན་པར་མཛད་ན་ཡང་། །བོད་ངན་པས་ནི་གོ་བར་མ་གྱུར་པས། །ད་རུང་བརྡ་གཅིག་སྟོན་ཟེར་སྒྲ་ཞིག་གྲག །ང་རང་ཏེ་ལོ་པ་དང་འདྲ་བ་ཡི། །རྒྱ་གར་གྲུབ་ཆེན་གཅིག་ནི་ཡིན་པ་ཤེས། །བརྡ་

p. 257

གཅིག་སྟོན་སྙམ་ནམ་མཁའི་དབྱིངས་སུ་འཕུར། །གྲོ་གར་སྟངས་སྟབས་ནམ་མཁའི་ཁམས་སུ་བསྒྱུར། །མགུར་འགའ་བྱས་ནས་ཡར་ལ་འཕུར་སོང་རྨིས། །ཡང་ནི་ཀླུ་བདུད་གནས་པའི་རི་སྐེད་ནས། །བདག་ནི་དྲ་བ་ནག་པོ་ཞིག་གིས་བཏུམ། །ཀླུ་བདུད་གནས་པའི་མཚོ་ལ་འཕངས་བྱུང་བས། །རང་ཉིད་ནཱ་ག་རཀ་བསྒོམས་མ་ཐག །མུན་པའི་དྲ་བ་གར་སོང་མེད་པར་ཡལ། །རང་ཉིད་ནཱ་ག་རཀྟ་དངོས་ལྟར་གྱུར། །མཚོ་ཡི་ཐད་ཀྱི་བར་སྣང་ཁམས་དེ་ན། །ཕྱག་ནི་བཅུ་དྲུག་གཡས་རྣམས་གྲི་གུག་ཕྱིར། །འགྱིང་ཞིང་རྣམ་འགྱུར་མང་པོ་བསྒྱུར་བ་རྨིས། །རང་ཉིད་ན་ནས་ཉལ་བའི་འདུག་སྐབས་ཤིག །སྔས་དེར་བནྡེ་གཅེར་བུ་རྒྱགས་པ་ཞིག །མགོ་ལ་དར་གྱི་གདུགས་ཤིག་གྱོན་སི་འདུག །དང་པོ་དད་པ་ཅུང་ཟད་སྐྱེ་ཤོམ་བྱས། །དེ་ནས་རྒྱལ་འགོང་ཡིན་པར་ངོས་ཟིན་ནས། །རང་ཉིད་བཅོམ་ལྡན་གུ་རུ་དྲག་པོ་ནི། །གནམ་ལྕགས་སྡིག་རྒོད་འབར་བ་བསྒོམས་བྱས་ནས། །ཁོ་ཉིད་གསུབ་ནས་ལུས་པོ་ནག་ཧྲུལ་སོང་། །དེ་ནས་མི་སྣང་རྗེས་ཀྱང་མེད་པར་སོང་། །ཆར་འབོད་ལན་འགའ་བཏུད་དུས་ཤིག །ཀླུ་བདུད་གནས་པའི་མཚོ་ནང་དུ། །རང་ཉིད་བྲུལ་བར་གྱུར་པ་

p. 258

ལ། །ནཱ་ག་རཀྵ་བསྒོམས་མ་ཐག །དེ་ཉིད་དངོས་སུ་བདག་གྱུར་ཏེ། །མཚོ་ལ་གྲི་གུག་བརྒྱབས་ནས་བཏུལ། །བྲག་རི་རྣམས་ཀྱང་གྲི་གུག་གིས། །མར་ནི་བཏུབ་པ་བཞིན་དུ་དྲས་། །ཕྱིར་ནུབ་ཀླུ་བདུད་དགེ་བསྙེན་དེ། །བཙུན་པ་ལྟ་བས་ཆོག་མི་ཤེས། །ཤིག་ཏུ་སྤྲུལ་ནས་མདུན་དུ་བྱུང་།།ད་ལོ་ཆར་པ་དཀོན་རབས་དང་། །གླེང་གླེང་དགའ་དགའ་མང་པོ་དང་། །ཁོས་ཀྱང་ཏིང་འཛིན་སྒོམ་ཤེས་ཟེར། །སྐབས་སུ་མཉམ་གཞག་བྱེད་ཅིང་གདའ། །རིམ་པར་ཆར་ཡང་བབས་པར་གྱུར། །ནུབ་ཅིག་རྨི་ལམ་ཡུལ་དུ་ནི། །རྒྱལ་བའི་དབང་པོ་རྒྱ་ནག་ཏུ། །ཕེབས་སོང་ཟེར་བའི་སྒྲ་ཞིག་ཐོས། །ད་ནི་ཨེ་མཇལ་མི་ཤེས་སྙམ། །སྨྲས་ཤིང་ངུས་པས་འདི་སྐད་ཐོས། །གསོལ་བ་ཐོབ་དང་ཉེར་གསུམ་ལ། །ཁྱོད་ལ་རྟོག་པ་ཞིག་སྐྱེ་སྟེ། །དེ་ནི་དངོས་སུ་མཇལ་བ་ཡིན། །ཟེར་བ་ཉི་ཤུ་གསུམ་གྱི་ནུབ། །རྒྱལ་བའི་དབང་པོ་ཀརྨ་པ། །ཆོས་དབྱིངས་རྡོ་རྗེ་དེ་ཉིད་ནི། །ཞལ་རས་ལ་སོགས་སྔར་དུས་སུ། །མཇལ་བ་དེ་དང་ཁྱད་མེད་ལ། །སྐུ་མདོག་དུང་ལྟར་དཀར་བ་ཡི། །སྐུ་སྨད་སྐུ་ཤ་ཤིན་ཏུ་རྒྱས། །ན་བཟའ་ཆ་ཆུང་བསྣམས་པ་ཞིག །ཕར་བྱོན་ཚུར་བྱོན་མཛད་པ་

p. 259

མཇལ། །དད་གུས་དཔག་ཏུ་མེད་པ་ཡིས། །ཐུགས་རྗེས་ཟུངས་ཞེས་ཐལ་མོ་སྦྱར། །སད་པས་ཞལ་རས་ལ་སོགས་པ། །འདྲ་བས་དངོས་སུ་མཇལ་བ་དང་། །ཁྱད་མེད་ཡིད་ནི་ཚིམ་པ་དང་། །སྐུ་སྨད་སྐུ་ཤ་རྒྱས་པ་དེ། །སྐུ་ཚེའི་སྨད་ལ་འགྲོ་དོན་རྒྱས། །ན་བཟའ་སྔར་ལས་ཆ་ཆུང་བ། །བསྟན་པ་སྔར་ལྟར་སོར་ཆུད་དཀའ། །སྐུ་མདོག་དུང་དང་ཟླ་བ་འདྲ། །ཐུགས་རྗེ་ཆེན་པོ་དངོས་སུ་གོ །དེ་ལྟར་ཨོ་རྒྱན་ཀརྨ་པས། །ཞལ་བསྟན་བརྡ་དང་གདམས་པ་གནང་། །རང་ཉིད་ཡི་དམ་དངོས་གྱུར་ནས། །ཕོ་གདོན་མོ་གདོན་ཀླུ་གདོན་བཏུལ། །འདི་ནི་དག་སྣང་ལྔ་པ་ཡིན། །རང་ལོ་ཉེར་ལྔའམ་ཉེར་དྲུག་ཙམ། །སྒྲོལ་དཀར་ཐུགས་དམ་བྱེད་སྐབས་ཤིག །རང་མདུན་དེ་ལ་བཞེངས་སྟབས་སུ། །བུད་མེད་མཛེས་མ་ལྟ་ན་སྡུག །ཟླ་བ་དུང་ལྟར་དཀར་བ་ལ། །སྐུ་སྟོད་གཅེར་བུ་ཡོད་པ་ཞིག །ལུས་ཀྱི་རྣམ་འགྱུར་མང་བྱས་ནས། །འོ་མ་བྷན་གང་བྱིན་པ། །རང་གིས་འཐུང་བའི་རྨི་ལམ་དང་། །སྔོན་དུས་གྲོང་ཆོག་ལུས་སྦྱིན་བྱེད་སྐབས་ཤིག །མ་གཅིག་ལབ་ཀྱི་སྒྲོན་མ་དེ་ཉིད་ནི། །སྐུ་ལུས་སྣུམ་བག་གཟི་བརྗིད་ལྡན་པ་ལ། །དབུ་སྐྲ་སིལ་མས་སྐུ་རྒྱབ་

p. 260

ནོན་པ་ཞིག །ཕྱག་གཉིས་ས་ནོན་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །བདག་ལ་ཆོས་འབྲེལ་གནང་དགོས་ཞུས་པ་ཡིས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་གསལ་བར་གནང་། །དུས་ཕྱིས་གཅོད་ཚོགས་ལ་སོགས་ལས་གཞུང་འགའ། །བསྒྲིགས་སྐབས་ཡིན་སྙམ་གཉིད་དང་རྨི་ལམ་མཚམས། །རང་གི་སྤྱི་བོར་རིགས་ལྔ་ཡུམ་ཆེན་སོགས། །འཇའ་ཚོན་རྣམ་པར་ཧ་ལམ་གསལ་བ་དང་། །རང་ཉིད་ནམ་མཁའ་སྒོ་འབྱེད་བྱས་ནས་སུ། །དོན་གྲུབ་ལ་ཐིམ་རྒྱལ་བ་རིགས་ལྔ་ནི། །གཅིག་ལ་གཅིག་ཐིམ་ཡུམ་ཆེན་ལ་ཐིམ་སྟེ། །སྟོང་པར་གྱུར་ནས་དབྱིངས་རིག་བསྲེས་པ་ཡིས། །དུག་ལྔ་རྣམ་དག་ཕུང་ལྔ་གནས་གྱུར་ནས། །རིགས་ལྔའི་གོ་འཕང་ཐོབ་པའི་སྐབས་བཞག་སོགས། །གཅོད་ཀྱི་སྒོ་ནས་བདག་འཇུག་ལེན་པའི་ཚུལ། །ཡིད་ལ་ཤར་ནས་བསྒོམས་པ་དངོས་ལྟར་གྱུར། །གཅོད་ཚོགས་བསྒྲིག་པ་རུང་ངམ་བརྟག་པའི་ཚེ། །སྐུ་ཡི་རྣམ་པ་ཧ་ཅང་མ་གསལ་ཡང་། །བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད། །ཤེར་ཕྱིན་འབུམ་གྱི་གླེང་གཞི་གསུངས་ཤིང་འདུག །དེ་ཡི་ཁྲི་ལ་ཐག་པ་དཀར་པོ་ནི། །བཏགས་ཏེ་ཕྱོགས་བཞིར་འཐེན་པའི་རྒྱུད་དེ་ན། །དར་ལྕོག་དཀར་པོ་ཆུང་ངུ་གྲངས་

p. 261

མེད་པ། །མང་པོ་བདག་གིས་བཙུགས་ཏེ་བཞག་པ་རྨིས། །ཕྱིན་མ་མྱོང་བའི་གྲོང་ཁྱེར་ཆེན་པོ་ཡི། །ཕྱི་ལོགས་ཆུ་བོ་ཆེན་པོ་འབབ་པའི་འགྲམ། །གྲོང་གསེབ་རུས་པ་སྣ་ཚོགས་སྐྱ་ཁྲོ་ལེ། །དྲི་ཆེན་དྲི་ཆུ་ལ་སོགས་འདམ་རྫབ་འཁྱིལ། །གྲོང་ཁྱེར་དེ་དབུས་ཁང་པ་ཞིག་གི་ནང་། །ལུས་མེད་ཡེ་ཤེས་མཁའ་འགྲོ་བཞུགས་ཟེར་མཇལ། །སྐུ་ནི་མི་སྣང་གསུང་ནི་ལྷང་ལྷང་གིས། །སེང་གདོང་མ་ཡི་གཏོར་དབང་གསལ་པོར་གནང་། །གཏོར་མ་མགོ་ལ་བཞག་སྐབས་གཏོར་མ་ཡང་། །མགོ་དེར་བཞག་པ་ལྟར་དུ་བྱོན་པར་སྣང་། །དམིགས་པ་སེང་གདོང་རིགས་ལྔ་གནས་ལྔ་ཡི། །སྤྲོ་བསྡུ་ཡིན་ཏེ་ལོགས་སུ་བཀོད་པས་གསལ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ཀརྨ་མཁའ་འགྲོ་དང་། །སྣ་ཚོགས་མཁའ་འགྲོ་འཇིག་རྟེན་མཁའ་འགྲོ་དང་། །བདུན་པོ་ཆ་ལུགས་ཐ་མལ་བུད་མེད་ཚུལ། །མཛེས་ཞིང་རྒྱན་ཆ་དུ་མས་བརྒྱན་བྱས་ཏེ། །བདག་ལ་ཟས་སྣ་མང་པོ་བྱིན་ནས་ཀྱང་། །རྟག་ཏུ་ང་ཡི་རྗེས་སུ་འབྲངས་བ་རྨིས། །དེ་ནི་རྒྱལ་བ་རྒྱ་མཚོའི་མཚམས་ཁུང་སོ། །རྒྱུད་འབུམ་བལྟས་དུས་གོ་བ་དཀའ་བའི་དུས། །ཚོགས་འཁོར་བཤམས་ནས་

p. 262

རྒྱུད་རྣམས་ཀུན་གྱི་བདག །རྡོ་རྗེ་རྣལ་འབྱོར་མ་དང་མཁྱེན་རབ་ཀྱི། །བདག་པོ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ། །ཐོ་རངས་ཉམས་དང་རྨི་ལམ་འདྲེས་པའི་སྐབས། །འཇམ་དབྱངས་དམར་སེར་རལ་གྲི་པོ་ཏི་ཅན། །ཕག་མོ་ཞལ་གཅིག་མ་དང་གཉིས་པོ་ནི། །སྐུ་ཡི་རྣམ་པ་འཇའ་ཚོན་ཤར་བ་ལྟར། །མདུན་གྱི་ནམ་མཁར་ལམ་མེར་བྱོན་ནས་ནི། །བདག་རྒྱུད་བྱིན་གྱིས་བརླབས་པའི་སྣང་བ་ཤར། །དེ་ནས་བཟུང་སྟེ་ཕལ་ཆེར་གོ་བ་ཐོབ། །ཡང་ནི་མཚམས་ཁུང་ཉམས་ཀྱི་སྣང་བ་ལ། །ཡི་དམ་བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །སྐུ་མདོག་བསྐལ་པའི་མེ་ལྟར་འབར་བ་ལ། །སྐུ་ཚད་ཤིན་ཏུ་ཆེ་བ་ནམ་མཁའ་ཁྱབ། །ནམ་མཁའ་འཇའ་ཚོན་ལྟ་བུར་མཐོང་བ་བྱུང་། །སྔོན་དུས་རང་ལོ་སོ་དྲུག་ཙམ་གྱི་དུས། །འཇམ་དབྱངས་དཀར་པོའི་བསྙེན་པ་བྱས་པའི་དུས། །བདག་ནི་བྱིསྦ་ལོ་བརྒྱད་དུས་སུ་གྱུར། །གྱེན་ལ་འགྲོ་བའི་རྗེས་ནས་དབྱངས་ཅན་མ། །བུད་མེད་དཀར་མོ་མཛེས་ཤིང་རྒྱན་ལྡན་ཞིག །ཡར་ལ་འོངས་ཤིང་བདག་ལ་ལུང་བསྟན་པ། །ད་རུང་ཨ་དབྱི་ང་ཡི་བསྙེན་པ་གྱིས་ཤིག་དང་། །ཚ་བོ་ཁྱོད་ཀྱི་བསམ་པ་ཨ་དབྱི་ང་ཡིས་སྒྲུབ། །ཟེར་བས་དེ་རྗེས་པི་ཝཾ་

p. 263

དབྱངས་ཅན་མའི། །རྒྱུན་བསྙེན་བྱས་ཚེ་བཅུ་བཞིའི་ནུབ་མོ་ལ། །བལྟ་བས་མི་ངོམ་མཛེས་ཤིང་ཡིད་འོང་མ། །སྣ་ཚོགས་རྒྱན་གྱིས་རབ་ཏུ་སྤྲས་པ་ཞིག །བདག་ལ་དགའ་ཞིང་ཆགས་པའི་རྣམ་འགྱུར་བཅས། །ཆོས་ཀྱི་པོ་ཏི་ལེགས་པོ་བྱིན་པ་རྨིས། །རྨི་ལམ་གཅེར་བུ་ལག་ན་རྡོར་དྲིལ་ཐོགས། །གར་ཐབས་མང་དུ་བྱས་ཚེ་ཕ་ཀི་ན། །མེ་དཔུང་ཆེན་པོ་གཅིག་གི་དྲུང་དེ་ན། །ལྷ་མོ་འོད་ཟེར་ཅན་མ་སྐུ་མདོག་དཀར། །སྐུ་མདོག་གཅེར་བུ་ཞལ་གཅིག་ཕྱག་གཉིས་མ། །མངོན་སུམ་ལྟ་བུར་བཞུགས་ནས་འདུག་པ་ལ། །མེ་ཡི་འཇིགས་པ་ཆུ་ཡི་འཇིགས་པ་དང་། །མཚན་དང་གཡང་ས་ལ་སོགས་འཇིགས་པ་ལས། །སྐྱོབ་པའི་དངོས་གྲུབ་བདག་ལ་སྩོལ་ཞུས་པས། །ཁྱོད་ལ་དངོས་གྲུབ་དེ་དག་སྦྱིན་མོད་ཀྱི། །གང་ཞིག་ང་ཡི་རིག་སྔགས་བཟླ་བ་ལ། །གལ་ཏེ་འཇིགས་པ་དེ་དག་བྱུང་སོང་ན། །དེ་ལ་ཁྱོད་ཀྱིས་ཇི་སྐད་སྨྲ་ཞེས་གསུངས། །དེ་ལ་བཅོམ་ལྡན་ཐུབ་པ་ཆེན་པོ་ཡི། །སྔོན་གྱི་ལས་ནི་མ་གཏོགས་གསུངས་སོ་སྨྲས། །ཞེས་པ་དེ་ཡིན་གསུངས་པའི་རྣམ་འགྱུར་མཛད། །རྨི་ལམ་ལག་པ་གཤོག་པའི་ཚུལ་བྱས་ནས། །ཁྲོམ་ཆེན་ཞིག་གི་ཐད་ཀྱི་ནམ་མཁའ་

p. 264

ལ། །འཕུར་ནས་ལྡིང་སྐོར་གསུམ་ནི་བྱས་པ་ཡིས། །ཁྲོམ་པ་རྣམས་ཀྱིས་ལྟ་ཞིང་དད་གུས་བྱེད། །དེ་ནས་ས་ལ་བབས་པས་བདག་གིས་ནི། །རྡོ་རྗེ་མཁའ་འགྲོ་དངོས་སུ་ཡིན་སྙམ་བྱེད། །དོན་གྲུབ་དེར་གདའང་རྡོ་རྗེ་མཁའ་འགྲོ་རེད། །ཁོང་དང་ང་གཉིས་དབྱེར་མེད་ངོ་བོ་ནི། །གཅིག་པར་འདུག་རྨིས་ཆོས་མགོ་ཐོན་ནམ་སྙམ། །དེ་ལྟར་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མས། །ཐུགས་རྗེས་གཟིགས་ཤིང་བྱིན་གྱིས་བརླབས་པའི་མཐུས། །གསང་སྔགས་རྒྱུད་སྡེ་མང་པོའི་དོན་ཁྲོལ་བ། །འདི་ནི་དག་པའི་སྣང་བ་དྲུག་པ་ཡིན། ༈ །དེ་ནས་ཡེ་ཤེས་མ་མགོན་ལྕམ་དྲལ་སོགས། །ཡེ་ཤེས་སྲུང་མས་བར་ཆད་སེལ་བའི་རྟགས། །རང་ལོ་ཉི་ཤུ་ངོ་ལོན་ཙམ་གྱི་དུས། །ཟ་དམ་སླེབས་ནས་རིང་པོར་མ་སོང་སྐབས། །ཟ་དམ་ཤར་སྒོའི་ལམ་ནས་ཞིང་སྐྱོང་ནི། །ཡབ་ཡུམ་གཉིས་པོ་སྐུ་མདོག་ཆ་ལུགས་རྣམས། །གཞུང་དང་མཐུན་པ་རྟ་ཆིབས་གྱེན་དུ་བྱོན། །བདག་ནི་ཡུམ་གྱི་རྟ་འཕོང་དུ་བསྐྱོན་ནས། །རྡོ་རྗེའི་ལམ་ལ་ཡར་ལ་འོང་བའི་ཚེ། །བདག་ལུས་བདེ་བ་ཚད་ལས་འདས་པ་སྐྱེས། །སད་ནས་རུང་ངམ་མི་རུང་ཐེ་ཚོམ་ཡང་། །བར་

p. 265

ཆད་མེད་ཅིང་མགོ་ཐོན་ལེགས་པར་བྱུང་། །རང་ལོ་ཉི་ཤུ་རྩ་གསུམ་ཙམ་གྱི་དུས། །ཟ་དམ་ཉིད་དུ་སྒྲིགས་ལ་ཡོད་སྐབས་ཤིག །རྨི་ལམ་འུར་སྒྲ་ཐུག་ཆོམ་དཔག་མེད་བྱུང་། །ཡར་ལ་སོང་བས་མགོན་ཁང་སྒོ་དེ་རུ། །རྒྱ་སྟག་མང་པོ་དངོས་སུ་འགྲོ་ཞིང་གདའ། །འདུ་ཁང་སྒོ་དེར་ལྷ་མོ་རང་བྱུང་མ། །རྒྱན་དང་ཆ་ལུགས་གཞུང་དང་འདྲ་བ་ལ། །དྲེའུ་སྔ་ཤའི་སྒོ་གོང་དེ་རུ་ནི། །དགྲ་ཞིག་བཀྱིགས་ནས་ཤ་ཁོག་བཞིན་ཏུ་བཀལ། །དེ་ལ་ཕྱག་གཡས་ལྕགས་ཕུར་ཚད་ནས་བཞུགས། །ཕྱག་གཡས་དང་ནི་ལྕགས་ཕུར་ལྷག་པར་གསལ། །དེ་འདྲ་མཇལ་བ་རྨི་ལམ་ཡ་མཚན་ཏེ། །དེ་དུས་ལྷ་མོ་དང་ནི་ཞིང་སྐྱོང་སོགས། །བསྙེན་སྒྲུབ་ལ་སོགས་བྱེད་ནི་མ་མྱོང་ཡང་། །ཀར་ལུགས་རྒྱུད་ལྷ་ཡིན་པའི་རྟགས་སམ་སེམས་། །རང་ལོ་བཅུ་བདུན་ནམ་ནི་བཅོ་བརྒྱད་དུས། །རྨི་ལམ་རང་ཉིད་གནོད་སྦྱིན་བྱ་རོག་གདོང་། །བསྒོམས་པས་དེ་ཉིད་དངོས་ཀྱི་སྐུར་གྱུར་ཏེ། །གྲི་གུག་གིས་ནི་དགྲ་བགེགས་བཤའ་གཏུབ་བྱས། །རང་ལོ་ཉེར་དགུ་འམ་ནི་སུམ་ཅུ་དུས། །རང་ཉིད་བྱ་ཁྱུང་ཞིག་ཏུ་སྤྲུལ་ནས་ནི། །ཞིང་བཅུ་ལྡན་པའི་རུ་ཊ་ཆེན་པོ་ཡི། །དོན་སྙིང་བཏོན་ཏེ་ནམ་མཁར་

p. 266

འཕུར་བ་ལ། །བྱ་རྒོད་བཞིན་དུ་འཕུར་ནི་སོང་བའི་ཚེ། །མར་བལྟས་ས་ཆ་ལུང་གསུམ་མདོ་ཞིག་ན། །ལྗོན་ཤིང་ཆེན་པོ་རྐང་གཅིག་ཅིག་གི་དྲུང་། །མགོན་པོ་ཕྱག་བཞི་པ་དེ་བཞུགས་པ་མཐོང་། །དེ་ལ་མཆོད་ཕྱིར་དགྲ་བགེགས་གློ་བ་དེ། །ནམ་མཁའི་དབྱིངས་ནས་མགོན་པོའི་མདུན་དུ་འཕངས། །ལས་མགོན་གསུམ་གྱིས་སྤྲུལ་པའི་བྱ་རོག་ནི། །སྣུམ་དང་ཞུང་ངེ་བ་གསུམ་གདའ་བ་དེས། །མ་ཐོབ་བཞིན་དུ་སྐད་ཅིག་ཉིད་ལ་ཟོས། །ཙིཏྟ་འཕར་དང་ལྷབ་ལྷབ་བྱེད་པ་དེ། །ཁྱེར་ནས་རང་ཁྱིམ་ཕྱིན་པས་གཉིད་ལས་སད། །འདྲེ་ཕོ་མ་ཡིན་མགོན་པོའི་འགྲུབ་རྟགས་ལགས། །ཧེ་ཧེ། རྨི་ལམ་སེར་བ་དྲག་པོ་བརྒྱབས་བྱུང་དུས། །རང་ཉིད་གུར་གྱི་མགོན་པོའི་སྐུར་བསྒོམས་པས། །གུར་མགོན་སྐུ་ལུས་ནམ་མཁའ་ཁྱབ་པ་ལ། །རྒྱན་དང་ཆ་ལུགས་ཐམས་ཅད་ཤིན་ཏུ་གསལ། །སྐུ་ལས་ཡེ་ཤེས་མེ་ཆེན་རབ་འབར་བས། །དེ་མ་ཐག་ཏུ་སེར་བ་ཆད་པ་དང་། །རང་ཉིད་ཕྱག་བཞི་པ་ཡི་སྐུར་བསྒོམས་པས། །དངོས་སུ་གྱུར་ནས་གར་སྟབས་མང་པོ་བསྒྱུར། །དེ་མ་ཐག་ཏུ་རང་ཉིད་བེར་ནག་ཅན། །བསྒོམས་པས་དེ་ཉིད་དངོས་སུ་གྱུར་པ་ཡི། །ཕྱག་གཡས་གྲི་གུག་དག་

p. 267

གིས་དགྲ་བགེགས་སོགས། །བསྡུས་ནས་གཡོན་པའི་ཐོད་པའི་ནང་དུ་བླུགས། །རང་ཉིད་མགོན་པོའི་ཞལ་དུ་བསྟབས་པ་རྣམས། །དམིགས་པ་བྱས་པས་དེ་ལྟར་གྱུར་པ་རྨིས། །ཕྱག་དྲུག་པ་ཡི་བསྙེན་པ་བྱས་སྐབས་ཤིག །མི་བོ་ཆེ་ནི་བརྗིད་ཅིང་ཁ་དོག་སྨུག །ཕྱག་ནི་དྲུག་ཡོད་ཕྱག་མཚན་མེད་པ་ཞིག །རྒྱང་རིང་ཞིག་ནས་བརྒྱུགས་བྱུང་རང་མདུན་འདུག །མཚམས་ཁུང་བྱང་ཆུབ་སྤྱོད་པ་དང་མཚུངས་པའི། །བསམ་པ་ཁྱད་པར་ཅན་སྐྱེས་སྨོན་ལམ་བཏབ། །ཙོག་པུར་ཡུད་ཙམ་འཐུམས་ནས་སོང་བ་ལ། །ཉམས་དང་རྨི་ལམ་གང་ཡིན་མི་འབྱེད་པའི། །ང་རང་མཚམས་ཁུང་མལ་སར་འདུག་བཞིན་དུ། །རྒྱ་གར་རྡོ་རྗེ་གདན་གྱི་གཙུག་ལག་གི །རྟེན་མཆོག་མ་ཧཱ་བོ་དྷི་གསལ་བར་མཐོང་། །དེ་ཚེ་ལྷ་བཤོས་མདའ་ཚད་རྒྱུན་ལེགས་པ། །བདག་གིས་མ་ཧཱ་བོ་དྷིའི་མདུན་དུ་ཕུལ། །ས་ཐག་རིང་ཡང་དྲུང་ན་ཡོད་པ་ལྟར། །དེ་ལྟར་བྱེད་ལ་དཀའ་ཚེགས་མེད་པར་སྣང་། །དེ་མ་ཐག་ཏུ་རང་གི་མདུན་དེ་རུ། །ཡེ་ཤེས་མགོན་པོ་བར་ཆད་ཀུན་སེལ་གྱི། །སྐུ་སྟོད་གཡས་ངོས་གསལ་བ་ཉིད་དུ་མཇལ། །སྐུ་ལུས་གཞན་རྣམས་ཤིང་གིས་གཡོར་བ་འདྲ། །དེ་མ་ཐག་ཏུ་རང་

p. 268

གི་རྒྱབ་དེ་ནི། །བྱང་ཆུབ་ཤིང་ཞིག་ཡོད་པའི་སྣང་བ་ཡིས། །རང་གི་ལུས་ཀྱི་གཡས་དང་གཡོན་རྣམས་ནས། །བྱང་ཆུབ་ཤིང་ལོ་སྔོ་དང་སྤུང་ངེ་སྣང་། །ནུབ་ཅིག་རྨི་ལམ་ཅོག་པུ་ཞིག་གི་ནང་། །ང་དང་མཉམ་དུ་བུད་མེད་གཉིས་གདའ་བས། །གཅིག་དེ་ཕྱིར་ལ་ཕུད་པས་གཅིག་དེ་ནི། །ལྷ་མོ་དུད་སོལ་མ་རུ་གྱུར་ནས་གདའ། །སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་སོགས་། །དུད་སོལ་རྐང་ཐང་མ་དེ་དངོས་སུ་གདའ། །འདི་ལ་གསང་བའི་མཆོད་པ་འབུལ་དགོས་སྙམ། །འདོད་ཆགས་སྣང་བ་མེད་ཀྱང་མཆོད་པའི་ཚུལ། །རང་གི་རྡོ་རྗེ་ལྷ་མོའི་བྷ་གར་བཅུག །བྱང་ཆུབ་སེམས་ཀྱང་མང་དུ་ལྷུང་སོང་བས། །ལྷ་མོ་མཆོད་པ་ཡིན་པས་སྐྱོན་མེད་ཀྱང་། །ལུས་ཟུངས་ཀྱང་ནི་ངན་དུ་འགྲོ་ཡང་དོགས། །ནུབ་ཅིག་རྨི་ལམ་སི་ཏུ་སྤྲུལ་སྐུ་མཇལ། །མངོན་ཤེས་ཡོད་དམ་ཞུས་པས་མེད་དོ་གསུངས། །འོ་ན་སོག་པོ་ལ་སོགས་དུས་ངན་པས། །བེར་ནག་ཅན་ལ་གཏོར་བསྔོས་བཀའ་བསྒོ་སོགས། །དགོས་རབ་ཁ་ད་འདྲ་འགའ་ཡར་ཞུས་པས། །ང་ལ་དབང་ཕྱུག་རྡོ་རྗེས་གནང་བ་ཡི། །འདི་འདྲ་ཡོད་གསུངས་དཔེ་ཆ་བྲིས་ལེགས་པ། །ལྡེབ་གཅིག་གདའ་བ་མགོན་པོའི་སྲུང་འཁོར་རེད། །དེ་ཡི་

p. 269

ལུང་ཞིག་བདག་ལ་གནང་ཚར་ནས། །དང་པོ་མགོན་པོའི་ཙཀ་ལི་བསྟན་བྱུང་སྙམ། །དེ་ནས་སྤྲུལ་སྐུ་དེ་ཉིད་བེར་ནག་ཅན། །སྐུ་ཚད་ཁང་རྩག་བཞི་ལྔ་ཨེ་ཡོད་ཙམ་། །ཞལ་སྡང་མཆེ་གཙིགས་སྤྱན་གསུམ་དབུ་སྐྲ་སོགས། །ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པ་ལ། །དང་པོའི་ཕྱག་གཉིས་མདའ་གཞུ་འགེངས་བ་ཡི། །གཞུ་དང་མདའ་ནི་དར་ནག་གིས་དཀྲིས་པ། །གཡས་ཀྱི་འོག་མས་སྨྱུག་གི་མདོང་མོ་ན། །དར་ནག་གིས་དཀྲིས་ཕོ་རོག་སྒྲོ་བསྒྲོན་པའི། །མདེའུ་མེད་པའི་མདའ་ཡིས་བཀང་སྟེ་བསྣམས། །གཡོན་འོག་སྐྱོགས་ཀྱི་འཁོར་ལོ་ཡིན་སྙམ་པའི། །བེང་གཉིས་རྒྱ་གྲམ་བྱས་ནས་བཅིངས་འདྲ་བསྣམས། །སྐུ་ལ་དར་ནག་བེར་ཆེན་གསོལ་བའི་སྟེང་། །དར་ཡུག་སྔོན་པོའི་སྐུ་ཆིངས་བཅིངས་པའི་སྣེ། །བར་སྣང་ཁམས་སུ་ཤ་ལེ་ཡོད་པ་ཞིག །མཛད་ནས་རྟེན་མེད་བར་སྣང་ཁམས་སུ་བཞུགས། །དེ་ནས་ཡར་ཕེབས་སྤྲུལ་སྐུ་ཉིད་དུ་གྱུར། །གཟིམས་ཆུང་ཞིག་ཏུ་ཕེབས་ནས་སོང་བ་རྨིས། །ཡང་ནི་ནུབ་ཅིག་ཉམས་ཀྱི་སྣང་བ་ལ། །ཡེ་ཤེས་མགོན་པོ་བེར་ནག་མཉམ་གསུམ་ལ། །ཁྲུ་གང་ཙམ་པ་ཤིན་ཏུ་གསལ་བར་མཇལ། །མ་ནིང་རྟེན་གཏོར་བཅས་པའི་

p. 270

དུས་ཉིད་དུ། །མདུན་དུ་མ་ནིང་ནག་པོ་གཙོ་འཁོར་གསུམ། །ཆ་ལུགས་གཞུང་ལྟར་ཧ་ལམ་གསལ་བ་ལ། །ལྕགས་སྤྱང་མང་པོས་དགྲ་བོ་ཞིག་དེད་ནས། །ཤ་ཁྱིས་ཤ་བ་དེད་ལྟར་བྱས་བྱུང་བས། །སྲོག་བདུད་ནག་པོས་དེ་ལ་མདའ་བརྒྱབ་པས། །གཙོ་བོའི་མདུན་དེར་གན་རྐྱལ་འགྱེལ་སོང་བས། །ཕྱག་གཡས་རུ་མཚོན་སྙིང་ཁར་བརྒྱབས་ནས་བསྒྲལ། །དཔལ་འབར་ལྷ་མོས་ཕྱག་གཡོན་ཐོད་པ་དེས། །སྙིང་ཁྲག་སྙིང་དང་བཅས་པ་བཙུས་ནས་ཀྱང་། །གཙོ་བོ་མ་ནིང་ཞལ་དུ་བསྟབས་སོང་བ། །ཉམས་དང་རྨི་ལམ་མཚམས་སུ་མཐོང་བ་ཡིས། །བདག་ལ་དགྲ་ནི་སུ་ཡང་མེད་པ་ལ། །མན་ངག་བརྡ་ཞིག་སྟོན་པ་ཡིན་ནམ་སྙམ། །འབོ་ཡི་ཇོ་བོ་མཇལ་དུ་སོང་བའི་དུས། །ཁ་བ་ལྷགས་པ་དབྱར་སྒང་དགུན་ལས་ཆེ། །ང་རང་རྟ་ཡིས་བརྡབས་སོགས་ཆོ་འཕྲུལ་འདྲ། །རྨི་ལམ་མི་གཞོན་ཁ་དོག་སྨུག་པོ་ལ། །ཤ་རྒྱས་གཟུགས་ཐུང་གསུས་འཕྱང་མགོན་པོ་འདྲ། །ལག་པ་དྲུག་ལྡན་གཞོན་ཤ་ཆགས་པ་ཞིག །རྩེད་མོའི་ཚུལ་དུ་ང་ལ་རྒོལ་དུ་བྱུང་། །ཁོ་ཡི་གཡས་གཡོན་ལག་པ་གསུམ་རེ་དེ། །ང་ཡི་ལག་པ་རེ་རེས་དམ་དུ་བཟུང་། །ས་དོང་གྲུ་གསུམ་ནང་དུ་ཁོ་མནན་པས། །ཁྱེད་

p. 271

ལ་ཞེ་ནས་གནོད་པ་བྱེད་པ་མིན། །རྩེད་མོ་ཉམས་ཚད་ཡིན་པས་ད་ཐོང་དང་། །ཕྱིན་ཆད་ཁྱེད་དང་བརྒྱུད་པར་བཅས་པ་ལ། །གནོད་པ་མི་བྱེད་བསྟན་པ་སྲུང་འོང་ཞེས། །སྲོག་སྔགས་ཤིག་ཀྱང་ཕུལ་ཏེ་ཕྱིར་ནངས་བརྗེད། །མགོན་པོའི་རིགས་ཐོབ་མགོན་པོའི་འཁོར་གྱུར་པའི། །གནས་དེའི་བཀའ་སྲུང་ཞིང་སྐྱོང་ཞིག་ཡིན་སེམས། །ད་རུང་གནས་སྒོ་དུས་བབས་མ་བྱེ་བས། །མཇལ་དུ་སོང་ལ་ཆོ་འཕྲུལ་སྟོན་པ་འདྲ། །འོང་སྟེ་གནས་ཡིག་གསར་པ་རྙེད་རྨིས་པས། །གནས་སྒོ་མི་འགྱུར་རྡོ་རྗེས་འབྱེད་དམ་སེམས། །ཡོར་གྱི་སྟོད་ནས་ཀརྨར་འགྲོ་ཁ་ནུབ། །ཉམས་དང་རྨི་ལམ་འདྲེས་པའི་སྐབས་སུ་ནི། །མདུན་དུ་མ་མགོན་མགར་གསུམ་བཞུགས་གདའ་བ། །རྒྱན་དང་ཆ་ལུགས་ཧ་ལམ་གཞུང་ལྟར་ལས། །སྐུ་ཚད་ཁང་རྩེག་གཉིས་གསུམ་ཨེ་ཡོད་ཙམ། །མངོན་སུམ་ལྟ་བུར་མཇལ་བར་གྱུར་པ་ལ། །གཡས་ངོས་དེ་ན་ལྷ་མོ་བཞུགས་པ་དེས། །བདག་ལ་གཟིགས་ནས་ཤིན་ཏུ་དགྱེས་ཚུལ་གྱིས། །ལན་གསུམ་ལྷག་ལྷག་བཞད་པའི་སྣང་བ་བྱུང་། །སྒྲོལ་མ་སྔོན་མོའི་རྒྱུན་བསྙེན་བྱེད་སྐབས་ཤིག །ཙཱ་རིའི་གནས་ཀྱང་བརྡ་ཙམ་མཐོང་བ་དང་། །གནས་དེའི་

p. 272

འདབས་སུ་གཙུག་ལག་ཁང་གི་ནང་། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ཡིན་སྙམ་པའི། །བུད་མེད་སྐུ་ཆེ་བརྗིད་ཆགས་མཛེས་ལ་འཇིགས། །ན་བཟའ་ཕོད་ཁ་འདྲ་བ་སྔོན་པོ་ཅན། །གཡུ་སོགས་རིན་ཆེན་དུ་མའི་རྒྱན་གྱིས་བརྒྱན། གདན་ཁྲིའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་བཞུགས། །གུས་པས་ཕྱག་འཚལ་དད་གུས་ཆེར་སྐྱེས་པས། །སྐུ་ཡིས་འཁྲུལ་འཁོར་འདྲ་བའི་རྣམ་འགྱུར་མཛད། །དེ་ནས་བདག་ལ་ཕྱུག་དབང་ཞིག་མཛད་པས། །ང་ནི་རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡིན། །པདྨ་མཁའ་འགྲོ་ཡ་ཐ་གསུངས་ནས་ཀྱང་། །ནམ་མཁར་སྡིགས་མཛུབ་མཛད་པས་དེར་བལྟས་ཀྱང་། །ཅི་ཡང་མ་མཐོང་ནམ་མཁའ་སྟོང་པར་འདུག །དེ་ནི་སྟོང་ཉིད་ངོ་སྤྲོད་ཡིན་པ་སྙམ། །ཡང་ནི་ནུབ་ཅིག་ཉམས་དང་རྨི་ལམ་མཚམས། །བུད་མེད་གཞན་ལས་ཆེ་ཞིང་རིང་བ་ལ། །སྐུ་ལ་ཕོད་ཁ་འདྲ་བའི་རས་སྔོན་གོས། །དབུ་གཙུག་མུ་ཏིག་ཀོ་ཟོ་དབུས་མོའི་ལུགས། །རྣ་ལྟག་གཡས་གཡོན་མེ་ཏོག་ཨུཏྤལ་བརྒྱན། །དེ་འདྲ་བཞེངས་སྟབས་རང་གི་མདུན་དུ་མཇལ། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ཡིན་པར་སེམས། །ཐོ་རངས་དུས་ཤིག་ཉམས་ཀྱི་སྣང་བ་ལ། །དཔལ་ལྡན་ལྷ་མོ་རེ་མ་ཏི་དེ་ནི། །སྐུ་ཚད་

p. 273

ཁང་རྩག་ཕྱེད་གཉིས་ཨེ་ཡོད་ཙམ། །ཕྱག་མཚན་ཆིབས་པ་གཉིས་ནི་མི་མཐོང་བ། །སྐུ་ཉིད་ཤིན་ཏུ་གསལ་བར་མཇལ་བར་གྱུར། །དེ་ལྟར་ཌཱ་ཀི་ཆོས་སྐྱོང་མང་པོ་ཡི། །ཞལ་འདི་ཁ་ཡང་མཐོང་འདི་བདུན་པའོ།། །།དེ་ཡན་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱི་སྐུ་ཡི་རྟགས་མཚན་ཡིན། །དེ་ནས་གསུང་གི་གྲུབ་རྟགས་རིམ་པ་ནི། །ཡིག་འབྲུ་མཐོང་དང་སྔགས་ཀྱི་རང་སྒྲ་གྲག །རྒྱུད་དང་གླེགས་བམ་ཆོས་གཏེར་བཏོན་པ་དང་། །ཐུགས་རྟགས་ནམ་མཁར་འཕུར་དང་ཕྱག་མཚན་རྙེད། །ཤེལ་དང་མཆོད་རྟེན་རྙེད་དམ་བཞེངས་པའོ། །ཡོན་ཏན་ཕྲིན་ལས་ལ་སོགས་རྟགས་ལ་ཡང་། །ཁྲི་ལ་འདུག་སོགས་བཟང་རྟགས་སྣ་ཚོགས་པ། །ད་ནི་སོ་སོར་དབྱེ་དཀའ་ཆལ་ཆོལ་དུ། །ཅུང་ཟད་བཤད་པ་ཡིན་པས་གོ་བར་བྱོས། །རང་ལོ་རྩ་བདུན་རྩ་བརྒྱད་ཙམ་གྱི་དུས། །སྒྲོལ་དཀར་སྔགས་ལ་འུར་འདོན་བྱས་པའི་ནུབ། །བདག་གིས་མཆིལ་མ་ཞིག་ནི་ཕོས་པ་ལ། །མེ་ཏོག་ཨུཏྤལ་ཆེན་པོ་ཕུབ་ཙམ་ལ། །ཨུཏྤལ་ཆུང་ངུ་མང་པོས་བསྐོར་བ་ཞིག །སྐད་ཅིག་ཉིད་ལ་སྐྱེས་པའི་རྨི་ལམ་དང་། །ཕུར་པ་བསྙེན་ཚེ་ཕུར་པའི་རྒྱ་གཞུང་ནི། །མཐོང་

p. 274

མ་མྱོང་བ་བྲིས་ཤོག་ལེགས་པ་དང་། །གོས་ཆེན་ལྗང་ཀུ་དཔོན་ཕྲན་ཞིག་གིས་ཕུལ། །ཤར་ཕྱོགས་སོང་དང་རྡོ་རྗེ་ཕུར་པ་ཡི། །གཏེར་ཞིག་འདོན་རྒྱུ་ཡོད་དོ་ཟེར་བ་རྨིས། །བྱང་ཕྱོགས་ངོ་མི་ཤེས་པའི་ས་ཆར་ཕྱིན། །བར་དོར་འཁྱམས་པ་ཡིན་ནམ་དོགས་པ་སྐྱེས། །ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་དུ། །ཀརྨ་ཧེ་རུ་ཀ་ཡིས་ལམ་སྣ་དྲོངས། །བརྗོད་པས་ནམ་མཁར་འོད་ཟེར་ལྗང་གུ་དང་། །ཀརྨ་ཧེ་རུ་ཀ་དཔལ་ཤར་བྱུང་བ། །ཧ་ལམ་པ་ཞིག་རྨི་ལམ་དུ་མཇལ་ལོ། །ཉམས་རྨིས་མཚམས་སུ་ཕུར་པ་ཤིན་ཏུ་ནི། །ལེགས་པ་གྲུ་གང་ལག་ཏུ་གདའ་བ་སྙམ། །རྒྱབ་རིའི་རྩེ་ནས་སྤྲིན་དཀར་ལས། །མེ་ཏོག་དཀར་པོའི་ཆར་བབས་པ། །ཆེ་ཆུང་སྡེར་མ་ཆེ་ཤོས་ཙམ་། །རང་གི་ཁང་པའི་སྟེང་རྣམས་སུ། །དཀར་ཡོལ་བསྒྲིགས་པ་ལྟར་འདུག་རྨིས། །རྒྱལ་བ་རྒྱ་མཚོའི་ཆོ་ག་བདག་སྐྱེད་འདི། །ཆག་མེད་བྱེད་བསམ་དབུ་བཙུགས་ཞག་གསུམ་ནུབ། །ཁྲི་ནི་ཤིན་ཏུ་མཐོ་བ་ཞིག་གི་སྟེང་། །བདག་གི་ལུས་ལ་གོས་ཆེན་གོས་བེམ་དང་། །མགོ་ལ་རྩེ་ཞྭ་བཟང་པོ་ཞིག་གྱོན་ནས། །ཆོས་རྗེ་ཆེན་པོའི་ཚུལ་དུ་འདུག་པ་ཡི། །

p. 275

བདག་གི་གཡོན་དུ་རྒྱལ་བའི་དབང་པོ་ནི། །བདག་དང་གདན་ཁྲིའི་གཅིག་གིས་སྟེང་དུ་བཞུགས། །བདག་གི་མདུན་དུ་དྲུང་པ་རྒྱལ་ཚབ་པ། །དབུ་ཞྭ་མཐོང་གྲོལ་མནབས་ཏེ་བཞུགས་པ་ཡང་། །བདག་གིས་བྱིསླ་པང་བ་ལྟར་དུ་བཞུགས། །དེ་འདྲ་རྨིས་པ་བསོད་ནམས་འཕེལ་བའི་ལྟས། །ཁ་དོག་དུང་ལྟར་དཀར་བའི་གླང་པོ་ཆེ། །བདག་གི་དྲུང་དུ་འདུག་པའི་བསིལ་གཡབ་ཅིག །བདག་གིས་གཡབ་ཅིང་ས་ཐོབ་རྟགས་ཡིན་ཟེར། །ལུས་ལ་རྣག་དང་ཁྲག་དང་མི་གཙང་བ། །སྲིན་བུ་ཐོན་པ་གྲངས་མང་བྲིར་མི་ལོངས། །བྲག་ནི་སྨུག་པོ་སྦལ་པ་འདྲ་བ་ལས། །ཤོག་དྲིལ་འགའ་རེ་གཏེར་ནས་བཏོན་པ་དང་། །ཨོ་རྒྱན་གཏེར་ཕྲན་ཞིག་ནི་རེད་ཟེར་བའི། །ཤོག་དྲིལ་གཉིས་ཙམ་གཏེར་ནས་ཐོན་པ་དང་། །བྲག་དཀར་ཞིག་ནས་ཆོས་གཏེར་སྐུ་འདྲ་དང་། །དྲག་པོའི་རྫས་དང་བཀའ་སྲུང་སྐུ་འདྲ་སོགས། །ཁུར་གཅིག་བཏོན་ནས་དགའ་སྤྲོ་དང་བཅས་ཏེ། །ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན། །ཞེས་སོགས་བསམ་པ་ལྷུན་གྲུབ་དབྱངས་སུ་གྱེར། །སྔར་དུས་ཤཱཀ་ཐུབ་བཞུགས་པ་ཡིན་ཟེར་བར། །ཆོས་ཁྲི་གསར་པ་མཐོན་པོ་ཞིག་བརྩེགས་ནས། །

p. 276

བདག་ཉིད་འདུག་ས་ཡིན་ནོ་ཟེར་བ་དང་། །ཁྲོམ་འཚོགས་འདུག་པ་ས་ལ་རི་མོ་ནི། །རྒྱ་ཆེན་ཕྲིན་ལས་ཞེས་བྱས་བྲིས་ཐལ་རྨིས། །རང་གི་ལག་ཏུ་ཐུགས་རྗེ་ཆེན་པོའི་སྐུ། །ཁྲུ་གང་ཙམ་པ་སྐུ་མདོག་དཀར་པོ་ལ། །ཕྱག་ནི་བཅུ་དྲུག་ཕྱོགས་མཚམས་སྐྱབས་སྦྱིན་མཛད། །ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཞིག་འདུག་པ། །འཇིགས་ལས་སྐྱོབ་པའི་རྟགས་སུ་གོ་བ་ཡིན། །ཉིན་ཞིག་ཅུང་ཟད་འཐུམ་པའི་རྣ་ལམ་ལ། །ཡི་གེ་བདུན་པའི་སྒྲ་ནི་ལན་གསུམ་གྲག །བཀའ་ཐང་སྡེ་ལྔའི་པོ་ཏི་རྙེད་པ་དང་། །རྒྱ་གར་རྡོ་རྗེ་གདན་ནི་ཡིན་སྙམ་པའི། །ཕྱི་ནི་མཆོད་རྟེན་ཆེན་པོའི་རྣམ་པ་ལ། །སྲོག་ཤིང་བྲག་ལས་གྲུབ་པའི་རྩེ་མོ་ན། །བྱང་ཆུབ་ཤིང་ནི་གཞོན་ནུ་སྐྱེས་པའི་རྩར། །ཆོས་ཁྲི་ཆེན་པོ་ཞིག་གིས་རྒྱབ་ཡོལ་ལ། །སྟོན་པ་ཤཱཀ་ཐུབ་རྡོ་སྐུ་གཟོང་རིས་ལ། །མགོན་པོ་བར་ཆད་ཀུན་སེལ་སྐུ་ཆུང་ངུ་། །མང་པོས་བསྐོར་བ་ཞིག་གི་རྩེ་ལ་ཕྱིན། །རྒྱ་གར་དབུས་ཀྱི་རྡོ་རྗེ་གདན། །འགྱུར་མེད་རྒྱུན་དུ་བསྟན་པའི་གནས། །དེ་སྐད་ངག་གིས་བརྗོད་པར་བྱས་པ་དང་། །བྱང་ཆུབ་ཆེན་པོའི་མཆོད་རྟེན་བླུག་མ་ནི། །མདའ་ཚད་ཙམ་ཞིག་བྱིན་ནས་བྱུང་བ་དང་། །རང་གི་ཡིན་སྙམ་མཁར་ནི་ཆེན་པོ་

p. 277

ལ། །རྔ་ཐུག་ཆེ་ཆུང་གཉིས་བཙུགས་ཕྱོགས་བཞི་རུ། །སྒོ་ཆེན་བཞི་ལ་རྔ་ཐུག་རེ་རེ་བཙུགས། །སྒོ་བཞིའི་སྲུང་མ་མགོན་པོ་ཕྱག་བཞི་པའི། །ལས་མགོན་བཞི་ལ་བྱེད་དུ་བཅུག་སྙམ་དང་། །བཀའ་གདམས་ཐིག་ལེ་བཅུ་དྲུག་སྒོམ་པའི་ཚེ། །སྐུ་སྐྱེ་ཡིན་ཟེར་ཁྱེའུ་མཛེས་པ་གཉིས། །གཅིག་གིས་ང་ནི་སྤྱན་རས་གཟིགས་ཡིན་གསུངས། །གཅིག་གིས་ང་ནི་ཕྱག་རྡོར་ཡིན་ནོ་གསུངས། །མེ་ཏོག་པདྨ་ཆེན་པོ་ཕུབ་ཙམ་ཞིག །དེ་ཡི་སྟེང་དུ་རང་ཉིད་འདུག་པ་དང་། །ཡང་ནི་ཀརྨ་པ་ཡི་ཞྭ་ནག་ཅིག་།བདག་གི་ལག་ཏུ་འདུག་པའི་རྨི་ལམ་དང་། །རྒྱབ་རིའི་རྩེ་ནས་དར་ལྕོག་དཀར་པོ་ནི། །ཡིག་དྲུག་པར་བཏབ་ཡིག་འབྲུ་དམར་པོ་ཅན། །གནམ་ས་འབྲེལ་པ་གཅིག་ནི་བཙུགས་ནི་སྣང་། །སྟོན་པའི་རིང་བསྲེལ་རྙེད་པ་ཡང་ཡང་རྨིས། །ཡུམ་ཆེན་རྡོ་རྗེ་ཕག་མོའི་གནས་ཡིན་སྙམ། །ཤིང་རྩེ་སྣ་ཚོགས་སྐྱེས་པའི་རི་ཡི་ལོགས། །ཕུག་པ་ཞིག་གི་ནང་དུ་ཕྱིན་པ་དང་། །རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་ཡི། །སྐུ་རུ་བསྒོམས་པས་དངོས་སུ་གྱུར་པར་སྙམ། །དུང་དཀར་ཞིག་ནི་བདག་གིས་བུས་པ་ཡིན། །སྐད་ནི་ཤིན་ཏུ་ཆེན་པོ་བྱུང་བ་དང་། །སྔོན་དུས་འཕུར་དུས་ཅུང་ཟད་

p. 278

འཕུར་དཀའ་བ། །ད་ནི་བྱ་ལྟར་གང་འདོད་འཕུར་ཆོག་པ། །སྒྲིབ་པ་དག་པ་རེད་སྙམ་ནམ་མཁའ་ལ། །འཕུར་འཇུམ་རྣམ་པ་སྣ་ཚོགས་བྱས་པ་རྨིས། །མེ་ཏོག་རྒྱ་མེའི་ཚལ་ནི་ཆེན་པོ་རྒྱས། །དགེ་སློང་ཚུལ་ཁྲིམས་ལྡན་པ་ཆས་བཟང་གིས། །རྒྱལ་བ་རྒྱ་མཚོའི་གཞུང་པོད་ཚང་མ་ཡིན། །ཟེར་ནས་པོ་ཏི་དམར་པོ་བྱིན་པ་དང་། །མདོ་སྡེ་ཞིག་ནས་གསུངས་པ་ཡིན་སྙམ་པའི། །ཡན་ལག་བདུན་མ་ཤིན་ཏུ་རྒྱས་པ་ཞིག །རང་གིས་བློ་ནས་འདོན་ཞིང་སྤོས་ཐོགས་ཏེ། །སངས་རྒྱས་ལ་ནི་འབུལ་བའི་མོས་པ་དང་། །ཐོས་མ་མྱོང་བའི་མདོ་སྡེ་ཚིག་ལྷག་ཅིག །རང་གིས་ཀློག་ནས་རྨི་ལམ་ཡུལ་དུ་བཏོན། །མི་ནི་མང་པོ་ཇོ་མཇལ་བྱེད་ཟེར་ཐལ། །མི་གཅིག་ང་དང་འགྲོགས་ནས་བདེ་ཆེན་གྱི། །ཞིང་དུ་འགྲོ་རྒྱུ་ཡིན་ཞེས་ཟེར་བ་ལ། །རྒྱགས་ནི་ཆེན་པོ་ཁོ་ལ་མི་གདའ་བས། །ཐག་རིང་དེ་རུ་འགྲོ་བའི་ལམ་ཆས་ནི། །ཁྱོད་ལ་ཅུང་ཟད་ཅིག་ལས་མི་སྣང་སྟེ། །ངས་ཀྱང་ཁྱོད་ལ་ཕན་ཐོགས་བྱེད་དགོས་པས། །ཁྱོད་རང་ད་རུང་ང་ནི་སྒྲིག་སྡོད་དང་། །ད་རུང་ང་ཡི་རོགས་འགའ་སྒུག་རྒྱུ་ཡོད། །དེ་ནས་ང་རང་ལྔ་དྲུག་དུ་གདའ་རྣམས། །བདེ་བ་ཅན་དུ་འགྲོའོ་སྨྲས་པ་རྨིས། །འདི་ལ་རྟེན་འབྲེལ་གོ་

p. 279

བ་འགའ་རེ་སྣང་། །བུད་མེད་ཅིག་གིས་མཇལ་ཁ་བྱས་ནས་ཀྱང་། །སངས་རྒྱས་རྣམས་ཀྱི་སྐུ་གདུང་མཆོད་རྟེན་ནི། །བྲག་ཕུག་ཅིག་གི་ནང་དུ་གདའ་བ་མཇལ། །ཨོ་རྒྱན་ཞབས་རྗེས་གཉིས་བཏོན་གཏེར་ཚབ་སྦས། །ཁྲོམ་འགས་གཏེར་སྟོན་རེད་ཟེར་དད་པ་རྨིས། །ཁང་པ་ཆེན་པོ་གསར་པ་ཞིག་གི་ནང་། །འཇིགས་པའི་མཆོད་རྟེན་ཆེན་པོ་ཞིག་བརྩེགས་པའི། །སྟོད་ལ་མཆོད་རྟེན་བར་ལ་ཐུབ་པའི་སྐུ། །སྨད་ལ་ཀརྨ་པ་ཡི་སྐུ་བཞེངས་དང་། །ཁྱིམ་བདག་མགོན་མེད་ཟས་སྦྱིན་མཇལ་བ་དང་། །དེ་ཡི་གཏམ་རྒྱུད་ཅིག་ཀྱང་བཤད་པ་རྨིས། །གོ་བོ་ཕུག་འདྲ་ཞིག་ཏུ་ཕྱིན་པ་ཡིས། །ཨོ་རྒྱན་ཞབས་རྗེས་མང་པོ་རྙེད་པ་རྨིས། །ལྕགས་ཀྱི་རྡོ་རྗེ་གྲུ་གང་བ་གཉིས་རྙེད། །ཤེལ་སྒོང་ལག་མགོ་ཙམ་ཞིག་བཟུང་ནས་ནི། །ཆུ་ཆེན་ཞིག་ལ་ཕར་འཕུར་ཚུར་འཕུར་དང་། །ང་རང་དགྲ་བཅོམ་ཐོབ་པ་ཡིན་སྙམ་ནས། །ནམ་མཁར་གོམ་པ་འདོར་ཤིང་འགྲོ་བ་རྨིས། །རལ་གྲི་ཤིན་ཏུ་རིང་ཤིང་རྣོ་བ་འགའ། །རྙེད་ནས་རང་གི་ལག་ཏུ་ཐོགས་པ་དང་། །མོས་གུས་ཀྱིས་ནི་མདོ་སྡེ་ཡིན་ཟེར་བའི། །དངུལ་བྲིས་རྒྱ་སྐད་ཡོད་པའི་གསེར་འོད་ཙམ། །རྙེད་ཅིང་ཁྲོམ་འཚོགས་ཤིན་ཏུ་

p. 280

མང་བ་ལ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧ་རི་ནི་ས་ཧཱུཾ། ཞེས་པ་མ་ཎི་སྐུལ་འདོན་བྱས་པ་དང་། །གྱང་ངོས་ཤིག་ནས་ཆོས་གཏེར་འདོན་གྲབས་བྱས། །རལ་གྲི་སོ་གཉིས་མ་དང་སོ་གཅིག་མ། །འདོམ་རེ་ཙམ་པ་བཅོ་ལྔ་ཙམ་ཞིག་རྙེད། །ཞྭ་དམར་བ་ནི་ཡིན་སྙམ་གོས་ཆེན་གྱི། །སྟན་ཁེབ་བཟང་པོའི་དཀྱིལ་ན་དར་དཀར་ལ། །དར་ཚོན་དམར་པོས་པར་དུ་བཏབ་པ་ཡི། །ཡི་གེ་རྒྱལ་བ་རྒྱ་མཚོའི་མན་ངག་ནི། །ཤིན་ཏུ་ཟབ་པ་ཞིག་ནི་མཐོང་བ་དང་། །ཁྲབ་རྨོག་གྱོན་ཞིང་དར་ནག་ཕྱུར་བ་དང་། །བཏགས་གྲོལ་ཤོག་སེར་གཏེར་ནས་བཏོན་པ་ཡི། །གཏེར་ཚབ་རྐང་བུ་དར་སྣ་སྦས་པ་རྨིས། །གཏེར་དང་འདྲ་བ་ས་ནས་རྙེད་པ་ཡི། །ལྕགས་ཀྱི་རྡོ་རྗེ་གྲུ་གང་རྒྱབ་ཏུ་སྐྱེད། །ལྕགས་ཕུར་མཐོ་གང་ལྷག་ཙམ་སྔོན་དུ་སྐྱེད། །རྒྱུད་འབུམ་ཞབས་སྡུམ་པོ་ཏི་གཉིས་གཏད་བྱུང་། །སྟག་ལུང་ངག་དབང་བཀྲ་ཤིས་དཔལ་གྲུབ་པས། །ཙནྡན་དམར་པོའི་ཕུར་པ་ཡིན་གསུངས་ནས། །རྔ་ཡུ་རྙིང་པ་ཕུར་པ་འདྲ་བ་གནང་། །བྲག་ཕུག་ཅིག་ནས་རྡོར་དྲིལ་ཆ་གསུམ་དང་། །ཐོད་པའི་ཌ་མ་རུ་ནི་གསུམ་རྙེད་རྨིས། །ཤེལ་དཀར་ཁུ་ཚུར་ཙམ་པ་གཉིས་རྙེད་དང་། །དངུལ་གྱི་མཆོད་རྟེན་གྲུ་གང་བ་

p. 281

གསུམ་གྱི། །བཟོ་བོ་ཡོན་བདག་གཉིས་ཀ་བདག་གིས་བྱས། །བཞེངས་ཚར་མཆོད་བཤམས་གྲལ་དུ་བཞག་པ་དང་། །རྒྱ་ཡིག་ཡིག་འབྲུ་རེ་ལ་ཞིང་མལ་ཙམ། །ཁ་དོག་སྣ་ཚོགས་ཡུལ་ཁམས་ཁེངས་པ་དང་། །བདག་གིས་གཏེར་ཞིག་བཏོན་པའི་ནང་དེ་ན། །གུར་དྲག་ཆོས་སྐོར་ཚན་ཆེན་གདའ་བ་དང་། །ཚེས་བཅུར་ཅུང་ཟད་ཐུམ་པའི་ཉམས་སྣང་ལ། །སྤྲིན་དཀར་གསེབ་ནས་ༀ་མ་ཎི་ཡི། །ཡིག་འབྲུ་ཆེན་པོ་དངུལ་གྱི་ཁ་དོག་ཅན། །མཇུག་དེ་སྤྲིན་གྱིས་བཏུམ་པ་གསལ་པོར་མཐོང་། །རྨི་ལམ་ནམ་མཁར་ཡུན་རིང་འཕུར་བ་ཡིས། །མི་འགའ་དད་ནས་མཐེ་བོང་སློང་བ་དང་། །ཨོ་རྒྱན་ཐང་སྟོང་རྒྱལ་པོའི་ཞབས་རྗེས་དང་། །ལྷ་ཚོགས་མང་པོའི་སྐུ་དང་རང་བྱོན་ནི། །ཤིན་ཏུ་བྱོན་ལེགས་མང་པོ་རྙེད་པ་དང་། །བདེ་བ་ཅན་གྱི་ཐང་སྐུ་ལེགས་པ་ཞིག །གཙོ་བོ་ཨོ་རྒྱན་བྲིས་པ་ཞིག་མཇལ་བས། །ཨོ་རྒྱན་འོད་དཔག་དབྱེར་མེད་བརྡ་རུ་གོ །གྲོང་པ་ཞིག་ན་གནས་པོ་གཅིག་འདུག་པ། །དེ་ལ་གྲུབ་རྟགས་སྟོན་པའི་སྣང་བ་ཡིས། །ཌཱ་རུ་བཀྲོལ་ཞིང་དེ་ཐད་ནམ་མཁའ་ལ། །གར་སྟབས་མང་པོ་བྱས་པའི་རྨི་ལམ་དང་། །རང་ཐད་ནམ་མཁར་སྤྲིན་འཇའ་ཁ་དོག་སྣ་ཚོགས་

p. 282

ལ། །ཤིང་ལོ་དང་ནི་འབྲུག་གི་གཟུགས་ཀྱང་དོད། །དེ་ལ་མེ་ཏོག་སྣ་ཚོགས་ཆར་འབེབས་ཤིང་། །རང་ཉིད་གར་འགྲོའི་ཐད་དུ་འགྲོ་བ་དང་། །མཆོད་རྟེན་ལྔ་ཡང་བདག་གིས་བཞེངས་ཚར་དང་། །ཁྲོམ་ལ་དར་ཕོན་ཕྱག་དབང་བྱས་པ་དང་། །སྒྲོལ་དཀར་བདག་མདུན་ཆོ་ག་ཚང་བ་ཡི། །རྒྱས་པར་རྨི་ལམ་ཡུལ་དུ་བཏང་བ་དང་། །ཁྲོམ་པ་འགའ་ལ་ཕྱག་དབང་གཤར་བཞིན་དུ། །བདེ་བ་ཅན་དུ་འདྲེན་པར་ཤོག་སྨྲས་དང་། །ཆོས་དབྱིངས་རྡོ་རྗེས་སྐུ་ཆས་བཟང་པོ་དང་། །སྐུ་ཤམ་བཟང་པོ་གནང་རྒྱུ་བསྐུར་བྱུང་རྨིས། །ཁྱད་པར་ནུབ་ཅིག་རྨི་ལམ་འཁྲུལ་ངོ་ལ། །བདག་གི་ལུས་འདི་མཆོད་རྟེན་ཆེན་པོ་ནི། །འགྲོ་བ་རིགས་དྲུག་གནས་ཀུན་ཁྱབ་པ་ཞིག །བསྒོམས་པ་དེ་ཉིད་དངོས་སུ་གྱུར་སོང་ངོ་། །ཡང་ནི་བདག་གི་ལུས་འདི་མཆོད་རྟེན་ནི། །དཀར་པོ་རི་ཕྲན་ཙམ་དུ་གྱུར་སོང་ངོ་། །སྒྲོལ་སྔོན་བསྙེན་པ་ཞག་རེ་བྱས་པའི་དུས། །མཁའ་སྤྱོད་པ་ཡིས་བཞེངས་པ་ཡིན་ནོ་ཟེར། །ཚོན་རྩི་གཡུ་ཡིས་བྱས་པའི་མཆོད་རྟེན་ནི། །ཤིན་ཏུ་ཆེ་བ་གཉིས་མཇལ་སྐོར་བ་བྱས། །ཁ་བྱང་མེད་པའི་གཏེར་འགའ་བཏོན་པ་དང་།མཆིམས་ཕུར་ཨོ་རྒྱན་ཆེན་པོས་སྦས་པ་ཡི། །གླེགས་བམ་

p. 283

དཔག་མེད་གདའ་བ་འགའ་རེ་བཏོན། །ཉམས་ཀྱི་སྣང་བར་ཡི་གེ་དྲུག་པ་ནི། །འདོན་པའི་སྒྲ་ནི་ལྷང་ལྷང་གྲག་པའང་བྱུང་། །སྒྲུབ་ཁང་སྟེང་གི་ཕྱོགས་ཀྱི་ནམ་མཁའ་ནས། །ཇོ་དར་གསར་པ་རིང་པོ་བརྐྱངས་བྱུང་བ། །ཉམས་དང་རྨི་ལམ་མཚམས་སུ་གསལ་བར་མཐོང་། །ཁྱི་རྒོད་མང་པོས་དེད་ནས་བྱུང་བའི་ཚེ། །རང་ཉིད་ཐུགས་རྗེ་ཆེན་པོ་འགྲོ་འདུལ་དུ། །བསྒོམས་པས་འོད་ཟེར་རྡོ་རྗེའི་གུར་དུ་གྱུར། །ཁྱི་རྒོད་དེ་ཚོས་གནོད་པར་མ་ནུས་དང་། །རང་གི་ཕྱག་ཞབས་བཞི་ཡི་མཐིལ་ལ་ནི། །གསེར་གྱི་འཁོར་ལོ་ཤིན་ཏུ་བཀྲག་བཟང་བ། །རང་དོད་བྲིས་པ་འདྲ་རུ་གདའ་བ་རྨིས། །མགོན་པོའི་གཏོར་ཟློག་རྩོམ་པར་བྱས་པའི་ཚེ། །ཡེ་ཤེས་མགོན་པོའི་ལྷ་ཚོགས་ཐམས་ཅད་ནི། །སྤྲིན་ཕུང་འཐིབ་པ་ལྟ་བུར་འདུས་བྱུང་ནས། །ཁྱོད་ནི་རྣལ་འབྱོར་དམ་ཚིག་ཅན་ཡིན་པས། །ངེད་ཅག་འོང་བ་ཡིན་ནོ་གསུངས་པ་ནི། །ཉམས་དང་རྨི་ལམ་མཚམས་སུ་མཐོང་ཐོས་སོ། །མཆོད་རྟེན་ཆེན་པོ་ལེགས་པར་བཞེངས་ཚར་དང་། །མེ་ཏོག་པདྨ་དཀར་པོའི་ཕུང་པོ་ཞིག །རང་ལ་གཏད་བྱུང་མདུན་དེར་བཞག་པ་ལ། །མེ་ཏོག་དཀར་མཛེས་ཐེབ་ཙེ་ཙམ་པ་འགའ། །ཤིན་ཏུ་ཁ་བྱེ་

p. 284

བཀྲག་མདངས་རྒྱས་པ་རྨིས། །སེང་གེ་སྔོན་པོ་ཞིག་གིས་བདག་ལ་ནི། །དངུལ་ནི་མང་པོ་ཕུལ་རྨིས་མཚར་རམ་སྙམ། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱ་གཞུང་ནི། །མཚལ་བྲིས་རྙེད་ནས་གཞན་ལ་ལུང་བྱས་རྨིས། །དེ་དག་རྩ་བ་གསུམ་གྱི་སྒྲུབ་པ་ཡི། །གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །རྟགས་མཚན་ཅུང་ཟད་ཡིན་པར་འདོད་པའོ། །དེ་ནི་རྣམ་གྲངས་དྲུག་ཏུ་བརྩི་བའོ།། །།ཨེ་མ་ཧོ༔ ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེ་དང་། །རོལ་པའི་རྡོ་རྗེ་སངས་རྒྱས་དབོན་དང་ནི། །གྲུབ་ཐོབ་སྐྱེར་སྒང་པ་དང་རཏྣ་གླིང་། །སྔོན་གྱི་གྲུབ་ཐོབ་ཆེན་པོ་མང་པོས་ཀྱང་། །རྨི་ལམ་ཡུལ་གྱི་སངས་རྒྱས་ཞིང་ཁམས་དང་། །གནས་ཆེན་གནས་ཕྲན་མང་དུ་བསྐོར་བ་དང་། །ཡི་དམ་ལྷ་དང་སྔོན་གྱི་རིག་འཛིན་ལ། །དབང་ལུང་མང་པོ་གསན་པའི་རྣམ་ཐར་མང་། །བདག་གིས་རྨི་ལམ་འཛིན་དང་སྤྲུལ་བསྒྱུར་སོགས། །མཐར་མ་ཕྱིན་པས་དེ་འདྲའི་རེ་སྒོ་མེད། །འོན་ཀྱང་རྐང་ངན་ལུས་པོ་མི་སྲ་བས། །ཙཱ་རི་ལ་སོགས་གནས་འགའ་མ་མཇལ་བས། །རྒྱུན་དུ་ཡིད་ལ་དུང་ངེ་ཡོད་པ་དེས། །བག་ཆགས་འདྲ་བ་རྨི་ལམ་ཡུལ་དུ་ནི། །ཞིང་ཁམས་མཐོང་དང་གནས་རི་མཇལ་བ་

p. 285

དང་། །རྒྱང་ནས་མཐོང་སོགས་འགའ་རེ་བྱུང་བ་ནི། །ཇི་བཞིན་བྲི་དཀའ་རྩ་ཚིག་བསྡུས་པ་བྲི། །ལུས་ནི་འདི་གར་ཕྱིན་པ་མ་ཡིན་ཀྱང་། །རྨི་ལམ་བག་ཆགས་ལུས་ཀྱིས་ཕྱིན་པ་ཡིན། །བྱ་རྒོད་བྱས་སྣང་འདྲ་ནི་གཏན་ནས་མེད། །དཔའ་བོ་ལས་ཅན་རེད་ཅེས་བསྟོད་མི་དགོས། །མ་མཐོང་མཐོང་བརྫུའི་རྫུན་ཚིག་མ་སྨྲས་པས། །ལྷག་པ་རེད་ཅེས་སྐུར་པ་མ་འདེབས་ལ། །ཟུར་མང་ཆོས་རྗེ་དཀོན་མཆོག་བསྟན་འཛིན་པས། །བདག་ལ་བསྟོད་པ་གསུངས་དེ་བབ་ཐོབ་ཡིན། །ཆོས་དབང་མཇལ་དུས་ང་ལ་མཛོ་མོ་བསྐུར། །ད་རེས་མཇལ་བར་འདོད་ཀྱང་སྐུ་མཚམས་རེད། །ཀརྨ་ཆགས་མེད་མདོ་ཡི་ལུགས་ལྟར་ན། །དགེ་སློང་ཚད་ལྡན་རེད་ཅིང་སྔགས་ལུགས་ལ། །སྔགས་པ་ཚད་ལྡན་རེད་པས་ངེད་སྐུ་མཆེད་། །སྐུ་རིམ་སྲུང་འཁོར་དམིགས་རིམ་མཛོད་གསུངས་སོ། །སྔོན་དུས་ཞིང་སྐྱོང་བསྙེན་པ་བྱེད་སྐབས་སུ། །སྤྱང་ནགས་འདྲེས་པའི་ས་ཕྱོགས་ལུང་པ་ནི། །རྔ་ཐུག་ཆེན་པོ་བཙུགས་པ་ཞིག་ཏུ་ཕྱིན། །རྔ་ཐུག་ཞིང་སྐྱོང་རྟགས་མཚན་ཡིན་པར་སེམས། །དེ་བཞིན་རྒྱང་ནས་ཙཱ་རི་མཇལ་བ་ལ། །མི་འགས་རྩྭ་རིའི་གནས་སྐོར་བྱེད་པ་མཐོང་། །བདག་ཀྱང་དེ་

p. 286

ཡི་གནས་ཟུར་ཞིག་ཏུ་ཕྱིན། །ལན་གཅིག་དུར་ཁྲོད་བསིལ་བ་ཚལ་དུ་ཕྱིན། །རོ་རྣམས་བསྲེགས་རྗེས་སྤང་ལ་གྱོ་མོ་ཡི། །པདྨ་འདབ་བརྒྱད་བཙུགས་པ་མང་པོ་དང་། །ལྗོན་ཤིང་གེལ་པ་ཞིག་ཀྱང་མཐོང་བ་སྙམ། །ཆུང་ངུའི་དུས་ཞིག་ཟངས་མདོག་དཔལ་རི་རུ། །འགྲོ་སྙམ་ལྷོ་ནུབ་ཕྱོགས་སུ་ཁ་བལྟས་ནས། །ཨོ་རྒྱན་རྗེ་ལ་གསོལ་འདེབས་མང་དུ་བྱས། །སྒྲོལ་མའི་སྔགས་ལ་འུར་འདོན་བྱས་པའི་ནུབ། །རི་ལོགས་ཤིག་ཏུ་སྒྲོལ་མ་གནས་པ་ཡི། །ཤིང་སྡོང་ཞིག་གི་རྩ་བར་ཆོས་ཁྲི་དང་། །ཕྱོགས་བཞིར་སྒྲོལ་མའི་འཁོར་བཞི་གནས་པ་ཡི། །ཤིང་བཞི་བྲག་འབུར་རེ་རེའི་མགོ་ལ་སྣང་། །ས་ཕྱོགས་བྲག་དང་ནགས་རི་འདྲེས་པ་སྟེ། །གཙོ་བོ་གནས་ས་ལུང་པའི་མདོ་རེད་པས། །གཞན་གྱིས་གཅོད་དོགས་བལ་ཚོན་བཏགས་ནས་བཞག །དེ་འདྲར་ཕྱིན་རྨིས་གར་ཡིན་མ་ཤེས་ཀྱང་། །ཤིང་གི་རི་ཡི་ནགས་དེ་ཡིན་འོས་སྙམ། །ནུབ་ཅིག་སྔོན་དུས་བདེ་བ་ཅན་ཕྱིན་ནས། །ཚུར་འོང་ད་རུང་གཉིད་འདི་མ་སད་བར་། །ཟངས་མདོག་དཔལ་རིར་ཨོ་རྒྱན་མཇལ་བའམ། །འཇང་ཡུལ་འགྲོ་ནས་ཀརྨ་པ་མཇལ་ལམ། །དབུས་སུ་འགྲོ་ནས་ཇོ་བོ་མཇལ་བསམས་པས། །ད་རེས་ཇོ་བོ་མཇལ་བར་

p. 287

དགའ་བསམས་ནས། །གཟན་གོས་གཤོག་པའི་ཚུལ་དུ་ནམ་མཁའ་ལ། །འཕུར་ནས་བྱ་ལྟར་ཏ་ལེ་སོང་བ་ཡིས། །དབུས་ཀྱི་སྐྱེད་ཤོད་ལུང་པ་ཐམས་ཅད་དང་། །སྐྱེད་ཤོད་གཙང་པོ་འབབ་ལུང་ཧ་ལམ་མཐོང་། །ལྷ་སར་སོང་བས་ཇོ་ཁང་སྔར་ལས་ཆེ། །ནམ་མཁའ་ནས་བལྟས་ནག་དང་རབ་རིབ་འགས། །བསྒྲིབས་ནས་ཇོ་བོ་གསལ་བར་མ་མཇལ་བས། །ས་ལ་བབ་ནས་ཇོ་ཁང་ནང་དུ་སོང་། །ཇོ་བོ་གདན་དང་སྙན་དར་སྔར་བས་བཟང་། །དབུ་རྒྱན་ཞལ་རས་ལ་སོགས་དངོས་ལྟར་མཇལ། །དེ་ནས་ཚུར་འོང་རང་གི་ས་རུ་ཕྱིན། །ཡང་ནི་ཁང་པ་ཆེན་པོ་ཞིག་གི་ནང་། །ཚོགས་ཀྱི་འཁོར་ལོ་ཞིག་ནི་བཤམས་གདའ་བས། །ང་རང་ཁང་པ་དེ་ཡི་རྒྱབ་ཏུ་ཕྱིན། །ང་ནི་སྒྱུ་མའི་ལུས་ཡིན་སྤྲུལ་པ་བྱེད། །བསམས་ནས་སྤྲུལ་པ་ཞིག་ནི་ནང་དེར་སོང་། །ཚོགས་འཁོར་དེ་ཡི་ཚོགས་དཔོན་བྱས་པ་རྨིས། །ནུབ་ཅིག་གཉིད་མ་ཐག་ཏུ་འོད་གསལ་ཟིན། །དེ་ནས་གཉིད་པ་ཡིན་པར་ངོ་ཤེས་ནས། །གཉིད་ཁུང་འདི་ནས་འོད་གསལ་ངང་འདི་ན། །སྒོམ་པ་ཚེས་གཟུང་གར་སྐྱེ་ལྟ་བསམ་བལྟས། །དེ་ཚེ་ལྷོ་ནུབ་རྔ་ཡབ་གླིང་ཕྲན་མཐོང་། །གླིང་དེའི་དབུས་ན་གྲོང་ཁྱེར་དཔག་

p. 288

མེད་མཐོང་། །དེ་ཡི་དབུས་ན་ཟངས་མདོག་དཔལ་གྱི་རི། །མཐོ་དང་སེང་གེ་འདུག་པའི་སྐེད་པ་ཡན། །དགོན་པ་ཁྲ་དང་ལྟེམ་མེ་འདུག་པའི་དབུས། །པདྨ་འོད་འབར་གཞལ་ཡས་ཁང་དེ་ནི། །གཙུག་ལག་ཁང་གི་རྣམ་པའི་མཁར་ཆེན་པོ། །ཞིག་ནང་གྲོང་ཁྱེར་དགོན་པ་ཐམས་ཅད་རྣམས། །དཀར་རྩི་གསོལ་ནས་ཁྲ་དང་ཧྲུག་ཧྲུག་གདའ། །ཚོན་རྩི་མང་པོས་ཁྲ་དང་ལྡེམ་ལྡེམ་པ། །ཁྲ་དང་ཁྲིགས་སེ་ཐམས་ཅད་མཐོང་ན་ཡང་། །དེ་ནས་གྲོང་ཁྱེར་དགོན་པ་མ་བལྟས་པར། །རྩེ་ཡི་ཕོ་བྲང་དེ་ལ་ལེགས་པར་བལྟས། །འདི་ནི་ཟངས་མདོག་དཔལ་གྱི་རི་བོའི་རྩེ། །པདྨ་འོད་ཀྱི་ཕོ་བྲང་དམ་པ་ཡིན། །སྙམ་ནས་ཚེས་གཟུང་འདི་ན་སྐྱེས་ནས་ཡོད། །སྙམ་པ་རང་གི་སེམས་ལ་ཤར་ཤིང་སྨྲས། །ནུབ་ཅིག་རྒྱ་གར་ཡུལ་གྱི་དུར་ཁྲོད་ནི། །ཚང་ཚིང་འཁྲིགས་པའི་གནས་སུ་ཕྱིན་པ་ན། །ནགས་ཚལ་འཐུགས་པོའི་གནས་ནས་གྱེན་དུ་སོང་། །ནགས་ཚལ་ཟད་སར་རི་འགུལ་འདྲ་བ་ན། །བྲག་རི་དམར་ནག་འདྲ་བ་དམར་གཏོར་འདྲ། །དེ་འདྲ་དགུ་འདུག་གཟིགས་སོགས་འཇིགས་པ་དང་། །འབྲུག་སྒྲ་དྲག་པོ་སེར་བ་དག་ཀྱང་འབེབས། །དེ་རུ་དང་པོ་འདག་སྐུ་རེད་སྙམ་ཛ། །ཕྱིས་ནས་

p. 289

འདག་སྐུ་མ་ཡིན་དངོས་འདྲ་བ། །ཡེ་ཤེས་མགོན་པོ་ཕྱག་དྲུག་འཇིགས་པའི་སྐུ། །ཤིན་ཏུ་འཇིགས་ཤིང་ཆེ་བ་ཞིག་མཇལ་བས། །བདག་གིས་དེ་ལ་བསྟོད་པ་འགའ་བྱས་རྨིས། །ཡང་ནི་ནུབ་ཅིག་རྨི་ལམ་ལུས་ཀྱིས་ནི། །རྒྱ་ནག་རྒྱལ་པོའི་ཕོ་བྲང་ནང་དུ་ཕྱིན། །ཁང་བཟང་ཤིན་ཏུ་ལེགས་པའི་ནང་དུ་ནི། །མཆོད་བཤམས་དཔག་ཏུ་མེད་པའི་སྣང་བ་ལ། །འདི་ཡི་དཀོར་བདག་རྣམ་སྲས་ནང་ནས་ཀྱང་། །ཁྱད་འཕགས་རྣམ་སྲས་དམར་པོ་ཡིན་ནོ་ཟེར། །འོ་ན་རྣམ་སྲས་སྒབ་འདྲེ་བེ་དཀར་གྱིས། །འདི་ན་གནོད་པ་འོང་ར་ཨེ་ཡོད་སྨྲས། །དེ་ཡི་གནོད་པ་འོང་ར་ཡུ་མེད་ཟེར། །རྒྱལ་པོ་ལེགས་པར་འགྲུབ་ན་འཁོར་རྣམས་ཀྱིས། །གནོད་པར་མི་ནུས་ཟེར་བ་བདེན་འདུག་སྙམ། །ནུབ་ཅིག་པོ་ཊ་ལ་རུ་ཕྱིན་པ་ཡིས་། །རྩེ་མོ་རྡོ་ཡི་ལྷ་ཁང་མཇལ་བ་ལ། །མགོན་པོ་བརྒྱ་རྩ་སྒྲོལ་མའི་ལྷ་ཁང་སོགས། །གར་ཡོད་དྲིས་ཤིང་བཤད་པ་འགའ་བྱས་རྨིས། །ཡང་ནི་ནུབ་ཅིག་ལྷ་སར་ཕྱིན་པ་ཡི། །ཤཱཀྱ་མུ་ནེ་དབུ་རྒྱན་ཕུད་པ་མཇལ། །ཇོ་བོས་དབུ་རྒྱན་ཕུད་པ་ད་རེས་བར། །མཇལ་བར་མ་མྱོང་སྨྲས་ཤིང་གཙུག་ཏོར་མཇལ། །ནུབ་ཅིག་རྒྱ་གར་རྡོ་རྗེ་གདན་དུ་ཕྱིན། །ཡེ་ཤེས་

p. 290

མགོན་པོ་ཕྱག་བཞི་པ་ཡི་ནི། །རྡོ་སྐུ་རང་བྱོན་ཆེན་པོ་ཞིག་ཀྱང་མཇལ། །རྡོ་རྗེ་གདན་གྱི་གཙུག་ལག་ཁང་དེ་ནི། །མཆོད་རྟེན་དབྱིབས་སུ་ཡོད་པ་དཀར་བྲོབ་བེ། །དེ་ལ་རང་གིས་སྐོར་བ་མང་དུ་བྱས། །རྡོ་རྗེའི་ས་གཞི་སྐལ་བཟང་སངས་རྒྱས་སྟོང་། །འབྱོན་པའི་གདན་ས་འདི་ཡིན་ཁྱད་པར་དུ། །མགོན་པོ་ཕྱག་བཞི་པ་ཡང་འདི་ན་གནས། །བསམས་ཤིང་དད་པ་ཆེན་པོ་བྱས་པ་རྨིས། །ཡང་ནི་ནུབ་ཅིག་ཕྱོགས་སུ་བལྟས་པ་ཡིས། །ཁང་བཟང་ཆེན་པོ་ལྕགས་རིས་བསྐོར་བ་མཐོང་། །ཁང་པ་དེ་ནང་བདེ་ཆེན་ཞིང་ཁམས་ཀྱང་། །དངོས་སུ་ཡོད་པ་ཡིན་ནོ་སྙམ་པ་དང་། །ནང་གི་ཞིང་གི་བཀོད་པ་མ་མཐོང་ཡང་། །ཕྱི་ཡི་ཁང་པ་དེ་ཉིད་མཐོང་བ་དང་། །རྗེས་སོར་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །སེམས་ལ་བདེ་བ་ཆེན་པོ་སྐྱེ་བར་གྱུར། །ནུབ་ཅིག་རྨི་ལམ་ནམ་མཁའི་དབྱིངས་སུ་འཕུར། །རང་གི་ཐུགས་ནས་མཆོད་པའི་སྤྲིན་སྤྲོས་ཏེ། །རི་ནི་བར་མའི་གནས་ལ་མཆོད་པ་བྱས། །ཡང་ནི་ནུབ་ཅིག་པོ་ཊ་ལ་རུ་ཕྱིན། །ཁྲག་རི་ལྕགས་རི་ལྟ་བུས་མཐའ་བསྐོར་བ། །དེ་ནང་མཚོ་ནི་པུས་ནུབ་ཙམ་གྱིས་གང་། །དེ་ཡི་དབུས་སུ་བྲག་འབུར་ཆེན་པོའི་སྟེང་། །རྡོ་ལས་གྲུབ་པའི་གཙུག་ལག་

p. 291

ཁང་ཞིག་འདུག །རྡོ་རྣམས་སྲ་མཁྲེགས་རྡོ་རྗེའི་བྲག་ཡིན་ཏེ། །གཞིག་གཞོམ་དག་དང་བྲལ་བ་ཡིན་ནོ་ཟེར། །ནུབ་ཅིག་རི་བོ་ཆེ་རུ་ཕྱིན་པ་ཡིས། །ལྷ་ཁང་ནང་དུ་ཞབས་དྲུང་བཞུགས་ཡོད་སྙམ། །ཁྲོམ་ཚོགས་མང་པོས་སྐོར་བ་བྱེད་ཅིང་གདའ། །བདག་ནི་འཕུར་ཏེ་བར་སྣང་ཁམས་ནས་ནི། །ལྷ་ཁང་དེ་ལ་སྐོར་བ་ལན་གསུམ་བྱས། །དེ་ཚེ་ཁྲོམ་པ་དེ་དག་ཐམས་ཅད་ནི། །ཌཱ་རུ་བཀྲོལ་ཞིང་ཤར་གྱི་ཕྱོགས་སུ་ཐལ། །ལྷ་ཁང་སྐོར་བ་ཞབས་ཏོག་བྱེད་པ་རྣམས། །མངོན་དགའི་ཞིང་དུ་འགྲོ་བའི་བརྡ་ཡིན་སྙམ། །ནུབ་ཅིག་རྒྱ་ནག་ཡུལ་དུ་ཕྱིན་པ་ལ། །རྒྱལ་པོའི་ཕོ་བྲང་ཡིན་སྙམ་ཁང་བཟང་ནི། །གཅིག་ནས་གཅིག་ཏུ་ཡུན་རིང་སོང་སོང་བས། །རྒྱ་ནག་ཙན་དན་ཇོ་བོ་ཡིན་ནམ་སྙམ། །སྐུ་རྒྱུ་ཙན་དན་དམར་པོ་ལས་གྲུབ་ཅིང་། །སྐུ་མདོག་མཚན་ནི་བཟང་པོ་ལྟ་བུ་ཡི། །ཕྱག་གཉིས་ཐུགས་ཀར་བསྣོལ་བའི་སྐུ་སྤྲུག་ནས། །པདྨའི་སྡོང་པོ་ཆེན་པོ་སྐྱེས་པ་ལ། །པ་ཏྲ་རིས་སུ་འཁྱིལ་བའི་ནང་དུ་ནི། །ལྟེ་བའི་ཐད་དུ་ཁ་སར་པཱ་ཎི་དང་། །ཐུགས་ཀའི་ཐོད་དུ་སྒྲོལ་དཀར་སྐུ་ཡོད་པ། །རྒྱན་རྣམས་ཐམས་ཅད་རིན་ཆེན་གསེར་ལས་བྱས། །མདུན་དེར་མར་མེ་ཚེ་འབར་

p. 292

ཞིག་ཀྱང་འདུག །དེ་འདྲ་ཤིན་ཏུ་གསལ་བར་མཇལ་བ་ཡི། །པུས་མོ་གཡོན་དུ་བདག་གིས་མགོ་གཏུགས་ནས། །བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་ཤོག་ཅེས་སྨྲས། །དེ་ནས་བློ་ཁ་རྫོགས་ནས་འོང་བ་རྨིས། །ཉིན་གཅིག་ཡུད་ཙམ་གཉིད་པའི་རྨི་ལམ་ན། །འཚོགས་པ་དགེ་འདུན་མང་པོའི་འཚོགས་དཀྱིལ་དུ། །ཕྱིན་པ་དེ་རྣམས་ཞྭ་དམར་བདུན་པ་ཡི། །བརྟན་བཞུགས་འདོན་ནས་གྱེར་མོ་བྱེད་ཅིང་གདའ། །འདོན་པ་དེ་ནི་བདག་གིས་མ་ཤེས་པས། །ང་རང་ངོ་ཡང་ཚ་བའི་སྣང་བ་བྱུང་། །ནུབ་ཅིག་སྟོད་ལུང་མཚུར་ཕུར་ཕྱིན་པ་ཡིས། །རྒྱལ་བ་ཡབ་སྲས་གཅིག་ཀྱང་མི་བཞུགས་སོ། །དབུས་གཙང་འདི་ཡི་གཏེར་སྲུང་ཆོས་སྐྱོང་ཚོ། །ཁྱེད་ཚོས་མི་ཤེས་ང་རང་མཁས་སྨྲས་པས། །བུད་མེད་ཅིག་གིས་བདག་ལ་འདི་སྐད་ཟེར། །ཁྱེད་རང་ཆོས་སྐྱོང་དངོས་སུ་འདུག་གོ་ཟེར། །ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་ནི། །སྐུ་ནི་གསལ་བར་མ་མཐོང་ཐག་རིང་ནས། །སངས་རྒྱས་བསྟན་དགྲ་ཇི་ལྟར་བསྒྲལ་བ་དང་། །རྣམ་ཤེས་དག་པའི་ཞིང་དུ་སྤར་བའམ། །ཡང་ན་ཆོས་ཀྱི་དབྱིངས་སུ་བསྟིམ་ལུགས་ཀྱི། །མགུར་མ་སྙན་པོ་ཞིག་ནི་འཐེན་པ་ཐོས། །ཡང་ནི་ཇོ་

p. 293

མོ་བཀྲ་ཤིས་ཚེ་རིང་མས། །བདག་ལ་མགུར་མ་ཞིག་ནི་གསུངས་པ་ཐོས། །ཡང་ནི་ནུབ་ཅིག་རྔ་ཡབ་གླིང་ཕྲན་མཐོང་། །དེ་ཡི་གླིང་མཐའ་ཞིག་ན་ལྷ་ཡི་ནི། །སྲིན་པོ་གཞོན་ནུ་མཆེ་བ་ཅན་ཞིག་ལ། །སྐྱེས་ནས་འདུག་པ་མཐོང་བའི་སྣང་བ་བྱུང་། །ནུབ་ཅིག་རྨི་ལམ་འབྲས་མོ་ལྗོངས་སུ་ཕྱིན། །མ་རྨོས་ལོ་ཐོག་ལེགས་ནི་གདའ་ན་ཡང་། །ད་རུང་མགོ་ནི་མ་བྱས་ཙམ་དུ་སྣང་། །ནད་མུག་མི་འགའ་ཤི་བའི་རོ་ཡང་མཐོང་། །ནུབ་ཅིག་རྨི་ལམ་བཟུང་བའི་རྣམ་པ་ནི། །འཕུར་ནས་ཡུན་རིང་ཡུལ་ཁམས་མང་པོ་བཅད། །དེ་ནས་ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་སླེབས། །ཨུ་རྒྱན་གན་དྷིའི་གཙུག་ལག་ཁང་དེ་ནི། །རྡོ་ལས་རང་བྱུང་ལྷ་ཁང་རྩེག་གསུམ་པ། །རི་བོ་ཆེ་ཡི་ལྷ་ཁང་འདི་འདྲ་ལ། །ཆེ་ཆུང་འདི་ལས་སུམ་ལོག་ཨེ་ཡོད་ཙམ། །དེ་ན་ཕྱིན་ནས་མཇལ་ཞིང་བདག་གིས་ནི། །སྐོར་བ་ཅུང་ཞིག་ཨེ་ཐུབ་བསམས་ན་ཡང་། །ཇི་ལྟར་འཕུར་ནས་སོང་ཡང་འཁོར་མ་ཐུབ། །ལྷ་ཁང་དེ་ནི་རྫུ་འཕྲུལ་འདྲ་བར་འདུག །རྒྱུད་རྣམས་ཀུན་གྱི་མཐའ་ཆོད་དཀའ་བ་ཡི། །བརྡ་དོན་ཡིན་པར་ཕྱིས་ནས་གོ་བ་སྐྱེས། །རྨི་ལམ་གངས་དཀར་ཏི་སེ་ཡིས། །རི་ཡི་ནང་དུ་ཕྱིན་པ་ཡི། །

p. 294

ཁང་པ་འདྲ་བའི་ཕུག་པ་ན། །ལོངས་སྤྱོད་ཀ་ཆ་མང་པོ་གདའ། །ཁྲག་ལ་རང་བྱོན་མང་པོ་དང་། །རིང་བསྲེལ་ཡང་ནི་མང་པོ་གདའ། །སྒོ་དང་འདྲ་བའི་ཕུག་པ་ནས། །མར་ལ་འོང་བའི་སྣང་བ་བྱུང་། །གཞན་ཡང་པོ་ཏ་ལ་རུ་ཕྱིན་ལ་སོགས། །ཞིབ་པར་བྲི་བར་མི་ལོངས་དེ་ཙམ་བྱ། །མི་གཡེལ་དགོངས་འདུས་སྒྲུབ་ཆེན་བཙུགས་པའི་དུས། །ཉམས་ཀྱི་འཁྲུལ་སྣང་མངོན་སུམ་འདྲ་བ་ལ། །དབང་ཕྱུག་ལྷ་མོ་ཉི་ཤུ་རྩ་བརྒྱད་ཀྱི། །ནང་ནས་ཤར་སྒོ་སྲུང་བའི་མཁའ་འགྲོ་མ། །རྡོ་རྗེ་ཁུ་བྱུག་ཞལ་ཅན་དེ་ཉིད་ནི། །དུང་གི་མདོག་ཅན་མགོ་ནི་ཁུ་བྱུག་ཞལ། །གཡུ་ཡི་རལ་པ་མདའ་ཚད་ཡོད་པ་ཞིག །དཀྱིལ་འཁོར་དྲུང་དེར་གར་སྟབས་བསྒྱུར་མཛད་ནས། །བདག་ལ་དགྱེས་པའི་ཚུལ་གྱིས་འཛུམ་བསྟན་ནས། །གཡུ་རལ་སྤྲུགས་ནས་ནམ་མཁའི་དབྱིངས་ལ་གཤེགས། །རྨི་ལམ་གནས་ཆེན་བསྐོར་འདི་བདུན་པའོ།། །།སྔོན་དུས་དབུས་ནས་ཕྱིན་ནས་ཡུན་མི་རིང་། །གནས་མདོའི་ཆུ་འདུས་ངོམ་ཆུར་ཆར་འབོད་བྱས། །རྨི་ལམ་དེ་རུ་གནས་པའི་ཀླུ་དེ་ནི། །བྱིསྦ་རམ་བུ་ཁམས་དང་སེག་གེ་བ། །གོས་དཀར་གྱོན་ཅིང་རྐང་པ་གར་སྟབས་དང་། །ལག་པས་ཐལ་མོ་སྦྱར་ནས་

p. 295

ཆོས་ཉན་པ། །དྭགས་པོའི་ཐར་རྒྱན་ནང་གི་ལས་རྒྱུ་འབྲས། །ཐམས་ཅད་ཆད་ལྷག་མེད་པར་རྒྱས་པར་བཤད། །འབྲོག་རུ་ཞིག་ཏུ་ཧོན་སྲུང་བྱས་པའི་དུས། །ནད་བདག་མི་གཞོན་འདྲ་བ་ཞིག་འདུག་པ། །བདག་གི་མདུན་དུ་གུས་ཚུལ་ཐལ་མོ་སྦྱར། །བདག་གིས་མི་གཡོ་བ་ཡི་སྒོམ་བཟླས་ཀྱི། །ལུང་ཞིག་བློ་ནས་བཤད་པ་རྨིས་པ་ཡིས། །ལོ་གཅིག་ཧྲིལ་པོ་རུ་པ་དེ་མ་ན། །རྡོ་གཟེ་མཚོ་ནག་ལ་ནི་ཀླུ་མཆོད་ཅིག །དགོས་ཟེར་ལ་ལས་དེ་ན་སེར་མོ་བ། །གཅིག་ཀྱང་འགྲོ་ནི་ཕོད་ར་མེད་དོ་ཟེར། །འགྲོ་ཁ་ཐོ་རངས་ཉམས་ཀྱི་སྣང་བ་ལ། །མཚོ་དེ་མཐོང་བའི་དཀྱིལ་ནས་ཉ་དཀར་པོ། །ཐང་ཤིང་འབྲིང་པོ་ཙམ་པ་གཉིས་གདའ་བ། །མཚོ་ནང་གཡས་འཁྱིལ་སྐོར་བ་བྱེད་པ་མཐོང་། །དེ་མ་ཐག་ཏུ་བཀྲ་ཤིས་ཁ་བཏགས་ནི། །དངུལ་མདོག་མ་ཡི་ཕོད་ཀ་གསར་པ་ཞིག །ང་ལ་བཀོན་ནི་སོང་བས་བཟང་སྙམ་སོང་། །འདྲབ་རྒྱས་རི་རྩར་གྲོང་ཆོག་ཅིག་གི་དུས། །བཀྲ་ཤིས་ཁ་བཏགས་ལས་གྲུབ་གདུགས་དཀར་པོ། །ཆེན་པོ་ཞིག་ནི་བདག་ལ་ཕུལ་ནས་བྱུང་། །གནས་བདག་དེ་ཡིས་བཀུར་སྟི་ཡིན་ནམ་སེམས། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་འདི་ཡིས་ནི། །དངོས་དང་

p. 296

སྤྲུལ་པ་ཡང་སྤྲུལ་དུ་མ་མཐོང་། །དུང་གི་ཕོར་པ་ལྷུང་བཟེད་ཙམ་གཅིག་ནི། །བདུད་རྩི་ཆང་གིས་བཀང་སྟེ་བདག་ལ་ཕུལ། །ཐག་རིང་སོང་ན་མི་དགའ་ར་མདའ་བྱེད། །སྙིང་ཉེ་རྗེས་འཇུག་མཆོད་ཀྱང་སྡོང་གྲོགས་བྱེད། །གཏམ་རྒྱལ་འདི་ནི་དཀར་ཕྱོགས་རང་མི་འདྲ། །ཆར་འབོད་དྲག་ལས་འགའ་ནི་བྱས་པ་ཡིས། །ཆོ་འཕྲུལ་ཆེར་བསྟན་གནོད་འཚེ་འགའ་ཡང་བྱས། །མཐར་ནི་དམ་ཐོག་བདག་དང་སློབ་བརྒྱུད་རྣམས། །དཀར་གཏོར་བསྔོས་ན་བསྟན་པ་སྲུང་བར་ཆད། །དབྱི་དོ་མཚོ་ནག་འདི་ལ་ཆར་འབོད་མང་། །དྲག་ལས་ཀྱང་ནི་མང་དུ་བྱེད་དགོས་བྱུང་། །དངོས་ཉམས་རྨི་ལམ་ཆོ་འཕྲུལ་འཇིགས་རུང་བསྟན། །མཐར་ནི་དམ་ཐོགས་བཀའ་ཡི་སྲུང་མ་སྟེ། །ཁྱེད་ལ་གནོད་པ་དགྲ་བོ་སུ་བྱུང་ཡང་། །བདག་གིས་བསྒྲལ་ཞེས་ཁས་ལེན་ཡང་ཡང་བྱས། །ལྕི་ཡི་ཀླུ་བདུད་འབོ་རང་ཞེས་བྱ་དང་། །ཆོ་འཕྲུལ་ཐོག་དང་སེར་བ་ལ་སོགས་བྱུང་། །དྲག་ཏུ་གཟིར་བས་དམ་ལ་ཐོག་པ་སྟེ། །ཁྱེད་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །གནོད་པ་མི་བྱེད་པ་ཡི་དམ་བཅའ་ཕུལ། །ར་ཛཱ་རྫོང་མགོའི་གནས་སུ་འདུག་པའི་ཚེ། །གནས་བདག་མཁའ་འགྲོའི་ཚོགས་ནི་ཡིན་ནམ་

p. 297

སེམས། །བུད་མེད་གཞོན་ནུ་མང་པོས་ཕྱག་འཚལ་ཞིང་། །གཡུ་དང་དུང་སོགས་རིན་ཆེན་སྣ་ལྔ་ཡི། །ཅ་ནེ་ལེགས་པོ་ལྔ་ནི་ཕུལ་སྣང་བྱུང་། །སྔོན་དུས་གྲོང་ཆོག་མང་དུ་བྱེད་པའི་ཚེ། །སྲོག་རླུང་སྨྱོ་ནད་ཅན་འགའོ་བཏུལ་བའི་དུས། །སྤྱི་འདྲེ་དོམ་ར་ཅན་གྱི་ཆོ་འཕྲུལ་ཆེ། །གུ་རུ་དྲག་པོས་སྒོ་ནས་དྲག་ཏུ་གཟིར། །བདག་ཅག་འཁོར་དང་བཅས་ལ་མི་གནོད་ཅིང་། །བདག་གི་སྲུང་སྐུད་ནག་པོ་སུས་བཏགས་པ། །གནོད་པ་མི་བྱེད་པ་ཡི་ཁས་ལེན་བྱས། །དུས་ཕྱིས་མཚམས་ཁུང་ཆར་འབོད་དྲག་དམིགས་འགའ། །བྱས་པས་ནུབ་ཅིག་བྲག་ཕུག་འདྲ་ཞིག་ན། །རི་དང་ས་ཡི་འོག་ཏུ་སོང་བ་ཡི། །ཀླུ་ཡུལ་ཡིན་ནམ་ཁང་པ་ཆེན་པོ་ནི། །ལོངས་སྤྱོད་དཔག་ཏུ་མེད་པས་གང་བ་ཡི། །ཁྱིམ་ནས་ཁྱིམ་གྱི་སྒོ་ནི་མང་པོ་ཕྱེས། །ཡ་ཟད་ཕུགས་སུ་ཕྱིན་ནས་ཕུགས་དེ་ན། །ཀླུ་བདུད་དུག་གི་སྤུ་གྲི་ཞེས་བྱ་བ། །ཀླུ་རྗེ་མི་སྔོན་རྟ་སྔོན་ཡིན་ནམ་སྙམ། །ལུས་ནི་མི་སྟོན་སྐེ་ནི་ཡན་དེ་སྟོན། །ཁ་དོག་སྔོན་པོ་ངོ་ཚད་གྲུ་གང་ཙམ། །མགོ་ལ་གཡུ་ཡི་རྨོག་ནི་གསོལ་བ་ཞིག །ཁྱེད་ཀྱིས་ཆར་འབེབས་ནམ་བྱེད་ཐམས་ཅད་ལ། །དྲག་ལས་ཁོ་ན་མ་མཛད་ང་ལ་གནོད། །ང་ནི་ཀླུ་ཡི་རིགས་

p. 298

ཞིག་ཡིན་པ་སྟེ། །ཆུ་ཡི་ནོར་བུ་ཡིན་པའི་རལ་གྲི་འདི། །ཁྱེད་ལ་འབུལ་ལོ་དྲག་ལས་མ་བྱས་ཀྱང་། །འདི་ཡོད་ཆར་པ་ངེས་པར་འབབ་པ་ཡིན། །ཞེས་ཟེར་རལ་གྲི་བཟང་པོ་བདག་ལ་ཕུལ། །ནུབ་ཅིག་ལྷ་འདྲེའི་ཚོགས་ནི་ཡིན་སྙམ་པའི། །སྐྱ་སེར་མང་པོ་འཚོགས་ས་ཞིག་ཏུ་ཕྱིན། །རང་གིས་ལག་ཏུ་གྲི་ཞིག་བཟུང་ནས་ཀྱང་། །ང་ཡི་དམ་ལ་གནས་པར་ཁས་ལེན་གྱིས། །སྨྲས་པས་མང་པོས་ཁས་ལེན་བྱས་ན་ཡང་། །ཁས་ལེན་མི་བྱེད་པ་ཡང་འགའ་གདའ་བས། །ཁས་ལེན་མེད་རྣམས་མགོ་བོ་གྲི་ཡིས་གཤག །ཡང་ནི་ནུབ་གཅིག་ས་སྨད་ཕྱོགས་ཀྱིས་ནི། །ནག་ཕྱོགས་ལྷ་འདྲེ་མང་པོ་གྲོས་བྱེད་ཅིང་། །སྟོད་ཕྱོགས་མི་ནི་དྲག་རིམ་ཁྲིད་འགྲོ་བའི། །གྲོས་བྱེད་མི་ནི་སུ་དྲག་དྲིས་བྱུང་བས། །བདག་གིས་མ་བཤད་སྙིང་རྗེ་ཆེན་པོ་བསྒོམས། །གཏོང་ལེན་དམིགས་པ་དྲག་པོ་བསྒོམས་མ་ཐག །ལྷ་འདྲེ་དེ་དག་ཐམས་ཅད་འགྱེལ་ནས་བརྒྱལ། །ཐམས་ཅད་ཤི་བ་འདྲ་ཞིག་རེད་སོང་རྨིས། །དེ་དག་ཁས་ལེན་གསལ་བ་ངེས་ཆེན་ཏེ། །གུས་ཚུལ་སྟོན་དང་དམ་ཆོས་ཉན་འདོད་དང་། །སྡོང་གྲོགས་བྱེད་ཚུལ་སྟོན་པ་བྲིར་མི་ལོངས། །དེ་ལྟར་ལྷ་འདྲེ་དམ་བཏགས་ཁས་ལེན་དག །ཕུལ་བ་འདི་

p. 299

ནི་རྣམ་གྲངས་བརྒྱད་པའོ།། །།དེ་ལྟར་ནང་གི་རྣམ་ཐར་འདི་རྣམས་ཀྱང་། །རེས་འགའ་ཉམས་སྣང་ཕལ་ཆེར་རྨི་ལམ་ཡིན། །འཁྲུལ་པའི་རྨི་ལམ་བདེན་པ་མ་མཆིས་ཀྱང་། །རང་བྱུང་རྡོ་རྗེས་སློབ་མ་ཞིག་ལ་ནི། །རྨི་ལམ་དབང་ལུང་གནང་ཆད་བྱས་ནས་གནང་། །དེ་བཞིན་གཤེགས་པ་སྒམ་པོ་པས་ཞུས་ནས། །རྨི་ལམ་ཡུལ་དུ་དབང་ལུང་ཐོབ་པ་འདི། །ཐོབ་གོ་ཆོད་དམ་མི་ཆོད་ཞུས་པའི་ཚེ། །ངེས་ཤེས་གྱིས་དང་དངོས་སུ་ཐོབ་པ་བས། །རྨི་ལམ་ཡུལ་དུ་ཐོབ་པ་ལྷག་གསུངས་སོ། །སྟག་ལུང་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་པས། །རྨི་ལམ་ཡུལ་དུ་མཇལ་ཞིང་དབང་དང་ལུང་། །ཐོབ་པ་དེ་གས་གོ་ཆོད་གསུངས་པ་ཡི། །བཀའ་ཤོག་གསལ་པོ་བདག་ལ་དངོས་སུ་གནང་། །མ་གཅིག་ལབ་སྒྲོན་གཅོད་ཀྱི་རྣམ་བཤད་ལས། །ས་མ་ཐོབ་པའི་གང་ཟག་ཐམས་ཅད་ཀྱིས། །གཉན་ས་ཨེ་ཆོད་ལྷ་འདྲེ་ཨེ་ཐུལ་སོགས། །རྨི་ལམ་ཉིད་དུ་བརྟག་པ་བྱེད་དགོས་གསུངས། །ཕག་མོ་གྲུ་པས་དམ་པ་རྒྱ་གར་ལ། །རྨི་ལམ་ཡུལ་དུ་ཞི་བྱེད་ཐོབ་པ་ལ། །ཞི་བྱེད་རྨང་ལམ་མ་ཞེས་གྲག་པ་དར། །དེ་བཞིན་འབྲུག་པའི་གསང་སྤྱོད་མནལ་ལམ་མ། །དེ་ཡང་རྨི་ལམ་ཡུལ་དུ་

p. 300

ཐོབ་པར་སྣང་། །དེ་ཕྱིར་འདིར་ཡང་རྨི་ལམ་བྲིས་པ་སྟེ། །འདི་དག་རང་དང་མཉམ་དུ་འགྲོགས་ན་ཡང་། །གཞན་གྱིས་མི་ཤེས་རང་གི་ནང་དུ་ནི། །ཉམས་དང་རྨི་ལམ་རྟགས་མཚན་བྱུང་ཚུལ་ཏེ། །དེ་ཕྱིར་ནང་གི་རྣམ་ཐར་ཞེས་བྱའོ། །གསང་བ་བསྒྲགས་པའི་ཉེས་པ་ལ་སོགས་པ། །ཉེས་པ་གང་མཆིས་ལྷ་སྲུང་རྣམས་ལ་བཤགས། །དགེ་བས་འགྲོ་ཀུན་བདེ་ཆེན་ཞིང་བགྲོད་ཤོག །ཅེས་པ་སྤྲུལ་པའི་སྐུ་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་གྱིས། བཀའ་ཡིས་བསྐུལ་ཕྱིར་རིག་སྔགས་འཆང་བའི་རྣལ་འབྱོར་པ་རཱ་ག་ཨ་སྱ་རང་ཉིད་ཀྱིས་བྲིས་པའོ།། །།

དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།

p. 301
p. 302

༄༅། །དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།

p. 303

ན་མོ་ཤཱཀྱ་མུ་ནེ་ཡེ། བཅོམ་ལྡན་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །དམ་ཆོས་དཀོན་མཆོག་བརྩེགས་པའི་ལེའུ་གསུམ། །རྨི་ལམ་བསྟན་པ་ཞེས་བྱའི་ལེའུ་ལས། །བྱང་ཆུབ་སེམས་དཔའ་གང་ཞིག་རྨི་ལམ་ན། །སྔོན་མ་ཐོས་པའི་ཆོས་དག་ཐོས་པ་ན། །དེ་ནི་སངས་རྒྱས་མང་པོར་བསྙེན་བཀུར་བྱས། །ཆོས་སྨྲ་མང་པོར་བསྙེན་བཀུར་བྱས་པ་སྟེ། །བྱང་ཆུབ་སེམས་དཔའ་དེ་ནི་རབ་དགའ་ནས། །རིང་དུ་སོང་བའི་བར་གྱི་ས་བདུན་པོ། །གང་རུང་ཞིག་ནི་ཡིན་པར་གསུངས་པ་དང་། །དེ་ལས་ཇི་སྐད་བྱུང་ཞེས་བྱས་པ་ན། །མྱུར་དུ་བྱང་ཆུབ་ཐོབ་པར་གསུངས་པ་དང་། །

p. 304

ཆོས་གཏམ་སྣ་ཚོགས་ཐོས་ན་ས་དང་པོ། །ཡོ་བྱད་བསྙུང་བའི་གཏམ་ཐོས་ས་གཉིས་པ། །ཐེ་ཚོམ་གཅོད་པའི་གཏམ་ཐོས་ས་གསུམ་པ། །གཟུངས་ཀྱི་གཏམ་ཐོས་ས་ནི་བཞི་པའོ། །མཚན་ཉིད་གཏམ་ཐོས་ས་ནི་ལྔ་པའོ། །དོན་དམ་པ་ཡི་གཏམ་ཐོས་ས་དྲུག་པ། །ཐམས་ཅད་ཐོས་ན་ས་ནི་བདུན་པར་གསུངས། །དེ་ལྟར་ས་ཐོབ་དག་ཡིན་སྙམ་པ་ཡི། །ང་རྒྱལ་རློམ་སེམས་དག་ནི་མ་མཆིས་ཏེ། །རྨི་ལམ་ཡུལ་དུ་སུས་ཟེར་མེད་པ་ཡི། །ཆོས་སྒྲ་ཅུང་ཟད་ཐོས་པ་འདིར་འགོད་བྱ། །རྗེ་བཙུན་ཆེན་པོ་མི་ལ་རས་པ་ཡིས། །ཡེ་ཤེས་མཁའ་འགྲོ་མ་ཡི་ལུང་བསྟན་དང་། །

p. 305

ས་བླ་འབྱུང་པོའི་འདྲེ་འབོད་ནོར་གསུངས་པ། །དེ་བཞིན་ཡེ་ཤེས་ལྷ་ཡི་ལུང་བསྟན་དང་། །བར་ཆད་བདུད་ཀྱི་བསླུ་བ་འབྱེད་དཀའ་ཡང་། །འདི་དག་མདོ་རྒྱུད་ལུང་དང་མཐུན་པ་དང་། །འདི་དག་བྱུང་བཞིན་ཐུགས་དམ་ཇེ་འཕེལ་བས། །ལུས་སྲོག་ཆོས་དང་སྡོམ་པ་དམ་ཚིག་ལ། །བར་ཆད་མ་བྱུང་ཇེ་ལེགས་བྱུང་བའི་ཕྱིར། །བདུད་དང་འབྱུང་པོ་མིན་པར་དེ་ཡིས་ཤེས། །དེ་ལ་དགེ་སློང་རཱ་ག་ཨ་སྱ་བདག །རང་ལོ་ཉི་ཤུ་དབུས་རུ་འཕེན་པོའི་ཡུལ། །ཟ་དམ་འོད་ཟེར་དམ་པའི་གཙུག་ལག་ཏུ། །སྒྲིགས་འགྲིམས་སྒར་ཆེན་དེ་རུ་བཞུགས་དུས་སུ། །ནུབ་ཅིག་གཉིད་ལ་འགྲོ་ཁའི་རྣམ་རྟོག་ལ། །སྒྲིགས་དང་འགལ་བའི་ཉོན་མོངས་རྟོག་པ་འགའ། །ཡིད་ལ་ཕྲེང་བཞིན་གཉིད་དུ་སོང་མ་ཐག །རྒྱལ་བ་མཆོག་གི་སྤྲུལ་སྐུ་འདི་། །བྱམས་པ་ཆེན་པོ་དངོས་སུ་བྱོན་པ་ཡིན་ཏེ། ད་ཁྱེད་གདུལ་བྱ་རྣམས་ཀྱིས་ཡིད་ལ་འདི་འདྲ་དྲན་པར་འདུག །ཅེས་པའི་སྒྲ་ཞིག་རྣ་བར་ལྷང་གིས་གྲག །དེ་ཕྱི་ཆོས་ཁྲིམས་པ་དང་སྤྱི་པའི་སྒྲིགས། །གང་ལས་ཀྱང་ནི་དེ་ཉིད་སྐྲག་པར་བྱུང་། །སྒྲིགས་དང་འགལ་བའི་བྱ་བ་ཅུང་ཟད་ཙམ། །ཡིད་ལ་ཕྲེང་ཡང་སློབ་དཔོན་རིན་པོ་ཆེས། །གཟིགས་ནི་ཡོད་དོ་བསམ་

p. 306

པ་ཁོ་ན་བྱུང་། །དུས་ཕྱིས་མཆོག་གི་སྤྲུལ་སྐུ་ཞིང་བརྗེས་ནས། །རྒྱལ་དབང་བཅུ་པའི་ཞལ་གདམས་ཤོག་དྲིལ་ན། །སི་ཏུ་སྤྲུལ་སྐུའི་འཚོགས་ལ་གསུངས་པ་ལས། །བྱང་ཆུབ་སེམས་དཔའ་བྱམས་པ་དེ་ཉིད་ནི། །ཆོས་ཀྱི་དབང་ཕྱུག་ཡིན་ཚུལ་གསུངས་འདུག་པས། །ངེས་ཤེས་ཐོབ་སྟེ་བདག་གི་མཁན་པོ་དེ། །རྒྱལ་བ་བྱམས་པ་དངོས་ཉིད་ཡིན་སྙམ་པའི། །བྱམས་སྨོན་ལོ་གྲངས་དྲུག་བདུན་ཆག་མེད་བྱས། །དེ་ཡང་དེ་ཡི་ཚིག་རྐང་དང་པོ་ལ། །བྱམས་པ་ལུང་བསྟན་ལ་སོགས་འདོན་སྣ་གཉིས། །ཞྭ་དམར་སྐྱེས་རབས་ཡོངས་འདུས་ལྗོན་པ་ཡི། །དོན་རྣམས་བསྡུས་ཕྱིར་རྒྱས་པར་འཆད་ན་ནི། །དེ་དག་དོན་རྣམས་བཤད་དུ་རུང་བའོ། །ཚིག་རྐང་གཉིས་པར་ཐེག་པ་ཐུན་མོང་བའི། །ཉམས་ལེན་ཞེ་སྡང་གཉེན་པོར་བྱམས་པ་བསྒོམ། །འདོད་ཆགས་གཉེན་པོར་མི་སྡུག་བསྒོམ་པ་དང་། །གཏི་མུག་གཉེན་པོར་རྟེན་འབྲེལ་བསྒོམ་པ་འདུས། །དེ་ཕྱིར་ཐེག་པ་ཐུན་མོང་ལམ་རིམ་ཚང་། །ལུས་ངག་ཡིད་གསུམ་ལོག་པའི་ལམ་ལས་སྐྱོབ། །ཐར་པ་བྱང་ཆུབ་ལམ་ལ་འཁྲིད་མཛད་པ། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོག །ཧེ་རུ་ཀ་དཔལ་དྷརྨེ་ཤྭ་ར་

p. 307

མཁྱེན། །ད་རུང་རྣམ་མཁྱེན་བར་དུ་བསྐྱབ་ཏུ་གསོལ། །དེ་ལྟར་བླ་མ་དམ་པའི་མཚན་ཉིད་དང་། །ཐུན་མོང་ཐེག་པའི་ལམ་རིམ་ཚིག་གཅིག་མ། །རྨི་ལམ་ཡུལ་དུ་ཐོས་འདི་དང་པོའོ།། །།ཁམས་སུ་ཕྱིན་ནས་གྲོང་ཆོག་བྱེད་པའི་ཚེ། །སྤྱིར་ཡང་དབང་ལུང་རྒྱ་ཆེན་འདོད་པ་དང་། །ཁྱད་པར་ནུབ་གཅིག་ཉལ་ཁའི་རྣམ་རྟོག་ལ། །སྦྱོར་དྲུག་རིམ་ལྔ་ཞི་བྱེད་ལ་སོགས་པ། །མདོར་ན་ད་ལྟ་བོད་དུ་ཡོད་ཚད་ཀྱི། །དབང་ལུང་ཁྲིད་རིམ་ཡོངས་སུ་གྲགས་པ་ཀུན། །བདག་གིས་ཐོབ་པ་བྱུང་ན་ཅི་མ་རུང་། །དང་པོ་ལོ་ཤས་འབུལ་སྡུད་ཅིག་བྱེད་ནས། །འབུལ་བ་ཚན་ཆེན་ཁྱེར་ནས་དབུས་སུ་འགྲོ། །བླ་མ་རྣམས་ལ་སོ་སོར་འབུལ་བྱས་ནས། །རྒྱུད་པ་ཁུངས་བཙུན་རྒྱ་ཆེན་ཐོབ་ལགས་ཏེ། །དཀའ་ཚེགས་ཆེ་ཞིང་ལམ་དུ་ཟས་ནོར་རྣམས། །མགོ་ཐོན་དཀའ་བས་དེ་ཡང་བར་ཆད་ཆེ། །ཡང་ན་བླ་མ་བཟང་ངན་མི་འདམ་པར། །ཐམས་ཅད་ཀུན་ལ་གང་ཐོབ་ཞུས་ན་ནི། །མང་དུ་ཐོབ་སྟེ་རྒྱུད་པ་གཙང་མ་དཀའ། །དེ་གཉིས་གང་དགའ་བསམ་ཞིང་གཉིད་མ་རྙེད། །ཐོ་རངས་ཨེ་ཟིན་ཙམ་ལ་གཉིད་པ་ཡི། །རྨི་ལམ་ཡུལ་དུ་ཞྭ་དམར་དྲུག་པ་ཡིས། །བཀའ་ཤོག་ཐིལ་དམར་ཅན་ཞིག་

p. 308

གཏང་བྱུང་བ། །ཀློག་པས་གོས་ཆེན་དམར་པོ་གདིང་བ་ཙམ། །ཤིན་ཏུ་བཟང་པོའི་ངོས་ལ་གསེར་གྱིས་བྲིས། །དབུས་ཡིག་ཕྱག་བྲིས་འདྲ་བའི་ཡི་གེ་ལ། ༢ །སྦྱོར་དྲུག་རིམ་ལྔ་ཞི་བྱེད་ལ་སོགས་དེ་ཐམས་ཅད་ཐོབ་ཀྱང་། བླ་མ་ལ་མོས་གུས་ཀྱི་སེམས་མ་ཟིན། རང་གི་སེམས་ངོ་སྐྱོང་མ་ནུས་ན་ཕན་མེད། བླ་མ་ལ་མོས་གུས་ཀྱི་སེམས་ཟིན། རང་སེམས་ངོ་སྐྱོང་ནུས་ན་དེ་རྣམས་མ་ཐོབ་ཀྱང་བཟོད། ཟེར་བ་འདུག་རྨིས་དེ་ནས་སྤྲོས་པ་ཆོད། །བཀའ་གདམས་པ་ཡི་དགེ་བའི་བཤེས་གཉེན་རྣམས། །སྤྲོས་པ་ནང་ནས་ཆོད་པ་ལེགས་གསུངས་པའི། །དོན་རྣམས་ཐམས་ཅད་འདི་རུ་ཚང་བ་སྟེ། །བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའང་། །འཇིག་རྟེན་ཁམས་ནི་དཔག་ཏུ་མེད་པ་ན། །ཐུབ་པས་ཆོས་ཀྱི་རྣམ་གྲངས་གསུངས་པ་རྣམས། །ཚིག་ནི་ཐ་དད་དོན་ནི་གཅིག་པའི་ཕྱིར། །ཚིག་གཅིག་བསྒོམས་ན་ཐམས་ཅད་སྒོམ་པར་འགྱུར། །ཞེས་པ་དང་མཚུངས་གོ་བ་ཆེར་སྐྱེས་ནས། །དེ་ཕྱིར་དབང་ལུང་ཐོབ་པ་ངོམ་མེད་ཀྱང་། །མ་ཐོབ་ན་ཡང་ཧ་ཅང་སེམས་འཛེར་མེད། །དེ་ལྟར་སྤོས་པ་ཆོད་པའི་གདམས་པ་འདི། །བཀའ་ཤོག་རྨི་ལམ་ཕེབས་འདི་གཉིས་

p. 309

པའོ།། །།ཡང་ནི་རྒྱལ་བ་རྒྱ་མཚོའི་དབང་བཞི་ནི། །ཐོབ་པ་དཀོན་པས་ཐོབ་བམ་མི་ཐོབ་རྟགས། །ཉམས་དང་རྨི་ལམ་གང་ཡིན་མ་འབྱེད་པར། །གཟུགས་མེད་པ་ཡི་ལུང་བསྟན་སྒྲ་འདི་གྲག ༢ བཀྲ་ཤིས་འཛིན་པའི་དགེ་སློང་། མངྒ་ལཾ་ག་ག་ན་དྷུ་ཛ། དེ་སྐད་བྱུང་བས་དེ་ཡི་ནངས་པར་ནས། །མཁས་གྲུབ་ལུང་རིགས་ཉི་མའི་བཀའ་ཤོག་ཕེབས། །དབང་ལུང་ཡོད་པས་ཤོག་དང་གནང་གསུངས་གདའ། །དེ་ཡི་དོན་དེ་བཀྲོལ་ན་འདི་ལྟ་སྟེ། །བཀྲ་ཤིས་འཛིན་པའི་དགེ་སློང་བཀྲ་ཤིས་ནམ་མཁའ་རྒྱལ་མཚན། །ཞེས་པ་བྱུང་སྟེ་ཁོང་ལ་དབང་ལུང་ནི། །བཞུགས་པ་བཀྲ་ཤིས་འཛིན་པའི་དགེ་སློང་སྟེ། །ཞུས་ན་བཀྲ་ཤིས་ནམ་མཁའ་ལྟར་རྒྱ་ཆེ། །མི་ནུབ་རྒྱལ་མཚན་དམ་པར་འགྱུར་བའི་ལྟས། །ལུང་བསྟན་སྒྲ་ཐོས་འདི་ནི་གཉིས་པའོ།། །།དེ་ནས་འཁོར་བའི་སྡུག་བསྔལ་ཡིད་དབྱུང་ཞིང་། །བདེ་ཆེན་ཞིང་བཀོད་མདོ་དང་འོད་མདོ་དང་། །མ་གཅིག་དམ་ཚིག་ཉེར་གཉིས་ལ་སོགས་པ་། །གནད་གསང་རིག་ཕྱིར་འཁོར་བར་མི་སྐྱེ་ཞིང་། །ཞིང་ཁམས་གཞན་ལ་འདོད་པ་མེད་པ་ནི། །བདེ་བ་ཅན་དུ་སྐྱེ་བའི་ཐབས་ལ་འབད། །དེ་ཚེ་ཉམས་དང་རྨི་ལམ་མི་འབྱེད་

p. 310

པར། །གཟུགས་མེད་ཆོས་ཀྱི་སྒྲ་ནི་འདི་ཐོས་སོ། །མི་རུ་སྐྱེ་བར་མི་འདོད་ཅིང་། །བདེ་བ་ཅན་དུ་སྐྱེ་འདོད་ན། །འཕོ་བའི་གདམས་ངག་བསྒོམ་པ་གཅེས། །དེ་སྐད་ཟེར་བ་དེ་ཡི་དོན་དེ་ནི། །རྒྱུད་དང་མན་ངག་གཉིས་པོ་ངོ་མཚར་བས། །བདེ་ཆེན་ཞིང་དུ་འཕོ་བའི་གདམས་པ་ལ། །ངེས་ཤེས་ཐོབ་པའི་བློ་སེམས་བདེ་བ་བྱུང་། །འཕོ་བའི་ལུང་བསྟན་ཐོས་འདི་གསུམ་པའོ།། །།ཡང་ནི་རྨི་ལམ་ཤོག་དྲིལ་རྙེད་པའི་ནང་། །བདེ་ཆེན་མངོན་སུམ་མཐོང་བའི་ཐབས། །མདོ་ལུགས་སྔགས་ལུགས་གཉིས་ཀ་ལས། །མདོ་ལུགས་ལྟར་ན་རང་མདུན་དུ། །བདེ་ཆེན་ཞིང་བཀོད་ཐང་སྐུ་གཅིག་བཤམས་ལ། །དེ་ལ་དམིགས་པ་མ་ཡེངས་ཡང་ཡང་བལྟ། །སྔགས་ལུགས་ལྟར་ན་རྩ་གཅིག་མིག་ལ་ཟུག་ཡོད་དེ། །རྩ་དེའི་ནུས་པས་མཐོང་བར་བཤད། །ཟེར་བ་འདུག་པས་དེ་དོན་གོ་བ་སྐྱེས། །འོད་མདོ་ཞིང་བཀོད་མདོ་དང་བདེ་སྨོན་དང་། །ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་པ་ཡི། །ཏིང་ངེ་འཛིན་གྱི་མདོ་སྡེ་རྣམས་ཀྱི་དོན། །ཚིག་རྐང་དང་པོའི་ནང་དུ་འདུས་འདུག་ཅིང་། །དེ་ཡི་གནད་གསང་ཟབ་མོ་བདག་གིས་རྟོགས། །ཚིག་རྐང་ཕྱི་མའི་དོན་ནི་རྫོགས་

p. 311

ཆེན་གྱི། །སྒྲོན་མེ་དྲུག་གི་གདམས་པ་ཡིན་པར་གོ །མདོ་ལུགས་སྔགས་ལུགས་བདེ་ཆེན་ཞིང་མཐོང་ཐབས། །རྨི་ལམ་ལུང་བསྟན་ཐོབ་འདི་བཞི་པའོ།། །།ཡང་ནི་ཁྲོ་ཆུ་ཞོར་སྒྲུབ་ལྟ་བུ་ལ། །ཞག་གྲངས་ཉེར་གཅིག་བསྙེན་པ་བྱས་སྐབས་སུ། །རྨི་ལམ་ཡུལ་དུ་གཏམ་རྒྱུད་འདི་འདྲ་ཞིག །བཤད་མཁན་དངོས་པོ་མ་མཐོང་རྣ་བས་ཐོས། ༢ །སྔོན་བྲམ་ཟེ་ཞིག་གི་བྲན་མོ་ཞིག་གིས། །འཕགས་པ་འཇམ་དབྱངས་ཡི་དམ་དུ་བྱས་ཤིང་། །ཨོཾ་ཝ་གི་ཤྭ་རི་མཱུ་ཞེས་བསྙེན་པས། དུས་རེ་ཞིག་ན་བྲན་མོ་དེ་ཕྱི་སྒོར་སོང་བ་ན། ནམ་མཁར་འཇམ་དཔལ་ཞལ་གཟིགས། དེ་མ་ཐག་བྲན་མོ་དེ་འཇམ་དབྱངས་ཀྱིས་ནམ་མཁའ་ལ་ཁྱེར་ནས་འཇམ་དཔལ་རིགས་ལྔའི་ཞལ་མཐོང་། དབང་དང་གདམས་ངག་བསྟན། དེ་ནས་བྲན་མོ་ས་ལ་བབས་ནས་ཁྱིམ་དུ་སོང་བས། བྲམ་ཟེ་ན་རེ། ཁྱེད་ད་བར་གར་སོང་ཟེར། མོ་ན་རེ། བདག་ནི་འཇམ་དཔལ་ཞལ་མཐོང་ནས། ནམ་མཁར་ཁྱེར་ཏེ། འཇམ་དཔལ་རིགས་ལྔ་དང་མཇལ་ནས། དབང་དང་གདམས་ངག་ཐོབ་ནས་གྲུབ་པ་བརྙེས་སོ། །ཞེས་སྨྲས་པས་བྲམ་ཟེ་དེ་དད་ནས། དབང་དང་གདམས་ངག་ཞུས་པས། བྲམ་ཟེ་ཡང་

p. 312

གྲོལ་ཏེ་གྲུབ་པ་ཐོབ། ཅེས་གསུངས་སོ། །བསོད་ནམས་ཆུང་ཞིང་དབང་པོ་རྟུལ་བ་ཡི། །བྲན་མོས་འཇམ་དཔལ་བསྙེན་པས་གྲུབ་ཐོབ་ན། །གཞན་དག་རྩེ་གཅིག་ཡི་དམ་ལྷ་བསྒྲུབས་ན། །ཅི་ཕྱིར་མི་འགྲུབ་དེ་ཕྱིར་བརྩོན་པ་ཡི། །ཡི་དམ་ལྷ་ལ་བསྙེན་སྒྲུབ་བརྩོན་འགྲུས་བྱས། །ཞེས་པ་འདི་ནི་དེ་ཡི་དོན་ཡིན་ནོ། །རྨི་ལམ་གཏམ་རྒྱུད་སྔོན་བྱུང་ལོ་རྒྱུས་ལ། །བརྟེན་ནས་སྐྱོ་བ་སྐྱེ་འདི་ལྔ་པའོ།། །།དེ་ནས་ཡེ་ཤེས་མགོན་པོ་ཕྱག་བཞི་པའི། །རྟེན་གཏོར་ལ་བརྟེན་རྒྱུན་བསྙེན་བྱེད་སྐབས་སུ། །རང་ངམ་གཞན་གྱི་རྣམ་པར་ཤེས་པ་ནི། །ནམ་མཁའ་སྒོ་འབྱེད་བྱས་ཏེ་ལུས་པོ་དེ། །ཚོགས་འཁོར་ལྟར་དུ་བྱིན་གྱིས་བརླབས་ནས་ནི། །ནམ་མཁར་ཡེ་ཤེས་མགོན་པོའི་ལྷ་ཚོགས་ལ། །འབུལ་བའི་དམིགས་རིམ་ཟབ་མོའི་སྒྲ་བསྒྲགས་ཏེ། །འདི་ནི་ཟུར་མང་ལུགས་ཀྱི་གཅོད་ཡིན་ཏེ། །འདི་ལྟར་བསྒོམས་པས་ཚེ་ནི་ཟད་ན་ཡང་། །ལོ་ནི་བཅུ་གཉིས་ཚེ་བསྲིང་ནུས་སོ་ཞེས། །བཏབ་པ་བྱེད་ལུགས་སྒྲ་ཞིག་གྲག་པ་ནི། །སྔོན་དུས་དྲུང་ཆེན་མཁའ་སྤྱོད་པ་ནས་ནི། །རིམ་པར་བརྒྱུད་པ་ཡི་གེ་མེད་པ་ཡི། །དམིགས་པ་ཚོགས་དང་བསྲེ་བའི་བསྟབ་པ་ཞིག །ཡོད་པ་དེ་དང་དོན་

p. 313

ནི་གཅིག་པར་གདའ། །དེ་ནས་བསྟབ་པ་ཞུ་མི་གལ་ཆེན་འགར། །ཉམས་མཚར་དམིགས་པ་དེ་ཉིད་ཁོ་ན་ལ། །འབད་པས་ཕན་ཐོགས་ཆེ་བ་འགའ་བྱུང་ཞིང་། །རང་ཉིད་རིམས་སོགས་ན་བའི་སྐབས་འགའ་ལ། །དེ་ཉིད་ཕུར་ཚུགས་བསྒོམས་ན་ཕན་པར་སྣང་། །འདི་ནི་ཨོ་རྒྱན་ཆེན་པོས་གསུངས་པ་ཡི། །ཆོས་སྐྱོང་འཁུ་ན་གནད་ལ་དབབ་ཐབས་དང་། །མ་གཅིག་གཅོད་ཀྱི་དོན་ཀུན་འདིར་ཚང་སྟེ། །འདི་ཡི་རྩ་ཚིག་ལོགས་སུ་བྲིས་པ་ཡོད། །བསྟབ་པ་ལུང་བསྟན་བྱུང་འདི་དྲུག་པའོ།། །།དེ་ནས་ཐུགས་རྗེ་ཆེན་པོ་གཙོར་བསྒྲུབས་ནས། །ཡུན་རིང་མཚམས་ཀྱི་དམ་བཅའི་དུས་ཡིན་ཏེ། །བསྐྱེད་རྫོགས་གཉིས་ཀའི་ཁྱབ་གཞི་སེམས་ཡིན་པས། །ཟེར་བའི་སྒྲ་ཞིག་རྨི་ལམ་ཡུལ་དུ་ཐོས། །དེ་ལ་བརྟེན་ནས་བསྐྱེད་རྫོགས་ཟུང་འཇུག་དང་། །གཞི་ཡི་ཕྱག་ཆེན་གོ་རྟོགས་ཆེན་པོ་སྐྱེས། །བསྐྱེད་རྫོགས་ཡ་བྲལ་མིན་པར་ཟུང་འཇུག་གི །ལུང་བསྟན་བྱུང་འདི་ངོ་མཚར་བདུན་པ་ཡིན།། །།ནུབ་གཅིག་ཁྲོམ་པ་འགའ་ལ་ཆོས་བཤད་དེ། །རང་རེ་རྣམས་ནི་ནམ་འཆི་མི་ཤེས་ཏེ། །ཤི་དུས་བློ་བདེའི་འདུན་མ་འགྲུབ་ན་ལེགས། །ཐ་ནའང་འཆི་ཁ་མི་འགྱོད་

p. 314

ཙམ་ཞིག་ནི། །མེད་ཐབས་མེད་སོགས་རྒྱས་པར་བཤད་བྱས་ནས། །ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་སྒྲུབ་པ་གང་ཡིན་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་མྱུར་ཐོབ་ཤོག །དེ་སྐད་བདག་གིས་གཞན་ལ་བཤད་རྨིས་ཀྱང་། །དངོས་སུ་དེ་དོན་ཁ་ཞེ་མེད་པ་རུ། །བདག་གི་རྒྱུད་ལ་སྐྱེས་འདི་བརྒྱད་པ་སྟེ།། །།ལས་དང་རྒྱུ་འབྲས་དོན་ཀུན་དེར་འདུས་སོ། །རྨི་ལམ་རྡོ་རྗེ་སློབ་དཔོན་དོན་ཡོད་མཚན། །མཇལ་ནས་ཆོས་གཏམ་གསུང་གླེང་འགའ་བྱས་པས། །གཞི་ཡི་ཕྱག་རྒྱ་ཆེན་པོའི་ལྟ་བ་ནི། །ཡ་ཀི་སངས་རྒྱས་ཀུན་གྱི་ཐུགས་རྒྱུད་དང་། །མ་ཀི་སེམས་ཅན་འབུ་སྲིན་ཡན་གྱི་སེམས། །རྣམ་འབྱོར་རང་གི་སེམས་གསུམ་ངོ་བོ་ལ། །བཟང་ངན་སྤུ་ཙམ་མེད་པ་ཅི་ཡིན་ཞུས། །ཕྱིས་ནས་རིམ་པར་གོ་བ་མ་ཡིན་པར། །དེ་འདྲའི་རྟོགས་པ་དག་ཀྱང་སྐྱེས་པ་སྟེ། །རྡོ་རྗེ་སློབ་དཔོན་རིག་འཛིན་ཆེན་པོ་ཡིས། །བདག་གི་བསམ་གཏན་དྲོད་ནི་ཉུལ་བ་ལ། །བརྟེན་ནས་ལྟ་བ་རྟོགས་འདི་དགུ་པའོ།། །།རྒྱལ་བ་རྒྱ་མཚོ་ལྷ་ལྔའི་མངོན་རྟོགས་ཀྱི། །གསང་བ་ཡེ་ཤེས་མཁའ་འགྲོ་ཕྱག་གཉིས་དང་། །ཕྱག་བཞི་མ་སོགས་

p. 315

འདྲ་མིན་འགའ་བྱུང་བས། །གང་ཡིན་ཐེ་ཚོམ་བྱུང་ནུབ་རྨི་ལམ་དུ། །རེས་འགའ་ཡི་གེ་མཐོང་བ་ཡིན་སྙམ་བྱེད། །རེས་འགའ་དེ་འདྲའི་སྒྲ་ཞིག་གྲག་སྙམ་བྱེད། །སྒྲུབ་ཐབས་རྣམས་ཀྱི་བསྟོད་པ་ཕལ་ཆེར་འདྲ། །སྨད་ནི་ཅུང་ཟད་འདྲ་མིན་ཞིག་བྱུང་བ་ནི། གསང་སྔགས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་གྲག་པའི་དོན་ཡིན་ནོ། །ཟེར་བ་བྱུང་བས་དོགས་པ་ཆོད་པ་བྱུང་། །ཡང་ནི་རྨི་ལམ་མི་ནི་འགའ་རེ་ལ། །བདག་གིས་ཐུགས་རྗེ་ཆེན་པོའི་དབང་བསྐུར་བའི། །ཐོག་མར་ཡིག་དྲུག་ཕན་ཡོན་འདི་ལྟར་བཤད། །དཔེར་ན་ནས་ཕུང་ཆེན་པོ་ཞིག་གི་དཀྱིལ། །ནས་འབྲུ་གཅིག་བླངས་བ་གང་ཡིན་པ་དེ་ནི། དགེ་བའི་ཆོས་གཞན་ཐམས་ཅད་ཡིན་པ་ལ། ནས་ཕུང་ཐམས་ཅད་ཀྱི་ནང་ནས་ནས་འབྲུ་ནི། ཡི་གེ་དྲུག་པ་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ཡིན་ནོ། །ཞེས་སོགས་བཤད་པ་དེ་ཡང་དོན་ལ་འཐད། །ཟ་མ་ཏོག་གི་མདོ་ཡི་དོན་འདུས་སོ། །རྨི་ལམ་རང་གི་ཐེ་ཚོམ་བཅད་པ་དང་། །གཞན་ལ་དབང་བསྐུར་ཆོས་བཤད་བཅུ་པའོ།། །།རྨི་ལམ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །གླེགས་བམ་མང་པོ་འདུག་པ་གཅིག་ཕྱེས་པ། །མཐིང་ཤོག་ངོས་ལ་དངུལ་བྲིས་ལེགས་པོའི་

p. 316

ནང་། །རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ་རྣམས་ལ་གསོལ་བ་བཏབ་ན། །རྒྱལ་པོའི་འཇིགས་པ་ལ་སོགས་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་འགྱུར། ཟེར་བ་འདུག་པས་བརྒྱུད་རིམ་འདི་དག་ནི། །སྟོན་པས་གསལ་པོར་གསུངས་པ་རྣམས་བསམ་ཞིང་། །འདི་ལ་བླ་མའི་རྣལ་འབྱོར་སྒོམ་པ་དང་། །དེ་ཡི་ལས་ཚོགས་གསོལ་འདེབས་དོན་འདུས་སོ། །མོས་གུས་སྒོམ་གྱི་མགོ་བོ་ཞེས་བྱ་སྟེ། །ལུང་བསྟན་ངེས་པ་རྙེད་འདི་བཅུ་གཅིག་པ།། །།ཡང་ནི་རྨི་ལམ་ཆོས་ཀྱི་སྒྲ་གྲག་པ། །ཚུལ་ཁྲིམས་རྩ་བ་ངེས་འབྱུང་ཡིན། །ཚིག་འདིའི་ནང་དུ་སོ་སོར་ཐར་པ་ཡི། །ཆོས་རྣམས་ཐམས་ཅད་འདུས་ཏེ་ངོ་མཚར་ཆེ། །སོ་ཐར་འདུལ་ཁྲིམས་ཞུ་དང་སྲུང་བ་རྣམས། །ངེས་འབྱུང་བསམས་པས་ཟིན་པར་མ་གྱུར་ན། །སོ་སོར་ཐར་པའི་སྡོམ་པར་མི་འགྱུར་ཞིང་། །འཇིགས་སྐྱོབ་ལེགས་སྨོན་ཙམ་དུ་འགྱུར་བར་གོ །ངེས་འབྱུང་ཞེས་བྱ་འཁོར་བ་ཐམས་ཅད་ལ། །ངེས་པར་འབྱུང་བའི་བློ་སྟེ་རྒྱས་བཤད་ན། །འཁོར་བའི་ཉེས་དམིགས་ཐམས་ཅད་འཆད་བྱའོ། །སོ་ཐར་ཚུལ་ཁྲིམས་འདི་ནི་བཅུ་གཉིས་པ། །རྨི་ལམ་དཔལ་ལྡན་དུས་

p. 317

གསུམ་མཁྱེན་པ་དེ། །ཡར་ལ་བྱོན་པའི་རྗེས་སུ་བདག་སོང་བས། །ཕྱིར་ལ་གཟིགས་ནས་བདག་ལ་འདི་སྐད་གསུངས། །བུ་ངེས་པར་ཆོས་བྱེད་ན་ཚེ་འདི་བློས་ཐོངས། །གསུངས་དེའི་ནང་དུ་བཀའ་བརྒྱུད་རྣམ་ཐར་དང་། །ཞེན་ལོག་ངེས་འབྱུང་ཁྲིད་རྣམས་འདུས་པར་གོ །ཤུགས་ཀྱིས་བྱུང་བ་མ་གཏོགས་ཧ་ཅང་དུ། །འདོད་པ་ཆེན་པོ་མེད་པའི་ཉམས་ཤིག་སྐྱེས་། །ནངས་སྔ་ཕྱི་མོ་གཉིད་དུ་སོང་བ་ཡི། །རྨི་ལམ་མཁས་གྲུབ་ལུང་རིགས་ཉི་མ་བྱོན། །ཁྱོད་འདི་ན་ཉལ་ནས་མ་འདུག་གསུངས། །རྒྱུན་དུ་ཐུགས་དམ་མ་ཚིག་དམ་བཅའ་འགའ་། །ཡོད་པ་ནུབ་ཅིག་ཐམས་ཅད་མ་རྫོགས་པར། །གཉིད་དུ་འགྲོ་གྲབས་བྱས་དུས་ནམ་མཁའ་ནས། །སྐད་ནི་ཆེན་པོ་ཞེ་སྡང་ཚིག་འདྲ་བ།་།ད་ཁྱོད་མ་གཉིད། ཟེར་བའི་སྒྲ་གྲག་དེ་སྐོར་ཐུགས་དམ་འཕེལ། །ཆོས་སྤྱོད་ལམ་རིམ་བདེ་མཆོག་སྙན་བརྒྱུད་སོགས། །ཟབ་ཆོས་རྣམས་ལ་ཐོ་རངས་ལ་སོགས་པར། །ལེགས་ཉེས་སྟང་འཛིན་དཔའ་བོ་ཌཱཀི་ཡིས། །གཏི་མུག་གཉིད་ལས་བསླང་ཕྱིར་བཤུད་པ་དང་། །ཌ་མ་རུ་དང་གླུ་ཡིས་བསྐུལ་ནས་ཀྱང་། །གཉིད་ལས་སད་པར་སྒོམ་ཚུལ་གསུངས་པ་སྟེ། །འདི་ནི་སྒོམ་མ་དགོས་པར་

p. 318

མངོན་སུམ་དུ། །གཉིད་ལས་བསླང་སོགས་འདི་ནི་བཅུ་གསུམ་པ།། །།གྲུབ་མཐའ་འགའ་ལ་ལོག་ལྟ་གཤེ་སྐུར་ཤོར། །དེ་རྣམས་བཀག་པའི་བསྟན་བཅོས་བརྩམ་བསམས་པས། །རྨི་ལམ་བྲག་དམར་ཆེན་པོའི་རྩེ་བཀོག་ནས། །ལམ་ངན་རྐང་པ་ཨེ་ཐེབ་ཙམ་ལ་ཕྱིན། །དེ་ཚེ་ལུང་བསྟན་ཚིག་འདི་མཁའ་ལ་གྲག །ལུས་ངན་འདི་ལ་ལས་ངན་འདི་འདྲ་གཟན། །ཅེས་ཟེར་སྐྲག་ནས་ཚུར་ལོག་མ་བྲུལ་རྨིས། །གྲུབ་མཐའ་དག་དང་མ་དག་སུ་ལ་ཡང་། །སྐུར་འདེབས་མི་རུང་དག་སྣང་དགོས་པར་གོ །ལུས་ནི་ངན་པ་ཤ་ཁྲག་མི་གཙང་རྫས། །སུམ་ཅུ་སོ་གཉིས་རང་ཉིད་ནན་གྱིས་ཚང་། །ལས་ནི་ངན་པས་སྐུར་བ་འདེབས་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བཏབ་ན། །དམྱལ་བར་ལྕེ་ནི་དཔག་ཚད་ལྔ་བརྒྱ་ལ། །གྲངས་ཡང་ལྔ་བརྒྱ་ལས་ནི་མི་ཉུང་བ། །རེ་རེ་ལྕགས་སྲེག་གླང་དོར་ལྔ་བརྒྱ་ཡིས། །རྨོ་བར་འགྱུར་ཞེས་ཐུབ་པས་མདོ་ལས་གསུངས། །སེམས་བསྐྱེད་སྡོམ་པ་ཐོབ་ན་སེམས་དཔར་ཐེ། །དེ་མ་ཐོབ་པའི་སེར་མོ་འགའ་ཡང་མེད། །འདི་ལ་སྐྱོན་ཆེན་འདུག་གོ་དོགས་པ་མཛོད། །དག་སྣང་དགོས་པའི་ལུང་འདི་བཅུ་བཞི་པ།། །།

p. 319

གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ཨོ་རྒྱན་སྲིན་པོ་ཆིབས་པ་མཇལ་ནས་ཡལ། །དེ་རྗེས་དཔེ་ཆ་ཞིག་ནི་བསྟན་བྱུང་བ། །འཁྲུལ་པ་ཡིན་སྙམ་ལག་ཏུ་མ་བླངས་བས། །ནན་གྱིས་མིག་གི་ཐད་དུ་གཏུག་བྱུང་བ། །དུང་མདོག་ཤོག་བུར་ཤིན་ཏུ་བྲིས་ལེགས་པ། །མཚལ་མགོ་ལ་སོགས་སྣུམ་ཞིང་མཛེས་པར་སྣང་། །དེ་ལ་བལྟས་པས་ཚིག་འདི་བློ་ལ་ཟིན། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་པ་རང་གི་སེམས་ལ་ལྟོས། ཅི་ཡི་ངོ་བོར་མ་གྲུབ།་ཅེས་པ་དེ་ལ་ཐུགས་རྗེ་ཆེན་པོ་ཡི། །དམར་ཁྲིད་དོན་རྣམས་ཐམས་ཅད་ཚང་བར་གོ །འདི་ལ་འགྲེལ་པ་རྒྱས་པར་བྱས་ན་ནི། །ཁྲིད་རིམ་རྒྱས་པ་བྱ་བར་ཆོག་མོད་ཀྱང་། །ཕྱིས་ནས་སྤྲུལ་སྐུའི་གནམ་ཆོས་ཕེབས་པའི་ཕྱིར། །འདི་འདྲའི་རིགས་ལ་རེ་མི་དགོས་སྙམ་བསྒྱུར། །འོན་ཀྱང་བྱིན་རླབས་བབ་དང་ལྡན་པ་སྟེ། །ཐུགས་རྗེ་ཆེན་པོའི་ཁྲིད་རིམ་བདག་གིས་ནི། །འཇུག་པའི་རྟེན་འབྲེལ་གནད་ཅིག་ཡོད་དམ་སེམས། །རི་བོ་གྲུ་འཛིན་གནས་ན་སྨོན་ལམ་འདི། །བཏབ་པ་ཡིན་གསུངས་ཤོ་ལོ་ཀ་གསུམ་བརྩམས། །སྨོན་ལམ་སྒྲ་ཞིག་རྨི་ལམ་ཡུལ་དུ་གྲག །འོན་ཀྱང་ཚིག་དེ་མ་ཟིན་བརྗེད་ཤོར་རོ། །རྨི་

p. 320

ལམ་སྐུ་ནི་གསལ་བར་མ་མཐོང་ཡང་། །ཨོ་རྒྱན་གསུང་གིས་འདི་སྐད་གསུངས་པ་ཐོས། །ང་ལ་ཁ་ཞེ་མེད་པར་གསོལ་བཏབ་ན། །དགྲ་ཡི་འཇིགས་པ་འོང་མི་སྲིད་ཅེས་གསུངས། །བསམ་པ་ལྷུན་གྲུབ་མ་ནས་གསུངས་པ་དང་། །མཐུན་ཞིང་འདི་ལ་ངེས་ཤེས་ཅུང་ཟད་ཐོབ། །སྨོན་ལམ་འཇིགས་སྐྱོབ་ལུང་ཐོབ་བཅོ་ལྔ་པ།། །།འདོད་ཆགས་སྐྱེ་དུས་བདག་དང་སེམས་ཅན་ཀུན། །སྔགས་ཀྱིས་སྟོང་པར་སྦྱངས་ནས་འདོད་ཆགས་དེ། །པདྨ་རིགས་ཀྱི་སྤྱན་རས་གཟིགས་དམར་པོ། །ཞལ་གཅིག་ཕྱག་བཞི་གོས་དཀར་ཡུམ་ལ་འཁྱུད། །འབྲུ་གསུམ་བྱིན་རླབས་ཡེ་ཤེས་སྤྱན་དྲངས་བསྟིམ། །དབང་བསྐུར་རྒྱས་གདབ་མཆོད་བསྟོད་བཟླས་པའི་བར། །རང་གིས་བསྒོམས་ཤིང་གྲྭ་པ་རྣམས་ལ་ཡང་། །སྒེའུ་སྐར་སྒོ་ནས་བཤད་པའི་རྨི་ལམ་བྱུང་། །འདིས་མཚོན་ཞེ་སྡང་རྡོ་རྗེ་སྤྱན་རས་གཟིགས། །ལ་སོགས་དུག་ལྔ་ཀུན་ལ་རིགས་འགྲེས་ཏེ། །བསྐྱེད་རིམ་དུག་ལྔ་སྦྱང་ཚུལ་ངོ་མཚར་བ། །རྨི་ལམ་ཡུལ་དུ་རང་ཤར་བཅུ་དྲུག་པ།། །།ཚེ་དཔག་ལྷ་དགུ་སྒྲོལ་དཀར་ལ་སོགས་པ། །ཆོ་ག་བདག་མདུན་ཆ་ཚང་རྨི་ལམ་དུ། །མངོན་སུམ་ལྟ་བུར་བཏང་བ་ལན་

p. 321

འགའ་དང་། །ཟབ་མདོ་ལ་སོགས་བློ་ལ་ཡོད་པ་དང་། །བློ་ལ་མེད་པའི་མདོ་སྡེ་མང་པོ་ཞིག །རྨི་ལམ་ཡུལ་དུ་བློ་ནས་འདོན་པར་བྱས། །དེ་བཞིན་སངས་རྒྱས་རབས་བདུན་བཀྲ་ཤིས་ཀྱང་། །བློ་ལ་མེད་ཀྱང་རྨི་ལམ་ཡུལ་དུ་བརྗོད། །རྨི་ལམ་རྒྱལ་དབང་བཅུ་པས་ཕག་མོ་ཡི། །ལས་ཚོགས་དགྲ་འཇིགས་ཟློག་པའི་གདམས་པ་ཡི། །སྔགས་དང་དམིགས་པ་གནང་བ་གུད་དུ་གསལ། །རྨི་ལམ་རང་གི་བླ་མའི་རྣལ་འབྱོར་ནི། །བླ་མ་རང་དང་དབྱེར་མེད་རྡོ་རྗེ་འཆང་། །དམར་པོའི་མངོན་རྟོགས་སྔར་མ་གྲགས་པ་བཏོན། །དེ་ལ་རྟེན་འབྲེལ་གནད་ཅིག་ཡོད་པར་གོ །དེ་དག་རྣམས་ནི་བཅུ་བདུན་པ་རུ་བརྩི། །ཐུགས་རྗེ་ཆེན་པོའི་སྐྱེ་བརྟག་སྒྲུབས་པའི་མཇུག །རང་གི་དུས་གསུམ་དགེ་དང་མི་དགེ་བརྟག །གུ་རུ་མཚན་བརྒྱད་ཐང་སྐུ་ཞིག་འདུག་པ། །བདག་གིས་འགའ་ལ་ལྷ་ངོ་སྤྱད་བྱས་པས། །དྲི་མེད་སྐྱོན་གྱིས་མ་གོས་པ། །པདྨ་འབྱུང་གནས་གཤེགས་སུ་གསོལ། །གནས་ལྔ་མཁས་པའི་པཎྜི་ཏ། །པདྨ་སཾ་བྷ་གཤེགས་སུ་གསོལ། །དེ་གཉིས་དེ་ལྟར་ངོ་སྤྲད་གཞན་མ་སྤྲད། །རང་ལ་ཉེས་ལྟུང་དྲི་མས་མ་གོས་ཤིང་། །ཡོན་ཏན་སྣ་མང་ཤེས་པ་གཞན་ཕན་གྱི། །རྟེན་འབྲེལ་ཡིན་

p. 322

ནམ་སྙམ་པའི་རྣམ་རྟོག་འགྱུས། །རྒྱལ་བའི་དབང་པོ་ལྕགས་སྨོའི་ཕྱག་ཕེབས་དུས། །སོག་པོའི་དམག་གིས་འདེད་དུ་ཐལ་བའི་དུས། །དབུ་ནི་ཨེ་ཐོན་བརྟག་པའི་ཐོ་རངས་ཁར། །རིགས་གསུམ་མགོན་པོས་དབང་བསྐུར་བས་སྐྱོན་མེད། །གསུངས་པའི་སྒྲ་ནི་ཉམས་ཀྱི་སྣང་བར་གྲག །དེ་དང་མཚུངས་པར་དབུ་ནི་ཐོན་སོང་ངོ་། །ལེགས་ཉེས་ལུང་བསྟན་གསལ་འདི་བཅོ་བརྒྱད་པ།། །།ནུབ་ཅིག་རྨི་ལམ་ཁང་པ་ཞིག་གི་ནང་། །བསིལ་ཁང་འདྲ་བ་ཞིག་གི་ཤོད་དུ་ཕྱིན། །ཁྱིམ་དེ་མི་གཙང་དྲི་ཆེན་ཁོ་ནས་གང་། །གང་དུ་བྲོས་ཀྱང་མ་ཐར་དེ་ཡི་ངང་། །དེ་ཚེ་བདག་གི་ཡིད་ལ་འདི་བསམ་མོ། །འདི་ནི་མི་གཙང་གཅིན་སྟུག་མ་ཡིན་ཏེ། །དཀོར་གྱི་སྒྲིབ་པ་རེད་བསམ་ཅི་དྲག་བསམ། །དེ་ཚེ་དྲིན་ཆེན་ཆོས་ཀྱི་དབང་ཕྱུག་དེ། །སྐུ་ནི་མ་མཐོང་གསུང་ནི་ངོ་ཤེས་ཏེ། །དཀོར་གྱི་སྒྲིབ་པ་སྦྱང་བར་བྱེད་པའི་མཆོག །བྱང་ཆུབ་སེམས་བསྐྱེད་གཏོང་ལན་སྒོམས་ཤིག་གསུངས། །དེ་ནས་གཏོང་ལན་དམིགས་པ་བསྒོམས་བྱས་པས། །མི་གཙང་བ་ནི་དེ་དག་འཇའ་ལྟར་ཡལ། །དེ་ཕྱིར་སེམས་བསྐྱེད་འདི་ལ་ངེས་ཤེས་སྐྱེས། །དཀོར་གྱི་སྒྲིབ་པས་བསྒྲིབས་པར་གྱུར་པའི་

p. 323

ཚེ། །མཆོག་གི་སྤྲུལ་སྐུའི་ལུང་བསྟན་བྱང་ཆུབ་ཀྱི། །སེམས་བསྐྱེད་ལ་བརྟེན་དཀོར་སྒྲིབ་སྦྱོང་བ་འདི། །ངོ་མཚར་ལས་ཀྱང་ངོ་མཚར་བླ་ན་མེད། །ངོ་མཚར་མཆོག་འདི་རྣམ་གྲངས་བཅུ་དགུའོ།། །།ཡང་ནི་དུས་ཚོད་དག་ཀྱང་ཇེ་རྩུབ་པས། །རང་གིས་མཚམས་ཀྱི་དམ་བཅའ་ལོ་བཅུ་གསུམ། །འདི་ལ་བར་ཆད་ཡོད་མེད་བརྟག་པའི་ཕྱིར། །ཐུགས་རྗེ་ཆེན་པོ་ཁོ་ནར་གསོལ་བཏབ་པས། །ལམ་འདིར་ཞུགས་ན་འདི་ཕྱིར་དགྲ་བགེགས་བར་ཆད་མེད། །ཅེས་གསུངས་ཉམས་སྐབས་གསུངས་པ་གསལ་པོར་ཐོས། །རྔོན་པས་ཉེ་སྐོར་ཤ་བ་བསད་སོང་བས། །རྔོན་ཁྲིམས་བསྡམས་ནས་གཏོར་མ་འཕེན་བསམས་པས། །ཉམས་ཀྱི་སྣང་བར་ཚིག་ནི་གསལ་བར་ཐོས། །རྔོན་ཁྲིམས་དམ་པོ་མེད་པར་གྱིས། །གསུངས་པས་མི་ལེགས་པར་གོ་གཏོར་འཕེན་བཤོལ། །དོན་ནི་གལ་ཆེན་ཞིག་ཡོད་འགྲུབ་མི་འགྲུབ། །བརྟགས་ཚེ་ཟླ་བ་ལྔ་ནས་དོན་གྲུབ་ཅེས། །ཉམས་ལ་གསུངས་པ་དེ་ལྟར་སྟེང་དུ་བབས། །རང་གི་ཚེ་མཇུག་འགྲོ་དོན་འོང་མི་འོང་། །བརྟགས་ཚེ་རྨི་ལམ་ཡུལ་དུ་གཟུགས་མེད་པའི། །སྒྲ་འདི་ལྷང་ལྷང་རྣ་བར་གྲག་པའོ། །སེམས་ཅན་ཀུན་འདུས་མཛེས་དང་ཡི་

p. 324

རེ་བ། །སེམས་ཅན་ཀུན་འདུས་མུ་སྣ་མེད། །ཅེས་གསུངས་རང་གི་སོ་ནི་ན་བ་འདི། །ཕུད་བསམས་རྐམ་པ་འགའ་རེ་བརྡུངས་པ་ལ། །རྨི་ལམ་ཡུལ་དུ་ལུང་བསྟན་ཡི་གེ་ལ། །སྔོན་ལས་འཕྲལ་རྐྱེན་གཉིས་ཀ་ཡིན། །བཅས་བཅོས་མ་བྱེད་རང་བབ་ཞོག །ཟེར་བ་འདུག་པས་བཙན་ཕུད་མ་བྱས་པས། །དམིགས་པ་ལུས་སྦྱིན་སོགས་བྱས་སྒྱུར་བས་བདེ། །དེ་ལྟར་ཕྲན་ཚེགས་ལུང་དང་བསྟན་པ་དང་། །རང་གི་གཞན་ལ་དམ་ཆོས་བསྟན་རྨིས་པ། །དེ་དོན་མདོ་སྡེ་དཀོན་མཆོག་བརྩེགས་པ་ཡི། །རྨི་ལམ་བསྟན་པའི་མདོ་ལས་གསུངས་པ་སྟེ། །རྨི་ལམ་བདག་ཉིད་ཆོས་ཁྲི་ལ་འདུག་ནས། །ཆོས་སྟོན་པ་ནི་སྔོན་གྱི་སངས་རྒྱས་ལ། །གདན་ཁྲི་བཤམས་པ་ཡིན་པས་སེམས་དཔའ་དེ། །དམ་ཆོས་ཟབ་མོའི་སྣོད་དུ་རུང་བ་དང་། །དང་པོ་ནས་བཟུང་བརྒྱད་པའི་བར་གྱི་ནི། །ས་ལ་གནས་པའི་རྟགས་སུ་བཤད་པ་སྟེ། །མ་མགུ་བར་དུ་བྱས་བཤད་ས་དང་པོ། །མགུ་བར་བྱས་ཏེ་བཤད་ན་ས་གཉིས་པ། །འབྲེལ་བར་སྟོན་ན་ས་ནི་གསུམ་པ་སྟེ། །རྗེས་སུ་འབྲེལ་བར་སྟོན་ན་ས་བཞི་པ། །ཆེན་པོའི་ཡུལ་སྟོན་ས་ནི་ལྔ་པ་ལ། །ཉན་ཐོས་ཡུལ་སྟོན་ས་ནི་དྲུག་པའོ། །བྱང་

p. 325

ཆུབ་སེམས་དཔའི་ཡུལ་སྟོན་ས་བདུན་པ། །སངས་རྒྱས་ཡུལ་སྟོན་ས་ནི་བརྒྱད་པར་གསུངས། །འོན་ཀྱང་ས་ཐོབ་ཡིན་པར་མི་རློམས་ཀྱང་། །མདོ་ནས་དེ་ལྟར་གསུངས་ཤིང་སྔགས་ནས་ཀྱང་། །འགྲུབ་རྟགས་བརྟག་ཡིག་རྣམས་དང་ཕྱོགས་མཐུན་ཙམ། །ཡིན་ཕྱིར་འདིར་བཀོད་ཉེས་པ་མཆིས་ན་བཤགས། །དགེ་བ་མཆིས་ན་འགྲོ་ཀུན་དོན་དུ་བསྔོ། །ཆོས་རྒྱུད་གངྒཱའི་རྒྱུན་བཞིན་འབྱུང་བར་སྨོན།། །།

དགེ་སློང་རཱ་ག་ཨ་སྱའི་འཇིག་རྟེན་དབང་ཕྱུག་ལས་རྒྱུད་དང་འབྲེལ་བ་གསང་བའི་རྣམ་ཐར།

p. 326

༄༅། དགེ་སློང་རཱ་ག་ཨ་སྱའི། འཇིག་རྟེན་དབང་ཕྱུག་ལས་རྒྱུད་དང་འབྲེལ་བ་གསང་བའི་རྣམ་ཐར་ཡོད། །

p. 327

ན་མོ་ལོ་ཀི་ཤྭ་ར་ཡེ། རྒྱལ་བ་རྣམས་ནི་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །སྣ་ཚོགས་གཟུགས་སྐུ་གང་ལ་གང་འདུལ་སྟོན། །རྒྱལ་སྲས་རྣམས་ནི་བསམ་བཞིན་སྲིད་པར་སྐུ་སྤྲུལ་ནས། །སེམས་ཅན་རེ་རེའི་ཆེད་དུ་བསྐལ་པ་བྱེ་བར་ཡང་། །འཁོར་བར་གནས་ལ་འཇིགས་དང་སྐྱོ་ངལ་བྲལ། །ཉན་རང་རྣམས་ནི་ཉོན་མོངས་སྒྲིབ་པ་རྒྱུན་བཅད་ནས། །བུད་ཤིང་ཟད་པའི་མེ་བཞིན་མྱང་འདས་ཞི་བར་འཇུག །འཕགས་ཚོགས་དེ་དག་བདག་གི་སྐྱབས་ཡུལ་ཕྱག་གི་གནས། །སེམས་ཅན་རྣམས་ནི་མ་རིག་འཁྲུལ་པས་རྒྱུ་བྱས་ཏེ། །ལས་དབང་རྐྱེན་གྱིས་འཁོར་བའི་རྒྱ་མཚོ་ཆེན་

p. 328

པོར་ལྟུང་། །སྐྱེ་རྒ་ན་འཆིའི་རྦ་ལ་རྟག་ཏུ་གཡེང་། །དེ་ཕྱིར་བདག་འདྲའི་སྐྱེ་ཚུལ་བཞད་གད་གནས། །འོན་ཀྱང་རིག་འཛིན་ཆེན་པོའི་གསུང་བསྒྲུབ་ཕྱིར། །ཉིད་ཀྱི་གསུང་དང་གནམ་ཆོས་ལུང་ལས་བྱུང་བ་དང་། །རང་གི་ཉམས་དང་རྨི་ལམ་འཁྲུལ་སྣང་ལས། །ཇི་ལྟར་བྱུང་བ་བསྡུས་ཏེ་འདིར་འགོད་བྱ། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །དགུང་ལོ་བཅུ་གསུམ་བྱ་ལོ་ས་ག་ཡི། །ཚེས་བཞི་ཨོ་རྒྱན་ཆེན་པོས་འདི་སྐད་གསུངས།། ༁ཾ༔ བརྡ་ཡིག༔ གུ་རུ་དྷེ་ཝ་ཌཱཀི་ནཱི༔ ཀྱེ་མ་སྐྱེས་བུ་རིགས་ཀྱི་བུ༔ ཁྱོད་ནི་རྗེ་འབངས་ཤུད་བུ་དཔལ༔ པདྨ་

p. 329

ང་ཡིས་བྱིན་གྱིས་བརླབས༔ སྔོན་ཚེ་རྒྱལ་སྲས་སད་ན་ལེགས༔ དེ་ནས་སྐྱེ་བ་འགའ་བརྒྱུད་ནས༔ སད་ན་ལེགས་ཀྱི་སྐྱེས་མཐའ་སྟེ༔ སྔགས་འཆང་རཱ་ག་ཨ་སྱའི་མིང་༔ སྔོན་ཚེ་སྐྱེ་བ་དུ་མ་ནས༔ འབྲལ་མེད་མི་འབྲལ་སྨོན་ལམ་ལྡན༔ སྔོན་ཚེ་བསྐལ་པ་གྲངས་མེད་ནས༔ འབྲལ་བ་མེད་པ་དེ་ཡི་མཐུས༔ དེང་འདིར་བག་ཆགས་སད་པ་ལ༔ གནམ་ཆོས་ཐུགས་གཏེར་བདག་ཉིད་སོགས༔ ལྷ་ཡིས་གསུངས་པའི་སྙན་བརྒྱུད་འདི༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར། །སྤྲུལ་སྐུ་དགུང་ལོ་བཅུ་གཅིག་དུས། །སྔོན་གནས་རྗེས་སུ་དྲན་པ་ཡི། །མངོན་པར་ཤེས་པ་རྒྱ་ཆེར་ཤར། །དེ་ཚེ་གསུངས་པའི་སྐྱེས་རབས་ནི། །ཉིས་བརྒྱ་ཨེ་ཟིན་ཙམ་ཞིག་བྱུང་། །དེ་ལ་སྤྲུལ་སྐུ་གར་སྐྱེས་སུ། །བདག་ཀྱང་ཕལ་ཆེར་འབྲལ་མེད་དུ། །མ་དག་པ་ཡི་སྐྱེས་རབས་སུ། །ཕན་ཚུན་ཕན་འདོགས་མཐུན་གྲོགས་དང་། །དག་པའི་སྐྱེས་རབས་རྣམས་སུ་ཡང་། །བླ་སློབ་རེས་མོས་ཚུལ་དུ་བཤད། །དེ་ཚུལ་སྤྲུལ་སྐུའི་སྐྱེས་རབས་གསལ། །རང་གིས་དེ་རྣམས་མི་དྲན་ཕྱིར། །འདི་རུ་བཀོད་པ་དགོས་པ་མེད། །འོན་ཀྱང་རྒྱལ་སྲས་སད་ན་ལེགས། །ཁོ་བོ་ཡིན་པའི་དབང་བྱས་ནས། །ལུང་

p. 330

བསྟན་ཆེན་པོ་བཀའ་རྒྱ་མར། །གསེར་གྱི་འཁོར་ལོས་སྒྱུར་རྒྱལ་ནི། །ལག་ན་བེ་ཅོན་བྱ་བར་བཤད། །དེ་བས་ཡན་གྱི་སྐྱེས་རབས་འགའ། །སྤྲུལ་པའི་སྐུ་ཡིས་གསུངས་པ་ནི། །ཕྱག་བྲིས་མཛད་པ་འདི་ལགས་སོ།། །། ༄༅། །ཀརྨ་རཱ་ག་ཨ་སྱའི་སྐྱེས་རབས་ནི༔ བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ན༔ ཤར་ལུས་འཕགས་པོ་ན་ས་འབིལ་བྱ་བའི་གྲུབ་ཐོབ༔ རྒྱ་ནག་ན་འགའ་རི་ཧིང་བྱ་བའི་གྲུབ་ཐོབ༔ བ་ལང་སྤྱོད་དུ་འགི་རི་སུས་མི་ཤེས་པ་ཞིག སྒྲ་མི་སྙན་དུ་བསོད་ནམས་ཆེན་པོ་ཅན་གྱི་རྒྱལ་པོ་འདྲ་བ་ཞིག ཡང་རྒྱ་གར་དུ་གྲུབ་ཐོབ་བི་ཏི་ཤ༔ ཡང་འཛམ་གླིང་དུ་གྲུབ་ཐོབ་བྱ་ཏྲི་ལ༔ ཡང་གྲུབ་ཐོབ་ཤ་ཏྲི་ཤ༔ ཡང་པཎྜི་ཏ་ཧོ་ར་ཁང་༔ རྒྱ་གར་དུ་པཎྜིཏ་སྟི་བུ༔ ནི་རི་ཏི་ཧ༔ བུན་པེ་ལཱ༔ དུ་གསུམ་བྱུང་༔ རྒྱ་ནག་ཏུ་གྲུབ་ཐོབ་འབི་ལི༔ ཤུ་ནེ་སུ་སུག་གསུམ་བྱུང་༔ ཡང་རྒྱ་གར་དུ་པཎྜི་ཏ་ཀྱི་ལི་ཨ༔ ཡང་བསྐལ་པ་གྲངས་ལས་འདས་པའི་གོང་དུ་སྡེ་དཔོན་བི་ལི་བུ་ཛ་བྱ་བས༔ སངས་རྒྱས་ལ་ཡིད་བཞིན་གྱི་ནོར་བུ་ཕུལ་བས༔ སྐྱེ་བ་ཕྱི་མ་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ན༔ གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལག་ན་

p. 331

བེ་ཅོན་བྱ་བར་སྐྱེས་སོ༔ དགེ་སློང་གི་ཤིག་ཏུ་ཐུབ་པ་དང་མཉམ་དུ་སྐྱེས་སོ༔ ཙུན་དྷས་བྱིན་གྱིས་བརླབས་སོ༔ མང་ལཾ༔ ཞེས་ཕྱག་བྲིས་མི་འགྱུར་རྡོ་རྗེས་གནང་ངོ་།། ༈ །།དེ་ལ་དགེ་སློང་རཱ་ག་ཨ་སྱ་བདག །མཚམས་བསྡམས་སྤྲུལ་སྐུ་ཕེབས་པའི་སྨོས་མེད་དུས། །མཚམས་ཁུང་ཉིན་ཞིག་དྲིན་ལན་བསབ་མདོར་བལྟས། །དེ་དུས་ནུབ་ཅིག་འཁྲུལ་པའི་རྨི་ལམ་ན། །དྲིན་ལན་བསབ་པའི་མདོ་ལས་གསུངས་པ་ལྟར། །སྔོན་ཚེ་གྲངས་མེད་བསྐལ་པའི་སྔོན་རོལ་ན། །དགེ་སློང་ཞིག་དང་ཤིག་གཉིས་གྲོས་བྱས་ནས། །ཏིང་འཛིན་སྒོམ་ཚེ་ཤིག་གིས་མི་ཟ་ཞིང་། །ཏིང་འཛིན་ཡེངས་དུས་ཤིག་གིས་ཟ་བར་ཆད། །དེ་ལྟར་བྱས་པས་སྒོམ་ལ་མི་གནོད་ཅིང་། །ཤིག་ཀྱང་བརྒྱགས་ནས་གཉིས་ཀ་བདེ་བའི་སྐབས། །ལྗི་བ་ཞིག་བྱུང་ཤིག་ལ་འདི་སྐད་སྨྲས། །ཁྱོད་ནི་འདི་ལྟར་བརྒྱགས་པ་ཅི་ཡིན་ཟེར། །དེ་ལྟར་ཡིན་ཚུལ་ལོ་རྒྱུས་བཤད་པ་ཡིས། །ང་ཡང་ཁྱོད་ལྟར་བྱེད་ཅིང་སྡོད་དོ་ཟེར། །མཉམ་དུ་བསྡད་པས་ལྕི་བས་དུས་མིན་ཟོས། །དགེ་སློང་གིས་ནི་གོས་ལ་བལྟས་ཙ་ན། །ལྗི་བ་བྲོས་པས་མ་མཐོང་ཤིག་རང་མཐོང་། །དེ་ལྟར་ཡང་ཡང་ཏིང་འཛིན་སྒོམ་མ་བཅུག །དེ་ཚེ་དགེ་

p. 332

སློང་དེ་ཉིད་ཐུགས་འཁྲུགས་ནས། །གོས་དང་བཅས་པའི་ལྡི་ཤིག་མེ་ལ་བསྲེགས། །དགེ་སློང་དེ་ནི་སངས་རྒྱས་འོད་སྲུང་སྟེ། །ཤིག་ནི་བཅོམ་ལྡན་ཤཱཀྱ་ཐུབ་པ་དང་། །ལྗི་བ་དེ་ནི་བདུད་རྒྱལ་ལྷ་སྦྱིན་གསུངས། །དེ་དུས་དགེ་སློང་དེ་ལ་ཤིག་འགའ་ཡོད། །དེ་དུས་ཤིག་གཅིག་ང་རང་ཡིན་སྙམ་པ། རྨི་ལམ་ཡུལ་དུ་གསལ་པོར་དྲན་གྱུར་ཏེ། །ཀྱེ་མ་དེ་དུས་རྒྱལ་བ་ཤཱཀ་ཐུབ་དང་། །ཁོ་བོ་སྐྱེ་གནས་མཉམ་པར་གྱུར་པ་ལ། །ཁོང་ནི་སྔར་ནས་མངོན་པར་རྫོགས་སངས་རྒྱས། །བདག་ནི་ད་རུང་འཁོར་བའི་གནས་སུ་འཁྱམས། །སྙམ་ནས་ཡིད་མུག་ག་ཆད་མཆི་མ་འཁྲུགས། །དམ་ཆོས་བྱས་དང་མ་བྱས་ཁྱད་པར་འདི། །བསམས་ན་ཆོས་ལ་བརྩོན་འགྲུས་ཅིས་མི་རྩོམ། །དམ་ཆོས་སུས་ནུས་རྒྱལ་ཏེ་ཤཱཀ་ཐུབ་བཞིན་། །དམ་ཆོས་མ་ནུས་རང་ཕམ་ང་དང་འདྲ། །འདི་གཉིས་ཁྱད་པར་ལྟོས་ལ་ཆོས་གྱིས་ཤིག །ཡང་ནི་ཉམས་དང་རྨི་ལམ་འཁྲུལ་པའི་སྐབས། །ང་ནི་ཁྱི་དཀར་ཞིག་ཏུ་གྱུར་ནས་སྣང་། །གཟུགས་ཀྱང་ཆེ་ཞིང་འཇིགས་པ་ཞིག་ཏུ་གདའ། །ཀྱེ་མ་བདག་ནི་དགེ་སློང་ཡིན་པ་ལ། །ཁྱི་ཡི་ལུས་སུ་གྱུར་པ་ཅི་ཡིན་སྙམ། །དེ་ནས་བདག་གིས་འདི་ལྟར་ཤེས་ཤིང་

p. 333

དྲན། །ཨེ་མ་འདི་ནི་སྔོན་གྱི་བག་ཆགས་ཏེ། །དྲིན་ལན་བསབ་པའི་མདོ་ལས་གསུངས་པ་ལྟར། །གྲངས་མེད་བསྐལ་པ་མང་པོའི་སྔོན་རོལ་ན། །དགོན་པ་ཞིག་ཏུ་དགེ་སློང་འགའ་ཡོད་པར། །འབྲས་བུ་ཐོབ་པའི་དགེ་སློང་ཞིག་ལ་ནི། །གསུང་ནི་ཤིན་ཏུ་མི་སྙན་རྣ་བ་ཚོ། །དེ་དུས་བདག་ནི་བཙུན་པ་ཞིག་གྱུར་པས། །ཁྱོད་ཀྱི་སྐད་ནི་ཤིན་ཏུ་མི་སྙན་པས། །ཁྱི་ནི་ཟུག་པ་འདྲ་ཞེས་ངག་འཁྱལ་བྱས། །ཕྱིས་ནི་དགེ་སློང་དགྲ་བཅོམ་ཡིན་ཤེས་པས། །བཤགས་པ་བྱས་པས་དམྱལ་བར་མ་ལྟུང་ཡང་། །རྣམ་སྨིན་ཁྱི་ཡི་སྐྱེ་བ་ལྔ་བརྒྱ་བླངས། །ལྔ་བརྒྱའི་རྒྱབ་མ་ཐུབ་པའི་དུས་དང་མཉམ། །ཁྱི་དཀར་ཞིག་ཏུ་སྐྱེས་པས་ཁྱི་རྐུན་བྱས། །ཚོང་པ་ཞིག་གིས་ཤ་བཙོས་བཞག་པ་དེ། །བརྐུས་པས་ཚོང་པ་ཁྲོས་ནས་ཁྱི་རྐུན་བཟུང་། །རྐང་ལག་བཞི་པོ་བཅད་ནས་གྲོང་རོང་བསྒྱུར། །ཤི་ཡང་མ་ནུས་སྡུག་བསྔལ་ཆེ་བའི་སྐབས། །འཕགས་པ་ཤཱ་རིའི་བུ་ནི་བསོད་སྙོམས་བྱོན། །གཟིགས་ནས་ཁྱི་ཡི་སྔས་བྱོན་དམ་ཆོས་བཤད། །ཁྱིས་ཀྱང་སྐྱེ་བ་དྲན་པས་མཆི་མ་བྱུང་། །དེ་འཕོས་རྒྱ་གར་ཡུལ་དུ་བྱིསྦ་ནི། །ཤ་མདོག་དུང་ལྟར་དཀར་བ་ཞིག་ཏུ་སྐྱེས། །དེ་ཉིད་ཆེར་སྐྱེས་ཤཱཀ་ཐུབ་དྲུང་ཉིད་དུ། །

p. 334

རབ་ཏུ་བྱུང་བས་དགེ་སློང་ཙུན་དྷར་གྲགས། །དེ་དུས་ཁྱི་ནི་དཀར་པོ་དེ་ཉིད་ནི། །ང་རང་ཡིན་པ་གསལ་པོར་དྲན་སྣང་བྱུང་། །ཀརྨ་དྷ་ཤྭ་དང་ནི་ཙུན་དྷ་གཉིས། །ཐུགས་རྒྱུད་གཅིག་པ་སྤྲུལ་སྐུའི་དགོངས་གཏེར་རོ། །ཀྱེ་མ་ལུས་ངག་ཉེས་པ་ཕྲ་མོ་རེའི། །འདི་ལྟར་ཡུན་རིང་ལུས་ངན་ལེན་པ་དང་། །དེ་དག་སོ་སོར་སྐྱེ་རྒ་ན་དང་འཆི། །སྡུག་བསྔལ་དལ་དྲགས་ཡུན་རིང་དེ་ཙམ་པ། །བསམ་ན་མི་དགེའི་བྱ་བ་ཇི་ལྟར་ཕོད། །བཤགས་ཀྱང་མ་ཚང་ལས་འབྲས་དེ་དྲན་ན། །སྡོམ་གསུམ་ཁས་བླངས་ཁ་ལྟའི་གདེང་བཅས་ནས། །སྤྱོད་པ་རྩིང་བ་བདག་དང་བདག་འདྲ་ཀུན། །ཡུན་རིང་འཁོར་བར་འོ་བརྒྱལ་བསྐུར་ཉེན་གདའོ། །རང་ལ་སྙིང་རྗེ་ལྟ་བའི་མི་ཡོད་ན། །ལུས་ངག་ཡིད་གསུམ་མི་དགེ་བྱ་བ་སྤོངས། །དགེ་བའི་བྱ་བ་ཁོ་ནར་བརྩོན་པར་བྱོས། །ཡང་ནི་བདག་གིས་སྒྲུབ་པ་བྱས་སྐབས་ཤིག །སྔོན་ཚེ་བདག་ནི་བོན་པོ་ཞིག་ཏུ་གྱུར། །ཚེ་སྟོད་བོན་ལ་དད་ནས་ས་ལེ་འོད། །དུང་ཕྱུར་བཏོན་ཅིང་ཚེ་སྨད་བན་ལ་དད། །ཡི་གེ་དྲུག་པ་དུང་ཕྱུར་བཟླས་པ་ནི། །རྨི་ལམ་ཡུལ་དུ་དྲན་པའི་སྣང་བ་བྱུང་། །དུས་ཕྱིས་དེ་དོན་སྤྲུལ་སྐུས་རྒྱས་པར་ནི། །གསུངས་པའི་

p. 335

དོན་ནི་ཟུར་ཙམ་བརྗོད་བྱས་ན། །སྔར་མེད་བསྐལ་པ་སྔ་མ་ཞིག་གི་ཚེ། །བདག་ནི་གཡུང་དྲུང་བོན་གྱི་གྲུབ་ཐོབ་པ། །རྫུ་འཕྲུལ་སྟོན་ཞིང་རྔ་ཞོན་ནམ་མཁར་འགྲོ། །དེ་དུས་སྤྲུལ་སྐུ་ནང་པའི་གྲུབ་ཐོབ་གྱུར། །གཉིས་པོ་རྫུ་འཕྲུལ་འགྲན་པར་བྱས་པའི་ཚེ། །རྫུ་འཕྲུལ་སྣ་ཚོགས་དང་པོ་སོ་སོར་བསྟན། །ཕྱི་པས་ནང་པ་དོ་བར་མ་གྱུར་པས། །བོན་པོ་བནྡེའི་བསྟན་ལ་ཞུགས་པར་གསུངས། །འཁྲུལ་པའི་ལམ་བསལ་བྱང་ཆུབ་ལམ་སྟོན་མཁན། །དྲིན་ཆེན་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་སྨོན། །འཁྲུལ་མེད་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ཚེ་རབས་ཀུན་ཏུ་མ་ནོར་ལམ་སྟོན་ཅིང་། །རྗེས་སུ་བཟུང་ཚུལ་འདི་འདྲ་ཐོས་པ་ན། །སུ་ཞིག་དགེ་བའི་བཤེས་ལ་བསྟེན་མི་བྱེད། །ལོང་བའི་སྐྱིད་སྡུག་ལོང་ཁྲིད་རག་ལས་ལྟར། །འཁྲུལ་མེད་བཤེས་གཉེན་མེད་ཐབས་མི་འདུག་གོ །གཞན་ཡང་རང་གིས་དྲན་པ་མ་མཆིས་ཀྱང་། །གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཆོས་སྐོར་གྱི། །གཏེར་བློན་ཆག་ཕྱི་ཁོ་བོ་ཡིན་པའི་ཕྱིར། །གནམ་ཆོས་ཉིད་ནས་ཁོ་བོའི་སྐྱེས་རབས་ནི། །མང་ཞིག་བྱུང་བ་དག་ནི་འདི་ལྟར་རོ། ༢ །སློབ་དཔོན་ཆེན་པོ་ཀརྨ་

p. 336

ཆགས་མེད་ཀྱི། །སྐྱེ་བ་སྔ་མའི་སྐྱེས་རབས་འགའ་བཞུགས་སོ། །ཞེས་དབུ་ཡིག་གོ། ༁ཾ༔ བརྡ་ཡིག༔ ན་མོ་གུ་རུ་ཝེ༔ ད་སྐྱེས་རབས་བསྡུས་འདྲ་འདིར་བྱའོ༔ ཇོ་བོ་སྤྱན་རས་གཟིགས་དབང་གི་ཡང་སྤྲུལ་ཡིན་པར་རྣོ་སྤུར་ཡོད༔ དེ་ནི་ཡིན་པར་ཐེ་མི་ཚོམ༔ དུས་ལོག་བསྐལ་པའི་སྙིགས་མ་ལ༔ ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ ཨོ་རྒྱན་སྤྲུལ་དང་ཡང་སྤྲུལ་ནི༔ མང་བ་ཡིན་ནོ་ཐག་ངས་ཆོད༔ ༈ དེ་ནས་སྤྲེའུ་དགེ་ལུ་ལ༔ མི་ཞིག་བྱུང་ནས་སྤྲེལ་ཞིག་དེ༔ གསོད་དགོས་ཟེར་བས་སྤྲ་ཞིག་གིས་སྤྲེའུ་ལ་ནི་འདི་ལྟར་སྨྲས༔ ཁོ་དེ་སྤྲེའུ་གཞན་དུ་བྲོས༔ མི་འདིས་ཁྱོད་ནི་གསོད་འོང་ཟེར བྲོས་ནི་མི་དགོས་མི་གསོད་ཟེརཿ སྤྲ་དེ་ཁྲོས་ནས་བྲག་གསེབ་སོང་༔ དེ་ནས་མི་དེ་མདའ་དེ་རུ༔ འགྱེལ་ནས་མགོ་ནི་རྡོ་ལ་བརྒྱབ༔ ཤི་ལ་ཁད་དུ་ཡོད་པ་ལ༔ སྤྲེའུས་མི་ཁུར་ཤིང་ཐོག་བྱིན༔ སྙིང་རྗེ་ཟེར་ནས་མིས་མ་བསད༔ སྤྲེའུ་ཁྱེད་ཡིན་སྨྲ་མི་འགྱུར༔ མི་དེ་འདི་རུ་སྐྱེས་ནི་མེད༔ ༈ དེ་ནས་བྱ་ནི་ཨ་ལུ་མ༔ སེང་གེ་ཞིག་གིས་ཟ་ཤོམ་ལ༔ རི་དྭགས་འབའ་འབས་སེང་གེ་བགྱེལ དེ་ནས་ཨ་ལུ་ཟ་མ་ཤོརཿ བྱ་དེ་ཁྱེད་རང་ཉིད་ཡིན་

p. 337

ནོ༔ རི་དྭགས་འབའ་འབའ་མི་འགྱུར་ཡིན༔ ༈ དེ་ནས་ཁྱེད་ནི་དགེ་སློང་ཞིག ཤན་པས་གསོད་དུ་འོང་བ་ལཿ གཞན་གྱིས་ཤན་པ་དེ་བསད་དོ༔ དེ་ནས་ཤན་པས་གསོད་མ་བྱུང་༔ གཞན་གྱིས་མི་དེ་མི་འགྱུར་ཡིན༔ ༈ དེ་ནས་སྟག་ལ་སྐྱེས་པའི་དུས༔ ས་མདའ་བྱས་ནི་ཡོད་པ་ལ༔ རྡུ་རྗེ་ཞེས་པའི་བུ་ཡིས་ནི༔ ས་མདའ་བཅད་ནས་སྟག་མ་སོད༔ སྟག་ནི་ཁྱེད་རང་ཉིད་ཡིན་ནོ༔ རྔུ་རྗེ་མི་འགྱུར་རྡོ་རྗེ་ཡིན༔ ༈ དེ་ནས་སྲིན་བྱར་སྐྱེས་པའི་དུས༔ སྲིན་བྱ་འཕུར་ནས་སོང་བ་ལ༔ བྱ་རྒོད་འཕུར་བ་དེ་མཐོང་ནས༔ འདི་ཙམ་འཕུར་རྒྱུ་མེད་པ་ལ༔ ཅུང་ཟད་འཕུར་བ་དོན་དགོས་ཆུང་༔ བསམས་ནས་སྡུག་ཅིང་ཡོད་པ་ལ༔ དགེ་སློང་ཞིག་གིས་སྒོམ་པ་མཐོང་༔ ང་ནི་ཕྱི་མ་འདི་འདྲ་བ༔ དགེ་སློང་སྒོམ་ཆེན་སྐྱེ་བར་ཤོག༔ བསམས་ནས་སྨོན་བཏབ་ཚེའི་དུས་བྱས༔ དེ་ནས་བྱ་དེའི་རོ་རྙེད་པ༔ ཤ་སྒོ་ཐམས་ཅད་བསྲེགས་པ་ལ༔ འཇའ་ཟུག་རིང་བསྲེལ་མང་དུ་བྱོན༔ ༈ དེ་ནས་བྱ་དེ་དགེ་སློང་གྱུརཿ གཞན་གྱི་མི་ཞིག་འདི་ན་རེ༔ རྐང་གླིང་ཆེན་པོ་ཞིག་ཁྱེར་ནས༔ དགེ་སློང་ཁྱོད་ཀྱིས་ཉོའམ་ཟེརཿ མི་ཉོ་ང་ནི་སྒོམ་བྱེད་སྨྲས༔ དེ་རྒྱབ་བྲམ་ཟེ་རྣམ་པར་

p. 338

དག༔ བཟང་པོ་བར་ཆད་མེད་པ་ལྔ༔ ༈ དེ་ནས་རྟ་ཕོ་ཞིག་ཏུ་སྐྱེས༔ གཞན་གྱི་མི་ནི་བཀྲེན་པོ་ཞིག༔ རྟ་དེ་བསད་ནས་བཤའ་བསམས་པས༔ རྨི་ལམ་འཁྲུགས་ནས་བཤའ་མ་ཕོད༔ ༈ དེ་རྗེས་བནྡེ་ཞིག་ཏུ་སྐྱེས༔ མ་ཤི་བར་དུ་ཆོས་བྱས་སོ༔ དེ་རྒྱབ་དགེ་སློང་བདུན་དུ་སྐྱེས༔ ༈ དེ་ནས་སྐྱེ་བ་གསུམ་གྱི་སོརཿ བླ་མ་ཤིན་ཏུ་བཟང་པོར་སྐྱེས༔ དེ་རྒྱབ་པཎྜི་བཟང་པོ་ནི༔ བར་མ་ཆོད་པ་དྲུག་ཏུ་སྐྱེས༔ དེ་ནས་སྐྱེ་བ་བདུན་གྱི་སོར༔ བཙུན་མ་ཤིན་ཏུ་བཟང་མོར་སྐྱེས༔ དེ་རྒྱབ་བར་མ་ཆོད་པ་རུ༔ བཙུན་མོ་བཟང་མོ་དྲུག་ཏུ་སྐྱེས༔ དེ་ནས་སྐྱེ་བ་བཅོ་བརྒྱད་སོར༔ རྒྱལ་པོ་ཆོས་བྱེད་ཅིག་ཏུ་སྐྱེས༔ དེ་རྒྱབ་དགེ་སློང་ལྔ་རུ་སྐྱེས༔ དེ་རྒྱབ་བར་མ་ཆོད་པ་རུ༔ དགེ་སློང་བདུན་དུ་སྐྱེས་པའོ༔ དེ་རྒྱབ་སྐྱེ་བ་ཉི་ཤུའི་སོར༔ ཀརྨ་དྷ་ཤོར་སྐྱེ་བ་བླངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཤམ༔ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་རྟ་ཆེན་ཟླ་བའི་དམར་པོའི་ཚེས་བརྒྱད་ནུབ༔ ཐུགས་རྗེ་ཆེན་པོ་དཀར་པོ་ཕྱག་གཉིས་པ་སེམས་ཉིད་ངལ་གསོའི་ཚུལ་ཞིག་གིས་དངོས་སུ་གསུངས་སོ། །དེ་ལྟར་སྔོན་གྱི་སྐྱེས་

p. 339

རབས་དེ་རྣམས་ནི། །རང་གི་ཤེས་ཤིང་དྲན་པ་མ་མཆིས་ཀྱང་། །ཡི་དམ་ལྷ་ཡི་གསུང་ལ་རྫུན་མི་མངའ། །མདོ་རྒྱུད་ཚད་ལྡན་དགོངས་པ་སོར་བཞག་ན། །ཐོག་མ་མེད་ནས་སེམས་ཀྱི་རྒྱུན་འདི་ཡོད། །ལུས་ལ་མ་བླངས་བྱ་བ་གཅིག་ཀྱང་མེད། །ཚོགས་བསགས་བྱས་ཀྱང་བྱང་ཆུབ་བསྔོ་མ་ཤེས། །བསོད་ནམས་སྦྱིན་འབྲས་ཟད་ནས་ཕྱིར་ཕྱིར་ལྟུང་། །དགེ་དང་མི་དགེའི་བྱ་བ་རེས་རེས་ཀྱང་། །སྐྱེ་གནས་བཟང་ངན་མང་པོ་བརྩེགས་མར་བླངས། །བསྐལ་པ་འདིར་ཡང་གླིང་བཞི་རི་རབ་བཅས། །ས་ཡི་ཁྱོན་ནི་ཁབ་ཀྱི་རྩེ་ཙམ་ཡང་། །འདི་རུ་སྐྱེ་འཆི་མ་མྱོང་བྱ་བ་མེད། །དེ་ཕྱིར་འཁོར་བའི་འཁོར་ལོ་འཇིགས་རུང་པ། །འདི་ལ་ད་རེས་ཐར་ཐབས་མ་འབད་ན། །ཐར་བར་དཀའ་ཚུལ་སྐྱེས་རབས་འདི་དག་གི །བཟང་ངན་མ་ངེས་འཆོལ་པ་འདི་སོམ་ལ། །སྐྱོ་བ་བསྐྱེད་ནས་ཐར་པ་བསྒྲུབ་རེ་རན། །ཡང་ནི་དགེ་སློང་རཱ་ག་ཨ་སྱ་བདག །རང་ལོ་ཉེར་གཉིས་ཙམ་ཞིག་ལོན་པའི་དུས། །ཐུབ་བསྟན་ཉིན་གླིང་ཆོས་ར་འགྲིམ་པའི་ཚེ། །ཉིན་གཅིག་བསམ་ཡས་མཐིལ་ནས་མང་ཇ་བྱུང་། །དེ་ཡི་གྲལ་དུ་མངའ་རིའི་བཀའ་བཅུ་པ། །ཚུལ་ཁྲིམས་ཞེས་བྱ་བསམ་ཡས་ཆོས་སྐྱོང་བ། །རྩི་

p. 340

དམར་རྒྱལ་པོ་ཞུགས་ནས་སྨྱོ་བར་གྱུར། །དེ་ཚེ་མཆེད་གྲོགས་དགེ་སློང་གྲྭ་བགྲེས་གཞོན། །སུ་ཡོང་ལ་ནི་ཞེ་སྡང་ཚིག་ངན་སྨྲ། །ང་ནི་རྩི་དམར་རྒྱལ་པོ་ཡིན་ནོ་ཟེར། །ཡུད་ཙམ་ཤམ་བྷ་ལ་རུ་འགྲོ་ཟེར་བརྒྱལ། །གཞན་ཡང་ལུང་བསྟན་འདྲ་བའི་ཚིག་ངན་འགའ། །ཟེར་བ་ཐམས་ཅད་ཐོག་ཏུ་ཁྲིག་ཁྲིག་ཐལ། །དེ་ཚེ་དེ་ཡི་དྲུང་དུ་ང་ནམ་སོང་། །ཐལ་མོ་སྦྱར་ནས་གུས་འདུད་ཆེར་བྱེད་ཅིང་། །བྲམ་ཟེ་སྐྱེ་བ་བདུན་པར་སྐྱབས་སུ་མཆི། །དེ་འདྲ་ལན་གཅིག་མིན་པར་རྒྱུན་དུ་ཟེར། །དེ་ཚེ་མཆེད་གྲོགས་འགའ་ཡང་ཐེ་ཚོམ་སྐྱེས། །ཆགས་མེད་བྲམ་ཟེ་སྐྱེ་བདུན་ཅི་ལ་ཡིན། །ཁོ་ཡི་བླ་མ་དྲུང་པ་ཚེར་ལུང་པ། །དེ་ལ་ཟེར་བ་ཡིན་ནམ་ཟེར་ཞིང་གླེང་། །དེ་དོན་སྔོན་ཚེ་ཐུགས་རྗེ་ཆེན་པོ་ཡི། །སྐུ་གསུང་ཐུགས་ལས་སྤྲུལ་པའི་བྲམ་ཟེ་གསུམ། །དེ་གསུམ་སྤྲུལ་པ་སྐྱེ་རྒྱུད་ལ་སོགས་པ། །བྲམ་ཟེ་སྐྱེ་བདུན་ཉི་ཤུ་རྩ་ལྔ་བྱུང་། །དེ་དག་ཤ་ཁྲག་སུ་ཡིས་གཏོར་སོང་བ། །སྤྱན་རས་གཟིགས་དང་འབྲལ་བ་མེད་པའི་ཕྱིར། །ཨོ་རྒྱན་ཆེན་པོས་རིལ་བུའི་ཕབ་རྒྱུན་རྣམས། །གཏེར་ཁ་སོ་སོར་སྦས་པའི་ལོ་རྒྱུས་མང་། །དེ་ནས་སྤྲུལ་པའི་བྲམ་ཟེ་དེའི་ནང་ནས། །

p. 341

གཅིག་ཙམ་ཞིག་གིས་བདག་བྱིན་བརླབས་པར་སེམས། །ཅི་ཕྱིར་བསམ་ཡས་ཆོས་སྐྱོང་མངོན་ཤེས་ལྡན། །ལྷག་པར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས།། ༁ཾ༔ བརྡ་ཡིག༔ གུ་རུ་དྷེ་ཝ་ཌཱཀི་ནི༔ སྐྱེ་བ་བདུན་པའི་བྲམ་ཟེ་ནི༔ རྒྱ་གར་ཡུལ་དུ་ངེས་ཅན་གྱི༔ བྲམ་ཟེ་ངེས་པ་བཟང་པོ་ཡིན༔ འདི་ཡི་སྐྱེ་བ་སྔོན་མ་རང་༔ མངའ་རིའི་སྟོད་དུ་དཔུང་བཟང་ཞེས༔ ཚོང་དཔོན་ཆོས་བྱེད་བཟང་པོར་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རུ་ཏཿ ཅེས་པ་འདི་བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཉེར་བཞི་ལ་འདི་ནི་བདག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སངས་རྒྱས་ལྷའི་ཐུབ་པ་བརྒྱ་བྱིན་གྱིས་གསུངས་སོ། །དེ་དོན་སྤྲུལ་པའི་སྐུ་ཡིས་གསུངས་པ་ནི། །རྒྱ་གར་བྲམ་ཟེའི་སྐྱེ་བ་གཙང་མ་ནི། །བདུན་ནི་བརྩེགས་མར་བླངས་པ་དེ་རྣམས་ནི། །ཆོས་ལུགས་ནང་པ་ཡིན་ཅིང་ཕལ་ཆེར་ནི། །ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་འགྲུབ། །གཅིག་ཙམ་མ་གཏོགས་ཚེ་ནི་ཐུང་བར་གྱུར། །དེ་སྐད་གསུངས་ཏེ་རང་གིས་མ་དྲན་ནོ། །འོན་ཀྱང་ཐུགས་རྗེ་ཆེན་པོ་དོན་ཞགས་ནི། །ཚེ་རབས་ལས་ཀྱི་ལྷ་ནི་ཡིན་ནམ་སྙམ། །དད་གུས་མོས་པ་

p. 342

བློ་གཏད་འཕེར་བ་ཡོད། །ཡང་ནི་ནུབ་ཅིག་ཉལ་བའི་ཉམས་རྨིས་མཚམས། །སྤང་རི་མཐོན་པོ་ཞིག་གི་རྩེ་མོ་ན། །གྱང་རལ་ཆེན་པོ་གྱང་རྩེ་ཧྲིག་གེ་འདུག །སྔོན་དུས་མཁར་དེའི་བདག་པོ་སྡེ་པ་དེ། །རང་ཉིད་ཡིན་པ་གསལ་བར་དྲན་ན་ཡང་། །དེ་ཡི་མིང་སོགས་ཞིབ་ཆ་མ་དྲན་ནོ། །སྤྲུལ་སྐུས་དེ་ནི་མདོ་ཁམས་དིང་རི་རྩེར། །མཁར་བཟོ་མཁན་གྱི་སྡེ་པ་ཚོང་དཔོན་ཞིག །བྱུང་བ་དེ་ནི་ཡིན་པ་འདྲའོ་གསུངས། །ཡང་ནི་ནུབ་ཅིག་འཁྲུལ་པའི་རྨི་ལམ་ན། །རྒྱ་གར་ཡུལ་དང་བལ་པོའི་སོ་མཚམས་ན། །གནས་རི་བཟང་པོ་ཞིག་ནི་ཡོད་པ་ནི། །བདག་ནི་ཞིང་སྐྱོང་ཌཀི་ཞིག་ཏུ་གྱུར། །དེ་ཚེ་ཇོ་མོ་བཀྲ་ཤིས་ཚེ་རིང་མ། །ཕན་ཚུན་མགུར་མ་བྱེད་རིས་བྱས་པ་ཞིག །དྲན་པའི་སྣང་བ་ཉམས་ཀྱང་མཚར་བ་བྱུང་། །ཡང་ནི་རྟོགས་ལྡན་འགའ་ལ་གནམ་ཆོས་ཀྱི། །རྫོགས་པ་ཆེན་པོ་ཉུང་ཁྲིད་བྱས་དུས་ཤིག །ཉམས་དང་རྨི་ལམ་འཁྲུལ་པའི་སྣང་བ་ལ། །གཏེར་སྟོན་ཆེན་པོ་རཏྣ་གླིང་པ་ཡི། །རྩ་བའི་བླ་མར་གྱུར་པའི་རྫོགས་ཆེན་པ། །དབང་ཆེན་རྟ་མགྲིན་སྤྲུལ་པར་གྲགས་པ་ཡི། །ཀུན་མཁྱེན་ཟླ་བ་གྲགས་པ་ཞེས་བྱ་དེ། །ང་རང་ཡིན་པ་གསལ་བར་དྲན་སྣང་

p. 343

བྱུང་། །དེ་སོགས་མི་མཚུངས་རྟགས་དང་མཚན་མ་འགའ། །བདེན་རྫུན་བར་ཆད་དངོས་གྲུབ་མ་འབྱེད་པས། །ཡི་དམ་ཞལ་གཟིགས་བྱུང་དུས་དྲིས་ཞུས་པས།། ༁ཾ༔ ཊྱ༔ བརྡ་ཡིག༔ གུ་རུ་དྷེ་ཝ་ཌཱཀི་ནི་ཧཱུྃ༔ རྡོར་སེམས་སེམས་བསྐྱེད་དོན་ཐོབ་རྩལ། །ཙུན་དྷ་དྷ་ཤོ་ཐུགས་རྒྱུད་གཅིག །མཁའ་འགྲོ་མ་ནི་རང་ག་ཡིན། །ཟླ་བ་གྲགས་པ་དངོས་ཡིན་ནོ༔་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རྣོ་རྒྱལཿ ཏུམཁྱན། ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམོ་བྱ་ལོ་སྣོན་ཟླ་བའི་བཅུ་བཞི་ལ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོས་དངོས་སུ་གསུངས་ཏེ། བདག་ཨ་རཱ་གའི་སྐྱེས་རབས་ཀྱི་དོན་གསལ་ལུང་བྱང་ལགས་སོ། །ཡང་ནི་སྒྲུབ་པར་རྩེ་གཅིག་འབད་པའི་ཚེ། །འཁྲུལ་པའི་རྨི་ལམ་མཚར་མཚར་འདྲ་བ་ནི། །དབུ་མའི་ལོ་རྒྱུས་རྣམས་ལས་འབྱུང་བ་ལྟར། །སྔོན་ཚེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དེ། །མྱ་ངན་འདས་དུས་རྒྱ་གར་ནཱ་ལེནྡྲར། །པཎྜི་ཏ་ནི་མང་པོ་འཚོགས་པ་རྣམས། །ཐམས་ཅད་ཀླུ་སྒྲུབ་སློབ་མ་ཤ་སྟག་སྟེ། །ད་ནི་འཇིག་རྟེན་ཉི་མ་ནུབ་བོ་ཞེས། །ཐམས་ཅད་ངུས་པས་མཁའ་འགྲོ་མ་ཡིས་ཚོགས། །མང་པོ་ནམ་མཁར་བྱོན་ནས་ལུང་

p. 344

བསྟན་པ། །ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །ས་ནི་ཞེས་པའི་གྲོང་ཁྱེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བས་མུན་པ་སེལ། །རྣམ་དག་རིགས་ལ་འཁྲུངས་པའི་པཎྜི་ཏ། །ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང་། །ཞེས་གསུངས་མཁའ་འགྲོས་མགྲིན་གཅིག་གླུར་བླངས་པ། །དེར་འཚོགས་པཎྜི་ཏ་ཀུན་གསལ་བར་ཐོས། །དེ་དུས་ང་ཡང་དེ་རུ་ཡོད་པ་སྟེ། །པཎྜི་ཏ་གཅིག་ང་རང་ཡིན་པ་ནི། །གསལ་པོར་དྲན་ཡང་མིང་ནི་མ་དྲན་ཏེ། །དུས་ཕྱིས་སྤྲུལ་སྐུས་དེ་ཡི་ལོ་རྒྱུས་གསུངས། །རྒྱལ་རིགས་ལས་འཁྲུངས་དབང་ཆེན་ཀུན་གྱི་བརྩི། །མིང་ནི་རྒྱས་པར་རྒྱལ་བ་བཀྲ་ཤིས་ཏེ། །ཀུན་གྱིས་པཎ་རྒྱལ་ཞེས་ནི་འབོད་པ་ཡིན། །འཁོར་ཡང་པཎ་ཆུང་བརྒྱ་རྩ་ཡོད་དོ་གསུངས། །ཡང་ནི་སྔོན་ཚེ་རྒྱལ་བ་ཀརྨ་པ། །དཔལ་ལྡན་དུས་གསུམ་མཁྱེན་པའི་ཞབས་དྲུང་དུ། །བདག་ཀྱང་སློབ་མའི་གྲ་རུ་བགྲང་བ་ནི། །ཡིན་པ་རྨི་ལམ་ཡུལ་དུ་ག་བ་ལ་བར་དྲན། །དེ་རྗེས་ནུབ་ཅིག་དུས་གསུམ་མཁྱེན་པ་མཇལ། །ཁྱོད་རང་ང་ཡི་སློབ་མ་ཡིན་པའི་རབས། །དྲན་པ་དེ་ནི་ངེས་པ་ཅན་ཡིན་ཞེས། །ལོ་རྒྱུས་མང་པོ་ཞིབ་ཏུ་གསུངས་ན་ཡང་། །ཕྱིར་ནངས་གཉིད་སད་ཙ་ན་ཕལ་

p. 345

ཆེར་བརྗེད། །དུས་ཕྱིས་སྤྲུལ་སྐུས་ཞིབ་པར་གསུངས་པ་ནི། །མིང་ནི་ཀརྨ་རབ་དགའ་བྱ་བ་སྟེ། །ཚེ་སྟོད་ཆོས་བྱས་སློབ་མའི་གྲྭ་རུ་ཚུད། །ཚེ་སྨད་ཕྱག་མཛོད་བྱས་པས་ཅུང་ཟད་འཁྲེབ། །མངོན་ཤེས་ཡོད་མེད་ལ་སོགས་གླེང་པའི་ཚེ། །མངོན་ཤེས་གཞན་ནི་ཅི་ཡོད་མི་ཤེས་ཏེ། །ལྐོག་ཁ་གང་བྱས་དེ་ནི་གོ་ཤིང་གདའ། །ཞེ་སྡང་ཆེ་བས་སྦྲུལ་དང་འདྲ་སོགས་སྨྲས་། །དེ་ཡི་རྣམ་སྨིན་སྦྲུལ་གྱི་སྐྱེ་བ་ནི། །ལྔ་བརྒྱ་ཙམ་ཞིག་སྐྱེ་རྒྱུ་ཡིན་པ་ལ། །མདུན་གྱི་སོ་ནས་དུས་མཁྱེན་སྐུ་ཚེའི་སྨད། །སྦྲུལ་དེ་ཕྱག་གིས་བསྒྲལ་ནས་རྣམ་ཤེས་སྤར། །དེ་ནས་སྦྲུལ་གྱི་སྐྱེ་སྒོ་ཆོད་པར་གྱུར། །དེ་སོགས་ལོ་རྒྱུས་ཞིབ་ཏུ་གསུངས་པ་རྣམས། །བསམ་ན་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ། །ལས་འབྲས་འདི་ལ་སྐྲག་པོ་འདུག་གོ་ཨང་། །ཡང་ནི་ཆོས་རྗེ་རང་བྱུང་རྡོ་རྗེའི་དུས། །བདག་ཀྱང་བཀའ་བརྒྱུད་བླ་ཆེན་གྲར་འདྲེན་ཞིང་། །རྒྱ་ནག་རྒྱལ་པོས་བསྙེན་བཀུར་བྱས་པའི་ཚེ། །བླ་མ་གཅིག་ནི་ང་རང་ཡིན་པ་སྟེ། །རྨི་ལམ་ཡུལ་དུ་དྲན་ཡང་མིང་མ་དྲན། །དེ་དོན་སྤྲུལ་སྐུ་ཕྱི་དུས་གསུངས་པ་ནི། །རབ་བྱུང་བ་ཡི་སློབ་མ་གཡུང་ཆུང་བ། །རྒྱ་ནག་རྒྱལ་པོའི་བླ་མཆོད་བྱེད་པའི་ཚེ། །སྤྲུལ་སྐུ་ཉིད་ནི་རྒྱ་ནག་

p. 346

བླ་མ་ཞེས། །སྦས་ཚུལ་བྱ་བྲལ་གྲུབ་ཐོབ་གཅིག་ཡོད་པར། །ཁ་སྤུ་རིང་བ་ར་གཅིག་འདྲ་དོ་ཟེར། །ངག་འཁྱལ་སྨྲས་ཤིང་བརྙས་ཆོས་བག་ཙམ་བྱས། །རྣམ་སྨིན་ར་ཡི་སྐྱེ་བ་དགུ་བླངས་ཏེ། །གཅིག་ཙམ་མ་གཏོགས་ཚེ་ཐུང་མྱུར་དུ་གུམ། །དེ་ལ་བསམ་ན་ཀུ་རེའི་ངག་འཁྱལ་ཡང་། །འཇིགས་སུ་རུང་བར་འདུག་གོ་ཅི་དྲག་ན། །ཡིག་བརྒྱ་བཤགས་སྡོམ་འདིས་ཀྱང་ཨེ་སྐྱོབ་ཨང་། །ཡང་ནི་ཀོང་པོའི་ཡུལ་དུ་རྫོགས་ཆེན་པ། །བུ་ཡང་མང་པོ་ཡོད་པ་ནང་དུ་སྐྱེས། །ཞྭ་ནག་ཅོད་པན་འཛིན་པ་མཇལ་དུ་ཕྱིན། །སྐུ་གསུམ་ངོ་སྤྲོད་ཆོས་དེ་ཞུས་པ་ལ། །བུ་གཅིག་ང་ལ་ཕུལ་ཞེས་གསུངས་བྱུང་བ། །མ་ཕུལ་ན་ནི་ཆོས་དེ་མི་གནང་དོགས། །བུ་གཅིག་ཕུལ་བ་རྨི་ལམ་ཡུལ་དུ་དྲན། །དེ་ཡི་ལོ་རྒྱུས་དུས་ཕྱིས་སྤྲུལ་སྐུ་ཡི། །སྐྱེས་རབས་ནང་ནས་རྒྱས་པར་འབྱུང་བ་སྟེ། །རྫོགས་ཆེན་བླ་མ་བཀྲ་ཤིས་དབང་ཕྱུག་ཅེས། །ཆགས་ལམ་མ་ཇོ་སྲས་ཀྱང་འགའ་རེ་ཡོད། །གནས་ཕྲན་གཅིག་གི་གནས་སྒོ་ཕྱེས་པ་ལ། །རེ་ཞིག་གྲགས་པ་ཆེ་ཞིང་གདུལ་བྱ་འུར། །གནས་ཡིག་ཤོག་སེར་གཏེར་ཕྲན་ཞིག་བཏོན་པ། །ཀུན་གྱིས་ཤོག་སེར་སྟོན་ཟེར་སྡོད་མ་བཅུག །ཤོག་སེར་ནང་དུ་བཀྲ་

p. 347

ཤིས་དབང་ཕྱུག་རང་། །ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་ཡིན་ཚུལ་དང་། །སད་ན་ལེགས་ཀྱི་སྐྱེས་རབས་ལུང་བསྟན་སོགས། །འདུག་པས་འདི་ཚོ་བསྟན་ན་ངོ་ཚ་བ། །ང་ལ་དེ་འདྲའི་རེ་བ་མེད་ཟེར་ནས། །བསྟོད་པ་ས་ཡིས་ཤོག་སེར་གྲི་ཡིས་གྲས། །དེ་འཕྲོའི་ཤོག་དྲིལ་ཀུན་ལ་ལྟ་བཅུག་པས། །ཤོག་སེར་སྟོན་སྔ་གྲི་ཡིས་བཅད་པ་སོགས། །རྟེན་འབྲེལ་འཆུགས་པས་འགྲོ་དོན་མ་བྱུང་སྟེ། །དེ་དུས་ཇ་མ་བྱེད་པའི་རྟོགས་ལྡན་ཞིག །ཡོད་པ་ཕྱིས་སུ་ཇ་མ་བླ་མར་གྲགས། །དེ་ཉིད་མི་འགྱུར་རྡོ་རྗེ་ཉིད་ཡིན་གསུངས། །མདོར་ན་དེ་དག་འདི་དང་ཕྱི་མ་ཡི། །ལུང་བསྟན་གནམ་ཆོས་ཉིད་ལས་གསུངས་འདིའོ། །སློབ་དཔོན་ཆེན་པོ་རཱ་ག་ཨ་སྱ་བདག །འདས་དང་མ་འོངས་སྐྱེས་རབས་ལགས་སོ།། ༁ཾ༔ བརྡ་ཡིག༔ ན་མོ་ལོ་ཀེ་ཤྭ་ར་ཡེ༔ རཱ་ག་ཨ་སྱ་སྐྱེས་རབས་འདི༔ ཐུབ་པའི་མདུན་དུ༔ ཀརྨ་དྷ་ཤྭར་སྐྱེ་བ་བླངས་བའི་དུས་སུ༔ ཕུ་དེར་ལྟད་མོ་ལྟ་རུ་སོང་བ་ལ༔ རྒྱུས་མེད་མི་རྣམས་དགེ་སློང་འདི་ཉིད་ནི༔ ཤིན་ཏུ་རྩལ་ནི་ཆེན་པོ་རེད་ཟེར་སྐབས༔ དགེ་སློང་ཞིག་གིས་དེ་ལྟར་མིན་ཟེར་བས༔ ཀརྨ་དྷ་ཤོ་ཁྲོས་ནས་ཁྱི་སྡོད་ཟེར༔ དེ་ཡི་རྣམ་སྨིན་ཁྱི་ནི་བཅོ་བརྒྱད་སྐྱེས༔ ཀླུ་སྒྲུབ་

p. 348

མདུན་དུ་པཎྜི་རྒྱལ་བར་སྐྱེས༔ དེ་ཡིས་ཀླུ་སྒྲུབ་གུང་ཚིགས་མཛད་པ་ལ༔ སྲིན་བུ་ཟ་ཟ་བྱེད་ཅིང་འོ་ལས་ཟེར༔ དེ་ཡི་རྣམ་སྨིན་སྲིན་བུ་བརྒྱ་རུ་སྐྱེས༔ རྒྱལ་སྲས་སྒྲིབ་པ་སད་ན་ལེགས་ཞེས་པས༔ ཁྲིམས་བཅད་མིག་བྲུས་པ་ཡི་རྣམ་སྨིན་གྱིས༔ དེ་ཡི་རྣམ་སྨིན་ལོང་བ་བཅོ་བརྒྱད་སྐྱེས༔ སད་ན་ལེགས་ཀྱི་སྐྱེས་མཐའ་ཡིན་གསུངས་པ༔ དུས་མཁྱེན་སློབ་མ་ཀརྨ་རབས་དགའ་དུས༔ རབས་བྱུང་འདི་ཚོ་ཞེ་སྡང་ཆེ་སྨྲས་པས༔ སྦྲུལ་གྱི་སྐྱེ་བ་བདུན་ནི་བླངས་པར་གྱུར༔ རང་བྱུང་སློབ་མ་གཡུང་སྟོན་ཆུང་བ་དེ༔ རྒྱ་ནག་བླ་མར་ར་གཅིག་འདྲ་དོ་སྨྲས༔ དེ་ཡི་རྣམ་སྨིན་ར་ནི་དགུ་རུ་སྐྱེས༔ ཀོང་པོས་བླ་མ་བཀྲ་ཤིས་དབང་ཕྱུག་དེས༔ མཐོང་བཟང་རྡོ་རྗེར་བུ་ཕུལ་ལས་འབྲས་ཀྱིས༔ བྲམ་ཟེ་རྣམ་དག་བདུན་དུ་ཆད་མེད་སྐྱེས༔ ཀླུ་ཡི་རྒྱལ་མཚན་སྤང་བུ་གོས་ཁུར་དང་༔ འཇམ་དབྱངས་ཆེན་པོ་ཆོས་དབྱིངས་རྡོ་རྗེ་དང་༔ ཀུན་དགའ་རྣམ་རྒྱལ་གྲགས་པ་མཆོག་དབྱངས་ཀྱིས༔ རྗེས་བཟུང་སྤྲུལ་པ་བྱིན་རླབས་ཞུགས་པ་ཡིན༔ འདི་ནས་ཚེ་འཕོས་དངོས་བསྟན་བདེ་ཆེན་ཞིང་༔ སྤྲུལ་པ་རྔ་ཡབ་གླིང་དུ་སྨན་བླའི་དྲུང་༔ ཁམས་ཀྱི་ཡུལ་དང་རྒྱ་གར་རྡོ་རྗེ་གདན༔ ཞྭ་དམར་

p. 349

བ་ཡི་དབོན་པོ་གཅིག་ཏུ་འོང་༔ དེ་མན་སྐྱེ་བ་བརྒྱུད་པར་མི་འགྱུར་རོ༔ ཞལ་ནི་རྩིབ་ཀྱང་ཆོས་རྒྱུད་ཅི་ལྟ་མིན༔ ཀུན་ལ་སྐུ་སྐྱེའི་མིང་ནི་མི་ཐོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གླུ་ཧྱ༔ ཤམ༔ ཞེས་པ་འདི་བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོས་དངོས་སུ་གསུངས་སོ། །རང་ལོ་བཅུ་གསུམ་བྱ་ལོ་ཆོ་འཕྲུལ་ཟླ་བའི་དམར་པོའི་ཚེས་དྲུག་ལའོ། །ཞེས་གསུངས་པ་ནི་རྩ་ཚིག་འཐུས་ཆེའོ། །དེ་དོན་རང་ཉིད་སྒྲུབ་པ་བྱེད་སྐབས་ཤིག །དྲུང་ཆེན་སྒམ་པོ་པ་ཡི་དྲུང་སྐོར་ནི། །སྤང་བུ་གོས་ཁུར་ཞེས་བྱའི་གཟིམས་དཔོན་ཞིག །དེ་ནི་ང་རང་ཡིན་པར་དྲན་སྣང་ནི། །རྨི་ལམ་ཡུལ་དུ་གསལ་བར་བྱུང་བ་ནི། །སྒམ་པོ་པ་ཡི་སྐྱེས་མཐའ་དེང་སང་དུས། །གཏེར་སྟོན་བདུད་འདུལ་རྡོ་རྗེ་ཡིན་གསུངས་པས། །དེ་དུས་འབྲེལ་པ་ཆེ་བའི་གནད་ཡིན་ནམ། །གཏེར་སྟོན་འདི་ཉིད་མ་མཇལ་འདུག་མི་ཚུགས། །མཇལ་ནས་ཡུན་རིང་འདྲིས་ནི་ཆེ་བ་ལྟར། །འབྲལ་མ་ཕོད་པར་དབང་མེད་མཆི་མ་འཁྲུག །སྔོན་དུས་རང་ལོ་སུམ་ཅུའི་སྐོར་ཙམ་དུས། །དེང་སང་ཤི་ན་གང་དུ་སྐྱེ་འམ་སྙམ། །ཐུགས་རྗེ་ཆེན་པོའི་སྐྱེ་བ་བརྟག་ཐབས་བྱས། །བདག་གིས་འཕོ་བ་

p. 350

གྲོང་འཇུག་བྱས་པ་ཡིས། །ལུས་འདི་བསྒྱུར་ནས་ལུས་འདི་འདྲ་ཞིག་བླངས། །རྨོ་ཡི་ཆུ་རྒྱུད་འདྲ་བའི་ས་ཞིག་ན། །ཞྭ་ཆུང་མ་དང་ཆོས་གོས་ལ་སོགས་གྱོན། །རྟ་ཞོན་གྲྭ་པ་ཞིག་གིས་རྟ་ཁ་བྱས། །གདན་འདྲེན་ས་རུ་འགྲོ་བའི་རྨི་ལམ་བྱུང་། །ཆོས་མ་བྱས་ཀྱང་གྲོང་ཆོག་འབྱམས་པའི་ངང་། །ཤི་ན་ད་རེས་འདྲ་བར་སྐྱེ་བར་སྣང་། །ད་ནི་ཅུག་དྲག་འཁོར་བ་འདི་ལ་སྐྲག །ཡང་ཡང་སྐྱེ་འཆིའི་སྡུག་བསྔལ་ཇི་ལྟར་བཟོད། །སྙམ་ཞིང་ཡི་མུག་བློ་སེམས་མ་བདེ་བས། །བདེ་སྨོན་བཏོན་ཅིང་དགེ་རྩ་གང་ཡོད་རྣམས། །དག་པའི་ཞིང་དེར་སྐྱེ་བའི་རྒྱུར་བསྔོས་པས། །འཁོར་བར་ལུས་ནི་ལེན་པར་མི་འདོད་ཅིང་། །བདེ་ཆེན་ཞིང་དུ་སྐྱེ་བར་འདོད་པ་ན། །བདེ་ཆེན་ཞིང་བཀོད་ཞལ་ཐང་མདུན་དུ་བཤམས། །རྩེ་གཅིག་མ་ཡེངས་དེ་ལ་དམིགས་པ་གཏད། །ཅེས་སོགས་ཞིང་བཀོད་མདོ་ཡི་ཉམས་ལེན་ནི། །བརྡ་ཙམ་རྨི་ལམ་ཡུལ་དུ་ལུང་བསྟན་བྱུང། །ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་པ་ཡི། །མདོ་ཡི་མན་ངག་དོན་ཡང་རྟོགས་པར་གྱུར། །ཡང་ནི་མཚམས་བསྡམས་སྒྲུབ་པ་བྱེད་སྐབས་ཤིག །ཉམས་དང་རྨི་ལམ་འདྲེས་པའི་སྐབས་ཤིག་ཏུ། །ཚེ་རབས་སྔ་ཕྱི་གཉིས་པོ་

p. 351

གསལ་བར་དྲན། །ཚེ་སྔོན་ལྷ་སར་ཚོང་དཔོན་ཕྱུག་པོ་ཞིག །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་ལེན་ཞིང་། །ཇོ་ཤཱཀ་གཉིས་ལ་བཀུར་སྟི་རྒྱ་ཆེར་བྱས། །འདི་ནས་ཚེ་འཕོས་ནུབ་ཕྱོགས་བདེ་ཆེན་ཞིང་། །འདབ་རྒྱས་པདྨ་ཆེན་པོའི་ཟེའུ་འབྲུ་ལ། །བརྫུས་ཏེ་སྐྱེ་བ་མངོན་སུམ་ལྟ་བུར་མཐོང་། །ཐེ་ཚོམ་མེད་པའི་ངེས་ཤེས་ཆེན་པོ་ཐོབ། །སྤྲང་པོས་སེམས་ཀྱི་གཏད་སོ་འདི་ལགས་སོ། །ཡང་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དེ། །དགུང་ལོ་བཅུ་གཅིག་མཉམ་དུ་བཞུགས་སྐབས་དུས། །བདག་གིས་ཚོགས་ཆུང་ཞིག་ནི་བྱས་པ་དེ། །བགོ་རྒྱུ་གྲྭ་པ་ཚོ་ལ་བསྐུར་བའི་དུས། །སྤྲུལ་སྐུ་ཁང་སྟེང་བཞུགས་པས་འདི་སྐད་གསུངས། །ད་ལམ་ཁྱེད་ཀྱི་ཚོགས་འདི་ང་དང་གཅིག །ང་ཡི་སྤྱན་ཡ་ཆེ་བ་འབྲིང་བ་གསུམ། །ཡབ་ནི་མངའ་བདག་རྒྱལ་པོ་ངེད་བཞི་ལ། །ཐེམ་པར་གྱིས་ཤིག་གསུངས་ནི་ཐལ་བ་ཐོས། །དེ་འདྲ་སྨྲ་སམ་གསུངས་པས་ཅི་ལ་སྨྲ། །དེ་སོགས་ཁོ་བོ་རྒྱལ་སྲས་སད་ན་ལེགས། །ཡིན་པའི་རྟགས་འགའ་ཡང་ཡང་བྱུང་བ་འདི། །སད་ན་ལེགས་ཀྱི་སྐྱེ་རྒྱུད་དངོས་ཡིན་ནམ། །སྤྲུལ་པའི་ཆ་ཤས་ཟེར་ཙམ་ཡིན་ལགས་སམ། །བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན་ནམ་ཅི། །པདྨ་ཀ་

p. 352

ཐང་སྡེ་ལྔ་ལ་སོགས་ནས། །སད་ན་ལེགས་ནི་བསྐལ་པ་མང་པོའི་གོང་། །རྫོགས་པའི་སངས་རྒྱས་མང་པོའི་ཡབ་ཏུ་གྱུར། །ཕལ་ཆེར་འཁོར་ལོས་སྒྱུར་རྒྱལ་སྐྱེས་པ་མང་། །མ་འོངས་པར་ཡང་བོད་ཡུལ་འདི་ཉིད་ན། །ཆོས་རྒྱལ་འགའ་རུ་སྐྱེ་ཞིང་བསྟན་པ་འཛིན། །སར་གནས་སེམས་དཔའ་སྟོབས་ཆེན་ཡིན་པར་བཤད། །གལ་ཏེ་དེ་ཡི་སྤྲུལ་པའི་ཆ་ཤས་ཀྱི། །སྐྱེ་རྒྱུད་ཡིན་ན་ས་ཐོབ་ཡིན་འོས་ཀྱང་། །ས་ཐོབ་ཡིན་རྟགས་རྫུ་འཕྲུལ་བདག་ལ་མེད། །རྣམ་ཤེས་དུམ་བུ་ཞྭ་དམར་བརྒྱད་པ་ཡི། །དབོན་པོའི་སྐྱེ་བར་ལུང་བསྟན་བྱུང་ན་ཡང་། །དེ་རྒྱབ་བསྟན་དགྲ་བདུད་རྒྱལ་མགོ་གསུམ་གྱིས། །གནོད་སྐབས་གདའ་ནས་བདག་གིས་བཟློག་ནུས་སམ། །རྣམ་ཤེས་ཆ་གཅིག་མི་འགྱུར་རྡོ་རྗེ་ཡི། །དབོན་པོ་ཞིག་ཏུ་སྐྱེ་བར་གསུངས་ལགས་ན། །དེ་ཡིས་རྙིང་མའི་ཆོས་ལུགས་འཛིན་ལགས་སམ། །ཡང་ན་སྐྱེ་བོ་ཐ་མལ་སྦས་ཚུལ་སྤྱོད། །དེ་རྣམས་ཞལ་གཟིགས་བྱུང་དུས་དྲིས་ཞུས་པས། །དེ་དོན་ལུང་དུ་བསྟན་པ་འདི་ལགས་སོ།། ༁ྃ༔ བརྡ་ཡིག ན་མོ་གུ་རུ་རཏྣ་ཡེ༔ འགྲོ་བའི་སྐུ་ལྔ་ཨོ་རྒྱན་སློབ་དཔོན་ཆེན་པོ་ཨ་རཱ་གའོ༔ སད་ན་ལེགས་ཀྱི་སྐྱེ་

p. 353

བ་དངོས༔ ད་ལྟ་ས་ཐོབ་ཡིན་པས་སོ༔ ཞྭ་དམར་དབོན་པོའི་ཚེ་སྨད་ལ༔ བདུད་ནི་མགོ་གསུམ་བྱུང་བ་སྟེ༔ སྨོན་ལམ་སྟོབས་ཀྱིས་ལོ་བཅོ་བརྒྱད༔ ཟློག་པར་འགྱུར་བས་རིང་མི་འོང་༔ ཆོས་ལུགས་འཛིན་པའི་དབོན་པོ་ཞིག མི་འགྱུར་རྡོ་རྗེའི་སྤྲུལ་པ་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གླུ་ཧྱ༔ ཅེས་པ་འདི་བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྣོན་ཟླ་བའི་ཉེར་གཅིག་ལ་སྤྱན་རས་གཟིགས་ཁ་སར་པཱ་ཎིས་དངོས་སུ་གསུངས་སོ༔ དེ་ལྟར་བདེ་ཆེན་ཞིང་དུ་སྐྱེ་བ་ཡི། །ལུང་བསྟན་བྱུང་དང་རང་གིས་མཐོང་བ་སོགས། །བྱུང་ཡང་གལ་པོ་ཆེ་ལ་ལན་གསུམ་དཔེ། །འོད་མདོ་ཞིང་བཀོད་མདོ་སྡེ་ལ་སོགས་ནས། །བསོད་ནམས་ངན་ངོན་ཙམ་ཞིག་བསགས་པས་ནི། །བདེ་བ་ཅན་དུ་སྐྱེ་བར་མི་འགྱུར་གསུངས། །དེ་ཕྱིར་སྒྲུབ་པ་ཡང་ཡང་ཝིག་ཅིང་བྱས། །དེ་དག་དགེ་རྩ་ཞིང་དེར་སྐྱེ་ཕྱིར་བསྔོས། །དེ་ནས་ཡང་ནི་ཐུགས་རྗེ་ཆེན་པོ་ཡི། །སྒྲུབ་པ་ཞིག་ནི་བྱེད་ཅིང་ཡོད་པའི་ཚེ་། །ཉམས་དང་རྨི་ལམ་འདྲེས་པའི་སྐབས་ཤིག་ན། །ད་ནི་སྒྲུབ་པ་འདི་ཙམ་ཞིག་གིས་ནི། །བདེ་བ་ཅན་དུ་སྐྱེ་ངེས་ཡིན་ཟེར་བའི། །ལུང་བསྟན་སྒྲ་དེ་མཁའ་ནས་གྲག་པ་ཐོས། །

p. 354

དེ་ལྟར་བདག་ནི་ངེས་པར་དེར་སྐྱེས་ན། །འདི་ནས་ཚེ་ནི་འཕོས་མ་ཐག་སྐྱེའམ། །ཡང་ན་ད་རུང་སྐྱེ་བ་གཞན་གྱིས་ཆོད། །ཞིང་དེར་ལུས་དེ་གྲུབ་ལ་ཅི་ཙམ་འགོར། །ལ་ལ་ཡུན་རིང་པདྨའི་ཁ་ཟུམ་ནས།་།ཞལ་མི་མཐོང་བ་དེ་ལྟར་མི་འགྱུར་རམ། །དགེ་སློང་ལུས་སམ་བྱང་ཆུབ་སེམས་དཔའི་ལུས། །དེ་ཡི་མིང་ནི་ཇི་སྐད་ཅེས་གསུངས་པ།་།ཞིང་དེར་སྐྱེས་ཚད་སྐྱེ་བ་དེ་རྗེས་ནས། །རྫོགས་སངས་མི་རྒྱ་མི་སྲིད་པར་བཤད་ན། །འཛམ་གླིང་འདི་ཡི་ལུགས་ཀྱི་བསྐལ་པ་གྲངས། །དུ་ཙམ་ཞིག་ནས་བདག་གིས་བྱང་ཆུབ་ཐོབ་། །ཞིང་ནི་གང་འདྲ་ཞིག་ཏུ་བདག་འཚང་རྒྱ། །དེ་ཡི་སྐུ་ཚེའི་ཚད་ནི་ཅི་ལྟ་བུ། །ད་ལྟའི་འབྲེལ་ཐོགས་ཞིང་དེར་འདྲེན་ནུས་སམ། །དེ་ཡི་བསྟན་པ་ཞིང་འདིའི་ལོ་ཡི་གྲངས། །ཅི་ཙམ་བར་དུ་བསྟན་པ་ཡོད་པར་འགྱུར། །དེ་དག་ཞལ་གཟིགས་བྱུང་དུས་དྲིས་ཞུས་པས། །དེ་ཡི་ལན་ནི་རིམ་བཞིན་འདི་ལགས་སོ།། ༁ྃ༔ ༔ ཤམ།། ན་མོ་གུ་རུ༔ རཱ་ག་ཨ་སྱ་བདེ་ཆེན་དུ༔ ད་ལྟ་སངས་རྒྱས་བར་དུ་རབ་བྱུང་ཚུལ༔ པདྨ་ཆུ་སྐྱེས་བྱ་བའོ༔ འདི་ནས་ཚེ་འཕོས་བར་མི་ཆོད༔ འཛམ་གླིང་ལུགས་ཀྱི་ཟླ་བ་གཅིག༔ སྐྱེས་མ་ཐག་ཏུ་

p. 355

ཁ་བྱེའོ༔ འདི་ཡི་ལུགས་ཀྱི་བསྐལ་པ་འབུམ༔ བདེ་ཆེན་ཞིང་ནི་ཉིད་སངས་རྒྱས༔ འབྲེལ་ཐོགས་ཕལ་ཆེར་འཁོར་དུ་སྐྱེ༔ སྐུ་ཚེ་བདེ་ཆེན་བསྐལ་པ་གཉིས༔ བསྟན་པ་བསྐལ་པ་འབུམ་ཕྲག་གནས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གྷ་ཧྱ༔ ཤརྒྱག༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྤོ་ཟླ་བའི་ཉེར་གཅིག་ཉིན་རྡོ་རྗེ་སེམས་དཔའ་སྔོན་པོ་ཡུམ་དང་ཞལ་སྦྱོར་བ་གླང་ཆེན་གྱི་ཁྲི་ལ་བཞུགས་པ་ཞིག་གིས་དངོས་སུ་གསུངས་སོ༔ དེ་ལ་བདག་གིས་སྤྲུལ་སྐུར་འདི་སྐད་ཞུས། །བདེ་ཆེན་ཞིང་དུ་བདག་འཚང་རྒྱ་བ་ན། །སངས་རྒྱས་དེ་ཡི་མཚན་ནི་ཅི་ཞེས་བྱ། །ཤར་ཕྱོགས་སྨན་བླའི་དྲུང་དུ་བདག་ཉིད་ཀྱི། །སྤྲུལ་པ་འབྱུང་ན་དེ་ཡི་མཚན་ནི་གང་། །ཨོ་རྒྱན་དྲུང་དུ་བདག་གི་སྤྲུལ་པ་གཅིག །འབྱུང་ན་དེ་ཡི་མིང་ནི་ཇི་སྐད་ཟེར། །འཇའ་ལུས་ལགས་སམ་གདོས་བཅས་སྲིན་པོའི་ལུས། །དེ་དག་ཞལ་གཟིགས་བྱུང་དུས་དྲིས་ཞུས་པས། ༁ྃ༔ ན་མོ་ལོ་ཀི་ཤྭ་ར་ཡེ༔ ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཡང་དག་སངས་རྒྱས་དེ་ཡི་མཚན༔ པདྨ་ཆུ་སྐྱེས་དྲི་མེད་ཡིན༔ སངས་རྒྱས་སྨན་བླའི་ཞབས་དྲུང་དུ༔ བྱང་ཆུབ་སེམས་དཔའ་འགྲོ་ལ་

p. 356

གཟིགས༔ ལྷོ་ནུབ་སྲིན་ཡུལ་འཇའ་ལུས་པ༔ རྨ་བྱའི་མགྲིན་པའི་རྒྱལ་མཚན་ཟེར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ བརྡ་ཡིག ཅེས་པ་འདི་བདག་རྗེ་རང་ལོ་བཅུ་གསུམ་བྱ་ལོ་སྤོ་ཟླ་བའི་ཚེས་བཅུ་བདུན་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཕག་མོ་འཁྲིལ་བ་དེས་གསུངས་སོ༔ ཤུ་བྷཾ༔ བཀྲ་ཤིས༔ དགེའོ༔ དེ་ནས་བདག་གིས་སྤྲུལ་སྐུ་ལ་ཞུས་པ། །འོ་ན་བདག་ནི་བདེ་ཆེན་ཞིང་ཁམས་སུ། །མ་འོངས་སངས་རྒྱས་པདྨ་ཆུ་སྐྱེས་དེ། །ལོངས་སྐུ་ལགས་སམ་སྤྲུལ་སྐུའི་ཆ་ལུགས་ལགས། །དེ་ཡི་སྐུ་མདོག་ཆ་ལུགས་གང་ལྟར་ལགས། །སྨན་བླའི་དྲུང་དུ་སེམས་དཔར་བདག་གྱུར་ན། །དེ་ཡི་སྐུ་མདོག་ཆ་ལུགས་གང་ལྟར་ལགས། །པད་འབྱུང་དྲུང་དུ་རིག་འཛིན་ཚུལ་སྣང་ན། །དེ་ཡི་རྒྱན་དང་ཆ་ལུགས་ཕྱག་མཚན་ཅི། །ཞྭ་དམར་བརྒྱད་པའི་དབོན་པོར་བདག་གྱུར་ན། །དབོན་པོ་དྲུང་ངམ་ཡང་ན་རུས་ཐོབ་ཙམ། །དེ་ཡི་ཀཾ་ཚང་བསྟན་ལ་ཕན་ནུས་སམ། །རྒྱ་གར་རྡོ་རྗེ་གདན་དུ་བདག་སྐྱེས་ན། །དུས་ཚོད་ནམ་ཡིན་དགེ་སློང་སུ་ལ་ཞུ། །ད་དུང་ཞལ་གཟིགས་བྱུང་དུས་དྲིས་ཞུས་པས།། ཨཾ༔ བརྡ་ཡིག ན་མོ་གུ་

p. 357

རུ༔ ད་བདེ་བ་ཅན་གྱི་ཞིང་ཁམས་ཀྱི༔ པདྨ་ཆུ་སྐྱེས་དྲི་མེད་པ༔ དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་འབར་བའི་ཕྱག་རྒྱ་མཛད༔ རྡོ་རྗེ་སྐྱིལ་ཀྲུང་ཆོས་གོས་གསོལ༔ རྨ་བྱའི་མགྲིན་པའི་རྒྱལ་མཚན་ནི༔ ལྗང་གུ་ཕྱག་ན་རྒྱལ་མཚན་འཛིན༔ འགྲོ་ལ་གཟིགས་ནི་སྔོན་མཉམ་བཞག༔ དབོན་པོ་དྲུང་ལ་བསྟན་ལ་ཕན༔ གནས་བརྟན་འབྱོན་དུས་འབྱུང་བའོ༔ ས་མ་ཡ༔ ཞེས་པ་བདག་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྔོ་ཟླ་བའི་ཉི་ཤུ་ལ༔ ཉི་མ་འོད་ཟེར་གྱིས་དངོས་སུ་གསུངས་སོ༔ མངྒ་ལཾ༔ ཨེ་མ་ཧོ༔ དེ་ལྟར་བདག་གི་སྐྱེས་རབས་རྣམ་ཐར་འདི། །ལོག་ལྟ་ཅན་གྱིས་མཐོང་ན་རྫུན་དུ་མཐོང་། །གཤེ་སྐུར་མང་པོ་འཕེལ་ཕྱིར་གསང་བ་གཅེས། །དེ་ཕྱིར་གསང་བའི་རྣམ་ཐར་མིང་དུ་བཏགས། །ལོག་ལྟ་ཆུང་ཡང་ཐེ་ཚོམ་ཅན་རྣམས་ནི། །བདག་གི་རྨི་ལམ་འཁྲུལ་པར་ཐེ་ཚོམ་ཡང་། །ཡི་དམ་ལྷ་ལ་ཐེ་ཚོམ་ཡོད་དམ་སེམས། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །གཏེར་ཁ་དུ་མའི་ལུང་བསྟན་མཐུན་པའི་ཕྱིར། །དེ་ཡི་གནམ་ཆོས་དག་ལ་ཐེ་ཚོམ་སྤངས། །མངར་དང་ཁ་བ་ལྕེ་ཡིས་ཤེས་པ་ལྟར། །གནམ་ཆོས་ཉམས་སུ་

p. 358

ལོངས་ལ་བདེན་རྫུན་ལྟོས། །དེ་སྔོན་རྫུན་མ་མང་པོས་ས་ཁྱབ་ཀྱང་། །ཟད་མེད་སྔར་མ་གྲགས་པ་དམ་པའི་ཆོས། །ཟད་མེད་རྒྱ་མཚོ་ལྟ་བུ་འདི་འདྲ་བ། །སྔོན་ཆད་རྫུན་མ་སུ་ལ་བྱུང་བ་སོམ། །དེས་ན་སྤྲུལ་སྐུའི་གསུང་ལ་ཡིད་ཆེས་ཤིང་། །བདག་ལ་ཅུང་ཟད་དད་པའི་མི་ཡོད་ན། །རྣམ་ཐར་འདི་ནི་གཏམ་རྒྱུད་ཙམ་མ་ཡིན། །ཆོས་ཀྱི་གནད་འགག་མང་པོ་འདི་ན་ཡོད། །དེ་དོན་ཟུར་ཙམ་བཤད་ཀྱིས་གུས་པས་ཉོན། །བདག་གི་སྤྲུལ་གཞི་ཐུགས་རྗེ་ཆེན་པོར་གསུངས། །དེ་བཞིན་འགྲོ་ཀུན་བདེ་གཤེགས་སྙིང་པོར་སྤྲུལ། །དེ་ཕྱིར་སྙིང་ནས་དམ་ཆོས་བྱེད་ནུས་ན། །སངས་རྒྱས་འགྲུབ་པའི་སྐལ་ལྡན་ཁོ་ན་ཡིན། །དེ་ཕྱིར་སྤོབས་པ་བསྐྱེད་ལ་བྱང་ཆུབ་སྒྲུབས། །རྫོགས་སངས་རྒྱས་ལ་ནོར་བུ་ཕུལ་བ་སོགས། །བསོད་ནམས་རྒྱ་ཆེན་འགའ་རེའི་ལས་འབྲས་ཀྱིས། །འཁོར་ལོས་སྒྱུར་རྒྱལ་ལུས་ནི་བླངས་པ་ལྟར། །བསོད་ནམས་དགེ་ཚོགས་གང་དང་གང་བསགས་པ། །འབྲས་བུ་བདེ་སྐྱིད་ཕུན་ཚོགས་འབྱུང་ཤེས་པས། །བསོད་ནམས་བསགས་ལ་ཆོག་ཤེས་མེད་པར་མཛོད། །འཁོར་ལོས་སྒྱུར་དང་སྟོབས་ཀྱི་རྒྱལ་པོ་སོགས། །འཇིག་རྟེན་ཁ་ལོ་སྒྱུར་བ་འགའ་ཡི་

p. 359

རྒྱབ། །དུད་འགྲོ་དམན་དང་སྤྲང་ལོང་སོགས་སྐྱེས་པ། །འཁོར་བའི་ཆོས་ལ་སྙིང་པོ་མེད་པའི་ཕྱིར། །འདི་དང་ཕྱི་མར་འཁོར་བའི་བདེ་སྐྱིད་ལ། །སྨོན་པ་མེད་པར་ངེས་འབྱུང་དྲག་པོ་ཡིས། །བསོད་ནམས་གང་བསགས་བྱང་ཆུབ་ཕྱིར་དུ་བསྔོས། །ཤིག་གཉིས་འདྲ་འདྲ་མཉམ་དུ་སྐྱེས་པ་ལ། །གཅིག་ནི་ཆོས་བྱས་མངོན་པར་སངས་རྒྱས་པ། །གཅིག་ནི་ད་རུང་འཁོར་བར་འཁྱམས་ལུགས་ལ། །ལེགས་པར་སོམ་ལ་ཆོས་ལ་བརྩོན་འགྲུས་མཛོད། །རང་མགོ་རང་གིས་འདོན་དགོས་གོ་བ་ལོངས། །དགེ་སློང་མཆེད་གྲོགས་ཁྱི་ཡི་སྐད་འདྲ་ཞེས། །སྨྲས་ཤིང་བཤགས་པ་བྱས་ཀྱང་མ་དག་པར། །ཁྱི་ཡི་སྐྱེ་བ་ལྔ་བརྒྱ་བླངས་ཐོས་ནི། །མཆེད་གྲོགས་རྣམས་ལ་ཚིག་ངན་སྤངས་བར་མཛོད། །ཆོས་ཀྱི་རྒྱལ་པོ་རྒྱལ་སྲས་སད་ན་ལེགས། །འཛམ་གླིང་སུམ་གཉིས་མངའ་འབངས་འོག་ཏུ་ཚུད། །པད་འབྱུང་བེ་རོ་ཙཱ་ན་བླ་མར་བསྟེན། །མདོ་སྔགས་དབང་དང་གདམས་པས་སྨིན་ཅིང་གྲོལ། །དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་བཞེངས། །དེ་འདྲའི་ཆོས་རྒྱལ་སེམས་དཔའ་ཆེན་པོས་ཀྱང་། །ཁྲིམས་བཅད་མིག་བྲུས་པ་ཡི་ཕུག་བྱས་པས། །ལོང་བའི་སྐྱེ་བ་བཅོ་བརྒྱད་བླངས་ཐོས་ན། །

p. 360

བདེན་རྫུན་ཤན་འབྱེད་དྲང་པོ་ཡིན་པ་དང་། །བསྟན་པའི་དོན་དུ་མི་བྱེད་ཁ་མེད་ཅེས། །སྐྱེ་མིག་སྲོག་གཅོད་བྱེད་འདི་ཡ་རེ་ང་། །ལས་འབྲས་འདི་ལ་སུས་ཀྱང་བཅོས་སུ་མེད། །ཁུར་མི་རང་བས་མེད་པར་དོན་གོ་མཛོད། །རྒྱ་གར་གནས་ལྔ་རིག་པའི་པཎྜི་ཏས། །ཀླུ་སྒྲུབ་གུང་ཚིགས་གསོལ་ལུགས་ལ་འཕྱས་པས། །སྲིན་བུའི་སྐྱེ་བ་བརྒྱ་ནི་བླངས་ཐོས་ན། །རང་ཉིད་མཁས་པའི་ང་རྒྱལ་སེམས་བཞག་ནས། །གཞན་ལ་འཕྱ་བཞད་བྱེད་པ་སྤོངས་བར་མཛོད། །དྷ་ཡི་མིང་ཅན་ཐུབ་པའི་དགེ་སློང་དེས། །གྲོགས་མཆེད་ལ་ཁྲོས་ཁྱི་ཞེས་བརྗོད་པ་ཡིས། །ཁྱི་ཡི་སྐྱེ་བ་བཅོ་བརྒྱད་བླངས་ཐོས་ན། །མཆེད་གྲོགས་རྣམས་ལ་གྱོང་ཚིག་ཁོང་ཁྲོ་སྤོངས། །ཉམས་རྟོགས་ལྡན་ཞིང་ཐུགས་ལ་འཕྲོད་པ་ཡི། །དུས་གསུམ་མཁྱེན་པའི་ཕྱག་མཛོད་པ་དེ་ཡིས། །འདྲིས་ཤིང་འཁྲེབ་ནས་དད་པ་ཆུང་དུ་སོང་། །གྱོང་ཚིག་ཞུས་པས་སྦྲུལ་གྱི་སྐྱེ་བདུན་བླངས། །དུས་མཁྱེན་ཕྱག་གིས་བསྒྲལ་འདྲེན་མཛད་ཐོས་ན། །འདྲིས་ནས་དད་པ་ཇེ་ཆུང་མི་བྱེད་པར། །ཞི་ཞིང་འཇམ་པའི་ངག་གིས་ཞུ་བྱ་ཞིང་། །ཚད་ལྡན་སྐྱེས་ཆེན་རྣམས་དང་འབྲེལ་ཆེ་ན། །ལས་ངན་རྒྱུན་གཅོད་ཐུགས་རྗེས་མི་

p. 361

གཏོང་བའི། །དོན་དེ་གོ་བར་མཛོད་ལ་དད་གུས་མཛོད། །རྒྱ་ནག་རྒྱལ་པོའི་བླ་མར་གྱུར་པ་ན། །སྦས་ཚུལ་གྲུབ་ཐོབ་སྤྲང་པོའི་ཆ་ལུགས་ལ། །བརྙས་ཆོས་ཁ་སྤྱད་སྣ་རིས་བྱས་པ་དེས། །ར་ཡི་སྐྱེ་བ་དགུ་བླངས་དེ་ཐོས་ན། །གཉོམ་ཆུང་སྤྲང་ཚུགས་འཛིན་པའི་རྟོགས་ལྡན་རྣམས། །གྲུབ་ཐོབ་གར་ཡོད་སུ་ཡིས་ཤེས་དཀའ་བས། །བརྙས་ཆོས་འཕྱ་བཞེད་གཏན་ནས་སྤང་བར་མཛོད། །རྫོགས་ཆེན་རྣལ་འབྱོར་དབང་ཕྱུག་བཀྲ་ཤིས་དེས། །དམན་ས་བཟུང་ནས་རང་གི་བསྟོད་པ་ཡི། །ལུང་བསྟན་ཤོག་སེར་གྲི་ཡིས་དྲས་པ་དང་། །ཤོག་སེར་སྟོན་སྔ་རྟེན་འབྲེལ་འཆུགས་ཐོས་ན། །གནམ་ཆོས་ས་གཏེར་ལུང་བསྟན་འདི་རྣམས་ལ། །རྩིས་མེད་འབྲེལ་མེད་སྙམ་དུ་མི་བརྙས་ཤིང་། །སྟོན་ཚོད་སྦ་ཚོད་གཞུང་དང་གཏུན་དགོས་གདའ་།དེ་དུས་གཉོམ་ཆུང་ཡོན་ཏན་ཆེར་མེད་པའི། །ཇ་མར་གྱུར་པའི་གྲྭ་པ་ཡུན་རིང་དེ། །སྐྱེས་ཆེན་མི་འགྱུར་རྡོ་རྗེ་ཡིན་ཐོས་ན། །རང་འདྲ་གྲྭ་པ་ཆོས་མཐུན་གཉོམ་ཆུང་རྣམས། །བྱང་ཆུབ་སེམས་དཔའ་གར་ཡོད་ཆ་མེད་པས། །རང་གཡོག་ཡིན་སྙམ་བརྙས་ཆོས་སྤང་དགོས་གདའ། །མདོར་ན་སྐྱེས་རབས་འདི་ཡི་མགོ་མཇུག་ཏུ། །རེས་འགའ་རྒྱལ་

p. 362

པོ་རེས་འགའ་སྤྲང་ལོང་དང་། །པཎྜི་ཏ་དང་དུད་འགྲོ་གཏི་མུག་ཅན། །ཐུན་མོང་གྲུབ་རྟགས་ཐོན་དང་ཐ་མལ་པ། །མ་ངེས་འཆོལ་པ་འདི་དག་ཐམས་ཅད་ནི། །རང་གར་སྟབས་ཁ་ཡག་ཉེས་མ་ཡིན་ཏེ། །ལས་འབྲས་ཁོ་ནའི་བརྡ་དད་ཡིན་ངེས་པས། །ང་ནི་རྟོགས་པ་མཐོན་པོ་ཡིན་ནོ་ཞེས། །སྤྱོད་པ་བག་མེད་རྩིང་སྤྱོད་མི་བྱེད་པར། །འདུལ་བ་བཞིན་དུ་སྤྱོད་པ་ཞིབ་དགོས་གདའ། །ཀྱེ་མ་འཁོར་བར་སྐྱེས་ན་རང་བཞིན་སྡུག་བསྔལ་ཉིད། །མཐོ་དམན་གང་དུ་སྐྱེས་ཀྱང་སྐྱེ་འཆི་ཡོད། །སྐྱེ་འཆི་ན་རྒས་ཕྲེང་བ་བགྲང་འདྲ་བའི་། །སྡུག་བསྔལ་འདི་ལ་སྐྱོ་བ་སྙིང་ནས་སྐྱེས། །སེམས་ཅན་ཕལ་ཆེར་འཁོར་བ་མཐའ་མེད་འཁྱམས། །རང་ཉིད་བཙན་ས་འཛིན་ན་ད་རེས་གཟིགས། །ཀྱི་ཧུད་རཱ་ག་ཨ་སྱ་བདག་འདྲ་བ། །འདུལ་ཁྲིམས་བསྲུང་ཡང་ཕྲ་ཞིབ་ཉེས་ལྟུང་མང་། །སེམས་བསྐྱེད་འབད་ཀྱང་རང་དོན་གཙོ་ཆེར་བསྒྲུབས། །དབང་བཞི་ཐོབ་ཀྱང་ཕྲ་ཞིབ་དམ་ཚིག་དཀའ། །བསྐྱེད་རིམ་གསལ་ཡང་ཐ་མལ་བློ་མ་ལྡོག །ངོ་བོ་མཐོང་ཡང་མཉམ་རྗེས་འདྲེས་མ་ཐུབ། །རྩ་རླུང་བསྒོམས་ཀྱང་བདེ་དྲོད་འབར་མ་ནུས། །ཐོད་རྒལ་བསྒོམས་ཀྱང་རིག་པ་ཚད་མ་

p. 363

ཕེབས། །བསླབ་ཤེས་མང་ཡང་མཐར་ཐོན་གཅིག་མ་བྱུང་། །གྲོང་ཆོག་སྤངས་ཀྱང་དཀོར་སྒྲིབ་ཇེ་ཆེར་སོང་། །འགྲོ་དོན་བྱས་ཀྱང་གཞན་རྒྱུད་གྲོལ་མ་ཐུབ། །ཀུན་དང་བསྟུན་ཡང་ཐམས་ཅད་མགུ་མ་ཐུབ། །སྒྲུབ་པ་བྱས་ཀྱང་གྲུབ་རྟགས་ཐོན་པ་མེད། །དབང་རྒྱ་ལུང་རྒྱ་ཆེ་ཡང་ཡིད་མ་ཚིམ། །བསམ་པ་བཟང་ཡང་བསྟན་ལ་ཕན་མ་ནུས། །ཅི་ཡང་བྱས་ཏེ་གང་ཡང་མ་བྱུང་དེས། །རང་ལ་རང་ཉིད་མ་མགུ་སྐྱོ་བ་སྐྱེས། །ཚོང་ཕམ་རྒན་མོས་རང་སེམས་གསོ་བའི་དཔེ། །འོན་ཀྱང་ཆོས་སྒོར་ཞུགས་པའི་དོན་གོ་ལ། །ད་རེས་ལུས་འདི་དབང་མེད་སྐྱེ་སྒོ་ཆོད། །ནམ་ཤི་བདེ་ཆེན་ཞིང་དུ་འགྲོ་སྙམ་ཡོད། །རྣམ་ཤེས་དུམ་བུའི་སྐྱེ་བ་ལྔ་འབྱུང་བ། །སྨན་བླའི་དྲུང་དུ་སྨན་བླའི་ཕྲིན་ལས་བསྒྲུབ། །པད་འབྱུང་དྲུང་དུ་འཇའ་ལུས་རིག་འཛིན་དེས། །རྗེས་འཇུག་རྣམས་ལ་སྲུང་སྐྱོབ་སྡོང་གྲོགས་བྱེད། །ཞྭ་དམར་དབོན་པོས་ཀཾ་ཚང་བསྟན་ལ་ཕན། །མི་འགྱུར་དབོན་པོས་རྙིང་མའི་བསྟན་ལ་ཕན། །རྒྱ་གར་དགེ་སློང་གནས་བཅུ་ཞལ་ཡང་མཇལ། །དངོས་ཉིད་བདེ་ཆེན་ཞིང་དུ་རྟག་གནས་ཤིང་། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གཉིས། །འབྲལ་མེད་བླ་མར་བསྟེན་ཞིང་བསྙེན་

p. 364

བཀུར་ཏེ། །ཞིང་ཁམས་དེ་རུ་མངོན་པར་བྱང་ཆུབ་པར། །ལུང་བསྟན་ཡོད་བཞིན་འགྲུབ་ཅིང་འགྲུབ་པར་སྨོན། །དེ་ཡང་ཚེ་སྔོན་ལས་འབྲས་སྨོན་ལམ་དང་། །ཚེ་འདིར་ཡང་ནི་དེ་ལྟར་འགྱུར་བ་ཡི། །བསོད་ནམས་བསགས་ཤིང་སྨོན་ལམ་རྒྱ་ཆེར་བཏབ། །འབྲེལ་ཐོགས་འགྲོ་བ་ཐམས་ཅད་མཐར་ཐུག་དུས། །ཞིང་དེར་འདྲེན་ཅིང་བྱང་ཆུབ་ལ་འགོད་པའི། །སྨོན་ལམ་བསྔོ་བའི་རྒྱས་གདབ་ཐུགས་དམ་ཡིན། །ཆོས་རྣམས་ཐམས་ཅད་འདུན་པ་གཙོ་ཆེ་ཞིང་། །རྟེན་འབྲེལ་བསླུ་མེད་རྒྱུ་འབྲས་བདེན་ངེས་པས། །དེ་ལྟར་འགྲུབ་བམ་སྙམ་པའི་ཞེ་གདིང་མཆིས། །དེ་ལྟར་སྐྱེ་རྒྱུད་གསང་བའི་རྣམ་ཐར་འདི། །རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་ཡིས། །ཤོག་བུ་འཛིན་རྡུང་བྱས་པའི་པོ་ཏི་གཅིག །གནང་ནས་རྣམ་ཐར་འབྲི་དགོས་གསུངས་པ་ཡི། །བཀའ་མི་བཅག་ཕྱིར་ཅུང་ཟད་བྲིས་པ་ལ། །འགལ་འཁྲུལ་ཉེས་པ་གང་མཆིས་བཤགས་བགྱི་ཞིང་། །དགེ་བས་བདག་དང་བདག་ལ་འབྲེལ་པ་རྣམས། །བདེ་ཆེན་དག་པའི་ཞིང་དུ་སངས་རྒྱས་ཤོག །མངྒ་ལཾ།། །།

དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་ལས་ཡེ་ཤེས་སྤྲུལ་རྒྱུད་དང་འབྲེལ་པ་ཡང་གསང་གི་རྣམ་ཐར།

p. 365
p. 366

༄༅། །དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་ལས། ཡེ་ཤེས་སྤྲུལ་རྒྱུད་དང་འབྲེལ་པ་ཡང་གསང་གི་རྣམ་ཐར་བཞུགས་པའི་དབུ་ཕྱོགས་ལགས་སོ།།

p. 367

ན་མོ་ལོ་ཀི་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་ཡི། །གསུང་མི་བཅག་ཕྱིར་རང་གི་ལོ་རྒྱུས་འགའ། །རང་གིས་ཤེས་ཤིང་དྲན་པ་མ་མཆིས་ཀྱང་། །གནམ་ཆོས་ས་གཏེར་རྣམས་ལས་བྱུང་བ་དང་། །ཚད་ལྡན་སྐྱེས་ཆེན་འགའ་ཡིས་གསུངས་པ་དང་། །རང་གི་ཉམས་དང་རྨི་ལམ་འཁྲུལ་སྣང་ལ། །ཇི་ལྟར་བྱུང་ཚུལ་བསྟུན་ཏེ་འདིར་བརྗོད་བྱ། །འདི་ནི་ཡང་གསང་རྣམ་ཐར་ཞེས་བྱ་སྟེ། །དད་ལྡན་རང་ལ་བླ་མར་འཛིན་རྣམས་ལས། །གཞན་ལ་བསྟན་ན་འབར་

p. 368

ཤས་ལུང་པ་འགེང་། །དེ་ཕྱིར་བཀའ་རྒྱས་བཏབ་སྟེ་ཡོངས་སུ་གསང་། །ཤི་བའི་འོག་ཏུ་བསྟན་ཀྱང་འགལ་བ་མེད། །དགོས་པ་ཆོས་རྒྱུད་རྣམས་ཀྱིས་སྤྲོ་བ་འཕེལ། །དེ་ལ་རྒྱལ་བ་ཀུན་གྱི་ཡབ་གཅིག་པོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དེ་ཡི་སྤྲུལ་པ་ཕྱོགས་བཅུ་དུས་གསུམ་གྱི། །སངས་རྒྱས་བྱང་སེམས་ཐམས་ཅད་ཡིན་པ་སྟེ། །ཅི་ཕྱིར་གསང་བ་འདུས་པའི་རྒྱུད་ཆེན་ལས། །ཕྱོགས་བཅུའི་སངས་རྒྱས་མ་ལུས་པ། །ཐུགས་རྗེ་ཆེན་པོར་མ་གྱུར་མེད། །ཅེས་གསུངས་དེ་རྣམས་བདག་གི་སྐྱབས་གནས་ལགས། །དགོངས་འདུས་སྐུ་རྒྱུད་ཤེལ་གྱི་རི་

p. 369

བོ་ལས། །འགྲོ་དྲུག་སེམས་ཅན་ཐམས་ཅད་མ་ལུས་པ། །ཡེ་ཤེས་ལྷ་ཡི་ཡང་སྤྲུལ་ཡིན་པར་བཤད། །དགོངས་པ་བདེ་གཤེགས་སྙིང་པོས་ཁྱབ་པར་དགོངས། །དགོས་པ་བྱང་ཆུབ་བསྒྲུབ་ལ་སྤོབས་པ་བསྐྱེད། །དེ་ནི་ཡང་སྤྲུལ་ཞེས་བྱའི་དོན་ཡིན་ནོ། །ངོ་མཚར་མི་ཚེ་སེམས་ཅན་ཐམས་ཅད་ཡིན། །དེ་ལ་དགོངས་ནས་ཕ་རྒྱུད་གསང་འདུས་ལས། །མི་རྣམས་ཤ་མདོག་དབྱེ་བས་རྒྱལ་བ་ནི། །རིགས་ལྔའི་རིགས་སུ་ངེས་པའི་རྒྱུད་ལུང་བྱུང་། །དེ་བཞིན་གདུལ་བྱ་འདུལ་བྱེད་དབྱེར་མེད་ལ།་།དགོངས་ནས་ཞེ་སྡང་ཆེ་བ་རྡོ་རྗེའི་རིགས། །དེ་སོགས་དུག་ལྔ་རིགས་ལྔའི་རིགས་སུ་གསུངས། །དེ་ལས་སྤྲུལ་པ་ངོ་མཚར་ཆེ་བ་སྟེ། །དེ་ཡང་བྱིན་གྱིས་བརླབས་པའི་སྤྲུལ་པ་དང་། །སྐྱེ་རྒྱུད་དངོས་དང་དེ་ཡི་སྤྲུལ་པའོ། །སྐྱེ་རྒྱུད་དེ་ནི་དངོས་ཉིད་གཅིག་རྒྱུད་དེ། །ས་ཐོབ་པ་ལ་སྐྱེ་རྒྱུད་མང་པོ་འགྱུར།་།དུས་མཉམ་སྐུ་ཡི་བཀོད་པ་མང་པོ་ཡང་། །དེ་དག་སོ་སོར་སྐྱེ་བ་རྒྱུད་མར་ལེན། །མཐར་ཐུག་གཅིག་ཏུ་ཐིམ་ནས་སངས་རྒྱས་སོ། །ཡང་ན་སོ་སོར་སངས་རྒྱས་མཛད་པ་སྟོན། །སྤྲུལ་པ་དང་པོའི་ས་ཐོབ་ཉིས་བརྒྱ་སྟེ། །རིམ་བཞིན་ཇེ་མང་ས་བཅུའི་སེམས་དཔའ་ལ། །བྱེ་བ་ཕྲག་བརྒྱ་ཆ་

p. 370

གཉིས་སྐད་ཅིག་འགྱེད། །བྱིན་གྱིས་བརླབས་པའི་སྤྲུལ་པ་བྱ་བ་ནི། །སོ་སོའི་སྐྱེ་བོ་ཐ་མལ་པ་ཡིན་ཡང་། །ལྷ་དང་བླ་མའི་བྱིན་རླབས་ཞུགས་པ་ན། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་འདྲེས། །བྱིན་རླབས་འགྲོ་དོན་མཉམ་པར་འགྱུར་བ་བཤད། །དེ་ནས་བྱ་བྲལ་རཱ་ག་ཨ་སྱའི་བདག །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་ཡི། །སྤྲུལ་པ་ཙམ་དུ་ལུང་དུ་བསྟན་པ་ནི། །གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ཟབ་མོའི་སྐོར། །ཐུགས་རྗེ་ཆེན་པོ་རྣོ་སྤུ་ཞེས་བྱ་བའི། །ཆོས་བདག་ལུང་བསྟན་ཉིད་ལས་འདི་སྐད་དོ། །ཨེ༔ བརྡ་ཡིག ཨེ་མ་འདི་ཡིས་ཆོས་བདག་ནི༔ ཨ་ཡི་མིང་ཅན་རི་ནི་འདི་སྐད་དོ༔ རྒྱལ་ཞེས་བྱ་བའི་རྩ་བ་དེར་འདུག་གོ༔ སློབ་ནི་དཔོན་མ་གཉིས་ཀ་ཡིན༔ ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་ཡིན༔ སྔོན་དུས་བསྐལ་པ་དང་པོ་ལ༔ ཆོས་འདིའི་བདག་པོར་གྱུར་ཅིག་ཅེས༔ སྨོན་ལམ་རྒྱ་ཡིས་བཏབ་པ་ཡིན༔ རྒྱ་ལ་དམ་ལ་མ་འདའ་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ་༔ ཞེས་དང་། དེ་ཡི་འགྲེལ་བ་གསལ་བྱེད་ལས༔ དྷཾ༔ ན་མོ་ལོ་ཀེ་ཤྭ་ར་ཡེ༔ ཨ་ཡི་མིང་ཅན་རྒྱལ་ཙ་ནི༔ རཱ་ག་ཨ་སྱ་ཡིན་སྐད་དོ༔ ཞེས་

p. 371

དང་༔ ཡང་ནི་ཐུགས་རྗེ་ཆེན་པོ་ཡི༔ གཙོར་བྱས་རྩ་བ་དྲུག་ཅེས་པ༔ ལྷ་ཚོགས་བཅུ་གཉིས་སྒྲུབ་ཐབས་ལས༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་ནི༔ འགྲོ་བ་འདྲེན་ཕྱིར་སྐུ་སྤྲུལ་པ༔ བླ་མ་ཀརྨ་ཆགས་མེད་ཉིད་ཆོས་འདིའི་བདག་པོ་ཉིད་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་གསུངས༔ དེ་བཞིན་བྷ་ཁ་སྤྲུལ་སྐུ་ཞེས་བྱ་བ༔ བེ་རོ་ཙཱ་ནའི་སྤྲུལ་པ་ཡོངས་གྲགས་དེས༔ སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ཞེས༔ ས་བཅུའི་སེམས་དཔའ་ཡིན་པའི་གསུང་སྒྲོས་ནི༔ ཉིད་ཀྱི་བཀའ་ཤོག་ཙནྡན་དམར་པོ་ཡི༔ ཕྱག་ཕྲེང་དང་བཅས་ཡི་གེར་འདི་ལྟར་གནང་༔ ༢ བསྐལ་མང་སྨོན་ལམ་རྒྱ་མཚོའི་མཐུ་ལས་ནི། །སླར་ཡང་སྲིད་མཐའི་སེམས་དཔའ་གང་ཁྱོད་ཉིད། །འགྲོ་བའི་ཁུར་ཆེན་དག་ལས་སྐྱོ་ངལ་བྲལ། །བསྐལ་བཟང་སྐྱེས་མཆོག་དམ་པ་གང་དེའི་དྲུང་། །དེང་སྐུ་གསེར་གྱི་ལྷུན་པོ་ལྟར་བརྟན་པ། །ཟབ་གསལ་ཡེ་ཤེས་འཁོར་ལོ་ཟུང་འཇུག་ཏུ། །དབྱེར་མེད་འཁོར་མོར་འཇུག་པའི་ཁྱོན་ཉིད་དུ། །ལྷམ་མེར་བཞུགས་པ་མདངས་བརྒྱའི་པདྨོ་རྒྱས། །ཞེས་སོགས་གསུངས་ཤིང་ཟླ་མེད་འགྲོ་བའི་མགོན། །རྗེ་འབངས་སོག་པོ་ལྷ་དཔལ་སྤྲུལ་པའི་སྐུ། །ལྷོ་

p. 372

པ་སྤྲུལ་སྐུའི་བཀའ་ཤོག་གནང་བ་ལས། ༢ འཕགས་པ་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གི །ཟློས་གར་བསྒྱུར་བ་རྡོ་རྗེ་འཛིན་པའི་དྲུང་། །ཞེས་སོགས་བསྟོད་སྔགས་རྒྱ་ཆེར་མཛད་པ་དང་། །སྐྱོན་བྲལ་ཚེ་མཚམས་ཀརྨ་དོན་དམ་པས། །བུམ་སྒྲུབ་རུ་རྩིའི་རིལ་བུ་མང་བསྐུར་ནས། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །དེ་ཡི་ཕྲིན་ལས་མཛོད་སོགས་དང་། །པདྨ་ལྷུན་གྲུབ་ཅེས་བྱའི་རྫོ་གས་ཆེན་པ། །སེང་གདོང་མ་ཡི་ཞལ་གཟིགས་ལུང་བསྟན་དང་། །གནམ་ཆོས་ཅུང་ཟད་ཡོད་ཅིང་མངོན་ཤེས་ཀྱང་། །གང་ཟེར་བདེན་པ་ཡིན་པར་གྲགས་པ་དེས། །བདག་ལ་བརྟན་བཞུགས་ཡི་གེ་བསྐུར་བའི་ནང་། །ལ་ལའི་གང་འདུལ་ཐབས་མཁས་ཐུགས་རྗེས་ཀྱང་། །ཤ་བ་རི་སྤྲུལ་ཀརྨའི་མཚན་ཅན་ལ། །གསོལ་བ་འདེབས་སོ་སྐུ་ཚེ་བརྟན་གྱུར་ཅིག །ཅེས་སོགས་གནམ་ཆོས་ལུང་དང་བླ་མ་རྣམས། །གསུང་སྒྲོས་ཕལ་ཆེར་མཐུན་པར་བྱུང་བ་དང་། །བདུད་འདུལ་རྡོ་རྗེའི་གཏེར་གྱི་ལུང་ལས་ནི། །ལྡན་མ་རྩེ་མང་སྤྲུལ་པར་ལུང་བསྟན་པ། །ཝ་པ་སྐུ་སྐྱེ་རིག་འཛིན་རྒྱ་མཚོ་ཡི། །རྨི་ལམ་ཁྱེད་དང་འབྲེལ་པ་ཡོད་ཚུལ་

p. 373

མཐོང་། ཁྱེད་ནི་སྤྱན་རས་གཟིགས་ཡིན་སྙམ་པ་ཡོད། །ཟེར་ཞིང་གནམ་ཆོས་ལུང་བསྟན་མཐོང་བའི་ཚེ། །ང་རང་བསམ་དང་མཐུན་པར་འདུག་གོ་ཟེར། །དེས་ན་བདག་ནི་ཐུགས་རྗེ་ཆེན་པོ་ཡི། །བྱིན་རླབས་ཞད་ཙམ་ཞུགས་པ་སྤྲུལ་པའི་ཆ། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་སྤྲུལ་པ་ནི། །ཆོས་རྒྱལ་སད་ན་ལེགས་ཀྱི་སྐྱེ་རྒྱུད་ཀྱི། །ཆ་ཤེས་ཟེར་མ་ཙམ་དུ་རློམ་པ་སྟེ། །ཅི་ཕྱིར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། །སྔོན་ཚེ་རྒྱལ་སྲས་སད་ན་ལེགས། །དེ་ནས་སྐྱེ་བ་འགའ་རྒྱུད་ནས། །སད་ན་ལེགས་ཀྱི་སྐྱེས་མཐའ་སྟེ། །སྔགས་འཆང་རཱ་ག་ཨ་སྱ་ཉིད། །སྔོན་ཚེ་བསྐལ་པ་གྲངས་མེད་ནས། །མི་འབྲལ་འབྲལ་མེད་དམ་ཚིག་ལྡན། །འབྲལ་བ་མེད་པ་དེ་ཡི་འཐུས། །གནམ་ཆོས་ཐུགས་གཏེར་བདག་ཉིད་སོགས། །ཞེས་སོགས་གསུངས་ཕྱིར་དེ་ཡི་དོན་བཤད་པ། །བཀའ་གདམས་གླེགས་བམ་ནང་ནས་འབྱུང་བ་སྟེ། །རྒྱ་གར་པཎ་ཆེན་དྷི་པཾ་ཀ་ར་ཡི། །ཕྱག་གིས་ཐལ་མོ་སྦྱར་ནས་འབྲོམ་སྟོན་ལ། །སྤྱན་རས་གཟིགས་ཞེས་ལན་མང་གསུངས་པའི་ཚེ། །འབྲོམ་གྱི་སྐུ་ལས་རིགས་གསུམ་མགོན་པོ་དང་། །སྒྲིབ་སེལ་ཀུན་ཏུ་བཟང་རྣམས་རིམ་པར་སྤྲུལ། །འབྲོམ་

p. 374

ཉིད་སྤྱན་རས་གཟིགས་དངོས་ཡིན་ཚུལ་དང་། །བོད་ཀྱི་ཆོས་རྒྱལ་གཉའ་ཁྲི་ཐོ་ཐོ་རི། །སྲོང་བཙན་ཁྲི་སྲུང་ཁྲི་རལ་ལྔ་པོ་ནི། །ངོ་བོ་སྤྱན་རས་གཟིགས་དབང་དངོས་ཡིན་པ། །སེམས་དཔའ་ལྔ་ཡིས་བསྐུལ་ནས་བོད་དུ་བྱོན། །དེ་ཕྱིར་སེམས་དཔའ་སོ་སོའི་སྤྲུལ་པར་གྲགས། །དེ་མིན་བོད་ཀྱི་ཆོས་རྒྱལ་ཐམས་ཅད་ནི། །སྤྱན་རས་གཟིགས་ཀྱི་ཡང་སྤྲུལ་ཡིན་པར་གསུངས། །ཁྱད་པར་ཆོས་རྒྱལ་སད་ན་ལེགས་དེ་ནི། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། །དཔུང་ཟུར་གཡོན་ལས་སྤྲུལ་པ་ཡིན་ཞེས་བཤད། །དེ་ཡི་སྤྲུལ་པ་སྐྱེ་རྒྱུད་མང་པོ་ཞིག །འབྱུང་བ་བཀའ་ཐང་སྡེ་ལྔ་ནས་གསུངས་ཤིང་། །ཁྱད་པར་ལུང་བསྟན་ཆེན་པོ་བཀའ་རྒྱ་མར། །སད་ན་ལེགས་ཀྱི་སྐྱེ་རྒྱུད་ལུང་བསྟན་ལས། །འཇིང་ཡོན་ལེགས་པའི་བློ་གྲོས་ནི། །འདས་དང་མ་འོངས་ད་ལྟ་ལ། །བསྐལ་པ་མང་པོའི་གོང་རོལ་དུ། །ཀླུ་རིགས་སྒྲོན་མའི་སྤྱན་ལམ་དུ། །དབང་གི་རྒྱལ་པོར་ཕུལ་བའི་མཐུས། །འཁོར་ལོས་སྒྱུར་རྒྱལ་ལུས་བླངས་པ། །འདིར་སྐྱེ་བརྗོད་ལས་འདས་ན་ཡང་། །བསྐལ་པ་མང་པོ་སྔོན་གྱི་གོང་། །སྟོང་གསུམ་འདི་ཡི་ཤར་ཕྱོགས་སུ། །ཞིང་ཁམས་འོད་ཟེར་མཐའ་ཡས་སུ། །

p. 375

རྒྱལ་པོ་ལག་ན་བེ་ཅོན་ཞེས། །གསེར་གྱི་འཁོར་ལོས་སྒྱུར་བར་འཁྲུངས། །དེ་སོགས་སྔ་རབས་འདས་པའི་དུས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །ཆོས་ཀྱི་རྒྱལ་སྲིད་སྐྱོང་ནས་ནི། །འགྲོ་ལ་ཕན་ཕྱིར་སེམས་དཔར་བྱོན། །ད་རུང་མངའ་བདག་གདུང་རྒྱུད་འཛིན། །སྨོན་ལམ་དག་པས་ང་དང་འཕྲད། །དམ་པའི་ཆོས་ཀྱི་གདུང་རྒྱུད་འཛིན། །མ་འོངས་སྙིགས་མའི་དུས་སུ་ཡང་། །སྐྱེ་རྒྱུད་མང་པོ་ཤཱཀྱའི་ཞིང་། །སྤྲུལ་པ་མང་པོ་ཡང་དང་ཡང་དུ་ནི། །ལན་གཅིག་འཁོར་གྱི་འདུས་པ་སྐྱོངས། །འགྲོ་བ་རྣམས་ཀྱང་ཐབས་ཀྱིས་འདུལ། །ཐ་མ་བདེ་ཆེན་ཞིང་ཁམས་སུ། །མངོན་པར་རྫོགས་པར་སངས་རྒྱས་ནས། །ཐུགས་རྗེས་འགྲོ་བ་འདྲེན་པར་འགྱུར། །ཞེས་གསུངས་ལུང་དང་རྗེས་མཐུན་པར། །རྣལ་འབྱོར་རཱ་ག་ཨ་སྱ་བདག །རྩེ་གཅིག་དམ་དུ་མཚམས་བཅད་ནས། །ཐུགས་རྗེ་ཆེན་པོ་སྒྲུབ་པའི་ཚེ། །ཉམས་རྨིས་དག་སྣང་མང་ལགས་ཀྱང་། །དངོས་སུ་མ་མཇལ་ཡིད་མ་ཚིམ། །སྒྲུབ་པ་ལོ་གསུམ་སོང་མཚམས་དུས། །ཆོ་འཕྲུལ་ཆེན་པོའི་ཡར་ངོ་ལ། །སྒྲིབ་སྦྱང་སྦྱིན་སྲེག་ཆག་མེད་བླུག །བཅོ་ལྔའི་སྔ་དྲོ་ཏིལ་ནག་གི །སྦྱིན་སྲེག་ཤིན་ཏུ་མང་བྱས་པས། །

p. 376

ཐང་ཆད་ཡུད་ཙམ་འཐུམ་པ་ལ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །ནམ་མཁའི་དབྱིངས་སུ་བྲག་འདྲ་བའི། །ནོར་བུ་རིན་ཆེན་གཟུགས་ཤིག་སྣང་། །དེ་ཡི་འོད་ཀྱིས་སྣང་སྲིད་ཀུན། །ཤིན་ཏུ་གསལ་བའི་སྣང་བ་ཤར། །དེ་ཚེ་སྐྱེ་བ་དྲན་ཚུལ་ནི། །སྔོན་ཚེ་གངས་ཅན་བོད་ཀྱི་ཡུལ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །སྲས་གསུམ་ཐ་ཆུང་སད་ན་ལེགས། །ཆོས་སྤྱོད་རྒྱལ་པོ་ཆེན་པོ་དེ། །ང་རང་ཡིན་པར་འདུག་པ་ལ། །འཁོར་བར་འཁྱམས་པ་ངོ་མ་ཤེས། །དེ་དུས་བོད་ཡུལ་སྤྱི་རྗེ་ལ། །ད་ལྟ་ང་འདྲ་འོང་བ་ཨང་་། །སྙམ་ནས་མཆི་མ་ཆར་ལྟར་འབབ། །དེ་ཚེ་ནམ་མཁའི་དབྱིངས་ཤོད་ནས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྐུ་ནི་གསལ་པོར་མ་མཐོང་ཡང་། །སྙན་པའི་གསུང་གིས་ལུང་བསྟན་པ། །ཁྱོད་དང་ང་གཉིས་དབྱེར་མེད་དེ། །དོན་དམ་དབྱིངས་སུ་གཅིག་གསུངས་པས། །ལུས་སེམས་ཐམས་ཅད་བདེ་བས་ཁྱབ། །བདེ་བའི་ངོ་བོ་སྟོང་པར་རྟོགས་། །བདེ་སྟོང་འདྲེས་པའི་ངང་དེ་ལ། །གཉིད་དང་ཉམས་ཀྱི་སྣང་བ་ལ། །སད་ཀྱང་བདེ་སྟོང་ངང་ལ་སོང་། །དེ་དུས་སྤྲུལ་སྐུ་མ་ཕེབས་ཤིང་། །ལུང་བསྟན་ལ་སོགས་མ་

p. 377

མཐོང་ཕྱིར། །རྨི་ལམ་འཁྲུལ་པ་ཡིན་སྙམ་ནས། །བདེན་ཞེན་ཅི་ཡང་མ་སྐྱེས་ཏེ། །མཚར་རོ་སྙམ་པ་ཞིག་བྱུང་ངོ་། །དེ་ནས་སྒྲུབ་པ་ལོ་བཅུ་སོང་། །སྤྲུལ་སྐུ་མཇལ་ནས་མཉམ་དུ་བཞུགས། །དེ་ཚེ་མི་འགྱུར་རྡོ་རྗེ་དང་། །གསུང་གླེང་མང་དུ་བྱས་པའི་སྒྲོས། །སྤྲུལ་སྐུ་ཞང་པོའི་ཡུལ་བཞུགས་ཤིང་། །དགུང་ལོ་བདུན་ཙམ་ཡིན་པའི་སྐབས། །གནས་མདོ་བླ་མ་ཟེར་བ་ཐོས། །ཀརྨ་ཆགས་མེད་ཟེར་བ་ཡི། །མིང་ཡང་མི་ཤེས་པ་ཡི་དུས། །ནུབ་ཅིག་རྨི་ལམ་ཡུལ་དུ་ནི། །མི་གཞོན་མགོ་རས་ཀོང་སྐད་ཅན། །མཛེས་ཤིང་ཡིད་འོང་ཞིག་བྱུང་ནས། །བླ་མ་ཀརྨ་ཆགས་མེད་ནི། །སྲོང་བཙན་སྒམ་པོ་ཡིན་ནོ་ཟེར། །དེ་རྗེས་ནུབ་ཅིག་རྨང་ལམ་ན། །ཁྱོད་དང་ང་གཉིས་མཇལ་གདའ་ཛ། །དང་པོ་ཁྱོད་རེད་དེ་ནས་ནི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པདྨ། །དབུ་རྒྱན་དར་དང་རིན་ཆེན་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས་། །དེ་འདྲ་ཞིག་ཏུ་གྱུར་སོང་རྨིས། །ཁྱེད་ནི་སྤྱན་རས་གཟིགས་ཡིན་ཏེ། །དེ་མིན་ང་ཡི་སློབ་དཔོན་དུ། །མི་འོང་ཞེས་ནི་སྤྲུལ་སྐུས་གསུངས། །ཡང་ན་དགུང་ལོ་བཅུ་ཡི་

p. 378

མཇུག །འདིར་ཕེབས་ཡུན་རིང་མ་སོང་དུས། །མཆོད་ཁང་ནང་དུ་བྱོན་པ་ཡི། །སྲིག་སྲིག་ཟེར་བའི་སྒྲ་རིང་གྲག །སྒྲ་དེ་ཇེ་ཐུང་སོང་བ་ལ། །ལེགས་པར་ཉན་པས་ཚིག་འདི་བྱུང་། །བླ་མ་ཀརྨ་ཆགས་མེད་ནི། །ཁྲི་སྲོང་ལྡེའུ་བཙན་ཡིན་ཟེར་གྲག །ཡང་ནི་བདག་དང་སྤྲུལ་སྐུ་གཉིས། །གྲ་ཁྲི་རྗེ་ནས་འདུག་དགོས་གསུངས། །དེ་ལྟར་བྱས་ཚེ་འདི་གསུངས་སོ། །ཁྱེད་ལ་བལྟས་པས་དང་པོ་ནི། །ཨོ་རྒྱན་པདྨ་རེད་ནི་གདལ། །ཁྱེད་ཀྱི་ལུས་སུ་མ་མཐོང་ངོ་། །དེ་ནས་བལྟས་ཛ་ཁྱེད་རང་གདའ། །དེ་འདྲ་ནུབ་གཅིག་ལན་གསུམ་བྱུང་། །ཨོ་རྒྱན་དང་ནི་སྤྱན་རས་གཟིགས། །གཅིག་ལེ་ཨེ་ཡིན་གསུང་བྱུང་བས། །སྣང་བ་མཐའ་ཡས་སྤྱན་རས་གཟིགས། །པདྨ་འབྱུང་གནས་ངོ་བོ་གཅིག །སྲོང་བཙན་སྒམ་པོ་ཁྲི་སྲོང་གཉིས། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་རུ། །བཀའ་གདམ་གླེགས་བམ་ནང་ནས་བཤད། །བོད་ཀྱི་མཁས་བཙུན་ཐམས་ཅད་ནི། །ཐུགས་རྗེ་ཆེན་པོའི་སྤྲུལ་པའམ། །བྱིན་གྱིས་བརླབས་པ་ཤ་སྟག་ཏུ། །ཇོ་བོ་ཡབ་སྲས་གཉིས་ཀྱིས་གསུངས། །འོན་ཀྱང་སྤྱན་རས་གཟིགས་དབང་གི །སྤྲུལ་པ་ང་ནི་ག་ལ་ཡིན། །བདག་གིས་ཐུགས་རྗེ་ཆེན་པོ་ཡི། །

p. 379

སྒྲུབ་པ་ཡུན་རིང་བྱས་པ་དེས། །བྱིན་རླབས་ཅུང་ཟད་ཞུགས་པ་སྲིད། །ལས་དག་པ་ཡི་སློབ་མ་ཡིས། །བླ་མ་ཡི་དམ་ལྷར་མཐོང་བ། །སློབ་མའི་སྣང་བ་དག་པ་ཡིན། །བླ་མ་དེ་ནི་ཡི་དམ་གྱི། །ལྷ་དེ་ཡིན་པའི་ངེས་མེད་ཞུས། །ཡང་གཅིག་སྤྲུལ་སྐུས་འདི་སྐད་གསུངས། །མདང་ནི་ང་ཡི་རྨི་ལམ་ལ། །ཁྱེད་ནི་མགར་བློན་རིག་པ་ཅན། །རེད་ནས་གདའ་བས་མི་འགའ་ཡིས། །མགར་བློན་རིག་པ་ཅན་ཟེར་ནས། །བོས་པས་ཁྱོད་ཀྱིས་ཨ་བྱེད་རྨིས། །ཞེས་གསུངས་མགར་བློན་རིག་ཅན་ཡང་། །ཐུགས་རྗེ་ཆེན་པོའི་གསུང་སྤྲུལ་དུ། །ལུང་བསྟན་རྣམས་ནས་གསལ་བ་ཡིན། །ཕྱིས་དུས་ལྷོ་པ་སྤྲུལ་སྐུས་ཀྱང་། །འབྲི་གུང་ཞབས་དྲུང་ཁྲི་པ་དང་། །ཁྱོད་རང་ངོ་བོ་གཅིག་པ་འདྲ། །སད་ནའི་སྐྱེས་རྒྱུད་རེད་ཕྱིར་གསུངས། །མི་གཅིག་ཞུས་ན་ངག་འཁྱལ་བྱས། །ཞབས་དྲུང་དེ་ཡིས་ལྷོ་པ་ལ། །དགོངས་འདུས་དབང་ལུང་ཕྱག་ལེན་རྣམས། །ང་ལ་མ་འཕྲོད་ཁ་མེད་ཀྱིས། །དོ་དམ་ཆེན་པོ་མཛད་འདུག་ཅིང་། །ལྷོ་པ་སྤྲུལ་སྐུ་ཉིད་ཀྱིས་ཀྱང་། །ང་ལ་ཟོང་བསྐུར་ལྟ་བུ་ཡིན། །ཆོས་ནི་བདག་པོར་འཕྲོད་ཡོད་པས། །རང་གཞན་དོན་གཉིས་མཛོད་གསུངས་པས། །རྟེན་

p. 380

འབྲེལ་གནད་འདྲ་ཡོད་དམ་སྙམ། །ཡང་ནི་ཉིན་ཞིག་སྤྲུལ་སྐུ་ཁང་ཐོག་བཞུགས། །ང་ནི་ཤོད་དུ་ཡོད་པའི་དུས། །ཁྱོད་ཀྱི་སྐད་དེ་སྔོན་གྱི་དུས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། །སྲས་གསུམ་ཡོད་པའི་ཐ་ཆུང་བ། །དེ་ཡི་སྐད་དེ་འདྲ་འདུག་བསམ། །ཁང་ཐོག་བྱུང་ནས་བྱི་ལ་ལ། །ཕར་ལ་བརྒྱབས་ནས་ཐལ་དུས་ཀྱང་། །ཁྲི་སྲོང་ལྡེའུ་བཙན་བུ་ཆུང་བ། །དེ་ཡི་སྐད་དེ་འདྲའོ་བསམ། །ཁྱེད་ཀྱི་ངོ་ལ་བལྟས་པས་ཀྱང་། །ཁྲི་སྲོང་ལྡེའུ་བཙན་བུ་ཆུང་བ། །དེ་ཉིད་རེད་དོ་བསམ་པར་བྱུང་། །རྒྱལ་པོ་དེ་ཉིད་ང་ཡིས་ནི། །ངོ་ཤེས་དྲན་པའི་སྣང་བ་བྱུང་། །དེ་ནི་ཅི་ཡིན་ཨང་གསུངས་སོ། །ཡང་ནི་སྤྲུལ་སྐུས་གཟིགས་སྣང་ལ། །ཆོས་རྒྱལ་སད་ན་ལེགས་དེ་ཉིད། །སྐུ་ལ་འཕྲུག་སྔོན་ན་བཟའ་གསོལ། །དབུ་ལ་རིས་དཀར་ཐོད་ཅན་མནབ། །སྙན་ལ་གསེར་གཡུའི་པདྨ་བརྒྱན། །ཕྱག་ན་ཌ་རུ་འཁྲོལ་ཞིང་བྱོན། །དེ་ནས་ཁྱེད་ལ་ཐིམ་པ་ལྟར། །ཁྱེད་ཉིད་ཡིན་པར་འདུག་སྙམ་གསུངས། །དེ་ལྟར་སྤྲུལ་སྐུས་གསུངས་པ་དང་། །སྔོན་གྱི་གཏེར་རྙིང་ཚིག་ཟུར་དང་། །གནམ་ཆོས་ནང་གི་ལུང་བསྟན་དང་། །རང་གི་ཉམས་རྨིས་དྲན་སྣང་རྣམས། །མཐུན་ཕྱིར་

p. 381

ཆོས་རྒྱལ་སད་ན་ལེགས། །དེ་ཡི་སྤྲུལ་པའི་ཟེར་ཙམ་ཞིག །བདག་ཉིད་ཡིན་སྙམ་རློམ་པ་སྐྱེས། །ཡང་ནི་སྤྲུལ་སྐུ་ཡར་ཕེབས་རྗེས། །རང་དང་སྤྲུལ་སྐུའི་སྐུ་རིམ་ལ། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་ཡི། །སྒྲུབ་ཆེན་རང་དང་གྲྭ་པ་འགས། །སྔགས་ལ་འུར་འདོན་བྱས་དུས་སུ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །སྤྲུལ་པ་ཉེར་གཅིག་བྱུང་བ་ཡི། །གཅིག་ནི་ཞབས་དྲུང་དཔའ་བོ་རེད། །སད་ན་ལེགས་ནི་ཁྲི་སྲོང་གི །དཔུང་པ་གཡོན་ལས་སྤྲུལ་པར་བཤད། །དེ་ཡི་སྐྱེ་རྒྱུད་སྤྲུལ་པ་ཞིག །རང་ཉིད་ཡིན་པར་འདུག་པས་ན། །གཉིས་ཀའི་སྤྲུལ་གཞི་ཆོས་ཀྱི་རྒྱལ། །ཁྲི་སྲོང་ལྡེའུ་བཙན་ཡིན་པར་སྣང་། །བསམ་ཞིང་རང་ཉིད་སད་ན་ལེགས། །ཡིན་པའི་ངེས་ཤེས་བརྟན་པོ་ཞིག །རྨི་ལམ་ཡུལ་དུ་དྲན་པར་བྱུང་། །ཡང་ནི་མི་འགྱུར་རྡོ་རྗེ་ཉིད། །དགུང་ལོ་བཅུ་གཅིག་བཞེས་པའི་སྐབས། །ལུག་ཟླའི་བཅུ་དགུའི་ཉིན་ཕྱེད་དུས། །ཁྱེད་ནི་སྤྱན་རས་གཟིགས་དབང་གི །སྤྱན་གྱིས་སྤྲུལ་པ་རེད་དོ་གསུངས། །རྒྱུ་མཚན་ཅི་ལགས་ཞུས་པ་ཡིས། །ད་ཅི་སྔ་དྲོ་ནམ་མཁའི་དཀྱིལ། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཕྱག་བཞི་དང་པོ་ཐལ་མོ་སྦྱར། །འོག་གཉིས་ཤེལ་ཕྲེང་

p. 382

པད་དཀར་འཛིན། །ཞབས་གཉིས་སྐྱིལ་ཀྲུང་པད་ཟླར་བཞུགས། །འོད་ཟེར་ཉི་མ་ལྟར་འབར་བ། །དེ་འདྲ་གཅིག་ནི་དངོས་སུ་མཇལ། །དེ་ཡི་སྤྱན་དེ་བཙུམ་ཐལ་ཛ། །སྐུ་མདོག་དམར་པོ་རེད་ནས་ཐལོ། །དེ་ནས་སྤྱན་གྱིས་གཟིགས་བྱུང་བས། །ཐུགས་རྗེ་ཆེན་པོའི་སྤྱན་གཉིས་དེ། །བླ་མ་ཁྱེད་རང་རེད་ནི་གདའ། །དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས། །ང་ཡི་མིག་ནི་གཅིག་པོ་འདི། །ཀརྨ་ཆགས་མེད་ཡིན་ནོ་གསུངས། །དེ་སྔ་ངས་ནི་ལྷ་མང་པོ། །མཇལ་ཡང་གསུང་ནི་སྒྲགས་མ་མྱོང་། །དེ་རིང་བསྒྲགས་པ་ཅི་ཡིན་ཨང་། །དེ་སྔ་ཕན་ཆད་བླ་མ་ཁྱེད། །སྤྱན་རས་གཟིགས་ཀྱི་ཅི་ཞིག་རེད། །བསམ་སྟེ་ཅི་ཡིན་རང་མ་ཤེས། །དེ་རིང་ཁྲིགས་སེ་ཐལ་ཞེས་གསུངས། །དེ་ལྟར་རྒྱུ་མཚན་འགའ་མཆིས་ཀྱང་། །རང་ཉིད་ཐུགས་རྗེ་ཆེན་པོ་ཡི། །སྤྲུལ་པ་ཡིན་བསམ་རློམ་སེམས་མེད། །སྒྲུབ་པ་ཡུན་རིང་བྱས་པའི་མཐུས། །ཅུང་ཟད་བྱིན་རླབས་ཞུགས་སམ་སེམས། །དེ་བཞིན་ལུང་བསྟན་བཀའ་རྒྱ་མར། །མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས། །ཕྱི་རབས་

p. 383

ཀུན་གྱིས་ཐེ་ཚོམ་སོམ་ཉི་སྤོངས། །གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས། །ཞེས་གསུངས་དོན་ནི་དབང་བཞིས་ལེགས་སྨིན་ཅིང་། །བསྐྱེད་རྫོགས་ཟུང་དུ་འཇུག་པའི་རྣལ་འབྱོར་པ། །ལམ་དུས་པདྨ་འབྱུང་གནས་ཡིན་ལ་དགོངས། །དགོས་པ་འགྲོ་རྣམས་དང་བ་འདྲེན་ཕྱིར་གསུངས། །དེ་ཕྱིར་སྔགས་འཆང་རཱ་ག་ཨ་སྱ་བདག །དབང་གིས་ལེགས་སྨིན་ཚུལ་བཞིན་པད་འབྱུང་གི །གཏེར་ཆོས་རྣམས་ལ་ཉམས་ལེན་བགྱིད་བཞིན་པ། །ཡིན་ཕྱིར་སྤྲུལ་སྐུས་ནུབ་ཅིག་ལན་གསུམ་དུ། །ཁོ་བོ་པད་འབྱུང་སྐུར་མཐོང་དེ་ལྟར་ལགས། །བདག་ནི་པད་འབྱུང་སྤྲུལ་པ་ཡིན་ཟེར་བ། །གཏམ་ནི་གཏན་ནས་མིན་ནོ་གོ་བར་བྱོས། །འོན་ཀྱང་གཏེར་རྙིང་ལུང་བསྟན་འགའ་ཞིག་ལས། །དེང་སང་དུས་སྤྱོད་གསལ་བར་ལུང་བསྟན་སྐབས། །འོད་ཟེར་ཕོག་པ་སྟོང་ཚོ་ལྔ་འབྱུང་གསུངས། །དེ་ནས་བདག་ཀྱང་ཨོ་རྒྱན་ཆེན་པོ་ཡི། །འོད་ཟེར་ཕོག་ཙམ་ཡིན་ནམ་ཡང་ཡང་སེམས། །ཅི་ཕྱིར་ཞེ་ན་སྤྲུལ་སྐུའི་ཆག་ཕྱི་སོགས། །ཕྱོགས་འདིར་རྙིང་མའི་བསྟན་ལ་ཅུང་ཟད་ཕན། །དབང་ལུང་རྒྱུན་ཡང་རྒྱ་ཆེར་འཕེལ་ཞིང་རྒྱས། །ཐུགས་རྗེ་ཆེན་པོ་གསང་འདུས་ཞལ་གདམས་མཇུག །མ་འོང་

p. 384

ས་གཏེར་ལ་མོས་པའི་གང་ཟག་རྣམས། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །གསུངས་ཕྱིར་བདག་ནི་གཏེར་ལ་མོས་འདུན་ཆེ། །གུ་རུའི་ཞལ་མཐོང་བ་ཡི་འབུ་སྲིན་འདྲ། །ཡིན་ནམ་སྙམ་དུ་སྐྱེ་བ་བརྟག་པ་ཡིས། །ལས་སྦྱོར་རྨི་ལམ་བརྟག་པ་བྱས་པའི་ཚེ། །བྲིས་མ་ཐག་པའི་རྒྱ་ཡིག་གླེགས་བམ་དང་། །མཚོ་ཆུང་ལ་སོགས་ཀླུ་ཡི་རྟགས་འདྲ་བ། །ཀླུ་ཡི་རྒྱལ་མཚན་ཡིན་པའི་རྟགས་འགའ་བྱུང་། །རང་གི་བུ་ཆེན་པདྨ་རིག་འཛིན་པས། །སྤྱི་བོར་བདུད་འདུལ་རྡོ་རྗེ་མཇལ་བའི་དུས། །ང་ཡི་བླ་མ་ཆོས་བདག་ཡིན་མིན་སོགས། །ཞུས་དུས་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་གྱི། །སྤྲུལ་པ་ཐུགས་རྗེ་ཆེན་པོའི་ཆོས་བདག་ཞིག །དེ་ཕྱོགས་འོང་བར་བཤད་པས་ཡིན་ནམ་གསུངས། །ཞེས་ཟེར་བདག་གིས་རྒྱལ་བ་རྒྱ་མཚོ་ཡི། །འགྲེལ་པ་པོ་ཏི་གཅིག་ནི་བརྩམས་པའི་དུས། །གཙུག་ལག་ཁང་ནི་གསར་པ་ངོ་མཚར་བ། །ནང་དུ་བོད་དུ་བཀའ་དྲིན་ཆེ་ཚད་ཀྱི། །ལོ་པཎ་ཐམས་ཅད་ལོག་བྲིས་བྱས་པ་རྣམས། །ཐམས་ཅད་པཎ་ཞྭ་དམར་པོ་ཁོ་ན་ལ། །ཆོས་གོས་ངུར་སྨྲིག་

p. 385

གསོལ་ཞིང་དང་བ་འདྲེན། །དེ་ནང་བདག་གི་སྐུ་ཡང་ལོ་ཙཱ་བའི། །ཚུལ་དུ་ལེགས་པར་བཞེངས་ནས་གདའ་བ་ལ། །བདག་གིས་ད་ལྟ་ལོ་ཙཱ་མི་ཤེས་ཀྱང་། །ང་ཡི་སྐུ་ཡང་ལོ་པཎ་གྲྭ་འདི་ལ། །མི་བྲི་ཁ་མེད་ཅིག་ནི་ཡིན་འདུག་སྙམ། །དུས་ཕྱིས་བདུད་འདུལ་རྡོ་རྗེ་མཇལ་བའི་ཚེ། །ཁྱེད་རང་ཚེ་སྒྲུབ་ཚ་བ་དམར་ཐག་གིས། །ཆོས་བདག་ཡིན་གསུངས་དེ་ཡི་དབང་ལུང་གནང་། །དམ་རྫས་རིལ་བུ་ཨ་རྒྱ་ཅན་འདི་ནི། །ཆོས་བདག་ལས་ཅན་བཅུ་གསུམ་ལ་སྤྱོད་གསུངས། །གདའ་བ་ཡིན་ནོ་ཁྱོད་ལ་སྦྱིན་གསུངས་གནང་། །རིག་འཛིན་དེ་ཡི་བསམ་ཡས་རྡོ་རྗེ་ཡི། །ཀློང་སྒྲོམ་ནས་བཏོན་ཆོས་བདག་ལུང་བསྟན་ལས། །ད་ལྟ་ཀླུ་ཡི་རྒྱལ་མཚན་ཁྱོད། །མ་འོངས་མདོ་ཁམས་མཐིལ་ནས་ཀརྨའི་མཚན། །མདུན་རྒྱབ་སྐུ་གསུམ་ལྷུན་གྲུབ་སྨེ་བས་བརྒྱན། །སྐལ་ལྡན་དེ་ལ་ཟབ་ཆོས་འདི་འཕྲོད་ན། །ཚེ་ཚད་མཐར་ཕྱིན་འགྲོ་དོན་བསྟན་པ་འཕེལ། །ཞེས་པའི་ལུང་བསྟན་འདི་ཉིད་ཡིན་ནོ་གསུངས། །ངེད་རང་རྣམ་པ་ལུས་ནི་ཐ་དད་ཀྱང་། །སེམས་ནི་དབྱེར་མེད་ཕྱི་མའི་དུས་སུ་ཡང་། །དག་པའི་ཞིང་དུ་འཚོགས་པར་འགྱུར་རོ་གསུངས། །ཁྱེད་ནི་སྨོན་ལམ་འབྲེལ་པས་སྤྲུལ་སྐུ་

p. 386

ཡི། །ཆག་ཕྱི་འགྲུབ་པ་ཡིན་ཏེ་རྗེ་འབངས་རྣམས། །གཅིག་གིས་གཏེར་ཐོན་ཚེ་ན་གཞན་རྣམས་ཀྱིས། །དམ་ཆོས་སྤེལ་བའི་གྲོགས་ནི་ཡིན་ནོ་གསུངས། །དེ་ཕྱིར་བདག་ནི་གངས་ཅན་བསྟན་པའི་མིག །ཀླུ་ཡི་རྒྱལ་མཚན་དངོས་ནི་ག་ལ་ཡིན། །འོན་ཀྱང་གཏེར་ལུང་གཏེར་སྟོན་གསུང་ཐུན་པས། །དེ་ཡི་བྱིན་རླབས་སྤྲུལ་པའི་ཆ་ཤས་ཙམ། །ཡིན་ནམ་སྙམ་པའི་རློམ་སེམས་ཞུགས་པར་གྱུར། །སྔོན་ཚེ་ལྷ་མོའི་བསྙེན་སྒྲུབ་མ་བྱས་དུས། །རྨི་ལམ་དཔལ་ལྡན་ལྷ་མོ་ཞལ་མཐོང་ཞིང་། །ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྱས་པའི་སྐབས་། །རེ་མ་ཏི་ནི་ཅུང་ཟད་མ་བསྙེན་ཀྱང་། །ཐོ་རངས་ཉམས་དང་རྨི་ལམ་འདྲེས་པའི་སྐབས། །དཔལ་ལྡན་ལྷ་མོ་རེ་མ་ཏི་དེ་ནི། །མངོན་སུམ་ལྟ་བུར་གསལ་བར་མཇལ་བ་ཡང་། །དེང་དུས་བཟང་ངན་ཅི་ཡིན་མ་ཤེས་ཀྱང་། །ད་ནི་བསམ་པས་ཀླུ་ཡི་རྒྱལ་མཚན་དེ། །དཔལ་ལྡན་ལྷ་མོའི་བཀའ་བབ་ཡིན་འདུག་པས། །མེ་ལྕེ་འབར་མ་ལ་སོགས་ལྷ་མོ་ཡི། །རྒྱུད་དང་མན་ངག་སྔ་འགྱུར་ཕལ་ཆེར་ནི། །ཁོང་གིས་བསྒྱུར་བའི་རྟེན་འབྲེལ་ཡིན་ནམ་བསམ། །དེ་བཞིན་ཞི་ཁྲོའི་བསྙེན་པ་མ་བྱས་ཀྱང་། །རྨི་ལམ་ཁྲག་འཐུང་འབར་བ་ལྔ་

p. 387

བཅུ་བརྒྱད། ནམ་མཁའི་འཇའ་ཚོན་ལྟ་བུར་མཇལ་བ་ཡང་། །ཀླུ་ཡི་རྒྱལ་མཚན་སྐྱེས་མཐའ་ཀརྨ་གླིང་། །དེ་ཡི་བྱིན་རླབས་ཆ་ཤས་ཞུགས་སམ་སེམས། །ཁྲག་འཐུང་བདུད་འདུལ་རྡོ་རྗེར་འདི་སྐད་ཞུས། །ཁྱེད་ཀྱིས་གཏེར་ནས་ཀླུ་ཡི་རྒྱལ་མཚན་གསུངས། །གནམ་ཆོས་ལས་ནི་སད་ན་ལེགས་ཡིན་གསུངས། །ཅི་ཡིན་ཞུས་པས་ཐུགས་རྒྱུད་གཅིག་ཡིན་གསུངས། །ཕུ་ཡིན་མདའ་ཡིན་ཁུ་ཡིན་ཡེ་ཡིན་ཞེས། །མང་དུ་སྨྲ་བ་མི་མཚུངས་འུད་འདྲ་ཡང་། །རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་པ་སྟེ། །ཡེ་ཤེས་ལྷ་ནི་གཅིག་འགྲུབ་ཐམས་ཅད་འགྲུབ། །གཅིག་གིས་བྱིན་བརླབས་ཀུན་གྱི་བྱིན་རླབས་འཇུག །དེ་ལྟར་ཤེས་ན་འགལ་བ་ཅི་ཡང་མེད། །དེ་ཕྱིར་ད་དུང་འཁྲུལ་གཏམ་འགའ་བརྗོད་པ། །བདག་ནི་ཟ་དམ་གྲྭ་ས་འགྲིམ་པའི་དུས། །ནུབ་ཅིག་རྨི་ལམ་འཁྲུལ་པའི་སྣང་བ་ལ། །གཟིམས་ཆུང་སྤོས་ཞལ་ཉི་མ་ཤར་བའི་ནང་། །རང་གི་ལུས་འདི་རྒྱལ་དབང་བཅུ་པ་ཡི། །སྐུ་ནི་དངོས་སུ་གྱུར་ཅིང་འདུག་པ་ལ། །སྐུ་ལ་གོས་བེར་སེར་པོ་གསར་པ་མནབས། །རང་ཉིད་རྒྱལ་དབང་དངོས་ཡིན་སྙམ་ཞིང་འདུག །དེ་ཚེ་ཕ་ཡུལ་ཡོད་པའི་དཔོན་

p. 388

རིགས་ཤིག །ང་ལ་མཇལ་ཞིང་ཐལ་སྦྱར་པུས་བཙུགས་འདུག །ཁོ་ལ་སྔར་དང་མི་འདྲ་མིག་གསུམ་འདུག །དེ་དུས་ཙམ་ལ་ཁོ་ཉིད་ཤི་འདུག་སྟེ། །བླ་དྲག་ཡིན་ཕྱིར་བཙན་དུ་སྐྱེས་འདུག་སྙམ། །དུས་རྣམས་ཕལ་ཆེར་ཡིད་ལ་མ་དྲན་པར། །ཆོས་དབྱིངས་རྡོ་རྗེ་མཁྱེན་ཞེས་བྱ་བའི་ཚིག །ཁ་ནས་ཐོལ་ཐོལ་འོང་བ་ཞིག་ཡོད་པས། །དེ་ཡི་བྱིན་རླབས་ཅུང་ཟད་ཞུགས་པར་སེམས། །ཡང་ནི་སྒྲུབ་པ་བྱས་པའི་མཚམས་ཁུང་དུ། །རྨི་ལམ་ཡུལ་དུ་བལ་བོད་སོ་མཚམས་སུ། །རང་ཉིད་རྗེ་བཙུན་མི་ལ་ཡིན་སྙམ་ཞིང་། །གཅེར་བུར་རས་གོས་ཧྲུལ་པ་གྱོན་ནས་འདུག །སློབ་མ་རྟོགས་ལྡན་རས་གོས་ཅན་མང་པོ། །ལ་ལས་བལ་པོར་ལྡོམ་བུར་འགྲོའོ་ཟེར། །ལ་ལས་ལ་ཕྱིར་ལྡོམ་བུར་འགྲོ་གྲབས་བྱེད། །དེ་ཚེ་བདག་གིས་རྫོངས་བ་མགུར་མ་ཞིག །བྱས་ཤིང་དེ་དག་དྲོན་པའི་སྣང་བ་བྱུང་། །དེ་ཕྱིར་རྗེ་བཙུན་ཆེན་པོའི་བྱིན་རླབས་ཀྱང་། །ཅུང་ཟད་ཞུགས་པའི་རྟགས་ཤིག་ཡིན་ནམ་སེམས་། །ཡང་ནི་གངས་ཅན་བསྟན་པའི་རྒྱན་གྱུར་པ། །མཚུར་ཕུ་འཇམ་དབྱངས་ཆེན་པོ་ཞེས་བྱ་དེ། །ང་རང་ཡིན་པར་འདུག་གོ་སྙམ་པ་ཞིག །རྨི་ལམ་ཡུལ་དུ་དྲན་པའི་སྣང་བ་

p. 389

བྱུ་། །ཡང་ནི་རྨི་ལམ་འཁྲུལ་པའི་སྣང་བ་ལ། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ་དེ་ཉིད་དང་། །རང་གཉིས་ངོ་བོ་དབྱེར་མེད་གཅིག་ཏུ་མཐོང་། །དེ་ཚེ་དྲུང་པའི་རྨོ་ཡི་གཟིམས་ཁང་དུ། །རྟོགས་ལྡན་མ་ཕམ་པ་དང་གསུང་གླེང་དང་། །སྐུ་ལུས་ན་བཟའ་སོགས་ཀྱང་གསལ་པོ་རུ། །མཐོང་ཞིང་དྲན་པའི་སྣང་བ་གསལ་པོ་ཤར། །དེ་ཕྱིར་ཕ་རྒན་དེས་ཀྱང་བྱིན་གྱིས་བརླབས། །བཀའ་དྲིན་ཆེའོ་དཔལ་ལྡན་བླ་མ་རྣམས། །གསང་སྔགས་རྙིང་མའི་བླ་མ་སྙིང་ཐིག་དང་། །གསར་མའི་ཕ་རྒྱུད་གསང་འདུས་རྒྱུད་ཆེན་ལས། །རང་ཉིད་སངས་རྒྱས་བྱང་སེམས་སྐུར་གྱུར་དང་། །དེ་བཞིན་རང་ལ་ཐིམ་ཞིང་འཕྲོ་བ་དང་། །སངས་རྒྱས་བྱང་སེམས་རྣམས་ཀྱིས་རང་ཉིད་ལ། །མཆོད་བསྟོད་བཀུར་སྟི་བྱེད་པ་རྨིས་པ་སོགས། །བསྐྱེད་རིམ་འབྱོངས་རྟགས་བྱིན་རླབས་ཞུགས་རྟགས་སུ། །གསུང་ཕྱིར་འདི་རུ་བདག་གིས་བཀོད་པ་ཡིན། །མི་ལ་དང་ནི་ཀརྨ་པ་ལ་སོགས། །ང་ཡིན་ཟེར་བ་མིན་པས་གོ་བར་གྱིས། །དེ་དོན་རིག་འཛིན་མི་འགྱུར་རྡོ་རྗེ་ལ། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་རྡོལ་བའི་སྐབས། །ཡི་དམ་ལྷ་ཡི་ཞལ་གཟིགས་རྒྱུན་ཆད་མེད། །དེ་ཚེ་ཐེ་ཚོམ་གནད་རྣམས་དྲི་ཆོག་དུས། །

p. 390

འདི་ལྟར་འཁྲུལ་པའི་རྨིས་ལྟས་མི་མཚམས་པ། །བར་ཆད་བདུད་ཀྱི་བསླུ་སེམས་ཅི་ལྟར་ལགས། །ཡི་དམ་ཞལ་གཟིགས་བྱུང་ཚེ་དྲིས་ཞུས་པས། །རྒྱལ་བ་རྒྱ་མཚོ་ཞལ་གཟིགས་ནས་གསུངས་པ། །ཀླུ་ཡི་རྒྱལ་མཚན་སྤང་བུ་གོས་ཁུར་དང་། །འཇམ་དབྱངས་ཆེན་པོ་ཆོས་དབྱིངས་རྡོ་རྗེ་དང་། །ཀུན་དགའ་རྣམ་རྒྱལ་གྲགས་པ་མཆོག་དབྱངས་གིས། །རྗེས་བཟུང་སྤྲུལ་པ་བྱིན་རླབས་ཞུགས་པ་ཡིན། །ཞེས་དང་ཁ་སར་པཱ་ཎི་ཡིས། །མི་ལ་དྭགས་པོའི་སྤྲུལ་ཟེར་ཡིན། །ཞེས་སོགས་ལུང་དུ་བསྟན་པར་མཛད། །དེ་ལྟར་ཡང་གསང་གུད་སྦས་རྣམ་ཐར་འདི། །མི་ཆོས་བླ་མས་རྫུན་སྨྲས་སྡོམ་པ་འཆོར། །དེ་ཕྱིར་རྫུན་མེད་དྲང་པོར་སྨྲ་བའི་ཚིག །སྤྲུལ་སྐུའི་བཀའ་ཡིས་བསྐུལ་ཕྱིར་མདོར་བསྡུས་བྲིས། །གསང་བ་བསྒྲགས་པའི་ཉེས་པ་མཆིས་སྲིད་ན། །རྩ་བ་གསུམ་གྱི་ལྷ་ལ་བཟོད་པར་གསོལ། །དགེ་བ་མཆིས་ན་བདག་ལ་འབྲེལ་ཐོགས་ཀུན། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་ཕྱིར་བསྔོ་། །རང་ལོ་ང་གཉིས་ལྕགས་ཕོ་བྱི་བའི་ལོ། །ས་ག་ཟླ་བའི་ཚེས་བཅུའི་སྐོར་ལ་བྲིས། །རེ་ཞིག་རྫོགས་སོ།། །།མངྒ་ལཾ།། །།

དགེ་སློང་རཱ་ག་ཨ་སྱའི་ཉམས་ལེན་ཁྲིད་ཀྱི་རིམ་པ་དང་འབྲེལ་བ་དེ་ཁོ་ན་ཉིད་ཀྱི་རྣམ་པར་ཐར་པ།

p. 391
p. 392

༄༅། །དགེ་སློང་རཱ་ག་ཨ་སྱའི་ཉམས་ལེན་ཁྲིད་ཀྱི་རིམ་པ་དང་འབྲེལ་བ་དེ་ཁོ་ན་ཉིད་ཀྱི་རྣམ་པར་ཐར་པ་བཞུགས་ལགས་སོ།།

p. 393

ན་མོ་མ་ཧཱ་མུ་དྲ་ཡེ། །བླ་མ་རང་སེམས་དབྱེར་མེད་པ། །འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །དགེ་སློང་རཱ་ག་ཨ་སྱ་བདག་སྨྲ་ཤེས་དོན་གོ་མི་ལུས་ཐོབ། །རང་ལོ་དྲུག་ཙམ་ལོན་པའི་དུས། །མི་ལའི་མགུར་འབུམ་བཏོན་པའི་དུས། །དྲན་མེད་ཞི་གནས་འཐོམ་པོ་ལ། །ཡུན་རིང་ཞིག་ལ་སོང་གྱུར་ཀྱང་། །བཟང་ངན་ཅི་ཡིན་མ་ཤེས་སོ། །དེ་སྔོན་རང་ལོ་ལྔ་ཙམ་དུས། །ཆོས་ཁྲིད་བཙུགས་སར་སླེབས་པ་ཡིས། །གནས་འགྱུ་གཉིས་ལ་འཕྲིགས་ཚུད་ཀྱང་། །ཡིད་མ་ཆེས་པས་མ་བསྐྱངས་སོ། །རང་ལོ་བཅུ་ཙམ་ཨེ་ལོན་དུས། །སློབ་དཔོན་སྦས་པའི་རྣལ་འབྱོར་

p. 394

གྱིས། །གནས་འགྱུ་སྲུང་ལུགས་གསུངས་པ་ནས། །ཅུང་ཟད་སྲུང་བའི་ལུགས་སུ་བྱས། །དེ་ནས་རང་ལོ་བཅུ་བདུན་ལ། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ལ། །ལྷན་ཅིག་སྐྱེས་སྦྱོར་ཁྲིད་ཞུས་ཤིང་། །རྟོགས་འབུལ་གནས་འགྱུའི་ངོ་སྤྲོད་གནང་། །དེ་ནས་བཟུང་སྟེ་མ་བསྐྱུར་བར་། །སྐྱོང་ཚེ་ཉམས་ཀྱི་འཆར་སྒོ་རྣམས། །བྱུང་ཚུལ་མདོ་ཙམ་འདིར་བཀོད་བྱ། །ཉམས་ཁྲིད་མ་ཐོབ་ཕན་ཆད་ལ། །སྤྱང་གྲུང་རྣམ་རིག་རྣོ་ན་ཡང་། །དུད་འགྲོ་མི་ཡི་ཆ་བྱད་རེད། །ཕྱི་ཡི་ས་རྡོ་ཡུལ་ཁམས་དང་། །ནང་གི་སྐྱེ་འགྲོ་འདི་དག་ཀུན། །སྲིད་པས་བཞག་པར་ཡིན་ནོ་བསམ། །

p. 395

འགྲོ་བ་རིགས་དྲུག་ཟེར་བ་དེ། །རྣ་བས་གོ་ཡང་བདེན་བཟུང་མེད། །མི་ནི་ཤི་བ་མཐོང་ཐོས་ཚེ། །ཁོང་རང་ཚེ་ནི་ཟད་ཟིན་བསམ། །རང་ལ་དེ་འདྲ་འོང་སྙམ་མེད། །ནད་པ་ཐུ་མོ་མཐོང་ཐོས་ཚེ། །ཁོ་ལ་ནད་ཅིག་ཕོག་གདའ་བསམ། །རང་ལ་རེས་མོས་འཁོར་སྙམ་མེད། །ཁྱི་བྱ་ལོང་སྤྱང་མཐོང་ཙ་ན། །ཨ་གད་བསམ་པའི་བཙོག་སྣང་བས། །རང་ཡང་དེ་འདྲར་སྐྱེ་དོགས་མེད། །ང་རང་ང་རང་ཡིན་བསམས་ནས། །ལུས་སེམས་གཅིག་ཏུ་བརྩི་བ་ལས། །སོ་སོ་ཡིན་པའི་གོ་བ་མེད། །རང་ཉིད་ཚེ་རིང་ནད་མེད་ཅིང་། །ཕྱུག་ཅིང་བཙན་པ་ཞེ་ལ་འདོད། །དེ་མཆན་ཉེ་བ་ཚོ་བཟང་འདོད། །ཉེ་རིང་མིན་ལ་བཏང་སྙོམས་པ། །དགྲ་རྣམས་གཏན་ནས་བརླགས་ན་དགའ། །དེ་འདྲ་ཞིག་ལ་སྤྱང་གྲུང་མང་། །བསམ་པ་ཅི་ཡང་མེད་འདུག་པས། །ད་ལྟ་ཆོས་ལུང་མ་ཐོབ་པ། །གཞན་ཡང་དེ་དང་འདྲ་ཡིས་དོགས། །ཡི་གེ་འབྲི་འདོན་ས་རྩིས་གདངས། །གཏོ་ཚོགས་ལ་སོགས་ཤེས་པ་ཡང་། །ཀུན་ལས་ང་རང་མཁས་པར་འདོད། །ཟབ་ཟབ་གཞན་གྱིས་མ་ལོབ་ན། །ང་རང་འགྲིམ་པར་འགྱུར་རོ་བསམ། །རྟག་ཏུ་གདུལ་བྱ་བསྡུ་བསམ་ལས། །འཆི་བ་འོང་སྙམ་

p. 396

ཡིད་ལ་མེད། །ད་ལྟ་བཤེས་གཉེན་བསླབ་མི་འགའ། །དེ་དང་འདྲ་ཞིང་ཡོད་ཀྱིས་དོགས། །མགུར་འབུམ་པདྨ་བཀའ་ཐང་སོགས། །ཡི་གེ་སྐྱེན་པས་གང་ཡང་བལྟས་། །ཆབ་ཆོབ་མང་དུ་བློར་ཟིན་ཏེ། །མཚར་མཚར་མི་ལ་བཤད་རྒྱུ་བས། །རང་གི་རྒྱུད་ལ་སྦྱར་མ་ཤེས། །ད་ལྟ་ཤེས་རབ་ཆེ་བ་དང་། །ཡིག་ཆ་ཤེས་པ་འགའ་རེ་ཡང་། །དེ་དང་འདྲ་ཞིང་ཡོད་ཀྱིས་དོགས། །གུ་རུ་ཞི་དྲག་ལ་སོགས་པ། །གཏོར་བསྔོས་ཆག་མེད་བྱེད་པ་དང་། །བསྙེན་སྒྲུབ་ཟླ་མཚམས་འགའ་བྱས་ཀྱང་། །སྔགས་པ་མཐུ་རྩལ་ཅན་ཞིག་བྱེད། །རྫ་ས་དང་གདམས་ངག་རྣོ་བ་དང་། །གལ་ཏེ་སྡང་བའི་དགྲ་བྱུང་ན། །ལོ་ཟླ་མ་འགྱང་ཧུར་ཐུམ་གསོད། །ནོར་དང་ཀ་ཆ་ཁྱེར་ཤོར་ན། །གཟའ་བདུད་མངོན་དུ་རྒྱུག་པ་ཞིག །གཞན་གྱིས་རིམ་གྲོར་ང་བོས་ན། །ན་རྒབ་ཤི་རྒྱབ་ཆོད་པ་ཞིག །ཨེ་འོང་བསམ་པ་མ་གཏོགས་པ། །བླ་མེད་བྱང་ཆུབ་ཨེ་ཐོབ་དང་། །ཕྱི་མར་ཨེ་ཕན་བསམ་པ་མེད། །བླ་མ་སློབ་དཔོན་རྣམས་བསྟེན་ཡང་། །ཡོན་ཏན་གདམས་ངག་ཨེ་ལོབ་དང་། །ལམ་སྣ་ཨེ་འདྲེན་བསམ་པ་ཡིས། །དད་པ་དག་སྣང་བྱེད་མ་ཤེས། །སྒོམ་ལ་ཁ་རྩོབ་བྱས་འདྲ་

p. 397

བའི་། །གནས་འགྱུ་འགྲོས་འདེད་སྲུང་ཤེས་ཀྱང་། །རྒྱུན་དུ་མ་བསྲུང་ཉིན་རེ་ལ། །ལན་རེ་ལན་གཉིས་སྲུང་ན་ཡང་། །ཡུད་ཙམ་གནས་ན་དགའ་སྣང་ཆེ། །གནས་ཁས་མ་ཉན་ལྟ་མི་འདོད། །དེ་ལ་ལོ་གྲངས་གསུམ་བཞི་སོང་། །འགྱུ་བ་ཉུང་དུ་མ་སོང་ཞིང་། །དང་པོ་དུས་དང་ཁྱད་མེད་པས། །འདི་ཡིས་དགོས་པ་མེད་དམ་བསམ། །ད་ལྟ་གནས་འགྱུ་སྤྲག་སྤྲིག་ཚོ། །དེ་དང་འདྲ་ཞིང་ཡོད་ཀྱིས་དོགས། །དེ་དུས་ན་སོ་ཆུང་ན་ཡང་། །ཟ་ཡིག་འཁོར་ལོ་ལ་སོགས་ཀྱིས། །གྲིབ་གཞི་མྱུར་དུ་ཕན་པ་དང་། །བྱིསྦ་ན་ནས་ཤི་ལ་ཁད། །གཏོ་ཆུང་བཅས་པས་ཕྱིར་ནངས་བདེ། །ཨོག་ནད་བསྒགས་ནས་ཤི་ལ་ཁད། །གྲིབ་སེལ་བྱས་པས་ཨོ་གེ་རྡོལ། །རྟ་བཟང་ན་ནས་ཤི་ལ་ཁད། །རྟ་གཏོ་བཅས་པས་ཕྱིར་ནངས་ཕན། །དེ་སོགས་ཕན་ཐོགས་བྱུང་དུས་ཀྱང་། །གཞན་ལ་བཤད་རྒྱུའི་འཕྱོར་སྣང་བས། །གཞན་ཕན་སེམས་བསྐྱེད་བྱེད་མ་ཤེས། །ད་ལྟ་གྲོང་ཆོག་བྱེད་པ་འགའ། །དེ་དང་འདྲ་ཞིང་ཡོད་ཀྱིས་དོགས། །མ་བརྟག་ཉམས་དགའ་ཞེས་བྱ་བ། །ཉམས་ཁྲིད་མ་ཞུས་ཕན་ཆད་ཀྱི། །སེམས་ལ་རྟོག་པ་འཆར་ཚུལ་འདི། །རང་ལ་བྱུང་བའི་ཉམས་མྱོང་ཡིན། །

p. 398

གཞན་ལ་ཟུར་ཟ་མ་ཡིན་པས། །གནོང་ལ་ཕོག་ན་བཟོད་པར་གསོལ། །དེ་ནས་རང་ལོ་བཅུ་བདུན་པར། །མི་ལ་རས་ཆེན་སྤྲུལ་པའི་སྐུ། །ཀརྨ་ཀུན་དགའ་རྣམ་རྒྱལ་ལས། །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཁྲིད། །ཞག་པོ་བཅོ་བརྒྱད་བར་དུ་ཐོབ། །དེ་ཚུན་གོ་རྟོགས་འདི་ལྟར་རོ། །མི་ལུས་འདི་འདྲ་ཐོབ་པར་དཀའ། །ལུས་ལ་སྙིང་པོ་ལེན་པའི་ཕྱིར། །སྡོམ་པ་ཞུ་ནས་སྲུང་དགོས་སོ། །ནམ་འཆི་ངེས་པ་མི་གདའ་བས། །ཆོས་ལ་བརྩོན་འགྲུས་བྱེད་དགོས་དོ། །གར་སྐྱེ་ལས་དབང་གཙོ་ཆེ་བས། །ཁྱི་བྱ་ལོང་སྤྲང་ཡན་ཆད་དུ། །རང་ཡང་མི་སྐྱེ་ངེས་པ་མེད། །ངན་སོང་གསུམ་དུ་སྐྱེས་ན་ནི། །ཐར་མེད་བཙོན་དོང་ལྟ་བུ་རེད། །མཐོ་རིས་ལྷ་མིར་སྐྱེས་ན་ཡང་། །མི་རྟག་འགྱུར་ནས་འགྲོ་རྒྱུ་རེད། །མཐོ་རིས་ངན་སོང་གར་སྐྱེས་ཀྱང་། །སྐྱེ་རྒ་ན་འཆི་འོང་རྒྱུ་རེད། །རང་ཉིད་དེ་ལས་ཐར་ན་ཡང་། །སེམས་ཅན་ཐམས་ཅད་ཕ་མ་རེད། །དེ་དོན་བདག་གིས་བསྒྲུབ་པ་ལ། །སངས་རྒྱས་གོ་འཕང་ཐོབ་དགོས་དོ། །འཁོར་བའི་སྡུག་བསྔལ་སྐྱོབ་ནུས་པ། །དཀོན་མཆོག་གསུམ་ལ་སྐྱབས་ཞུའོ། །སེམས་ཅན་དོན་དུ་རང་ཉིད་ཀྱང་། །སངས་རྒྱས་འགྲུབ་པར་

p. 399

སེམས་བསྐྱེད་དོ། །སྒྲིབ་པ་སྦྱང་དང་ཚོགས་བསག་ཐབས། །རྣམ་པ་སྣ་ཚོགས་བྱེད་དགོས་དོ། །ཉམས་དང་རྟོགས་པ་སྐྱེ་བའི་ཐབས། །དྲིན་ཆེན་རྩ་བའི་བླ་མ་ལ། །དད་གུས་གསོལ་བ་འདེབས་དགོས་དོ། །ཆོས་རྣམས་ཀུན་གྱི་སྙིང་པོ་ནི། །ཕྱག་རྒྱ་ཆེན་པོ་ཡིན་རྒྱུ་རེད། །དེ་ག་ཙམ་གྱི་གོ་རྟོགས་བྱུང་། །ཁྲིད་གཉེར་བླ་མ་ཕུན་ཚོགས་པས། །རྣམ་སྣང་ཆོས་བདུན་ལ་སོགས་བསླབས། །ཤིང་བུ་རྡེའུ་མདུན་དུ་བཞག །སེམས་ནི་ཡུད་ཙམ་གནས་ཐུབ་ཙམ། །ཡུན་དུ་མི་གནས་ཕྱོགས་བཅུར་རྒྱུག །དེ་ནས་རང་སེམས་ཚོལ་གསུངས་པས། །ལུས་ཀྱི་ཕྱི་ནང་བར་གསུམ་དང་། །ཕྱོགས་བཅུ་གང་དུ་བཙལ་གྱུར་ཀྱང་། །གཟུགས་དང་ཁ་དོག་དངོས་པོ་ནི། །ཅི་ཡང་མཐོང་རྒྱུ་མ་བྱུང་བར། །ལུས་སེམས་སོ་སོར་ཡིན་པར་གོ །འོན་ཀྱང་ལུས་ནི་ཁྱིམ་དང་འདྲ། །སེམས་ནི་མི་དང་འདྲ་བ་ནི། །སྙིང་གི་དཀྱིལ་དུ་གནས་སྙམ་བྱེད། །དེ་ནས་དྲུང་པའི་མདུན་དུ་སོང་། །ཉི་མ་རྩེ་ཤར་གཟིམས་མལ་ནས། །བཞེངས་མ་ཐག་པར་ཉི་ཐིག་ནང་། །མདུན་དུ་སྤོས་ཤིག་བལྟམས་ནས་བཞུགས། །ཞལ་ཡང་མཇལ་ཚུལ་བཞད་ཅིང་གདའ། །ཕྱག་འཚལ་རྟོགས་པ་ཕུལ་བ་ནི། །

p. 400

སེམས་ལ་བལྟས་པས་ཁ་དོག་དང་། །གཟུགས་ནི་ཅི་ཡང་མ་མཐོང་སྟེ། །སེམས་ཀྱིས་སེམས་ལ་བལྟས་བསྡད་ན། །ཅི་ཡང་མི་དྲན་ཡུད་ཙམ་རེ། །དཀྱིལ་ལེ་འདུག་ཅིང་དེ་ནས་ནི། །ག་ཤད་ཏུར་གྱིས་འཕྲོ་ནས་འགྲོ། །འཕྲོ་མཁན་དེ་ལ་བལྟས་པས་ཀྱང་། །ཚུར་ལ་འཁོར་ནས་དཀྱིལ་ལེ་གནས། །དེ་འདྲ་ཞིག་ནི་འོང་འདུག་ཞུས། །དེ་ཚེ་དྲུང་པས་གསུངས་པ་ནི། །འོ་ལོ་བརྒྱད་དེ་ནི་གནས་འགྱུ་ཤེས་པ་ཡིན། །ད་ནི་དེ་ཉིད་མ་སྐྱུར་དང་། །མ་འོངས་པ་ན་ཕྱག་ཆེན་གྱི། །ཞལ་ནི་མངོན་སུམ་མཐོང་ངོ་གསུངས། །དེ་ནས་རྒྱུན་དུ་བསྐྱངས་ལགས་ཀྱང་། །གནས་དུས་གནས་ནས་ཡོད་དོ་བསམ། །འགྱུ་དུས་འགྱུ་ནས་ཐལ་བསམས་ཤིང་། །དེ་གཉིས་གང་བྱེད་ལྟ་བ་ལས། །གནས་དང་འགྱུ་བའི་ངོ་བོ་ནི། །ད་རུང་ལྟ་ཡང་མ་ཤེས་སོ། །ད་ལྟ་གར་འགྲོ་གར་འདུག་དེ། །རིག་པ་ཙམ་ཞིག་ཡོད་ཟེར་ཚོ། །དེ་དང་འདྲ་ཞིག་ཡོད་ཀྱིས་དོགས། །དེ་ནས་སྡུག་རུས་བྱས་ཏེ་བསྲུངས། །བརྒྱ་ཕྱག་རེ་རེ་འཚལ་བའི་དུས། །འཕྲལ་དེར་བསྡད་ནས་སྲུང་བའི་ཚེ། །ཡུན་རིང་མི་འཕྲོ་གནས་དོ་བས། །དེ་ལ་དགའ་ནས་ཕྱག་འཚལ་ཞིང་། །གཏོར་མ་བརྒྱ་རྩ་

p. 401

རྒྱུན་དུ་བཏང་། །ནངས་སྔ་ནུབ་ཕྱི་ལུས་གནད་བསྲང་། །དེ་ནས་ཅུང་ཟད་བོགས་ཐོན་པས། །གནས་དུས་གནས་པའི་ངོ་བོ་ལ། །ཧྲིག་གེ་བལྟས་པས་སྟོང་པར་རྟོགས། །སྟོང་པའི་ངང་ལ་ཡུན་རིང་གནས། །འགྱུ་དུས་འགྱུ་བའི་ངོ་བོ་ལ། །ཧྲིག་གེ་བལྟས་པས་འགྱུ་བ་ཡལ། །གནས་པའི་སྟེང་དུ་ཕྱིན་པ་འདྲ། །དེ་འདྲ་ཞིག་ལ་ལོ་འགའ་བསྐྱངས། །བླ་མས་ངོ་སྤྲོད་གནང་བའི་ཕྱིར། །ང་ཡི་འདི་ནི་སྒོམ་ཡིན་སྙམ། །ཐེ་ཚོམ་མེད་པའི་ངེས་ཤེས་ཡོད། །ལམ་དུ་འགྲོ་ཚེ་ས་རྡོ་ལ། །རྟོགས་ནི་བྱེད་ཅིང་དེ་བར་དུ། །སེམས་ངོ་བསྲུང་ཞིང་འགྲོ་བར་བྱས། །སློབ་དཔོན་ཞལ་ཁྲིད་ཡོད་པའི་སྟེང་། །དྲུང་པས་ངོ་སྤྲོད་དེ་མཛད་པས། །གནས་འགྱུ་འདི་རང་ཕྱག་ཆེན་ཡིན། །དེ་བས་གཞན་ནི་ཡོད་མི་སྲིད། །དྲུང་པའི་ཞལ་

p. 402

མགོན་མི་གཟུགས་ཅན། །ཞྭ་དམར་ཅོད་པན་འཛིན་པ་ལ། །ལྷན་ཅིག་སྐྱེས་སྦྱོར་ཁྲིད་ཆེན་ནི། །ཟླ་བ་གཅིག་ལ་རྒྱས་པར་ཐོབ། །སྔོན་ནས་ཡོད་པའི་གནས་འགྱུ་ལ། །ངེས་ཤེས་ཆེན་པོ་སྐྱེས་ཙ་ན། །ཧ་ཅང་བོགས་ནི་མ་ཐོན་པར། །བསྡུས་ར་ཟིན་ཐུན་གཙོ་བོ་བས། །ཉམས་ལེན་གཙོ་བོ་མིན་པས་ལན། །འོན་ཀྱང་ནུབ་མོ་ཉལ་ཁ་ལ། །སྔོན་འགྲོ་བཞི་སྦྱོར་ཐུན་རེ་བསྒོམས། །མང་ཇའི་ཚོགས་ལ་འདུག་པའི་ཚེ། །སེམས་ངོ་ཕལ་ཆེར་སྐྱོང་བར་བྱས། །ཟླ་བ་གསུམ་གྱི་ནང་དུ་ནི། །ཚོགས་འཁོར་རེ་རེ་གཉིས་རེ་འོང་། །ཚོགས་ཆང་ཅ་ནེ་རེ་རེ་ཡོད། །ཅ་ནེ་ཆུང་ཡང་ཆང་བཟང་ནས། །བཟི་བའི་ཉམས་རེ་འོང་དོ་བས། །དེ་ཚེ་སེམས་ངོ་སྐྱོང་བ་ན། །གནས་ཉམས་ཆེ་ཞིང་གསལ་བ་ན། །བདེ་དང་གསལ་དང་མི་རྟོག་གསུམ། །དབྱེར་མེད་ལྷང་ངེར་གནས་པ་བྱུང་། །རྗེ་བཙུན་མི་ལ་རས་པ་ཡིས། །ཆང་བཟི་རིག་པའི་ང་རྒྱལ་འདི། །རྒྱུན་དུ་ཡོད་ན་དགའ་བ་ལ། །གསུངས་པ་འདི་ཉིད་ཡིན་འདུག་སྙམ། །རྒྱལ་བ་ཞྭ་དམར་ཅོད་པན་ཅན། །བྱོན་ནམ་བཞུགས་པ་ཐམས་ཅད་ལ། །སྤྱན་གྱིས་གཟིགས་ལུགས་ལ་བརྟགས་ནས། །རྒྱུན་དུ་མ་ཡེངས་

p. 403

མཛད་འདུག་བསམ། །ད་རུང་དེ་ཉིད་དྲན་པའི་དུས། །ཉམས་ལེན་ལ་ནི་ཕན་པར་བྱུང་། །འདི་སྐབས་དྲུང་པ་ཞིང་བརྗེས་ཐོས། །སྡུག་བསྔལ་ཤིན་ཏུ་ཆེ་བ་ཡང་། །སྡུག་མཁན་ངོ་བོར་ལྟ་བ་དང་། །མཆེད་གྲོགས་བསྡུས་ནས་མང་ཇ་བསྐོལ། །དྲུང་པ་ཡབ་སྲས་དབྱེར་མེད་པ། །སྤྱི་བོར་བསྒོམས་ཤིང་གསོལ་བ་བཏབ། །རང་ལོ་ཉེར་གཅིག་ཉེར་གཉིས་བར་། །རྟོགས་པ་དེ་ག་ཙམ་གྱི་ངང་། །སློབ་གཉེར་ཁོ་ནར་དམིགས་རྩེ་གཏད། །རང་ལོ་ཉེར་གཉིས་ལོ་མཇུག་ལ། །རྒྱལ་དབང་མཆོག་གི་སྤྲུལ་པའི་སྐུ། །ཞིང་ཁམས་གཞན་དུ་གཤེགས་པ་ཡིས། །ཐམས་ཅད་མྱ་ངན་སྡུག་བསྔལ་ནི། །ངུ་སྒྲ་ལྷང་ལྷང་བྱེད་པ་བྱུང་། །བདག་ཀྱང་སྙིང་གས་ཙམ་དུ་ངུས། །ཞག་པོ་གཉིས་གསུམ་ལོན་ཙ་ན། །རང་གིས་རང་ལ་སེམས་གསོ་བྱས། །རྒྱལ་བ་མྱ་ངན་འདས་མི་མངའ། །ཞིང་འདིར་མྱ་ངན་འདས་མཐོང་ཡང་། །རང་གིས་གསོལ་བ་འདེབས་ནུས་ན། །ཐུགས་རྗེ་བྱིན་རླབས་འདས་བཞུགས་འདྲ་། །བཀའ་ཆོས་བཀའ་དབང་ཚིམས་པར་ཐོབ། །གཙོ་ཆེའི་བསྙེན་པ་རྫོགས་པར་འགྲུབ། །རང་སེམས་ངོ་བོ་སྐྱོང་ནི་ཤེས། །བསམས་ནས་མྱ་ངན་མ་བྱས་པར། །སྡུག་མཁན་

p. 404

སེམས་ཀྱི་ངོ་བོར་བལྟས། །སྡུག་བསྔལ་བོགས་སུ་ཨེ་ཐོན་ཚེ། །ཚོགས་སུ་འདོན་པ་བྱེད་མཁན་ཉུང་། །དེ་དུས་འདོན་པ་སྐད་ཆེར་བཀྱག །དེ་ནས་མཚུར་ཕུར་སེར་འཚོགས་ཚེ། །དྲུང་ཡིག་པ་ལ་ངོ་སྤྲོད་དང་། །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལས། །ཕྱག་ཆེན་བཞག་ཐབས་ཐོབ་པ་ཡིས། །ལུས་སེམས་བདེ་བ་ཆེན་པོས་ཁྱབ། །འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ། །ཡེངས་མེད་འབྲལ་བ་མེད་པ་འདྲ། །འགྱུ་བ་ཉུང་ཞིང་འགྱུས་ན་ཡང་། །ཆུ་དང་རླབས་བཞིན་རང་སར་ཞི། །སོར་མཛུབ་མར་མེ་འབུལ་ཚེ་དང་། །དེ་ལ་གཉན་བརྒྱབ་ཟུག་ཆེ་ཡང་། །ཉམས་ལེན་དེ་ཡིས་མགོ་ནོན་ནས། །ཁ་ངོ་ནག་པ་ཙམ་ཞིག་གམ། །ཨ་ན་ཨུ་ཙམ་མི་འཆོར་བ། །ན་ཚ་ངེས་པར་ལམ་དུ་བསླངས། །ན་ཚའི་ངོ་བོར་བལྟས་ཙམ་ན། །གཟེར་ཟུག་ཆུང་དུ་མི་འགྲོ་ཡང་། །ཟུག་གཟེར་ངོ་བོ་སྟོང་པར་རྟོགས། །སྒྲིབ་པ་དག་པས་ལེགས་སྙམ་ལས། །སེམས་ལ་ན་བའི་སྡུག་བསྔལ་མེད། །སྐབས་སུ་ཟུག་གཟེར་ཆེ་བའི་དུས། །འགྲོ་དྲུག་སེམས་ཅན་སྡུག་བསྔལ་རྣམས། །ན་ས་དེ་རུ་བསྡུས་ནས་བསྟིམས། །འགྲོ་བ་བདེ་དང་ལྡན་པར་བསྒོམས། །ཕལ་ཆེར་ཉམས་ལེན་ངང་ལ་

p. 405

བཞག །ལྷགས་པ་ཆེ་ཞིང་གོས་སྲབ་ཀྱང་། །འཁྱག་པའི་སྣང་བ་ཡེ་མ་བྱུང་། །ཐུགས་དམ་མ་ནམ་བཞི་སྐོར་དང་། །ཐུན་བཞི་ཉིད་ལ་གཙོ་བོར་བྱས། །དེ་ནས་ཟ་དམ་སླེབས་ནས་ཀྱང་། །ཟླ་བ་དྲུག་གི་བར་དུ་ནི། །མཛུབ་མོའི་རྨ་དེ་མ་སོས་ཏེ། །ཚིག་འཕྲོ་ཚིག་ཁའི་རུས་པ་ཞིག །ཆད་ནས་བྱུང་བས་ཚ་ཚ་བཏབ། །ལག་པས་སྐེ་རགས་བཅིངས་མ་ཤེས། །དེ་ཡིས་ཅུང་ཟད་གནོད་འདུག་པ། །དེ་མིན་ཉམས་ལེན་ཤིན་ཏུ་འཕེལ། །ཅེས་ཀྱང་དགོས་མེད་སྙིང་ནས་རྟོགས། །བླ་མའི་རྣལ་འབྱོར་གསོལ་འདེབས་པས། །ཡོན་ཏན་བསླབས་ནས་ཅི་ཞིག་བྱ། །ཉམས་ལེན་འདི་འདྲ་སྐྱོང་ཆོག་པ། །ང་ལས་སྐྱིད་པ་སུ་ཞིག་ཡོད། །འཇིག་རྟེན་རྣམ་གཡེང་ཅི་ཡང་མེད། །བཟའ་བཏུང་གྲྭ་ཚང་སྤྱི་པས་སྤྱད། །ཆོ་ག་ཆོས་སྤྱོད་ཁ་ཁྲལ་ནི། །སྔར་ནས་ཟིན་པས་བཟུང་མི་དགོས། །ཉམས་ལེན་བསྐྱང་བའི་ངང་དེ་ལ། །ཕྱག་དང་སྐོར་བ་ཞོར་ལ་འགྲོ། །ངེས་པར་ཉམས་ལེན་སྐྱོང་བ་ལ། །རི་ཁྲོད་བརྒྱ་ལས་གྲྭ་ཚང་དགའ། །སྔོན་དུས་རྒྱལ་བ་སྤྲུལ་པའི་སྐུ། །སློབ་གཉེར་ལ་ཡང་མི་གནོད་པར། །གྲྭ་ཚང་འདི་རུ་གསང་སྔགས་ཀྱི། །ཉམས་ལེན་སྐྱོང་མི་བྱུང་ན་ནི། །ནཱ་རོ་མི་ཏྲི་འདྲ་བ་

p. 406

ཡང་། །འདི་རུ་འོང་བའི་རེ་བ་ཡོད། །གསུངས་པ་དེ་ག་ཐུགས་བདེན་སྙམ། །དེ་ལྟར་ཉམས་ལེན་སྐྱོང་བ་ཡི། །གྲྭ་པ་བགྲེས་པོ་མང་དུ་གདའ། །དེ་དུས་ཉམས་ཀྱི་འཆར་སྒོ་ནི། །ལུས་བདེ་སེམས་བདེ་ཞེ་རྩ་བདེ། །སེམས་ནི་མེ་རེ་ཀྱི་ལེ་གནས། །འགྱུ་བ་འགའ་རེ་བྱུང་བ་ཡང་། །གནས་ཉམས་དེ་ལ་མི་གནོད་དེ། །མཚོ་ནི་རབ་ཏུ་དྭངས་བའི་ནང་། །ཉ་ཆུང་འགྱུ་བ་དག་དང་མཚུངས། །ཟླ་དྲུག་ཙམ་ལ་དེ་གའི་ངང་། །དེ་ནས་དྭགས་པོའི་ཐར་རྒྱན་བཟུང་། །འཁོར་བའི་ཉེས་དམིགས་ལས་རྒྱུ་འབྲས། །དེ་དག་དོན་ལ་ངེས་པ་རྙེད། །སྲོག་ལ་བབ་ཀྱང་མི་དགེ་བའི། །བྱ་བ་བྱེད་རེ་བསམ་པ་ཡིས། །རང་དབང་མེད་པར་ཞེ་མནའ་ཤོར། །སྔོན་དུས་མཆོག་གི་སྤྲུལ་སྐུ་ལ། །བློ་སྦྱོང་རིགས་གཉིས་ཁྲིད་ཐོབ་ཅིང་། །ལམ་རིམ་རྒྱས་པར་ཐོབ་པ་ལ། །ཐར་རྒྱན་བཟུང་བས་གོ་དོན་འཕྲོད། །སེམས་བསྐྱེད་བསྡུས་པ་ཐོབ་ན་ཡང་། །སེམས་བསྐྱེད་རྒྱས་པ་མ་ཐོབ་པས། །ཞུ་ཕྱིར་ལྷ་སར་ཇོ་བོའི་དྲུང་། །སོར་མཛུབ་ཕུལ་ནས་སེམས་བསྐྱེད་ཞུས། །ཚིག་ཚེ་ཁ་ངོ་ནག་ཙམ་ཡང་། །མ་ཤོར་ཉམས་ལེན་ངང་ལ་བཞག །ལུས་ལ་སྙིང་པོ་ཅི་ཡང་མེད། །རིང་པོར་མི་

p. 407

ཐོག་བྱ་ཁྱིས་ཟ། །འདི་ལ་སྙིང་པོ་ལེན་དགོས་སྙམ། །དེ་ནས་ཁམས་སུ་འོང་རན་པས། །ཅུང་ཟད་བསླབས་པར་མ་བྱས་ན། །རི་ཁྲོད་ཀྱང་ནི་ཟིན་དཀའ་སྙམ། །སྒྲ་དང་ས་རིས་རྒྱ་ཡིག་བྲིས། །རྗེས་གནང་ཀུན་རིག་མགོན་པོ་སོགས། །མཁོ་ཚོགས་འགའ་རེ་སློབ་གཉེར་བྱས། །དེ་ཡིས་སྔོན་གྱི་ཉམས་དེ་ཡལ། །ཡུད་ཙམ་མི་གནས་ཚུབ་ཚུབ་འཕྲོ། །དུག་ལྔའི་སྡུག་བསྔལ་མགོ་མི་ནོན། །རྣམ་རྟོག་རུ་ང་སྔར་དང་འདྲ། །སྲུང་ཚེ་གནས་འགྱུ་འབྲོས་དེད་ཀྱང་། །སྔར་ལྟར་འགྱུ་ན་རྐྱང་དེད་རང་། །དེ་ནས་ཁམས་སུ་ཕྱིན་ནས་ཀྱང་། །དྲུང་པའི་སྐུ་འདྲའི་མདུན་དུ་ནི། །ཚོགས་འཁོར་བྱས་ཤིང་ཞག་གཅིག་བསྡད། །དེ་ཡིས་ཉིན་ཞག་ཕྲུག་གཅིག་ལ། །བདེ་གསལ་མི་རྟོག་འདྲེས་པའི་ཉམས། །གཉིད་ཚེ་མ་གཏོགས་འཁོར་མོ་ཡུག །གཉེར་པ་ལྷ་སྐྱབས་ཀྱིས་དྲིས་ནས། །དབུས་གཙང་སྐད་ཆ་བཤད་པ་དང་། །ཚུར་ལ་དྲུང་པ་འདས་ལུགས་སོགས། །དྲི་བཤད་ཐམས་ཅད་བྱེད་ཚེ་ཡང་། །ཉམས་ལེན་འབྲལ་བ་མེད་པར་བྱུང་། །ཞག་གཅིག་སོང་ནས་ཉམས་དེ་ལ། །སྔར་དང་འདྲ་བར་གནས་གྱུར་ཏེ། །རེས་འགའ་གནས་ཤིང་རེས་འགའ་འགྱུ། །རེས་འགའ་སྲུང་བརྗེད་

p. 408

འཁྲུལ་པར་འབྱམས། །དེ་ནས་གནས་མདོའི་ལྷ་ཁང་དུ། །ཟླ་གཅིག་སྡོག་མཚམས་བྱས་ནས་ཀྱང་། །ཆོས་དྲུག་དམིགས་རིམ་གཙོ་བོར་བསྒོམ། །རིན་ཆེན་རྒྱལ་ལ་ས་རིས་ཁྲིད། །དེ་ཚེ་གནས་ཉམས་ཆེན་པོ་ལ། །མེར་རེ་ཁྱིལ་ལེ་ཡེར་རེ་གནས། །འགྱུ་བ་ས་རིས་བསླབ་པ་སོགས། །ཧ་ཅང་སྒོམ་ལ་མི་གནོད་པར། །ཟླ་བ་གཅིག་ཙམ་བར་དུ་བྱུང་། །དེ་ནས་གྲོང་ཆོག་སོགས་ལ་འབྱམས། །ཉམས་དེ་ཡལ་ནས་སྔར་མུས་ལྟར། །གནས་འགྱུ་རྐྱང་དེད་ཁོ་ན་ཡིན། །སྲུང་ཡང་བདེ་མོ་ཙམ་ཞིག་མེད། །དང་པོ་བསྒོམ་དགོས་བསམ་པ་ཡི། །རྟོག་པ་ཞིག་ནི་སྔོན་དུ་བཏང་། །དེ་ཡང་རྣམ་རྟོག་ཡིན་མོད་ཀྱི། །དེ་ཡི་ངོ་བོ་མཐོང་བ་མེད། །དེ་ནས་སེམས་ལ་བལྟ་དགོས་བསམ། །དེ་ཡང་རྣམ་རྟོག་ཡིན་མོད་ཀྱི། །དེ་ཡི་ངོ་བོ་མཐོང་བ་མེད། །དེ་ནས་སེམས་ལ་གཅིག་བལྟས་པས། །གཟུགས་དང་ཁ་དོག་མེད་པ་ཡི། །སྟོང་པ་ཉིད་ཀྱི་ངོ་བོར་མཐོང་། །དེ་ཡི་ངང་ལ་ཀྱི་ལེ་གནས་། །གནས་པ་དེ་ཡི་ངོ་བོ་ནི། །སྟོང་པ་ཉིད་དུ་མཐོང་མོད་ཀྱང་། །གནས་ནས་ཡོད་དོ་བསམ་པ་ཡི། །འགྱུ་བ་ཕྲའུ་ཞིག་ཀྱང་འབྱར། །ཕྲའུ་དེ་ནི་ངོས་མ་ཟིན། །དེ་ནས་

p. 409

མི་གནས་འཕྲོ་སོང་བས། །འགྱུ་སོང་སྙམ་པའི་རྟོག་པ་སྐྱེས། །དེ་ནས་དེ་ཡི་ངོ་བོ་ལ། །ལྟ་དགོས་བསམ་པའི་རྟོག་པ་སྐྱེས། །དེ་གཉིས་རྣམ་རྟོག་ཡིན་མོད་ཀྱང་། །ངོ་བོ་མ་མཐོང་ཁ་ཡན་ཤོར། །དེ་ནས་འགྱུ་བ་ལ་བལྟས་པས། །གཟུགས་དང་ཁ་དོག་མེད་པ་རུ། །སྟོང་པ་ཉིད་དུ་ཡལ་ནས་ཀྱང་། །གནས་པའི་ངོ་བོར་ཀྱི་ལེ་གནས། །དེ་ལྟར་ཀ་རེ་ཀོ་རེ་ཡི། །ལྟ་མི་བདེ་ཞིང་སྲུང་དཀའ་བ། །གདིང་ལ་འཚེར་ཞད་ཡོད་པ་དང་། །སེམས་རྩ་གྱོང་སེ་ཡོད་པ་དང་། །རྒྱུན་དུ་དེ་འདྲ་ཞིག་ལས་མེད། །ད་ལྟ་ཉམས་ལེན་སྐྱོང་བའི་ཚེ། །སྐབས་སུ་གནས་པ་འཐུག་པོ་ནི། །ཆགས་ཀྱང་མི་རྟག་སྤྲིན་བཞིན་ཡལ། །འགྱུ་བ་རྐྱང་དད་སྲུང་མི་བདེ། །གནས་པ་འཐུག་པོ་སྐྱེས་པའི་དུས། །འཇིག་རྟེན་ཆོས་བརྒྱད་མགོ་ཉམས་ཤིང་། །འཁྲུལ་པ་ཞིག་པ་འདྲ་ན་ཡང་། །ཉམས་དེ་ཡལ་ནས་དུག་ལྔ་འཕེལ། །སྔར་ལས་རྣམ་རྟོག་ཀོ་ལོང་རྐྱེན། །ང་ལ་བྱུང་བ་དེ་འདྲ་བ། །འོང་ཞིང་ཡོད་དོ་ཡིད་ལ་ཤར། །དེ་ནས་རང་ལོ་སོ་གཅིག་པ། །ཡོས་ལོ་ཆོ་འཕྲུལ་ཟླ་བ་ལ། །མཚམས་བསྡམས་སྒྲོལ་དཀར་གཙོ་ཆེར་བསྙེན། །བླ་སྒྲུབ་ཐུན་བཞིར་རྒྱང་འབོད་བྱས། །དེ་ནས་བོགས་ཤིག་ཐོན་པ་

p. 410

ནི། །གནས་ཉམས་སྔར་བཞིན་མི་ཆེ་ཞིང་། །འགྱུ་བ་ཉུང་དུ་མ་སོང་ཡང་། །འགྱུ་བས་སྒོམ་ལ་མི་གནོད་པར། །མཚོ་ལ་ཁ་བ་འབབ་པ་བཞིན། །འགྱུ་བ་ཁོ་རང་སྒོམ་དུ་འཆར། །ཆུ་རླབས་ཆུ་ནི་ཡིན་པ་ལྟར། །འགྱུ་བ་ཁོ་རང་སྒོམ་དུ་ཤར། །གནས་ཉམས་ཆེ་ལ་དགའ་རྒྱུ་མེད། །འགྱུ་བ་མང་བས་གནོད་རྒྱུ་མེད། །འགྱུ་བ་དང་པོར་ངོས་བཟུང་ནས། །དེ་ནས་ངོ་བོ་ལྟ་བ་སོགས། །ཀ་རེ་སྐོར་རྫོགས་མི་དགོས་པར། །དྲན་པ་ཙམ་གྱིས་ཐོག་ཏུ་སླེབས། །སྔར་དང་མི་འདྲ་སྐྱོང་བདེ་བས། །ཞེ་རྩ་མི་གྱོང་འབུལ་ཏིང་ངེ་། །ཇི་ལྟར་སྐྱོང་ཡང་འཚེར་སྣང་མེད། །ནུབ་མོ་གཉིད་དུས་མ་གཏོགས་པར། །ཉིན་པར་ཕལ་ཆེར་དེ་ཡི་ངང་། །འཁོར་ཡུག་ཨེ་མི་ཡིན་ནམ་སྙམ། །དེ་ལ་འདུ་འབྲལ་མེད་པ་བྱུང་། །ཨེ་མ་ང་ལ་རྟོགས་པ་སྐྱེས། །ད་ནི་འདི་ལ་འདུ་འབྲལ་མེད། །གྲོང་དང་རི་ཁྲོད་ཁྱད་པར་མེད། །གཅིག་པུར་བསྡད་དང་ཚོང་འདུས་སོགས། །མི་མང་ནང་དུ་སོང་ཡང་བཟོད་། །ད་ནི་ཅི་བྱས་ཆོག་དོ་བསམ། །གྲོང་ཆོག་རྒྱུན་ཆད་མེད་པར་འབྱམས། །དེ་ནས་ཨེ་ཞན་མ་རིག་པར། །རྟོགས་པ་ཇེ་ཞན་ཇེ་ཞན་སོང་། །འཁོར་ཡུག་འདྲ་བའི་ཉམས་དེ་

p. 411

ཡལ། །བརྗེད་སྐབས་འཁྲུལ་སྐབས་མང་དུ་བྱུང་། །མ་བརྗེད་དྲན་པས་ནམ་ཟིན་ཡང་། །ཟིན་པས་ཆོག་པའི་སྐྱོང་བདེ་དེ། །མེད་པར་མ་གྱུར་རྒྱུན་དུ་ཡོད། །གྲོང་ཆོག་བྱེད་ཚེ་ཕལ་ཆེར་ལ། །འདོན་པ་ནོར་དོགས་མེད་དུས་དང་། །ཇ་སོགས་འཐུང་ཚེ་སེམས་ངོ་སྐྱོང་། །གཏོར་རྙེབ་སྦྱིན་སྲེག་དྲག་ལས་སོགས། །དྲག་ལས་བྱས་པའི་རྗེས་སུ་ཡང་། །སེམས་ངོའི་ངང་ལ་ཐུན་རེ་བཞག །ཆར་འབོད་དྲག་ལས་གཉན་ས་རུ། །བྱས་ཚེ་དངོས་ཉམས་ཆོ་འཕྲུལ་དང་། །ནད་པ་གདོན་ཆེན་ཟིལ་ཆེན་དང་། །ནད་ངན་ལ་སོགས་སྐྲག་འཇིགས་ཚེ། །བསྐྱེད་རིམ་བསྒོམས་པས་ད་རུང་སྐྲག །དེ་ཚེ་སྐྲག་མཁན་ངོ་བོ་ལ། །ཅེ་རེ་བལྟས་པས་སྟོང་པར་མཐོང་། །འཇིགས་སྐྲག་ཞི་ནས་བདེ་འབོལ་འགྲོ། །དལ་འབྱོར་རྙེད་དཀའ་ལ་སོགས་པ། །སྔོན་འགྲོ་ཐུན་མོང་ཆོས་བཞི་དང་། །སྐྱབས་སེམས་མཎྜལ་སྒོམ་བཟླས་སོགས། །བློ་ལ་བྱང་པོ་ཡོད་པ་དེས། །གཞན་ལ་ཁྲིད་ཆུང་བཙུགས་ན་ཡང་། །བཤད་རྒྱུ་ལེགས་པོ་ཡོད་པའི་ཕྱིར། །དབང་དང་ཞི་ཁྲོ་ལ་སོགས་དུས། །ཆོས་བཤད་འགའ་རེ་བྱས་ན་ཡང་། །ང་རང་རྟོགས་པ་དམའ་བ་དང་། །བཤད་པའི་དུས་ལ་མ་སླེབས་

p. 412

པའི། །རྟགས་ཤིག་ཡིན་པར་འདུག་པ་དེ། །ཁྲོམ་པས་ཉན་མཁན་མི་ཉན་ཞིང་། །ཤབ་ཤུབ་ཁ་དལ་གཞན་ལ་ཡེངས། །རང་ལ་དད་པ་ཆེ་བ་དང་། །ཆོས་དད་ཆེ་བ་འགའ་རེ་ལ། །དབང་གི་ཞོར་ལ་སེམས་ངོ་ནི། །གནས་འགྱུ་ཁ་སྐྱོབ་འདྲ་བ་བྱས། །གནས་འགྱུ་སྲུང་ལུགས་ཤེས་ན་ཡང་། །གནས་པ་ཅི་ཡང་མ་ཆགས་ནས། །ཡིད་མི་ཆེས་པར་སྐྱུར་ནི་འཇོག །ད་ལྟ་སྒྲུབ་པ་མ་བྱས་པར། །གཞན་ལ་ཁྲིད་དང་ཆོས་བཤད་ཀྱང་། །དེ་དང་འདྲ་ཞིང་ཡོད་ཀྱིས་དོགས། །ཉམས་རྟོགས་མཐོ་དམན་དེ་ཙམ་ལ། །སུམ་ཅུ་སོ་གཅིག་ལོན་པ་ནས། །སོ་བཞིའི་བར་དུ་དེ་ཡི་ངང་། །དེ་ནས་སྔར་དང་མི་འདྲ་བའི། །རིག་པ་དང་རྗེན་ལྷང་ངེ་བ། །རང་གིས་རང་ལ་ངེས་ཤེས་ཆེ། །ང་རང་འདི་བས་ལྷག་མེད་བསམ་། །ས་ལེ་རྗེན་ནེ་ཧྲིག་གེ་བ། །གནས་ཡུན་རིང་པོ་མེད་ན་ཡང་། །ནམ་དྲན་སྟོང་རྗེན་ལྷང་ལྷང་ཡོད། །རྨི་ལམ་རྩུབ་ཟིན་མང་དུ་བྱུང་། །ཉམས་དང་རྨི་ལམ་འདྲེས་པ་ཡི། །སེམས་ངོ་གསལ་བའི་སྐབས་ཤིག་ན། །མངོན་ཤེས་འདྲ་བ་ཁད་ཅིག་བྱུང་། །བེ་རི་རྒྱལ་པོ་ཆུས་ཆེ་སྒང་། །ཉམས་དང་རྨི་ལམ་མཚམས་ཤིག་ན། །དོན་ཡོད་སྐྱ་དུམ་ཞིག་

p. 413

དང་བཅས། །སྔོན་དུ་བྲོས་ནས་འགྲོ་ཞིང་གདའ། །རྒྱབ་ཏུ་ནོར་དུམ་འདེད་མཁན་འགས། །རྒྱལ་པོ་དེ་ལྟར་མ་བྲིས་ལ། །ནོར་དུམ་ཅི་བྱེད་ཁ་ད་གྱིས། །ཟེར་ནས་རྒྱབ་ནས་འབོད་དོ་ཛ། །ད་ངས་ཁ་ད་བྱེད་རྒྱུ་མེད། །ཟེར་ནས་བྲོས་པ་མངོན་སུམ་ལྟར། །ཉམས་ཀྱི་སྐབས་ལ་གསལ་པོར་མཐོང་། །འདི་ནི་རང་ལོ་ཉེར་བདུན་ཙམ། །ཡིན་ཅིང་རིང་པོ་མ་ཐོགས་པར། །སོག་པོས་དེ་ལྟར་བྱས་སོང་ངོ་། །ང་རང་སྡོག་མཚམས་ཡོད་དུས་ཤིག །ཡོན་བདག་མི་རྒན་ཤི་ལ་ཁད། །ཅིག་ཡོད་ནམ་ཤི་མི་ཤེས་ཛ། །གཉིད་པ་མ་ཡིན་ཉམས་སྣང་སྐབས། །མི་རྒན་དེ་ནི་ཤི་ཟེར་ནས། །དུད་ཚང་དེ་ཚོས་གྲོས་བྱེད་ཅིང་། །ང་ནི་འབོད་དུ་འགྲོ་ཟེར་རོ། །གཅིག་གིས་བླ་མ་མཚམས་རེད་པས། །འབྱོན་ཁས་ཨེ་ཉན་མི་ཤེས་ཟེར་། །གཅིག་གིས་སོང་དང་ཨེ་མི་འབྱོན། །ཟེར་ནས་མགོ་འགུགས་བྱེད་དོ་བ། །རི་ཡི་ཕར་གྲིབ་ཡིན་ན་ཡང་། །མདུན་དེར་ཡོད་པ་ལྟར་ཞིག་མཐོང་། །ཕྱིར་ནངས་འབོད་དུ་བྱུང་བས་སོང་། །ཡང་ནི་རྒན་མོ་ཞིག་ན་ནས། །ནུབ་ཅིག་དགོང་ཁ་འབོད་དུ་བྱུང་། །དེ་ནུབ་ཕྱི་བས་མ་སོང་ནས། །ཕྱིར་ནངས་འགྲོ་ཆད་བྱས་པ་ལ། །ཐོ་རངས་ཉམས་ཀྱི་སྣང་

p. 414

བ་ལ། །རྒན་མོ་ཤི་ནས་བུ་དེ་ཡིས། །བླ་མ་མ་བསྒུག་ཨ་ཁ་ཁ། །ཟེར་ཞིང་ངོ་ཡང་གནག་པ་མཐོང་། །ཕྱིར་ནངས་སོང་བས་དེ་ལྟར་སྣང་། །ས་ཐག་ཅུང་ཟད་འགྱང་ས་རུ། །གྲོང་ཆོག་ཅིག་ལ་སོང་བའི་དུས། །རང་ཡུལ་དཔོན་རིགས་གཅིག་གིས་ནི། །སྐད་ངོ་ཤེས་པར་འདི་ཟེར་གྲག །བླ་མ་ལ་ཇ་ཞུས་བྱེད་དགོས་སོ། །དེ་ནི་གཉིད་ཡུལ་སྐབས་སུ་ཐོས། །རི་ཁྲོད་ཕྱིན་ནས་ཇ་ཞུས་བྱུང་། །དེ་བཞིན་ཡོན་བདག་ལ་སོགས་ཀྱིས། །ཐག་རིང་ཡོད་དམ་ཉེ་ཡང་འདྲ། །དེ་ཡིས་ཡིད་ལ་ཅི་བསམ་དེ། །ཁོ་རང་ཁ་ནས་ཟེར་སྣང་ནི། །ཉམས་ཀྱི་སྐབས་ལ་ཐོས་པ་ནི། །ལན་གྲངས་འགའ་རེ་འོང་བ་ཡིན། །དེ་འདྲའི་གསལ་ཉམས་བྱུང་ན་ཡང་། །མངོན་ཤེས་མ་ཡིན་གསལ་ཉམས་ཡིན། །རྒྱུན་དུ་མི་འབྱུང་ལན་འགའ་འབྱུང་། །གྲྭ་པ་རྣམས་ལ་དེ་འདྲའི་རིགས། །འོང་སྲིད་མངོན་ཤེས་ཡིན་མ་བསམ། །དེ་ལ་མངོན་ཤེས་ཡིན་བསམས་ནས། །རང་མཐོང་སྐྱེས་ན་བར་ཆད་ཡིན། །རང་ལོ་སོ་གསུམ་སོ་བཞི་ནས། །ཉམས་ཀྱི་འོད་གསལ་ཟིན་པ་མང་། །བརྩོན་འགྲུས་ཆེ་ཆུང་ཡིན་གསུངས་ཀྱང་། །ང་ལ་ངེས་པ་མི་གདའ་སྟེ། །ཉིན་ལ་ཉམས་ལེན་

p. 415

བཟང་དུས་ཀྱང་། །རྨི་ལམ་མི་ཟིན་འཁྲུལ་པར་འབྱམས། །ཉིན་ལ་ཉམས་ལེན་ཞན་དུས་ཀྱང་། །རྨི་ལམ་འོད་གསལ་ཟིན་གྲངས་མང་། །དཀོར་ནི་ཆེན་པོ་འོང་བའི་དུས། །ཉམས་ལེན་མི་གསལ་བྱིང་རྨུགས་དང་། །ཡང་ན་ཞེ་སྡང་ཁྲོ་གཏུམ་སོགས། །དཀོར་རྟགས་ཡིན་པར་བཤད་ན་ཡང་། །ང་ལ་ངེས་པ་མི་གདའ་སྟེ། །གློ་བུར་ཉམས་ལེན་བཟང་པོ་ནི་། །རང་ཤར་ཉིད་དུ་བྱུང་བ་དང་། །དད་པ་དག་སྣང་ངེས་འབྱུང་དང་། །བྱམས་དང་སྙིང་རྗེ་དབང་མེད་དུ། །སྐྱེས་དུས་དཀོར་དང་གདུལ་བྱ་ཆེ། །ལར་ནི་ང་ཡི་ཉམས་རྟོགས་འདི། །སྐྱེ་ལུགས་འདི་ལ་ཆག་བཞག་ན། །ཉམས་རྟོགས་རིམ་པར་སྐྱེ་བ་ལས། །མྱུར་དུ་མི་སྐྱེ་སྐྱེ་དཀའ་བས། །རིམ་སྐྱེས་པ་ཡི་རིགས་སུ་ངེས། །རིམ་སྐྱེས་པ་ལའང་རིགས་གསུམ་ལས། །ཉམས་རྟོགས་མི་རྟག་མཐོ་དམན་ཆེ། །དེ་ཕྱིར་རིམ་སྐྱེས་པ་ཡི་ནི། །ཐོད་རྒལ་པ་ཡི་རིགས་སུ་འདུག །ནུབ་གཅིག་གཉིད་པའི་མིག་གི་ཐད། ཁང་མལ་ཙམ་ཞིག་གསལ་བ་རུ། །ཉི་མ་ཤར་བ་ལྟ་བུར་སྣང་། །དེ་ཡིས་རྐྱེན་བྱས་སེམས་ངོ་ལ། །ཧྲིག་གེ་ས་ལེ་གནས་པ་བྱུང་། །ཡང་ནི་རང་ལོ་སོ་དྲུག་དུས། །ལུས་པོ་ངལ་དུབ་ཆད་ནས་ནི། །

p. 416

ཉིན་མཚན་མེད་པར་གཉིད་པའི་ཚེ། །གཉིད་དུ་སོང་དང་མ་སོང་མཚམས། །མདུན་དུ་ནག་དང་ཡོ་རེ་བ། །ཞིག་བྱུང་སྙམ་པའི་གྲིབ་ནོན་ནི། །ཤིན་ཏུ་སྐྲག་ཅིང་ལུས་པོ་འདར། །ན་བ་སིང་སྒྲ་འུར་སྒྲས་གང་། །དེ་ཚེ་བསྐྱེད་རིམ་བསྒོམ་བསམ་ཡང་། །དེ་ནུབ་ཟིན་པར་དཀའ་བ་བྱུང་། །སྐྲག་མཁན་སེམས་ཀྱི་ངོ་བོ་ལ། །ཅེ་རི་བལྟས་ནས་ལྷམ་མེར་བཞག །ང་རང་ཤི་བ་ཡིན་ནམ་སྙམ། །དེ་མ་ཐག་ཏུ་སྐར་ཁུང་ནས། །ཟླ་ཐིག་འདྲ་བའི་འོད་དཀར་པོ། །འཇིགས་སྐྲག་སྔར་ལྟར་བྱུང་བ་ལ། །འདི་ནི་དཀར་ལམ་རེད་དོ་བསམ། །སྐྲག་མཁན་སྟེང་དུ་ཧྲིག་གེ་བཞག །དེ་མ་ཐག་ཏུ་འཇིགས་སྐྲག་ཞི། །བདེ་དང་ལྷན་ནེ་གནས་པར་གྱུར། །དེ་ནས་རང་མདུན་ཕ་ཀི་ནས། །མེ་སྟག་འཚུབས་མ་འདྲ་བ་ཡི། །དམར་དང་ཚུབ་ཚུབ་བྱུང་བ་ཡིས། །སྔར་ལྟར་འཇིགས་སྐྲག་ཆེན་པོ་བྱུང་། །འདི་ནི་དམར་ལམ་རེད་དོ་བསམ། །འཇིགས་སྐྲག་དེ་ཡི་ངོ་བོར་བལྟས། །དེ་ནས་བདེ་བའི་ངང་དུ་ཞི། །ལུས་པོ་བསྒུལ་སྐྱོད་བྱེད་བསམ་ཡང་། །ཤིན་ཏུ་རྗིད་ཅིང་བསྒྲིལ་མ་ཐུབ། །འདི་ཉིད་ནག་ལམ་རེད་ན་ཡང་། །ཤི་དུས་སྣང་མཆེད་མིན་པ་འདྲ། །གཉིད་དུས་སྣང་

p. 417

མཆེད་ཡིན་པ་འདྲ། །ད་ནི་སད་པར་བྱེད་དགོས་བསམས། །ཤིན་ཏུ་ལུས་པོ་བསྒུལ་བྱས་པས། །དེ་ནས་གཉིད་ལས་སད་པ་ན། །ལུས་ནི་ཙོག་པུར་མེ་ཐབ་ཚུལ། །ཅུང་ཟད་རྒྱབ་ནི་བསྟན་ནས་གདའ། །གཉིད་དུས་སྣང་མཆེད་ཐོབ་པ་ཡི། །དཀར་ལམ་དམར་ལམ་བྱུང་ཚུལ་རྣམས། །རྒྱུད་དང་ཁྲིད་རིམ་མང་པོ་ནས། །བཤད་པ་དེ་དང་ཕྱོགས་མཐུན་པ། །ངོ་སྤྱོད་འདྲ་བ་ཡིན་པ་གདའ། །དེ་བཞིན་གཉིད་སྐབས་འགའ་རེ་ལ། །མེ་རུ་བཀྱག་བྱུང་བསམ་པ་ཡི། །འོད་ནི་དམར་པོ་ཤ་རེ་བྱུང་། །དེ་ཡིས་རྐྱེན་བྱས་སེམས་ངོ་ཟིན། །ལན་རེ་ཟླ་བ་ཤར་འདྲ་བའི། །འོད་ཅིག་བྱུང་ནས་སེམས་ངོ་ཟིན། །རེས་འགའ་མདུན་དུ་མར་མེ་ཞིག །ཏ་ལེ་གདའ་བསམ་སེམས་ངོ་ཟིན། །ལན་རེ་རང་གི་ལག་ཏུ་ནི། །ཤེལ་སྒོང་གདའ་བསམ་སེམས་ངོ་ཟིན། །དེ་འདྲའི་འོད་གསལ་ཟིན་པ་དེ། །ཉམས་ཀྱི་འོད་གསལ་ཡིན་པར་གདའ། །འོད་གསལ་ནང་གི་དམའ་ཤོས་རེད། །གྲྭ་པ་ཚོ་ལ་བྱུང་ན་ཡང་། །ཧ་ལས་ཡིན་བསམ་མ་བྱེད་ཅིག །དེ་ཡན་སོ་དྲུག་ཡན་ཆད་སྟེ། །གསལ་ཉམས་ཅུང་ཟད་སྐྱེས་ཚུལ་ལོ། །དེ་ནས་རང་ལོ་སོ་དྲུག་མཇུག །དྲུང་པའི་སྤྲུལ་སྐུ་མཇལ་བ་ཡིས། །རྐྱེན་ནི་

p. 418

བྱས་པ་འདྲ་ཞིག་གིས། །བོགས་ནི་ཆེན་པོ་ཐོན་གྱུར་ཏེ། །ལུས་སེམས་བདེ་བ་ཆེན་པོས་ཁྱབ། །དེ་ཡི་ངང་ལ་ལྷན་ནེ་གནས། །གནས་ཉམས་ཆེ་ཞིང་བདེ་བ་ཡི། །ངོ་བོ་སྟོང་པ་ཉིད་དུ་རྟོགས། །བདེ་སྟོང་འདྲེས་པའི་ཉམས་དེ་ལ། །གཉིད་དུ་འགྲོ་ཚེ་མ་གཏོགས་པ། །ཉིན་མོ་ཕལ་ཆེར་འཁོར་ཡུག་འདྲ། །ཞི་ཁྲོ་བསྐང་གསོ་ཟློག་པ་དང་། །དབང་བསྐུར་ལ་སོགས་ཟླ་དྲུག་ཙམ། །རྒྱུན་ཆད་མེད་པར་བྱས་ན་ཡང་། །སུན་དང་ཆད་པའི་སྣང་བ་མེད། །བདེ་སྟོང་ངང་ལ་ཕྱམ་ཕྱམ་འགྲོ། །དེ་ལ་ཡེངས་བ་འདྲ་ཞིག་གིས། །ལུས་ཀྱི་སྤྱོད་ལམ་སྔར་བས་དལ། །ངག་གི་འདོན་པ་མ་གཏོགས་པ། །ཐ་མལ་གླེང་གླང་བྱེད་མི་འདོད། །དེ་འདྲའི་ཉམས་ཤིག་བྱུང་བ་དེས། །སྤྱོད་པ་སྔར་དང་མི་འདྲ་བས། །ཆེ་འགྱིང་བྱེད་པ་རེད་བསམས་ནས། །དགེ་སློང་བསོད་ནམས་རིན་ཆེན་གྱིས། །ཁྱོད་ནི་རུས་སོགས་སྔར་ནས་ཆེ། །དྲུང་པས་བཀོ་འཇའ་གནང་བ་ཡིས། །ལྷག་ཏུ་ཆེ་རྒྱུ་ཅི་མེད་གསུངས། །ངོམ་སྨད་ཁྲིད་ཆུང་གཉིས་བཙུགས་པས། །གནས་འགྱུ་གསར་འཕྲོད་འགའ་རེ་བྱུང་། །ཁྲོམ་ལ་དབང་ནི་གཤར་དུས་ཀྱང་། །མ་ཡེངས་ཉམས་ལེན་ངང་ནས་

p. 419

ཐུབ། །དེ་ལྟར་བདེ་སྟོང་འདྲེས་པ་ཡི། །ཉམས་དེ་ཟླ་བ་དྲུག་ཙམ་བྱུང་། །དེ་ནས་ཉམས་དེ་ཡལ་ནས་ནི། །སྔར་ལྟར་ཉམས་ལེན་སྐྱོང་བདེའི་ངང་། །དེ་ནས་རང་ལོ་སོ་བདུན་མཇུག །ལོ་གྲངས་བཅུ་གསུམ་མཚམས་བསྡམས་ནས། །བསྐྱེད་རིམ་རྒྱལ་བ་རྒྱ་མཚོ་དང་། །རྫོགས་རིམ་ཕྱག་ཆེན་གཙོ་བོ་རུ། །བྱེད་པའི་དམ་བཅས་མཚམས་བསྡམ་སྟེ། །ཟླ་བ་གསུམ་བཞི་ཙམ་ཞིག་ལ། །ཉམས་ལེན་སྐྱོང་བ་གཙོ་བོའི་ངང་། །སྔར་གྱི་བསྙེན་པའི་འཕྲོ་འགའ་སྐྱོང་། །དེ་ནས་ཅུང་ཟད་མཚམས་ཀློད་ནས། །གྲྭ་པ་རྣམས་ལ་དབང་ལུང་དང་། །ཁྲིད་ཆུང་བཙུགས་པས་གནས་འགྱུ་འཕྲོད། །དེ་སྐབས་རང་གི་ཉམས་ལེན་ནི། །ལྷན་ཅིག་སྐྱེས་སྦྱོར་སྔོན་འགྲོ་རྣམས། །རྩེ་གཅིག་དེ་ལ་ནན་ཏན་བསྒོམས། །རྨི་ལམ་རྡོར་སེམས་སྒོམ་བཟླས་རྣམས། །བྱས་པས་ཇི་ལྟར་སྒོམ་པ་རྣམས། །མངོན་སུམ་ལྟ་བུར་གྱུར་སོང་རྨིས། །མཎྜལ་སྐབས་སུ་ལོ་ཐོག་རྒྱས། །བུད་མེད་མང་པོས་དཀར་གསུམ་དང་། །སྙེ་མ་ལ་སོགས་ཕུལ་བ་སོགས། །གཞུང་ནས་བཤད་པའི་རྟགས་ཐོན་ནོ། །དེ་ནས་མཚམས་སྒྲུབ་བྱས་པ་ཡིས། །ཉམས་རྟོགས་མཐོ་དམན་བྱུང་ཚུལ་ནི། །ནུབ་ཅིག་རྨི་

p. 420

ལམ་ཡུལ་དུ་ནི། །བསྐྱེད་རིམ་རྫོགས་རིམ་གཉིས་ཀ་ཡི། །ཁྱབ་གཞི་སེམས་ཡིན་ཟེར་བྱུང་བས། །བསྐྱེད་རྫོགས་ཟུང་དུ་འཇུག་པ་ཡི། །གོ་བ་ཅུང་ཟད་ཙམ་ཞིག་སྐྱེས། །གཞི་ཡི་ཕྱག་རྒྱ་ཆེན་པོ་ཡི། །གོ་བ་སྔར་ལས་རྒྱ་ཆེ་ཞིང་། །བཟང་བ་ཞིག་ཀྱང་ཤུགས་ལས་སྐྱེས། །ཡང་ནི་ཁྲོམ་པ་མང་ཞིག་ལ། །རྨི་ལམ་ཡུལ་དུ་ཉམས་ལེན་ཆོས། །མངོན་སུམ་ལྟ་བུར་བཤད་ནས་ཀྱང་། །མཇུག་ཏུ་བསྔོ་བས་རྒྱས་བཏབ་བོ། །དེ་ནས་གསང་བ་དུག་ལྔའི་སློང་། །གྲྭ་སློབ་རྣམས་ཀྱང་དོན་མེད་པར། །འཛིང་ཞིང་བསམ་བློ་ལོག་པ་དྲན་། །རང་གི་སེམས་རྒྱུད་སྔར་བས་ཅུབ། །ཞེ་སྡང་ཆེན་པོ་དབང་མེད་སྐྱེས། །དེ་ལྟར་རྒོད་པའི་སྐྱོན་དང་ནི། །ཞག་པོ་དྲུག་བདུན་ཙམ་ལ་ནི། །ཉིན་མཚན་མེད་པར་གཉིད་ཡུལ་ནས། །རྨུགས་འཐིབ་དྲན་པ་མི་གསལ་བ། །འཐིབ་པའི་སྐྱོན་ནི་ཆེན་པོ་བྱུང་། །རྨི་ལམ་ཡུལ་དུ་ལྟ་བ་ཡི། །ཆོས་སྐད་བཟང་པོ་སྨྲས་པའང་རྨིས། །ནུབ་ཅིག་སྲབ་མོའི་འོད་གསལ་ནི། །ཡུན་ནི་རིང་པོ་མིན་ཙམ་ཟིན། །དེ་ནས་ཕྱག་རྒྱ་ཆེན་པོ་ལ། །སྒོམ་འདོད་སྤྲོ་བ་ཚད་མེད་སྐྱེས། །ཉམས་ཡང་བདེ་གསལ་མི་རྟོག་པ། །ཞིག་ཏུ་འདྲེས་འདྲ་ཉམས་

p. 421

བཟང་ཤར། །ཡང་ནི་ཆེད་དུ་མ་བསྒོམས་ཀྱང་། །འགྲོ་བ་ཀུན་ལ་སྙིང་རྗེ་ནི། །ཆེན་པོ་རང་ཤུགས་ལ་སྐྱེས་ནས། །དབང་མེད་མཆི་མ་འཁྲུགས་པ་བྱུང་། །ཡང་ནི་བར་སྐབས་ཤིག་ལ་ནི། །བསྒོམ་བྱུང་ཤེས་རབ་འདྲ་བ་ཡི། །སྔོན་ཆད་གོ་བ་མ་ཐེབ་པའི། །ཆོས་ནི་མང་པོའི་དོན་གོ་ཞིང་། །རང་བཞིན་ཤུགས་ལ་ཤེས་པ་བྱུང་། །རྨི་ལམ་སློབ་མ་འགའ་ལ་ནི༔ །འཁོར་ལོ་སྡོམ་པའི་ཚིག་དབང་བསྐུར། །ཕྱག་ཆེན་ངོ་སྤྲོད་གསལ་པོ་བྱས། །གསལ་ཉམས་འོད་གསལ་ལེགས་པར་ཟིན། །དངོས་སུ་ངན་སོང་སྡུག་བསྔལ་དྲན། །དབང་མེད་མཆི་མ་འཆོར་བ་བྱུང་། །དེ་ནས་རང་ལོ་སོ་དགུ་ལོན་པ་དང་། །རྨི་ལམ་ཡུལ་དུ་ཆོས་གཏམ་བྱས། །བསྒོམ་རྒྱུ་ཡོད་ན་སྒོམ་པ་མིན། །བསྒོམ་སྙམ་པའི་བློ་ཡོད་ན་སྒོམ་མིན། །དེ་སྐད་སྨྲས་རྨིས་ཕྱིར་ནངས་ནས། །ཉམས་ལེན་བོགས་ཀྱང་ཅུང་ཟད་བྱུང་། །དེ་ནས་རྒྱལ་བ་རྒྱ་མཚོ་ཡི། །དུག་ལྔ་སྦྱོང་བའི་དམིགས་རིམ་དང་། །སེམས་ངོ་སྤེལ་ཞིང་ཉམས་སུ་བླངས། །འཕྲལ་དུ་དོན་ནི་འགྲུབ་མི་འགྲུབ། །ཐམས་ཅད་རྨི་ལམ་ཡུལ་དུ་ནི། །མངོན་ཤེས་ལྟ་བུར་མཐོང་བ་བྱུང་། །ནུབ་ཅིག་འོད་གསལ་ཡུན་རིང་པོ། །གསལ་ཉམས་དང་

p. 422

འདྲེས་ཟིན་པ་བྱུང་། །རྨི་ལམ་ཡུལ་དུ་མི་ཞིག་ལ། །རླུང་བཟུང་རྡོར་བཟླས་བྱ་བ་ཡི། །གདམས་པ་གསལ་བར་བདག་གིས་བཤད། །དངོས་སུ་སྔར་དང་མི་འདྲ་བའི་། །སྤྲོས་བཅས་རྣམས་ལ་ཞེན་པ་ཆུང་། །ཁྲིད་རིམ་རྣམས་ལ་ངེས་ཤེས་སྐྱེས། །རྡོ་རྗེ་སྐྱིལ་ཀྲུང་ཡུན་རིང་དུ། །བྱས་ཀྱང་ལུས་ལ་མི་གནོད་དང་། །རྐང་པ་ལག་པ་ན་བ་ལ། །འཁྲུལ་འཁོར་ཅུང་ཟད་བྱས་པས་ཕན། །ལུས་སེམས་བདེ་འབོལ་འགྲོ་བ་དང་། །སྣང་བ་འདི་དག་བདེན་མེད་ཡིན། །སྙམ་པའི་ངེས་ཤེས་ལྷང་ལྷང་སྐྱེས། །དེ་ནས་རིམ་ལྔ་གདན་རྫོགས་དང་། །སེམས་ངོ་བསྲེ་ཞིང་བསྒོམ་པ་ཡིས། །སྔར་བས་ཞི་གནས་ཆེ་བ་དང་། །རྡོ་རྗེ་སྐྱིལ་ཀྲུང་བཅས་བྱས་པས། །ལུས་སེམས་བདེ་ཁྱམ་ལ་འགྲོ་བ། །སྣང་མཆེད་ཐོབ་གསུམ་ཐིམ་པ་རྣམས། །ཡིད་ཡུལ་བརྡ་ཙམ་འཆར་བ་བྱུང་། །ནུབ་ཅིག་དམྱལ་བ་བསྡུས་འཇོམས་ཀྱི། །སྣང་བ་གནས་སྦྱང་བརྡ་ཙམ་ནི། །སེ་གོལ་གཏོགས་པའི་ཡུད་ཙམ་རྨིས་། །དེ་ནས་སྔོན་འགྲོ་བཞི་སྦྱོར་ལ། །གཙོ་བོ་བྱས་ནས་ཕྱག་ཆེན་བསྒོམས། །ཉམས་དང་རྨི་ལམ་མཚམས་ཤེད་ན། །སྐྱེ་བ་སྔ་ཕྱི་དྲན་པར་གྱུར། །དེ་ནས་དཀར་ཕྱོགས་

p. 423

གཅིག་བྱས་པས། །འགྲོ་ལ་སྙིང་རྗེ་དཔག་མེད་དང་། །སྐྱོ་ཤས་ངེས་འབྱུང་བོགས་ཐོན་ནོ། །དེ་ནས་རྒྱལ་བ་རྒྱ་མཚོ་ཡི། །བསྐྱེད་རིམ་ཕྱག་ཆེན་ཟུང་འཇུག་བསྒོམས། །དང་པོ་རྨི་ལམ་རྨི་ལམ་དུ། །ངོས་ཟིན་དེ་ནས་འོད་གསལ་ཟིན། །ཡང་ནི་གཉིད་མ་ཐག་ཏུ་ནི། །རྨི་ལམ་མེད་པར་འོད་གསལ་ཟིན། །དེ་ནས་བསྲེ་བ་སྐོར་གསུམ་དང་། །རླུང་བཟུང་གཙོ་བོར་བྱས་ཤིང་བསྒོམས། །དེ་ནས་རྨི་ལམ་ཉུང་དུ་སོང་། །དག་སྣང་ཕྲན་བུ་བྱུང་བ་ཡང་། །ཡིད་ལ་མ་བཟུང་བྲི་མ་འདོད། །སྤྲོས་བཅས་རྣམས་ལ་མི་དགའ་ཞིང་། །སྤྲོས་མེད་ཁོ་ནར་ངེས་ཤེས་སྐྱེས། །གཉིད་དང་མ་གཉིད་མཚམས་ཤེད་ན། །སྲབ་མོའི་འོད་གསལ་ཟིན་པ་བྱུང་། །དེ་ནས་གླང་རི་ཐང་པ་ཡིས། །བློ་སྦྱོང་ཚིགས་བཅད་བརྒྱད་མ་ནི། །གཙོ་ཆེར་བསྒོམས་ཤིང་ཉམས་ལེན་བསྐྱོངས། །མི་ཞིག་ང་ལ་སྐུར་བ་འགའ། །བཏབ་པ་རེད་ཟེར་མི་དེ་ལ། །རང་གིས་འཇུས་ཤིང་རྡོ་ཞིག་བཟུང་། །ངན་ཤག་ཚིག་ངན་མང་དུ་སྨྲས། །ང་རང་ཚུལ་ཁྲིམས་གཙང་མ་ལ། །དེ་ཟེར་སྙམ་ནས་ཡུས་ཆེ་བས། །ད་ནི་དཔོན་ཅིག་ལ་གཏུགས་ནས། །ཁ་མཆུ་ཆེན་པོ་བྱེད་དགོས་བསམ། །དེ་མ་ཐག་ཏུ་གཉིད་སད་

p. 424

པས། །ཚེ་འདིའི་དགྲ་གཉེན་སྐྱིད་སྡུག་རྣམས། །ཐམས་ཅད་རྨི་ལམ་འདི་དང་འདྲ། །བསམ་པ་བཅོས་མིན་སྙིང་ནས་སྐྱེས། །བྱམས་དང་སྙིང་རྗེ་བདག་གཞན་གཉིས། །བརྗེ་བའི་བཏང་ལེན་དམིགས་པ་ཡང་། །དེ་སྔོན་རང་ལ་གནོད་དོགས་ནས། །སྒོམ་ནི་ཕོད་ར་མེད་པ་ལ། །དེ་ནས་བཏང་ལེན་སྒོམ་སྤྲོ་ཞིང་། །དེ་ལ་ངེས་ཤེས་ཅུང་ཟད་ཐོབ། །ཉམས་ལེན་སྐྱོང་བདེ་ཡོད་པ་ནས། །འདི་དུས་བར་གྱི་རྟོགས་པ་འདི། །རྩེ་གཅིག་ཆུང་ངུ་ཡིན་འོས་ཀྱང་། །བཤད་ཚོད་རྣམས་དང་ཅུང་མི་མཚུངས། །ད་རུང་རྩེ་གཅིག་ཆུང་ངུ་ལ། །མ་སླེབས་པ་ནི་ཡིན་ནམ་ཅི། །བསམ་ཞིང་རྒྱུན་དུ་ཐེ་ཚོམ་ལ། །འདི་སྐོར་ཞིག་ནས་རང་ཉིད་ཀྱི། །འདི་དུས་ཉམས་དང་རྟོགས་པ་དེ། །རྩེ་གཅིག་ཆུང་ངུ་དངོས་ཡིན་པའི། །ངོ་ཤེས་མི་དང་འཕྲད་བཞིན་བྱུང་། །ཉམས་ནི་བཟང་དུས་མཐོན་པོ་འདྲ། །ཉམས་ནི་ངན་དུས་དམའ་འུ་འདྲ། །འོན་ཀྱང་རྩེ་གཅིག་ཆུང་ངུ་དེ། །མ་འཆུག་པ་རུ་ངེས་ཤེས་སྐྱེས། །སྒོམ་ལ་སྤྲོ་བ་ཆེན་པོ་སྐྱེས། །དེ་ནས་མཐོང་བ་དོན་ལྡན་གྱི། །ཞལ་གཟིགས་ཐུགས་རྗེ་ཆེན་པོ་ཡི། །སྒྲུབ་པ་ཉམས་ལེན་ཟུང་འཇུག་བྱས། །ཉམས་ལེན་སྤྲོ་

p. 425

བ་ཇེ་ཆེ་དང་། །བོགས་ཀྱང་ཅུང་ཟད་ཐོན་པ་བྱུང་། །འདི་སྐབས་པདྨ་རིག་འཛིན་གྱིས། །ཚེ་འདི་བློས་བཏང་རྟོགས་ལྡན་བྱས། །དེ་ཡིས་འགྲོ་དོན་རྟེན་འབྲེལ་འགྲིགས། །དེ་ནས་རྒྱལ་བ་རྒྱ་མཚོ་དང་། །ཕྱག་ཆེན་ཟུང་འཇུག་རྒྱུན་དུ་སྟེ། །མཉམ་བཞག་སྤྲོ་བ་ཆེན་པོ་འཕེལ། །རྒྱལ་བ་རྒྱ་མཚོའི་གཏུམ་མོ་དང་། །བསྲེ་ཞིང་ཉམས་སུ་བླངས་བ་ཡིས། །སྔར་དང་མི་འདྲའི་ཉམས་ཤིག་ཤར། །འགྱུ་བ་ཉུང་ཞིང་འགའ་མི་འཕྲོ། །ཅི་ལ་ཡང་ནི་མི་དམིགས་པ། །སྔར་ནས་བལྟ་བྱ་ལྟ་བྱེད་དང་། །གདེང་ལ་མྱོང་རྒྱུ་ཡོད་པ་ཡི། །ངེས་ཤེས་ཡོད་པ་དེ་མེད་ནས། །གཏད་ར་ཅི་ཡང་མེད་པ་ཡིས། །ཧད་དེ་བ་ཡིས་ཉམས་ཤིག་ཤར། །དྲན་པ་ཅི་ཡང་མེད་འདྲ་བ། །དེ་ལ་ཅི་འདོད་གནས་པ་བྱུང་། །དེ་ལ་ལེགས་པར་བརྟགས་པ་ན། །དྲན་མེད་བསྒོམ་རྒྱུ་མེད་པ་ཡིས། །བལྟ་རྒྱུ་ལྟ་མི་མེད་པ་འདྲ། །དེ་ལ་ཐེ་ཚོམ་ཆེན་པོ་སྐྱེས། །གཏད་ར་ཅི་ཡང་མེད་པ་འདི། །འདི་བསྒོམ་ཅི་ཡང་མེད་པ་འདི། །ལྟ་རྒྱུ་ལྟ་མཁན་མེད་པ་འདི། །ཡིད་ཀྱི་མྱོང་རྒྱུ་མེད་པ་འདི། །ས་ལེ་སིང་ངེ་མེད་པ་འདི། །ཧྲིག་གེ་རྗེན་ནེ་མེད་པ་འདི། །འདི་ཡིས་སྒོམ་གོ་ཨེ་ཆོད་ཨང་། །སྔར་དང་མི་

p. 426

འདྲ་ཅི་ཞིག་ཨང་། །སྙམ་ནས་རང་ལ་ཡིད་མ་ཆེས། །དེ་ནས་ངོ་སྤྲོད་དཔེ་ཆ་ལ། །བལྟས་པས་རང་གི་ཉམས་རྟོགས་དེ། །སེམས་ཀྱི་ངོ་བོ་མཐོང་བ་དེ། །ཡིན་པར་འདུག་གོ་བསམ་པ་བྱུང་། །འོན་ཀྱང་དེ་ནི་སྤྲོས་བྲལ་གྱི། །ངོ་བོ་མཐོང་བ་མིན་པར་གདའ། །དེ་ནི་མི་རྟོག་གདེང་པོའི་ཉམས། །ཡིན་པར་ཕྱིས་ནས་ཤེས་བྱུང་བས། །ཀྱེ་མ་སྒོམ་ཕྲུག་གསར་པ་རྣམས། །དེ་འདྲའི་མི་རྟོག་ཉམས་སྐྱེས་ན། །ངོ་བོ་མཐོང་བར་མ་སེམས་ཤིག །སྒོམ་མེད་རྟོགས་ནས་ཡོད་དོ་ཞེས། །ཧམ་པའི་བླ་བོ་མ་བཤད་ཅིག །དེ་ལ་ངོ་བོ་མཐོང་བ་དང་། །སྒོམ་མེད་ལ་སོགས་ཡིན་བསམ་པ། །ར་གན་གསེར་དུ་སྒོམ་པ་དང་། །ཁྱད་པར་མེད་པར་རང་གིས་མཐོང་། །དེ་ནས་རྒྱུན་དུ་སྒོམ་བྱས་པས། །ནད་གདོན་བར་ཆད་འབྱུང་བའི་སློང་། །དངོས་དང་རྨི་ལམ་ཆོ་འཕྲུལ་ཆེ། །བྱིང་རྨུགས་ཤས་ཆེ་གཏི་མུག་སློང་། །རིག་པ་མི་གསལ་འཐིབ་པ་བྱུང་། །དེ་ནས་སེམས་ཀྱི་འཕྲོ་རྒོད་མང་། །གཉིད་ཀྱང་མི་གཉིད་ཞག་འགའ་བྱུང་། །དེ་ཡི་དུས་ཤིག་ཅུང་ཟད་ཅིག །གཉིད་པས་མི་ནི་མང་པོ་འགས། །བདག་ནི་ཟ་ཤོམ་བྱེད་ཅིང་གདའ། །སྐྲག་སྣང་བསམ་མི་ཁྱབ་པ་བྱུང་། །

p. 427

འདི་རྣམས་སེམས་ཀྱི་ཆོ་འཕྲུལ་ཡིན། །བདེན་པར་མ་གྲུབ་བསམས་བྱུང་བས། །དེ་ཡི་ངོ་བོ་ལ་བལྟས་པས། །དེ་རྣམས་མི་སྣང་འཇའ་ལྟར་ཡལ། །དེ་ནས་གསལ་ཉམས་འོད་གསལ་ཟིན། །རང་གི་གཡས་གཡོན་ཐམས་ཅད་ཀུན། །ཟླ་བ་ཤར་ལྟར་ཐམས་ཅད་གསལ། །ང་རང་ཤི་ནས་ཐུགས་དམ་ལ། བསྡད་པ་ཡིན་ནམ་དེ་མིན་པར། །གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །སྙམ་པའི་འགྱུ་བ་འགའ་དྲན་པས། །འོད་གསལ་སེམས་ངོ་མ་ཡིན་པ། །དེ་ལ་འགྱུ་བས་མི་གནོད་དོ། །ལ་ལས་ཤི་དུས་འགྱུ་བ་ཞིག །སྐྱེས་ནས་ཐུགས་དམ་གྲོལ་ཟེར་ཏེ། །འགྱུ་བ་ཅུང་ཟད་འཕྲོས་ན་ཡང་། །ཐུགས་དམ་གྲོལ་ལེ་མི་གདའ་བསམས། །དེ་ནས་ཤི་བ་མ་ཡིན་པར། །གཉིད་པ་ཡིན་པར་ངོ་ཤེས་ཤིང་། །དེ་ནས་གཉིད་ནི་སད་ན་ཡང་། །ད་རུང་གཉིད་མ་ཐམ་ཐོམ་ལ། །མིག་ནི་མ་ཕྱིས་བསྒོམས་པ་ཡིས། །འོད་གསལ་དེ་ཡི་ངང་ལ་གདའ། །དེ་ནས་སད་ནས་བལྟས་པ་ན། །གཞོག་གཡོན་འོག་ཏུ་བྱས་གདའ་བས། །ཉལ་ལུགས་གོ་ལོག་རེད་གདའ་ཡང་། །འོད་གསལ་ཟིན་པ་མཚར་རམ་སྙམ། །ཕྱིར་ཉིན་ཉིན་ཕྱེད་ལུས་ཙོག་པུར། །གཉིད་དུ་ཐུན་གཅིག་སོང་བའི་དུས། །

p. 428

འོད་གསལ་ཟིན་ནས་མིག་བཙུམ་ཡང་། །བལྟས་དང་ཁྱད་པར་མི་གདའ་བས། །ནམ་མཁར་འཇའ་ཚོན་སྣ་ལྔའི་གུར། །གྲུ་བཞིའི་དབྱིབས་ཅན་ཞིག་གི་ནང་། །ཟླ་བའི་དཀྱིལ་འཁོར་ཉ་གང་བ། །ཟླ་བ་དེ་ཡི་ནང་ན་ཡང་། །ཁ་དོག་སྣ་ལྔའི་རི་མོ་ནི། །ཟླུམ་པོར་ཡོད་པ་ཞིག་མཐོང་སྟེ། །འདི་ནི་རྩ་རླུང་འདུས་ཚུལ་ཞིག །ཡིན་པར་འདུག་སྙམ་གཉིད་ལས་སད། །སྤྱི་བོར་ཕ་ལས་ཐོབ་པ་ཡི། །ཐིག་ལེའི་རང་གཟུགས་ཡིན་པ་འདྲ། །ཕྱིར་ནུབ་རྨི་ལམ་རྨི་ལམ་དུ། །ཡིན་པར་ངོས་ནི་མ་ཟིན་ཀྱང་། །ཉམས་ལེན་སྟེང་དུ་གནས་པ་བྱུང་། །ཡང་ན་དངོས་སུ་མིག་ཚ་ཞིང་། །རྩུབ་འཁྲུགས་ཆེ་ཞིང་མི་བདེ་བ། །རྩུབ་ཉམས་ཆེན་པོ་སྐྱེ་བ་བྱུང་། །རྨི་ལམ་བུད་མེད་གཞོན་ནུ་ཞིག །བདག་གི་ལུས་ལ་འཁྱུད་ནས་ཀྱང་། །ཆགས་པ་སྤྱོད་པའི་ཚུལ་བྱས་པས། །ལུས་ལ་བདེ་བ་རབ་ཏུ་རྒྱས། །བདེ་བའི་ཡེ་ཤེས་ངོས་ཟིན་ནས། །བདེ་བ་སྟོང་པ་དབྱེར་མེད་པ། །བདེ་སྟོང་ངང་ལ་ཡུན་རིང་གནས། །དེ་ནས་བུད་མེད་དེ་ཉིད་ཀྱང་། །རང་དང་དབྱེར་མེད་གར་སོང་མེད། །འདི་ནི་དབུ་མའི་ཡར་སྣེ་ཡི། །ཨ་ཐུང་ཕག་མོའི་ངོ་བོ་དེ། །ཅུང་ཟད་མཐོང་བའི་རྟེན་འབྲེལ་

p. 429

ནི། །ཡིན་པ་འདྲ་འོ་བསམ་པ་བྱུང་། །རྨི་ལམ་རང་ཉིད་སྐྱིལ་ཀྲུང་བཅས། །མདའ་གང་ས་ལ་མ་རེག་པ། །བར་སྣང་ཁམས་སུ་འགྲོ་བདོ་ལ། །འོད་གསལ་ཟིན་ནས་ནམ་མཁར་འཕུར། །དེ་ཡི་ངང་ལ་རི་ཁྲོད་བསླེབས། །དེ་ནས་འདི་སྐོར་ཉམས་རྟོགས་ནི། །ལུས་ངག་ཡིད་གསུམ་བདེ་མེ་རེ། །སྤྱོད་ལམ་ཕལ་ཆེར་མི་གནོད་པ། །དེ་འདྲ་ཞིག་གི་ངང་ལ་ཡོད། །དེ་ནས་ནཱ་རོ་ཆོས་དྲུག་གི །གཏུམ་མོའི་དམིགས་རིམ་གཙོ་ཆེར་བསྒོམས། །འཁྲུལ་འཁོར་ཚར་རེ་ཆག་མེད་བྱས། །སྔར་བས་འཁྱག་སྣང་ཆུང་བ་དང་། །སྔར་མི་འཇུ་བའི་ཟས་རྣམས་འཇུ། །ཉལ་ཁ་གཏུམ་མོ་བསྒོམས་པ་ཡིས། །གོས་ནི་སྔར་ལས་སྲབ་གྱོན་ཡང་། །འཐུག་པོ་གྱོན་ལས་དྲོ་ཙམ་བྱུང་། །རྒྱུན་དུ་གཏུམ་མོ་བསྒོམས་ན་ནི། །དངོས་རྟགས་ཐོན་པར་འོང་ལེ་གདའ། །བསམས་ནས་ངེས་ཤེས་སྐྱེ་བ་བྱུང་། །དེ་ལྟར་གཏུམ་མོ་སྒོམ་ཚེ་ནི། །ཁ་ཞག་ལ་སོགས་འཐུང་ན་ཡང་། །སྔར་ལྟར་བད་སྣབ་མི་སྐྱུག་ཅིང་། །འགྲིམ་པ་ལ་སོགས་དེ་མ་བྱུང་། །གོས་ཀྱི་སྲེད་པ་ཆུང་བ་དང་། །དྲོད་ཀྱང་ཅུང་ཟད་སྐྱེས་པ་དང་། །ཐིག་ལེ་འཕེལ་ལམ་སྙམ་པ་བྱུང་། །གཏུམ་མོ་སྒོམ་པའི་རྨི་ལམ་དུ། །དགྲ་

p. 430

ཡིས་དེད་དང་རྒྱབ་བཙོག་དང་། །བར་དོར་འཁྱམས་པའི་སྡུག་བསྔལ་སོགས། །གནས་སྦྱང་རྣམས་ཀྱང་འོ་ལེ་བྱུང་། །དངོས་སུ་སྔར་དང་མི་འདྲ་བར། །ལུས་ལ་ཤ་ཡང་རབ་ཏུ་རྒྱས། །སྔར་ལས་གཞོན་ཤ་ཆགས་པ་དང་། །ཐིག་ལེ་འཕེལ་བའི་རྟགས་ཀྱང་བྱུང་། །རྨི་ལམ་ཟན་ལ་སྦྲུལ་བཟོས་པས། །དེ་ཉིད་དངོས་སུ་སྦྲུལ་གྱུར་ནས། །རྒྱུག་བདོ་སྐྲག་སྣང་ཆེན་པོར་བཅས། །སྦྲུལ་དེ་རང་ལ་ཐིམ་པར་གྱུར་། །དེ་ནི་དབུ་མ་ལ་སོགས་ཀྱི། །རྩ་ནི་སྒོམ་པའི་རྟགས་ཡིན་སྙམ། །དེ་ལྟར་རྒྱལ་ཟླ་ཧྲིལ་པོ་ལ། །གཏུམ་མོ་ཁོ་ན་བསྒོམས་པ་ཡིས། །འཁྱག་སྣང་ཡེ་ནས་མེད་པ་བྱུང་། །དེ་ནས་ཞག་པོ་འགའ་ཟུང་ལ། །གཏུམ་མོ་མ་བསྒོམས་འཁྲུལ་འཁོར་བསྒྱུར། །དེ་ནས་འཁྱག་སྣང་ཆེན་པོ་བྱུང་། །ཟས་ཀྱང་མ་ཞུ་བད་སྣབ་བསྐྱུགས། །ཡང་ནི་བསྒོམས་པས་དྲོ་བ་དང་། །ཟས་རྣམས་ཞུ་བ་སྔར་ལྟར་བྱུང་། །རྒྱལ་བ་རྒྱ་མཚོའི་གཏུམ་མོ་ལ། །དམིགས་པའི་གཙོ་བོ་བྱས་ནས་ཀྱང་། །དུག་ལྔ་སྦྱང་ཐབས་ཁོ་ན་བསྒོམས། །འཁྲུག་པ་བྱེད་དང་དམག་གིས་དེད། །མེ་མདའ་མང་པོ་རྒྱབ་བྱུང་སོགས། །རྨི་ལམ་གཏུམ་མོའི་རྟགས་རྣམས་བྱུང་། །དངོས་སུ་དྲི་བཟང་ངད་

p. 431

འཐུལ་བ། །ལན་གཉིས་བྱུང་སྟེ་མཚམས་གཡོག་སོགས། །གཞན་གྱིས་ཚོར་བ་མི་འདུག་གོ །ངག་ནི་མ་བཏང་བུག་སྒོ་ནས། །རྟོགས་ལྡན་པདྨ་རིག་འཛིན་ལ། །ལུང་ནི་མང་ཞིག་བྱས་པའི་ཚེ། །སེམས་ངོ་ལ་ཡང་བོགས་ཐོན་ཅིང་། །ལུང་དང་འདྲེས་ནས་འགྲོ་བ་བྱུང་། །རྨི་ལམ་སྐྲག་སྣང་འགའ་བྱུང་བ། །སྐྲག་མཁན་དེ་ཡི་ངོ་བོར་བལྟས། །ཡང་ནི་གཉིད་པའི་རྨི་ལམ་ན། །མིག་གི་ཐད་ནས་གསལ་ཧ་རེ། །ནམ་ནི་ལངས་བ་འདྲ་ཞིག་བྱུང་། །དེ་ཡིས་རྐྱེན་བྱས་འོད་གསལ་ཟིན། །ཉལ་ཁ་ཆོས་དྲུག་ནས་གསུངས་པ། །རྨི་ལམ་བཟུང་བའི་དམིགས་པ་བྱས། །གཉིད་མ་ཐག་ཏུ་སྤྱི་བོ་ནས། །མེ་རུ་བཀྱག་འདྲའི་འོད་ཅིག་བྱུང་། །དེ་ཡིས་རྐྱེན་བྱས་འོད་གསལ་ཟིན། །དེ་ནས་གཉིད་ལ་ཞན་པ་ལོག །ཐུགས་དམ་ལོག་པོ་འཕེལ་བ་བྱུང་། །ཙོག་པུར་གཉིད་ལ་སོང་མ་ཐག །མིག་གི་ཐད་ནས་གསལ་ཧ་རེ། །གསལ་བར་མཐོང་བ་འདྲ་ཞིག་བྱུང་། །དེ་ཡིས་རྐྱེན་བྱས་འོད་གསལ་ཟིན། །ཡང་ནི་ནུབ་ཅིག་སྲབ་མོ་ཡི། །འོད་གསལ་ཡུན་རིང་ཟིན་པར་གྱུར། །ཡང་ནི་ནུབ་ཅིག་སྐྲག་སྣང་གིས། །རྐྱེན་བྱས་འོད་གསལ་ཡུན་རིང་ཟིན། །ཡང་ནི་ནུབ་མ་གཉིས་ཙམ་ལ། །མིག་

p. 432

བཙུམ་གཉིད་ནི་ཡོད་ན་ཡང་། །ནམ་ལངས་བ་ལྟར་ཁྱིམ་ཕལ་ཆེར། །གསལ་བའི་ངང་ནས་སེམས་ངོ་ཟིན། །དེ་ཡི་ངང་ལ་གནས་པ་དང་། །ཡང་ནི་གཉིད་པས་མིག་ཐད་ནས། །མེ་སྟག་འདྲ་བ་ཞིག་བྱུང་ནས། །ཇེ་ཆེར་སོང་བས་གསལ་ཧ་རེ། །རྒྱུ་ནི་ཆེན་པོ་གསལ་བྱུང་ནས། །དེ་ཡི་ངང་ནས་སེམས་ངོ་ལ། །གསལ་སྟོང་དབྱེར་མེད་ངང་དུ་གནས། །ཐོ་རངས་ཤིག་ལ་གན་རྐྱལ་དུ། །གཉིད་པའི་མིག་གི་ཐད་ཀ་ན། །གསལ་དང་ཧ་རེ་བྱུང་བ་ཡིས། །རྐྱེན་བྱས་འོད་གསལ་ངོས་ཟིན་ནས། །དེ་ཡི་ངང་ལ་ཡུན་རིང་གནས་། །ཡང་ནི་ནུབ་ཅིག་རྨི་ལམ་ན། །ཐུགས་དམ་འདུག་ཤོམ་བྱེད་པ་སོགས། །རྨི་ལམ་མང་པོ་རྨིས་ན་ཡང་། །རྨི་ལམ་སེམས་ངོ་མི་བསྒྲིབས་པར། །དེ་འདྲ་མཚར་པོ་ཡུན་རིང་བྱུང་། །འདི་སྐོར་ནཱ་རོ་ཆོས་དྲུག་གི །མ་དག་པ་ཡི་རྒྱུ་ལུས་དེ། །བསྒོམས་ཀྱང་བོགས་ནི་མ་ཐོན་ཅིང་། །གཉིད་ཆེ་ཐུགས་དམ་མ་འཕེལ་ལོ། །ལ་ནི་མཐོན་པོ་ཞིག་ལ་སོང་། །ས་ཕུག་འདྲ་བ་ཞིག་གི་ནང་། །བུག་པ་ཅུང་ཟད་ཁྲ་སེང་སྣང་། །བདག་ནི་སྒྱུ་མའི་ལུས་ཡིན་སྙམ། །བུ་ག་དེ་རུ་འཛུལ་ནས་ཐལ། །སེམས་དང་ནམ་མཁའ་དབྱེར་མེད་

p. 433

དུ། །བསྲེ་བ་ལན་ནི་གསུམ་བཞི་བྱས། །དུ་མ་རོ་གཅིག་རྟོགས་པ་ཡིན། །སྙམ་ནས་ནམ་མཁར་འཕུར་བཞིན་དུ། །ང་རོ་གཅིག་རྟོགས་པའི་རྣལ་འབྱོར་པ། །ཞེས་སོགས་མགུར་འགའ་བྱས་པ་རྨིས། །དེ་ནས་ནཱ་རོ་ཆོས་དྲུག་གི །འོད་གསལ་དམིགས་པ་ཐུན་རེ་བསྒོམས། །གཉིད་མ་ཐག་ཏུ་མདུན་ཐད་དེར། །མར་མེ་ཞིག་ནི་ཏ་ལེར་སྣང་། །དེ་ཡིས་རྐྱེན་བྱས་འོད་གསལ་ཟིན། །ཚེས་བཅུ་ཞིག་ལ་གློ་བུར་དུ། །རིམས་ནད་དྲག་པོ་ཞིག་ན་བས། །སྨན་ཡང་ཟོས་ཤིང་འཁྲུལ་འཁོར་དང་། །གཏོང་ལེན་དམིགས་པ་བསྒོམས་པ་དང་། །ན་མཁན་ངོ་བོ་ཧྲིག་གེ་བལྟས། །ཞག་གཅིག་སོང་ནས་ཅུང་ཟད་བདེ། །ཉམས་ཀྱི་སྐབས་ལ་ནམ་མཁའ་ནས། །ཕོ་རོག་ཅིག་ནི་བབ་བྱུང་བས། །བྱད་ཁའི་རྟགས་གཅིག་ཡིན་པར་གོ །ཉམས་ལེན་ངོ་བོ་ཕུར་ཚུགས་སུ། །སྐྱོང་བ་དེ་ནུབ་རྨི་ལམ་ན། །བྱ་ནག་གཅིག་ནི་ཤི་སོང་བ། །ཁྱད་ཁ་ཐུབ་པའི་རྟགས་སུ་གོ །ཡང་ནི་རྨི་ལམ་སྐྲག་སྣང་གིས། །ཚ་དང་ཀུམ་ཀུམ་བྱེད་པའི་ངང་། །འོད་གསལ་ཟིན་པས་འོད་གསལ་ངང་། །བདེ་སྟོང་ཕྱམ་ཕྱམ་ཡུན་རིང་སོང་། །བློ་སྦྱོང་གཏོང་ལེན་དམིགས་པ་དེ། །རྨི་ལམ་ཡུལ་དུ་ལན་འགའ་

p. 434

ཟིན། །མི་དང་ལྷ་འདྲེ་འགའ་ལ་བྱས། །གཉིད་ཀྱི་འོད་གསལ་ཟིན་པ་དང་། །གཉིད་ནས་མིག་གི་ཐད་ཀ་ན། །འོད་བྱུང་དེ་ནས་འོད་གསལ་ཟིན། །དེ་ནས་སྔར་དང་མི་འདྲ་བའི། །འདི་ཡིན་འདི་མིན་མེད་པ་ཡི། །མིང་འདོགས་བྲལ་བའི་ཉམས་ཤིག་ཤར། །ལྟ་མི་ཞིག་དང་ལྟ་རྒྱུ་ཞིག །བྱུང་ན་དེ་ནི་བཅོས་མ་རེད། །མ་བཅོས་པ་ཞེས་བྱ་བའི་དོན། །ལྟ་མི་ལྟ་རྒྱུ་དབྱེར་མེད་པ། །ཡིད་ལ་བྱེད་པ་ཐམས་ཅད་དང་། །བྲལ་བ་ཞིག་ནི་དགོས་རྒྱུར་འདུག །བསམས་ཤིང་ཡིད་ལ་མི་བྱེད་པར། །དགག་སྒྲུབ་བྲལ་བའི་ཉམས་ཤིག་ཤར། །ནུབ་མ་གཉིས་ཀྱི་བར་དུ་ནི། །འོད་གསལ་ཐུན་རེ་ཟིན་པ་བྱུང་། །འདི་སྐོར་ནད་པ་སྡིག་ཅན་འགར། །བསྲེ་བ་བསྒོམས་པས་དག་སྣང་འགགས། །དེ་ནས་གཏུམ་མོའི་མེ་དམིགས་ནི། །ཐུན་རེ་སྒོམ་ཚེ་ཕོ་བ་ཡང་། །ཚ་ནི་ལོག་ལོག་བྱེད་པ་དང་། །ལུས་དྲོད་འུར་འུར་སྐྱེ་བ་བྱུང་། །ཉམས་ལེན་བོགས་ནི་ཆེར་མ་ཐོན། །དེ་ནས་སྐུ་གསུམ་ངོ་སྤྲོད་བསྒོམས། །དེ་ལ་བོགས་ནི་ཅུང་ཟད་ཐོན། །གནས་ཉམས་སྔར་བས་ཆེ་བ་ལ། །བློ་འདས་ཡིད་ལ་མི་བྱེད་པ། །སྟོང་ཉིད་མངོན་སུམ་རྟོགས་འདྲ་བྱུང་། །དེ་ནས་དེ་

p. 435

ཉིད་གསལ་ཞིང་བསྟན། །བོགས་ཀྱང་ཅུང་ཟད་ཐོན་པ་བྱུང་། །དེ་ནས་བསམ་བརྗོད་བྲལ་བ་ཡི། །ནམ་མཁའ་གཡའ་ནི་དག་འདྲ་བ། །སྟོང་རྗེན་ལྷང་ངེའི་ངང་དེ་ལ། །འདི་སྒོམ་གཏད་སོ་མེད་པ་ཡི། །འདི་ཉིད་སྒོམ་ཡིན་སྙམ་པ་ཡི། །འཛིན་པ་སྔར་ལྟར་མེད་པའི་ཉམས། །ནམ་བསྒོམས་ཐམས་ཅད་དེ་ལྟར་བྱུང་། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་ནི། །རང་ཤར་ཡིན་པའི་ཉམས་བཟང་ཤར། །དགུན་དུས་གཏུམ་མོ་མ་བསྒོམ་དུས། །འཁྱག་ནི་འོང་ཞིང་གཏུམ་མོ་ཉིད། །བསྒོམས་པས་འཁྱག་སྣང་མེད་པ་དང་། །ལུས་ཀྱི་ནང་ནས་དྲོད་བྱུང་ནས། །འཁྱག་སྣང་གཏན་ནས་མེད་ན་ཡང་། །ལུས་ཀྱི་ཕྱི་ལ་རེག་ན་ནི། །དྲོད་ནི་དེ་ཙམ་མི་གདའོ། །སྔར་ལྟར་སེམས་ལ་བལྟ་བྱ་དང་། །ལྟ་བྱེད་མེད་པ་ལྟ་བུ་ཡི། །བརྗོད་དང་བྲལ་བའི་ཉམས་དེ་ནི། །ཐ་མལ་ལུས་པ་འདྲ་ཞིག་བྱུང་། །སྔར་ཕན་སེམས་ངོ་བལྟ་དགོས་བསམ། །ཧྲིག་གེ་ཆེས་པས་ལན་འདུག་སྙམ། །འདི་རང་ངོ་བོ་མཐོང་སྙམ་སྟེ། །ད་རུང་ཉམས་ཀྱི་དྲི་མ་ཚེ། །ངོ་བོ་རང་དེ་མིན་པར་སྣང་། །ཨེ་གོ་ཁྲིད་ཕྲུག་གསར་པ་ཚོ། །ངོ་བོ་མཐོང་བའི་སྒོམ་དེ་ལ། །ཤུན་པ་མང་

p. 436

པོ་གདའོ་བུ། །རྨི་ལམ་ཆོ་ག་བཏོན་པ་ལ། །རྨི་ལམ་ཡིན་པ་མ་ཤེས་ཀྱང་། །ཉམས་ལེན་སེམས་ངོ་སྐྱོང་བ་དང་། །ཆོ་ག་འདྲིས་ནི་འགྲོ་བ་བྱུང་། །དེ་སྐོར་ནུབ་མ་མང་པོ་ལ། །འོད་གསལ་རྒྱུན་དུ་ཟིན་པ་བྱུང་། །ཡང་ནི་གསལ་བའི་ཉམས་ཤར་ནས། །དེ་ནས་འོད་གསལ་ཟིན་པ་དང་། །རྨི་ལམ་འོད་གསལ་ཟིན་པ་བྱུང་། །གཉིད་པས་མདུན་དུ་ཉི་མ་ནི། །ཤར་སྙམ་བྱེད་པས་རྐྱེན་བྱས་ནས། །འོད་གསལ་ཟིན་པས་དེ་ནུབ་ནས། །མཚན་མོ་འཁོར་ཡུག་འོད་གསལ་སོང་། །ས་ཐག་ཨ་ཐོ་འགྱང་ཞིག་ན། །ནད་པ་ཞིག་ལ་བསྟབ་པ་ནི། །ནུབ་མ་འགའ་རེ་བྱེད་སྐབས་སུ། །ཐོ་རངས་ཙོག་པུར་གཉིད་སོང་བས། །མིག་གི་ཐད་ནས་ནམ་ལངས་ལྟར། །གསལ་དང་ཧ་རེ་བྱུང་བས་བལྟས། །དུད་ཀྱི་ཁྱིམ་ཞིག་མཐོང་བྱུང་ཛ། །མི་ཞིག་ཤི་བའི་རོ་དེ་ནི། །གོས་སྐུ་རྙིང་པ་ཞིག་གིས་གཏུམ། །ཙོག་པུར་བཞག་ནས་གདའ་བ་མཐོང་། །དེ་ཡི་ངང་ལ་འོད་གསལ་ཟིན། །ཕྱིར་ནངས་གཉིད་ནི་སད་པ་དང་། །ནད་པ་ཤི་བ་ཡིན་འདུག་བསམ། །དེ་ནུབ་སྔ་ཐུན་ཙམ་ལ་ནི། །ཤི་བ་ཡིན་འདུག་དེ་རྗེས་ཐོས། །འདི་འདྲའི་གསལ་ཉམས་སྐྱེས་ན་ཡང་། །མངོན་

p. 437

ཤེས་ཡིན་པར་མ་རློམས་ཤིག །འདི་འདྲའི་གསལ་ཉམས་ཆེ་མཆེད་ན། །ཟག་བཅས་མངོན་ཤེས་འོང་རྒྱུ་འདྲ། །ནུབ་ཅིག་གསལ་ཉམས་མིག་གི་ཐད། །གསལ་དང་ཧ་རེ་བྱུང་བ་ཡིས། །གར་ཡིན་མ་ཤེས་ཁྱིམ་ཞིག་ན། །ཐབ་ཁ་ཆེན་པོ་ཞིག་མཐོང་ནས། །དེ་ནས་འོད་གསལ་ངོས་ཟིན་ནས། །དེ་ཡི་ངང་ལ་རང་ཉིད་ནི། །གཉིད་ལེ་ཡིན་པར་ཤེས་པ་ལ། །འོད་གསལ་ཟིན་ནས་སྒོམ་པ་ཡང་། །ཤེས་ནས་གཉིད་ཀྱང་སད་དོགས་བྱས། །གཉིད་དེ་ཇེ་སྲབ་འདྲ་བ་ལ། །འོད་གསལ་གསལ་སྟོང་དབྱེར་མེད་ངང་། །དེ་ནུབ་མ་སད་བར་དུ་གནས། །སད་དུས་དེ་ཡི་ངང་ལ་གདའ། །དེ་ནུབ་འཁོར་ཡུག་འདྲ་བ་བྱུང་། །འོན་ཀྱང་གསལ་ཉམས་གཙོ་ཆེ་བས། །འཁོར་ཡུག་རང་གིས་གོ་མི་ཆོད། །འདི་ག་ཙམ་རེ་བྱུང་བ་ལ། །འཁོར་ཡུག་ཡིན་ཞེས་མ་སྨྲ་ཞིག །དེ་ནས་ཆར་འབོད་དགོས་བྱུང་བས། །གསས་མཁར་འགའ་རེ་རྫོ་ག་བཅུག་ནས། །བོགས་འདོན་གཅོད་ཁྲིད་ཉམས་སུ་བླངས། །གཞུང་ལྟར་ཚར་སློང་འགྲིགས་པ་དང་། །ཆར་ཡང་འདོད་པ་བཞིན་དུ་བབ། །རྨི་ལམ་ཡུལ་དུ་རྨི་ལམ་ནི། །ཡིན་པར་ངོས་ནི་མ་ཟིན་ཀྱང་། །ཉིན་གྱི་བག་ཆགས་སེམས་ངོ་ཡི། །ཉམས་

p. 438

ལེན་ཡུན་རིང་སྐྱོང་བ་བྱུང་། །རྨི་ལམ་དུ་བ་འཐེན་པ་ཡིས། །བཟི་བའི་སྣང་བས་འོད་གསལ་ཟིན། །རྨི་ལམ་ཡུལ་དུ་རང་ཉིད་ནི། །བར་དོར་འཁྱམས་པ་རེད་བསམས་ནས། །ཉམས་ལེན་ངང་དུ་ཡུན་རིང་དུ། །བསྡད་པའི་རྨི་ལམ་མཚར་བར་བྱུང་། །དངོས་སུ་ཉམས་རྟོགས་བོགས་ཐོན་ཏེ། །བདེ་སྟོང་དབྱེར་མེད་ཉམས་རྟོགས་སྐྱེས། །ཞི་རྒྱས་དབང་གསུམ་ཕྲིན་ལས་ལ། །དེ་ནུབ་དམིགས་པ་དྲེག་གཏད་ནས། །ཕྱིར་ནངས་དངོས་རྟོགས་གསལ་བ་ནི། །དེ་དུས་ཕལ་ཆེར་དུས་ཀུན་བྱུང་། །དེ་དུས་རྩེ་གཅིག་འབྲིང་ཡན་གྱི། །བདེ་གསལ་མི་རྟོག་ཉམས་བཟང་ཞིང་། །དེ་ཡང་ཞི་གནས་གཙོ་ཆེ་བས། །དེ་ཡི་རྟེན་འབྲེལ་ཡིན་པར་གདའ། །རྣལ་འབྱོར་པ་ཡི་བསྒོམས་པས་འགྲུབ། །ཤེས་པའི་ཆ་མཐུན་ཡིན་པ་སྟེ། །ཉམས་ནི་དེ་རྣམས་ཡལ་ནས་ནི། །ཕྲིན་ལས་ཅི་བསམ་འགྲུབ་དཀའ་སྟེ། །སྤྲིན་ཚོགས་ཡལ་བའི་ཆར་པ་འདྲ། །འདི་ལྟར་ཕྲིན་ལས་གང་བསམ་པ། །ཐོག་མེད་འགྲུབ་འདྲ་བྱུང་བ་ཡང་། །ཞི་གནས་བདེ་གསལ་མི་རྟོག་པའི། །ཡོན་ཏན་ཕྲན་བུ་ཙམ་ཡིན་པས། །རང་ཉིད་གྲུབ་པ་ཐོབ་སྙམ་པའི། །ང་རྒྱལ་བསྐྱེད་ན་བར་ཆད་རྒྱུ། །དེ་

p. 439

དོན་ཁྲིད་ཕྲུག་གསར་པ་ཚོས། །ཐུགས་ལ་བཞག་རྒྱུ་གལ་ཆེ་སྟེ། །ཡལ་ནས་འགྲོ་བ་མི་ཤེས་ནས། །འགྲོ་དོན་དུས་བབ་ཡིན་བསམས་ནས། །འགྲོ་དོན་བྱས་ན་ཉམས་ཡལ་ནས། །བར་ཆད་བསླུ་བྲིད་འདྲ་བ་རུ། །འགྲོ་དོགས་འདུག་གོ་གྲྭ་སློབ་རྣམས། །ཡང་ནི་ནུབ་ཅིག་འོད་གསལ་ཟིན། །རྨི་ལམ་རང་ཉིད་ནམ་མཁའ་ལ། །འཕུར་ཞིང་ཡིད་ལ་མེད་པ་ཡི། །རྒོད་ཚང་བ་ཡི་མགུར་སྣ་བཞི། །དུག་ལྔ་མེད་པའི་ཕ་རོལ་ན། །ཡེ་ཤེས་བྱ་བའི་མིང་ཡང་མེད། །ཅེས་པ་རང་གིས་སྨྲས་པ་ཡིས། །དེ་དོན་གོ་བ་ཆེན་པོ་ཤར། །རྨི་ལམ་རང་ཉིད་ཤི་བ་རེད། །བསམས་ནས་འོད་གསལ་ངང་ལ་བསྡད། །ཡང་ནི་ལན་གྲངས་འགའ་དང་འགར། །འོད་གསལ་ཐན་ཐུན་ཟིན་པ་དང་། །སྔོན་ཆད་གོ་བ་མ་ཐེབས་པའི་། །ཆོས་རྣམས་རང་བཞིན་ཤུགས་ལ་ཤེས། །སློབ་གཉེར་དོ་དམ་བྱེད་པ་བས། །བསྒོམ་ན་ཡོན་ཏན་ཤེས་རབ་རྣམས། །ལོག་པོས་ཆེ་བ་འདུག་གོ་སྙམ། །འོད་གསལ་ཡུན་རིང་ཟིན་པའི་ཚེ། །རྣམ་རྟོག་ཕྲན་བུ་འགའ་བྱུང་ཡང་། །འོད་གསལ་ལ་ནི་མི་གནོད་དོ། །ཤི་དུས་ཐུགས་དམ་འདུག་དུས་ཀྱང་། །རྣམ་རྟོག་ཅུང་ཟད་འཕྲོས་པ་ཡི། །ཐུགས་དམ་

p. 440

གྲོལ་ལེ་མི་གདའ་བསམ། །དེ་ཡང་འོད་གསལ་ངང་ལ་དྲན། །ཡང་ན་ས་རྡོ་རི་བྲག་དང་། །རྩིག་པ་ལ་སོགས་འདི་རྣམས་ནི། །རྣམ་པ་སོ་སོར་གསལ་མོད་ཀྱང་། །ངོ་བོ་སྟོང་པ་ཉིད་དུ་མཐོང་། །དཔེར་ན་འཇའ་ཚོན་ལྟ་བུ་རུ། །བཅོས་མ་མིན་པར་ཤུགས་ཀྱིས་རྟོགས། །རྩིག་པ་བྲག་སོགས་འདི་རྣམས་ལ། །ཐོགས་པ་མེད་པར་སོང་ན་ཡང་། །ན་བུན་ནང་དུ་འགྲོ་བ་ལྟར། །ཐོགས་པ་མེད་པར་ཆོག་སྙམ་བྱུང་། །ཨེ་ཆོག་ཚད་ནས་རྩིག་པ་ལ། །རེག་པས་སྲ་མཁྲེགས་སྔར་དང་འདྲ། །དེ་བཞིན་རྡོ་ཤིང་ཀ་བ་སོགས། །ངོ་བོ་སྟོང་པ་ཉིད་དུ་མཐོང་། །དངོས་སུ་སྲ་མཁྲེགས་མེད་དམ་སྙམ། །རེག་པས་སྲ་མཁྲེགས་དེ་གར་གདའ། །དེ་བཞིན་བདག་གི་ལུས་པོ་ཡང་། །ངོ་བོ་སྟོང་པར་མཐོང་ན་ཡང་། །འགྲང་ལྟོགས་དྲོ་གྲང་སྔར་ལྟར་གདའ། །དེ་ཚེ་སྟོང་ཉམས་ཕྲན་བུ་ཙམ། །འདི་འདྲའི་རྟོགས་པ་སྐྱེས་པ་ན། །རོ་གཅིག་ཡིན་པར་མ་སེམས་ཤིག །སྣང་སེམས་འདྲེས་པར་མ་རློམས་ཤིག །དེ་ནས་བར་སྐབས་ཤིག་གི་ཚེ། །སེམས་དང་ནམ་མཁའི་དབྱེར་མེད་འདྲེས། །དེ་གཉིས་སོ་སོར་ཕྱེ་མི་ཤེས། །ནམ་མཁས་གར་ཁྱབ་སེམས་ཀྱིས་

p. 441

ཁྱབ་། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་དང་དབྱེར་མེད་དུ། །འདྲེས་པ་འདྲ་བའི་ཉམས་ཤིག་ཤར། །དེ་ཚེ་ཐེ་ཚོམ་ཅུང་ཟད་སྐྱེས། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སོགས། །ཕྱི་རོལ་མུ་སྟེགས་པ་ཡི་ལམ། །ཚེ་རིང་ལྷ་རུ་སྐྱེ་བའི་རྒྱུ། །དེ་རུ་གོལ་བ་ཡིན་གྱིས་དོགས། །འཁོར་འདས་མཉམ་ཉིད་ཆོས་ཀྱི་དབྱིངས། །དེ་ཡི་ཆ་ཙམ་རྟོགས་སམ་སེམས། །དེ་ནས་ལེགས་པར་བརྟགས་པ་ཡིས།་།དེ་རུ་གོལ་དང་མ་གོལ་ཡང་། །འཛིན་པ་ཕྲ་མོ་ཞུགས་མ་ཞུགས། །དེ་ཡི་ཁྱད་པར་ཡིན་པར་གོ །དེ་ནས་ཡང་ནི་སྐབས་ཤིག་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་ངོ་བོ་གང་ཡིན་དང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །སེམས་ཀྱི་ངོ་བོ་གང་ཡིན་དང་། །རང་གི་སེམས་ཉིད་གསུམ་པོ་ནི། །དབྱེར་མེད་སྟོང་གསལ་རྗེན་པར་རྟོགས། །དེ་ཡི་གོ་བའི་སྐྱ་རིས་དང་། །དཔེ་རྒྱུད་གོ་བ་མ་ཡིན་པར། །རང་བཞིན་ནང་ནས་ཤར་བ་བྱུང་། །དེ་ཡིས་འཁོར་འདས་དབྱེར་མེད་ཀྱི། །ལྟ་བ་རྣམ་དག་ཡིན་འདུག་ཀྱང་། །ད་རུང་ཉམས་ཀྱི་དྲི་མ་འབྱར། །འདི་ཡན་བར་གྱི་དེ་རྣམས་ནི། །རྩེ་གཅིག་རབ་

p. 442

འབྲིང་ཡིན་པར་སྣང་། །རང་ལོ་བཞི་བཅུ་ཞེ་དྲུག་པ། །སྐུ་མཚམས་བསྡམས་ནས་ལོ་ངོ་བཅུ། །ཧྲིལ་པོ་ཕྱེད་དང་བརྒྱད་སོང་བའི། །ཆུ་ཕོ་རྟ་ལོའི་ལོ་མགོ་ལ། །རྨི་ལམ་ཕག་གྲུ་དྭགས་པོ་སོགས། །བཀའ་བརྒྱུད་བླ་མ་འགའ་མཇལ་བས། །རྨི་ལམ་ཉིད་ནས་རྟོགས་པ་སྐྱེས། །སད་ཀྱང་དེ་ཡི་ངང་ལ་གནས། །དེ་ནས་སྔར་དང་མི་འདྲ་བའི། །ཐ་མལ་ཤེས་པ་རྗེན་པ་ཞེས། །བཀའ་བརྒྱུད་བླ་མའི་དགོངས་པ་དེ། །ངོ་ཤེས་མི་དང་འཕྲད་ལྟར་བྱུང་། །ཨེ་མ་ཨེ་མ་ངོ་མཚར་བ། །ཐ་མལ་ཁྲིད་ཀྱང་མ་ཐོབ་དུས། །སྒོམ་གྱི་ཕྱོགས་འགོ་མི་ཤེས་དུས། །དེ་དུས་ཉིད་ཀྱི་སེམས་ཉིད་དེ། །མདོག་མ་ལོག་ཅིང་སྤུ་མ་བརྗེས། །ཅུང་ཟད་དྲག་ཏུ་མ་སོང་བའི། །དང་པོ་དུས་ཀྱི་སེམས་དེ་ཉིད། །ཕྱག་རྒྱ་ཆེན་པོ་དངོས་རེད་པ། །ད་བར་མ་ཤེས་ཅི་ཡིན་ཨང་། །བླ་མས་མ་གསུངས་ཅི་དགོངས་ཨང་། །གྲོགས་མཆེད་ཉམས་ཅན་མང་པོ་ལ། །དྲིས་ཀྱང་མ་ཟེར་ཞེ་ངན་ནམ། །དང་པོ་སེམས་ངོ་སྤྲད་པ་ནས། །ད་ལྟ་བར་གྱི་ཉམས་རྟོགས་ཚོགས། །དགོས་མེད་ཕྱི་ཡི་ཤུན་པར་གདའ། །བསམ་པའི་ཉམས་རྟོགས་བོགས་ཆེན་བྱུང་། །དེ་ཡི་རྟོགས་པ་གལ་ཆེ་ན། །དེ་སྔ་

p. 443

ཕན་ཆད་བསྒྲིམས་པས་ཕུང་། །ད་ནི་ལྷོད་དེ་ཤིག་གེར་བཞག །དེ་སྔ་ཕན་ཆད་བསྒོམས་པས་ཕུང་། །ད་ནི་མི་སྒོམ་ཐ་མལ་སྒྱུར། །དེ་སྔ་ཕན་ཆད་བལྟས་པས་ཕུང་། །ད་ནི་གང་བལྟ་གང་གིས་ལྟ། །ནང་དུ་བསྡུས་ནས་གསལ་སིང་ངེ་། །དེ་ཡང་མ་ཡིན་རང་སར་བཞག །ཕྱི་རུ་བལྟས་པས་སྣང་སྟོང་ངང་། །དེ་ཡང་མ་ཡིན་རང་སར་བཞག །བཞག་ཅེས་ཟེར་ན་བཞག་རྒྱུ་མེད། །ཐ་མལ་རིང་ལུགས་ངང་ལ་སྐྱུར། །སྒྱུར་ཞེས་ཟེར་ནས་སྐྱུར་རྒྱུ་མེད། །ད་དུང་དྲན་རྫི་མ་ཤོར་ཙམ། །བྱིན་རླབས་སྟོབས་ཀྱིས་མ་རྟོགས་ན། །བཤད་པས་འདི་ལ་གོ་རྒྱུ་མེད། །དེ་ཕྱིར་བརྗོད་དུ་མེད་པའི་དོན། །འདི་ནི་ས་མཚམས་གང་ཞེ་ན། །སྤྲོས་བྲལ་ཆུང་ངུའི་རྟོགས་པ་དེ། །ཚེས་གསུམ་ཟླ་བ་མཐོང་དང་མཚུངས། །ཚེས་གསུམ་དུས་ཀྱི་ཟླ་བ་དེ། །ཟླ་བ་ཡིན་པར་ངེས་ན་ཡང་། །ད་རུང་རིམ་པར་ཉ་རྒྱས་དགོས། །སྟོང་ཉིད་མངོན་སུམ་རྟོགས་པ་དེ། །རབ་དགའི་ས་དང་རྟོགས་པ་མཉམ། །རྟོགས་ལྡན་མིང་ཡང་འདི་ནས་བཏགས། །དགེ་སློང་རཱ་ག་ཨ་སྱ་ཡིས། །ཡུན་རིང་སྐུ་མཚམས་བསྡམས་པ་ཡི། །ལག་རྗེས་ཐོན་པོ་འདི་ལགས་སོ། །ཉམས་དང་རྨི་ལམ་མཚམས་ཤིག་ཏུ། །བྱ་བཏང་

p. 444

བྱང་མ་བྱས་པའི་དྲིན། །གསང་སྔགས་ཕྱག་ལེན་གཞུང་ལྟར་ཐོབ། །ལ་སོགས་བདེ་རབ་མགུར་མ་ཞིག །པདྨ་རིག་འཛིན་གྱིས་འཐེན་པ། །ཉམས་དང་རྨི་ལམ་མཚམས་སུ་ཐོས། ཡོན་བདག་སྡིག་ཅན་ཞིག་ཤི་བས། །དེ་ལ་སྙིང་རྗེ་དྲག་པོ་སྐྱེས། །གཏོང་ལེན་དམིགས་པ་བསྒོམས་པ་ཡིས། །དེ་མ་ཐག་ཏུ་རང་ཉིད་ན། །ང་རང་ངག་གིས་ཀླག་བཅོལ་དུ། །འགྲིམ་པ་འོང་རབ་ཁེར་གཏམ་ཤོར། །དེ་ཉིད་ཐོག་པས་མཚར་བ་བྱུང་། །ནུབ་མོ་འོད་གསལ་ལན་འགའ་ཟིན། །འོད་གསལ་གསལ་ཉམས་ལན་འགའ་ཤར། །རང་ཉིད་ན་བའི་དུས་འགའ་ལ། །གཏོང་ལེན་དམིགས་པར་འབད་པ་དང་། །ཀུ་སུ་ལུ་ཡི་ཚོགས་གསོག་དང་། །བདག་འཛིན་བློས་བཏང་སྟོང་ཉིད་ངང་། །ཉལ་བས་ཕན་པ་ལན་འགའ་བྱུང་། །ཚེ་འདས་སྡིག་ཅན་ཞིག་ཐོས་པས། །གློ་བུར་སྙིང་རྗེ་དྲག་པོ་སྐྱེས། །དེ་ལ་གཏོང་ལེན་དྲག་པོ་འགའ། །བསྒོམས་པས་རང་ཉིད་གློ་བུར་ན། །ནུབ་ཅིག་བྱམས་དང་སྙིང་རྗེ་ནི། །བཅོས་མིན་ཚད་བཟུང་མེད་པ་སྐྱེས། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ། །ཉམས་ཁྲིད་ཕུལ་བས་རིམ་པ་ལྟར། །ཉམས་རྟོགས་སྐྱེ་བའི་ཚུལ་བསྟན་ཅིང་། །རིང་པོར་མ་

p. 445

ཐོགས་ངོ་བོ་མཐོང་། །གནམ་ཆོས་རྫོགས་པ་ཆེན་པོའི་ཁྲིད། །སྤྲུལ་སྐུ་ཉིད་ལ་ཞུས་པ་ཡིས། །སྔོན་དུས་ཕྱག་ཆེན་ཁོ་ན་ལ། །བློ་ངེས་རྫོགས་ཆེན་བཏང་སྙོམས་ལ། །འདི་ནས་རྫོགས་པ་ཆེན་པོ་ལ། །ངེས་ཤེས་ཁ་ཞེ་མེད་པར་སྐྱེས། །དེ་ནས་མཚམས་ནི་གྲོལ་བ་དང་། །ཆོས་ར་ཁྲོམ་འཚོགས་རྒྱ་ཆེར་འདུས། །སྤྲུལ་སྐུའི་དོན་གྱིས་ཁ་མཆུ་ཡི། །འཇིགས་སྐྲག་ཆེ་བའི་སྐབས་ཡིན་ཏེ། །འཇིགས་སྐྲག་མཁན་གྱི་ངོ་བོར་བལྟས། །ཁྲོམ་ཆེན་དབང་རྣམས་འགྲིམ་ཚེ་ཡང་། །ཕལ་ཆེར་ཉམས་ལེན་ངང་ལ་བྱས། །མི་གཡེལ་དགོངས་འདུས་སྒྲུབ་ཆེན་དུས། །བདེ་གསལ་མི་རྟོག་དབྱེར་མེད་པའི། །ཉམས་རྟོགས་བཟང་ཞིང་འཕེལ་བ་བྱུང་། །ཕྱོགས་རྣམས་གར་ཡང་ཕྱིན་གྱུར་ཅིང་། །ཁྲོམ་འཚོགས་གདུལ་བྱ་འདུ་ལོངས་ཆེ་། །དབང་ལུང་ལ་སོགས་རྣམ་གཡེང་ཆེ། །བར་སྐབས་རྗེས་ཤེས་འཁྲུལ་པ་ནི། །སྐབས་སྐབས་བརྗེད་ནས་འབྱམས་ན་ཡང་། །དྲན་རྗེས་ནམ་ཟིན་དེ་ག་ལ། །ཐ་མལ་ཤེས་པ་རྗེན་པའི་སྟེང་། །རེས་འགའ་དབང་ལུང་བསྔོ་སྨོན་སོགས། །མི་གནོད་ཉམས་ལེན་དེ་གའི་ངང་། །ཁྱད་པར་བསྔོ་བ་བྱེད་པའི་དུས། །ཉམས་ལེན་རྩི་དང་མ་བྲལ་བར། །འཁོར་

p. 446

གསུམ་ཡོངས་སུ་དག་པ་ཡི། །བསྔོ་བའི་རྒྱ་ཡིས་འདེབས་པ་ཡི། །ཕན་ཡོན་དཔག་ཏུ་མེད་པ་རྣམས། །ཤེར་ཕྱིན་སྟོང་ཕྲག་ཉེར་ལྔ་པར། །གསུངས་པ་འདི་ལ་བློ་བསྐལ་ནས། །དཀོར་ནག་བག་མེད་ཟ་བ་ལ། །ཉམ་ང་མེད་པ་དེ་ཡི་དོན། །ལྟ་བ་འཁོར་འདས་དབྱེར་མེད་རྟོགས། །སྒོམ་པ་བསྐྱེད་རྫོགས་ཟུང་འཇུག་ངང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་ལས། །གསུངས་ལྟར་སྡིག་སྒྲིབ་བསྲེགས་ནས་ཀྱང་། །ཡེ་ཤེས་འབེབས་པས་དབང་བསྐུར་བ། །མིང་ཡིག་ལག་ཏུ་ཕྱིན་ནས་ནི། །བསྔོ་བ་ཚེ་ལ་བྱེད་ཐུབ་པ། །ཤི་ཤོག་གསོན་ཤོག་ཆར་འབེབས་ཤིང་། །སོ་སོར་མྱུར་དུ་བཞུ་མི་ལྕོགས། །སྤོག་བཞུ་ཙམ་ཞིག་བྱེད་པ་ལ། །ཉམ་ང་མེད་པ་དེ་ཡི་དོན། །དེ་ལྟར་རང་ལོ་བཅུ་བདུན་ནས། །ལྔ་བཅུ་ང་གཉིས་ངོ་མཐོང་བར། །རྩེ་གཅིག་ཕུར་ཚུགས་མ་བྱུང་ཡང་། །མ་བསྒྱུར་རྒྱུན་དུ་ཉམས་བླངས་བས། །ཉམས་རྟོགས་བྱུང་ཚུལ་ཧྲག་བསྡུས་ཡིན། །བོགས་སྐྱེད་ཆེ་བ་མ་ཐོན་ཀྱང་། །མ་ཚོར་ཉོན་མོངས་ཤུགས་ཀྱིས་འགག །མ་ཚོར་ཡེ་ཤེས་ཤུགས་ལ་སྐྱེས། །གསུངས་པའི་དོན་དང་རྗེས་མཐུན་ཙམ། །འདོད་ཆགས་ངེས་པར་མགོ་ནོན་ཅིང་། །འབར་ཤ་

p. 447

ལ་སོགས་ཐོས་ན་ཡང་། །སྔར་དང་མི་འདྲ་ཀོ་ལོང་ཆུང་། །གདུལ་བྱ་འགྲོ་དོན་བྱུང་ན་ཡང་། །སྔར་དང་མི་འདྲ་དགའ་ཚོར་ཆུང་། །འདོད་ཆགས་ཞེ་སྡང་གཉིས་པོ་ནི། །སྔར་ལས་བརྒྱ་འགྱུར་ཆུང་དུ་སོང་། །གཉིད་ནི་ཆུང་དུ་མ་སོང་ཡང་། །མི་ཤེས་པ་དང་མི་གོ་བ། །དེ་ནི་གཏི་མུག་ཡིན་པའི་ཕྱིར། །ཤེས་རབ་སྔར་ལས་ཆེ་བ་དང་། །མདོ་རྒྱུད་མན་ངག་གོ་བ་ནི། །སྔར་ལས་བརྒྱ་འགྱུར་ཆེ་བར་གྱུར། །མདོ་རྒྱུད་མན་ངག་ཐམས་ཅད་ཀུན། །ཉམས་ལེན་སྟེང་དུ་གནད་འགག་གཅིག །བདེ་གཤེགས་བཀའ་རྣམས་བླ་མར་ཤར། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རྣམ་པ་གསལ་ཡང་ངོ་བོ་སྟོང་། །ཆུ་ནང་ཟླ་བ་ལྟ་བུར་མཐོང་། །སྟོང་ཉིད་ངང་ལས་ཡེ་ཤེས་རྩལ། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །བསྐྱེད་རྫོགས་གཉིས་པོ་ཟུང་དུ་ཆུབ། །འོན་ཀྱང་མཉམ་རྗེས་འདྲེས་མ་ཐུབ། །མཉམ་རྗེས་འདྲེས་པའི་གདམས་པ་ཞིག །སུ་ལ་ཞུས་ཀྱང་མ་བྱུང་སྟེ། །རླུང་སེམས་གཉིས་མེད་གདམས་པ་ཡི། །དོན་ལ་གོ་བ་ལེགས་པོ་བྱུང་། །མཉམ་རྗེས་ཅི་བཞིན་འདྲེས་པ་ལ། །སྒོམ་མེད་རྟོགས་པ་སྐྱེ་དགོས་གསུངས། །སྒོམ་མེད་རྟོགས་པར་ཧ་ཐག་རིང་། །ཉམས་ཀྱི་

p. 448

མཉམ་རྗེས་འདྲེས་པ་ནི། །རྩེ་གཅིག་དུས་ནས་བྱུང་བ་ཡང་། །དེ་ནི་ཉམས་ཀྱི་གཡོས་ཡིན་པས། །གོ་མི་ཆོད་པར་བདག་གིས་སེམས། །རང་ལོ་ང་གཉིས་བྱི་བའི་ལོ། །སྔར་དང་ཅུང་ཟད་མི་འདྲ་བས། །བོགས་ཤིག་བྱུང་བ་འདྲ་སྙམ་ནས། །རང་ལ་ཐེ་ཚོམ་ཅུང་ཟད་བྱས། །རྒྱུན་དུ་མིན་པར་སྐབས་སྐབས་སུ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །ས་རྡོ་རི་བྲག་གྲོང་ཁྱེར་དང་། །སྐྱེ་འགྲོ་སེམས་ཅན་གང་མཐོང་བ། །རང་སེམས་ངོ་བོ་སྟོང་པ་དང་། །དབྱེར་མེད་གཅིག་ཏུ་འདྲེས་པའི་ཉམས། །ཆུ་སྣ་མང་པོ་ཆུ་སྣོད་དུ། །བླུགས་པ་དབྱེར་མེད་དང་འདྲ་བ། །དེ་ཡི་ཉམས་ཤིག་བྱུང་བ་འདི། །ཉམས་ཀྱི་རོ་གཅིག་ཡིན་ནམ་སེམས། །རྟོགས་པའི་རོ་གཅིག་ག་ལ་ཡིན། །དེ་དག་ལོ་རྒྱུས་ཐམས་ཅད་ནི། །རང་གི་ཉམས་མྱོང་ཁོ་ན་སྟེ། །དཔེ་རྒྱུད་དག་དང་བསྟུན་པ་མིན། །གོ་བའི་སྐྱ་རིས་བཀོད་པ་མིན། །གོ་བ་སྐམ་པོས་བཤད་ན་ནི། །སྒོམ་མེད་ཆེན་པོ་སངས་རྒྱས་ས། །དེ་བར་བཤད་ཀྱང་བཤད་རྒྱུ་ཡོད། །གཞི་ཡི་གོ་བ་དང་བསྟུན་ན། །ཡེངས་དང་མ་ཡེངས་ཁྱད་པར་མེད། །དྲན་པས་ཟིན་དང་མ་ཟིན་མེད། །རྒྱ་མཚོའི་ནང་གི་ཉ་མོ་ཁོ། །ཕྱོགས་བཞི་

p. 449

མཚམས་བརྒྱད་གར་འཕྱོས་ཀྱང་། །རྒྱ་མཚོ་མིན་པ་འགྲོ་ས་མེད། །དེ་བཞིན་རང་སེམས་རིག་པ་ཡང་། །དྲན་པས་ཟིན་རུང་མ་ཟིན་རུང་། །ཕྱག་རྒྱ་ཆེན་པོ་ཁོ་ན་ལས། །ནམ་ཡང་འདའ་བ་མེད་པ་སོགས། །དེ་བཞིན་རྒྱུ་འབྲས་དཀར་དང་ནག །མཐོ་རིས་ངན་སོང་དག་པའི་ཞིང་། །སྤྱོད་པ་རྩིང་དང་བཙུན་སོགས་ཀུན། །ཐམས་ཅད་ཕྱག་རྒྱ་ཆེན་པོ་ལ། །དབྱེར་མེད་དུ་མ་རོ་གཅིག་སོགས། །བཤད་པ་བདག་གིས་ཤེས་ལགས་ཀྱང་། གོ་བ་བཟང་པོ་ཡོད་ན་ཡང་། །དངོས་སུ་དེ་ལྟར་མ་རྟོགས་པའི། །གོ་བ་ཙམ་ལ་གདེང་བཅས་ནས། །སྟོང་སྐད་ཆེན་པོ་བཏོན་ན་ནི། །ཟོབ་ལ་དེ་བས་ཆེ་བ་མེད། །སྟོང་པའི་གོ་ཡུལ་ལ་བསྟེན་ནས། །རྒྱུ་འབྲས་མི་འཛེམས་དམ་ཚིག་དང་། །སྡོམ་པ་འཆལ་བ་བཏང་བ་ནི། །བདུད་ཀྱི་ལྟ་བ་བདུད་ཀྱི་ལས། །བདུད་ཀྱི་ཞགས་པ་ཐེབས་ངེས་སོ། །འོ་ན་སྲུང་མཚམས་བྲལ་བ་ཡི། །རྫོགས་ཆེན་ཨ་ཏིའི་དམ་ཚིག་སོགས། །གསུངས་པའི་དོན་དེ་ཅི་ཞེ་ན། །སྤྱོད་པ་དུས་ཚོད་དང་འབྲེལ་བ། །དེ་དག་སར་གནས་སེམས་དཔའ་ཡི། །སྤྱོད་ཡུལ་ཡིན་ཏེ་ད་ལྟ་མིན། །གོ་བའི་སྟོང་སྐད་མ་ཡིན་པར། །ཉམས་ལ་ཅི་ལྟར་ཤར་བ་ཡི། །

p. 450

རྫོགས་རིམ་སྒོམ་པའི་རྣམ་ཐར་འདི། །ལྔ་བཅུ་ཕྱེད་དང་ང་གཉིས་ཕན། །ཡིན་ཏེ་ད་རུང་ཚེ་མཇུག་འདིར། །ཕྱག་རྫོགས་དབྱེར་མེད་དོན་འདི་ལ། །རྩེ་གཅིག་ཉམས་སུ་ལེན་སྙམ་པའི། །འདུན་པ་ཞེ་དམ་དྲག་པོ་ཡོད། །རེ་ཞིག་འདི་ནི་རྫོགས་པ་སྟེ། །ཐམས་ཅད་རྫོགས་པ་མ་ཡིན་པས། །དེ་ནས་ལྕགས་ཕོ་བྱི་བའི་ལོ། །སྤྲེལ་ཟླའི་ཚེ་བཅུ་ནས་བཟུང་སྟེ། །མངྒ་ལཾ།། བཀྲ་ཤིས།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་གྱི་སྤྱི་དོན་དང་མདོ་རྒྱུད་ཀྱི་ལུང་དང་མི་འགལ་བར་སྤྱོད་པའི་རྣམ་ཐར་མཁས་རྣམས་དགྱེས་པའི་སྒྲ་སྙན།

p. 451
p. 452

༄༅། དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་གྱི་སྤྱི་དོན་དང་མདོ་རྒྱུད་ཀྱི་ལུང་དང་མི་འགལ་བར་སྤྱོད་པའི་རྣམ་ཐར་མཁས་རྣམས་དགྱེས་པའི་སྒྲ་སྙན་བཞུགས།།

p. 453

ན་མོ་ཤཱཀྱ་མུ་ནེ་ཡེ། །མདོ་རྒྱུད་མན་ངག་ལུང་རྣམས་ཐམས་ཅད་ལས། །ཐོག་མར་བླ་མ་བསྟེན་དགོས་གསུངས་པ་སྟེ། །འཕགས་པ་སྡུད་པ་ལས་ཀྱང་འདི་སྐད་དུ། །སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་དེ་ལ་བསྟེན་ལུགས་རྣམ་པ་གཉིས། །རྒྱལ་བ་འབྲོམ་དང་གཙང་པ་རྒྱ་རས་དང་། །རྒྱལ་བ་ཡབ་སྲས་ལ་སོགས་བཞེད་པ་ལ། །མདོ་རྒྱུད་རྣམས་ནས་རྒྱ་ཆེར་གསུངས་པ་ལྟར། །མཚན་ཉིད་ལྡན་ཞིང་སྐྱོན་བྲལ་ཡོན་ཏན་ལྡན། །དེ་འདྲའི་བླ་

p. 454

མ་གཅིག་གམ་འགའ་ཟུང་ཙམ། །བསྟེན་ན་རྒྱུད་པ་གཙང་ཞིང་དམ་སེལ་མེད། །ཕ་མང་བུ་བཞིན་རུས་པ་མི་གཏོང་བར། །རང་རང་བསྟན་པའི་རྐང་ནི་ཟིན་པ་ཡིན། །བླ་མ་མང་ལ་ངན་པ་འགའ་བསྟེན་པས། །གདམས་ངག་སྤྱང་པོའི་རྩམ་པ་ལྟ་བུ་འོང་། །འཕྱོན་མའི་བུ་བཞིན་ཆོས་རྒྱུད་རྐང་མི་ཟིན། །རྒྱུད་པ་ཐག་རུལ་བྲིང་རུལ་མཐུད་འདྲར་འོང་། །རྒྱུད་པ་གཞན་དང་ཆོས་རྒྱུད་གཞན་གྱིས་བསླད། །བར་ཆད་ལྡང་ཞིང་ས་ཟིན་མི་འོང་གསུངས། །དེ་བཞིན་དམ་པའི་ཞི་བྱེད་གཞུང་ལས་ཀྱང་། །དམ་ཉམས་རྒྱུད་པ་འདྲེས་ཁྱེར་རྒྱུད་པ་དང་། །རང་བཟོའི་རྒྱུད་པ་

p. 455

གསུམ་པོས་མ་བསླད་དགོས། །དེས་བསླད་མཆོག་གི་དངོས་གྲུབ་མི་ཐོབ་སྟེ། །འབད་པས་འགྲུབ་ན་བྱིན་རླབས་སྣ་རེ་དང་། །སྲིང་ངེ་བ་རྣམས་བྱུང་དུ་རུང་བར་གསུངས། །མི་བསྐྱོད་ཞབས་ཀྱིས་བླ་མ་གང་རེད་ཀྱི། །བླ་མ་བྱས་ཀྱང་བླ་མའི་གོ་མི་ཆོད། །གསོལ་བ་ཁྱི་བཏབ་ཕག་བཏབ་དགོས་པ་མེད། །བླ་མ་མིན་པ་བླ་མར་མ་བཅོས་པ། །བླ་མ་ཡིན་པ་བླ་མར་བྱོན་པ་ཡི། །སངས་རྒྱས་མཉན་པ་འདྲ་ཞིག་དགོས་དོ་གསུངས། །འགྲོ་བའི་མགོན་པོ་ས་སྐྱ་པཎྜི་ཏས། །ཐུན་མོང་དངོས་གྲུབ་བླ་མ་ཀུན་གྱིས་སྩོལ། །མཆོག་གི་དངོས་གྲུབ་མཚན་ཉིད་ལྡན་པ་ཡི། །རྩ་བའི་བླ་མ་མིན་པས་མི་སྩོལ་གསུངས། །འོ་ན་མཚན་ལྡན་བླ་མ་སྙིགས་དུས་དཀོན། །མཚན་ལྡན་མ་རྙེད་ཇི་ལྟར་བྱ་ཞེ་ན། །དུས་ཀྱི་འཁོར་ལོ་དོན་དམ་རྙེད་པ་ལས། །འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་བཞིན་སློབ་མ་མཁས་པ་རྣམས་ལ་བླ་མ་གསེར་བཞིན་དུ། །ལེགས་པར་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་

p. 456

ཡིན་། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་བསྐྱེད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་གསུངས་བླ་མའི་སྐྱོན་དང་ཡོན་ཏན་གཉིས། །ཅུང་ཟད་ཡོན་ཏན་ཆ་ཆེ་བསྟེན་རུང་གསུངས། །དེ་བཞིན་གུ་རུ་པདྨ་འབྱུང་གནས་ཀྱིས། །དཔེར་ན་བུང་བས་མེ་ཏོག་ལེགས་ཉེས་ལ། །བརྟག་པར་མི་བྱེད་ཀུན་གྱི་བཅུད་འཇིབ་ལྟར། །གདམས་ངག་ཚོལ་དུས་བླ་མ་མི་བརྟག་པར། །ཀུན་གྱི་ཡོན་ཏན་གང་འདུག་ལེན་པ་ནི། །བུང་བ་ལྟ་བུའི་སྤྱོད་པ་ཡིན་གསུངས་ནས། །རྫ་མཁན་རྒན་མོ་ལ་ཡང་ཕྱག་འཚལ་ནས། །རྫ་དང་ཇོ་མོ་དཀར་ཡོལ་བསླབ་པར་མཛད། །དེ་བཞིན་པཎ་ཆེན་ཇོ་བོ་ཨ་ཏི་ཤས། །བླ་མ་བརྒྱ་དང་ལྔ་བཅུ་བསྟེན་གསུངས་པས། །དེ་དག་ཁྱེད་ལས་ལྷག་གམ་ཞེས་ཞུས་པས། །ང་ཡི་ཡོན་ཏན་བརྒྱ་ཡི་ཆ་ཙམ་དང་། །སྟོང་གི་ཆ་ལས་མེད་པའང་ཡོད་དོ་གསུངས། །མཆོག་གྱུར་མེ་ཏྲི་པ་དང་གསེར་གླིང་པ། །དེ་གཉིས་ཡོན་ཏན་བསམ་གྱིས་མི་ཁྱབ་གསུངས། །གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོས་ཀྱང་། །བླ་མ་ལྔ་བརྒྱ་ལྷག་ཙམ་བསྟེན་པ་ལས། །ཡུགས་ས་མོ་དང་བཙུན་ལོག་ཡ་ཕོ་སོགས། །དེ་དག་ལ་ཡང་དབང་དང་

p. 457

གདམས་ངག་ཞུས། །རྔོག་ལོ་ཆེན་པོ་ལ་སོགས་བཀའ་གདམས་པས། །གང་ཟག་སྐྱོན་གྱིས་ཆོས་ལ་མི་གོས་ཏེ། །དཔེར་ན་ཡུར་ཆུ་ཞིང་ཏུ་ཕྱིན་གྱུར་ན། །ཡུར་བ་གཙང་དང་མི་གཙང་ཁྱད་པར་མེད། །དེ་བཞིན་ཆོས་དེ་སློབ་མས་ཐོབ་པ་ན། །རྒྱུད་རིམ་བཟང་ངན་ཁྱད་པར་མེད་ཅེས་བཤད། །དེ་ལྟར་བླ་མ་བསྟེན་ལུགས་རིགས་གཉིས་ལས། །དགེ་སློང་རཱ་ག་ཨ་སྱ་བདག་གིས་ནི། །བུང་བ་ལྟ་བུའི་སྤྱོད་པ་དེ་བྱས་ཏེ། །འོད་མཚན་ཅོད་པན་འཆང་བ་མན་ཆད་ནས། །རང་གི་ཡབ་རྒན་རྣལ་འབྱོར་ཡན་ཆད་ཀྱི། །ཆོས་འབྲེལ་ཞུས་པའི་བླ་མ་བཞི་བཅུ་ཙམ། །ལ་ལ་སུམ་ལྡན་རྡོ་རྗེ་འཛིན་པར་གྱུར། །ལ་ལར་ལུང་ཞུས་ལ་ལར་དབང་འབྲེལ་ཞུས། །ལ་ལར་ཁྲིད་དངམན་ངག་གདམས་པ་དང་། །ལ་ལར་རིག་གནས་ཕྲན་བུ་ཡན་ཆད་བསླབ། །གྲུབ་ཐོབ་གཙང་པ་རྒྱ་རས་ཞལ་སྔ་ནས། །དག་སྣང་དེ་ཚོ་ཆོས་མཛད་ཡོངས་ལ་སྦྱང་། །གསོལ་བ་དེ་དཔལ་ལྡན་འབྲུག་པ་ལ་འདེབས། །ཞེས་གསུངས་ལྟར་དུ་གཅིག་ཆོག་བླ་མ་རྗེ། །འོད་མཚན་འཆང་བ་སྤྱི་བོའི་རྒྱན་དུ་བཀོད། །མི་བསྐྱོད་ཞབས་ཀྱི་གསུངས་ལས་བྱུང་བ་ལྟར། །གསོལ་བ་ཁྱི་བཏབ་ཕག་བཏབ་མ་བྱས་ཀྱང་། །དབང་

p. 458

འབྲེལ་ཐོབ་པའི་བླ་མ་ཐམས་ཅད་ལ། །ཡི་དམ་དེ་ཉིད་དངོས་སུ་དག་སྣང་སྦྱངས། །ལུང་དང་མན་ངག་ལ་སོགས་བྱིན་པ་རྣམས། །སར་གནས་སེམས་དཔའ་ཙམ་དུ་མོས་པར་བྱས། །ལུས་ངག་ཡིད་དང་ཟང་ཟིང་ལ་སོགས་པ། །ཇི་ལྟར་འོས་དང་འབྱོར་པའི་བཀུར་སྟི་བགྱིད། །ཉིད་རྣམས་གཟིགས་ངོར་ཅི་ཡོད་མི་ཤེས་ཀྱང་། །རང་གི་ངོས་ནས་ཡེ་ཤེས་སྤྱན་ལྡན་པའི། །མཁའ་འགྲོ་ཆོས་སྐྱོང་ཐུགས་མི་ཁྲེལ་བར་བྱས། །ད་དུང་ཇི་སྲིད་འཚོ་ཡི་བར་དུ་ནི། །ནམ་ཞིག་རྣམ་མཁྱེན་བྱང་ཆུབ་མ་ཐོབ་བར། །དགེ་བའི་བཤེས་གཉེན་བསྟེན་ལ་ཆོག་ཤེས་མེད། །རྙེད་དང་བཀུར་སྟི་དང་ནི་རིམ་གྲོ་ཡིས། །དགེ་བའི་བཤེས་རྣམས་མཉེས་པར་བྱེད་པར་སྨོན། །དགེ་བའི་བཤེས་གཉེན་བསྟེན་པའི་སརྒ་ཏེ་དང་པོའོ།། །།དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤངས་བར་འགྱུར་། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་ཕྱིར་ན་ཐོས་པ་གལ་ཆེ་བས། །དེ་ལ་ཡང་ནི་བཤད་ལུགས་གཉིས་སྣང་སྟེ། །ཀུ་ས་ལི་དང་པཎྜི་ཏ་ཡི་ལུགས། །དང་པོ་

p. 459

ཀུ་ས་ལི་ཡི་ལུགས་ལ་ནི། །ཤེས་བྱ་རེ་རེའི་མཐའ་ཡང་ཆོད་མིན་ཏེ། །དཔེར་ན་ནམ་མཁའ་འདོམ་གྱིས་འཇལ་དང་འདྲ། །ཚེ་ལ་ལོང་མེད་ནམ་འཆི་ངེས་པ་མེད། །མཚན་ལྡན་བྱིན་རླབས་རྟོགས་པར་ལྡན་པ་ཡི། །བླ་མ་གཅིག་བསྟེན་གདམས་ངག་སྣ་གཅིག་བསྒོམ། །གེགས་སེལ་བོགས་འདོན་གསོལ་འདེབས་ཁོ་ནས་ཆོག །དེ་ལྟར་འབད་ན་སྒོམ་བྱུང་ཤེས་རབ་འབར། །གཅིག་ཤེས་ཀུན་ལ་མཁས་ཤིག་འབྱུང་བར་བཤད། །དེ་ནི་དབང་རྟུལ་དད་པའི་རྗེས་འབྲང་ཡིན། །པཎྜི་ཏ་ཡི་ལུགས་ནི་འདི་ལྟ་སྟེ། །རིག་པའི་གནས་ལྔ་ཀུན་ལ་མ་སྦྱངས་ན། །འཕགས་པ་ཡིན་ཀྱང་ཐམས་ཅད་མཁྱེན་མི་ཐོབ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །མི་བསླབ་པ་ཡི་ཤེས་བྱ་ཡོད་པ་མིན། །ཐོས་པས་ཕྱི་ཡི་སྒྲོ་འདོགས་མ་བཅད་ན། །ལམ་རྒྱུས་མེད་ལ་མཚན་འགྲོས་བྱེད་པ་ལྟར། །གེགས་དང་གོལ་ས་ལོག་པའི་ལམ་དུ་གོལ། །བྱང་ཆུབ་སྒྲུབ་པའི་ཐབས་ཀྱང་མི་ཤེས་པར། །འབེན་མ་མཐོང་བའི་མདའ་དང་མུན་ནག་རྡོ། །མཚུངས་པར་དགྲ་གཉེན་སུ་ཕོག་ཆ་མ་མཆིས། །དེ་ཕྱིར་ཐོག་མར་ཐོས་བསམ་བྱ་དགོས་གསུངས། །ལུགས་དེ་གཉིས་པོ་གང་ལེགས་ཞེ་ན་ནི། །བདག་གི་

p. 460

འདྲེན་པ་ཐམས་ཅད་མཁྱེན་པ་ཡིས། །བྱུང་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་ལེགས། །ཞལ་ནས་གསུངས་པ་བདག་གིས་དངོས་སུ་ཐོས། །བདག་ཀྱང་ཆོས་ཀྱི་རྗེས་འབྲང་བྱ་སྙམ་ནས། །ཡི་གེ་ཀློག་དང་འབྲི་བའི་འདེབ་ཁ་དང་། །སུམ་རྟགས་ལ་སོགས་བོད་སྒྲའི་འབྲེལ་པ་བཞག །ལན་ཚ་བྲི་དང་ཨོ་རྒྱན་ཡི་གེའི་རིགས། །མཚམས་སྦྱོར་རྐང་ལྔ་པ་སོགས་ཡན་ཆད་ཡང་། །འབྲི་ཐུབ་གོ་བ་བག་ཙམ་ཡོད་པ་དང་། །སྔགས་ཀྱི་སྒྲ་གྲོགས་བཀླག་ཐབས་མང་པོ་སོགས། །སྒྲ་ཡི་རིག་པ་ལ་ཡང་འབྲེལ་པ་བཞག །སྙན་ངག་ཚིག་རྒྱན་མིང་གི་མངོན་བརྗོད་སོགས། །དོགས་པ་བཅད་ཅིང་འབྲེལ་པ་ཅུང་ཟད་བཞག །བསྡུས་ར་རྒྱུ་འབྲས་རྫས་ལྡོག་སྤྱི་བྱེ་བྲག །རྐང་ཁྱབ་ཚིག་འཁྲི་གཉིས་ཀར་འབྲེལ་པ་བཞག །རིག་གཞུང་རྒྱ་མཚོ་འཇམ་དཔལ་བཞེད་པ་གཉིས། །ཅུང་ཟད་བཟུང་ཞིང་དེ་བཞིན་དབུ་ཕར་དང་། །འདུལ་བ་མངོན་པ་སོགས་ལ་འབྲེལ་པ་བཞག །གཞུང་ཚིག་ཕལ་ཆེར་རྟགས་གསལ་བཀོད་པ་དང་། །རིགས་ལུང་བཏང་ན་ལག་མ་ཐོགས་ཙམ་གྱི། །འབྲེལ་པ་ཅུང་ཟད་ཙམ་རེ་བཞག་པ་ཡིན། །གསོ་རིག་རྒྱུད་བཞི་བྱེ་རིལ་ཉམས་ཡིག་སོགས། །བལྟས་ཤིང་སྤྱད་ཚེ་

p. 461

གོ་བ་མི་ཐོབ་མེད། །སྔོ་སྨན་རྣམས་ལ་སྡུམ་ཁྲིད་ལན་གཅིག་བྱས། །རི་མོ་འབུར་སྐུ་རྣམས་ཀྱང་ཆོབ་ཙམ་བསླབས། །ལྷ་ཡི་ཐིག་རྩ་དཀྱིལ་འཁོར་ཐིག་རྩ་དང་། །ཐབ་ཐིག་མཆོད་རྟེན་ཐིག་ལ་འབྲེལ་པ་བཞག །གཤིན་རྩིས་གསོན་རྩིས་བག་རྩིས་བཙས་ཀླུང་རྩིས། །རྒྱུ་ལྡོག་ཐེབ་ལྡོག་ས་རིས་མང་ཞིག་བསླབས། །མདོས་ཟློག་བསྐང་བ་ལྷ་གསོལ་སྲི་མནན་དང་། །གླུད་མདོས་དཀར་མདོས་མན་ངག་བཅོས་མང་བསླབས། །མདོར་ན་རིག་གནས་ཆེ་ཕྲ་ཕལ་ཆེར་ལ། །འབྲེལ་པ་སྣ་རེ་ངེས་པར་བཞག་པ་ཡིན། །འགྲོ་མགོན་ས་སྐྱ་པཎྜི་ཏ་ཡིས་གསུངས། །བློ་ངན་ཤེས་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །གསུང་ཕྱིར་དགེ་བཤེས་ཚད་ལྡན་ལ་ལ་ཡིས། །གཅིག་ལ་མཐའ་རུ་ཕྱིན་པར་བྱ་དགོས་གསུངས། །དེ་ཡི་ལུགས་ལ་གང་ཡིན་གཞུང་གཅིག་གི །གཞུང་དེ་བློར་བཟུང་དེ་ཡི་ཊཱིཀྐ་དང་། །སྤྱི་དོན་བློར་བཟུང་དེ་ནས་དགེ་རྒན་གྱི། །ངག་ཁྱབ་ལ་བརྟེན་སྦྱོར་བ་བཀོད་པ་དང་། །དེ་ནས་འབྱམས་བཤད་ངག་བསླབས་མཐར་ཕུད་དེ། །པོ་ཏི་མགོ་མཇུག་བགྲོ་གླེང་ལ་ཕན་ནས། །རང་ལུགས་གཞན་ལུགས་ཁྱེར་སོ་

p. 462

སེམས་ལ་བཅངས། །རང་ལུགས་བདེན་པའི་ལུང་རིགས་ཕུགས་སུ་ཁུར། །གཞན་ལུགས་བཅོམ་པའི་རིགས་པ་རྣོ་ངར་ཕྱུང་། །དེ་ནས་དེ་ཡི་མཐའ་རྒྱ་གཅོད་པའི་ཕྱིར། །གཞན་ལུགས་དེ་ཡི་འགྲེལ་ཆེན་ཀུན་ལ་ལྟ། །ཀཾ་ཚང་མཁས་པ་འཛམ་གླིང་ཡོངས་གྲགས་དེས། །ཚད་མ་རྣམ་འགྲེལ་ཁོ་ནའི་འགྲེལ་ཆེན་ལ། །པོ་ཏི་སུམ་ཅུ་སོ་གཉིས་བློར་བཟུང་སྐད། །དེ་འདྲ་བྱས་ན་མཁས་པའི་གྲངས་སུ་འགྲོ། །དེ་མིན་གཞུང་འགྲེལ་བློ་ལ་མེད་པ་རུ། །གོ་བ་བཟང་ཡང་གོ་བའི་རོ་ཡིན་པས། །གྲྭ་ས་ཐུབ་པའི་མཁས་མིང་མི་ཐོགས་ཤིང་། །སློབ་དཔོན་ངག་ཁྲིད་རིགས་ལུང་མ་འགྲིམ་པའི། །དཔེ་ལྟས་བྱས་པས་གོ་ཤེས་ཆེ་ན་ཡང་། །ཁ་ནག་ཡིག་ནག་ཨ་མཆོད་ཡོན་ཏན་ཞེས། །མཚན་ཉིད་ལུགས་ཀྱིས་ཡོན་ཏན་རྩིས་མེད་དོ། །ཡང་ནི་དགེ་བཤེས་ལ་ལའི་བཤད་པ་ལ། །རིག་གནས་རེ་རེ་ཙམ་ཡང་མཐའ་ཆོད་པ། །སངས་རྒྱས་མ་ཐོབ་བར་དུ་ཡོད་མི་སྲིད། །དཔེར་ན་ཡི་གེ་ཁོ་ནའི་མཐའ་ལ་ཡང་། །ཡིག་རིགས་དྲུག་ཅུ་རྩ་བཞི་ཡོད་པར་གསུངས། །དེ་ལ་མ་འདུས་གཏེར་ཡིག་དཔག་ཏུ་མེད། །འཛམ་བུ་གླིང་འདིར་སྐད་རིགས་མི་གཅིག་པ། །སྟོང་དང་རྩ་བརྒྱད་ཚད་

p. 463

ཙམ་ཡོད་པའི་ཕྱིར། །དེ་དག་སོ་སོར་རྩ་ཡི་ཟུག་ཚུལ་རེད། །རྩ་མདུད་སོ་སོའི་གཟུགས་སུ་ཡི་གེ་ཡོད། །དེ་ལྟར་ཡི་གེ་ཉིད་ཀྱང་མཐའ་ཡས་ན། །རིག་གནས་གཞན་རྣམས་དེ་བས་ལྟ་ཅི་སྨོས། །མཐའ་གཅོད་འདོད་པ་ནམ་མཁའ་འདོམ་འཇལ་འདྲ། །མཐའ་མ་ཆོད་ཀྱང་མཁས་པར་བྱ་སྙམ་ན། །རྒྱ་བོད་ཀུན་དུ་དབུ་མའི་མཁས་མཆོག་ཏུ། །ཉི་མ་ཟླ་བ་ལྟ་བུར་ཡོངས་གྲགས་པ། །ཟླ་བ་གྲགས་པས་དབུ་མའི་མཐའ་མ་ཆོད། །ནམ་མཁའ་ཟད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདི་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །ཞེས་སོགས་དབུ་མ་འཇུག་པ་ཉིད་དུ་གསུངས། །བོད་ལ་མཁས་པ་ཀུན་མཁྱེན་བུ་རོང་གཉིས། །ལྕགས་སྨྱུག་བཅུ་དྲུག་རེ་རེ་མ་ཟད་བར། །ས་རིས་བྲིས་ཀྱང་མཐའ་ནི་མ་ཆོད་སྐད། །དེ་ཕྱིར་མཁས་དང་མཐའ་ནི་ཆོད་པའི་དུས། །ཐམས་ཅད་མཁྱེན་པ་མ་ཐོབ་བར་དུ་མེད། །ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་རྒྱུ། །ད་ལྟ་རིག་གནས་ཀུན་ལ་འབྲེལ་བཞག་ཅིང་། །སྨོན་ལམ་བཏབ་ན་ཀུན་མཁྱེན་རྒྱུར་འགྱུར་ཞིང་། །རིག་གནས་ཀུན་ལ་འབྲེལ་པ་བཞག་པར་བྱ། །དེ་ལྟར་བཞེད་པ་གཉིས་ལ་ཕྱི་མ་ཡི། །ལུགས་སུ་བྱས་

p. 464

ནས་རཱ་ག་ཨ་སྱ་བདག །རིག་གནས་ཀུན་ལ་འབྲེལ་པ་བཞག་པ་ཡིན། །དེ་ནས་རྒྱལ་བའི་བསྟན་ལ་རིམ་པར་ཞུགས། །སྡོམ་པ་གསུམ་ཡང་རིམ་བཞིན་ལེགས་པར་ཞུས། །དཀྱིལ་འཁོར་དྲུག་ཅུ་རེ་བགྲངས་དབང་ཞུས་ཤིང་། །བརྡ་དབང་རྗེས་གནང་བཀའ་གཏད་མི་གཅིག་པ། །སྣ་ཁ་སུམ་བརྒྱ་དྲུག་ཅུ་ལྷག་ཙམ་ཐོབ། །ཤོག་ཚད་ཁ་གྲས་ཡིག་ཕྲེང་བདུན་པ་ལ། །ཤོག་གྲངས་སུམ་བརྒྱ་ཙམ་ལ་ཆགས་བཞག་ན། །པོ་ཏི་བརྒྱད་ཅུ་གྱ་གྲངས་ཙམ་ཞིག་གི །ཀློག་ལུང་ཐོབ་ཅིང་ཞལ་ཁྲིད་མང་དུ་ཡོད། །ཉམས་ཁྲིད་སྣ་ཁ་བདུན་བརྒྱ་ཙམ་ཞིག་ཐོབ། །མདོ་མང་རྒྱུད་འབུམ་བུ་སྟོན་ཆོས་འབྱུང་དང་། །དཔའ་བོའི་ཆོས་འབྱུང་བཀའ་ཆེམས་རྒྱལ་རབས་དང་། །མདོར་ན་ས་དགེ་རྙིང་མ་བཀའ་བརྒྱུད་དང་། །བོན་ལུགས་ལ་སོགས་གྲུབ་མཐའ་ཕྱོགས་མེད་ཀྱི། །བཤད་དང་སྒྲུབ་པ་རྣམ་ཐར་ལ་སོགས་ཆོས། །གང་ལའང་ཕྱོགས་རིས་མེད་པར་ལྟ་རྟོག་བགྱིས། །རྒྱུན་དུ་ཡིད་ལ་འཇག་པ་དཀའ་ན་ཡང་། །ལྟ་ཚེ་དོན་དེ་མི་གོ་འགའ་ཡང་མེད། །ཐམས་ཅད་གནད་འགག་གཅིག་ཏུ་འབབ་པར་གོ །ད་རུང་རྣམ་མཁྱེན་བྱང་ཆུབ་མ་ཐོབ་བར། །ཐོས་པས་ངོམ་པ་མེད་དེ་ཐོས་པ་

p. 465

བསག །ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད་པ་ཡི། །རྣམ་ཐར་འདི་ནི་ས་གཉིས་པའོ།། །།འགའ་ཞིག་གོ་བ་མེད་ན་ཡང་། །ཐོས་པའི་ཕན་ཡོན་བསམས་ནས་ཉན་པ་ཡོད་། །དེས་ཀྱང་ཕྱི་མ་ཐོས་པའི་ཕན་ཡོན་ཐོབ། །འོན་ཀྱང་ཐོས་པའི་དོན་དེ་མ་གོ་ན། །ཉམས་སུ་ལེན་རྒྱུའི་ལམ་དེ་མི་ཤེས་པས། །ཐོས་པའི་དོན་དེ་བསམ་གཞིག་གོ་བ་ལན། །དགོས་ཕྱིར་བདག་ལ་གོ་བ་སྐྱེས་པའི་ཚུལ། །བྲི་བར་མི་ལོངས་རྩ་ཚིག་ཟུར་ཙམ་ནི། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དཀའ་ཞིང་། །ནམ་འཆི་ཆ་མེད་འཆི་བའི་དུས་བབ་ན། །སུས་ཀྱང་བཟློག་ཏུ་མེད་པར་སྙིང་ནས་གོ །ཤི་ནས་གར་འགྲོ་ལས་དབང་གཙོ་ཆེ་ཞིང་། །ལས་ནི་དགེ་བས་མཐོ་རིས་བདེ་བ་ཐོབ། །མི་དགེའི་ལས་ཀྱིས་ངན་འགྲོའི་སྡུག་བསྔལ་དང་། །མི་གཡོའི་ལས་ཀྱིས་གོང་མའི་ལྷར་སྐྱེ་ཞིང་། །གང་དུ་སྐྱེས་ཀྱང་སྡུག་བསྔལ་འཁོར་ལོ་འཁོར། །དེ་ལས་སྐྱོབ་ནུས་བླ་མ་དཀོན་མཆོག་གསུམ། །དེ་ལ་བློ་གཏད་སྐྱབས་སུ་འགྲོ་དགོས་སོ། །ངན་སོང་སྤངས་ནས་མཐོ་རིས་བདེ་སྐྱིད་རྣམས། །ཐོབ་ཕྱིར་སྡིག་སྤངས་དགེ་ལ་འབད་པ་ནི། །འཇིག་རྟེན་ལྷ་མིའི་ཐེག་པ་ཡིན་པར་གོ །འཁོར་བའི་བདེ་བ་འབྲས་

p. 466

ཆེན་དུག་འདྲེས་བཞིན། །འཕྲལ་དུ་བདེ་ཡང་ཕུགས་སུ་གནོད་པ་སྐྱེད། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་ལའང་། །འདོད་པ་མེད་པར་རང་ཉིད་ཐར་འདོད་པ། །དམན་པ་ཉན་ཐོས་ཐེག་པ་ཡིན་པར་གོ །དེ་ཡང་གཞན་དྲིང་མི་འཇོག་རང་སྟོབས་ཀྱིས། །འབྲས་བུ་ཐོབ་འདོད་རང་རྒྱལ་ཐེག་པར་གོ །རང་ཉིད་ཁོ་ན་ཐར་བས་ཕན་མེད་དེ། །སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་མེད། །དེ་དག་ཐམས་ཅད་བདེ་ལ་འགོད་པའི་ཕྱིར། །བྱང་ཆུབ་མཆོག་ཏུ་རང་གི་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་པ་བཅུ་ལ་ཉམས་བླངས་པས། །གྲངས་མེད་གསུམ་ལ་མངོན་པར་སངས་རྒྱས་པ། །ཐེག་ཆེན་བྱང་ཆུབ་སེམས་དཔའི་ལམ་དུ་གོ །བྱང་ཆུབ་སེམས་དཔས་གཞན་དོན་བྱེད་པ་ལ། །འགྲོ་ལ་གང་ཕན་ཐམས་ཅད་བསྒྲུབས་དགོས་པས། །རིག་གནས་ཐམས་ཅད་གང་ཡང་བསླབ་དགོས་སོ། །ཆོས་ཀྱི་འབྱུང་གནས་སྟོན་པ་སངས་རྒྱས་ལ། །མུ་སྟེགས་པ་ཡིས་སྐུར་པ་མང་བཏབ་པས། །ཤཱཀ་ཐུབ་ཚད་མའི་སྐྱེས་བུར་བསྒྲུབ་ཕྱིར་དང་། །རྒྱུ་འབྲས་མེད་དང་ཕྱི་མ་མེད་པ་སོགས། །མུ་སྟེགས་ལྟ་ལོག་རིགས་པས་ཚར་བཅད་ནས། །ཡང་དག་མཆོག་གི་ལམ་ལ་

p. 467

གཞུག་པའི་ཕྱིར། །ཚད་མའི་བསྟན་བཅོས་གསུངས་པ་ཡིན་པར་གོ །བོད་དུ་མུ་སྟེགས་དངོས་ནི་མེད་ན་ཡང་། །དེ་དང་ཆ་མཐུན་ལྟ་གྲུབ་ལོག་པ་རྣམས། །སུན་འབྱིན་ཡང་དག་ལམ་ལ་གཞུག་པའི་ཕྱིར། །ཚད་མ་བསླབ་པའི་དགོས་པ་ཡིན་པར་གོ །ཚད་མའི་ཕྱོགས་མཐུན་བསྟན་ཆོས་བསྡུས་སྒྲ་ནི། །རིགས་པའི་སྒོ་ཕྱེས་མཁས་རྣམས་ཐུགས་དགྱེས་ཤིང་། །གང་ཡང་སྤོབས་པོར་མི་ལུས་བསྡར་ཤ་གཅོད། །མ་རྟོགས་པ་དང་ལོག་རྟོག་ཕྱོགས་རྟོགས་འཇོམས། །འཁྲུལ་མེད་གོ་བ་རྣམ་དག་བསྐྱེད་པའི་ཕྱིར། །བསྡུས་ར་འདི་ནི་ཐམས་ཅད་གསལ་བ་ཡི། །མིག་དང་འདྲ་བར་བདག་གིས་གོ་བ་རྙེད། །འཁོར་བ་དང་ནི་མྱ་ངན་འདས་པའི་ལམ། །ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་དང་། །རྒྱུ་དང་འབྲས་བུ་རྣམ་མཁྱེན་བྱང་ཆུབ་བར། །སྡུག་བསྔལ་བདེན་པ་ཞེས་བྱ་ངན་སོང་གསུམ། །ཀུན་འབྱུང་བདེན་པ་ཉོན་མོངས་བརྒྱད་ཁྲིའི་ཚོགས། །འགོག་པའི་བདེན་པ་ཉོན་མོངས་སྤང་པའི་འབྲས། །ལམ་གྱི་བདེན་པ་རྣམ་མཁྱེན་ལ་སོགས་པ། །འཕགས་པ་བཞི་པོ་སོ་སོའི་ཡོན་ཏན་ཏེ། །དེ་དག་རྒྱས་པར་བཤད་པ་མངོན་པར་མཛོད། །འདི་ནི་འཇིག་རྟེན་མིག་དང་འདྲ་བར་གོ །

p. 468

གཞི་ཡི་ཤེར་ཕྱིན་ཆོས་དབྱིངས་བྱང་ཆུབ་སེམས། །ལམ་གྱི་ཤེར་ཕྱིན་བསྒོམ་བྱའི་ཉམས་ལེན་ཆོས། །འབྲས་བུའི་ཤེར་ཕྱིན་ཐོབ་བྱ་རྣམ་ཀུན་མཁྱེན། །གཞི་ནི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་ཅན། །ཀུན་ལ་གནས་པའི་ངེས་པ་རྙེད་བྱས་ནས། །བྱང་ཆུབ་སེམས་བསྐྱེད་ས་བཅུ་ལམ་ལྔ་བགྲོད། །ཀུན་ཏུ་འོད་ཀྱི་ས་ལ་བྱང་ཆུབ་ནས། །མཛད་པ་བཅུ་གཉིས་འགྲོ་བའི་དོན་བསྒྲུབས་ནི། །བསྟན་ཆོས་མངོན་རྟོགས་རྒྱན་གྱི་བརྗོད་བྱ་སྟེ། །དུས་གསུམ་རྒྱལ་བའི་གཤེགས་ལམ་ཡིན་པར་གོ །ཡོད་དང་མེད་དང་ཡོད་མེད་གཉིས་ཀ་དང་། །གཉིས་ཀ་མིན་པའི་མཐའ་དང་རྟག་ཆད་སོགས། །མཐའ་བཞི་ལ་སོགས་སྤངས་བ་དབུ་མའི་ལམ། །ལུང་དང་རིགས་པས་སྣོད་བཅུད་སྟོང་པ་ཉིད། །གཏན་ལ་འབེབས་ནས་དེ་དོན་ཉམས་ལེན་ཐབས། །མདོ་ལུགས་ལྟ་བའི་རྩེ་མོ་ཡིན་པར་གོ །སྡོམ་པ་མ་ཐོབ་པ་རྣམས་ཐོབ་པའི་ཐབས། །ཐོབ་པའི་སྡོམ་པ་མི་ཉམས་བསྲུང་བའི་ཐབས། །གལ་ཏེ་ཉམས་ན་ཕྱིར་ལ་འཆོས་པའི་ཐབས། །གསོ་སྦྱོང་དགག་དབྱེ་ལ་སོགས་གཞི་གསུམ་པོ། །འདུལ་བ་མདོ་རྩ་ནས་གསུངས་གཞི་བཅུ་བདུན། །ཤཱཀ་ཐུབ་བསྟན་པ་དངོས་གཞི་སྟོན་པའི་

p. 469

ཚབ་། །བཅོམ་ལྡན་དངོས་སུ་བཞུགས་དང་མཚུངས་པར་གོ །དེ་དག་རྒྱུ་ཡི་ཐེག་པ་ཞེས་བྱ་སྟེ། །ལམ་ཐག་རིང་ཞིང་དཀའ་ཚེགས་ཆེ་བ་སྟེ། །ཐབས་མང་དཀའ་ཚེགས་ཆུང་ཞིང་ལམ་ཉེ་བ། །འབྲས་བུ་མྱུར་དུ་ཐོབ་པས་འབྲས་བུའི་ཆོས། །དེ་ལ་རྒྱུད་སྡེ་བཞི་རུ་གསུངས་པ་ལས། །སྨྱུང་གནས་ལ་སོགས་གཙང་སྦྲ་གཙོར་བྱེད་ཅིང་། །ཡི་དམ་མདུན་དུ་བསྒོམས་ནས་རྗེ་འབངས་ཚུལ། །བསྒྲུབས་པས་ཚེ་འདིར་ལས་ཚོགས་འགའ་རེ་དང་། །འབྲས་བུ་སྐྱེ་བ་དྲུག་ཅུས་སངས་རྒྱས་འགྲུབ། །དེ་ནི་ཀྲྀ་ཡའི་རྒྱུད་དུ་བདག་གིས་གོ །གཙང་སྦྲ་སྤྱོད་ཅིང་རང་ཉིད་དམ་ཚིག་སེམས། །ཡེ་ཤེས་སེམས་དཔའ་མདུན་དུ་བསྒོམས་པ་ཡིས། །རྗེ་བློན་ཚུལ་དུ་སྒྲུབ་པ་སྤྱོད་པའི་རྒྱུད། །འབྲས་བུ་སྐྱེ་བ་དྲུག་ཅུ་རེ་གཉིས་ཀྱིས། །གོ་འཕང་ཐོབ་པའི་ལམ་ཡང་བདག་གིས་གོ །ལུས་ངག་སྤྱོད་པ་གཙོ་བོར་མི་སྟོན་ཅིང་། །བདག་གི་རྣལ་འབྱོར་ཏིང་འཛིན་གཙོ་བོར་སྒོམ། །རང་ཉིད་དམ་ཚིག་པ་ལ་ཡེ་ཤེས་ལྷ། །བསྟིམ་ཞིང་ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་བསྒྲུབ། །ཞག་རེ་བཞིན་དུ་ཡེ་ཤེས་གཤེགས་སོགས་བྱ། །དེ་ལྟར་སྐྱེ་བ་བཅུ་དྲུག་བསྒྲུབས་པ་ཡིས། །སངས་རྒྱས་འགྲུབ་པ་རྣལ་འབྱོར་རྒྱུད་དུ་གོ །རང་

p. 470

གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རིགས་ལྔ་ཡུམ་ལྔ་སེམས་དཔའ་ཡབ་ཡུམ་སོགས། །ཡི་དམ་ལྷ་ཡི་ངོ་བོར་ངོ་སྤྲད་དེ། །ཡིན་ལ་ཡིན་པར་ཤེས་པའི་བསྐྱེད་རིམ་ནི། །སྦྱང་གཞི་དུག་ལྔ་ཕུང་ལྔ་ལ་སོགས་པ། །སྦྱོང་བྱེད་རིགས་ལྔ་དངོས་སུ་ངོ་ཤེས་པས། །བསྐྱེད་རྫོགས་ཟུང་འཇུག་ངང་ནས་བསྙེན་སྒྲུབ་ནི། །ཡན་ལག་བཞིའམ་དྲུག་གིས་སྒྲུབས་པ་ན། །འདིའམ་བར་དོར་སྐྱེ་བ་རྗེས་ནས་ནི། །སངས་རྒྱས་འགྲུབ་པ་མ་ཧཱ་ཡོ་ག་ཞེས། །ཕ་རྒྱུད་དགོངས་པ་ཡིན་པར་བདག་གིས་གོ །རྩ་དང་རླུང་དང་ཐིག་ལེ་ཐམས་ཅད་ནི། །ཡི་དམ་ལྷ་ཡི་ངོ་བོར་ཤེས་བྱས་ནས། །གཏུམ་མོ་འབར་འཛག་རྩ་རླུང་བསྒོམས་པ་ཡིས། །ཚེ་གཅིག་རྡོ་རྗེ་འཆང་གི་སྐུ་འགྲུབ་པ། །ཨ་ནུ་ཡོ་ག་ཞེས་བྱ་མ་རྒྱུད་ཀྱི། །དགོངས་པ་ཡིན་པས་ཟབ་པའི་ཐབས་ལམ་དུ། །གོ་ཞིང་རང་གི་སེམས་ཉིད་འདི་ཉིད་ནི། །ཀུན་བཟང་དང་པོའི་སངས་རྒྱས་ཉིད་ཡིན་པར། །ངོ་སྤྱད་མ་བཅོས་རང་སར་མཉམ་བཞག་པས། །ཚེ་འདིའམ་ནི་བར་དོར་ཆོས་སྐུ་ཐོབ། །ཨ་ཏི་ཡོ་ག་གཉིས་མེད་རྒྱུད་དུ་གོ །དེ་ཡང་ཙཀྵས་སཱུརྱའི་དཀྱིལ་འཁོར་ལ། །ལེགས་པར་བལྟ་ཞིང་ཐིག་ལེ་ཐིག་ཕྲན་སོགས། །

p. 471

ཉམས་སུ་བླང་བས་སྣང་བཞི་མཐར་ཕྱིན་ནས། །ཟླ་དྲུག་འོད་ཕུང་འབར་བ་རྫོགས་ཆེན་གྱི། །ཟབ་ཁྱད་ཡིན་པ་དེ་ཡང་བདག་གིས་གོ །གལ་ཏེ་བསྒོམས་པས་ཚེ་འདིར་མ་གྲོལ་ན། །གསེབ་ལམ་འཕོ་བས་ཞིང་ཁམས་བགྲོད་པ་དང་། །གལ་ཏེ་འཕོ་བ་ཐེབས་པར་མ་གྱུར་ན། །བར་དོའི་ཆོས་ཀྱི་འཁྲུལ་པ་གཅོད་པ་དང་། །ཉིན་མོ་འཁྲུལ་པའི་དབང་དུ་མ་ཤོར་ཡང་། །གཉིད་ཀྱིས་དགེ་སྦྱོར་བར་ཆད་མི་འོང་ཐབས། །འོད་གསལ་བཟུང་དང་རྨི་ལམ་སྦྱོང་བ་སོགས། །ཟབ་ཆོས་ཀུན་གྱི་དགོངས་པར་བདག་གིས་གོ །ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ནི། །གདོད་ནས་རྣམ་དག་འགྱུར་མེད་ཆོས་ཀྱི་དབྱིངས། །དེ་ཡི་ངང་ལ་འགག་མེད་རྟེན་འབྲེལ་རྩལ། །རྒྱུ་འབྲས་བསླུ་མེད་མི་འགག་ཟུང་འཇུག་པ། །ཀུན་རྫོབ་བདེན་པ་དོན་དམ་བདེན་པ་གཉིས། །དབྱེར་མེད་ཟུང་དུ་འཇུག་པ་བདག་གིས་གོ །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ངོ་བོ་སྟོང་པ་འགྱུར་མེད་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །འགག་མེད་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །མདོ་སྔགས་དགོངས་པའི་ཞེ་ཕུགས་བདག་གིས་གོ །

p. 472

རང་ལུས་གདོད་ནས་ཡི་དམ་ལྷ་ཡི་སྐུ། །རྩ་ཐིག་རླུང་གསུམ་དཔའ་བོ་ཌཱཀིའི་ཚོགས། །བླ་མེད་སྔགས་ཀྱི་ཁྱད་ཆོས་བདག་གིས་གོ །ཡེ་ཤེས་བསྒྱུར་བྱ་སེམས་ཉིད་གདོད་ནས་དག །དབྱིངས་རིག་རྣམ་དག་རྡོ་རྗེའི་ལུ་གུ་རྒྱུད། །རྫོགས་པ་ཆེན་པོའི་ཁྱད་ཆོས་བདག་གིས་གོ །དེ་ལྟར་ཐོབ་པའི་དོན་ལ་རྩེ་གཅིག་ཏུ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས། །ཆོས་རྣམས་མ་འདྲེས་ཤ་མོང་སུལ་བཞིན་དུ། །ཧ་ལམ་པ་ཞིག་གོ་འདི་ཐོས་པའི་དོན། །ཐོས་དོན་བསམ་པའི་སརྒ་གསུམ་པའོ།། །།དེ་ལྟར་གོ་ཡང་ཉམས་སུ་མ་བླངས་ན། །ནད་པ་སྨན་རྒྱལ་ཐོགས་ནས་ཤི་བའམ། །རྒྱ་མཚོའི་འགྲམ་དུ་སྐོམ་དྲིལ་ཤི་དང་མཚུངས། །ཐོས་དོན་སྒོམ་པས་ལག་ཏུ་བླངས་ཚུལ་ནི། །ལྷ་མིའི་བདེ་བ་སྙིང་པོ་མེད་རིག་པས། །མངོན་མཐོའི་ཆེད་དུ་བདག་གིས་ཆོས་མ་བྱས། །རང་དོན་ཁོ་ནས་ཐེག་པ་དམན་མཐོང་བས། །ཉན་རང་ཐོབ་ཕྱིར་བདག་གིས་ཆོས་མ་བྱས། །སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་བཀལ་ནས། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལག་ལེན་ཕར་ཕྱིན་དྲུག་ལ་ཅི་ནུས་འབད། །དེ་ཡང་དགེ་བཤེས་སྤྱི་ཡི་ལུགས་ལ་

p. 473

ནི། །ཚེ་སྟོད་ཐོས་བསམ་ཁོ་ནས་མཐའ་རྒྱ་གཅོད། །ཚེ་སྐེད་རྩེ་གཅིག་སྒྲུབ་ཚེ་རང་ཚུགས་བཟུང་། །ཚེ་མཇུག་གཞན་ཕན་འགྲོ་དོན་མཛད་པ་ཡིན། །འོན་ཀྱང་མཉམ་མེད་དྭགས་པོ་ལྷ་རྗེའི་ལུགས། །ཐོས་བསམ་སྒོམ་གསུམ་སྦྲག་མར་བྱེད་པ་ནི། །མ་ནོར་བ་ཡི་ཆོས་ནི་ཡིན་གསུངས་ཤིང་། །ཕ་རྒན་ཡང་དགོན་པ་ཡི་ཞལ་ནས་ཀྱང་། །རྟ་མཆོག་བཟང་པོས་ཆས་ནི་ཟ་བ་ལྟར། །བཅའ་ལྡད་མིད་གསུམ་དུས་གཅིག་བྱ་གསུངས་ལྟར། །བདག་གིས་བཀའ་བརྒྱུད་དེ་ཡི་ལུགས་སུ་བྱས། །བདག་དང་སེམས་ཅན་ཀུན་གྱིས་བདེ་བ་འདོད། །བདེ་བའི་རྒྱུ་ནི་ལོངས་སྤྱོད་དག་ལས་འབྱུང་། །ལོངས་སྤྱོད་འབྱུང་བའི་རྒྱུ་ནི་སྦྱིན་པ་སྟེ། །དེ་ཕྱིར་སྦྱིན་པ་ལ་ཡང་འབྲེལ་པ་བཞག །དེ་ལ་ཟང་ཟིང་མི་འཇིགས་ཆོས་དང་བྱམས། །ཟང་ཟིང་སྦྱིན་པ་ཁྱིམ་པ་ལ་གསུང་གི། །རབ་ཏུ་བྱུང་ལ་སྟོན་པས་ཆེར་མ་གསུངས། །རབ་བྱུང་ལོངས་སྤྱོད་གང་ཡོད་དཀོར་ཡིན་པས། །དཀོར་ནི་རབ་བྱུང་མིན་པས་མི་འཇུ་བས། །མི་འཇུ་བ་ལ་སྦྱིན་པར་བྱས་ན་ནི། །འབྲས་ཆེན་དུག་འདྲེས་བཀྲེས་ལ་བྱིན་པ་ལྟར། །འཕྲལ་དུ་ཕན་ཕན་འདྲ་ཡང་ཕུགས་སུ་གནོད། །དེ་ཕྱིར་རྒྱ་གར་ཡུལ་དང་བོད་དུ་ཡང་། །སྔོན་

p. 474

བྱོན་བཀའ་གདམས་པ་ཡི་བཤེས་གཉེན་རྣམས། །འབྲས་ཚོད་ཧུབ་ལྷག་ལ་སོགས་དགེ་འདུན་གྱི། །ལྷག་མ་ཐམས་ཅད་སྤྲང་པོར་མི་སྦྱིན་པར། །བྱ་ཁྱིས་འཐུང་དོགས་དོང་དུ་བླུགས་ནས་སྦ། །དེ་འདྲའི་ལོ་རྒྱུས་ཐོས་ཕྱིར་སྤྲང་ལོང་སོགས། །ཞོན་རྒྱུའི་རྟ་བྱིན་བཀལ་པའི་ཁལ་མ་བྱིན། །ཟ་རྒྱུའི་མི་ཆོག་ཁུར་རྒྱུའི་ཆས་ཀ་བྱིན། །གྱོན་རྒྱུའི་གོས་དང་བཏིང་རྒྱུའི་གདན་བྱིན་སོགས། །སྐད་ངན་ལྷང་ལྷང་འབོད་པ་ཐོས་ན་ཡང་། །མ་ཐོས་པ་ལྟར་བྱེད་པ་དེ་ཡི་དོན། །འོན་ཀྱང་ཉམ་ཐག་བཀྲེས་སྐོམ་སྐྱབས་མེད་ལ། །ནན་གྱིས་བསླངས་ལ་ཅུང་ཟད་མ་བྱིན་པར། །ཡིད་ཆད་བཅུག་པ་བྱང་སེམས་ལྟུང་བར་གསུངས། །དེ་ཕྱིར་ཉམ་ཐག་རྣམས་ལ་གང་འོས་ཀྱི། །ཟས་སྐོམ་ལག་ཡང་ཆུག་ཅེས་འཁོར་ལ་བགོས་། །བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ལ་སོགས་མཆོད་པ་དང་། །དགེ་འདུན་རྣམས་ལ་བསྙེན་བཀུར་བྱེད་པ་ཡང་། །ཞིང་སའི་མཆོག་དམན་ཡོད་པ་མ་གཏོགས་པ། །དོན་ལ་སྦྱིན་པ་ཡིན་པར་གཅིག་པའི་ཕྱིར། །བླ་མར་འབུལ་དང་དགོན་སྡེར་བཏང་བ་ལ། །རང་ལ་གང་ཡོད་འཕང་སེམས་མེད་པར་བྱས། །དེ་ཡང་ཕྱོགས་

p. 475

རིས་བྱེད་ནས་བཏང་བ་ལ། །དེ་ནི་སྦྱིན་པ་རྣམ་དག་མིན་གསུང་ཕྱིར། །གྲུབ་མཐའ་ཕྱོགས་མེད་ཀུན་ལ་འབྲེལ་པ་བཞག །ཐ་ན་སེར་གོས་གྱོན་པ་འགའ་ཟུང་ཙམ། །ཚུར་ལ་བྱོན་ཡང་གང་འོས་བཀུར་སྟི་གཟབ། །སྔར་ཞིག་གཏོར་མ་བརྒྱ་རྩ་ལོ་གསུམ་དུ། །ཆག་མེད་བྱས་ཤིང་དེ་རང་མ་གཅོག་ཀྱང་། །ཉ་མཚམས་བརྒྱ་དང་ཉེར་གསུམ་ཆག་མེད་དང་། །རྒྱུན་དུ་བསྡུས་པོ་སུ་རུ་ཆག་མེད་བྱས། །རྒྱུན་དུ་གསང་སྔགས་ནང་གཏོར་མཆོད་གཏོར་དང་། །ཚེས་བཅུ་ཉ་མཚམས་བརྒྱད་དང་ཉི་ཤུ་དགུ། །བཅུ་དགུ་ཉི་ཤུ་བརྒྱད་དང་ཉི་ཤུ་གསུམ། །དུས་ཀྱི་མཆོད་པ་རྣམས་ཀྱང་མ་ཆག་པ། །ཤ་ཆང་ལ་སོགས་འབྱོར་པ་ནམ་བྱུང་དུས། །ཚོགས་ཀྱི་འཁོར་ལོ་རྒྱས་པ་ཡང་ཡང་བྱས། །ཐ་ན་ཇ་མར་ཤ་ཐུད་ལ་སོགས་དང་། །བཟའ་བར་རུང་བའི་ལོངས་སྤྱོད་གང་བྱུང་བ། །རྩ་བ་གསུམ་ལ་གཏོར་མ་བསྔོ་བའམ། །སྲོང་བཙན་སྒམ་པོའི་ཞལ་གདམས་ཇི་བཞིན་དུ། །ཐུགས་རྗེ་ཆེན་པོས་མགྲོན་རིགས་བཞི་ལ་བསྔོས། །བདག་གཞན་ཚོགས་གཉིས་རྫོགས་པའི་བསྔོ་སྦྱངས་བགྱིད། །གསང་བའི་སྦྱིན་པ་སངས་རྒྱས་སྐྱེས་རབས་ལས། །སྟག་མོ་ལུས་སྦྱིན་ལ་སོགས་གསུངས་པའི་དོན། །ས་

p. 476

ཐོབ་པ་ཡི་གང་ཟག་མ་གཏོགས་པ། །དངོས་སུ་དེ་ལྟར་ལུས་སྦྱིན་མི་རུང་གསུངས། །ཡིད་ཀྱིས་སྦྱིན་ན་བསོད་ནམས་མཉམ་གསུངས་ཕྱིར། །རེས་འགའ་སྤྲོས་བཅས་ལུས་སྦྱིན་རྒྱས་པ་བཏང་། །ཕལ་ཆེར་ཀུ་ས་ལུ་ཡི་ཚོགས་གསོག་དང་། །དཀར་འགྱེད་དམར་འགྱེད་དམིགས་ཐུན་རྒྱུན་དུ་བྱས། །འདི་དག་ཟང་ཟིང་སྦྱིན་པར་འབྲེལ་བཞག་ཙམ། །ཟང་ཟིང་སྦྱིན་པ་རབ་ཏུ་བྱུང་བ་ལ། །ཧ་ཅང་བྱ་བར་མ་གསུངས་དེ་ཡི་ཕྱིར། །དང་པོའི་ས་ལ་གནས་པའི་སེམས་དཔའ་རྣམས། །ཟང་ཟིང་སྦྱིན་པ་རླབས་ཆེན་མཛད་པའི་ཕྱིར། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བར་གསུངས། །དེ་ནས་མི་འཇིགས་པ་ཡི་སྦྱིན་པ་ནི། །རང་ལ་སྟོབས་འབྱོར་མེད་ཅིང་བྱ་ཐབས་ཟད། །འོན་ཀྱང་ཆོས་རྣམས་འདུན་པ་གཙོ་ཆེའི་ཕྱིར། །གཟའ་ནད་ཀླུ་ནད་བརྒྱལ་ནད་སྨྱོ་འབོག་དང་། །ནོར་ནད་མི་ནད་གདོན་ཤས་ཆེ་བ་དང་། །ཐན་པ་སད་སེར་བཙའ་དང་འབུ་སྲིན་སོགས། །སུ་ཞིག་བཙན་ཡང་སྐྱོབ་པར་མི་ནུས་པ། །འདི་དག་རང་ལ་སྐྱབས་གནས་ཞུ་བའི་ཚེ། །ཟང་ཟིང་ཡོན་དང་ལྷ་རྟེན་རྩོད་པ་དང་། །ཡོན་ལ་འདི་དགོས་ཟེར་ནས་སྔ་གཏམ་དང་། །མ་བྱིན་བརྡ་བསྙགས་ཁ་མཆུ་འདྲ་

p. 477

བའམ། །ཡང་ན་ཁྲོས་ནས་ཕྱིན་ཆད་མི་འགྲོ་སོགས། །དེ་འདྲ་བྱས་ན་འཇིག་རྟེན་ཐ་མལ་པ། །བྱིན་པའི་ཡོན་དེ་གྲིབ་ཟས་དཀོན་མཆོག་གླུད། །ཡི་དྭགས་རྣམས་ལ་མི་འཁུའི་དམ་ཚིག་སྟེ། །ཁྲོ་གཏུམ་གདོན་ལ་རྡུང་བཏགས་དམ་ཚིག་ཉམས། །འདྲེ་མཆུ་བཅིངས་དང་དམིགས་ངན་དམྱལ་བའི་རྒྱུ། །ཡིན་ཕྱིར་དེ་འདྲའི་བསམ་པ་བདག་གིས་སྤངས། །ཀྱེ་མ་ཚེ་སྔོན་ལས་ངན་རྒྱུ་བྱས་ཏེ། །འཕྲལ་རྐྱེན་ལྷ་འདྲེ་གདུག་པས་གེགས་བྱས་ཏེ། །འབྲས་བུ་ནད་གདོན་སྡུག་བསྔལ་མི་བཟོད་པར། །འཇིག་རྟེན་ཕུང་ཕྱིར་བཙའ་སད་སེར་བ་འབུ། །འདི་འདྲ་སྐྱབས་གཞན་རེ་ས་མ་རྙེད་པར། །ཕན་པར་རེ་ནས་བདག་ལ་སྐྱབས་ཞུ་བ། །གདོན་དང་ནད་པ་ལྷ་འདྲེ་ཐམས་ཅད་ནི། །ཚེ་རབས་དུ་མའི་ཕ་མ་དྲིན་ཆེན་ཡིན། །ནད་པ་ནད་ཀྱིས་ཉེ་བས་སྙིང་རེ་རྗེ། །གདོན་བགེགས་སྡིག་དང་འདྲེས་པས་སྙིང་རེ་རྗེ། །ལོ་ཉེས་མུ་གེ་དབུལ་ཕོངས་སྙིང་རེ་རྗེ། །ལྷ་སྲིན་ལས་ངན་བསགས་སོ་སྙིང་རེ་རྗེ། །གདོན་དང་ལྷ་འདྲེ་སྡིག་དང་ཕྲལ་བ་དང་། །ནད་པ་དབུལ་ཕོངས་ནད་དང་མུ་གེ་ལས། །ཐར་པའི་ཕྱིར་དུ་བསམས་ནས་སེམས་བསྐྱེད་དེས། །གདོན་བགེགས་འདུལ་དང་ཆར་འབེབས་སེར་བ་

p. 478

ཟློག །དེ་ལ་གཏང་རག་བཀུར་སྟི་བྱུང་བ་ཡང་། །རྒྱུ་མ་སོང་བར་རྐྱེན་མི་བཟློག་གསུངས་ལྟར། །ཁོང་རང་རྣམས་ཀྱི་རིམ་གྲོར་འགྱུར་བ་དང་། །ཡོན་དང་ལྷ་རྟེན་མེད་པར་གདོན་དྲག་པོ། །ཕྱེ་བཅིང་གཟའ་ཚོགས་རྡུང་བཏགས་བྱས་པ་ན། །འཁུ་ལྡོག་འབྱུང་བར་གསུངས་ཕྱིར་ཡོན་ཡང་ལེན། །དེ་ཡང་ཚོགས་དང་བསྐང་གསོལ་ལ་སོགས་པ། །ཡི་དམ་ལྷ་དང་ཆོས་སྐྱོང་མཆོད་པར་བྱས། །གལ་ཏེ་གཏང་རག་ཅུང་ཟད་མ་བྱུང་ཞིང་། །ཕན་ཐོགས་ཟེར་བའི་ཁ་བཟང་ཙམ་མེད་ཀྱང་། །རང་འདི་མི་འཇིགས་སྐྱབས་ཀྱི་སྦྱིན་པར་བསྒོམས། །འཁང་དང་བརྡ་བསྙག་ཁྲོ་དང་ཞེ་བཞག་སྤངས། །བདག་དང་ཡོན་བདག་ལྷ་འདྲེ་གདོན་ལ་སོགས། །བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་བྱས། །གཞན་ཡང་དངོས་སུ་དཔོན་རིགས་ལ་སོགས་ཀྱིས། །ཆད་པ་གཅོད་དང་སྐེ་མིག་ལ་སོགས་པ། །རང་གིས་བླ་ཐབས་ཕན་ཐབས་འདུག་ན་ནི། །གང་ཕན་བྱས་ཤིང་ཕན་ཐབས་མི་འདུག་ན། །མ་བྱས་པ་ལ་ལྟུང་བ་མེད་པར་གསུངས། །དེ་ལྟར་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ལ། །འབྲེལ་པ་ཅུང་ཟད་བཞག་པའི་རྣམ་ཐར་ཡིན། །རབ་ཏུ་བྱུང་ལ་ཐུབ་པས་གསུངས་པ་ཡི། །ཟང་ཟིང་

p. 479

སྦྱིན་ལས་འབུམ་འགྱུར་ཁྱད་འཕགས་པ། །ཆོས་ཀྱི་སྦྱིན་པའི་ཕན་ཡོན་མཐའ་ཡས་གསུངས། །དེ་ལ་ཡང་ནི་བསམ་པ་གཙོ་ཆེ་ཞིང་། །རྣམ་པར་དག་དང་མ་དག་ཡོད་པས་ན། །རང་གིས་མ་ཐོབ་གཞན་ལ་དབང་ལུང་བྱེད། །འདི་ནི་སེམས་ཅན་བསླུ་བའི་སྦྱོར་བ་ཉིད། །མི་ཆོས་བླ་མའི་རྫུན་ཏེ་སྡོམ་པ་འཆོར། །ཡི་དམ་ལྷ་གཅིག་བསྙེན་སྒྲུབ་མ་ཐེམ་པར། །དབང་བསྐུར་གསང་སྔགས་སྦོམ་པོའི་ལྟུང་བར་འགྱུར། །རང་ཉིད་ཉམས་ལེན་གདེང་དང་མི་ལྡན་པར། །ཉམས་ཁྲིད་འཆད་ཅིང་རང་ཉིད་ཉམས་རྟོགས་ནི། །མཐོན་པོ་ཡོད་སྐད་མི་ཆོས་བླ་མའི་རྫུན། །རང་ཉིད་རྟོགས་པ་ཧ་ཅང་མི་མཐོ་ཡང་། །བྱང་ཆུབ་སྒྲུབ་པའམ་ལམ་དེ་སྐྱོན་མེད་པར། །འཆད་མི་ཤེས་བཞིན་གཞན་ལ་ཆོས་འཆད་པ། །བདུད་ཀྱི་ལས་ཏེ་ལོང་བས་ལོང་བ་ཁྲིད། །འདི་དག་རྣམས་ལ་ཕན་ཡོན་ལྟ་ཅི་སྨོས། །བླ་མ་གཏི་མུག་ཅན་གྱིས་ཆོས་བཤད་ན། །ཁམས་གསུམ་སེམས་ཅན་བསད་དང་མཉམ་པར་གསུངས། །དེ་ཕྱིར་འདི་འདྲ་བདག་གིས་མ་བྱས་སོ། །ཉམས་རྟོགས་ལྡན་ཞིང་བསྙེན་སྒྲུབ་ཐེམ་པ་དང་། །ཅི་བཞིན་འཆད་ཤེས་དབང་ལུང་རྒྱུན་ཡོད་ཀྱང་། །ཟས་ནོར་ཨེ་རྙེད་བསམས་པས་འགྲོ་དོན་ནི། །བྱས་

p. 480

ཀྱང་རྣམ་ཐར་མ་དག་ཆོས་བཙོང་བའི། །རིན་དེ་ཟོས་པའི་ལས་ངན་ངན་སོང་རྒྱུ། །དེ་ཕྱིར་ཟས་ནོར་ཨེ་རྙེད་ངས་མ་བསམས། །མ་བསམ་ན་ཡང་མཎྜལ་འབུལ་བ་དང་། །གཏང་རག་ལོངས་སྤྱོད་རྒྱ་ཆེར་བྱུང་དུས་ཀྱང་། །ཆོས་ལ་ཆེ་བ་མེད་ན་ཆོས་ཤི་བའི། །རོ་དང་འདྲ་ཕྱིར་ཆེ་བ་དགོས་གསུངས་དང་། །ཤོ་ལོ་ཀ་གཅིག་འཆད་པའི་ཡོན་དུ་ནི། །སྟོང་གསུམ་གསེར་གྱིས་བཀང་ཡང་དྲིན་མི་འཁོར། །དུས་གསུམ་སངས་རྒྱས་ཐམས་ཅད་མཆོད་པ་བས། །རྡོ་རྗེ་སློབ་དཔོན་བ་སྤུའི་ཁུང་གཅིག་ལ། །ཏིལ་མར་བྱུག་པ་བསོད་ནམས་ཆེ་གསུངས་ཕྱིར། །ཁོ་རང་རྣམས་ཀྱི་བསོད་ནམས་ཚོགས་རྫོགས་ཕྱིར། །རང་གིས་བསྔོ་བ་སྨོན་ལམ་རྒྱས་བཏབ་བོ། །གལ་ཏེ་དབང་ཡོན་ཆོས་བཤད་མཎྜལ་སོགས། །ཡོད་ཀྱང་མི་འབུལ་ཁ་རྐྱང་ལབ་ན་ཡང་། །བརྡ་བསྙགས་ཟུར་རྗེས་ཁོང་ཁྲོ་ཞེ་བཞག་སྤངས། །ཆོས་ཀྱི་སྦྱིན་པའི་ཕན་ཡོན་ཡིད་ལ་བཀོད། །འཁོར་གསུམ་ཡོངས་དག་བསྔོ་བའི་རྒྱ་ཡིས་གདབ། །ཁྲོམ་དབང་ཡིན་ཀྱང་ཉུང་དབང་དབོག་པ་དང་་། །རེས་འགའ་ཁྲོམ་ཆོས་ལ་ལ་དཀའ་དོགས་པ། །འབུལ་བ་ཆེ་ཆུང་ཁྱད་པར་མ་ཡིན་ཏེ། །གསང་སྔགས་བཀའ་རྒྱ་དོགས་པ་ཡོད་པའི་

p. 481

དབང་། །ཀུན་ལ་བསྒྲགས་ན་ཐུགས་ཀྱི་དམ་ཚིག་གིས། །ཚེ་འདིར་ཅི་བསམ་མི་འགྲུབ་བཀྲ་མི་ཤིས། །ཉམས་རྟོགས་མི་འཕེལ་ཕྱི་མ་མནར་མེད་རྒྱུ། །དེ་ལས་ཐར་ནས་སྨོན་པ་ལྔ་བརྒྱར་སྐྱེ། །དེ་སོགས་ཉེས་ལྟུང་དག་ལ་སྐྲག་པའི་ཕྱིར། །ལ་ལ་བཀའ་རྒྱ་དོགས་པར་བྱེད་པ་ཡིན། །མཎྜལ་བཟང་ན་ཟབ་དགུ་ཡོད་སྤྲུགས་ནས། །སྣོད་དང་ལྡན་དང་མི་ལྡན་མི་བརྟགས་ནི། །ཆོས་དང་ཆོས་མཐུན་དབང་ལུང་མི་སྦྱིན་ན། །ཆོས་བདག་སྲུང་མས་བཀའ་ཆད་འབྱུང་བ་དང་། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་ཐུགས་ཁྲེལ་དོགས། །དེ་ཕྱིར་འབུལ་བ་ཆེ་ཞིང་ངོ་ཆེ་ཡང་། །དྲག་སྔགས་དང་ནི་ཟབ་ལམ་ལ་སོགས་པ། །ཧ་ཀྱང་བཀའ་རྒྱ་ཆེ་བ་སྦ་བ་དང་། །ཉམས་སུ་ལེན་ཅིང་སྣོད་དང་ལྡན་པ་ལ། །དར་ཁ་གང་ཙམ་མེད་ཀྱང་ཅི་ནུས་སྟོན། །ཁྱད་པར་སྔགས་རྒྱུད་ལ་སོགས་སེར་མོ་བ། །ཕ་ཆོས་ཡིན་ཟེར་བཀའ་ཆད་ལུང་སྡུམ་འདོན། །དབང་ལུང་ཞུ་ཕྱིར་ཉིན་ལམ་འགྲོ་མི་ནུས། །རབ་ཏུ་བྱུང་བ་ཚད་ལྡན་འགའ་ཞིག་ཀྱང་། །དབང་ལུང་མཐོ་ལ་མི་ཐོབ་དམར་མི་ཞུ། །ཆོ་ག་བསྐང་གསོ་ཆོས་སྤྱོད་ལ་སོགས་པ། །དབང་ལུང་མེད་ཀྱང་རང་ལུགས་ཡིན་ཞེས་འདོན། །དེ་དག་གསང་སྔགས་

p. 482

ལོག་པར་བསྒྲུབས་པ་སྟེ། །མནར་མེད་དམྱལ་བའི་ས་བོན་མ་འཆུག་པ། །ཆོས་ལ་བརྟེན་ནས་སྡིག་པ་བསོགས་རྣམས་ལ། །ཕན་སེམས་ཆེན་པོས་དཀའ་ཚེགས་ངལ་དུབ་ལ། །མ་བལྟས་ཕྱོགས་ཀུན་ཅི་ནུས་ཉུག་ནས་ཀྱང་། །དབང་ལུང་མན་ངག་སྒོ་སྐྱེལ་བྱེད་པ་འདི། །བདག་གིས་ཆོས་ཀྱི་སྦྱིན་པ་ཆེན་པོར་སེམས། །སྐྱེ་བོ་མི་ནག་རྒན་རྒོན་ཐམས་ཅད་ལ། །སྐྱབས་སྡོམ་བསྙེན་གནས་སྨྱུང་གནས་སྡོམ་པ་དང་། །ཐུགས་རྗེ་ཆེན་པོའི་དབང་དང་སྒོམ་ལུང་དང་། །སྨན་བླའི་དབང་དང་དེ་ཡི་མཚན་ནས་བརྗོད། །དམིགས་པ་སྤྱོད་ཅིང་ཡིག་དྲུག་ཁས་ལེན་དང་། །ཉམས་ཁྲིད་སྐབས་སུ་གང་བབས་འཆད་པ་དང་། །ན་རཀ་དོང་སྤྲུགས་གསང་འདུས་སངས་རྒྱས་སྟོང་། །སྒྲུབ་ཆེན་དབང་ཁྲིད་སྦྲག་མར་བྱེད་པ་སོགས། །བདག་གིས་བསམ་པའི་བཟོ་རྒྱ་མི་ཞེན་པས། །རྣམ་དག་ཆོས་ཀྱི་སྦྱིན་པ་ཡིན་སྙམ་བགྱིད། །དེ་ནི་བྱམས་པའི་སྦྱིན་པར་འབྲེལ་བཞག་ཚུལ། །དེ་ལ་གཡོ་སྒྱུ་དང་ནི་བྱམས་པ་དངོས། །རང་ལ་འཁོར་ཞིང་རང་གིས་ཐུབ་ཚོད་པ། །རང་ལ་སྐྲག་ཅིང་སྐྱིད་སྡུག་རང་ལ་རེ། །དེ་དག་རྣམས་ལ་བྱམས་པར་མི་བྱེད་ཅིང་། །སྡང་དུ་སྟོན་ཅིང་སྡུག་བསྔལ་

p. 483

འདོན་བྱེད་ཅིང་། །སེམས་ཅན་ཀུན་ལ་བྱམས་པ་བསྒོམ་པར་གསུངས། །དེ་ནི་གཡོ་སྒྱུ་བྱམས་པའི་གོ་མི་ཆོད། །བུ་དང་ཆུང་མ་གཉེན་འདུན་ལ་བྱམས་ཤིང་། །གཉེན་བཤེས་མཛའ་གྲོགས་མིན་ལ་སྙིང་རིང་ཞིང་། །མ་བྱམས་སྡང་བ་བྱམས་པ་གོ་ལོག་སྟེ། །དེ་འདྲའི་བྱམས་པ་སྤྱང་ཁུ་ལ་ཡང་ཡོད། །དེ་ཕྱིར་གཡོ་སྒྱུ་གོ་ལོག་བྱམས་པ་སྤོངས། །ལ་ལས་བྱམས་དང་སྙིང་རྗེ་ཡོད་ཟེར་ཞིང་། །ཕ་དང་མ་ལ་མི་བྱམས་སྡང་བ་ནི། །བྱམས་དང་སྙིང་རྗེ་ཕྱོགས་འགོ་མ་གོའི་རྟགས། །སྙིང་རྗེ་དང་པོ་ཉིད་ནས་སྐྱེ་དཀའ་བས། །བྱམས་པོ་བསྒོམས་པས་སྙིང་རྗེ་སྐྱེ་སླ་ཞིང་། །བྱམས་པ་སྒོམ་པའི་རྟེན་དང་རྩ་བ་ནི། །རང་གི་ལུས་འདི་སྐྱེད་པའི་མ་ཡིན་པས། །འདི་ལ་བྱམས་པ་ཚད་མེད་བསྒོམས་བྱས་ལ། །དེ་ལ་གོམས་ནས་སེམས་ཅན་ཐམས་ཅད་ཀུན། །ཚེ་རབས་མང་པོའི་མ་རྒན་ཡིན་གསུངས་པས། །སེམས་ཅན་ཀུན་ལ་བྱམས་པ་བསྒོམ་པར་བྱ། །ཕ་དང་མ་ལ་བཀུར་སྟི་བྱས་པ་དང་། །ས་བཅུའི་སེམས་དཔར་བཀུར་སྟི་བྱས་པ་དང་། །ཕན་ཡོན་མཉམ་པར་བཤད་པའི་དོན་གོ་བས། །ཨ་མ་ཁ་མང་གྲྭ་པ་ཀུན་དང་འཁོན། །མོ་ཁྲིམས་ཡོད་སར་བུད་མེད་མི་མཛེས་པས། །མར་ལ་གྲོང་

p. 484

དུ་ཞོག་སྐྱེས་ཟེར་མཁན་མང་། །འོན་ཀྱང་ན་སོ་རྒས་པས་ལས་མི་ཐུབ། །བྲན་གཡོག་བཞག་པས་མི་ཐུབ་ཚུར་ལ་རྒོལ། །ཕྱིར་ལ་མི་འདུག་ཉིན་བཞིན་རི་ཁྲོད་འོང་། །ནངས་ནུབ་ལ་ཐུར་མི་འཇོག་རྐང་པ་ན། །དེ་བས་བརྙས་ཤིང་མི་མཛེས་འདུག་ན་ཡང་། །རི་ཁྲོད་བཞག་པས་དགེ་སྦྱོར་ནུས་ན་རབ། །མི་ནུས་ན་ཡང་ཟ་ཞིང་ཉལ་བཅུག་པ། །ཕ་དང་མ་ལ་བྱམས་ཤིང་སྲི་ཞུ་ནི། །སྐྱེས་བུ་དམ་པ་རྣམས་ཀྱིས་བསྔགས་པའོ། །དེ་བཞིན་དབོན་རིགས་གྲྭ་པ་གསར་རྙིང་སོགས། །རང་ལ་རེ་ཞིང་ལྟོས་པ་ཐམས་ཅད་ལ། །ཧ་ཅང་དགོས་པ་གནད་ཆེན་མ་གཏོགས་པ། །སྡང་དུ་མི་སྟོན་དཔོན་ནད་མི་བྱེད་པར། །རང་རང་ཟུར་དེར་འདུག་འཇུག་ལུས་ངག་ཡིད། །ཁ་ཞེ་མེད་པར་བྱམས་པ་འདི་ཉིད་ཀྱང་། །རང་ལ་དཔག་པའི་བྱམས་པའི་སྦྱིན་པའོ། །འོན་ཀྱང་མི་དགེ་བསྟན་ལ་གནོད་པ་དང་། །རང་གཞན་གནོད་པའི་བྱ་བ་ངན་པ་ལ། །བྱམས་དྲག་ཇི་མི་སྙམ་པ་བྱེད་བཅུག་ན། །བྱམས་པ་གོ་ལོག་བྱང་སེམས་ལྟུང་བ་ཡིན། །དེ་ཕྱིར་མོ་ཁྲིམས་ཆང་ཁྲིམས་འཛིང་རྩོད་སོགས། །བྱེད་མི་འཇུག་པར་ཐབས་ཀྱིས་བཅིལ་བ་ཡིན། །ལ་ལས་དབུས་གཙང་ཆོས་སྡེའི་སྲོལ་བཞིན་

p. 485

དུ། །བཅའ་ཡིག་ཆད་པ་མདོ་སྒྲུབ་མཐུ་གཏོར་བཞེས། །སྲོལ་ནི་ཡོད་བཞིན་བྱེད་དགོས་གསུངས་ན་ཡང་། །ཆོས་བཤད་པ་འདིས་གྲོལ་བར་མ་གྱུར་ན། །བཅའ་ཁྲིམས་བྱས་ཀྱང་བག་དོགས་སྐྲག་ཛབ་བེ། །རྒྱུན་དུ་ཆོས་མཐུན་སློབ་གཉེར་དམར་ན་ཡང་། །ལན་རེ་དཀོར་རྟགས་ལངས་ནས་འཛིང་རྩོད་འཆོར། །དེ་ལ་མདོ་སྒྲུབ་བརྒྱབས་ནས་ཕུད་པ་འཚེར། །འོན་ཀྱང་བཅའ་ཡིག་སྒྲིགས་དང་འགལ་ན་ནི། །ཕུད་མི་འདོད་ཀྱང་ཕུད་དགོས་འོང་རབ་གདའ། །རང་སེམས་ཕྱི་མའི་དོན་ཞིག་མ་བསམས་ན། །ཁྲིམས་བསྡམས་སྡོམ་པ་གཙང་ཡང་སྐག་ངོ་ཙམ། །སྒྲིགས་དང་བྲལ་ནས་བནེ་ལོག་མ་རག །དེ་འདྲ་མཐོང་ཕྱིར་བཅའ་ཁྲིམས་མི་བྱེད་པར། །ཆོས་བཤད་བྱེད་འདི་བྱམས་པའི་སྦྱིན་པ་ཡིན། །ཁྱད་པར་དགྲ་གཉེན་བར་མ་ཐམས་ཅད་དང་། །གནོད་བྱེད་གདོན་བགེགས་གཙོར་བྱས་སེམས་ཅན་ཀུན། །གནས་སྐབས་མཐར་ཐུག་བདེ་དང་ལྡན་པ་དང་། །བདེ་བའི་རྒྱུ་ནི་དགེ་ལས་སྤྱོད་པར་ནི། །གྱུར་ཅིག་སྙམ་དུ་ཁ་ཞེ་མེད་པར་བསྒོམས། །རང་གི་བདེ་སྐྱིད་དགེ་རྩ་ཅི་མཆིས་པ། །སེམས་ཅན་ཀུན་ལ་སིབ་ཀྱིས་ཕར་བསྟིམས་ནས། །སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་

p. 486

དང་། །ལྡན་པར་ཡང་ནས་ཡང་དུ་སྒོམ་བྱེད་པ། །འདི་ནི་བྱམས་པའི་སྦྱིན་པ་འབྲེལ་ཐོབ་ཙམ། །དེ་དག་སྦྱིན་པ་རྣམ་པ་བཞི་པོ་ལ། །རང་ཡང་ཅི་ནུས་འབད་ཅིང་གཞན་ཡང་བསྐུལ། །སེམས་ཅན་ཐམས་ཅད་བདེ་ལ་འགོད་འདོད་པ། །འདི་ནི་སྦྱིན་པའི་ཕ་རོལ་ཕྱིན་པ་ལ། །ཅུང་ཟད་འབྲེལ་བཞག་སརྒ་བཞི་པ་ཡིན།། །།དེ་ལྟར་ཟང་ཟིང་སྦྱིན་པས་ལོངས་སྤྱོད་དང་། །ཆོས་ཀྱི་སྦྱིན་པས་ཤེས་རབ་ལྡན་པ་དང་། །མི་འཇིགས་སྦྱིན་པས་བར་ཆད་མེད་པ་དང་། །བྱམས་པའི་སྦྱིན་པས་སྐྱེ་འགྲོ་བྱམས་པ་སོགས། །སྐྱེ་བར་ཕན་ཡོན་མཐའ་ཡས་བདེ་མྱོང་ཞིང་། །མཐར་ཐུག་རྫོགས་བྱང་རྒྱུ་རུ་འགྱུར་ན་ཡང་། །ཚུལ་ཁྲིམས་མེད་ན་ལུས་བཟང་མི་ཐོབ་ཅིང་། །གཞན་གྱིས་སྦྱིན་པའི་ཡོན་སྦྱང་མི་ནུས་པས། །དེ་ནས་སྟོན་པས་ཚུལ་ཁྲིམས་གསུངས་པར་སྣང་། །དེ་ལ་སྡོམ་པའི་ཚུལ་ཁྲིམས་དགེ་ཆོས་སྡུད། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམ་གསུམ་ལས། །སྡོམ་པའི་ཚུལ་ཁྲིམས་བསྲུངས་ན་གཞན་གཉིས་ཀྱང་། །ཤུགས་ཀྱིས་འགྲུབ་ལ་དེ་གཉིས་མ་བསྲུངས་ན། །གསུམ་པོ་མཉམ་དུ་སྡོད་པར་གསུངས་པའི་ཕྱིར། །བདག་གིས་སྡོམ་པའི་ཚུལ་ཁྲིམས་

p. 487

བསྲུངས་བར་བྱས། །དེ་ལ་སོ་ཐར་བྱང་སྡོམ་སྔགས་སྡོམ་གསུམ། །སོ་ཐར་ཐེག་པ་ཆེ་ཆུང་གཉིས་ཀ་ལ། །སོ་སོར་ཞུ་ལུགས་ཡོད་པ་ལ་ལས་བཞེད། །འོན་ཀྱང་བཀའ་བརྒྱུད་ལུགས་ལ་གཅིག་ཡོད་ཀྱང་། །བསམ་པའི་ཁྱད་ཀྱིས་སོ་སོར་འགྱུར་གསུངས་ལྟར། །བདག་གིས་སོ་ཐར་སྡོམ་པ་བསྲུང་བ་ནི། །རྣམ་མཁྱེན་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར། །ཐེག་པ་ཆེན་པོའི་སོ་ཐར་ཉིད་དུ་ངེས། །སྐྱབས་འགྲོའི་བསླབ་བྱ་དགུ་དང་དགེ་བསྙེན་གྱི། །བསླབ་བྱ་ལྔ་པོ་དེ་བཞིན་དགེ་ཚུལ་གྱི། །བསླབ་བྱ་བཅུ་དང་བསྙེན་པར་རྫོགས་པ་ཡི། །ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས། །རྩ་བ་རྣམས་ནི་ཉམས་མེད་སྲོག་ལྟར་བསྲུངས། །ཕྲ་ཞིབ་ཚོར་བ་འགའ་ཞིག་གསོ་སྦྱོང་དང་། །ཕྱིན་ཆད་ཆུ་ལོན་དམ་བཅའ་བརྟན་པར་བྱ། །མ་ཚོར་ཕྲ་ཞིབ་འགའ་རེ་བྱུང་དོགས་པས། །དགེ་འདུན་སྡེ་ལ་ཕུན་ཚོགས་གསོ་སྦྱོང་དང་། །མ་འཛོམས་དུས་བཟང་གསོ་སྦྱོང་བྱིན་རླབས་དང་། །ཕལ་ཆེར་ཞི་གནས་གསོ་སྦྱོང་བྱས་པ་དང་། །དེང་སང་ཁྲིམས་ལྡན་དགེ་སློང་ཡིན་པར་བརློམས། །བྱང་སྡོམ་དཀར་ནག་ཆོས་བཞི་བླང་དོར་གཟབ། །རྒྱལ་པོའི་ལྟུང་བ་ལྔ་དང་བློན་པོའི་ལྔ། །ལས་དང་སོ་

p. 488

སོའི་ལྟུང་བ་བརྒྱད་དང་ནི། །སྡོམ་པ་ཉི་ཤུ་ལ་སོགས་ལེགས་པར་བརྟག །སྨོན་འཇུག་རྩ་བའི་སྡོམ་པ་འཆུག་མེད་བསྲུང་། །ཕྲ་ཞིབ་མ་ཚོར་ཉམས་པར་འགྱུར་སྲིད་པས། །དུས་བཟང་ཕལ་ཆེར་བྱང་སྡོམ་བྱས་པ་དང་། །རྒྱུན་དུ་ཉུང་འདུས་བླངས་ཤིང་བློ་སྦྱོང་བསྒོམས། །དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔར་བརློམས། །སྔགས་སྡོམ་དབང་བཞི་ཡོངས་སུ་རྫོགས་ཐོབ་པས། །རྩ་ལྟུང་བཅུ་བཞི་དང་ནི་སྦོམ་པོ་བརྒྱད། །རྙིང་མའི་རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་ཉེར་ལྔ་དམ་ཚིག་ཉེར་བརྒྱད་སོགས། །རྩ་བ་མ་ཉམས་དམ་པར་བསྲུངས་བྱས་ཤིང་། །ཕྲ་ཞིབ་ཚོར་བར་ཉམས་བསམ་མེད་ན་ཡོང་། །མ་ཚོར་ཉམས་དོགས་བསྐང་བཤགས་ཡིག་བརྒྱ་དང་། །སྐབས་སུ་ཡི་དམ་བདག་འཇུག་ལེན་པར་བྱས་། །དེ་ལྟར་སྔགས་པ་དམ་ཚིག་ཅན་དུ་བརློམས། །དེ་ལྟར་སྡོམ་པ་གསུམ་ལྡན་བསྲུང་བ་ལ། །གཞན་ལུགས་ཆུ་སྣོད་ཆུ་དང་ཟླ་གཟུགས་དཔེ། །སོ་ཐར་ཤོར་ན་གསུམ་ཁ་ཤོར་བར་འདོད། །ལ་ལས་སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག །སུམ་ལྡན་དེ་ནི་སྔགས་པ་ཁོ་ནར་འདོད། །བཀའ་བརྒྱུད་བཞེད་པ་གཏོང་ཐོབ་ཐ་དད་ཅིང་། །ཉི་ཟླ་སྐར་གསུམ་བཞིན་

p. 489

དུ་སོ་སོ་སྟེ། །ནང་ཐུག་བྱུང་ན་གོང་མ་གཙོ་ཆེ་གསུངས། །འོན་ཀྱང་ནང་ཐུག་གདམས་གས་གོས་མ་མྱོང་། །སྤྱོད་པ་འདུལ་བ་ཉིད་ལ་ཆག་བཞག་ནས། །རྩ་བ་བཞི་ནི་འཆུགས་མེད་དམ་པར་བསྲུང་། །གྲོང་ཆོག་ལོ་གྲངས་བཅུ་གསུམ་བྱེད་པའི་ཚེ། །ཆང་གི་ཉེས་པས་གཞན་གྱི་གཞི་བྱེད་ཕྱིར། །ཚོགས་ཆང་མ་བཏུང་སོར་མོས་ལྕེ་ལ་བཞག །གདན་གཅིག་ཆབ་ལེན་ལྷམ་ཕུད་མཐར་ཐོན་བྱས། །དེ་ཡང་མཛེས་ཆོས་མི་སྡུན་མ་ཡིན་པར། །སོ་སོའི་ཕན་ཡོན་དགོས་ཆེད་མཐོང་བ་དང་། །བསྟན་པའི་ཞབས་འདྲེན་མི་འོང་ཕན་རབ་གོ །དེ་ནས་བསྙེན་པར་རྫོགས་པའི་དོན་གོ་ནི། །དགེ་སྦྱོང་ཆོས་བཞི་ཉམས་སུ་ལེན་དགོས་པས། །གྲོགས་མཆེད་སློབ་དཔོན་སློབ་མ་ཡོན་བདག་དང་། །གཞན་ཕྱོགས་འཛིན་པའི་བཙུན་པ་ལ་ལ་ཡི། །ཁྲོ་ཚུལ་སྟོན་ཡང་མ་ཁྲོས་ཕར་ལ་བསྟུན། །བསྟུན་ཀྱང་ཁྲོ་ཚུལ་སྟོན་ལ་བཏང་སྙོམས་བཞག །དེ་ནི་ཁྲོ་ལ་སླར་མི་ཁྲོ་བའོ། །དེ་བཞིན་སྔ་རབས་འདྲེས་ཞུགས་གྱུར་རྣམས་ལ། །ཡིད་བཟུང་མེད་པས་སྔར་འདྲིས་འགྲོ་བར་བྱས། །རང་ལ་ལྐོག་ཤ་གཤེ་སྐུར་བྱས་པ་འགའ། །ཐོས་ལ་ལན་དུ་གཤེ་སྐུར་ཚིག་མ་སྨྲས། །ཁོང་ཁྲོ་མ་བསྒོམས་གང་འོས་ལེགས་

p. 490

སོགས་བརྗོད། །དེ་ནི་གཤེ་ལ་སླར་མི་གཤེ་བའི་དོན། །དངོས་སུ་ཐོས་དང་ལྐོག་ཏུ་ལབ་པ་ཡི། །ཇོ་རུའི་བུ་དང་ཆུང་དུས་སྒོམ་ཆུང་དང་། །གྲྭ་སར་ཡུན་ཐུང་ཡོན་ཏན་ཕས་བསླབ་སོགས། །ཐོས་ཀྱང་དེ་ལན་མཚང་ནས་བྲུ་བ་ནི། །དངོས་སམ་ལྐོག་ཏུ་ལབ་པར་མ་བྱས་ཏེ། །མཚང་བྲུ་བ་ལ་སླར་མི་བྲུ་བའོ། །དངོས་སུ་རྡུང་བཙོག་བྱེད་པ་མ་བྱུང་ཡང་། །བེ་རེ་རྒྱལ་པོ་ཧ་ཅང་ཆོས་ཆེ་བས། །སེར་ཚོགས་མང་པོ་བསད་པས་ཁ་མ་གང་། །གསོད་རྒྱུ་མ་རྙེད་གཤེགས་མ་རྟོགས་ལྡན་དུ། །བརྫུས་ནས་འགྲོ་ཞིང་འདུག་ཟེར་སྐྲག་འཇིགས་ཆེ། །རིན་རྒྱལ་གྱིས་ཀྱང་རྟེན་མཁར་འདྲ་བའི་ནང་། །ལག་མདུང་རྣོན་པོ་འདོན་རྒྱུ་ཡོད་པ་ཞིག །ཞིང་སྐྱོང་རྟེན་རྫས་ཕྱག་མཁར་གྱིས་ཟེར་ཕུལ། །དེ་དོན་གོ་ནས་འདི་ལྟར་བསམ་ཞིང་སྨྲས། །བདག་གིས་མི་ལུས་ཐོབ་པའི་དོན་གོ་ལ། །ཞྭ་དམར་རྗེ་ལས་དགེ་སློང་སྡོམ་པ་ཐོབ། །མ་ཐར་ན་ཡང་མི་ནི་གསོད་ཐབས་མེད། །སྡོམ་པ་ཤོར་ནས་ལོ་འགའ་ཚེ་རིང་བས། །སྡོམ་པ་གཙང་བའི་ངང་ལ་ཤི་ན་དགའ། །ཞེས་སྨྲས་ལག་མདུང་མགུལ་ནས་དུམ་བུར་བཀྲིག །ལག་ཏུ་ཉིན་གཅིག་ཙམ་ཡང་མ་བཟུང་ངོ་། །དེ་ནི་རྡེག་ལ་སླར་མི་རྡེག་

p. 491

པའོ། །སོ་སོར་ཐར་པའི་དོན་གྱི་རྩ་བ་ནི། །གཞན་ལ་གནོད་པ་གཞིར་བཅས་སྤངས་དགོས་པས། །སུ་ལའང་བདག་གིས་གནོད་པ་མ་བྱས་ཤིང་། །རྟ་རྣར་ཡེལ་པའི་མདུན་དུ་ཁྱད་པར་དུ། །བདག་དང་བརྒྱུད་པར་བཅས་པས་ཚེ་རབས་ཀུན། །སུ་ལའང་གནོད་པར་མི་འགྱུར་སྨོན་ལམ་བཏབ། །གཞན་ལ་གནོད་པའི་གཞི་རུ་འགྱུར་བ་ཡི། །རྫུན་དང་ཕྲ་མ་ཟེར་རྫོས་སྤངས་བ་དང་། །དྲག་སྔགས་གནམ་ལྕགས་ཐོག་ལྟར་ཚན་ཆེ་བའི། །དུག་མདའ་བཞིན་དུ་རྣོ་མྱུར་མང་ཤེས་ཀྱང་། །ཤིན་ཏུ་སྦས་ནས་སུ་ལའང་མ་བསྟན་ཏོ། །ཁྱད་པར་གནམ་ཆོས་དྲག་སྔགས་བཀའ་རྒྱས་གདམས། །ལས་ཚོགས་ངན་བྱེད་ཀུན་ལ་རྒྱ་ཡིག་བཀོད། །གཞན་གནོད་གཞིར་བཅས་སྤངས་བའི་རྣམ་ཐར་ཡིན། །བྱང་ཆུབ་སེམས་བསྐྱེད་སྡོམ་པ་བླངས་བའི་ཕྱིར། །དགེ་རྩ་ཐམས་ཅད་འགྲོ་བ་སྤྱི་ལ་བསྔོས། །ལུས་ངག་ཡིད་ཀྱི་བྱ་བ་ཐམས་ཅད་ཀུན། །དངོས་སམ་བརྒྱུད་ནས་གཞན་དོན་ཁོ་ནར་དམིགས། །རང་དོན་ཁོ་ནའི་བྱ་བ་ནམ་ཡང་མེད། །ཚེ་རིང་བཀྲ་ཤིས་དཔལ་འབྱོར་སྒྲུབ་པ་ཡང་། །འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ་ཕྱིར་ཡིན། །ཕན་ལན་དྲིན་མི་ཁུར་དང་གནོད་པ་སྐྱེལ། །ཞེ་ནས་དམོད་དང་

p. 492

དོ་བསྡོའི་དགྲ་བྱུང་ན། །ཚེ་འདིར་ཕན་པའི་སྐལ་བ་ཟད་ན་ཡང་། །མ་འོངས་བདག་ཉིད་ཁོ་ནས་སངས་རྒྱས་སར། །འཇོག་པའི་སེམས་བསྐྱེད་སྨོན་ལམ་མཚམས་སྦྱོར་དང་། །གཞན་ཕན་གཞིར་བཅས་བསྒྲུབས་པའི་རྣམ་ཐར་ཡིན། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །ལུས་ལྷ་ངག་སྔགས་སེམས་ནི་ཏིང་ངེ་འཛིན། །ཕལ་ཆེར་འབྲལ་མེད་སྣང་སྲིད་ཐམས་ཅད་ཀུན། །ལྷ་དང་ལྷ་མོར་རྒྱས་བཏབ་དག་སྣང་སྦྱངས། །ལྟ་བ་རྫོགས་ཆེན་ཨ་ཏིའི་དོན་གོ་ཡང་། །སྤྱོད་པ་ཕྲ་ཞིབ་དག་ལ་ལེགས་པར་གཟབ། །ཤ་སྤངས་གྲོང་ཆོག་བྱེད་ཚེ་ལོ་བཅུ་གསུམ། །ནད་ལ་དགོས་ན་མ་གཏོགས་ཚོགས་ཤ་ཡང་། །གྲོང་ཆོག་སྤངས་ནས་བསྔོས་ཤ་མི་འོང་ཕྱིར། །རྒས་པ་གསོ་ཕྱིར་ཚོགས་ཤ་བརྟེན་པར་བྱས། །དེ་ནས་དགེ་བའི་ཆོས་སྡུད་ཚུལ་ཁྲིམས་ནི། །ཕལ་ཆེར་ཐོས་པའི་སྐབས་སུ་འདུས་མོད་ཀྱང་། །ཆོ་ག་ཆོས་སྤྱོད་མཎྜལ་ཡིག་བརྒྱ་དང་། །ཚ་ཚ་ཇོ་དར་མ་ཎི་བརྐོ་བ་དང་། །སྐུ་གསུང་ཐུགས་རྟེན་བཞེངས་པ་ལ་སོགས་པ། །དགེ་བའི་ཆོས་ནི་གང་དང་གང་ལ་ཡང་། །འབྲེལ་པ་སྣ་རེ་མ་བཞག་འགའ་ཡང་མེད། །དེ་ནས་སེམས་ཅན་དོན་བྱེད་ཚུལ་ཁྲིམས་

p. 493

ནི། །ཆོས་ཀྱི་སྦྱིན་པའི་སྐབས་སོགས་གསལ་ལྟར་ལས། །འདི་ནས་བཟུང་སྟེ་ཇི་སྲིད་འཁོར་བའི་བར། །ལུས་ངག་ཡིད་གསུམ་འགྲོ་དྲུག་དོན་དུ་བསྔོས། །འགྲོ་དྲུག་དོན་དུ་བྱང་ཆུབ་མཆོག་བསྒྲུབ་ཅིང་། །དེ་བསྒྲུབས་ནས་ཀྱང་ཞི་བར་མི་གཞོལ་ཏེ། །འཕགས་པ་སྤྱན་རས་གཟིགས་དབང་ཇི་བཞིན་དུ། །གང་ལ་གང་འདུལ་སྤྲུལ་པ་དཔག་མེད་ཀྱིས། །ནམ་མཁའི་མཐར་ཐུག་གྱུར་པའི་འགྲོ་བ་རྣམས། །བླ་མེད་རྫོགས་བྱང་མཆོག་ལ་འགོད་པ་ཡི། །སེམས་བསྐྱེད་སྨོན་ལམ་རྒྱ་ཆེར་བཏབ་པའོ། །འདི་ལྟར་སྡོམ་པ་གསུམ་ལྡན་ཚུལ་ཁྲིམས་ལ། །འགྲོ་ཀུན་འགོད་པར་འདོད་པའི་བསམ་པ་དང་། །ཚུལ་ཁྲིམས་བསྔགས་པ་བརྗོད་པར་བྱེད་པ་དང་། །རང་གི་ཚུལ་ཁྲིམས་མཆོག་འཛིན་སྤངས་བ་ནས། །གཞན་གྱི་ཁྲིམས་འཆལ་འཚང་ནས་མི་བྲུ་བ། །འདི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ལ། །འབྲེལ་པ་བཞག་འདི་སརྒ་ལྔ་པ་ཡིན།། །།དེ་ལྟར་སྦྱིན་དང་ཚུལ་ཁྲིམས་ལྡན་ལགས་ཀྱང་། །བཟོད་པའི་གོ་ཆ་དག་དང་མི་ལྡན་ན། །སྦྱིན་དང་ཚུལ་ཁྲིམས་དགེ་བ་བསྐལ་པ་བརྒྱར། །བསགས་པ་ཁོང་ཁྲོ་གཅིག་གིས་འཇོམས་པར་བཤད། །དེས་ན་ཁོང་ཁྲོ་ཞེ་གནག་ཡིད་འཛིན་པ། །

p. 494

སྡིག་པའི་ནང་ནས་སྟོབས་ལྡན་སྡིག་པར་བཤད། །དེ་ཕྱིར་བདག་གིས་བཟོད་པ་བསྒོམས་པར་བྱས། །བཟོད་པ་ལ་ཡང་རྣམ་པ་གཉིས་ཡིན་ཏེ། །དཀའ་བ་དང་ལེན་གནོད་པར་ཅི་མི་སྙམ། །ཐོས་བསམ་བྱེད་ཚེ་སློབ་གཉེར་དཀའ་ཚེགས་ཀྱང་། །རང་གི་སྒྲིབ་སྦྱོང་བསྟན་པའི་དོན་དུ་བསམ། །བླ་མ་མཇལ་དང་གནས་རི་མཇལ་བ་དང་། །དབང་ལུང་སྤེལ་ཕྱིར་སྒར་པའི་དཀའ་ཚེགས་དང་། །སྒྲུབ་པ་སྒྲུབ་ཆེན་ལ་སོགས་དཀའ་ཚེགས་དང་། །དབང་ལུང་ཁྲིད་སོགས་གཞན་ཕན་དཀའ་ཚེགས་དང་། །ཕྱག་དང་སྐོར་བ་ལུས་ཀྱི་དཀའ་ཚེགས་དང་། །ངག་བཅད་བཟླས་བརྗོད་འདོན་པའི་དཀའ་ཚེགས་དང་། །དགོང་བཅད་གདན་གཅིག་དཀར་ཕྱོགས་ཤ་ཆང་བཅད། །ཟས་ཀྱི་བཅད་ཁྲིག་འཁྱོངས་དཀའི་དཀའ་ཚེགས་དང་། །དེ་སོགས་ཆོས་ཕྱོགས་དཀའ་ལས་གང་བྱུང་བར། །སྒྲིབ་པའི་ཕྱགས་ཤིང་ཡིན་བསམ་དང་དུ་བླངས། །འགྱོད་པ་མེད་ཅིང་འཚེར་བ་མེད་པ་རུ། །དགའ་སྤྲོ་དང་བཅས་དང་དུ་ལེན་པ་ནི། །དཀའ་བ་དང་དུ་ལེན་པའི་བཟོད་པའོ། །གནོད་ལ་ཅི་མི་སྙམ་པའི་བཟོད་པ་ནི། །རང་དང་ཆོས་རྒྱུད་གཅིག་དང་མི་གཅིག་པའི། །བླ་མ་དང་ནི་སྔགས་པ་འགའ་

p. 495

རེ་ཡིས། །ལ་ལས་ཆགས་སྡང་ལ་ལས་ལོག་རྟོག་སྡུས། །ངག་མནན་ཀླུ་གཏད་བྱད་ཁ་བསྟན་བྱུང་བ། །ཉམས་དང་རྨི་ལམ་དག་ཏུ་གསལ་མཐོང་ཞིང་། །དངོས་སུ་དེ་དག་ལུས་ལ་ན་ཚ་དང་། །མི་བདེའི་གནོད་པ་སྣ་ཚོགས་བྱུང་ན་ཡང་། །རང་སྲུང་ཟློག་པ་ཙམ་རེ་མ་གཏོགས་པ། །ངན་ལན་མནན་པ་དྲག་སྔགས་མ་བྱས་སོ། །འོན་ཀྱང་ཡེ་ཤེས་ལྷ་ཡི་དྲང་ཤན་གྱིས། །ཁོང་རྣམས་མ་ལེགས་སོང་ཡང་ང་མ་ལན། །རང་གི་ཡབ་རྒན་དཀར་རྩི་བསྐུང་བ་དེ། །རྒྱུས་ཡོད་སྔགས་པས་ཁྱེར་ནས་སེར་བསྲུངས་བྱས། །དེ་ཡིས་མ་ལེགས་ན་ཚ་གོད་ཁ་ལྡང་། །དེ་ལ་ངན་སྨྲ་མ་སྨྲས་བཏང་སྙོམས་བཞག །བདག་གིས་གཏོར་ཁ་བསྟན་དང་ཟོར་ཟློག་སོགས། །བྱས་པས་སྨོན་པ་འགའ་རེ་ཐུལ་བ་དང་། །ཞག་རེ་ཙམ་གྱིས་སྲོག་རླུང་ཕན་པ་དང་། །སྲུང་སྐུད་ཙམ་གྱིས་སྲོག་རླུང་ཕན་པ་སོགས། །བྱུང་ཚེ་གྲུབ་མཐའ་མི་གཅིག་བླ་མ་ཡིས། །སུས་ཀྱང་ཕན་ཐོགས་དཀའ་བའི་སྨྱོ་འབོག་ནད། །ཁོ་ནི་ཕྱིན་པ་ཙམ་གྱིས་ཕན་ཐོགས་པ། །ཁོ་རང་དམ་སྲི་དོམ་ར་ཅན་བསྒྲུབས་ནས། །ཁོ་རང་ཟ་ཁ་ཕྱེ་བ་རེད་ཟེར་ནས། །ཀུན་ལ་གྲགས་པའི་བཅའ་ནི་བཀྲམ་འདུག་ཀྱང་། །རང་དང་ཆོས་རྒྱུད་བཅས་ལ་

p. 496

གནོད་འདུག་པས། །དེ་ནི་སྒྲུབ་རེ་ཞེས་པའི་མནའ་དང་ངག །ལྡོམ་བུའི་ཞོར་ལ་མི་མང་ཀུན་ལ་བྱས། །དེ་མིན་དེ་སྐད་སྨྲ་མཁན་རྣམས་ལ་ནི། །དམིགས་ངན་བསམ་ངན་དྲག་སྔགས་མ་བྱས་སོ། །དེ་བཞིན་ཡོན་བདག་གྲྭ་སློབ་ལ་སོགས་པ། །རང་གིས་གདོན་གྱི་ཁ་ནས་མངོན་སུམ་བླངས། །སྡིག་འཕྲོ་བཅད་ནས་མི་གྲལ་ལྷ་གྲལ་དུ། །བཙུད་པ་འགའ་རེས་དྲིན་དུ་མི་གཟོ་ཞིང་། །ལོག་པར་སྒྲུབ་དང་ལྐོག་སྨྲ་ངན་འདོད་བྱེད། །དེ་འདྲ་ལ་ཡང་བཏང་སྙོམས་བཞག་པ་ལས། །ངན་ལན་བསམ་པ་ངན་པ་མ་བྱས་སོ། །མདོར་ན་རང་ལ་མཐོ་དམན་སུ་ཡིན་ཡང་། །གནོད་པ་བྱེད་དང་གཤེ་སྐུར་བཏག་བསྐུ་དང་། །ངན་དུ་སྨྲ་དང་ངན་འདོད་ཚིག་ངན་དང་། །ཁ་གནོད་ཚིག་འཁྱལ་འཕེན་པ་ལ་སོགས་པ། །མང་དུ་ཐོས་དང་རང་གིས་མཐོང་ན་ཡང་། །ངན་ལན་བླངས་ན་དྲག་སྔགས་མང་ཤེས་པས། །འཕྲལ་དུ་ཆད་པས་གཅོད་ན་སླ་ན་ཡང་། །བཏང་སྙོམས་བཞག་པ་མ་གཏོགས་ངན་མ་བྱས། །དེ་ལྟར་རང་གིས་བཟོད་པ་ཉམས་བླངས་ཤིང་། །གཞན་ཡང་དེ་ལ་བསྐུལ་བར་བྱ་བ་དང་། །འགྲོ་ཀུན་བཟོད་པ་གཉིས་ལ་འགོད་འདོད་ཅིང་། །བཟོད་པའི་བསྔགས་

p. 497

པ་གཞན་ལ་བརྗོད་པ་འདི། །བཟོད་པའི་ཕ་རོལ་ཕྱིན་པ་སྒོམ་པ་ལ། །འབྲེལ་བ་བཞག་པའི་སརྒ་དྲུག་པ་ཡིན།། །།དེ་ནས་བརྩོན་འགྲུས་དག་དང་མ་དག་གཉིས། །མ་དག་བརྩོན་འགྲུས་མཐར་ལྟུང་གོལ་བ་སྟེ། །ཧ་ཅང་བརྩོན་འགྲུས་ཆེ་དྲག་ལུས་ངག་དུབ། །ཁམས་ཉོག་ནད་ལྡང་ཡུན་རིང་དགེ་སྦྱོར་ཆག །ལྗི་ཤིག་གཉིས་པོ་སུ་མགྱོགས་བྱས་པའི་ཚེ། །གཏམ་རྒྱུད་བཞིན་དུ་ཧ་ཅང་མི་བརྩོན་ཀྱང་། །རྒྱུན་དུ་དལ་བར་མ་བསྡད་ལུས་ངག་ཡིད། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་དང་། །ཚོགས་བསགས་སྒྲིབ་སྦྱོང་མ་གཏོགས་བྱ་རྒྱུ་མེད། །སློབ་གཉེར་དུས་ལ་སློབ་གཉེར་བརྩོན་འགྲུས་དང་། །ཉམས་ལེན་བྱེད་ཚེ་སྒྲུབ་པའི་བརྩོན་འགྲུས་བརྩམས། །ལོ་གསུམ་བར་དུ་སྔས་ཀྱང་སྤངས་བར་བྱས། །དུས་མཆོད་རྣམས་དང་རྒྱུན་གྱི་ཐུགས་དམ་རྣམས། །རྒྱས་བསྡུས་མ་གཏོགས་ནམ་ཡང་ཆག་མེད་བགྱིད། །སྒྲུབ་ཆེན་སྒྲུབ་ཕྲིན་མཁོ་བའི་ཡོ་བྱད་བསགས། །དེ་འདྲ་དགོས་ཏེ་མ་འཛོམ་ཟེར་བ་དང་། །དེ་འདྲ་དགོས་ཏེ་མ་ཐོན་ཟེར་བ་མེད། །ཡི་དམ་ཆོས་སྐྱོང་རང་གི་གཏོར་མགྲོན་གྲ། །བསྙེན་པ་མ་ཐོན་ཟེར་བ་འགའ་མ་མཆིས། །སྒྲུབ་ཆེན་སྒྲུབ་ཕྲན་ཞོར་སྒྲུབ་ཡན་

p. 498

ཆད་ཀྱི། །སྒྲུབ་པ་ཉིས་བརྒྱ་ལྷག་ཙམ་ཨེ་སོང་ཙམ། །དེ་དག་སོ་སོའི་རྫས་དང་ཡོ་བྱད་དང་། །སྲོག་འཁོར་དམ་སྲི་མནན་སོགས་རྣམ་མང་པོ། །མ་ཐོན་རང་གར་བྱས་པ་འགའ་ཡང་མེད། །ཆུང་དུས་གཏོ་ཆོག་བྱས་པ་ཡན་ཆད་ནས། །ད་ལྟ་སྒྲུབ་ཆེན་དབང་སྒྲུབ་མན་ཆད་ཀྱི། །མདོས་ཟློག་བསྐང་གསོ་རྗེས་གནང་བྱབ་ཁྲུས་ཡིན། །དལ་ཁོམ་རྒྱས་བསྡུས་སྐབས་དང་བསྟུན་མོད་ཀྱི། །ཆ་ལག་མ་ཚང་གྱི་ནར་བྱས་པ་མེད། །ཞི་ཁྲོའི་སྒྲུབ་ཆེན་སྐུ་གསུམ་སྒྲུབ་པ་སོགས། །ཕྱག་ལེན་འཆུགས་མེད་སྤྲོས་པ་རྒྱས་པ་བས། །སླ་ཆོས་དེས་ཆོག་ཁོབ་ལས་བྱས་པ་མེད། །བཀའ་སྲུང་ཆོས་སྐྱོང་སྲུང་མའི་རྟེན་རྫས་དང་། །རྟེན་གཏོར་རྒྱུན་གཏོར་རྟག་གཏོར་ཐུན་གཏོར་སོགས། །སོ་སོའི་གཞུང་དང་མཐུན་པར་བྱས་པ་བས། །གཏོར་ཆོག་ཙམ་གྱིས་རྒྱུན་བསྙེན་བྱེད་པ་ལ། །བསྙེན་སྒྲུབ་ཐེམ་ཞེས་འདོད་བཟོ་བྱས་པ་མེད། །དབང་དང་ལུང་དང་སྒྲུབ་པ་ལག་ཁྲིད་ལ། །མ་གོམས་པ་བྱུང་རྩད་བརྡར་མ་བཅད་པར། །ཤེས་ལོ་ཐོབ་ལོ་ཙམ་དུ་བཞག་པ་མེད། །སྒྲུབ་པ་གང་ཡང་རྨིས་རྟགས་མ་ཐོན་པར། །གྲངས་ཁ་ཐེམ་ཞེས་བསྐྱུར་ནས་བཞག་པ་མེད། །རྒྱུད་དང་རྒྱ་གཞུང་སྒྲུབ་

p. 499

སྐོར་ལས་ཚོགས་ལ། །གལ་ཆེན་བྱས་ནས་རྩད་བཅད་དྲུང་རྣོ་བས། །གཏོར་ཆོག་དབང་ལུང་ཙམ་ཞིག་ཐོབ་པ་ལ། །བསྙེན་པ་བྱས་ཤིང་ལྷ་རུ་བཟུང་བ་མེད། །ཐོབ་པའི་དབང་ལུང་རྒྱུད་པ་དག་མ་དག །ཕྱག་ལེན་འཆུག་དང་མ་འཚུགས་མ་བརྟག་པར། །ཐོས་པ་ཙམ་གྱིས་ཆོག་པར་བྱས་པ་མེད། །སྔར་ཐོབ་ཁྲིད་རྣམས་དེ་ཡི་དཔེ་བཙལ་ནས། །རང་གིས་རང་ལ་ཁྲིད་ནི་བཙུགས་བྱས་ནས། །ངེས་ཤེས་ཅུང་ཟད་ཐོབ་པར་མ་བྱས་པའི། །སྔར་ཐོབ་དེས་ཆོག་བྱས་ནས་བསྐྱུར་བ་མེད། །དེ་ལྟར་བརྩོན་འགྲུས་རང་གིས་རྩོམ་བྱེད་ཅིང་། །གཞན་ཡང་དེ་ལ་འགོད་ཅིང་བསྔགས་པ་བརྗོད། །འགྲོ་ཀུན་བརྩོན་འགྲུས་ཉིད་ལ་བཀོད་འདོད་པས། །འདི་ནི་བརྩོན་འགྲུས་ཕ་རོལ་ཕྱིན་པ་ལ། །འབྲེལ་པ་བཞག་པའི་སརྒ་བདུན་པའོ།། །།དེ་ལྟར་བརྩོན་འགྲུས་བརྩམས་པར་བྱས་ན་ཡང་། །ནང་དུ་བསམ་གཏན་བསྒོམས་པར་མ་བྱས་ན། །ཉོན་མོངས་དུག་གསུམ་མགོ་བོ་མི་ནོན་པས། །སྟོན་པས་དེ་ནས་བསམ་གཏན་བསྒོམ་པར་གསུངས། །བསམ་གཏན་འདི་ལ་རྣམ་པ་མང་བཤད་ཀྱང་། །བསྒོམ་བྱ་ཕལ་ཆེར་བསམ་གཏན་ཁོངས་སུ་འདུས། །གོང་དུ་བསྟན་བཞིན་བྱམས་པ་སྒོམ་

p. 500

པ་དང་། །བྱང་ཆུབ་སྒྲུབ་པའི་ས་བོན་ཆུ་ལུད་དང་། །འབྲས་བུ་ཕུན་སུམ་ཚོགས་པ་དང་འདྲ་བས། །མེད་ཁ་མེད་ཕྱིར་སྙིང་རྗེ་བསྒོམས་པར་བྱས། །སྙིང་རྗེ་ཡང་ནི་རྣམ་པ་གསུམ་ཡོད་དེ། །སེམས་ཅན་དམིགས་དང་ཆོས་ལ་དམིགས་པ་དང་། །དམིགས་པ་མེད་པའི་སྙིང་རྗེ་རྣམ་གསུམ་ལས། །ཐོག་མར་བསྒོམ་བྱ་སེམས་ཅན་དམིགས་པ་སྟེ། །སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་སྟེ། །ལ་ལ་དམྱལ་བར་བཙོ་སྲེག་བཟོད་གླགས་མེད། །ལ་ལ་ཡི་དྭགས་བཀྲེས་སྐོམ་མེ་ལྟར་འབར། །ལ་ལ་དུད་འགྲོ་མུན་གླིང་བླུན་རྨོངས་འཐིབ། །དེ་སོགས་སེམས་ཅན་ཐམས་ཅད་སྙིང་རྗེ་བས། །དེ་དག་ཀུན་གྱི་སྡུག་བསྔལ་རྒྱུ་བཅོས་པ། །རང་ལ་སིབ་སིབ་བསྟིམས་པས་སེམས་ཅན་ཀུན། །སྡུག་བསྔལ་ཀུན་དང་བྲལ་བར་ནན་གྱིས་བསྒོམ། །དེ་ལྟར་བདག་བས་གཞན་གཅེས་མ་བསྒོམས་ན། །སངས་རྒྱས་ཐོབ་པའི་ཐབས་ནི་མེད་པར་གསུངས། །དེ་ཡང་ཡིད་ཀྱིས་དེ་ལྟར་བརྗེ་བ་ལས། །དངོས་སུ་ས་ཐོབ་མིན་པ་མི་རུང་གསུངས། །དེ་ཕྱིར་དངོས་སུ་བདག་གཞན་རྗེ་དཀའ་ཡང་། །ནད་པ་གདོན་ཅན་གྲིབ་ཅན་འགའ་རེ་ལ། །དེ་ལྟར་བསྒོམས་པས་ནད་པ་ཅི་ན་བའི། །

p. 501

ཕྱོགས་མཐུན་པོ་དེ་རང་ཉིད་ན་བ་ནས། །ནད་པ་ནད་ལས་གྲོལ་བ་རེ་མང་བྱུང་། །སྨྱོ་འབོག་ལ་སོགས་གདོན་ལ་གཟིར་བ་ན། །ནད་པར་ཕན་ཀྱང་གདོན་གྱིས་ལེ་ལན་བརྡ། །རང་ལ་གོད་ཁ་ཁ་སྨྲས་འོང་འདུག་ཀྱང་། །འོང་བ་ཤེས་བཞིན་དེ་འདྲ་མང་དུ་བྱས། །ཆར་པ་དྲག་འབོད་སེར་བའི་གདོང་ཟློག་སོགས། །བྱས་ཚེ་རང་ལ་གནོད་པ་བྱུང་ན་ཡང་། །བཟོད་པར་བྱས་ནས་གཞན་ཕན་བློ་ཡིས་བྱས། །སྔ་སོར་གྲོང་ཆོག་ལོ་མང་བྱེད་སྐབས་སུ། །ཡོན་བདག་ཕྱུག་དང་དབང་ཡོད་ལ་ལ་ཡི། །ངོ་ཆེན་སྔོན་ལ་འོང་དགོས་ཟེར་ན་ཡང་། །སྙོམས་ཆུང་དབུལ་པོ་གལ་ནི་ཆེ་བར་བྱས། །དེ་ཚེ་དབང་ཡོད་རྒྱུ་ཡོད་ཕྱུག་པོ་རྣམས། །མི་དགའི་རྣམ་འགྱུར་བསྟན་ཡང་བཟོད་པར་བྱས། །བསྙེན་སྒྲུབ་མ་ཐེམ་ཡི་དམ་ཆོས་སྐྱོང་ཚོགས། །དབང་ལུང་སུ་འདོད་རྣམས་ལ་སྤེལ་བའི་ཚེ། །རང་ལ་གནོད་ཅིང་བཀའ་སྲུང་མི་དགའ་ཡང་། །གཞན་ལ་ཕན་ཆེར་འདུག་པས་བཟོད་པར་བྱས། །རང་དོན་ཚེ་མཚམས་བྱས་ན་ལེགས་འདུག་ཀྱང་། །དབང་ལུང་ཆོས་གསུམ་དགེ་བའི་ཕན་ཡོན་སོགས། །གཞན་ཕན་བསམས་ནས་ལོ་འགའ་མཚམས་ཡང་བྱས། །གཅོད་ཚོགས་བསྒྲིག་པར་ཨེ་རུང་བརྟག་པའི་ཚེ། །

p. 502

བསྒྲིགས་ན་ཁྱེད་རང་ཚེ་ལ་གནོད་ན་ཡང་། །གཞན་ལ་ཕན་ཐོགས་དཔག་མེད་འབྱུང་གསུངས་པས། །ཕན་ཐོགས་ཆེ་ན་བདག་ཚེ་ཐུང་ཡང་བཟོད། །བསམས་ནས་གཞན་ཕན་བློ་ཡིས་བསྒྲིགས་པར་བྱས། །རེས་འགའ་རང་དབང་མེད་པར་སེམས་ཅན་ལ། །སྙིང་རྗེའི་དབང་གིས་མཆི་མ་འཁྲུགས་པ་དང་། །འཕོ་འདེབས་དུས་འགའ་སྙིང་རྗེ་དྲག་པོ་ཡིས། །བསྐྱེད་ཀྱང་མ་ཕན་མཆི་མ་འཁྲུགས་པ་བྱུང་། །ཆོས་ལ་དམིགས་པའི་སྙིང་རྗེ་སྐྱེ་ཚུལ་ཡང་། །སྣོད་བཅུད་ཀུན་དང་སྐྱེ་འགྲོའི་བདེ་སྡུག་སོགས། །རྣམ་པ་སོ་སོར་བཀྲ་ཡང་ངོ་བོ་སྟོང་། །དཔེར་ན་ཆུ་ནང་ཟླ་གཟུགས་ལྟ་བུར་མཐོང་། །ཀྱེ་མ་འདི་ལྟར་དངོས་པོ་མ་གྲུབ་པར། །སྒྱུ་མ་རྨི་ལམ་ལྟ་བུར་འདུག་པ་ལ། །མ་རྟོགས་བདག་གཞན་བདེ་སྡུག་སྣ་ཚོགས་སུ། །བཟུང་བའི་འགྲོ་བ་འདི་དག་ཐམས་ཅད་ནི། །དོན་མེད་འཁྲུལ་ནས་སྡུག་བསྔལ་དཔག་མེད་པ། །སྨྱོན་པ་ལྟ་བུར་འདུག་སྙམ་སྙིང་རྗེ་སྐྱེས། །དམིགས་པ་མེད་པའི་སྙིང་རྗེ་དངོས་དེ་ནི། །འཕགས་ཆེན་རྣམས་ཀྱི་སྤྱོད་ཡུལ་ཡིན་མོད་ཀྱི། །ཉམས་ལེན་སྟོང་ཉིད་རྩི་དང་མ་བྲལ་ངང་། །སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམ་པ་ནི། །སྟོང་ཉིད་སྙིང་རྗེའི་སྙིང་པོ་

p. 503

ཅན་ཞེས་པ། །འདི་ནི་བྱང་ཆུབ་བླ་ན་མེད་པའི་ལམ། །ཡིན་པར་གོ་ནས་ཡང་ཡང་བསྒོམས་པར་བྱས། །འདི་ནི་སྙིང་རྗེ་བསྒོམས་པའི་རྣམ་ཐར་ཡིན། །དེ་བཞིན་འགྲོ་ཀུན་བདེ་བ་མཆོག་དང་ནི། །ནམ་ཡང་འབྲལ་བ་མེད་ན་དགའ་བ་དང་། །དེ་ལྟར་བྱམས་དང་སྙིང་རྗེ་དགའ་བ་ལ། །ཕྱོགས་རིས་མེད་པར་ཀུན་ལ་སེམས་སྙོམས་པ། །ཚངས་པའི་གནས་བཞི་ཐུན་མགོ་རྣམས་སུ་བསྒོམས། །དེ་ནི་ཞེ་སྡང་གཉེན་པོར་བྱམས་སྙིང་རྗེ། །འབྲེལ་པ་ཅུང་ཟད་བཞག་པའི་རྣམ་ཐར་ཡིན། །རང་དང་གཞན་གྱི་ལུས་ལ་ལེགས་བརྟགས་ན། །ཕྱི་ཡི་བཞིན་དང་པགས་པའི་མདོག་ལེགས་ཀྱང་། །ནང་ནི་མི་གཙང་ཁྲག་དང་ཆུ་སེར་དང་། །མཁྲིས་པ་བད་སྣབ་བཤང་གཅི་སྲིན་བུས་གང་། །ནང་ན་ཀེང་རུས་རྩ་དང་རྒྱུད་པས་འབྲེལ། །བྱ་རྒོད་ཟོས་པའི་རོ་དང་ཁྱད་པར་མེད། །འདི་ལ་ཆགས་པ་སྐྱེ་བ་འཁྲུལ་ཚབས་ཆེ། །དེ་ལྟར་འདོད་ཆགས་གཉེན་པོར་མི་སྡུག་པ། །སྒོམ་ལ་ལན་འགའ་འབྲེལ་བ་བཞག་པར་བྱས། །སངས་རྒྱས་སྐྱེས་རབས་མཛད་པ་བཅུ་གཉིས་དང་། །རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་སྲིད་འཁོར་ལོ། །ལུགས་ལྡོག་ཐར་པའི་འཁོར་ལོ་འཕགས་ལམ་བརྒྱད། །

p. 504

ཡིད་ལ་རྩེ་བ་གཏི་མུག་གཉེན་པོ་སྟེ། །རྟེན་འབྲེལ་སྒོམ་ལ་རེ་འགའི་འབྲེལ་པ་བཞག །བསྐྱེད་རིམ་ཆ་རྣམས་བསམ་གཏན་ཡིན་པས་ན། །སྦྱང་གཞི་སྦྱོང་བྱེད་ལེགས་པར་སྦྱར་ཤེས་པས། །བདག་བསྐྱེད་ཡི་དམ་ལྷ་ཡི་དཀྱིལ་འཁོར་དང་། །མདུན་བསྐྱེད་མོས་པ་བློར་བཟུང་བསྒོམས་པར་བྱས། །དུག་ལྔ་སོ་སོ་རིགས་ལྔ་སོ་སོ་ཡི། །ལྷ་རུ་བསྒོམས་ཤིང་བསྔོ་སྨོན་རྒྱས་འདེབས་སོགས། །བསྒྱུར་བའི་ལམ་ལ་འབྲེལ་པ་བཞག་པར་བྱས། །རྡོ་རྗེ་ལུས་ཀྱི་གནས་ཚུལ་ཤེས་བྱས་ནས། །སྟོང་ར་གསལ་བཏབ་བུམ་ཆེན་རླུང་ལ་སྦྱངས། །འབར་འཛག་གཏུམ་མོའི་དམིགས་པ་བསྒོམས་པར་བྱས། །རྡོ་རྗེའི་བཟླས་དང་འབྱུང་འཇུག་གནས་དང་གསུམ། །རང་ལུས་ཐུབས་ལྡན་རྡོ་རྗེ་རྦ་རླབས་སོགས། །ཡེ་ཤེས་བཙན་ཐབས་ལམ་ཡང་བསྒོམས་པར་བྱས། །ཉི་མར་བལྟས་ནས་དབྱིངས་རིག་སྒྲོན་མ་དྲུག །ཨ་ཏི་ཐོད་རྒོལ་ཅུང་ཟད་བསྒོམས་པར་བྱས། །མཚན་བཅས་ཤིང་བུ་རྡེལ་བུ་མར་མེ་དང་། །མཚན་མེད་སངས་རྒྱས་སྒོ་ལ་སེམས་འཛིན་ལ། །མཚན་མེད་རྣམ་རྟོག་བཀག་ནས་རང་བབས་སུ། །གནས་པའི་ཞི་གནས་ཀྱང་ནི་བསྒོམས་པར་བྱས། །ཁྱད་པར་ཞི་གནས་

p. 505

རྣམ་རྟོག་མ་བཀག་པར། །ལྷོད་དེ་བཞག་པས་གནས་ཉམས་རྒྱ་མཚོ་བཞིན། །སྐྱེ་བ་དེ་ཡང་ཉམས་སུ་མྱོང་བར་བྱས། །ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་དང་། །ཡོད་མིན་མེད་མིན་ཅི་ཡང་མེད་པ་སོགས། །ཕྱི་རོལ་པ་དང་ཕྱོགས་མཐུན་བསམ་གཏན་བཞི། །ཉམས་ཀྱི་སྣང་བར་ཅུང་ཟད་རྟོགས་པར་བྱས། །དེ་ཡང་ཕྱི་རོལ་པ་དང་ནང་པའི་ལམ། །ཁྱད་པར་ཁྱེར་སོ་དག་ཀྱང་འབྱེད་པར་བཤད། །དེ་ལྟར་བསམ་གཏན་དག་ལ་འབྲེལ་བཞག་ཅིང་། །གཞན་ལ་སྟོན་ཅིང་དེ་ཡི་བསྔགས་པ་བརྗོད། །འགྲོ་ཀུན་བསམ་གཏན་མཆོག་ལ་འགོད་འདོད་པ། །འདི་ནི་བསམ་གཏན་ཕ་རོལ་ཕྱིན་པ་ལ། །འབྲེལ་པ་བཞག་པའི་སརྒ་བརྒྱད་པའོ།། །།དེ་ལྟར་སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ལྔ་ལ་སྤྱོད་ན་ཡང་། །ཤེས་རབ་ཕ་རོལ་ཕྱིན་པས་མ་ཟིན་ན། །ནམ་ཡང་འཁོར་བའི་གནས་ནས་མི་ཐར་ཏེ། །འཁོར་བའི་རྩ་བ་བདག་ཏུ་འཛིན་པ་སྟེ། །དེ་ཉིད་འཇོམས་ལ་བདག་མེད་ཤེས་རབ་དགོས། །ལོང་བ་བརྒྱ་ཕྲག་མིག་ལྡན་མི་གཅིག་གིས། །ཁྲིད་ནས་འདོད་པའི་ས་རུ་ཕྱིན་པ་ལྟར། །ཕར་ཕྱིན་ལྔ་བོ་ཤེས་རབ་ཕར་ཕྱིན་གྱིས། །ཟིན་

p. 506

ན་རྫོགས་པའི་སངས་རྒྱས་ས་རུ་སླེབས། །དེ་ལྟར་གསུངས་ཕྱིར་བདག་གིས་ཤེས་རབ་བསྒོམས། །དེ་ལ་ཐུན་མོང་ཐུན་མོང་མིན་པ་གཉིས། །ཐུན་མོང་ཤེས་རབ་ཐོས་བསམ་གཉིས་པོ་སྟེ། །དེ་ཚུལ་གོང་དུ་བསྟན་པས་འདིར་མ་བརྗོད། །ཐུན་མོང་མིན་པའི་ཤེས་རབ་སྒོམ་པའི་ཐབས། །ཀུ་ས་ལི་དང་པཎྜིཏ་ཡི་ལུགས། །དཔྱད་སྒོམ་འཇོག་སྒོམ་གཉིས་སུ་ཡོད་པ་ལས། །པཎྜི་ཏ་ཡིས་དཔྱད་བསྒོམ་བྱ་བའི་ཚུལ། །ཕྱི་ནང་སྣོད་བཅུད་ཆོས་རྣམས་ཐམས་ཅད་པ། །སྟོང་ཞིང་བདག་མེད་མཐའ་བཞིའི་དྲི་མ་བྲལ། །དེ་ཚུལ་རྒྱལ་བའི་མདོ་རྒྱུད་ལུང་ལས་བྱུང་། །པཎྜི་ཏ་པ་རྣམས་ཀྱིས་རིགས་པས་གྲུབ། །རྟག་པ་མ་ཡིན་ཆད་པ་མ་ཡིན་ཞིང་། །ཡོད་པ་མ་ཡིན་མེད་པ་མ་ཡིན་ལ། །བདག་སྐྱེ་མ་ཡིན་གཞན་ལས་སྐྱེ་བ་མིན། །གཉིས་སྐྱེ་མ་ཡིན་གཉིས་ཀ་མིན་སྐྱེ་མིན། །ངོ་བོ་སྟོང་པ་དོན་དམ་བདེན་པ་སྟེ། །རྣམ་པ་གསལ་བ་ཀུན་རྫོབ་རྟེན་འབྲེལ་ཆོས། །དེ་གཉིས་མི་འགལ་ཟུང་དུ་འཇུག་པ་ཡི། །ལུང་དང་རིགས་པས་གོ་བ་བསྐྱེད་བྱས་ནས། །དེ་ལྟར་བསྒོམ་བྱ་དེ་ཉིད་ཤེས་བྱས་ཏེ། །དེ་ནས་དེ་ཡི་དོན་ལ་མཉམ་བཞག་པ། །དེ་ལ་ཡང་ནི་ལན་འགའ་འབྲེལ་པ་བཞག །

p. 507

རྒྱུན་དུ་ཀུ་ས་ལི་ཡི་འཇོག་སྒོམ་ནི། །ཆུ་ཆད་པ་ཡི་རན་ཐག་ཇི་བཞིན་དུ། །དུས་གསུམ་སྤྲོས་པ་བཅད་ནས་མཉམ་པར་བཞག །དེ་ཚེ་དང་པོ་རང་གི་སེམས་ཉིད་དེ། །ངོ་བོ་སྟོང་ལ་རང་བཞིན་གསལ་བ་དང་། །རྣམ་པ་འགག་མེད་སྐུ་གསུམ་རང་ཆས་མཐོང་། །དེ་ལ་གཟུགས་དང་ཁ་དོག་དངོས་པོ་དང་། །ངོས་བཟུང་མེད་པའི་གང་ཟག་བདག་མེད་དེ། །བསྒོམ་དུ་མེད་པའི་ངང་ལ་བསྒོམས་པར་བྱས། །དེ་ནས་ཕྱི་རོལ་སྣོད་བཅུད་ཐམས་ཅད་ཀུན། །ངོ་བོ་སྟོང་ལ་རང་བཞིན་གསལ་བ་དང་། །སྟོང་གསལ་གཉིས་པོ་མི་འགལ་ཟུང་འཇུག་པ། །ཆོས་ཀྱི་བདག་མེད་དག་ཀྱང་སྒོམ་པར་བྱས། །དེ་ལྟར་སྟོང་ཉིད་གཤིས་དང་མ་བྲལ་བར། །མ་རྟོགས་འགྲོ་ལ་ཤུགས་འབྱུང་སྙིང་རྗེ་ཡི། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམས་པར་བྱས་། །སྟོང་ཉིད་ངང་ལ་སྣ་ཚོགས་རིག་པའི་རྩལ། །ནམ་མཁའི་འཇའ་བཞིན་ཡི་དམ་དཀྱིལ་འཁོར་ལྷ། །སྤྲོ་དང་བསྡུ་དང་དབང་བསྐུར་བྱིན་རླབས་སོགས། །བསྐྱེད་རྫོགས་ཟུང་འཇུག་དག་ཀྱང་བསྒོམས་པར་བྱས། །དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་ལ། །རང་གིས་ཉམས་ལེན་གཞན་ལ་སྟོན་པ་དང་། །དེ་ཡི་བསྔགས་པ་བརྗོད་ཅིང་འགྲོ་བ་ཀུན། །དེ་ལ་

p. 508

འགོད་པར་འདོད་པའི་བློ་སྐྱེད་པ། །ཤེས་རབ་ཕར་ཕྱིན་བསྒོམས་པའི་སརྒ་དགུ།། །།དེ་ལྟར་ཕར་ཕྱིན་དྲུག་ལ་སྤྱད་ན་ཡང་། །དད་པ་མེད་ན་བྱིན་རླབས་མི་འབྱུང་བས། །དད་པ་ལ་ཡང་རྣམ་པ་གསུམ་ཡིན་ཏེ། །འདོད་དང་ཡིད་ཆེས་དང་བའི་དད་པའོ། །བདག་དང་འགྲོ་ཀུན་སངས་རྒྱས་ཐོབ་འདོད་པ། །སྐོམ་པས་ཆུ་ལ་གདུང་བ་འདྲ་ཞིག་བྱས། །མདོ་རྒྱུད་ཚད་ལྡན་པད་འབྱུང་གཏེར་བཀའ་དང་། །བཀའ་བརྒྱུད་གོང་མའི་གསུང་ལ་ཐེ་ཚོམ་མེད། །ཡིད་ཆེས་ནད་པས་སྨན་བཞིན་རྒྱུན་དུ་བསྟེན། །བཟང་དང་ངན་དང་གཙང་དང་མི་གཙང་བའི། །སེར་གོས་གྱོན་ཚད་ཐམས་ཅད་སངས་རྒྱས་བསྟན། །དགེ་འདུན་གྲངས་སུ་ཐེ་སྙམ་དག་སྣང་བྱས། །དབུ་ཐུག་ལ་སོགས་འོས་པའི་བསྙེན་བཀུར་བགྱིད་རང་དང་མཉམ་དང་ཅུང་ཟད་དམན་རྣམས་ལ། །དང་བ་ཕྱག་ལེན་གང་འོས་ཆེ་བཀུར་བྱས། །སྙིང་པོ་མེད་ཀྱང་ཆེ་འགྱིང་མཁན་རྣམས་ལ། །ཕྱག་འཚལ་ཕྱག་དབང་ཞུ་སོགས་ཞུམ་ཞུམ་བྱས། །སྔོན་བྱོན་ལ་ལ་སྐྱབས་སུ་འཛིན་བྱེད་ཀྱང་། །ལ་ལས་བདུད་སྤྲུལ་ངན་པར་འཛིན་རྣམས་ལའང་། །དེ་དག་གནས་སྐབས་སྨོན་ལམ་བཟང་ངན་ཙམ། །ཡོད་

p. 509

སྲིད་ན་ཡང་ས་གནས་སེམས་དཔར་ངེས། །སྐྱེ་རྒྱུད་བཟང་ངན་ལ་སོགས་བཤད་ཐོས་ཀྱང་། །བཤད་ལུགས་ཐེག་པ་ཆེ་ཆུང་ཁྱད་པར་ཏེ། །ཐེག་དམན་ལུགས་ལ་ལྷས་སྦྱིན་བདུད་པོ་སྟེ། །དེ་ལས་ངན་པ་འཇིག་རྟེན་ཁམས་ན་མེད། །ཐེག་ཆེན་པདྨ་དཀར་པོའི་མདོ་ལས་ནི། །ལྷས་སྦྱིན་ཐུབ་པས་བྱང་ཆུབ་སྒྲུབ་པའི་གྲོགས། །རེས་འགའ་སྟོན་པའི་སློབ་དཔོན་དག་ཏུ་གྱུར། །བྱང་ཆུབ་སེམས་དཔའ་སྐྱེས་མཆོག་ཡིན་པ་སྟེ། །དེ་ལ་སྨོད་ན་ངན་སོང་ལྟུང་བའི་རྒྱུ། །མ་འོངས་བསྐལ་པ་བརྒྱ་ནས་སངས་རྒྱས་ཏེ། །བདེ་གཤེགས་ལྷ་ཡི་རྒྱལ་པོར་འགྱུར་ལུང་བསྟན། །དེ་བཞིན་བདུད་པོ་མ་ཏྲཾ་རུ་ཊ་ཡང་། །ད་ལྟ་དཔལ་ལྡན་མགོན་པོ་ནག་པོ་སྟེ། །མ་འོངས་ཐལ་བའི་དབང་པོར་སངས་རྒྱས་གསུངས། །ད་ལྟ་བདུད་རྒྱལ་དགའ་རབ་དབང་ཕྱུག་ཀྱང་། །འདོད་རྒྱལ་དམར་པོ་ཞེས་བྱ་སྒྲུབ་ཐབས་མང་། །དེ་ཡང་སྟོན་པས་བྱང་ཆུབ་ལུང་བསྟན་ཐོབ། །རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུད་ལས་ནི། །གཟའ་དང་རྒྱལ་པོ་རྟ་མགྲིན་སྤྲུལ་པར་གསུངས། །མུ་སྟེགས་མ་ཁོལ་སྐྱེ་བ་ཀརྨ་པ། །ཉི་མ་དངོས་གྲུབ་སྐྱེ་བ་བོད་དུ་ནི། །ཀླུ་ཡི་དབང་པོ་འབྲུག་པ་རྒྱལ་དབང་རྗེ། །དེ་ལྟར་སྐྱེས་རབས་ངེས་པ་

p. 510

མི་གདའ་བས། །ཤཱཀ་ཐུབ་པད་འབྱུང་ལ་སོགས་དེ་རྣམས་ལ། །བཟང་ངན་འབྲེལ་ཐོགས་ཐམས་ཅད་དོན་ལ་ནི། །ས་གནས་སེམས་དཔའ་ཡིན་པར་ངེས་འདུག་སྙམ་། །དེ་ཕྱིར་སུ་ལའང་ལོག་ལྟ་ཆེན་པོ་མེད། །ཐམས་ཅད་ཀུན་ལ་དང་བའི་དད་པ་བགྱིད། །དད་པའི་ནོར་ལ་འབྲེལ་པ་བཞག་ཚུལ་ལོ། །ཚུལ་ཁྲིམས་ནོར་དང་ཐོས་པའི་ནོར་གཉིས་ནི། །གོང་དུ་བསྟན་པས་འདི་རུ་མི་དགོས་སོ། །གཏོང་བའི་ནོར་ནི་སྦྱིན་པའི་སྐབས་ལྟར་ལས། །ཁྱད་པར་དག་དང་མ་དག་བསམ་པའི་ཁྱད། །ཡོན་བདག་རྣམས་ལ་བཟའ་བཏུང་སྲུང་མདུད་དང་། །གནང་སྦྱིན་ལ་སོགས་བྱས་པས་ཐམས་ཅད་མགུ། །ཡོན་བདག་མང་དུ་ཨེ་འགྱུར་བསམ་པ་དང་། །ཤ་ལྷུ་གཟུགས་དྲུད་ཟེར་བའི་དཔེ་བཞིན་དུ། །ཅུང་ཟད་བཏང་ནས་ཆེན་པོ་འོང་འདོད་དང་། །བཏང་བྱུང་ཕོ་སྒོ་བཟང་བའི་དྲག་འདོད་ཀྱིས། །བཏང་ནས་རྙེད་པས་རྙེད་པ་ཚོལ་བ་ཞེས། །འཚོ་བ་མ་དག་ཉམས་སྒྲིབ་སོགས་པས་ན། །བདག་གིས་དེ་འདྲའི་བསམ་པ་འཆང་བ་མེད། །བྱང་ཆུབ་སེམས་དཔས་འགྲོ་དོན་བྱེད་པ་ལ། །སྦྱིན་པའི་གཡབ་མོས་གཡབ་ནས་དབང་བསྡུས་ཏེ། །རིམ་པར་བྱང་ཆུབ་ལམ་ལ་འགོད་

p. 511

པ་ནི། །ཐབས་ལ་མཁས་པའི་སྤྱོད་པ་ཡིན་པར་གསུངས། །དེ་གཉིས་བྱེད་ལུགས་འདྲི་ཡང་བསམ་པའི་ཁྱད། །ཉེ་དུ་ཤི་ལ་མ་ཕུལ་མི་ཁ་ལྡང་། །ཕུལ་ན་ཧ་ཅང་ཆེས་སྙམ་སེར་སྣ་ཤོར་། །སེར་སྣ་ཡོང་བས་དགེ་བ་ལམ་མི་འགྲོ། །དེ་བཞིན་མཐོན་པོ་ཕྱུག་དང་རིགས་རུས་ཅན། །བླ་མར་མཇལ་རྟེན་ཆུང་ན་ངོ་ཚ་དང་། །མཉམ་མཉམ་གཞན་གྱིས་འཕྱ་དོགས་ཆེ་བ་ཕུལ། །རྒྱུད་ལ་དཔྱད་པས་སེར་སྣ་ཞོར་ལ་འཆོར། །སེར་སྣ་འགྱོད་སེམས་ཡིད་ལ་འཕྲེང་བ་དེས། །ཕུལ་བའི་སྦྱིན་འབྲས་དག་ཀྱང་ཆུང་བར་འགྱུར། །དེ་ཕྱིར་དེ་དག་སོ་སོར་གནང་སྦྱིན་རེ། །བྱས་ན་སེམས་དགའ་སེར་སྣ་མི་འཆོར་བས། །གང་ཕུལ་དགེ་བ་དེ་ནི་ལམ་དུ་འགྲོ། །གཤེ་བར་མི་བྱེད་དབང་ཞུའི་དམ་ཚིག་ཐུབ། །དབུལ་ཞིང་ཕོངས་དང་ས་ཐག་རིང་བ་ལ། །ལམ་ཆས་བྱིན་པས་མགུ་ཞིང་ཕན་ཐོགས་ཆེ། །སེམས་ཅན་མགུ་བར་བྱས་ན་སངས་རྒྱས་བརྙེས། །དེ་ཕྱིར་གནང་སྦྱིན་གཏོང་སྒོ་ཅུང་ཟད་བྱས། །དེ་བཞིན་ཁ་མཆུ་ལ་སོགས་བསྡུམ་པ་ལ། །ཕན་ཐོགས་འདུག་ན་གཏོང་སྒོ་ལག་མ་བསྐུམ། །གཏོང་བའི་ནོར་ལ་འབྲེལ་པ་བཞག་ཚུལ་ལོ། །ཤེས་རབ་ནོར་ནི་ཤེས་རབ་ལེའུར་གསལ། །སྔར་འདྲིས་

p. 512

ཆེ་བའི་མི་ནི་ལ་ལ་ཡིས། །ངོ་ལོག་ཕྱར་ཁ་གནོད་འཚེ་བྱེད་ན་ཡང་། །ཁྲེལ་གཞུང་བཟུང་ནས་ཧ་ཅང་གནོད་མ་བསྐྱལ། །དབོན་རིགས་ཉེ་དུ་རྩ་ལག་ཐམས་ཅད་ལ། །ཧ་ཅང་དཀོར་ལ་བག་མེད་བྱིན་ན་ནི། །ཟ་མཁན་ཁྲོ་ཆུ་འཐུང་བའི་དམྱལ་བ་དང་། །ཡི་དྭགས་ལུས་ངན་མང་དུ་ལེན་པ་དང་། །སྦྱིན་མཁན་རྔ་མོང་དག་ཏུ་སྐྱེ་གསུངས་པས། །ཧ་ཅང་འདོད་པ་ཚིམས་པར་མ་བྱིན་ཀྱང་། །འབྲེལ་ཐག་བཅད་ན་ཁྲེལ་མེད་གཞུང་མེད་པས། །ཅི་ལྟར་འོས་པའི་ཕན་ཐོགས་ཅུང་ཟད་བྱས། །གྲྭ་པ་འགའ་རེས་བསྟན་པ་བཤིགས་པ་དང་། །བཀའ་བཅགས་དམ་ཚིག་བཀྲལ་བར་བྱས་པ་ལ། །སྤྱི་ཡི་སྲོལ་བཞིན་མདོ་སྒྲུབ་གཏོར་བཤམས་སོགས། །བྱས་ན་ཕྱི་མཐའ་ཕན་ཟེར་བྱུང་ན་ཡང་། །སྔར་འདྲིས་ཅན་ལ་ཁྲེལ་གཞུང་དགོས་བསམས་ནས། །ཅི་ཡང་མ་བྱས་བཏང་སྙོམས་ངང་ལ་བཞག །ཁྲེལ་ཡོད་ནོར་ལ་འབྲེལ་པ་བཞག་ཚུལ་ཡིན། །མི་ལ་རས་པའི་མགུར་ལས་གསུངས་པ་ལྟར། །གསང་རྡོར་མཐོང་དང་ཕྱིན་ཙམ་ཤོར་བ་ལ། །ངོ་ཚ་བྱེད་དེ་ངོ་ཚ་དེ་མ་ཡིན། །རབ་ཏུ་བྱུང་ནས་ཚུལ་ཁྲིམས་མ་འཆལ་ཀྱང་། །བུད་མེད་རྣམས་དང་མཛའ་བཤེས་སྒེས་མཐུན་དང་། །

p. 513

ཆོས་མིན་ལོག་པར་སྤྱོད་ན་ངོ་ཚ་བས། །བུད་མེད་གཞོན་ནུ་ཐོ་ཕྱིར་མི་བརྟེན་ཞིང་། །རི་ཁྲོད་ཁྱིམ་དུ་བུད་མེད་མི་བཞག་ཅིང་། །ཐག་རིང་འགྲིམས་པ་ལན་རེ་བྱུང་ན་ཡང་། །རོ་ཡིས་མནན་པ་ཙམ་དུ་གནོད་སྣང་ཆེ། །གྲྭ་པ་རྣམས་ཀྱང་དེ་དང་འབྲེལ་དོགས་པས། །ཀུ་རེ་ཐབས་ཀྱིས་བསྒགས་ནས་ཧོབ་བཅིལ་བྱས། །རང་ལ་དད་འདུན་འབུལ་བ་བཟང་ན་ཡང་། །བུད་མེད་རིགས་ལ་ཁྲོས་པའི་ཚུལ་དུ་བསྡད། །ཆང་འཐུང་བ་དང་སྤྱོད་ལམ་རྩིང་བ་དང་། །ཆབ་ལེན་ལྷམ་ཕུད་བརྗེད་དང་རྩེ་ཀྱུ་སོགས། །བག་མེད་ཐམས་ཅད་བཙུན་པའི་ངོ་ཚར་གོ །ངོ་ཚ་དེ་དག་རབ་ཏུ་བསྲུང་བ་དང་། །འཇིག་རྟེན་ངོ་ཚ་མ་དང་བུ་སྲིང་ཕྱོགས། །དེ་ལ་ཚིགས་པའི་གཏམ་གླེང་ཇི་ལྟར་འཛེམ། །དེ་ལྟར་ངོ་ཚའི་ནོར་ལ་འབྲེལ་པ་བཞག །དེ་ལྟར་འཕགས་པའི་ནོར་བདུན་མི་ཕྱུག་ཀྱང་། །མེད་པའི་དབུལ་པོ་ཙམ་ཡང་མིན་པར་སེམས། །འཕགས་ནོར་བདུན་གྱི་སརྒ་བཅུ་པའོ།། །།དེ་ནས་བཀའ་བརྒྱུད་ཉམས་ཁྲིད་ཞུས་པའི་དོན། །མོས་གུས་སྒོམ་གྱི་མགོ་བོ་ཞེས་གསུངས་པས། །རིགས་ཀྱི་བདག་པོ་རྒྱལ་བ་ཟུང་གཅིག་དང་། །ཚད་ལྡན་བླ་མ་འབྲེལ་ཐོབ་ཐམས་ཅད་དང་། །

p. 514

རྒྱ་བོད་རིག་འཛིན་གྲུབ་ཐོབ་ཐམས་ཅད་པ། །གཅིག་བསྡུས་རྡོ་རྗེ་འཆང་གི་སྐུ་རུ་བསྒོམས། །གསོལ་བ་བཏབ་ཅིང་དབང་བཞི་རྒྱུན་དུ་བླངས། །ཅི་མཛད་ཡེ་ཤེས་རོལ་པར་ཤེས་པ་དང་། །གང་གསུང་རྡོ་རྗེའི་གསུང་དུ་ངེས་པ་སྐྱེས། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཏེ། །ཐུགས་ནི་སངས་རྒྱས་གསུང་ནི་དམ་པའི་ཆོས། །སྐུ་ནི་དགེ་འདུན་ཡོན་ཏན་མཁའ་འགྲོའི་ཚོགས། །ཕྲིན་ལས་ཆོས་སྐྱོང་ཐམས་ཅད་ཡིན་པར་གོ །འབྲེལ་ཐོགས་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱང་། །གནས་སྐབས་སྣང་ཚུལ་ཇི་ལྟར་སྣང་ན་ཡང་། །སྦས་པའི་རྣལ་འབྱོར་དོན་གྱི་གྲུབ་ཐོབ་སྟེ། །སྤྱོད་ལམ་རྩིང་དང་མི་འཛེས་འདུག་ན་ཡང་། །ངེས་མེད་རྣལ་འབྱོར་མཆོག་གི་སྤྱོད་པར་ལྟ། །བོད་ཀྱི་རྣལ་འབྱོར་ཆོས་གཡུང་ཞེས་བྱ་བས། །ཆོས་མིན་བསྟན་ན་བླ་མ་བདུད་གསུངས་ཕྱིར། །ཆོས་མི་མཐུན་དང་རང་གིས་མི་ལྕོགས་པའི། །བཀའ་བསྩལ་བྱུང་ཡང་ཚིག་གིས་ཕྱེ་བར་བྱས། །མི་ནུས་པ་ལ་ཚིག་གིས་སྦྱང་གསུངས་དོན། །རྙེད་དང་བཀུར་སྟི་སྒྲུབ་པའི་མཆོད་པ་ནི། །ཇི་ལྟར་འོས་པས་བསྟེན་པར་བྱས་པའོ། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པའི་དོན། །འདི་ལ་

p. 515

དག་དང་མ་དག་གཉིས་སུ་མཐོང་། །ཁོག་ན་འདོད་པ་ཆེ་ཡང་མི་འདོད་སྨྲས། །སྐྱེས་པའི་ཡུལ་དུ་སྤྱོད་ངན་རྩིས་ཆུང་བས། །ཕ་ཡུལ་སྤང་ཞེས་རྒྱུས་མེད་ཡུལ་དུ་འདུག །འདུལ་བྱ་མི་འབྱུང་དུས་སུ་མི་ལེན་ཟེར། །མཇལ་མི་མེད་པའི་དུས་སུ་སྐུ་མཚམས་བསྡམས། །དེ་ནས་དད་འདུན་འབུལ་ཞབས་བྱུང་ཙ་ན། །འདུལ་བྱ་དུས་བབ་ཡིན་ཞེས་ཆོག་ཤེས་མེད། །འགྲོ་དོན་གང་ཆེ་ཟེར་ནས་རྒྱལ་ཁམས་བསྐོར། །གྲོང་ཆོག་འབོད་མཁན་མེད་ཚེ་ཐེམ་པ་སྤང་། །ཚེ་མཇུག་འབོད་མི་བྱུང་བས་གྲོང་ཆོག་འབྱམས། །དེ་འདྲ་བྱ་བཏང་བྱང་མར་རྩི་འདུག་ཀྱང་། །དེ་འདྲ་ཞེན་པ་ཕྱི་ནས་ལོག་པར་སྣང་། །རྒྱལ་བ་མི་བསྐྱོད་རྡོ་རྗེས་གསུངས་པ་ལྟར། །བདག་ནི་ཞེན་པ་ནང་ནས་ཅུང་ཟད་ལོག །རྗེ་བཙུན་མར་པ་ལོ་ཙཱའི་གསུང་བཞིན་དུ། །མི་རྩིས་ཆུང་བའི་རང་ཡུལ་དགེ་སྦྱོར་འཕེལ། །ཆགས་ཞེན་མ་ཡིན་ཡུལ་གཞན་འགྲོ་ཤོམ་མང་། །བཅོམ་ལྡན་ཐུབ་པས་འདུལ་བ་ལས་གསུངས་ལྟར། །མཐའ་གཉིས་སྤངས་བའི་བསོད་སྙོམས་བདག་གིས་བརྟེན། །སྡུག་བསྔལ་མཐའ་ནི་དཀའ་ཐུབ་གཟིར་བ་སྤངེས། །འདོད་པའི་མཐའ་སྟེ་ཆོག་མི་ཤེས་པ་སྤངས། །ང་རང་སེམས་ལ་རྐང་བཞི་འཚགས་

p. 516

འདོད་མེད། །སྔ་ཐོག་གྲྭ་པ་གོ་ཆོད་མེད་པའི་དུས། །དུད་འགྲོ་གང་བྱུང་གང་ཁུག་རེ་དང་བརྗེས། །ཞག་འགའ་མ་ཚོང་ན་ཡང་གནོད་སྣང་ཆེ། །ཀུན་གྱིས་ཚོང་ཕམ་འདི་འདྲ་བྱེད་ཟེར་ཡང་། །ཕམ་པར་ཤེས་ཏེ་གང་ཁུག་བྱེད་པ་ནི། །དུད་འགྲོ་འཚགས་མི་འདོད་པས་ལན་པ་ཡིན། །མི་ལེན་ཀ་མེད་འགའ་རེ་མ་གཏོགས་པ། །ཞིང་ཡང་ཕུལ་མི་བྱུང་སྟེ་མ་བླངས་སོ། །ཁྲལ་ཞིང་གཏེ་ཁྲལ་མི་དགོས་ཟེར་ན་ཡང་། །སོ་ནམ་མི་འདོད་རྨོ་བར་མ་བྱས་སོ། །ལན་གཅིག་ང་ཡི་ཁ་ལ་མི་ཉན་ནས། །ཚྭ་ཞིག་བླངས་ནས་རྒྱ་རུ་སོང་བ་ནས། །ང་རང་རྒྱ་འགྲོས་ཚྭ་ལེན་གཏན་ནས་འཚེར། །དེ་བཞིན་དོམ་དང་ཤེ་ཡང་ངས་མི་འདོད། །དུས་གསུམ་མཁྱེན་པའི་ཞལ་ཆེམས་ཇི་བཞིན་དུ། །སེར་གོས་ཆ་ཚང་ལྷུང་བཟེད་ཆོས་གོས་དང་། །དཔེ་ཆ་གླེགས་བམ་འགའ་ཟུང་མ་གཏོགས་པ། །ཆགས་ཞེན་བདག་ཏུ་འཛིན་པ་འགའ་ཡང་མེད། །སྒར་ཆས་རྟ་ཁལ་བྲ་ང་ལ་སོགས་པ། །གྲྭ་པ་འགའ་ཟུང་ཡོད་པའི་འདུ་རྟེན་དང་། །ལོ་ཤས་གཞན་དོན་བྱ་བའི་ཉེར་མཁོ་དང་། །བླ་མ་དགོན་སྡེ་སོགས་ལ་བཏང་རྒྱུ་སྟེ། །ང་རང་འདི་ཡིན་བསམ་པའི་བདག་བཟུང་མེད། །ལ་ལས་གསེར་

p. 517

དངུལ་ཚོན་རྩི་དར་རས་དང་། །ནོར་གཡུ་ལ་སོགས་དངོས་གཙང་ཅུང་ཟད་རེ། །ཉ་ར་བྱས་ན་གནང་སྦྱིན་ལ་སོགས་པ། །མཁོ་དགོས་གཉེར་ཚང་ནང་ནས་ལེན་དཀའ་ཟེར། །འོན་ཀྱང་གང་ལ་སྲེད་པ་མེད་པའི་ཕྱིར། །ཅུང་ཟད་ཙམ་ཡང་འཚགས་པར་མ་བྱས་སོ། །འབུལ་བ་ཆེ་ཕྲ་སྣ་ཚོགས་ཅི་བྱུང་ཡང་། །དཔེ་ཆ་བྱུང་ན་མ་གཏོགས་ཐམས་ཅད་དང་། །ཆེ་ཆུང་བཟང་ངན་རྟོག་པ་མི་འཇུག་ཅིང་། །གར་སོང་ཅི་བྱས་རྩད་རྗེས་མི་གཅོད་ཅིང་། །བླ་མ་དགོན་སྡེའི་བཏང་ཕྱུང་མ་གཏོགས་པ། །ཕར་བཏང་ཀུན་ལ་ཆེ་ཆུང་བློ་མི་འཇུག། །འགའ་རེ་ཕྲོག་བརླག་སོང་ཡང་སེར་སྣ་མེད། །ཆོས་ཕྱོགས་ཐེངས་ན་བློ་སེམས་དགའ་བ་ཙམ། །དེ་བཞིན་ཞྭ་གོས་སྒ་བཅས་ལ་སོགས་པ། །ཤུགས་འབྱུང་བཟང་ན་ཆོས་ཀྱི་ཆེ་བ་ཙམ། །ངན་ངོན་རེད་ཀྱང་ཡག་འདོད་འཕྱོར་སྣང་མེད། །ཐུབ་པས་མདོ་སྡེ་རྒྱ་ཆེ་རོལ་པ་ལས། །ཡོད་ཀྱང་མི་ཟ་དཀའ་ཐུབ་བྱེད་པ་ནི། །ཕྱི་རོལ་མུ་སྟེགས་པ་ཡི་ལམ་དུ་གསུངས། །ཡོད་པས་མི་ཆོག་འཚོལ་ཕྱིར་སྡིག་བསགས་པ། །དེ་ནི་སྐྱེ་བོ་ཐ་མལ་པ་ཡི་ལུགས། །ཤུགས་ཀྱིས་བྱུང་ན་གསེར་སྲང་སྟོང་རི་བའི། །ཟས་ཀྱང་དགེ་སློང་རྣམས་ཀྱིས་ལོངས་སྤྱོད་བྱ། །གསེར་སྲང་

p. 518

འབུམ་ཕྲག་རི་བའི་གོས་ཀྱང་གྱོན། །མ་རྙེད་ཚོལ་ཕྱིར་སྡིག་པ་བསགས་པ་དང་། །དགེ་སྦྱོར་ཆག་པར་མི་བྱ་གང་རྙེད་ཀྱི། །ཟས་སྐོམ་ངན་ངོན་ལུས་འཚོ་ཙམ་ལ་བརྟེན། །གོས་ཀྱང་རོ་གོས་ལ་སོགས་མ་འཁྱོག་ཙམ། །དེ་བཞིན་ཤཱཀྱ་ཐུབ་པའི་ལུགས་སུ་གསུངས། །དཔེར་ན་བདག་ཀྱང་ཡོད་བཞིན་མི་ཟ་བའི། །དཀའ་ཐུབ་བཅུད་ལེན་ལ་སོགས་མ་བྱས་པར། །གང་བྱུང་བསྐྱེད་རིམ་བདག་བསྐྱེད་ལྷ་ལ་མཆོད། །ད་རུང་ལོ་ཤས་འགྲོ་དོན་བྱེད་པའི་ཚེ། །ཟང་ཟིང་དཀོན་མཆོག་མཆོད་ཕྱིར་མ་གཏོགས་པ། །ང་རང་ཆེད་དུ་གོས་དང་ཕོར་བ་ཙམ། །ཆིབས་པ་གཅིག་ཙམ་མ་གཏོགས་བདག་བཟུང་མེད། །གུར་དང་སྒར་ཆས་སྒྲུབ་ཆེན་ཆོས་ལ་སོགས། །གྲྭ་པ་དགེ་འདུན་སྤྱི་ཡི་དོན་ཡིན་ནོ། །དགེ་འདུན་ཟེར་བའི་མང་པོ་མེད་ན་ཡང་། །བཞི་སྡེ་ཡན་ཆད་དགེ་འདུན་ཡིན་པར་གསུངས། །བར་ཆད་རྐྱེན་གྱི་དབང་དུ་མ་ཤོར་ན། །གྲུ་པ་ཁ་གྲངས་མང་པོ་མེད་ན་ཡང་། །འདི་ཡི་ནང་ནས་བླ་མ་མང་པོ་དང་། །ཆོས་པ་གྲྭ་ཐུབ་མང་པོ་འོང་རེ་ཡོད། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པའི་དོན། །ད་རུང་སྒོམ་མེད་ཀློང་དུ་མ་ཕེབས་པས། །དྲན་རྫིས་ཡང་དང་ཡང་

p. 519

དུ་གསལ་བཏབ་ཅིང་། །མ་བཅོས་སོ་མ་ལྷུག་པ་རང་བབ་ངང་། །འདི་བསྒོམ་གཏད་སོ་མེད་པར་རང་ལུགས་བཞག །དེ་ལྟར་སྒོམ་གྱི་འགོ་རྐང་བར་གསུམ་ལ། །འབྲེལ་པ་བཞག་པའི་སརྒ་བཅུ་གཅིག་པ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །འགྲོ་དོན་སྒོ་མོ་བསྡུ་བའི་དངོས་པོ་བཞི། །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་སྤྱོད་པ། །འདོད་པ་ཅན་ལ་མི་མཁོ་མེད་ན་ཡང་། །གསོད་པའི་ཕྱིར་དུ་དུག་མཚོན་མི་སྦྱིན་ཞིང་། །ཡོད་ཀྱང་མི་ཆོག་འདོད་ཆེན་ལ་མི་སྦྱིན། །བྲི་བར་འདོད་ཀྱང་ཤོག་བུ་མེད་པ་ལ། །འཕྲལ་དུ་ཕན་བྱ་ཉམས་སུ་ལེན་ངེས་པ། །དེ་ལ་ཤོག་བུ་ཅུང་ཟད་སྦྱིན་པར་བྱས། །ཆོས་ཞུ་འདོད་ཀྱང་ཆོས་རྒྱགས་ཆད་པ་ལ། །ཆོས་རྒྱགས་མཐུད་མ་ཅུང་ཟད་བྱིན་ཅེས་སྨྲས། །ཐག་རིང་ནས་འོང་བཀྲེས་ཤིང་སྐོམ་པ་ལ། །གང་འོས་ཟས་སྐོམ་ངོམ་པར་བྱིན་ཅེས་སྨྲས། །སྒྲུབ་པ་རྩེ་གཅིག་བྱེད་པའི་རྒྱགས་ཆད་ནས། །རྒྱགས་མཐུད་གང་འོས་བག་རེ་བྱིན་པར་སེམས། །བྲིས་མི་ཤིས་པར་དཔེ་ཆ་འདོད་པ་ལ། །ཉམས་སུ་ལེན་ཅིང་རང་ལ་ཐོབ་ཡོད་ན། །ཕན་ཐོགས་ངེས་པའི་དཔེ་ཆ་སྦྱིན་པར་

p. 520

སེམས་། །བླ་མ་གསར་པ་མཆོད་ཆ་མི་འཛོམ་ལ། །ཐེབ་ཡོད་ན་ནི་གང་འོས་སྦྱིན་པར་སེམས། །རང་གི་སློབ་མ་ཆོས་དང་མཐུན་པ་ལ། །རི་ཁྲོད་ལ་སོགས་ཡུལ་གཞན་འགྲོ་བའི་ཚེ། །མེད་ན་མ་གཏོགས་དཔེ་ཆ་མཆོད་ཆ་སོགས། །གང་འོས་ཐབས་མི་ཆོག་ཙམ་སྦྱིན་པར་འདོད། །དབུལ་པོའི་ཕྲུ་གུ་བརྗེ་བྱེད་པ་ལ། །ཡོད་ན་སེར་ཆས་གོས་རྣམས་སྦྱིན་པར་འདོད། །གཉོམ་ཆུང་བྱ་བྲལ་ཆོས་རྒྱགས་མེད་པ་ལ། །ཆོས་ར་ཚེ་ལ་ཟས་སྐོམ་སྦྱིན་པའོ། །སྙན་པར་སྨྲ་བ་མཚང་ནས་མི་བརྗོད་དེ། །གནོང་ལ་ཕོག་པའི་མིང་ངན་ནས་མི་འབོད། །ཚུལ་ཁྲིམས་འཆལ་དང་གྲུབ་མཐའ་ངན་པ་སོགས། །སྐྱོན་དེ་མི་སྨྲ་གང་འོས་ལེགས་ཕྱོགས་ནས། །སྐབས་སུ་གང་བབས་སེམས་ལ་གང་ཕན་བཤད། །སྡིག་ཅན་རྣམས་ལ་ངན་དུ་མི་བརྗོད་ཅིང་། །སྡིག་པ་དེ་ཉིད་བཤགས་པའི་གདམས་པ་བཤད། །ཉམས་ཆག་ལྟུང་བ་ཅན་ལ་མི་སྨད་ཅིང་། །ཉེས་ལྟུང་དེ་ཉིད་བསྐང་དང་བཤགས་ཐབས་འབད། །གང་དང་གང་ལའང་སྐྱོན་ནས་མི་གླེང་ཞིང་། །ཡོན་ཏན་ངོས་ནས་བསྟོད་ཅིང་རིམ་པ་ལྟར། །དམ་པའི་ཆོས་ལ་བློ་ཁ་གང་འགྱུར་བྱས། །དེ་ནི་སྙན་པར་སྨྲ་བའི་ཚུལ་ཡིན་

p. 521

ལ། །འཇིག་རྟེན་དོན་དང་མཐུན་པར་བྱ་བ་ནི། །དང་པོ་བྱོན་དུས་ཆག་ཕེབས་བྱོན་ཞུ་དང་། །ཡུལ་ཕྱོགས་སྐད་ཆ་ལོ་ཡི་ལེགས་ཉེས་འདྲི། །འགྲོ་ཁ་ཐུགས་དམ་གོང་འཕེལ་བདེ་མོ་གྱིས། །འདི་དག་རྣམས་ལ་གང་ཡིན་མི་གདའ་ཡང་། །འཇིག་རྟེན་པ་དང་མཐུན་ཕྱིར་བརྗོད་པར་བྱས། །འཁྲུག་པ་བསྡུམ་པ་འགྲོ་དོན་ཆེ་ན་ཡང་། །སྙིགས་དུས་ཆད་མི་བཙན་ཞིང་མནར་མི་བརྩི། །མགོ་གཡོགས་བྱེད་པའི་རྗེ་ལ་བླ་མ་བཞག །སྐྱེས་ལྷག་མང་པོ་རྔན་གསོད་རྩ་བར་འགྱུར། །ཡང་ན་སྡེ་ཤོག་མང་པོ་དགྲ་ཞབས་འགྲོ། །དེ་ཕྱིར་སྡེ་ཆེན་ཁ་མཆུ་ཡོད་ན་དང་། །འདྲས་རུ་འཛིང་རྩ་ཆེན་པོ་ཡོད་པ་ཡི། །ཁ་མཆུ་བར་ལ་མི་ཐེ་དེ་ཡི་དོན། །འཛིང་རྩ་མེད་ཀྱང་རྣམ་རྟོག་ཀླད་ལ་རྩོད། །མེ་སྟག་ཆུང་ཡང་རི་ཆེན་མཆེད་པའི་དཔེ། །ཕན་ཚུན་རང་ལ་རྩི་འཇོག་བྱེད་སྣང་ན། །ཟང་ཟིང་རྒྱུ་བཏང་ཆོས་ཕྱོགས་དབང་བསྐུར་ནས། །ཕན་ཚུན་བདེ་བར་བྱས་ཤིང་བྱེད་ཀྱང་འདོད། །དེ་བཞིན་ཉེ་དུ་ཡོན་བདག་སྔར་འདྲིས་མི། །གནས་ཚང་དཔོན་རིགས་ལ་སོགས་སོ་སོ་ལ། །འཇིག་རྟེན་སྤྱི་ཡི་སྲོལ་ལ་ཡོད་པ་ལྟར། །སོ་སོར་བཏང་བྱུང་ཟས་སྐོམ་ལ་སོགས་པ། །འོས་ཤིང་འཚམས་པས་སོ་སོར་མགུ་

p. 522

བར་བྱས། །རས་པ་ཞི་བ་འོད་ཀྱི་གསུང་བཞིན་དུ། །འཇིག་རྟེན་མི་ཡི་ཆོས་དང་མཐུན་པའོ། །གདུལ་བྱའི་དོན་སྤྱོད་ཅེས་པའི་དོན་འདི་ནི། །སྨན་པ་རྣམས་ལ་སྨན་བླའི་དབང་ལུང་བཏོན། །ཨ་མཆོད་རྣམས་ལ་སོ་སོའི་ཆོས་སྤྱོད་དང་། །ལྷ་མོ་ལྔ་སོགས་དེར་མཁོའི་དབང་ལུང་བཏོན། །སྒོམ་པ་རྣམས་ལ་ཞི་དྲག་རྟ་མགྲིན་དང་། །མགོ་གསུམ་རྡོ་རྗེ་མཆུ་སོགས་གང་ཕན་བཏོན། །སྐུ་དྲག་སྐུ་ཚེ་ཐུང་དོགས་ཚེ་དབང་དང་། །གཅོད་པར་གཅོད་ཀྱི་ལུང་དང་གཅོད་དབང་སྟེ། །བྱད་ཁ་ཆེ་ལ་གདུགས་དཀར་སེང་གདོང་མ། །ནད་པའི་ནད་ལ་སྤར་ཁ་གང་ཕན་དང་། །གཟའ་ནད་ཅན་ལ་ཕྱག་རྡོར་གཟའ་དུག་བཀྲུ། །རྒྱལ་ནད་ཅན་ལ་དམིགས་པ་ཞི་དྲག་དབང་། །འཆི་ལ་ཁད་ལ་ཀུན་རིག་མི་འཁྲུགས་པ། །བསྙེན་སྒྲུབ་འདོད་ལ་དབང་ལུང་ལག་ཁྲིད་བཅས། །རྙིང་མར་གོ་ཤས་ཆེ་ལ་བཀའ་དགོངས་ཕུར། །སེམས་ངོ་སྲུང་ཕྱོགས་ཤེས་ལ་བོགས་འདོན་བྱེད། །ཁྲིད་གར་སླེབས་མ་མྱོང་ལ་གནས་འགྱུ་སྤྱད། །སྤྱི་ལ་སྐྱབས་སེམས་བསྙེན་གནས་ཡིག་དྲུག་ལུང་། །བསྟན་ལ་ཞུགས་འདོད་རྣམས་ལ་སྡོམ་པ་འབོགས། །སེམས་བཟང་གོ་ཤས་ཆེ་ལ་སེམས་བསྐྱེད་རྒྱས། །

p. 523

གསར་དུ་བླ་མ་བྱེད་ལ་དབང་རྗེས་གནང་། །དབང་ལུང་རྒྱ་ཆེ་འདོད་ལ་འགྲོ་གང་ཆེ། །བསྔོ་བ་བྱང་བུ་འདོད་ལ་གང་འདོད་དེ། །བསྟབ་པ་ལུས་སྦྱིན་འདོད་ལ་དེ་ཉིད་རེ། །གདམས་ངག་ཕྲན་བུ་འདོད་པ་ཕན་བྱའི་སྔགས། །མདོར་ན་མཐུ་གཏད་ངན་རྗེས་མ་གཏོགས་པ། །སྦ་སྲི་མེད་པར་གང་ལ་གང་འདོད་པ། །འཚེར་བག་སུན་སྣང་མེད་པར་ལྷུག་པར་སྟོན། །དེ་ལྟར་བསྡུ་བའི་དངོས་པོ་བཞི་པོ་ཡི། །དཔལ་འབྱོར་རྒྱས་པ་བདག་ལ་མེད་མོད་ཀྱང་། །འབྲེལ་པ་བཞག་པའི་སརྒ་བཅུ་གཉིས་པ།། །།དེ་ལ་མཁས་པའི་བྱ་བ་རྣམ་གསུམ་ལས། །ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་ཏེ། །འཆད་དང་རྩོད་དང་རྩོམ་དང་རྣམ་གསུམ་ལ། །རྗེ་བཙུན་མི་ལ་རས་པའི་གསུང་ལས་ནི། །བསླབ་པའི་ཆོས་རྣམས་ཐམས་ཅད་བརྗེད་ན་ཡང་། །མ་བསླབ་ཆོས་རྣམས་ཁོག་ནས་རྡོལ་གསུངས་ལྟར། །གཞོན་དུས་བཟུང་བའི་ཆོ་ག་ཆོས་སྤྱོད་སོགས། །གཞུང་དང་བཤད་པ་རྒྱ་ཆེར་བརྗེད་ན་ཡང་། །རྒྱལ་བའི་གསུང་རབ་དོན་དང་མི་འགལ་བའི། །ཆོས་བཤད་ཟླ་བ་ཁ་སྦྲེལ་བྱས་ན་ཡང་། །ཟད་པ་མེད་ཅིང་བསམ་བློ་གཏོང་མི་དགོས། །སྒོམ་བྱུང་ཤེས་རབ་དངོས་ནི་སྐྱེ་དཀའ་

p. 524

ཡང་། །ཕྱོགས་མཐུན་ཙམ་ཞིག་ཡིན་ནམ་སྙམ་པ་ཡོད། །དེ་ཡང་ཆབ་ཆོབ་ས་ཟིན་རྡོ་ཟིན་མིན། །མདོ་དང་སྔགས་དང་མདོ་སྔགས་ཟུང་འཇུག་དང་། །བཀའ་མ་གཏེར་མ་ཐེག་པ་ཆེ་དང་ཆུང་། །གང་ལ་བཤད་ཀྱང་གཞན་ལ་མ་འདྲེས་པར། །རང་རང་མགོ་རྐང་ཚ་ཚང་བཤད་པར་ཤེས། །ཏུག་གུ་ཕྲེང་དང་བཀང་བཀང་ཀྲད་ཀྲད་མིན། །རྒྱས་དང་བསྡུས་དང་རྒྱས་བསྡུས་རན་པ་སོགས། །ཅི་ལྟར་འདོད་བཞིན་འཕྲལ་དུ་ཡིད་ལ་འཆར། །དེ་ནི་སྒོམ་ཆེན་ལུགས་ཀྱི་བཤད་པ་སྟེ། །པཎྜི་ཏ་ཡི་དཔེ་ཁྲིད་ལྟར་བྱེད་ན། །གཞུང་གི་རྩ་ཚིག་ལག་ཏུ་བཟུང་ནས་ཀྱང་། །དེ་ལ་འགྲེལ་པ་བརྒྱབས་ནས་བཤད་ན་ཡང་། །སྒོམ་ཕྱོགས་སྒྲུབ་པའི་ཕྱོགས་ཀྱི་གཞུང་ཆེ་ཆུང་། །གང་ལ་ཡང་ནི་འགྲེལ་པ་བློ་ནས་ཕོག །སྔར་ནས་མི་དགོས་འཕྲལ་དེར་ཡིད་ལ་ཤར། །རྒན་མོའི་མཛུབ་ཁྲིད་ལྟར་དུ་བཤད་པ་ལ། །གསུང་རབ་ཆོས་ཀྱི་སྐད་ཀྱིས་མི་སྒྲིབ་པར། །ཐ་མལ་སྐྱེ་བོས་གོ་བར་སླ་བ་ཡི། །ཟབ་ཆོས་སེམས་ལ་ཕན་ངེས་འཆད་པར་ཤེས། །རྟོགས་འབུལ་བྱེད་མཁན་མཐོ་དམན་སུ་བྱུང་ཡང་། །དཔེ་རྒྱུད་ཁྲིད་ཡིག་སོགས་ལ་མ་ལྟོས་པར། །འཕྲལ་དུ་བློ་ནས་གེགས་སེལ་བོགས་འདོན་

p. 525

ཤེས། །ཁྱད་པར་བསྙེན་སྒྲུབ་ལས་སྦྱོར་རིམ་པ་རྣམས། །སྔར་མ་མཐོང་བའི་དཔེ་ཞིག་མཐོང་ན་ཡང་། །ཕྱག་ལེན་གནད་དང་མན་ངག་འཕྲལ་དེར་ཤེས། །ཡི་དམ་སོ་སོའི་དབང་ཀ་རྗེས་གནང་ལའང་། །མི་གོ་བ་དང་མི་ཁོམ་མ་གཏོགས་པར། །སྤྱི་བཤད་མིན་པར་སོ་སོའི་ལོ་རྒྱུས་དང་། །ཕན་ཡོན་འཕྲལ་དུ་སྤྲོ་བ་སྐྱེ་བར་བཤད། །དེ་དག་འཆད་ལ་འབྲེལ་པ་བཞག་པའོ། །དབུས་གཙང་ས་སྐྱ་ར་བ་སྟོད་པ་དང་། །དགེ་ལུགས་ར་བ་སྨད་པ་ཞེས་བྱ་དང་། །བྱམས་པ་གླིང་གི་བོ་དོང་གྲྭ་ཚང་པ། །དགེ་ལུགས་དྭགས་པོ་གྲྭ་ཚང་ཞེས་བྱ་དང་། །ཀར་ལུགས་འོག་མིན་གླིང་དང་ལེགས་བཤད་གླིང་། །གསུང་རབ་རྒྱ་མཚོའི་གླིང་པ་ལ་སོགས་པ། །བགྲོ་གླེང་ཅུང་ཟད་འབྲེལ་པ་བཞག་པ་ཡིན། །ཉིན་བྱེད་གླིང་པའི་རང་དང་མཉམ་པ་དང་། །རང་བས་ལྷག་དང་རང་བས་ཞན་པ་ཡི། །དགེ་འདུན་མང་པོར་བགྲོ་གླེང་འབྲེལ་པ་ཡོད། །ཁྱད་པར་སར་གནས་སེམས་དཔའ་ཆེན་པོ་པ། །སྒོ་མོ་བསམ་གཏན་དཔལ་གྱི་སྐུ་སྐྱེ་དེས། །བདག་ནི་ངག་འཇམ་དེ་ཕྱིར་ང་དང་རྩོད། །ཁམས་སུ་འོང་ཁ་མཚན་ཉིད་སློབ་གཉེར་བསྐྱུར། །སྔགས་སོགས་སློབ་གཉེར་ལྐོག་ཏུ་བྱས་པ་དེས། །ཆོས་

p. 526

ཁྲིམས་པ་དེས་ང་ལ་ངན་ཡིན་ནམ། །སློབ་གཉེར་འདྲ་འདྲ་མཉམ་མཉམ་མ་གཏོགས་པ། །འཚོག་མང་སྐབས་སུ་བསླང་ར་མེད་པ་ལ། །ཉིན་ཞིག་ཡིད་ལ་མེད་པར་ང་དང་ནི། །མངའ་རིས་བཀའ་བཅུ་སྲུང་མེད་ཅེས་བྱ་བ། །ང་ཡི་ཚད་པ་མེད་པ་མཉམ་དུ་བླངས། །འཚོགས་ཆེན་དབུས་སུ་ཉིན་ཞིག་བགྲོ་གླེང་དགོས། །ཉིན་ཞིག་ཕར་བཏང་རང་གིས་ལན་རྒྱབ་ཅིང་། །ཉིན་ཞིག་ཚུར་བཏང་གཅིག་གིས་ལན་རྒྱབ་པ། །ཐུག་ཚུལ་གསོལ་ཚེ་འཚོགས་པས་ཉན་སྲོལ་ཡོད། །བདག་གིས་ཁོང་གི་ཁ་ཡ་འོང་ས་མེད། །དེ་ཕྱིར་བདག་གིས་འཇམ་དབྱངས་དཀར་པོ་ཡི། །རྩོད་པ་རྒྱལ་བའི་སྔགས་དང་དམིགས་པ་བྱས། །ཁོང་ནི་ཕམ་ཤིང་འཁོར་གསུམ་ང་ཡིས་ལོན། །དྲུང་རམ་པ་དང་གྲོགས་མཆེད་འགའ་རེ་ཡིས། །འཁོར་གསུམ་ལོན་གསུངས་ང་ལ་ལེགས་པོ་མཛད། །ཁམས་སུ་ཕྱིན་ནས་སྐར་མདའི་ཆོས་རྗེ་ནི། །སོ་དང་ཨ་ཀླུ་རེ་ཆུང་རབ་འབྱམས་གསུམ། །སྟག་ཉིན་བཀའ་བཅུ་ཐར་པ་ཞེས་བྱ་དང་། །འབར་གྱི་ཆོས་རྗེ་གླིང་སྟོད་ཆོས་རྗེ་དང་། །འབྲུག་ལུགས་རབ་འབྱམས་པ་ཞིག་ལ་སོགས་པ། །མཚན་ཉིད་དགེ་བཤེས་སུ་དང་མཇལ་བ་ལ། །བགྲོ་གླེང་ཐལ་སྐོར་འགའ་

p. 527

རེ་འབྲེལ་བ་བཞག །མཚན་ཉིད་མིན་ཡང་ཡོན་ཏན་གང་ཆེ་ལ། །རྩོད་རིགས་འདྲ་བའི་རྒོལ་འབོད་ཁོ་ན་བྱས། །ཡོན་ཏན་ཆེ་བ་རྣམས་ནི་ཐུགས་དགྱེས་མགུ། །ཡོན་ཏན་མེད་པ་ལ་ལས་ཁྲོ་ཚུལ་བསྟན། །རྩོད་རིགས་ལ་ནི་འབྲེལ་པ་བཞག་ཚུལ་ཡིན། །དེ་ནས་རྩོམ་ལ་འབྲེལ་པ་བཞག་ཚུལ་ནི། །བསམ་བཞིན་རྩོམ་པ་ཤུགས་འབྱུང་མགུར་གྱི་ཚུལ། །རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་དོན་འགྲེལ་ནི། །གླེགས་བམ་ཧ་ཅང་ཁ་ནི་གྲིམ་པ་ཙམ། །གནམ་ཆོས་རྫོགས་ཆེན་འབྲེལ་པ་པོད་ཆེན་གཅིག །ཀུན་རིག་དཀའ་བའི་གནད་རྣམས་བཀྲོལ་བ་དང་། །ལས་བཞིའི་སྦྱིན་སྲེག་ཕག་མོའི་ཟིན་བྲིས་དང་། །སྐུ་གསུམ་སྒྲུབ་པ་བུམ་སྒྲུབ་ཟིན་བྲིས་སོགས། །དེ་དག་རྣམས་ནི་བསམ་བཞིན་བརྩམས་པ་ཡིན། །མ་བསམ་ཤུགས་འབྱུང་མགུར་སྣ་འགའ་དང་ནི། །ཀ་བསྟོད་སྐོར་དང་རྟགས་ཡིག་ཟིན་བྲིས་སྐོར། །དེ་དག་རྣམས་ལ་པོད་ཆེན་འོང་བར་སེམས། །རྒྱ་བོད་གྲུབ་ཐོབ་བཀའ་བརྒྱུད་གོང་མ་ཡི། །རྣམ་ཐར་དོན་བསྡུས་དད་པའི་རྟེན་རྣམས་དང་། །རྗེས་གནང་མང་པོའི་ལོ་རྒྱུས་མང་དུ་མཆིས། །ཞལ་གདམས་མགུར་དང་སྨོན་ལམ་ལ་སོགས་པ། །སོ་སོར་དོན་གཉེར་མཁན་ལ་སྦྱིན་དང་

p. 528

བསྐུར་། །ཕྱོགས་གཅིག་མེད་ཀྱང་པོད་ཆེན་ཙམ་གྱི་སྡོས། །སྐུ་གསུམ་སྒྲུབ་པ་ཕག་མོ་ཁྲོ་ཆུ་སོགས། །ཟིན་བྲིས་ལ་བརྟེན་བསྙེན་སྒྲུབ་ཐོན་པ་མང་། །དེ་ཚེ་རྟགས་མཚན་ངོ་མཚར་ཡིད་ཆེས་གྱུར། །ཤུགས་འབྱུང་ཡིད་ལ་གང་དྲན་རྩོམ་པ་ལ། །མདོ་རྒྱུད་མན་ངག་དོན་དང་མི་འགལ་བའི། །མགུར་དང་ཞལ་གདམས་སྨོན་ལམ་ལ་སོགས་ནི། །ཇི་ལྟར་བྲིས་ཀྱང་ཆུ་ལྟར་ཟད་པ་མེད། །རྩོམ་ལ་འབྲེལ་པ་བཞག་པའི་རྣམ་ཐར་ཏེ། །མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་སྟེ། །འབྲེལ་པ་བཞག་པའི་སཟླ་བཅུ་གསུམ་པ།། །།དེ་ལྟར་བསྡུ་དངོས་བཞི་དང་འཆད་རྩོད་རྩོམ། །བྱས་པའི་ལག་རྗེས་སློབ་མ་ཐོན་དགོས་པས། །དེ་ལ་ཡང་ནི་རྣམ་པ་མང་བ་སྟེ། །དབང་ལུང་མཎྜལ་ཚུལ་དུ་ཕུལ་བ་དང་། །མཉམ་པོར་ཕན་ཚུན་གདམས་པ་སྤེལ་རེས་དང་། །རང་གིས་ཐོན་པའི་སློབ་མ་མིན་ན་ཡང་། །རང་ལ་འབྲེལ་པ་ཐོབ་པའི་སློབ་མ་དང་། །རང་གི་རྩ་བའི་གྲྭ་པ་མིན་ན་ཡང་། །རང་ལ་དྲིན་ཐོབ་རང་ལ་བླ་མར་འཛིན། །རང་གིས་བཤད་པ་ཉམས་སུ་ལེན་པ་དང་། །རང་གི་རྩ་བའི་གྲྭ་པ་ཡིན་ན་ཡང་། །རང་རྒྱུད་མི་འཛིན་གཞན་རྗེས་འབྲངས་བ་

p. 529

དང་། །རང་གི་རྩ་བའི་གྲྭ་པས་རང་རྒྱུད་འཛིན། །དེ་སོགས་རྣམ་གྲངས་མང་བའི་སྲོལ་འདུག་པས། །དེ་དག་སོ་སོར་ཟུར་ཙམ་བཤད་པ་ནི། །འོ་བྲན་གདུང་བརྒྱུད་བླ་མ་ཝ་རྒན་ལ། །ཀིང་ཀང་དམར་ནག་ལ་སོགས་ལུང་འགའ་ཕུལ། །དྲུང་རམ་ཀུན་འཕེལ་དྲུང་རམ་འཕེལ་རྒྱས་དང་། །དྲུང་རམ་ཤེས་རབ་ཀརྨ་དབང་པོ་དང་། །དགེ་སློང་ཡང་ཤེས་དགེ་ཚུལ་མཐར་ཕྱིན་དང་། །སོག་པོ་དབུ་མཛད་དང་ནི་དགུ་པོ་ལ། །དབང་ལུང་གདམས་ངག་རྩིས་སོགས་བསླབ་པ་ཡི། །འབྲེལ་པ་ཐོགས་པའི་སློབ་མ་སྔ་ཤོས་ཏེ། །དབུས་སུ་གྲྭ་ས་འགྲིམས་པའི་དུས་ཡིན་ནོ། །ཁམས་སུ་ཕྱིན་ནས་ལོ་གྲངས་བཅུ་གསུམ་བར། །འབྲེལ་པ་ཐོགས་དང་རྩ་བའི་སློབ་མ་ནི། །རང་གི་ནུ་བོ་ཆོས་དབང་ཀུན་བཟང་དང་། །ཕྲིན་ལས་གཉིས་ནི་རྩ་བའི་བླ་མ་བྱུང་། །བཀའ་ཆེན་རྣམ་དག་བཀའ་བཅུ་མཁའ་མཉམ་དང་། །དྲུང་རམ་ཡིད་འོང་དགེ་བཤེས་བརྩོན་འགྲུས་བཞི། །གྲྭ་ས་གཅིག་དང་མཆེད་གྲོགས་ཡིན་པ་ལ། །དབང་ལུང་ཕུལ་ཞིང་དབང་དང་རྗེས་གནང་བསླབས། །བདག་གིས་དྲིན་ཐོབ་འགྲོ་དོན་བྱུང་བའོ། །འབྲུག་པ་དབུ་མཛད་ཕྲིན་ལས་དགེ་བ་དང་། །དྲག་པ་དབང་ལྡན་ཆོས་

p. 530

ལྡན་རབ་འབྱོར་དང་། །ཟུར་མང་ཀུན་དྲག་ཀརྨ་རིན་ཆེན་དང་། །ཨ་གྲོ་བློ་གྲོས་ལ་སོགས་དྲུང་པའི་འཁོར། །བླ་མ་གུ་རུ་ཀུན་དགའ་ཉི་མ་དང་། །སྐྱོ་ཐུ་བླ་མ་དང་ནི་དཔལ་བཟང་གཉིས། །བླ་མ་པདྨ་པདྨ་དབང་དྲག་བཅས། །བདག་ལ་དབང་ལུང་མང་དུ་ཞུས་པའོ། །དེ་ནས་ལོ་གྲངས་བཅུ་གསུམ་མཚམས་བསྡམས་ཚེ། །ལོ་གསུམ་མཚམས་ཀྱི་ཁས་ལེན་བྱེད་པ་ལ། །ཉི་མ་གཉིས་གསུམ་ཙམ་ལ་མཚམས་ཁུང་དུ། །ངག་བཏང་དབང་ལུང་ཉེར་མཁོ་བྱེད་པ་ལ། །སེམས་ངོ་ཉམས་ཁྲིད་སྙིང་ནས་འདོད་པ་ལ། །དམིགས་པ་རྡུལ་བྱང་ངོས་ནས་སྤྱོད་ནས་ནི། །བདུན་ཕྲག་རེ་ཟུང་ཙམ་རེ་ཁྲིད་སྐྱོང་བ། །མཚམས་ཁུང་ཉིད་ནས་སློབ་མ་ཐོན་པ་ནི། །པདྨ་རིག་འཛིན་ལོ་དྲུག་མཚམས་བསྡམས་ནས། །རྟོགས་པ་སྐྱེས་ཤིང་འགྲོ་དོན་ནུས་པ་བྱུང་། །དོན་གྲུབ་ལོ་གསུམ་མཚམས་བསྡམས་བླ་མ་བྱུང་། །མཐར་ཕྱིན་ལོ་གསུམ་མཚམས་བསྡམས་བླ་མ་བྱུང་། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ངོས་འཛིན་དང་། །ཁྲི་འདོན་བྱས་ཤིང་མཚམས་ཁུང་ནང་དུ་བཙུད། །དབང་ལུང་ཕུལ་ཞིང་ལོ་ནི་གསུམ་བར་དུ། །སྒྲུབ་པ་མཉམ་དུ་བྱས་པས་གནམ་ཆོས་རྡོལ། །ངོ་མཚར་ཡ་མཚན་པད་

p. 531

འབྱུང་བསྟན་པའི་སྲོག །གནས་སྒོ་མང་ཕྱེས་འགྲོ་བའི་བླ་མར་གྱུར། །ཡང་དག་ལོ་གསུམ་མཚམས་བསྡམས་བླ་མ་བྱུང་། །ལྟ་སྒོམ་ལྷུན་གྲུབ་ལོ་གསུམ་མཚམས་བསྡམས་ནས། །རྨི་ལམ་ཡུལ་དུ་བདག་གིས་ཇ་བྱིན་པས། །ཇ་ལ་ཟད་རྒྱུ་མེད་པ་བྱུང་ཟེར་ཞིང་། །རེ་ཞིག་ལུས་ཀྱང་བདེ་ཞིང་བླ་མ་བྱུང་། །ཨོ་རྒྱན་རིག་འཛིན་ལོ་གསུམ་མཚམས་བསྡམས་ཀྱང་། །བླ་མ་མ་བྱུང་སྔགས་པ་ནུས་ལྡན་བྱུང་། །ཀརྨ་རྣམ་རྒྱལ་ལོ་གསུམ་མཚམས་བསྡམས་པས། །ཉམས་རྟོགས་འཕེལ་ཞིང་བླ་མ་བྱུང་སོང་ངོ་། །སྐྱོ་ཐུ་བླ་མར་བར་ཆད་འགའ་བྱུང་ནས། །ཡུལ་དུ་མི་སྡོད་འཁྱམས་འདོད་ཟེར་བྱུང་བས། །མཚམས་ལ་བཞུགས་ན་ལེགས་པའི་ཞལ་གདམས་དང་། །ཕྱག་ཆེན་སྔོན་འགྲོ་དང་ནི་དངོས་གཞི་དང་། །སྐུ་གསུམ་སྒྲུབ་པའི་ཟིན་བྲིས་བསྐུར་བ་ཡིས། །ལོ་དགུར་མཚམས་བསྡམས་ཐུགས་དམ་འཕེལ་བ་དང་། །སྒྲུབ་པ་ཆེ་དང་མཉམ་ཞིང་འདས་རྟགས་བཟང་། །བཀའ་བཅུ་མཁའ་མཉམ་ལོ་ནི་ཉེར་དགུ་ཙམ། །ལོ་རེ་ཟླ་ཕྱེད་ཙམ་ལ་ལྡོམ་བུ་བྱས། །དེ་མིན་རྟག་ཏུ་སྐུ་མཚམས་ཐུགས་དམ་འཕེལ། །ད་ནི་ཚེ་དང་སྒྲུབ་པ་མཉམ་པར་ངེས། །དགེ་སློང་བཀྲ་ཤིས་ཟླ་བ་ལྔ་དྲུག་ཙམ། །ཕག་མོའི་

p. 532

ཟིན་བྲིས་ཉམས་བླང་ལམ་སྣ་ཟིན། །ཞལ་གདམས་ཡི་གེ་བསྐུར་བ་ལ་བརྟེན་ནས། །སེམས་ངོ་འཕྲོད་དང་བོགས་སྐྱེད་བྱུང་བ་ནི། །མང་པོ་བྱུང་བར་འདུག་སྟེ་བྲིར་མི་ལོངས། །དམིགས་པ་བསྟབ་པ་ལ་སོགས་བྱས་པ་ཡིས། །ཁོ་རང་ཚོ་ལ་དེ་རྟགས་རྨིས་ལྟས་དང་། །བཅས་ཏེ་ནད་གདོན་ཞི་བ་འགའ་བྱུང་སྣང་། །ཆར་རྫས་བཀྲམ་ཞིང་བཀའ་སྒོ་དམིགས་པ་ལ། །བརྟེན་ནས་ཆར་པ་ཁུག་པ་ལན་མང་བྱུང་། །རི་པ་བག་ཡོད་ཟླ་གསུམ་མཚམས་བསྡམས་ནས། །ཁྲོ་ཆུའི་ཟིན་བྲིས་ཉམས་སུ་བླངས་བ་ཡིས། །ནུས་པ་ཆེ་བའི་གྲགས་ནི་ཆེན་པོ་ཐོབ། །བར་སྒོ་དབོན་པོ་ལ་ཡང་བླ་མ་བྱུང་། །བླ་མ་མཆེད་གྲོགས་ཡོན་བདག་ལ་སོགས་ཀྱིས། །ཐུགས་དམ་སྐྱབས་མཇུག་དམིགས་རིམ་དགོས་ཟེར་ནས། །རྒྱུན་དུ་བྱས་རྣམས་བདེ་ཞིང་ལེགས་པར་གྱུར། །དེ་ནི་མཚམས་ཀྱི་ཁུང་ནས་འགྲོ་དོན་དང་། །སློབ་མ་ཐོན་པོ་བྱུང་བའི་རྣམ་ཐར་ཡིན། །དེ་ནས་ཁྱི་ཡི་ལོ་ལ་མཚམས་གྲོལ་ནས། །བྱི་བའི་ལོ་ཡི་ཕྱེད་བར་འགྲོ་དོན་ནི། །ཕྱི་ཡི་རྣམ་ཐར་ནང་དུ་གསལ་ལྟར་ལས། །ཁྱད་པར་འགྲོ་བའི་སྐྱབས་གཅིག་བསྟན་པའི་རྒྱན། །རྗེ་འབངས་སོག་པོ་ལྷ་དཔལ་སྤྲུལ་པའི་སྐུ། །ལྷོ་པ་

p. 533

སྤྲུལ་སྐུར་གསང་འདུས་དབང་དང་ལུང་། །ཆོས་ནི་མཎྜལ་ཚུལ་དུ་ཡར་ཕུལ་ནས། །ཁོང་གིས་སོག་ཟམ་སྤྱང་རི་ནང་སོ་ལ། །གནང་ནས་བུམ་སྒྲུབ་གསར་དུ་བཙུགས་ནས་ཀྱང་། །དགེ་འདུན་འཚོགས་པ་བརྒྱ་དང་བཅུ་ཙམ་གྱིས། །ཡིག་དྲུག་དུང་ཕྱུར་གཉིས་ཙམ་སྟབས་ཅིག་འགྲུབ། །རིལ་བུ་འཕེལ་ཞིང་འཇའ་ཡི་ཀ་བ་ཡང་། །ཀུན་གྱིས་མཐོང་བ་ངོ་མཚར་ཡིད་ཆེས་གྱུར། །འདིས་ནི་གསང་འདུས་བསྟན་པ་སླར་ཡང་གསལ། །འབའ་རོམ་བཀའ་བརྒྱུད་ཆོས་ཀྱི་མཛོད་འཛིན་པ། །ཤོར་ཕུ་དགེ་བཤེས་བསྙུང་བའི་སྐུ་རིམ་ལ། །དབང་ཀ་འགའ་ཟུང་བརྟན་བཞུགས་ལ་སོགས་ཕུལ། །འཕྲལ་དུ་བདེ་བའི་དྲག་སྐྱེད་མ་བྱུང་ཡང་། །རིམ་གྱིས་བདེ་ཞིང་འབའ་རོམ་བཀའ་བརྒྱུད་ཀྱི། །ཆོས་རྒྱུད་མི་འཆད་ཙམ་གྱི་རྟེན་འབྲེལ་འགྲིགས་། །སྟོང་ནག་བླ་མ་ཀར་མ་དབང་ཕྱུག་ལ། །དག་སྣང་དབང་འབྲེལ་ཕན་ཚུན་ཞུ་རེས་བྱས། །ཆོས་ཀྱི་རྒྱལ་པོ་རིན་ཆེན་རྣམ་རྒྱལ་དང་། །ཚང་སར་བླ་མ་སྐུ་མཆེད་ཁུ་དབོན་དང་། །དཀྱིལ་ཚ་བླ་མ་ཚབ་ཤི་བླ་མ་དང་། །ཁོར་ཁོ་བླ་མ་མགོན་པོ་བླ་མ་དང་། །འཇངས་གྲ་བསམ་གཏན་རྒྱ་མཚོ་ངེས་འབྱུང་བ། །ཀརྨ་ཡེ་ཤེས་ཀརྨ་ལེགས་གྲུབ་པ། །རེ་པ་

p. 534

ཡང་དག་དབོན་པོའི་བླ་མ་གཅིག །སྟོང་ནག་སྐུ་སྐྱེ་འཇའ་མོ་སྐུ་སྐྱེ་དང་། །ཚེ་འབྲོམ་སྐུ་སྐྱེ་དགེ་བཤེས་ལྷ་མཛེས་དང་། །ཆུ་བར་བླ་མ་ཆུ་བར་དགེ་སློང་དང་། །ས་སྐྱ་པ་ཡི་བླ་མ་དགེ་སློང་གཉིས། །དགའ་ལྡན་པ་ཡི་དགེ་སློང་དགེ་ཚུལ་འགའ། །འབྲུག་པའི་བླ་མ་དགེ་འཕེལ་ཞེས་བྱ་དང་། །སྟག་ལུང་བྱ་བཏང་མངོན་དགའ་ཞེས་བྱ་དང་། །མངའ་རིས་གྲུབ་ཐོབ་ཨོ་རྒྱན་ཞེས་བྱའི་མིང་། །ཁ་བ་དཀར་པོའི་རྟོགས་ལྡན་རས་རྐྱང་བ། །ཝ་པ་སྐུ་སྐྱེ་བླ་མ་ཡབ་སྲས་གསུམ། །གླིང་རུ་དགེ་སློང་སོ་རག་དགེ་སློང་གཉིས། །དེ་དག་དབང་བསྐུར་ཆོས་བཤད་བྱེད་པ་ཡི། །ལ་ལ་གོ་ས་ཆེན་པོར་བཞུགས་པ་དང་། །ལ་ལ་དབང་ཀ་རྗེས་གནང་བྱེད་ཙམ་གྱི། །བླ་མའི་མཚན་ཐོགས་རྣམས་ལ་བདག་གིས་ནི། །དབང་ལུང་ཕུལ་བའི་འབྲེལ་ཐོགས་སློབ་མའོ། །བླ་མིང་མེད་ཀྱང་བླ་མ་འདྲ་བ་ཡི། །རྟོགས་ལྡན་དང་ནི་དབོན་པོ་དགེ་སློང་དང་། །དགེ་ཚུལ་ལ་སོགས་རབ་ཏུ་མང་བ་སྟེ། །དབང་ལུང་འབྲེལ་ཐོགས་ཙམ་ནི་དཔག་མེད་ཀྱང་། །ཕལ་ཆེར་བདག་གིས་མིང་དོན་མི་ཤེས་སོ། །ཆེ་ལོང་ཀརྨ་རི་གླིང་ལྷ་སྟེང་དང་། །རེ་ནེ་དགོན་པ་སོ་རག་གསའ་འགུས་པ། །མི་

p. 535

གཡེལ་ཉང་ཆེན་སྟེང་པ་ཡོར་མིག་པ། །ཙོང་མདའ་དགོན་པ་ལ་གོང་དགོན་པ་དང་། །རྟ་རྣ་དགོན་པ་དང་ནི་དྲུང་པ་ཡི། །རྒྱབ་རེས་འདུག་པའི་གྲྭ་པ་ཐམས་ཅད་དང་། །དེ་དག་ནང་དུ་བླ་མིང་མ་ཐོགས་ཀྱང་། །རྟོགས་པར་ལྡན་པའི་དགེ་བཤེས་ཚད་ལྡན་མང་། །སྐྱབས་སྡོམ་ཚངས་སྤྱོད་དགེ་བསྙེན་བྱས་ནས་ཀྱང་། །སྔ་ཕྱིར་གསར་དུ་སྐྲ་ཕུད་བླངས་བ་ནི། །དེ་སྔ་ཕན་ལ་དྲུག་ཅུ་རེ་ལྷག་ཙམ། །རབ་བྱུང་དགེ་ཚུལ་བསྒྲུབས་པ་དྲུག་ཅུ་རེ། །བསྙེན་པར་རྫོགས་པ་བསྒྲུབས་པ་བཅུ་བདུན་བྱུང་། །འབོ་ཇོ་མན་ཆད་ཆབ་མདོ་ཡན་ཆད་དུ། །ས་ཁོལ་ཅུང་ཟད་ལུས་སྲིད་མ་གཏོགས་པ། །གར་ཕྱིན་རྔ་རྡུང་ཕྲེང་ཐོགས་སྔགས་པ་ནི། །བདག་གི་སློབ་མར་མ་གྱུར་སྲིད་ཙམ་སྟེ། །ལ་ལས་ཐོབ་པའི་ཞི་དྲག་རྟ་མགྲིན་སོགས། །ཟླ་མཚམས་འགའ་ཟུང་ཐོན་པ་གྲངས་མང་ཞིང་། །ཕལ་ཆེར་རྒྱུན་བསྙེན་གཏོར་བསྔོས་མདོས་ཟློག་བྱེད། །གྲངས་ནི་མང་བས་ཡིད་ལ་མ་ངེས་སོ། །བཙུན་མ་འདི་དག་མཐར་ཐོན་དཀའ་འདུག་པས། །སྐྲ་ཕུད་མ་ལེན་ཟེར་མཁན་འགའ་བྱུང་ཡང་། །ཉམས་ལས་མ་ཐོབ་ཉེས་པ་ཆེ་གསུངས་ཕྱིར། །རྒན་པ་རྣམས་ལ་ཚངས་སྤྱོད་དགེ་བསྙེན་མ། །གཞོན་ནུ་ཁ་མཆུ་མེད་

p. 536

ཅིང་ཞེ་ཐག་པས། །ཆོས་འདོད་རྣམས་ལ་སྣ་འགའི་དགེ་བསྙེན་མའི། །སྡོམ་ལུང་བྱིན་འདི་ཐབས་མཁས་འགྲོ་དོན་ཡིན། །ཁ་གྲངས་མང་བས་དུ་ཡོད་མ་ཤེས་སོ། །ཁྲིད་ཀྱི་དུས་སུ་གནས་འགྱུ་གསར་འཕྲོད་དང་། །སྔར་ནས་ཤེས་ལ་བོགས་སྐྱེད་ཐོན་པ་དང་། །ཉམས་རྟོགས་སྐྱེས་ལ་ས་མཚམས་ཕྱེ་བ་དང་། །ཉམས་ལ་ཞེན་པའི་ཉམས་དེ་བཤིགས་པ་དང་། །ཉམས་ཞིག་ཐེ་ཚོམ་སྐྱེས་ལ་ངོ་སྤྱོད་དང་། །བསྙེན་སྒྲུབ་འདོད་ལ་ཕྱག་ལེན་ངག་ཁྲིད་དང་། །ས་རྩིས་ལ་སོགས་ནོར་འཁྲུལ་བསལ་བ་དང་། །སྡིག་ཆེན་འགའ་ཞིག་ཆོས་ལ་བློ་འགྱུར་དང་། །གཞན་ལུགས་སྐུ་ཆོས་མཐོ་བ་ལ་ལ་ཡིས། །ལྐོག་ཏུ་དབང་འབྲེལ་ཆོས་འབྲེལ་ཞུ་བ་དང་། །མཚམས་དང་བསྙེན་སྒྲུབ་དམ་བཅའ་འབུལ་བ་དང་། །སྐྱེ་བོ་སྡིག་ཆེན་སྡིག་པ་སྤངས་བ་དང་། །ནད་དང་གདོན་གྱིས་ཉེན་ནས་བསྙེན་སྒྲུབ་དང་། །ཆར་འབེབས་སེར་སྲུང་མདོས་ཟློག་བསྐང་བ་དང་། །དབང་བསྐུར་ཆོ་ག་རྒྱུན་བསྙེན་སྒྲུབ་པའི་སྐོར་། །གཅོད་ཚོགས་རོ་བཤའ་མཐའ་གཏད་ལ་སོགས་པ། །ཕན་བྱ་སྣ་ཚོགས་ལག་ཁྲིད་ངག་ཁྲིད་སོགས། །གང་ལ་གང་ཕན་འགྲོ་དོན་དགའ་རབ་བྱུང་། །གཞན་དོན་བྱས་པའི་

p. 537

ལག་རྗེས་སློབ་མའི་ཚོགས། །ཐོན་པའི་སགྲྭ་འདི་ནི་ཐ་མའོ།། །།དེ་ལྟར་རྣམ་ཐར་སྤྱི་ཡི་དོན་བཤད་འདི། །དཔེ་ལྟར་བྱས་ཤིང་གཞན་དང་མ་བསྟུན་པར། །འཕྲལ་དུ་གང་དྲན་ཐོལ་བྱུང་བྲིས་པའི་ཕྱིར། །མདོ་རྒྱུད་ལུང་དང་འགལ་ན་བཟོད་པར་གསོལ། །སེམས་ཅན་ལགས་པས་འཁྲུལ་པ་ལོས་འོང་བས། །དེ་ལ་ཐུགས་ཁྲེལ་མ་གནང་བཟོད་པ་བཞེས། །དགེ་བ་མཆིས་ན་མ་རྒན་སེམས་ཅན་ཀུན། །བླ་མེད་རྫོགས་བྱང་མྱུར་ཐོབ་ཕྱིར་དུ་བསྔོ། །འདི་ནི་རང་ལོ་ཕྱེད་དང་ང་གསུམ་པ། །ལྕགས་ཕོ་བྱི་བའི་ལོ་ཡི་དབྱར་འབྲིང་བ། །ས་ག་ཟླ་བའི་ཡར་ཚེས་བརྒྱུད་ནས་བརྩམས། །མཚམས་ཁུང་བསྙེན་པ་ཡང་ནི་མ་ཤོར་བར། །སྣོན་གྱི་ཟླ་བའི་དམར་པོའི་ཚེས་བཅུ་ལ། །གླེགས་བམ་ལེགས་པར་ཚར་བར་བྲིས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བདག་དགེ་སློང་རཱ་ག་ཨ་སྱའི་ཚེ་འདི་ཡི་བྱ་བ་ལེགས་ཉེས་ལུང་བསྟན་རྣམས་ཕྱོགས་གཅིག་ཏུ་བྲིས་པ།

p. 538

༄༅། །བདག་དགེ་སློང་རཱ་ག་ཨ་སྱའི་ཚེ་འདི་ཡི་བྱ་བ་ལེགས་ཉེས་ལུང་བསྟན་རྣམས་ཕྱོགས་གཅིག་ཏུ་བྲིས་པ་ཡོད།།

p. 539

ན་མོ་ལོ་ཀི་ཤྭ་ར་ཡེ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །འགྲོ་བ་འདྲེན་ལ་ཕྱག་འཚལ་ལོ། །དགེ་སློང་རཱ་ག་ཨ་སྱ་བདག །ཚེ་རབས་སྨོན་ལམ་མཐུ་བཙན་པས། །རིག་འཛིན་མི་འགྱུར་རྡོ་རྗེ་ཡི། །བདག་པོ་སློབ་དཔོན་བྱས་ནས་ཀྱང་། །ལོ་གསུམ་ལྷག་ཙམ་མཉམ་དུ་བཞུགས་། །དེ་ཚེ་སྤྲུལ་པའི་སྐུ་ཉིད་ཀྱིས། །ཡི་དམ་ལྷ་ཚོགས་དཔག་མེད་གཟིགས། །ཆོས་དང་འཇིག་རྟེན་བྱ་བ་ཀུན། །བདག་གིས་ཁོང་ལ་ཞུ་བཅོལ་ནས། །ཁོང་གིས་ལྷ་ལ་དྲི་ཆོག་པ། །དེ་འདྲ་ལོ་གསུམ་ཙམ་ཞིག་བྱུང་། །དེ་དུས་སྤྲུལ་སྐུས་སྐུ་རྩེད་སྐབས། །ང་ལ་ཤོག་བུ་འགའ་བྱིན་

p. 540

ནས། །ཁྱེད་རང་གང་དགའ་སྦྱིན་ནོ་གསུངས། །འོ་ན་སྤྲུལ་སྐུ་ཉིད་དང་ནི། །ངེད་ལ་ལུང་བསྟན་གེལ་ཁ་ཞིག །གནང་དགོས་ཞུས་པས་འདི་གསུངས་སོ། །ང་ཡི་དེ་ཚོ་མི་ཤེས་ཏེ། །ལྷ་ཞལ་གཟིགས་དུས་དྲིའོ་གསུངས། །དེ་མ་ཐག་ཏུ་དབྱངས་ཅན་མ། །ཞལ་གཟིགས་ལུང་བསྟན་འདི་གསུངས་པ། །ཚན་པ་དང་པོ་སྤྲུལ་སྐུ་ཉིད། །གཉིས་པ་བདག་ཅག་འཁོར་བཅས་པ། །སྤྱི་ཡི་ལུང་བསྟན་ཡིན་པར་སྣང་། །༁ྃ༔ དབྱངས་ཅན་དཀར་མོའི་ཞལ་ན་རེ། །ཨེ་མ་ངོ་མཚར་མི་ཆེ་འམ། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །མངོན་ཤེས་དྲུག་དང་ལྡན་

p. 541

ཡིན་པས། །གདམས་ངག་རྣམས་ཀྱི་ཐུབ་པ་དང་། །ཝ་ལེ་པས་ནི་ཐིག་པ་དང་། །དེ་རྣམས་བྱུང་ན་སངས་རྒྱས་ཡིན། །སང་ངེ་ཡེ་རེ་ངོ་བོ་ལ། །ཅེ་རེ་ཡེ་རེ་མ་ཡེངས་པར། །ཐེ་ཚོམ་མ་ཤོར་ད་ཉོན་ཅིག །སམ་བྷོ་སྤྲུལ་པའི་གདུལ་བྱ་དེ། །དེ་ནས་གཅིག་པ་ཡིན་སྟེང་དུ། །ཡང་ངེ་ཡེང་ངེ་ན་བུན་བཞིན། །འབྱུང་བ་ཐེ་ཚོམ་མི་དགོས་སོ། །བཛྲ་པཱ་ཎིའི་ན་ཝ་དེ་། །བདག་འདྲ་རྒས་པ་མིན་པས་མི་བདག་གོ །མགོ་རས་གྱོན་པའི་ཁོ་རྒྱལ་ལོ། །བདུད་ཀྱི་ཞགས་པ་ནག་པོ་དང་། །རྣམ་པར་འཇོམས་པའི་ཕྱག་མཚན་ནི། །རྡོ་རྗེ་རྒྱ་གྲམ་ཁ་བཅིང་ངོ་། །ཞེས་སོ། །ཡང་དབྱངས་ཅན་མ་དེའི་ཞལ་ནས། །ཨེ་མ་ངོ་མཚར་མི་ཆེའམ། །ས་པཎ་པ་ཏྲ་ཡ་ར་ལི། །ཐེག་ཐོག་པ་ནས་སྣང་བ་བདེ། །ཡིད་ལ་བདུད་རྩི་བྱིན་པ་ལྟར། །ཤུགས་ཀྱིས་བདེ་ནས་ཤུགས་ཀྱིས་འགྲོ། །འགྲོ་བ་འདྲེན་པའི་བླ་མ་མཆོད། །དང་པོ་སོ་དཀར་སྐྱེས་པ་ནས། །ད་ལྟ་འགྱོག་པ་འདི་ཡི་བར། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །དེ་ཡི་ལ་དོན་མེད་རྒྱུ་མེད། །བཛྲ་ཧྥ་གྷི་ཝ་ཡི། །བདག་ནི་སོ་མེད་སྐྱེས་པ་འདྲ། །ཛ་ནི་སངས་རྒྱས་འདུས་པ་འདྲ། །ཧ་ནི་སྦྲུལ་གྱི་མགོ་བོ་འདྲ། །ཡ་ནི་སྔགས་

p. 542

པ་བཞུགས་པ་འདྲ། །བྷི་བ་ཐམས་ཅད་འདུས་པའི་སྐུ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བདེན་པ་ཡོད་པ་དེས་རྒྱས་བཏབ། །སྨྲ་བ་རྫོགས་པ་མ་ར་ཡིན། །ཞེས་པ་དགུང་ལོ་བཅུ་གཉིས་པ། །རྒྱལ་ཟླའི་ཚེས་པ་དྲུག་ལའོ། །ཡང་ནི་རཱ་ག་ཨ་སྱ་བདག །ཚེ་འདིའི་བྱ་བ་ལེགས་ཉེས་འགའ། །སྤྲུལ་སྐུ་ལ་ནི་ཞུ་སྣ་བཅོལ། །དེ་ཆེ་ཨོ་རྒྱན་རིན་པོ་ཆེ། །དངོས་སུ་བྱོན་ནས་བཀའ་བསྩལ་པ། །ལུང་བསྟན་བརྡ་ཚིག་འདི་ལགས་སོ།། །།ན་མོ་པྲ་ཝཱ་ཀ་ར་ཡེ། །མངའ་བ་སང་གི་བ་མོ་ཨ། །ཐང་བདེ་བདེ་འདྲ་སྟེ་ཨ་ལ་ལ། །རྒྱས་རྒྱས་ཨོ་ཡི་ལོ་ལོ་ཡིན། །ལྷོ་ཡི་རྟ་ཕོ་གཡས་སུ་རྒྱུག །སྡེ་པ་ཚང་གིས་ཨོ་རད་བྱེད། །དབང་བྱེད་རྒྱལ་པོའི་དབང་རེ་བྱེད། །དུ་བདུད་ནག་པོ་སྟམྦྷ་ཡ། །འདུས་སམ་ལྷ་ཡི་གཞལ་ཡས་ཁང་། །ཨ་ལ་ལ་ཡི་ཨའུ་དྲ། །ཨ་ལ་ལ་ཡི་བསྟན་གྱི་འཁོར། །ཨ་འདྲ་ཨུའི་ཨའུ་ཤིན། །ཨའུ་མའི་ཨུ་མ་རུ། །མངའ་རྒྱས་བྱེད་པའི་ཨའུ་མང་། །མཚན་རྒྱལ་དེའི་ཨུའུ་ཝ། །ཐམས་ཅད་རང་དབང་ཨ་མི་འབྱུང་། །ཝ་ཏའི་སྒར་ནས་ཧུ་ཧུ་སྒྲོག །ཝ་ཏའི་དཔའ་ཨུ་ཨ་ལ་ལ། །ཝ་ཏའི་ཆེ་ཆོ་ཆེ་ཆ་ཆ། །ཝ་ཏའི་འོ་འདོད་ཨ་ལ་

p. 543

ལ། །རྟ་ཁྲིད་འདྲ་བ་ལ་ཨ་ལ་ལ། །ཀ་འཇུག་འདྲ་བ་ཨ་ལ་ལ། །ཁྱུང་ཁྲོམ་མེ་ཡི་ཨེ་ཨེ་ཨེ། །ཤིང་མང་འདྲ་བ་ཧུ་ཧུ་ཧུ། །ལར་འགྲོ་བ་ཀུན་གྱི་ཤེས་པ་སྟེ། །ལར་དོན་བྱེད་བླ་མ་ལ་ཕྱག་འཚལ། །ལར་ལྷོ་ཆ་གང་ནས་ཨ་ལ་ལ། །ལར་ཏུ་ཏུ་སྨྲ་བ་ཨ་ལ་ལ། །ལར་ཆེ་ཆེ་བྱེད་པ་ང་རྒྱལ་ཡིན། །རྒྱལ་བ་སློབ་ཀྱིས་མཚན་པ་འདྲ། །མ་རྟ་བུ་ཡི་སྙིང་རེ་རྗེ། །ས་དེ་ལ་གཡོ་འགུལ་ཨ་ལ་ལ། །ལར་བུ་ཡིས་མ་ལ་གཅེས་པ་བཞིན། །ཨ་ཡི་མང་བ་ཨེ་ཨེ་ཨེ། །ཁ་ནས་སྤོ་བསྐྱལ་འདྲ་བ་ཨེ། །ཨ་ཨུ་འབྱུང་བ་ལྔ་ལྟ་བུ། །ཆོས་བྱེད་ཕ་ཀི་འདི་ལྟར་ཟེར། །རྒྱུད་སྡེ་འོང་ངམ་མི་འོང་ཟེར། །རིང་ན་ཅི་བྱེད་ཨ་ལ་སྨྲས། །ངོ་ཡིས་བལྟས་ཛ་བགད་ཅིང་འདུག །གནས་མདོ་ཚང་མ་ཨ་ལ་ལ། །འདིར་འདིར་བྱེད་པ་ཨ་ལ་ལ། །དགོན་པ་གུ་ཤར་ཅི་རི་རི། །ཆག་ཆག་སྡེབ་པ་མཚར་ལགས་སམ། །ཡུན་ཏེ་ཡུན་ཏེ་ཨ་ལ་ལ། །རིང་ཤིང་ཚེ་རིང་ཨ་ལ་ལ། །རིང་པོ་འདྲ་བ་ལམ་སྟེ་ཨ། །ས་ཆ་ཨ་ཡི་འགྱུར་ལ་ལེ། །གཞན་གྱིས་མི་འཕྱ་ཨ་ལ་ལ། །དུ་བདུད་ཐམས་ཅད་སྟམྦྷ་ཡ། །ཆག་ཆག་རྡེབ་པ་ཨི་ཨི་ཨི། །ཡུན་ཏེ་རྒྱུ་ཡི་ཨ་ལ་ལ། །མི་ལས་ཅི་གསུངས་ཨ་ལ་ལ། །ཆག་

p. 544

ཆག་རྡེབ་ན་ཅི་འོང་ཨང་། །མེ་སྤྲེལ་འབྲུག་ཟླའི་ཚེས་བཅུ་ལ། །མི་འགྱུར་རྡོ་རྗེ་ལ་གསུངས་པ། །རཱ་ག་ཨ་སྱ་གེལ་ལུང་ལགས། །ཡང་ནི་རཱ་ག་ཨ་སྱ་ཡིས། །འགྲོ་དོན་ལ་སོགས་འབྱུང་བའི་ཚུལ། །སྤྲུལ་པའི་སྐུ་ལ་དགོངས་པ་ཞུས། །དེ་ཚེ་བཅོམ་ལྡན་ཤཱཀྱ་ཐུབ། །མདུན་གྱི་ནམ་མཁར་བཞེངས་ཐབས་ཀྱིས། །ཕྱག་གཡས་པདྨའི་སྟེང་དུ་ནི། །པོ་ཏི་བཞག་པ་ཕྱག་ན་བསྣམས། །གཡོན་པས་དྲིལ་བུ་འཛིན་པ་ཞིག །དངོས་སུ་བྱོན་ནས་བརྡ་ཡི་ཚིག །ལུང་དུ་བསྟན་པ་འདི་ལགས་སོ།། ༁ྃ༔ ན་མོ་ཤཱཀྱ་མུ་ནེ་ཡེ༔ ཧ་ཧ་ཧ༔ ཧེ་ཧེ་ཧེ༔ ཧུ་ཧུ་ཧཱུ༔ ཧི་ཧི་ཧི༔ ཧི་རི་ལི༔ ཧི་ར་ལི༔ ནམ་མཁའི་གཡུ་འབྲུག་སྔོན་མོ་དང་༔ ལྷ་ཡི་རྒྱལ་པོ་བརྒྱ་བྱིན་ཚངས༔ དེ་དང་མཉམ་པའི་ཨ་ཡུ་འབྱུང་༔ དཀར་པོ་དཀར་མོ་ལྟ་བུ་ཡི༔ མ་དང་ཨ་དབྱི་ཅི་ལྟ་བ༔ ཆག་རྣམས་ཚིག་ཏུ་གྱུར་པ་སྟེ༔ མེད་པ་མ་ཡིན་སེམས་མ་སྡུག༔ ཨེ་མ་ཨེ་མ་ཧ་ཧི་ཧེ༔ ཨ་ལ་ཧོ་ན་དགའ་བ་ལ༔ ར་ལུག་ལྟ་བུ་མི་འབྱུང་ངོ་༔ ག་རེ་བསམ་ཤིང་སྡུག་མི་དགོས༔ ར་ལུག་ལྟ་བུ་མི་འབྱུང་སྟེ༔ ག་ག་ལ་ནི་གི་གི་བརྗོད༔ ཨ་ལ་ལ་སྟེ་སྲ་མོ་བདུད༔ སེ་ཡེར་རང་ལ་གསོལ་བ་

p. 545

འདེབས༔ ཨ་ཨ་ཨཱ༔ ར་ཏེས་ལུག་དང་རྟ་དང་གསུམ༔ རཱ་ག་སངས་རྒྱས་ཀུན་ལ་མཆོད༔ ག་ག་སངས་རྒྱས་ཀུན་ལ་མཆོད༔ འི་ཡི་འེ་རེས་འགྲུབ་ཏུ་གསོལ༔ རྡུལ་ཙམ་མ་གཏོགས་ཐམས་ཅད་འབྱུང་༔ བྱ་ལྟར་ནམ་མཁའ་ལྡིང་དུ་ཡང་འགྲོ་བ་དཀའ་འཚེར་མི་དགོས་སོ༔ དོན་ནི་ཐམས་ཅད་འགྲུབ་ངེས་སོ༔ འབྱུང་བ་ལྔ་ཡི་བཀའ་དྲིན་ཡིན༔ བར་ཆོད་མི་འབྱུང་དགའ་བ་ལ༔ གྱུར་ཏེ་ཏ་རེ་ལ་སོགས་པ༔ གཅིག་གཅིག་གཉིས་གཉིས་གསུམ་གསུམ་བཞི༔ རཱ་ག་ཨ་སྱའི་ཚེ་ཚད་དང་༔ འགྲོ་དོན་ལ་སོགས་ལུང་བསྟན་འདི༔ མེ་སྤྲེལ་འབྲུག་ཟླའི་ཉ་ལའོ༔ ཡང་ནི་སྤྲུལ་པའི་སྐུ་མཆོག་ལ༔ བདག་ནི་དགེ་སློང་ཆགས་མེད་ཀྱིས༔ བྱ་བ་གཞན་འགའ་ལུང་བསྟན་ཞུས༔ དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས༔ སྤྲུལ་སྐུ་ལ་ནི་འདི་སྐད་གསུངས༔ ༁ྃ༔ ན་མོ་ལོ་ཀི་ཤྭ་ར་ཡེ༔ ལར་ནང་གི་ཆེ་བ་ནང་ཕྱོགས་ཧེ༔ གནས་ཡུན་རིང་གནས་པས་དགའ་བ་ལ༔ འདུལ་བྱ་འགྲོ་དོན་རྒྱས་པས་ཨང་༔ བརྡ་ཡིག དབང་འདུས་ཨ༔ འགྲོ་དོན་ཕྲིན་ལས་རྒྱས་པར་འགྱུར༔ ཨེ་མ་ཧོ༔ ལར་ནང་ཆེན་ངོས་ནི་གདུལ་བྱ་འབྱུང་༔ ཤིཎིགེཎིཎ།དབང་དུ་འདུས༔ ལྷོ་ཕྱོགས་ངོས་

p. 546

ཀྱིས་ཙགི་འདུས༔ དེ་ཡང་ང་འམ་ངོ་ཡི་མིང་༔ སྨྲ་འམ་སྨེ་ཡི་མིང་ཅན་འདུས༔ སླར་དྲང་སྲོང་ནག་པོ་ཤིན་ཏུ་དགའ༔ ཤིན་ཏུ་དགའ་བས་རྩིས་བྱས་ཨ༔ སླར་དྲང་སྲོང་དམར་པོ་གནས་གསུམ་མཉེས༔ དེ་ཡི་ཐུགས་བརྩེས་ལུས་མཛད་ཨ༔ སླར་ཡང་དྲང་སྲོང་དེ་ཉིད་དགའ༔ ཐུགས་དགྱེས་མཛད་པ་ཨ་ལ་ལ༔ ཞེས་པ་རཱ་ག་ཨ་སྱའི་དོན༔ མེ་སྤྲེལ་སྦོ་ཟླའི་གནམ་གང་ལའོ༔ དེ་ནས་དེ་ཡི་དོན་གསལ་ནི༔ འགྲེལ་པ་སླར་ཡང་ཞུས་པ་ལ༔ མཚུངས་མེད་ཀུན་མཁྱེན་ཨོ་རྒྱན་རྗེ༔ སྤྲུལ་པའི་སྐུ་ཡི་ཞལ་གཟིགས་དུས༔ ཨོ་རྒྱན་ཆེན་པོས་བཀའ་བསྩལ་པ༔ ༁ྃ༔ ན་མོ་པདྨ་སཾ་བྷ་ཡེ༔ ས་སྐྱ་པ་ཡི་ཧ་ཧ་ཧ༔ ཡི་གེ་ཡི་གེ་རྫོ་ཞིང་རྒྱུག ལྷོ་ཡི་ཕྱོགས་ནས་གདུལ་བྱ་འབྱུང་༔ ཡིན་པས་ཡིད་ལ་ཞོག་ཅིག་ཨ༔ ཨ་ངོམ་རྫ་ཡི་ལྷོ་ཕྱོགས་ལ༔ བརྡ་ཡིག མཚམས་ནས་དབང་བསྡུད་བྱ༔ ང་རིགས་ཅ།།ཎཧོ་ངོས་ཀྱི་ལྷོ༔ ཨ་གཡས་ཀྱི་ཕྱོགས་ནས་གཅིག་དབང་སྡུད༔ གཡོན་གྱི་ཕྱོགས་ནའང་གཅིག་དབང་སྡུད༔ གཉིས་ལ་དབང་སྡུད་གྱིས་དང་དགེ༔ དེ་ཡིས་ཡོན་བདག་བཟང་པོ་འདུ༔ བསྟན་ལ་ཕན་པའི་ཡོན་བདག་ནི༔ ཨ་ཡི་མིང་ཅན་

p. 547

ཞིག་འབྱུང་ངོ་༔ ཞེས་པ་རཱ་ག་ཨ་སྱའི་དོན༔ ཨོ་རྒྱན་ཆེན་པོས་མངོན་སུམ་དུ༔ མི་འགྱུར་རྡོ་རྗེ་ལ་གསུངས་སོ༔ ཡང་ནི་སྤྲུལ་སྐུ་སྐུ་ཕྲའི་དུས༔ རི་མོ་རྟེན་འབྲེལ་འདི་ལྟར་འགྲིགས་བཏགས་གྲོལ་འབྲུ་བདུན་ནི་དམྱལ་བར་མི་འགྲོ་བའི་རྟེན་འབྲེལ༔ ཇོ་ཕོམ་ནི་ལྷ་འགྲུབ་པའི་རྟེན་འབྲེལ༔ མདའ་ནི་ཅི་སྨྲས་དྲངས་ཤིང་བདེན་པའི་རྟེན་འབྲེལ༔ མིག་ནི་མངོན་པར་ཤེས་པ་ཡོད་པའི་རྟེན་འབྲེལ༔ མདའ་གཞུ་ཚེ་འཕོས་མ་ཐག་བདེ་བ་ཅན་དུ་འགྲོ་བའི་རྟེན་འབྲེལ༔ མེ་ནི་ནུས་པ་ཆེ་བའི་རྟེན་འབྲེལ༔ ཐོག་ནི་ལྷ་འདྲེ་ཐམས་ཅད་ཐུལ་བའི་རྟེན་འབྲེལ༔ ནོར་བུ་ནི་ཀུན་གྱིས་དད་ཅིང་བསམ་པ་འགྲུབ་པའི་རྟེན་འབྲེལ༔ འབྲུག་ནི་སྙན་གྲགས་ཆེ་བའི་རྟེན་འབྲེལ༔ ཆུ་རིས་ནི་ཚེ་རིང་བའི་རྟེན་འབྲེལ་ཡིན་ནོ༔ མངྒ་ལཾ༔ བཀྲ་ཤིས༔ དགེའོ༔ དགེའོ༔ རྒྱ་རྒྱ་

p. 548

རྒྱ༔ ཁ་ཐཾ་གུ་ཧྱ་ས་མ་ཡ༔ ཅེས་པ་སྤྲུལ་སྐུས་བདག་རཱ་ག་ཨ་སྱ་ལ་རྟེན་འབྲེལ་བསྒྲིགས་པ་ལགས་སོ༔ དགེ་སློང་རཱ་ག་ཨ་སྱ་བདག༔ ཆུང་ནས་བསྐྱེད་རྫོགས་ཉམས་སུ་བླངས༔ བླ་མ་དང་ནི་རྟོགས་ལྡན་འགར༔ ཉམས་བསྡུར་རྟོགས་འབུལ་བྱས་ལགས་ཀྱང་༔ རྟོགས་པའི་ས་མཚམས་ཕྱེ་མཁན་དཀོན་ཉམས་ལ་མཐོ་དམན་སྣ་ཚོགས་བྱུང་༔ ཉམས་རྨིས་རྟགས་མཚན་པན་པུན་མང་༔ གཏེར་ལུང་སྐྱེ་རྒྱུད་དང་བསྟུན་ནས༔ ས་ལམ་མཐོ་དམན་ཡིན་ཡིན་འདྲ༔ རུང་རྒྱུད་ཐ་མལ་ལུས་ལུགས་ལ༔ ལམ་གྱི་སྣེ་ཡན་མ་ཟིན་འདྲ༔ དེས་ན་བདག་གི་ས་དང་ལམ༔ ཉམས་དང་རྟོགས་པའི་ས་མཚམས་ནི༔ ཞལ་གཟིགས་བྱུང་དུས་ཞུས་སྨྲས་པས༔ སྤྲུལ་སྐུ་དགུང་ལོ་བཅུ་གསུམ་པ༔་བྱ་ལོ་སྦོ་ཟླའི་ཉེར་གཅིག་ནུབ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོ་དངོས་སུ་མཇལ༔ དེ་ཚེ་དེ་དོན་ལུང་བསྟན་པ༔ ཨོྃ༔ ཀཉྩ༔ ན་མོ་གུ་རུ༔ སྔགས་ལུགས་མཐོང་བའི་ལམ་ལ་གནས༔ མདོ་ལུགས་སྦྱོར་མཐོང་ཙམ་ལ་གནས༔ བསྐྱེད་རིམ་དྲོད་ཐོབ་ཡིན་ལགས་སོ༔ རྟོགས་པ་སྤྲོས་བྲལ་སྤྲོས་བྲལ་ལགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

p. 549

ཁ་ཐཾ༔ གུ་ཧྱ༔ ཞེས་གསུངས་དེ་དུས་དགེ་སློང་བདག རང་ལོ་བཞི་བཅུ་ཞེ་དགུ་སྟེ༔ དེ་ཕྱིར་རྟོགས་པ་དེ་དུས་དང་༔ ཅུང་ཟད་མི་འདྲ་བ་ཡོད་དོ༔ ཀྱི་མ་དུས་ངན་སྙིགས་མ་ལ༔ ཆོས་བྱེད་རྣམས་ལ་བར་ཆད་མང་༔ མཐོ་ནོན་ཕྲག་དོག་རླུང་ལྟར་འཚུབ༔ གཟུགས་ཅན་མི་ནི་འདྲེ་བས་ཐུ༔ གཟུགས་མེད་ལྷ་འདྲེ་སྡེ་བརྒྱད་ཀྱང་༔ གདུག་པ་ཆེ་ཞིང་ཆོས་བྱེད་ལ༔ བར་ཆད་སྣ་ཚོགས་བྱེད་པ་སྟེ༔ དགྲ་ཡིས་གནོད་པ་འབྱུང་མི་འབྱུང་༔ བགེགས་ནི་གང་གིས་རྒྱུན་དུ་གནོད༔ སྤྲུལ་པའི་སྐུ་ལ་ཞུ་སྣ་བྱས༔ བྱ་ལོ་སྦོ་ཟླའི་ཉེར་གསུམ་ལ༔ ཨོ་རྒྱན་ཆེན་པོའི་ལུང་བསྟན་འདི༔ མངོན་སུམ་ཉིད་དུ་གསུངས་པའོ།། ༁ྃ༔ ཤརོམདྷ༔ ན་མོ་གུ་རུ༔ དགྲ་དང་རྒྱལ་པོ་དུག་མཚོན་གཟའ༔ དེ་ཡིས་གནོད་པ་མི་འོང་སྟེ༔ དོགས་པ་སྲུང་ཟློག་བྱས་ན་བཟང་༔ རྒྱུན་དུ་འདིས་གནོད་ངེས་མེད་དེ༔ རེས་འགའ་རྒྱལ་པོ་རེས་བསེན་མོ༔ རེས་འགའི་ཀླུ་བདུད་རེས་འགའ་ཀླུ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཏྱ། ཅེས་པ་རཱ་ག་ཨ་སྱ་ཡི༔ སྒེལ་གྱི་ལུང་བསྟན་སྐྱེན་པ་པོ༔ ཡང་ནི་མི་འགྱུར་རྡོ་རྗེ་ཉིད༔ དགུང་ལོ་བཅུ་གསུམ་མེ་བྱ་ལོ༔ རྒྱལ་ཟླའི་ཚེས་

p. 550

པ་བཞི་ཡི་ནུབ༔ བདག་གིས་དགོངས་པ་འགའ་ཞུས་པས༔ གུ་རུ་ཉི་མ་འོད་ཟེར་ནི༔ དངོས་སུ་ཞལ་གཟིགས་ལུང་བསྟན་པ༔ ༁ྃ༔ ཤམ༔ སཱུརྱ་འོད་ཟེར་ལ་ཕྱག་འཚལ༔ སྤྱི་དང་བྱེ་བྲག་ལུང་བསྟན་ནི༔ གླང་ལོ་རྒྱབ་བར་སྐུ་ཚེ་བརྟན༔ དེ་ནི་ཀརྨ་ཆགས་མེད་དོ༔ དེ་ཡང་རྒྱབ་ཀྱི་བྱ་ལོ་བར༔ ཚེ་བརྟན་ཆོས་དབང་ཀུན་བཟང་ངོ་༔ དེའི་ཁྱི་བར་ཚེ་བརྟན་དོན་འགྲུབ་བོ༔ ལོ་ནི་བརྒྱད་ཅུ་གྱ་དགུ་བར༔ ཚེ་བརྟན་དེ་ནི་ཁྱི་ལོ་རང་ངོ་༔ བཅུ་དགུ་ཡང་ན་ཉི་ཤུའི་བར༔ རིམ་གྲོ་རབ་ཏུ་གཟབ་པར་བྱ༔ མྱུར་དུ་འོང་བ་ཁཐཉིའ༔ མྱུར་དུ་ནི། ཤམརཔའཚཙཤ༔ སྡུག་པོ་མི་འོང་ངེད་རང་ཚང་༔ ཆོས་འཕེལ་རྒྱལ་མཚན་ཀརྨ་སྐྱབས༔ ལོ་ལྔ་ཚུན་ལ་མི་འཆིའོ༔ དམ་བཅའ་བཅུ་གསུམ་མ་གང་བར༔ མྱུར་དུ་གྲོལ་སོགས་མི་དགོས་སོ༔ ཀཿཐོག་སྡེ་དགེ་ལ་སོགས་པ༔ ཐག་རིང་ལོ་དྲུག་འགྲོ་མི་དགོས༔ ད་ལོ་བྱ་ལ་བླ་མ་བཞི༔ བར་ཆད་ཅུང་ཟད་ཡོད་ལགས་སོ༔ བྱ་ནས་སྐུ་མཚམས་མ་གྲོལ་བར༔ སྡུག་བསྔལ་ཉམས་ཐག་མི་འོང་ངོ་༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ བྲུཅན༔ ༔ ཅེས་གསུངས་སྤྲུལ་སྐུ་ཉིད་ཀྱིས་གཙོས༔ རང་ཚང་སྤྱི་

p. 551

ཡི་ལུང་བསྟན་ནོ༔ ཡང་སྤྲུལ་སྐུ་དགུང་ལོ་བཅུ་གཉིས་པ༔ མེ་ཕོ་སྤྲེལ་ལོ་མགོ་ཟླ་བའི༔ ཉེར་བརྒྱད་དགོང་མོ་དུས་མཆོད་དུས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ རྒྱན་དང་ཆ་ལུགས་སྤྱི་ལྟར་ལས༔ པདྨ་ཟླ་བའི་གདན་ལ་བཞུགས༔ སྐུ་རྒྱབ་ཁྲིའི་རྒྱབ་ཡོལ་ཅན༔ པདྨའི་གདན་གྱི་ཕྱོགས་བཞི་ན༔ གསེར་གྱི་ལྕགས་ཐག་བཞི་བཏགས་ནས༔ ལྕགས་ཀྱི་ཕུར་པས་ཕྱོགས་བཞིར་བརྒྱངས༔ སྐུ་ལ་རིན་ཆེན་རྒྱན་ཆ་ཕྱུག༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ༔ སྐུ་ཚད་ཐོག་ཚད་ལྔ་ཙམ་པཾ༔ དངོས་སུ་ཞལ་གཟིགས་ལུང་བསྟན་པ༔ ༁ྃ༔ ཤརྒརཱམ་ཏ།ཅ། རྒྱལ་བ་རྒྱ་མཚོ་ལ་ཕྱག་འཚལ༔ ཆོས་བདག་གཏེར་བློན་ལུང་བསྟན་ནི༔ བྱ་ལ་བར་ཆད་ཅུང་ཟད་ཡོད༔ ནད་མཚོན་ཟློག་པ་བཅས་ན་ལེགས༔ ཚེ་དབང་བཅུ་བསྐུར་སེལ་བར་འགྱུར༔ ཁྱི་ཡི་ལོ་ལ་བར་ཆད་མེད༔ ཕག་གི་ལོ་ལ་བར་ཆད་མེད༔ བྱི་བའི་ལོ་ལ་བར་ཆད་མེད༔ གླིང་གི་ལོ་ལ་བར་ཆད་ཡོད༔ ཚེ་དབང་སྦྱིན་སྲེག་བརྒྱ་རྩས་སེལ༔ སྟག་གི་ལོ་ལ་བར་ཆད་མེད༔ ཡོས་ལོའི་བར་ཆད་ཚེ་དབང་བརྒྱ༔ འབྲུག་གི་ལོ་ལ་བར་ཆད་མེད༔ སྦྲུལ་གྱི་ལོ་ལ་བར་ཆད་མེད༔ རྟ་ཡི་ལོ་ལའང་བར་ཆད་

p. 552

མེད༔ ལུག་གི་ལོ་ལ་བར་ཆད་ཆེ༔ གསུང་རབ་སྦྱིན་སྲེག་བརྒྱ་རྩ་དང་ཚེ་དབང་བརྒྱ་རྩས་སྐག་བསྒྱུར་རོ༔ སྤྲེལ་གྱི་ལོ་ལ་བར་ཆད་མེད༔ བྱ་ལོར་བར་ཆད་ཅུང་ཟད་ཡོད༔ ཚེ་དབང་ཉི་ཤུ་བསྐུར་བས་འགྱུར༔ གཞན་ཡང་གསུང་རབ་བརྒྱ་རྩ་བཀླག༔ ཁྱི་ཡི་ལོ་ལ་བར་ཆད་མེད༔ ཕག་ལོའི་བར་ཆད་སྦྱིན་སྲེག་འགྱུར༔ ཁ་བསྒྱུར་ཟློག་པ་བརྒྱ་བཏོན་པས༔ བྱི་བའི་ལོ་ཡི་བར་ཆད་ཟློག གླང་གི་ལོ་ལ་བར་ཆད་མེད༔ དེ་ལྟར་ཐུགས་བཞག་གཞུང་ལྟར་བཅོས༔ བྱ་ལོ་ནས་བཟུང་གླང་ལོའི་བར༔ ཀརྨ་ཆགས་མེད་ཁྱེད་ཀྱི་ནི༔ བར་ཆད་ཡོད་མེད་བཟློག་ཚུལ་སོགས༔ གསལ་བར་སྨྲས་པ་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཤམ༔ རྒྱ་རྒྱ་རྒྱ༔ བནནུབྱ༔ མནཏཡེ༔ ཤཏ།ཆཤ༔ ཚེ་རིང་ནད་མེད་བདེ་སྐྱིད་རྣམས༔ ཡིད་ལ་བསམ་བཞིན་འབྱུང་གྱུར་ཅིག༔ མངྒ་ལཾ༔ ཤུ་བྷཾ༔ ཡང་ནི་ཨོ་རྒྱན་ཐུགས་ཀྱི་སྤྲུལ༔ རིག་འཛིན་མི་འགྱུར་རྡོ་རྗེ་དེ༔ དགུང་ལོ་བཅུ་གསུམ་བྱ་ཡི་ལོ༔ དབོ་ཟླའི་ཉེར་གཉིས་ནམ་མཁའ་ལ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཁ་སར་པཱ་ཎི་སྐུ་ཡི་ཚད༔ ཐོག་ཚད་དགུ་

p. 553

ཙམ་ཡོད་པ་གཟིགས༔ དེ་ཚེ་རཱ་ག་ཨ་སྱ་ཡི༔ ཚེ་ཚད་བསྲིང་བའི་ཐབས་འདི་ནི༔ དངོས་སུ་བཀའ་བསྩལ་མཛད་པའོ༔ ༁ྃ༔ བརྡ་ཡིག ན་མོ་གུ་རུ་རཏྣ་ཡེ༔ དྲུག་ཅུ་རྩ་ལྔ་ལོ་སྐག་ཆེ༔ དེ་ནས་བརྒྱད་ཅུ་གྱ་བརྒྱད་ཚེ༔ དེ་མཆན་ལོ་སྐག་བདུན་ཅུ་སྟེ༔ རེ་ལྔ་བདུན་ཅུར་བསྒྱུར་བའི་ཐབས༔ ལོ་ནི་གསུམ་ལ་ཚེ་སྒྲུབ་བྱ༔ བདུན་ཅུ་གྱ་བརྒྱད་བསྒྱུར་བའི་ཐབས༔ ལོ་ནི་བཞི་ལ་ཚེ་སྒྲུབ་འབད༔ རེ་ལྔ་བདུན་ཅུར་བསྒྱུར་བའི་ཐབས༔ ཐབས་ལ་འདི་ལྔ་བྱ་དགོས་སོ༔ ཤིང་ནི་ཤིང་གི་ཚེ་དཔག་སྐུ༔ མེ་ནི་ཚེ་དཔག་སྦྱིན་སྲེག་བརྒྱ་ས་ནི་ཚེ་དཔག་འདག་སྐུ་གཅིག བྲག་ནི་ཡིག་དྲུག་བརྒྱ་མཁར་གཅིག༔ ཆུ་ནི་ཆུ་གཏོར་བརྒྱ་རྩ་གཏོང་༔ དེ་ནས་བདུན་ཅུ་གྱ་བརྒྱད་བསྒྱུར༔ རླུང་ལ་ཇོ་དར་བརྒྱ་བྱས་སོ༔ མེ་ནི་མར་མེ་བརྒྱ་ཡིན་ནོ༔ ས་ནི་ས་བདག་སྙིང་གཏེར་བཞག༔ ལྕགས་ནི་གྲིས་བཞར་ཚེ་དཔག་སྐུ༔ ནམ་མཁའ་ཚེ་སྔགས་ཇོ་ཕོན་བཙུགས་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ །ཨྠྀི། གུ་ཧྱ༔ ཤམཐཿ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག༔ དེ་ཡང་དགེ་སློང་རཱ་ག་ཨ་སྱ་བདག༔ ཆུང་དུས་རིང་ལོ་བཅུ་གཉིས་ཙམ་གྱི་དུས༔ ཚེ་སྒྲུབ་རྡོ་རྗེ་ཕྲེང་

p. 554

བ་བསྙེན་སྐབས་ཤིག༔ ཤེལ་དཀར་ཕྲེང་བ་ལེབ་མོ་གཅིག་རྙེད་པ༔ ལན་གསུམ་བརྩིས་པས་དྲུག་ཅུ་གདའ་བ་རྨིས༔ དེ་ཕྱིར་ཚེ་ཚད་དྲུག་ཅུ་ཡིན་ནམ་སྙམ༔ འོན་ཀྱང་ལུང་བསྟན་བཞིན་དུ་བཅོས་ཐོན་ན༔ ལུང་བསྟན་བཞིན་དུ་ཚེ་མཐར་ཕྱིན་པ་དང་༔ ད་དུང་སྒྲུབ་པ་ཉམས་ལེན་འཕེལ་བར་སྨོན༔ མངྒ་ལཾ་སྟེ་བཀྲ་ཤིས་སོ༔ དེ་ཡང་དགེ་སློང་རཱ་ག་ཨ་སྱ་བདག༔ གྲོང་ཆོག་སྤངས་ནས་མཚམས་བསྡམས་བསྡད་ལགས་ཀྱང་༔ ཤི་ཤོག་གསོན་ཤོག་མང་པོ་ཆར་ལྟར་བབས༔ སྡིག་ཆེན་འགའ་དང་ཟས་ནོར་འབྲེལ་པ་ཆེ༔ དད་ལྡན་རྣམས་ཀྱིས་བདག་ལ་རེ་བ་ཆེ༔ སྤང་པོ་རྣམས་ཀྱིས་སྤང་ཟས་བདག་ལ་འབུལ༔ དབུལ་པོ་རྣམས་ཀྱིས་ཟ་མི་བྲ་བར་འབུལ༔ ཆོས་པ་རྣམས་ཀྱིས་དཀོར་ཕུད་ཡིན་ཟེར་འབུལ། ནད་པ་རྣམས་ཀྱིས་ནད་དེ་སོས་འདོད་འབུལ༔ གདོན་ཆེན་རྣམས་ཀྱིས་གདོན་དེ་ཞི་འདོད་འབུལ༔ གལ་ཏེ་ཤི་ན་མགྱོགས་སྔོ་སྔ་ཆུག་ཟེར༔ འདི་ལྟར་དཀོར་ཟས་ཆར་ལྟར་བབ་པ་འདི༔ ཞུ་བ་ནུས་ན་འགྲོ་དོན་ཡིན་མོད་ཀྱང་༔ མ་ཞུ་ན་ནི་གཉིས་ཕུང་མེ་མ་མུར༔ གོལ་ཏེ་དཀོར་འདི་མི་ཞུ་བར་འདུག་ན༔ ཟ་ཚོད་ཙམ་ལས་མི་ལེན་ན་ཡང་ཆོག༔ དེ་ཕྱིར་ཞལ་

p. 555

གཟིགས་བྱུང་དུས་དྲིས་ཞུས་པས༔ མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ༔ བྱ་ལོ་རྟ་ཆེན་ཟླ་བའི་དམར་པོ་ཡི༔ ཚེས་བརྒྱདཨོ་རྒྱན་ཆེན་པོ་ཞལ་གཟིགས་ཏེ༔ དངོས་སུ་ལུང་བསྟན་གསུངས་པ་འདི་ལྟར་རོ༔ ༁ྃ༔ །ཧིམ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ ད་དུང་བྱང་ཆུབ་སེམས་བསྐྱེད་འབད་གྱིས་དང་༔ དཀོར་ནི་འཇུ་བར་ཐེ་ཚོམ་མི་དགོས་སོ༔ བཟང་དང་ངན་པའི་འབྲེལ་པ་ཐོགས་པ་རྣམས༔ འགྱོད་པ་མི་འཆོར་བར་འོང་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཅེས་པ་རཱ་ག་ཨ་སྱའི་ལུང་བསྟན་ནོ༔ ཡང་ནི་ད་དུས་སྐལ་པ་བཟང་༔ དཔེར་ན་མི་དང་མི་ལབ་ལྟར༔ བདག་གིས་སྤྲུལ་སྐུ་ལ་ཞུས་ཤིང་༔ སྤྲུལ་སྐུས་ཡི་དམ་ལྷ་ལ་དྲི༔ དཔེར་ན་བརྒྱུད་པ་བྱེད་འདྲ་ཡོད། དེ་དུས་རང་གི་ཐེ་ཚོམ་རྣམས༔ ཐམས་ཅད་ཞུ་སྣ་བྱས་ནས་དྲིས༔ དགེ་སློང་རཱ་ག་ཨ་སྱ་བདག༔ རྨི་ལམ་བདེ་ཆེན་ཞིང་བགྲོད་དང་༔ ཐུབ་པ་གནས་བཅུ་མཇལ་བའི་ཚེ༔ བདག་ཉིད་ཐུབ་དབང་སྐུར་གྱུར་དང་༔ མི་ལ་དྭགས་པོ་ལན་འགའ་མཇལ༔ འདི་དག་བཟང་ངན་བསླུ་བ་ཡིན༔ བློ་བཟང་གྲགས་པ་པཎ་ཆེན་སོགས༔ མཇལ་ནས་ཆོས་གཏམ་འགའ་

p. 556

བྱས་པ༔ རྨིས་དོན་མེད་པ་ཅི་ཡིན་ནམ༔ རེས་འགའ་གཟུགས་ནི་མི་མཐོང་བར༔ ནམ་མཁའ་ལས་ནི་ལུང་བསྟན་གྱིས༔ ཚིག་འགའ་སྨྲ་ནས་འོང་བ་དེ༔ སྟེང་ན་ཁྲིག་ཁྲིག་འགྲོ་འདུག་པ༔ ཡེ་ཤེས་ལྷ་ཡི་ལུང་བསྟན་ནམ༔ ས་བླ་འབྱུང་པོའི་རྟགས་རྗེས་ཡིན༔ ཚེ་ཚད་དྲུག་ཅུ་རེ་ལྔ་འདི༔ ཚེ་སྒྲུབ་བྱས་ན་བསྲིང་ཐུབ་བམ༔ བདག་གི་ཚེ་རབས་ལས་ཀྱི་ལྷ༔ ཡི་དམ་ལྷ་ནི་གང་རྣམས་ཡིན༔ དེ་དག་དྲིས་ཞེས་ཞུས་པ་ལ༔ བྱ་ལོ་རྟ་ཆེན་ཟླ་བ་ཡི༔ ཉེར་བཞི་འཕགས་པ་ཐུགས་རྗེ་ཅན༔ ཁ་སར་པཱ་ཎི་ཞལ་གཟིགས་ཏེ༔ ལུང་བསྟན་འདི་ནི་དངོས་སུ་གསུངས༔ དགུང་ལོ་བཅུ་གསུམ་དུས་ཡིན་ནོ༔ ༁ྃ༔ བརྡ་ཡིག ན་མོ་གུ་རུ༔ རྨི་ལམ་བདེ་བ་ཅན་ཕྱིན་རྨིས༔ བདེ་ཆེན་སྐྱེ་བའི་རྟགས་ཡིན་ནོ༔ དེ་རྨིས་ཐུབ་པའི་བསྟན་ལ་ཕན་རྟགས་ཏེ༔ མི་ལ་དྭགས་པོའི་ཟེར་སྤྲུལ་ཡིན༔ བློ་གྲགས་ལ་སོགས་རང་ག་ཡིན༔ རེས་འགའ་ཐུགས་རྗེ་ཆེན་པོ་དང་༔ རེས་འགའ་མཁའ་འགྲོ་ཆོས་སྐྱོང་དང་༔ རེས་འགའ་ཤན་པའི་ལུང་བསྟན་ཡོད༔ དྲུག་ཅུ་རེ་ལྔ་ཚེ་སྒྲུབ་བསྲིངས༔ ཐུགས་ཆེན་ལས་ལྷ་པད་འབྱུང་རང་ཡིན་ནོ༔ གྲོ་ལོད་གུར་དྲག་ཕུར་ཤམ་མོ༔

p. 557

ཤམ༔ ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཅེས་པ་རཱ་ག་ཨ་སྱ་ཡི༔ ཐེ་ཚོམ་སེལ་བའི་ལུང་བསྟན་ལགས༔ དེ་ནས་རཱ་ག་ཨ་སྱ་ཡི༔ གདུལ་བྱ་དང་ནི་འགྲོ་དོན་དང་༔ གནས་སྐོར་ལ་སོགས་གང་དང་གང་༔ ཇི་ལྟར་བསམ་བཞིན་རུང་མི་རུང་༔ བྱ་ལོ་སྤོ་ཟླའི་ཚེས་ལྔ་ལ༔ རིག་འཛིན་མི་འགྱུར་རྡོ་རྗེ་ལ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཁ་སར་པཱ་ཎིའི་མངོན་སུམ་དུ༔ ལུང་བསྟན་པ་ནི་འདི་ལགས་སོ༔ ༁ྃ༔ སམག༔ ན་མོ་གུ་རུ༔ ད་ཟམ་བུ་ལུང་སོགས་གནས་རྣམས་ལ༔ སྐོར་དང་འབྲེལ་པ་བྱས་པས་བཟང་༔ རྭ་སྒྲེང་གནས་སུ་ཡུན་རིང་ཞིག༔ འདུག་པར་མི་བྱ་ཞག་བདུན་རུང་་དེ་མིན་གཞན་གྱི་གནས་རྣམས་ནི༔ ཅི་མང་བཞིན་དུ་བཟང་བ་ཡིན༔ མགོ་ནི་མི་ཐོན་པ་མི་འོང་གསང་ནི་རྡོ་རྗེ་གྲོ་ལོད་དང་༔ རི་ནི་པདྨར་སོང་བ་ལ༔ བར་ཆད་རྐྱེན་རྣམས་མི་འོང་ངོ་༔ སྒྲ་རུ་སོང་ན་མགོ་ཐོན་ཅིང་༔ འདན་དང་སྨར་ཁམས་སྒང་རྣམས་ནི་བདེ་བའི་དུས་ལ་བབ་པ་དང་༔ བར་ཆད་རྐྱེན་ངན་ཅི་མི་འོང་༔ སྒྲར་བྱས་པ་དང་རི་ཁྲོད་སོགས༔ ཅི་བྱས་གང་བྱས་རུང་བ་འགྱུར༔ དབང་དང་ཁྲིད་གཉིས་སྦྲག་མ་དགའ༔

p. 558

དབུས་སོང་ཁམས་བསྡད་གང་ཡང་ལེགས༔ དེ་ནས་བསམ་པ་ལྷུན་གྲུབ་ཀྱང་༔ ཁྱི་ལོར་ས་རིང་དུ་མི་འགྲོ༔ ཁྱི་ལོར་ཁྱི་ཡི་མཆེ་བ་ལྟར༔ ཕྱི་རུ་མི་འབུད་ནང་དུ་འདུག ཕག་ལོ་ཕག་གི་མིག་ལྟ་བུར༔ ཁམས་སོགས་གང་དགོས་ཐམས་ཅད་བལྟ༔ བྱི་བར་བྱི་བའི་ཚང་ལྟ་བུར༔ མ་འཆུག་མ་གཏོགས་གང་རེད་དུ༔ མི་འགྲོ་ཡུལ་གྱི་གར་སྐྱིད་བསྡམ༔ གླང་ལ་གླང་གི་རྣ་བ་ལྟར༔ ཁམས་སུ་བོད་པའི་སྐད་ཆ་ཉོན༔ དེ་ནས་འགྲོ་དོན་བྱེད་དུས་སུ༔ འདི་ལ་ཐུགས་དམ་མཛད་ན་བཟང་༔ ཞེས་གསུངས་ནོར་དབང་ཞེས་བྱ་བའི༔ སྒྲུབ་ཐབས་ལས་ཚོགས་བཅས་གསུངས་ནས༔ ཡ་མཚན་ཅན་འདི་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཤམ༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག་ཅིག་ཨཱ༔ ༁ྃ༔ གུ་རུ་དྷེ་ཝ་ཌཱཀི་ནཱི་ཧཱུྃ༔ ཀརྨ་ཆགས་མེད་གདུལ་བྱ་ནི༔ རྒྱལ་སེང་ཁོག་དང་ནང་ཆེན་སྡེ༔ ལྷ་དོག་ཚ་བའི་སྟོད་དང་ནི༔ ཆམ་གཤིས་སྟོད་སྨད་ཨ་འབུམ་རྒྱུད༔ ནག་རུ་སྒར་སྐོར་མ་ཐོང་དང་༔ ཁྲོམ་དྲག་རྣམས་སུ་གདུལ་བྱ་འོང་༔ འདན་དང་འབྲི་ཆུ་རྒྱུད་པ་དང་༔ སོག་པོ་ཁ་སོག་རྣམས་སུ་

p. 559

ནི༔ བར་ཆད་རྐྱེན་ནི་འགའ་རེ་ཡོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ནནཏ། སྤྲུལ་སྐུ་དགུང་ལོ་བཅུ་གསུམ་པ༔ ཨོ་རྒྱན་ལུང་བསྟན་ཡིན་པའོ༔ ༔ ༁ྃ༔ མཐ༔ ན་མོ་ལོ་ཀི་ཤྭ་ར་ཡེ༔ ཨེ་མ་ཧོ་དྷ་རུ་ཀ་ལི༔ རྫུན་རེད་མི་བདེན་ཟེར་བ་མི་འབྱུང་ངོ་༔ རེད་དོ་གནས་མདོ་བླ་མ་བདེན་པ་རེད༔ མི་ཀུན་གནས་མདོ་བླ་མ་བཟང་ངོ་ཟེར༔ སྨྲ་ཞིང་བཟང་ངོ་མི་བདེན་མ་ཡིན་ཟེར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཅེས་པ་འདི་ནི་རཱ་ག་ཨ་སྱ་བདག༔ ཐུགས་རྗེ་ཆེན་པོའི་སྐྱེ་བ་བརྟག་ཐབས་ལ༔ བརྟེན་ནས་སྐུ་སྐྱེ་འགའ་རེ་ངོས་འཛིན་བྱས༔ ཕལ་ཆེར་བདག་པོ་མ་བྱུང་ལུས་སོང་བས༔ མི་ཀུན་ཁོ་བོ་རྫུན་མར་ཨེ་མི་སེམས༔ སྙིགས་མའི་དུས་འདིར་སྐུ་སྐྱེ་ཕལ་ཆེར་ཞིག༔ ཡིན་ཡང་བདག་པོ་མེད་པར་ཐ་མལ་ལུས༔ མིན་ལ་ཡིན་ཞེས་ནན་གྱིས་རིན་གྱིས་ཉོ༔ ཅི་ཡང་སྲིད་དོ་བདག་གིས་སྨྲས་རྣམས་ནི༔ མངོན་ཤེས་མེད་དེ་ཐུགས་རྗེ་ཆེན་པོ་ཡི༔ རྨི་ལམ་བརྟག་པ་ལས་ནི་བྱུང་ལྟར་ཡིན༔ ཐིག་གམ་མ་ཐིག་བདེན་ནམ་རྫུན་ཀྱང་རུང་༔ རྒྱལ་བས་གསུངས་ལྟར་ཡི་དམ་ལས་ཚོགས་ཡིན༔ བདག་ལ་རྫུན་གྱི་ཉེས་པས་མི་གོས་ཏེ༔ ཇི་ལྟར་

p. 560

ཀུན་གྱིས་སྨྲ་བར་འགྱུར་སེམས་ཚེ༔ རྒྱལ་བ་རྒྱ་མཚོའི་ལུང་བསྟན་དེ་གསུངས་སོགས༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གནམ་ཆོས་སོ༔ ༁ྃ༔ ཏུགན། ན་མོ་གུ་ར་ཝེ༔ ན་མོ་བླ་མ་རྣམས་ལ་འདུད༔ ད་སེམས་ཅན་ཀུན་གྱི་སྐྱབས་གནས་བདག༔ ལར་ཀུན་གྱི་ཅི་འོང་ཤེས་མཁན་དང་༔ ད་སང་ཕོད་ཁྱི་ཡི་དབྱར་འདི་ལ༔ མདོ་ཁམས་ངོས་ནས་སྐྱོན་མེད་དེ་སྐྱོན་བ་སྤྱི་ཙམ་ལ་འདི་ག་ཡོད༔ འཁོར་ཤིན་ཏུ་མང་བ་མི་བྱའི་དོན༔ མང་ན་རྦབ་ལ་འདྲིལ་དོགས་ཡོད༔ ལྟ་སྒོམ་ལྷུན་གྲུབ་ན། བྱམས་པ་སྐྱབས་ཤི་དེ་ཡིན་པར་གདའོ།། ཆབ་མདོར་སོང་ན་དགྲ་ཡིས་འཚེ༔ སྤུ་བོར་སོང་ན་ནད་ཀྱིས་འགུམ༔ དེ་དུས་སོང་ན༔ པིལིརམཧ༔ ཕག་གི་ལོ་ལ་འདི་ལྟ་སྟེ༔ གང་རེད་གང་ལ་མི་འགྲོ་ལ་་་ནོར་ནད་ཇག་རྐུན། རི་ཆེ་ངོས་ནི་སྐྱོན་མི་འོང་༔ དེ་མ་གཏོགས་གང་ཡང་དགྲ་ཡིས་འཚེ༔ དེ་ནས་ནུབ་ཕྱོགས་དབུས་གཙང་དུ༔ མི་བརྒྱ་འཚོགས་དབུས་སུ་ཉི་མ་ཤར༔ ཐར་སྐྱར༔ བྱི་བའི་དབྱར་སྟོན་ཟུར་མང་འགྲོ༔ ཁྲ་ནི་ཙག་ཙོག་ངོ་མཚར་ཅན༔ ཉི་མའི་ཟེར་ལ་ཆིབས་ཟིན་གླིང་༔

p. 561

མཡགལིན༔ གླང་གི་ལོ་ལ་འབྲང་མི་འགྲིལ༔ བརྒྱ་བརྒྱ་བཅུ་ལ་ཐོགས་པ་མེད༔ མི་འོང་མི་འོང་ཡེ་འོང་༔ བཅུ་བདུན་དུས་འགྲོ་བཅོ་བརྒྱད་དུས༔ ད་ནི་བསམ་པ་ལྷུན་གྱིས་འགྲུབ༔ ཅུང་ཟད་གོད་ཡིན༔ དམག་སྣ་ཡིན༔ ནད་ངན་ཡིན༔ དམིགས་དོགས་པ༔ དམག་སྣ་ཐུག་འོང་༔ ཀརྨ་པ་ཡིན༔ ལྷ་ཁང་སོར་ཆུད༔ ཀརྨ་ཆགས་མེད༔ འགྲོ་དོན་ཆེ་ནི༔ འབྲང་བ་ཁྱི་བསྙོན༔ ཀརྨ་བརྒྱ་འབུལ༔ དགྲའི་གནོད་པ༔ ཀཿཐོག་དབུས་གཙང་༔ ཅི་བསམ་ཐམས་ཅད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཉིད༔ བཅུ་གསུམ་རང་ལོ་ཆོ་འཕྲུལ་ཟླའི༔ བཅུ་གསུམ་ནུབ་པར་ཨོ་རྒྱན་གྱིས༔ རཱ་ག་ཨ་སྱའི་ལུང་བསྟན་ནོ༔ ཡང་རཱ་ག་ཨ་སྱ་བདག་ཉིད་ནི༔ ན་སོ་ཆུང་ངུའི་དུས་ཀྱི་ཚེ༔ བླ་མ་འོང་བའི་སྨོས་མེད་ཅིང་༔ སྔགས་ཆོས་གཏོ་ཆོག་བསླབ་པའི་དུས༔ ཡབ་རྒན་སྦས་པའི་རྣལ་འབྱོར་པ༔ པྲ་ཝ་ཤཱ་ར་དེ་ཉིད་ཀྱིས༔ མདང་ནི་ང་ཡི་རྨི་ལམ་ན༔ སྒམ་ནི་འདྲ་བ་ཞིག་གིས་ནང་༔ དང་པོ་ང་ཡི་པད་ཞྭ་འདི༔ དེ་འོག་ཁྱོད་ཀྱི་པད་ཞྭ་ནི༔ གོས་ཆེན་ལས་གྲུབ་བཟང་པོ་ཞིག དེ་འོག་གཅིག་ལས་གཅིག་ལེགས་པའི༔ པད་ཞྭ་བཅུ་གསུམ་གདའ་

p. 562

བ་རྨིས༔ སྤྱི་བདག་ཁོ་བོས་བྱས་པ་རྨིས༔ ཁྱོད་ལ་རེ་བ་ཆེན་པོ་ཡོད༔ གསུངས་ནས་རྙིང་མའི་དབང་ལུང་རྣམས༔ མ་ཞུས་ན་ཡང་ནན་གྱིས་གནང་༔ གྲྭ་པ་གཞན་ཚོས་ཞུས་པ་ལ༔ སྣ་རེ་ལའང་དཀའ་འཚེར་མཛད༔ ཡང་ནི་བདག་གི་རྨི་ལམ་ལ༔ ཨོ་རྒྱན་ཆེན་པོའི་གསུང་ཡིན་སྙམ༔ ནད་གདོན་བར་ཆད་མི་འབྱུང་ཞིང་༔ མི་རབས་བཅོ་ལྔའི་བར་དུ་ནི༔ ཕ་རྗེས་བུ་ཡིས་སླེབས་པ་འབྱུང་༔ ཞེས་པའི་ལུང་བསྟན་བྱུང་བ་དང་༔ ཡང་ནི་ཨོ་རྒྱན་བཀའ་ཡིན་སྙམ༔ ལུང་བསྟན་ཤོག་དྲིལ་ཡིག་འབྲུ་ཡང་༔ དམར་པོས་བྲིས་པ་ཞིག་རྙེད་པར༔ ད་ལྟ་རྩ་བའི་གྲྭ་པ་བཞིར༔ མི་ཐེ་བ་ཡི་ཕྱོགས་འདི་རུ༔ ཕྱོགས་ཀྱི་སློབ་མ་ཡིན་པ་ཡི༔ བླ་མ་བཅུ་གསུམ་འབྱུང་བ་སྟེ༔ ཀཿཐོག་བླ་མ་དང་བཅས་པའི༔ ཕྱོགས་ཀུན་ཁྱོད་སློབ་བླ་མ་ནི༔ བཅུ་བདུན་ཡང་ན་ཉེར་བདུན་འབྱུང་༔ ཞེས་པའི་ལུང་བསྟན་མཐོང་བ་རྨིས༔ ས་གཞི་བྱིན་རླབས་དམིགས་རིམ་དུས༔ གནས་འདི་གནས་མདོ་བླ་མ་ཡི༔ གདན་ས་ཡིན་ནོ་ཟེར་བ་ཞིག༔ ཨེ་འབྱུང་བསམ་ཞེས་སྨྲས་པའི་ཚེ༔ དེ་ལྟར་འབྱུང་ཞེས་ལུང་བསྟན་སྒྲ༔ གཟུགས་མེད་ནམ་མཁའི་མཐོང་ནས་གྲག༔ གནས་འདི་

p. 563

ལ་ནི་གསེར་འཕྲུ་ནི༔ མི་ཚད་ཙམ་ཞིག་བཙུགས་འདུག་རྨིས༔ ཕྱག་རྡོར་ལ་སོགས་བསྙེན་པའི་སྐབས༔ ཐང་ནི་ཨ་ཐོ་ཆེ་ཞིག་གི༔ མཐའ་སྐོར་སྒོར་མོར་རྡོར་དྲིལ་ནི༔ ཕྱེད་དང་སུམ་བརྒྱ་ཨེ་ཡོད་ཙམ༔ བསྒྲིགས་ནི་འདུག་པ་དེ་རྣམས་ནི༔ ང་རང་དཔོན་སློབ་ཐམས་ཅད་ཀྱི༔ མགོ་གྲངས་རྡོར་དྲིལ་ཡིན་སྙམ་རྨིས༔ འདི་རྣམས་རྟེན་འབྲེལ་བརྟག་པ་ན༔ བདག་ལ་མཁོས་ཀ་མེད་ན་ཡང་༔ ཆོས་རྒྱུད་ལེགས་པར་འབྱུང་ངམ་སེམས༔ དེ་དག་དོན་དང་རྗེས་མཐུན་པར༔ རིག་འཛིན་མི་འགྱུར་རྡོ་རྗེ་ནི༔ དགུང་ལོ་བཅུ་གསུམ་བྱ་ཡི་ལོ༔ རྒྱལ་ཟླའི་ཡར་ཚེས་བཅུ་གསུམ་ནུབ༔ ཨོ་རྒྱན་པདྨ་འབྱུང་གནས་ཉིད༔ མངོན་སུམ་ཉིད་དུ་ཞལ་གཟིགས་ཏེ༔ རཱ་ག་ཨ་སྱའི་ལུང་བསྟན་མཛད༔ ༁ྃ༔ བརྡ་ཡིག གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ གཏེར་བློན་ཆོས་བདག་གེལ་ལུང་ནི། །རྒྱུད་འཛིན་དྲུང་སྲས་བླ་མ་ནི། །ཉི་ཤུ་རྩ་གཅིག་འབྱུང་བའོ། །འགྲོ་དོན་ཆུ་བོའི་ཕྱོགས་ཀྱི་ལྷོ། །གསུང་རབ་བརྩིགས་འདྲར་བསྒྲུབ་ཤཀུཅ། ཧྲམ༔ བརྒྱ་དང་སུམ་ཅུ་ཙམ༔ མི་རབས་བརྒྱ་བར་ཆོས་རྒྱུད་དར༔ ལྔ་བཅུ་ང་ལྔ་བར་དུ་གནས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔

p. 564

ཎཤམ༔ ཅེས་པ་དངོས་སུ་བཀའ་བསྩལ་ཏོ༔ ཡང་ནི་བདུད་འདུལ་རོལ་པ་རྩལ༔ བཅུ་གསུམ་རང་སྐག་གསེར་འཕྱང་ལོ༔ རྒྱལ་ཟླའི་བཅུ་བདུན་ནུབ་བར་ལ། རྒྱལ་བ་རྒྱ་མཚོས་འདི་སྐད་གསུངས༔ ༁ྃ༔ བརྡ་ཡིག ན་མོ་ལོ་ཀི་ཤྭ་ར་ཡེ༔ འདིར་ནི་ཧོགོཎཏབླཧ། ལགས་སོ༔ བརྡ་ཡིག ཙམ་འཚོགས་པ་འོང་༔ བརྡ་ཡིག སོགས་ཞེང་པར་གྱུར༔ ཅ།མཤཧཧན།བླ་མ་རབས་བཟང་པོ་ནི༔ བཅོ་ལྔ་ཙམ་ཞིག་འོང་བའོ༔ ལོ་ནི་བརྒྱ་དང་གྱ་དགུར་གནས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱེ༔ ཤ༔ རཱ་ག་ཨ་སྱའི་ལུང་བསྟན་ནོ༔ ཞུས་ལན་དངུལ་དཀར་མེ་ལོང་འཕྲུལ་གྱི་སྒྲོམ་བུ་ཞེས་བྱ་བ་བཞུགས་སོ༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ༔ དགུང་ལོ་བཅུ་གསུམ་གསེར་འཕྱང་རྟ་ཆེན་ཟླའི༔ ཉེར་བརྒྱད་དུས་མཆོད་ནུབ་བར་མར་མེའི་ངོགས༔ ཨོ་རྒྱན་ཆེན་པོ་སྤྲུལ་སྐུའི་ཆ་ལུགས་ཅན༔ དཀྱིལ་འཁོར་ས་སྟེགས་སྟེང་དུ་དངོས་སུ་མཇལ༔ དེ་ཚེ་ཞུས་ལན་འདི་རྣམས་ཡིན་ལགས་སོ༔ ༁ྃ༔ བརྡ་ཡིག ན་མོ་གུ་རུ༔ ཞུས་ལན་དངུལ་དཀར་མེ་ལོང་འཕྲུལ་གྱི་སྒྲོམ་བུ་མ་ནི༔ སྐྱབས་གནས་རིན་པོ་ཆེ་གུ་རུ་པདྨ་

p. 565

འབྱུང་གནས་ལ་བདག་གིས་ཞུས་པ་ནི༔ བརྡ་ཡིག ཆོས་འདི་གཏན་ནས་མི་འབྱུང་རྒྱུ་འདྲ༔ ཡང་འུར་འུར་མེད་པར་བདེ་ཕྱེད་པ་འདི་ཅི་ཡིན་ལགས་སོ༔ ཞེས་ཞུས་པས་ཨོ་རྒྱན་ཆེན་པོས་གསུངས་པ༔ འོ་ན་ཡི་ཆད་མི་དགོས་ཛ༔ བརྡ་ཡིག བསྟན་པ་མ་ལུས་འབྱུང་ངོ་༔ གཏམ་སྙན་ཆུང་ནས་བཤད་བྱེད་ཅིང་༔ ལ་ལས་མི་བདེན་པ་རེད་ཟེར༔ གཏམ་སྙན་རེ་དང་གཏམ་ངན་རེ༔ གང་བྱུང་ཡི་ཆད་ངེས་ཤིང་བསླུ༔ ཞེས་གསུངས་སོ༔ ཡང་བདག་གིས་འོ་ན་ཀརྨ་པ་འདས་ཟིན་ཟེར་བ་གོ་བ་བདེན་ནམ༔ ཞེས་ཞུས་པ་གསུངས་པ༔ འོ་ན་ཉོན་དང་ན།དད་པ་ཅན༔ ལབ་ལབ་མང་པོ་ལ་ལས༔ ཀརྨ་པ་འདས་ལ་སོགས་པ༔ མི་ཐོས་དགུ་ཐོས་འགའ་འབྱུང་སྟེ༔ བདེན་པར་མ་གྲུབ་དགུང་ལོ་བརྒྱད༔ ཅེས་གསུངས་སོ༔ ཡང་འོ་ན་ཅ། །ཧ་ཎཧེནཤོབདག་སྡེ་དགེར་འགྲོ་དགོས་དང་༔ བརྡ་ཡིག དགོས་གསུངས་ཨུ་འོང་ཨང་༔ ཞེས་ཞུས་པས༔ ཧ་ཧ་ཉོན་དང་༔ ཁོ་དེ་ཝ༔ ད་དེ་འདྲའི་དགོངས་པ་མི་དགོས་སོ༔ ཞེས་གསུངས་སོ༔ ཡང་ངའི་བླ་མ་འདི་པས་དགུང་ལོ་དུ་ཙམ་ཐུབ༔ ཅེས་ཞུས་པས༔ བརྒྱ་ཅུ་གྱ་བརྒྱད་ཡང་ན་བདུན་ཅུ༔ ཡང་

p. 566

ན་དྲུག་ཅུ་རེ་ལྔ་ཐུབ༔ ཅེས་གསུངས་སོ༔ ཡང་འོ་ན་གདུལ་བྱ་རྒྱས་ཤིང་བདེ་སྐྱིད་མ་འདས་པར་འོང་ངམ་ཞེས་ཞུས་པས༔ འོ་ན་འདས་ཁ་ཚུན་ཆོད་ལ༔ གདུལ་བྱ་འགྲོ་དོན་རྒྱས་ཡིན་འདུག ཅེས་གསུངས༔ ཡང་འོ་ན་འདས་དུས་ནད་ཅིས་འདས༔ ངས་གདུང་ཞལ་ཨེ་མཐོང་ཞུས་པས༔ འོ་འོ་ཞན་པའི་ནད་ཀྱིས་ནི༔ འདས་སོགས་ཞན་པ་མི་འོང་སྟེ༔ དེ་དང་དུས་མཉམ་ཞལ་མཐོང་ངོ་༔ ཞེས་གསུངས་སོ༔ ཡང་འོ་ན་སྔོན་ལུང་བསྟན་དུ་སྐྱེས་བུ་ཉི་མ་བདུན་ཤོར་ཞེས་པ་སྟེ་གང་ཡིན་ཞུས་པས༔ ཀརྨ་ཞྭ་དམར་རྒྱལ་ཚབ་པ༔ སྐུ་མདུན་ཕག་མོ་དྲུང་པ་དཔའ་བོ་དང་༔ ཞེས་གསུངས་སོ༔ ཡང་འོ་ན་བརྡ་ཡིག་དེ་བརྟེན་པོ་ཨེ་འོང་ཞུས་པས༔ ལེགས་སོ༔ ལེགས་ལྡན་ལེགས་པར་བརྟན༔ བརྟན་པོ་འོང་བ་ངའི་བློ་བརྟན༔ ཅེས་གསུངས་སོ༔ ཡང་འོ་ན་ངའི་བླ་མ་འདས་དུས་རྟེན་རིང་བསྲེལ་ཨེ་འབྱོན༔ ཐུགས་དམ་ཞག་དུ་བཞུགས་ཞེས་ཞུས་པས༔ བཞི་བཅུ་ཞེ་དགུ༔ ༩༠༩ ཐུགས་དམ་བཞུགས༔ རྟེན་དང་རིང་བསྲེལ་དུ་མ་འབྱུང་ངོ་༔ ཞེས་གསུངས་སོ༔ ཡང་འོ་ན་བླ་མ་འདིའི་སློབ་རྒྱུད་ཨེ་འཕེལ་ཞུས་པས༔ སློབ་རྒྱུད་འཕེལ་

p. 567

ལོ༔ འདོད་བཞིན་འབྱུང་ཞེས་གསུངས་སོ༔ དེ་ནས་ཨོ་རྒྱན་གྱིས་ད་རེས་འདི་ལ་ལུང་བསྟན་ཞུས་ལན་དངུལ་དཀར་མེ་ལོང་འཕྲུལ་གྱི་སྒྲོམ་བུ་མ་ཐོགས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གབྱ་མ༔ ༔ མི་འགྱུར་རྡོ་རྗེའི་གནམ་ཆོས་སོ༔ ཡང་ནི་མི་འགྱུར་རྡོ་རྗེ་རོལ་པ་རྩལ༔ དགུང་ལོ་བཅུ་གཅིག་བཞེས་དུས་གསུངས་པ་འགའ༔ འདི་རུ་ཚིགས་སུ་བཅད་དེ་བཀོད་པ་ནི༔ བླ་མ་ཆགས་མེད་ཁྱེད་ཀྱང་འདས་པའི་དུས༔ ཐུགས་དམ་ཞག་གཉིས་ཙམ་ལས་བཞུགས་ངེས་མེད༔ རྣམ་ཤེས་ཟངས་མདོག་དཔལ་རིའི་གནས་སུ་འགྲོ༔ གདུང་དེ་བཤའ་ནི་རུས་པ་གཙང་མར་བྱས༔ ཚེས་བཅུར་མཆོད་པ་བྱས་ནས་རུས་པ་ལ༔ རྟེན་འབྱོན་འབྱོན་ལུགས་ཕྱག་བྲིས་མཛད་པའོ༔ སྙིང་དེ་རྒྱ་གྲམ་བྲིས་པའི་ཐད་དེ་ན༔ གཤག་ན་རུས་པ་སེན་ཙམ་ཞིག་ཡོད་པ༔ དེ་ལ་བལྟས་པས་ཨོ་རྒྱན་སྐུ་སོགས་ཡོད༔ དབུ་ལ་བུམ་པ་མི་གསལ་ཙམ་ཞིག་དང་དེ་བཞིན་ཚེམས་ལ་དུང་དཀར་གཟུགས་དང་ནི༔ རུས་པར་གདུགས་དང་རྒྱལ་མཚན་འཁོར་ལོ་གསུམ༔ མ་གཏོགས་བཀྲ་ཤིས་རྟགས་བརྒྱད་འབྱོན་པའོ༔ དཔུང་པ་གཡས་ལ་ཨོ་དང་གཡོན་ལ་ཨཱ༔ གཞན་ཡང་རིང་བསྲེལ་མང་པོ་ཚེམས་

p. 568

ལའོ༔ ངར་གདོང་གཡས་ལ་བདེ་མཆོག་གཡོན་ཕག་མོ༔ ལས་འཕྲོ་དག་པས་བལྟས་ན་ཨོ་རྒྱན་སྐུ༔ ཚང་མ་ཡོད་ཀྱང་མ་དག་པས་མི་མཐོང་༔ རིང་བསྲེལ་ཉིས་བརྒྱ་ཙམ་ཞིག་འབྱོན་ན་ཡང་༔ མ་དག་པས་ནི་དེ་རྣམས་མཐོང་མི་འགྱུར༔ གསུངས་ནས་རྟེན་རྣམས་འབྱོན་ལུགས་ཕྱག་རིས་མཛད༔ གལ་ཏེ་སྐུ་གདུང་བཤའ་བར་མ་བྱས་ན༔ གཙང་མ་བྱས་ཤིང་གྲིབ་ཅན་དམ་ཉམས་འཛེམ༔ ཞག་བར་མཆོད་པ་ཕུལ་ནས་བསྲེགས་ན་ནི༔ བྲིས་པའི་རྟེན་ནི་འདི་རྣམས་མི་འབྱོན་ཏེ༔ ཨ་ཡིག་དུང་དཀར་དང་ནི་རིང་བསྲེལ་དང་༔ གཞན་ཡང་རྟེན་ཚོ་འགའ་རེ་ཕལ་ཆེར་འབྱོན༔ ཚེམས་ཀྱི་དུང་ནི་གསལ་བར་མི་འོང་ངོ་༔ གཙང་སྦྲ་མ་ཐེང་གྲིབ་ལ་མ་འཛེམ་དང་༔ གདུང་ལ་མཆོད་པའི་ཆོ་ག་མ་འགྲུབ་ན༔ རྟེན་ནི་ཁྲིག་ཁྲིག་གང་ཡང་མི་འབྱོན་ནོ༔ འདི་རྣམས་ཨོ་རྒྱན་སོགས་ཀྱིས་གསུངས་པ་ཡིན༔ རྣ་བར་དེ་འདྲའི་ལུང་བསྟན་ཐོས་པའང་མིན༔ རང་ག་ང་རང་དེ་འདྲ་བསམ་པ་མིན༔ རྫུན་ཡང་ཨེ་འོང་ཡིན་ཏེ་གསུངས་ཤིང་ནི༔ དཔེ་རིས་འདི་རྣམས་ངེས་པ་མཛད་ནས་བྲིས༔ དགོངས་པ་ལགས་སོ༔ ན་མོ་གུ་རུ་ག་ག་དྷ་ཛ་ཡེ། མཁའ་སྤྱོད་པའི་སྤྲུལ་པ་ནི་ཨ་རཱ་ག་

p. 569

ཡིན་ལ། དེ་ཐེ་བའི་བླ་རབས་ལྔ་པར་བྱ་བྲལ་བའི་སྤྲུལ་པ་ཀརྨ་དཔལ་བཟང་། དགུ་པ་ལ་མགོན་པོ་རྒྱལ་གྱི་སྐྱེ་པ་ནི་ཀརྨ་མགོན་པོའོ། །བཅུ་གཅིག་པར་ལྷ་བཟོའི་སྐྱེ་བ་ཀརྨ་དབང་ཕྱུག །བཅུ་དྲུག་པར་པདྨ་དབང་དྲག་གི་སྤྲུལ་པ་ཀརྨ་བསམ་འགྲུབ། ཉི་ཤུ་པར་བྱ་བྲལ་པའི་སྤྲུལ་པ་ཀརྨ་བཟང་པོ། ཞེས་པ་འདི་ནི་མཚུངས་མེད་སྤྲུལ་པའི་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་དུས། དཔེའུ་རིས་ལིང་ཚེ་དང་བཅས་པ་བཀོད་ནས་གནང་། དཔེའུ་རིས་ལྡེབ་གསུམ་ཡོད། གནམ་ཆོས་ལུང་བསྟན་འདིའི་དོན་གསལ་ལོ༔ ༁ྃ༔ བརྡ་ཡིག གུ་རུ་དྷེ་ཝ་ཌཱཀི་ནི་ཧཱུྃ༔ གང་ཟག་གེལ་གྱི་ལུང་བསྟན་ནི༔ རཱ་ག་ཨ་སྱའི་དབོན་པོ་སྟེ༔ གནས་མདོ་ཨ་ནུའི་བུ་རྒྱུད་ལ༔ གྲོང་ཆོག་བསྡུ་ནུས་ཙམ་གྱི་ནི་བླ་བྲན་རྒྱུན་མི་འཆད་པ་འོངས༔

p. 570

ཀརྨ་ཆགས་མེད། །ཀརྨ་དཔལ་བཟང་། །ཀརྨ་མགོན་པོ། །ཀརྨ་དབང་ཕྱུག །ཀརྨ་བསམ་འགྲུབ། །ཀརྨ་བཟང་པོ། མི་དྲུག རིང་པོ། འབྲིང་པོ། ཐུང་ངུ་། ཐུང་ངུ་། རིང་པོ། རིང་པོ། ཚེ་རིང་ཐུང་།ཆེན་པོ། །འབྲིང་པོ། ཆེན་པོ། ཆུང་ངུ་། ཆེན་པོ། ཆེན་པོ། གདུལ་བྱ་ཆེ་ཆུང་། མདུང་འཛིན། ཕྱག་བཞི་པ། དམ་ཅན། དམ་ཅན། །ཕྱག་བཞི་པ། ཕྱག་བཞི་པ། ལྷ་གང་གི་མགོན། ས་མ་ཡ་རྒྱ་རྒྱ་རྒྱ༔ཏབ་ཅེས་པ་མི་འགྱུར་རྡོ་རྗེ་ལ༔ དགུང་ལོ་བཅུ་གསུམ་བྱ་ཡི་ལོར༔ ཐུགས་རྗེ་ཆེན་པོས་ལུང་བསྟན་ཏོ༔ མངྒ་ལཾ༔་དེ་ལྟར་རཱ་ག་ཨ་སྱ་ཡི། །ཚེ་འདིའི་བྱ་བ་ལེགས་ཉེས་དང་། །ཆོས་རྒྱུད་དབོན་རྒྱུད་འཁོར་སློབ་སོགས། །ལུང་བསྟན་ལེའུ་མང་པོ་རྣམས། །ཕྱོགས་གཅིག་ཏུ་ནི་བསྡུས་ཏེ་བྲིས། །འགལ་འཁྲུལ་ལྷ་སྲུང་རྣམས་ལ་བཤགས། །

p. 571

དགེ་མཆིས་བསྟན་ལ་ཕན་ཕྱིར་བསྔོ། །ད་ལྟ་ངོ་མཚར་མི་བྱེད་ཀྱང་། །མ་འོངས་རྒྱུད་འཛིན་བྱུང་སྲིད་ན། །ངོ་མཚར་དགའ་སྟོན་འབྱུང་བར་སྲིད། །དེ་ལྟར་གནམ་ཆོས་ཐུགས་གཏེར་ལས། །རཱ་ག་ཨ་སྱ་བདག་གིས་ནི། །ལུང་བསྟན་རྒྱ་ཆེར་འབྱུང་བའི་དོན། །གཏེར་བློན་ཆོས་བདག་གཙོ་བོ་སྟེ། །སྤྱིར་ནི་གནམ་ཆོས་ཕལ་ཆེར་གྱི། །ཆོས་བདག་ལུང་བསྟན་རྣམས་སུ་ཡང་། ཁོ་བོའི་མིང་ནི་ཡོད་པ་སྟེ། །ཁྱད་པར་ཐུགས་རྗེ་ཆེན་པོ་སོགས། །རྩ་བ་བཅུ་གཉིས་སྒྲུབ་ཐབས་ནི། །ངོ་མཚར་ལས་ཚོགས་བཅས་པ་དང་། །བློ་ལྡན་མཆོག་སྲེད་སྒྲུབ་པ་དང་། །གཤིན་རྗེ་རྣམས་དགུའི་སྒྲུབ་པ་དང་། །རེ་མནྟ་ཡི་སྒྲུབ་པ་དང་། །ཕྱག་རྡོར་ནམ་མཁའི་བདག་པོ་དང་། །དྲང་སྲོང་གཟའ་ཡི་རང་སྲུང་དང་། །ཇོ་བོ་ཚོགས་བདག་སྒྲུབ་པ་དང་། །རྒྱལ་བ་རྒྱ་མཚོའི་ཚེ་སྒྲུབ་དང་། །ནོར་དབང་ཞེས་བྱའི་སྒྲུབ་པ་དང་། །ཨུ་པ་ར་ཙའི་སྒྲུབ་པ་དང་། །དབང་དང་ལས་ཚོགས་བཅས་པ་དང་། །པདྨ་མགར་དམར་སྦྲག་སྒྲུབ་སོགས། །གཞན་དང་ཐུན་མོང་མ་ཡིན་པའི། །སྒྲུབ་ཐབས་ངོ་མཚར་མང་དུ་གནང་། །དེ་དོན་ཨུ་པ་ར་ཙ་ལས། །དགེ་སློང་ཀརྨ་ཆགས་མེད་ཁྱོད། །ཆོས་

p. 572

ནི་མང་པོའི་བདག་པོ་ཡིན། །འདི་ཡང་ཁྱོད་ཀྱི་ཐུན་མོང་ཡིན། །མ་སྤེལ་གལ་ཏེ་སྤེལ་གྱུར་ན། །ཁྱོད་ཀྱི་རྒྱུད་ནས་སྤེལ་བ་ན། །སེམས་ཅན་རྣམས་ལ་ཕན་ཐོགས་ཆེ། །དེ་ནི་ཅི་ཡི་ཕྱིར་ཞེ་ན། །དཀའ་བླས་བྱས་པའི་རིན་པོ་ཆེ། །གཏེར་གཡོག་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། །ད་ཡང་དཀའ་ལས་ནེ་ཤལ་ཐ་ཙ་ཝན། །དེ་ནི་ཐུབ་པར་ཐེ་མི་ཚོམ། །མི་འགྱུར་རྡོ་རྗེ་རང་ཉིད་ཀྱིས། །སྤེལ་ན་ཅུང་ཞིག་ཕན་ཐོགས་དཀའ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་བྱ། དུམ།༔ ཅིས་ནི་ཨོ་རྒྱན་པདྨ་དང་། །ཐུགས་རྗེ་ཆེན་པོ་གཉིས་ཀས་གསུངས། །མགར་དམར་པད་འབྱུང་སྦྲག་སྒྲུབ་ལས། །འདི་བསྒྲུབས་ཁྱོད་ཀྱིས་འགྲུབ་པ་ཡིན། །ཨ་འམ་ཀ་ཡི་མིང་ཅན་ནི། །རྟེན་འབྲེལ་འགྲིགས་པས་གཏེར་ཕྱིར་འབྲང་། །གཏེར་བློན་བདག་ཉིད་ཆེན་པོ་ཡི། །གཞན་དང་ཐུན་མོང་མ་ཡིན་པ། །མགར་བའི་སྒྲུབ་ཐབས་འདི་བསྟན་ཏོ། ཤཅཉམཆ༔ ཅིས་ནི་ཨོ་རྒྱན་ཆེན་པོས་གསུངས། །ནམ་མཁའི་བདག་པོའི་སྒྲུབ་ཐབས་ལས། །ཆོས་འདི་ཀརྨ་ཆགས་མེད་ལ། །གསུང་རྒྱུ་ཡིན་གསུངས་རྟེན་འབྲེལ་གྱིས། །དངོས་སུ་གསུངས་པ་མ་འགྲུབ་ཀྱང་། །ཀརྨ་ཆགས་མེད་ཁོ་

p. 573

ན་ཡི། །ཐུན་མོང་མིན་པའི་ཆོས་ཡིན་ནོ། །སྔགས་འདི་ཀརྨ་ཆགས་མེད་ཀྱིས། །ལན་རེ་བཟླས་ཀྱང་དུང་དུ་འགྱུར། །ཞེས་ནི་བཅོམ་ལྡན་གསང་བའི་བདག །ནམ་མཁའི་བདག་པོས་བཀའ་བསྩལ་ཏོ། །གཞན་ཡང་བཅོམ་ལྡན་སྤྱན་རས་གཟིགས། །འོད་དཀར་ཅན་ལ་སོགས་པ་ཡི། །ངོ་མཚར་སྔོན་ཆད་མ་གྲག་པའི། །ལྷ་སྔགས་གདམས་པ་དུ་མ་ཞིག །བྱུང་བ་ངོ་མཚར་བླ་ན་མེད། །ཚེ་སྔོན་ལས་འཕྲོ་དཀར་བ་དང་། །ཨོ་རྒྱན་རྗེ་ཡི་ཐུགས་རྗེ་དང་། །སྤྲུལ་སྐུ་ཡིད་བཞིན་ནོར་བུ་ཡི། །བཀའ་དྲིན་ཡིན་ནོ་བཀའ་དྲིན་ནི། །འཁོར་ཐབས་མེད་དོ་ཐུགས་རྗེས་ཟུངས། །དེ་བཞིན་བདག་གི་རྗེས་འཇུག་ལ། །སྤྲུལ་སྐུ་མཆོག་འདི་བཀའ་དྲིན་ཆེ། །དྲན་པར་གྱིས་ལ་གསོལ་བ་ཐོབ། །དེ་སྐད་རཱ་ག་ཨ་སྱའི་སྨྲས། །རིགས་དང་ཆོས་ཀྱི་བརྒྱུད་པ་ཡིས། །པད་འབྱུང་བསྟན་ལ་ཕན་པར་ཤོག །མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་

p. 574

བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

Pecha page