སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
རྒྱལ་བ་ཚེ་དཔག་ཏུ་མེད་པ་དཀར་པོའི་སྒྲུབ་པའི་ཐབས་རྗེས་གནང་དང་བཅས་པ།
ཛཡཱཔརིམིཏཱཡུཿཤུཀླསྱསསཱདྷནཱནུཛྙཱཤྩབིཧརཏིསྨ།།
རྒྱལ་བ་ཚེ་དཔག་ཏུ་མེད་པ་དཀར་པོའི་སྒྲུབ་པའི་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
བླ་མ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །འདིའི་རྗེས་གནང་ཐོབ་པའི་གང་ཟག་གིས། དབེན་ཞིང་བཀྲ་ཤིས་པའི་གནས་སུ་ཁ་ཤར་དུ་ཕྱོགས་པས་འཇམ་པའི་སྟན་ལ་སྐྱིལ་ཀྲུང་ལ་སོགས་པས་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཅི་ནུས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་པས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས། གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཨ་དཀར་པོ་དྲི་མ་མེད་པ་འོད་ཟེར་ལྔ་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་
འདུས་གཅིག་ཏུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་ཁ་རྒྱན་དང་བཅས་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། སྤྱན་དཀྱུས་རིང་ཞིང་སྤྱན་གཉིས་ཟིམ་བུར་གཟིགས་ཤིང་ཞལ་འཛུམ་པ་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ལྷ་རྫས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྣ་ཚོགས་པའི་འོད་ཀོར་མང་པོས་བསྐོར་ཞིང༌། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་སྟེང་ཕྱོགས་ཀྱིས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ནས་ཚེ་དཔག་ཏུ་མེད་པ་ལ་
སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོའི་མཐར་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་ཀྱིས་བསྐོར་བར་བསམས་ལ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་དང་བྱིན་རླབས་རྣམས་ཚུར་འདུས་ནས་རང་ལ་ཐིམ་པས་རང་གི་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བསམས་ལ། གཟུངས་རིང་སུམ་ཅུ་རྩ་གཉིས་སམ་བརྒྱ་རྩ་ལ་སོགས་པ་མི་ཚིག་གིས་བར་མ་ཆོད་པར་བཟླ། ཕན་ཡོན་མདོ་ལས་གསུངས་པ་རྣམས་ལ་ངེས་ཤེས་དང་གུས་པ་བསྐྱེད། ཐུན་གྱི་མཐར། རང་གི་ཡེ་ཤེས་པ་མདུན་གྱི་ནམ་མཁའ་བྱོན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པ་རི་མི་ཏཱ་ཨ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང༌། །ཡེ་ཤེས་དཔག་མེད་ཤིན་ཏུ་རྣམ་ངེས་པའི། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་བདག་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་དགེ་བ་བསྔོ། རྗེས་གནང་བྱེད་ན་པདྨ་འདབ་བརྒྱད་དཀར་པོའི་དབུས་སུ་ཚོམ་བུ་དཀར་པོ་བཀོད། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང༌། དཀར་གཏོར་གཉིས་བཤམ། མཆོད་པ་བྱིན་རླབས། བདག་བསྐྱེད་གོང་བཞིན། ཚོམ་བུ་ལྷར་བསྐྱེད། མཆོད་བསྟོད་བྱ། གཏོར་མ་
དང་པོ་གཟུངས་རིང་གི་མཐར། ཨ་ཀཱ་རོ་བཏགས་པས་ཕུལ། གཉིས་པ་རྒྱལ་ཆེན་བཞི་ལ་ཆོ་ག་བཞིན་འབུལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཞེས་སོགས་ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ཀྱིས་ཐུན་མོང་མ་ཡིན་པའི་གསོལ་བ་གདབ། སྐུ་བསྐྱེད་བསྟིམ་དང་རོལ་མོ་བྱ། གསུང་བཟླས་ལུང་དང་དམ་བཅའ། མདུན་བསྐྱེད་རིགས་འདྲ་བསྟིམས་ལ། ཐུགས་མི་རྟོག་པའི་ངང་ལ་འཇོག་པ་རྣམས་སོ་སོར་ངོ་སྤྲོད། རྗེས་སྤྱི་དང་འདྲ། ཚོམ་བུ་ལ་མཆོད་བསྟོད་གཤེགས་གསོལ་སོགས་བྱས་ལ་བསྔོ་བ་དང་བཀྲ་ཤིས་བྱའོ། །བཅོམ་ལྡན་འཆི་མེད་དབང་པོ་སྒྲུབ་པའི་ཐབས། །གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་ཀྱི་བཅུད། །མ་སྦས་གསལ་བར་བཀོད་པའི་དགེ་བ་དེས། །འགྲོ་ཀུན་འཆི་བདག་དགྲ་ལས་རྒྱལ་བར་ཤོག །ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་དྲན་གསོར་བཀོད་པའོ། །འདིའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། ལོ་ཀེ་ཤྭ་ར། གྲུབ་ཆེན་མི་ཏྲ་ཛོ་ཀི། པཎ་ཆེན་བུདྡྷ་ཤྲཱི། ཆག་ལོ་དགྲ་བཅོམ། གྲུམ་སྟོན་དར་མ་ཤེས་རབ། གྲུབ་ཆེན་ཤེས་རབ་དཔལ། གྲུབ་ཐོབ་ལེགས་ལྡན་འོད། ཆོས་རྗེ་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང༌། རྒྱལ་སྲས་བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ། འཁོན་ས་སྐྱ་པ། དེས་བདག་ལའོ།། སརྦ་མངྒ་ལཾ།། ༈ །གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཞེད་སྲོལ་ཚེ་དཔག་མེད་དཀར་པོའི་བླ་བརྒྱུད་གསོལ་འདེབས་འཆི་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱ་ཡུར་སིདྡྷི་ཕ་ལ་ཧོཿ འཆི་མེད་དབང་པོ་རྒྱལ་བ་ཚེ་དཔག་མེད། །སྤྱན་རས་གཟིགས་དབང་མི་ཏྲ་ཛོ་ཀིའི་ཞབས། །བུདྡྷ་ཤྲཱི་དར་མ་དགྲ་
བཅོམ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དར་མ་ཤེས་རབ་གྲུབ་ཐོབ་ལེགས་ལྡན་འོད། །དཔལ་ཆེན་བཟང་པོ་འདྲེན་མཆོག་ཛྙཱ་ནའི་མཚན། །བློ་བཟང་དཔལ་འབྱོར་རིན་ཆེན་ཆོས་རྒྱལ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཇམ་དབྱངས་ས་ལོ་ངོར་ཆེན་རཏྣའི་མཚན། །ནམ་མཁའ་དཔལ་བཟང་བསོད་ནམས་ལྷུན་གྲུབ་དང༌། །བསྟན་འཛིན་བཟང་པོ་མཁྱེན་རབ་བྱམས་པའི་དཔལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་བ། །ངག་གི་དབང་ཕྱུག་ཀུན་དགའ་བློ་གྲོས་ཞབས། །ཚེ་དཔག་མེད་དངོས་དྲིན་ཆེན་མཻ་ཏྲིའི་མཚན། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྔོན་འགྲོ་སྐྱབས་སེམས་ཟུང་གིས་རྒྱུད་སྦྱངས་ཏེ། །འཁོར་འདས་ཆོས་ཀུན་གདོད་ནས་དག་པའི་ངང༌། །རང་ལུས་སྣང་སྟོང་འཆི་མེད་དབང་པོའི་སྐུར། །གསལ་བར་བསྒོམས་པས་བསྐྱེད་རིམ་མཐར་ཕྱིན་ཤོག །གྲགས་སྟོང་འགགས་མེད་གཟུངས་སྔགས་ནཱ་དའི་དབྱངས། །ཆད་མེད་བསྒྲགས་ཤིང་མ་བཅོས་སེམས་ཀྱི་གཤིས། །གསལ་སྟོང་འཛིན་མེད་ཏིང་འཛིན་བསྒོམས་པའི་མཐུས། །འཆི་མེད་གཉུག་མའི་གོ་འཕང་བརྙེས་གྱུར་ཅིག །ཅེས་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཞེད་སྲོལ་ཚེ་དཔག་མེད་དཀར་པོའི་བླ་བརྒྱུད་གསོལ་འདེབས་འཆི་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། གཟིམ་འོག་རྡོ་རྗེ་འཆང་ཆེན་པོའི་བཀའ་འབངས་ཀྱི་ཐ་ཤལ་གུ་ཎ་པས་རང་གི་ཉམས་ལེན་ཀྱི་ཆེད་དུ་བྲིས་པའོ།། ༈ །བརྒྱུད་པའི་ཁ་སྐོང་ནི། །ངག་གི་དབང་ཕྱུག་ཀུན་དགའ་བློ་གྲོས་ཞབས། །ཞེས་པའི་མཚམས། །ཐམས་ཅད་མཁྱེན་པ་བསྟན་འཛིན་ཕྲིན་ལས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྨྲ་བའི་ཉི་མ་ཕྲིན་ལས་ཡོན་ཏན་དང༌། །མཁས་ཤིང་གྲུབ་བརྙེས་བསྟན་འཛིན་སྙན་གྲགས་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་
བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྔོན་འགྲོ་སོགས་དང་སྦྲེལ་ལོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་རྒྱུན་ཁྱེར་བསྙེན་པ་བྱེད་ཚུལ་རྗེས་གནང་གི་གསལ་བྱེད་དང་བཅས་པ་འཆི་མེད་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། མཚན་སྙན་འཆི་མེད་ལྷ་ཡི་དུནྡུ་བྷིཿ། །རྣ་བར་ལྷུང་ཙམ་ཉིད་ཀྱིས་བདེ་ཆེན་སར། །དཀྲི་བའི་ཆོ་ག་རབ་རྫོགས་ཚེ་མཐའ་ཡས། །གང་དང་དབྱེར་མེད་ཀུན་མཁྱེན་བླ་མར་འདུད། །གནས་སྐབས་འཆི་མེད་གྲུབ་པའི་བཅུད། །སྙིང་དབུས་བུམ་པར་རབ་འཁྱིལ་ཞིང༌། །མཐར་ཐུག་བདེ་ལྡན་ཞིང་ཡངས་པོར། །བགྲོད་ཐབས་མཆོག་དེའི་ལག་ལེན་བྲི། །ཅེས་མཆོད་པར་བརྗོད་ནས་འདིར་རྒྱལ་བ་ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས་འདི་ཉིད་ཀྱི་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང་ལེགས་པར་ནོས་ནས་བདེ་བའི་སྟན་ལ་ཤར་དུ་ཕྱོགས་པས་སྐྱིལ་ཀྲུང་གིས་འདུག་སྟེ་མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་བཞུགས་པར་མོས་ནས། འཆི་མེད་དབང་པོ་རྒྱལ་བ་ཚེ་དཔག་མེད། །སོགས་ཀྱིས་བརྒྱུད་འདེབས་བྱ། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ། ངག་ཏུ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཉེར་གཅིག་བརྗོད་མཐར་སྐྱབས་ཡུལ་རང་ལ་བསྟིམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ།
དེའི་ཆེད་དུ་རྒྱལ་བ་ཚེ་དཔག་ཏུ་མེད་པའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་པས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་བསམས་ལ། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཨ་དཀར་པོ་དྲི་མ་མེད་པ་འོད་ཟེར་ལྔ་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་ཁ་རྒྱན་དང་བཅས་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། སྤྱན་དཀྱུས་རིང་བའི་སྤྱན་གཉིས་ཟིམ་བུར་གཟིགས་ཤིང་ཞལ་འཛུམ་བག་དང་ལྡན་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ལྷ་རྫས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་མཛེས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྣ་ཚོགས་པའི་འོད་ཀོར་མང་པོས་བསྐོར་ཞིང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས། སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ནས་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་
ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོའི་མཐར་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་དང་བྱིན་རླབས་རྣམས་ཚུར་བསྡུས་རང་ལ་ཐིམ་པས་རང་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་རྣམས་རྒྱས་པར་གྱུར་པ་བསམས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏཱ། སོགས་གཟུངས་རིང་སུམ་ཅུ་རྩ་གཉིས་སམ་བརྒྱ་རྩ་ལ་སོགས་པ་མི་ཚིག་གིས་བར་མ་ཆོད་པར་བཟླ། ཕན་ཡོན་མདོ་ནས་གསུངས་པ་རྣམས་ལ་ངེས་ཤེས་དང་གུས་པ་བསྐྱེད། ཐུན་གྱི་མཐར། བདག་གི་སྙིང་ག་ནས་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར་པར་བསམ། དེ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་རཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ནས། ཤབྡའི་བར་ལ་མཚན་སྔགས་སྦྱར་བས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང༌། །ཡེ་ཤེས་དཔག་མེད་ཤིན་ཏུ་རྣམ་ངེས་པའི། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཅོམ་ལྡན་འདས་བདག་གི་ཚེ་དང་བསོད་ནམས་དང༌། ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། ཞེས་བརྗོད། རང་དམ་ཚིག་པའི་ང་རྒྱལ་གྱིས། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་
སོགས་ཀྱིས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། དེ་དག་ནི་རྒྱུན་དུ་ཉམས་སུ་ལེན་ཚུལ་ལོ། །འདིའི་བསྙེན་པ་བྱེད་ན་གནས་དབེན་པར་སྒྲུབ་ཁང་ཕྱག་དར་བགྱིས་པའི་ནང་དུ་རང་ཉིད་ཁ་ཤར་རམ། བྱང་དུ་ཕྱོགས་པའི་མདུན་སོགས་འོས་པའི་སར་གཏོར་སྒམ་ལ་སོགས་པར་འདིའི་གཏོར་མ་ཕྱེ་གཙང་མ་མར་གྱིས་སྦྲུས་པའི་ཟླུམ་པོ་དཀར་པོ་ཐེབས་ཀྱུ་བརྩེགས་པས་སུམ་གཉིས་ཙམ་དུ་སླེབས་པས་བསྐོར་བ་དང༌། ཉེར་སྤྱོད་ལྔ་བཤམ། ཐུན་གསུམ་བཞི་གང་བདེ་དང༌། གཞན་མཚམས་ཀྱི་སྤང་བླང་ཐམས་ཅད་བསྙེན་པ་སྤྱི་དང་འདྲ་ཞིང༌། ཤ་ཆང་སྒོག་བཙོང་སོགས་ངན་ཟས་སྤངས་ཏེ། གཙང་སྤྲ་དང་ལྡན་པས་གཟུངས་རིང་འབུམ་ཕྲག་གཅིག་དང༌། ཁ་སྐོང་ཁྲི་ཕྲག་གཅིག སྟོང་ཕྲག་གཅིག་བཅས་བཟླའོ། །སྦྱིན་སྲེག་བྱེད་ན་ཐུགས་རྗེ་ཆེན་པོ་དང་མི་འཁྲུགས་པ་གང་རུང་གི་སྦྱིན་སྲེག་ལ། ལྷ་སྔགས་ཁ་བསྒྱུར་ཏེ་བགྱིས་པས་ཆོག་གོ །བསྙེན་པའི་སྐབས་སུ་གཏོར་མ་འབུལ་ཚུལ་ནི། བདག་བསྐྱེད་མཇུག་གི། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། ཞེས་པའི་རྗེས་སུ། རང་དམ་ཚིག་པའི་ང་རྒྱལ་གྱིས་གཏོར་མ་ཆབ་ཀྱིས་བྲན་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་གཏོར་རྣམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏཱ་སོགས་ནས། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་སྦྲེལ་བ་ཚར་གསུམ་གྱིས་གཏོར་མ་ཕུལ། གོང་བཞིན་མཆོད་བསྟོད་འདོད་དོན་གསོལ་གདབ་རྣམས་བྱས་ལ། ཡིག་
བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ལྷག་ཆད་ཁ་བསྐང་ནོངས་པ་བཟོད་པར་གསོལ། དགེ་བ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འདིའི་རྗེས་གནང་བྱེད་ན་སྟེགས་བཟང་པོར་པད་དཀར་འདབ་བརྒྱད་ཀྱི་དབུས་སུ་ཚོམ་བུ་དཀར་པོ་གཅིག་བཀོད། དེའི་མདུན་དུ་ཟླུམ་གཏོར་དཀར་པོ་གཉིས་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་བཤམ། མཆོད་པ་བྱིན་རླབས་སྤྱི་ལྟར་བྱས་རྗེས། གོང་བཞིན་བདག་བསྐྱེད་དང༌། མདུན་བསྐྱེད་ཀྱི་ཚོམ་བུ་སྒྲུབ་ཐབས་བཞིན་ལྷར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། གནས་གསུམ་བྱིན་རླབས་བྱ། མདུན་བསྐྱེད་ལ་མཆོད་བསྟོད་དང༌། གཏོར་མ་འབུལ་བ་གོང་བཞིན་ལས་མགྲོན་སྤྱན་འདྲེན་གྱི་ཚིག་མི་དགོས། རྒྱལ་ཆེན་བཞིའི་གཏོར་མ་ཚེ་ཆོག་བཞིན་ཕུལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བགྱིས་ནས། རྗེས་གནང་ལ་མཎྜལ་དང༌། རྡོ་རྗེ་འཛིན་པ་སོགས་ཀྱི་གསོལ་གདབ་དང༌། རྒྱུན་བཤགས། ཐུན་མོང་མ་ཡིན་པའི་གསོལ་གདབ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པ་ལྷ་ཡི་ངོ་བོ་ཉིད། །ཅེས་སོགས་ཚིག་བཅད་འདི་མཛད་ཀྱིན་འདུག གཞན་ལུང་གསུམ་གྱི་ཆིངས་བརྒྱ་རྩ་ནང་བཞིན་མཛད་རྗེས་ལ། མཆོད་བསྟོད། ཡིག་བརྒྱ། ནོངས་གསོལ། དགེ་བ་བསྔོ་ཞིང་བཀྲ་ཤིས་བྱའོ། །ཞེས་པ་འདི་ཡང་ཝ་ཤུལ་རྡོ་ཁོག་དགོན་པའི་གྲྭ་རིགས་འགའ་ཞིག་གིས། ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་ནག་འགྲོས་སྤེལ་བ་བསྙེན་པ་བྱེད་ཚུལ་དང༌། རྗེས་གནང་གི་གསལ་བྱེད་ཀྱང་ཡོད་པ་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོ་མ་ལྡོག་པར། ཤཱཀྱའི་དགེ་སློང་མཻ་ཏྲི་ཀརྨ་གུ་ཎས་སུག་བྲིས་སུ་བགྱིས་པ་འདིས་ཀྱང༌། བདག་དང་སློབ་མ་རྣམས་ཀྱི་ཚེའི་བར་ཆད་ཉེ་བར་ཞི་ཞིང༌། མཐར་ཐུག་རྒྱལ་བ་ཚེ་དཔག་མེད་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་
ཅིག །མངྒ་ལཾ།། ༈ །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དཀར་པོའི་རྗེས་སུ་གནང་བའི་གསལ་བྱེད་སོམ་ཉིའི་མུན་འཕྲོག་ཅེས་བྱ་བ་བཞུགས་སོ། །གང་མཚན་བཟུང་བས་རིང་པོར་འཚོ་བགྱིད་ན། །ཚུལ་བཞིན་བསྒོམས་དང་བཟླས་པའི་ཡོན་ཏན་མཐའ། །འབྱམས་ཀླས་ངེས་པའི་བླ་མ་ཚེ་དཔག་མེད། །རྗེས་སུ་གནང་བའི་ཆོ་གའི་གསལ་བྱེད་འབྲི། །འདིར་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དཀར་པོའི་རྗེས་གནང་གི་ཡི་གེ་རྗེ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པར། རྗེས་གནང་གཞན་གྱི་འགྲོས་མ་སྦྱངས་པའི་གཡར་ངོར་ངག་འདོན་གསལ་བྱེད་འདྲི་བ་ལ། སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། སྟེགས་ཀྱི་ཁར་མཎྜལ་ལ། རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དཀར་པོ་བྲིས་པའི་དབུས་སུ་ཚོན་སྤུངས་དཀར་པོའམ་འབྲས་སོགས་ཀྱི་ཚོམ་བུ་བཀོད་མཐར། ཆུ་གཉིས་སྔོན་འགྲོའི་མཆོད་པས་བསྐོར། མདུན་ནས་ཟླུམ་གཏོར་གཉིས་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་འཐོར་ནས་དང༌། སློབ་མར་དགོས་པའི་མཎྜལ་གྱི་ཡོ་བྱད་བཅས་བཤམ། གཉིས་པ་ནི། མཆོད་པ་རྣམས་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། སོགས་ནས། ཨོཾ་བཛྲ་ཤཱབྡ་སྭཱ་ཧཱ་དང་དྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད་པའི་བར་གྱིས་བྱིན་གྱིས་བརླབ། སྐྱབས་འགྲོ་དང་སེམས་བསྐྱེད་སྤྱི་ལྟར་ལས། དེའི་ཆེད་དུ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་དང༌། ཚད་མེད་བཞི་བསྒོམ་པ་ནས། བདག་བསྐྱེད་
ཀྱི་ཡེ་ཤེས་པ་མདུན་དུ་བྱོན་པ་ལ་མཆོད་བསྟོད། གཤེགས་སུ་གསོལ་བ་ཡན་ཆད་དཀྱུས་བཞིན་ཉམས་སུ་བླང་བ་ནི་བདག་བསྐྱེད་དོ། །མདུན་བསྐྱེད་ནི། རང་དམ་ཚིག་པའི་ང་རྒྱལ་གྱིས་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཞེས་པ་ནས། ཐུགས་ཀར་ཧཱུྃ་ཞེས་པའི་བར་གྱིས་ལྷར་བསྐྱེད། མཆོད་པ་བྱིན་རླབས་བྱས་ལ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་རེ་རེའི་འགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དྷརྨཱ་ར་ཎི་དང་བཅས་པས་མཆོད་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་གཟུངས་རིང་གི་མཐར་ཨ་ཀཱ་རོ་བཏགས་པ་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བ་བཅས་བདག་བསྐྱེད་ཀྱི་མཇུག་ལྟར་བྱ། རྒྱལ་ཆེན་བཞིའི་གཏོར་མ་འབྲུ་གསུམ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་སོགས་ཀྱིས་རྒྱལ་ཆེན་བཞི་སྤྱན་དྲངས་ལ་གཏོར་མ་འབུལ་བ། མཆོད་བསྟོད་དང་ཕྲིན་ལས་བཅོལ་བ་རྣམས་ཚེ་དཔག་མེད་ཀྱི་སྐབས་ལྟར་བྱ། མདུན་བསྐྱེད་ཀྱི་ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་དཀར་པོའི་མཐར་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱིས་བསྐོར་བར་དམིགས་ལ་གཟུངས་རིང་ཅི་ནུས་བཟླས་མཐར། གསོལ་བ་བཏབ་པ་རྣམས་སློབ་དཔོན་གྱི་བྱ་བའོ། །སློབ་མ་ལ་བྱ་བ་ཁྲུས་དང་ཕྱག་བྱས། སྙིམ་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཐུགས་རྗེ་དང་ཡོན་ཏན་མངའ་བས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པར་འཚམས་པའི་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་གསུངས་པ་རྣམས་ཀྱི་ནང་ནས་རྩེ་མོར་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་སྟེ། དེ་ལ་རྒྱུད་སྡེའི་དབྱེ་བསྡུ་མང་དུ་ཡོད་ཀྱང༌། སཾ་བུ་ཊ་ལས། གཉིས་གཉིས་འཁྱུད་དང་ལག་བཅང་དང༌། །དགོད་དང་ལྟ་བས་འཁྲིག་པ་ཡི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་དང༌། ས་སྐྱ་པཎྜི་ཏས། མི་རིགས་བཞི་དང་དུས་ཚོད་བཞི། །ཉོན་མོངས་སྒོ་ནས་དབྱེ་བ་ཡིས། །འདི་ནི་རྒྱུད་དང་མཐུན་པར་གདའ། །ཞེས་གསུངས་པ་ལྟར། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་སྟེ། རྒྱུད་སྡེ་བཞི་ལས་འདིར་རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལ་དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས། ནོར་བུའི་རིགས། ལྔས་རྩེན་གྱི་རིགས། འཇིག་རྟེན་པའི་རིགས་ཏེ་དྲུག་ལས་པདྨའི་རིགས། དེ་ལའང་རིགས་ཀྱི་གཙོ་བོ་དང༌། བདག་པོ། གཙུག་ཏོར་དང༌། ཡུམ། ཁྲོ་བོ་ཁྲོ་མོ། ཕྱག་བརྙན་ཕོ་མོའི་རྒྱུད་རྣམས་ལས་རིགས་ཀྱི་བདག་པོའི་རྒྱུད། དེ་ལའང་ནང་གསེས་ཀྱི་དབྱེ་བ་མང་དུ་མཆིས་པ་ལས། འདིར་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱི་རྗེས་སུ་འབྲངས་ནས། གྲུབ་པའི་སློབ་དཔོན་ཆེན་པོ་མི་ཏྲ་ཛོ་ཀི་ཞེས་བྱ་བ་དགུང་ལོ་སྟོང་ཕྲག་གཉིས་ལྷག་ཙམ་བཞུགས་པར་གྲགས་པ་དེ་ཉིད་ཀྱིས་བཀྲལ་བ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་
བརྗིད་ཀྱི་རྒྱལ་པོའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་ངམ་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། མཎྜལ་དབུལ་བ། གསོལ་བ་འདེབས་པ། རྒྱུད་ཡོངས་སུ་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་དགོས་པས། སློབ་དཔོན་ལྷག་པའི་ལྷ་དང་ཐ་མི་དད་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པར་མོས་པ་བྱས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་ནས། སངས་རྒྱས་འགྲུབ་པར་ཤོག་ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པ་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ། ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ། སློབ་དཔོན་གྱིས་
ཨོཾ་སྭ་བྷཱ་ཝ་ནས་ཧཾ་ཞེས་བརྗོད་པས། ཁྱེད་རྣམས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་རང་བཞིན་གྱིས་མི་དམིགས་པ་སྟོང་པ་ཉིད་འོད་གསལ་ནམ་མཁའ་ལྟ་བུར་གྱུར་པར་མོས་པ་མཛོད། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཨ་དཀར་པོ་སོགས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་སྐུར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་དང་བཅས་པར་གསལ་བཏབ་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ན་བཞུགས་པའི་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོའི་སྐུ། ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་ཀྱིས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཞེས་དང༌། རོལ་མོ་བྱ་ཞིང༌། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཿ ཞེས་ཡང་ཡང་བརྗོད། དེ་ལྟར་བྱས་པས་བཅོམ་ལྡན་འདས་ཀྱི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ལུས་བཅོམ་ལྡན་འདས་ཀྱི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། རྗེས་སུ་བཟླས་པའི་ལུང་གི་དོན་དུ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གཟུངས་སྔགས་ཀྱི་ཕྲེང་བ་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་
བོན་ཨ་ཡིག་གི་མཐར་གཡས་སྐོར་གྱིས་འཁོད་པར་མོས་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་དང་གཟུངས་རིང་བཟླར་གཞུག དེ་ལྟར་ལན་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་མེ་ཏོག་འཐོར་ཞིང༌། འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་དེ་ལྟར་གསོལ་བ་བཏབ་ནས། སློབ་དཔོན་གྱིས་ཀྱང་མེ་ཏོག་ཕྲེང་བ་སྔགས་སུ་བྱས་ཏེ། ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མའི་རྒྱུད་ལ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོའི་གཟུངས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་གཏོར། དམ་བཅའ་བའི་ལུང་གི་སླད་དུ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། བཅོམ་ལྡན་འདས་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། དེ་ལྟར་བྱས་པས་བཅོམ་ལྡན་འདས་ཀྱི་གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ངག་བཅོམ་ལྡན་འདས་ཀྱི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། བྱིན་གྱིས་བརླབ་པའི་ལུང་གི་
སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོའི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་རེ་ཐུགས་ཀ་ནས་རྒྱངས་ཀྱིས་བྱེ་ནས་བྱོན་པ་ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཐིམ། ཐུགས་ཀའི་ཨ་ཡིག་དང་དབྱེར་མེད་དུ་གྱུར་པར་མོས་པ་བྱ། དེའི་ངང་ལས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་ཆེར་གྱིས་གཏད་པས་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར། ཐུགས་ཀའི་ས་བོན་ཨ་ཡིག་ལ་ཐིམ། ཨ་དེའང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པ་ལ་བརྟེན་ནས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱུད་ལ་སྐྱེས་པར་མོས་པ་བྱས་ཏེ་ཅུང་ཟད་ཅིག་མཉམ་པར་ཞོག་མཛོད། དེ་ལྟར་བྱས་པས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། སེམས་བཅོམ་ལྡན་འདས་ཀྱི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། ཞེས་དམ་ཚིག་འཛིན་པར་ཁས་བླངས་ནས། རྗེས་སུ་གནང་བ་ཐོབ་པའི་གཏང་རག་ཏུ་མཎྜལ་དབུལ་དུ་བཅུག དེ་ལྟར་མཎྜལ་འབུལ་བ་མ་ཟད་ལུས་ལོངས་སྤྱོད་རྣམས་ཀྱང་སློབ་དཔོན་ལ་འབུལ། ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་རྣམས་ཀྱིས་གྲུབ་
ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོའི་རྗེས་སུ་གནང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བྱང་ཆུབ་ཏུ་བསྔོས་ལ་སློབ་མ་རང་གནས་སུ་བཏང་ངོ༌། །གསུམ་པ་ནི། མཆོད་པ་ཁ་གསོས་ནས་བྱིན་གྱིས་བརླབ། གོང་ལྟར་མཆོད་བསྟོད་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད་སོགས་ནས། འབྱོན་པར་མཛད་དུ་གསོལ། ཨོཾ་བཛྲ་མུཿཞེས་པས་མཐེབ་སྲིན་གྱིས་སེ་གོལ་དང་རྒྱལ་ཆེན་བཞི་དང་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་སོགས་ཀྱིས་བསྔོ་བ་སྨོན་ལམ་དང༌། ཆེ་བའི་ཆེ་མཆོག་སོགས་བརྗོད་ཅིང་མེ་ཏོག་གིས་ཕྱོགས་ཀུན་ཏུ་འཐོར་བས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །གྲུབ་དབང་མི་ཏྲ་ཛོ་ཀིའི་ཐུགས་མཚོ་ལས། །ལེགས་འོངས་འཆི་མེད་མགོན་པོའི་རྗེས་གནང་རྒྱུན། །པཀྵུའི་སྤུན་ཟླར་སྤྲོས་པའི་དགེ་བ་ཡིས། །འགྲོ་ཀུན་ཚེ་མཐའ་ཡས་པའི་གནས་ཐོབ་ཤོག །ཅེས་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དཀར་པོའི་རྗེས་སུ་གནང་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ངག་འདོན་གསལ་བྱེད་སོམ་ཉིའི་མུན་འཕྲོག་ཅེས་བྱ་བ་འདི་ནི། བཀྲ་ཤིས་ཆོས་རྫོང་གི་མགོན་བླ་དཀོན་མཆོག་ཆོས་འཕེལ་གྱིས་བསྐུལ་བའི་ངོར། བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་འཕྲལ་དུ་བྲིས་པ་སརྦ་མངྒ་ལཾ་བྷ་བ་ཏུ།། ༈ །གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་ཉུང་གསལ་འཆི་མེད་ཟླ་སྣང་
ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འདིར་གྲུབ་ཆེན་མི་ཏྲའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་སྒོམ་བཟླས་བྱ་བར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། །ཨ་ལས་ཟླ་སྟེང་རང་སེམས་ཨ་དཀར་པོ། །དེ་ལས་དྲི་མེད་འོད་ཟེར་སྣ་ལྔ་འཕྲོས། །ཚུར་འདུས་ཡོངས་གྱུར་རང་ཉིད་ཚེ་དཔག་མེད། །རབ་དཀར་ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང༌། །འཆི་མེད་བདུད་རྩིས་གང་བའི་བུམ་པ་བསྣམས། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྙིང་དབུས་ཟླ་བའི་སྟེང་དུ་ཨ་དཀར་པོ། །དེ་ལས་འོད་འཕྲོས་སྟེང་ཕྱོགས་འཇིག་རྟེན་ཁམས། །ཡོན་ཏན་དཔག་མེད་བཀོད་ནས་བཅོམ་ལྡན་འདས། །འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ །ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་མེད་ཐིམ། །རང་གི་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ། །ཐུགས་དབུས་ཟླ་སྟེང་ཨ་ཡིག་དཀར་པོའི་མཐར། །གཟུངས་སྔགས་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས། །འགྲོ་ཀུན་སྒྲིབ་སྦྱངས་ཚེ་བསོད་ཡེ་ཤེས་བསྐྱེད། །འཕགས་མཆོད་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན། །ཚུར་འདུས་རང་ཐིམ་ཚེ་བསོད་དཔལ་འབྱོར་དང༌། །ཡེ་ཤེས་ཡོན་ཏན་མཐའ་དག་རྒྱས་པར་གྱུར། །གཟུངས་རིང་མཚན་སོ་གཉིས་ཀྱི་གྲངས་སམ། བརྒྱ་རྩ་བརྒྱད་སོགས་ཅི་ནུས་བཟླ། ཕན་ཡོན་མདོ་ནས་འབྱུང་བ་རྣམས་ལ་ངེས་ཤེས་བསྐྱེད། སྤྲོ་ན་ཚེ་མདོ་ཕན་ཡོན་དྲན་བཞིན་བཏོན་མཐར་གཟུངས་བཟླས་པ་ལ་འཇུག་ཀྱང་ཤིན་ཏུ་ལེགས། ཐུན་མཐར་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་མཁར་བྱོན་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང༌། །ཡེ་ཤེས་དཔག་
མེད་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང༌། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་ཅིང་གསོལ་བ་གདབ། ཨོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་སེམས་དཔར་གསལ་བ་ཡི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །འཆི་མེད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །བསྙེན་པ་བྱེད་ན། གཙང་སྦྲ་དང་བཅས་གཟུངས་འབུམ་ཕྲག་གཅིག་ཁ་སྐོང་བཅས་བཟླ། སྔ་ཐུན་གྱི་མཇུག་ཏུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་མཁར་བྱོན་པ་ལ། གཏོར་མ་བསང་སྦྱང་བྱིན་རླབས་སྤྱི་ལྟར་དང༌། གཟུངས་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་གསོལ་གོང་ལྟར་དང༌། ཡི་གེ་བརྒྱ་པ་ལན་གསུམ་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་སོགས་བྱའོ། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ལས་སྙིང་པོར་དྲིལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། ༈ །ཨོཾ་སྭ་སྟི་སིདྡྷཾ། ཚེ་དཔག་མེད་མགོན་དཀར་པོའི་སྒྲུབ་པའི་ཐབས། །ཀུན་དགའི་ཡོན་ཏན་འབྱོར་པའི་དཔག་བསམ་ལས། །ཆོས་སྦྱིན་འདོད་རྒུར་འཆར་བའི་ལེགས་བྱས་ཀྱིས། །ས་གསུམ་ཕན་བདེའི་དགེ་མཚན་རྒྱས་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡོ་བྷ་བ་ཏུ།། །།
སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོས་སྐོར་གྱི་ཡི་གེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ།
སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོས་སྐོར་གྱི་ཡི་གེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ།།
ན་མ་ཨཱརྻཱ་ཏཱ་རཱ་ཡཻ། རྗེ་བཙུན་འཕགས་མ་སྒྲོལ་མ་ཉིད་ཀྱིས་རྗེས་སུ་གནང་བ་མཛད་པ་ལ་བརྟེན་ནས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་འཆི་བ་སླུ་བ་བསྡུས་པའི་རྟོག་པ་ནས་འདི་ཕྱུང་བར་མཛད། མན་ངག་རྣམས་སྒྲོལ་མ་ཉིད་ཀྱིས་གསུངས་སྐད། དེ་ལ་བླ་མ་རྡོ་རྗེ་གདན་པས་གསན་ནས། སྒྲུབ་ཐབས་ཀྱང་མང་དུ་མཛད། དེ་ལ་བླ་མ་བ་རི་ལོ་ཙཱ་བས་གསན། སྒྲུབ་ཐབས་ཀྱང་མང་པོ་བོད་དུ་བསྒྱུར། དེ་ལ་བླ་མ་གླེ་ནག་པས་གསན་སྒྲུབ་པ་ལོ་དྲུག་མཛད་པས་ཞལ་མངོན་སུམ་དུ་གཟིགས་ཏེ་ཆོས་གསུངས་སྐད། དེ་ལ་སྒྲེ་པ་རིན་པོ་ཆེས་གསན་ཏེ། དང་པོ་ཐོས་བསམ་མཛད་པའི་དུས་སུ་ལ་སྟོད་སྟག་རི་བ་ཡིན་ཟེར་བའི་རྣལ་འབྱོར་པ་གཅིག་ལ་ལག་རིས་བསྟན་པས། ཇོ་བོ་བཙུན་པ་ཁྱོད་ལ་ཆོས་ཀྱི་ལས་འཕྲོ་གཤའ་མ་གཅིག་འདུག་པ་ལ་ཚེ་ལ་ལོངས་མི་འདུག་སྟེ། ལོ་གསུམ་ལས་མི་ཐུབ་པར་འདུག་ཟེར་བ་དང༌། སྔར་ནས་ཁོང་རང་གི་རྨི་ལམ་དུ་ལྟས་ངན་ཡང་ཡང་བྱུང་བ་གཉིས་འཛོམ་པས། ཚེ་འདི་ལ་ཐུགས་གཤའ་མ་རང་བྱུང་སྟེ་ལོ་གཅིག་ཐུབ་བམ་ཇི་ཙམ་ཐུབ་ཐུབ་ཀྱི་ཚེ་ལྷག་མ་འདི་ལ་ཆོས་ལག་ལེན་གཤའ་མར་ཐེབས་པ་གཅིག་བྱ། དེ་ལ་ཐོག་མར་གདམས་ངག་ཁྱད་པར་ཅན་སྟོན་པའི་དགེ་བའི་བཤེས་གཉེན་གཅིག་
བཙལ་དགོས་དགོངས་ནས་གསན་འཕྲོ་བཅད་ནས་དབུས་སུ་བྱོན་པའི་ལམ་ཁར་གཞུའི་མཁར་གོང་དུ་བླ་མ་གླེ་ནག་པ་དང་མཇལ་ནས་ལོ་རྒྱུས་བྱས་པས། བྱང་ཆུབ་སྒྲུབ་པ་ལ་ལམ་གྱི་བར་ཆད་སེལ་བའི་ཐབས་ཁྱད་པར་ཅན་ང་ལ་ཡོད་ཀྱི། སྟོན་པ་ཁྱོད་ཐུགས་བདེ་འབོལ་གྱིས་ཐོང་ཞིག་གསུངས་ནས་འདིའི་སྒྲུབ་ཐབས་གདམས་ངག་དང་བཅས་པ་མ་ལུས་པ་གནང༌། ད་ཁྱོད་ཀྱིས་གཞན་དུ་མ་འགྲོ་བར་འདི་རང་དུ་སྡོད་ལ་སྒོམས་ཤིག་གསུངས་ནས། ལུང་པ་དེ་རང་གི་ལུང་ལག་མཁར་ལུང་བྱ་བ་ཅིག་གི་ཕུར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཟླ་བ་བཅུ་གཅིག་ལོན་ཙ་ན་རྗེ་བཙུན་མའི་ཞལ་མངོན་སུམ་དུ་གཟིགས་ནས་ཁྱོད་ཀྱིས་ལོ་དྲུག་ཅུ་ཙམ་ཐུབ། སེམས་ཅན་ལ་ཕན་ཐོགས་པ་འོངས་གསུངས། དེ་ནས་ཕྱིས་དགུང་ལོ་དྲུག་ཅུ་ལོན་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ངའི་སྐུ་གཅིག་བཞེངས་དང་ལོ་བཅུ་ཙམ་སྡོད་པར་འདུག་གི་གསུངས་ནས་རས་བྲིས་གཅིག་བཞེངས་སྐད། དགུང་ལོ་བདུན་ཅུ་བཞེས་པའི་དུས་སུ་གསོལ་བ་བཏབ་པས་ཡང་ངའི་སྐུ་གཅིག་བཞེངས་དང་ལོ་བཅུ་ཐུབ་པར་འདུག་གསུངས་ནས། ལུགས་མ་གཅིག་བཞེངས་སྐད། སྐུ་དེ་གཉིས་བྱིན་རླབས་ཆེ་བར་གྲགས་ཏེ།
རས་བྲིས་དེ་ད་ལྟ་ར་སྒྲེང་ན་བཞུགས་སྐད། དགུང་ལོ་བརྒྱད་ཅུ་བཞེས་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ད་དུང་ང་ཡི་སྐུ་གཅིག་བཞེངས་ན། ལོ་མང་དུ་ཐུབ་པར་འདུག་གསུངས་པ་ལ། ཁོང་རང་བཞུགས་པའི་མདུན་གྱི་གྱང་ལོགས་ལ་རི་མོ་ཅིག་བཞེངས་སྐད། དེ་ནས་ལོ་བཅོ་ལྔའི་བར་དུ་བཞུགས་ཏེ། ཡོངས་སུ་རྫོགས་པ་དགུ་ལོ་དགུ་བཅུ་རྩ་ལྔར་བཞུགས་སྐད་དོ། །འདིའི་བརྒྱུད་པ་ནི། རྗེ་བཙུན་མ། ངག་དབང་གྲགས་པ། གསེར་གླིང་པ། ཇོ་བོ། འབྲོམ་སྟོན་པ། སྤྱན་སྔ་བ། གླེ་ནག་པ། སྒྲེ་པ། ཞུ་སྟོན། ཨ་སེང༌། རཏྣ་དྷྭ་ཛ། ཡང་སྤྱན་སྔ་བ། དྭགས་པོ་ལྷ་རྗེ། ཞང་སུམ་ཐོག་པ། སྐ་ཚལ་པ། ལྷ་པཎྜི་ཏ།«བླ་མ་ལྷ་པ།» རཏྣ་བྷ་དྲ།«རིན་ཆེན་བཟང་པོ།» རཏྣ་དྷྭ་ཛའོ།«ལྷོ་བྲག་པ།» །སྤྱན་སྔ་བའི་ཞལ་ནས་འདིའི་བསྙེན་པ་འབུམ་ཚོ་གཅིག་བསྐྱར་ན་བར་ཆད་གང་གིས་ཀྱང་མི་ཚུགས་གསུངས། འདི་ཕྲིན་ལས་ཀྱི་ལྷ་མོ་ཡིན་པས་འགྲུབ་སླ་བ་ཡིན་གསུངས་སོ། །དགེ་བཤེས་གླེ་ནག་པའི་ཞལ་ནས། འདི་ཟློས་ཤེས་ན་མགོ་སུག་བྲལ་ཡང་འགལ་བ་མེད། རོ་ཁུང་བྲུས་ཀྱང་འགལ་བ་མེད། ཤ་དུམ་བུ་དུམ་བུར་འཐོར་གྱིན་སོང་ཡང་འགལ་བ་མེད་གསུངས་སོ། །འཆི་བ་སླུ་བའི་སྒྲོལ་མའི་ལོ་རྒྱུས་རྫོགས་སོ།། ༈ །རྒྱ་གར་སྐད་དུ། སི་ཏཱ་ཏཱ་རཱ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཆེད་དུ་ཟླ་བ་དྲུག་གི་བར། །སྒྲོལ་མའི་འཁོར་ལོ་བསྒོམས་བྱས་པས། །དངོས་གྲུབ་ཐམས་ཅད་ཐོབ་འགྱུར་ཞིང༌། །འཆི་བའི་སྐྱོན་གྱིས་མི་གོས་སོ། །ངག་གི་དབང་ཕྱུག་སྣང་བྱས་པའི། །འཆི་བདག་སླུ་བ་བསྡུས་པ་ལས། །ཕྱུངས་ནས་སྒྲོལ་མ་དཀར་མོ་འདི། །བསྒོམས་པས་འཇིགས་པ་ཉམས་བྱེད་པ། །བཞི་པའི་སྡེ་ཚན་དང་པོ་ཨོཾ། །བཅས་པ་ནམ་མཁར་འོད་ཟེར་འཕྲོས། །པད་དཀར་ཟླ་བའི་སྟེང་གནས་པའི། །གསུམ་ལ་སྐྱབས་འགྲོ་ཡང་
བརྗོད་བྱ། །རང་བཞིན་སྒྲོ་བཏགས་གཞི་མེད་དུ། །སྐད་ཅིག་སྟོང་པ་ཉིད་དུ་ལྟ། །དེ་ནས་སྔོན་གྱི་སྨོན་ལམ་དབང༌། །བྱང་ཆུབ་སེམས་ཀྱི་ཡི་གེ་བསྒོམ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གདན་གྱི་སྟེང་དུ་ནི། །ས་བོན་ཡི་གེའི་འཕྲོ་འདུ་ལས། །རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་པའི། །མཆོག་སྦྱིན་པ་དང་ཨུཏྤལ་འཛིན། །སྟོན་ཀའི་ཟླ་བའི་འོད་རྣམ་ཅན། །ཟླ་བའི་རྒྱབ་ལ་མཉམ་བརྟེན་པའོ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ལོན་ལུས་ཅན་མ། །སངས་རྒྱས་ཀུན་ཀྱང་དེ་ཡི་སྲས། །ཡུམ་ནི་འདོད་པའི་གཟུགས་འཛིན་མ། །སྒྲོལ་མ་དེ་ཡི་སྙིང་གར་བསྒོམ། །འཁོར་ལོ་འོད་ཟེར་དཀར་པོ་ཅན། །རེའུ་མིག་བརྒྱད་ལ་ཡི་གེ་ནི། །བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །ཨོཾ་ཧཱ་གསལ་བྱེད་དབུས་གནས་པ། །བསྒྲུབ་བྱའི་མིང་ནི་ལྟེ་བར་བྱ། །ཟླ་བ་དྲུག་ཏུ་ཚངས་ཡིད་ཀྱིས། །ངེས་པ་བརྟན་པོ་དག་ཏུ་བྱ། །ཡི་གེ་བཅུ་པའི་སྔགས་འདི་ནི། །མི་སྐྱོའི་ཡིད་ཀྱིས་བཟླ་བར་བྱ། །ཨོཾ་གྱི་ཡི་གེ་དང་པོར་སྦྱིན། །ཕྱིས་ནི་ཏཱ་རེ་རབ་ཏུ་སྦྱིན། །ཏུཏྟཱ་རེ་དང་ཏུ་རེ་ཕྱི། །སྭཱ་ཧཱ་མཐའ་རུ་ལས་ཀུན་བྱེད། །ཚངས་དབང་ཁྱབ་འཇུག་ཉི་ཟླ་དང༌། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང༌། །བ་སྤུའི་རྩེ་མོའང་བསྐྱོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་རྒས་ནད་དང༌། །དབུལ་བ་ཉམས་སོགས་མདོར་བསྡུ་ན། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །དུ་མ་རབ་ཏུ་འཇོམས་པར་བྱེད། །སྐུལ་བ་མེད་པར་གོས་བཏུང་བ། །ཁ་ཟས་རིན་ཆེན་ཚོགས་ཀྱང་འདུ། །རལ་གྲི་དང་ནི་མིག་སྨན་དང༌། །རྐང་པ་བུམ་པ་བཟང་པོ་འགྲུབ། ནད་དང་འཆི་བ་རྣམས་ཉམས་པའོ། སྒྲོལ་མ་དཀར་མོའི་སྒྲུབ་པས་ནི། །ཚིགས་བཅད་མཁས་དང་སྙན་ངག་དང༌། །བློ་རྣོ་ཤེས་རབ་དྲི་མེད་འགྱུར། །གཞན་ཡང་དངོས་གྲུབ་ཅི་འདོད་པ། །འཁོར་ལོ་དེ་ལས་འབྱུང་བར་འགྱུར། །གང་ཞིག་བྱུང་བའི་དགེ་བསགས་པས། །དེས་ནི་མྱུར་དུ་སྒྲོལ་
མར་ཤོག །སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། བོད་ཀྱི་ལོ་ཙཱ་བ་ཁམས་པ་བ་རིས་བསྒྱུར་བའོ།། ༈ །སྒྲོལ་དཀར་གྱི་སྒྲུབ་ཐབས་བུམ་ཆོག་གཏོར་མ། སྲུང་འཁོར་གྱི་ཡི་གེ་བཞུགས་སོ།། ༈ །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སྒྲུབ་པའི་གང་ཟག་འཆི་ལྟས་ཀྱི་མཚན་མ་ཚང་ན་འཕགས་མ་སྒྲོལ་མའི་སྒོ་ནས་འཆི་བ་སླུ་བའི་གདམས་ངག་ནི། སྐྱབས་འགྲོ་སེམས་བསྐྱེད་གཞན་དང་མཐུན། ཁྱད་པར་དུ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་ཞི་བར་བྱ་བའི་ཕྱིར། སྒྲོལ་མ་དཀར་མོ་བསྒོམ་སྙམ་དུ་སེམས་བསྐྱེད། དེ་ནས་རང་ཐ་མལ་པའི་སྙིང་གར་པད་ཟླའི་སྟེང་དུ་ཏཱཾ་ཡིག་དཀར་པོ་ཞིག་བསམ། དེ་ནས། སྭ་བྷཱ་ཝས་སྐད་ཅིག་གིས་ཆོས་ཐམས་ཅད་གཞི་མེད་སྟོང་པ་ཉིད་དུ་བསྒོམས་པའི་ངང་ནས་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཏཱྃ་ཡིག་དཀར་པོ་འོད་འཕྲོ་བ་ཞིག་བསམ། དེའི་འོད་ཟེར་གྱིས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་འོད་དུ་ཞུ་བ་ལས་བདག་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་འོད་ཟེར་ཀུན་ཏུ་འཕྲོ་བ་ཟླ་བའི་རྒྱབ་ཡོལ་ཅན། གཡས་སྐྱབས་སྦྱིན། གཡོན་ཨུཏྤལ་བསྣམས་པ། བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ། དབུ་སྐྲ་ལྟག་པར་བཅིངས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ་པར་བྱའོ། །དེའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པ་ལ་དབུས་སུ་ཏཱྃ་ཡིག་བསམ་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་རང་ལ་བསྟིམ། གནས་གསུམ་ཡི་གེས་བརྒྱན། དབང་བསྐུར་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན། དེ་ནས་ཏཱྃ་ལ་ཡི་གེ་བཅུ་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ་བའམ་ཡང་ན་འཁོར་ལོའི་ལྟེ་བར་ཨོཾ་དང་ཧཱ་གཉིས་བསམ། རྩིབས་བརྒྱད་ལ་ཏཱ་ལ་སོགས་པ་བརྒྱད་བསམ།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་གི་ཚེ་འཕེལ་བར་གྱུར་ཅིག་སྭཱ་ཧཱ། འཁོར་ལོ་གཡས་སུ་འཁོར་བ་ལ་ཤེས་པ་གཏད་དེ་ཡིད་ཀྱིས་བཟླས་པ་བྱའོ། །འདོད་པའི་དོན་ལ་གསོལ་བ་བཏབ། དགེ་བ་བྱང་ཆུབ་ཏུ་བསྔོ། རྫོགས་རིམ་དམིགས་མེད་དུ་བསྐྱལ། དེ་ནས་སྒྱུ་མ་ལྟ་བུར་ལངས་ལ་བྱ་བ་གཞན་ལ་འཇུག དེ་ལྟ་བུ་ཞག་གམ་ལོའི་བར་དུ་མཚན་མའི་རྟགས་མ་བྱུང་གི་བར་བྱའོ། །མཚན་མ་ངན་ངེས་ན་བྱ་བ་ཡིན་གསུངས། གཏོར་མ་གཏོང་བར་འདོད་ན་རིན་པོ་ཆེའི་སྣོད་དུ་དཀར་གསུམ་གྱིས་བརྒྱན་པའི་གཏོར་མ་བཤམས་ལ། དེའི་ནང་ཟླ་བའི་སྟེང་ཏཱྃ་ཡིག་དཀར་པོ་བསམ་པ་ལས་འོད་ཟེར་འཕྲོས་ནས་སྣོད་ལ་ཕོག་པས་རིན་པོ་ཆེར་གྱུར། བཅུད་ལ་ཕོག་པས་སྐྱོན་དག་པར་བསམ། ཏཱྃ་ཞུ་ནས་ཐིམ་པས་བདུད་རྩིར་གྱུར། དེ་ནས་མགྲོན་སྤྱན་དྲངས་པ་ནི་གཞན་དང་མཐུན། ཏཱྃ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་མདུན་དུ་སྤྱན་དྲངས། ཡང་འོད་ཀྱིས་སྡིག་སྒྲིབ་སྦྱངས་ནས་སྒྲོལ་མར་གྱུར་བའི་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བར་བསམས་ལ་གསོལ་བ་བཏབ་པ་ལ་སོགས་པ་བྱ་བར་གསུངས་སོ། །བུམ་ཆོག་བྱེད་པར་འདོད་ན། བུམ་པ་བཅའ་བ་གཞན་དང་མཐུན། རང་གི་མདུན་དུ་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཞག མཆོད་པ་ལ་སོགས་པ་བཤམ། བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་དུ་བསྐྱེད། ནང་དུ་པད་ཟླའི་སྟེང་དུ་ཆོ་ག་གསུམ་གྱིས་སྒྲོལ་མ་བསྒོམ། དེའི་ཐུགས་ཀར་སྔགས་ཀྱི་འོད་ཟེར་ཐིམ་པས་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་བྱུང་བས་བུམ་པ་ཁེངས་པར་བསམ་ཞིང་བསྙེན་པ་བརྒྱ་སྟོང་ལ་སོགས་པར་བྱའོ། །དེ་ནས་བུམ་པའི་ལྷ་ལ་གསོལ་བ་གདབ། བསྟོད་པ་བཀྲ་ཤིས་ལ་སོགས་པ་བྱས་ལ། ལྷ་བདུད་རྩིར་ཞུ་བར་བསམས་ནས་རང་གཞན་ལ་ཁྲུས་བྱ། ཡི་གེ་བཅུ་པའི་ཤམ་བུ་ལ་ཞི་རྒྱས་དབང་དྲག་སྐབས་དང་སྦྱར་ལ་བརྗོད། གཟུངས་ནར་མ་ལ་སོགས་པར་མར་དང་བདུད་རྩི་སྦགས་ལ་བྱ། སྲུང་འཁོར་བསྒོམ་པར་འདོད་ན་མི་དམིགས་པའི་ངང་ལས་
འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་དབུས་སུ་པདྨ་འདབ་མ་བཞི་པའི་དབུས་སུ་རང་རྫུས་སྐྱེས་ཀྱི་སྒྲོལ་མ་དཀར་མོ་གཞུང་བཞིན་དུ་བསྒོམ། གཞན་སྲུང་ན་ཡང་རང་ལ་བསྲུང་བྱས་བསྐོར་བར་བསྒོམ། ཕྱི་རོལ་དུ་འཁོར་ལོ་གཡས་བསྐོར་དུ་འཁོར་བ་ལ་དམིགས་ནས་བཟླས་པ་བྱ་གསུངས་སོ།། ༈ །སྒྲོལ་དཀར་གྱི་བྲིས་པའི་སྲུང་འཁོར་གྱི་ཡི་གེ་བཞུགས་སོ། །ན་མོ་གུ་རུ། རྗེ་བཙུན་སྒྲོལ་མ་དཀར་མོ་ཡི། །སྲུང་བའི་འཁོར་ལོའི་གདམས་ངག་ནི། །གྲོ་ག་ལ་སོགས་གང་རུང་ལ། །རྩིབས་བརྒྱད་རྡོ་རྗེའི་རྭ་བར་བཅས། །ཕྱི་རོལ་ཨུཏྤ་ལས་བསྐོར་བྲི། །ལྟེ་བར་ཨོཾ་དང་ཧཱ་ཡི་བར། །རཀྵ་རཀྵ་ཀུ་རུ་ཞེས། །གང་བསྲུང་མིང་ནི་སྤེལ་བར་བྱ། །རྩིབས་བརྒྱད་ཏཱ་རེ་ལ་སོགས་བརྒྱད། །བུམ་པའི་མཎྜལ་སྟེང་དུ་བཞག །དེ་ནས་རྣལ་འབྱོར་རང་ཉིད་ནི། །དང་པོ་བྱམས་པ་སྙིང་རྗེ་བསྒོམ། །དེ་ནས་རང་ཉིད་སྐད་ཅིག་གིས། །སྒྲོལ་མ་དཀར་མོར་གྱུར་པར་བསམ། །དེ་ནས་སྟོང་པ་ཉིད་ངང་ལས། །ཆུ་བོ་ཆེན་པོའི་སྟེང་དུ་ནི། །ཙཀྲ་དེ་ཉིད་བཞུགས་པར་བསྒོམ། །དཀོན་མཆོག་པཱུ་ཛ་ལ་སོགས་བཤམ། །སྐད་ཅིག་གིས་ནི་ཙཀྲ་ཡི། །ཡིག་འབྲུ་རྣམས་ལ་རྗེ་བཙུན་མ། །སྒྲོལ་མ་མངོན་དུ་གྱུར་པར་བསྒོམ། །བདག་དང་དེ་ལས་འོད་འཕྲོས་པས། །འོག་མིན་གནས་ནས་ཡེ་ཤེས་མ། །སྤྱན་དྲངས་བསྟིམ་ལ་མཆོད་བསྟོད་བྱ། །བཟླས་པ་ཁྲི་ཕྲག་ལྔའམ་ནི། །ཡང་ན་འབུམ་ཕྲག་གཅིག་ཏུ་བྱ། །བར་ཆད་ཞི་དང་ཚེ་རིང་དང༌། །གཞན་ཡང་གང་འོས་གསོལ་བ་གདབ། །དངོས་གྲུབ་ཞལ་བཞེས་གྲུབ་པ་དང༌། །ཇོ་མོ་དེ་རྣམས་ཡིག་འབྲུ་ཡི། །རང་བཞིན་ཉིད་དུ་བསམ་བྱས་ལ། །དེ་ནས་ལེགས་པར་བལྟབས་བྱས་ཤིང༌། །གང་བསྲུང་ལུས་ལ་བཏགས་པར་བྱ། །དེ་ལ་ཡོན་ཏན་དཔག་ཏུ་མེད། ༈ །སྒྲོལ་དཀར་གྱི་བར་ཆད་ཞི་བར་བྱེད་པའི་ཡི་གེ་བཞུགས་སོ། །བར་ཆད་ཞི་བར་བྱེད་པ་ལྟས་ངན་གཡང་དུ་ལེན་པའི་
མན་ངག་ནི། རང་སྒྲོལ་མ་དཀར་མོར་བསམས་ལ། སྙིང་གའི་འོད་ཟེར་གྱིས་རང་ལ་གནོད་བྱེད་མདུན་དུ་བཀུག་ནས་སྒྲོལ་མ་དཀར་མོར་བསྒོམས་ལ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྟིམ། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པ་སྣ་ལྔ་དབུལ། གང་འདོད་པའི་གསོལ་བ་གདབ། བཛྲ་མུཿས་གཤེགས་སུ་གསོལ། དེ་ལྟར་བྱས་ན་གནོད་བྱེད་བར་ཆད་གང་གིས་ཀྱང་མི་ཚུགས་གསུངས་སོ། །ཆག་ཆེ་ན་འཁོར་ལོའི་གུར་ཁང་གི་གདམས་ངག་ནི། འཁོར་ལོ་རྩིབས་སྤྲད་གུར་ཁང་ཞྭ་ཐེབ་སྤྲད་པ་ལྟ་བུའི་ནང་གི་ལྟེ་བ་ལ། རང་ཉིད་སྒྲོལ་མར་བསྐྱེད། ལྟེ་བར་ཨོཾ་དང་ཧཱ་བསམ། རྩིབས་བརྒྱད་ལ་ཡི་གེ་བརྒྱད། དེ་ནས་ཡི་གེ་བཅུ་པ་བཟླའོ། །ཆག་ཆེ་བ་ཐམས་ཅད་བཟློག་གོ །གཞན་ཡང་འཇིགས་པ་བསྲུང་བ་ལ་སོགས་པ་ཐམས་ཅད་མིང་སྤེལ་བསྒྱུར་ལ་བྱ་གསུངས་སོ། ༈ །སྒྲོལ་མའི་བྱད་འགྲོལ་གྱི་ཡི་གེ་སློབ་དཔོན་པདྨ་ནག་པོས་མཛད་པ་བཞུགས་སོ། །ན་མསྟཱ་རཱ་ཡི། ངག་གི་བྱད་འགྲོལ་བ་ནི། རྗེ་བཙུན་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་པ་རྣམ་ལྔ་འབུལ། བདུན་རྣམ་དག་བྱས་ལ། བདག་གི་ངག་བཅིངས་པ་དང་མནན་པ་ལས་དགྲོལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་རང་གི་སྙིང་གར་རྃ་ལས་མེའི་རང་བཞིན་ཨེ་དམར་པོ་གཅིག་བསམ། མགྲིན་པར་ན་ནག་པོ་གཅིག་བསམ། ལྕེ་རྩེར་སྟྭྃ་ཡིག་ནག་པོ་གཅིག་བསམ། སྤྱན་དྲངས་པའི་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་གི་སྙིང་གའི་རྃ་ཡིག་ལ་ཕོག་པས་དམར་ལམ་གྱིས་སོང་བས། ན་ནག་པོ་དང་སྟྭྃ་གཉིས་ཐུལ་གྱིས་ཚིག་པར་བསམ། དེ་ནས་ཡི་དམ་དེ་རང་ལ་ཐིམ་པར་བསམས་ལ། ཨོཾ་ཛི་ཧྭཱ་སཾ་རཀྵ་ནི་ཧཱུྃ། སྔགས་བརྒྱ་རྩ་བརྒྱད་བཟླའོ། །ཨོཾ་ཏཱ་རེ་ཏཱ་ར་ཡེ་བྷ་ག་ཝ་ཏཱི་ཛི་ཧྭཱ་བྷ་ག་ཝཱན་བྷནྡྷ་མོ་ཙ་ནི་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པས་ལྕེ་རྡོ་རྗེ་རྩེ་
ལྔ་པ་དཀར་པོ་འབར་བ་མཐུ་དང་ལྡན་པར་བསམ་མོ། །ངག་གི་བྱད་འགྲོལ་བ་རྒྱ་གར་གྱི་མཁན་པོ་པདྨ་ནག་པོས་མཛད་པ། ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། །ངག་གི་བྱད་འགྲོལ་རྫོགས་སོ།། །།མངྒ་ལཾ།། ༈ །སྒྲོལ་མའི་སྒྲིབ་ཤིང་གི་ཡི་གེ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲིབ་ཤིང་གི་འཁོར་ལོ་འདི་ལ་ནང་གི་རྩིབས་དང་ཕྱིའི་རྩིབས་མཆན་ཡི་གེ་གཉིས་གིའུ་ཧཾ་གིས་བྲི། ནང་གི་རྩིབས་མཆན་དང་བཅས་པ་དང་ཕྱིའི་རྩིབས་ཀྱི་ཡི་གེ་གུར་གུམ་གྱིས་བྲིས། རྩི་མ་གི་ཏ་«གླ་རྩི་»དྲི་ཚོར་ཙམ་རེ་བཏང༌། ཕྱག་མཚན་གྱི་དམ་ཚིག་ལ་རྨ་བྱའི་མདོངས་མ་ཉམས་པ་གཅིག་གཞུག རབ་གནས་བྱ་ཐབས་བླ་མའི་ཞལ་ལས་ཤེས། འཁོར་ལོ་ནི་དཀྱིལ་འཁོར་ལྷའི་གཞལ་ཡས་ཁང་དུ་བསྒོམ། དེའི་དབུས་སུ་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཨུཏྤལ་ཏཱྃ་གྱིས་མཚན་པ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྐུ་མདོག་ལྗང་གུ་དོན་ཡོད་གྲུབ་པས་དབུར་བརྒྱན་པ། གཡས་མཆོག་སྦྱིན་གཡོན་ཨུཏྤལ་བསྣམས་པ། མཛེས་ཤིང་སྒེག་པའི་ཆ་བྱད་དུ་བསྒོམ། དེའི་ཐུགས་ཀར་བསྲུང་བྱ་བསམས་ལ། རྩ་སྔགས་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་རེ་བཟླས་ནས་མེ་ཏོག་གཏོར་ལ་མགུལ་དུ་གདགས་སོ། །བྲིས་མ་ཐག་ས་ལ་མི་བཞག་པ་དང་མི་ལག་མི་འགྲིམ་པ་གལ་ཆེ་གསུངས། ལྟེ་བ་ལ་རཀྵ་སྲུངས་ཤིག་འཆང་བ་པོ་ལ་སྒྲིབས་ཤིག་ཅེས་བྲིའོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་བ་རིས་བསྒྱུར་བའོ།། ༈ །སྒྲོལ་མའི་སྤྲུལ་པ་ཅེ་སྤྱང་སྡོན་མོའི་སྲུང་བ་བཞུགས་སོ། །ན་མ་ཨཱརྻཱ་ཏཱ་རཱ་ཡཻ། སྒྲོལ་མའི་སྤྲུལ་པ་ཅེ་སྤྱང་སྔོན་མོས་གནས་དང་རྐུན་མ་སྲུང་བ་ནི། ཅེ་སྤྱང་གི་གཟུགས་བྲིས་ལ།«ཁ་མ་ཚུལ་མཇུག་མའི་ངོས་སུ་བསྟན་པ་བྲི།» གནས་སྲུང་ན་ཁོག་པར་ཡི་གེ་བཅུ་པ་དང༌། གནས་འདིར་ཆོམ་རྐུན་མ་བཏང་ཞིག་
ཅེས་པ་བྲི། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སྐྱབས་སུ་མཆིའོ། །དཔལ་བྷི་མ་དྷེ་བའི་ཅེ་སྤྱང་སྔོན་མོས་གནས་འདིར་ཆོམ་རྐུན་མ་བཏང་ཞིག ཨོཾ་སཱུ་མེ་སཱུ་མ་བིདྷྱ་དྷེ་མ་གནས་འདིར་ཆོམ་རྐུན་རཀྵ་རཀྵ་སྭཱ་ཧཱ། ཅེ་སྤྱང་ལ་ཁོར་ཡུག་དུ་བྲིའོ། །རྐུན་མ་སྲུང་ན་ཅེ་སྤྱང་གི་ལྟོ་བ་ལ་འཁོར་ལོ་རྩིབས་བརྒྱད་ལ་ཡི་གེ་བཅུ་པ་དང༌། ལྟེ་བར་ཨོཾ་དང་ཧཱའི་བར་དུ། གནས་འདིར་ཆོམ་རྐུན་རཀྵ་རཀྵ། ཨོཾ་ཨཾ་རྐུན་མ་ཐམས་ཅད་ཙཀྵུཿཙཀྵུཿབྷནྡྷ་བྷནྡྷ་རཀྵ་རཀྵ། ཞེས་ཚར་གསུམ་བྲི། དེ་ནས་སྔགས་རྣམས་དྲི་བཟང་གིས་བྱུགས། རས་གཙང་མའི་སྟེང་དུ་ཙཀྲ་རྣམས་བཀྲམ་ལ། རང་བཞིན་སྒྲོལ་མ་ལ་རྣམ་པ་ཅེ་སྤྱང་གི་གཟུགས་སུ་བསྐྱེད་ནས་ཡེ་ཤེས་པ་བསྟིམ། ཡི་གེ་བཅུ་པ་དང༌། ཨོཾ་སཱུ་མེ་བརྒྱ་རྩ་རེ་དང༌། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཅས་རབ་གནས་བྱས་ལ། ཙཀྲ་ལེགས་པར་དྲིལ་ནས་གནས་སྲུང་དང་རྐུན་སྲུང་གཉིས་སྒོ་ཁང་དུ་སྦའོ། །གནས་སྲུང་རྐུན་སྲུང་ལམ་སྲུང་གསུམ་ཐེ་ཚོམ་མེད་པའི་གདམས་ངག་ཡིན། ཟབ་བོ། །གསང་ངོ༌།། ༈ །ཅེ་སྤྱང་སྔོན་མོའི་ལམ་སྲུང་གི་གསལ་བྱེད་བཞུགས་སོ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མའི་སྤྲུལ་པ་ཅེ་སྤྱང་གི་གཟུགས་བྲིས་ལ། དྲི་བྱུགས་སྔགས་དཔེ་ཆུང་ལྟར་དགོད། དེ་ནས་དབེན་པའི་གནས་སུ་རིན་པོ་ཆེའི་སྣོད་དུ་མཆོད་པ་ལྔ་བཤམ། གཏོར་མ་གཅིག་ཀྱང་བཤམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་དུ་བདག་གི་བྱང་ཆུབ་བསྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་བསྲུང༌། དེའི་ཆེད་དུ་འདི་བྱ་སྙམ་དུ་བྱས་ལ། དེ་ནས་མདུན་གྱི་གཟུགས་བརྙན་དེ་མི་དམིགས་པ་ལས་སྒྲོལ་མའི་སྤྲུལ་པ་དེ། ངོ་བོ་རྗེ་བཙུན་མ་རྣམ་པ་ཅེ་སྤྱང་སྔོན་མོར་བསམས་ལ། རང་ཡི་དམ་དུ་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་དུ་བསྐྱེད་པ་ཁོ་ན་འདྲ་བ་གཅིག་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ ཞེས་པས་དགུག་གཞུག་
བཅིངས་པ་དང་དགྱེས་པ་བསྐྱེད། མཆོད་པ་ལྔ་དབུལ། གསོལ་བ་གདབ། དེ་ནས། ཨོཾ་སཱུ་མེ་སཱུ་མ་བི་དྷྱེ་དྷྱེ་སྭཱ་ཧཱ། ཞེས་ཁྲི་ལ་སོགས་པ་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པའི་ནས་འབྲུ་གཟུགས་ལ་གཏོར་རོ། །བ་ལིནྟ་ཁ་འབར་མས་བྱིན་གྱིས་བརླབས་ཏེ་ཅེ་སྤྱང་ལ་ཕུལ་ནས་གསོལ་བ་གདབ། དེ་ནས་ལེགས་པར་དྲིལ་ཏེ་རང་སྲུང་ལུས་ལ་གདགས། རྐུན་སྲུང་དང་གནས་སྲུང་གཉིས་སྒོའི་མ་ཐེམ་ལ་ཁུང་བྲུས་ལ་མི་མཐོང་བར་སྦ། ལམ་དུ་འགྲོ་ན་མདུན་དུ་ཅེ་སྤྱང་ཝལ་གྱིས་བསྐྱེད་ལ་ཡེ་ཤེས་པ་བསྟིམས་ནས། དཔལ་བི་མ་དྷེ་པའི་ཅེ་སྤྱང་སྔོན་མོ་ལ་བདག་སྐྱབས་སུ་མཆིའོ། །ཞེས་གསོལ་བ་གདབ། དེ་ནས་རང་གིས་སྣ་དྲངས་ནས་འགྲོ་བར་བསམ་ན་ངེས་པར་འགྲུབ་བོ། །ཅེ་སྤྱང་སྔོན་མོའི་ལམ་སྲུང་ཟབ་བོ། །། མངྒ་ལཾ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཐུབ་པའི་དབང་པོ་རྗེ་བཙུན་སྒྲོལ་མའི་ཞབས། །ངག་དབང་གྲགས་པ་རྡོ་རྗེ་གདན་པ་དང༌། །བ་རི་ལོ་ཙཱ་གྲུབ་ཆེན་གླེ་ནག་པར། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །བཤེས་གཉེན་སྒྲེ་པ་མཉམ་མེད་སྒམ་པོ་པ། །སྒོམ་ཚུལ་ཤེས་རབ་བྱང་ཆུབ་འདུལ་འཛིན་ཞབས། །འབྲི་གུང་གླིང་པ་དམ་ཆོས་གླིང་པ་ལ། །གསོལ་བ་འདེབས་སོ༴ །ཆོས་ཀྱི་ཚུལ་ཁྲིམས་མཉམ་མེད་ལྷ་ལུང་པ། །ཐོག་གནས་པ་དང་ཆོས་ཀྱི་དབང་ཕྱུག་ཞབས། །སྐྱེ་རྒུའི་འདྲེན་མཆོག་བྱང་ཆུབ་བཟང་པོ་ལ། །གསོལ་བ་འདེབས་སོ༴ །ཐམས་ཅད་མཁྱེན་པ་བཀྲ་ཤིས་རྣམ་རྒྱལ་ཞབས། །བསོད་ནམས་ལྷ་དབང་དཔལ་ལྡན་རྒྱལ་མཚན་དང༌། །མཁས་གྲུབ་དབང་པོ་རྗེ་བཙུན་ཕྲིན་ལས་པར། །གསོལ་བ་འདེབས་སོ༴ །རྒྱལ་བའི་ཡུམ་མཆོག་རྗེ་བཙུན་བཅོམ་ལྡན་མ། །ཡིད་བཞིན་འཁོར་ལོའི་སྐུ་ཡི་སྣང་བརྙན་ནི། །བློ་མཚོར་ཤར་བའི་མོད་ནས་འཆི་བདག་བདུད། །མིང་གི་མཐར་བྱས་འཆི་མེད་འགྲུབ་པར་ཤོག །
སྙིང་དབུས་ཟླ་བའི་འཁོར་ལོར་ཡིག་འབྲུར་བཅས། །འཆི་མེད་བདུད་རྩིའི་ཟིལ་དངར་བབས་པ་ཡིས། །ལུས་ཀུན་ཕྱུར་བུར་གཏམས་པའི་དགའ་སྟོན་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་འགྲུབ་པར་ཤོག །འོད་ཟེར་དྲུག་སྒྲགས་ལྡན་པའི་སྲུང་འཁོར་ནི། །ཨུཏྤལ་གསར་པས་བར་མཚམས་ཀུན་ཁྱབ་པ། །སྲ་བརྟན་རྡོ་རྗེའི་རང་བཞིན་བསྒོམས་པ་ཡིས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་ཤོག །ཅེས་པ་འདི་ཡང་བནྡེ་བློ་གསལ་གྱིས་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག། ༈ །གོང་གི་བརྒྱུད་པའི་ཁ་སྐོང་ལ། རྗེས་གནང་རྐྱང་པའི་བརྒྱུད་པ་ནི། མཁས་གྲུབ་དབང་པོ་རྗེ་བཙུན་ཕྲིན་ལས་པར། །གསོལ་བ་འདེབས་སོ༴ ཞེས་པའི་མཚམས། ཚར་ཆེན་རྗེ་དང་འཇམ་དབྱངས་མཁྱེན་བརྩེའི་ཞབས། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་དང༌། །བསོད་ནམས་མཆོག་ལྡན་བསོད་ནམས་མཆོག་གྲུབ་ལ། །གསོལ་བ་འདེབས༴ །མཁྱེན་རབ་བྱམས་པ་རྨོར་ཆེན་གནས་གསར་པ། །ཀུན་དགའ་བློ་གྲོས་ཀུན་དགའ་མཁས་གྲུབ་དབང༌། །རིགས་ཀུན་ཁྱབ་བདག་ཀུན་དགའ་བསྟན་འཛིན་ལ། །གསོལ་བ་འདེབས་སོ༴ །ཞེས་དང༌། ཁྲིད་ཀྱི་བརྒྱུད་པ་ལྟར་ན། བསོད་ནམས་མཆོག་གྲུབ་རྗེས་སུ། རིན་ཆེན་འཇམ་དཔལ་བློ་གསལ་བསྟན་འཛིན་དང༌། །ཀུན་དགའ་བློ་གྲོས་ཀུན་དགའ་མཁས་གྲུབ་དབང༌། །འཆི་མེད་དཔལ་སྟེར་ཀུན་དགའ་བསྟན་འཛིན་ལ། །གསོལ་བ་འདེབས་སོ༴ །ཞེས་སམ། ཡང་ན། ཀུན་དགའ་བློ་གྲོས་ཆོས་ཉིད་ཡེ་ཤེས་དང༌། །བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་ལ། །གསོལ་བ་འདེབས་སོ༴ །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་དང༌། །བློ་གསལ་བསྟན་སྐྱོང་རྣམ་འདྲེན་ངག་གི་དབང༌། །འཆི་མེད་དཔལ་སྟེར་ཀུན་དགའ་བསྟན་འཛིན་ལ། །གསོལ་བ་འདེབས་སོ༴ །ཞེས་སམ། ཡང་ན། ཀུན་དགའ་བློ་གྲོས་ཆོས་ཉིད་ཡེ་ཤེས་དང༌། །བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་ལ། །གསོལ་བ་འདེབས་སོ༴ །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་དང༌། །བློ་གསལ་བསྟན་སྐྱོང་རྣམ་འདྲེན་ངག་གི་དབང༌། །སྙན་བརྒྱུད་དཔལ་སྟེར་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ །རྒྱལ་བའི་ཡུམ་མཆོག སོགས་དང་སྦྲེལ་ལོ། །ཞེས་པའང་མཉྫུ་གྷོ་ཥས་སྦྱར་བ་དགེ། ༈ །སྒྲོལ་དཀར་ཡིད་བཞིན་
འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོར་བསྡུས་པ་བཞུགས་སོ། །ན་མ་ཨཱརྻ་ཏཱ་རཱ་ཡཻ། ཟླ་ཤེལ་པདྨོ་བཞད་པའི་ལྟེ་བ་ལ། །ཟླ་བ་ཞུན་མའི་ཡིད་འཕྲོག་ལང་ཚོ་ཅན། །ཟླ་ཞལ་མཐོང་བས་དགའ་བདེའི་དཔལ་སྟེར་མ། །ཟླ་བའི་ཆུ་རྒྱུན་བདུད་རྩིས་རིང་དུ་སྐྱོངས། །རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་པར་བྱེད་པའི་ཐབས་ཆེས་ཟབ་པ་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་དུ་གྲགས་པའི་ཉམས་ལེན་གྱི་སྙིང་པོ་བསྡུས་ཏེ་རྒྱུན་ཏུ་ཉམས་ལེན་འདོད་པས་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་འགྲོ་ལྟར་བྱས་ལ། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་བླ་མ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཅེས་པས་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ནམ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་རེ་བྷྱཿ ཅེས་པས་ཕྱག་བྱ། ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་སྡོམ་པ་བཟུང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་བར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང༌། ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་
འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་དུས་གསུམ་གྱིས་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་བྱེ་བ། གཡས་འབྲས་བུ། གཡོན་གང་བུའི་རྣམ་པར་ཡོད་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང༌། ལན་བུ་རིང་དུ་འཕྱངས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། དར་དམར་པོའི་ཤམ་ཐབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །
ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ། ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག དེ་ནས་བཟླས་པ་བྱ་བར་འདོད་པས། རང་གི་སྙིང་གར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ། མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་པས་བསྐོར་བ། མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ། ཞེས་པའི་ཡིག་འབྲུ་རེ་རེ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་གཡོན་སྐོར་དུ་ཡོད་པ། དེའི་ཕྱི་རོལ་མུ་ཁྱུད་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཡེ་དྷརྨཱཿཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་དཏཱ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པར་བསམ། དེ་ནས་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་བུམ་པ་འཆི་མེད་བདུད་རྩེའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་
ཏེ་བུམ་པའི་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་དག འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་དུས་མིན་འཆི་བའི་འཇིགས་པ་ཐམས་ཅད་བྱང་ཞིང་དག འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲོམ་མེར་ཡོད་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ཏཱྃ་ཡིག་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག བ་སྤུའི་བུ་ག་ནས་ཕྱིར་འཕྲོས། ལུས་ཀྱི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དཀར་པོའི་གུར་ཁང་དུ་གྱུར། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་སེར་པོ་གསེར་ཞུན་མ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དཀར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་སེར་པོའི་གུར་ཁང་དུ་གྱུར། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱེ་རུའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་
སེར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དམར་པོའི་གུར་ཁང་དུ་གྱུར། དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དམར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཐིང་གའི་གུར་ཁང་དུ་གྱུར། དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་མརྒད་ཞུན་མའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་འགྲུབ་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་མཐིང་གའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་ལྗང་གུའི་གུར་ཁང་དུ་གྱུར། ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཆིན་ཁ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། དངོས་གྲུབ་ཐམས་ཅད་བརྟན་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འོད་ལྗང་གུའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཆིན་ཁའི་གུར་ཁང་དུ་གྱུར། བྱིན་རླབས་དང་ཕྲིན་ལས་ཐམས་ཅད་བརྟན་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་དབྱིབས་སྒོ་ངའི་རྣམ་པ་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ་སྲ་ཞིང་མཁྲེགས་པ་བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོ་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ། བྱེ་བྲག་ཏུ་བགེགས་ལ་སོགས་པའི་གནོད་པ་སྲུང་བར་འདོད་པས་འོད་དཀར་པོའི་གུར་ཁང་གི་ནང་རང་ཉིད་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྦུབས་ཅན་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་གཡས་སྐོར་དུ་འཁོར་བ་མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་ཐམས་ཅད་བྱ་སྒྲོ་མགར་གྱི་སོ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་ཚིག་པར་བསམ། དེ་ལྟར་
རང་ཉིད་རྗེ་བཙུན་མ་གསལ་བ་ནས་བཟུང༌། ཕྱིའི་འོད་ཟེར་མཆིན་ཁའི་གུར་ཁང་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག དེ་བཞིན་དུ་ཕྱི་ནས་རིམ་བཞིན་ཐུགས་ཀའི་ཏཱྃ་ཡིག་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་གི་ངང་དུ་མཉམ་པར་འཇོག དེས་སེམས་དུབ་ན་གོང་བཞིན་སྙིང་གའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་བབས་ཅིང་འོད་ཟེར་གྱི་སྤྲོ་བསྡུའི་ངང་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་རྗེས་སུ། སྔར་ལྟར་མཆོད་བསྟོད་བྱ། ཡི་གེ་བརྒྱ་པ་ཚར་གསུམ་གྱིས་བྱིན་རླབས་བརྟན་ཞིང་ལྷག་ཆད་ཁ་བསྐང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །ཞེས་སོགས་དང༌། ལོ་བརྒྱ་ཐུབ་ཅིང་སོགས་ཀྱི་སྨོན་ལམ་དང་བཀྲ་ཤིས་བརྗོད་དོ། །དེ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ། ཇོ་བོ་རྗེ་ནས་བརྒྱུད་པ། གཉན་ལོ་ཙཱ་བ་ནས་བརྒྱུད་པ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བརྒྱུད་པ་སྟེ། བོད་ཡུལ་དུ་བརྒྱུད་པའི་སྲོལ་མི་འདྲ་བ་བཞི་ཙམ་བྱོན་པའི་མན་ངག་གི་སྙིང་པོ་བསྡུས་པ། གཙོ་ཆེར་བ་རི་བའི་སློབ་བརྒྱུད་བླ་མ་གླེ་ནག་པས་དགེ་བའི་བཤེས་གཉེན་སྒྲེ་པ་ལ་གནང་བའི་ཉམས་ལེན་ངོ་མཚར་བའི་གཏམ་རྒྱུད་དང་བཅས་པ་འདི་ནི། ཚེ་སྒྲུབ་ཀྱི་མན་ངག་ལ་ཟབ་པའི་མཐར་ཐུག་པར་གྲགས་སོ། །ཞེས་པ་འདི་ནི་བསྟན་པའི་སྦྱིན་བདག་ཆེན་པོ་ཞལ་ངོ་རྣམས་ཀྱི་རྒྱུན་གྱི་ཉམས་བཞེས་སུ། རྒྱལ་ཁམས་མྱུལ་བའི་བནྡེ་བློ་གསལ་གྱིས་ཕུན་ཚོགས་རྣམ་རྒྱལ་རབ་བརྟན་རྩེའི་གཟིམས་ཆུང་བདུད་འདུལ་བདེ་ཆེན་གླིང་དུ་ལེགས་པར་སྦྱར་བ་མངྒ་ལཾ།། ཡི་གེ་པ་ནི་རྗེ་དེ་ཉིད་ཀྱི་སྐུ་དྲིན་ཁོ་ནས་འཚོ་བའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བགྱིས་པའོ། །ཨི་དཾ་ཤཱ་ས་ནཉྩ་སརྦ་ས་ཏྭཱ་ཧི་ཏོ་བྷ་བནྟུ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་གི་ཡི་གེ་བནྡེ་མཁྱེན་བརྩེས་བགྱིས་པ་བཞུགས་
སོ། །སྭ་སྟི། བདག་བསྐྱེད། མདུན་བསྐྱེད། བུམ་བཟླས་རྣམས་གྲུབ་རྗེས། མཎྜལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ནས། རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལན་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་གྱི་རྒྱུན་བཤགས། བླ་མ་རིན་པོ་ཆེས་བདག་གི་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་བསལ་ནས། རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ་གྱིས་ཁྱད་པར་གྱི་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག དེའི་ཐུགས་ཀ་ནས་ཀྱང་འོད་འཕྲོས་སློབ་མའི་ལུས་ལ་ཕོག་པས་སྡིག་སྒྲིབ་ནད་གདོན་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། དེར་མ་ཟད་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་སྟོང་པར་སྦྱངས། སྭ་བྷཱ་ཝ་སོགས་བརྗོད། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་སྟེང་དུ་སློབ་མའི་རྣམ་ཤེས་ཏཱྃ་ཡིག་དཀར་པོ་ལས་མངོན་རྟོགས་ལྟར་སྒྲོལ་མའི་ཐུགས་ཀའི་འཁོར་ལོ་དང་བཅས་པ་བསྐྱེད། གནས་གསུམ་དུ་འབྲུ་གསུམ་བསམ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀའི་འོད་ཀྱིས་སངས་རྒྱས་བྱང་སེམས་ཐམས་ཅད་དང༌། ཁྱད་པར་རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་ཡིག་འབྲུ་དང་བཅས་པ་སྔགས་ཀྱི་རང་སྒྲ་སྒྲོག་ཅིང་འཆི་མེད་ཀྱི་བདུད་རྩིའི་ཆར་འབེབས་བཞིན་པའི་རྣམ་པས་ནམ་མཁའ་གང་བར་བྱོན་པ་དང༌། མདུན་བསྐྱེད་དང་སློབ་དཔོན་ལས་ཀྱང་དེ་འདྲ་བའི་འཁོར་ལོ་དཔག་ཏུ་མེད་པ་ཆད། སློབ་མའི་བ་སྤུའི་བུ་ག་ཚུན་ཆད་ནས་ཀྱང་ཐོགས་མེད་དུ་ཞུགས། ཐུགས་ཀའི་འཁོར་ལོ་ལ་
ཐིམ་པས་དེ་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་སྐྱ་ཆི་ལི་ལི་བབས། ལུས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་ཁེངས། དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སངས་ཀྱིས་དག ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བསམས་ལ། ཡི་གེ་བཅུ་པའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་ཅི་མང་བརྗོད་ཅིང་རྡོར་དྲིལ་གསོར་དཀྲོལ་བྱ། ཡང་རང་གི་སྙིང་ག་ནས་འོད་འཕྲོས། དབང་གི་ལྷ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ་དང༌། ཡི་གེ་བཅུ་པ་བརྗོད་ཅིང་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རྣམས་སློབ་མ་ལ་ཐིམ། ཕུན་སུམ་ཚོགས་པ་མངའ་བ་སོགས་ཤློ་ཀ་གསུམ་གྱིས་ཤིས་པ་བརྗོད། མཆོད་པ་ལྔས་མཆོད་པ་ནི་ལྷ་བསྒོམ་པའི་རྗེས་གནང་ངོ༌། །སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ལས་སྔགས་ཕྲེང་ཆད། ཞལ་ནས་འཐོན། སློབ་མའི་ཞལ་ནས་ཞུགས། ཐུགས་ཀའི་ཡིག་འབྲུ་ལ་ཐིམ་པར་བསམས་ལ། ཡི་གེ་བཅུ་པ་ལ་སྤེལ་ཚིག་ཅན་བརྒྱ་རྩ་བརྒྱད་ཀྱི་རྗེས་ཟློས་བྱ། བཅོམ་ལྡན་བདག་ལ་སོགས་དང༌། བཅོམ་ལྡན་འདི་ལ་སོགས་བྱ་བ་ནི་སྔགས་བཟླ་བའི་རྗེས་གནང་ངོ༌། །དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུ་ཡི་དམ་དུ་བཟུང་སྙམ་པས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ལན་གསུམ། བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་བ་དང༌། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །
རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག ཛཿཧཱུྃ་བཾ་ཧོཿ ཞེས་མེ་ཏོག་གཏོར། མཇུག་དམ་ཚིག་བསྲུང་བར་ཁས་བླང༌། ཡོན་འབུལ་ཆོ་ག་སྤྱི་དང་འདྲ། འདིའི་བདག་མདུན་བུམ་གསུམ་བསྐྱེད་ཚུལ་ལ་ཁྱད་པར་མེད་ཅིང༌། མངོན་རྟོགས་པ་བླ་མས་མཛད་པའི་རྒྱས་པ་དེ་སོར་བཞག་དང༌། བསྡུས་པ་དེ་ཡིན་ན་མདུན་བུམ་གཉིས་ལ་གནས་གསུམ་བྱིན་རླབས། ཡེ་ཤེས་དགུག་གཞུག དབང་བསྐུར། འོད་དཔག་མེད་ཀྱིས་རྒྱས་བཏབ་པ་ངེས་པར་བྱ་དགོས། བདག་བསྐྱེད་ལའང་བྱས་ན་ལེགས། གཏོར་མ་ནི་མདུན་བསྐྱེད་ཀྱི་མཆོད་བསྟོད་གྲུབ་མཚམས། དཀར་ཆ་བཞི་ནས་འབྱུང་བ་ཇི་ལྟ་བས་འབུལ། གཞན་མཆོད་བསྟོད་ཐམས་ཅད་རྒྱས་བསྡུས་སྐབས་སུ་གང་བབས་ཀྱིས་འགྲུབ། བརྒྱ་ཚར་སོགས་མཛད་ན། ཐོག་མ་དེ་ལ་འདི་ཁ་སོར་བཞག གཉིས་པ་མན་ལ་མཎྜལ་ས་གཞི་སྤོས་བྱུགས། གསོལ་གདབ་བསྟོད་པ་གཉིས་ཚར་གཅིག་གི་རྗེས་སུ་ཐུན་མོང་མ་ཡིན་པའི་གསོལ་གདབ་སྦྱར། རྒྱུན་བཤགས་མི་དགོས། བཟླས་ལུང་ལ་སྔགས་གསུམ་གསུམ་མཛད། གཞན་དཀྱུས་བཞིན་མཛད་པ་ཕྱག་ལེན་ཡིན་ནོ།། ༈ །སྒྲོལ་དཀར་རྗེས་གནང་ཐུན་མོང་མ་ཡིན་པའི་ཟིན་བྲིས་དགེ། སྭ་སྟི། གོང་གི་རྗེས་གནང་དེ་ཐུན་མོང་བ་ཡིན། ཐུན་མོང་མ་ཡིན་པ་ཁྲིད་ཀྱི་སྔོན་འགྲོ་སོགས་ཀྱི་ཚེ། སྤྱི་བཤད་ཇི་ལྟར་རིགས་པའི་རྗེས་འདིའི་ལོ་རྒྱུས་སྦྱར། མཎྜལ་ནས། དམ་ཚིག་པའི་འཁོར་ལོ་བསྐྱེད་པའི་བར་འདྲ། དེ་ལྟར་གསལ་བའི་ཕྱི་རོལ་དུ་འཁོར་ལོ་དཀར་པོ་སོགས་ནས་བུན་ལོང་གིས་གཏམས་པའི་མོས་པ་མཛོད། བར་གྱིས་འཁོར་ལོ་དང་འོད་ཟེར་དྲུག་སྦྲག་གི་དམིགས་པ་སྒྲུབ་ཐབས་ལྟར་ཕོག གནས་གསུམ་བྱིན་རླབས་ནས། མཆོད་པ་ལྔས་མཆོད་པའི་བར་འདྲ། སྐུའི་རྗེས་གནང་ངོ༌། །སློབ་དཔོན་གྱི་ཐུགས་ཀ་ནས་
ཡིག་འབྲུ་ལ་ཐིམ་པའི་མོས་པ་མཛོད། སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དཔག་མེད་ནས། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀའི་ཧྲཱིཿཡིག་ནས། ཟིལ་པ་ཕྲམ་མེར་ཡོད་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་བརྒྱ་རྩ་བརྒྱད་མཛོད། ཅེས་ཚེ་བཅུད་སྡུད་པའི་དམིགས་པ་སྒྲུབ་ཐབས་ལྟར་ཕོག་ལ། རྩ་སྔགས་སྤེལ་ཚིག་བཅས་བརྒྱ་རྩ། དབྱངས་གསལ་རྟེན་སྙིང་རྣམས་གསུམ་རེ། མཐར་བཅོམ་ལྡན་བདག་ལ་དང༌། བཅོམ་ལྡན་འདི་ལ་དང༌། དམ་བཅའ་བའི་ལུང་དཀྱུས་ལྟར། གསུང་གི་རྗེས་གནང་ངོ༌། །བྱིན་གྱིས་བརླབ་པའི་ལུང་གི་སླད་དུ། ཐུགས་ཀའི་ཏཱྃ་ཡིག་ལ་སེམས་གཏད་པས། དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། དེ་ཐམས་ཅད་འོད་དུ་ཞུ་ནས་འོད་མཆིན་ཁའི་གུར་ཁང་ལ་ཐིམ་ནས། སྟོང་པ་ཉིད་ཀྱི་ངང་དུ་གྱུར་པའི་མོས་པ་དང་བཅས་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། ཐུགས་ཀྱི་རྗེས་གནང་སྟེ། སོ་སོའི་རྟོག་པ་བསྐྱེད་པ་སྤྱི་ལྟར་སྦྱར་རོ། །དེ་རྣམས་བརྟན་པར་བྱ་བའི་སླད་དུ། བཅོམ་ལྡན་འདས་མའི་ནས། ཛཿཧཱུྃ་བཾ་ཧོཿ ཞེས་མེ་ཏོག་དོར་བའི་བར་དཀྱུས་བཞིན་ནོ། །ཞེས་པའང་རྗེ་བླ་མའི་གསན་ཐོར་སྙན་བརྒྱུད་ཞལ་ཤེས་ཟིན་བྲིས་སུ་གནང་བ་བཞིན་བྲིས་པའོ། །ཤུབྷཾ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས་བཞུགས་སོ། །ཨོཾ་སྭ་སྟི། སྐྱབས་ཡུལ་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཔག་བསམ་ཤིང་གི་སྡོང་པོའི་སྟེང་པདྨ་འདབ་མ་བཞི་པའི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་གྱི་འདབ་མ་ལ་སྒྲོལ་དཀར་སོགས་ཡི་དམ། གཡས་སུ་སངས་རྒྱས་ཐུབ་དབང་སོགས་སྤྲུལ་སྐུའི་རྣམ་པ། རྒྱབ་ཏུ་གསུང་རབ་
པུསྟི་བརྩེགས་པ། གཡོན་དུ་ཉེ་བའི་སྲས་བརྒྱད་སོགས་དགེ་འདུན། གཞན་ཡང་སྐྱབས་ཡུལ་རྣམས་ཀྱིས་དཔག་བསམ་ཤིང་གི་སྡོང་པོ་ཡལ་ག ལོ་མ། མེ་ཏོག་གི་ཁྲོད་ཐམས་ཅད་གང་བ་ལ་དམིགས་ནས་བདག་གཞན་ཐམས་ཅད་ལུས་ངག་ཡིད་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྤྱི་ལྟར་བྱས་ནས། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཞེས་པ་ནས། སྤྱི་བོར་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞེས་པའི་བར་བརྗོད། དེ་ནས་རང་ཉིད་ཀྱི་ཕྱི་རོལ་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྦུབས་ཅན་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་གཡས་སྐོར་དུ་འཁོར་བ་མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་ཐམས་ཅད་བྱ་སྒྲོ་མགར་གྱི་སོལ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་ཚིག་པར་བསམ། དེ་ནས་སྙིང་གའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ཞེས་པ་ནས། བར་མཚམས་ཐམས་ཅད་ཨུཏྤ་ལ་སྔོན་པོ་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ། ཞེས་པའི་བར་གྱི་འོད་ཟེར་དྲུག་སྦྲག་བསྒོམས་ལ། རང་ཉིད་རྗེ་བཙུན་མར་གསལ་བ་ནས་བཟུང༌། འོད་ཟེར་མཆིན་ཁའི་གུར་ཁང་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག དེ་བཞིན་དུ་ཕྱི་ནས་རིམ་བཞིན་ཐུགས་ཀའི་ཏཱྃ་ཡིག་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག དེ་ནས་སྤྱི་བོའི་ཚེ་
དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་པའི་ནང་དུ་སོང་བས་འཆི་མེད་ཀྱི་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་དག་ཅིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། རླུང་བུམ་པ་ཅན་ཉེར་གཅིག་གམ། བདུན་ནམ། གསུམ་གྱི་བར་དུ་འཛིན། དེ་ནས་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་གང་བས། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བྱང་ཞིང་དག འཆི་མེད་ཚེའི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པར་བསམས་ལ། སྔགས་སྤེལ་ཚིག་ཅན་བཟླ། དམིགས་པ་ནམ་མི་གསལ་བའི་དུས་སྙིང་གའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་འབེབས་ཤིང༌། འོད་ཟེར་གྱི་སྤྲོ་བསྡུའི་ཚིག་གོང་བཞིན་བརྗོད་ལ། སྔགས་དང་དམིགས་པ་སྤྲད་དེ་ཡེ་མ་ཡེངས་པར་བཟླས་པའི་རྗེས་སུ་སྔར་ལྟར་མཆོད་ཅིང་བསྟོད། ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་ཡི་གེ་བརྒྱ་པ་རྣམས་ཚར་གསུམ་རེས་བྱིན་རླབས་བརྟན་ཞིང་ལྷག་ཆད་ཁ་བསྐང༌། དེ་ནས་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས། སྣོད་བཅུད་རྣམས་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་ནས་འོད་ཟེར་མཆིན་ཁའི་གུར་ཁང་ལ་ཐིམ། དེ་ནས་རིམ་བཞིན་བསྡུས་ནས་ཏཱྃ་ཡིག་གི་ནཱ་ད་ཡང་མི་དམིགས་ཏེ་འོད་གསལ་གྱི་ངང་ལ་
མཉམ་པར་བཞག་གོ །དེ་ནས་ཆུ་ལས་ཆུ་བུར་གྱི་ཚུལ་གྱིས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་ཐུན་མཚམས་གྱི་ལྷར་གསལ། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་དང༌། ལོ་བརྒྱ་ཐུབ་ཅིང༌། སོགས་ཀྱིས་སྨོན་ལམ་དང་བཀྲ་ཤིས་བརྗོད། སྣང་གྲགས་རིག་གསུམ་རྗེ་བཙུན་མའི་གསང་བ་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས་སྤྱོད་ལམ་ལ་འཇུག་པར་བྱའོ། །འདི་ནི་རང་གི་གོ་ཡུལ་ཙམ་དུ་མ་བཞག་པར་རྗེ་བླ་མ་ཉིད་ཀྱི་སྤྱན་སྔར་ཕབ་སྟེ་དཔྱིས་ཕྱིན་པར་བྱས་སོ། །ཞེས་གྲུབ་མཆོག་ཚར་པ་ཆོས་རྗེའི་གསུང་ལས་རྙེད་པའི་གསང་བ་རྨད་དུ་བྱུང་བའོ། །སརྦ་མངྒ་ལཾ།། ༈ །རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གི་ཆོ་གའི་ངག་འདོན་བཀླགས་ཆོག་ཏུ་བཀོད་པ་ཚེ་དང་བསོད་ནམས་ཉི་མ་བདུན་འབར་མ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་པྲ་ཛཱ་བྷྱཿ། རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་སྦྱིན་སྲེག་གི་ཆོ་ག་ཚེ་དང་བསོད་ནམས་ཀྱི་ཉི་མ་བདུན་འབར་མ་ཞེས་བྱ་བ། མཐའ་ཡས་ཚེ་དང་ཡེ་ཤེས་རབ་འབར་བའི། །དཔལ་མོ་གང་ཞིག་ཞབས་ཟུང་དྲན་ཙམ་གྱིས། །གྲུབ་གཉིས་ཡིད་ཀྱི་ཤིང་རྟ་འགེངས་པའི་གཉེན། །སྒྲོལ་མའི་དྲིན་གྱིས་ཁྱོད་ལ་ཤིས་གྱུར་ཅིག །རབ་འབྱམས་རྒྱུད་དུ་རྒྱལ་བས་ཆེས་བསྔགས་པ། །རབ་འབྱམས་ཕྲིན་ལས་སྒྲུབ་བྱེད་ལྷ་མོ་དེའི། །རབ་འབྱམས་སྔགས་ཀྱི་ནུས་བ་འབྱིན་པའི་ཐབས། །རབ་འབྱམས་དགེ་ལེགས་སྟེར་བྱེད་འདིར་བཤད་བྱ། །དེ་ལ་རྗེ་བཙུན་མ་འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་བསྙེན་པའི་ཁ་སྐོང་བའམ། རང་གཞན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་སླད་དུ་སྦྱིན་སྲེག་གི་ཆོ་ག་ཉམས་སུ་ལེན་པར་འདོད་པས། གནས་མཚན་ཉིད་དང་ལྡན་པར། རབ་བརྩིགས་པའམ་བྲུས་པ། བསྡུ་ན་བྲིས་པའི་ཐབ་བསྐྱེད་ཆོག་ནས་འབྱུང་བ་ལྟ་བུའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་བ་ལ་ཏཱྃ་ཡིག་གམ། ཨུཏྤ་ལའམ་ཚོམ་བུ་དཀར་པོ་ཆེ་བ་ཞིག་བཀོད། སྲོག་
ཆགས་མེད་པའི་ལྕི་བའམ། འོ་མ་ཅན་གྱི་ཤིང་ཁྲུ་ཕྱེད་ཙམ་དུ་ཟླུམ་པོར་བརྩིགས་པའི་ཤར་ལྷོར་ཟན་གྱི་ཏིང་ལོ་མེ་ཚང་དང་བཅས་པ་བཤམ། རང་གི་གཡས་སུ་སྟེགས་གཙང་མའི་སྟེང་དུ་རིམ་པ་བཞིན་ཡམ་ཤིང་སོར་བཅུ་གཉིས་ཀྱི་ཚད་«འཇམ་དཔལ་རྩ་རྒྱུད་ལས། མྱ་ངན་མེད་ཅིང་ཞི་དོན་དུ། །རློན་པ་ཉིད་ནི་རབ་ཏུ་བསྔགས། །ཞེས་དང༌། རྒྱ་གཞུང་ཕལ་ཆེར་དུ་ཞི་རྒྱས་ལ་རློན་པ་ཁོ་ན་གསུངས་པས་རྡོ་རྗེ་འཆང་སྒོ་རུམ་པའི་ཞལ་སྔ་ནས་རློན་པ་འབའ་ཞིག་མཛད། རྡོ་རྗེ་རིན་ཆེན་ནས་རློན་པ་བསྲེག་ཚེ་མེ་པྲ་ལེགས་པས་དགའ་གསུངས། སྐམ་པོ་མཛད་པ་མཁན་ཆེན་ཐམས་ཅད་མཁྱེན་པས་སྐམ་པོ་མཛད་པས་གང་བདེ་བྱའོ»། །མཐེ་བོང་ལས་མི་སྦོམ་ཞིང༌། མཐེའུ་ཆུང་ལས་མི་ཕྲ་བ་རྩ་རྩེ་མར་དང་བུ་རམ་གྱིས་བྱུགས་པ། མར། ཏིལ། ཟས་མཆོག འབྲས། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ་རྣམས་བཤམ།«བསྲེགས་རྫས་འདི་རྣམས་རྒྱས་པའི་དབང་དུ་བྱས་ཀྱི་མ་འབྱོར་ན་ཡམ་ཤིང༌། མར། ཏིལ་གསུམ་མེད་ཐབས་མེད་གཞན་གང་འབྱོར་གྱིས་ཆོག་པར་བཤད།» གཡོན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཚར་གཉིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་གཏོར་མ་ཆ་གསུམ་རྣམས་ལག་ལེན་ལྟར་བཤམ། མདུན་དུ་རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་བླུགས་གཟར་ཁ་སྦྱར་བ། བསང་ཆུའི་དུང་ཆོས་འཐོར་ཡབ་དང་བཅས་པ་བཀོད། མེ་ཡོལ་གངས་ཏི་སེའི་མཚོན་བྱེད་སོ་ཕག་དཀར་པོ་ལ་ཝྃ་ཡིག་བྲིས་པ་དང༌། ཐབ་ཀྱི་མཐར་དཀྲམ་རྒྱུའི་ཀུ་ཤ་ཆུན་པོ་བརྒྱད། མེ་སྦར་བའི་ལྕེ་མདེ། མེ་གསོ་བའི་བུད་ཤིང་སྐམ་པོ་སོགས་ཉེར་མཁོ་མ་ཚང་བ་མེད་པར་འདུ་བྱས་ཏེ། སྔ་དྲོ་དང་པོའམ། སྲོད་ཀྱི་ཐུན་ལ་བབས་པ་ན། སྟན་བདེ་བ་ལ་ཁ་ཤར་དུ་བལྟས་ཏེ། སྐྱིལ་ཀྲུང་ངམ་ཙོག་བུར་འདུག་ལ། ཐོག་མར་བསང་ཆུ་ལ་དམིགས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུྃ། གསུམ་དང༌། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསྐྲད། ཨོཾ་བཛྲ་ཡཀྵ་ཧཱུྃ། བདུན་ནམ་ཉེར་གཅིག་དང་ཧཱུྃ་རིང་པོ་བརྗོད་པས་བྱིན་གྱིས་བརླབས་དེ་ནས་གཏོར་ཞིང༌། ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་
རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བ་འདི་ཉིད་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག སོ་སོའི་ཕྱག་རྒྱ་བཅས་ལ། ཨོཾ་ཨརྒྷ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤབྡ་ཨཱཿཧཱུྃ། རོལ་ཆེན་བྱ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་ལན་གསུམ་བརྗོད། དེ་ནས་སྐྱབས་འགྲོ་ནས་བཟུང་སྟེ་བཟླས་པ་བསྡུ་བའི་བར་བདག་བསྐྱེད་སྔོན་དུ་བཏང་ལ་དཔལ་འབར་སྦར་ལ་ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ་ཐབ་ལ་གཡས་སུ་བསྐོར་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་པས་མེ་སྦར། སྦྱིན་སྲེག་མང་པོ་བྱེད་ན་ཏིང་ལོ་ཙམ་ཀ་སྦར་ལ། འཇིག་རྟེན་པ་རྫོགས་མཚམས་ལྟ་བུ་གང་འོས་ཐམས་ཅད་སྦར་ཞིང་མེ་པྲ་ནི་འདི་དང་གོང་འོག་གཉིས་ཀར་བརྟག ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་ཅིང་དགང་བླུགས་རྐྱང་པ་ལན་གསུམ་གྱིས་མེ་གསོ། བསང་ཆུ་འཐོར་ཞིང་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ། ལན་གསུམ་གྱིས་ཐབ་དང་ཡོ་བྱད་བསང༌། ཨོཾ་ཨོཾ་སྭཱ་ཧཱ། ཨོཾ་ཨཱཿསྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཐབ་དང་ཡོ་བྱད་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་ཐབ་ཁུང་དཀར་པོ་དྭངས་ཤིང་ཐོགས་པ་མེད་པ་རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད་པ་ཁ་ཁྱེར་དང་མུ་རན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དབྱིབས་ཟླུམ་པོ་མཚན་
ཉིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་སྭ་བྷཱ་ཝ་སོགས། མཆོད་རྫས་དང་བསྲེག་རྫས་ཐམས་ཅད་སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར། སོ་སོའི་ཕྱག་རྒྱ་དང༌། ཨོཾ་ཨརྒྷཾ་སྭཱ་ཧཱ། ནས། ཤབྡ་ཨཱཿཧཱུྃ། མཆོད་ཡོན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཨོཾ་བཛྲ་བཱི་ཛཱ་ཡཻ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཞེས་དང༌། དྷརྨཱ་ར་ཎི་ཏ། དང་རོལ་ཆེན་བྱ། ཡང་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཐབ་ཀྱི་ནང་དུ་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་ཀྱི་ཕྱག་གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ་གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན་ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་དྲུང་དུ་བཅས་ལ། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་
དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀརྨ་པྲ་སཱ་དྷ་ཀ མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏྭཱཾ། གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏིཾ་ཨཱ་ཧ་ར། ཨ་སྨིན྄་སནྣི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲང༌། པདྨ་ཀ་མ་ལ་ཡ་སྟྭཾ། གྱིས་གདན་ལ་བཞུགས་པར་བསམ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང་ཞབས་བསིལ་ཕུལ་ལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨ་ཀུ་རུ་སརྦ་དུཥྚཱཾ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ། ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཧོ། ཞེས་ཕྱག་རྒྱ་དང་བཅས་པས་དགུག་གཞུག་བཅིང་མཉེས་དབང་དུ་བྱས། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་རྣམ་སྣང་གིས་དབུར་བརྒྱན། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱ་ཝ་སོགས་སྟོང་པའི་ངང་ལས་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་ལ་སོགས་པའི་མཚན་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པ་བདག་ཅག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པ་ལ་ཐོགས་པ་མེད་པའི་ནུས་ལྡན་དུ་གྱུར། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ནི་དག་བྱེད་ཡིན། །འདིས་བདག་ཅག་གི་བགེགས་ཞི་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག ཅེས་བརྗོད་ལ་ཀུ་ཤ་ཆུན་པོ་བརྒྱད། ཨོཾ་བཛྲ་ས་ཏྭ་ཨཱཿཞེས་པས་རྩེ་མོ་གཡས་སུ་བསྟེན་ཏེ་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་བསྐོར་ཞིང༌། ཡཀྵ་དང་ཆུས་བསང༌། མེ་ལྷའི་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ཁ་དང༌། གཟར་
བུ་གཉིས་ཀྱི་ཁ་ལ་རྃ་བཀོད། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་བཀང་སྟེ་གཟར་བུ་གཉིས་ཁ་སྦྱར་ལ་ཐབ་ལ་གཡས་སུ་ཟླུམ་པོར་བསྐོར་ཞིང༌། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཧྣ་ཡ་སྭཱ་ཧཱ། བདག་ཅག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛོད་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་ཟན་འབུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར། ཐམས་ཅད་ཀྱི་མགོར་སྦྱར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་ཆེན་དང་བཅས་པས་མཆོད། རྡོ་རྗེ་ཕྱག་འཚལ་པའི་སྟངས་ཀས་བཟུང༌། ཚིགས་བཅད་ཀྱི་མཚམས་སུ་དྲིལ་བུ་གསིལ་ཞིང༌། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། ཡམ་ཤིང་ནས་བཟུང་ཀུ་ཤའི་བར་ལྷ་སྔགས་འབའ་ཞིག་གིས་འབུལ་བའམ། སྤྲོ་ན་ཐོག་མར་ལྷ་རྫས་ལས་སྔགས་གསུམ་སྤེལ་བ་ལན་གཅིག་དང༌། བར་སྐབས་སུ་རྫས་སྔགས་སོ་སོའི་མཇུག་ཏུ་ཐམས་ཅད་ཚང་བ་གཅིག་འབུལ་བ་གང་བདེ་ཡིན་པ་ལས། འདིར་རྒྱས་པ་ལྟར་ན། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་གཅིག་དང༌། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། བཅུ་དགུ། སླར་གོང་མ་ལྟ་བུ་གཅིག་སྟེ་ཉེར་གཅིག་གམ་བདུན་ལ་སོགས་པ་འབུལ། དེ་བཞིན་འགྲེས་ཤེས་པར་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། དགེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ ཏིལ། ཨོཾ་སརྦ་སམྤཱ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ༴ ཟས་མཆོག ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། བསོད་ནམས་རྒྱས་
པ་ལ༴ འབྲས། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནོར་དང་འབྲུ་རྒྱས་པ་ལ༴ སོ་བ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་ཕུན་སུམ་ཚོགས་པ་ལ༴ དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཀུ་ཤ་རྣམས་བདུན་ནམ་ཉེར་གཅིག་འབུལ་བའི་མཐར་སྔར་བཞིན་མཆོད། ཨོཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་པཱ་དྱཾ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང་ཞབས་བསིལ་ཕུལ། མར་དགང་གཟར་གང་ཐབ་ཏུ་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་འབར་བའི་རྣམ་པར་གྱུར། ཅེས་བརྗོད་དོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །དེ་ནས་བསང་ཆུ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཞེས་པ་ནས། བཛྲ་ས་མཱ་ཛཿ། ཞེས་པའི་བར་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་མཛད་པའི་སྒྲུབ་ཐབས་ལྟར་བྱས་ལ། རྡོ་རྗེ་དྲིལ་བུ་སྤོས་བཅས་འཛིན་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་དང༌། པོ་ཏ་ལ་ཡི་གནས་མཆོག་ནས། །སོགས་ཀྱི་མཐར། ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ། ཨཱརྻ་ཏཱརེ་ས་པ་རི་ཝཱ་ར༴ སྔོན་དུ་འགྲོ་བས། ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་མཆོད། ཨོཾ་བཛྲ་ཨངྐུ་ཤ་ཛཿ། སོགས་ཀྱིས་དགུག་གཞུག་བྱ། སླར་ཡང་འོད་འཕྲོས་ཞེས་པ་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན།
ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། ལྷའི་ཞལ་ཅུང་ཟད་གདངས་པར་བསམ། ཡི་གེ་བཅུ་པ་ལན་གཅིག་དང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་བླུགས་གཟར་བཀང་བའི་གཟར་བུ་གཉིས་ཁ་སྦྱར་ལ་ཐབ་ལ་གཡས་སུ་བསྐོར་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཧྣ་ཡ་སྭཱ་ཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་འགལ་རྐྱེན་མི་དང་མི་མ་ཡིན་པའི་ཉེ་བར་འཚེ་བ་དང༌། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་བྱོན་ཟན་འབུལ། སྤྲོ་ན། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཞེས་སོགས་ཚིགས་བཅད་སྔགས་དང་བཅས་པའམ། བསྡུ་ན། ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བར་རོལ་ཆེན་དང་བཅས་པས་མཆོད། རྡོ་རྗེ་ཕྱག་འཚལ་བའི་སྟངས་ཀས་བཟུང༌། དྲིལ་བུ་ཚིགས་བཅད་ཀྱི་མཚམས་སུ་གསིལ་ཞིང༌། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །སོགས་དང༌། སྤྲོ་ན། ཕྱག་འཚལ་ཉེར་གཅིག་དང༌། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་པ་ནས། བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གང་ཤེས་པས་བསྟོད། ཡམ་ཤིང་ནས་ཀུ་ཤའི་བར་བརྒྱའམ་ཉེར་གཅིག་ལ་སོགས་པ་གང་འབྱོར་མེ་ལྷའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ལ། ལྷ་སྔགས་སྤེལ་བས་དབུལ་བའི་མཐར། བསྙེན་པ་ཁ་སྐོང་ཡིན་ན་སྡིག་པ་ཞི་ཕྱིར་ཡིན་པས་ཏིལ་ཁོ་ནར་གྲངས་བཟུང་སྟེ། དེའང་བསྙེན་པ་ཁ་གསོའི་གྲངས་ལྷ་སྔགས་ཁོ་ནར་འཛིན་པ་མུས་ཆེན་འཁོར་ལོ་སྡོམ་པས་བདག་ཆེན་རྡོ་རྗེ་འཆང་ལ་ཆེད་དུ་གདམས་པའི་བཞེད་པ་ཡིན་པས། ཡི་གེ་བཅུ་པའམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་ཅན་གཉིས་
བསྙེན་པ་གང་ལ་སོང་བ་ལ་གྲངས་བཟུང་སྟེ། ཐུན་རེ་ལ་ཁྲི་ཚོ་རེ་སོགས་ཅི་ནུས་འབུལ་ལོ། །རིམ་གྲོ་ལྟར་བྱེད་ན་སློབ་དཔོན་ངག་དབང་གྲགས་པས་མཛད་པའི་འཆི་བ་སླུ་བའི་གཞུང་ལས། དང་པོར་རྣམ་པར་སྣང་མཛད་བརྗོད། །དེའི་འོག་ཏཱ་རེ་ལན་གཉིས་བརྗོད། །ཏུཏྟཱ་རེ་གཉིས་ཏུ་རེ་གཅིག །སྭཱ་ཧཱའི་མཐའ་ཅན་འཆི་བ་སླུ། །སྒྲོལ་མ་འབྱུང་བའི་རྒྱུད་ལས་གསུངས། །སྔགས་ནི་ཡི་གེ་འབུམ་པ་རུ། །སྒྲོལ་མའི་སྤྱན་སྔར་བཟླས་ནས་ནི། །ཞོ་དང་སྦྲང་རྩིས་ངར་བཏགས་པའི། །དཱུརྦའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་མཐུ་ལས་བྱུང་བ་ཡི། །འཆི་བ་ངེས་པར་ཟློག་པར་བྱེད། །ཅེས་གསུངས་པས། དཱུརྦའི་མྱུ་གུ་རྩེ་མོ་མ་ཉམས་པའམ། མ་འབྱོར་ན་དུམ་བུར་བྱས་པ་ཞོ་དང་སྦྲང་རྩི་དང་འབྲས་བསྲེས་པ་འབའ་ཞིག་ལྷ་སྔགས་ཁོ་ནས་བསྲེགས་པའི་སྦྱིན་སྲེག་ཁྲི་ལ་སོགས་པ་བྱས་ན་ཆེད་དུ་བསྔགས་པར་མངོན་ནོ། །སླར་བྱོན་ཟན་གྱི་སྐབས་སུ་བཤད་པ་ཇི་ལྟ་བའི་དགང་བླུགས་ལན་གསུམ་གཤེགས་སྐྱེམས་སུ་དབུལ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི། ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་རོལ་ཆེན་དང་བཅས་པས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །སོགས་ཀྱིས་བསྟོད། གཏོར་མ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨཱ་དྱ་ནུཏྤནྣ་ཏྭ་ཏ྄་ཨོཾ་ཨཱཿཧཱུྃ་ཕཊ། ལན་གསུམ་གྱི་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱའི་མཐར་སེ་གོལ་གཏོགས་པ་དང་བཅས། ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ་ཧེ་ཧེ་བྷ་ག་ཝ་ཏཱི་མ་ཧཱ་ས་ཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ་མཱ་བི་ལམྦ་མཱ་བི་ལམྦ་ཨི་དཾ་བ་ལིཾ་གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ། ལན་གསུམ་གྱིས་དབུལ། ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་ནས། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། འདོད་པའི་དོན་ལ་
གསོལ་བ་དྲག་ཏུ་བཏབ། ཡི་གེ་བརྒྱ་པ་ཚར་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང༌། སོགས་ཀྱིས་བཟོད་པར་གསོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿཐབ་ནང་གི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། ཐབ་དབུས་ནས་ཐལ་བ་ཅུང་ཟད་བླངས་ཏེ་དཔྲལ་བར་བྱུག་ཅིང༌། དམ་ཚིག་པ་རང་ཉིད་ལ་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་དེ་འདས་པའི་མེ་ལྷ་མཆོད་པའོ། །སླར་ཐབ་ཁུང་དུ་མར་དགང་གཟར་གང་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་འབར་བའི་རྣམ་པ་ལས་བཞེངས་པར་གྱུར་པར་བསམས་ལ། ཨོཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཞེས་པས་བསང་གཏོར་ཞབས་བསིལ་ཕུལ། ཡམ་ཤིང་ནས་ཀུ་ཤའི་བར་བསྲེག་རྫས་རྣམས་ཇི་ལྟར་འབྱོར་པ་ཕུལ་བའི་མཐར་གོང་བྱོན་ཟན་དུ་བཤད་པ་ལྟར་དགང་བླུགས་ལན་གསུམ་གཤེགས་སྐྱེམས་སུ་དབུལ། གོང་ལྟར་མཆོད་བསྟོད་བྱས་ལ། གཏོར་མ་བསང་སྦྱང་བྱིན་རླབས་སྔར་བཞིན་བྱས་ལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་དབུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མེ་སྟེ་བསྲེགས་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཅེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །བར་གྱིས་ཕྲིན་ལས་བཅོལ། འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་ཚར་གསུམ་དང་མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིག །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨགྣ་ཡེ་མུཿ མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས་
པར་གྱུར། ཅེས་བརྗོད། གཏོར་མ་ཆ་གསུམ་ངོར་པ་རྡོ་རྗེ་འཆང་གིས་མཛད་པ་ལྟར་བྱའོ། །དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་སྐབས་སུ་བབ་ཅིང་འབྲེལ་ཆགས་པ་རྒྱས་པར་མཛད། སྦྱིན་སྲེག་མང་དུ་བྱེད་ན་སླར་ཡང་ཐལ་བ་རྣམས་ཅུང་ཟད་བཅགས་པའི་སྟེང་དུ་ཨོང་བ་བརྩེགས་པ་ནས་བཀྲ་ཤིས་ཀྱི་བར་ཚུལ་སྔ་མ་ཇི་ལྟ་བར་ཉམས་སུ་བླང་བར་བྱའོ། །དེ་ལྟར་རབ་འབྱམས་གྲུབ་པ་སྟོང་གི་མཛོད། །མཐའ་ཡས་བཀྲ་ཤིས་བྱེ་བའི་དཔལ་འབར་བ། །སྦྱིན་སྲེག་ཉི་མའི་འོད་ཟེར་ཤར་བའི་མཐུས། །དགེ་ལེགས་པད་དཀར་རྒྱ་ཆེར་རྒྱས་གྱུར་ཅིག །ཅེས་རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ངག་འདོན་བཀླགས་ཆོག་ཏུ་བཀོད་པ་ཚེ་དང་བསོད་ནམས་ཉི་མ་བདུན་འབར་མ་ཞེས་བྱ་བ་འདི་ཡང༌། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་བླ་མར་མཛད་པའི་ས་སྐྱོང་བསྟན་པའི་མཚན་ཅན་གྱིས་བཀའ་ཡིས་བསྐུལ་བའི་ངོར། དཔལ་ཞྭ་ལུའི་གདན་ས་བཅུ་གསུམ་པ་མཁྱེན་བརྩེའི་དབང་ཕྱུག་དཔལ་ལྡན་སྐལ་བ་བཟང་པོའི་སྡེས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱི་གསུང་ཇི་ལྟ་བ་ལ་ཕྱག་ལེན་གྱི་རིམ་པ་ཆེར་གསལ་བར་རྔ་ཆེན་གྱི་ལོ་སྣྲོན་ཅན་གྱི་ཟླ་བའི་ཚེས་གཅིག་ལ་དཔལ་ཞྭ་ལུའི་གཙུག་ལག་ཁང་དུ་ལེགས་པར་གྲུབ་པ་འདིས་ཀྱང་རྗེ་བླ་མའི་བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས་ཤིང་བཀྲ་ཤིས་བདེ་ལེགས་མཁའ་ཁྱབ་ཏུ་འབར་ཞིང་བརྟན་པར་གྱུར་ཅིག །སརྦ་མངྒ་ལཾ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་བ་བཞུགས་སོ། །སྐྱབས་འགྲོ་སེམས་བསྐྱེད་ཐུན་མོང་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་བདུན་ནམ་གསུམ་བྱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་
ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རྣམ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་ལས་འོད་འཕྲོས། འཕགས་པ་མཆོད་དོན་གཉིས་བྱས་ཚུར་འདུས་པ་ལས། རང་ཉིད་རྗེ་བཙུན་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་མཆོག་སྦྱིན་དང༌། གཡོན་ཐུགས་ཀར་མཐེབ་སྲིན་གྱི་ཕྱག་རྒྱས། དུས་གསུམ་གྱི་སངས་རྒྱས་མཚོན་པའི་ཨུཏྤལ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། དར་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་རིགས་ལྔའི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཞེས་པ་ནས། སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད། རང་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ་ཡིག དེའི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ། ཏཱ། རེ། ཏུཏ྄། ཏཱ། རེ། ཏུ། རེ། སྭཱ། ཏཱྃ་ཡིག་གི་མཐར། མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ། ཞེས་པས་བསྐོར་བ་སྔགས་ཕྲེང་རྣམས་ཁ་དོག་དཀར་པོ་ལས་བདུད་རྩིའི་རྒྱུན་བབ་པས། ལུས་ཕྱི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་གང་བར་བསམས་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་ལོང་སྐབས་དང་
བསྟུན་པ་ཅི་འགྲུབ་བཟླས་རྗེས་གོང་བཞིན་མཆོད་བསྟོད་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །གཞན་ཡང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་ཀྱང་བྱའོ། །ཞེས་པ་འདི་ནི་སྦྱངས་སྟོབས་སོགས་ཡོན་ཏན་དུ་མས་རྒྱུད་ཕྱུག་པ་དྲུང་པ་དཔལ་ལྡན་བཟང་པོ་བས་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་བ་ཞིག་དགོས་ཞེས་པའི་བཀའ་ནན་མ་ཆོག་པའི་ཞལ་ངོར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་ཁྱབ་བདག་འཁོར་ལོའི་མགོན་པོ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་སྔ་ནས་ཀྱི་ཞབས་རྡུལ་སྤྱི་གཙུག་གིས་མཆོད་པ། བཀའ་འབངས་ཐམས་ཅད་ཀྱི་ཡང་མཐར་གྱུར་པ་རྒྱལ་ཁམས་པའི་བནྡེ་དབང་ཕྱུག་རབ་བརྟན་གྱིས་སྦྱར་བ་རྗེ་བླ་མའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཏཱ་རཱ་ཡཻ། སྟོན་མཆོག་ཐམས་ཅད་མཁྱེན་པ་སྒྲོལ་མའི་ཞབས། །ངག་གི་དབང་ཕྱུག་མྱ་ངན་མེད་པའི་དཔལ། །ལོ་ཆེན་བ་རི་གྲུབ་དབང་གླེ་ནག་པ། །བཤེས་གཉེན་སྒྲེ་པ་རྣམས་ལ་གསོལ་བ་འདེབས། །ཟླ་འོད་གཞོན་ནུ་ཚུལ་ཁྲིམས་སྙིང་པོ་དང༌། །ཤེས་རབ་བྱང་ཆུབ་དྭགས་པོ་འདུལ་བ་འཛིན། །འབྲི་གུང་གླིང་པ་དམ་ཆོས་གླིང་པའི་ཞབས། །ཆོས་ཀྱི་ཚུལ་ཁྲིམས་རྣམས་ལ༴ །ལྷ་ལུང་པ་དང་རྗེ་བཙུན་ཐོག་གནས་པ། །ཆོས་ཀྱི་དབང་ཕྱུག་བྱང་ཆུབ་བཟང་པོ་དང༌། །བཀྲ་ཤིས་རྣམ་རྒྱལ་བསོད་ནམས་ལྷ་དབང་དང༌། །དཔལ་ལྡན་རྒྱལ་མཚན་རྣམས་ལ༴ །ཕྱོགས་ལས་རྣམ་རྒྱལ་ཚར་ཆེན་རྡོ་རྗེ་འཆང༌། །འཇམ་དབྱངས་མཁྱེན་བརྩེ་བསླབ་གསུམ་རྒྱལ་མཚན་དཔལ། །
དབང་ཕྱུག་རབ་བརྟན་ཁྱབ་བདག་བཀའ་འགྱུར་བ། །བསོད་ནམས་མཆོག་གྲུབ་རྣམས་ལ༴ །མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཞབས། །ཚེ་མཐའ་ཡས་དངོས་རྨོར་ཆེན་རྡོ་རྗེ་འཆང༌། །རྩ་བའི་བླ་མ་རྗེ་བཙུན་ཀུན་དགའི་མཚན། །ཡི་དམ་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་ཚེ་སྦྱིན་མའི། །ལྷ་སྔགས་ཏིང་འཛིན་ཟབ་མོས་རྒྱུད་སྨིན་ཅིང༌། །སྐྱབས་སེམས་ཚོགས་གཉིས་སྔོན་འགྲོ་ལེགས་གོམས་ནས། །བསྐྱེད་རྫོགས་དངོས་གཞིའི་རྣལ་འབྱོར་མཐར་ཕྱིན་ཤོག །ཕྱོགས་ལས་རྣམ་རྒྱལ་འོད་ཟེར་དྲུག་སྦྲགས་གུར། །གཞོམ་བྲལ་སྲུང་འཁོར་ནང་དུ་འཕགས་མའི་སྐུ། །སྣང་སྟོང་འགྱུར་མེད་བསྐྱེད་བཟླས་ཏིང་འཛིན་མཐུས། །འཆི་བདག་བདུད་བཞིའི་དགྲ་ལས་རྣམ་རྒྱལ་ཤོག །ཅེས་གསོལ་བ་བཏབ། སྐྱབས་འགྲོ་སེམས་བསྐྱེད་ནི། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བདག་དང་འགྲོ་བ་བྱང་ཆུབ་བར། །སྐྱབས་སུ་མཆིའོ་བྱང་ཆེན་མཆོག །ཐོབ་ཕྱིར་སྒྲོལ་དཀར་བསྒོམ་པར་བགྱི། །ལན་གསུམ། སྐད་ཅིག་རང་ཉིད་འཕགས་མའི་སྐུར། །གསལ་བའི་ཐུགས་ཀའི་ཏཱྃ་ཡིག་ལས། །འོད་འཕྲོས་བླ་མ་འོད་དཔག་མེད། །སྒྲོལ་མ་འཁོར་བཅས་གནས་འདིར་གཤེགས། །ཞེས་ཚོགས་ཞིང་སྤྱན་དྲངས་ནས། གུས་པས་ཕྱག་འཚལ་མཆོད་ཚོགས་འབུལ། །སྡིག་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་བསྐུལ་བཞུགས་གསོལ་འདེབས། །དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག །ལན་གསུམ། ཚོགས་ཞིང་མཉེས་ནས་རང་ལ་ཐིམ། །རང་ལུས་གནས་ཡུལ་བརྟན་གཡོའི་དངོས། །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །གདོད་ནས་མི་དམིགས་སྟོང་པར་གྱུར། །ཞེས་ཚོགས་གཉིས་བསགས་པས་སངས་རྒྱས་ཀྱི་རྒྱུ་བསྒྲུབས་ལ་འབྲས་བུ་ལྷར་བསྐྱེད་པ་ནི། ཆོས་དབྱིངས་ངང་ལས་པྃ་པད་དཀར། །དེ་
སྟེང་ཨ་ལས་ཟླ་རྒྱས་སྟེང༌། །ཏཱྃ་དཀར་དེ་ལས་འོད་འཕྲོས་པས། །འཕགས་པའི་ཚོགས་མཆོད་སྡིག་སྒྲིབ་སྦྱངས། །འཁོར་འདས་སྣོད་བཅུད་ཚེ་གཡང་བསྡུས། །ཚུར་འདུས་ཏཱྃ་ལ་ཐིམ་འོད་ཞུ། །རང་ཉིད་རྒྱལ་བ་ཀུན་གྱི་ཡུམ། །ཚེ་སྦྱིན་སྒྲོལ་མ་དཀར་མོའི་སྐུ། །སྟོན་ཟླ་འབུམ་འོད་བཞིན་དུ་དཀར། །གཞོན་ནུ་བཅུ་དྲུག་ལང་ཚོས་སྒེག །ཞལ་གཅིག་ཕྱག་གཉིས་རིན་ཆེན་བརྒྱན། །ཕྱག་གཡས་མཆོག་སྦྱིན་འདོད་དགུ་སྩོལ། །ཕྱག་གཡོན་ཐུགས་ཀར་མཐེབ་སྲིན་གྱིས། །དུས་གསུམ་སངས་རྒྱས་མཚོན་བྱེད་པའི། །ཨུཏྤལ་རྒྱས་པའི་རྩ་བ་འཛིན། །དབུ་སྐྲ་མཐོན་མཐིང་ལན་བུ་མཆོག །ལྟག་པར་ཐོར་ཅོག་ཟར་བུ་འཕྱངས། །དར་དཀར་སྟོད་གཡོགས་དར་དམར་པོའི། །ཤམ་ཐབས་ཀྱིས་མཛེས་སྐྱིལ་ཀྲུང་བཞུགས། །ཟླ་བའི་དཀྱིལ་འཁོར་རྒྱབ་ཡོལ་ཅན། །འཛུམ་ཞིང་ཞི་ལ་སྤྱན་གསུམ་གཡོ། །ཕྱག་ཞབས་ཆུ་སྐྱེས་དམར་པོའི་ཁྲོད། །བུང་བ་དང་མཚུངས་ཡེ་ཤེས་སྤྱན། །དུས་གསུམ་ཕྱོགས་བཅུའི་འགྲོ་ལ་གཟིགས། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་དང༌། །ཐུགས་ཀར་ཟླ་སྟེང་ཏཱྃ་དཀར་པོ། །དེ་ལས་འོད་འཕྲོས་རང་བཞིན་ནས། །དུས་གསུམ་རྒྱལ་ཡུམ་སྒྲོལ་མ་དཀར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །མ་ལུས་དེང་འདིར་གཤེགས་སུ་གསོལ། །ཟག་མེད་མཆོད་སྤྲིན་རྒྱ་མཚོས་མཆོད། །ཛཿཧཱུྃ་བཾ་ཧོཿས་རང་ལ་ཐིམ། །སླར་ཡང་འོད་འཕྲོས་དབང་གི་ལྷ། །བླ་མ་རིགས་ལྔ་བདེ་གཤེགས་ཡུམ། །བྱང་སེམས་ཁྲོ་བོས་ནམ་མཁའ་གང༌། །ཚུར་གཤེགས་ཀུན་བཟང་མཆོད་པས་མཆོད། །བདག་ལ་དབང་བསྐུར་དངོས་གྲུབ་སྩོལ། །གསོལ་བ་བཏབ་པས་དབང་གི་ལྷས། །དབང་བསྐུར་ཆུ་ཡིས་སྐུ་ལུས་གང༌། །སྒྲིབ་གཉིས་དྲི་མ་བག་ཆགས་དག །རྒྱལ་བའི་སྐུ་གསུང་ཐུགས་དབང་ཐོབ། །སྤྱི་བོར་བླ་མ་འོད་དཔག་མེད། །ཉི་མ་བྱེ་བའི་གཟི་འོད་ཅན། །ལོངས་
སྤྱོད་རྫོགས་སྐུས་དབུར་བརྒྱན་གྱུར། །ཅེས་ཡན་ལག་བཞི་རྫོགས་ཀྱིས་ལྷར་བསྒོམས་ལ། མཆོད་པ་ནི། དུས་གསུམ་དགེ་ཚོགས་ལས་གྲུབ་པའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་སྒྲ། །ཀུན་བཟང་མཆོད་སྤྲིན་ལྟ་བུས་མཆོད། །བསྟོད་པ་ནི། གང་ཞིག་མཚན་ཙམ་དྲན་གྱུར་པས། །འཁོར་མཚོ་འཇིགས་པ་ལས་སྒྲོལ་ཞིང༌། །མཆོག་ཐུན་དངོས་གྲུབ་མྱུར་སྩོལ་མ། །འཕགས་མ་སྒྲོལ་མ་ཁྱོད་ལ་བསྟོད། །ཅེས་བསྟོད་ནས་ལྷ་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་འཛིན་ཞི་ལྷག་ཟུང་འཇུག་གི་ལྷ་བསྒོམས་ལ་མཉམ་གཞག་ཅི་ནུས་བྱ། དེས་དུབ་ཅིང་ངལ་ན་ཚེ་སྒྲུབ་སྲུང་འཁོར་བཟླས་དམིགས་གསལ་འདེབས་ནི། ཐུགས་ཀར་ཟླ་བའི་རང་བཞིན་གྱི། །ཆོས་འཁོར་རྩིབས་བརྒྱད་མུ་ཁྱུད་ལྔ། །ལྟེ་བར་ཏཱྃ་ཡིག་མདུན་དུ་ཨོཾ། །རྒྱབ་ཏུ་ཧཱ་ཡིག་མཐའ་སྐོར་དུ། །མ་མ་ཨཱ་ཡུཿཔུཎྱེ་དང༌། །ཛྙཱ་ན་པུཥྚིཾ་ཀུ་རུས་བསྐོར། །དེ་ཕྱིར་རྩིབས་བརྒྱད་རེ་རེའི་སྟེང༌། །ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། །མུ་ཁྱུད་ནང་མ་དབྱངས་ཡིག་དཀར། །གཡོན་སྐོར་དེའི་ཕྱིར་གསལ་བྱེད་དཀར། །གཡས་སུ་བསྐོར་ཞིང་དེའི་ཕྱི་རོལ། །རྟེན་འབྲེལ་སྙིང་པོ་གཡས་སྐོར་དཀར། །དེ་རྒྱབ་རྡོ་རྗེ་སྔོན་པོའི་ཕྱེད། །འོད་ཟེར་ལྔ་ཕྲེང་གཡས་སྐོར་འཕྲོ། །འཆི་མེད་བདུད་རྩིའི་ཟིལ་དངར་བབས། །ཐུགས་ཀའི་ཚེ་འཁོར་གསལ་བར་དམིགས། །དེ་ལས་འོད་འཕྲོས་སྐུ་ལུས་གང༌། །ནད་གདོན་སྦྱངས་ནས་ཕྱིར་འཕྲོས་པས། །སྐུ་ཡི་ཕྱི་རོལ་སྟེང་འོག་མཐར། །འཁོར་ལོ་རྩིབས་བརྒྱད་སྦུབས་སྟོང་དཀར། །རྣོ་ངར་ཤུགས་དྲག་གཡས་སྐོར་འཁོར། །ཡེ་ཤེས་མེ་རླུང་འབར་བར་གྱུར། །སླར་ཡང་ཐུགས་ཀའི་ཚེ་འཁོར་ལས། །འོད་ཟེར་དཀར་སེར་དམར་སྔོ་ལྗང༌། །མཆིན་ཁའི་མདོག་ཅན་རིམ་བཞིན་འཕྲོས། །ལུས་གང་ཞི་རྒྱས་དབང་དྲག་དང༌། །ཕྲིན་ལས་སྣ་ཚོགས་མྱུར་འགྲུབ་ཅིང༌། །བྱིན་རླབས་དངོས་གྲུབ་བརྟན་པར་བྱས། །སྐུ་ཡི་བ་སྤུའི་བུ་ག་ནས། །ཕྱི་རོལ་རིམ་བཞིན་སྤྲོས་པ་ཡིས། །འཁོར་
ལོའི་ཕྱི་རོལ་འདོམ་གང་ཙམ། །རིམ་པར་འོད་གུར་སྒོ་ངའི་དབྱིབས། །དཀར་པོ་སེར་པོ་དམར་པོ་དང༌། །སྔོན་པོ་ལྗང་གུ་མཆིན་ཁའི་མདོག །སྲ་བརྟན་གཞོམ་བྲལ་རྡོ་རྗེའི་ཁམས། །དྲི་མེད་ཉི་མ་འབུམ་གྱི་གཟི། །བར་མཚམས་ཨུཏྤལ་གསར་པའི་ཕྲེང༌། །དྲི་བསུང་དངར་པོ་འཕྲོ་བ་ཡིས། །ཕྱོགས་མཚམས་སྟེང་འོག་མ་ལུས་ཁྱབ། །སྣང་སྟོང་ཟུང་འཇུག་ངང་དུ་དམིགས། །ཞེས་གསལ་བར་བསྒོམ་ཞིང་གུར་ཁང་རེ་རེ་ནས་སེམས་འཛིན། དེ་ནས། སྤྱི་བོའི་བླ་མ་རིགས་བདག་མཆོག །ཚེ་དཔག་མེད་མགོན་དཀར་དམར་མདངས། །ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན། །དེ་ཡི་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་ཟེར་དཔག་མེད་ཕྱོགས་བཅུར་འཕྲོས། །རང་གི་བླ་ཚེ་ཡར་བ་དང༌། །སྣོད་བཅུད་འཁོར་འདས་མ་ལུས་པའི། །ཚེ་དཔལ་བསོད་ནམས་གཟི་མདངས་ཚོགས། །འོད་ཟེར་རྣམ་པར་ཚུར་བསྡུས་ནས། །ཕྱག་གི་ཚེ་བུམ་ནང་དུ་ཞུགས། །འཆི་མེད་བདུད་རྩིར་ཁོལ་ཞིང་ཞུ། །ཁ་ནས་ལུད་པས་ཚེ་ཆུའི་རྒྱུན། །སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ། །སྐུ་ལུས་ཐམས་ཅད་མེར་གྱིས་གང༌། །ཐུགས་འཁོར་ལས་ཀྱང་བདུད་རྩི་དང༌། །སྔགས་འབྲུའི་འོད་ཟེར་རབ་འཕྲོས་པས། །སྐུ་གང་ནད་གདོན་སྡིག་སྒྲིབ་དང༌། །དུས་མིན་འཆི་བའི་འཇིགས་པ་དག །རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི། །མཆོག་གི་དངོས་གྲུབ་ཐོབ་པར་གྱུར། །ཅེས་དམིགས་ལ་རླུང་རོ་བསལ། །འཇམ་རླུང་བུམ་པ་ཅན་ཅི་ནུས་པ་བཟུང་ལ། རྡོ་རྗེས་བཟླས་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། །ཞེས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར། དུས་གསུམ་དགེ་ཚོགས་ལས་གྲུབ་པའི། །སོགས་གོང་བཞིན་མཆོད་བསྟོད་བྱ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། སོགས་ཡི་གེ་བརྒྱ་པ་ལན་གསུམ་དང༌། ཨ་ཨཱ་ནས། ཨཾ་ཨཿ བར། ཀ་ཁ་ག་གྷ་ང་ནས། ཧ་ཀྵ་བར་ལན་གསུམ་རེ། ཡེ་དྷརྨཱ་ལན་གསུམ་གྱིས་དངོས་གྲུབ་བརྟན་པར་བྱ། རྗེས་
ནི། རང་གི་ཐུགས་ཀའི་ཏཱྃ་ཡིག་ལས། །འོད་འཕྲོས་ཁམས་གསུམ་སྣོད་བཅུད་ཁྱབ། །འོད་ཞུ་ཚུར་འདུས་རིམ་གྱིས་ཐིམ། །ཏཱྃ་ཡིག་ཉིད་ཀྱང་འཇའ་ལྟར་ཡལ། །སྤྲོས་བྲལ་ཆོས་དབྱིངས་ངང་དུ་གྱུར། །སླར་ཡང་སྲུང་འཁོར་སྲ་བརྟན་ནང༌། །རང་ཉིད་ཡིད་བཞིན་འཁོར་ལོའི་སྐུ། །རྡོ་རྗེ་གསུམ་དངོས་གསལ་བར་གྱུར། །ཞེས་རྟག་ཆད་མཐའ་བསལ། བསྙེན་དུས་གཏོར་མ་འབུལ་བ་ནི། དཀར་གཏོར་ཟླུམ་པོ་རྒྱན་ལྡན་ཆུ་གཙང་གིས་སྦྱངས་པའི་མདུན་དུ་མཆོད་པ་བཅས་ལེགས་པར་བཤམས་ལ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཀྱིས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་དང༌། ཨོཾ་ཨཿཧཱུྃ། གསུམ་གྱིས་བྱིན་བརླབ། སྤྱན་འདྲེན་མ་བྱས་ཀྱང་ཆོག་པས། ལྷོ་ཕྱོགས་པོ་ཏ་ལ་ནས་སྒྲོལ་མ་འཁོར་དང་བཅས་པ་བདག་ལ་ཐུགས་རྗེས་དགོངས་བཞིན་དུ་བཞུགས་པས་གཏོར་མ་གསོལ་བར་བསམ་ཞིང༌། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་མ་ཧཱ་ས་ཏྭ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ། མཱ་བི་ལམྦ་ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ནས། ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བརྗོད། རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབ་ཏུ་གསོལ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་དུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་
དངོས་གྲུབ་མ་ལས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །སྤྲོ་ཞིང་ནུས་ན་ཆ་གསུམ་གཏོར་མ་གཏང་བའི་ཕྱག་ལེན་ཀྱང་མཛད། བསྡུ་ན་མི་དགོས་ཤིང་གཤེགས་གསོལ་མི་མཛད། དགེ་བ་བསྔོ་བ་དང༌། བཀྲ་ཤིས་སྨོན་ལམ་གང་རྒྱས་མཛད། ཐུན་མཚམས་ཀུན་ཏུ། གཟུགས་སྣང་ཐམས་ཅད་ཡིད་བཞིན་འཁོར་ལོའི་སྐུར་གསལ་བཏབ། སྒྲ་ཐམས་ཅད་ཡི་གེ་བཅུ་པའི་གདངས། དྲན་རིག་ཐམས་ཅད་བདེ་སྟོང་བརྗོད་བྲལ་འོད་གསལ་ངང་དུ་བཞག་ལ་རྟོག་པའི་རྗེས་མི་འབྲང༌། དེ་ལྟ་བུའི་ངང་ནས་སཱཙྪ་འདེབས། ཚེ་མདོ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ། ཕྱག་འཚལ། མཎྜལ། གཏོར་མ་སོགས་ལ་བརྩོན་པར་མཛད་བཞིན་པས་བསྙེན་ཚད་འབུམ་ཕྲག་བཅུ་གཅིག་སོགས་མཐར་སྦྱིན་སྲེག་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་ལྟར་གནང་བ་ལེགས། དེ་ལྟར་ཚེ་སྒྲུབ་སྲུང་འཁོར་ཤིན་ཏུ་ཟབ་པ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཞེས་དངོས་གྲུབ་མྱུར་བའི་མཐར་ཐུག་པའི་སྒྲུབ་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ནི། གོང་མ་རྣམས་ཀྱི་གསུང་རབ་ཀྱི་དོན་བསྡུས་པ་བཀླགས་ཆོག་མ་ལྟ་བུར། རྗེ་བཙུན་འཕགས་མ་ཉིད་ཀྱི་རྣམ་འཕྲུལ་རྒྱལ་ཡུམ་དབང་མོ་མཆོག་གི་ཐུགས་དམ་ཉམས་བཞེས་སུ་དགོས་ཚུལ་བཀའ་ཕེབས་པ་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་འབངས། འ་ཞྭའི་རིགས་སྐྱེས་བྱ་བྲལ་རྒྱལ་ཁམས་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱིས་མི་ཤེས་བཞིན་དུ་སྐུ་ཚེ་སྲིང་བའི་རྟེན་འབྲེལ་ཁོ་ནར་དམིགས་ནས་དཔལ་ས་སྐྱའི་བཞི་ཐོག་གསང་སྔགས་ཕོ་བྲང་དུ་སྦྱར་བར་ཉེས་པར་གྱུར་གང་མཁས་པ་རྣམས་ལ་བཟོད་པར་གསོལ་ལོ། །ཨཱ་ཡུཿཔུཎྱེ་པུཥྚིཾ་ཀུ་རུ་མངྒ་ལཾ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོར་བསྡུས་པ་ནག་འགྲོས་བཀླགས་ཆོག་ཏུ་བཀོད་པ་བཞུགས་སོ། །
ན་མོ་གུ་རུ་ཨཱརྻ་ཏཱ་རཱ་ཡཻ། ཟླ་ཤེལ་པདྨོ་བཞད་པའི་ལྟེ་བ་ལ། །ཟླ་བ་ཞུན་མའི་ཡིད་འཕྲོག་ལང་ཚོ་ཅན། །ཟླ་ཞལ་མཐོང་བས་དགའ་བདེའི་དཔལ་སྟེར་མས། །ཟླ་བའི་ཆུ་རྒྱུན་བདུད་རྩིས་རིང་དུ་སྐྱོབས། །རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་པར་བྱེད་པའི་ཐབས་ཆོས་ཟབ་པ་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་དུ་གྲགས་པའི་ཉམས་ལེན་སྙིང་པོར་བསྡུས་ཏེ་རྒྱུན་ཏུ་ཉམས་སུ་ལེན་འདོད་པས། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ། སྐྱབས་ཡུལ་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཔག་བསམ་གྱི་ཤིང་གི་སྡོང་པོའི་སྟེང་པདྨ་འདབ་མ་བཞི་པའི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་གྱི་འདབ་མ་ལ་སྒྲོལ་དཀར་སོགས་ཡི་དམ། གཡས་སུ་སངས་རྒྱས་ཐུབ་པའི་དབང་པོ་སོགས་སྤྲུལ་སྐུའི་རྣམས། རྒྱབ་ཏུ་གསུང་རབ་པུསྟི་བརྩེགས་པ། གཡོན་དུ་ཉེ་བའི་སྲས་བརྒྱད་སོགས་དགེ་འདུན། གཞན་ཡང་སྐྱབས་ཡུལ་རྣམས་ཀྱིས་དཔག་བསམ་ཤིང་གི་ཡལ་ག་ལོ་མ་མེ་ཏོག་གི་ཁྲོད་ཐམས་ཅད་གང་བ་ལ་དམིགས་ནས་བདག་གཞན་ཐམས་ཅད་ལུས་ངག་ཡིད་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས། ངག་ཏུ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཉེར་གཅིག་སོགས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ལན་
གཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་བླ་མ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཾ། ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྡོམ་པ་བཟུང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་
ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་བྱེ་བ། གཡས་འབྲས་བུ། གཡོན་གང་བུའི་རྣམ་པར་ཡོད་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། དར་དམར་པོའི་ཤམ་ཐབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔའི་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ། ཞེས་པས་སྤྱན་དྲང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་
མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག དེ་ནས་བཟླས་པ་བྱ་བར་འདོད་པས། རང་གི་སྙིང་གར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ། མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་པས་བསྐོར་བ། དེའི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་ཡིག་འབྲུ་རེ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་གཡོན་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ། ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པར་བསམ། དེ་ནས། སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་
བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་ཉིད་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྦུབས་ཅན་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་གཡས་སྐོར་དུ་འཁོར་བ། མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མགར་གྱི་སོལ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་ཚིག་པར་བསམ། ཡང་སྙིང་གའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཁོར་ལོའི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དཀར་པོའི་གུར་ཁང་དུ་གྱུར། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་སེར་པོ་གསེར་ཞུན་མ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དཀར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་སེར་པོའི་གུར་ཁང་དུ་གྱུར། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱེ་རུའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་སེར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དམར་པོའི་གུར་ཁང་དུ་གྱུར། དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དམར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཐིང་
གའི་གུར་ཁང་དུ་གྱུར། དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་མརྒད་ཞུན་མའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་འགྲུབ་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་མཐིང་གའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་ལྗང་གུའི་གུར་ཁང་དུ་གྱུར། ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཆིན་ཁ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། དངོས་གྲུབ་ཐམས་ཅད་བརྟན་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་ལྗང་གུའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཆིན་ཁའི་གུར་ཁང་དུ་གྱུར། བྱིན་རླབས་དང་ཕྲིན་ལས་ཐམས་ཅད་བརྟན་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་སྒོ་ངའི་རྣམ་པ་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ་སྲ་ཞིང་མཁྲེགས་པ། བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོ་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ། རང་ཉིད་རྗེ་བཙུན་མར་གསལ་བ་ནས་བཟུང་འོད་ཟེར་མཆིན་ཁའི་གུར་ཁང་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་གི་ངང་དུ་མཉམ་པར་འཇོག དེ་བཞིན་དུ་ཕྱི་ནས་རིམ་བཞིན་དུ་ཐུགས་ཀའི་ཏཱྃ་ཡིག་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག དེ་ནས་སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་
སྒྲིབ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ། རླུང་བུམ་པ་ཅན་ཉེར་གཅིག་གམ་བདུན་ནས་གསུམ་གྱི་བར་དུ་འཛིན། དེ་ནས་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང་འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བྱང་ཞིང་དག འཆི་མེད་ཚེའི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླ། དམིགས་པ་ནམ་མི་གསལ་བའི་དུས་སྙིང་གའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་འབེབས་ཤིང་འོད་ཟེར་སྤྲོ་བསྡུའི་ཚིག་གོང་བཞིན་བརྗོད་ལ། སྔགས་དང་དམིགས་པ་སྤྲད་དེ་ཡེ་མ་ཡེངས་པར་བཟླས་པའི་རྗེས་སུ་སྔར་ལྟར་མཆོད་བསྟོད་དང༌། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་ཡིག་བརྒྱ་རྣམས་ཚར་གསུམ་རེས་བྱིན་རླབས་བརྟན་ཞིང་ལྷག་ཆད་ཁ་བསྐང༌། དེ་ནས་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་ནས་འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་འོད་ལྗང་གུའི་གུར་ཁང་ལ་ཐིམ། དེ་འོད་མཐིང་གའི་གུར་ཁང་ལ་ཐིམ། དེ་འོད་དམར་པོའི་གུར་ཁང་ལ་ཐིམ། དེ་འོད་སེར་པོའི་གུར་ཁང་ལ་ཐིམ། དེ་འོད་དཀར་པོའི་གུར་ཁང་ལ་ཐིམ། དེ་འཁོར་ལོའི་གུར་ཁང་ལ་ཐིམ། དེ་རང་རྗེ་བཙུན་མར་གསལ་བ་ལ་ཐིམ། དེ་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ཏཱྃ་ཡིག་ལ་ཐིམ།
དེའི་ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ། ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག རྟོག་པ་འཕྲོ་ན། རང་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སོགས་ཀྱིས་སྨོན་ལམ་དང་བཀྲ་ཤིས་བརྗོད་དོ། །དེ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ། ཇོ་བོ་རྗེ་ནས་བརྒྱུད་པ། གཉན་ལོ་ཙཱ་བ་ནས་བརྒྱུད་པ། བ་རི་ལོ་ཙཱ་བ་ནས་བརྒྱུད་པ། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བརྒྱུད་པ་སྟེ། བོད་ཡུལ་དུ་བརྒྱུད་པའི་བཀའ་སྲོལ་མི་འདྲ་བ་བཞི་ཙམ་བྱོན་པའི་མན་ངག་གི་སྙིང་པོ་བསྡུས་པ། གཙོ་ཆེ་བ་བ་རི་བའི་སློབ་བརྒྱུད་བླ་མ་གླེ་ནག་པས་དགེ་བའི་བཤེས་གཉེན་སྒྲེ་པ་ལ་གནང་བའི་ཉམས་ལེན་ངོ་མཚར་བའི་གཏམ་རྒྱུད་དང་བཅས་པ་འདི་ནི་ཚེ་སྒྲུབ་ཀྱི་མན་ངག་ལ་ཟབ་པའི་མཐར་ཐུག་པར་གྲགས་སོ། །ཞེས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཁྱད་པར་ཅན་འོད་ཟེར་དྲུག་སྦྲགས་མ་རྒྱུན་དུ་ཉམས་སུ་ལེན་ཚུལ་ཚར་ཆེན་ཡབ་སྲས་ཀྱི་གསུང་ལྷན་ཅིག་ཏུ་བཀོད་ཅིང་སོགས་ཁོང་རྣམས་ཀྱང་ནག་འགྲོས་དཀྱུས་གཅིག་ཏུ་བྲིས་པ་འདི་ཡང་གཉེར་དབོན་བསོད་ནམས་མཆོག་ལྡན་ནས་ངོས་ཀྱི་རིམ་གྲོར་དགོན་ཁག་སོགས་སུ་སྒྲོལ་དཀར་གྱི་ཚེ་སྒྲུབ་འཛུག་འདུན་ལ་ཡིག་ཆ་ཞལ་གསལ་ཅན་དགོས་ཞེས་བསྐུལ་ངོར་ས་སྐྱ་པ་ཀུན་བློས་མགྱོགས་པར་སྦྱར་བ་དགེ། སརྦ་མངྒ་ལཾ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་སྒྲུབ་ཅིང་མཆོད་པའི་ཆོ་ག་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་
བཞུགས་སོ། །ན་མོ་གུ་རུ་བྷྱཿ འཆི་མེད་རྟག་པ་དམ་པའི་སྣང་བ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་སྦྱིན་མཛད་པ། །འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་ཡིས། །འཆི་མེད་གྲུབ་པའི་དགའ་སྟོན་མཆོག་སྩོལ་ཅིག །གང་དེའི་ཐུན་མོང་མ་ཡིན་པའི། །སྒྲུབ་ཅིང་མཆོད་པའི་ཟླ་ཤེལ་ནི། །ཕུན་ཚོགས་ཚེ་དང་བློ་གྲོས་ཀྱི། །བདུད་རྩིའི་རོལ་མཚོ་རྒྱས་ཕྱིར་འཆད། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང་མན་ངག་གི་རྒྱུན་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་གིས་རང་གཞན་གྱི་ཕན་བདེའི་དགའ་སྟོན་སྤེལ་བའི་སླད་དུ་གནས་གཙང་ཞིང་ཡིད་དང་མཐུན་པར་རྗེ་བཙུན་མའི་སྐུ་བརྙན་བྲིས་འབུར་གང་རིགས་ཀྱི་མདུན། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཎྜ་ལར་རྡུལ་ཚོན་གྱིས་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བར་ཟླ་གདན་ལ་ཚོམ་བུ་དཀར་པོ་གཅིག་བཀོད། དེའི་གཡས་སུ་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡོན་དུ་རྗེ་བཙུན་མར་འབུལ་གཏོར་དཀར་ཟླུམ། མདུན་དུ་བྱང་ཤར་ནས་བརྩམས་ཏེ་གཏོར་མ་ཆ་གསུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར། རང་གི་མདུན་དུ་རྡོར་དྲིལ་མེ་ཏོག་གི་སྣོད་སོགས་སྟ་གོན་བྱ། གཉིས་པ་ལ་གསུམ་ལས། དང་པོ་བདག་བསྐྱེད་ནི། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་སྟན་བདེ་བ་ལ་འདུག་སྟེ། ཐོག་མར་མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་ལམ་གྱིས་གསལ་བཏབ་ནས། དེ་དག་གི་གསང་གསུམ་གྱི་ཡོན་ཏན་ཡིད་ལ་དྲན་བཞིན་དུ་བརྒྱུད་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་བྱ། དེ་ནས་མཆོད་པ་རྣམས། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭཱ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་
འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། དྷརྨཱ་ར་ཎི་ཏ་རོལ་མོ་དང་བཅས་པ་ལན་གསུམ་གྱིས་བྱིན་དབབ་པ་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནས་བརྩམས་ཏེ་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་སྒྲུབ་ཐབས་ཇི་ལྟ་བ་བཞིན་ལ། བླ་མ་དང་སྦྱིན་བདག་སོགས་ཀྱི་ཆེད་དུ་ཡིན་ན་དམིགས་པའི་ཁྱད་པར། ཐུགས་སྲོག་ཏཱྃ་ཡིག་གི་ཀླད་ཀོར་ནང་དུ་བླ་མ། ཁོག་པར་བསྒྲུབ་བྱའི་གཙོ་བོ་དང༌། མདུན་རྒྱབ་གཡས་གཡོན་སོགས་སུ་བསྒྲུབ་བྱ་གཞན་རྣམས་ངོ་བོ་དེ་ཀ་ཡིན་པ་ལ། རྣམ་པ་གཞོན་ཚུལ་ལང་ཚོ་རྒྱས་ཤིང་གོས་རྒྱན་སོགས་ཕུན་སུམ་ཚོགས་པར་བསྒོམ། ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་གྲུབ་ནས། ངོ་བོ་བསྒྲུབ་བྱ་ལ་རྣམ་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་གྱེན་འགྲེང་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་རེ་རེར་གསལ་བཏབ། རང་དང་བསྒྲུབ་བྱའི་སེམས་གཉིས་ཀའི་ངོ་བོ་བློ་འདས་བརྗོད་བྲལ་དུ་ཤེས་པར་བྱས་ལ་འཛིན་མེད་དུ་འཇོག་གོ །གཉིས་པ་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་ལའང་གསུམ་ལས། དང་པོ་ཚོམ་བུ་ལྷར་བསྐྱེད་ཅིང་བཟླས་པ་བྱ་བ་ནི། སྔར་ལྟར་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ཞེས་པ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་པའི་ཚིག་རྣམས་དོར། དེ་ནས་རྡོ་རྗེ་དྲིལ་བུ་སྤོས་བཅས་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །སོགས་ཤླཽ་ཀ་གསུམ་གྱི་མཐར། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧེ། ཞེས་
པས་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །སོགས་ནས། འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་སྐུ་ཁྲུས་གསོལ། བདག་དང་འགྲོ་ལ་སོགས་ནས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱའི་བར་གྱིས་མཆོད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿ ཕྱག་རྒྱ་དང་བཅས་པས་དགུག་གཞུག་བཅིང་ཞིང་མཉེས་པར་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན་བར་བདག་བསྐྱེད་བཞིན་ལ། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ། འདི་ལ་ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །དེ་ནས། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཤླཽ་ཀ་གཅིག་གིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ་ཞེས་པའི་བར་བདག་བསྐྱེད་བཞིན་ལ། དེ་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། སྔགས་ཡི་གེ་བཅུ་པ་སྤེལ་ཚིག་དང་བཅས་པ་ཅི་ནུས་བཟླ། ཚེ་སྒྲུབ་དམིགས་བསལ་བྱེད་ན། སླར་ཡང་མདུན་བསྐྱེད་ཀྱི་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དཔག་མེད་ནས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་སོང་
བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་དང༌། རྗེ་བཙུན་མའི་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། «འདི་སྐབས་བསྒྲུབ་བྱ་གསལ་འདེབས་ཚུལ་མདུན་བསྐྱེད་ཀྱི་ཐུགས་ཀར་བསྒོམ་ནའང་རུང་མོད། ཡིག་ཆ་གཞན་ལས་བདག་མདུན་གཉིས་ཀྱི་བར་དུ་ཟླ་བའི་གདན་ལ་བསྒྲུབ་བྱ་ཉིད་གོས་རྒྱན་གཟབ་འཕྱོར་ཕུན་སུམ་ཚོགས་པས་མདུན་བསྐྱེད་ལ་གདོང་ཕྱོགས་ཏེ་གུས་པའི་ཚུལ་གྱིས་འཁོད་པར་བསམ་ཞེས་འབྱུང་བ་ལྟར་དམིགས་ཀྱང་ལེགས་ཤིང༌། བུམ་བསྐྱེད་སྐབས་ཀྱང་དེ་གཉིས་གང་ལྟར་བྱས་ཀྱང་རུང་ངོ༌།»རང་དང་བསྒྲུབ་བྱའི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཚུན་ཆད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པར་བསམས་ལ་སྔགས་བཟླ།«འདིར་འོད་ཟེར་དྲུག་སྦྲགས་ཀྱི་དམིགས་པ་ཡོངས་རྫོགས་མདུན་བསྐྱེད་ལ་སྦྱར་བའི་ཚུལ་ཀྱང་སྣང་བ། དེ་ལྟར་ན། རང་གི་ཕྱི་རོལ་དུ་སོགས་ལ་མདུན་བསྐྱེད་ཀྱི་ཕྱི་རོལ་ཏུ་སོགས་དང༌། མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་དཀར་པོ་འཕྲོས་སོགས་དང༌། རང་དང་བསྒྲུབ་བྱའི་ལུས་ཀྱི་ནང་ཐམས་ཅད་གང༌། སོགས་ཀྱིས་མཚོན་ཚིག་གི་ཁ་བསྒྱུར་ཚུལ་རིགས་འགྲེ་སྦྱར་དགོས་པར་སྣང་ནའང༌། ཞྭ་ལུ་བ་སོགས་ཀྱི་ཡིག་ཆར་དེ་ལྟ་བུའི་དམིགས་བསལ་མི་སྣང་བས་འདིར་མ་བྲིས་ལ། སྤྲོ་ན་འགལ་བ་མེད་པར་སེམས།» ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་ཡིག་བརྒྱ་རྣམས་ལན་གསུམ་རེས་ལྷག་ཆད་ཁ་བསྐང་ཞིང་དངོས་གྲུབ་བརྟན་པར་བྱ། མཐར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །གཉིས་པ་བུམ་བསྐྱེད་བཟླས་པ་དང་བཅས་པ་ནི་བུམ་པའི་སྟེང་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བའི་སྟེང་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་བཞག བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་
ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་པའི་ཚིགས་དོར། བདག་ལ་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར། གོང་བཞིན་མཆོད་ཅིང་བསྟོད་ལ། བུམ་ནང་གི་ལྷ་ཡི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་སོགས་ནས། གཡས་སྐོར་དུ་ཡོད་པ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་ཡི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་དང༌། སྐུའི་ཆ་ཐམས་ཅད་ནས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་བསམ་ཞིང་གཟུངས་ཐག་ནས་གཟུང་སྟེ། སྔགས་སྤེལ་ཚིག་ཅན་སྟོང་ཕྲག་སོགས་བཟླས་མཐར་གཟུངས་ཐག་བསྡུ། སྤྲོ་ན། སླར་ཡང་བུམ་པའི་ལྷ་ཡི་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དཔག་མེད་སོགས་གོང་བཞིན་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་བཟླས་ཀྱང་བྱ། ཡིག་བརྒྱ་དང་དབྱངས་གསལ་རྟེན་སྙིང་རྣམས་ཚར་གསུམ་རེའི་མཐར་གསོལ་བ་གདབ། གསུམ་པ་མདུན་བུམ་ཐུན་མོང་དུ་མཆོད་བསྟོད་དང་མདུན་བསྐྱེད་ལ་གཏོར་མ་འབུལ་བ་ནི་མར་མེ་ལ་སོགས་པ་སྦར་ནས། མཆོད་པ་རྣམས་བསང་སྦྱང་ལ་བྱིན་རླབས་གོང་བཞིན་ལ། ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་ཡིད་བཞིན་འཁོར་ལོ་དང་། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །ཚེ་དང་
ཡེ་ཤེས་སྩལ་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཏཱ་རཱ་ས་པ་རི་ལྲཱ་ར་སརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ། མེ་ཏོག གདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་ནས། ཤབྡའི་བར་སྦྱར་བས་མཆོད་ཅིང་། དྷརྨཱ་ར་ཎི་ཏས་རོལ་མོ་དབུས། སྤྲོ་ན་རྒྱལ་སྲིད་སྣ་བདུན་དང་། འདོད་ཡོན་ལྔ་རྣམས་སྤྱི་ལྟར་སྦྱང་བས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། འཁོར་བ་ལས་སྒྲོལ་སོགས་ནས། འཁོ་ལོ་ཅན་ལ་ཕྱག་འཚལ་ལོ། ཞེས་པའི་བར་གྱིས་བསྟོད། བཅོམ་ལྡན་འདས་མས་སོགས་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཨོཾ་ཨཱཿ ཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ་དུང་ཆོས་ཀྱི་ཆུ་བུམ་ནང་དུ་ཕུལ། ཞྭ་ལུ་མཁན་ཆེན་གྱིས་འདི་ལྟར་མཛད་སྣང་བ་རྗེས་གནང་སོགས་ཀྱི་ཚེ་འདི་ཁོན་འཐད་ཅིང་། གཞན་རྗེས་ཆོག་གི་བཟོད་གསོས་རྗེས་སུ་ཕུལ་ཀྱང་ཆོག གཏོར་མ་རྣམས་ཆབ་གཙང་མས་བྲན་ཏེ་བསང་སྦྱང་། སྟོང་བའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་། འདིར་ཡེ་ཤེས་པ་གཤེགས་པ་རྒྱུད་སྡེ་འོག་མ་སྤྱིར་བཏང་ལྟར་བྱས་ཀྱི། དཀོན་མཆོག་ལྷུན་གྲུབ་སོགས་ཀྱི་ཡིག་ཆར་དམ་པ་དབྱེར་མེད་དུ་འོད་དུ་མཛད་པ་ལྟར་བྱས་ཀྱང་རུང་ངོ་། རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷ་ཡི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུྃ། ལན་གསུམ་གྱིས་བརླབ། གཏོར་མ་དང་པོ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ནམ་སྶརྦ་བུ་དྡྷ་བོདྡྷི་ས་ཏྭཱ་ནཱི། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་མ་ཧཱ་ས་ཏྭ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། ཨི་དཾ་བ་ལིཾ་གྲིཧྞཱ་པ་ཡ། ཧཱུྃ་ཧཱུྃ་སརྦ་བི་སསྩ་རེ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ། མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྦྱོར་རོལ་མོ་དང་བཅས་པས་མཆོད། ལྷ་དང་ལྷ་མིན་
ཅོད་པན་གྱིས། སོགས་ཤློ་ཀ་གཅིག་གིས་བསྟོད། རྗེ་བཙུན་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབ་ཏུ་གསོལ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་ལྷག་མ་རྣམས་ཆ་གསུམ་གྱི་ཆོ་གས་བཏང་ངོ་། གསུམ་པ་རྗེས་ནི། མཆོད་པ་རྣམས་ལ་གསོ། བསང་སྦྱང་བྱིན་རླབས་སྔར་བཞིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཏཱ་རཱས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྷའི་བར་དང་། དྷརྨཱ་ར་ཎི་ཏས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་མས་གོང་དུ་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་བ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཞག་གྲངས་སྦྲེལ་ནས་བྱེད་ན། ཉིན་སྔ་མ་རྣམས་སུ། ཕྱོགས་བཅུ་ན་སོགས་ནས། བྱེ་བྲག་ཏུ་ཚོམ་བུའི་རྟེན་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་སོགས་ཀྱིས་བརྟན་བཞུགས་བྱ། གྲོལ་རྒྱུའི་ཐུན་ཐ་མ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཚོམ་བུའི་ཡེ་ཤེས་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། གང་ལྟར་ཡང༌། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང༌། ཆེ་
བའི་ཆེ་མཆོག་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་སིལ་མ་དགྲམ་ཞིང༌། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འཆི་མེད་ཚེ་དང་བསོད་ནམས་ཡེ་ཤེས་ཀྱིས། །འཆི་མེད་གྲུབ་པའི་དགེ་མཚན་བརྙེས་འདོད་ན། །འཆི་མེད་ཡིད་བཞིན་འཁོར་ལོ་འདི་སྟེན་དང༌། །འཆི་མེད་གོ་འཕང་ཐོབ་པར་གདོན་མི་ཟ། །དེ་སྐད་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཁྱབ་བདག་བླ་མའི་ཐུགས་རྗེའི་བདུད་རྩི་ཡིས། །མོས་གུས་པདྨོའི་དགའ་ཚལ་དར་བབས་པས། །རང་དང་སྐལ་མཉམ་གཞན་ལ་ཕན་ཕྱིར་གདམས། །གང་ལས་བྱུང་བའི་ལེགས་བྱས་སྣང་བ་ཡིས། །སྲིད་དང་ཞི་བའི་གདུང་བ་ཀུན་བསལ་ནས། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །འཆི་མེད་མགོན་དེའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་སྒྲུབ་ཅིང་མཆོད་པའི་ཆོ་གའི་ངག་འདོན་སྙིང་པོར་བྲིས་པ་འདི་ཡང༌། གནས་གསར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང༌། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་སོགས་ལུགས་འདི་ལ་ཚད་མར་གྱུར་པ་རྣམས་ཀྱི་གསུང་གི་སྣང་བ་ལ་བརྟེན་ནས་རང་གཞན་མང་པོར་ཕན་པའི་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་བདུན་ལས་ཆོས་ཚུལ་འདིའི་བཀའ་དྲིན་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྐྱར་བ་དགེ་ལེགས་སུ་གྱུར་ཅིག། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཆོ་ག་གསལ་བར་བཀོད་པ་འཆི་མེད་གྲུབ་པའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །དྲན་པས་ཚེ་དང་ཡེ་ཤེས་མཆོག་སྟེར་བའི། །བླ་མ་ཡིད་
བཞིན་འཁོར་ལོར་གུས་བཏུད་ནས། །གང་དེའི་ཐུན་མོང་མིན་པའི་རྗེས་གནང་ཚུལ། །འཆི་མེད་གྲུབ་པའི་བདུད་རྩིའི་དགའ་སྟོན་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཡར་ངོའི་ཚེས་བརྒྱད་ལ་སོགས་པའི་དུས་ཁྱད་པར་ཅན་གྱི་ཚེ། སྟེགས་ཀྱི་ཁར་མཉྫིའི་སྟེང་དུ་མཎྜ་ལར་པདྨ་དཀར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་གདན་ལ་ཚོམ་བུ་དཀར་པོ་གཅིག་བཀོད། མདུན་དུ་གཏོར་མ་དཀར་ཟླུམ་དང༌། ཆོ་ག་རྒྱས་པ་ལྟར་ན་ཆ་གསུམ་ཡང་བཤམ། མཐའ་སྐོར་དུ་མཚམས་འཛིན་མེ་ཏོག་དང་བཅས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། བུམ་པ་བཅུད་ལྡན། མེ་ཏོག་གི་སྣོད། སློབ་མ་ལ་དགོས་པའི་མཎྜལ་མེ་ཏོག་སོགས་སྟ་གོན་བྱའོ། །གཉིས་པ་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མའི་བྱ་བ་གཉིས་ལས། དང་པོ་ནི། རྒྱས་པར་སྤྲོ་ན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདུད་རྩིའི་རོལ་མཚོ་ལས་ཇི་ལྟར་འབྱུང་བ་བཞིན་གཏོར་མ་ཆ་གསུམ་གྱི་བར་ཉམས་སུ་བླང༌། དེ་ཙམ་མི་ནུས་ན། ཐོག་མར་བརྒྱུད་འདེབས་སྔོན་དུ་འགྲོ་བས་མཆོད་པ་རྣམས། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བརླབ། དྷརྨཱ་ར་ཎི་ལན་གསུམ་གྱིས་བྱིན་དབབ། བདག་བསྐྱེད་སྐྱབས་འགྲོ་ནས་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་སྒྲུབ་ཐབས་ལྟར་བྱ།
མདུན་བསྐྱེད་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན། ཞེས་པའི་བར་བདག་བསྐྱེད་བཞིན་ལ་རང་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་བ། ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར། མཆོད་པ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། དྷརྨཱ་ར་ཎི་ཏས་རོལ་མོ་དབུལ། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། གཏོར་མ་ཆབ་ཀྱིས་བྲན་ལ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷ་ཡི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མསྶ་མནྟ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་མཧཱ་ས་ཏྭ། སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ། མཱ་བིལམྦ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད་ཅིང་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་སོགས་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ། དེ་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པར་བསམས་ལ་སྔགས་སྤེལ་ཚིག་ཅན་ཅི་ནུས་བཟླས་མཐར་གོང་བཞིན་གསོལ་བ་བཏབ། བུམ་པའི་ཁར་དུང་ཆོས་དྲི་བཟང་གི་ཆུས་གང་
བའི་སྟེང་གཟུངས་ཐག་རྡོ་རྗེ་བཞག་ལ། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ནང་དུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་སོགས་ནས། བསྟོད་པའི་བར་མདུན་བསྐྱེད་བཞིན་བྱ། བུམ་ནང་གི་ལྷ་ཡི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་སོགས་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་ནང་གི་ལྷ་ཡི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་དང༌། སྐུའི་ཆ་ཤས་ཐམས་ཅད་ནས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར་པར་བསམ་ལ། སྔགས་སྤེལ་ཚིག་ཅན་སྟོང་ཕྲག་གཅིག་བཟླ། གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་«དཀོན་མཆོག་ལྷུན་གྲུབ་སོགས་ཀྱི་ཡིག་ཆར་དམ་ཡེ་དབྱེར་མེད་འོད་ཞུ་མཛད་སྣང༌། གཞན་རྒྱུད་སྡེ་འོག་མ་གསུམ་ལ་འདི་བཞིན་ནོ།། »པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་བརྗོད་ཅིང་དུང་ཆོས་ཀྱི་ཆུ་བུམ་ནང་དུ་ཕུལ། གཉིས་པ་སློབ་མ་ལ་བྱ་བ་ནི། དབང་གིས་སྨིན་ཅིང་སྣོད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་རང་རང་གི་གྲལ་ལ་སྙིམས་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་
སེམས་ཅད་ཐམས་ཅད་ཀྱི་དོན་དུ། སོགས་ཀུན་སློང་དང་ཀུན་སྤྱོད་གསལ་འདེབས་སྔོན་དུ་འགྲོ་བས། ངེས་འབྱུང་དང་བྱང་ཆུབ་སེམས་ཀྱི་གཏམ་ཅི་རིགས་པ་དང༌། བཤད་བྱའི་ཆོས་མདོ་སྔགས་ཀྱི་བྱེ་བྲག རྒྱུད་སྡེའི་དབྱེ་བསྡུ་སོགས་ཇི་ལྟར་འཚམས་པ་བཤད་རྗེས། ལོ་རྒྱུས་ཀྱི་ཁྱད་པར། ད་ལམ་འདིར་སྐབས་སུ་བབས་པ་ནི། སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་གནས། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་ཆོས་སྒྲུབ་པའི་དལ་འབྱོར་གྱི་ལུས་རྟེན་ཡུན་རིང་དུ་འཚོ་བའི་ཐབས་ཚུལ་ལྷུར་ལེན་པ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང༌། དེ་ལའང༌། ལུས་དང་ངག་གི་ལས་ཀྱིས་ཕྱི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། །ནོར་བུ་སྨན་སོགས་ཕྱི་ཡིན་ཏེ། །རྣལ་འབྱོར་ནུས་པ་ནང་གིའོ། །ཞེས་གསུངས་པ་ལྟར་ཕྱི་ནོར་བུ་རིན་པོ་ཆེའི་རིགས་དང་བཅུད་ལེན་གྱི་སྨན་སྦྱོར་སོགས་ལ་བརྟེན་པ་དང༌། ནང་རྣལ་འབྱོར་པའི་བསམ་གཏན་གྱི་ནུས་པས་ཚེ་སྲིང་བའི་ཐབས་གཉིས་སུ་ཡོད་པ་ལས། འདིར་ནང་གི་རྣལ་འབྱོར་མཆོག་ཏུ་གྱུར་པ་མཚན་འཛིན་པའམ། སྐུའི་སྣང་བརྙན་དྲན་པ་ཙམ་གྱིས་ཀྱང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་སོགས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་ལ་བརྟེན་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་དཀའ་བ་མེད་པར་འཐོབ་ནུས་པའི་ལྷག་པའི་ལྷ་ཁྱད་པར་ཅན། བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་གཏོགས་པ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོའི་སྐོར་ཡིན། དེ་ལའང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ནི། སྙིང་
རྗེ་ཆེན་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ནས་རིམ་པར་བརྒྱུད་པའི་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཞེས་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་ཟབ་མོ་འབུལ་བའི་སྐབས་ཡིན། དེ་ལའང་ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན། རྗེ་བཙུན་སྒྲོལ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་རིང་པོར་འཚོ་བའི་ཐབས་ཚུལ་གྱི་ཆོ་ག་མ་ལུས་པ་ཕྱོགས་གཅིག་ཏུ་བསྡུས་པ་འཆི་བདག་སླུ་བའི་རྟོག་པ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་ཞིག་མཛད་པ་ལས། སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས་ཚུལ་འདི་ཉིད་ཀྱང་བྱུང་བ་ཡིན་ཞིང༌། འདིའི་མན་ངག་རྣམས་སློབ་དཔོན་ཉིད་ལ་སྒྲོལ་མས་དངོས་སུ་གནང་སྐད། དེ་ལ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བླ་མ་རྡོ་རྗེ་གདན་པས་གསན། སྒྲུབ་ཐབས་ཀྱང་མང་དུ་མཛད། དེ་ལ་སྙིང་རྗེའི་དབང་ཕྱུག་འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་གསན། སྒྲུབ་ཐབས་མང་པོ་བོད་དུ་བསྒྱུར། དེ་ལ་བླ་མ་གླེ་ནག་པས་གསན། སྒྲུབ་པ་ལོ་དྲུག་ཏུ་མཛད་པས་མངོན་སུམ་དུ་ཞལ་གཟིགས་ཏེ་ཆོས་ཀྱི་བདུད་རྩི་བཞེས། འདིས་ཇོ་བོ་རྗེ་ལས་བརྒྱུད་པའི་མན་ངག་ཀྱང་སྤྱན་སྔ་རིན་པོ་ཆེ་ལས་གསན་ཞེས་ལོ་རྒྱུས་ཁ་ཅིག་ལས་འབྱུང༌། དེ་ལ་དགེ་བའི་བཤེས་གཉེན་སྒྲེ་པ་རིན་པོ་ཆེས་གསན་པ་ཡིན་ཏེ། ཁོང་གིས་དང་པོར་ཐོས་བསམ་མཛད་པའི་དུས་སུ་ལ་སྟོད་སྟག་རི་བ་ཡིན་ཟེར་བའི་རྣལ་འབྱོར་པ་གཅིག་ལ་ལག་རིས་བསྟན་པས། ཇོ་བོ་བཙུན་པ་ཁྱོད་ལ་ཆོས་ཀྱི་ལས་འཕྲོ་གཤའ་མ་གཅིག་འདུག་པ་ལ་ཚེ་ལ་ལོང་མི་འདུག་སྟེ། ལོ་གསུམ་ལས་མི་ཐུབ་པར་འདུག་ཟེར་བ་དང༌། སྔར་ནས་ཁོང་རང་གི་རྨི་ལམ་དུ་ལྟས་ངན་ཡང་ཡང་བྱུང་བ་གཉིས་འཛོམ་པས། ཚེ་འདི་ལ་ཐུགས་གཤའ་མ་རང་བྱུང་སྟེ་ལོ་གཅིག་ཐུབ་བམ་ཅི་ཙམ་ཐུབ་ཐུབ་ཀྱི་ཚེ་ལྷག་མ་འདི་ལ་ཆོས་ལག་ལེན་གཤའ་མར་ཐེབས་
པ་ཅིག་བྱ། དེ་ལ་ཐོག་མར་གདམས་ངག་ཁྱད་པར་ཅན་སྟོན་པའི་དགེ་བའི་བཤེས་གཉེན་ཅིག་བཙལ་དགོས་དགོངས་ནས་གསན་པ་འཕྲོ་བཅད་ནས་དབུས་སུ་བྱོན་པའི་ལམ་ཁར་གཞུའི་མཁར་གོང་དུ་བླ་མ་གླེ་ནག་པ་དང་མཇལ་ནས་ལོ་རྒྱུས་བྱས་པས། བྱང་ཆུབ་སྒྲུབ་པ་ལ་ལམ་གྱི་བར་ཆད་སེལ་བའི་ཐབས་ཁྱད་པར་ཅན་ང་ལ་ཡོད་ཀྱི་སྟོན་པ་ཁྱོད་ཐུགས་བདེ་འབོལ་གྱིས་ཐོང་ཞིག་གསུངས་ནས་འདིའི་སྒྲུབ་ཐབས་གདམས་ངག་དང་བཅས་པ་མ་ལུས་པ་གནང༌། ད་ཁྱོད་ཀྱིས་གཞན་དུ་མ་འགྲོ་བར་འདི་རང་དུ་སྡོད་ལ་སྒོམས་ཤིག་གསུངས་ནས། ལུང་པ་དེ་རང་གི་ལུང་ལག་མཁར་ལུང་བྱ་བ་ཅིག་གི་ཕུར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཟླ་བ་བཅུ་གཅིག་ལོན་ཙ་ན་རྗེ་བཙུན་མས་ཞལ་མངོན་སུམ་དུ་གཟིགས་ནས་ཁྱོད་ཀྱིས་ལོ་དྲུག་ཅུ་ཙམ་ཐུབ། སེམས་ཅན་ལ་ཕན་ཐོགས་པར་འོང་གསུངས། དེ་ནས་ཕྱིས་དགུང་ལོ་དྲུག་ཅུ་ལོན་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ངའི་སྐུ་ཅིག་བཞེངས་དང་ལོ་བཅུ་ཙམ་སྡོད་པར་འདུག་གི་གསུངས་ནས་རས་བྲིས་ཅིག་བཞེངས་སྐད། དགུང་ལོ་བདུན་ཅུ་བཞེས་པའི་དུས་སུ་གསོལ་བ་བཏབ་པས་ཡང་ངའི་སྐུ་གཅིག་བཞེངས་དང་ལོ་བཅུ་ཐུབ་པར་འདུག་གསུངས་ནས་ལུགས་མ་ཅིག་བཞེངས་སྐད། སྐུ་དེ་གཉིས་བྱིན་རླབས་ཆེ་བར་གྲགས་ཏེ། རས་བྲིས་དེ་ཕྱིས་ར་སྒྲེང་ན་བཞུགས་སྐད། དགུང་ལོ་བརྒྱད་ཅུ་བཞེས་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ད་རུང་ང་ཡི་སྐུ་ཅིག་བཞེངས་ན་ལོ་མང་དུ་ཐུབ་པར་འདུག་གསུངས་པ་ལ། ཁོང་རང་གི་བཞུགས་སའི་མདུན་གྱི་གྱང་ལོགས་ལ་རི་མོ་ཅིག་བཞེངས་སྐད། དེ་ནས་ལོ་བཅོ་ལྔའི་བར་དུ་བཞུགས་ཏེ། ཡོངས་སུ་རྫོགས་པ་དགུང་ལོ་དགུ་བཅུ་རྩ་ལྔར་བཞུགས་པར་གྲགས་སོ། །འདིས་སྤྱན་སྔ་རིན་པོ་ཆེ་ལས་ཇོ་བོ་ནས་བརྒྱུད་པའི་གདམས་པ་རྫོགས་པར་གསན་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར། དེ་ལ་སྟོན་མཆོག་ཐུབ་པའི་དབང་པོས་མ་འོངས་པ་ན་
རི་བྲག་ཚང་ཚིང་ཅན་དུ་ཆོས་སྨྲ་བའི་དགེ་སློང་འཚོ་བྱེད་ཅེས་འབྱུང་ཞེས་ལུང་བསྟན་པའི་ས་གསུམ་ན་མཉམ་མེད་སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་གསན་ཏེ། རྗེ་དེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཉིས་བཞེས་པའི་དུས་སུ་སྒྲུབ་པ་མཛད་པས་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ནའང༌། མཁའ་འགྲོས་སྐུ་ཚེའི་ཚད་ལོ་གསུམ་ལས་མེད་པར་ལུང་བསྟན་པས། རྒྱལ་ཁམས་སུ་རོ་སྙོམས་ཀྱི་སྤྱོད་པ་ལ་བྱོན་པ་ན་ཨེ་ནས་མར་ཕེབས་པས་དགེ་བའི་བཤེས་གཉེན་སྒྲེ་པ་དང་མཇལ་བས། ཁོང་ན་རེ། ཁྱེད་སྐྱེས་བུ་དམ་པ་ཅིག་ཏུ་འདུག་པས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འདུག་གི་གསུངས་པས། བླ་མ་སྒམ་པོ་པས། ང་ལ་སེམས་ཅན་གྱི་དོན་བྱ་བའི་ལོང་མེད། མཁའ་འགྲོ་མའི་ལུང་བསྟན་ལ་ད་ཚེ་ལོ་གསུམ་ལས་མེད་གསུངས་པ་བྱུང་བའི་ཚུལ་ཞུས་པས། དགེ་བཤེས་སྒྲེ་བའི་ཞལ་ནས། འོ་ན་ང་ལ་དེས་མི་གནོད་པའི་ཐབས་ཡོད་ཀྱི། རོ་ཁུང་བྲུས་ཀྱང་ཨའུ་རྩི། རྐང་ལག་འཐོར་ཡང་ཨའུ་རྩི། འཆི་རྟགས་ཚང་ཡང་ཨའུ་རྩི་བའི་གདམས་ངག ཇོ་མོ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བྱ་བའི་གདམས་པ་ཁྱད་པ་ཅན་ཞིག་ཡོད་ཀྱི་གསུངས་ནས་འདི་གནང་བས་དགུང་ལོ་བརྒྱད་ཅུ་རྩ་ལྔར་བསྲིངས་ཏེ་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར། དེས་རང་གི་སྲས་ཀྱི་ཐུ་བོ་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོར་གནང་བ་ནས་རིམ་པར་བརྒྱུད་པ་སོགས། མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་རྣམ་པར་འཕྲུལ་པ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་ལ་བཀའ་བབ་ཅིང༌། དེ་ཉིད་ཀྱིས་སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་སྲོག་ཤིང་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་གནང་བ་ནས་བཟུང་སྟེ། བདག་གི་རྩ་བའི་བླ་མ་དམ་པའི་བར་དུ་ལྷག་པའི་ལྷ་འདི་ཉིད་ཐུགས་ཉམས་སུ་བཞེས་ཤིང་དངོས་གྲུབ་བརྙེས་པ་ཤ་སྟག་ཏུ་བྱོན་པ་དང༌། གཞན་ཡང་བརྒྱུད་སྲོལ་འདི་ལ་ཁ་ཆེ་པཎྜི་ཏ་ཤཱཀྱ་
ཤྲཱི་བྷ་དྲ་ནས་བརྒྱུད་པ་དང༌། གཉན་ལོ་དར་མ་གྲགས་ནས་བརྒྱུད་པ་རྣམས་ཀྱང་དོན་གྱིས་འདུས་པས་ཁྱད་པར་དུ་འཕགས་པའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་དཔོན་གྱི་བྱ་བ་བརྒྱུད་པའི་གསོལ་འདེབས་དང་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ་བ་དང༌། མདུན་གྱི་ཚོམ་བུ་བཅོམ་ལྡན་འདས་མར་ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་བསྐྱེད་ཅིང་མཆོད་བསྟོད་གཏོར་མ་འབུལ་བ་དང༌། ཐུགས་རྒྱུད་བསྐུལ་བའི་ཕྱིར་བཟླས་པ་བྱ་བ། བུམ་པ་བསྒྲུབ་པ་སོགས་སྔོན་དུ་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཁྱད་པར་གྱི་གསོལ་བ་འདེབས་པ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་སློབ་དཔོན་ལ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་ནས། རྡོ་རྗེ་ཅན་ཞབས་པད་ལ་འདུད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་ཆེན་པོ་འཐིབས་
པ་བཞིན་མངོན་སུམ་ལྟ་བུར་བཞུགས་པར་མོས་པ་བྱས་ཏེ། དེ་དག་གི་སྤྱན་སྔར་བདག་གཞན་གྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲུབ་པར་ཤོག །ཅེས་རྒྱུད་དག་པར་བྱས་ནས། སླར་ཡང་ཁྱད་པར་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། བདག་གི་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་བསལ་ནས་རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ། སློབ་དཔོན་ལ་རྗེ་བཙུན་སྒྲོལ་མ་དཀར་མོ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་དུང་པ་ཞིག་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། དེའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་དང༌། དེར་མ་ཟད་རྣམ་སྨིན་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས་པའི་མོས་པ་མཛོད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་
དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མ་ནས། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན་གྱི་སྐུ་ཅན་དུ་ལམ་གྱིས་གསལ་བའི་སྙིང་གར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པའི་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྦུབས་ཅན་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་གཡས་སྐོར་དུ་འཁོར་བ་མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མགར་གྱི་སོ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་དུ་ཚིག་པའི་མོས་པ་མཛོད། སླར་ཡང་སྙིང་གའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་སོགས་ནས། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པའི་མོས་པ་མཛོད། སོགས་བདག་བསྐྱེད་བཞིན་ལ་གོང་གི་རིགས་འགྲེས་ཚིག་ཁ་བསྒྱུར་དང་བཅས་ཏེ། གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་གྱུར་པའི་མོས་པ་མཛོད། སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས། སློབ་དཔོན་ལ་མོས་གུས་དྲག་པོ་དུང་པ་ཞིག་བྱས་པས་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་ཐུགས་རྒྱུད་བསྐུལ་ཏེ་དེ་རྣམས་ཀྱི་གསང་བ་གསུམ་གྱི་གནས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་ཡིག་འབྲུ་དང་བཅས་པ་སྔགས་ཀྱི་རང་སྒྲ་སྒྲོགས་ཤིང་འཆི་མེད་བདུད་རྩིའི་ཆར་འབེབས་བཞིན་པའི་རྣམ་པ་ནམ་མཁའ་གང་བར་བྱོན་པ་དང་ལྷན་ཅིག་ཏུ། མདུན་བསྐྱེད་དང་སློབ་དཔོན་ལས་ཀྱང་དེ་འདྲ་བའི་འཁོར་ལོ་དཔག་ཏུ་མེད་པ་ཆད་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་སྒོ། བ་སྤུའི་བུ་ག དབང་པོའི་སྒོ་རྣམས་ནས་ཐོགས་མེད་དུ་ཞུགས་ཏེ། ཐུགས་ཀའི་
འཁོར་ལོ་ལ་སིབ་སིབ་ཐིམ་པས་དེ་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་སྐྱ་ཆིལ་ཆིལ་བབས། ལུས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཁེངས་པས། དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག ཚེ་དང་བསོད་ནམས་ཡེ་ཤེས་དང་ཡོན་ཏན་ལ་སོགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པའི་ཐུགས་མོས་བརྟན་པོ་གནང་བར་ཞུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་མང་དུ་བརྗོད་སྤོས་རོལ་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྗེ་བཙུན་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་བསྐུར་བྱེད་ནམ་མཁའི་ལྷ་ཚོགས་སྤྱན་དྲངས་པ་ལ་ཁྱེད་རང་རྣམས་ཀྱིས་ཡན་ལག་བཞི་པ་སྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ། ཇི་ལྟར་བལྟམས་པ་སོགས་ནས། དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང༌། ཡི་གེ་བཅུ་པའི་མཐར། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། སློབ་དཔོན་གྱིས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། དེ་ལྟར་ཁྱེད་རྣམས་རྗེ་བཙུན་སྒྲོལ་མ་དཀར་མོའི་སྐུར་
བསྐྱེད་ཅིང་བྱིན་གྱིས་བརླབས་པ་དེ་ཉིད་ལ་མངའ་དབུལ་གྱི་སླད་དུ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པའི་མོས་པ་མཛོད། སློབ་དཔོན་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ནཻ་བི་དྱ་ཨཱཿཧཱུྃ། གི་བར་ཕྱག་རྒྱ་དང་བཅས་པ་བྱ་ཞིང༌། ལས་རྡོར་གྱིས་མཆོད་པ་སྟོབ་པའི་ཚུལ་བྱ། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་དང༌། རྡོ་རྗེ་དྲིལ་བུ་འཛིན་པས་མེ་ཏོག་འཐོར་བཞིན་དུ། ཕུན་སུམ་ཚོགས་པ་ནས། བཀྲ་ཤིས་གསུམ་པའོ། །ཞེས་པའི་བར་བརྗོད། དེ་ལྟར་ན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐུ་ཡི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ལུས་ལྷ་ཡི་སྐུར་བསྒོམ་པ་ལ་དབང་ཞིང༌། མཐར་ཐུག་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐུ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་མཛོད། རྗེས་གནང་དངོས་ལ་ལུང་གསུམ་ལས། ཐོག་མར་རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀར་སྔར་གསལ་བཏབ་བཞིན་པའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་དེ་ཉིད་སླར་ཡང་དྲན་པར་བྱས་ཏེ། སློབ་དཔོན་ལ་གུས་འདུད་དྲག་པོ་དུང་པ་ཞིག་མཛད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀའི་ཏཱྃ་ཡིག་སྔགས་ཕྲེང་རྣམས་དང་བཅས་པ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཏཱྃ་ཡིག་སྔགས་ཕྲེང་རྣམས་དང་བཅས་པ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ནས་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་
ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་པའི་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། སླར་ཡང་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཚུན་ཆད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་བརྒྱ་རྩ་བརྒྱད་མཛད་པར་ཞུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་དང༌། སླར་ཡང་འདི་རྣམས་ཀྱི་རྗེས་ཟློས་ཀྱང་ལན་གསུམ་གསུམ་རེ་མཛད་པར་ཞུ། ཨ་ཨཱ་སོགས་ནས། ཨཾ་ཨཿ ཀ་ཁ་ག་གྷ་ང་ནས། ཧ་ཀྵཿ། ཡེ་དྷརྨཱ་ནས། ཤྲ་མ་ཎཿ དེ་ལྟར་བཟླས་པས་རྒྱུད་བྱིན་གྱིས་བརླབས་ཤིང་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་དང་བཅས་ཏེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་ལན་
གསུམ་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །སློབ་དཔོན་གྱིས་ཀྱང་ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོའི་གསུང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་འཐོར། དམ་བཅའ་བའི་ལུང་གི་སླད་དུ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །དེ་ལྟར་ན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་གསུང་གི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ངག་སྔགས་བཟླ་བ་ལ་དབང་ཞིང༌། མཐར་ཐུག་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་གསུང་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། བྱིན་གྱིས་བརླབ་པའི་ལུང་གི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་འཁོར་ལོའི་དབུས་ཀྱི་ཏཱྃ་ཡིག་ལ་སེམས་ཞུགས་པ་བཞིན་ཆེར་
གྱིས་གཏད་པས། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དུ་ཞུ་ནས་འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་འོད་ལྗང་གུའི་གུར་ཁང་ལ་ཐིམ། དེ་འོད་མཐིང་གའི་གུར་ཁང་ལ་ཐིམ། དེ་འོད་དམར་པོའི་གུར་ཁང་ལ་ཐིམ། དེ་འོད་སེར་པོའི་གུར་ཁང་ལ་ཐིམ། དེ་འོད་དཀར་པོའི་གུར་ཁང་ལ་ཐིམ། དེ་འཁོར་ལོ་དཀར་པོའི་གུར་ཁང་ལ་ཐིམ། དེ་རང་རྗེ་བཙུན་མར་གསལ་བ་ལ་ཐིམ། དེ་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ཏཱྃ་ཡིག་ལ་ཐིམ། དེའི་ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་གྱུར་པ་ལ་བརྟེན་ནས་འཁོར་འདས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་གནས་ལུགས་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱུད་ལ་སྐྱེས་པར་མོས་པ་བྱས་ཏེ་དེའི་ངང་ལ་བློ་ལྷོད་ཀྱིས་གློད་དེ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེ་ལྟར་ན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ཡིད་འོད་གསལ་གྱི་ཡེ་ཤེས་སུ་བསྒོམ་པ་ལ་དབང་ཞིང༌། མཐར་ཐུག་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཐུགས་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་མཛོད། སླར་ཡང་ཁྱེད་རང་རྣམས་སྐད་ཅིག་གིས་སྒྲོལ་མ་དཀར་མོའི་སྐུར་ལམ་གྱིས་གསལ་བ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དེ་རྣམས་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་མེ་ཏོག་གི་ཆར་འབེབས་ཤིང་བདེན་
པའི་ཚིག་གིས་ཀྱང་མངའ་གསོལ་བའི་མོས་པ་མཛོད། བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་རྣམས་ཀྱིས་རྗེས་སུ་གནང་བའི་དངོས་གཞི་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ཟབ་གསང་སྙན་བརྒྱུད་ཀྱི་ཚུལ་དུ་བཞུགས་པ་ཉིད་ལེགས་པར་ཕུལ་གྲུབ་པ་ཡིན་པས། འདིའི་སྒོ་ནས་ཀྱང་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་ཁ་གསོ། བསང་སྦྱང་བྱིན་རླབས་གོང་བཞིན་ལ། མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། འདོད་དོན་གསོལ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སོགས་དང༌། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་
གཤེགས། དམ་ཚིག་པ་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་དང༌། ཆེ་བའི་ཆེ་མཆོག་སོགས་ཤིས་པ་བརྗོད་པས་མེ་ཏོག་གི་ཆར་སིལ་མ་དགྲམ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བརྒྱ་ཚར་སོགས་མཛད་ན། ཐོག་མ་དེ་ལ་འདི་ཁ་སོར་བཞག་དང༌། གཉིས་པ་མན་ཆད་ལ་མཎྜལ་ས་གཞི་སྤོས་བྱུགས་དང༌། གསོལ་གདབ་བསྟོད་པ་གཉིས་ཚར་གཅིག་གི་རྗེས་སུ་འདི་ཡི་ཁྱད་པར་གྱི་གསོལ་གདབ་སྦྲེལ་བ་ལས་རྒྱུན་བཤགས་མི་དགོས། བཟླས་ལུང་སྔགས་གསུམ་གསུམ་མཛད། གཞན་དཀྱུས་བཞིན་མཛད་པ་ཕྱག་ལེན་ཡིན་ནོ། །དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །ཐུན་མོང་མིན་པའི་རྗེས་སུ་གནང་བའི་ཚུལ། །འཆི་མེད་གྲུབ་པའི་བདུད་རྩིས་ལུས་ཅན་ཀུན། །ཚེ་དང་ཡེ་ཤེས་པདྨོ་རྒྱས་གྱུར་ཅིག །ཅེས་སྒྲོལ་མ་དཀར་མོ་ཐུན་མོང་མ་ཡིན་པ་འོད་ཟེར་དྲུག་སྦྲགས་ཀྱིས་རྗེས་སུ་གནང་བའི་ཚུལ་གསལ་བར་བཀོད་པ་འདི་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་རྗེས་གནང་ཐུན་མོང་པའི་ཡིག་ཆ་ལ། སྙན་བརྒྱུད་ཞལ་ཤེས་ཀྱི་ཟིན་ཐོ་རྣམས་ཀྱིས་བརྒྱན་ཏེ་རྗེ་བླ་མ་རྣམས་ཀྱིས་ཇི་ལྟར་ཕྱག་ལེན་མཛད་པ་ལ་གཞི་བྱས། ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ་ཉམས་སུ་བླང་བདེ་བར། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང༌། འཇམ་མགོན་བླ་མ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། ཟབ་རྒྱས་གདམས་པའི་གཏེར་མཛོད་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་ལེགས་སྒྲུབ་རྣམས་ལས་ཚུལ་འདིའི་བཀའ་དྲིན་ཅི་རིགས་པ་ཐོབ་ཅིང༌། གཞན་ཡང་ངེས་པར་ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་དང༌། རྗེ་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་སོགས་ལས་སྒྲོལ་མ་དཀར་མོའི་ཆོས་ཚུལ་མང་དུ་ཐོས་
པའི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་ཟབ་གསང་སྙན་བརྒྱུད་རིན་པོ་ཆེའི་བསྟན་པ་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པའི་རྒྱུར་གྱུར་ཅིག །དཔེ་འདི་ཚར་ལུགས་ཐུན་མོང་མ་ཡིན་པའི་བརྒྱུད་འཛིན་ལས་གཞན་ལ་བཀའ་རྒྱ་དམ་པར་བྱ་བ་གཅེས་སོ།། ༈ །རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པོའི་ཞལ་ལུང་རིང་འཚོའི་བསིལ་སྦྱིན་ཞེས་བྱ་བ་བཞུགས་སོ། །ཕུན་ཚོགས་རིང་«ཤིས་པར་བརྗོད་པའི་རྒྱན། »པོར་འཚོ་བའི་གསོན་སྐྱེན་ཉེར་སྩལ་ཞིང༌། །སྲོག་འཕྲོག་ལ་སོགས་དཀར་མིན་བྱ་བ་རབ་སྤངས་པས། །བྱིས་བློས་བགྲང་བས་འཛད་མིན་ཚེ་ཚད་ལ་དབང་བ། །བླ་མ་བདེ་ལྡན་མགོན་པོའི་ཤིས་པས་སྐྱོངས་ཤིག་ཀྱེ། །མཚན་«དངོས་པོའི་དཔེ། »དཔེའི་ཆ་རྫོགས་འཛུམ་ཞལ་ཀུན་ཕན་ལྟར། །ཅུང་ཟད་གདངས་པའི་མཆུ་སྒྲོས་བིམྦ་བཞིན། །འགྲོ་ལ་གཟིགས་པའི་སྤྱན་བདུན་ཨུཏྤ་ལའི། །རྗེས་འགྲོ་མངའ་བ་ཡིད་བཞིན་འཁོར་ལོས་སྐྱོངས། །ཐར་འདོད་«ངེས་པའི་དཔེ། »ཡོངས་ཀྱི་དེད་དཔོན་ཚར་པ་རྗེ། །གསང་རྒྱུད་མན་ངག་ཀུན་གྱི་གཏེར་གྱུར་པ། །རྡོ་རྗེ་འཛིན་པའི་རྗེས་སུ་འགྲོ་ལས་གཞན། །དཔེར་འོས་སྲིད་ན་མེད་ཕྱིར་དད་ཕྱག་བརྩེགས། །དྲི་བཅས་«འགལ་བའི་གཟུགས་ཅན། »མཐོ་རིས་ལམ་ནས་མ་ཕབས་ཤིང༌། །གདུག་ཅན་དྲང་སྲོང་ལྟོ་བར་བཟུང་མིན་པའི། །སྙན་བརྒྱུད་གངྒཱས་འཚོ་བ་བུང་བའི་རྒྱུ། །མཐའ་དག་སྦྱངས་པའི་ཚུལ་འདི་རྨད་ཀྱི་ཆོས། །གདམས་«རྫས་བཀོད་པ་ཐོག་མའི་གསལ་བྱེད་»པའི་ཟིན་བྲིས་ཉུང་གསལ་རྟོགས་སླ་ཞིང༌། །ཟློས་དང་མ་ཚང་མེད་ཅིང་རང་བཟོའི་དྲིས། །བསླད་པ་མིན་སོགས་ཁྱད་ཆོས་མང་ལྡན་པ། །གྲུབ་གཉིས་གསོས་སུ་སྦྱིན་གྱིས་དགའ་བས་ལོངས། །དེ་ཡང་བདག་ཅག་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདིས་པའི་མཛའ་བཤེས་སྟོན་མཆོག་ཟས་གཙང་སྲས་པོས་གསང་ཆེན་
འབྲས་བུའི་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་དུས་མིན་འཆི་བ་ལས་ལྡོག་ཅིང་རིང་འཚོའི་དངོས་གྲུབ་སྒྲུབ་པའི་ཐབས་ཚུལ་མང་དུ་གསུངས་ཀྱང༌། མདོར་བསྡུ་ན། སློབ་དཔོན་ངག་དབང་གྲགས་པས། ལུས་དང་ངག་གི་ལས་ཀྱི་ཕྱི། །བསམ་གཏན་ལས་ཀྱི་ནང་གི་ཡིན། །ནོར་བུ་སྨན་སྔགས་ཕྱི་ཡི་སྟེ། །རྣལ་འབྱོར་ནུས་པ་ནང་ཡིན་ནོ། །ཞེས་གསུངས་པ་ལྟར། ཕྱི་རོལ་བཅུད་ལེན་སོགས་རྫས་དང་རྟེན་འབྲེལ་གཏོ་ཐབས་ཙམ་གྱི་ངལ་བ་ལ་མ་ལྟོས་པར། ནང་གི་རྣལ་འབྱོར་བསམ་གཏན་ཁོ་ན་གཙོ་བོར་བཏོན་ཅིང༌། བཟླས་བརྗོད་དང་ཟུང་དུ་འབྲེལ་པ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་གདམས་པ་ལ་བོད་ཡུལ་དུ་བརྒྱུད་པའི་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་བྱུང་ཡང༌། འདིར་སྐད་གཉིས་སྨྲ་བའི་དབང་པོ་སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བ་ནས་བརྒྱུད་པ་གཙོ་ཆེ་ཞིང༌། ཇོ་བོ་ཆེན་པོ་རྗེ་དང༌། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། གཉན་ལོ་དར་མ་གྲགས་ནས་བརྒྱུད་པ་རྣམས་ཀྱང་དོན་གྱིས་ཚང་བར་བཞེད་པ། ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་གདམས་པ་ཟབ་པའི་མཐར་ཐུག་པ་འདི་ཉིད་ཉམས་སུ་ལེན་པ་ལ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་རིམ་པ་སྟེ་གསུམ། དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དེའི་དང་པོ་ལའང༌། ལམ་ལོག་པ་ལས་ཁྱད་པར་དུ་བྱ་བ་སྐྱབས་འགྲོ་དང༌། ལམ་དམན་པ་ལས་ཁྱད་པར་དུ་བྱ་བ་སེམས་བསྐྱེད་གཉིས་ལས། དང་པོ་ལ་ཀུན་རྫོབ་དང་དོན་དམ་པའི་སྐྱབས་འགྲོ་གཉིས། དེའི་དང་པོ་ལ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག སྐྱབས་སུ་འགྲོ་བའི་རྒྱུ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། ཕན་ཡོན་དང༌། བསླབ་བྱ་སྟེ་དྲུག་ལས། དང་པོ་ནི། དབེན་པའི་གནས་སུ་ཁྲུས་བྱས་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། སེམས་གཞན་དུ་མི་འཕྲོ་བའི་ཚུལ་གྱིས། རང་ཉིད་གནས་པའི་ས་ཕྱོགས་གནས་ཁང་ས་རྡོ་རི་
བྲག་ལ་སོགས་པ་ཐ་མལ་གྱི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པའི་སྟོང་ཉིད་ཀྱི་ངང་ལས་བཻཌཱུརྻའི་ས་གཞི་ལ་གསེར་གྱི་མིག་མངས་རིས་སུ་བྲིས་པ། ཐ་གྲུ་ཡངས་ཤིང་རྒྱ་ཆེ་བ། མནན་ན་ནེམ་བྱེད་ཅིང༌། བཏེག་ན་སྤར་བྱེད་པ། རེག་ན་བདེ་བ་སྐྱེད་པ། སྟེང་ན་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་ཅིང༌། མེ་ཏོག་གི་ཆར་འབེབས་པ་སྟེ་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ་དཔག་བསམ་གྱི་ཤིང་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པའི་རྩེར་པདྨ་འདབ་མ་བཞི་པའི་ལྟེ་བར་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རང་གི་རྩ་བའི་བླ་མ་དེ་ཉིད། རྣམ་པ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། མཚན་དཔེའི་གཟི་བྱིན་འབར་བ། དགྱེས་ཤིང་འཛུམ་པའི་ཚུལ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མཐར་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་སྔར་གྱི་གདན་དེ་འདྲ་བ་ཆུང་ངུ་རེ་རེའི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དཔག་མེད་ཀྱི་རྣམ་པ་ཅན་དང༌། མདུན་གྱི་འདབ་མ་ལ་རྗེ་བཙུན་མ་གཙོ་བོར་གྱུར་པའི་ཡི་དམ་ལྷ་ཚོགས་རྣམས་དང༌། གཡས་ཀྱི་འདབ་མ་ལ་རྣམ་སྣང་སོགས་ལོངས་སྐུའི་ཆ་བྱད་ཅན་དང༌། སྟོན་པ་ཐུབ་པའི་དབང་པོ་ལ་སོགས་པ་སྤྲུལ་སྐུའི་རྣམ་པ་ཅན་ཏེ་སངས་རྒྱས་དཀོན་མཆོག་དང༌། རྒྱབ་ཀྱི་འདབ་མ་ལ་ངོ་བོ་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་འགོག་ལམ་གྱིས་བསྡུས་པ་རྟོགས་པའི་ཡོན་ཏན་ཡིན་ཡང༌། རྣམ་པ་གསུང་རབ་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ་དམ་ས་ལེ། གདོང་དར་ཁྲ་བུན་ནེ་ཡོད་པ་ནི་ཆོས་དཀོན་མཆོག་དང༌། གཡོན་གྱི་འདབ་མ་ལ་འཕགས་པའི་དགེ་འདུན་ཁྱིམ་པ་དང་རབ་ཏུ་བྱུང་བའི་རྣམ་པ་ཅན་རྣམས་དང༌། མཐའ་སྐོར་ཀུན་ཏུ་ཡལ་འདབ་
ཀྱི་ཁྲོད་རྣམས་སུ་ཡང་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གྲུབ་པ་རིག་འཛིན་སོགས་སྐྱབས་གནས་སུ་འོས་སོ་ཅོག་ཐམས་ཅད་ཀྱང་སྤྲིན་ཕུང་གཏིབས་པ་ཙམ་བསྒོམ་པ་ནི་དགེ་འདུན་དཀོན་མཆོག་ཡིན། གཉིས་པ་ནི། དེ་རྣམས་ཀྱི་མདུན་ངོས་སུ་རང་ཉིད། གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ་འདྲེ། མཐའ་སྐོར་ཀུན་ཏུ་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་སྟོན་མོ་ཆེན་པོ་ལ་ཁྲོམ་ཚོགས་པ་བཞིན་ཁྲིག་མེར་གྱིས་གང་བར་བསམ། གསུམ་པ་ནི། དད་པ་དང༌། འཇིགས་པ་དང༌། སྙིང་རྗེ་གསུམ་ཡིན་ལ། དེའི་དང་པོ་ལ་གསུམ་སྟེ། སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ངོ་མཚར་ཞིང་སེམས་དང་བ་ནི་དང་བའི་དད་པ། དེ་ལྟ་བུའི་གོ་འཕང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་འདོད་པ་ནི་འདོད་པའི་དད་པ་དང༌། སྐྱབས་ཡུལ་རྣམས་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་ཐེ་ཚོམ་དང་ཡིད་གཉིས་མེད་པ་ནི་ཡིད་ཆེས་ཀྱི་དད་པའོ། །འཇིགས་པ་ལ་གསུམ་སྟེ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པ་དང༌། རང་དོན་ཡིད་བྱེད་ཀྱིས་འཇིགས་པ་དང༌། ཐ་མལ་སྣང་ཞེན་གྱིས་འཇིགས་ནས་སྐྱབས་སུ་འགྲོ་བའོ། །སྙིང་རྗེ་སྐྱབས་འགྲོའི་རྒྱུར་གསུངས་པ་ནི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བས་མནར་ཚུལ་ལ་ལེགས་པར་བསམ་ན་ཤས་མི་བཟོད་པའི་སྙིང་རྗེ་སྐྱེ་ཞིང་དེ་ལ་བརྟེན་ནས་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བློ་སྐྱེ་ལ། དེ་ཡང་ད་ལྟ་རང་ཉིད་ལ་དེ་ལྟ་བུའི་ནུས་པ་མེད་ལ་གཞན་ཉན་རང་དང་འཇིག་རྟེན་པའི་ཆེན་པོ་རྣམས་ལའང་མེད་པས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་དང༌། ཐོབ་བྱེད་ལམ་གྱི་རྩ་བ་ཡང་སྐྱབས་འགྲོ་ཉིད་ཡིན་པར་ཤེས་ནས་སྐྱབས་སུ་འགྲོ་འདོད་ཀྱི་བློ་སྐྱེ་བ་ནི་ཐེག་ཆེན་ཁོ་ནའི་དབང་དུ་བྱས་པའོ། །བཞི་པ་ནི། བདག་གཞན་སེམས་
ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྤང་གཉེན་རོ་གཅིག་ཏུ་གྱུར་ཏེ་བསྐྱབ་བྱ་སྐྱོབ་བྱེད་དང་བྲལ་བར་མ་གྱུར་གྱི་བར་དུ་ཅི་མཛད་ཁྱེད་མཁྱེན་སྙམ་པས་བློ་ལིངས་ཀྱིས་བཀལ་ནས་རང་ཉིད་ཀྱིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་འགྲོ་གུ་དི་རི་རི་བྱེད་པར་བསམ་ཞིང་ཚིག་རྗེས་སུ་སེམས་ཧྲི་ལི་ལི་འབྲངས་ཏེ་སྐྱབས་འགྲོ་བཞི་སྐོར་བརྒྱ་སྟོང་ནས་གྲངས་མེད་པར་བརྗོད། དེ་ཡང་དཔལ་ལྡན་བླ་མ་ཞེས་པའི་ཚེ་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་དམིགས་པ་གཏད་དེ་བདག་ཅག་གི་ལམ་སྣ་འདྲེན་པ་པོ་མཛད་དུ་གསོལ་སྙམ་པ་དང༌། རྫོགས་པའི་སངས་རྒྱས་ཞེས་པའི་ཚེ་མདུན་གྱི་ཡི་དམ་དང་གཡས་ཀྱི་སངས་རྒྱས་རྣམས་ལ་དམིགས་པ་གཏད་དེ་བདག་ཅག་གི་སྟོན་པ་མཛད་དུ་གསོལ་སྙམ་པ་དང༌། དམ་པའི་ཆོས་ཞེས་པའི་ཚེ་རྒྱབ་ཀྱི་གླེགས་བམ་རྣམས་ལ་དམིགས་པ་གཏད་དེ་བདག་ཅག་གི་ལམ་དངོས་མཛད་དུ་གསོལ་སྙམ་པ་དང༌། འཕགས་པའི་དགེ་འདུན་ཞེས་པའི་ཚེ་གཡོན་ཕྱོགས་ཀྱི་དགེ་འདུན་དང་མཐའ་སྐོར་གྱི་ཆོས་སྐྱོང་སོགས་ལ་དམིགས་པ་གཏད་དེ་བདག་ཅག་གི་ལམ་སྒྲུབ་པའི་ཟླ་གྲོགས་མཛད་དུ་གསོལ་སྙམ་པ་བྱ། མདོར་ན་སྐྱབས་འགྲོས་མཚོན་པའི་དགེ་སྦྱོར་ཐམས་ཅད་སེམས་གཞན་དུ་མ་ཡེངས་བའི་ངང་ནས་གནད་དུ་སྨིན་པར་བྱ་དགོས། དེ་ལས་ལྡོག་ན་བྱས་ལ་མ་བསགས་པའི་ལས་ཞེས་ངལ་བ་འབྲས་མེད་དུ་གསུངས་པའང་སྙིང་གི་བུམ་པར་བཅང་བར་རིགས་སོ། །མཐར་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ཞིག་འཕྲོས་ཏེ་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་ལུས་ཟག་མེད་འཇའ་ལུས་དང་སེམས་རྟོག་མེད་ཆོས་སྐུར་གྱུར་ཏེ་སོ་སོའི་ཞིང་ཁམས་སུ་བྱ་ཁྱུ་འཕུར་བ་བཞིན་སོང་བར་བསམ། སླར་ཡང་མོས་གུས་དུང་ངེ་བའི་ངང་ནས་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ་
པས་མཐའ་སྐོར་གྱི་ཆོས་སྐྱོང་སོགས་དགྱེས་བཞིན་འོད་དུ་ཞུ་ནས་དགེ་འདུན་ལ་ཐིམ། དེ་ཆོས་ལ། དེ་སངས་རྒྱས་ལ། དེ་ཡི་དམ་ལ། དེ་བརྒྱུད་པའི་བླ་མ་ལ། དེ་གཙོ་བོ་ལ་ཐིམ། དེ་ཡང་དབུའི་གཙུག་ཏོར་ནས་མར་འོད་དུ་ཞུ། དཔག་བསམ་གྱི་ཤིང་གི་རྩ་བ་ནས་ཡར་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་དམར་པོ་ཉི་མ་བྱེ་བའི་གཟི་བྱིན་ཅན་སྣུམ་ལ་འདྲིལ་བ་དམར་ལ་དངས་པ་ཞིག་ཏུ་གྱུར་ཏེ་རང་དང་ཇེ་ཉེ་ཇེ་ཉེར་བྱུང་སྟེ་སྤྱི་བོ་ནས་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་སེམས་དབྱེར་མེད་རོ་གཅིག་ཏུ་འདྲེས་སོང་སྙམ་པ་ཡན་ཆད་ཀུན་རྫོབ་ཀྱི་སྐྱབས་འགྲོ་དང༌། དེ་གའི་ངང་ལ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་གློད། ཐ་མ་རང་སོར་ཟུང་སྟེ། དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཆད་པའི་རིག་པ་སྟོང་གསལ་རྗེན་ནེ་བ་དེ་ཉིད་ཀྱི་སྟེང་ན་སྐྱབས་གནས་ཐམས་ཅད་ཚང་བ་ཡིན་ཏེ། གསལ་བ་དགེ་འདུན། སྟོང་པ་དམ་ཆོས། ཟུང་འཇུག་སངས་རྒྱས། དེ་གསུམ་དབྱེར་མི་ཕྱེད་པ་བླ་མ་སྟེ་རིམ་བཞིན་སྤྲུལ་ལོངས་ཆོས་སྐུ་ངོ་བོ་ཉིད་ཀྱི་སྐུར་ཐག་བཅད་ངེས་ཤེས་བསྐྱེད་དེ་འཛིན་པ་མ་ཞུགས་པར་རྒྱུན་སྐྱོང་བ་ནི་དོན་དམ་པའི་སྐྱབས་འགྲོའོ། །ཕན་ཡོན་དང་བསླབ་བྱ་ནི་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་རྣམས་ནས་འབྱུང་བ་བཞིན་ངེས་པར་བྱས་ལ་མི་འགལ་བར་བསླབ་པར་བྱའོ། །གཉིས་པ་སེམས་བསྐྱེད་ལ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་སྒོམ་པ་གཉིས། དང་པོ་ལ་སྨོན་འཇུག་གཉིས་ལས། སྨོན་པ་སེམས་བསྐྱེད་པ་ནི། འདི་ལྟར་ངེས་པར་བྱ་སྟེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་རང་ཉིད་ཀྱི་ཕ་མ་ཡང་ཡང་བྱས་ཤིང༌། བྱས་རེས་ཀྱིས་ཕན་ཚད་མེད་པ་བཏགས། གནོད་པ་མཐའ་དག་ལས་སྐྱོབ་པའི་དྲིན་ཅན་ཤ་སྟག་ཡིན། འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་དེ་སྒྲུབ་པའི་ཐབས་ལ་མི་མཁས་པས་ལ་ལ་ནི་སྡུག་བསྔལ་
དངོས་ལ་ལོངས་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམས་པོ་ཆེ་ལ་ལོངས་སྤྱོད། མ་རིག་པའི་ལིང་ཐོག་གིས་མིག་ལྡོང༌། ཐར་པའི་རྟེན་གྱི་འཁར་བ་དང་བྲལ། དགེ་བའི་བཤེས་གཉེན་གྱི་དམིགས་བུས་མ་ཟིན། མཐོ་རིས་དང་ཐར་པའི་ལམ་ལ་རྡེག་འཆོས་ཤིང་ངན་སོང་གསུམ་གྱི་གཡང་ཁར་འགྲེམ་པ་འདི་རྣམས་སྙིང་རེ་རྗེ། སྙིང་རྗེའོ་བྱས་ནས་བཞག་པས་མི་ཕན་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མེད། བདག་ལས་ལྷག་པའི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་ཆེན་པོ་རྣམས་དང༌། ཉན་རང་ལ་སོགས་པ་འཕགས་པའི་ཁོངས་སུ་གཏོགས་པ་འགའ་ཞིག་ལའང་མེད། སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་དེ། ཁོང་གི་སྐུ་ལས་འོད་ཟེར་རེ་སྤྲོས་པ་དང༌། ཆོས་ཐུན་རེ་གསུངས་པས་ཀྱང་འགྲོ་བ་དཔག་ཏུ་མེད་པ་འཁོར་བ་ལས་སྒྲོལ་བར་ནུས་པས། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་པར་བྱ་སྙམ་དུ་ཡང་ཡང་བསམས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་བརྗོད། གཉིས་པ་འཇུག་པའི་སེམས་བསྐྱེད་ནི། དེ་ལྟ་བུའི་གོ་འཕང་དེ་ཡང༌། སྐྱེ་བོ་ཕལ་བ་དགེ་བ་མི་བྱེད་པ་ལྟ་བུ་རྒྱུ་མེད་པ་དང༌། མུ་སྟེགས་བྱེད་ལྟ་བུ་རྒྱུ་ལོག་པ་དང༌། ཉན་རང་ལྟ་བུ་རྒྱུ་མ་ཚང་བ་ལ་མི་འབྱུང་བས། ཚང་ལ་མ་ནོར་བ་རྒྱལ་བ་སྲས་དང་བཅས་པའི་བགྲོད་བ་གཅིག་པའི་ལམ་ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐབས་ལ་ཅི་ནུས་ཀྱིས་བསླབས་ཤིང༌། ཁྱད་པར་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ཟབ་མོ་ཉམས་སུ་བླང་སྙམ་དུ་བསམས་ལ་དེའི་ཆེད་དུ་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ཞེས་སོགས་བརྗོད་པ་ཡན་ཀུན་རྫོབ་སེམས་བསྐྱེད་དང༌། གཉིས་པ་ནི་སེམས་བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་ཀྱང་རང་བཞིན་གྱིས་མི་དམིགས་པར་བསམ་པ་ནི་དོན་དམ་པའི་སེམས་བསྐྱེད་ཡིན་ཞེས་གསུངས།
གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས། དང་པོ་ལ་ཡུལ་དག་པ་ལ་བརྟེན་པ་དང༌། མ་དག་པ་ལ་བརྟེན་པ་གཉིས། དེའི་དང་པོ་ལ་ཚོགས་ཞིང་སྤྱན་དྲངས་པ་དང༌། ཚོགས་གསོག་པ་དངོས་སོ། །དང་པོ་ནི། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ལངས་ཐབས་སུ་གནས་པ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་བག་ཆགས་དང་བཅས་པ་དང༌། ཁྱད་པར་ཚོགས་ཞིང་མཐོང་བ་ལ་སྒྲིབ་བྱེད་ཀྱི་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས་ནས་རླུང་སྣ་བུག་གཡས་ནས་ཕྱིར་རྒྱུ་བ་དང་བསྟུན་འོད་ཟེར་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་བླ་མ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་སྤྱན་དྲང༌། དེ་ཡང་རྒྱལ་བ་རྣམས་རང་བཞིན་གྱིས་གནས་གསུམ་གཤེགས་བཞུད་བཞུགས་གསུམ་གྱི་སྤྲོས་པ་དང་བྲལ་བ་མཁའ་དབྱིངས་ཁྱབ་པར་ལྷུན་གྲུབ་འདུ་འབྲལ་མེད་པར་བཞུགས་པ་ལ་འོད་ཟེར་གྱིས་ཕོག་པས་གསལ་བར་བྱས་པ་ལ་རང་བཞིན་གྱི་གནས་སམ་ཆོས་སྐུའི་ཞིང་ཁམས་ནས་སྤྱན་དྲངས་ཞེས་ཐ་སྙད་བྱས་པ་ཡིན། གཉིས་པ་ཚོགས་བསགས་པ་དངོས་ནི། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡོམ་པ་བཟུང་བ་སྟེ་གསུམ་ལས། དང་པོ་ནི། རང་ལུས་ཞིང་རྡུལ་གྱི་གྲངས་མཉམ་དུ་སྤྲུལ་ནས་ཕྱག་འཚལ་བར་བསམ་ཞིང༌། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ཞེས་པས་བླ་མ་དང༌། ན་མ་ཨཱརྻ་ཏཱ་རེ་སོགས་ཀྱིས་ཡི་དམ་འཁོར་བཅས་ལ་ཕྱག་བྱས་པར་བསམ། གཉིས་པ་ནི། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་མཆོད་པའི་ལྷ་མོ་ལང་ཚོ་དར་ལ་བབས་པ་དར་
དང་རིན་པོ་ཆེའི་རྒྱན་གྱིས་སྤུད་བ་མང་པོར་སྤྲུལ་ཏེ། དེ་ཡང་ལྷ་མོ་དཀར་མོས་ཕྱག་ན་དུང་ཕོར་ཡན་ལག་བརྒྱད་ལྡན་གྱི་ཆུ་གཙང་མེ་ཏོག་དཀར་པོ་དང་བཅས་པས་གང་བ་ཐོགས་ཏེ་ཚོགས་ཞིང་རྣམས་ཀྱི་ཕྱག་ཏུ་འབུལ་བ་དང༌། ལྷ་མོ་དམར་མོས་དུང་ཕོར་དང་རིལ་བ་དང་བྱ་མ་བུམ་སོགས་དྲི་བཟང་གིས་སྦགས་པའི་ཆུས་བཀང་བ་ཐོགས་ཏེ་ཞབས་བསིལ་བ་དང༌། ཡང་ལྷ་མོ་དཀར་མོས་ཐང་ལས་སྐྱེས་པ་དང༌། ཆུ་ལས་སྐྱེས་པའི་མེ་ཏོག་གི་བྱེ་བྲག་མཚར་ཞིང་དྲི་བསུང་དང་ལྡན་པས་བཀང་བའི་ཟ་མ་ཏོག་ཐོགས་ཏེ་དབུ་ལ་འཐོར་བཞིན་པ་དང༌། ལྷ་མོ་དུད་ཁས་ལྷན་ཅིག་སྐྱེས་པ་དང་སྦྱར་བའི་བདུག་སྤོས་དྲི་ཞིམ་པོའི་རིང་བུ་དང་སྤོས་ཕོར་སོགས་ཐོགས་ཏེ་ཤངས་ལ་འབུལ་བ་དང༌། ལྷ་མོ་དམར་སྐྱས་ཉི་ཟླའི་དཀྱིལ་འཁོར་དང་མེ་ཤེལ་དང༌། ནོར་བུ་རིན་པོ་ཆེ་དང༌། མར་མེའི་སྡོང་བུའི་འོད་ཀྱིས་ཉི་ཟླ་ཡང་མོག་མོག་པོར་བྱེད་པ་སོགས་སྣང་གསལ་གྱི་རིགས་ཐོགས་ཏེ་སྤྱན་ལམ་དུ་ངོམ་བཞིན་པ་དང༌། ལྷ་མོ་ལྗང་གུས་ག་བུར་དང༌། ཙནྡན་དང༌། གུར་གུམ་སོགས་བསིལ་སྨན་སྣ་ཚོགས་བཏང་བའི་ཆུས་བཀང་བའི་དུང་ཕོར་ཐོགས་ཏེ་ཐུགས་ཀར་བྱུགས་པ་དང་འཐོར་ཡབ་ཀྱིས་སྐུ་ལ་འཐོར་བ་དང༌། ལྷ་མོ་དམར་མོས་ལྷ་དང་མི་ཡི་ཟས་བཟང་དགུ་རོ་བརྒྱ་དང་ལྡན་པས་བཀང་བའི་རིན་པོ་ཆེའི་གཞོང་པ་སོགས་ཐོགས་ཏེ་ལྗགས་ལ་འབུལ་བཞིན་པ་དང༌། ལྷ་མོ་སྔོན་མོས་ལྷའི་སིལ་སྙན་དང༌། པི་ཝང་དང་གླིང་བུ་དང་ཕིག་རྡོབ་དང་རྫ་རྔ་དང་རྔ་ཟླུམ་སོགས་རོལ་མོའི་བྱེ་བྲག་ཀུན་སྙན་ལམ་དུ་འཁྲོལ་པས་ཚོགས་ཞིང་རྣམས་ཀྱི་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་མཉེས་པར་བསམས་ལ་སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་གུ་རུ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་བར་བརྗོད། ལྷ་མོ་རྣམས་ཚུར་འདུས་རང་གི་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ། གསུམ་པ་སྡོམ་པ་བཟུང་བ་ནི། རྡོ་རྗེ་ཐལ་མོ་སྦྱར་བ་སྙིང་གར་བཞག་སྟེ། དོན་ཡིད་ལ་དྲན་བཞིན་པས་གུར་
ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། དེ་ཡང་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པས་རྟེན་གྱི་སྟོབས་ཏེ་ཚོགས་ཞིང་རྣམས་སོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་པས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་སྐྱེས་པ་རྣམ་པར་སུན་འབྱིན་པའི་སྟོབས་དངོས་སུ་བསྟན་ལ། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་སྡོམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། དེ་ལྟར་བྱས་པས་སྡིག་སྒྲིབ་ཇི་ལྟར་ཆེ་ཡང་དག་ངེས་སྙམ་པ་སོར་ཆུད་པའི་སྟོབས་གཉིས་ཤུགས་ལས་བསྟན་པ་སྡིག་པ་བཤགས་པའི་ཡན་ལག་དང༌། འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཞེས་པས་འཁོར་འདས་དུས་གསུམ་གྱིས་བསྡུས་པའི་དགེ་བ་ལ་དགའ་ཞིང་ཕྲག་དོག་མེད་པ་ནི་རྗེས་སུ་ཡི་རང་བའི་ཡན་ལག་དང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པས་སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་བསྟེན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ་བདག་གིས་ཀྱང་བསྒོམ་པར་བགྱིའོ་སྙམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བའི་ཡན་ལག་དང༌། སངས་རྒྱས་ཆོས་དང་ཚོགས་མཆོག་སོགས་ཚིག་རྐང་གཉིས་ཀྱིས་སྐྱབས་འགྲོའི་ཡན་ལག་དང༌། རང་གཞན་དོན་ནི་ཞེས་སོགས་ཚིག་རྐང་གཉིས་ཀྱིས་སྨོན་པ་སེམས་བསྐྱེད་དང༌། བྱང་ཆུབ་མཆོག་གིས་སོགས་ཚིག་རྐང་གསུམ་གྱིས་འཇུག་པ་སེམས་བསྐྱེད་ཀྱི་ཡན་ལག་བསྟན་ཏེ་གོང་དུ་བཤད་པ་ལྟར་རོ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་དེ་ལྟར་བགྱིས་པའི་དགེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་པས་བསྔོ་བའི་ཡན་ལག་རྣམས་བསྟན་ཏོ། །དེ་ལྟར་བྱས་པས་ཚོགས་ཞིང་རྣམས་དགྱེས་བཞིན་དུ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །གཉིས་པ་ཡུལ་མ་དག་པ་ལ་བརྟེན་ནས་ཚོགས་བསག་པ་ནི། ཡུལ་ཚད་མེད་པ་མཁའ་ཁྱབ་ཀྱི་སེམས་ཅན་ལ་དམིགས་ཏེ་བསམ་
པ་ཚད་མེད་པ་རིས་སམ་ཕྱོགས་སུ་མ་ལྷུང་བ་བསྒོམ་པས་ན་ཚད་མེད་དམ། གནས་སྐབས་ཀྱི་འབྲས་བུ་གཟུགས་ཁམས་ཀྱི་ཚངས་པའམ། མཐར་ཐུག་གི་འབྲས་བུ་སངས་རྒྱས་ལ་ཚངས་པའི་སྒྲས་བཤད་པའང་འདི་ཉིད་བསྒོམ་པ་ལས་འབྱུང་བས་ན་ཚངས་པའི་གནས་ཞེས་བྱ་སྟེ། སྒོམ་པའི་ཚུལ་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དགེ་བ་བཅུ་སྤྱོད་པའི་སྐལ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ། དེ་དང་ལྡན་པ་ཞིག་བདག་གིས་བྱའོ་སྙམ་པ་དམ་བཅའ་དང་འབྲེལ་བ། དེ་བཞིན་དུ་གྱུར་ཅིག་སྙམ་པ་སྨོན་ལམ་དང་འབྲེལ་བ། དེ་བཞིན་དུ་འགྱུར་པ་བླ་མ་དང་དཀོན་མཆོག་མཁྱེན་སྙམ་པ་གསོལ་འདེབས་དང་འབྲེལ་བ་སྟེ་གཞན་གསུམ་ལའང་འགྲེ་ཤེས་པར་བྱས་ལ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་བསམ་ཞིང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་སོགས་བརྗོད་པར་བྱའོ། །ཁྲིད་ཀྱི་སྔོན་འགྲོའི་སྐབས་སོགས་སུ་འདི་ཁོ་ན་བཞིན་བྱ་ཡི་རྒྱུན་དུ་ནི་ཚིག་རེས་དང་མཐུན་པ་སྨོན་ལམ་དང་འབྲེལ་པ་ཙམ་གྱིས་ཆོག་གོ །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། གཅིག་དང་དུ་བྲལ་གྱི་རིགས་པས་དཔྱད་པ་སྟོང་ཉིད་བཤིག་ནས་སྒོམ་པ་དང༌། སྔགས་ཀྱིས་སྟོང་པར་སྦྱངས་པ་བཙན་ཐབས་སུ་སྒོམ་པ་གཉིས་ལས་ཕྱི་མ་ཉིད་སྐབས་སུ་བབས་ཏེ། དེ་ལའང་སྣང་བཅས་སུ་སྒོམ་པ་དང་སྣང་མེད་དུ་སྒོམ་པ་གཉིས་ཡོད་པ་ལས་ལྷ་དང་གཞལ་ཡས་ཁང་སྒོམ་པའི་ཕྱོགས་ལ་ཕྱི་མ་ཉིད་ལེགས་པར་བཞེད། དེ་ཡང་སྭ་བྷཱ་ཝ་སོགས་སྔགས་བརྗོད་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནམ་མཁའ་ལ་དུ་བ་ཡལ་བ་བཞིན་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་བསམ་ལ་རང་སེམས་སྟོང་པ་ནམ་མཁའ་གསུམ་པོ་རོ་གཅིག་ཏུ་འདྲེས་པའི་རིག་སྟོང་རྗེན་ནེ་བ་དེ་གའི་ངང་ལ་ཧྲིལ་གྱིས་བསྒྲིམ། ལྷོད་ཀྱིས་གློད། རང་སོ་བཟུང་བ་སྤེལ་མར་བྱས་ཏེ་ཅི་གནས་སུ་མཉམ་པར་
འཇོག་པ་ནི་གནད་ཀྱི་དོན་ཏེ་འོག་ནས་འབྱུང་བའི་ལམ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ནས་ཞེན་པ་རང་གྲོལ་དུ་འགྱུར་བ་དང༌། གོང་འོག་གི་ཐབས་ཀྱི་ཆ་ཐམས་ཅད་ཀྱང་ཤེས་རབ་དང་ཟུང་འབྲེལ་དུ་འགྱུར་བ་དང༌། སྟོང་ཉིད་ཀྱི་ངང་ལས་ལྷར་བཞེངས་པས་འབྲས་དུས་སུ་སྐུ་གཉིས་ཕྲིན་ལས་དང་བཅས་པ་འབད་མེད་ལྷུན་གྲུབ་ཏུ་རྫོགས་པའི་དགོས་པ་ཡོད་དོ།། ༈ །སྤྱི་དོན་གཉིས་པ་དངོས་གཞིའི་རིམ་པ་ལ། ཐུན་མོང་དུ་ལྷ་སྒོམ་པ་དང༌། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དམིགས་པའི་ཟབ་ཁྱད་རྣམས་སྒོམ་པ་དང་གཉིས་ཀྱི། དང་པོ་ལ་བླ་མ་དག་གི་བཞེད་པས་བྱ་བ་ཅན་གྱི་བསྐྱེད་རིམ་དང༌། བྱེད་པ་ཅན་གྱི་བསྐྱེད་རིམ་ཞེས་རྣལ་འབྱོར་བླ་མེད་ཀྱི་ཁྲིད་གཞུང་ཆེན་པོ་རྣམས་དང་འགྲོས་མཐུན་པར་མཛད་ཀྱང༌། དོན་ལ་ཡན་ལག་བཞི་རྫོགས་ཀྱི་ཚོགས་ལྷ་ཡི་སྐུར་སྒོམ་པ་དང༌། དེ་ཉིད་ལ་གསལ་སྣང་ཁྱད་པར་ཅན་སྐྱེ་བའི་ཕྱིར་རིམ་བཞིན་སེམས་བཟུང་བ་གཉིས་ལས། དང་པོ་ནི། རང་ལྷར་སྒོམ་སའི་ཐད་དེར་པྃ་ཡིག་དཀར་པོ་ཞིག་ཐོལ་གྱིས་བྱུང་བ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལྗང་གུ། གེ་སར་དམར་སེར་ཁ་བྱེ་མ་ཐག་པ་ལྟ་བུ། དེའི་ལྟེ་བར་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་འོད་ཟེར་འཕྲོ་བ་དང་བཅས་པ་ཤེལ་དཀར་གྱི་མེ་ལོང་ཁ་སྦུབས་པ་ལྟ་བུ། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། ཞེས་པ་ནས། འོད་ཀོར་ཅན་ཞེས་པའི་བར་ཤར་སྒོམ་གྱི་ཚུལ་དུ་ཉམས་སུ་ལེན་པ་ནི་བསྙེན་པའི་ཡན་ལག་གོ །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བསམ་པ་ནི་ཉེར་སྒྲུབ་ཀྱི་ཡན་ལག་གོ །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཞེས་པ་ནས། གཉིས་སུ་མེད་པར་ཐིམ་ཞེས་པའི་བར་ནི་སྒྲུབ་པའི་
ཡན་ལག་གོ །སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས་ནས་གསོལ་བ་གདབ། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་བཏབ་སྟེ་དབང་ལྷ་རྣམས་ཀྱང་རིགས་བདག་ལ་ཐིམ་པར་བསམ་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ཉིད་ལ་མཆོད་པར་བསམས་ལ་མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་མཆོད། ལྷ་མོ་དེ་རྣམས་ཀྱིས་བསྟོད་པར་བསམ་ཞིང༌། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད་ནས་ལྷ་མོ་རྣམས་རང་གི་ཐུགས་ཀར་ཐིམ་པར་བསམ་མོ།། ༈ །གཉིས་པ་སེམས་འཛིན་གྱི་རིམ་པ་ལ། ང་རྒྱལ་ལ་བསླབ་པ་དང༌། རྣམ་པ་ལ་བསླབ་པ་གཉིས་ལས། དང་པོ་ནི། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན་ཏེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་འབྲས་དུས་སངས་རྒྱས་ཀྱིས་མངོན་དུ་མཛད་ཀྱང་འགྲོ་བ་བུད་མེད་ཀྱིས་འདུལ་བ་ལ་གཟིགས་ནས་ཤེས་རབ་ལྷ་མོའི་སྐུར་བཞེངས་པ་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་དངོས་ཡིན་སྙམ་པའི་ང་རྒྱལ་ཏུར་ཏུར་པོ་དེ་ཀ་ལ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་དེ་ཙམ་དུ་མི་འཛིན་པར་ལྷོད་ཀྱིས་གློད། དེ་ལྟར་གྲིམ་ལྷོད་རན་པོས་ཤེས་པ་རང་སོ་བཟུང་སྟེ་འཛིན་མེད་ཀྱི་ལྟ་བས་རྒྱས་འདེབས་པ་ནི་གནད་དམ་པ་ཡིན་ནོ། །གཉིས་པ་ནི་བླ་མེད་ཀྱི་ཁྲིད་གཞུང་ཆེན་པོ་རྣམས་སུ་རྣམ་པ་སྤྱི་དང་བྱེ་བྲག་ལ་སེམས་བཟུང་བ་སོགས་ས་བཅད་མང་དུ་མཛད་ཀྱང༌། འདིར་ནི་སྤྱི་ཡི་སེམས་འཛིན་རྒྱས་ཙམ་ལས་མི་མཛད་པས། ང་རྒྱལ་ལ་སེམས་བཟུང་བ་དེ་ཀའི་ངང་ལས་སླར་ཡང་ང་ཉིད་སྒྲོལ་མ་དངོས་ཡིན་ན་དེ་ཡང་རྣམ་པ་འདི་ལྟ་བུ་སྟེ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། མཛེས་སྡུག་གི་ཕུལ་དུ་བྱུང་བས་དྲང་སྲོང་རྣམས་ཀྱི་བརྟན་པའང་འཕྲོག་པར་
ནུས་པ། མཉེན་ལྕུག་དང་ལྡན་པའི་ཕྱག་གཉིས་ཀྱིས་གཡས་པ་པུས་མོའི་སྟེང་དུ་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་སྦྱར་བས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ད་ལྟར་གྱི་སངས་རྒྱས་རྣམས་མཚོན་པའི་བརྡར་ཁ་བྱེ་བ། གཡས་ཀྱི་མེ་ཏོག་འདས་པའི་སངས་རྒྱས་རྣམས་མཚོན་པའི་བརྡར་འབྲས་བུའི་ཚུལ་དུ་ཡོད་པ། གཡོན་གྱི་མེ་ཏོག་མ་འོངས་པའི་སངས་རྒྱས་རྣམས་མཚོན་པའི་བརྡར་གང་བུ་སྟེ་ཁ་མ་བྱེ་བའི་ཚུལ་དུ་ཡོད་པ། སྨིན་མཚམས་སུ་སྤྱན་དབུ་མ་དབུས་ནག་པ། མཐའ་སྐྱ་བ། སྤྱན་རྩ་ཡིད་ཙམ་དམར་པོ། དཀྱུས་རིང་ཞིང་ཟིམ་བུར་གཟིགས་པ། སྤྱན་གཡོན་པ་གྱེན་དུ་བསྒངས་པ་ལྟ་བུ། བ་མཆོག་གི་རྫི་མ་ལྟ་བུས་མཛེས་ཤིང་སྨིན་མ་དང་བཅས་པ། གཡས་གཡོན་གྱི་སྤྱན་གཉིས་ཀྱང་དེ་དང་འདྲ་བ། ཤངས་གངས་རིའི་ཟུར་ལྟར་ལེགས་པའི་ནང་ནས་ཨུཏྤ་ལའི་དྲི་བསུང་འཐུལ་བ་སྙན་གཉིས་སྙན་ཤལ་རིང་བ། མཆུའི་སྒྲོས་ལེགས་ཤིང་བིམྤ་ལྟར་དམར་བ། ལྗགས་སྲབ་ཅིང་མཉེན་པ། ཚེམས་བཞི་བཅུ་ཐམ་པ་དཀར་ཞིང་ཐགས་བཟང་བ། ཟུར་བཞིར་མཆེ་བའི་མྱུ་གུ་ཅུང་ཟད་དང་བཅས་པ། མགུལ་པ་བུམ་པ་ལྟར་ཟླུམ་ཞིང་གཉེར་མ་གསུམ་དང་བཅས་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་པའི་ལན་བུ་རིང་དུ་འཕྱང་བ། མཁྲང་ཞིང་རྒྱས་པའི་ནུ་འབུར་ཟུང་གིས་མཛེས་པ། སྐུ་སྟོད་ཚོ་སྐེམ་རན་པ། སྐེད་སྐབས་ཕྲ་བ། སྐུ་སྨད་ཤེས་རབ་ཀྱི་རང་བཞིན་རྒྱས་པ། གསང་བའི་པདྨ་རུས་སྦལ་གྱི་རྒྱབ་ལྟར་མཐོ་ཞིང་མཛེས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་ཤ་ལྟར་འཇམ་པའི་དབུས་སུ་སྤྱན་རེ་རེ་ཡོད་པ། སོར་མོ་རྣམས་ངང་པ་ལྟར་དྲྭ་བས་འབྲེལ་པ། དབུ་རྒྱན་ནི་པྲོག་ཞུ་རིམ་པ་གསུམ་ཅན་རིན་པོ་ཆེའི་རྩེ་ཕྲན་ནམ་ཟེ་པྲོག་ལྔའི་
རྩ་བ་ནས་བཻ་ཌཱུརྻའི་འཁྱུད་མོས་བསྡོམས་ཤིང་རྣ་ལྟག་གཉིས་སུ་ཨུཏྤལ་རྒྱས་པ་ལས་དར་དཔྱངས་འཕྱང་བ། སྙན་རྒྱན་ནི་རིན་པོ་ཆེའི་རྣ་ཀོར་ཟླུམ་པོ་ལ་ཕྲ་ཚོམ་གྱིས་མཛེས་པ། མགུལ་རྒྱན་ནི་གཡས་གཡོན་དབུས་གསུམ་དུ་རིན་པོ་ཆེའི་གཞུང་གསུམ་གྱི་བར་དྲྭ་བས་སྦྲེལ་བ་མགུལ་པར་འཁྱིལ་བའི་ཚུལ་དུ་ཡོད་པ། ཕྱག་གདུབ་ནི་རིན་པོ་ཆེའི་གཞུང་གསུམ་གྱི་བར་དྲྭ་བས་སྦྲེལ་བ་ཆེ་བ་གཉིས་ཀྱིས་དཔུང་པ་དང༌། ཆུང་བ་གཉིས་ཀྱིས་མཁྲིག་མར་བརྒྱན་པ། ཞབས་གདུབ་དེ་དང་འདྲ་བ་ལ་སྨད་དུ་རིན་པོ་ཆེའི་ཟར་ཚགས་མང་པོ་འཕྱང་བས་ལོང་བུར་བརྒྱན་པའོ། །འོག་པགས་སམ་རྐེད་རྒྱུན་ནི་རིན་པོ་ཆེའི་གཞུང་ལྔ་གྱེན་དུ་བྱས་པའི་བར་དྲྭ་བས་སྦྲེལ་ཞིང་ཐུར་དུ་རིན་པོ་ཆེའི་ཆུན་འཕྱང་མང་པོས་སྤྲས་པ། དོ་ཤལ་ནི་རིན་པོ་ཆེའི་ཕྲེང་བས་མགུལ་ནས་ལྟེ་བའི་འོག་ཡན་འཁོར་བ། སེ་མོ་དོ་ནི་དེ་ལས་ཐུང་བ་ནུ་མ་ཡན་འཁོར་བ་སྟེ་བརྒྱད་ཡིན་ལ། དྲུག་ཏུ་བཤད་པ་ནི་གདུ་བུ་རྣམས་གཅིག་ཏུ་བརྩིས། དོ་ཤལ་དང་སེ་མོ་དོ་གཅིག་ཏུ་བརྩིས་པའོ། །དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་དར་དམར་པོའི་ཤམ་ཐབས་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་དཀྱིལ་འཁོར་ལ་རྒྱབ་བརྟེན་ཅིང༌། འོད་ཀོར་དང་འོད་ཟེར་གྱི་ཕྲེང་བ་མུ་མེད་པ་འཕྲོ་བཞིན་པ་དང་གནས་གསུམ་གྱི་ཡི་གེ་གསུམ་རིགས་བདག་དང་བཅས་པ་ལ་རིམ་བཞིན་སེམས་བཟུང༌། དེ་ཡང་གོང་བཞིན་སྒྲིམ་ལྷོད་རེས་འཇོག་གི་ཚུལ་དུ་བསླབ་ཅིང་མཐར་ལྷར་ཞེན་པའི་ཨ་འཐས་དེས་སངས་རྒྱས་ཐོབ་པའི་གེགས་ཀྱང་བྱེད་སྲིད་པས་འཛིན་སྟངས་ཧྲེང་ཧྲེང་པོ་དེ་ཡང་བཤིག་ནས་དམིགས་མེད་ཀྱི་ལྟ་བས་རྒྱས་བཏབ་ཅིང་སྐྱོང་བ་ནི་གཙོ་ཆེ་སྟེ། རྒྱ་གཞུང་རྣམས་སུ་ཡང་ལྷ་ཡི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་ཡུན་རིང་དུ་བལྟས་ལ་ཞེས་སོགས་གསུངས་པའི་ཕྱིར་རོ།། ༈ །གཉིས་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དམིགས་པ་ལ། ཐུགས་ཀའི་འཁོར་
ལོ་བསྒོམ་པ། རིགས་བདག་འཕོ་བ། སྲུང་འཁོར་བསྒོམ་པ། ཚེ་བཅུད་བསྡུ་བ། སྔགས་བཟླ་བའི་དམིགས་པ་རྣམས་ལས། དང་པོ་ནི། རང་ཉིད་རྗེ་བཙུན་མའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བའི་ཐུགས་ཀར་ཏེ་ནུ་མ་གཉིས་ཀྱི་བར་གྱི་ཐད་སྒལ་ཚིགས་ལ་ཉེ་བའི་གནས་དེར་རྒྱུ་ཟླ་བ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། དབྱིབས་ལེབ་ཆགས་ལ་ལྟེ་བ་དང་རྩིབས་དང་མུ་ཁྱུད་རྣམས་ཁྲོལ་ཚགས་ཀྱི་རྣམ་པ་ཅན་གྱི་ལྟེ་བའི་དབུས་སུ་ཏཱྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་གཡས་སྐོར་དང༌། ཏཱྃ་ཡིག་གི་མདུན་ངོས་སྤེལ་ཚིག་གི་ཕྱི་རོལ་ཏུ་ཨོཾ། རྒྱབ་ཏུ་ཧཱ་རྩིབས་བརྒྱད་སོ་སོའི་དབུས་སུ་རིམ་བཞིན་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་རེ་ཡོད་པ་རྣམས་ཁ་དོག་དཀར་པོ་དང༌། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ རྣམས་ཁ་དོག་དཀར་པོ་གཡོན་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཀ་ཁ་ག་གྷ་ང་ནས་ཧ་ཀྵའི་བར་ཁ་དོག་དཀར་ལ་དམར་མདངས་ཅན་གཡས་སྐོར་དང༌། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཡེ་དྷརྨཱའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་སྐོར་དུ་ཡོད་པ་སྟེ་སྔགས་ཕྲེང་ཐམས་ཅད་ཀྱང་ལངས་ཐབས་ཀྱི་རྣམ་པ་ཅན། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་ཕྲེང་བ་ཕྱེད་མུ་ཁྱུད་ལ་ནུབ་ཅིང་ཕྱེད་ཡར་འགྲེང་བུར་ཐོན་པ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པར་བསམ། གཉིས་པ་ནི། སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་
ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཞིག་ཏུ་གནས་པར་གྱུར་པར་བསམ། གསུམ་པ་ནི། རང་ཉིད་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་སྦུབས་ཅན་ཞྭ་ཐེབས་ཁ་སྦྱར་བ་ལྟ་བུ། རྩེ་རིམ་གྱིས་རྣོ་བ། གཡས་སྐོར་དུ་འཁོར་བ་ལས་མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་ཐམས་ཅད་བྱ་སྒྲོ་མགར་གྱི་སོ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་དུ་ཚིག་པར་བསམ། དེ་ནས་སྙིང་གའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཁོར་ལོའི་གུར་ཁང་གི་ཕྱི་རོལ་དུ་འདོམ་གང་ཙམ་དུ་འོད་དཀར་པོའི་གུར་ཁང་དུ་གྱུར། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་ཡིག་འབྲུ་རྣམས་ལས་འོད་ཟེར་སེར་པོ་གསེར་ཞུན་མ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དཀར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་སེར་པོའི་གུར་ཁང་དུ་གྱུར། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱེ་རུའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་སེར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དམར་པོའི་གུར་ཁང་དུ་གྱུར། དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དམར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཐིང་གའི་གུར་ཁང་དུ་གྱུར། དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་
སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་མརྒད་ཞུ་བའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཅར་དུ་འགྲུབ་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་མཐིང་གའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་ལྗང་གུའི་གུར་ཁང་དུ་གྱུར། ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྔགས་ཕྲེང་ལས་འོད་ཟེར་མཆིན་ཁ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བརྟན་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་ལྗང་གུའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཆིན་ཁའི་གུར་ཁང་དུ་གྱུར། བྱིན་རླབས་དང་ཕྲིན་ལས་ཐམས་ཅད་བརྟན་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་སྒོ་ངའི་རྣམ་པ་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ་སྲ་ཞིང་མཁྲེགས་པ་བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོའི་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ་མོ། །དེ་ནས་ཏཱྃ་ཡིག་གི་ཀླད་ཀོར་གྱི་ནང་དུ་རང་གི་བླ་མ་ཞལ་བཞུགས་པ་རྣམས་སྐུ་བགྲེས་གཞོན་བསྙུན་ཚུལ་བསྟན་པ་སོགས་ཇི་ལྟར་ཡིན་ཀྱང་སྐབས་འདིར་སྐུའི་རྣམ་པ་དེ་ཀ་ཡིན་པ་ལ་གཞོན་ཚུལ་ལང་ཚོ་རྒྱས་ཤིང་ན་བཟའ་སོགས་ཀྱང་གཟབ་འཕྱོར་གྱི་རྣམ་པ་ཅན་དུ་བསྒོམ་པ་རྟེན་འབྲེལ་གྱི་དགོས་པ་དང༌། བསྒྲུབ་བྱ་གཙོ་ཆེ་བ་དེ་ཏཱྃ་ཡིག་གི་ཁོག་པའི་ནང་དང༌། གཞན་རྣམས་གཡས་གཡོན་གང་བདེར་སོ་སོའི་རྣམ་པ་གཞོན་ཚུལ་གཟབ་འཕྱོར་ཅན་དུ་བསྒོམ། འོག་གི་ཚེ་བཅུད་བསྟིམ་པའི་དམིགས་པ་སོགས་ཚར་ནས་ངོ་བོ་དེ་དང་དེ་ཡིན་པ་ལ་རྣམ་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་གྱེན་འགྲེང་གི་ལྟེ་བར་ཧཱུྃ་ཡིག་སྔོན་པོས་མཚན་པ་རེ་གསལ་འདེབས། དེ་ཡང་རྡོ་རྗེས་ནི་སྐུ། ཧཱུྃ་དེ་སྤྱིར་ཡི་གེ་ཡིན་པས་གསུང༌། བྱེ་བྲག་ཏུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ས་བོན་ཡིན་པས་བསྒྲུབ་བྱའི་ལུས་ངག་ཡིད་
གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་རྒྱས་བཏབ་པར་འགྲོ་བས་ཤིན་ཏུ་ཟབ་ཅེས་གསུང་སྒྲོས་ཟིན་བྲིས་ཁ་ཅིག་ལས་འབྱུང་ངོ༌། །དེ་དག་བརྟན་པའི་ཕྱིར་ཐུགས་ཀའི་འཁོར་ལོ་དང༌། སྤྱི་བོའི་རིགས་བདག་ནས་འོད་མཆིན་ཁའི་བར་རིམ་བཞིན་གསལ་གདབ། ཡང་ཕྱི་རོལ་ནས་ཚུར་རིམ་བཞིན་གསལ་འདེབས་པ་སེམས་འཛིན་དང་ཆ་འདྲ་བའི་སྒོ་ནས་གསལ་སྣང་ཁྱད་པར་ཅན་མ་ཐོན་གྱི་བར་དུ་འབད་པར་བྱའོ། །བཞི་པ་ནི་སྤྱི་བོའི་བླ་མ་ཚེ་དཔག་མེད་ལ་མོས་གུས་དུང་དུང་བ་ཞིག་བྱས་པས་དེའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་ཐམས་ཅད་དུ་བུན་གྱིས་འཕྲོས་པས་སྣོད་ཀྱི་འཇིག་རྟེན་རི་གླིང་ཉི་ཟླ་སོགས་འབྱུང་བ་བཞིའི་བཅུད་དྭངས་མ་བཀྲག་མདངས་གཟི་བརྗིད་ནུས་མཐུ་ཐམས་ཅད་དང༌། བཅུད་ཀྱི་སེམས་ཅན་མཁས་པ་པཎྜི་ཏ་དང༌། གྲུབ་པ་རིག་འཛིན། ཚེའི་དངོས་གྲུབ་བརྙེས་པའི་ལྷ་དང་དྲང་སྲོང་གི་ཚོགས་ཐམས་ཅད་དང༌། ལྷ་ཀླུ་གནོད་སྦྱིན་དྲི་ཟ་མཁའ་ལྡིང་ལ་སོགས་པའི་མི་མ་ཡིན་མཐུ་བོ་ཆེ་རྣམས་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ། ཁམས་ཀྱི་རྒྱལ་ཕྲན་སོགས་མི་ཡི་བདག་པོ་རྣམས་དང༌། གཞན་ཡང་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་དཔལ་འབྱོར་དང་གཟི་བརྗིད་དབང་ཐང་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུ་རབ་འབྱམས་མུ་མཐའ་མེད་པའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བའི་དབང་པོ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དང༌། ཁྱད་པར་དུ་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པ་ན་བཞུགས་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་དང༌། རི་བོ་པོ་ཏ་ལ་དང་སེང་ལྡེང་ཤིང་གི་ནགས་ཁྲོད་སོགས་ན་བཞུགས་པའི་རྗེ་བཙུན་མ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ།
ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྣམས་དང་འཆི་མེད་ཚེ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་མར་ཞོམ་གྱིས་ལུད་པ་གཞན་དུ་བོ་ཟེག་མེད་པར་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས། བདག་དང་བསྒྲུབ་བྱ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་འབྱོར་གཟི་བརྗིད་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་བྱས་ནས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། རྟག་བརྟན་གཞོམ་གཞིག་བྲལ་བ་འགྱུར་མེད་རྡོ་རྗེའི་ལུས་སུ་གྱུར་པར་བསམ་ཞིང༌། ལུས་གནད་བསྲང༌། ལག་པ་གཡས་གཡོན་གང་བདེའི་གུང་མོ་བརྐྱང་བའི་རྒྱབ་ཏུ་འཛུམ་མོ་བཀུག་སྟེ་སྦྱར། སྲིན་ལག་དང་མཐེའུ་ཆུང་ལག་མཐིལ་དུ་བཀུག་ལ་མཐེ་བོས་མནན་པ་རྡོ་རྗེ་ཕྱེད་པའི་ཕྱག་རྒྱས་སྣ་བུག་གཡས་བཀག་སྟེ་གཡོན་ནས་རླུང་རོ་མགོ་མཇུག་ཕྲ་ལ་དབུས་སྦོམ་པ་ནས་འདྲ་ཞིག་སངས་ཀྱིས་འབུད། ཡང་གཡོན་པ་བཀག་ལ་གཡས་ནས་དེ་བཞིན་འབུད། ཡང་གཉིས་ཀ་ནས་མཉམ་དུ་འབུད། དེ་ནས་འོག་རླུང་སྙན་གསན་འབབ་ཚུལ་དུ་ཕྱེད་འཐེན་ཙམ་བྱ། སྟེང་རླུང་ས་ལེན་མའི་ཚུལ་དུ་རྫོགས་པར་རྔུབ་ཅིང་རླུང་གི་རྟ་མཆིལ་མ་ཞིག་མིད་པ་དང་མཉམ་དུ་ལྟེ་འོག་ཏུ་མནན། སླར་ཡང་འོག་རླུང་རྫོགས་པར་འཐེན་ཏེ་ཁ་སྦྱོར་གྱི་ཚུལ་དུ་བཟུང༌། མི་ཐུབ་ན་དལ་བུས་བཏང༌། ཡང་གོང་གི་དམིགས་པ་རྣམས་གསལ་བའི་ངང་ནས་བཟུང༌། དེ་ལྟ་བུའི་བུམ་ཅན་གསུམ་ནས་ཉེར་གཅིག་གི་བར་དམིགས་པ་དང་སྦྲགས་ཤིང་ཅི་ནུས་སུ་བཟུང་ངོ༌།། ༈ །ལྔ་པ་ནི་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཀྱི་རྐང་མཐིལ་ནས་སྤྱི་གཙུག་གི་བར་མེར་གྱིས་གང་
བས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དང་ཁྱད་པར་དུ་དུས་མ་ཡིན་པ་འཆི་བའི་རྒྱུ་ཚེ་རབས་གཞན་དུ་སྲོག་བཅད་པ་དང༌། ཚེ་ཐུང་བར་འགྱུར་བའི་རྒྱུ་གཞན་གྱི་འཚོ་བའི་རྐྱེན་འཕྲོག་པ་ལ་སོགས་པའི་ལས་ངན་ཐམས་ཅད་སྦྱངས། འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ། བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་མུཀྟི་ཀའི་རྡོག་པའམ་སྐར་མའི་ཕྲེང་བ་ལྟ་བུ་ཁྲ་ཆེམས་ཆེམ་པས་བཀག་པར་བསམས་ལ་རྒྱས་པའི་ལས་མཐུན་གྱི་ཕྲེང་བའམ་མ་འབྱོར་ན་ལས་ཐམས་ཅད་ལ་བྷོ་དེ་ཙེ་ཁོ་ནས་རུང་བ་རྒྱུད་ཀྱི་དགོངས་པ་ཀླན་ཀ་དང་བྲལ་བ་ཡིན་པས་དེ་ལྟ་བུའི་ཕྲེང་བ་གྲངས་བརྒྱ་རྩ་བརྒྱད་ཡོད་ངེས་ཅིག་སྙེམས་པར་བཟུང་སྟེ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ནཱ་ཡ་སྭཱ་ཧཱ། ཞེས་ལན་ཇི་ལྟར་རིགས་པས་བསྔགས་ལ་གཡོན་པའི་མཐེ་བོང་ལྕགས་ཀྱུས་དངོས་གྲུབ་འགུགས་པར་བསམ་ཞིང་གུང་མོའི་སྟེང་ནས་བགྲང༌། མྱུར་ཆེས་པ་ལ་སོགས་པའི་སྐྱོན་བརྒྱད་སྤངས་ཏེ་སེམས་གཞན་ཏུ་མ་ཡེངས་པས་སྔགས་ཀྱི་གྲངས་བརྒྱ་རྩ་བརྒྱད་ནས་སྟོང་གི་བར་ཅི་ནུས་སུ་བཟླའོ། །བཟླ་བྱའི་སྔགས་ནི་ཡི་གེ་བཅུ་པ་སྤེལ་ཚིག་ཅན་ཁོ་ནའོ། །གང་དག་བསྒྲུབ་བྱའི་རིམ་གྲོ་ལྟ་བུའི་བསྙེན་པའི་ཚེ་མ་མ་ཞེས་པའི་ཚབ་ཏུ་གུ་རུ་དང་དཱ་ན་པ་ཏི་སོགས་དང་མིང་དངོས་རྒྱ་སྐད་དུ་བྱས་ནས་འཇུག་དགོས་ཚུལ་སྨྲ་བ་ནི་བབ་ཅོལ་ཙམ་སྟེ། དཀྱུས་ཀྱི་མ་མ་ཞེས་པ་ནི་མིང་ལ་རྣམ་དབྱེ་བྱིན་ནས་ཚིག་ཏུ་གྲུབ་པ་སྟེ། བདག་གི་ཞེས་པ་འགྱུར་བས་མཚོན་ན་བླ་མའི་ཞེས་པ་དང་སྦྱིན་བདག་གི་ཞེས་པ་ལྟ་བུ་རྣམ་དབྱེ་དང་བཅས་པ་འདོན་དགོས་པར་འགྱུར་བས་བརྡ་སྤྲོད་ལ་མ་སྦྱངས་པ་དག་གིས་བསྙེན་པ་བྱེད་མི་རུང་བར་ཐལ་བའི་སྐྱོན་འབབ་བོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་གོང་གི་བསྒྲུབ་བྱ་སྦ་བའི་དམིགས་པ་མ་ཆད་པར་བྱས་ལ་རང་སེམས་དང་བསྒྲུབ་བྱའི་སེམས་གཉིས་ཀའི་ངོ་བོ་བློ་འདས་བརྗོད་བྲལ་དུ་རོ་གཅིག་པར་ཤེས་པར་བྱས་ལ་འཛིན་མེད་དུ་ཡང་ཡང་འཇོག་པ་ཉིད་ཀྱིས་དོན་གྲུབ་པར་བརྒྱུད་ལྡན་བླ་མའི་གསུང་གི་བདུད་རྩི་ངན་རྟོག་གི་དུག་ཆུས་མ་བསླད་
པ་ཡིན་པས་ཡིད་ཆེས་པར་བྱའོ།། ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ནི། གོང་གི་དམིགས་པ་དང་བཅས་པས་མཆོད་བསྟོད་བྱས་ལ་འདོད་པའི་དོན་ལ་གསོལ་བ་གདབ། དབྱངས་གསལ། རྟེན་འབྲེལ་སྙིང་པོ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་རྣམས་ལན་གསུམ་རེ་བཟླས་པས་སྒོམ་བཟླས་ཀྱི་བྱིན་རླབས་བརྟན་པར་བསམ་མོ། །དེ་ནས་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་ནས། འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་ལྗང་གུའི། དེ་མཐིང་གའི། དེ་དམར་པོའི། དེ་སེར་པོའི། དེ་དཀར་པོའི། དེ་འཁོར་ལོའི་གུར་ཁང་ལ། དེ་རང་ཉིད། རང་ཡང་སྟོད་སྨད་ནས་རིམ་བཞིན་འོད་དུ་ཞུ་ནས། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ། དེ་ཏཱྃ་ཡིག་ལ། དེའི་ཁོག་པ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམ། དེ་ཡང་མི་དམིགས་པར་བསམ་ལ་འཛིན་མེད་དུ་འཇོག་གོ །སླར་ཡང་སྟོང་ཉིད་དེའི་ངང་ནས་ཆུ་ལས་ཉ་ལྡང་བ་བཞིན་ལྷའི་སྐུར་ལངས་ལ། གནས་གསུམ་ཡི་གེ་གསུམ་གྱིས་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་བསྔོ་བ་དང་ཤིས་བརྗོད་བྱས་ལ། ཐུན་མཚམས་ཐམས་ཅད་དུ་སྣང་གྲགས་རིགས་གསུམ་རྗེ་བཙུན་མའི་གསང་བ་གསུམ་གྱི་ངོ་བོར་ཤེས་པར་བྱ་ཞིང་དཀོན་མཆོག་མཆོད་པ། བླ་མ་དང་དགེ་འདུན་ལ་བསྙེན་བཀུར། སཱཙྪ་གདབ་པ། གཏོར་མ་གཏོང་བ། ཕྱག་དང་སྐོར་བ། མདོ་བཀླག་པ། གསོད་པར་ངེས་པའི་སེམས་ཅན་གྱི་སྲོག་སླུ་བ། ཟས་སྐོམ་ཡོ་བྱད་སོགས་འཚོ་བའི་རྐྱེན་སྟེར་བ་སྟེ་མདོར་ན་ཆོས་མཐུན་གྱི་བྱ་བ་ཁོ་ནས་དུས་འདའ་བར་བྱའོ། །དེ་རྣམས་ཀྱིས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པ་ཡོངས་སུ་རྫོགས་པ་རྒྱས་བསྡུས་འཚམས་
པའི་ངག་གིས་བསྟན་ཟིན་ཏོ། །སླར་སྨྲས་པ། འདི་ཀོ་འགྲོ་ལ་«དེ་ཉིད་བརྗོད་པའི་དཔེ། »འདོམས་རྣམས་མཁས་དང་གྲུབ། །རིམ་པར་བྱོན་གྱི་སྐྱབ་སེང་རྒྱལ་བརྒྱུད་མིན། །འཁྲུལ་མེད་གདམས་པ་ཡིད་ཅན་རིང་འཚོའི་གསོས། །ཡིན་གྱི་མི་ཚེ་འདའ་བའི་སྒྲུང་རྒྱུད་མིན། །རྒྱུ་དེས་ཨུཏྤ་ལ་«ངག་དོན་དཔེ་ལས་བཞིན་སྒྲ་དུ་མ་ཅན། »བཞིན་དད་སྒྲོལ་མཁྱེན་པའི་རོལ་སྒེག་ལས། །སྦྲང་རྩིའི་བཅུད་བཞིན་བསྟེན་འོས་སྙན་བརྒྱུད་ཐུན་མོང་ཡིན་པའི་མཆོག །ར་ཡིག་གཉིས་པ་ཇི་བཞིན་བདག་བློའི་མོས་པས་ཡོངས་བླངས་པ། །བརྗེད་པས་འཇིགས་ཕྱིར་གསུང་རྒྱུན་ཇི་བཞིན་ཉམས་མེད་བརྩོན་པས་སྤེལ། །འོན་«མ་བསྡུས་པའི་གཟུགས་ཅན། »ཏེ་བདག་བློའི་བུང་བ་ལྷན་སྐྱེས་འཐིབ་བུའི་བུམ་ནང་དུ། །རིང་ནས་ཕྱོགས་བསླད་འཁོར་བའི་བག་ཆགས་སྟུག་པོའི་མཐུ་བརྟས་པས། །སྤྱི་བརྟོལ་ལྡབ་ལྡིབ་དབྱངས་སུ་བླངས་ལ་འགལ་དང་མ་འབྲེལ་དང༌། །ཟློས་པའི་སྐྱོན་སོགས་གང་མཆིས་མཁས་པའི་མདུན་སར་འགྱོད་པས་བཤགས། །འདིར་འབད་དགེ་«མཐའ་དག་གཟུགས་ཅན། »བས་ཚོགས་གཉིས་ཆུ་གཏེར་བསྲུབས་ལས་ཉེར་འཐོན་པའི། །རྒྱལ་བའི་གོ་འཕང་སྐུ་བཞིའི་བདག་ཉིད་རྙེད་དཀའི་བསམ་འཕེལ་དབང༌། །མཚན་དཔེའི་འོད་རྣོན་ཕྱོགས་བརྒྱར་འབར་བའི་གཟི་བྱིན་བཟོད་དཀའ་ལྡན། །འགྲོ་བའི་དད་གསུམ་ཐོར་ཚུགས་རྩེ་མོར་སྒེག་པ་ཉིད་གྱུར་ཅིག །ཅེས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པོའི་ཞལ་ལུང་རིང་འཚོའི་བསིལ་སྦྱིན་ཞེས་པ་འདིའང་ངེས་པར་ཐམས་ཅད་མཁྱེན་པའི་པཎྜི་ཏ་ཆེན་པོ་རྗེ་བཙུན་བླ་མ་མཁྱེན་བརྩེའི་ཞབས་ཀྱི་བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོའི་རྒྱན་དུ་ལྷུང་བ་ལ་བརྟེན་ནས། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཞབས་ཀྱི་པདྨོ་ལ་ཡན་ལག་མཆོག་གིས་བཏུད་པ་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཁྱམས་པོ་ངག་དབང་ལེགས་གྲུབ་ཀྱིས་
ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཁྲོ་མོའི་ལོ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་སྦྱར་བའི་དགེ་བས་འགྲོ་ཀུན་གཟུང་འཛིན་འཆི་བདག་གི་གཡུལ་ལས་བི་ཛ་ཡནྟུ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །སྒྲོལ་དཀར་ཚེ་ཁྲིད་འཆད་ཐབས་སྐལ་བཟང་རྣ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་མཆོག་དང་བདེ་ལྡན་མགོན། །ཐ་དད་མེད་ལ་གུས་བཏུད་ནས། །ཤིན་ཏུ་ཟབ་པའི་ཚེ་ཁྲིད་ཀྱི། །འཆད་ཐབས་དམ་པའི་གསུང་བཞིན་བྲི། །དེའང་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྐལ་བ་དང་ལྡན་པའི་སློབ་མ་བདུན་ལས་མི་མང་བ་ཚེ་ཁྲིད་ཟབ་མོའི་སྒོ་ནས་རྗེས་སུ་འཛིན་པའི་ཚུལ་ནི། ཐོག་མར་ཟླ་བ་གང་རུང་གི་ཡར་ངོའི་ཚེས་བརྒྱད་ལ་གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམ་པའི་ཉིན་སྔ་དྲོར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཡིག་ཆ་ལ་ཞལ་ཤེས་གསུང་སྒྲོས་ཀྱིས་བརྒྱན་པའི་རྗེས་གནང་ཐུན་མོང་མ་ཡིན་པ་གནང༌། དགོངས་ཀའི་དུས་སུ་སློབ་དཔོན་གདན་ལ་འཁོད་ནས་བདུད་ཚར་བཅད་པའི་སྔགས་ཚར་ཉེར་གཅིག་ཙམ་བགྲང༌། དེ་ནས་སློབ་མ་རྣམས་ཀྱང་གྲལ་རིམ་བཞིན་འཁོད་ནས། སློབ་དཔོན་ནམ་གཞན་ཞིག་གིས་བསྐུལ་ཏེ། དཔལ་ལྡན་རྩ་བའི་བླ་མ་སོགས་ཤློ་ཀ་གཅིག ཐུབ་པའི་དབང་པོ་རྗེ་བཙུན་སྒྲོལ་མའི་ཞབས། །ཞེས་སོགས་བརྒྱུད་འདེབས་དང༌། མཆོད་གཡོག་གིས་མཎྜལ་གྲལ་མགོ་ནས་བཀྱེ། གྲལ་གཤམ་ནས་བསྡུས་ལ། ཕྱག་གསུམ་བཙལ། འགྲེང་བཞིན་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པའི་དྲུང་དུ་དམ་པའི་ཆོས་ཀྱི་བཀའ་ཁྲིད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་དང༌། ཨོཾ་བཛྲ་བྷཱུ་མི་སོགས་མཎྜལ་ཚོམ་བུ་སོ་བདུན་མ་བསྐུལ། སྤྲོ་ན་གང་གི་མཆོད་རྫས་མ་དང༌། དེང་ནས་བྱང་ཆུབ་སོགས་ཀྱང་བྱ། དེ་ནས་སློབ་དཔོན་གྱིས་ཟང་ཟིང་མེད་པའི་སྙིང་རྗེ་དང་བྱང་ཆུབ་
ཀྱི་སེམས་སྔོན་དུ་འགྲོ་བས་སྐད་གདངས་མཐོན་པོས། འདི་སྐད་ཅེས་བརྗོད་པར་བྱའོ། །འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་ཁྲིད་ཀྱི་རིམ་པ་ཟབ་མོ་གསན་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང༌། སྐྱེ་རབས་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བཞག །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་ཏུ། །རབ་ཏུ་དྭང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་ལྟར། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་དང༌། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འབྱུང་བ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་དང༌། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབས་ལྟ་བུའི་སྐྱོན་དང༌། ཡིད་གཏད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང༌། དྲན་པ་དང་ཤེས་བཞིན་གྱིས་བཟུང་ཡང༌། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང༌། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་འབྱུང་བ་ལྟར་དྲི་མ་དྲུག་པོ་གང་རུང་དང་ལྡན་པ་ནི་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་སྤངས་དགོས་ཤིང༌། ཁྱད་པར་དུ་ཐ་མལ་སྣང་ཞེན་དང་བཅས་པས་གསང་སྔགས་ཟབ་མོའི་ཆོས་ཉན་དུ་མི་རུང་བས། ས་ཕྱོགས་འདི་ཉིད་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་ལྟ་བུར་གྱུར་པའི་དབུས་སུ། རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་དང་བཅས་པའི་སྟེང་དུ་ད་ལྟ་ཆོས་སྟོན་མཁན་གྱི་སློབ་དཔོན་ཀྱང་
ཐ་མལ་པའི་རྣམ་པ་འདི་ལྟ་བུ་མ་ཡིན་པ་ལྷག་པའི་ལྷ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང༌། གསུང་ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་གཉིས་སུ་མེད་པ་ལྷང་ལྷང་སྒྲོགས་བཞིན་པ། ཐུགས་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་རྒྱ་མཚོ་ཆེན་པོ་སྙིང་རྗེའི་རྦ་རླབས་ལོང་ལོང་དུ་གཡོ་བ་དངོས་ཡིན་སྙམ་པ་དང༌། ཁྱེད་རྣམས་ཀྱང་ཐུན་མཚམས་ཀྱི་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་པའི་ངང་ནས་ཡེངས་པ་མེད་པའི་ཚུལ་གྱིས་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་འགྲོ་བ་ཡོངས་ཀྱི་སོགས་ནས་དོན་དམ་པའི་སེམས་བསྐྱེད་ཡིན་ཞེས་གསུངས། ཐུན་དེ་ལས་ལྡང་བར་འདོད་ན་དགེ་བའི་རྩ་བ་འདིས་མཚོན་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་བྱས་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་ལ་སྤྱོད་ལམ་ཐམས་ཅད་དུ་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །སླར་ཡང་ཐུགས་ངེས་པར་བྱ་བའི་སླད་དུ་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་དུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དང་དངོས་གཞི་ཞེས་སོགས་ནས། དུས་འདའ་བར་བྱའོ། །ཞེས་པའི་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་སོགས་ནས། དུས་འདའ་བར་བྱའོ་ཞེས་པའི་བར་བསྐྱར། མཐར། དེ་རིང་གི་ཐུགས་དམ་དེ་ཙམ་ལ་མཛད་པ་ཞུ། བསོད་ནམས་འདི་ཡིས་སོགས་དང༌། ཐེག་མཆོག་དམ་ཆོས་སོགས་སྨོན་ལམ་མཉམ་དུ་མཛད་ནས་གྲོལ།། ༈ །ཉིན་གཉིས་པ་
ལ། སློབ་དཔོན་གྱི་ཚེ་ཁྲིད་རྒྱུན་གྱི་ཉམས་བཞེས་གྲུབ་འཕྲལ་སློབ་མ་རྣམས་བོས་ཏེ་གྲལ་ལ་འཁོད་ནས་བརྒྱུད་འདེབས་མཎྜལ་སོགས་འདྲ། འོ་ནམ་མཁའ་དང་མཉམ་པའི་སོགས་ནས། དོན་དམ་པའི་སེམས་བསྐྱེད་ཡིན་ཞེས་གསུངས། ཞེས་པའི་བར་ཁར་སང་བཞིན་བསྐྱར། དེས་ཁར་སང་གི་དམིགས་པ་སོང༌། ད་དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ཞེས་པ་ནས། ཡུན་རིང་དུ་བལྟས་ལ་ཞེས་སོགས་གསུངས་པའི་ཕྱིར་རོ། །ཞེས་པའི་བར། དེ་ལས་ལྡང་བར་འདོད་ན་སྒྲུབ་ཐབས་ཀྱི་འཕྲོ་རྣམས་དཀྱུས་བཞིན་ཉམས་སུ་བླངས་ལ་དགེ་བའི་རྩ་བ་སངས་རྒྱས་ཀྱི་རྒྱུར་བསྔོས་ལ་ཆོས་མཐུན་གྱི་སྤྱོད་པས་དུས་འདའ་བར་བྱའོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་དུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབྱུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པ་སྟེ་གསུམ་ལས། ཐུན་མོང་གི་སྔོན་འགྲོའི་རིམ་པ་རྣམས་སོང་ནས། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཞེས་པ་ནས། དུས་འདའ་བར་བྱའོ། །ཞེས་པའི་བར་བསྐྱར། སླར་ཡང་སོགས་ནས་དེ་བཞིན་དུ་བསྐྱར་མཐར། དེ་རིང་གི་ཐུགས་དམ་སོགས་འདྲ།། ༈ །ཉིན་གསུམ་པ་ལ་གོང་འོག་གཞན་ཐམས་ཅད་འདྲ་བ་ལ། འོ་ནམ་མཁའ་དང་སོགས་ནས། སྔོན་འགྲོ་དང་དངོས་གཞི་དང་རྗེས་ཀྱི་རིམ་པ་སྟེ་གསུམ་ལས་ཐུན་མོང་གི་སྔོན་འགྲོའི་རིམ་པ་རྣམས་སོང་ཟིན། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཞེས་པ་ནས། ཡུན་རིང་དུ་བལྟས་ལ་ཞེས་སོགས་གསུངས་པའི་ཕྱིར་རོ། །ཞེས་པའི་བར་བསྐྱར། དེས་ཁར་སང་གི་དམིགས་པ་སོང༌།
ད་དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ནི། གཉིས་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དམིགས་པ་ལ་ཐུགས་ཀའི་འཁོར་ལོ་སོགས་ནས། ཁྱད་པར་ཅན་མ་ཐོན་གྱི་བར་དུ་འབད་པར་བྱའོ། །ཐུན་ལས་ལྡང་བར་འདོད་ན་སྒྲུབ་ཐབས་ཀྱི་འཕྲོས་རྣམས་དཀྱུས་བཞིན་ཉམས་སུ་བླངས་ལ། དགེ་བའི་རྩ་བ་སངས་རྒྱས་ཀྱི་རྒྱུར་བསྔོས་ལ་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་དུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པ་སྟེ་གསུམ་ལས་ཐུན་མོང་དུ་ལྷ་བསྒོམ་བའི་དམིགས་པ་ཡན་ཆད་སོང་ཟིན་ནས། གཉིས་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སོགས་ནས། དུས་འདའ་བར་བྱའོ། །ཞེས་པའི་བར་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས། དུས་འདའ་བར་བྱའོ། །ཞེས་པའི་བར་བསྐྱར་མཐར། དེ་རིང་གི་སོགས་འདྲ།། ༈ །ཉིན་བཞི་པ་ལ། འོ་ནམ་མཁའ་དང་སོགས་ནས་ཁར་སང་གི་དམིགས་པ་གོང་བཞིན་བསྐྱར། མཐར། དེས་ཁར་སང་གི་དམིགས་པ་སོང༌། ད་དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། བཞི་པ་ཚེ་བཅུད་བསྡུ་བ་ནི། སྤྱི་བོའི་བླ་མ་ཚེ་དཔག་མེད། སོགས་ནས། ཁོ་ནས་དུས་འདའ་བར་བྱའོ། །ཞེས་མཇུག་རྫོགས་པའི་བར་བཤད། སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་དུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་གསོལ་འདེབས་
སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་སྟེ་གསུམ་ལས་སྲུང་འཁོར་བསྒོམ་པ་ཡན་ཆད་སོང་ཟིན། བཞི་པ་ཚེ་བཅུད་བསྡུ་བ་ནི། སྤྱི་བོའི་བླ་མ་ཞེས་པ་ནས། འདའ་བར་བྱའོ། །བར་རྫོགས་པར་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས། དུས་འདའ་བར་བྱའོ་ཞེས་པའི་བར་བསྐྱར། མཐར་དེ་རིང་གི་སོགས་འདྲ།། ༈ །ཉིན་ལྔ་པ་ལ་སྔ་དྲོའི་དུས་སུ་ཆོས་ཐུན་འཛུགས་དགོས། ཁར་སང་གི་དམིགས་པ་བསྐྱར། མཐར། དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་གདམས་པ་ཟབ་མོ་ཡོངས་སུ་རྫོགས་པ་ཁོ་བོ་ཅག་གི་རྣམ་འདྲེན་དམ་པ་ཁྱབ་བདག་བདེ་ལྡན་མགོན་པོ་དང་དབྱེར་མ་མཆིས་པ་ཆེ་གེ་མོའི་ཞལ་སྒོ་ནས་ཇི་ལྟར་བྱོན་པ་བཞིན་ཕུལ་གྲུབ་པ་ཡིན་པས་འདི་ལ་བརྟེན་ནས་རང་ཉིད་ཀྱི་ཆོས་སྒྲུབ་པའི་རྟེན་བཟང་ཡུན་རིང་དུ་འཚོ་བའི་ཐབས་སུ་ཐོག་མར་བསྙེན་པ་ལས་སུ་རུང་བར་བྱས་ནས་རྒྱུན་གྱི་ཉམས་བཞེས་ལ་བརྩོན་པའི་ངང་ནས་རང་གཞན་གྱི་དོན་དུ་ལས་ཀྱི་ཚོགས་རབ་འབྱམས་སྒྲུབ་པ་དང་སྐལ་ལྡན་རྣམས་གདམས་པས་རྗེས་སུ་འཛིན་པ་ལ་སོགས་པ་བསྟན་འགྲོའི་སྐབས་སུ་གང་བབས་མཛད་འཚལ། ཚེ་ཁྲིད་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེ་ལྟར་རང་རེ་རྣམས་ཀྱི་དམ་པའི་ཆོས་ཉན་བཤད་བྱས་པ་ལ་བསོད་ནམས་དཔག་ཏུ་མེད་པ་ཞིག་ཡོད་པ་རྣམས་བར་མ་དོར་ཆུད་མི་ཟ་བའི་ཕྱིར་འཁོར་གསུམ་མི་དམིགས་པའི་བསྔོ་བས་རྒྱས་གདབ་དགོས་པས། ཞེས་མཚམས་སྦྱར་ནས་དབུ་ཞྭ་ཕུད། ཕུན་སུམ་ཚོགས་པའི་དགེ་འདུན་སོགས་སྤྱི་བསྔོ་རྒྱས་པ་ཤིས་བརྗོད་ཀྱི་མཐའ་བརྒྱན་པར་བྱའོ། །དེ་ནས་གནས་སྐབས་གང་འོས་ཞིག་ཏུ་སློབ་དཔོན་ངག་དབང་གྲགས་པས་མཛད་པའི་སྒྲུབ་ཐབས་སོགས་རྒྱ་བོད་ཀྱི་གཞུང་ལུང་
རྒྱུན་གང་བཞུགས་ཀྱི་བཀླག་ལུང་བྱའོ། །སླར་སྨྲས་པ། འདིར་འབད་ལེགས་བྱས་ཟླ་ཤེལ་འོད། །ལུས་ཅན་སྙིང་གི་ཀུ་མུ་དར། །ལྷུང་བ་ཙམ་གྱིས་སྔོན་མེད་པའི། །གྲུབ་གཉིས་འདབ་བརྒྱ་གྲོལ་གྱུར་ཅིག །ཅེས་པ་འདིའང་རང་ཉིད་ཀྱིས་སྔར་བརྩམས་པའི་གཞུང་གི་ཉེར་མཁོ་རྒྱལ་ཁམས་པ་ཝཱ་གིནྡྲ་སུ་སིདྡྷིས་སྦྱར་བ་ཤུ་བྷ་མསྟུ།། ༈ །རྗེ་བཙུན་ཡིད་བཞིན་འཁོར་ལོའི་རྣལ་འབྱོར་པ་ལ་ཉེ་བར་མཁོ་བའི་ཡི་གེ་སྲིད་ཞིའི་དགེ་ལེགས་ནམ་མཁའ་མཛོད་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །གུ་རུ་ཤྩ་ཙིནྟཱ་ཙཀྲ་བྷེ་དཱ་ཡ་ན་མཱ་མི། ཏཱ་རཱ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་མ། །ཤྲཱི་གྷྲཱ་ཕྱི་ནང་འཇིགས་བརྒྱད་ལས་སྒྲོལ་མ། །བི་རཱ་བདག་ཏུ་ན་བ་ལས་སྒྲོལ་མ། །ཙིནྟཱ་ཙཀྲ་ཕོངས་པ་ལས་སྒྲོལ་མ། །གང་གི་བྱིན་རླབས་འོད་རྡུལ་དཀར། །བདག་བློའི་ཀུ་མུ་དར་ཕབ་ནས། །སྲིད་ཞིའི་ཚ་གདུང་གཞིལ་བ་དང༌། །ཟག་མེད་བདེ་དགའ་སྩོལ་ཞིག་ཀྱེ། །གསང་སྔགས་མཚན་ཉིད་ཐེག་པ་ལས། །ཁྱད་ཆོས་བཞི་ཡིས་འཕགས་གྱུར་པའི། །གཉིས་པ་ཐབས་ཚུལ་རྣམ་མང་པོའི། །བྱེ་བྲག་འགའ་ཞིག་འདིར་བརྗོད་བྱ། །དེའང་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལྷག་པའི་ལྷར་བཟུང་སྟེ། དུས་མ་ཡིན་པའི་འཆི་བས་མཚོན་པའི་རང་གཞན་གྱི་མི་མཐུན་པའི་ཕྱོགས་མཐའ་དག་ཞི་བ་དང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་སྤེལ་བར་འདོད་པའི་གང་ཟག་གིས། བླ་མ་བརྒྱུད་པ་དང་ལྡན་པ་ལས་སྒོམ་བཟླས་ཀྱི་ལུང་དང༌། རྗེས་སུ་གདམས་པ་ཐུན་མོང་མ་ཡིན་པའི་བཀའ་དྲིན་ནོས་ནས། བསྙེན་སྒྲུབ་ལས་སུ་རུང་བ་སྔོན་དུ་འགྲོ་བས་ལས་ཀྱི་ཚོགས་རབ་འབྱམས་ལ་འཇུག་པར་བྱའོ། །དེས་ན་དེ་ལྟ་བུའི་རྣལ་འབྱོར་པ་ལ་ཉེ་བར་མཁོ་བའི་རེག་ཟིག་ཅུང་ཞིག་སྤྲོས་ནས་ཡིག་རྙིང་འགའ་ཞིག་ཏུ་བུམ་ཆོག་ལ་སྒྲུབ་པའི་ཐ་སྙད་བྱས་པ་སྣང་མོད།
ཕལ་ཆེ་བས་བསྙེན་སྒྲུབ་སྦྲགས་མ་ཙམ་ལས། ཐ་དད་དུ་བྱ་བར་མ་བཤད་པ་ལྟར་ན། ཐོག་མར་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ། བཟའ་བཏུང་བུད་ཤིང་སོགས་མཐུན་རྐྱེན་རྣམས་བསགས་ལ་མཚམས་གཡོག་ཀྱང་ཡིད་བརྟན་ཐུབ་པ་ཞིག་ལ་བློས་བཀལ། གཟའ་སྐར་གྱི་ཁམས་ཆུ་ནང་འཕྲད་སོགས་དགེ་བའི་ཉིན་གནས་ཁང་བྱི་དོར་བྱས་ལ། རྗེ་བཙུན་མའི་སྐུ་བྲིས་འབུར་སོགས་ཀྱི་རྟེན་ཡོད་ན་ཇི་ལྟར་བདེ་བར་བཞུགས་སུ་གསོལ། དེའི་དྲུང་གཏོར་སྒྲོམ་མམ་བང་ཁང་ལྟ་བུར་དཀར་གཏོར་གཅིག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། ལོགས་ཤིག་ཏུ་གཏོར་མ་ཆ་གསུམ་དང༌། མདུན་དུ་རྡོར་དྲིལ་ཡུངས་ཀར་གུ་གུལ་སོགས་སྟ་གོན་བྱ། གདན་གྱི་འོག་ཏུ་སྣ་ཚོགས་རྡོ་རྗེ་བྲི་བ་སྤྱི་ལྟར་བྱུང་ན་ལེགས་མོད་མི་དགོས་ཀ་མེད་མིན། སྒོ་དྲུང་དུ་ཐོ་བརྩིགས་ལ་དཀར་རྩིས་བྲན། ཕྱི་མཚམས་བཅད་ནས་རང་ཉིད་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ཀྱིས་གདན་ལ་འཁོད་དེ་ཆ་གསུམ་ཡོ་ག་ལྟར་བཏང༌། བགེགས་གཏོར་ཕྱིར་དོར་བའི་རྗེས་སུ་གུ་གུལ་བདུག་ཅིང་ཡུངས་ཀར་འཐོར། ས་ཕྱོགས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་རེ་ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་འབར་བས་གང་བར་གྱུར་ཅེས་«མཚམས་བཅད་དུས་ཙམ་ལས་གཞན་དུ་བསམ་མི་དགོས་སོ། »བརྗོད། དེ་ནས་བརྒྱུད་པའི་གསོལ་འདེབས་དང༌། མཆོད་པ་རྣམས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། བྱིན་རླབས་སྤྱི་ལྟར་དང་དྷརྨཱ་ར་ཎི་ཏ་སོགས་བརྗོད། སྐྱབས་འགྲོ་གང་མང་གཞིར་བྱས་པའི་ཐུན་བསྡམ། སྒྲུབ་ཐབས་ཀྱི་ངག་འདོན་ངག་དབང་ཀུན་བློའི་ཡིག་ཆའི་སྟེང་ནས་བྱས་ན་བདེ། ཐུན་མཐར་གཏོར་མ་ཆབ་ཀྱིས་བྲན་ལ། བསང་སྦྱང་གོང་བཞིན་དང༌། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་པའི་ཚུལ་དང་བཅས། ཨ་ཀཱ་རོ་ལན་གསུམ་གྱི་བྱིན་གྱིས་བརླབ། སྐུ་རྟེན་ལ་དམིགས་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་
ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་སོགས་ནས་འོད་དཔག་མེད་ཀྱིས་དབུར་བརྒྱན་ཞེས་པའི་བར་དང༌། རྟེན་མེད་ན་མདུན་གྱི་ནམ་མཁར་པྃ་ལས་སོགས་ཀྱིས་བསྐྱེད། གང་ལྟར་ཡང་ལྷའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བ་གཏོར་མ་ལ་ཟུག་སྟེ་དྲངས་པར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་མ་ཧཱ་སཏྭ། སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མཱ་བི་ལམྦ། མཱ་བི་ལམྦ། ཨི་དཾ་བ་ལིཾ་ཏ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་སེ་གོལ་གཏོགས་པ་དང་བཅས་པ་ལན་གསུམ་གྱིས་ཕུལ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། རྡོར་དྲིལ་འཛིན་པས། འཁོར་བ་ལས་སྒྲོལ་སོགས་སམ། ལྷ་དང་ལྷ་མིན་སོགས་གང་རུང་གིས་བསྟོད། ཐལ་མོ་སྦྱར་ཏེ། རྗེ་བཙུན་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབ་ཏུ་གསོལ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་སོགས་ཡིད་ལ་གང་འདོད་པ་གསོལ་བ་གདབ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བརྟན་བཞུགས་སྤྱི་ལྟར་བྱ། རྟེན་མེད་ན། ཨོཾ་ཁྱེད་ཀྱིས་སོགས་དང༌། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད། སྐབས་འདིར་སྒྲོལ་མའི་བཀའ་སྡོད་ཀྵེ་ཏྲ་པཱ་ལ་དང་འཇིགས་བྱེད་ཆེན་པོ་ལ་གཏོར་མ་ཕུལ་ན་ལེགས་པ་གཉན་ལོའི་ལོ་རྒྱུས་ཀྱིས་ཤེས་མོད་སྤྲོ་ན་ལོགས་སུ་འབྱུང་ངོ༌། །ཡང་གཏོར་མ་ཆ་གསུམ་བཏང་བའི་སྲོལ་ཡོད་པ་འདྲེ་ནའང་ཕལ་ཆེར་གྱིས་མི་མཛད་པར་སྣང༌། དེ་དག་ལ་མོས་ན་སྦྱོར་བའི་སྐབས་སུ་ཡི་དམ་གྱི་གཏོར་མའི་གཡས་གཡོན་དུ་བཤམ་ཞིང་བགེགས་གཏོར་ནི་
ཉིན་རེ་བཞིན་ཕྱིར་དོར་རོ། །གང་ལྟར་ཡང་རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་དང༌། བསྔོ་སྨོན་ཤིས་བརྗོད་བཅས་བྱ། དེ་ནས་ཁ་ཏོན་གང་དགོས་བྱས་ལ་སྲོད་ཐུན་ལ་འཇུག ཉི་མ་རྗེས་མ་རྣམས་ལ་གཏོར་མ་སྔ་ཐུན་གྱི་རྗེས་ལ་འབུལ། བྱད་རྦོད་ཀྱི་ལྟས་དང༌། བགེགས་ཀྱི་ཆོ་འཕྲུལ་ཆེ་ན་ཐུན་མཚམས་རྣམས་སུ་རང་འཁོར་ལོའི་གུར་ཁང་མེ་འོད་དང་བཅས་པ་དཀྱུས་བཞིན་གསལ་བར་བསྒོམས་ལ་ཡི་གེ་བཅུ་པ་ཇི་ལྟར་«འདིའི་སྐབས་རང་གི་མདུན་རྒྱབ་ཨོཾ་དང་ཧཱ། རྩིབས་རྣམས་ལ་ཏཱ་རེ་སོགས་ཡིག་འབྲུ་བརྒྱད་འགོད་པ་དང༌། བཟླས་བའི་སྔགས་ཀྱི་སྭཱ་ཧཱའི་གོང་དུ་བར་དུ་གཅོད་པ་ཐམས་ཅད་རཀྵ་ཞེས་སོགས་སྤེལ་ཚིག་གཞུག་པར་གསུངས་ཤིང༌། དཀྱུས་ལ་འདི་ཙམ་གྱིས་ཀྱང་དོན་འགྲུབ་པར་བཤད་པས་གང་མོས་བྱ། »རིགས་པ་བཟླ། ཁ་ཏོན་གཞན་ཡོད་ན་ཐུན་མཚམས་གང་འོས་སུ་བྱས་པས་ཆོག་ཅིང་བསླབ་བྱ་ཕྲ་མོ་རྣམས་ནི་སྤྱིའི་བསྙེན་ཐབས་ལས་རྟོགས་པར་བྱའོ། །མདོར་ན་ཐུན་གསུམ་མམ་བཞིའི་སྦྱོར་བས་དུས་ཀྱི་བསྙེན་པ་ཟླ་བ་དྲུག་ཏུ་སྒོམ་བཟླས་ལ་རྩེ་གཅིག་ཏུ་གཞོལ་བ་ནི་རྒྱ་གཞུང་གི་དངོས་བསྟན་ཡིན་པས་གཙོ་བོར་བྱ། གྲངས་བསྙེན་ལ་མོས་ན་འབུམ་ཕྲག་བཅུ་བཟླ་དགོས་ཏེ། ལྷ་སྔགས་ཀྱི་དངོས་གཞི་ཡི་གེ་བཅུར་གནས་པ་འབྲུ་འབུམ་གྱི་རྩིས་དང༌། དེ་ཉིད་བརྒྱད་འགྱུར་དུ་བྱས་པས་འབུམ་ཕྲག་བརྒྱད་ཅུ་བཟླས་ན་ལེགས་པ་སྒྲོལ་མའི་མན་ངག་«གཉན་སྒྲོལ་དང་ཀུ་རུ་ཀུལླེ་སོགས། གུར་དང་སཾ་ཊའི་རྡོ་རྗེ་སློབ་མའི་སྐབས་སོགས་ནས་བཤད་ཅིང༌། ཐུན་མོང་སྒྲུབ་པའི་ལྷ་གཞན་ནས་ཀྱང་འབྱུང༌། དེ་ལྟར་གྲུབ་ན་དུས་བསྙེན་དང་གཞི་མཐུན་པར་འགྱུར་བས་ཤིན་ཏུ་ལེགས་པར་མངོན། »གཞན་དང༌། རྒྱུད་འགྲེལ་རྣམས་ནས་ཀྱང་འབྱུང་ངོ༌། །དེང་སང་སྤེལ་ཚིག་ཅན་ལ་བཞི་འབུམ་མཛད་པ་ནི་ཡིག་འབྲུ་བཅོ་ལྔ་ལས་ལྷག་པ་ལ་དེ་ལྟར་བཟླ་དགོས་པ་སྤྱིར་བཏང་གི་དབང་དུ་སོང་བའོ། །ཡང་ན་རྒྱ་གཞུང་དུ། ཡི་གེ་བཅུ་པའི་སྔགས་འདི་ནི། །སྐྱོ་བ་མེད་པའི་སེམས་ཀྱིས་བཟླ། །ཞེས་འབྱུང་བ་དང༌། སྒྲུབ་ཐབས་ཀྱི་ཡི་གེ་གཞན་དང་ཡང་སྒོ་བསྟུན་ན། བསྙེན་པའི་དངོས་གཞི་ཡི་གེ་བཅུ་པ་ཁོ་ན་ལ་གྲངས་བཟུང་ཞིང༌། ཐུན་
མཇུག་ཏུ་སྤེལ་ཚིག་ཅན་ཅུང་ཟད་རེ་བཟླ། སྔ་མ་འབྲུ་འབུམ་སོགས་ཐེམ་པ་དང༌། སྤེལ་ཚིག་ཅན་ལ་ཞག་བདུན་སོགས་སྒྲུབ་བསྙེན་གྱི་ཚུལ་དུ་བྱས་པས་དོན་འགྲུབ་བོ། །གང་ལྟར་ཡང་བསྙེན་ཚད་ལེགས་པར་རྫོགས་ནས་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་«ཡིག་ཆ་དེ་ལས་ཀྱང་བསྙེན་པ་གང་ལ་སོང་བའི་སྔགས་ཀྱིས་ཏིལ་འབུལ་བར་བཤད་པས། སྤེལ་ཚིག་ཅན་ཁོ་ན་མི་དགོས་པར་གྲུབ་བོ།། »ཡི་གེའི་སྟེང་ནས་བྱ་ཞིང༌། དེར་ཐབ་ཐིག་སྤྱི་ལྟར་བྱ་གསུངས་པ་ནི། ས་མ་དུལ་བའི་གནས་ལྟ་བུ་ཡིན་ན། བསླང་བ་དང་སྦྱང་གཟུང་མདོར་བསྡུས་པ་བྱས་«བདག་བསྐྱེད་མདོར་བསྡུས་སྔོན་དུ་འགྲོ་བའི་ས་ལྷ་ལྷག་གནས་དཀྱིལ་ཆོག་གཞན་དང་འདྲ་བ་ལས། མཁྱེན་གསོལ་གྱི་ཚིག་ཅུང་ཟད་བསྒྱུར། སླར་གཞི་བདག་ལ་གཏོར་མ་སྦྱིན། ས་ལག་པ་གཉིས་ཀྱིས་བཅག་ལ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བྷུ་ཁཾ། ཞེས་པས་སྦྱངས་ལ། གནས་འདིར་སྦྱིན་སྲེག་བྱས་ལ་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་སྙམ་པའི་བློས་ཡོངས་སུ་བཟུང་ངོ༌། »ནས། ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་ལ། དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོ་བསྐོར་བ་ཐབ་ཁུང་དང༌། དེའི་ཕྱི་རོལ་དུ་སོར་བཞི་པ། ལན་གཉིས་བསྐོར་བ་ཁ་ཁྱེར་དང་མུ་རན། ཚད་དེ་ཉིད་ཀྱིས་ཚངས་ཐིག་དང་མུ་རན་འཛོམ་པའི་ས་ནས་ཟུར་ཐིག་བཞིའི་སྟེང་དུ་མཚན་མ་བྱས་ལ་ཐིག་བཞིའི་རྩེ་ལེགས་པར་སྦྲེལ་བའི་སྟེགས་བུ་གྲུ་བཞི་དང༌། དེའི་གྲྭ་བཞིར་རྡོ་རྗེའི་རྩེ་ནང་ངོས་སུ་བསྟན་པའི་ཟླ་ཕྱེད་རྡོ་རྗེ་བྱ། ཕྱག་ལེན་ལ་སྟེགས་བུ་གྲུ་བཞི་པའི་ཕྱི་རོལ་དུའང་སོར་བཞི་པའི་ཚད་ཀྱིས་ཆ་ག་«སྟེགས་བུའི་དཔངས་ཀྱིས་ཚད་མཚོན། »མཛད། ཐབ་ཀྱི་དབུས་ནས་སུམ་གཉིས་ཕྱིར་བཞག་པའི་ནང་གི་སུམ་ཆ་ཟླུམ་པོར་བསྐོར་བ་པདྨའི་ལྟེ་བ་དང༌། ཕྱིའི་སུམ་གཉིས་ལ་པདྨའི་འདབ་མ་བྲི། ཐབ་ཀྱི་གཞི་ཐམས་ཅད་ཁ་དོག་དཀར་པོ་དང་བཅད་ཚོན་སོགས་དམར་སྐྱས་བྱ། མུ་རན་ལ་རྡོ་རྗེ་ཁ་ཟུམ་པའི་ཕྲེང་བས་བསྐོར་ཞིང་དབུས་ཀྱི་མཚན་མ་སོགས་དཀྱུས་བཞིན། རྫས་རྣམས་ཀྱང་མང་ཉུང་ཚན་གཉིས་བཤམས་པའི་ཕུད་ལས་མང་བར་བྱས་པ་
འདས་པའི་མེ་ལྷ་དང༌། མེ་ལྷ་ལྷག་མས་མཆོད་པའི་ཆེད་དུ། ལྷག་མ་ལས་ཉུང་བར་བྱས་པ་ཐོག་མར་མེ་ལྷ་མཆོད་པའི་ཆེད་དུའོ། །རྫས་བྱིན་རླབས་སྐབས་རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་གུང་མོ་གཉིས་བརྐྱངས་ཏེ་རྩེ་སྤྲད་པ་ཆོས་འབྱུང་གི་ཕྱག་རྒྱའི་ཁོངས་སུ་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམ་པ་ལས་འོད་ཟེར་འཕྲོས་པས་རྫས་རྣམས་ཀྱི་མ་དག་པ་བཀྲུས་པར་བསམ་ཞིང་སྔགས་རྣམས་བརྗོད། འདུག་སྟངས་ཙོག་པུ་རྐང་པ་གཉིས་ཅུང་ཟད་བསྣོལ་བ་རིག་བྱེད་འདོན་པའི་སྤྱོད་ལམ་མམ་སྐྱིལ་ཀྲུང་བྱས་པའི་པུས་མོའི་ཁོངས་ལས་གྲུ་མོ་ཕྱིར་མི་འདའ་བས། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་མཐུན་པར་དགང་བླུགས་འཛིན་པ་བྱོན་སྐྱེམས་སོགས་ཀུན་ལ་«གྲུ་མོ་ཕྱིར་མི་འདའ་བའི་ཀུན་སྤྱོད་འདི། སྦྱིན་སྲེག་མ་ཚར་བར་གྲུབ་ན་ལེགས་མོད། དགང་བླུགས་འཛིན་དུས་ཅིས་ཀྱང་འབད། མི་འདའི་དོན་ལག་པ་སྤྱི་ལ་བཞེད་པའང་ཡོད་འདྲ། »འགྲེ། ཞི་བ་སྤྱི་ལྟར་འདས་པའི་རིགས་བདག་རྣམ་སྣང་བྱས་ཀྱང་འགལ་བ་མེད། མཆོད་འབུལ་གྱི་ཚིགས་བཅད་མཎྜལ་བཞི་ཆོག་ནས་འབྱུང་ཞིང༌། མི་ཤེས་ན་རབ་འབྱམས་རྒྱ་མཚོ་སོགས་ཚེ་ཆོག་ལྟར་རམ་འོག་ཚོགས་བསག་གི་སྐབས་ནས་འབྱུང་བ་ཅུང་ཟད་བསྒྱུར། ཏིལ་བསྙེན་པའི་བཅུ་ཆ་འབུལ་དགོས་པས་ཉིན་གྲངས་ཇི་ཙམ་འགོར་བའི་བར་དུ་བྱའོ། །སྦྱིན་སྲེག་ཡུན་རིང་མི་འཛོམ་པ་ཤར་ན་ཁ་སྐོང་ཕལ་ཆེར་བསྙེན་པའི་དཀྱུས་སུ་འགྲོ་བར་བྱེད། དེ་ལྟ་བུའི་ཚུལ་གྱིས་བསྙེན་སྒྲུབ་སྔོན་དུ་བཏང་ནས་ལས་སྣ་ཚོགས་ཀྱི་སྒོ་ནས་རང་གཞན་ལ་ཕན་གདགས་པར་བྱ་སྟེ། ཡི་གེ་རྙིང་པ་རྣམས་དང་མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་ཀྱང་རྟོགས་པར་བྱའོ།། ༈ །དེ་ཉིད་དུའམ་གནས་སྐབས་གཞན་དུ་རང་གཞན་གྱི་ཚེ་དང་བསོད་ནམས་སོགས་རྒྱས་པའི་དོན་དུ་སྦྱིན་སྲེག་བྱེད་པར་འདོད་ན། བཤམ་དང་ཆོ་ག་ཕལ་ཆེར་ཞི་བ་གཞིར་བཞག་ལ། མི་འདྲ་བའི་ཁྱད་པར་ཐིག་ཆེན་བརྒྱད་བཏབ་པའི་དབུས་ནས་ཁྲུ་གང་གི་ཚད་ཀྱི་
སྲད་བུས་ཕྱོགས་བཞིའི་ཚངས་ཐིག་ལ་མཚན་མ་བྱས་ལ་དེའི་བར་གྱི་སྲད་བུ་དེ་གཡོན་པས་མཚན་མའི་སྟེང་ནས་བཟུང༌། གཡས་པས་ཟུར་ཐིག་ལ་རི་མོ་རྒྱ་གྲམ་བྱ། དེ་དག་གི་སྟེང་དུ་ཐིག་བཞི་བཏབ་པས་ཐབ་ནང་དང༌། དེའི་ཕྱི་རོལ་དུ་ཤར་སོགས་ཕྱོགས་བཞིར་སོར་བརྒྱད་པ་གཉིས་ཀྱི་མཚན་མ་ལ། རྟགས་ནང་མ་ནས་དབུས་བར་གྱི་སྲད་བུ་དེས་ཟུར་ཐིག་བཞི་ལ་མཚན་མ་བྱས་ཏེ་ཐིག་བཏབ་པས་ཁ་ཁྱེར་འབྱུང༌། ཡང་རྟགས་ཕྱི་མ་ནས་དབུས་བར་གྱི་སྲད་བུ་དེས་སྔར་ལྟར་ཟུར་ཐིག་བཞི་ལ་མཚན་མ་བྱས་ཏེ་ཐིག་བཏབ་པས་མུ་རན་འབྱུང་ལ་ཐབ་སྟེགས་ནི་མི་«བཤད་བ་བཞིན་མ་ཤོངས་ན་ཕྱེད་ཕྱེད་ཆ་ཕྲི་བས་རུང་ཙམ་ཡིན་པར་གསུངས་ཤིང༌། ཞི་བ་སོག་ལའང་འགྲེའོ།། »དགོས་སོ། །ཐབ་ནང་སུམ་གཉིས་པད་འདབ་བྱ་བ་སོགས་ཞི་བ་དང་འདྲ། གཞི་ཐམས་ཅད་སེར་པོ་དང་བཅད་ཚོན་ལི་ཁྲིས་བྱ། མུ་རན་ལ་རིན་པོ་ཆེའི་ཕྲེང་བ་བྲི། ཁ་ཁྱེར་གྱི་སྟེང་ནས་བུད་ཤིང་གྲུ་བཞིར་བརྩིགས་པའི་ནང་འཇིག་རྟེན་པའི་ཤར་ལྷོར་ཏིང་ལོ་བཞག རྫས་ལ་ཡམ་ཤིང་དུག་དང་ཚེར་མ་ཅན་མ་ཡིན་པ། ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་གང་རུང་སྦོམ་ཕྲ་གུང་མོ་ཙམ་སེར་ཞིང་དྲི་«ལོ་འབྲས་མ་ཉམས་པ་བྱུང་ན་མཆོག་ཏུ་ལེགས་ཤིང་གཤེར་ཡོད་པ་ནི་ངེས་པར་དགོས། »ཞིམ་པ། ཁྲུ་གང་བ་རྩ་རྩེ་མར་དང་སྦྲང་རྩིས་སྦགས་པ་དང༌། ཚེ་རྒྱས་པ་གཙོར་བྱ་དགོས་པས་དཱུརྦའི་མྱུ་གུ་ཞོ་དང་འོ་མ་སྦྲང་རྩིས་སྦགས་པ། རྩ་རྩེ་མ་ནོར་བ་བརྒྱ་རྩ་བརྒྱད་རེ་ཁྲེས་པོར་བྱས་པ་གང་མང་དང༌། ཞར་བྱུང་བསོད་ནམས་རྒྱས་པའི་དོན་དུ་འབྲས་མ་ཆག་པ་གུར་གུམ་ཡུང་བ་སོགས་ཀྱིས་ཁ་བསྒྱུར་བ་བཅས་གྲངས་འཛིན་པའི་ཆེད་དུ་བཤམ། རྫས་གཞན་དང་མཆོད་གཏོར་ཞི་བ་དང་«སེར་པོར་ཁ་བསྒྱུར་ཞིང་སྣོད་དང་སྟེགས་སོགས་སེར་པོར་བྱེད་པའི་སྲོལ་ཡང་ཡོད། »འདྲ། དཀྱིལ་འཁོར་གྱི་ཞལ་ལྷོར་བསྟན་པའི་མདུན་དུ་རྣལ་འབྱོར་པའི་སྟན་སེར་པོའི་སྟེང་དུ་ས་འཇའ་ལི་ལྟ་བུ་བཞག སྔ་དྲོའི་དུས་སུ་རང་ཉིད་ཁྲུས་བྱ། གོས་རྒྱན་སེར་
པོས་བརྒྱན་ལ་རང་གཞན་གྱི་ཚེ་དང་བསོད་ནམས་སོགས་རབ་ཏུ་རྒྱས་པར་བྱའོ་སྙམ་པ་ཚིམས་པའི་སེམས་ཀྱིས་ཁ་བྱང་དུ་བལྟས་ཏེ་བཟང་པོའི་འདུག་སྟངས་ཞེས་པ་ཁྱེལ་འདུག་བྱ། དངོས་གཞི་ལ། བསང་ཆུ་དང་མཆོད་པ་བྱིན་རླབས་བདག་བསྐྱེད་ཉེར་བསྡུ་ལས་ལྷར་བཞེངས་པའི་བར་འདྲ། དཔལ་འབར་དགེ་འདུན་གྱི་རུང་ཁང་ངམ་རྒྱལ་པོའི་ཁྱིམ་གྱི་མེས་སྦར་ལ་ཐབ་ཀྱི་དབྱིབས་དང་མཐུན་པར་གཡས་སྐོར་བྱ། ལག་གཉིས་ཁུ་ཚུར་ལས་མཐེབ་མཛུབ་གཉིས་བརྐྱངས་ཏེ་རྩེ་སྦྱར་བའི་རིན་ཆེན་ཁུ་ཚུར་གྱིས་དགང་བླུགས་བཟུང༌། ཐབ་བསྐྱེད་པའི་སྐབས་སུ་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དྭངས་ཤིང་ཐོགས་པ་མེད་པ། རྒྱར་ཁྲུ་གཉིས་པ་ཟབས་སུ་ཁྲུ་གང་པ། མུ་རན་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབྱིབས་གྲུ་བཞི་པ་མཚན་ཉིད་ཕུན་སུམ་ཚོགས་པ་དང༌། མེ་ལྷ་བསྐྱེད་པའི་སྐབས་སུ་སྐུ་མདོག་དམར་པོ་འོད་ཟེར་སེར་པོ་འཕྲོ་ཞིང་འདུ་བ་སོགས་དང༌། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཞེས་བསྒྱུར། ཀུ་ཤ་བྱིན་རླབས་སྐབས་སུ། བདག་ཅག་གམ་སྦྱིན་པའི་བདག་པོའི་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་རྒྱས་པར་བྱེད་པ་ལ་ཞེས་དང༌། དེ་ཉིད་དགྲམ་པའི་སྐབས་སུ་རྒྱས་པར་གྱུར་ཅིག་ཅེས་བསྒྱུར། བྱོན་ཟན་འབུལ་བའི་སྐབས་སུ། བདག་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་པའམ། སྦྱིན་པའི་བདག་པོའི་ཚེ་དང་སོགས་སམ། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་སོགས་དང༌། བདག་ཅག་འདུས་པ་རྣམས་ཀྱི་ཚེ་དང་སོགས་སྐབས་ཐོབ་རྩིས་པའི་ཁ་བསྒྱུར་གོང་འོག་ཐམས་ཅད་ལ་འགྲེའོ། །ཡམ་ཤིང་ལ་ཨོཾ་ཨགྣ་ཡེ་སྭཱཧཱ། ཨོཾ་བོདྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། ཞེས་ལྷ་སྔགས་རྫས་སྔགས་ལས་སྔགས་གསུམ་སྦྲེལ་བ་ལན་གཅིག་དང༌། དེ་ནས་རྫས་
སྔགས་རྐྱང་པ་བཅུ་དགུ། སླར་ཡང་གསུམ་སྦྲེལ་གཅིག་སྟེ་ལན་ཉེར་གཅིག་ཕུལ། འོག་མ་རྣམས་ལའང་དེའི་འགྲོས་ཀྱིས། མར་ལ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཨགྣ་ཡེ༴ འབྱོར་པ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། ཏིལ་ལམ་ཡུངས་ཀར་ལ། ཨོཾ་སརྦ་པཱ་པཾཾ་ད་ཧ་ན་བཛྲ་«ཡུངས་ཀར་གྱིས་བྱེད་ན་པཱ་པཾ་གྱི་གནས་སུ་བིགྷྣཱ་ཞེས་བཅུག་ཀྱང་རུང༌། »ཡ་སྭཱ་ཧཱ། དགེ་བ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། ཟས་མཆོག་ལ། ཨོཾ་ཨགྣ༴ ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། འབྲས་ལ་ཨོཾ་ཨགྣ༴ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། སོ་བ་ལ། ཨོཾ་ཨགྣ༴ ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། ནས་ལ། ཨོཾ་ཨགྣ༴ ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། སྲན་མ་ལ། ཨོཾ་ཨགྣ༴ ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། གྲོ་ལ། ཨོཾ་ཨགྣ༴ ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། དཱུརྦ་ལ། ཨོཾ་ཨགྣ༴ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། ཀུ་ཤ་ལ། ཨོཾ་ཨགྣ༴ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། ཞེས་པ་«རྫས་སྔགས་འདི་རྣམས་ཚིག་ཏུ་གྲུབ་པའི་རྗེས་ལ་མ་ངེས་པ་སྣ་ཚོགས་སུ་སྣང་བ་ནི་ཡིག་སྐྱོན་ཡིན་པར་ངེས་ཤིང་ཡིག་ཆ་དག་པ་རྣམས་སུ་རྣམ་དབྱེ་བཞི་པའི་དང་པོ་ཁོ་ན་ཕྱི་ན་འདུག་པ་ནི་སྒྲའི་གཞུང་དང་མཐུན་པས་ཤིན་ཏུ་ལེགས་ལ་འདི་ཙམ་དུ་མ་ཟད་གཞན་ལའང་ཤེས་པར་བྱའོ།། »རྣམས་སོ། །འདས་པའི་མེ་ལྷ་བསྐྱེད་པའི་སྐབས་ཀྱི། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཞེས་པའི་རྗེས་སུ། ལྷ་དེ་ཉིད་འཛུམ་ཞིང་ཚིམ་པའི་ཉམས་ཅན། གཟི་བརྗིད་འབར་བ། འོད་ཟེར་སེར་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས་བདག་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་རྒྱས་པའི་ལས་མཛད་པར་གྱུར་ཅེས་བརྗོད་ཅིང་བསམ། བྱོན་སྐྱེམས་དང་རྫས་ཀྱི་སྔོན་
འགྲོའི་ལྷ་སྔགས་ཡི་གེ་བཅུ་པས་བྱ་ཞིང༌། སྤེལ་ཚིག་གོང་དང་འདྲ། ཡམ་ཤིང་ལ་སོགས་པའི་རྫས་རྣམས་གྲངས་བརྒྱ་རྩ་བརྒྱད་རེ་ངེས་པར་འབུལ། དེ་ནས་སྔགས་སྤེལ་ཚིག་ཅན་རེ་དང་དཱུརྦ་ཉག་མ་རེ་འབྲས་སེར་ཅུང་ཟད་བཅས་སྦྲགས་ནས་དབུལ། བརྒྱ་རྩ་བརྒྱད་རེ་སོང་བའི་གཤམ་དུ་བྱོན་སྐྱེམས་ཀྱི་སྐབས་ལྟར་སྤེལ་ཚིག་བརྗོད། དེ་ལྟ་བུའི་ཚུལ་གྱིས་དཱུརྦ་སྟོང་ངམ་ཁྲི་ལ་སོགས་པ་གང་«འཆི་བསླུའི་གཞུང་ལས་ཤར་དང་བྱང་དུ་རྩེ་བསྟན་ཞེས་པས་ཞི་བ་དང་རྒྱས་པའི་སྦྱིན་སྲེག་གཉིས་བསྟན་པ་སྔོན་གྱི་མཆན་ལས་འབྱུང་ངོ༌།ན »འགྲོ་བྱ། བར་སྐབས་རྣམས་སུ་ཡམ་ཤིང་དང་མར་ཅུང་ཟད་འབུལ། འབྲས་སེར་གྱི་ཚབ་ཟས་མཆོག་ལ་བྱས་ཀྱང་རུང་ངོ༌། །འདོད་དོན་གསོལ་གདབ་ཀྱི་མཇུག་ཏུ། ཁྱད་པར་དུ་ཚེ་དང་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་སྦྱར། མེ་ལྷ་ལྷག་མས་མཆོད་པའི་སྐབས་སུ་སྤེལ་ཚིག་སོགས་གོང་དང་འདྲ། འདོད་དོན་གསོལ་གདབ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བདག་གི་ཚེ་དང་སོགས་སྔར་བཞིན་བརྗོད་པ་མ་གཏོགས་འདྲའོ།། ༈ །ཡང་བསྙེན་པ་སྔོན་དུ་སོང་བའི་གང་ཟག་གིས་བུམ་པ་ལ་བརྟེན་པའི་སྒྲུབ་པ་དང་ལས་སྦྱོར་སྦྲགས་མའི་ཚུལ་གྱིས་རང་གཞན་གྱི་དོན་བསྒྲུབ་པར་འདོད་ན། གནས་དབེན་པར་མཚམས་བཅད། རིན་པོ་ཆེའི་བུམ་པ་གས་ཆག་མེད་པར་བཅུད་ཉེར་ལྔ་གཞུག རྒྱུན་འབབ་ཀྱི་ཆུ་གཙང་མ་ཙནྡན་དཀར་དམར་གུར་གུམ་སོགས་སྦྱར་བས་སུམ་གཉིས་ཙམ་དགང༌། མགུལ་ཆིངས་ཁ་རྒྱན་སོགས་སྤྱི་ལྟར་བཅས་ལ་མཐར་མཆོད་གཏོར་གྱིས་བསྐོར། དངོས་གཞི་ལ། མཆོད་པ་བྱིན་རླབས་དང་བདག་བསྐྱེད་བྱས་ལ། བུམ་པ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་
འཕྱང་བ། ལྷ་རྫས་ཀྱིས་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ནང་དུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་སོགས་ནས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཨཱརྻ་ཏཱ་རེ་ཞེས་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར། དྷརྨཱ་ར་ཎི་ཏ་སོགས་དང༌། འཁོར་བ་ལས་སྒྲོལ་སོགས་ཀྱིས་མཆོད་ཅིང་བསྟོད། བུམ་ནང་གི་ལྷའི་ཐུགས་ཀར་ཟླ་བའི་རང་བཞིན་སོགས་ནས་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ། སྤྱི་བོའི་བླ་མ་འོད་དཔག་མེད་སོགས་ནས་བཞུགས་པ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་ཡི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་དང༌། སྐུའི་ཆ་ཐམས་ཅད་ནས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། དེ་དང་དུས་མཉམ་དུ་སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ། ཕྱག་གི་བུམ་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར་པ་དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་བུམ་པའི་ཆུ་དང་འདྲེས་ཤིང་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ཅིང་བསམས་ལ་གཟུངས་ཐག་འཛིན་པས་སྔགས་སྤེལ་ཚིག་ཅན་གང་འགྲོ་བཟླ། ཐུན་མཐར་གོང་བཞིན་མཆོད་བསྟོད་དང༌། ཨཱ་ལི་ཀཱ་ལི་ཡེ་དྷར་ཡིག་བརྒྱ་རྣམས་ཚར་གསུམ་རེ་བརྗོད་པས་བྱིན་རླབས་བརྟན་པར་བྱ། གཏོར་མ་བྱིན་གྱིས་བརླབས་ནས་གཏོར་སྔགས་ལན་གསུམ་གྱིས་བུམ་པའི་ལྷ་ལ་འབུལ། མཆོད་བསྟོད་འདོད་དོན་གསོལ་གདབ་བཅས་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ་གིས་མཆོད་
ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད། གཏོར་མ་ཆ་གསུམ་གཏོང་བར་མོས་ན་སྐབས་འདིར་བྱ། གང་ལྟར་རང་གི་དཔྲལ་བར་ཨོཾ་སོགས་ཀྱིས་བསྲུང་བ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། དེ་ལྟ་བུའི་ཐུན་གསུམ་མམ་བཞིའི་སྦྱོར་བས་ཞག་བདུན་ལ་སོགས་པ་བསྒྲུབས་ནས། སླར་ཡང་བུམ་ཆུ་རུལ་བ་གཡའ་སོགས་ཀྱི་སྐྱོན་སྤང་བའི་ཕྱིར་ཕྱེ་གཙང་མས་སྦྲུས་ལ་རིལ་བུར་བྱས་ཏེ། གཤེར་ཐག་ཆོད་པ་དང་བུམ་པར་བླུགས། ཡང་ན་དམ་པ་སྔ་མ་འགས་བཅུད་ལེན་སྨན་སྦྱོར་གང་རིགས་བྱ་བ་བཤད་པ་ལྟར་མོས་ན། རྒྱུད་དང་གསོ་བ་རིག་པའི་བསྟན་བཅོས་རྣམས་ནས་འབྱུང་མོད། བདུད་རྩི་ལྔ་དང་ཤ་སྦྱོར་གྱི་རིགས་རྣམས་ནི་སྦྱང་རྟོགས་སྦར་གསུམ་དངོས་སུ་ནུས་པའི་བརྟུལ་ཞུགས་གྲུབ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། དངུལ་ཆུ་དང་ཁཎྜའི་སྦྱོར་བ་རྣམས་ནི་དཀའ་ཚེགས་ཆེ་བས། བཅུད་ལེན་སྤྱི་འགྲེ་ཙམ་དུ་བུམ་ཆུ་མང་ཉུང་ལ་དཔགས་ཏེ། གཙོ་བོར་ཨ་རུ་ར་«ཤ་མཐུག་»གསེར་མདོག དེའི་ཕྱེད་ཙམ་གྱི་སྐྱུ་«རུས་པ་ཕྲལ་པ། »རུ་ར། དེའི་ཕྱེད་ཙམ་བ་རུ་ར། དེ་དང་མཉམ་པའི་རྩ་བ་ལྔ། དབང་ལག དཱུརྦ་རྣམས་དང༌། ཁ་ཚར་གྱི་ཚུལ་དུ་བཟང་པོ་དྲུག་ཆ་མཉམ་པ་ཅུང་ཟད་ཙམ་དང༌། ཀ་ར་བཅས་སྦྱར་ལ་རིལ་བུར་བྱ། ཡང་ན་གསོ་རིག་མན་ངག་རྒྱུད་ལས་བཤད་པའི་བཅུད་ལེན་གྱི་རྫས་ནི། ཕོ་«ནས་ཙམ་བརྡུང་བ་ཚུལ་བཅོས་ཏེ་ཡང་ཡང་བཤལ། སླར་མཇོ་བ་རོ་འདམ་འཐག་བྱས་ན་སོ་སོགས་མི་འབྱུང་བས་ལེགས་གསུངས། »ཅོང༌། བྲག་ཞུན། བུར་དཀར། སྦྲང་བཏུལ་མ། མར་གསར་བཅས་དངས་མ་ལྔ་དང༌། ཤུག་འབྲས། བ་ལུ། མཚེ། འཁན་དཀར་བཅས་རྩི་བཞི་སྟེ་དེ་དག་ཆ་མཉམ་པ་གཙོ་«ཤུག་འབྲས་སོགས་ཀྱིས་རོ་ཁ་བ་
འགྱུར་དུ་དོགས་མ་བཏང་ལུགས་བྱ་བའམ། ཀར་སོགས་བུང་ཆེ་བས་རོ་བསྒྱུར། »བོར་བྱས་ལ། ཁ་ཚར་གྱི་ཚུལ་དུ་དབང་ལག་སོར་མོ་ལྔ་པ་«བཞི་པ་དང་གསུམ་པའང་བཏང་དུ་རུང་བ་ཙམ་ཡིན་ལ། དེ་ཀུན་ལ་ཡང་བ་ཅུང་འགུགས་བ་ཞེས་ཐོག་མར་ཆུ་ལ་བཙོས་ཏེ་འབོ། སྐམ་པ་དང་བཏགས་ལ་འོ་མར་སྦྱར།» ཙམ་འཛོམ་མམ། སྔ་མ་རྣམས་ཆ་མཉམ་ལ་ཅུང་ཟད་བསྣན་པའམ། ཡང་ན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བསླུའི་གཞུང་འདི་ལ་འགྱུར་ཁྱད་ཀྱིས་མི་འདྲ་བ་ཕྲན་བུ་ཙམ་འདུག་ནའང༌། འགྱུར་རྙིང་མཆན་དང་བཅས་པ་འདི་སྔོན་དུས་བཤད་པ་དང་མན་ངག་གཉིས་ཀ་ཡོད་པའི་སྟབས་ཀྱིས་ལེགས་སྙམ་པར་ཤར་བས། དེ་ཉིད་ལས། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། །སོ་སོར་བྷྲྀངྒ་རཱ་ཛར་བཅས། །རྣལ་འབྱོར་པ་ཡིས་རྟག་སྤྱད་ན། །ཕན་ཞིང་བདུད་རྩིར་འགྱུར་བ་སྟེ། །གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེའི་ལུས་ནི་གཟུགས་བཟང་ལྡན། །བསྐལ་པ་ཡི་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་ཟློག་པ་ཡིན། །ཅེས་གསུངས་པའི་མཆན་ལས་ཐང་ལྟ་བུ་ཁུ་པའི་དོན་དུ་སྣང་ནའང༌། ཕྱེ་མའམ་རིལ་བུར་བྱས་ཀྱང་མི་འགལ་བས། འབྲས་གསུམ་སྦྱོར་ཚད་བཅས་སྔར་སྨྲོས་པའི་སྟེང་དུ་བྷྲྀངྒ་རཱ་ཛ་ཏེ་ར་མོ་ཤག་བསྣན་པ་ཙམ་«བྷྲྀངྒ་རཱ་ཛ་ནི་ར་མོ་ཤག་ཡིན་པར་རྗེ་བཙུན་གྲགས་པས་གསུངས་ཤིང༌། ཡོངས་གྲགས་ར་མཉེ་སྟེ་ས་མཁྲེགས་པར་སྐྱེས་པ་ལེགས། འོན་ཀྱང་མཁས་གྲུབ་ཏཱ་ར་ནཱ་ཐས་བྷྲྀངྒ་རཱ་ཛ་ར་མོ་ཤག་ཡིན་པར་སྔ་རབས་པ་ཕལ་མོ་ཆེ་འདོད་ཀྱང༌། ཚབ་རུང་ཡིན་གྱི་དངོས་ནི་འཕྲལ་སྐད་དུ་བྷངྒ་ཟེར་བ་མོན་ཕན་ཆད་དུ་འབོལ་པོ་སྐྱེ་བའི་དཀར་ནག་གཉིས་ལས་བཅུད་ལེན་གྱི་སྐབས་སུ་ནག་པོ་ཉིད་ལེགས་ཞེས་གསུངས། གང་ལྟར་ཡང་བ་རུ་ར་དང་མཉམ་པ་བྱ་ཞིང་ཁ་ཚར་གང་ཡང་མ་བྱུང་ཡང་ཆོག་གོ །བཅུད་ལེན་གྱི་རྫས་འདི་དག་རྟེན་འབྲེལ་གྱི་ཆེ་བས་ཨ་རུ་སོགས་གཙོ་བོ་རྣམས་རྗེས་ལ་བརྡུང་བར་བཞེད་ཅིང༌། དར་ཚགས་ནས་དྲང་ཞིང་ལེགས་པར་འཐག་གོ། »གྱིས་འཐུས་སོ། །གང་ལྟར་ཡང་བུམ་ཆུས་རིལ་བུ་སྲན་མ་འཕོས་པ་ཙམ་དུ་དྲིལ་ལ་གྲིབ་སྐམ་བྱས་ཏེ་བུམ་པ་ཆེ་བ་ཞིག་དུ་བླུགས་ལ་མཆོད་གཏོར་སོགས་འདྲ་བ་ལས་དུང་ཆོས་མི་དགོས། དངོས་གཞིའི་ངག་འདོན་ནི། གཞན་གོང་བཞིན་ལ་བུམ་བསྐྱེད་སྐབས། ནང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་ནང་གི་སྟོད་ཀྱི་ཆར་པྃ་ལས་པདྨ་སོགས་ནས་གྱེན་
དུ་འཕྱུར་ཞིང་ཁ་ནས་ལུད་པ་རིལ་བུ་རྣམས་ལ་ཐིམ་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཚེ་དང་ལུས་ཀྱི་བཅུད་ལེན་དུ་གྱུར་པར་བསམ་ལ་སྔགས་བཟླ། སྒྲུབ་གྲོགས་ཡོད་ན་གཟུངས་ཐག་འཛིན་རེས་ཀྱིས་སྔགས་རྒྱུན་མི་འཆད་པར་བྱས་ན་ཤིན་ཏུ་ལེགས། རྗེས་ཆོག་གི་བཟོད་གསོལ་གྱི་མཇུག་ཏུ། ཨོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་རིལ་བུ་དང་དབྱེར་མེད་དུ་གྱུར། ཅེས་བསྒྱུར། དེ་ལྟ་བུའི་རིམ་པས་མཚན་མ་བཟང་པོ་མ་བྱུང་གི་བར་རམ་ཞག་བདུན་ཕྲག་ལྔའམ་གསུམ་ལ་སོགས་པ་བསྒྲུབ་བོ། །ཆོ་ག་སྔ་ཕྱི་གཉིས་ཀའམ། སྔ་མ་ཙམ་བསྒྲུབ་བྱ་རེ་ཟུང་ཙམ་གྱི་དོན་དུ་ཚེ་སྒྲུབ་རྩལ་ཐོན་དུ་བྱེད་ན། བུམ་ལྷའི་ཐུགས་ཀའི་འཁོར་ལོ་གསལ་འདེབས་པའི་ཞོར་ལ། རང་གི་བླ་མ་ཡིན་ན་ཏཱྃ་ཡིག་གི་ཀླད་སྐོར་གྱི་ནང་དང༌། སྦྱིན་བདག་སོགས་ཡིན་ན་ཏཱྃ་གྱི་ཁོག་པའི་ནང་དུ་རང་རང་གི་རྣམ་པ་ཇི་ལྟ་བར་བསྒོམ། ཚེ་བཅུད་བསྡུ་བའི་ངག་འདོན་སྐབས། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་ལྷའི་སྤྱི་བོ་ནས་བརྒྱུད་དེ་བསྒྲུབ་བྱའི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། བདུད་རྩིའི་ལྷག་མ་ཕྱིར་བབ་པ་བུམ་པའི་ཆུ་དང་འདྲེས་ཤིང་ཡོངས་སུ་གང་བར་གྱུར་ཅེས་པའམ། རིལ་བུ་ལ་བསྟིམ་པའི་ཚུལ་གོང་«འདི་ལྟ་བུ་འཕགས་པ་རིན་པོ་ཆེས་རྣམ་འཇོམས་བ་རིའི་ལུགས་དང༌། ཚེ་དཔག་མེད་སྤྲུལ་སྐུའི་བུམ་ཆོག་ལས་གསུངས་ཤིང༌། གཞན་ལས་ཀྱང་མཐོང་ངོ༌།། »བཞིན་ནོ། །དེ་ལྟར་ཚུལ་བཞིན་དུ་བསྒྲུབས་པའི་བུམ་ཆུ་དེ་འཐུང་ཞིང་ཁྲུས་བྱ་བའམ། རིལ་བུ་ཡིན་ན་ཟ་མ་ཏོག་ལ་སོགས་པར་བཅངས་ནས་གཟའ་སྐར་དགེ་བར་འཕྲོད་པའི་ཉིན་ནས་བཟུང་ཐོ་རངས་ཀྱི་ཆར་གཙང་སྦྲ་དང་བཅས་ཏེ་བསྟེན་ན་ནད་སོགས་འབྱོངས་ཤིང༌། ཇི་སྐད་བཤད་པའི་ཡོན་ཏན་རྣམས་འབྱུང་བ་གདོན་མི་ཟ་སྟེ། གཞུང་ལས། སྨན་རྣམས་ཀྱི་ནི་མ་ཐུལ་ཡང༌། །སོམ་ཉི་བྱ་བར་རིགས་མིན་ཏེ། །གང་
ཕྱིར་སྨན་གྱི་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང༌། །ཞེས་གསུངས་པས་སོ། །གནས་སྐབས་འགར་མདུན་བུམ་སྒྲུབ་མཆོད་རྒྱས་པར་བྱ་བར་འདོད་ན་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་བདུད་རྩིའི་རོལ་མཚོ་ལྟར་རམ། རྗེ་ཞྭ་ལུ་པ་རིན་ཆེན་བློ་གསལ་བསྟན་སྐྱོང་གི་གསུང་ལྟར་ཉམས་སུ་«འདིའི་མདུན་བསྐྱེད་ཀྱི་ཐུགས་ཀར་བསྒྲུབ་བྱ་འགོད་པ་དཀྱུས་བཞིན་ནམ། འབྲི་གུང་ལོ་རྩཱ་བ་མ་ཎི་ཀའི་སྒྲུབ་སྐོར་དུ་མདུན་བསྐྱེད་ཀྱི་མདུན་དུ་བསྒྲུབ་བྱ་གསལ་བཏབ་ནས་དངོས་གྲུབ་སྩོལ་བའི་དམིགས་པ་བྱ་བར་གསུངས་པས་གང་བདེ་བྱའོ།། »བླང་ངོ༌།། ༈ །གང་ཞིག་རྣམ་པར་སྤྲོས་པས་མི་སྐྱོ་བའི་སྒྲུབ་པ་པོས། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པའི་ཕྱིར་རམ། འཆི་བ་བསླུ་བ་ལ་སོགས་པའི་དོན་དུ་དེ་བཞིན་གཤེགས་པའི་མཎྜལ་བྱ་བར་འདོད་ན། ས་སྟེགས་ཟླུམ་པོ་སོགས་བཟོས་ནས་འཐས་པར་བརྡུངས་ལ། ནགས་ཀྱི་རྩྭ་སོགས་ཟོས་པའི་བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་བས་མཚོན་པའི་བ་བྱུང་ལྔ་ཚད་བཞིན་སྦྱར་བས་བྱུགས་«སློབ་དཔོན་ཀཾ་པ་ལ་དང༌། སངས་རྒྱས་གསང་བ་སོགས་ཀྱི་གཞུང་བཞིན། »པའམ། མི་ལྕོགས་པའམ་མ་རྙེད་ན་རིན་པོ་ཆེ་སོགས་ཀྱི་མཎྜལ་དང༌། བྱུག་རྫས་ཀྱང་ཙནྡན་གུར་གུམ་སོགས་དྲི་བཟང་པོ་དང་སྦྱར་བའི་ཆུས་རུང་བས་དེ་དག་དང༌། ཚོམ་བུ་འགོད་རྒྱུའི་མེ་ཏོག་གམ་འབྲས་སམ་ནས་དཀར་མོ་གང་རུང་དང༌། དུང་ཆོས་སོགས་སུ་བསང་གཏོར་གྱི་སྤོས་ཆུ་ཀུ་ཤའི་འཐོར་ཡབ་བཅས་དང༌། རིལ་བ་ལྟ་བུར་ཁྲུས་ཀྱི་ཆུ་དང༌། མཆོད་པའི་ཡོ་བྱད་རྣམས་ཀྱང་ཉེར་བསྡོགས་བྱ། ཐོག་མར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་དེ་བཞིན་གཤེགས་པའི་མཎྜལ་བྱ་སྙམ་དུ་སེམས་བསྐྱེད་ལ། རང་ཉིད་ཐུན་མཚམས་ཀྱི་ལྷར་གསལ་བས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བཟླས་པས་བསང་གཏོར་དང༌། ཨོཾ་བཛྲོད་ཀེ་ཨ་མྲྀ་ཏཾ་བྷ་ཝ་ཧཱུྃ་སྭཱ་ཧཱ། ཞེས་བཟླས་པས་ཁྲུས་ཆུ་བྱིན་གྱིས་བརླབ། ཁྲུས་ཆུ་ནས་བླངས་ཏེ་ཇི་ལྟར་བལྟམས་པ་སོགས་བཅས་དང༌། ཨོཾ་ཝ་སྭཱ་ཧཱ།
ཅེས་པས་རྐང་ལག་བཞིའམ་ལག་པ་ཙམ་དང༌། ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པས་ཁ་བཀྲུའོ། །ཨོཾ་ཧཱུྃ་ཞེས་པས་སྟན་བྱིན་གྱིས་བརླབས་ནས་བསྡད་དེ། ཨོཾ་བཛྲ་བྷཱུ་མི་ཧཱུྃ་ཞེས་པས་དཀྱིལ་འཁོར་གཞི་བློས་བཟུང་ལ། མེ་ཏོག་དྲི་བཟང་གི་ཆུས་སྔར་བཞིན་དུ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ། མ་ཧཱ་པུཥྤེ། སུ་པུཥྤེ། པུཥྤོདྦྷ་ཝེ། པུཥྤ་སཾ་བྷ་ཝེ། པུཥྤ་ཨ་ཝ་ཀིརྞེ་སྭཱ་ཧཱ། ཞེས་ལན་བདུན་གྱི་བྱིན་གྱིས་བརླབས་ནས། གཡོན་པའི་མཐེབ་སྲིན་གྱིས་མེ་ཏོག་བླངས་ཏེ་གནས་གསུམ་དུ་རེག་ཅིང༌། ཨོཾ་ཨཱཿཧཱུྃ་བརྗོད་པས་ལུས་ངག་ཡིག་གསུམ་ལྷག་གནས་བྱ། ཡང་དེ་བཞིན་དུ་མེ་ཏོག་བླངས་ཏེ་མགོར་བཞག་ཅིང༌། ཨོཾ་མ་ཎི་དྷ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་སརྦ་སཏྭཱཾཤྩ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །ཞེས་པས་བདག་ཉིད་བསྲུང༌། མཎྜལ་གྱི་གཞི་ལ་བསང་གཏོར་བྱ་ཞིང༌། ཨོཾ་སྭ་བྷཱ་ཝ་བྷཱུ་མི་བཛྲཱི་བྷ་ཝ་ཧཱུྃ། ཞེས་པས་བསལ། སླར་ཡང་གཡོན་སྐོར་གྱིས་འཐོར་ཞིང༌། ཨོཾ་བཛྲ་ས་ཏྭ་སརྦ་བིགྷྣཱན་ཨ་ནུཏྶཱ་ད་ཡ་ཧཱུྃ་ཕཊ་ཀྱིས་བགེགས་བསྐྲད། བྱུག་རྫས་བླངས་ཏེ་ལག་གཡས་སྐོར་དུ་ཁྱེ་མ་མེད་པར་བྱུག་བཞིན་པས། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་ཡང་དག་བྱི་དོར་བྱེད་པ་ཚུལ་ཁྲིམས་དང༌། སྲོག་ཆགས་ཕྲ་མོའང་བསལ་བ་བཟོད་པ་བྱ་བ་ཉེར་གནས་བརྩོན་འགྲུས་སོ། །སེམས་རྩེ་གཅིག་དེའི་སྐད་ཅིག་བསམ་གཏན་རི་མོ་མཛེས་འབར་ཤེས་རབ་ཡིན། །ཐུབ་པའི་མཎྜལ་བགྱིས་ལས་ཕ་རོལ་ཕྱིན་དྲུག་འདི་དག་ཐོབ་འགྱུར་ཞིང༌། །ཁ་དོག་གསེར་དུ་འགྱུར་ཞིང་ནད་ཀུན་ལས་ནི་རྣམ་པར་གྲོལ་བར་འགྱུར། །ལྷ་དང་མི་ལས་ཆེས་ལྷག་འགྱུར་དང་ཟླ་བ་ལྟ་བུའི་མཛེས་པ་འབར། །འདིར་ནི་ལུས་ཀྱི་ལས་བགྱིས་བ་ལས་སངས་རྒྱས་པ་ཡི་ཁྱིམ་དག་ཏུ། །ནོར་དང་གསེར་གྱིས་ཡང་དག་འབྱོར་ཞིང་རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཅེས་པ་དོན་དྲན་བཞིན་པས་བརྗོད། ཡང་མཐའ་སྐོར་དུ་ཟླུམ་རིས་དྲི་ཆུ་དེ་ཉིད་
ཀྱིས་བྱ་ཞིང༌། ཨོཾ་བཛྲ་རེ་ཁེ་ཧཱུྃ་ཞེས་དང༌། ལག་པ་གཡས་པ་མ་བཏེག་པའི་རྒྱབ་ཏུ་གཡོན་པས་མེ་ཏོག་བཞག་ལ། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་ལག་པ་སྟེང་འོག་བསྒྱུར་ཏེ་མེ་ཏོག་མཎྜལ་གྱི་དབུས་སུ་དོར་བ་ལྷག་གནས་བྱས་ལ། ཨོཾ་ཝ་སྭཱ་ཧཱ་ཞེས་པས་ལག་པ་བཀྲུའོ། །སླར་ཡང༌། ཨོཾ་ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། ཞེས་པས་མཎྜལ་ཟླ་བ་དང་ཉི་མའི་རང་བཞིན་དུ་གྱུར་པར་བསམས་ལ་དབུས་སུ་མེ་ཏོག་གི་ཚོམ་བུ་འགོད་པ་དང་བསྟུན། ངག་ཏུ། ཏཱྃ་«སློབ་དཔོན་ཨ་བྷཱ་ཡའི་ཆོས་སྤྱོད་སོགས་སུ་ཨོཾ་ནཱ་མ་ཏཱ་རེ་ཏཱྃ་ཞེས་ལྟ་བུར་སྣང་མོད་ཀྱི། གཞུང་ཕལ་མོ་ཆེར་ས་བོན་སྔོན་དང་ནཱ་མ་རྗེས་སུ་འབྱུང་བ་འདི་བརྗོད་པ་དང་བཟུང་བདེ་བར་སྣང་བས་བཀོད་པ་ཡིན་ལ། འགའ་ཞིག་ཏུ་ནཱ་མོ་ཞེས་འདུད་པའི་སྐད་དོད་དུ་འདུག་པ་ནི་ཡིག་སྐྱོན་ཡིན་ནམ་སྙམ། གཞན་ཡང་མཎྜལ་ལ་དྲིའི་ཐིག་ལེ་དང་ཚོམ་བུ་གཉིས་བྱ་བར་བཤད་པ་ནི། སྔ་མ་གདམ་དང་ཕྱི་མ་ལྷར་གསལ་འདེབས་རྒྱུ་ཡིན་ཞིང་ས་བོན་གྱི་འཇུག་པ་ཡོད་མེད་ཅི་རིགས་པ་མཐོང་ལ། དེ་གཉིས་གང་རུང་ལས་མི་འབྱུང་བ་ནི་ལྷའི་གདན་ཙམ་གྱི་དོན་དུ་བཤད་པས་སྐབས་འདིའང་ཚོམ་བུ་དངོས་གདན་དང་ལྷ་གནས་མི་འཆོལ་བའི་དོན་དུ་ཤེས་པར་བྱ་ཞིང་རྒྱུ་མཚན་དཔྱད་པས་ཁྱབ་བོ། »ཏཱ་རཱ་ནཱ་མ། དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་ཏཱྃ་ལས་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་གྱི་འཁོར་ལོ་སོགས་ནས་འོད་ཀོར་ཅན། དེའི་སྤྱི་བོར་ཧྲཱིཿལས་འོད་དཔག་མེད་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་པདྨ་དང་ཟླ་བའི་གདན་ལ་བཞུགས་པའོ། །འོག་མ་རྣམས་ལའང་སྔགས་བརྗོད་པ་དང་མཉམ་དུ་ཚོམ་བུ་འགོད་ཅིང༌། ཨོཾ་བཻ་རོ་ཙ་ན་ནཱ་མ། ཤར་དུ་སེང་གེའི་ཁྲི་དང་པད་ཟླའི་གདན་ལ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཏྲཱྃ་རཏྣ་སཾ་བྷ་ཝ་ནཱ་མ། ལྷོར་རྟ་མཆོག་གི་ཁྲི་དང་པད་ཟླའི་གདན་ལ་ཏྲཱྃ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཧཱུྃ་ཨཀྵོ་བྷྱ་ནཱ་མ། ནུབ་ཏུ་གླང་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཨོཾ་ཨ་མོ་
གྷ་སིདྡྷི་ནཱ་མ། བྱང་དུ་མཁའ་ལྡིང་གི་ཁྲི་དང་པད་ཟླའི་གདན་ལ་ཁྃ་ལས་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། དེ་བཞིན་གཤེགས་པ་ལྔ་ཀའང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཟླ་བ་ལ་རྒྱབ་བརྟེན་ཅིང་འོད་ཀྱི་དཀྱིལ་འཁོར་དང་རལ་པའི་ཐོར་ཚུགས་ཀྱིས་མཛེས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ལྃ་ལོ་ཙ་ནཱི་ནཱ་མ། ཤར་ལྷོར་པད་ཟླའི་གདན་ལ་ལྃ་ལས་སྤྱན་མ་དཀར་མོ་གཡས་འཁོར་ལོའི་ལྟེ་བར་སྤྱན་གྱིས་མཚན་པ་འཛིན་པ། མཱྃ་མཱ་མ་ཀཱི་ནཱ་མ། ལྷོ་ནུབ་ཏུ་པད་ཟླའི་གདན་ལ་མྃ་ལས་མཱ་མ་ཀཱི་སྔོན་མོ་གཡས་རྡོ་རྗེ་འཛིན་པ། པྃ་པཱཎྜ་ར་ཝཱ་སི་ནཱི་ནཱ་མ། ནུབ་བྱང་དུ་པད་ཟླའི་གདན་ལ་པྃ་ལས་གོས་དཀར་མོ་གཡས་པདྨ་འཛིན་པ། གསུམ་ཀའང་ཕྱག་གཡོན་སྐུ་རྒྱབ་ཏུ་གདན་ལ་བརྟེན་པ། ཏཱྃ་ཏཱ་རཱ་ནཱ་མ། བྱང་ཤར་དུ་པད་ཟླའི་གདན་ལ་ཏཱྃ་ལས་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་«ཕྱག་མཚན་འདི་རྣམས་ཐུགས་ཀར་འཛིན་པའོ།།» འཛིན་པ། ལྷ་མོ་བཞི་ཀའང་མཛེས་ཤིང་སྒེག་ལ་བཞིན་འཛུམ་བག་དང་ལྡན་པ། ལང་ཚོ་དར་ལ་བབ་ཅིང་ནུ་འབུར་ཟུང་གིས་མཛེས་པ། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན། རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཞེས་པས་གསལ་གདབ། རང་རྗེ་བཙུན་མར་གསལ་བའི་སྙིང་གའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱི་དྲྭ་བས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སྣང་བར་བྱས། རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་བསྐུལ་ཏེ་མཎྜལ་གྱི་ལྷའི་རྣམ་པས་བྱོན་པར་བསམས་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་སེ་གོལ་སྒྲ་དང་བཅས་པས་སྤྱན་དྲངས་པ། ས་མ་ཡ་སྟཾ། ཛཿཧཱུྃ་བཾ་ཧོཿས་བསྐྱེད་པ་དང་
གཉིས་སུ་མེད་པར་བལྟའོ། །དེ་ནས་མཎྜལ་གྱི་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག ཤར་དུ་ཞབས་«འདགས་རྫས་དང་མ་འབྱོར་ན་དྲི་བཟང་སྦྱར།» བསིལ་དང༌། ཞལ་«འོ་མའམ་མངར་གསུམ། »བསིལ། ཤར་ལྷོར་འཐོར་«ཆུ་གཙང་ཀུ་ཤའི་འཐོར་ཡབ་བཅས། »འཐུང༌། ལྷོར་མཆོད་«ལ་རྫས་བདུན་བཤད་ཚོད་ལྟར་རམ། མ་འབྱོར་ན་དྲི་ཞིམ་པའི་མེ་ཏོག་དཀར་པོ་ཙམ་བཅུག »ཡོན། ལྷོ་ནུབ་ཏུ་མེ་ཏོག ནུབ་ཏུ་བདུག་སྤོས་དང༌། མར་མེ། ནུབ་བྱང་དུ་དྲི་«བ་དྲི་ལྔ་ཀའམ། ཙནྡན་དཀར་པོ་དང་གུར་གུམ་ཙམ་ངེས་པར་སྦྱར། »ཆབ། བྱང་དུ་ཞལ་ཟས་རྣམས་གྲུ་བཞིར་བཤམས་པའི་ཕྱིའམ་ནང་གང་བདེར་སྤོས་མར་མེ་ཞལ་ཟས་རྣམས་ལྷ་གྲངས་དང་མཉམ་པ་སོ་སོའི་ཐད་སོར་«མཆོད་པ་ཐམས་ཅད་ལྷ་གྲངས་བཞིན་དགོས་པར་བཤད་ཀྱང༌། ཕྱག་ལེན་ལ་གསུམ་པོ་འདི་ཙམ་ལས་མི་བཤམས་པ་ནི། ཞབས་བསིལ། ཞལ་བསིལ། མཆོད་ཡོན་གསུམ་ནི་བཟེད་ཞལ་དུ་ལྷ་གྲངས་བཞིན་སྦྲེང་ཞིང༌། འཐོར་འཐུང་དྲི་ཆབ་མེ་ཏོག་གསུམ་ཡང་དེ་སྐད་འཐོར་བས་ཆོག་པ་ལ་དགོངས་སོ། །དེས་ན་སྤོས་མར་མེ་ཞལ་ཟས་རྣམས་ནི་འདེགས་པའི་སྲོལ་ཆེར་མེད་མོད། སྤྱི་མཆོད་ཀྱི་དེ་འདེགས་ཙམ་བྱ་བའམ་ཕྱག་རྒྱ་ཀྱང་བཏུབ་བོ། »བཤམ། ཞབས་བསིལ་སོགས་ཀྱི་ནང་ཐད་དུ་མཉྫིའི་ཁར་བཟེད་ཞལ་གསུམ་མེ་ཏོག་ཉུང་ཙམ་རེ་དང་བཅས་པ་དང༌། སྤྲོ་ན་མཆོད་པའི་མཎྜལ་ཡང་མངོན་པར་འདུ་བྱའོ། །ཐོག་མར་ཕྱག་བྱ་བ་ནི། འཁོར་བ་ལས་སྒྲོལ་སོགས་ཤློ་ཀ་གཅིག་དང༌། ཡེ་ཤེས་ལྔ་ཡི་རོལ་པ་ལས། །མཚན་དཔེའི་དཀྱིལ་འཁོར་འབར་བའི་སྐུ། །སྤྲུལ་པའི་སྣང་ཆེན་འགྱེད་པའི་བདག །རིགས་ལྔ་བདེ་བར་གཤེགས་ལ་འདུད། །ཚད་མེད་བཞི་ཡི་ཏིང་འཛིན་ནི། །ཤེས་རབ་སྒྱུ་མར་འཕོས་པའི་གར། །ཟག་མེད་བདེ་བའི་རོལ་མོ་པ། །རིགས་ཀྱི་ཡུམ་ཆེན་བཞི་ལ་འདུད། །ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དུ། །བདག་ལུས་མངོན་པར་སྤྲུལ་བྱས་ནས། །ངལ་བ་འབྲས་དང་བཅས་པའི་ཕྱིར། །བླ་མེད་སེམས་ཀྱིས་ཕྱག་བགྱིད་དོ། །ཞེས་ཕྱག་བྱས་ནས་མཆོད་པ་རྣམས་ལ་བསང་གཏོར་བྱ་ཞིང༌། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་དང༌། སྭ་བྷཱ་ཝས་སྟོང་པར་
སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ཞབས་བསིལ། ཞལ་བསིལ། འཐོར་འཐུང༌། མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རྒྱུ་རང་གཞན་གྱི་དགེ་བ་ལས་གྲུབ་པ། ངོ་བོ་དག་ཅིང་གཙང་བ། རྣམ་པ་ཡིད་དུ་འོང་བ། བྱེད་ལས་མཆོད་ཡུལ་རྣམས་དགྱེས་པ་སྐྱེད་ནུས་པ། རྒྱ་དང་ཚད་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་དུ་གནས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལ་འགྲན་བཟོད་པར་གྱུར། ཅེས་དང་སོ་སོའི་ཕྱག་རྒྱ་བྱ་ཞིང༌། ཆུ་བཞི་ལ་ལས་སྔགས་ལན་བཞི་དང༌། མེ་ཏོག་སོགས་ལ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་རང་སྔགས་དང༌། ཐུན་མོང་དུ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎཾ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་སོ་སོའི་ཐད་དུ་འགྲེང་བཞིན་པས་ཚིགས་བཅད་ཀྱི་ཚེ་རྡོ་རྗེ་ཐལ་མོ་དང༌། སྔགས་ཀྱི་དུས་སུ་པད་ཀོར་དང་བཅས་མཆོད་པ་རྣམས་བཏེག་སྟེ་ལྷ་གྲངས་བཞིན་«པཎ་ཆེན་ནགས་རིན་གྱི་ཕྱག་བཞེས་ལས་གཡོན་པས་དྲིལ་བུ་གསིལ་ཞིང༌། གཡས་པས་བཏེག་ལ་དབུལ་ཞེས་འབྱུང༌། »དབུལ། དེ་ཡང་དབྱངས་དང་བཅས་ཏེ། དྲི་མེད་ཡིད་འོང་ལྷ་ཡི་ཆུ། །ཡན་ལག་བརྒྱད་ལྡན་ཞབས་བསིལ་མཆོག །རྗེ་བཙུན་འཁོར་དང་བཅས་ལ་འབུལ། །ཚེ་དང་ཡེ་ཤེས་སྩལ་དུ་གསོལ། །ཨོཾ་ཨཱརྻ་ཏཱ་རེ་པྲ་ཝ་ར་སཏྟཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨ་མི་ཏ་བྷ་ཝ་ར་སོགས། ཨོཾ་བཻ་རོ་ཙ་ན༴ ཨོཾ་རཏྣ་སཾ་བྷ་ཝ༴ ཨོཾ་ཨཀྵོ་བྷྱ༴ ཨོཾ་ཨ་མོ་གྷ་སིདྡྷི༴ ཨོཾ་ལོ་ཙ་ནཱི༴ ཨོཾ་མཱ་མ་ཀཱི་ནི༴ ཨོཾ་པཎྜ་ར་ཝཱ་སི་ནཱི༴ ཨོཾ་ཏཱ་རེ་པྲ་ཝ་ར་སཏྟཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། འོག་མ་རྣམས་ཀྱང་དེ་དང་འདྲ་བ་ལས། ཞབས་བསིལ་གྱི་གནས་སུ་ཞལ་བསིལ་དང༌། འཐོར་འཐུང་ཞེས་པ་ཙམ་དང༌། ཕྱི་མའི་རྐང་པ་གཉིས་ལ་རྫས་བདུན་དང་བཅས་ཨརྒྷཾ་
མཆོག་ཅེས་བསྒྱུར་ཞིང༌། པཱ་དྱཾ་གྱི་གནས་སུ། ཨཱཉྩ་མ་ནཾ། པྲོཀྵ་ཎཾ། ཨརྒྷཾ་རྣམས་བཅུག་སྟེ་ཆུ་བཞི་དབུལ། སླར་ཡང༌། དྲི་མེད་ཡིད་འོང་ལྷ་ཡི་རྫས། །རབ་མཛེས་མེ་ཏོག་རྒྱ་མཚོའི་སྤྲིན། །རྗེ་བཙུན་སོགས་ཚིག་རྐང་ཕྱི་མ་གཉིས་འདྲ། ཨོཾ་ཨཱརྻ་ཏཱ་རཱ་ཡ་བཛྲ་པུཥྤེ་ཏཱྃ་སྭཱ་ཧཱ། ཨོཾ་ཨ་མི་ཏ་བྷ་ཝཱ་ཡ་བཛྲ་པུཥྤེ་ཧྲཱིཿསྭཱ་ཧཱ། ཨོཾ་བཻ་རོ་ཙ་ནཱ་ཡ་བཛྲ་པུཥྤེ་ཨོཾ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷ་ཝཱ་ཡ་བཛྲ་པུཥྤེ་ཏྲཱྃ་སྭཱ་ཧཱ། །ཨོཾ་ཨཀྵོ་བྷྱཱ་ཡ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷ་ཡེ་བཛྲ་པུཥྤེ་ཁཾ་སྭཱ་ཧཱ། ཨོཾ་ལོ་ཙ་ནྱཻ་བཛྲ་པུཥྤེ་ལཾ་སྭཱ་ཧཱ། ཨོཾ་མཱ་མ་ཀྱཻ་བཛྲ་པུཥྤེ་མཱཾ་སྭཱ་ཧཱ། ཨོཾ་པཎྜ་ར་ཝཱ་ས་ནྱཻ་བཛྲ་པུཥྤེ་པཾ་སྭཱ་ཧཱ། ཨོཾ་ཏཱ་ར་ཡ་བཛྲ་པུཥྤེ་ཏཱྃ་སྭཱ་ཧཱ། འོག་མ་རྣམས་ལ་ཚིག་རྐང་གཉིས་པ། དྲི་ཞིམ་བདུག་པ་རྒྱ་མཚོའི་སྤྲིན། །སྣང་གསལ་སྒྲོན་མ༴ སིམ་བྱེད་བྱུག་པ༴ བཅུད་ལྡན་ཞལ་ཟས་རྒྱ་མཚོའི་སྤྲིན། །ཞེས་པ་རྣམས་རིམ་བཞིན་བརྗེ་བ་དང༌། པུཥྤེའི་གནས་སུ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ་རྣམས་བཅུག་ལ་དབུལ། བསྡུ་ན་ཆུ་བཞི་དང་ཚིགས་བཅད་དོར་བའི་སྔགས་ཙམ་གྱིས་ཉེར་སྤྱོད་ལྔ་འབུལ། སླར་ཡང༌། ཚོགས་པ་ལས་བྱུང་སྒྲ་སྙན་གྱིས། །ཆོས་ཀུན་སྐྱེ་མེད་སྟོན་པ་དང༌། །ཟིན་དང་མ་ཟིན་རོལ་མོའི་ཚོགས། །ཇི་སྙེད་བློ་ཡིས་བླངས་ཏེ་འབུལ། །ཞེས་དང་རྡོ་རྗེ་དྲིལ་བུ་གསིལ་ཞིང༌། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ཀྱིས་«ཆུ་བཞི་མེད་པའི་ཚེ་ཉེར་སྤྱོད་རྣམས་མདུན་དུ་བཀོད་མཛེས་སུ་བསྒྲིགས་པ་ལས་བསྐོར་བཤམ་མི་དགོས་སོ། །འབུལ་སྔགས་འདི་རྣམས་ལ་མི་འདྲ་བ་མང་མོད། ནགས་རིན་གྱི་ཉམས་བཞེས་ཐོར་རྣམ་དབྱེ་ཡོད་མེད་དང༌། ས་བོན་འཇུག་ཚུལ་སོགས་འདི་བཞིན་ཡོད་པ། སློབ་དཔོན་མི་ཕམ་བཤེས་གཉེན་གྱི་གཞུང་དང་མཐུན་ཞིང་སྟབས་ཀྱང་བདེ་བར་སྣང་ངོ༌།།» རོལ་མོ་སྤྱིར་དབུལ་ལོ། །གཞན་ཡང་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་མི་བསླུ་བའི་བདེན་པ་དང༌། འཕགས་པའི་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱི་དྲི་མ་མེད་པའི་སྨོན་
ལམ་གྱི་མཐུ་དང༌། གཟུངས་དང་རིག་སྔགས་ཟབ་མོའི་བྱིན་རླབས་དང༌། བདག་གི་ལྷག་བསམ་དང་མོས་པའི་སྟོབས་ཀྱིས། ལྷ་རྫས་ཀྱི་རིན་པོ་ཆེའི་ཅོད་པན་ལ་སོགས་བརྒྱན་གྱི་བྱེ་བྲག་རྣམས་དང༌། སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་ལྷབ་ལྷུབ་ཀྱི་རྣམ་པ་དུ་མ་དང་བླ་རེ་དང༌། རྒྱལ་མཚན་དང༌། བ་དན་དང༌། དར་གྱི་ལྡ་ལྡི་དང༌། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བའི་ཆུན་འཕྱང་དང༌། གདུགས་དང་རྔ་ཡབ་དང་སེང་གེའི་ཁྲི་དར་ཟབ་ཉི་ཟླའི་གདན་དང་བཅས་པ་དང༌། ཁྱོགས་དང་བཞོན་པ་དང༌། རྟ་བབས་དང༌། འདོད་འཇོའི་བ་དང༌། ཁྲུས་ཀྱི་རྫིང་བུ་དང༌། ཆོས་གོས་དང༌། མལ་ཆ་དང༌། ལྷུང་བཟེད་དང༌། སྙུན་གྱི་གསོས་སྨན་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་དང༌། འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་བདུན་དང༌། ཁང་བཟང་དང༌། སྐྱེད་མོས་ཚལ་ལ་སོགས་པ་ཉེ་བའི་རིན་ཆེན་བདུན་དང༌། བཀྲ་ཤིས་པའི་རྫས་དང་རྟགས་རྣམ་པ་བརྒྱད་དང༌། སྒོ་ལྔའི་ལོངས་སྤྱོད་སོ་སོའི་ཡོན་ཏན་གྱི་ཁྱད་པར་རྫོགས་པ། མདོར་ན་མཆོད་པའི་སྤྲིན་ཕུང་དང་ནམ་མཁའ་བར་སྣང་ཐམས་ཅད་གང་བ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་སྤྱན་ལམ་དུ་སྲིད་པའི་མཐར་ཐུག་པར་འབྱུང་བར་གྱུར་ཅིག ཅེས་དང༌། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ནམཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་པ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མཱརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིརྻཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་གཏོགས། དེ་ནས། ཨོཾ་བཛྲ་ས་ཏྭ་སུ་སཾ་གྲ་ཧཾ། བཛྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷརྨ་གཱ་ཡ་ནཻ། བཛྲ་ཀརྨ་ཀ་རོདྦྷ་ཝེ། ཞེས་པའི་གླུ་སྔོན་དུ་འགྲོ་བས།
གར་སྐོར་དང་བཅས་སོ་སོའི་ཕྱག་རྒྱ་འཆའ་ཞིང༌། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ ཨོཾ་བཛྲ་ནྲྀ་ཏྱེ་ཨཿ སླར་ཡང་གླུ་དང༌། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཿ ཞེས་པས་སྒེག་སོགས་བརྒྱད་སྤྲུལ་ལ་མཆོད་«འདི་དག་ལ་རིམ་བཞིན། ཕྱི་ནང༌། ཡིད་ལས་བྱུང་བ་དང༌། གསང་བའི་མཆོད་པ་ཞེས་པའི་ཐ་སྙད་སྦྱར་རུང་ངོ༌། »དོ། །མཎྜལ་འབུལ་བར་སྤྲོ་ན། ཇི་ལྟར་རིགས་པའི་མཎྜལ་གྱི་གཞི་ལ་དྲི་བཟང་པོས་གཡས་སྐོར་དུ་བྱུག་ཅིང༌། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིར་གྱུར། མཐའ་སྐོར་དུ་བྱུག་ཅིང༌། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་ཏུ་གྱུར། ལག་པ་མ་བཏེག་པའི་ངང་ནས་མེ་ཏོག་དབུས་སུ་བཞག་ལ་ཧཱུྃ་ཞེས་པས་བསྲུང་ངོ༌། །དེ་ནས་སྔགས་བརྗོད་པ་དང་མཉམ་དུ་མེ་ཏོག་གི་ཚོམ་བུ་རྣམས་བཀོད་ཅིང་དངོས་པོ་དེ་དང་དེར་བསམས་ལ། དབུས་སུ་ཨོཾ་ཧཾ་སུ་མེ་ར་བེ་སྭཱ་ཧཱ། རིའི་རྒྱལ་པོ་རི་རབ། ཤར་དུ་ཨོཾ་ཡཾ་པཱུརྦ་བི་དེ་ཧཱ་ཡ་སྭཱ་ཧཱ། ལུས་འཕགས་པོ། ལྷོར་ཨོཾ་རཾ་ཛམྦུ་དྭཱི་པཱ་ཡ་སྭཱ་ཧཱ། འཛམ་བུ་གླིང༌། ནུབ་ཏུ་ཨོཾ་ལྃ་ཨ་པ་ར་གོ་དཱ་ནཱི་ཡེ་སྭཱ་ཧཱ། བ་ལང་སྤྱོད། བྱང་དུ་ཨོཾ་ཝཾ་ཨུཏྟ་ར་ཀུ་ར་བེ་སྭཱ་ཧཱ། སྒྲ་མི་སྙན། ཤར་གླིང་གི་གཡས་གཡོན་དུ་སྔགས་ལན་གཉིས་ཀྱིས། ཨོཾ་ཡ་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། ལུས་དང་ལུས་འཕགས། ལྷོ་གླིང་གི་གཡས་གཡོན་དུ། ཨོཾ་ར་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། རྔ་ཡབ་དང་རྔ་ཡབ་གཞན། ནུབ་གླིང་གི་གཡས་གཡོན་དུ། ཨོཾ་ལ་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་གླིང་གི་གཡས་གཡོན་དུ། ཨོཾ་ཝ་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། དེ་དག་གི་ནང་དུ་ཤར་ལ་སོགས་པའི་ཕྱོགས་བཞི་དང༌། མེ་ལ་སོགས་པའི་མཚམས་བཞིར་རིམ་པ་བཞིན་དུ། ཨོཾ་ཡ་ག་ཛ་རཏྣཱ་ཡ་སྭཱ་ཧཱ། གླང་པོ་རིན་པོ་ཆེ། ཨོཾ་ར་པུ་རུ་ཥ་རཏྣཱ་ཡ་སྭཱ་ཧཱ། བློན་པོ་རིན་པོ་ཆེ། ཨོཾ་ལ་ཨ་ཤྭ་རཏྣཱ་ཡ་སྭཱ་ཧཱ།
རྟ་རིན་པོ་ཆེ། ཨོཾ་ཝ་སྟྲཱི་རཏྣཱ་ཡ་སྭཱ་ཧཱ། བཙུན་མོ་རིན་པོ་ཆེ། ཨོཾ་ཡ་ཁཌྒ་རཏྣཱ་ཡ་སྭཱ་ཧཱ། དམག་དཔོན་རིན་པོ་ཆེ། ཨོཾ་ར་ཙཀྲ་རཏྣ་ཡ་སྭཱ་ཧཱ། འཁོར་ལོ་རིན་པོ་ཆེ། ཨོཾ་ལ་མ་ཎི་རཏྣཱ་ཡ་སྭཱ་ཧཱ། ནོར་བུ་རིན་པོ་ཆེ། ཨོཾ་ཝ་མ་ཧཱ་ནི་དྷི་དྷྱཿསྭཱ་ཧཱ། གཏེར་ཆེན་པོའི་བུམ་པ། རི་རབ་ཀྱི་ཤར་ནུབ་ཏུ། ཨོཾ་ཨཾ་སཱུརྻཱ་ཡ་སྭཱ་ཧཱ། ཉི་མ། ཨོཾ་ཨ་ཙནྡྲ་ཡ་སྭཱ་ཧཱ། ཟླ་བ་རྣམས་དང་གཞན་ཡང་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཡོངས་སུ་གང་བར་གྱུར། ལྷག་བསམ་རྣམ་དག་ཆུ་གཏེར་ལས་འཁྲུངས་གླིང་མང་འདབ་མ་རབ་རྒྱས་ཤིང༌། །རི་རབ་ལྷུན་པོའི་ཟེའུ་འབྲུ་རྣམ་མཛེས་ཉི་ཟླའི་འོད་ཀྱི་མདངས་བཟང་ཅན། །འདོད་དགུའི་དཔལ་འབྱོར་དྲི་བསུང་རབ་འཕྲོ་ནམ་མཁའི་དབྱིངས་ལྟར་ཀུན་ཁྱབ་པའི། །རིན་ཆེན་མཎྜལ་མཆོག་འདི་བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཞེས་«མཎྜལ་ཚོམ་བུ་ཉེར་གསུམ་མ་འདི་བླ་མ་རྡོ་རྗེ་གདན་པའི་གཞུང་གིས་གཙོས་མང་པོ་ཞིག་ལ་འབྱུང་ལ། སྔགས་ཀྱི་མཐའ་ན་མཿཞེས་སྣང་བ་གོ་བ་དང་འདོན་པ་དཀའ་ཞིང༌། ཛེ་ཏཱ་རིའི་གཞུང་སྭཱ་ཧཱ་ཡོད་པ་ཆོས་སྤྱོད་རིན་ཆེན་ཕྲེང་བ་སོགས་སུ་བཤད་པ་ལྟར་ན་བདེ་བར་སྣང་ངོ༌།། »བརྗོད། གཏོར་མ་འབུལ་བར་སྤྲོ་ན། ཅི་འབྱོར་པའི་གཏོར་མ་བསང་སྦྱང་བྱིན་བརླབ། ཨཱཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞལ་བསིལ་ནས། བསྙེན་པའི་སྐབས་སུ་བཤད་པའི་གཏོར་སྔགས་ལན་གསུམ་གྱི་ཐུན་མོང་དུ་དབུལ། སླར་ཡང་ཞལ་བསིལ་ནས། ཨོཾ་བཛྲ་ཏམྦུ་ལ་སྭཱ་ཧཱ། ཞེས་པས་སོ་རྩི་བསྟབ་བོ། །བསྟོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས་ཐུན་མོང་དུ། མཉམ་ཉིད་མི་གཡོ་ལ་སོགས་པ་དང༌། ཁྱད་པར་དུ་གཙོ་མོ་ལ། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། སླར་ཡང་ཡུལ་དེ་དག་གི་སྤྱན་སྔར་པུས་བཙུགས་ཐལ་མོ་སྦྱར་ལ་དོན་དྲན་བཞིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་སྡོམ་པ་བཟུང་ངོ༌། །སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་དང་བཅས་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས་རྫོགས་
པའི་བར་རམ། སངས་རྒྱས་རྗེས་དྲན་ཙམ་བཏོན་ལ། ལྷའི་ཐུགས་ཀར་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་དེ་བྱིང་རྒོད་ཀྱི་སྐྱོན་སོགས་བསལ་ནས་རྣམ་པར་མི་རྟོག་པའི་ངང་དུ་དར་ཅིག་མཉམ་པར་བཞག དེ་ནས་གྲུབ་ན་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་དང༌། ལྷ་སྔགས་ཡི་གེ་བཅུ་པ་ཅི་ནུས་སུ་བཟླའོ། །སྤྲོ་ན་མཆོད་པ་རྣམས་ཁ་གསོས་ནས་བྱིན་རླབས་དང་མཆོད་བསྟོད་མདོར་བསྡུས་ཙམ་བྱ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་འཆགས། དགེ་བ་འདི་ཡིས་བདག་ཉིད་ནི། །སངས་རྒྱས་ཉིད་དུ་མངོན་གྱུར་ནས། །འགྲོ་ཀུན་གཏིང་དང་མཐའ་མེད་པའི། །སྲིད་པའི་མཚོ་ལས་སྒྲོལ་གྱུར་ཅིག །ཅེས་སྨོན་ལམ་གདབ། ཡེ་ཤེས་དཀྱིལ་འཁོར་ལས་འོངས་པའི། །ཐུགས་རྗེའི་འོད་རྡུལ་ལྷུང་ཙམ་གྱིས། །བདག་ཡིད་པདྨ་ཚིམ་པ་དང༌། །དངོས་གྲུབ་སྦྲང་རྩིས་བྱུག་པར་མཛོད། །ཅེས་དང་ཅི་ཤེས་པའི་ཚིག་གིས་དངོས་གྲུབ་གསོལ། ཨོཾ་ཁྱེད་ཀྱིས་སོགས་དང༌། སྲིན་ལག་གིས་མཎྜལ་ལ་རེག་པ་དང་བཅས། ཨོཾ་བཛྲ་མུཿ མཎྜལ་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། མཆོད་རྫས་དམན་པ་རྣམས་བསྡུས་ནས། མཎྜལ་གྱི་མེ་ཏོག་དབུས་སུ་སྤུངས་ལ་«ཕྱིས་ཀྱང་འདི་ཉིད་ལ་བྱི་དོར་དང་བྱུག་པ་བྱས་པ་ཙམ་གྱིས་བཏུབ། ས་སྟེགས་བྱེད་ནས་ལྷ་ལས་བསླང་བ་སོགས་བྱས་ན་ལེགས་ཏེ་རྡོར་སེམས་མཆོད་ཆོ་ག་སོགས་སུ་བཤད་པས་སོ།། »བཞག་གོ །དེ་ལྟར་འབད་པས་ཚོགས་མྱུར་དུ་འཛུམ་པ་དང༌། ཇི་སྐད་བཤད་པའི་ཕན་ཡོན་རྣམས་འབྱུང་བ་ཙམ་དུ་མ་ཟད། གཞུང་ལས། བསོད་ནམས་ལས་ནི་ཚེ་འཕེལ་ཞིང༌། །དེ་འཕེལ་འཆི་བ་སླུ་བ་ཡིན། །ཞེས་དང༌། རང་གི་འདོད་ལྷ་མཆོད་སོགས་དང༌། །ཞེས་སོགས་ཀྱིས་ཚོགས་བསགས་ཀྱི་ཆོ་ག་ཐམས་ཅད་འཆི་སླུའི་མཆོག་ཏུ་བཞེད་པ་ལ་བསམས་ནས་ཅུང་ཟད་ཅིག་སྤྲོས་པའོ། །ཚུལ་འདི་ནི་ལྷ་གཙོ་རྐྱང་གི་རིགས་གཞན་ལའང་འགྲེ་ཤེས་པར་བྱ་སྟེ། དཔེར་ན་གཉན་སྒྲོལ་ལྗང་གུ་ལྟ་བུ་ལ།
དབུས་སུ་སྒྲོལ་མ་བསྐྱེད་པའི་དབུ་ལ་དོན་ཡོད་གྲུབ་པ་དང༌། ནུབ་ཏུ་འོད་དཔག་མེད། བྱང་དུ་མི་བསྐྱོད་པ་འགོད། མི་གཡོ་བ་འཇམ་དབྱངས་ཕྱག་རྡོར་རྣམ་འཇོམས་སོགས་ལ་དབུས་སུ་ལྷ་དེ་དང་དེ་བཀོད་པའི་དབུ་ལ་མི་བསྐྱོད་པ་དང༌། འོད་དཔག་མེད་ནུབ་ཏུ་འགོད། ཙུནྡ་དང་འོད་ཟེར་ཅན་ལྟ་བུ་རིགས་བདག་རྣམ་སྣང་ཅན་གྱི་ཚེ་མི་བསྐྱོད་པ་ཤར་དུ་འབྱུང་བ་སོགས་རྒྱ་ཆེར་ཤེས་པར་བྱ་ཞིང༌། ཀུན་ལའང་མཆོད་འབུལ་གྱི་ཚིག་རྐང་རྗེས་མ། བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཅེས་པ་ཙམ་དང་སྔགས་ཀྱི་གོ་རིམ་བརྗེ། གཏོར་མ་རང་རང་གི་གཞུང་བཞིན་ནམ། ནམ་མཁའ་མཛོད་ཀྱི་སྔགས་གཤམ་དུ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ་ཞེས་བཏགས་པས་དབུལ། ཁྱད་ཆོས་ཕྲ་མོ་རྣམས་ནི་སྨོས་ཅི་དགོས། འདོད་ལྷ་དམིགས་བསལ་མེད་ན་དབུས་སུ་མི་བསྐྱོད་པ་བསྐྱེད་ཅིང་བསང་ཆུ་བསྒྲུབ་པའི་སྔོན་དུ་བདག་མེད་པའི་དོན་དྲན་པར་བྱས་ནས་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ་འཇུག གསང་བ་འདུས་པ་ལྟ་བུ་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ཚུལ་ནི་རང་རང་གི་གཞུང་ལས་རྟོགས་པར་བྱའོ། །ཞར་ལས་འོང་བ་ཚེ་སོགས་སྤེལ་བའི་འཁོར་ལོ་བྲི་སྒྲུབ་རྒྱས་པ་གཞན་དང་གཞན་དུ་བཞུགས་པའི་པར་བཀབ་ལྟ་བུར་མཛད་པའི་སྲོལ་ཡོད་པ་ལྟར་ན་རྒྱ་ཤོག་སོགས་གཞི་གཙང་མར། ཐུགས་ཀར་བསྒོམ་བྱའི་འཁོར་ལོ་ཇི་ལྟ་བ་ལ། གཞན་ལ་སྟེར་རྒྱུ་ཡིན་ན། མ་མ་ཞེས་པའི་ཚབ་ཏུ་དྷཱ་ར་ཀ་སྱ་ཞེས་གཞུག བྲི་ཚར་བ་དང་དྲི་བཟང་གིས་བྱུག བདག་བསྐྱེད་དང༌། འཁོར་ལོ་ལ་སྦྱང་ཁྲུས་སྔོན་དུ་འགྲོ་བས་རྗེ་བཙུན་མ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད། སྤྱན་དབྱེ་གསོལ་གདབ་བཅས་བྱས་ནས། རྗེ་བཙུན་མ་འོད་དུ་ཞུ་བ་ལས་བྲིས་བའི་འཁོར་ལོ་ཇི་ལྟ་བར་གྱུར་པར་བསམས་ལ་སྔགས་རྣམས་བརྒྱ་རྩ་བརྒྱད་ཙམ་རེ་བཟླ། བརྟན་བཞུགས་དང་ཤིས་པ་བརྗོད། བལྟབ་དང་དཀྲིས་སོགས་སྤྱི་ལྟར་བྱས་ནས་རང་གཞན་གྱི་ལུས་ལ་
བཅངས་ན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་དབང་གིས་མཐོ་རིས་ཀྱི་ཡོན་ཏན་མཚོའི་པདྨ་བཞིན་དུ་རྒྱས་པར་འགྱུར་རོ། །སྨྲས་པ། ཚེ་འདིར་སངས་རྒྱས་འགྲུབ་བོ་ཞེས། །གསུངས་པ་བཅུད་ལེན་ལ་སོགས་པས། །རྡོ་རྗེ་སེམས་དཔའི་ཚེ་གྲུབ་ན། །འབད་པས་མངོན་དུ་བྱེད་ལ་དགོངས། །འཚེ་བའི་མཐར་ཐུག་གཤིན་རྗེ་སྟེ། །དེ་རྒྱུ་བདག་ཏུ་ཀུན་རྨོངས་པ། །གཉེན་པོའི་མཐར་ཐུག་གང་ཟག་དང༌། །ཆོས་ཀྱི་དེ་ཉིད་ཡོངས་ཤེས་ལ། །དེ་ཡང་དགེ་རྩ་རྫོགས་པ་ལས། །འབད་རྩོལ་མེད་པར་སྐྱེ་བས་ན། །ཐབས་མང་སྤྱོད་པ་བདེ་བའི་ཚུལ། །མཁས་པ་འཇུག་པའི་ལམ་པོ་ཆེ། །དེ་ཕྱིར་ལྷག་བསམ་མ་སྨད་ལས། །ཟབ་དོན་ཡི་གེར་བསྡེབས་པའི་ཚེ། །འཇམ་པའི་རྡོ་རྗེ་འཛུམ་བཞིན་དུ། །ཤེས་པའི་མེ་ཏོག་འཐོར་རམ་སྙམ། །ངལ་བ་ལས་སྐྱེས་བསོད་ནམས་དེས། །འགྲོ་ཀུན་སྲིད་ཞིའི་ཕུན་ཚོགས་ཀྱིས། །བརྒྱན་པའི་རྐང་སྟེགས་མནན་བཞིན་དུ། །འཆི་མེད་རྡོ་རྗེའི་སར་བགྲོད་ཤོག །ཐུབ་པའི་ཆོས་ཚུལ་སྣང་བྱེད་ཅིང༌། །འགྲོ་བའི་གདུང་སེལ་དམ་པའི་ཟླ། །གང་དག་མཆིས་ཀུན་སྲིད་མཐའི་བར། །གདུལ་བྱའི་གཙུག་ན་བརྟན་གྱུར་ཅིག །ཅེས་པ་འདི་ནི་རང་ཉིད་ཀྱི་འདུན་པ་བརྟས་པའི་ཁར། ཐུབ་བསྟན་རྣམ་པར་རྒྱལ་བའི་དགེ་བའི་བཤེས་གཉེན་དྲུང་རམ་པ་ཚུལ་ཁྲིམས་རབ་རྒྱས་ཀྱིས་མྱུར་དུ་དགོས་ཞེས་བསྐུལ་བས་རྐྱེན་བྱས་ཏེ། བྱ་བྲལ་བ་འཁྱམས་པོ་ངག་དབང་ལེགས་གྲུབ་ཀྱིས་ལེ་ལོའི་བདུད་ལས་བྱོལ་ཏེ་བྲི་བར་བརྩམས་པའི་ཚེ། རྗེ་བཙུན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཤིས་པའི་མེ་ཏོག་སྤྱི་བོར་བཅིངས་པས་སྤྲོ་བ་ཆེར་བསྐྱེད་དེ་གྲུབ་པར་བགྱིས་པ་བྱཱ་མངྒ་ལ་བྷ་ཝ་ཏུ། «སླར་ཡང་མཆན་གྱི་སྒོ་ནས་གསལ་བར་བྱས་ཤིང༌། བཅུད་ལེན་གྱི་སྦྱོར་ཚད་སོགས་རྗེ་ཐམས་ཅད་མཁྱེན་པ་ལ་བཀའ་འདྲིར་ཞུས་ཏེ་དག་པར་བགྱིས་པའོ»།། ༈ །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཤིན་
ཏུ་བསྡུས་པ་འཆི་མེད་གྲུབ་པའི་ཉེ་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻ་ཏཱ་རཱ་ཙིནྟཱ་ཙཀྲཱ་ཡ། འདིར་རྟེན་གྱི་གང་ཟག་ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང༌། རྗེ་བཙུན་སྒྲོལ་མ་དཀར་མོའི་སྒོམ་བཟླས་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བསྒྲུབ་པར་འདོད་པས། འདི་ཉིད་ཀྱི་རྗེས་གནང་མན་ངག་དང་བཅས་ལེགས་པར་མནོས་ཏེ་ཉམས་ལེན་ལ་འཇུག་པར་བྱའོ། །དེ་ལའང་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དད་པ་དང༌། ངེས་འབྱུང་དང༌། སྙིང་རྗེ་ཆེན་པོའི་བློ་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང༌། མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་མངོན་སུམ་ལྟ་བུར་བཞུགས་པར་མོས་ཏེ། ཐུབ་དབང་སྒྲོལ་མ་ངག་གི་དབང་ཕྱུག་དང༌། །རྡོ་རྗེ་གདན་པ་བ་རི་གླེ་ནག་པ། །བཤེས་གཉེན་སྒྲེ་པ་དྭགས་པོ་སྒོམ་ཚུལ་རྗེ། །ཤེས་རབ་བྱང་ཆུབ་རྣམས་ལ་གསོལ་བ་འདེབས། །འདུལ་འཛིན་འབྲི་གུང་གླིང་པ་དམ་ཆོས་གླིང༌། །ཆོས་ཀྱི་ཚུལ་ཁྲིམས་ལྷ་ལུང་ཐོག་གནས་པ། །ཆོས་དབང་བྱང་ཆུབ་བཟང་པོ་མངྒ་ལ། །བསོད་ནམས་ལྷ་དབང་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་རྒྱལ་མཚན་རྗེ་བཙུན་ཕྲིན་ལས་པ། །ཚར་ཆེན་མཁྱེན་བརྩེ་བསླབ་གསུམ་དབང་རབ་ཞབས། །བསོད་ནམས་མཆོག་ལྡན་བསོད་ནམས་མཆོག་གྲུབ་དང༌། །རིན་ཆེན་འཇམ་དཔལ་རྣམས་ལ༴ །བློ་གསལ་བསྟན་འཛིན་ཀུན་བློ་ཆོས་ཉིད་མཚན། །བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་དང༌། །བཛྲ་རཏྣ་བརྒྱུད་སྲོལ་ཀུན་འདུས་པ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་དང་ཚོགས་གཉིས་མཐུས། །འཕགས་མའི་གསང་གསུམ་གསལ་སྣང་མཐར་ཕྱིན་ཞིང༌། །འོད་ཟེར་སྤྲོ་བསྡུས་མཆོག་ཐུན་ཕྲིན་ལས་དང༌། །འཆི་མེད་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ཅེས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་ཡུལ་གསལ་བཏབ་
སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ཀྱིས་སྐྱབས་སེམས་བྱ། རང་ཉིད་སྐད་ཅིག་འཕགས་མའི་སྐུར་གསལ་བའི། །ཐུགས་ཀའི་ཟླ་སྟེང་ཏཱྃ་ལས་འོད་འཕྲོས་པས། །བླ་མ་སྣང་མཐས་དབུར་བརྒྱན་རྗེ་བཙུན་མ། །འཁོར་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿས་ཕྱག་བྱ། ཨོཾ་གུ་རུ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་སྡོམ་པ་བཟུང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསག ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་སྦྱངས་ཏེ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་བསག་པ་རྣམས་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་ཐུན་མོང་དུ་ལྷ་སྒོམ་པ་ནི། སྟོང་པའི་ངང་ལས་པྃ་ལས་པད་དཀར་དང༌། །ཨ་ལས་ཟླ་སྟེང་རང་སེམས་ཏཱྃ་དཀར་པོ། །དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་གྱུར་ལས། །རང་ཉིད་སྒྲོལ་མ་ཡིད་བཞིན་འཁོར་ལོ་ནི། །སྟོན་ཟླའི་མདངས་ཅན་བཅུ་དྲུག་ལང་ཚོས་སྒེག །ཞལ་གཅིག་ཕྱག་གཉིས་ཡེ་ཤེས་སྤྱན་བདུན་མཛེས། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་དཀར། །མེ་ཏོག་འབྲས་བུ་གོང་བུས་དུད་པ་བསྣམས། །མཐོན་མཐིང་ལྟར་གནག་དབུ་སྐྲའི་ཟུར་ཕུད་ནི། །ལྟག་པར་བཅིངས་པའི་ལན་བུ་རིང་དུ་འཕྱང༌། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བའི་འོད་ཀྱི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ །ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་མེད་ཐིམ། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་
ནས། །ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་གྱེན་ཏུ་འཁྱིལ་བ་ལས། །རིགས་བདག་འོད་དཔག་མེད་པས་དབུར་བརྒྱན་གྱུར། །ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང༌། ལྷའི་ང་རྒྱལ་དང་རྣམ་པའི་གསལ་སྣང་ལ་སེམས་བཟུང༌། གཉིས་པ་འདིའི་ཁྱད་པར་གྱི་དམིགས་རིམ། ཐུགས་ཀའི་འཁོར་ལོ་གསལ་གདབ་པ།༡ རིགས་བདག་འཕོ་བ།༢ སྲུང་འཁོར་བསྒོམ་པ།༣ ཚེ་བཅུད་བསྡུ་བ།༤ སྔགས་བཟླ་བ་རྣམས་རིམ་པར།༥ ཐུགས་༡ཀར་ཟླ་བའི་རང་བཞིན་འཁོར་ལོ་དཀར། །རྩིབས་བརྒྱད་མུ་ཁྱུད་ལྔ་ལྡན་ལྟེ་བར་ཏཱྃ། །མཐའ་སྐོར་སྤེལ་ཚིག་མདུན་རྒྱབ་ཨོཾ་དང་ཧཱ། །རྩིབས་བརྒྱད་ཏཱ་རེ་ལ་སོགས་ཡིག་འབྲུ་བརྒྱད། །མུ་ཁྱུད་རྣམས་ལ་རིམ་བཞིན་དབྱངས་«གཡོན། »གསལ་«གཡས། »དང༌། །རྟེན་སྙིང་རྡོ་«སྔོན་པོ། »ར་འོད་ལྔའི་ཕྲེང་བས་བསྐོར། །སྤྱི་བོར་འོད་༢དཔག་མེད་པ་ཡོངས་གྱུར་ལས། །བླ་མ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །དཀར་དམར་མདངས་ཅན་མཉམ་གཞག་ཚེ་བུམ་འཛིན། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རང་གི་ཕྱི་རོལ་༣འཁོར་ལོ་དཀར་པོའི་གུར། །གཡས་འཁོར་མེ་འབར་གདོན་བགེགས་བར་ཆད་བསྲེགས། །ཐུགས་ཀའི་ཏཱྃ་ཡིག་སྔགས་ཕྲེང་བཅས་པ་ལས། །དཀར་སེར་དམར་མཐིང་ལྗང་དང་མཆིན་ཁའི་འོད། །རིམ་པར་འཕྲོས་པས་ལུས་ཀྱི་ནང་ཀུན་གང༌། །ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་རྣམས། །རིམ་དང་གཅིག་ཅར་འགྲུབ་ཅིང་བརྟན་པར་བྱས། །ལྷག་མ་བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས། །འཁོར་ལོའི་ཕྱི་ནས་འོད་ཀྱི་གུར་ཁང་དྲུག །སྒོ་ངའི་རྣམ་པ་ལྟ་བུར་གཅིག་གྱུར་པའི། །བར་མཚམས་ཨུཏྤལ་སྔོན་པོ་གསར་པས་གཏམས། །རབ་འབྱམས་ལས་ཀྱི་དངོས་གྲུབ་ཀུན་
འགྲུབ་ཅིང༌། །རིགས་བདག་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། །སྲིད་ཞིའི་ཚེ་བཅུད་བསྡུས་ནས་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་ཚངས་པའི་སྒོ་ནས་ཞུགས། །ལུས་ཀུན་ཁྱབ་པས་དུས་མིན་འཆི་བ་སྦྱངས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། རླུང་བུམ་པ་ཅན་ཅི་རིགས་འཛིན་པས་བརྟན་པར་བྱ། སླར་ཡང་ཐུགས་ཀའི་ཏཱྃ་ཡིག་སྔགས་བཅས་ལས། །བདུད་རྩིའི་རྒྱུན་དང་འོད་ཟེར་དཀར་པོ་ནི། །སྔགས་ཀྱི་རང་སྒྲ་སྒྲོགས་པ་དཔག་མེད་འཕྲོས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སྤེལ། །མཐར་ནི་བ་སྤུའི་བུ་ག་ཚུན་ཆད་ཀྱང༌། །བདུད་རྩིས་ཟིལ་པ་ཕྲམ་མེར་གཏམས་པ་ཡིས། །འཆི་མེད་འཕགས་མའི་གོ་འཕང་ཐོབ་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅི་ནུས་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླ། གསུམ་པ་རྗེས་ནི། ཐུན་ལས་ལྡང་བར་བརྩམས་པ་ན་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང༌། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ཚར་གསུམ་རེས་སྔགས་ཀྱི་བྱིན་རླབས་བརྟན་ཅིང་ལྷག་ཆད་ཁ་བསྐང༌། སྣོད་བཅུད་སྲུང་འཁོར་འོད་ཞུ་རང་ཉིད་དང༌། །རང་ཡང་རིམ་གྱིས་འོད་གསལ་ངང་དུ་ཐིམ། །སླར་ཡང་ཡིད་བཞིན་འཁོར་ལོའི་སྐུར་གསལ་བའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཡིད་བཞིན་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་
བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་བཅས་ཐུན་བཞིའི་རིམ་པས་རབ་དུས་བསྙེན་ཟླ་བ་དྲུག འབྲིང་གྲངས་བསྙེན་འབུམ་ཕྲག་བརྒྱད་ཅུ། ཐ་མའང་འབུམ་ཕྲག་བཅུ། སྤེལ་ཚིག་དང་བཅས་པའང་དེའི་བཅུ་ཆ་ཙམ་བཟླ། ཕྱི་ཐུན་གྱི་མཐར་གཏོར་མ་འབུལ། བསྙེན་པ་རྫོགས་ནས་ཁ་སྐོང་གི་སྦྱིན་སྲེག་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་ལྟར་བྱ་ཞིང༌། གཞན་ཡང་དམིགས་རིམ་གྱི་ཞིབ་གནད་དང༌། བསྙེན་སྒྲུབ་ལས་གསུམ་སོགས་རྒྱས་པར་ཚར་ཆེན་ཡབ་སྲས་ཀྱི་གསུང་བཞིན་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་སྒྲུབ་ཐབས་དང༌། ངོར་ཨེ་ཝྃ་པའི་རྡོ་རྗེའི་སློབ་དཔོན་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ཁྲིད་ཡིག་བདེ་ལྡན་མགོན་པོའི་ཞལ་ལུང་དང༌། ཉེར་མཁོའི་ཡི་གེ། ཁོ་བོས་བྱས་པའི་སྒྲུབ་མཆོད་ཀྱི་ཡི་གེ་སོགས་ལས་རྟོགས་པར་བྱ་བ་ཁོ་ནའོ། །ཞེས་པའང་ཚེ་མཆོག་བསམ་གཏན་གླིང་གི་རྡོ་རྗེའི་སློབ་དཔོན་ཆེན་པོ་མཚུངས་མེད་ཡེ་ཤེས་བཟང་པོས་བརྒྱུད་འདེབས་སྒྲུབ་ཐབས་དང་བཅས་པ་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་སྐུལ་བ་ལ་བརྟེན་ནས། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཚར་ཆེན་ཡབ་སྲས་ཀྱི་གསུང་ཇི་ལྟ་བ་བཞིན་ལྷ་ལྡན་དགེ་འཕེལ་ཐུགས་རྗེའི་ལྷ་ཁང་དུ་མདོར་བསྡུས་ཚིགས་བཅད་ཀྱི་ཕྲེང་བར་བསྡེབས་པའི་དགེ་བས། བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་གྱིས་ཐར་དང་འདོད་རྒུའི་ནོར་སྟེར། །དཔལ་དང་གཡང་སོགས་སྐལ་བ་བཟང་པོས། །སྲིད་ཞིར་སྨན་མཛད་གསང་བ་གསུམ་བདག །
མཆོག་སྦྱིན་འཕགས་མ་ཡུམ་ལ་འདུད་དོ། །ཏཱ་རེ་ཐུགས་བསྐྱེད་རིན་ཆེན་གྲུ་བོས། །འཁོར་བ་ངན་སོང་སྡུག་བསྔལ་མཚོ་ལས། །མཁའ་མཉམ་ཡིད་ཅན་རྟག་ཏུ་སྒྲོལ་བའི། །རྗེ་བཙུན་སྒྲོལ་མ་ཡུམ་ལ་འདུད་དོ། །ཏུཏྟཱ་རེ་ཞེས་བྱིན་རླབས་བདུད་རྩིས། །འཇིགས་བཅས་རྒུད་པའི་ཚ་གདུང་བསལ་ནས། །ཕན་བདེའི་པདྨོ་རྒྱས་པར་མཛད་པའི། །གདུང་བ་སྐྱོབ་མ་ཡུམ་ལ་འདུད་དོ། །ཏུ་རེ་ཁྱོད་ཞབས་དྲན་པའི་མོད་ནས། །གང་འདུལ་མཚན་དང་སྐུ་ཡི་བཀོད་པས། །བདག་ལྟའི་ཕོངས་པ་ཀུན་ལས་སྲུང་བའི། ཐུགས་རྗེ་མྱུར་མ་ཡུམ་ལ་འདུད་དོ། །སྭཱ་ཧཱ་ཕྲིན་ལས་རྫོགས་ལྡན་སྤྲིན་གྱིས། །དགེ་ལེགས་ནོར་བུའི་གྲུ་ཆར་འབེབས་པས། །ཁམས་གསུམ་འགྲོ་ཀུན་དབུགས་འབྱིན་སྩོལ་བའི། །ཡིད་བཞིན་འཁོར་ལོ་ཡུམ་ལ་འདུད་དོ། །མདོར་ན་སྲས་བཅས་རྒྱལ་བ་ཡོངས་ཀྱི། །ཡེ་ཤེས་གཅིག་བསྡུས་འཕགས་མ་ཁྱོད་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་སོ། །བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཤིག །དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་རིག་དང་བརྩེ་བའི། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་པའང་ལྷག་པའི་ལྷ་མོ་འདི་ཉིད་ལ་གཅིག་ཏུ་གུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་དད་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། ༈ །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་དམ་གནད་ནས་སྐུལ་བའི་གསོལ་འདེབས་འཆི་མེད་ཚེ་དང་ཡེ་ཤེས་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཙིནྟ་ཙཀྲཱ་ཡ། སྲས་བཅས་རྒྱལ་བ་ཀུན་གྱི་ཡུམ་གྱུར་མ། །དྲན་པས་ཚེ་དང་ཡེ་ཤེས་མཆོག་སྩོལ་མ། །སྐྱབས་གནས་ཀུན་འདུས་བླ་མ་རྗེ་བཙུན་མ། །སྙིང་ནས་དྲན་ནོ་ཐུགས་རྗེའི་འཇུག་པས་སྐྱོངས། །བདག་ཅག་
དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་མཆོག་ཐོབ་མཚན་ལྡན་དགེ་བའི་བཤེས། །དད་པས་བསྙེན་ལས་སྲིད་ཞིའི་ལེགས་ཚོགས་ཀུན། །འཕེལ་བའི་རྟེན་འབྲེལ་སྒྲིགས་ཤིག་རྗེ་བཙུན་མ། །མི་རྟག་ངན་སོང་སྡུག་བསྔལ་ལ་བརྟེན་ནས། །རྗེས་དྲན་དྲུག་དང་ལས་འབྲས་བླང་དོར་དང༌། །བསམ་གཏན་གཟུགས་མེད་ཏིང་འཛིན་ཐེམ་སྐས་ནས། །མངོན་མཐོའི་གྲོང་དུ་འཁྲིད་ཅིག་རྗེ་བཙུན་མ། །ཁམས་གསུམ་འཁོར་བར་སྡུག་བསྔལ་འབྱུང་བའི་གཞི། །ལས་ཉོན་ཀུན་འབྱུང་འགེགས་པའི་བསླབ་གསུམ་ལམ། །ཚུལ་བཞིན་བསྟེན་ལས་ཐར་པའི་ཁང་བཟང་དུ། །ཞི་བདེའི་དབུགས་འབྱིན་སྩོལ་ཅིག་རྗེ་བཙུན་མ། །ཁྱད་པར་འགྲོ་ཀུན་མར་ཤེས་དྲིན་དྲན་ཞིང༌། །དྲིན་བཟོའི་སླད་དུ་བྱམས་དང་སྙིང་རྗེ་དང༌། །བདག་གཞན་མཉམ་བརྗེའི་བྱང་ཆུབ་སྤྱོད་མཆོག་གིས། །ཀུན་མཁྱེན་ལམ་བཟང་སྟོན་ཅིག་རྗེ་བཙུན་མ། །དེ་ཚེ་རྣམ་དག་དབང་དང་རྗེས་གནང་གིས། །རྒྱུད་སྨིན་དམ་ཚིག་སྡོམ་པར་ལྡན་པ་དང༌། །ཟབ་དོན་བསྒོམ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་ལེགས་ཚོགས་སྤེལ་ཅིག་རྗེ་བཙུན་མ། །བླ་མ་མཆོག་གསུམ་གཙུག་གི་ནོར་བུར་ཐོབ། །སྨོན་དང་འཇུག་པའི་བྱང་སེམས་སྙིང་ལ་ཤར། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མྱུར་རྫོགས་པས། །བདག་རྒྱུད་དག་པར་མཛོད་ཅིག་རྗེ་བཙུན་མ། །བསྙེན་གྲུབ་ཡན་ལག་བཞི་ཡི་རྣལ་འབྱོར་གྱིས། །རང་ལུས་འཕགས་མ་ཡིད་བཞིན་འཁོར་ལོའི་སྐུར། །གསལ་བ་རབ་ཀྱི་ཏིང་འཛིན་མཐར་ཕྱིན་པའི། །བསམ་གཏན་གྲུབ་པར་མཛོད་ཅིག་རྗེ་བཙུན་མ། །ཟབ་མོའི་བཟླས་པས་ཐུགས་རྒྱུད་བསྐུལ་བའི་མཐུས། །རིགས་བདག་འཆི་མེད་མགོན་པོར་ཡོངས་ཤར་ཞིང༌། །ཟླ་ཤེལ་མདོག་ཅན་འབར་བའི་འཁོར་ལོ་ཡིས། །མི་མཐུན་ཕྱོགས་ལས་སྲུངས་ཤིག་རྗེ་བཙུན་མ། །རབ་དཀར་བདུད་རྩིའི་སྣང་བས་ས་གསུམ་གྱི། །རྒུད་ཅིག་ཕོངས་པའི་མུན་པ་ཀུན་ཞི་ནས། །གསེར་ཞུན་འོད་ཀྱི་ཕྲེང་བས་སྲིད་དང་ཞིའི། །ཕུན་ཚོགས་རྒྱས་པར་མཛོད་ཅིག་རྗེ་
བཙུན་མ། །པདྨ་རཱ་གའི་མཆིལ་པ་རྣོན་པོ་ཡིས། །བརྟན་གཡོའི་དངོས་ཀུན་དབང་དུ་འདུ་བ་དང༌། །དབང་སྔོན་འོད་ཀྱི་ཞགས་པས་གདུག་པ་ཅན། །མཐའ་དག་འཆིང་བར་མཛོད་ཅིག་རྗེ་བཙུན་མ། །མར་གད་ཞུན་མའི་སྣང་བས་རེག་པའི་མོད། །མཆོག་ཐུན་དངོས་གྲུབ་ཅིག་ཅར་འགྲུབ་དང་བཅས། །སླར་ཡང་འོད་ཟེར་མཆིན་ཁའི་དྲྭ་བ་ཡིས། །བརྟན་ཅིང་ནུས་ལྡན་མཛོད་ཅིག་རྗེ་བཙུན་མ། །རིགས་ཀྱི་བདག་པོའི་ཐུགས་རྗེའི་ཟིལ་དངར་གྱིས། །ཚེ་བསོད་དཔལ་འབྱོར་ལང་ཚོ་དར་བབས་པས། །ཐུགས་ཀའི་འཁོར་ལོའི་བདུད་རྩིས་གསོས་བཏབ་པས། །འཆི་མེད་གྲུབ་པར་མཛོད་ཅིག་རྗེ་བཙུན་མ། །མདོར་ན་སྣང་གྲགས་རིག་གསུམ་འཕགས་མ་ཡི། །སྐུ་གསུང་ཐུགས་ཀྱི་གསང་བར་བྱིན་བརླབས་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱིས། །དོན་གཉིས་འགྲུབ་པར་མཛོད་ཅིག་རྗེ་བཙུན་མ། །གཞན་ཡང་སྣོད་བཅུད་རྒུད་པ་ཀུན་ཞི་ཞིང༌། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་རྫོགས་ལྡན་འབྱོར་པས་མངོན་མཐོ་བའི། །བཀྲ་ཤིས་སྣང་བ་སྩོལ་ཅིག་རྗེ་བཙུན་མ། །ཞེས་འཕགས་མ་ཡིད་བཞིན་འཁོར་ལོའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས། ཐུན་མོང་མ་ཡིན་པའི་ཟབ་འཁྲིད་ཀྱི་ལམ་རིམ་དང་འབྲེལ་བ་འདི་ཡང་ཤཱཀྱའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བག་ཡོད་ཅེས་པ་ཆུ་མོ་གླང་གི་གནམ་ལོ་གསར་དུ་འཆར་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་གསོལ་བ་བཏབ་པའི་ཡི་གེ་པ་ནི། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇམ་དབྱངས་ལེགས་བཤད་རྒྱ་མཚོས་མཛད་པའི་དགེ་བས་འགྲོ་ཀུན་འཆི་མེད་གྲུབ་པའི་དགའ་སྟོན་ལ་ཡོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།
པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས།
པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །སྒྲ་དབྱངས་ལྷ་མོའི་རྗེས་གནང་བྱེད་པར་འདོད་པས། གནས་དབེན་ཞིང་ཉམས་དགའ་བར་རིན་པོ་ཆེའམ། ཤིང་ངམ། རྡོ་ལ་སོགས་པ་གཞི་ཁོད་སྙོམས་པར་ཆུ་གཙང་མས་དག་པར་བཀྲུ། བརླན་མ་ཡལ་བར་དྲི་བཟང་གི་ཕྱེ་མ་བཀྲམ། དེའི་སྟེང་དུ་གསེར་གྱི་ཐུར་མས་པདྨ་འདབ་མ་བརྒྱད་པ། ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧྲཱིཾཿ འདབ་མ་རྣམས་ལ་མདུན་ནས་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་རྣམས་བྲིས་ལ། འབྲས་དཀར་པོ་བཟང་གཙང་གིས་རི་མོའི་སྟེང་ནས་མནན། ཟན་གཙང་མའི་ཏིང་ལོ་བཅུ་བདུན། བ་དམར་སེར་གྱི་མར་དང༌། སྦྲང་རྩི་སྦྱར་བས་བཀང་བ་སྡོང་བུ་དང་བཅས་པ་བྱས་ལ། ཡི་གེ་རེ་རེའི་མདུན་དུ་དགོད། ཆུ་བཞི་དང་བཅས་པའི་ཉེར་སྤྱོད་ཀྱིས་བསྐོར། དེ་ནས་སློབ་དཔོན་རང་ཉིད་ཁྲུས་བྱ། གདོང་དྲི་ཞིམ་པོས་བྱུག ཁ་དྲི་ཞིམ་པར་བྱ། གོས་དཀར་པོ་དྲི་མ་མེད་པ་བགོ་ཞིང༌། སྟན་དཀར་པོ་གཙང་མ་ལ་བདེ་བར་འདུག་སྟེ། བདག་བསྐྱེད་བཟླས་པ་དང་
བཅས་པ་རྫོགས་པའི་མཐར། མདུན་གྱི་འཁོར་ལོ་མི་དམིགས་པ་ལས། འོག་ནས་འབྱུང་བ་བཞིན། ལྷ་མོ་ཐུགས་ཀྱི་འཁོར་ལོ་དང་བཅས་པ་གསལ་བར་བསྒོམ། དེ་ནས་རང་གི་ཐུགས་ཀྱི་ངོ་བོ་ཧྲཱིཾཿལས་འོད་ཟེར་དཀར་པོ་སྣ་བུག་གཡས་པ་ནས་དབུགས་དང་ལྷན་ཅིག་ཕྱིར་འཕྲོས། དབྱངས་ཅན་མ་ཡེ་ཤེས་པ་འཁོར་དང་བཅས་པ་སྤྱན་དྲངས། མདུན་བསྐྱེད་དང་གཉིས་སུ་མེད་པར་བསྟིམ། སྭ་ར་སྭ་སྟི་ཏིཥྛ་ཧྲཱིཾཿ ཨ་ཨཱ་ནས། ཨཿའི་བར་བརྗོད་པས་བརྟན་པར་བྱས་ལ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། བསྟོད་པས་བསྟོད། ཨ་ཀཱ་རོས་གཏོར་མ་བསྔོས་ལ། སློབ་མའི་སྙིང་ལ་འབབ་པར་མཛད་དུ་གསོལ། མ་རིག་པའི་མུན་པ་བསལ་དུ་གསོལ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་དུ་གསོལ། ཉོན་མོངས་པའི་དྲྭ་བ་བཅད་དུ་གསོལ། མ་རིག་པའི་ལིང་ཏོག་བསལ་དུ་གསོལ། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་དུ་གསོལ། ཞེས་གསོལ་བ་བཏབ་པའི་རྗེས་ལ། ཨོཾ་ཨཱཿསྭ་ར་སྭ་སྟི་མེ་ཏིཥྛ་ཀུ་རུ་ཧཱུྃ། ཞེས་བརྗོད་པས། མདུན་གྱི་ལྷ་མོ་རང་ལ་ཐིམ་པས་གཉིས་སུ་མེད་པར་
བསྒོམ། དེ་ནས་སློབ་མ་རྣམས་ལུས་རིལ་པོར་ཁྲུས་ལན་གསུམ་བྱ། རླན་མ་བྲལ་བ་ལ་དྲི་བཟང་གི་ཕྱེ་མས་ལུས་ཐམས་ཅད་བྱུགས། ཁ་དྲི་ཞིམ་པོས་བགོ། དར་རམ་རས་དཀར་པོའི་གོས་གཙང་མ་སྔར་ལོངས་མ་སྤྱད་པ་གོན། རས་དཀར་པོ་གཙང་མའི་གདན་གྱི་སྟེང་དུ། འབྲས་དཀར་པོའི་འདབ་བརྒྱད་ཟླ་བའི་དཀྱིལ་འཁོར་དང་བཅས་པ་བྲི། དེའི་སྟེང་དུ་ཀུ་ཤ་གསར་པ་རྩེ་མོ་ནང་དུ་བསྟན་པ་བཀྲམ། དེའི་སྟེང་དུ་ཙོག་བུའི་ཚུལ་གྱིས་འདུག་ཏུ་གཞུག ཕྱག་དང་ཡོན་ཕུལ་ལ། སྒྲ་དབྱངས་ལྷ་མོའི་རྗེས་གནང་སྩལ་དུ་གསོལ། ཞེས་ཚིག་གང་ཡང་རུང་བས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་དམིགས་པ་དཔོད་བསྒོམ་དུ་བྱས་ལ། ལུས་ལྷ་མོ་དབྱངས་ཅན་མ། སྐུ་མདོག་དཀར་མོ། ཤེལ་དཀར་པོ་དྲི་མ་མེད་པ་ལྟར་ཕྱི་བལྟས་ནང་གསལ་བ། ནང་བལྟས་ཕྱི་གསལ་བ། འོད་ཟེར་དཀར་པོ་འཕྲོ་བ་དང་བཅས་པ། པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་སྟེང་དུ། ཙོག་པུའི་ཚུལ་དུ་བཞུགས་པ། དབུ་སྐྲ་འཇམ་ཞིང་མཉེན་པ་བུང་བ་ལྟར་གནག་པ། ཐོར་ཅོག་ཅུང་ཟད་དང་བཅས་པ་ལ་མེ་ཏོག་དཀར་པོའི་ཕྲེང་བ་བཅིངས་པ། ལྷག་མ་རྣམས་རྒྱབ་ཏུ་འཕྱངས་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་སྤྲས་པ། གསེར་གྱི་རྣ་ཆ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པས་མཁུར་ཚོས་མཛེས་པར་བརྒྱན་པ། དབུ་རྒྱན། མགུལ་རྒྱན། སྙན་རྒྱན། དོ་ཤལ། ཕྱག་གདུབ། ཞབས་གདུབ་རྣམས་རིན་པོ་ཆེ་སྣ་ཚོགས་པས་ཁྲ་ཆབས་སེ། ཁྲོལ་ལེ། སིལ་ཁྲོལ་གྱི་སྒྲ་སྙན་པར་སྒྲོགས་པ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ལང་ཚོ་དར་ལ་བབས་པ། རེག་ན་བདེ་བ་སྐྱེད་པའི་ནུ་མ་གཉིས་མཁྲེགས་ཤིང་རྒྱས་པ། ཆགས་པའི་ཉམས་དང་ལྡན་པས་གཡོན་དུ་འགྱིང་ཞིང༌། སྤྱན་ཟུར་མིག་གིས་གཟིགས་པ།
ཀ་ཙ་ལི་ཀཱའི་སྟོད་གཡོགས་དང༌། སྨད་གཡོགས་མེ་ཏོག་ཚོམ་བུས་སྤྲས་པ། པདྨ་དཀར་པོའི་ཆུན་འཕྱང་གིས་མཛེས་པར་བརྒྱན་ཞིང་ཕྱག་གཉིས་ཀྱིས་བཻ་ཌཱུར་སྔོན་པོའི་པི་ཝཾ་རྒྱུད་སྟོང་དང་ལྡན་པ་སྒྲེང་བས། ལྷ་དང༌། དྲི་ཟ་དང༌། རིག་པ་འཛིན་པ་ལ་སོགས་པ་སྐྱེ་འཕགས་ཐམས་ཅད་ཀྱི་ཡིད་འཕྲོག་པར་མཛད་པ། སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པས་བརྒྱན་པར་བསྒོམ་དུ་གཞུག་གོ །དེའི་སྙིང་མགོ་མཐུར་བསྟན་དུ་ཡོད་པ། བློས་གྱེན་དུ་བསླངས་ཏེ། ཚལ་བ་བརྒྱད་ཕྱིར་གྱེས་པ། པདྨ་དཀར་པོ་འདབ་མ་བརྒྱད་པ་དཀར་ཞིང་འཇམ་པ། ཟེའུ་འབྲུ་དམར་སེར་གྱིས་བསྐོར་བའི་མཚམས་ནས། ཉི་མ་སྟོང་དང་མཉམ་པའི་འོད་ཟེར་འཕྲོ་བ། ལྟེ་བའི་སྟེང་ན་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དྲི་མ་མེད་པའི་དབུས་སུ། སེམས་ཀྱི་ངོ་བོ་ཡི་གེ་ཧྲཱིཾཿདཀར་པོ་རིང་ཆ་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པ། འདབ་མ་རྣམས་ལ་མདུན་ནས་བརྩམས་ཏེ། གཡས་སྐོར་དུ་དབྱངས་ཡིག་བཅུ་དྲུག འདབ་མ་རེ་རེ་ལ་ཡི་གེ་གཉིས་གཉིས་གནས་པ་ཐམས་ཅད་ཀྱང་ཤེལ་དཀར་པོ་དྲི་མ་མེད་པ་ལྟར་དྭངས་ཤིང་གསལ་བ། ལྡེམ་མོ་བཞེངས་ནས། གདན་ལ་མ་རེག་ཙམ་ཅུང་ཟད་འདར་ཞིང༌། འཁོར་ལོ་ཡི་གེ་དང་བཅས་པའི་འོད་ཟེར་གྱི་དྲྭ་བས་སྙིང་གི་མུན་པ་མ་ལུས་པ་སེལ་བར་བསྒོམ། དེ་ནས་སློབ་དཔོན་གྱི་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་མནན། སོར་མོ་ལྷག་མ་གསུམ་བསྒྲེང་བ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ། སློབ་མའི་སྟན་ལ་རེག་ནས། ཨོཾ་ཨཱ་དྷ་ར་ཤཀྟི་ཀ་མ་ལ་ཨཱ་ས་ན་དཱ་ན་དཿ ཞེས་པས་སྟན་བྱིན་གྱིས་བརླབ། དེའི་རྗེས་ལ་སློབ་མས་སྔགས་འདི་རྣམས་ཀྱི་རྗེས་སུ་བཟླས་ཏེ། ཨོཾ་ཨངྒུཥྛཱ་ཡ་ན་མཿ ཨོཾ་ཏརྫ་ནྱཻ་ན་མཿ ཨོཾ་མཱ་དྷྱ་མཱ་ཡེ་ན་མཿ ཨོཾ་ཨ་ནཱ་མི་ཀཱ་ཡེ་ན་མཿ ཨོཾ་ཀ་ནིཥྛི་ཀཱ་ཡེ་ན་མཿ ཨོཾ་ཀཱརྻ་ཀ་བྲྀཥྚི་བྷྱོ་ན་མཿ ཨོཾ་སྭ་ར་སྭ་སྟི་
མེ་ཏིཥྛ་ཀུ་རུ་ཧཱུྃ། ལྷ་མོ་དབྱངས་ཅན་མ་བདག་ལ་བརྟན་པར་མཛོད་ཅིག ཅེས་གསོལ་བ་བཏབ་པས། སློབ་དཔོན་དང་དབྱེར་མི་ཕྱེད་པར་གྱུར་པའི་ལྷ་མོ་ལས། ལྷ་མོ་གཉིས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས་མཚོ་ལ་ཁ་བ་བབས་པ་ལྟར་རང་ལ་གཉིས་སུ་མེད་པར་ཐིམ་པས་ལྷ་མོའི་སྐུ་དང་རང་གི་ལུས་དབྱེར་མི་ཕྱེད་པར་བསྒོམ། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་མེ་ཏོག་དཀར་པོ་བཞག་ལ། ལྷ་མོ་འདི་ལ་སྩལ་ལགས་ཀྱི། །ལྷ་མོ་འདི་ལ་བྱིན་གྱིས་རློབས། །ཞེས་དང༌། སློབ་མས། ལྷ་མོ་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས། སྔར་གྱི་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སློབ་མའི་སྙིང་གར་རེག་ལ། ཨོཾ་ཧྲྀ་ད་ཡཱ་ཡ་ཏིཥྛ། དཔྲལ་བར་རེག་ལ། ཨོཾ་ཤི་ར་སི་སྭཱ་ཧཱ། སྤྱི་བོར་རེག་ལ། ཨོཾ་ཤི་ཁཱ་ཡཻ་བཽཥཊ། ནམ་ཚོས་སུ་རེག་ལ། ཨོཾ་ཀ་བ་ཙཱ་ཡེ་ཧཱུྃ། མིག་གཉིས་སུ་རེག་ལ། ཨོཾ་ནི་ཏྲ་ཡཱ་ཡ་བོཥཊ། ལག་པ་གཉིས་ལ་རེག་ལ། ཨོཾ་ཧསྟཱ་ཡ་ཕཊ། ཅེས་པས་བརྟན་པར་བྱིན་གྱིས་བརླབས་པར་བསྒོམས་ཏེ། སྐུའི་རྗེས་གནང་ངོ༌། །དེ་ནས་སློབ་དཔོན་དང་ལྷ་མོ་གཉིས་སུ་མེད་པའི་འཁོར་ལོ་ལས་ཧྲཱིཾཿགི་ཕྲེང་བ་ཞལ་ནས་བྱུང་སྟེ། དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། འཇིག་རྟེན་གྱི་ཁམས་ན་ཡོད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང༌། མཁས་པ་པཎྜི་ཏ། རིག་པ་འཛིན་པ། སྨོན་ལམ་ལ་དབང་བའི་དྲང་སྲོང་དང༌། རྒྱལ་པོ་དང༌། བུ་མོ་གཞོན་ནུ་མ་ལ་སོགས་པ་དང༌། རིན་པོ་ཆེའི་རིགས་དང༌། སྨན་དང༌། རྩི་བཅུད་ལ་སོགས་པ་ཐམས་ཅད་ཀྱི་ཤེས་རབ་དང༌། བརྩེ་བ་དང༌། མཐུ་དང༌། ནུས་པ་དང༌། གཟི་བརྗིད་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་ནུས་པ་རྣམས་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་
ལྟར་བསྡུས། རང་གི་ཁ་ནས་ཞུགས། འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཐོགས་པ་མེད་པར་རྒྱས་ཤིང་མཐུ་ནུས་གཟི་བརྗིད་དང་ལྡན་པར་བསྒོམ་ཞིང༌། དཔོན་སློབ་གཉིས་ཀས་ཕྲེང་བ་བཟུང་ལ། ཧྲཱིཾཿབརྒྱ་རྩ་བརྒྱད་དང༌། ཧྲཱིཾཿདབྱངས་ཡིག་དང་བཅས་པ་བདུན་ནམ་ཉེར་གཅིག་བཟླ། དེ་ནས་ཕྲེང་བ་དེ་སློབ་མའི་མགོ་ལ་བསྐོན་ལ། ཨོཾ་ཧྲཱིཾཿབ་ར་ཝཱ་ཀ་ཝཱ་དཱི་ན་མཿ ཞེས་རྗེས་སུ་བཟླ་སྟེ། གསུང་གི་རྗེས་གནང་ངོ༌། །དེ་ནས་སྔར་གྱི་སྡོང་བུ་རྣམས་སྤར་ལ། སློབ་དཔོན་དང་ལྷ་མོ་གཉིས་སུ་མེད་པའི་ཐུགས་ཀའི་ཡི་གེ་ལས། ཡི་གེ་རང་འདྲའི་རྣམ་པ་རིན་པོ་ཆེའི་སྒྲོན་མེ་བསྟར་ལ་བརྒྱུས་པ་ལྟ་བུ་བྱུང༌། དེ་དག་ལས་འོད་ཟེར་འཕྲོས་པས། སྔར་གྱི་དམིགས་པ་དང་ལྡན་པས། སློབ་མ་རང་གི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས། ལྷ་མོའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་གྱུར་པས། ཕྱི་ནང་གི་མུན་པ་རྣམས་བསལ། ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཐོགས་པ་མེད་པར་རྒྱས་པར་བསྒོམ་ཞིང༌། མར་མེ་རྣམས་ཡི་གེའི་ངོ་བོར་བསྒོམས་ལ། ཧྲཱིཾཿདབྱངས་ཡིག་དང་བཅས་པ་ཚང་བར་བརྗོད་ཅིང༌། ཐེ་ཚོམ་མེད་པར་ཟར་གཞུག་གོ །དེ་ཉིད་བརྟན་པར་བྱ་བའི་ཕྱིར། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ཡོ་ཏིཥྛ་ཧྲཱིཾཿཨ་ཨཱ་ནས་ཨཿའི་བར་རྗེས་སུ་བཟླ་སྟེ། ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་སློབ་མས་ཕྱག་དང་ཡོན་ཕུལ་ལ་བཀའ་དྲིན་ཆེའོ་ཞེས་བརྗོད་ཅིང༌། ལས་ཀྱི་རྗེས་མི་མངོན་པར་བསྡུ། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱིས་ཤེས་རབ་ཁྱད་པར་ཅན་ཐོབ་པའི་རྒྱུར་བསྔོའོ། །རྗེས་སུ་གནང་བའི་ཆོ་གའོ། །བསྒྲུབ་པར་འདོད་ན། གོས་གཙང་མ་བགོ། ཁ་ཟས་གཙང་མ་བཟའ། དབེན་པའི་ས་ཕྱོགས་གཙང་མར། ཁྲུས་དང་གཙང་སྦྲ་ལ་གནས་པས། སྟན་དཀར་པོ་གཙང་མ་ལ་འདུག་སྟེ། རང་
སྔར་བཤད་པ་ལྟ་བུའི་ལྷ་མོ་ཡིག་འབྲུ་དང་བཅས་པར་བསྒོམ། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་སྣ་བུག་གཡས་ནས་སོང༌། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པས་མཆོད། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་དི་ཏིཥྛ་ཧྲཱིཾཿ ཞེས་བརྗོད་པས་དམ་ཚིག་པའི་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་པའི་ལུས་ངག་ཡིད་གསུམ་ཐིམ་སྟེ་གཉིས་སུ་མེད་པར་བསྒོམ་ཞིང༌། ལུས་ཀྱི་དམིགས་པ་དེ་དང་མ་བྲལ་བའི་ངང་ནས། ཐུགས་ཀའི་ཧྲཱིཾཿལས་ཧྲཱིཾཿམུ་ཏིག་གི་དོ་ཤལ་ལྟ་བུ་ཁ་ནས་ཐོན། ལྟེ་བ་ནས་ཞུགས། ཧྲཱིཾཿལ་ཐིམ་ཞིང༌། འོད་ཟེར་སྤྲོ་བསྡུའི་དམིགས་པ་རྗེས་གནང་དུ་བཤད་པ་དང་འདྲ་བས་ཧྲཱིཾཿཞེས་པ་འབུམ་ཕྲག་ལྔ་བསྙེན་པ་བྱའོ། །སྒྲུབ་པའི་དུས་སུ་བསྙེན་པ་དང་འདྲ་བ་ལས་ཁྱད་པར་སྤོགས་པའི་ཆོ་ག་མདུན་གྱི་འཁོར་ལོ་ལ་མཆོད་ཅིང༌། འཁོར་ལོ་དེ་རྗེས་གནང་གི་དུས་ཀྱི་སློབ་དཔོན་དང་འདྲ་བའི་མདུན་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། གསུང་གི་རྗེས་གནང་དང་འདྲ་བའི་དངོས་གྲུབ་ལེན་ཅིང༌། རང་སྔགས་ལས་སྔགས་ཕྲེང་ལྟེ་བ་ནས་འཐོན། མདུན་བསྐྱེད་ཀྱི་ལྟེ་བ་ནས་ཞུགས་འཁོར་ལོ་ལ་ཐིམ་ཞལ་ནས་འཐོན། རང་གི་ཞལ་ནས་ཞུགས། འཁོར་ལོར་ཐིམ་པར་བསྒོམ་པ་ཡིན་གསུངས། ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱིས་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་མུ་ནཱིནྡྲ་ལ། དེ་ལ་བདག་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་ཞུས་ཤིང༌། ཟབ་པའི་ཁྱད་ཆོས་རྣམས་པཎྜི་ཏ་ཉིད་ཀྱིས་ན་ག་རའི་ཡི་གེར་ཐོ་ཚེར་བཀོད་པ་ལས། དུས་ཕྱིས་ཤེས་བྱ་རིག་པའི་གནས་རྣམས་ལ། བློ་གྲོས་ཀྱི་སྣང་བ་ཕྱིན་ཅི་མ་ལོག་པར་རྒྱས་པའི་སྡེ་སྣོད་འཛིན་པ་ཆེན་པོ་མདོ་ཁམས་སྟོད་པ་བརྩོན་འགྲུས་དཔལ་གྱིས་བསྐུལ་བའི་ངོར། ལྕགས་ཕོ་བྱི་བའི་ལོ་དཔྱིད་ཟླ་ཐ་ཆུང་གི་ཚེས་
བརྒྱད་ཀྱི་ཉིན་པཎྜི་ཏའི་ཕྱག་ལེན་ཡི་གེར་བཀོད་པའི་ཡི་གེ་པ་ནི་དཔལ་མཆོག་དོན་གྲུབ་བོ།། ༈ །དབྱངས་ཅན་ལྷ་མོའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་བཞུགས་སོ། །སྭ་སྟི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཤེལ་དཀར་དྲི་མ་མེད་པ་ལྟར་ཕྱི་བལྟས་ནང་གསལ། ནང་བལྟས་ཕྱི་གསལ་བ་འོད་ཟེར་དཀར་པོ་འཕྲོ་བ་ཞལ་གཅིག་ཕྱག་གཉིས་ཀྱིས་བཻཌཱུརྻའི་པི་ཝཾ་རྒྱུད་སྟོང་དང་ལྡན་པ་སྒྲེང་བས་ལྷ་དང་དྲི་ཟ་དང་རིག་པ་འཛིན་པ་ལ་སོགས་པ་སྐྱེ་འཕགས་ཐམས་ཅད་ཀྱི་ཡིད་འཕྲོག་པར་མཛད་པ་དབུ་སྐྲ་བུང་བ་ལྟར་གནག་པའི་ཐོར་ཅོག་ཅུང་ཟད་དང་བཅས་པ་ལ་མེ་ཏོག་དཀར་པོའི་ཕྲེང་བས་བཅིངས་པ། ལྷག་མ་རྒྱབ་ཏུ་འཕྱང་བ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། གསེར་གྱི་རྣ་ཆ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པས་མཁུར་ཚོས་མཛེས་པར་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་དང་སྙན་རྒྱན་ལ་སོགས་པ་ཁྲ་ཆབས་སེ། ཁྲིལ་ལེ། སིལ་ཁྲོལ་གྱི་སྒྲ་སྙན་པར་སྒྲགས་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་དར་ལ་བབ་པ། རེག་ན་བདེ་བ་བསྐྱེད་པའི་ནུ་མ་གཉིས་མཁྲང་ཞིང་རྒྱས་པ། ཆགས་པའི་ཉམས་དང་ལྡན་པས་གཡོན་དུ་འགྱིང་ཞིང༌། སྤྱན་ཟུར་གྱིས་གཟིགས་པ། ཀཱ་ཙ་ལི་ཀཱའི་སྟོད་གཡོགས་དང་སྨད་གཡོགས་བསྣམས་པ། མེ་ཏོག་དཀར་པོའི་ཆུན་འཕྱང་གིས་མཛེས་པ། སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པས་བརྒྱན་པ། ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པ། རང་གི་སྙིང་མགོ་མཐུར་བསྟན་དུ་ཡོད་པ་བློས་གྱེན་བསླངས་ཏེ་ཚལ་པ་བརྒྱད་དུ་གྱེས་པ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དམར་སེར་གྱིས་བསྐོར་བའི་ལྟེ་བར་
ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་སེམས་ཀྱི་ངོ་བོ་ཧྲཱིཾཿདང༌། འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཨཱ་སོགས་ནས། ཨཾ་ཨཿསྟེ་ཡིག་འབྲུ་ཟུང་རེ་གནས་པ་རྣམས་ཅུང་ཟད་གདན་ལ་མ་རེག་པ་འདར་ཞིང་འཁོར་ལོ་དང་ཡིག་འབྲུ་རྣམས་དཀར་ཞིང་འཚེར་བའི་འོད་ཟེར་གྱི་དྲྭ་བས་སྙིང་གི་མུན་པ་སེལ་བའི་ནུས་པ་དང་ལྡན་པར་བསམ། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་སྣ་བུག་གཡས་པ་ནས་སོང༌། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། དེ་ལ། ཨོཾ་སྭ་ར་སྭ་སྟི་ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ཡ་ཏིཥྛ་ཧྲཱིཾཿ ཞེས་པས་གཉིས་སུ་མེད་པར་བསྟིམ། ཐུགས་ཀའི་ཧྲཱིཾཿལས་ཧྲཱིཾཿགི་ཕྲེང་བ་མུ་ཏིག་གི་དོ་ཤལ་ལྟ་བུ་ཞལ་ནས་འཐོན། ལྟེ་བ་ནས་ཞུགས་ཧྲཱིཾཿལ་ཐིམ་ཞིང༌། འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་དང༌། མཁས་པ་པཎྜི་ཏ་དང༌། རིག་པ་འཛིན་པ་དང༌། སྨོན་ལམ་ལ་དབང་བའི་དྲང་སྲོང་རྣམས་དང༌། རྒྱལ་པོ་དང༌། བློན་པོ་དང༌། གཞོན་ནུ་མ་དང༌། རིན་པོ་ཆེ་དང༌། སྨན་དང༌། རྩི་བཅུད་ལ་སོགས་པ་ཐམས་ཅད་ཀྱི་ཤེས་རབ་དང༌། སྤོབས་པ་དང༌། གཟུངས་དང༌། མཁྱེན་པ་དང༌། བརྩེ་བ་དང༌། ནུས་མཐུ་དང༌། གཟི་བརྗིད་དང༌། ཚེ་དང་བསོད་ནམས་ལ་སོགས་པའི་ནུས་མཐུ་རྣམས་རྡོ་ཁབ་ལེན་གྱིས་ལྕགས་སྡུད་པ་བཞིན་བསྡུས་ཏེ། རང་གི་ཁ་ནས་ཞུགས་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཐོགས་པ་མེད་པར་རྒྱས་ཤིང༌། ནུས་མཐུ་
དང༌། གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅེས་བསམ། ངག་ཏུ་ཧྲཱིཾཿཞེས་བརྒྱ་རྩ་དང༌། ཧྲཱིཾཿ ཨ་ཨཱ་སོགས་ནས་ཨཾ་ཨཿ ཞེས་བདུན་ནམ་ཉེར་གཅིག་བཟླའོ། །བསྙེན་པ་ནི། སྔགས་སྔ་མ་ལ་འབུམ་ཕྲག་ལྔ་བཟླའོ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མས་བདག་དང་སེམས་ཅན་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །མཎྜལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མ་སོགས་ནས་ལྡན་པར་བསམ་པའི་བར་དང༌། རང་གི་ཐུགས་ཀྱི་ངོ་བོ་ཧྲཱིཾཿལས་འོད་ཟེར་དཀར་པོ་སྣ་བུག་གཡས་པ་ནས་ཕྱིར་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོའི་སོགས་ནས་མེད་པར་ཐིམ་ཞེས་པའི་བར་བརྗོད། ཨོཾ་སྭ་ར་སྭ་སྟི་ཏིཥྛ་ཧྲཱིཾཿ ཨ་ཨཱ་ནས་ཨཿབར་ཉེར་གཅིག་བཟླས་པས་བརྟན་པར་བསམས་ལ། མཆོད་པ་བྱིན་གྱིས་བརླབས་ནས། ཨོཾ་སྭ་ར་སྭ་སྟི་རེ་རེའི་མགོར་སྦྱར་བའི་ཨོཾ་བཛྲ་པྲོཀྵ་ཎ་སོགས་ནས་ཤབྡ་ཨཱཿཧཱུྃ་དང༌། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་བརྗོད། རྒྱལ་བ་ཀུན་གྱི་གསུང་རབ་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་ནི། བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨོཾ་བཛྲ་པྲོཀྵ་ཎ་སོགས་ནས་ཤབྡ་ཨཱཿཧཱུྃ་གིས་མཆོད། རྒྱལ་བ་ཀུན་གྱི་གསུང་རབ་སོགས་ཀྱིས་བསྟོད། སློབ་མའི་སྙིང་ལ་དབབ་པར་མཛད་དུ་གསོལ། མ་རིག་པའི་མུན་པ་བསལ་དུ་
གསོལ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་དུ་གསོལ། ཉོན་མོངས་པའི་དྲྭ་བ་བཅད་དུ་གསོལ། མ་རིག་པའི་ལིང་ཏོག་བསལ་དུ་གསོལ། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་དུ་གསོལ། ཞེས་གསོལ་བ་བཏབ་པའི་རྗེས་སུ། ཨོཾ་ཨཿསྭ་ར་སྭ་སྟི་མི་ཏིཥྛ་ཀུ་རུ་ཧཱུྃ། མདུན་གྱི་ལྷ་མོ་རང་ལ་ཐིམ། ཧྲཱིཾཿབརྒྱ་རྩ་སོགས་བཟླའོ། །དེ་ནས་སློབ་མ་བཅུ་བདུན་ལས་མི་མང་བ་རྣམས་ཁྲུས་བྱ། རས་དཀར་གྱི་སྟེང་དུ་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་ཀུ་ཤ་རྩེ་མོ་མདུན་ལ་བསྟན་པའི་སྟེང་དུ་ཙོག་པུར་བཞག ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ནས། འདིར་རྒྱས་པ་ཡིན། དེ་ལ་དུ་མ་ཞིག་ཡོད་པ་ལས་ད་ལན་འདིར་མ་རིག་པའི་མུན་པ་བསལ་ནས་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར་དུ་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱིས་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་ལ་བཀའ་བབས་པའི་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པར་བྱེད་པ་ལ་གཉིས་ལས། དང་པོ་སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་གྲུབ་ནས། གཉིས་པ་སློབ་མའི་བྱ་བ་ལ། མཎྜལ་ཕུལ་བ། དུས་གསུམ་སངས་རྒྱས་སོགས་དང༌། དཀོན་མཆོག་གསུམ་ལ་སོགས་ཀྱིས་ཁ་བསྐངས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་བ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ནས། དེ་ལ་དམིགས་ཏེ་ཨོཾ་སྭ་བྷཱ་ཝ་སོགས་ནས་མ་ལུས་པ་སེལ་བའི་ནུས་པ་དང་ལྡན་པའི་སྐུ་ཅན་དུ་གྱུར་པ་ཡིན་སྙམ་དུ་མོས་ནས། སློབ་དཔོན་གྱིས་ཁྱེད་རྣམས་ཀྱི་སྟན་བྱིན་གྱིས་བརླབ་པའི་སླད་དུ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་རེག་སྟེ་ངག་ཏུ། ཨོཾ་ཨཱ་དྷ་ར་ཤཀྟི་ཀ་མ་ལ་ཨཱ་ས་ན་དཱ་ན་དཿ ཞེས་བྱིན་གྱིས་བརླབས་པར་མོས་ནས། གསོལ་
བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ་ཨངྒུཥྛ་ཡ་ན་མཿ ཨོཾ་ཏརྫ་ནྱཻ་ན་མཿ ཨོཾ་མཱ་དྷྱ་མཱ་ཡེ་ན་མཿ ཨོཾ་ཨ་ནཱ་མི་ཀཱ་ཡེ་ན་མཿ ཨོཾ་ཀ་ནིཥྛ་ཀཱ་ཡེ་ན་མཿ ཨོཾ་ཀཱརྻ་ཀ་པྲྀཥྚི་བྷྱོ་ན་མཿ ཨོཾ་སྭ་ར་སྭ་སྟི་མེ་ཏིཥྛ་ཀུ་རུ་ཧཱུྃ། ཞེས་གསོལ་བ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྐུ་མར་མེ་གཅིག་ལས་གཉིས་ཆད་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཆེ་བ་རི་རབ་ཙམ་ཆུང་བ་རྡུལ་ཕྲན་ཙམ་ཚད་མེད་གྲངས་མི་ཕྱེད་པའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་བ་སྤུའི་བུ་ག་དབང་པོའི་སྒོ་ལ་སོགས་པ་རྣམས་ནས་མར་མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པས་ལྷ་མོའི་སྐུ་དང་དབྱེར་མེད་དུ་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་གྱིས་མེ་ཏོག་གཏོར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། ལྷ་མོ་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ཀྱི་མེ་ཏོག་གི་ཕྲེང་བ་ཕུལ་བ་དེ་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་མེ་ཏོག་བཞག་སྟེ་བརྟེན་པར་བྱས་པའི་མོས་པ་མཛོད། ལྷ་མོ་འདི་ལ་སྩལ་ལགས་ཀྱི། །ལྷ་མོ་འདི་ལ་བྱིན་གྱིས་རློབས། །ལན་གསུམ། ཞེས་བརྗོད་ནས་སློབ་དཔོན་གྱིས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྙིང་ག་སོགས་སུ་རེག་པས་བརྟན་པར་མོས། ཨོཾ་ཧྲྀ་ད་ཡཱ་ཡ་ཏིཥྛ། གཙུག་ཏོར། ཨོཾ་ཤི་ར་སི་སྭཱ་ཧཱ། སྤྱི་བོར། ཨོཾ་ཤི་ཁཱ་ཡཻ་བཽཥཊ། གསང་གནས། ཨོཾ་ཀ་བ་ཙཱ་ཡེ་ཧཱུྃ། མིག་གཉིས། ཨོཾ་ནཻ་ཏྲ་ཡ་བོ་ཥཊེ། ལག་གཉིས་ཨོཾ་ཧསྟཱ་ཡ་ཕཊ། ཅེས་སྐུ་ཡི་རྗེས་སུ་གནང་བ་ཡིན། གསུང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལྷ་མོ་དབྱངས་ཅན་མའི་སྐུར་གསལ་བའི་ཐུགས་ཀའི་འཁོར་ལོ་ལས་ཧྲཱིཾཿལས་ཧྲཱིཾཿགི་ཕྲེང་བ་མུ་ཏིག་གི་ཕྲེང་བ་བསྟར་
ལ་བརྒྱུས་པ་ལྟར་བསམ་གྱིས་མི་ཁྱབ་པ་ཞལ་ནས་བྱུང་སྟེ། དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་སོགས་ནས་ལྡན་པར་མོས་ནས། དཔོན་སློབ་གཉིས་ཀས་ཕྲེང་བ་བཟུང་སྟེ་སྔགས་འདིའི་རྗེས་ཟློས་བརྒྱ་རྩ་བརྒྱད་མཛོད། ཧྲཱིཾཿདང༌། སྔགས་འདིའི་རྗེས་ཟློས་ཉེར་གཅིག་མཛོད། ཧྲཱིཾཿཨ་ཨཱ་སོགས་བཟླའོ། །སློབ་དཔོན་གྱིས་ཕྲེང་བ་ཁྱེད་རང་གི་མགོ་བོར་བཞག་པར་མོས་པ་མཛོད། ཨོཾ་ཧྲཱིཾཿཝ་ར་ཝཱ་ཀ་ཐཱ་དཱི་ན་མཿ ཞེས་བརྗོད་ཅིང་ཕྲེང་བ་སྐེ་ལ་བསྐོན་ཞིང༌། དེ་གསུང་གི་རྗེས་སུ་གནང་བ་ཡིན། ཐུགས་ཀྱི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཡིག་འབྲུ་ལས་ཡིག་འབྲུ་རང་གི་རྣམ་པ་རིན་པོ་ཆེའི་སྒྲོན་མེ་བསྟར་ལ་བརྒྱུས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་དག་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་སོགས་ནས་བསྡུས་ཏེ་ཁྱོད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས་ལྷ་མོ་དབྱངས་ཅན་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་གྱུར་པས་ཕྱི་ནང་གི་མ་རིག་པའི་མུན་པ་རྣམས་བསལ་ནས་ཤེས་བྱ་ལ་བློ་གྲོས་ཐོགས་པ་མེད་པར་རྒྱས་ཤིང་བྱིན་གྱིས་བརླབས་པར་མོས་པ་བྱས་ལ་ཏིང་ལོའི་མར་མེ་སྤར་བ་དེ་སློབ་མའི་ཁར་བཅུག སློབ་དཔོན་གྱིས་ཧྲཱིཾཿཨ་ཨཱ་སོགས་བརྗོད་ཅིང་བྱིན་ནས། དེ་ཉིད་བརྟན་པར་བྱ་བའི་ཕྱིར་དུ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ཡོ་ཏིཥྛ་ཧྲཱིཾཿ ཨ་ཨཱ་སོགས་ནས། ཨཾ་ཨཿཞེས་བརྟན་པར་བྱ་བ་ནི་ཐུགས་ཀྱི་རྗེས་སུ་གནང་བ་ཡིན། དེས་དངོས་གཞི་གྲུབ་ནས། རྗེས་ཀྱི་ཆོས་གསུམ་འདྲའོ། །རྗེས་མཆོད་བསྟོད་གཤེགས་གསོལ་དམ་ཚིག་པ་རང་ལ་ཐིམ། གནས་གསུམ་བསྲུང༌། བསྔོ་བ་དང་བཀྲ་ཤིས་སོགས་བྱའོ། །ཞེས་པ་འདི་ནི་རང་གི་དྲན་པ་གསོ་ཕྱིར་དུ་དཔལ་ལྡན་བླ་མ་དམ་པ་མཁྱེན་རབ་
ཀྱི་དབང་ཕྱུག་པྲཛྙ་དྷྭ་ཛའི་ཞབས་ལ་གཏུགས་པའི་བྷ་དནྟ་ག་ག་ན་ཤྲཱི་བྷ་དྲས་ཤྲཱི་ཨེ་ཝྃ་ཐར་པ་རྩེར་སུག་བྲིས་སུ་བྱས་པའོ། །འདིས་འགྲོ་བ་རྣམས་ཀྱི་མི་ཤིས་པའི་མུན་པ་བསལ་ནས་ཡང་དག་པའི་ཤེས་རབ་ཐོབ་པར་ཤོག །སརྦ་དཱ་མངྒ་ལཾ།། ༈ །དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་གི་ཁ་སྐོང་བཞུགས་སོ། །དབྱངས་ཅན་མའི་རྗེས་གནང་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ཡི་གེ་ལྟར་བྱ་ཞིང༌། མཆོད་པ་ཆུ་བཞི་ཉེར་སྤྱོད། གཏོར་མ་གཅིག་དང་བཅས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བྱའོ། །གཉིས་པ་ནི། མཆོད་པ་བསངས་སྦྱངས་ནས། བྱིན་རླབས་ཆུ་བཞི་སོགས་ཀྱི་སྔགས་ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་ཨཱཉྩ་མ་ནཾ་སྭཱ་ཧཱ། ཨོཾ་བཛྲ་པྲོཀྵ་ཎ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ནས་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་བརྗོད། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཚད་མེད་བཞི་བསྒོམ། སྭ་བྷ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་སྟེང་དུ་ལྷ་མོ་དབྱངས་ཅན་མ་སྐུ་མདོག་ཤེལ་དཀར་པོ་དྲི་མ་མེད་པ་ལྟར་ཕྱི་བལྟས་ན་ནང་གསལ་བ་འོད་ཟེར་དཀར་པོ་འཕྲོ་བ་དང་བཅས་པ། ཙོག་པུའི་ཚུལ་དུ་བཞུགས་པ། དབུ་སྐྲ་སོགས་ནས་མ་ལུས་པ་སེལ་བར་བསྒོམ། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་སོགས་ནས་འདྲ་བས་ཧྲཱིཾཿསོགས་བཟླ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མས་བདག་དང་སེམས་ཅན་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། མདུན་བསྐྱེད་མཆོད་བསྟོད་གཏོར་མ་བཟླས་པའི་བར་གྲུབ་རྗེས། སློབ་མ་བཅུ་བདུན་ལས་མི་མང་བ་རྣམས་ཁྲུས་བྱ། རས་དཀར་གྱི་སྟེང་
དུ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་ཀུ་ཤ་རྩེ་མོ་མདུན་ལ་བསྟན་པའི་སྟེང་དུ་སློབ་མ་རྣམས་ཙོག་བུར་བཞག ལས་ཀྱི་སློབ་མས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ནས་རྗེས་གནང་ཞུ་བའི་མཎྜལ། དུས་གསུམ་སོགས་དང༌། དཀོན་མཆོག་གསུམ་ལ་སོགས་ཀྱིས་ཁ་བསྐངས་པ་ནི་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་རྣམས་ཡི་གེ་ལྟར་བྱའོ། །རྗེས་གཙོ་བོས། མཎྜལ། དེང་ནས་སོགས་བརྗོད། གསུམ་པ་ནི་མཆོད་བསྟོད་སོགས་སྤྱིའི་རིགས་འགྲེ་སྦྱར་ཏེ་ཤེས་པར་བྱའོ། །ཞེས་པའི་ཐོ་ཡིག་འདི་ནི་བྱ་བྲལ་བས་བརྗེད་པས་འཇིགས་ནས་བྲིས་པའོ། །བརྒྱུད་ཡིག་ནི་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ལྟར་ལས། རྗེ་བླ་མ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། དེས་བདག་བིཀྵུ་ག་ག་ན་ཤྲཱི་བྷ་དྲ་ལའོ། །སྔགས་ཐུང་བརྒྱ་རྩ་དང་སྔགས་རིང་ཉེར་གཅིག་གི་རྗེས་ཟློས་བྱའོ། །བྷ་ཝནྟུ།། ༈ །ལྷ་མོ་དབྱངས་ཅན་མའི་བསྙེན་ཐབས་བཞུགས།། སྭ་སྟི། ལྷ་མོ་དབྱངས་ཅན་མའི་བསྙེན་པ་བྱེད་པར་འདོད་པའི་རྣལ་འབྱོར་པས་འདིའི་རྗེས་གནང་ལུང་དང་བཅས་པ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་ཞིང་ཤ་ཆང་སྒོག་བཙོང་ལ་སོགས་པའི་བཟའ་བཏུང་སྤངས་ནས་གཙང་སྦྲ་ལ་གནས་པ། ཁྱད་པར་གྱི་དམ་ཚིག་བརྫུན་མི་སྨྲ། སྟན་དང་སྒ་ལ་སོགས་པ་སྔས་སུ་མི་འཇུག རང་ཉལ་བའི་སྟེང་དུ་ལྷྭམ་ཀྲད་སོགས་མི་གཙང་བ་མི་འོང་བར་བྱ། དུང་སོགས་ལྷའི་ཕྱག་མཚན་དང་ཆོས་ཡིག་འབྲུ་ཙམ་ལའང་མི་འགོམ། རང་ཉིད་ཤེས་རབ་ཆེ་བར་རློམས་པའི་ང་རྒྱལ་དང་ཕྲག་དོག་སྤང༌། ཚེ་འདིའི་སྙན་གྲགས་སོགས་འདོད་པའི་བློ་སྤངས་ཤིང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག འཁོར་བའི་ཉེས་དམིགས་བསམ་པ་རྣམས་ཀྱིས་སྐྱོ་ཤེས་ངེས་པར་
འབྱུང་བ་བསྐྱེད། སེམས་ཅན་རྣམས་ཕ་མར་ཤེས་པས་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ་གཏན་གྱི་འདུན་མ་དཀོན་མཆོག་ལ་བློ་གཏད། བསྙེན་པ་བྱེད་པའི་གནས་བུད་མེད་ཀྱི་རྒྱུ་འགྲུལ་མེད་པའི་སར་བྱ། ལྷ་མོའི་སྐུ་སོགས་དཀོན་མཆོག་གི་རྟེན་ཡོད་ན་བཤམ། མ་འབྱོར་ནའང་སྐྱོན་མེད། སྟེགས་བུ་ཇི་ལྟར་རིགས་པར་དཀར་གཏོར་ཟླུམ་པོ་ལ་ཐེབ་ཀྱུ་བཞིས་བསྐོར་བ་དང༌། དེའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་བཤམ། སྒྲུབ་པ་ལ་འཇུག་ཁར་ཚོགས་བསགས་རིམ་གྲོ་དག་གྲུབ་ན་བྱ། རྣམ་འཇོམས་སྨེ་བརྩེགས་སོགས་བཟླས་པའི་བུམ་ཆུ་འཐུང་ཞིང་ཁྲུས་བྱ། འདི་ཐུན་མཚམས་སུ་བྱུང་ན་ལེགས། རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བཟླས་པའང་ཅི་རིགས་བྱ། གཟའ་སྐར་སོགས་འཕྲོད་སྦྱོར་བཟང་པོ་ཡོད་པའི་ཡར་ངོ་ལ་སྒྲུབ་པ་ལ་འཇུག གནས་ཁང་མལ་ས་གུ་གུལ་གྱིས་བདུག ཆ་གསུམ་ཡིད་ཆེས་ངེས་བ་ཞིག་བཏང་སྟེ། སྒྲུབ་པ་མཐར་མ་ཕྱིན་གྱི་བར་གྱི་བར་ཆད་ཞི་བའི་ཕྲིན་ལས་བཅོལ། ནག་པོའི་རིགས་ཀྱི་བགེགས་རིགས་ལ་གཏོར་མ་སྦྱིན་ཏེ་བསྐྲད། ཐོག་མར་བཀའ་དྲིན་ཆེ་བའི་བླ་མ་ལ་གསོལ་བ་བཏབ་ཅིང་སྐྱབས་འགྲོ་མང་དུ་བྱ། སྒྲུབ་ཐབས་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པ་དེ་བྱེད། འདི་སྒྲུབ་ཐབས་ཚིག་ཚོགས་ཉུང་བས་ཐུན་བཞི་བྱ་ཐུན་མཚམས་སུ་གཏོར་མ་འབུལ་པ་ནི། གཏོར་མ་ཆུ་གཙང་གིས་བྲན་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བར་དང༌། གཏོར་མགྲོན་རྒྱས་པར་ན། གཏོར་མའི་སྟེང་གི་ནམ་མཁར་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་སོགས་ནས་གཉིས་སུ་མེད་པར་བསྟིམ། ཞེས་པའི་བར་བདག་མདུན་གྱི་ཁྱད་པར་རང་ཉིད་ཅེས་དང་རང་གི་ཞེས་པ་དོར་བ་མ་གཏོགས་མངོན་རྟོགས་ལྟར་བསྐྱེད། བྲིས་སྐུ་སོགས་དམིགས་རྟེན་ཡོད་ན་དེ་ལ་དམིགས་རྟེན་བྱ། དེ་ཙམ་མི་ནུས་ན། རང་གི་ཐུགས་
ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་སྣ་བུག་གཡས་པ་ནས་སོང་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་གཏོར་མའི་སྟེང་གི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ཙམ་གྱིས་ཆོག གང་ལྟར་ཡང་གཏོར་མ་འབུལ་བ་དངོས་ནི། ཨོཾ་སྭ་ར་སྭ་སྟི་སོགས་ཀྱིས་འབུལ། མཆོད་པ་ཆུ་བཞི་ཆུ་གཉིས་གང་རུང་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། རྒྱལ་བ་ཀུན་གྱི་གསུང་རབ་སོགས་ཀྱིས་བསྟོད། སྒྲ་དབྱངས་ལྷ་མོ་སོགས་ཀྱིས་གསོལ་བ་གདབ། ཚིག་རིས་རྣམས་སྒྲུབ་ཐབས་དང་རྗེས་གནང་གི་མདུན་བསྐྱེད་སྐབས་ན་ཡོད། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་གསོལ་ལམ་མི་དམིགས་པ་གང་བདེ་བྱ། དེ་ནས་ཡང་ཐུན་མཚམས་སུ། དྲི་ཟ་ཏུམྦུ་རུ་ལ་ཆུང་མ་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཡོད་པ་ལས། དེ་གཉིས་ཕན་ཚུན་ཕྲག་དོག་བྱེད་པས། གཅིག་མཆོད་ན་གཅིག་ཁྲོ་བས། དེས་ན་དབྱངས་ཅན་མ་བསྒྲུབ་ན་ནོར་རྒྱུན་མ་ཁྲོས་ཏེ་ལོངས་སྤྱོད་ལ་གནོད་པས་ན། མཁས་པ་ཕལ་ཆེར་དབུལ་པོར་གནས་ཞེས་འབྱུང་བས། དེ་བསལ་བ་ནི་ཐུན་མཚམས་ཐམས་ཅད་དུ་སྣོད་གཙང་མར་ཐེབ་ཀྱུ་གཙང་མ་རེ་བཞག དེ་ལ་ཆུ་བླུགས་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ཏེ། གཏོར་མགྲོན་རྒྱས་པར་ནོར་རྒྱུན་མ་བསྐྱེད་བསྟིམ་བྱ་བར་གསུངས་ལ། བསྡུས་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་མདུན་གྱི་ནམ་མཁའ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ཏེ། ཨོཾ་བཱ་སུ་དྷཱ་རི་ཎི་བྃ་སྭཱ་ཧཱ། ཞེས་པ་ཉེར་གཅིག་གམ་ལྔའམ་བདུན་གྱིས་གཏོར་མ་ཕུལ་བས་མཉེས་པར་བསམ་ཞིང༌། བདག་ལ་ཟས་ནོར་གྱི་དངོས་གྲུབ་རྒྱ་ཆེན་པོ་སྩལ་དུ་གསོལ། ཞེས་གསོལ་བ་དྲག་
ཏུ་བཏབ་པས་ཟས་ནོར་གྱི་ཆར་ཆེན་པོ་བབ་པར་བསམས་ལ་རང་སྐད་ཅིག་གིས་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་དང་རིན་པོ་ཆེའི་གཏེར་གྱི་བུམ་པ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པར་བསམས་ལ། དེའི་ཐུགས་ཀར་བྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་དམིགས་ཏེ། ཨོཾ་བཱ་སུ་དྷཱ་རི་ཎི་ཧཱུྃ་སྭཱ་ཧཱ། ཞེས་པ་ཅི་རིགས་བཟླ། འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཀྱི་ཟས་ནོར་དང་ལོངས་སྤྱོད་ཐམས་ཅད་བསྡུས། རང་གི་ཁོག་པར་ཐིམ་པས་ལུས་ཀྱི་ནང་ཁེངས་ནས་གཟི་བརྗིད་དང་བཀྲག་མདངས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བསམ། བསྙེན་པའི་སྐབས་ཀྱི་ཐུན་མཚམས་ཀུན་ཏུ་འདི་བསྒོམ་མོ། །འདི་ནི་ནོར་སྒྲུབ་ཏུའང་འགྱུར་རོ། །བསྙེན་ཚད་ལ་གྲངས་བསྙེན་འབུམ་ཕྲག་ལྔ་ཁ་སྐོང་ཁྲི་ཚོ་ལྔ་དང་བཅས་པའི་ཞག་བདུན་ནམ་ཉེར་གཅིག་སོགས་གང་རིགས་དང༌། རྟགས་ཐོན་བསྙེན་པ་ནི། སྔར་བས་ལྕེ་བདེ་བ། དྲན་པ་གསལ་བ། གཞུང་མང་དུ་འཛིན་པ་སོགས་དང༌། རྨི་ལམ་གྱི་རྟགས་ནི། གཞོན་ནུ་མ་གཙང་མས་གོས་དཀར་པོ་གྱོན་ནས་དཀར་གསུམ་གྱི་ཟས་སྟེར་བ་ཟོས་པ་དང༌། ཤེལ་དང་ཐོད་ལེ་ཀོར་གྱི་ཕྲེང་བ་གཏོད་པ། ཆུ་གཙང་མའི་རྒྱུན་ལ་འཐུང་བ་སོགས་རྨི་བར་བཤད། གྲངས་མ་ཚང་པར་རྟགས་བྱུང་ནའང་གྲངས་ཚང་བར་བྱ་དགོས། རྟགས་ལན་གཅིག་ལ་མ་བྱུང་ན་ནམ་བྱུང་བྱུང་བསྐྱར་དགོས་སོ། བསྙེན་པ་སོང་ནས་ཀྱང་སྔ་དྲོ་སྔགས་བརྒྱ་རྩ་རེ་མ་ཆག་པ་བྱེད་དོ། །བོགས་འདོན་གེགས་སེལ་སོགས་རྒྱས་པར་ཡི་གེ་རྙིང་པ་དང་ངག་ལས་བཙལ་བར་བྱའོ། །འདི་ཡང་སྔ་ཕྱིར་དོན་གཉེར་མང་པོས་ཡང་ཡང་བསྐུལ་
ནས་དགེ་སློང་སྙོམ་ལས་པ་སངས་རྒྱས་ཕུན་ཚོགས་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་བྲིས་པ་འདིའི་དགེ་བས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག། ༈ །དབྱངས་ཅན་མའི་ཉམས་ལེན་གྱི་ཡན་ལག་བཞུགས།། སྭ་སྟི། དབྱངས་ཅན་ལྷ་མོའི་སྒྲུབ་ཡིག་གནད། །བཀའ་ཐོབ་སྡིག་སྤངས་ཚངས་སྤྱོད་ལྡན། །བརྫུན་དང་ཤ་ཆང་སྒོག་བཙོང་སྤང༌། །ཁྲུས་དང་གཙང་སྦྲ་གནས་གཙང་ལྡན། །འཇིག་རྟེན་ཚེ་འདིའི་ཆེ་ཐབས་སྤང༌། །ཕྱི་མའི་བྱང་ཆུབ་སྙིང་ནས་བསམ། །བཟླས་པའི་སྐབས་ཀྱི་ཧྲཱིཾཿའཁོར་ཚུལ། །ཀླད་ཀོར་ནཱ་ད་ལས་སྤྲོ་ཞིང༌། །མགལ་མེའི་འཁོར་ལོ་ལྟར་འཁོར་ཞིང༌། །རྣམ་པ་མུ་ཏིག་དོ་ཤལ་འདྲ། །དེ་འགྲུབ་རྟགས་ནི་མངོན་སུམ་དུ། །ལྕེ་བདེ་དྲན་གསལ་གཞུང་མང་འཛིན། །རྨི་ལམ་གཞོན་ནུས་དཀར་གསུམ་སྟེར། །ཤེལ་དང་ཐོད་ལེ་ཀོར་དང་ཕྲེང༌། །ཆུ་གཙང་རྒྱུན་འཐུང་ལ་སོགས་རྨི། །རྟགས་འདི་རྣམས་ནི་མ་བྱུང་བར། །སྲོག་དང་བསྡོས་ཏེ་བསྒྲུབ་པར་བྱ། །བཟླས་ཚེ་མི་ཚིག་བར་མ་གཅོད། །འདིས་ཀྱང་ཕན་བདེ་ངེས་པར་སྟེར། །ཞེས་པ་འདི་ཡང་སངས་རྒྱས་ཕུན་ཚོགས་ཀྱིས་སྒྲུབ་ཐབས་ཉམས་ལེན་གྱི་ཡན་ལག་ཏུ་བྲིས་པའོ།། ༈ །སྒྲ་དབྱངས་ལྷ་མོ་དབྱངས་ཅན་དཀར་མོ་པཎྜི་ཏ་ས་མནྟ་ཤྲཱི་ནས་བརྒྱུད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཤེས་རབ་དཔལ་འབར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་དང་གཉིས་སུ་མེད་པའི་དབྱངས་ཅན་ལྷ་མོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་བློ་གྲོས་སྩལ་དུ་གསོལ། དེ་ལ་འདིར་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་སྒྲ་དབྱངས་ལྷ་མོའི་རྗེས་གནང་བྱ་བར། སྦྱོར་དངོས་རྗེས་གསུམ་ལས། །དང་པོ་ནི། གནས་དབེན་ཞིང་ཉམས་དགའ་བར་རིན་པོ་ཆེའམ། ཤིང་ངམ། རྡོ་ལ་སོགས་པ་ཁོད་
སྙོམས་པ་ཆུ་གཙང་མས་དག་པར་བཀྲུ། རླན་མ་ཡལ་བ་ལ་དྲི་བཟང་གི་ཕྱི་མ་བཀྲམ། དེའི་སྟེང་དུ་གསེར་གྱི་ཐུར་མས་པདྨ་འདབ་བརྒྱད་པ། ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧྲཱིཾཿ འདབ་མ་རྣམས་ལ་མདུན་ནས་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་རྣམས་བྲིས་ལ། འབྲས་དཀར་པོ་བཟང་གཙང་གིས་རི་མོའི་སྟེང་ནས་མནན། ཟན་གཙང་མའི་ཏིང་ལོ་བཅུ་བདུན། བ་དམར་སེར་གྱི་མར་དང༌། སྦྲང་རྩི་སྦྱར་བས་བཀང་བ་སྡོང་བུ་དང་བཅས་པ་བྱས་ལ། ཡི་གེ་རེ་རེའི་མདུན་དུ་དགོད། མཉྫིའི་སྟེང་དུ་བཞག དེའི་ཤར་དུ་མཆོད་ཡོན། ཞབས་བསིལ། ཤར་ལྷོར་ཞལ་བསིལ། ལྷོར་བསང་གཏོར། ལྷོ་ནུབ་ཏུ་མེ་ཏོག ནུབ་ཏུ་སྤོས་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དུ་མཚམས་འཛིན། མདུན་ཏུ་དཀར་གཏོར་ཟླུམ་པོ་རྣམས་དང༌། རང་གི་མདུན་དུ་རྡོར་དྲིལ། འཐོར་ནས། སློབ་མར་དགོས་པའི་མཎྜལ། མེ་ཏོག་ཆུ་བཅས་བཤམ། གཉིས་པ་ནི། སློབ་དཔོན་རང་ཉིད་ཁྲུས་བྱ། གདོང་དྲི་ཞིམ་པོས་བྱུག ཁ་དྲི་ཞིམ་པར་བྱ། གོས་དཀར་པོ་དྲི་མ་མེད་པ་བགོ་ཞིང་སྟན་དཀར་པོ་གཙང་མ་ལ་བདེ་བར་འདུག་སྟེ། མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་གྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་ཨཱཉྩ་
མ་ནཾ་སྭཱ་ཧཱ། ཨོཾ་བཛྲ་པྲོཀྵ་ཎཾ་སྭཱ་ཧཱ། ཨོཾ་བཛྲ་པཥྤེ་སྭཱ་ཧཱ་ནས། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཞེས་ཆུ་བཞི་ལ་མཆོད་ཡོན་གྱི་རྒྱ་དང༌། གཞན་མཆོད་པ་སོ་སོའི་ཕྱག་རྒྱའི་མཐར། རྡོ་རྗེ་འཛིན་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། བདག་དང་འགྲོ་བ་ནས། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བར་ཉེར་གཅིག་སོགས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཚར་གཅིག སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་ལ་བཞག་པར་བྱ། དེའི་ཆེད་དུ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཤེལ་དཀར་པོ་དྲི་མ་མེད་པ་ལྟར། ཕྱི་བལྟས་ནང་གསལ་བ། ནང་བལྟས་ཕྱི་གསལ་བ། འོད་ཟེར་དཀར་པོ་འཕྲོ་བ་དང་བཅས་པ་ཞལ་གཅིག་ཕྱག་གཉིས་ཀྱིས་བཻཌཱུརྻ་སྔོན་པོའི་པི་ཝཾ་རྒྱུད་སྟོང་དང་ལྡན་པ་སྒྲེང་བས་ལྷ་དང༌། དྲི་ཟ་དང༌། རིག་པ་འཛིན་པ་ལ་སོགས་པ་སྐྱེ་འཕགས་ཐམས་ཅད་ཀྱི་ཡིད་འཕྲོག་པར་མཛད་པ། དབུ་སྐྲ་འཇམ་ཞིང་མཉེན་པ། བུང་བ་ལྟར་གནག་པ། ཐོར་ཅོག་ཅུང་ཟད་དང་བཅས་པ་ལ་མེ་ཏོག་དཀར་པོའི་ཕྲེང་བ་བཅིངས་པ། ལྷག་མ་རྒྱབ་ཏུ་འཕྱང་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་སྤྲས་པ། གསེར་གྱི་རྣ་ཆ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པས་མཁུར་ཚོས་མཛེས་པར་བརྒྱན་པ། དབུ་རྒྱན། མགུལ་རྒྱན།
སྙན་རྒྱན། དོ་ཤལ། ཕྱག་གདུབ། ཞབས་གདུབ་རྣམས་རིན་པོ་ཆེ་སྣ་ཚོགས་པས་ཁྲ་ཆབས་སེ་ཁྲོལ་ལེ་སིལ་ཁྲོལ་གྱི་སྒྲ་སྙན་པར་སྒྲོགས་པ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་ལང་ཚོ་དར་ལ་བབས་པ། རེག་ན་བདེ་བ་སྐྱེད་པའི་ནུ་མ་གཉིས་མཁྲང་ཞིང་རྒྱས་པ་ཆགས་པའི་ཉམས་དང་ལྡན་པས་གཡོན་དུ་འགྱིང་ཞིང༌། སྤྱན་ཟུར་མིག་གིས་གཟིགས་པ། ཀ་ཙ་ལི་ཀཱའི་སྟོད་གཡོགས་དང༌། སྨད་གཡོགས་མེ་ཏོག་གི་ཚོམ་བུས་སྤྲས་པ། པདྨ་དཀར་པོའི་ཆུན་འཕྱང་གིས་མཛེས་པར་བརྒྱན་ཅིང༌། སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པས་བརྒྱན་པ། ཙོག་པུའི་ཚུལ་དུ་བཞུགས་པ། རང་གི་སྙིང་མགོ་ཐུར་བསྟན་དུ་ཡོད་པ་བློས་གྱེན་དུ་བསླངས་ཏེ། ཚལ་པ་བརྒྱད་ཕྱིར་གྱེས་པ། པདྨ་དཀར་པོ་འདབ་མ་བརྒྱད་པ་དཀར་ཞིང་འཇམ་པ་ཟེའུ་འབྲུ་དམར་སེར་གྱིས་བསྐོར་བའི་མཚམས་ནས་ཉི་མ་སྟོང་དང་མཉམ་པའི་འོད་ཟེར་འཕྲོ་བ། ལྟེ་བའི་སྟེང་ན་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དྲི་མ་མེད་པའི་དབུས་སུ། སེམས་ཀྱི་ངོ་བོ་ཡི་གེ་ཧྲཱིཾཿདཀར་པོ་རིང་ཆ་ཟླ་ཚེས་ཐིག་ལེ་དང་བཅས་པ། འདབ་མ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ རྣམས་འདབ་མ་རེ་རེ་ལ་ཡི་གེ་གཉིས་གཉིས་གནས་པ། ཐམས་ཅད་ཀྱང་ཤེལ་དཀར་པོ་དྲི་མ་མེད་པ་ལྟར་དངས་ཤིང་གསལ་བ། ལྡེམ་མེ་བཞེངས་ནས་གདན་ལ་མ་རེག་ཙམ་ཅུང་ཟད་འདར་ཞིང༌། འཁོར་ལོ་ཡི་གེ་དང་བཅས་པའི་འོད་ཟེར་གྱི་དྲྭ་བས་སྙིང་གི་མུན་པ་མ་ལུས་པ་སེལ་བའི་ནུས་པ་དང་ལྡན་པ། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས། འོད་ཟེར་སྣ་བུག་གཡས་ནས་སོང༌། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་
ཨརྒྷཾ། པཱ་དྱཾ། ཨཱཉྩ་མ་ནཾ། པྲོཀྵ་ཎཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ཡ་ཏིཥྛ་ཧྲཱིཾཿཞེས་པས་གཉིས་སུ་མེད་པར་ཐིམ། ཐུགས་ཀའི་ཧྲཱིཾཿལས་ཧྲཱིཾཿགི་ཕྲེང་བ་མུ་ཏིག་གི་དོ་ཤལ་ལྟ་བུ་ཞལ་ནས་ཐོན། ལྟེ་བ་ནས་ཞུགས་ཧྲཱིཾཿལ་ཐིམ་ཞིང་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང༌། མཁས་པ་པཎྜི་ཏ། རིག་པ་འཛིན་པ། སྨོན་ལམ་ལ་དབང་བའི་དྲང་སྲོང་དང༌། རྒྱལ་པོ་དང༌། བློན་པོ་དང༌། བུ་མོ་གཞོན་ནུ་མ་ལ་སོགས་པ་དང༌། རིན་པོ་ཆེའི་རིགས་དང༌། སྨན་དང༌། རྩི་བཅུད་ལ་སོགས་པ་ཐམས་ཅད་ཀྱི་ཤེས་རབ་དང༌། སྤོབས་པ་དང༌། གཟུངས་དང༌། མཁྱེན་པ་དང༌། བརྩེ་བ་དང༌། ནུས་མཐུ་དང༌། གཟི་བརྗིད་དང༌། ཚེ་དང་བསོད་ནམས་ལ་སོགས་པའི་ནུས་མཐུ་རྣམས་རྡོ་ཁབ་ལེན་གྱིས་ལྕགས་སྡུད་པ་བཞིན་བསྡུས་ཏེ། རང་གི་ཁ་ནས་ཞུགས། འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཐོགས་པ་མེད་པར་རྒྱས་ཤིང༌། ནུས་མཐུ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཞེས་བསམ། ངག་ཏུ་ཧྲཱིཾཿབརྒྱ་རྩ་དང༌། ཧྲཱིཾཿཨ་ཨཱ་སོགས་ནས་ཨཾ་ཨཿ ཞེས་བདུན་ནམ་ཉེར་གཅིག་བཟླའོ། །བསྙེན་པ་ནི་སྔགས་སྔ་མ་ལ་འབུམ་ཕྲག་ལྔ་བཟླའོ། །གང་ལྟར་ཡང་ཇི་ཙམ་བཟླས་པའི་མཐར། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མས་བདག་དང་སེམས་ཅན་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །སྒྲུབ་པའི་དུས་སུ་བསྙེན་པ་དང་འདྲ་བ་ལས། ཁྱད་པར་སྤོགས་པའི་ཆོ་ག་མདུན་གྱི་འཁོར་ལོ་ལ་མཆོད་ཅིང༌། མདུན་གྱི་འཁོར་ལོ་དེ་རྗེས་གནང་གི་དུས་ཀྱི་སློབ་དཔོན་དང་འདྲ་བའི་མདུན་བསྐྱེད་ལ་ཡེ་ཤེས་པ་
སྤྱན་དྲངས་ལ་བསྟིམ། གསུང་གི་རྗེས་གནང་དང་འདྲ་བའི་དངོས་གྲུབ་ལེན་ཞིང༌། རིག་སྔགས་ལས་སྔགས་ཕྲེང་ལྟེ་བ་ནས་ཐོན་ནས། མདུན་བསྐྱེད་ཀྱི་ལྟེ་བ་ནས་ཞུགས། འཁོར་ལོ་ལ་ཐིམ། ཞལ་ནས་འཐོན། རང་གི་ཞལ་དུ་ཞུགས་ཏེ། འཁོར་ལོ་ལ་ཐིམ་པ་སྒོམ་པ་ཡིན་གསུངས། དེ་ནས་མདུན་གྱི་མཎྜལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་ནས། བཞུགས་པ་བར་བདག་བསྐྱེད་བཞིན་ལ། དེའི་ཐུགས་ཀར་པདྨ་དཀར་པོ་ནས་དབུས་སུ་བར་གོང་བཞིན་ལ། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཾཿདཀར་པོ་ནས། གཉིས་སུ་མེད་པར་ཐིམ་པར་གོང་བཞིན། ཨོཾ་སྭ་ར་སྭ་སྟི་ཏིཥྛ་ཧྲཱིཾཿ ཨ་ཨཱ་ནས། ཨཿའི་བར་ཉེར་གཅིག་བཟླས་པས་བརྟན་པར་བསམས་ལ། མཆོད་པ་བྱིན་བརླབས་ནས། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་རིགས་འགྲེ་བའི་མཐར། རྡོ་རྗེ་འཛིན་དྲིལ་བུ་གསིལ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས། རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་སོགས་བསྟོད་པ་རྒྱས་བསྡུས་གང་ཤེས་ཀྱིས་བསྟོད། གཏོར་མ་བྱིན་རླབས་ནི། བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨརྒྷཾ་སོགས། གོང་བཞིན་གྱི་མཆོད་བསྟོད་མཐར། སློབ་མའི་སྙིང་ལ་འབབ་པར་མཛད་དུ་གསོལ། མ་རིག་པའི་མུན་པ་བསལ་དུ་གསོལ། ཡེ་ཤེས་ཀྱི་སྣང་བ་
བསྐྱེད་དུ་གསོལ། ཉོན་མོངས་པའི་དྲྭ་བ་བཅད་དུ་གསོལ། མ་རིག་པའི་ལིང་ཏོག་བསལ་དུ་གསོལ། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་དུ་གསོལ། ཞེས་སོགས་གསོལ་བ་གདབ་པའི་རྗེས་ལ། ཨོཾ་ཨཱཿསྭ་ར་སྭ་སྟི་མེ་ཏིཥྛ་ཀུ་རུ་ཧཱུྃ། ཞེས་བརྗོད་པས་མདུན་གྱི་ལྷ་མོ་རང་ལ་ཐིམ་པས་གཉིས་སུ་མེད་པར་བསྒོམ། ཧྲཱིཾཿཅི་ནུས་བཟླ་བའམ་མ་བཟླས་ཀྱང་ཆོག དེ་ནས་སློབ་མ་གཅིག་ནས་བཅུ་བདུན་བར་ལུས་རིལ་པོར་ཁྲུས་ལན་གསུམ་བྱ། རླན་མ་བྲལ་བ་ལ་དྲི་བཟང་གི་ཆུས་ལུས་ཐམས་ཅད་བྱུག ཁ་དྲི་ཞིམ་པོས་བསྒོ། དར་རམ་རས་དཀར་པོའི་གོས་གཙང་མ་སྔར་ལོངས་མ་སྤྱད་པ་གྱོན། རས་དཀར་པོ་གཙང་མའི་གདན་གྱི་སྟེང་དུ་འབྲས་དཀར་པོའི་འདབ་བརྒྱད་ཟླ་བའི་གདན་དང་བཅས་པ་བྲི། དེའི་སྟེང་དུ་ཀུ་ཤ་གསར་པ་རྩེ་མོ་ནང་དུ་བསྟན་པ་དགྲམ། དེའི་སྟེང་དུ་ཙོག་བུའི་ཚུལ་གྱིས་འདུག་ཏུ་གཞུག སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་སོགས་ཆོས་བཤད་ཅི་རིགས་དང༌། འདིར་སྐབས་སུ་བབས་པ་ནི། ལོ་རྒྱུས་རྒྱས་པར་སྤྲོ་ན། འཕགས་མ་དབྱངས་ཅན་མ་ནི། ཐེག་པ་ཆེན་པོའི་མདོ་སྡེ་གསེར་འོད་དམ་པའི་ལེའུ་བཅོ་ལྔ་པ་ལས། བཙུན་པ་བཅོམ་ལྡན་འདས་ལྷ་མོ་དབྱངས་ཅན་མ་ཆེན་མོ་བདག་གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པའི་སླད་དུ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱི། གཟུངས་ཀྱང་སྩལ་བར་བགྱི་སོགས་དང༌། ཕྱག་འཚལ་བཅོམ་ལྡན་དབྱངས་ཅན་མཆོག །བྱང་ཆུབ་ཆེན་པོ་དབྱངས་ཅན་མཆོག །འཕགས་པ་རང་རྒྱལ་དབྱངས་ཅན་མཆོག །ཟུང་བཞི་ཡ་བརྒྱད་དབྱངས་ཅན་མཆོག །བདེན་པ་བཞི་གསུང་དབྱངས་ཅན་མཆོག །ཡང་དག་གཟིགས་སོགས་དབྱངས་ཅན་མཆོག །དྲང་སྲོང་ཚངས་འཁོར་དབྱངས་ཅན་མཆོག །ལྷ་མོ་ཨུ་མ་དབྱངས་ཅན་མཆོག །སྐེམ་བྱེད་ལྷ་ཡང་དབྱངས་ཅན་མཆོག །གཟི་བྱིན་
ཀླུ་ཡང་དབྱངས་ཅན་མཆོག །མཚན་མོའི་ལྷ་མོ་དབྱངས་ཅན་མཆོག །རྒྱལ་ཆེན་བཞི་པོ་དབྱངས་ཅན་མཆོག །བདེ་གནས་ལྷ་སྲས་དབྱངས་ཅན་མཆོག །རྡོ་རྗེ་གསང་བདག་དབྱངས་ཅན་མཆོག །ཁྱབ་འཇུག་ལྷ་ཡང་དབྱངས་ཅན་མཆོག །ལྷ་མོ་སྦེད་མ་དབྱངས་ཅན་མཆོག །ཚོགས་བདག་ལྷ་ཡང་དབྱངས་ཅན་མཆོག །དཔལ་གྱི་ལྷ་མོ་དབྱངས་ཅན་མཆོག །དཔལ་གྱི་བློ་གྲོས་དབྱངས་ཅན་མཆོག །གཱི་རི་ཚིག་འཆང་དབྱངས་ཅན་མཆོག མ་མོ་ཀུན་མཆོག་དབྱངས་ཅན་མཆོག །འཕྲོག་མ་མོ་ཡང་དབྱངས་ཅན་མཆོག །གནོད་སྦྱིན་ཀུན་ཀྱང་དབྱངས་ཅན་མཆོག །ཕྱོགས་བཅུའི་རྒྱལ་པོ་དབྱངས་ཅན་མཆོག །བདག་ལ་ལས་མཆོག་ཀུན་གྱི་སྟོབས། །མཐའ་མེད་དབྱངས་ཅན་མཆོག་ཐོབ་མཛོད། །ཕྱག་འཚལ་ལྷ་མོ་མཐུ་ཆེན་མོ། །འཇིག་རྟེན་ཁམས་འདིར་དབང་བརྙེས་པར། །སྔོན་གྱི་དྲང་སྲོང་གིས་བཤད་པ། །ཞེས་དང༌། འཇིག་རྟེན་འདི་སྐྱེད་ཡུམ་ཡང་ཡིན། །གཤིན་རྗེའི་སྲིང་མོར་ལུས་སྟོན་ཅིང༌། །ཞེས་དང༌། མདོར་ན་འཇིག་རྟེན་མཐུན་པར་གཟུགས་སྟོན་ཅིང༌། །ཞེས་བདུད་བཞི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་གཏན་ནས་བཅོམ་ཤིང༌། སྟོབས་བཅུ་སོགས་བྱང་ཕྱོགས་སོ་བདུན་ལ་སོགས་པ་རྣམ་པ་དྲུག་སོགས་དང་ལྡན་པའི་བཅོམ་ལྡན་འདས་ཀྱི་གོ་འཕང་མངོན་དུ་མཛད་ཟིན་ཀྱང༌། ས་བཅུའི་བྱང་ཆུབ་སེམས་དཔའ་ནས་བཟུང་སྟེ་འཇིག་རྟེན་དང་མཐུན་པར་གང་ལ་གང་འདུལ་གྱི་གཟུགས་ཇི་སྙེད་ཅིག་སྟོན་པར་བཤད་ལ། ཟ་མ་ཏོག་བཀོད་པའི་མདོའི་ལེའུ་དང་པོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྔོན་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་
ན་ནི་སྤོས་ཀྱི་བཞིན་ཞེས་བྱ་བའི་ཚོང་པའི་བུར་གྱུར་ཏེ། དེའི་ཚེ་ངས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལས་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཇི་སྐད་དུ་གསན། བཀའ་སྩལ་པ། མིག་ལས་ནི་ཉི་མ་དང་ཟླ་བ་བྱུང༌། དཔྲལ་བ་ལས་དབང་ཕྱུག་ཆེན་པོ། ཕྲག་པ་ལས་ནི་ཚངས་པ། སྙིང་ལས་ནི་མཐུ་བོ་ཆེ། མཆེ་བ་གཉིས་ལས་ནི་ལྷ་མོ་དབྱངས་ཅན། ཁ་ལས་ནི་རླུང་ལས་སྐྱེས་པ་རྣམས་བྱུང༌། རྐང་པ་ལས་ནི་ས། ལྟོ་བ་ལས་ནི་ཆུ་ལྷ་རྣམས་བྱུང་བར་གསུངས་པ་སོགས་དང༌། རྒྱུད་སྡེ་ལས། འཇམ་དཔལ་གྱི་ཡུམ་དུའང་གསུངས། ངེས་དོན་དུ་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ཀྱང༌། སྣང་ཚུལ་སྤྱན་རས་གཟིགས་ཀྱི་སྲས་མོ་ཕྱི་ནང་གཉིས་ཀའི་ཡི་དམ་གྱི་ལྷར་འཛིན་པས་ཐུགས་རྗེ་རིས་མེད་དུ་འཇུག་ཅིང༌། བྱིན་རླབས་ཤིན་ཏུ་ཆེ་བས་ཁྱད་པར་དུ་འཕགས། གདུལ་བྱ་ཐུན་མོང་བའི་སྣང་ངོར། དཀོན་མཆོག་ཏཱ་ལའི་བམ་པོ་བཞི་པ་ལས། རྒྱ་མཚོའི་ལྷ་མོ་སྒྲ་ལྡན་ཞེས་བྱ་བ། །སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་རྣམས་ཀྱི། །སྒྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་ཏེ། །རང་གི་སྐད་ཀྱིས་སྐད་ཀུན་ཚིམ་པར་བྱེད། །སྒྲ་ལྡན་ཆགས་སྡང་གཏི་མུག་ཅན་དེ་ཡང༌། །སྐད་རྣམས་ཀུན་གྱི་སྒྲ་ཡི་ཚུལ་མཁས་ན། །གཟུངས་དང་ཆོས་དང་སྟོབས་ལ་དབང་ཐོབ་རྣམས། །ལྷར་བཅས་འཇིག་རྟེན་ཅི་ཕྱིར་མགུ་མི་ཕྱེད། །ཏུམྦུ་རུ་ཡི་ཆུང་མ་དབྱངས་ལྡན་མ། །ཚངས་པའི་བུ་མོ་ཡིད་ལས་བྱུང་བ་དེ། །བདེན་དང་དམ་བཅས་མི་འཚེ་དགའ་རྣམས་ཀྱི། །སེམས་དང་ཡིད་དང་ཁ་ཡི་སྒོར་འཇུག་སྟེ། །དབྱངས་ལྡན་ཆགས་
ཅན་ཞེ་སྡང་ཅན་དེ་ཡང༌། །བརྟུལ་ཞུགས་གྲུབ་མཐུན་དབྱངས་ཀྱི་ཡན་ལག་གིས། །ཡིད་འོང་སྐད་ཀྱིས་འཇིག་རྟེན་མགུ་བྱེད་ན། །ཡེ་ཤེས་ཡོན་ཏན་ཕྱུག་རྣམས་ཅིས་མི་བྱེད། །ཞེས་རྒྱ་མཚོའི་ལྷ་མོ་སྒྲ་ལྡན་མ་ཆགས་སྡང་གཏི་མུག་ཅན་དེས་ཀྱང་རྒྱ་མཚོའི་ནང་གི་སེམས་ཅན་རྣམས་སྒྲའི་ཚུལ་ལ་མཁས་པས་ཚིམ་པར་བྱེད་ལ། ཏུམྦུ་རུའི་ཆུང་མ་དབྱངས་ཅན་མའམ་ཚངས་པའི་བུ་མོ་ཞེ་སྡང་དང་མ་བྲལ་བ་དེས་ཀྱང་སེམས་ཅན་རྣམས་ཀྱི་ཡིད་དང་ཁ་ཡི་སྒོར་ཞུགས་ཏེ་ངག་གི་འདོད་པ་སྦྱིན་པར་བྱེད་ན། བྱང་ཆུབ་སེམས་དཔའ་སྟོབས་དང་ཡེ་ཤེས་ལ་དབང་བ་རྣམས་ཀྱིས་སྨོས་ཅི་འཚལ། ཞེས་འཇིག་རྟེན་ལས་མ་འདས་པ་ལྟ་བུར་གསུངས། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་གུར། དགྲ་ནག འཇམ་དཔལ་རྩ་རྒྱུད། དཔའ་བོ་གཅིག་གྲུབ་སོགས་རྒྱུད་སྡེ་དུ་མ་ནས་འཇིག་རྟེན་ལས་འདས་པར་བསྟན་ཞིང༌། ཡང་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན། འཇིག་རྟེན་འདི་ཆགས་ནས་མི་རིང་བར་རྫོགས་ལྡན་གྱི་ཐོག་མའི་སྐབས་ཤིག རི་རབ་ཀྱི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་བདུད་རྩིའི་རང་བཞིན་ཏུ་གནས་པ་ལ་ཕྱོགས་ཀུན་ནས་རླུང་བཀོད་པ་མཐའ་ཡས་པ་ལངས་ཏེ། དེས་རྒྱ་མཚོའི་རྦ་རླབས་རྣམ་པ་དུ་མ་གཡོས་པ་ལས། སྲིད་པ་གསུམ་གྱི་བརྟན་གཡོའི་སྒྲ་སྐད་ཐམས་ཅད་དྲི་ཟའི་གླུའམ་མིའམ་ཅིའི་དབྱངས་ལྟ་བུར་སྒྲ་རྣ་བར་སྙན་ཅིང་འཇེབས་པས་དཔག་ཚད་བྱེ་བར་ཁྱབ་ཅིང་གནས་སོ། །དེའི་ཚེ་ཚངས་པ་ཆེན་པོ་མི་འཆི་བ་ཞེས་བྱ་བ་ཚངས་པའི་གྲོང་ཁྱེར་ན་སྤྱོད་པས་སྒྲ་དེ་རབ་ཏུ་གསན་ནས་ལོ་བརྒྱ་སྟོང་གི་བར་དུ་རྒྱ་མཚོ་གཡོ་བ་ལ་བལྟས་ཤིང་སྒྲ་དེ་ལ་མངོན་པར་དགའ་བས་ཆགས་ཤིང་རོ་མྱོང་གིན་འདུག་གོ །དེའི་ཚེ་སྲིད་པ་གསུམ་གྱི་སྒྲ་དབྱངས་དེ་རྣམས་འདུས་པ་ལས། ལྷ་མོ་ཞེས་མཚན་དང་ལྡན་པ་འཇོ་སྒེག་ཤིན་ཏུ་རྒྱས་པ་ས་འོག་ས་སྟེང་ས་བླ་གསུམ་ན་འགྲན་ཟླ་མེད་པ་ཕྱག་
ན་ཏམྦུ་ར་བསྣམས་པ་ཞིག་བྱུང་ངོ༌། །འདིའི་ཡུམ་གྱི་དོད་རྒྱ་མཚོ་ཡིན། ཚངས་པས་བལྟས་ཤིང་སྒྲ་དེར་དགའ་ཞིང་ཆགས་པའི་བསམ་པ་ནི་ཕའི་ས་བོན་གྱི་དོད། སྒྲ་དབྱངས་སྣ་ཚོགས་ནི་མའི་རྡུལ་གྱི་དོད་དེ། དེ་དག་ཚང་པ་ལས་སྐུ་འཁྲུངས་པས་མཚན་ཡང་མཚོ་བྱུང་མ་དང༌། རྒྱ་མཚོའི་བུ་མོ་དང༌། ཚངས་པའི་སྲས་མོ་དང༌། སྒྲ་དབྱངས་ལྷ་མོ་ཞེས་གྲགས་སོ། །ལྷོ་ཕྱོགས་ཀྱི་རྒྱ་མཚོ་དེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གནས་ཡིན་པས་གཤིན་རྗེའི་སྲིང་མོ་ཞེས་ཀྱང་ངོ༌། །དེ་ནས་གང་གི་ཚེ་ལྷ་མོ་དེ་ནམ་མཁའི་དཀྱིལ་ན་འདུག་སྟེ། གང་སྐྱེ་བོ་རྣམས་བདེན་པ་དང་བརྟུལ་ཞུགས་དང་ལྡན་ཅིང་འཚེ་བ་མེད་པར་འདུག་པ་ན་ལྷ་མོ་དེ་དགའ་བས་ཏམྦུ་རའི་དབྱངས་དང་བསྟུན་ནས་གར་དག་བྱེད་པ་ན། རྒྱུད་མངས་དེ་དང་བརྟན་གཡོ་ཐམས་ཅད་ལས་ཡིད་དུ་འོང་བའི་སྒྲ་མཐའ་ཡས་པ་བྱུང་ཞིང༌། ཡིད་ཅན་རྣམས་ཉམས་བག་བདེ་ལ་བློ་གྲོས་རྒྱས་པས་སྙན་པའི་དབྱངས་ཀྱི་དོན་དཔག་ཏུ་མེད་པ་རང་བརྗོད་པར་གྱུར་ཏོ། །ལྷ་དང་གནོད་སྦྱིན་དང་མི་དང་ཀླུ་རྣམས་སྤྱོད་པ་ལོག་པར་འདུག་པ་ན། ལྷ་མོ་དེའང་ཕྱིར་ཕྱོགས་ཏེ་འདུག་ན། སྒྲ་ཐམས་ཅད་ཉམས་ཤིང་སྐྱེ་བོ་ཐམས་ཅད་ལྡབ་ལྡིབ་ཏུ་སྨྲའོ། །དེའི་ཚེ་དབྱངས་ཅན་མ་ཞེས་གྲགས་སོ། །ཞེས་དང༌། སློབ་དཔོན་དབྱུག་པ་ཅན་གྱིས་ཀྱང༌། །གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་ལ་རིང་དུ་རོལ་པར་མཛོད། །ཞེས་པ་ལྟར་སྙན་མངགས། མཆོད་སྦྱིན། སྲིད་སྲུང༌། ངེས་བརྗོད་དང་བཅས་གསུང་བའི་ཞལ་བཞི་དང་ལྡན་པའི་གདོང་པ་དེ་དག་པད་ཚལ་གྱི་ངོ་བོའི་གཟུགས་སུ་བཀོད། སྔོན་ཚངས་པའི་འཇིག་རྟེན་ན་ཆུ་ཀླུང་གི་གཟུགས་ཀྱིས་འཇིག་རྟེན་འདིར་བབས་པ་འཛམ་གླིང་ལྷོ་ཕྱོགས་སུ་འཁྱིལ་པ་ཚངས་པའི་མཚོ་ཞེས་བྱ་བའི་ཆུ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་གྱིས་འབྱུང་བ་ཡོད་ལ།
ཕྱི་རོལ་རིག་བྱེད་པ་རྣམས་རིག་བྱེད་ནི་སྐྱེས་བུས་མ་བྱས་པའི་བདེན་པའི་དོན་ཅན་ཡིན་ནོ་ཞེས་འདོད་ཅིང༌། དེ་ལྟ་བུའི་མཚོ་དེ་ལ་སྭ་ར་སྭ་སྟི་ཞེས་འཇིག་རྟེན་ན་གྲགས་ཏེ། འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོར། སྭ་ར་སྭ་སྟི་སྐད་དམ། དབྱངས་ཅན་ནམ། མཚོ་ལྡན་ཏེ། མཚོ་ལ་བརྟེན་པ་ཉིད་ཀྱིས་ཡོད་པའི་ཕྱིར་ལྡན་པའི་རྐྱེན་ཕྱིན་པའི་མཐའ་ཅན་ནོ། །འདི་སྔོན་ཚངས་པའི་འཇིག་རྟེན་ནས་ཚངས་པའི་མཚོ་ལ་བརྟེན་ནས་ཆུ་ཀླུང་གི་གཟུགས་ཀྱིས་འཇིག་རྟེན་འདིར་བབས་སོ། །ཞེས་གྲགས་སོ་ཞེས་འབྱུང་བ་ཡིན་ལ། ངང་པའི་བུ་མོ་ཞེས་པ་ཡང་འགྲེལ་པ་དེ་ཉིད་ལས། གནྡྷརྤ་དྲི་ཟ་དང༌། གཱནྡྷརྦྷ་ལྷའི་གླུ་མཁན་དུ་འགྱུར། ཞེས་ར་བྷ་སས་དང་པོ་རིང་བར་ཡང་བཤད་དོ། །སོགས་པའི་སྒྲས་སྣ་ཚོགས་དབྱིག་དང༌། བ་ལང་འཚེ་དང༌། དགའ་བྱེད་དང༌། སྣ་ཚོགས་ཤིང་རྟ་དང༌། སྣོད་ཅན་དང༌། མི་སྦྱིན་དང༌། ངང་པ་ཞེས་པ་ལྟ་བུ་ལ་སོགས་པ་རྣམས་སོ། །ཞེས་ངང་པ་དྲི་ཟའི་མིང་གི་རྣམ་གྲངས་སུ་བཤད་ཅིང༌། དཔལ་མོ་འདི་ཉིད་གཞན་དུ་དྲི་ཟའི་བུ་མོར་ཡང་གྲགས་ལ། དྲི་ཟ་ཏུམྦུ་རུའི་ཆུང་མའི་ཚུལ་འཛིན་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་གནས་པ་ལ་ཕྱི་ནང་གཉིས་ཀའི་འདོད་ལྷར་བྱེད་ཅེས་ཀྱང་ཐོས་ཏེ། བྲམ་ཟེ་ཕུར་བུས་ཀྱང༌། བིཥྞུའི་གཟུགས་བརྙན་ཏུམྦུ་རུ་ལ་དགའ་སྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས་རོལ་པའི་ལོ་ནི་བརྒྱད་གཉིས་ལོན་པའི་ཉམས། །ཆུ་གཏེར་འགྲམ་ངོས་དབུ་བའི་འཕྲེང་བར་རྩེ་བར་དགའ་བ་ཅན། །དྲི་ཟའི་རྒྱལ་པོས་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །ཞེས་འབྱུང་བའི་ངང་པ་སྟེ་དྲི་ཟའི་བུ་མོ་དབྱངས་ཅན་མ་དང༌། འདབ་ཆགས་ངང་པའི་བུ་མོ་དངོས་གཉིས་སྒྲ་སྦྱར། ཀུན་ནས་སམ་ཐམས་ཅད་དཀར་བ་ནི། ལུང་ལས། ལྷ་མོ་དབྱངས་ཅན་ཐམས་ཅད་དཀར་བ་པདྨ་དཀར་པོ་ཡི། །དབུས་སུ་བཞུགས་པ་སྨྲ་མཁས་འདོད་པ་རྣམས་
ཀྱིས་བསྒོམ་པར་བྱ། །ཞེས་པ་རིག་བྱེད་རང་ལུགས་སུ་སྐུ་མདོག་དཀར་བ་བཞིན་ནམ། ཡང་ན་དབྱངས་ཅན་མ་མི་ཤེས་པའི་དྲི་མ་དང་བྲལ་ཞིང༌། ཡོན་ཏན་ཐམས་ཅད་ཀྱིས་དཀར་བ་བཞིན་ངག་གི་འདོད་པ་འཇོ་བ་དང༌། ངང་མོ་ཁ་དོག་དཀར་ཞིང་མགྲིན་པའི་དབྱངས་སྙན་དང་ལྡན་པ་སྦྱར་བ་གྲུབ། གང་དུ་རོལ་ཞེ་ན། མཱ་ན་སེ་ཞེས་པ་ཡིད་དང་མཚོ་གཉིས་ལ་འཇུག་པས་ལྷ་མོ་ཡིད་དང་ངང་མོ་མཚོ་ལའོ་ཞེས་སྒྲ་སྦྱར། སུ་ཞིག་གི་ཡིད་ལ་ཞེ་ན། ཁོ་བོ་སྟེ་དབྱུག་པ་ཅན་བདག་གི་ཡིད་ལའོ། །ཅི་ལྟར་ཞེ་ན། སྐད་ཅིག་ཙམ་མ་ཡིན་པར་རིང་དུ་སྟེ་འདོད་པའི་དངོས་པོ་མ་གྲུབ་ཀྱི་བར་དུའོ། །དེ་ཡིད་ལ་རོལ་པས་ཅི་ཞིག་བྱ་ཞེ་ན། དེའི་མཐུས་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་བའི་བསྟན་བཅོས་རྩོམ་པའི་སྤོབས་པ་བདེ་བླག་ཏུ་རྙེད་པར་བཤད་པ་སོགས་ཀྱིས་མཚོན་ཕྱི་ནང་གི་གྲུབ་པའི་མཐའ་སོ་སོར་ལོ་རྒྱུས་དང་སྒྲུབ་པའི་ཐབས་ཚུལ་མི་འདྲ་བ་དུ་མ་ཡོད་པ་ལས། ད་ལམ་འདིར་སྐབས་སུ་བབས་པ་ནི། བྱ་རྒྱུད་པདྨའི་རིགས་ཀྱི་ཕོ་ཉ་མོ། སོགས་འོག་ནས་འབྱུང་བ་བཞིན་ནམ། བསྡུ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་དང་ལྡན་པའི་འགྲོ་བ་རྣམས་ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་དགོངས་ནས། ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་ཕྱུག་སོགས་ཕྱི་རོལ་པའི་ལྷ་རྣམས་སྐུའི་ཆ་ཤས་ནས་བྱུང་བའི་སྐབས། དབྱངས་ཅན་མ་མཆེ་བ་ལས་ཕྱུང་བར་བཤད་ཅིང༌། ངེས་པའི་དོན་དུ་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུར་ཡིན་ལ། དེ་ལ་ཡང་རིགས་མང་དུ་ཡོད་པའི་ནང་ནས་ཤེས་རབ་སྐྱེད་པའི་ལྷག་པའི་ལྷ་བྱ་རྒྱུད་པདྨའི་རིགས་ཀྱི་ཕོ་ཉ་མོ་ངག་དབང་ལྷ་མོ་དབྱངས་ཅན་མ་དཀར་མོའི་གདམས་པ་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱིས་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་ལ་གནང་ནས་ལོ་ཙཱ་བ་ཆེན་པོ་རིན་ཆེན་རྣམ་
རྒྱལ་ལ་བཀའ་བབས་པའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པར་བྱེད་པ་ལ་གཉིས་ལས། དང་པོ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། གཉིས་པ་སློབ་མའི་བྱ་བ་ལ་མཎྜལ་ཕུལ། གསོལ་འདེབས། དུས་གསུམ་སངས་རྒྱས་སོགས་དང༌། རྒྱུན་བཤགས། དཀོན་མཆོག་གསུམ་ལ་སོགས་ཀྱིས་ཁ་བསྐངས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ནས། དེ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ནས། མ་ལུས་སེལ་བའི་ནུས་པ་དང་ལྡན་པའི་སྐུ་ཅན་དུ་གྱུར་པ་ཡིན་སྙམ་དུ་མོས་ནས། སློབ་དཔོན་གྱིས་ཁྱེད་རྣམས་ཀྱི་སྟན་བྱིན་གྱིས་བརླབ་པའི་སླད་དུ། སློབ་དཔོན་གྱི་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་མནན། ལྷག་མ་གསུམ་བསྒྲེང་བ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་ཁྱེད་རང་རྣམས་ཀྱི་སྟན་ལ་རེག་ནས། ཨོཾ་ཨཱ་དྷ་ར་ཤཀྟི་ཀ་མ་ལ་ཨཱ་ས་ན་དཱ་ན་དཿ ཅེས་པས་སྟན་བྱིན་གྱིས་བརླབ། དེ་ནས་ཁྱེད་རང་རྣམས་ཀྱིས་སྔགས་འདི་རྣམས་ཀྱི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ་ཨདྒུཥྛཱ་ཡ་ན་མཿ ཨོཾ་ཏརྫ་ནྱཻ་ན་མཿ ཨོཾ་མཱ་དྷྱ་མཱ་ཡེ་ན་མཿ ཨོཾ་ཨ་ནཱ་མི་ཀཱ་ཡེ་ན་མཿ ཨོཾ་ཀ་ནིཥྛ་ཀཱ་ཡེ་ན་མཿ ཨོཾ་ཀཱརྻ་ཀ་བྲྀཥྚི་བྷྱོ་ན་མཿ ཨོཾ་སྭ་ར་སྭ་སྟི་མེ་ཏིཥྛ་ཀུ་རུ་ཧཱུྃ། ལྷ་མོ་དབྱངས་ཅན་མ་བདག་ལ་ཞུགས་ལ་བརྟན་པར་བཞུགས་ཤིག ཅེས་ལན་གཅིག་གསོལ་བ་བཏབ་པས་སློབ་དཔོན་དང་དབྱེར་མི་ཕྱེད་པའི་ལྷ་མོ་ལས། ལྷ་མོ་གཉིས་པ་མར་མེ་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། མཚོ་ལ་ཁ་བ་བབས་པ་ལྟར་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས། ལྷ་མོའི་སྐུ་དང་ཁྱེད་རང་རྣམས་ཀྱི་ལུས་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་མཛོད་བྱས་ལ། དེ་བརྟན་
པར་བྱ་བའི་ཕྱིར་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་མེ་ཏོག་དཀར་པོ་བཞག་ལ། ལྷ་མོ་འདི་ལ་སྩལ་ལགས་ཀྱི། །ལྷ་མོ་འདི་ལ་བྱིན་གྱིས་རློབས། །སློབ་མས་ཀྱང་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པ་དང་བཅས་པས། ལྷ་མོ་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་སྔར་གྱི་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སློབ་མའི་སྙིང་གར་རེག་ལ། ཨོཾ་ཧྲྀ་ད་ཡཱ་ཡ་ཏིཥྛ། གཙུག་ཏོར་དུ་རེག་ལ། ཨོཾ་ཤི་ར་སི་སྭཱ་ཧཱ། སྤྱི་བོར་རེག་ལ། ཨོཾ་ཤི་ཁཱ་ཡཻ་བཽ་ཥཊ྄། ནམ་ཚོས་སུ་རེག་ལ། ཨོཾ་ཀ་བ་ཙཱ་ཡ་ཧཱུྃ། མིག་གཉིས་སུ་རེག་ལ། ཨོཾ་ནཻ་ཏྲ་ཡཱ་ཡ་བོཥཊ྄། ལག་པ་གཉིས་ལ་རེག་ལ། ཨོཾ་ཧསྟཱ་ཡ་ཕཊ྄། ཅེས་བརྟན་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྐུའི་རྗེས་གནང་ངོ༌། །དེ་ནས་གསུང་གི་རྗེས་གནང་གི་སླད་དུ་སློབ་དཔོན་དང་ལྷ་མོ་གཉིས་སུ་མེད་པའི་ཐུགས་ཀའི་འཁོར་ལོ་ལས་ཧྲཱིཾཿཡིག་གི་ཕྲེང་བ་ཞལ་ནས་བྱུང་སྟེ་དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། ཞེས་སོགས་ནས། ལྡན་པར་གྱུར་པའི་མོས་པ་མཛད་ནས། སློབ་དཔོན་གྱི་ཕྲེང་བ་ནས་བཟུང་ལ་སྔགས་འདིའི་རྗེས་ཟློས་ལན་བརྒྱ་རྩ་བརྒྱད་མཛོད། ཧྲཱིཾཿཞེས་དང༌། ཡང་འདིའི་རྗེས་ཟློས་ཀྱང་ལན་ཉེར་གཅིག་གམ་བདུན་མཛོད། ཞེས་གང་རུང་བརྗོད་ལ། ཧྲཱིཾཿཨ་ཨཱ། སོགས་ནས་ཨཾ་ཨཿབར་བརྗོད། དེ་ནས་ཕྲེང་བ་སློབ་མའི་མགོ་བོར་བཞག་ལ། འདིའི་རྗེས་ཟློས་མཛོད། ཨོཾ་ཧྲཱིཾཿཝ་ར་ཝཱཀ྄་ཝཱ་དཱི་ན་མཿ ཚར་རེ། གསུང་གི་རྗེས་གནང་ངོ༌། །དེ་ནས་སྔར་གྱི་མར་མེའི་སྡོང་བུ་རྣམས་སྤར་ལ། ཐུགས་ཀྱི་རྗེས་གནང་གི་སླད་དུ། སློབ་དཔོན་དང་ལྷ་མོ་གཉིས་སུ་མེད་པའི་ཐུགས་ཀའི་ཡི་གེ་ལས། ཡི་གེ་རང་འདྲའི་རྣམ་པ་རིན་པོ་ཆེའི་སྒྲོན་མེ་བསྟར་ལ་བརྒྱུས་པ་ལྟ་བུ་བྱུང༌། དེ་དག་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས། ཞེས་སོགས་ནས། ཡིག་འབྲུ་
དང་བཅས་པ་ལ་ཐིམ་པས་ལྷ་མོའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པས། ཕྱི་ནང་གི་མུན་པ་རྣམས་བསལ། ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཐོགས་པ་མེད་པར་རྒྱས་ཤིང་ནུས་མཐུ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པའི་མོས་པ་མཛད་ནས། མར་མེ་རྣམས་ཡི་གེའི་ངོ་བོར་བསྒོམས་ནས་བཞེས་པར་ཞུ། ཞེས་དང༌། ཧྲཱིཾཿཨ་ཨཱ་སོགས་བརྗོད་ཅིང་བྱིན་ལ། དེ་བརྟན་པར་བྱ་བའི་ཕྱིར་དུ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ཡོ་ཏིཥྛ་ཧྲཱིཾཿཨ་ཨཱ་ནས། ཨཿཞེས་ལན་གསུམ་བཟླས་པས་བརྟན་པར་བྱས་པའི་མོས་པ་མཛོད། ཐུགས་ཀྱི་རྗེས་གནང་ངོ༌། །དེ་རྣམས་ཀྱི་སྒོ་ནས་རྗེས་གནང་ཟབ་མོ་ལེགས་པར་གསན་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཐོབ་པའི་སོགས་དམ་ཚིག་བསྡུས་ཏེ་ཁས་བླང༌། ཡོན་གྱི་མཎྜལ། དེང་ནས་སོགས་སྤྱི་འགྲེ། དེས་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ནས་ཉེ་བར་བརྒྱུད་དེ་ཞྭ་ལུའི་ཐུགས་སྲས་ལོ་ཙཱ་བ་ཆེན་པོ་རིན་ཆེན་རྣམ་རྒྱལ་ལ་བཀའ་བབས་པའི་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་རྗེས་གནང་ཟབ་མོ་གསན་པ་ཡིན་པས་སོགས་བརྗོད་ལ། བསོད་ནམས་འདི་ཡིས་སོགས་སྤྱི་འགྲེ། སློབ་མ་རང་གནས་སུ་བཏང༌། གསུམ་པ་ནི། མཆོད་བསྟོད་གཤེགས་གསོལ་སོགས་ཐར་རྩེ་པཎ་ཆེན་གྱི་ཡི་གེར་གསུངས་ཀྱང༌། གོང་དུ་ལྷ་མོ་རང་ལ་ཐིམ་ཞིང་མར་མེ་སློབ་མས་ཟོས་ཚར་བའི་ལྷག་མ་ཡིག་འབྲུ་ལྷའི་རང་བཞིན་ཏུ་གནས་པ་ལ་ཡིན་ན་མ་གཏོགས། རང་ལྷ་མོར་གསལ་བ་ལ་མཆོད་བསྟོད་བཟོད་གསོལ་བྱ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་ཡིན་ནམ་སྙམ་ཡང་གང་ཡིན་མཁས་པ་རྣམས་ཀྱིས་དཔྱད་པར་ཞུ། ཞེས་ས་སྐྱ་པ་ཀུན་བློས་ཐུགས་སྲས་རིན་པོ་ཆེ་དང༌། ཐར་རྩེ་པཎ་ཆེན་གྱི་ཡིག་ཆ་གུང་བསྒྲིགས་ཏེ་ཆོས་འདིའི་བཀའ་མི་ནུབ་པར་བྱ་བའི་ལྷག་བསམ་ཁོ་ནས་ལས་དང་པོ་རྣམས་ལ་
ཕན་པའི་ཕྱིར་བྲིས་པའོ། །སརྦ་དཱ་མངྒ་ལཾ།། ༈ །དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད་བཞུགས་སོ། །ན་མོ་གུ་རུ་བྷྱཿ བློ་གྲོས་སྣང་བའི་གཏེར་མཛོད་དབྱངས་ཅན་མ། །གང་དེས་རྗེས་བཟུང་ས་མནྟ་ཤྲཱི། །མཁས་པ་ཆེན་པོ་ཡེ་ཤེས་བཟང་པོ་དང༌། །རིན་ཆེན་རྣམ་རྒྱལ་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་ཆོས་རྒྱལ་མཁས་པ་ཙནྡྲ་ཤྲཱི། །མཁྱེན་རབ་རྗེ་དང་ལོ་ཆེན་ཆོས་སྐྱོང་བཟང༌། །ས་ལོ་འཇམ་རྡོར་ངོར་ཆེན་དཀོན་ལྷུན་ཞབས། །ཤེས་རབ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་དཔལ་བཟང་མཆོག་ལེགས་རྡོ་རྗེ་དང༌། །བསྟན་འཛིན་བཟང་པོ་མཁྱེན་རབ་བྱམས་པའི་དཔལ། །མཁྱེན་བརྩེ་རབ་བརྟན་རྨོར་ཆེན་རྡོ་རྗེ་འཆང༌། །གནས་གསར་ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །འཇམ་དབྱངས་གོས་དཀར་རྣམ་རོལ་ཀུན་བློའི་ཞབས། །ཁྱད་པར་ལམ་འདིའི་གདམས་པ་སྩོལ་བའི་རྗེ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ལམ་གྱི་སྔོན་འགྲོ་སྐྱབས་སེམས་རྣམ་དག་གིས། །བདག་རྒྱུད་ཡོངས་བསྐུལ་གནས་ལུགས་སྤྲོས་བྲལ་ལས། །རང་ལུས་ལྷ་མོའི་རྣམ་པར་སྣང་སྟོང་སྐུར། །གསལ་ལ་འཛིན་མེད་ཏིང་འཛིན་བརྟན་པར་ཤོག །གྲགས་སྟོང་ཧྲཱིཾཿགི་རང་གདངས་འགོགས་མེད་གསུང༌། །བར་མེད་ངག་གི་བཟླས་པ་སྐྱོན་བྲལ་དང༌། །རིག་སྟོང་འོད་ཟེར་དྲྭ་བའི་འཕྲོ་འདུ་ཡིས། །འཁོར་འདས་ཤེས་རབ་སྣང་བའི་དཔལ་ཐོབ་ཤོག །རྒྱལ་བ་ཀུན་ཡུམ་ངག་དབང་དབྱངས་ལྷ་མོའི། །གོ་འཕང་མཆོག་དེ་བདག་གིས་ལེགས་ཐོབ་ནས། །ས་གསུམ་འགྲོ་བའི་རྒྱུད་ཀྱི་རྨོངས་པ་ཡི། །དྲི་མ་མ་ལུས་སེལ་བའི་མགོན་གྱུར་ཅིག། ༈ །དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ སྤྲོས་པའི་
མཚན་མ་ལས་གྲོལ་བའི། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །ཟག་བྲལ་བདེ་ཆེན་ཤེས་བྱའི་བློ། །མ་ལུས་སྩོལ་མཛད་ལྷ་མོར་འདུད། །གང་དེ་བསྒྲུབ་པའི་ཐབས་གསལ་བ། །མང་དུ་མཆིས་མོད་འོན་ཀྱང་འདིར། །ཉུང་གསལ་སྙིང་པོར་དྲིལ་བ་ཞིག །དོན་གཉེར་རེ་བ་བསྐང་ཕྱིར་འབྲི། །འདིར་འཕགས་མ་དབྱངས་ཅན་མ་བསྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་སོགས་སྤྱི་ལྟར་བྱས་ལ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རབ་དཀར་ཆུ་སྐྱེས་འདབ། །སྟོང་ལྡན་པདྨའི་ལྟེ་བར་ཟླ་ཤེལ་དབུས། །རང་ཉིད་སྐད་ཅིག་དྲན་རྫོགས་དབྱངས་ལྷ་མོ། །དྲི་བྲལ་ཤེལ་བུམ་ལྟ་བུར་དཀར་མཛེས་སྐུ། །དྲི་མེད་འོད་ཀྱི་དྲྭ་བའི་འཕྲོ་འདུ་ཅན། །ཞི་འཛུམ་ཆགས་པའི་རྣམ་འགྱུར་གཡོ་བའི་ཞལ། །གཞན་ཡིད་སྐུལ་བའི་ཟུར་མིག་ཉམས་ཀྱིས་སྤུད། །འཇམ་མཉེན་བུང་བ་ལྟར་ནག་ཐོར་ཚུགས་ངོས། །མེ་ཏོག་དཀར་པོའི་ཕྲེང་བས་རྣམ་པར་བཀྲ། །དབུ་སྐྲའི་ལན་བུ་རིན་ཆེན་རྒྱན་ཕྲེང་གིས། །རྣམ་པར་མཛེས་པ་རྒྱབ་ངོས་གཡོ་ཞིང་འཕྱང༌། །བཻ་ཌཱུར་སྔོན་པོའི་འཕང་འགྲོར་ཕྱག་གིས་རྩེན། །ནོར་བུས་སྤྲ་བའི་གསེར་གྱི་སྙན་ཆ་དང༌། །དབུ་རྒྱན་མགུལ་རྒྱན་དོ་ཤལ་ཕྱག་ཞབས་ཀྱི། །གདུ་བུ་བཀོད་ལེགས་འཐབས་པའི་སིལ་སྒྲ་དང༌། །འོད་ཟེར་ཕན་ཚུན་འཁྲུགས་པའི་རྒྱན་གྱིས་མཛེས། །བཅུ་དྲུག་ལང་ཚོའི་ཉམས་ཀྱིས་དགའ་བདེའི་རོ། །སྟེར་བའི་འོ་འཛིན་མངོན་མཐོ་རྗེས་ཆགས་ཀྱི། །རྣམ་པས་མཛེས་སྐུ་གཡོན་འགྱིང་སྐྱེ་འཕགས་ཀུན། །ཡིད་ཀྱི་བརྟན་པ་འཕྲོག་པའི་རྣམ་རོལ་ཅན། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་དཀྲིས་ངོས། །སྣ་ཚོགས་ཆུ་སྐྱེས་པད་དཀར་ཆུན་པོས་མཛེས། །རི་བོང་འཛིན་པས་སྤྱི་བོའི་སྟེང་མཚན་ཞིང༌། །ཞབས་ཟུང་ཙོག་པུའི་རོལ་པས་བཞུགས་པ་དེའི། །སྙིང་ཉིད་བློ་ཡིས་གྱེན་བསླངས་བརྒྱད་ཚལ་དུ། །གྱེས་པའི་
པད་དཀར་འདབ་མ་བརྒྱད་པ་ནི། །ཟེའུ་འབྲུ་དམར་སེར་འོད་ཟེར་རབ་འཕྲོ་བས། །བསྐོར་བའི་ལྟེ་བའི་སྟེང་ན་ཉ་གང་ཟླ། །དྲི་མེད་དབུས་སུ་རང་སེམས་ཡི་གེ་ཧྲཱིཾཿ །མདུན་ནས་བརྩམས་ཏེ་གཡས་སྐོར་རིམ་པ་ཡིས། །འདབ་བརྒྱད་ཨཱ་ལི་བཅུ་དྲུག་ཟུང་རེས་བརྒྱན། །ཡིག་འབྲུ་དེ་དག་ཤེལ་ལྟར་དཀར་ཚེར་ཞིང༌། །ལྡེམ་བཞེངས་གདན་ལ་མ་རེག་ཅུང་ཟད་འདར། །འཁོར་ལོའི་ཡིག་འབྲུའི་འོད་ཀྱིས་ལུས་གང་བས། །སྙིང་གི་མུན་པ་མ་ལུས་སངས་ཀྱིས་དག །འོད་ཟེར་སྣང་བ་སྣ་བུག་གཡས་ནས་འཐོན། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་མཚོ་བྱུང་མ། །འཁོར་བཅས་སྐད་ཅིག་སྤྱན་དྲངས་མཁའ་ལ་བཞུགས། །ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། ཨཱཉྩ་མ་ནཾ། པྲོཀྵ་ཎཾ། པུཥྤེ་སོགས་ནས། ཤབྡ་ཏཱིཙྪ་སྭཱ་ཧཱ། བར་གྱིས་མཆོད། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ལ་ཏིཥྛ་ཧྲཱིཾཿ ཞེས་པས་གཉིས་སུ་མེད་པར་ཐིམ་པར་བསམ། དེ་ནས་བཟླས་པ་ནི། ཐུགས་ཀའི་ཧྲཱིཾཿལས་རང་འདྲ་མུ་ཏིག་གི །ཕྲེང་བ་ལྟ་བུ་ལེགས་བྱུང་ཞལ་ནས་འཐོན། །ལྟེ་བར་ཞུགས་ཏེ་ཐུགས་ཀའི་ཧྲཱིཾཿལ་ཐིམ། །དེ་ལྟའི་སྔགས་ཕྲེང་ལས་འཕྲོས་འོད་དཀར་པོའི། །འཕྲོ་འདུས་ཕྱོགས་བཅུའི་ཞིང་ཁྱབ་སྐྱེ་འཕགས་སོགས། །བཅུད་དང་སྣོད་ཀྱི་ཤེས་རབ་སྤོབས་པ་གཟུངས། །མཁྱེན་བརྩེ་ནུས་མཐུ་གཟི་བྱིན་ཚེ་བསོད་རྒྱས། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་བཞིན། །ཚུར་འདུས་རང་གི་ཁར་ཞུགས་སྙིང་ག་ཡི། །འཁོར་ལོ་ཡིག་འབྲུ་བཅས་ལ་ཐིམ་པའི་མཐུས། །བློ་གྲོས་ཐོགས་མེད་ཤེས་བྱའི་རྩལ་རྫོགས་ཤིང༌། །གཟི་བརྗིད་ནུས་མཐུ་ཕུན་ཚོགས་ལྡན་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ངག་ཏུ་ཧྲཱིཾཿབརྒྱ་རྩ་སོགས་ཅི་ནུས་དང༌། ཧྲཱིཾཿ ཨ་ཨཱ་སོགས་ཨཱ་ལི་བདུན་ནམ་ཉེར་གཅིག་བཟླའོ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མས། །བདག་སོགས་སེམས་
ཅན་ཐམས་ཅད་ལ། །བདག་མེད་རྟོགས་པའི་ཤེས་རབ་ཀྱི། །སྣང་བ་དམ་པ་སྩལ་དུ་གསོལ། །ཅེས་སྨོན་ལམ་བྱ། དེ་ལྟར་པཎྜི་ཏ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་དཀར་མོའི་རྗེས་གནང་གི་བརྒྱུད་འདེབས་དང་སྒྲུབ་ཐབས་ཉུང་བསྡུས་འདི་ལྟ་བུ་ཞིག་དགོས་ཞེས། རང་གི་སློབ་མའི་མཆོག་དགེ་སློང་བྱམས་པ་ཕྲིན་ལས་ཡོན་ཏན་གྱིས་ལྷ་རྫས་རིན་ཆེན་གཉིས་པའི་སྐྱེས་བཅས་བསྐུལ་ངོར། རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་གཟིམ་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་ཕྲིན་ལས་ཀྱིས་སྦྱར་བའོ། །ཡི་གེ་པ་ནི་སྐུལ་བ་པོ་ཉིད་དོ།། ༈ །དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་ལྷ་མོའི་བསྟོད་པ་རྨོངས་པའི་མུན་པ་འཕྲོག་བྱེད་ཅེས་བྱ་བ་བཞུགས་སོ། །སྭ་སྟི། དུས་གསུམ་སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་ཚོགས། །སྲིད་ཞིའི་མཚར་སྡུག་རྫོགས་པར་ཤར་བའི་དཔྱིད། །བཅུ་དྲུག་དགའ་བས་རབ་དྲེགས་དབྱངས་ལྷ་མོ། །དྲན་པས་རྨོངས་མུན་འཕྲོག་བྱེད་གང་དེར་འདུད། །ལྗོན་པའི་རྒྱལ་པོ་འཛམ་བུས་བཀྲ་བའི་གླིང༌། །བཀོད་ལེགས་ལྟ་ན་སྡུག་པའི་ལྷོ་ཡི་ཕྱོགས། །བཻ་ཌཱུར་མཐིང་ཞུན་འཁྱིལ་བའི་རྒྱ་མཚོའི་འགྲམ། །ཡིད་འཕྲོག་དབྱངས་ཅན་དགའ་བའི་སྐྱེད་ཚལ་ན། །ལྷ་ཀླུ་དྲི་ཟ་མིའམ་ཅིའི་བུ་མོ། །མཛེས་སྡུག་མིག་གི་བདུད་རྩིར་གྱུར་པའི་ཚོགས། །རྩེད་འཇོའི་འཕྲུལ་བརྒྱ་གཡོ་བའི་ལྡིང་ཁང་དེར། །བདེ་སོགས་བདག་པོའི་གཞུ་རིས་འཁྲུགས་པའི་དབུས། །ཨིནྡྲ་ནཱི་ལའི་རླབས་ཕྲེང་བྱེ་ཕྲག་བརྒྱ། །མུ་ཏིག་ཟེགས་མ་འཐོར་བའི་ལྦུ་བ་དང༌། །ཆབ་གཅིག་བསྐྱོད་ལས་སྲིད་ཞིའི་སྙན་འགྱུར་ཀུན། །འཁྲོལ་བའི་ངོ་མཚར་ཚངས་པ་འདུ་རྫིང་ན། །མཉེན་ལྕུག་འཁྲེལ་ལྡེམ་འདབ་བརྒྱ་རྒྱས་པའི་སྟེང༌། །བདུད་རྩིའི་ཟེར་བརྒྱ་འཛག་པའི་ཟླ་ཤེལ་དབུས། །རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་ཧྲཱིཾཿགྱི་གཟུགས། །
འཇམ་མགོན་དགྱེས་མཛད་རྡོ་རྗེ་དབྱངས་ལྷ་མོ། །ཀུན་གསལ་ཁོང་ན་ཤར་བའི་མཚར་སྡུག་ཀུན། །ཇི་སྙེད་གཅིག་ཏུ་བསྡུས་ཀྱང་གང་གི་སྐུར། །འགྲན་བྲལ་དཀར་འཇམ་མུ་ཏིག་གསར་པའི་འོད། །འཚེར་བའི་སྣང་བརྙན་འཇོ་སྒེག་འཕྲུལ་བག་འཆང༌། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་རེ། །སྟེར་བའི་འོ་འཛིན་ཟླ་བ་སྤུངས་འདྲ་ཟུང༌། །ཆགས་བྲལ་རྒྱལ་རྣམས་རྗེས་ཆགས་དགའ་བཞི་ལ། །སྐུལ་བའི་ཕོ་ཉ་ཆེད་དུ་ངོམས་མིན་ནམ། །ཞི་ཞིང་འཛུམ་ལ་ཆགས་པའི་རྣམ་འགྱུར་ཀུན། །གཅིག་ཅར་རྫོགས་པའི་བཞིན་རས་སྟོན་དུས་ཀྱི། །གཡའ་བྲལ་ཟླ་བའི་མེ་ལོང་དྭངས་པའི་ངོས། །སྨིན་མའི་རི་དྭགས་མཚན་མ་མཆོག་ཏུ་བཀྲ། །ཤེལ་གྱི་ལྗོན་ཤིང་གསར་པའི་ཡལ་ག་དང༌། །མཚུངས་པའི་ཕྱག་ཟུང་བཻ་ཌཱུར་རྒྱུད་མངས་ལ། །རྩེན་པའི་སྒྲ་དང་ཤེས་བྱའི་ཆོས་ཀུན་གླུར། །སྒྲོགས་པའི་དབྱངས་སྙན་སྐལ་བཟང་རྣ་བའི་དཔྱིད། །ཁ་བའི་རྡུལ་བརྩེགས་དབང་པོའི་གཞུ་རིས་ཀྱིས། །འཁྱུད་འདྲའི་པཉྩ་ལི་ཀཱའི་ལྷ་ཡི་གོས། །ལྷབ་ལྷུབ་གཡོ་བའི་ན་བཟའི་སྲབ་འཇམ་དར། །སྣང་སྟོང་སྐུ་ཡི་ངོས་སུ་མ་འདྲེས་གསལ། །རྣམ་བཀྲ་ནོར་བུའི་གཙུག་རྒྱན་དོ་ཤལ་དང༌། །ཕྱག་ཞབས་གདུ་བུ་འཐབས་པའི་སིལ་སིལ་སྒྲ། །ཉམས་འགྱུར་སྟོང་གིས་སྤུད་འདི་གཏི་མུག་གཉིད། །སློང་བའི་ངོ་མཚར་རོལ་མོ་ཆེད་དུ་བྱས། །མཐའ་ཡས་ཤེས་བྱར་སྲིད་ཀུན་གཞོམ་བྲལ་གསུང༌། །སྙན་འགྱུར་དྲི་ཟའི་གླིང་བུས་བསྐྲུན་མིན་པའི། །དྲུག་ཅུའི་ཡན་ལག་དང་ལྡན་ཚངས་དབྱངས་གླུར། །རྟག་པར་འབབ་པའི་དགེ་མཚན་འདི་རྨད་བྱུང༌། །ཇི་ལྟ་ཇི་སྙེད་སྲིད་ཞིའི་ཆོས་ཀུན་གླུར། །འགོགས་མེད་ས་ལེར་འཆང་བ་མཁྱེན་པའི་མཚོ། །མཐའ་ཡས་ཡོན་ཏན་ནོར་བུས་ཡོངས་གང་བ། །སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་ཆེན་པོར་གྲུབ། །དེ་ལྟར་གསང་གསུམ་ཟད་མི་ཤེས་པའི་མཛོད། །བློ་འདས་
ཡོན་ཏན་རྫོགས་པའི་འཁོར་ལོ་ཆེ། །དྲན་པས་སྲིད་ཞིའི་རྒུད་པ་སྤྱི་བྱེ་བྲག །ཁྱད་པར་སྟུག་པོའི་མ་རིག་དབྱིངས་ཞིར་མཛོད། །ཆོས་དང་ཆོས་མིན་དབྱེ་བའི་རྣམ་དཔྱོད་རྩལ། །རབ་ཐོབ་འཆད་རྩོད་རྩོམ་པའི་གཡུ་རལ་བཀྲ། །ཕས་རྒོལ་འཇོམས་ནུས་རིག་པའི་མཚོ་རྣོན་ཅན། །དཔལ་ལྡན་མི་ཡི་སེངྒེར་བདག་གྱུར་ཅིག །སྐྱེ་དང་སྐྱེ་བ་ཀུན་ཏུ་སྲིད་པ་དེར། །རིགས་གཟུགས་དཔལ་འབྱོར་ཕུན་ཚོགས་དམ་ཆོས་ལ། །སྤྱོད་པའི་སྐལ་བཟང་དང་ལྡན་བཅུ་ཕྲག་གི འཁྲུལ་བྲལ་རིག་ལམ་དཀའ་བ་མེད་སྤྱོད་ཤོག །སྙིགས་དུས་ཐུབ་བསྟན་རིན་ཆེན་ཤིང་རྟའི་སྲོག །ཆགས་གཞི་ཚུལ་གནས་ཁྲིམས་དང་འཆད་ཉན་རྒྱུན། །ཕྲ་བའི་ལམ་སྲོལ་འདི་དག་ལུས་སྲོག་དང༌། །བསྡོས་ཏེ་རིང་པོར་སྲིང་བའི་ནུས་ལྡན་ཤོག །ཁྱད་པར་སྲིད་ལམ་རིང་པོར་དུབ་པའི་མ། །ཀུན་གསལ་ལྟོ་བ་ཁེངས་པའི་འགྲོ་འདི་དག །ཞི་བ་བླ་མེད་རྫོགས་པའི་བྱང་ཆུབ་ལ། །ཐབས་མཁས་ཐུགས་རྗེས་དཀྲི་བའི་ནུས་ལྡན་ཤོག །བདག་ཀྱང་རིང་མིན་ཆོས་དབྱིངས་སྤྲོས་བྲལ་ཞལ། །མཇལ་བའི་སྐལ་བཟང་དང་འགྲོགས་དབྱངས་ཅན་ལྷ། །དགའ་མར་ཐོབ་པའི་འཇམ་དབྱངས་མགོན་པོ་དེའི། །ཐུགས་གསང་འཁོར་ལོའི་དབྱིངས་སུ་ཐིམ་གྱུར་ཅིག །རྒྱལ་ཡུམ་རྡོ་རྗེ་དབྱངས་ཅན་མར་བསྟོད་པ་རྨོངས་པའི་མུན་པ་འཕྲོག་བྱེད་ཅེས་བྱ་བ་འདི་ནི། རྨོངས་བརྟུལ་སྙོམ་ལས་མཁན་གཟིམ་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་ཕྲིན་ལས་ཀྱིས་རང་གི་དད་པའི་གསོས་སུ་བྲིས་པ་དགེ་བར་གྱུར་ཅིག། ༈ །གོང་གི་བརྒྱུད་འདེབས་ཀྱི་ཁ་སྐོང་ནི། འཇམ་དབྱངས་གོས་དཀར་རྣམ་རོལ་ཀུན་བློའི་ཞབས། །ཅེས་པའི་མཚམས་སུ། ཐམས་ཅད་མཁྱེན་པ་བསྟན་འཛིན་ཕྲིན་ལས་དང༌། །ངག་གི་དབང་པོ་ཕྲིན་ལས་ཡོན་ཏན་ཞབས། །རྩ་བའི་བླ་མ་«བྱམས་པ་ངག་དབང་
བསྟན་འཛིན་སྙན་གྲགས།» རྣམས་ལ་གསོལ་བ་འདེབས། །ཡང་ན། འཇམ་དབྱངས་གོས་དཀར་རྣམ་རོལ་ཀུན་བློའི་ཞབས། «བར་འདིར་བླ་མ་གཞན་དགོས་སམ་ཅུང་ཟད་དཔྱད།» །མཁས་གྲུབ་ཆེན་པོ་ནམ་མཁའ་འཆི་མེད་དང༌། །སྐྱབས་གནས་ཀུན་འདུས་ཀུན་དགའ་བསྟན་འཛིན་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ཡང་ན། ཤེས་རབ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ཞེས་པའི་མཚམས། ནམ་མཁའ་དཔལ་བཟང་ཀུན་དགའ་བཀྲ་ཤིས་དང༌། །ཤེས་རབ་འབྱུང་གནས་མཁན་ཆེན་ཞྭ་ལུ་པ། །བློ་བཟང་རྒྱ་མཚོ་ཐུགས་སྲས་འཇམ་དབྱངས་གྲགས། །བདེ་བའི་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །བསྟན་པའི་རྒྱལ་«སྟག་ཕུ་བ། »མཚན་ཀུན་མཁྱེན་འཇིགས་«འཇམ་དབྱངས་བཞད་པ། »མེད་དབང༌། །འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་«གུང་ཐང་རིན་པོ་ཆེ། »མེ་དང༌། །བཀའ་དྲིན་མཉམ་མེད་དཀོན་མཆོག་ཀུན་འདུས་དངོས། །བསྟན་པ་རབ་རྒྱས་རྣམས་ལ་གསོལ་བ་འདེབས། །ཞེས་གང་མོས་སྦྱར་བའི་མཐར་ལམ་གྱི་སྔོན་འགྲོ་སོགས་སྦྲེལ་ལོ། །ཞེས་པའང་རྗེ་བཙུན་བླ་མ་དམ་པ་རྣམ་པ་གསུམ་ལས་ཆོས་ཚུལ་འདིའི་བཀའ་དྲིན་ནོས་པ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་ཤུ་བྷཾ། སརྦ་དཱ་མངྒ་ལཾ།། ༈ །མཁས་པ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། མཚན་རྟོག་སྤྲོས་པའི་འདུ་འགོད་རྣམས་དང་གཞར་ཡང་མི་མཛའ་ཡེ་ཤེས་ཆེ། །མཆོག་ཏུ་མི་འགྱུར་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་འགྲོགས་ནས། །སྲིད་ཞིའི་མུན་པ་དྲུངས་ནས་འབྱིན་ལ་ཟླ་ཤེལ་བདུད་རྩིས་མཚོན་མིན་ལ། །དཔལ་ལྡན་བླ་མ་མཆོག་དང་དབྱེར་མེད་སྒྲ་དབྱངས་ལྷ་མོར་ཕྱག་བགྱིའོ། །གང་ཞིག་མཁས་པའི་ཆུ་གཏེར་དར་
བབས་ཤིང༌། །གྲུབ་གཉིས་རིན་ཆེན་བྱེ་བས་མངོན་གཏམས་པའི། །སྔོན་བྱོན་འདྲེན་མཆོག་བརྒྱུད་པར་བཅས་རྣམས་ལ། །མི་ཕྱེད་གུས་པའི་ལག་པད་སྙིང་གར་ཟུམ། །འདི་ན་སྒྲ་དབྱངས་ལྷ་མོ་ལ་བརྟེན་ནས། །བློ་གྲོས་སྒོ་བརྒྱ་འབྱེད་པར་བྱེད་པའི་ཐབས། །ལེགས་བཤད་ནོར་བུའི་ལྡེའུ་མིག་ཡིད་འོང་བ། །རྨོངས་པའི་གདུང་བ་སེལ་བའི་ཆེད་དུ་སྦྱིན། །དེ་ལ་འདིར་མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་འདོད་པའི་སྐྱེས་བུ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྤང་བྱའི་གཙོ་བོ་ནི། འཁོར་བར་འཁྱམས་པའི་རྒྱུ་མ་རིག་པ་དང་མཚུངས་པར་ལྡན་པའི་བདག་ཏུ་འཛིན་པ་ཉིད་ཡིན་ལ། དེའི་གཉེན་པོར་གྱུར་པ་ནི། དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ལ་ལྟོས་དགོས་ཏེ། སློབ་དཔོན་ཆེན་པོ་ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་གསུངས་པ་ལྟར་རོ། །དེས་ན་དེ་ལྟ་བུའི་ཤེས་རབ་ཀྱི་ཉེར་ལེན་ཙམ་རང་གི་སྟེང་ནས་གྲུབ་པ་ཞིག་ཡིན་ཀྱང༌། དེ་སད་པར་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ནི་ལྷག་པའི་ལྷ་ཁྱད་པར་ཅན་རེ་ལ་ངེས་པར་བརྟེན་དགོས། དེ་ལའང་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཤེས་རབ་ཀྱི་ལྷ་བསམ་ལས་འདས་པ་ཞིག་གསུངས་ཀྱང༌། རྒྱ་བོད་ཀྱི་མཁས་གྲུབ་ཀུན་ལ་ཉི་ཟླ་ལྟར་གྲགས་པ་ནི་རྗེ་བཙུན་འཇམ་པའི་དབྱངས་དང༌། ལྷ་མོ་དབྱངས་ཅན་མ་ཁོ་ན་ཡིན་ལ། ཕྱི་མ་ནི་ངེས་པའི་དོན་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཡིན་ཀྱང༌། སྣང་ཚུལ་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་གྱི་མཆེ་བའི་མྱུ་གུ་ལས་འཁྲུངས་ཤིང༌། ཕྱི་རོལ་མུ་སྟེགས་བྱེད་དང༌། ནང་པ་སངས་རྒྱས་ཀྱི་བསྟན་ལ་ཞུགས་པ་ཐམས་ཅད་ཀྱིས་ཡི་དམ་དུ་འཛིན་
པས་ཐུགས་རྗེ་རིས་མེད་དུ་འཇུག་ཅིང༌། བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་པའི་འཕགས་མ་ངག་གི་དབང་ཕྱུག་དབྱངས་ཅན་མ་དཀར་མོའི་གདམས་པ་འདི་འཆད་པ་ལ་དོན་གཉིས་ཏེ། གང་ལས་བྱུང་བའི་ལོ་རྒྱུས་དང༌། དེ་ལས་བྱུང་བའི་གདམས་པ་དངོས་བཤད་པའོ། །དང་པོ་ལ་གཉིས། བཤད་བྱ་ཆོས་ཀྱི་ལོ་རྒྱུས་དང༌། བླ་མ་བརྒྱུད་པའི་ལོ་རྒྱུས་སོ། །དང་པོ་ནི། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་བདུད་རྩིའི་སྒོ་འཕར་བསམ་གྱིས་མི་ཁྱབ་པ་ཞིག་ཕྱེ་བ་རྣམས་ཀྱི་ནང་ནས་རབ་དང༌། མཆོག་དང༌། ཕུལ་དུ་གྱུར་པ་ནི་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཡིན་ལ། དེ་ལའང་གྲུབ་པའི་སློབ་དཔོན་སོ་སོས་དབྱེ་བསྡུ་མི་འདྲ་བ་དུ་མ་ཞིག་མཛད་ཀྱང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བཞེད་པས་གཙོ་བོར་རྒྱུད་སྡེ་བཞིར་གྲངས་ངེས་པར་མཛད་ཅིང༌། དེ་ལྟ་བུའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཞི་རྒྱས་དབང་དྲག་དང་རྗེས་སུ་འབྲེལ་བའི་ཡི་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་ཤེས་རབ་རྒྱས་པར་བྱེད་པ་དབྱངས་ཅན་མ་དཀར་མོའི་སྐོར་ཡིན། འདི་སྔོན་བྱོན་པའི་དམ་པ་རྣམས་ཀྱིས་བྱ་རྒྱུད་པདྨའི་རིགས་ཀྱི་ཕོ་ཉ་མོའི་ཁོངས་སུ་གཏོགས་པར་བཞེད་ཅིང༌། སྤྱིར་ཐེག་པ་ཆེན་པོའི་མདོ་སྡེ་གསེར་འོད་དམ་པ་དང༌། དཀོན་མཆོག་ཏཱ་ལ། ཟ་མ་ཏོག་བཀོད་པའི་མདོ། འཇམ་དཔལ་རྩ་བའི་རྒྱུད། འཇམ་དཔལ་དཔའ་བོ་གཅིག་གྲུབ། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་གུར། དགྲ་ནག་གི་རྒྱུད་སོགས་ལས་འདིའི་ལྷ་དང༌། སྔགས་དང༌། མཚན་ལ་སོགས་པ་མི་འདྲ་བ་ཅི་རིགས་པ་བསྟན་ཏོ། །གཉིས་པ་ནི། དེ་ལྟ་བུའི་ལྷག་པའི་ལྷ་ཁྱད་པར་ཅན་འདི་ཉིད་ཀྱང་གྲུབ་པའི་སློབ་དཔོན་སོ་སོ་ལ་བཀའ་བབས་པའི་ལུགས་སྲོལ་མི་འདྲ་བ་དུ་མ་ཞིག་
ཡོད་དེ། བྲམ་ཟེ་ཕུར་བུ་ནས་རིམ་པར་བརྒྱུད་དེ་སུམ་པ་ལོ་ཙཱ་བས་བོད་དུ་དར་བར་མཛད་པའི་དབྱངས་ཅན་མ་དཀར་མོ་བྲམ་ཟེ་ཕུར་བུའི་ལུགས་ཞེས་ཡོངས་སུ་གྲགས་པ་དང༌། བོ་དོང་པཎྜི་ཏ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལ་ལྷ་མོ་ཉིད་ཀྱིས་ཞལ་མངོན་སུམ་དུ་བསྟན་པས་སྤོབས་པའི་གཏེར་མཛོད་ཆེན་པོ་གྲོལ་ཏེ། དེ་ཉིད་འདུས་པ་ལ་སོགས་པའི་བསྟན་བཅོས་གླེགས་བམ་བརྒྱ་ཕྲག་ཐལ་བ་གསུང་རྩོམ་གནང་བ་སོགས་བསྟན་པ་ཉིན་མོ་ལྟར་མཛད་པ་དེ་ལས་བརྒྱུད་པའི་དབྱངས་ཅན་མ་དཀར་མོ་བོ་དོང་ལུགས་དང༌། གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཁ་ཆེའི་པཎྜི་ཏ་ཆེན་པོ་བིཀྵ་པ་ར་མ་སོགས་ནས་ཉེ་བར་བརྒྱུད་ཅིང་ཞལ་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པ་ཤིན་ཏུ་ཟབ་པ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་སྐོར་དང༌། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་སོགས་ནས་འབྱུང་བའི་གདམས་སྐོར་མང་དུ་བཞུགས་པ་ལས། འདིར་སྐབས་སུ་བབས་པ་ནི། སྲས་དང་བཅས་པའི་རྒྱལ་བ་ཡོངས་ཀྱི་ཤེས་རབ་སྟོང་པའི་རང་གཟུགས་འཕགས་མ་ངག་གི་དབང་ཕྱུག་མ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་བ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ས་མནྟ་ཤྲཱི་ཞེས་ཡོངས་སུ་གྲགས་པ་དེས་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་མུ་ནཱིནྡྲ་ལ་གནང༌། དེ་ཉིད་ཆེན་པོ་ཧོར་གྱིས་གདན་དྲངས་ཏེ་བོད་དུ་བྱོན་ནས་ཞྭ་ལུ་ཚོང་དུས་སུ་ཕེབས་པ་ན། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་སྤྱན་འདྲེན་པ་ལ་ཆེད་དུ་གཏང་ནས་མངགས་ཀྱང༌། ཧོར་གྱིས་བཀག་ནས་ཕེབས་མ་ཐུབ། དེའི་ཚེ་བུ་སྟོན་རིན་པོ་ཆེས་སླར་ཡང་ཐུགས་སྲས་ལོ་ཙཱ་བ་ལ་སྒྲ་ཚད་དང་རྒྱུད་སྡེའི་སྐོར་གྱི་དྲི་བ་འགའ་དང་བཅས་ཏེ་གདམས་པ་ཟབ་མོ་འདྲ་འདུག་ནའང་ཉོན་ཤོག་ཅེས་བསྒོས་ནས་མངགས། ཐུགས་སྲས་ལོ་ཙཱ་བས་ཀྱང་དོགས་པ་གཅོད་པའི་དྲི་
བ་ཐམས་ཅད་མཐིལ་ཕྱིན་པར་མཛད་ཅིང༌། ཁྱད་པར་དུ་དབྱངས་ཅན་མའི་སྒྲུབ་སྐོར་འདི་ཉིད་ཀྱི་རྗེས་གནང་མན་ངག་དང་བཅས་པ་གསན་ཏེ། ཞག་ཉེར་གཅིག་ཙམ་བསྒྲུབས་པས་པི་ཝཾ་གི་སྒྲ་དངོས་སུ་གསན་ནས་མཁྱེན་རབ་ཀྱི་ཀློང་བརྡོལ། གཞན་ཡང་ཕྱིས་སུ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཞག་བདུན་སྒྲུབ་པ་མཛད་པས་མེ་ཏོག་དཀར་པོའི་ཆར་བབས་ཤིང་དངོས་སུ་ཞལ་གཟིགས་པས་སྙན་ངག་རྩོམ་པ་ལ་ཐོགས་མེད་དུ་གྱུར། རྒྱལ་བ་དགེ་འདུན་རྒྱ་མཚོས་བསྒྲུབས་པས་ཀྱང་ཞལ་དངོས་སུ་བསྟན་ནས་ཇ་སྦྱོར་རེའི་ཡུན་ལ་ཤློ་ཀ་བརྒྱ་རེ་ཙམ་ཟིན་པའི་ཐུགས་རབ་ཕུན་སུམ་ཚོགས་པ་བྱུང་ཞིང༌། རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆད་ལ་འགྲན་ཟླ་སྤངས་པའི་སྙན་ངག་མཁན་ཆེན་པོར་གྲགས་པ་སོགས་རང་གཞན་གྱི་བླ་མ་གོང་མ་ཐམས་ཅད་ཀྱིས་ཐུགས་ཉམས་སུ་བཞེས་ཤིང༌། གྲུབ་པ་བརྙེས་པ་ཤ་སྟག་བྱུང་བས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་བཤད་པ་ལ་གསུམ། ཐོག་མར་ལྷ་ཉེ་བར་བསྙེན་པའི་ཆོ་ག བར་དུ་དངོས་གྲུབ་ཇི་ལྟར་སྒྲུབ་པའི་ཚུལ། ཐ་མ་ལས་སྦྱོར་གྱི་སྒོ་ནས་རང་གཞན་ལ་ཕན་གདགས་པའོ། །དང་པོ་ལ་ལྔ། གང་གིས་སྒོམ་པའི་རྟེན་གྱི་གང་ཟག གང་དུ་ཉམས་སུ་ལེན་པའི་གནས། དུས་ནམ་གྱི་ཚེ་བྱ་བ། ཚུལ་ཇི་ལྟ་བུའི་སྒོ་ནས་ཉམས་སུ་ལེན་པ། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། འཁོར་བ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་དང་ལྡན་ཞིང༌། ཚངས་སྤྱོད་ཀྱི་བསླབ་པ་ལ་གནས་པ། སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་དྲིན་དྲན་པའི་སྒོ་ནས། དེ་རྣམས་བྱང་ཆུབ་ལ་དགོད་པར་འདོད་པའི་བློ་ཁྱད་པར་ཅན་དང་ལྡན་པ། ལྷག་པར་འདིའི་རྗེས་གནང་ལུང་ལ་སོགས་པ་ལེགས་པར་ཐོབ་ཅིང༌། བླ་མ་དང་དཀོན་མཆོག་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཁྲུས་དང་
གཙང་སྦྲ་ལ་གཙོ་བོར་གནས་པ་ཞིག་ངེས་པར་དགོས་པ་ཡིན་ཏེ། བྲམ་ཟེ་ཕུར་བུས་མཛད་པའི་སྟོད་པ་ལས། ལྷ་མོ་གཙང་སྦྲ་ལ་དགའ་རྫུན་སྤངས་འབྱུང་པོའི་ཟས་དོར་ཞིང༌། །ཚངས་སྤྱོད་བརྟུལ་ཞུགས་ཅན་གྱིས་ཉིན་རེར་དྲན་བྱས་ཡུམ་བོས་ན། །ཞེས་སོགས་གསུངས་ཤིང༌། དེ་བཞིན་དུ་གཞན་ལས་ཀྱང་བཤད་དོ། །གཉིས་པ་ནི། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ཞེས་སོགས་གསུངས་པ་ལྟར་གྱི་མཚན་ཉིད་དང་ལྡན་ཞིང༌། ལྷག་པར་སྒྲུབ་སྐོར་ཚིགས་བཅད་མ་ལས། བུད་མེད་བྲལ་བའི་ས་ཕྱོགས་སུ། །གཙང་སྦྲར་གནས་པ་ཤིན་ཏུ་གཅེས། །ཞེས་པ་ལྟར་བུད་མེད་ཀྱི་རྒྱུ་འགྲུལ་སོགས་མེད་པའི་གནས་དབེན་ཞིང་ཉམས་དགའ་བར་རང་གི་སྟན་བཤམས་པའི་སྔས་མགོར་སྒ་ལ་སོགས་པ་མི་འཇོག་ཅིང་གཙང་བར་བྱའོ། །གསུམ་པ་ནི། ཟླ་བ་གང་ཡང་རུང་བའི་ཡར་གྱི་ངོའི་ཚེས་གྲངས་དང་གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམ་པའི་དུས་སུའོ། །བཞི་པ་ནི། དཀོན་མཆོག་གི་རྟེན་གྱི་མདུན་དུ་གཏོར་མ་བཤམས་པ་སོགས་དངོས་གཞིར་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། ཆ་གསུམ་བཏང་བ་སོགས་སྦྱོར་བའི་ཆོས་རྣམས་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་བསྙེན་«ཡིག་ཆ་འདི་ཉིད་དམིགས་བསལ་མ་རྙེད་ན་བསྙེན་ཡིག་སྤྱི་འགྲོ་ལྟར་བྱས་པས་ཀྱང་རུང་ངོ༌།། »ཡིག་ལྟར་བྱས་པས་དོན་འགྲུབ་པ་ཡོད་དོ། །དངོས་གཞི་ལ། བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། ཐོག་མར་ཁམས་གསུམ་གྱི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་མེ་འོབས་ལྟ་བུར་རྟོགས་པར་བྱས་ནས། དེ་ལས་རང་གཞན་རྣམས་ཐར་བར་འདོད་པའི་ཀུན་སློང་རྣམ་པར་དག་པ་དང་ལྡན་པས། ངག་ཏུ་བརྒྱུད་པའི་གསོལ་འདེབས་སྔོན་ཏུ་འགྲོ་བས་སྐྱབས་ཡུལ་རྣམས་གསལ་གདབ་ལ། སྐྱབས་སུ་འགྲོ་བའི་ཚིག་བརྗོད་པ་ནས་བཟུང་བཟླས་པའི་བར་
ཐར་རྩེ་པཎ་ཆེན་གྱིས་མཛད་པའི་ཡིག་ཆའམ། གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས་ཀྱིས་མཛད་པའི་སྒྲུབ་ཐབས་ཚིགས་བཅད་མ་སོགས་དམ་པ་གོང་མ་ཚད་ལྡན་གྱིས་མཛད་པའི་ཡིག་ཆ་གང་མོས་ལྟར་བྱ། བཟླས་པའི་སྔོན་དུ་ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས་འབྱུང་བའི་ཕྲེང་སྔགས། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ནཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདིས་ཕྲེང་བ་ལ་བཏབ་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ལ། མ་བྱས་ཀྱང་ཆད་པའི་སྐྱོན་ནི་མེད་དོ། །དེ་ནས་ལས་མཐུན་གྱི་ཕྲེང་བའམ་མེད་ཀྱང་ལས་ཐམས་ཅད་ལ་བསྔགས་པ་བོ་དྷི་རྩིའི་ཕྲེང་བ་བཟུང་ལ། ཧྲཱིཾཿཞེས་པ་མི་ཚིག་གིས་བར་མ་ཆོད་ཅིང༌། མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་པའི་སྒོ་ནས་ཇི་ཙམ་ནུས་ཀྱི་བར་བཟླས་ལ་མཐར། ཧྲཱིཾཿཨ་ཨཱ་སོགས་བདུན་ནམ་ཉེར་གཅིག་བཟླ། དེའང་རྣམ་རྟོག་རྒྱ་འབྱམས་སུ་བཏང་ནས་བཟླས་བརྗོད་སོགས་བྱེད་པ་ནི་བྱས་ལ་མ་བསགས་པའི་ལས་ཡིན་པས་སྤང་དགོས་ཏེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པ་ལྟར་རོ། །དེས་ན་སེམས་བྱིང་བ་དང་རྒོད་པ་ལས་རྒྱབ་ཀྱིས་ཕྱོགས་ཏེ། དམིགས་པ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་དགོས། དེ་ཡང་སྒྲུབ་ཐབས་ནས་བཤད་པའི་དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་ལྷ་ཡི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་བཟུང༌། རེས་སྔགས་ཀྱི་སྒྲ་ལ་ཡིད་གཏད། རེས་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་སེམས་འཛིན། རེས་སེམས་ཀྱི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་བསོ་བ་སོགས་མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་གཞན་དབང་དུ་མ་སོང་བར་ཅི་ནས་ཀྱང་བྱ། གཞན་ཡང་ལེགས་གྲུབ་ཀྱི་རྒྱུད་ལས། མཁས་པས་རིག་སྔགས་ཟློས་བའི་ཚེ། །སྦྲིད་
པ་ལུ་བ་སོགས་བྱུང་ན། །ཉེ་རེག་བྱས་ནས་ཕྱག་འཚལ་ཏེ། །གཞི་ནས་ཀུན་ཏུ་བརྩི་བར་བྱ། །བཟླས་བརྗོད་ཀྱི་ནི་གེགས་རྣམས་དང༌། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམ་པར་བྱ་བར་བཤད། །ཅེས་སོགས་གསུངས་པ་རྣམས་ཀྱང་སྙིང་གི་བུམ་པར་བཅང་བ་གལ་ཆེ་ཞིང༌། འདིའི་སྒྲུབ་ཐབས་རྣམས་ཚིག་ཚོགས་ཉུང་བས་ངེས་པར་ཐུན་བཞིར་བྱ། ཐུན་མཇུག་ཏུ་འདོད་དོན་གསོལ་བ་བཏབ་ལ་དགེ་བ་བསྔོ། རྗེས་གཏོར་མ་འབུལ་བ་ནི། སྔ་ཐུན་གྱི་མཇུག་ཏུ་མཁན་ཆེན་པའི་བསྙེན་ཡིག་ལས་ཇི་ལྟར་འབྱུང་བ་བཞིན་ཕུལ། ཐུན་མཚམས་རྣམས་སུ་འཕགས་མའི་ཡོན་ཏན་དྲན་བཞིན་པའི་སྒོ་ནས། ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་རིགས་པས་བསྟོད། སྐབས་འགར་བར་ཆད་སྲུང་བའི་ཕྱིར་ཁྲོ་བོ་གང་ཡང་རུང་བའི་སྔགས་ཅུང་ཟད་བཟླ། གཞན་ཡང་དཔུང་བཟང་ལས། བཟླས་པས་སྐྱོ་ན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཕྱོགས་རྣམས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱོང་བའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་དང༌། བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲ་ནས་ལུད་པ་བཤང་གཅི་དོར་ནས་ཀྱང༌། །ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །མེ་ཏོག་དྲི་སྣོད་མར་མེ་ཕུལ་བ་དང༌། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། །སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་པ་རྣམས་ཀྱང་ཤེས་ཡམས་ཙམ་དུ་མ་སོང་བར་ལག་ལེན་དུ་ཐེབས་དགོས་ཤིང༌། འདིའི་གྲངས་བསྙེན་ནི་ཐུགས་སྲས་པའི་ཡིག་ཆར། ཧྲཱིཾཿཞེས་པ་འབུམ་ཕྲག་ལྔ་བསྙེན་པར་བྱའོ། །ཞེས་འབྱུང་བས་ཡི་གེ་
གཅིག་པ་འབུམ་ཕྲག་ལྔ། ཁ་སྐོང་ཁྲི་ཚོ་ལྔ་བཅས་བཟླ་དགོས་པ་ཡིན་ལ། དེ་ལྟར་བཟླས་པས་འོག་ནས་བཤད་པའི་རྟགས་རྣམས་ཅི་རིགས་པ་འབྱུང་བར་འགྱུར་རོ། །དེ་ཡང་གྲངས་མ་ཚང་བར་རྟགས་བྱུང་ནའང༌། གྲངས་ཉིད་ཚང་བར་བྱ་དགོས། གལ་ཏེ་རྟགས་མ་བྱུང་ན་བསྙེན་པ་ལན་གསུམ་མམ་བདུན་དུ་སྤོགས་པས་འབྱུང་བར་འགྱུར་རོ། །ལྔ་པ་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ལ་གཉིས། གནས་སྐབས་དང༌། མཐར་ཐུག་གོ །དང་པོ་ནི། དངོས་སུ་སྔར་བས་དྲན་པ་གསལ་ཞིང་ལྕེ་བདེ་བ་དང༌། གཞུང་མང་དུ་འཛིན་པ་དང༌། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་འཇུག་པ་རྒྱས་པ་སོགས་འབྱུང་ལ། རྨི་ལམ་དུ་བུད་མེད་གཞོན་ནུ་མ་གོས་དཀར་པོ་གྱོན་པས་དཀར་གསུམ་གྱི་ཟས་སྟེར་བ་ཟོས་པ། ཤེལ་དང༌། ཐོད་ལེ་ཀོར་དང༌། མེ་ཏོག་གི་ཕྲེང་བ་གཏོད་པ། ནམ་ལངས་པ། ཉི་ཟླ་ཤར་བ། ཆུ་གཙང་མའི་རྒྱུན་འཐུང་ཞིང་ཁྲུས་བྱེད་པ། མེ་ཏོག་གི་ཚལ་ན་རྩེ་བ། འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ། བྱ་དང་རི་དྭགས་སོགས་སྔོན་མ་མཐོང་བ་རྨིས་པ། ནམ་མཁའ་ལ་འཕུར་བ། ཞིང་རྨོ་བ། སྣག་ཚ་འཐུང་བ། རི་མཐོན་པོའི་རྩེ་ལ་ཕྱིན་པ། ཆུ་བོ་ལས་བརྒལ་བ། མཚོན་ཆ་དང༌། པི་ཝཾ་དང༌། མེ་ལོང་རྙེད་པ་སོགས་རྨིས་པ་ནི་ཤེས་རབ་འཕེལ་བའི་རྟགས་སོ། །གཉིས་པ་ནི། དེ་ལྟ་བུའི་མཚན་མ་རྙེད་ནས་ཀྱང་འོག་ཏུ་བཤད་པའི་དངོས་གྲུབ་སྒྲུབ་པ་ལ་སོགས་པ་རྣམས་ལ་འབད་པ་ཆེན་པོའི་སྒོ་ནས་ཉམས་སུ་བླངས་ན། རེ་ཞིག་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྣང་བ་ཆེས་ཆེར་རྒྱས་ཏེ། འཁོར་བར་འཁྱམས་པའི་རྩ་བ་མ་རིག་པ་ལ་སོགས་པའི་འཁྲི་ཤིང་ཐམས་ཅད་རྣམ་པར་བསྲེགས་ཤིང༌། དེ་དག་ལ་བརྟེན་ནས་མི་རིང་བར་འཁོར་བའི་རྒྱ་མཚོའང་སྐེམ་པར་འགྱུར་བ་ནི་ངེས་པའོ། །སྤྱི་དོན་གཉིས་པ་བར་
དུ་དངོས་གྲུབ་ཇི་ལྟར་སྒྲུབ་བའི་ཆོ་ག་ལའང༌། སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། དེ་ལྟར་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། མདུན་དུ་སྟེགས་བུ་ཇི་ལྟར་རིགས་པའི་སྟེང་དུ། རིན་པོ་ཆེའམ། ཤིང་ངམ། རྡོ་ལ་སོགས་པའི་མཎྜལ་ཆུ་གཙང་གིས་དག་པར་བཀྲུ། རླན་མ་ཡལ་བར་དྲི་བཟང་གི་ཕྱེ་མ་བཀྲམ། དེའི་སྟེང་དུ་གསེར་གྱི་ཐུར་མས། པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧྲཱིཾཿ འདབ་མ་རྣམས་ལ་མདུན་ནས་གཡས་སྐོར་དུ། ཨ་ཨཱ་ནས། ཨཾ་ཨཿའི་བར་འདབ་མ་རེ་ལ་ཡིག་འབྲུ་ཟུང་རེ་བྲིས་པ་ལ་བ་མར་དང་སྦྲང་རྩི་སྦྱར་བའམ། བ་ཡི་འོ་མ་སོགས་གང་རུང་གིས་བྲིས་ལ་འབྲས་དཀར་གྱི་ཕྱེ་མས་རི་མོའི་སྟེང་ནས་མནན་པ་མཉྫིའི་ཁར་བཞག དེའི་ཤར་དུ་མཆོད་ཡོན་དང་ཞབས་བསིལ། ཤར་ལྷོར་ཞལ་བསིལ། ལྷོར་བསང་གཏོར། ལྷོ་ནུབ་ཏུ་མེ་ཏོག ནུབ་ཏུ་སྤོས་དང་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དུ་མཚམས་འཛིན། མདུན་དུ་དཀར་གཏོར་ཟླུམ་པོ་གཅིག་བཅས་བཤམ། སྒྲུབ་པ་པོ་རང་ཉིད་ཁྲུས་བྱ། གདོང་དྲི་ཞིམ་པོས་བྱུག ཁ་དྲི་ཞིམ་པར་བྱ། གོས་དཀར་པོ་དྲི་མ་མེད་པ་བགོ་ཞིང༌། སྟན་དཀར་པོ་གཙང་མ་ལ་བདེ་བར་འདུག་སྟེ། མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར་པར་
བསམ། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། ཨཱཉྩ་མ་ནཾ། པྲོཀྵ་ཎཾ། པུཥྤེ་ནས། ཤབྡ་སྭཱ་ཧཱའི་བར་བརྗོད་ལ་ཆུ་བཞིར་མཆོད་ཡོན་གྱི་ཕྱག་རྒྱ་དང༌། གཞན་རྣམས་ལ་སོ་སོའི་ཕྱག་རྒྱ་སྤྱི་ལྟར་བྱས་པའི་རྗེས་སུ། རྡོ་རྗེ་བཟུང་ཞིང་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ལན་གསུམ་གྱི་བྱིན་གྱིས་བརླབ། དེ་ནས་བདག་བསྐྱེད་སྐྱབས་འགྲོ་ནས་བརྩམས་ཏེ། བཟླས་པའི་མཐར་འདོད་དོན་གསོལ་གདབ་ཀྱི་བར་སྒྲུབ་ཐབས་བཞིན་ཉམས་སུ་བླང་ངོ༌། །གཉིས་པ་དངོས་གཞི་ལ། མདུན་གྱི་དཀྱིལ་འཁོར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཤེལ་དཀར་པོ་དྲི་མ་མེད་པ་ལྟར། ཕྱི་བལྟས་ནང་གསལ་བ། ནང་བལྟས་ཕྱི་གསལ་བ། འོད་ཟེར་དཀར་པོ་འཕྲོ་བ་དང་བཅས་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་བཻ་ཌཱུརྻའི་པི་ཝཾ་རྒྱུད་སྟོང་དང་ལྡན་པ་སྒྲེང་བས་ལྷ་དང་དྲི་ཟ་དང༌། རིག་པ་འཛིན་པ་ལ་སོགས་པ་སྐྱེ་འཕགས་ཐམས་ཅད་ཀྱི་ཡིད་འཕྲོག་པར་མཛད་པ། དབུ་སྐྲ་འཇམ་ཞིང་མཉེན་པ་བུང་བ་ལྟར་གནག་པ། ཐོར་ཅོག་ཅུང་ཟད་དང་བཅས་པ་མེ་ཏོག་དཀར་པོའི་ཕྲེང་བས་བཅིངས་པ། ལྷག་མ་རྒྱབ་ཏུ་འཕྱང་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་སྤྲས་པ། གསེར་གྱི་རྣ་ཆ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པས་མཁུར་ཚོས་མཛེས་པར་བརྒྱན་པ། དབུ་རྒྱན། མགུལ་རྒྱན། སྙན་རྒྱན། དོ་ཤལ། ཕྱག་གདུབ། ཞབས་གདུབ་རྣམས་རིན་པོ་ཆེ་སྣ་ཚོགས་པས་ཁྲ་ཆབས་སེ། ཁྲོལ་ལེ། སིལ་ཁྲོལ་གྱི་སྒྲ་སྙན་པར་སྒྲོགས་པ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ལང་ཚོ་དར་ལ་བབས་པ། རེག་ན་བདེ་བ་སྐྱེད་པའི་ནུ་མ་གཉིས་མཁྲང་
ཞིང་རྒྱས་པ། ཆགས་པའི་ཉམས་དང་ལྡན་པས་གཡོན་དུ་འགྱིང་ཞིང༌། སྤྱན་ཟུར་མིག་གིས་གཟིགས་པ། ཀ་ཙ་ལི་ཀཱའི་སྟོད་གཡོགས་དང༌། སྨད་གཡོགས་མེ་ཏོག་གི་ཚོམ་བུས་སྤྲས་པ། པདྨ་དཀར་པོའི་ཆུན་འཕྱང་གིས་མཛེས་པར་བརྒྱན་ཞིང༌། སྤྱི་གཙུག་ཏུ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པས་བརྒྱན་པ། ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པ། དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པ་དཀར་ཞིང་འཇམ་པ་ཟེའུ་འབྲུ་དམར་སེར་གྱིས་བསྐོར་བའི་མཚམས་ནས་ཉི་མ་སྟོང་དང་མཉམ་པའི་འོད་ཟེར་འཕྲོ་བ། ལྟེ་བའི་སྟེང་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དྲི་མ་མེད་པའི་དབུས་སུ། ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་ཡི་གེ་ཧྲཱིཾཿདཀར་པོ་རིང་ཆ་ཟླ་ཚེས་ཐིག་ལེ་དང་བཅས་པ། འདབ་མ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྟེ་ཡིག་འབྲུ་ཟུང་རེ་གནས་པ། ཐམས་ཅད་ཀྱང་ཤེལ་དཀར་པོ་དྲི་མ་མེད་པ་ལྟར་དྭངས་ཤིང་གསལ་བ། ཅུང་ཟད་གདན་ལ་མ་རེག་པར་འདར་ཞིང༌། འཁོར་ལོ་ཡིག་འབྲུ་དང་བཅས་པའི་འོད་ཟེར་གྱི་དྲྭ་བས་ཁམས་གསུམ་གྱི་མུན་པ་མ་ལུས་པ་བསལ་བའི་ནུས་པ་དང་ལྡན་པར་གྱུར། ཅེས་ངག་ཏུ་བརྗོད་ཅིང་གསོལ་བ་བཏབ་ལ། དེ་ནས་རང་ཉིད་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་དཀར་པོ་སྣ་བུག་གཡས་ནས་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་འཕྲོས་པས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ལྷ་མོ་འཁོར་བཅས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། ཨཉྩ་མ་ནཾ། པྲོཀྵ་ཎཾ། པུཥྤེ་ནས། ཤབྡ་པྲ་ཏཱིཉྩ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ཡ་ཏིཥྛ་
ཧྲཱིཾཿ ཞེས་པས་གཉིས་སུ་མེད་པར་བསྟིམ། ཨོཾ་སྭ་ར་སྭ་སྟི་ཏིཥྛ་ཧྲཱིཾཿ ཨ་ཨཱ་ནས། ཨཾ་ཨཿའི་བར་ཉེར་གཅིག་བཟླས་པས་བརྟན་པར་བསམ། དེ་ནས་མཆོད་པ་རྣམས་ཁ་གསོས་ལ། གོང་ལྟར་བྱིན་གྱིས་བརླབས་ཏེ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །ངག་གི་དབང་ཕྱུག་དབྱངས་ཅན་ལྷ་མོར་མཆོད། །ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ་དང༌། ཞལ་བསིལ་དང༌། བསང་གཏོར་དང༌། མེ་ཏོག་ནས། རོལ་མོའི་བར་སྤྱི་ལྟར་དང༌། སྔགས་ཀྱང་ཨརྒྷཾ་གྱི་གནས་སུ། པཱ་དྱཾ། ཨཱཉྩ་མ་ནཾ། པྲོཀྵ་ཎཾ། པུཥྤེ་ནས། ཤབྡའི་བར་དུ་འདོན་པ་བསྒྱུར་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། བསྡུ་ན་སྔགས་ཙམ་གྱིས་ཆོག བསྟོད་པ་ནི། བྲམ་ཟེ་ཕུར་བུས་མཛད་པ་སོགས་ཚིག་དོན་ཕུན་སུམ་ཚོགས་པས་བསྟོད། དེ་ནས་གསུང་གི་རྗེས་གནང་དང་འདྲ་བའི་དངོས་གྲུབ་ལེན་ཅིང་བཟླས་པ་བྱ་བ་ནི། རང་ཉིད་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་འཁོར་ལོའི་ཧྲཱིཾཿལས་ཧྲཱིཾཿགི་ཕྲེང་བ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བྱུང༌། ལྟེ་བ་ནས་འཐོན། མདུན་བསྐྱེད་ཀྱི་ལྟེ་བར་ཞུགས། ཐུགས་ཀའི་འཁོར་ལོའི་ཧྲཱིཾཿདང་དབྱེར་མེད་དུ་འདྲེས། དེ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཧྲཱིཾཿཡིག་བསམ་གྱིས་མི་ཁྱབ་པ་བྱུང་བ་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧྲཱིཾཿལ་ཐིམ་ཞིང༌། དེ་ལྟ་བུའི་ཚུལ་གྱིས་འཁོར་བ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་དང༌། པཎྜི་ཏ་དང༌། རིག་པ་འཛིན་པ་དང༌། སྨོན་ལམ་ལ་
དབང་བའི་དྲང་སྲོང་རྣམས་དང༌། རྒྱལ་པོ་དང༌། བློན་པོ་དང༌། གཞོན་ནུ་མ་ལ་སོགས་པ་དང༌། རིན་པོ་ཆེ་དང༌། སྨན་དང༌། རྩི་བཅུད་ལ་སོགས་པ་ཐམས་ཅད་ཀྱི་ཤེས་རབ་དང༌། སྤོབས་པ་དང༌། གཟུངས་དང༌། མཁྱེན་པ་དང༌། བརྩེ་བ་དང༌། ནུས་མཐུ་དང༌། གཟི་བརྗིད་དང༌། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་གྱི་ནུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་སྡུད་པ་བཞིན་བསྡུས་ཏེ། རང་གི་ཁ་ནས་ཞུགས། འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱས་ཤིང༌། གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། དེ་ལྟ་བུའི་དམིགས་པ་དང་མ་བྲལ་བའི་ངང་ནས་ཧྲཱིཾཿཞེས་པ་ཇི་ཙམ་ནུས་ཀྱི་བར་བཟླས་ལ། མཐར་ཧྲཱིཾཿདབྱངས་ཡིག་དང་བཅས་པ་བདུན་ནམ་ཉེར་གཅིག་བཟླ། དེ་ནས་ཕྲེང་བ་མགོ་བོར་བཞག་ལ། ཨོཾ་ཧྲཱིཾཿཝ་ར་ཝཱཀ྄་ཝཱ་དཱི་ན་མཿཞེས་པས་བརྟན་པར་བསམ་མོ། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཆུ་བཞི་སྔོན་འགྲོའི་ཉེར་སྤྱོད་དྷརྨཱ་ར་ཎི་ཏ་དང་བཅས་པས་མཆོད། རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་གི་སྙིང་ལ་འབབ་པར་མཛད་དུ་གསོལ། མ་རིག་པའི་མུན་པ་བསལ་དུ་གསོལ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་དུ་གསོལ། ཉོན་མོངས་པའི་དྲྭ་བ་གཅད་དུ་གསོལ། མ་རིག་པའི་ལིང་ཏོག་བསལ་དུ་གསོལ། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་དུ་གསོལ། ཞེས་པས་འདོད་པའི་དོན་ལ་གསོལ་བ་གདབ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་
བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། གྲོལ་ཉིན་མ་གཏོགས་ཉིན་སྔ་མ་རྣམས་ཀྱི་ཐུན་ཐམས་ཅད་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་མདུན་གྱི་འཁོར་ལོ་ལ་བསྐྱེད་ཅིང་སྤྱན་དྲངས་པའི་འཕགས་མ་ངག་གི་དབང་ཕྱུག་མ། ཇི་སྲིད་སྒྲུབ་པའི་ཆོ་ག་མ་གྲོལ་གྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པའི་རྒྱས་གདབ། དེ་ལྟ་བུའི་རིམ་པས་ཐུན་བཞིར་བྱ་ཞིང༌། ཐུན་ཐམས་ཅད་ལ་གཏོར་མ་ཕུལ་འགྲུབ་ན་རབ། མ་གྲུབ་ཀྱང་སྔ་ཐུན་གྱི་བཟླས་པ་བརྟན་བྱེད་དང་བཅས་པ་གྲུབ་པའི་རྗེས་སུ། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་བཞི་ཉེར་སྤྱོད་ཀྱིས་མཆོད། རྒྱལ་བ་ཀུན་གྱི་གསུང་རབ་སོགས་ཀྱིས་བསྟོད། ལྷ་མོ་དབྱངས་ཅན་མས་བདག་དང་སེམས་ཅན་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་
རབ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་འདོད་དོན་གསོལ་གདབ་བྱས་ལ་རྗེས་ཆོག་ལ་འཇུག དེ་ལྟ་བུ་ཞག་གསུམ་མམ། ལྔའམ་བདུན་ལ་སོགས་པར་འབད་པ་ཆེན་པོའི་སྒོ་ནས་ཉམས་སུ་བླངས་པས་རྟགས་ཁྱད་པར་ཅན་ཅི་རིགས་པར་འབྱུང་ཞིང་བྱིན་རླབས་བརྟན་པར་འགྱུར་རོ། །རྟགས་བཟང་ངན་གང་བྱུང་ཡང་མི་ལ་མི་བཤད་པར་གསང་བ་དང༌། ཆེད་དུ་འཛིན་པ་མི་བྱེད་པར་མི་དམིགས་པའི་རྒྱས་འདེབས་པ་གལ་ཆེ། གྲོལ་བའི་ཉིན་པར། ཐུན་མཇུག་ཏུ་བརྟན་བཞུགས་མི་བྱ་བར། བདག་གི་སྙིང་ལ་འབབ་པར་མཛད་དུ་གསོལ། ཞེས་སོགས་ཀྱི་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་རྗེས། ཨོཾ་སྭ་ར་སྭ་སྟི་མེ་ཏིཥྛ་ཀུ་རུ་ཧཱུྃ། ཞེས་བརྗོད་པས་མདུན་གྱི་ལྷ་མོ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་དག་གི་སྐབས་སུ་གེགས་བྱུང་བ་རྣམས་བསལ་བའི་ཚུལ་ནི། ལོ་ཆེན་བི་ཛ་ཡས་མཛད་པའི་སྒྲུབ་སྐོར་ཚིགས་བཅད་མ་དང༌། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་སྒྲུབ་སྐོར་འོད་ཀྱི་དྲྭ་བ་སོགས་ལས་ཁ་བསྐང་སྟེ་ཤེས་པར་བྱའོ།། །།སྤྱི་དོན་གསུམ་པ་ལས་སྦྱོར་གྱི་སྒོ་ནས་རང་གཞན་རྣམས་ཕན་བདེ་ལ་ཇི་ལྟར་འགོད་པའི་ཚུལ་ལ་ལྔ། ཞི་བའི་ཆོ་གས་དུག་ནད་སྦྱོང་བ་དང༌། རྒྱས་པའི་ལས་ཀྱིས་བྱིས་པ་བློ་རྣོ་བར་བྱེད་པ་སོགས་དང༌། དབང་གི་ཆོ་གས་དགུག་པའི་ལས་རྩོམ་པ་དང༌། དྲག་པོའི་ལས་ཀྱིས་སྨྲ་བ་ངན་པ་ཚར་བཅད་པ་དང༌། དངོས་གྲུབ་མཐའ་དག་འགྲུབ་པའི་ཕྱིར་སྦྱིན་སྲེག་གི་ཆོ་ག་བཤད་པའོ། །དེ་ལ་དང་པོ་བཞི་ནི་ལོ་ཆེན་བི་ཛ་ཡས་མཛད་པའི་སྒྲུབ་སྐོར་ཚིགས་བཅད་མ་དང༌། ཀུན་མཁྱེན་དྲི་མེད་པའི་སྒྲུབ་སྐོར་འོད་ཀྱི་དྲྭ་བ་སོགས་ལས་རྟོགས་པར་འགྱུར་བས་དེར་བལྟ་བར་བྱ་ལ། ལྔ་པ་ནི། གོང་དུ་ཇི་སྐད་བཤད་
པའི་བསྙེན་པ་དང་སྒྲུབ་པ་སྔོན་དུ་སོང་ཞིང༌། གྲུབ་པའི་མཚན་མ་བཟང་པོའང་ཅི་རིགས་པར་བྱུང་བའི་རྣལ་འབྱོར་པས་སྔགས་ཀྱི་ཁ་སྐོང་བའི་ཕྱིར་སྦྱིན་སྲེག་ལ་འཇུག་པར་བྱ་སྟེ། དེ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། དུས་བཟང་པོ་ལ་གང་དུ་བྱ་བའི་སར། གཞི་བགེགས་ལ་གཏོར་མ་བཏང༌། ཐབ་ཀྱི་གཞིར། སྟེགས་བུ་ཁྲུ་དོ་གྲུ་བཞིར་བརྩིགས་པའམ། དེ་དང་རྒྱ་མཉམ་པའི་གཞི་ལ་བ་བྱུང་དང་དྲི་བཟང་གིས་བྱུག དེར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པ་ཉིས་རིམ་དུ་བསྐོར་བ་ནི་ཐབ་དང་ཁ་ཁྱེར་མུ་རན་རྣམས་ལས། དབུས་སུ་དབྱངས་ཅན་གྱི་འཁོར་ལོ་དང༌། ཁ་ཁྱེར་ལ་པད་འདབ་བཅུ་དྲུག མུ་རན་རྡོ་རྗེའི་ཕྲེང་བར་བྱས་པའི་ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་རྡུལ་ཚོན་དཀར་པོས་དགང་ཞིང༌། དམར་པོའི་བཅད་ཀྱིས་ཕྱེ། ཐབ་ཀྱི་ཁར་སྲོག་ཆགས་མེད་པའི་ལྕི་བས་ཟླུམ་པོར་བརྩིགས་པའི་ནང་དྲི་ཞིམ་པོའི་ཤིང་གྲུ་བཞི་བསྣོལ་མས་བཀང་བའི་དབུས་སུ། མེ་ཚང་ཏིང་ལོ་དང་བཅས་པ་བྱ། རང་གི་གཡས་སུ་བ་བྱུང་གི་མཎྜལ་གྱི་སྟེང་དུ། བསྲེག་རྫས་ཙནྡན་དཀར་དམར་སོགས་སྤོས་སྣ་ཚོགས་དང༌། མེ་ཏོག་དཀར་སེར། ཏིང་ལོ་གྲངས་ལྡན། ཙནྡན་དཀར་པོ། གླ་རྩི། གུར་གུམ། གི་ཝཾ་བཞི་ཆ་མཉམ་དུ་སྦྱར་བའི་བཞི་མཉམ་གྱི་ལྡེ་གུ། མངར་གསུམ་མར་དང་སྦྱར་བའི་ཟས་མཆོག་གི་རིལ་བུ་གྲངས་ལྡན། བཞི་མཉམ་དང་མངར་གསུམ་གྱིས་སྦགས་པའི་ཀུ་ཤ། ནས་གྲོ་འབྲས་སྲན་མ་ཏིལ་དཀར་ནག་སོགས་འབྲུ་སྣ་ཚོགས་བསྲེས་པ་དང༌། བ་དམར་སེར་གྱི་མར་ཁུ་དང༌། ཤིང་ཐོག་སྣ་ཚོགས་རྣམས་བཞག རང་གི་གཡོན་དུ་བསྙེན་པའི་སྐབས་བཞིན་མཆོད་པ་དང་གཏོར་མ་བཤམ། གཞན་ཡང་བསང་ཆུ་དང༌། མེ་ལྷའི་མཆོད་པ་བྱེད་ན་དེའི་
མཆོད་རྫས་དང༌། བསྲེག་རྫས་ཀྱང་ཚོགས་པར་བྱའོ། །གཉིས་པ་ནི། སྐྱབས་འགྲོ་ནས་བརྩམས་ཏེ། བདག་བསྐྱེད་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས། བསང་ཆུ་ཨ་མྲྀ་ཏ་བརྒྱའམ་ཉེར་གཅིག་གིས་བསྔགས། རྫས་རྣམས་ལ་གཏོར་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་དང་བསྲེག་རྫས་ལྷ་མཉེས་པ་དང་སོ་སོའི་ལས་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཨརྒྷཾ་ནས་ཤབྡའི་བར་དང༌། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། དེ་ནས་ཐབ་བསངས་སྦྱངས་ལ། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་ཐབ་ཁུང་གསེར་བཙོ་མ་ལྟར་འབར་བ། ཁ་ཁྱེར་མུ་རན་དང་བཅས་པ་དྭངས་གསལ་ཐོགས་པ་མེད་པའི་ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བར་བསམས་ནས། དགེ་འདུན་གྱི་ཚང་མང་ངམ། རྒྱལ་པོའི་ཕོ་བྲང་གི་མེས། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་ཅིང་སྤར། དེར་རཾ་ལས་དྲང་སྲོང་མེ་ལྷའི་ངོ་བོ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་«དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡོབ་ཅིང༌། »དྲང༌། ཛཿཧཱུྃ་བཾ་ཧོཿ འབར་བའི་རྣམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་ཧ་བྱ་ཀ་བྱ་བཧྣཱ་ཡ་སྭཱ་ཧཱ། ཞེས་དང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ཕུལ། སླར་ཡང་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་ཙམ་ཕུལ། དེ་ནས་མེ་བསང་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཞེས་པ་ནས། ཨོཾ་སྭ་ར་སྭ་སྟི་མེ་ཧྲྀ་ད་ཡ་ཏིཥྛ་ཧྲཱིཾཿ ཞེས་པས་གཉིས་སུ་མེད་པར་
བསྟིམ་པའི་བར་སྒྲུབ་པའི་སྐབས་བཞིན་བྱས་ལ། ཨོཾ་སྭ་ར་སྭ་སྟི་ཏིཥྛ་ཧྲཱིཾཿ ཨ་ཨཱ་ནས། ཨཾ་ཨཿའི་བར་བདུན་ནམ་ཉེར་གཅིག་བཟླ། མཚན་སྔགས་སྔོན་འགྲོའི་ཆུ་བཞི་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། རྒྱལ་བ་ཀུན་གྱི་གསུང་རབ་སོགས་ཅི་ཤེས་པས་བསྟོད། དེ་ནས། ཨོཾ་པྲི་ཏཱི་དེ་ཝཱི་ཧྲཱིཾཿདཱི་བྱ་དྷཱུ་པེ་ཧཱུྃ་མེ་པྲཛྙཱ་ཝརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པས་བདུག་སྤོས་དང༌། ཨོཾ་པྲི་ཏཱི་དེ་ཝཱི་ཧྲཱིཾཿདཱི་བྱ་པུཥྤེ་ཧཱུྃ་མེ་པྲཛྙཱ་ཝརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པས་མེ་ཏོག་དང༌། དེ་བཞིན་དུ་སྔགས་ཐོག་མཐའ་འདྲ་བ་ལས། དཱི་པེ། ཞེས་པས་ཏིང་ལོ་དང༌། བི་ལེ་བཱ་ནི། ཞེས་པས་ལྡེ་གུ་དང༌། ནཻ་ཝི་དྱས་ཟས་མཆོག་དང༌། ཨགྣ་ཡེས་མར་ཁུ་དང༌། ཨ་པྲ་ཏི་ཧ་ཏས་ཀུ་ཤ་དང༌། བཱི་ཛ་ཡེས་འབྲུ་སྣ་ཚོགས། ཤྲཱི་ཕཱ་ལ་ཡེས་ཤིང་ཐོག་སྣ་ཚོགས་རྣམས་ཕུལ། གྲངས་ཟས་མཆོག་ལ་འཛིན་ཅིང་ཐུན་རེར་སྟོང་རྩ་སོགས་འབུལ་ལོ། །སླར་སྒྲུབ་པའི་སྐབས་ནས་བཤད་པ་ལྟར་གྱིས་གཏོར་མ་ཕུལ་ལ། ཨོཾ་ཨཱཿསྭ་ར་སྭ་སྟི་མེ་ཏིཥྛ་ཀུ་རུ་ཧཱུྃ། ཞེས་བརྗོད་དེ་རང་ལ་ཐིམ་པར་བསམ། སོལ་བ་ཆུས་བྲན་ཏེ། དམ་ཚིག་པའི་འཁོར་ལོ་བསྡུ་བའི་ཕྱིར། སོལ་བའི་ཕྱོགས་གཅིག་ནས་སྣ་བུག་ཏུ་རྔུབས་ཏེ་བྲིས་པའི་འཁོར་ལོ་འཇུག་པའི་རླུང་དང་ལྷན་ཅིག་ཏུ་སྙིང་གར་ཐིམ་པར་བསམ་མོ། །གསུམ་པ་ནི། སླར་ཡང་མེ་ལྷ་ལ་མར་ཁུ་དང་བསྲེག་རྫས་ལྷག་མ་རྣམས་ཨགྣའི་སྔགས་ཀྱིས་ཕུལ། ཨགྣ་ཡེ་གཙྪ། ཞེས་དབྱུ་གུའི་ཕྱག་རྒྱ་ཕྱིར་བསྟན་ནས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །དེ་ནི་རྒྱས་པའི་ཚུལ་ལོ། །དེ་ལས་མཆོད་པའི་སྐབས་རྣམས་བོར་བས་འབྲིང་པོའོ། །ཁ་ཁྱེར་མུ་རན་སྟེགས་བུ་རྣམས་མི་འབྲི་བ་དང༌། བསྲེག་རྫས་རྣམས། ཧྲཱིཾཿམེ་པྲཛྙཱ་ཝརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པ་ཁོ་ནས་འབུལ་བ་ནི་བསྡུས་པ་དང༌། ཤིན་ཏུ་བསྡུས་པ་ནི། ཧྲཱིཾཿཞེས་པ་ཁོ་ནས་བསྲེག་རྫས་
རྣམས་འབུལ། གཞན་སྔར་ལྟར་རོ། །ཚུལ་འདི་ནི་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་མཁོ་ཆེ་ཞིང༌། སྡིག་སྒྲིབ་ཞི་བ་དང༌། སྒྲུབ་པའི་བོགས་དངོས་སུ་འབྱིན་ཅིང༌། བར་ཆད་ཐམས་ཅད་ཞི་བ། ཚོགས་རྫོགས་པ་སོགས་ལྷ་དགྱེས་པའི་ཐབས་བླ་ན་མེད་པ་ཡིན་ཏེ། སྒྲུབ་སྐོར་ཚིགས་བཅད་མ་ལས། རང་དང་གཞན་གྱི་དོན་གྱི་ཕྱིར། །སྦྱིན་སྲེག་བྱས་ན་ལྐུགས་པ་ཡང༌། །སྙན་དངགས་མཁན་དུ་འགྱུར་བར་གསུངས། །ཞེས་པ་ལྟར་རོ། །དེ་དག་གི་སྐབས་སུ་སྤང་བླང་ཇི་ལྟར་བྱ་བའི་ཚུལ་ནི། ཤ་ཆང་སྒོག་བཙོང་ལ་སོགས་པ་ཁ་ཟས་མི་གཙང་བའི་རིགས་སྤངས་ནས། རྟག་ཏུ་ཁྲུས་དང་གཙང་སྦྲ་ལ་གནས་པ་དང༌། ཁྱད་པར་དུ་ངག་གི་དམ་ཚིག་རྫུན་མི་སྨྲ་བ་དང༌། རང་ཉིད་ཤེས་རབ་ཆེ་བར་རློམས་པའི་ང་རྒྱལ་དང་གཞན་ལ་འགྲན་པར་འདོད་པའི་ཕྲག་དོག་ལ་སོགས་པ་རྒྱང་རིང་དུ་དོར་ནས། བླ་མ་དང་དཀོན་མཆོག་སོགས་མཆོད་པར་འོས་པ་རྣམས་ལ་མི་སྨད། བསྙེན་པ་སོགས་སོང་ནས་ཀྱང་རྟག་པར་འཕགས་མའི་བསྙེན་སྒྲུབ་ཀྱི་དམ་བཅའ་སྔགས་བརྒྱ་རྩ་རེ་མ་ཆག་པར་ཉིན་རེ་བཞིན་བཟླ་བར་བྱའོ། །དེ་ལྟར་བྱས་པས་མཚུངས་པ་མེད་པའི་སྙན་ངག་དང༌། འཆད་པ་དང༌། འཛིན་པ་ལ་སོགས་པ་གང་འདོད་པའི་ཤེས་རབ་ནམ་མཁའ་ལྟར་རྒྱ་ཆེ་ཞིང༌། མི་རིང་བར་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པའི་ཤེས་རབ་ཉི་ཟླ་ལྟར་གསལ་བས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན་སྙན་པའི་གྲགས་པས་ཁྱབ་པར་འགྱུར་པ་ནི་ངེས་པའོ།། །།སླར་སྨྲས་པ། །ཨེ་མ་རྨོངས་པའི་ཕ་རོལ་ལས་བརྒལ་ཏེ། །བློ་གྲོས་སྒོ་བརྒྱ་འབྱེད་པར་བྱེད་འདོད་ན། །ལེགས་བཤད་ནོར་བུའི་ལྡེའུ་མིག་འདི་ལོངས་དང༌། །ཡིད་ལ་རེ་བའི་དོན་ཀུན་འགྲུབ་པར་འགྱུར། །ཚུལ་འདི་སྔོན་བྱོན་གོང་མའི་གསུང་རབ་ལ། །བརྟེན་ནས་ལྷག་བསམ་ཁོ་ནའི་དབང་བྱས་ཀྱི། །གཞན་དུ་རང་ཉིད་མཁས་པར་སྒྲུབ་པའི་མ། །
རྙེད་དང་བཀུར་སྟི་འདོད་པའི་ཆེད་དུ་མིན། །དེ་སླད་འཆི་མེད་ལམ་གྱི་ངོས་ཡངས་པོར། །མངོན་པར་རྒྱུ་བའི་ཟླ་བ་ནོར་བུ་ཡིས། །མཚོན་མིན་ལེགས་པར་བཤད་པའི་ཟིལ་དངར་གྱིས། །ས་གསུམ་འགྲོ་བའི་གདུང་བ་སེལ་བ་ཉིད། །གལ་ཏེ་འདི་ལ་ཉེས་གང་མཆིས་པའི་དྲིས། །སེམས་ཀྱི་རིན་ཆེན་ཁ་དོག་བསྒྱུར་བྱས་པ། །སླར་ལ་སྲས་བཅས་རྒྱལ་བའི་སྤྱན་ལམ་དུ། །སྟོབས་བཞི་གངྒཱའི་ཆུ་ཡིས་བཀྲུ་བར་བགྱི། །འདིར་འབད་དགེ་ཚོགས་ཁ་བ་དུང་ལྟར་རྣམ་པར་དཀར་བའི་འོད་རླབས་ཀྱིས། །འཇིག་རྟེན་གསུམ་གྱི་མུན་པ་མ་ལུས་སྟོང་པའི་དབྱིངས་སུ་རྒྱས་བཏབ་སྟེ། །ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་པའི་ཨུཏྤལ་གཞོན་ནུ་དར་བབས་པས། །ཕན་དང་བདེ་བའི་དྲི་བསུང་དངར་པོས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །དེ་ལྟར་མཁས་པ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་འདིའང༌། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་མཆོག་སྤྲུལ་འཇམ་པའི་རྡོ་རྗེས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་འདི་ལྟར་བྲིས་ཤིག་ཅེས་པར་བཀའ་ཡི་གནང་བ་ཐོབ་པ་ལ་བརྟེན་ནས། རྗེ་གང་གི་ཞལ་སྔ་ནས་ལམ་འདིའི་ཆོས་སྐོར་ཕལ་ཆེ་བ་ཐོས་པ་ཤཱཀྱའི་དགེ་སློང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་སྔོན་བྱོན་གོང་མའི་གསུང་རབ་རྣམས་ལ་ཞིབ་པར་བརྟགས་ཏེ། ལྕགས་མོ་ཕག་གི་ལོ་དབོ་ཟླ་བའི་ཡར་ཚེས་བཟང་པོར། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ཤྲཱི་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་བྲིས་པ་འདིས་ཀྱང་འགྲོ་ཀུན་མི་ཤེས་པའི་གཉིད་ལས་གྲོལ་ཏེ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རྒྱུར་ཅིག། །།ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ།། །།
རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་པའི་ཐིག་ལེ།
རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་པའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།
ཨོཾ་ཨ་མཱ་ར་ཎི་ཛཱི་བནྟུ། རབ་མཛེས་ཟླ་བ་ཞུན་མའི་ཐིག་ལེ་ནི། །འཆི་མེད་བདུད་རྩིའི་བསིལ་ཟེར་འཛག་པ་ཡིས། །དུས་ཀྱི་མུན་པ་བསྙིལ་ནས་རྟག་བརྟན་གྱི། །ལང་ཚོ་རྒྱས་མཛད་ལྷག་པའི་ལྷ་དེས་སྐྱོངས། །མཐོ་རིས་རྟེན་བཟང་ལྷ་ཡི་དགའ་ཚལ་ན། །ཚེ་མཆོག་དཔལ་གྱི་འདབ་མ་ཡིད་འོང་བ། །སྡེ་བཞིའི་སྙེ་མའི་ཕུད་བུས་དུད་པ་དེར། །ཐར་པའི་ལོངས་སྤྱོད་དབྱར་གྱི་སྨན་ལྗོངས་བཞིན། །དེ་བས་ན་བརྗོད་བྱ་དང་དགོས་སོགས་ཀྱི་འབྲེལ་པ་དང་ལྡན་པ་འདི་འཆད་པ་ལ་སྤྱི་དོན་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ། ཚེའི་ངོ་བོ། མཚན་ཉིད། སྒྲ་དོན། དབྱེ་བ། འཚོ་འཆིའི་བྱེ་བྲག འཆི་བའི་ལྟས། འཚོ་ཐབས་ཀྱི་ཆོ་ག རྒྱུད་སྒྲུབ་ཐབས་ཀྱི་མདོར་བསྟན། ཆོ་གའི་འབྲེལ། འཆི་བ་བསླུ་བའི་ཤེས་བྱེད། མྱུར་དུ་འབད་པར་གདམས་པ། འཚོ་བའི་དགོས་པ། ཚེ་སྒྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་ནམ་རྒྱུར་གྱུར་ཅིང༌། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པ། མིང་གི་རྣམ་གྲངས་སུ་སྲོག་གི་དབང་
པོ་ཞེས་ཀྱང་བྱ་བ་སྟེ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཞེད་དོ། །གཉིས་པ་ནི། དཔེར་ན། མདའ་འཕངས་པའི་ཤུགས་སམ། ས་བོན་བཏབ་པའི་དུས་ཀྱི་འཕེན་པས་ཇི་སྲིད་ས་ལ་ལྷུང་བ་དང༌། འབྲས་བུ་སྨིན་པའི་བྱ་བ་གྲུབ་ཀྱི་བར་དུ་འགྲོ་བ་དང༌། སྨིན་པའི་བྱ་བ་བྱེད་པ་བཞིན་དུ། ལས་ཀྱིས་ཇི་སྲིད་འཕངས་པ་དེ་སྲིད་དུ་འཚོ་ཞིང་གནས་པའི་རང་བཞིན་ཅན་ནོ། །གསུམ་པ་ལ་གཉིས། ཚེ་དང་སྲོག་གོ །དང་པོ་ནི། འདོད་འཇོ་ལས། གསོན་པའི་ལས་ཀྱི་དུས་ལ། །ཨཱ་ཡུཿསྟེ་ཨི་ཎ་ལས་ཎི་ཏའོ་ཞེས་པས་ཨུ་སིའོ། །ཞེས་པ་ལྟར་ཨི་ཎ་འགྲོ་བའི་བྱིངས་ལ་ཨུ་ཆ་སོགས་ཀྱི་ཨུ་སི་སྦྱར། ཎི་ཏ་བཞིན་ཏུ་བསྒྲུབ་པས། ཨཱ་ཡུཿཚེ་ཞེས་གྲུབ་པ་ནི་འཚོ་བའི་དུས་ལ་འགྲོ་བའི་ལས་བརྗོད་པ་སྟེ་ཚེ་སྐབས་ཀྱི་དོན་ནོ། །གཉིས་པ་ནི། དེ་ལས། འདིས་རབ་ཏུ་འགྲོ་བའི་ཕྱིར་པྲཱ་ཎཿསྟེ་ཨཎ་ལས་གྷཉའོ། །ཞེས་པ་དང༌། ཡང་ན་ལས་ལ་ཨ་ཎ་སྦྱར་བའང་བཤད་ཅིང༌། སྲོག་ཅེས་བྱ་བ་རླུང་ཆེན་པོ། ཁ་དང་སྣ་ནས་རྒྱུ་བར་བྱེད། །ཅེས་པ་ནི་སྙིང་གི་རླུང་ཉིད་བརྗོད་པ་ལ་རབ་ཏུ་སྦྱར་བ་སྟེ་སྲོག་རླུང་གི་རྣམ་གྲངས་ནི་མ་ཡིན་ནོ། །ཞེས་པྲཱ་ཎཿའི་སྒྲ་རབ་ཏུ་འགྲོ་བ་སྟེ་རྟག་ཏུ་ཕྱི་
ནང་དུ་རྒྱུ་བའི་ལས་བྱེད་པས་སམ་འཚོ་བའི་དུས་ཇི་སྲིད་དུ་འགྲོ་བ་སྟེ་སྲོག་གམ་སྙིང་གི་རླུང་ལ་འཇུག་གི། བྱེ་བྲག་སྲོག་འཛིན་གྱི་རླུང་ཙམ་ཁོ་ནའི་སྐབས་དོན་མ་ཡིན་ཞེས་པའོ། །བཞི་པ་ནི། ཆོས་མངོན་པ་ལས། སྲོག་གི་དབང་པོ་གང་ཞེ་ན་ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་པས་ངོ་བོ་ལ་དབྱེ་བ་བྱར་མེད་ཀྱང༌། རྣམ་པའི་ལྡོག་པའམ། རྟེན་དང་བརྟེན་པའི་བྱེ་བྲག་ལས་བརྩམས་ཏེ་དབྱེ་ན་གསུམ། མདོ་ལུགས། སྔགས་ལུགས་གཙུག་ལག་ལས་འབྱུང་བའོ། །དང་པོ་ལ་གཉིས། ལྡོག་པ་དང༌། རྟེན་ནོ། །དང་པོ་ནི། སྔོན་ལས་ཀྱིས་ལུས་རྟེན་དེར་ཚེ་རིང་ཐུང་ཇི་ཙམ་ཞིག་འཕངས་པའི་སྲོག་གི་རྒྱུན་རིས་མཐུན་གནས་པར་འགྱུར་བ་དེ་ནི་ཚེའི་འདུ་བྱེད་ཡིན་ཅིང༌། ད་ལྟའི་ལས་སམ་བྱེད་པའི་འབྲས་བུས་དུས་ཇི་སྲིད་བར་འཚོ་བ་དེ་ནི་སྲོག་གི་འདུ་བྱེད་དོ། །མདོ་ལས་བཅོམ་ལྡན་འདས་ཀྱིས། སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་སྐུ་ཚེའི་འདུ་བྱེད་དག་བཏང་ངོ་ཞེས་པས་གསལ་ལོ། །ཞེས་མངོན་པ་བ་བཞེད་དོ། །གཉིས་པ་ནི། ཚེའི་རྟེན་དྲོད་དང་རྣམ་ཤེས་ཡིན་ལ། དེ་དག་གི་རྟེན་ཀྱང་ཚེ་ཡིན་པས་ཕན་ཚུན་ལྟོས་ནས་འཇུག་པས་དྲོད་དང་རྣམ་ཤེས་ཀྱི་རྟེན་གཉིས་སོ། །སེམས་དང་ཡིད་ཀྱི་ཆ་ནས་དབྱེ་བ་བྱར་མེད་དེ། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་ཅེས་འབྱུང་བས་སོ། །གཉིས་པ་སྔགས་ཀྱི་ལུགས་ལྟར་ན། དྲི་མེད་འོད་ལས། དབུ་མར་སྲོག་གི་རླུང་བརྟེན་པར་བྱས་པས་ཚེ་དང་ནད་མེད་པ་སྟེར་རོ། །ཞེས་འབྱུང་སྟེ། འདི་ལ་གསུམ། རྩ་དང་རླུང་དང་ཐིག་ལེའོ། །དང་པོ་ནི། དེ་ཉིད་ལས། བྱང་ཆུབ་ཀྱི་སེམས་མྱུ་གུར་གྱུར་པ་སྙིང་གའི་གོ་སྐབས་རྣམས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ། དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་ཙམ་མོ། །ཞེས་པས་ཁམས་དྲུག་ལྡན་གྱི་གང་ཟག་གི་དབང་དུ་བྱས་ཏེ་འཁོར་ལོ་དྲུག་པོའི་བར་ན་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་
གང་ནས་གནས་པ་སྟོང་སང་ངེ་བ་ནམ་མཁའ་དྭང་བ་ལྟ་བུ་ཨ་བ་དྷཱུ་ཏི་དང་སུ་སུ་མ་སོགས་མིང་གི་རྣམ་གྲངས་མང་པོ་དང་ལྡན་ལ་སྲོག་རྟེན་པའི་ཆ་ནས་སྲོག་གི་རྩ་ཞེས་གྲགས་ཤིང༌། ཇི་སྲིད་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་དེ་སྲིད་དུ་འཚོ་བ་ཞེས་བྱ་བ་རབ་ཏུ་གྲགས་སོ། །གཉིས་པ་ནི། གསང་བ་འདུས་པར། དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་འགྱུར་ཏེ། ཞེས་པའི་དོན། གང་གི་ཚེ་མངལ་དུ་ཀུན་གཞིའི་རྣམ་ཤེས་ཞུགས་པ་དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་འདུ་བྱེད་པ་ལངས་པས་དཀར་དམར་གཉིས་ཀྱི་དྭངས་མ་ལས་སྲོག་རླུང་ཨའི་རྣམ་པ་ཆགས་ནས་ཟླ་བ་བཅུ་ལ་རླུང་བཅུ་འཕེལ་ཏེ་ད་ལྟ་ལུས་དང་འཚོ་བའི་རྒྱུན་གནས་པར་བྱེད་ཅིང་ཇི་སྲིད་འཕེལ་འགྲིབ་མེད་པར་རྩ་ཐམས་ཅད་དུ་རླུང་རྒྱུ་བ་དེ་སྲིད་དུ་འཚོ་ཞིང་འཆི་བའི་ལྟས་མི་འབྱུང་བ་ཡིན་ནོ། །གསུམ་པ་ནི། སྡོམ་འབྱུང་ལས། སྤྱི་བོ་བདེ་ཆེན་འཁོར་ལོ་ན། །པདྨ་འདབ་མ་བཞི་པའི་གཟུགས། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་རྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཅེས་སོགས་གསུངས་པ་ཀུན་གཞི་དང་སྲོག་གི་རླུང་རྟེན་བྱེད་ཕ་མ་ལས་ཐོབ་པའི་དཀར་ཆ་ཧཾ་དང་དམར་ཆ་ཨ་ཐུང་གི་རྣམ་པ་དབུ་མའི་ཡར་མར་གྱི་སྣ་རྩེར་གནས་པ་ལ་བརྟེན་ནས་དྭངས་མ་བཅུ་གཉིས་དང་སྙིགས་མ་ཉེར་བཞི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིམ་ལོངས་སྤྱོད་བདག་པོའི་ཚུལ་གྱིས་«ཕྲ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། གཙོ་མོ་ཉེར་བཞི་རྣམས་ལ་རླུང་ཁྲག་འབབ་པའི་ལོངས་སྤྱད་ཟིན་ཐིམ་པ། ད་ལྟ་བ་ལོངས་སྤྱོད། འབྱུང་ཁུངས་བདག་པོ་སྟེ་རྩ་ཡི་རྩེ་སྐེད་རྩ་བ་གསུམ་ལ་སྦྱར་དགོས་ཞེས་གསུངས། »འབབ་པ་སྟེ་ཐིག་ལེ་ཇི་ཙམ་རྒྱས་པ་དེ་ཙམ་དུ་ཚེ་དང་བསོད་ནམས་ལ་སོགས་པ་འཕེལ་བ་ཡིན་ནོ། །གསུམ་པ་གཙུག་ལག་ལས་འབྱུང་བ་ལྟར་ན་བཞི། མདངས་དང༌། བླ་དང༌། ཁྲག་དང༌། དྲོད་དོ། །དང་པོ་ནི། ཡན་ལག་བརྒྱད་པ་ལས། གང་ཞིག་འཇིགས་
པས་འཇིགས་འགྱུར་ཞིང༌། །གང་ཞིག་ལུས་ཅན་འཚོ་བྱེད་པ། །སྙིང་ལ་གནས་དང་ཁྱབ་གྱུར་གང༌། །དེ་ནི་སྲོག་གི་གནས་མཆོག་ཡིན། །ཞེས་འབྱུང་བ་ལྟར་ཁ་ཟས་ཀྱི་དྭངས་མ་ལུས་ཟུངས་བདུན་པོའི་མཐར་ཕྱིན་པ་མདངས་ཀྱི་མཆོག་ཅེས་བྱ་བ་ལུས་ཀུན་ལ་ཁྱབ་ཅིང་ཚེ་རིང་དུ་གནས་པའི་རྟེན་དུ་གྱུར་བ་གང་ཡིན་པའོ། །གཉིས་པ་ནི། སྲོག་གམ་ཚེ་གནས་པའི་རྟེན་ངོ་བོ་ཚེ་སྲོག་གི་དྲིས་བགོས་པ་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་དུ་འཁྱམས་པ་ལས། མི་དེ་དབང་ཐང་ཞན་ན་མཚན་མོར་རྒྱུ་བའི་འབྱུང་པོ་རྣམས་ཀྱིས་བདག་ཏུ་བཟུང་ནས་ལོངས་སྤྱོད་པ་ལས་བླ་འཁྱམས་པ་དང་འཕྲོག་པ་བརྐུས་པ་སོགས་ཟེར་ཞིང་རྟེན་བླ་ལ་གནོད་པས་བརྟེན་པ་ཚེ་སྲོག་ལའང་གནོད་པར་འགྱུར་བ་དེ་ཉིད་བརྟེན་པའི་རྩ་ལའང་བླ་རྩ་ཞེས་གྲགས་ཏེ། ཇི་སྐད་དུ། སེམས་ལ་རང་དབང་མ་ཐོབ་ཕྱིར་བལྟས་པས། །མ་རིག་སྲིད་པའི་ལུས་ངན་བླངས་པ་ཡིས། །ཚེ་སྲོག་རྟེན་དུ་བླ་རྩ་འཁྱམས་པོ་བྱུང༌། །ཞེས་སོ། །གསུམ་པ་ནི། སློབ་དཔོན་དཔའ་བོས། དེ་ལ་སེམས་ཅན་རྣམས་ཀྱི་འཚོ་བ་ནི་ཁྲག་ལ་རག་ལས་པ་ཡིན་ཏེ་ཁྲག་ལེགས་པར་གནས་ཤིང་རྒྱུ་ན་ནི་སྲོག་ཀྱང་ལེགས་པར་གནས་པ་ཡིན་ནོ། །ཞེས་སོ། །བཞི་པ་མེ་དྲོད་ནི། ཕོ་བ་དེར་མ་ཞུ་བའི་གནས་ལ་བརྟེན་ཏེ་དེ་ནས་ཚེ་དང་སྟོབས་དང་གཟི་མདངས་འབྱུང་བ་ཆེན་པོ་ལྔའི་དྭངས་མ་དང་ཁམས་བདུན་པོ་འཕེལ་ཞིང་རྒྱས་པར་བྱེད་དོ་ཞེས་སྲོག་འཚོ་བའི་གཙོ་བོར་བཤད་ཅིང་མངོན་པ་ནས་གསུངས་པའི་དྲོད་དང་གནད་གཅིག་གོ །འདི་དག་ལ་བརྟེན་ནས་ཚེ་གནས་པ་དང་མི་གནས་པའི་འགྲོ་ལྡོག་བྱེད་པས་རྣམ་གྲངས་ཀྱི་དབྱེ་བར་རུང་སྟེ། ལུས་དང་སྲོག་གནས་པའི་རྩ་བར་བྱེད་པས་རྩ་ཞེས་པ་ལྟ་བུ་བདག་ཉིད་གཅིག་པ་དང་རྟེན་བརྟེན་པའི་འབྲེལ་པར་གྲུབ་ཅིང༌། འདི་ལ་བརྟེན་ནས་ཚེ་གནས་པའི་རྐྱེན་དང་འཆི་མེད་གྲུབ་པའི་གནད་སོགས་ཀྱང་ཞར་ལས་ཤེས་པར་འགྱུར་རོ། །ལྔ་པ་ལ་གསུམ། འཚོ་བའི་ཁྱད་པར། འཆི་བའི་བྱེ་བྲག གློ་བུར་
འཆི་བ་ཡོད་མེད་བཤད་པའོ། །དང་པོ་ནི། སྔགས་དང་བཅུད་ལེན་གྱིས་རིག་པ་འཛིན་པ་གྲུབ་པ་དང༌། རྩེ་གཅིག་ཏུ་མཉམ་པར་བཞག་པའི་བསམ་གཏན་དངོས་གཞི་ཐོབ་པ་དང༌། སེམས་མེད་སྙོམས་འཇུག་དག་ནི་འཕེན་པ་མ་རྫོགས་བར་དུ་འཚོ་བ་མི་འདོར་ལ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་མི་ལོ་ས་ཡ་དགུ་འཚོ་བ་ནས་གོང་དུ་འཕེལ་ཏེ་སྲིད་རྩེ་བ་རྣམས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་འཚོ་བ་དང༌། དམྱལ་བའི་ཚེ་ཚད་ཐུང་ཤོས་ཀྱང་མིའི་ལོ་གྲངས་ཀྱིས་གཞལ་བར་དཀའ་ཞིང་རིང་ཤོས་བསྐལ་པས་གཞལ་དུ་མེད་ལ། ཡི་དྭགས་མི་ལོ་ས་ཡ་གཅིག་དང་དགུ་འབུམ། དུད་འགྲོ་རིང་མཐའ་བསྐལ་པ་ནས་ཐུང་མཐའ་སྐད་ཅིག་མའི་བར་མ་ངེས་པར་འཚོ་བ་དང༌། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པས་མིའི་འཇིག་རྟེན་བྱང་གླིང་པ་ལོ་སྟོང༌། ནུབ་གླིང་ལྔ་བརྒྱ། ཤར་གླིང་པ་གཉིས་བརྒྱ་ལྔ་བཅུར་ངེས་པ་ཅན་ཏུ་འཚོ་ལ། ལྷོ་གླིང་འདིར་ནི་ཐུང་མཐའ་ཚེ་ལོ་བཅུ་དང༌། རིང་མཐའ་བསྐལ་པ་དང་པོའི་མི་རྣམས་ཚེ་ལོ་དཔག་མེད་འཚོ་ལ། དེང་སང་ཚེ་ལོ་སུམ་ཅུའམ་ཉི་ཤུ་ཁ་རལ་བའང་བཞེད་པས། ཞི་བ་ལྷས། དེ་རིང་སང་ཙམ་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཅེས་དང༌། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་གསུངས་པ་ལྟར་ཚེའམ་ཆོས་སོགས་བསྒྲུབ་བྱ་ལ་ཕྱི་གཤོལ་མ་སོང་བ་ཁོ་ན་གཅེས་སོ། །སྤྱིར་དགེ་བའི་ལས་ཀྱིས་ཚེ་རིང་ཞིང་བདེ་བར་འཚོ་པ་ཡིན་མོད་ཀྱི། ངན་འགྲོ་རྣམས་ནི་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་མྱོང་བའི་ཡུན་ཤིན་ཏུ་རིང་བར་གྲུབ་པས་ལས་ལ་ཡིད་ཆེས་པར་བྱའོ། །གཉིས་པ་ནི། དཔེར་ན། མར་མེ་ནི་རེས་འགའ་སྡོང་བུ་ཟད་པས་དང༌། རེས་འགའ་འབྲུ་མར་ཟད་པས་དང༌། རེས་འགའ་གཉིས་ཀ་ཟད་པས་དང༌། རེས་འགའ་གཉིས་ཀ་མ་
ཟད་ཀྱང་རླུང་ལ་སོགས་པས་འཆི་བ་བཞིན་ཏུ་ཚེ་ཟད་པས་འཆི་ལ་བསོད་ནམས་ཟད་པས་མ་ཡིན་པ་དང༌། དེ་ལས་ལྡོག་པ་དང༌། གཉིས་ཀ་ཡིན་པ་དང༌། གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་ལས། དང་པོ་ནི། ལས་ཀྱིས་འཕངས་པའི་སྲོག་གི་རྒྱུན་རྫོགས་པས་འཆི་བ་དང༌། གཉིས་པ་ནི། ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་ཟད་པས་འཆི་བ་དང༌། གསུམ་པ་ནི། ཚེ་དང་ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་གཉིས་ཀ་ཟད་པས་འཆི་བ་དང༌། བཞི་པ་ནི། དེ་གཉིས་ཀ་མ་ཟད་ཀྱང་བག་མེད་པའི་སྤྱོད་པ་དང་གཡུལ་དང་མེ་ཆུ་སོགས་ཡ་ང་བ་མི་སྤོང་བས་འཆི་བའོ། །དེས་ན་མུ་དང་པོའི་ཕྱིར་སྲོག་སྐྱོབ་པ་དང༌། མཆོད་རྟེན་བཞེངས་པ་སོགས་རྒྱུ་མཐུན་གྱི་དགེ་བ་རྣམས་དང༌། གཉིས་པའི་ཕྱིར་དཀོན་མཆོག་མཆོད་པ་སོགས་བསོད་ནམས་ཀྱི་བྱ་བ་སྤྱི་དང༌། གསུམ་པའི་དོན་དུ་གཉིས་ཀ་ལ་འབད་དེ་འཆི་བ་བསླུ་ཞིང༌། བཞི་པའི་ཆེད་དུ་ཟས་དང་སྤྱོད་ལམ་ཀུན་ལ་བག་ཡོད་པ་བྱ་བ་དང༌། ཡ་ང་བའི་གནས་རྣམས་རྣམ་པ་ཀུན་ཏུ་སྤང༌། མོ་བོན་སྨན་ལ་སོགས་པས་ཀྱང་ཕྱི་མ་འདི་ཙམ་ལ་ཕན་གདགས་སུ་རུང་གི་སྔ་མ་གསུམ་ལ་ནི་དེ་དག་གི་མཐུ་འཇུག་པ་མ་ཡིན་ནོ། །དཀར་པོའི་རྒྱུ་དེ་དག་གཞིར་བཞག་པའི་སྟེང་དུ་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོས་ཚེ་སྒྲུབ་པ་ནི་བཞི་ཀ་ལ་གཅེས་ཏེ་བུ་ལོན་མ་ཁུག་པའི་དབུལ་པོ་གཉེན་ཁས་དྲག་གིས་མགོན་ནས་ནོར་དང་སྤྲད་པ་ལྟ་བུའོ། །གསུམ་པ་ལ་གཉིས་དངོས་དང་རྒྱུའོ། །དང་པོ་ནི། མཛོད་ལས། སྒྲ་མི་སྙན་མ་གཏོགས་པར་འཆི། །ཞེས་པས་དམིགས་བསལ་ཁ་ཅིག་མ་གཏོགས་འདོད་ཁམས་པ་སྙོམས་འཇུག་གཉིས་ལ་མ་ཞུགས་པ་རྣམས་ནི་བར་འཆི་དང་བཅས་པ་སྟེ། དེ་དག་གི་ལུས་ལ་གནོད་པ་བྱས་པས་ཚེ་ལ་གནོད་པར་འགྱུར་བའི་ཕྱིར་ཚེ་ལུས་ཀྱི་རྒྱུད་ལ་རགས་ལུས་པར་འཇུག་པ་ཞེས་གློ་བུར་དང་བཅས་པ་ཡིན་ལ། སྒྲ་མི་སྙན་པ་ནི་ཚེ་ཚད་རིངས་པོར་འཚོ་ཡི་བར་འཆི་མེད་ལ། དེ་བཞིན་ཏུ། ཚེ་ལན་ཅིག་སྐྱེས་ནས་གནས་པ་ཞེས་འགོག་པ་དང་འདུ་ཤེས་མེད་
པའི་སྙོམས་འཇུག་གཉིས་དང་བྱམས་པ་སོགས་ཏིང་ངེ་འཛིན་ཐོབ་པའི་འདོད་ཁམས་པ་དང༌། གཟུགས་གཟུགས་མེད་ཀྱི་སེམས་ཅན་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དང༌། ཚེ་དེ་ཉིད་ལ་དགྲ་བཅོམ་ཐོབ་པའི་སྲིད་པ་ཐ་མ་པ་རྒྱལ་བས་ཚེ་ཚད་ལུང་བསྟན་པ། རྒྱལ་བའི་ཕོ་ཉ། མཐོང་ལམ་དང་བྱམས་པ་ཆེན་པོ་ལ་ཞུགས་པ། བྱང་སེམས་སྲིད་ཐ་པ་དང་འཁོར་ལོས་སྒྱུར་རྒྱལ། དེ་དག་ལྷུམས་ན་ཡོད་པའི་ཡུམ་ལ་སོགས་པ་ནི་རང་རང་གི་ཚེ་ཚད་དམ་བྱ་བའི་འབྲས་བུ་མ་གྲུབ་ཀྱི་བར་དུ་གློ་བུར་འཆི་བ་མེད་དོ། །གཉིས་པ་ནི། དེ་ལ་དམྱལ་བ་པ་རྣམས་ནི་རྒྱལ་བའི་ཐུགས་རྗེ་དང་རྒྱུད་ལ་དགེ་སེམས་སྐྱེས་པ་སོགས་དཀར་པོའི་མཐུ་ཡིས་གློ་བུར་དུ་འཆི་བའི་རྒྱུ་བྱེད་ལ། ལྷ་དང་ལྷ་མིན་གཡུལ་སྤྲོད་པ་དང་རྩེད་མོས་མྱོས་པས་མཚོན་གཞན་དག་ནི་མི་དགེ་བའི་བསམ་སྦྱོར་དང་བག་མེད་པ་ཁོ་ནས་གློ་བུར་དུ་འཆི་བའི་རྒྱུ་རྐྱེན་བྱེད་པ་དང༌། ཁྱད་པར་མིའི་འཇིག་རྟེན་དུ་འཇིགས་པ་ཆེན་པོ་བཅུ་དྲུག་ཏུ་གྲགས་པ་ནི། དུས་འཁོར་བསྡུས་རྒྱུད་ལས། དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་པ་དང༌། །ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང༌། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། །ཞེས་པ་ལྟར་ལ། འཇིགས་པ་གློ་བུར་བ་དེ་དག་སྔགས་ལ་སོགས་པའི་མཐུས་བཟློག་པར་འགྱུར་བའི་ཚུལ་ཡང༌། དེ་ཉིད་ལས། གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་ཉིན་ཞག་སོ་སོར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །ཞེས་སོ། མདོ་ལས་གློ་བུར་དུ་འཆི་བའི་རྒྱུ་དགུར་གསུངས་ཏེ། ཟས་མི་འཕྲོད་པ་ཟ་བ། ཟས་འགྲངས་ཀྱང་མང་དུ་ཟ་བ། སྔ་མ་མ་ཞུ་ཕྱི་མ་ཟ་བ། བཤང་གཅི་དུས་སུ་མི་འདོར་བ། ནད་པས་སྨན་པ་དང་ནད་གཡོག་ལ་མི་ཉན་པ། གདོན་དྲག་པོས་བཏབ་པ། སྐྱུགས་སྨན་ལོག་པ། མ་བརྟགས་པའི་དྲག་ཤུལ་སྤྱོད་པ། བག་མེད་པར་འཁྲིག་པ་སྤྱོད་པ་
རྣམས་དང༌། གཞན་ཡང་གློ་བུར་བརྒྱད་ཅུ་རྩ་གཅིག་ཏུ་གྲགས་པ་སོགས་མང་ཡང་དེ་དག་ཏུ་མ་འདུས་པ་མེད་ལ། མདོར་ན་དེ་དག་མ་བྱུང་བའི་སྔ་རོལ་ནས་བསྲུང་བ་དང་སྤང་བ་ལ་མཁས་པར་བྱ་བ་ནི་ཚེ་རིང་པོར་འཚོ་བའི་ཆོ་ག་ཕུལ་དུ་བྱུང་བའོ། །དྲུག་པ་ལ་གཉིས། འཆི་ལྟས་འབྱུང་བའི་རྒྱུ་བརྗོད། འཆི་ལྟས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ཕྱི་དང་ནང་དང་གསང་བའོ། །དང་པོ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལྷ་དང་འབྱུང་བ་གཉིས་ཀ་ནི། །འཁྲུགས་པ་འཆི་བའི་མཚན་ཉིད་གསུམ། །ཐོབ་ལས་འཆི་ལྟས་འབྱུང་འགྱུར་བས། །འདི་ལས་དབྱེ་བ་མཚོན་པར་བྱ། །ཞེས་གསུངས་པ་ལྟར་གསུམ་དང༌། དེ་རེ་རེ་ལའང་ཕྱི་དང་ནང་གི་དབྱེ་བས་གཉིས་གཉིས་སུ་འགྱུར་ཏེ། ལྷ་འཁྲུགས་པའམ་ལྷ་ལས་གྱུར་པ་ལ་ཐོག་ལྷུང་བ་སོགས་ཕྱི་དང༌། མུ་གེ་སོགས་ནས་འབྱུང་བ་འཁྲུགས་པའམ་འབྱུང་བ་ལས་གྱུར་པ་ལ་མེ་ཆུ་སོགས་ཀྱིས་འཚེ་བ་ཕྱི་དང༌། རླུང་མཁྲིས་སོགས་འཁྲུགས་པ་ནང༌། ལྷ་དང་འབྱུང་བ་གཉིས་ཀ་འཁྲུགས་པ་ལའང་ཕྱི་དང་ནང་གི་དབྱེ་བས་དྲུག་ཏུ་འགྱུར་རོ། །གཉིས་པ་ནི། རང་རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང༌། སྔོན་ནས་བསགས་པའི་ལས་ཀྱི་ལྷག་མ་དང༌། བསོད་ནམས་ཀྱི་མཐུ་གསུམ་ལས་གང་རུང་ཟད་པ་སྟེ་རྐྱང་ཟད་གསུམ་དང༌། དེ་དག་གཉིས་གཉིས་ཟད་པ་དང༌། ལྷན་ཅིག་ཏུ་ཟད་པ་སྟེ་གསུམ་ཀའང་སྔོན་བསགས་ལས་ཀྱི་འཕེན་པ་ལ་རགས་ལས་ཤིང༌། འཕྲལ་རྐྱེན་གྱི་འགྲོ་ལྡོག་ལའང་ངེས་པར་ལྟོས་ཏེ། སྔ་འགྱུར་གྱི་རྒྱུད་ལས། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང༌། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང༌། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང༌། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་ཚེ་འཛད་པའི་རྐྱེན་དང༌། ངག་དབང་གྲགས་པས། རྐུན་མ་ཉ་དང་རི་དྭགས་སྦྲུལ། །བྱ་སོགས་སྲོག་ལ་ཆགས་པ་རྣམས། །འདི་དག་བསད་ན་འཕྲལ་དུ་
ནི། །ཚེ་རིང་བ་ཡང་ཚེ་ཐུང་འགྱུར། །ཞེས་སྲོག་གཅོད་སོགས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་འཕེལ་བས་རྣམ་པར་དཀར་བའི་ལས་ཀྱི་འཕྲོ་རྫོགས་པའི་རྐྱེན་དང༌། མཆོད་རྟེན་འཇིག་པ་དང་དགེ་འདུན་གྱི་ཆོས་འཁོར་འཇོམས་པ་སོགས་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསོད་ནམས་འཛད་པའི་རྐྱེན་བྱེད་པས། ལས་ཀྱི་འཕེན་པ་ཟད་ན་དུས་ཀྱི་འཆི་ལྟས་དང༌། རྐྱེན་གྱི་དབང་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བའི་རྒྱུ་བྱེད་ཅིང༌། ཚེ་དང་ལས་དང་བསོད་ནམས་གསུམ་པོའང་མར་མེ་དང་སྡོང་བུ་དང་མར་ཁུ་བཞིན་དུ་གཅིག་ལ་གཅིག་བརྟེན་ཏེ་རིང་དུ་འཚོ་བར་བྱེད་དོ། །གསུམ་པ་ནི། རང་རང་དབུགས་ཀྱི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཉིན་ཞག་རེ་རྩིས་པའི་ལོ་བརྒྱ་ན་རྩ་རླུང་ཐིག་ལེ་གསུམ་པོ་སྡུད་པའི་རིམ་ལས་དུས་ཀྱི་འཆི་ལྟས་འབྱུང་ལ། རྐྱེན་གློ་བུར་བའི་དབང་གིས་གཡས་གཡོན་ཉི་ཟླའི་རྒྱུ་བ་ཡོན་པོ་ཤུགས་ཆེར་འཕེལ་ཞིང་ལྟེ་བར་ཁྱིམ། སྙིང་གར་ཐུན་བརྒྱད། མགྲིན་པར་རྒྱུ་སྐར། སྤྱི་བོར་ཟླ་རྐང་གི་རིམ་པ་རྣམས་ཡུན་ཐུང་ངུས་འདོར་བ་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བ་ཡིན་ནོ། །འདི་ནི་རྒྱས་པར་སྤྲོ་ན་མཐའ་ཡས་པས་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་རྣམས་ལས་རྟོགས་དགོས་སོ། །གཉིས་པ་ལ་དྲུག ཡུལ་གང་ལ་བརྟག ཚུལ་ཇི་ལྟར་བརྟག དུས་ནམ་གྱི་ཚེ་བརྟག ལྟས་ཀྱི་འབྲེལ་བརྗོད། ལྟས་ཇི་ཙམ་འབྱུང་བ་ལ་དཔྱད། བརྟགས་པའི་དགོས་པའོ། །དང་པོ་ནི། འཆི་བདག་བསླུ་བའི་རྟོག་པ་ལས། གལ་ཏེ་འགའ་ཞིག་འཆི་བ་ཡི། །མཚན་ཉིད་ཤེས་པར་འདོད་གྱུར་པ། །དེས་ནི་བདེར་གནས་ལུས་ལས་ནི། །ཤེས་བྱ་གཞན་དུ་ཡིད་གཉིས་འགྱུར། །ཁམས་མི་སྙོམས་དང་འདོད་ཆགས་དང༌། །རབ་རིབ་ལ་སོགས་མཐུ་ལས་དང༌། །འཇིགས་དང་མྱ་ངན་སོགས་ཀྱི་མཐུས། །གང་ལས་གཞན་ཏུ་སོ་སོར་སྣང༌། །ཞེས་པ་ལྟར་རོ། །གཉིས་པ་ལ་གཞུང་ལུགས་མན་ངག་རྣམས་སུ་དབྱེ་
བསྡུ་དུ་མ་མཆིས་ཀྱང་མདོར་བསྡུ་ན་གཉིས་ཏེ་ཕྱི་དང་ནང་གི་ལྟས་སོ། །དང་པོ་ལ་དྲུག་སྟེ། ཀརྐ་ཊ་དང་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་གི་ཉིན་གུང་རང་གྲིབ་འཕེལ་འགྲིབ་གོ་ལྡོག་པའམ་ཚད་ལས་འདས་པར་འགྲིབ་པ་ནི་འཆི་བའི་ལྟས་དང༌། ཚད་ལས་འདས་པར་འཕེལ་བ་ནད་ཀྱིས་འཚེ་བའི་ལྟས་ཏེ་དེ་སོགས་གྲིབ་མ་ལ་བརྟག་པ་དང༌། རྐང་མཐིལ་དང་ལྟེ་བ་ཕྲུག་སྙམ་བྱེད་ན་ཉིན་ཞག་གསུམ་གྱི་གོང་དུ་ལྔ་བར་འགྱུར་བ་སོགས་གློ་བུར་ཟུག་རྔུ་ལ་བརྟག་པ་དང༌། བཤང་གཅིའི་མཉམ་པོར་སྒྲིད་པ་བྱུང་བ། དཀར་པོའི་ཚེས་གཅིག་ལ་ཁམས་ནག་པོར་འབབ་པ། རི་རབ་ཀྱི་དུ་བ། རྣ་བའི་ཨུཏྟ། རྒྱལ་མོའི་འོད་མདངས། ཚངས་པའི་སྐུད་པ་ཆད་པ་སོགས་ལུས་ལ་བརྟག་པ་དང༌། མིག་གིས་གཟུགས་དང་རྣ་བས་སྒྲ་སོགས་ཡུལ་རྣམས་ཚུལ་ལྡན་དུ་མི་འཛིན་པའམ་ལོག་པར་འཛིན་ཏེ་འཁྲུལ་པ་སྣ་ཚོགས་སུ་མྱོང་བ་སོགས་དབང་པོ་ལ་བརྟག་པ་དང༌། སྤྲིན་མེད་ནམ་མཁར་སྔ་དྲོ་ཕྱི་དྲོའམ། ཡང་ན་ཟླ་འོད་དུ་རང་གི་གྲིབ་མར་ཡུན་རིང་བལྟས་པའི་གྲིབ་གཟུགས་ནམ་མཁར་མཐོང་བ་ལ་སྐྱོན་ཡོད་མེད་བརྟག་པ་སྟེ་གྲིབ་གཟུགས་ལ་བརྟག་པ་དང༌། རྩ་སྡུད་ཅིང་རླུང་ཡོན་པོར་རྒྱུ་བ་དང་རྩ་གནས་སུ་གདོན་ཞུགས་ཏེ་ནད་དྲངས་པའི་རྐྱེན་ལས་མུན་རུག་ཉི་ཟླ་ནུབ་པ་དང༌། རྒྱན་གོས་ཕྲེང་བ་དམར་པོ་ཐོགས་པ། གཅེར་བུར་འཁྱམས་པ། བོང་བུ་ལ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ་སོགས་ཚེ་ཉམས་པ། བླ་འཁྱམས་པ། ཉེས་པ་གསུམ་དང་འདུས་པས་གློ་བུར་དུ་འཆི་བའི་ལྟས་སོ་སོར་སྣང་བའི་རྨི་ལམ་ལ་བརྟག་པ་རྣམས་ཏེ། རྒྱས་པར་ནི་འཆི་བསླུའི་རྟོག་པ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི་རླུང་ལ་བརྟག་པ་སྟེ་དེ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། མཁའ་འགྲོ་རྒྱ་མཚོ་ལས། མ་རིག་ཆུ་སྲིན་རོ་ཧི་ཏ། །ཞེས་གསུངས་པ་ལྟར་རྟེན་འབྲེལ་དང་སྦྱར་བའི་དབང་གིས་རྒྱལ་ཟླའི་འཕོ་བ་ཐོག་མར་བྱས་ཏེ་ནད་མེད་ཐ་མལ་དུ་གནས་པའི་སྐྱེས་བུས་རླུང་གི་འཕོ་བ་བརྟག་སྟེ། དེའང་དཀར་ཕྱོགས་
ཚེས་གཅིག་ནས་བརྩམས། ཉི་མ་གསུམ་དུ་ནངས་པར་ནམ་ལངས་ནས་ཐུན་ཕྱེད་བར་ཟླ་བའི་རླུང་ཐོག་མར་བྱས་ཏེ་རྒྱུ། དེ་ནས་ཉིན་གསུམ་ཉི་མའི་རླུང་ཐོག་མར་བྱས་ཏེ་རྒྱུ་བ་སོགས་རེས་མོས་སུ་རྒྱུ་བ་ལ་འཕོ་འཕྱུག་མེད་ན་ཚེ་རང་བཞིན་དུ་གནས་ཤིང༌། གལ་ཏེ་ཉི་མ་ལྔ་དྲུག་ཚུན་ཆད་ཕྱིན་ཅི་ལོག་ཏུ་རྒྱུན་རྩོད་པ་དང་མྱ་ངན་ལ་སོགས་པའི་ཁ་སྨྲ་འབྱུང༌། ཕྱོགས་གཅིག་ལོག་ན་ནད་མི་བཟད་པས་ཐེབ། ཕྱོགས་གཉིས་ལོག་ན་གྲོགས་པོ་ཉེ་དུ་རྒུད། ཕྱོགས་གསུམ་དུ་གོ་ལྡོག་པ་དང༌། ཁ་སྣ་གསུམ་ཀ་ནས་རྒྱུ་བ། མཉམ་རྒྱུ་ཞག་བཅུའི་བར་དུ་མི་འཕོ་བ། ཐུན་ཕྱེད་གཅིག་ལའང་ལན་མང་དུ་འཕོ་བ། ཁ་གཅིག་པུ་ནས་རྒྱུ་བ་སོགས་ནི་གདོན་མི་ཟ་བ་འཆི་བའི་ལྟས་སོ། །མགོ ཐ་སྐར། གྲོ་བཞིན། སྣྲོན། ནག་པ། མཆུ་ཟླ་དྲུག་པོའི་ཁྱིམ་འཕོ་ནས་བརྩམས་ཏེ་ཉི་མ་ལྔ་ལྔར་ཉི་མའི་རླུང་ཁོ་ན་རྒྱུ་ན་རིམ་བཞིན་ལོ་བཅོ་བརྒྱད། བཅོ་ལྔ། བཅུ་གཉིས། དགུ། དྲུག ལོ་གསུམ་གྱི་འོག་ཏུ་འཆི་བར་འགྱུར་ལ། ཟླ་བའི་རླུང་དེ་བཞིན་དུ་རྒྱུ་བ་ནའང་ནད་ལ་སོགས་པའི་འཚེ་བ་འབྱུང་ངོ༌། །གཉིས་པ་ནི། སྐྱེས་ཁྱིམ་དུ་སྐྱེས་སྐར་ལ་ཟླ་བ་སོན་ཅིང་ཉི་མ་བདུན་ཟུར་ན་ཡོད་པ་དེའི་ཚེ་རྒྱས་པའི་དུས་ཞེས་བྱ་བ་འཚོ་འཆི་བརྟག་པའི་ཁྱད་པར་གྱི་དུས་ཏེ། རྒྱས་པའི་དུས་སུ་ཉི་མའི་རླུང་ཉིན་ཕྱེད་ཀྱི་བར་དུ་རྒྱུ་ན་ལོ་བཅུ་བཞི་ནས་འཆི་ཞིང་ཞག་གཅིག་རྒྱུ་ན་ལོ་བཅུ་གཉིས་སུ་འཆི་བ་ནས། ཞག་བཅོ་ལྔར་རྒྱུ་ན་ལོ་གཅིག ཞག་ཉེར་ལྔར་རྒྱུ་ན་ཟླ་གསུམ། ཟླ་གཅིག་རྒྱུ་ན་ཞག་གསུམ། ཉི་མ་སོ་གསུམ་རྒྱུ་ན་དེ་ཉིད་ཀྱི་ཉིན་མོར་འཆི་བ་སོགས་ཤེས་པར་བྱ་ཞིང་ནང་གི་ལྟས་ནི་འཚོ་འཆི་རྟོགས་པ་ལ་ཤིན་ཏུ་གལ་ཆེ་སྟེ། སློབ་དཔོན་གྱིས། ཇི་སྲིད་ནང་གི་མཚན་ཉིད་ནི། །ཡང་དག་ངེས་པར་མ་གྱུར་ན། །ཕྱི་ཡི་མཚན་ཉིད་ཁོ་ནས་ནི། །འཆི་ལྟས་ལེགས་པར་ངེས་མ་ཡིན། །གཉིས་ཀ་ངེས་པར་གསལ་བ་ནི། །འཆི་བ་ཉིད་དུ་ངེས་པར་འགྱུར། །ཕྱི་རོལ་བློ་ནི་ཕྱིན་ཅི་ལོག །ནད་ལ་སོགས་པས་ཀྱང་བསྐྱེད་དོ། །ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་སོ། །གཞན་ཡང་སྔ་འགྱུར་
གྱི་རྒྱུད་ལས། བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་པ་དང༌། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང༌། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་སོགས་ངེས་པ་དང་མ་ངེས་པ་དང༌། ཉེ་བ་དང་རིང་བའི་འཆི་ལྟས་ཀྱི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པས་གཞན་ལས་ཤེས་པར་བྱ་བ་ཁོ་ནའོ། །གསུམ་པ་དུས་གང་དུ་བརྟག་ན། ཞི་བ་ལྷས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །བསྣོན་པ་གུད་ནས་ཡོངས་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་ངེས་པར་འཆི་ཞིང་མྱུར་དུ་འཆི་བའི་ངེས་པ་ཅན་ཡིན་པས་ཕྱི་བཤོལ་མི་བྱ་བར་ཆོས་བསྒྲུབ་པ་དང་འཆི་བ་བསླུ་བའི་ཐབས་ལ་ད་ལྟ་ནས་བརྩོན་དགོས་ཀྱི། རྩ་རླུང་གི་ནུས་པ་བསྡུས་ཟིན་པ་དང༌། ནད་ཀྱིས་ལུས་ཟུངས་བཅོམ་པ་དང༌། འབྱུང་གདོན་གྱིས་གནད་ལ་ཐེབས་ཟིན་ནས་འཆི་བ་བསླུར་མེད་དེ། དཔེར་ན། འོག་ཁང་ལ་མེ་ཤོར་སྐབས་ཐབས་ཀྱིས་གསོད་ན་བཅོས་སུ་ཡོད་ཀྱི། སྟེང་ཁང་ལ་ཤོར་ནས་མི་གསོད་ཅིང་འཆོས་སུ་མེད་པ་དང་འདྲའོ། །དེ་ལ་དགོངས་ཏེ་སློབ་དཔོན་གྱིས། འཆི་བའི་མཚན་ཉིད་རིང་མོ་ནས། །ཤེས་བྱ་འོས་པས་བཅོས་པར་བྱ། །སྤྱི་བོར་ཐོག་ནི་བབས་པའི་ཚེ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། །ཅེས་གསུངས་སོ། །བཞི་པ་ནི། ཟླ་ཟེར་ལས། ཇི་ལྟར་འབྲས་བུའི་མེ་ཏོག་དང༌། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །འཆི་ལྟས་མེད་ན་མི་འཆི་ལ། །འཆི་ལྟས་སྣང་ན་འཚོ་མི་འགྱུར། །ཞེས་འབྱུང་སྟེ་འཇིག་རྟེན་ན་འབྲས་བུ་དང་མེ་དང་ཆར་པ་རྣམས་འབྱུང་བའི་སྔ་ལྟས་མེ་ཏོག་དུ་བ་སྤྲིན་རྣམས་ཀྱི་མཚན་མ་འབྱུང་བ་བཞིན་དུ་རྒྱུ་སྔར་བྱུང་ན་འབྲས་བུ་ཕྱིས་འབྱུང་བ་ལ་ཐེ་ཚོམ་མ་མཆིས་སོ། །ལྔ་པ་ནི། སློབ་དཔོན་གྱིས། འཆི་ལྟས་རྣམས་ནི་མཐའ་ཡས་ཕྱིར། །གཅིག་ཅར་འབྱུང་བར་མི་འདོད་ཅིང༌། །ཐམས་ཅད་རིམ་པས་ཀྱང་མ་ཡིན། །འོན་ཀྱང་གཅིག་སོགས་གྲངས་ཀྱིས་སོ། །ཞེས་གསུངས་པ་ལྟར་སྐྱེས་བུ་
གཅིག་གི་འཚོ་བ་ཟད་པ་ལ་འཆི་ལྟས་གྲངས་མེད་པ་དེ་དག་རིམ་དང་གཅིག་ཅར་དུ་འབྱུང་བ་མ་ཡིན་ཅིང༌། ངེས་པའི་འཆི་ལྟས་ནི་གཅིག་གམ་གཉིས་སོགས་འབྱུང་ལ་དེས་ཀྱང་ངེས་པར་འཆི་ཞིང་མ་ངེས་པའི་འཆི་ལྟས་མང་དུ་བྱུང་ཡང་འཆི་བ་བསླུ་བའི་ཐབས་ཀྱིས་བཟློག་པར་འགྱུར་བ་དང༌། ཡང་ཁ་ཅིག་རྨི་ལམ་དང་རྣམ་འགྱུར་ལ་སོགས་པའི་འཆི་ལྟས་མ་བྱུང་ཡང་འཆི་བར་འགྱུར་བ་ནི། ཚེ་གཟུགས་སམ། རླུང་འཐེམ་པ་སོགས་ངེས་པར་འཆི་ལྟས་ཤར་རུང་རང་གིས་མ་ངེས་པ་དང༌། རྨི་ལམ་ལ་སོགས་པའི་ལྟས་བྱུང་རུང་མི་འཆི་བ་ནི་ལྷས་ཆོས་ལ་བསྐུལ་བ་དང༌། ཆོས་སྤྱོད་པ་ལ་འབྱུང་པོ་ལ་སོགས་པས་གནོད་པ་རྩོམ་པའི་ལྟས་སུ་རིགས་པར་བྱའོ། །དྲུག་པ་ནི། སློབ་དཔོན་གྱིས། འཆི་བ་རིང་ནས་ངེས་བྱེད་ཅིང༌། །ཇི་ལྟར་ནུས་པས་གཏོང་བ་དང༌། །གསོ་བ་ལ་ཡང་འཇུག་པ་ནི། །རབ་ཏུ་གྲུབ་པ་ཆེན་པོར་འགྱུར། །ཅེས་གསུངས་པ་ལྟར། འཆི་བའི་ལྟས་མ་ཤེས་པས་ནམ་འཆིའི་དུས་ཚོད་མི་ཤེས། དེ་མ་ཤེས་པས་ཆོས་དང་འཚོ་ཐབས་ལ་བརྩོན་འགྲུས་རྩོམ་པ་མི་བྱེད། དེ་མ་བརྩམས་པས་ཚེ་ཟད་པ་མ་ཚོར་བར་འཆི་བའི་དུས་ཐེམས་ཏེ་བསླུར་མེད་པས་རིང་མོ་ནས་འཚོ་འཆི་བརྟགས་ཏེ་འཚོ་ཐབས་ལ་འབད་པས་རིང་འཚོའི་འབྲས་བུ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །བདུན་པ་འཚོ་ཐབས་ཀྱི་ཆོ་ག་ལ་མཐའ་ཡས་ཀྱང་བསྡུ་ན་གཉིས་ཏེ་ཕྱི་དང་ནང་ངོ༌། །དང་པོ་ལ་གསུམ། ནོར་བུ་དང༌། སྨན་དང༌། སྒོ་གསུམ་གྱི་བྱ་བའོ། །དང་པོ་ལ་གཉིས། མཆོག་དང་ཕལ་པའོ། །དང་པོ་ནི། རྗེ་རང་བྱུང་ཞབས་ཀྱིས། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང༌། །མཆོད་ཅིང་ལུས་ལ་བཅངས་པ་ཡིས། །གདོན་ཀུན་ཕྱོགས་སུ་ཉེ་མི་ནུས། །ཞེས་པ་ལྟར་དེ་དག་ནི་འཆང་བ་ལྟ་ཅི་སྨོས། མཐོང་ཐོས་དྲན་རེག་ཙམ་གྱིས་སྡིག་སྒྲིབ་ཞི་ཞིང་འདོད་པའི་དངོས་གྲུབ་འབྱུང་བ་སོགས་ཕན་ཡོན་མཐའ་ཡས་ཤིང་
ནོར་བུ་མཆོག་རྣམས་ཀྱང་རྒྱལ་བའི་གདུང་འབའ་ཞིག་ལས་གྲུབ་པ་ཡིན་ནོ། །གཉིས་པ་ནི། རྟོག་པ་ལས། རིན་ཆེན་མཚན་ཉིད་བསྟན་བཅོས་སུ། །བཤད་པས་རབ་བརྟགས་རྡོ་རྗེ་འཆང༌། །ཚེ་ཡི་ནོར་བུ་འཆང་བའང་རུང༌། །དེ་བཞིན་སྣ་ཚོགས་ནོར་བུ་འཆང༌། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང༌། །བཅངས་པས་འཆི་བ་ཐམས་ཅད་ནི། །བསླུ་བར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་འདིར་ནི། །སོམ་ཉི་བྱ་བར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །ཅེས་པ་ལྟར། རྡོ་རྗེ་རིན་པོ་ཆེ་«དྲི་མེད་འོད་ལས། བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་ལས་སྐྱེས་པའི་རྡོ་རྗེ་རིན་པོ་ཆེ་ཞེས་གསུངས་པ། »རིགས་བཞི་དང༌། ཨིནྡ་ནཱི་ལ་སོགས་«པདྨ་རཱ་ག ཟླ་བ་ཆུ་ཤེལ། ཀརྐེ་ཏ། མརྐེ་ཏ་སྟེ། »མཆོག་གི་རིན་པོ་ཆེ་ལྔ། གསེར་སོགས་«དངུལ། ཟངས། ལྕགས་རྣོན་པོ། ཁབ་ལེན་ཏེ། »འབྲིང་པོ་ལྔ། ཤེལ་སོགས་«ཛཱི་བཛཱ་ཏི། ཌཽ་ཧི་ཏ། མཆིང་བུ། ནོར་བུ་ལྗང་གུ་སྟེ། »ཐ་མ་ལྔ། རྒྱལ་པོ་འཁྱིལ་པ། ཆུའི་ནོར་བུ། སྦྲུལ་དང་གླ་བའི་ནོར་བུ། དཀར་ཁྲ་མེན། གཟི་མིག་དགུ། ཅེ་སྤྱང་རྭ། ཀུ་ཤ་བྷནྡྷ་ལ་སོགས་པའི་རིན་པོ་ཆེ་བཅངས་པས་ནད་གདོན་རིམས་དུག་སོགས་སྲུང་ཞིང་ཞི་བ་དང༌། འགའ་ཞིག་ཆོ་ག་དང་སྦྱར་ན་ཚེ་རིང་པོར་འཚོ་བའི་བཅུད་ལེན་དུ་འགྱུར་བ་སོགས་ནོར་བུ་སྣ་རེའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ལ་གཉིས། སྨན་དང་བཅུད་ལེན་ནོ། །དང་པོ་ནི། སྨན་གྱི་ནོར་བུ་ཨ་རུ་ར་རྣམ་པར་རྒྱལ་བ་དང༌། ཤུ་དག གླ་རྩི། སླེ་ཏྲེས། ཡུངས་ཀར་ལ་སོགས་པ་རང་བཞིན་གྱིས་གྲུབ་པ་དང༌། རིན་ཆེན་རིལ་བུ་དང་མང་སྦྱོར་ཆེན་མོ་ལ་སོགས་པ་སྦྱར་བའི་སྨན་རྣམས་བཅངས་པའམ་ཟོས་པའི་ཕན་ཡོན་ཀྱང་མངོན་ཏུ་འབྱུང་སྟེ། རྟོག་པ་ལས། གྲུབ་པའི་སྨན་ནི་གཞན་རྣམས་ཀྱང༌། །ངེས་པར་བརྟེན་པར་གྱུར་པ་ཡིས། །ཚེ་འཕེལ་བ་དང་རྒ་བའི་ནད། །ཟད་པས་
འཆི་བ་མི་མཐོང་ངོ༌། །ཞེས་སོ། །གཉིས་པ་ནི་བཅུད་ལེན་གྱི་བསྟན་བཅོས་རྣམས་ནས་འབྱུང་བ་བཞིན་སྦྱོར་ཚུལ་བསྟེན་ལུགས་བསམ་གྱིས་མི་ཁྱབ་ལ། གཙོ་བོ་ནི། བདུད་རྩི་ལྔ་པོ་རབ་སྦྱར་བ། །མན་ངག་ཇི་བཞིན་བསྟེན་པ་ཡིས། །འཆི་བ་བསླུ་བར་འགྱུར་བ་ནི། །ཁ་སྦྱོར་ལ་སོགས་རྒྱུད་ལས་གསུངས། །ཞེས་དང༌། དངུལ་དང་གསེར་སོགས་ཀྱིས་བཅིངས་པའི། །དངུལ་ཆུ་ཆོ་ག་བཞིན་ཟོས་ན། །གྲུབ་པའི་བཅུད་ལེན་རང་བཞིན་ཕྱིར། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་པ་ལ་སོགས་པ་གཞུང་རྣམས་སུ་རྒྱ་ཆེར་འབྱུང་བ་ཉིད་བསྟེན་པར་བྱ་སྟེ་རྒས་པ་སྐྲ་དཀར་གཉེར་མ་དང་བྲལ་ཞིང་ཚེ་ཉི་ཟླ་དང་མཉམ་པ་སོགས་བཅུད་ལེན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །གསུམ་པ་ལ་བཞི་སྟེ། ལུས་ཀྱི་བྱ་བ་ལྷ་ཁང་མཆོད་རྟེན་སྐུ་གཟུགས་གསར་དུ་བཞེངས་པ་«འདུལ་བ་ལུང་རྣམས་འབྱེད་ལས། ཀུན་དགའ་ར་བ་༡གཙུག་ལག་ཁང༌།༢ །མལ་སྟན་༣འཚོ་བ་ནར་མ་དང༌།༤ །གློ་བུར་༥ནད་པར་༦ནད་གཡོག་དང༌། །ཡུལ་ངན་ཚེ་ན་སྦྱིན་པ་༧ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཅེས། »སོགས་རྫས་ལས་བྱུང་བའི་བསོད་ནམས་བདུན་དང༌། ཞིག་པ་འཆོས་པ། སཱཙྪ་འདེབས་པ། ལམ་འཕྲང་འཆོས་པ། རྟེན་གསུམ་ལ་མཆོད་པའི་བྱེ་བྲག་འབུལ་བ། དགེ་བདུན་ལ་ཆོས་སྟོན་གསོལ་བ། ཕ་མ་བླ་མ་ཡེ་ཤེས་རྒན་པ་བསྙེན་བཀུར་བ། མཆོད་རྟེན་ལ་ཕྱག་དང་བསྐོར་བ་བྱེད་པ་ལ་སོགས་པ་དང༌། ངག་གི་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དཀོན་མཆོག་ཏ་ལ། ཕལ་པོ་ཆེ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྣམས་དང༌། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང་སྲུང་བ་ལྔ་དང་གཟའ་ཡུམ་ལ་སོགས་པའི་གཟུངས། ཁྱད་པར་ཚེ་དཔག་མེད་དང་གཙུག་ཏོར་རྣམ་རྒྱལ་གཙུག་ཏོར་དྲི་མེད་ལ་སོགས་པའི་གཟུངས་རང་གིས་ཁ་ཏོན་ཏུ་བགྱིད་པའམ། དགེ་སློང་ཚུལ་དང་ལྡན་པ་ལ་བཀུར་སྟི་དང་བཅས་ཏེ་འདོན་འཇུག་པ་དང༌། ཡིད་ཀྱི་བྱ་བ་རྟོག་པ་ལས། །འབད་པས་འཆི་བ་བསླུ་བ་ནི། །དད་པ་ཉིད་ཀྱིས་བྱ་བར་ནུས། །དེ་བས་དད་པ་
བརྟན་པར་བྱ། །གཞན་ཏུ་ངལ་བ་དོན་མེད་འགྱུར། །ཞེས་སོགས་འབྱུང་བ་ལྟར་དཀོན་མཆོག་ལ་དད་པ་བརྟན་པོ་དང༌། ལས་འབྲས་ལ་ཡིད་ཆེས། བསྒྲུབ་བྱའི་ལྷ་ལ་ངེས་ཤེས། ཁྱད་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་ཏུ་བསླབ་ཅིང་འཚོ་བའི་ཆོ་ག་ལ་སྤྲོ་བ་ཆེན་པོ་དང་ལྡན་པར་བྱའོ། །གསུམ་ཀའི་བྱ་བར་བདེན་པ་དང་དཀའ་ཐུབ། སྦྱིན་དང་བཟོད་པ། དཀྱིལ་འཁོར་བྲི་བ། སྦྱིན་སྲེག ཕྱག་རྒྱ། གཏོར་མ། ཚོགས་འཁོར་ལ་སོགས་པ་བྱ་བ་དང༌། རྟོག་པ་ལས། བྱ་ཉ་རི་དྭགས་རྐུན་མ་དང༌། །སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཅེས་དང༌། བཙོན་ར་ནད་དང་གདུང་བ་དང༌། །འཚེ་སོགས་འཇིགས་པ་ཇི་ཙམ་ཡང༌། །བསྐྱབས་བྱས་ན་ནི་ངེས་པ་རུ། །ཚེ་རིང་འཆི་བ་སླུ་བྱེད་ཡིན། །ཞེས་པ་ལྟར་འབྲས་བུའི་རྒྱུ་མཐུན་པ་ལ་ནན་ཏན་ཏུ་འབད་པ་དང༌། ཁྱད་པར་དབེན་པར་རས་བྲིས་བཀྲམ་པའི་མདུན་ཏུ་མཆོད་པ་དང་གཙང་སྦྲ་བཅས་ཏེ། ལྷ་ལ་སེམས་རྩེ་གཅིག་པས་སྤྱན་རས་གཟིགས་ཡི་གེ་ཕྱེད་བཞི་པ་འབྲུ་འབུམ་བཟླ་བ་དང༌། སྒྲོལ་མའི་སྙིང་པོ་བཅུ་བདུན་མ་དང༌། སོ་འབྲང་མའི་སྙིང་པོ་གྲངས་སུ་བཟླས་པའི་མཐར་དཱུརྦའི་སྦྱིན་སྲེག་བཅུ་ཆ་བྱ་བ་དང༌། སྤྱན་མའི་རིག་པ་བཀྲུ་བའི་ཆོ་ག་དང༌། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཆོ་ག་ལྟར་བཟླ་བ་དང༌། འཇིག་རྟེན་དབང་ཕྱུག་འཆི་བ་ལས་རྒྱལ་གྱི་གསང་སྔགས་འབྲུ་འབུམ་བཟླས་མཐར་མེ་ཏོག་དཀར་པོའི་སྦྱིན་སྲེག་བྱེད་པ་ལ་སོགས་པས་སྡིག་པ་དང་ནད་ཞི་བ་དང༌། འཆི་བ་བསླུས་ནས་ངེས་པར་ཚེ་རིང་པོར་འགྱུར་ཏེ་སྔགས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་སོ། །གཉིས་པ་ནང་ལྟར་ན་གཉིས་གཞན་གྱིས་འཚོ་བའི་ཆོ་ག་བྱེད་པ་དང༌། རང་གིས་བྱེད་པའོ། །དང་པོ་ནི། ཚེ་ཉམས་པ་ལ་སོགས་པའི་ལྟས་མཐོང་ཡང་རང་ཉིད་ཀྱིས་གསོ་བའི་ཐབས་མི་ཤེས་པའི་སྐྱེ་བོ་ཕལ་པའམ། ཤེས་ཀྱང་ཉམས་སུ་ལེན་མི་ནུས་པ་དག་གིས་མཁྱེན་བརྩེ་ནུས་པ་དང་ལྡན་
པའི་རྡོ་རྗེ་སློབ་དཔོན་གཞན་ལ་བརྟེན་ཏེ་རིང་འཚོའི་ཆོ་ག་བསྒྲུབ་དགོས་ཏེ། དེའི་མཚན་ཉིད་ཀྱང་སྔ་འགྱུར་གྱི་རྒྱུད་ལས། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང༌། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཅེས་གསུངས་པ་ལྟར་ཏེ་གསོ་བྱེད་ཀྱི་ཚུལ་ནི་ལྷག་པའི་ལྷ་ཁྱད་པར་ཅན་གྱི་རྣལ་འབྱོར་ལ་བརྟེན་ནས་རང་དོན་ཏུ་སྒྲུབ་པའི་ཚུལ་ལྟར་ལ་ཏིང་ངེ་འཛིན་གྱི་ཁ་སྒྱུར་ཅི་རིགས་སུ་བྱ་བ་ཡིན་ནོ། །གཉིས་པ་ལ་གཉིས། བསྐྱེད་རིམ་གྱིས་ཚེ་སྲིང་བ་དང༌། རྫོགས་རིམ་ལ་བརྟེན་ནས་སྲིང་བའོ། །དང་པོ་ལ་གཉིས། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི། སྒྲོལ་མ་འབྱུང་བའི་རྒྱུད་ཕྱི་མ་ལས། བགེགས་འཇོམས་བདུད་རྩི་འཁྱིལ་བ་ནི། །དང་པོར་འབུམ་ཕྲག་བཟླས་བྱས་ནས། །མཆོད་རྟེན་ལ་སོགས་བྱེད་པ་དང༌། །མཆོད་དང་སྐོར་བ་ལ་སོགས་བྱ། །ཞེས་འབྱུང་སྟེ། ཆར་འབེབས་པ་ལ་རླུང་མནན་པའམ། ལོ་ཏོག་བསྐྲུན་པ་ལ་གནོད་པ་སྲུང་བའི་བྱ་བ་གཙོར་འདོན་དགོས་པ་ལྟར། འདོད་པའི་དོན་བསྒྲུབ་པ་ལ་ཐོག་མར་བར་ཆད་ངེས་པར་ཞི་བར་མ་བྱས་ན་འབད་པ་དོན་དང་མི་ལྡན་པས། སྤྱི་འགྲོར་བགེགས་མཐར་བྱེད་ཀྱི་རྩ་སྔགས་སམ་སྙིང་པོ་འབུམ་དང་སྦྱིན་སྲེག་ཁྲི་བྱ་བའམ། དམིགས་བསལ་རང་རིགས་ཀྱི་ལས་ཀྱི་ལྷ་བདུད་བགེགས་འདུལ་བ་ལ་ཆེད་དུ་བསྔགས་པའི་ཁྲོ་བོ་ཆེན་པོ་གང་ཡང་རུང་བའི་སྒོམ་བཟླས་སྦྱིན་སྲེག་དང་བཅས་པས་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱ་སྟེ་ཚོང་དོན་གཉེར་ཏུ་འགྲོ་བ་ལ་སྐྱེལ་མའམ་གྲོགས་སྟོབས་ཆེན་དང་འགྲོགས་པ་བཞིན་ཚེ་སྒྲུབ་སྤྱི་ལ་འདི་ཁོ་ན་གལ་ཆེ་བས། གསར་རྙིང་གི་མན་ངག་འགར་ཚེ་རྟ་ཟུང་འབྲེལ་དང་ཚེ་ཕུར་སྦྲགས་མ་སོགས་འབྱུང་བའང་དོན་འདི་ལ་དགོངས་པའོ། །གཉིས་པ་དངོས་གཞི་ལ། སྤྱིར་རང་གི་ལྷག་པའི་ལྷ་གང་ཡིན་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པ་དང༌། ཁྱད་པར་འཆི་མེད་ཚེ་དབང་སྩོལ་བ་
ལ་ཆེད་དུ་ཐུགས་བསྐྱེད་ཅིང་སྨོན་ལམ་ཡོངས་སུ་གྲུབ་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཚེ་དཔག་མེད། འཇིག་རྟེན་དབང་ཕྱུག ཡིད་བཞིན་འཁོར་ལོ་ལ་སོགས་པ་གཙོ་བོ་རྐྱང་པའི་བསྐྱེད་རིམ་ནན་ཏན་ཏུ་བསླབ་ཅིང་བཟླས་པ་བྱ་བ་དང༌། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད་སོགས་དཀྱིལ་འཁོར་དང་བཅས་པའི་བསྐྱེད་བཟླས་བྱ་བ་དང༌། སྡོམ་པའི་རྒྱུད་ལས་གསུངས་པ་ཀེང་རུས་ཏཱ་རཱའི་གདམས་ངག་གམ། ཟླ་བ་བ་འཇོའི་བསམ་གཏན་སོགས་གང་ཡང་རུང་བའི་བསམ་གཏན་ལ་ཟླ་བ་དྲུག་ལ་སོགས་པར་རྩེ་གཅིག་ཏུ་གནས་པས་ངེས་པར་འཆི་བ་ལས་རྒྱལ་བར་འགྱུར་རོ། །གཉིས་པ་ལ་གཉིས། མཚན་བཅས་ཀྱི་རྫོགས་རིམ་དང༌། མཚན་མེད་ཀྱི་རྫོགས་རིམ་ལ་བརྟེན་ཏེ་ཚེ་སྲིང་བའོ། །དང་པོ་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གཉིས། རྡོར་བཟླས་དང༌། བུམ་པ་ཅན་ནོ། །དང་པོ་ནི། སྤྱིར་རིམ་ལྔ་ལས། བརྗོད་དང་དམིགས་པར་བཅས་པ་དང༌། །བརྡ་གྱུར་དང་ནི་དོན་དམ་མོ། །ཞེས་རྡོར་བཟླས་ཀྱི་དབྱེ་བ་བཞིར་གསུངས་པ་གང་ཡང་རུང་བ་འབུམ་ཕྲག་གཅིག་བཟླས་པས་ཚེ་ཉམས་པའང་ལོ་ལྔར་འཚོ་བ་སྡོམ་འབྱུང་ལས་གསུངས། ཁྱད་པར་བདུད་རྩི་སྡུད་པའམ་རྩོལ་བ་འགོག་པ་ཞེས་ཚེ་སྲིང་བ་ལ་མཆོག་ཏུ་བསྔགས་པའི་མན་ངག་གི་རྡོར་བཟླས་ནི། རྟོག་པ་ལས། རླུང་ནི་འཇུག་པ་བསྔགས་པ་ཡིན། །བདུད་རྩི་འཚོ་བར་བྱེད་པའི་ཐབས། །དེ་ཕྱིར་འཆི་བས་མི་ཚུགས་སོ། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱིས་ཆོ་ག་བཞིན། །རླུང་ནི་འཇུག་པ་བགྲང་བ་ནི། །སྒྲ་མེད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་ཕྲག་གི །ཆོ་ག་ཡོངས་སུ་རྫོགས་པ་ཡིས། །མི་ནི་ཚེ་ཉམས་གྱུར་པ་ཡང༌། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་བཟླས་པ་ཉིད། །ཚེ་འཕེལ་བར་ནི་བསྒྲེ་བར་བྱ། །ཞེས་དང༌། ནངས་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་
ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང༌། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་སོ། །གཉིས་པ་བུམ་པ་ཅན་ཆེ་འབྲིང་ཆུང་གསུམ་ལས་ཆེན་པོ་གྲུབ་པས་ཚེ་སྲིང་བར་འགྱུར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། ཉིན་མཚན་དུ་ནི་དབུ་མར་སྲོག །ཞུགས་པས་ནད་རྣམས་འཕྲོག་པར་བྱེད། །ཚེས་ཀྱི་ཉིན་ཞག་སྲོག་བཅིངས་ན། །འདིས་ནི་མཁའ་སྤྱོད་ཉིད་སྟེར་བྱེད། །ཟླ་གཅིག་སྲོག་བསད་སྙིང་གར་གནས། །རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། །ཞེས་བུམ་པ་ཅན་ཞག་གཅིག་འཆིངས་ནུས་པས་ནད་ལས་རྒྱལ་བ་དང༌། ཟླ་ཕྱེད་ཀྱི་མཁའ་སྤྱོད་འགྲུབ་པ་དང༌། ཟླ་གཅིག་གིས་འཆི་མེད་འགྲུབ་པར་བཤད་དོ། །གཉིས་པ་ཞར་བྱུང་ནི། སྐྲ་དཀར་ལ་སོགས་པའི་འཇིག་ཅིང་འཇིགས་པ་ལས་སྲུང་བ་སོགས་ཕན་སྟོབས་ཆེན་པོ་དང་ལྡན་པའི་ལྕེ་རྩེ་རྐན་སྦྱར་གྱི་བཟླས་པ། འཕྲལ་དུ་འཆི་ལྟས་ཟློག་ཅིང་ཡུན་དུ་འཆི་མེད་འགྲུབ་པའི་ནམ་མཁའ་བ་འཇོའི་བསམ་གཏན། འཆི་ལྟས་ཀྱི་འཕེལ་བ་ཟློག་པ་ཡོན་པོ་སྲོང་བ་ལ་སོགས་པ་གདམས་ངག་སོ་སོ་ལས་འོངས་པའི་གནད་དང་སྦྱར་ཏེ་རྩེ་གཅིག་གམ་ཞར་བྱུང་དུ་བསྒོམས་པས་ཀྱང་ཚེ་སྲིང་བའི་ནུས་པ་ཆེན་པོ་དང་ལྡན་པས་འདི་དག་ནི་གཞན་ཀུན་གྱི་ཡན་ལག་ཏུ་སྦྱར་བའང་བྱའོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ལ་རྣམ་གྲངས་དང༌། དོན་དམ་གཉིས་ལས། དང་པོ་ནི། མཁས་པས་དངོས་པོ་མི་སྒོམ་ཞིང༌། །དངོས་པོ་མེད་པའང་བསམ་མི་བྱ། །དངོས་དང་དངོས་མེད་ལས་རྣམ་གྲོལ། །དེ་སྤངས་པ་ནི་བསྒོམ་པར་བྱ། །ཞེས་པའི་ཚུལ་ལ་དཔྱད་སྒོམ་པས་རྒྱས་འདེབས་དང༌། འཇོག་སྒོམ་པས་མོས་དཔྱོད་ཀྱི་ཚུལ་གྱིས་ཉམས་སུ་ལེན་པ་དང༌། གཉིས་པ་ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང༌། ཡུལ་ཅན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་རོ་མཉམ་མངོན་སུམ་ལམ་དུ་བྱེད་དེ་ཏིང་ངེ་འཛིན་གྱི་སྐུ་བསྒྲུབ་པ་སྟེ། དེ་དག་གིས་ནི་སྲིད་པའི་འཆི་བ་སོགས་ཆུ་བོ་བཞི་གཏན་དུ་གཅོད་པའི་ཕྱིར། ངག་གི་དབང་ཕྱུག་གིས།
རྣམ་ཀུན་འཆི་བ་བསླུ་བ་ནི། །གྲོལ་བ་ཉིད་ལ་རགས་པ་ཡིན། །མ་གྲོལ་བ་རྣམས་ཐམས་ཅད་ལ། །ཇི་ཙམ་དུས་ལས་བསྲིང་བའོ། །ཞེས་དང༌། དེ་བཞིན་ཉིད་ཀྱིས་འཆི་དང་བདུད། །དགྲ་རྣམས་གཞན་ལས་རྒྱལ་བར་འགྱུར། །ཉེས་པ་མ་ལུས་རབ་ཏུ་ཞི། །ཡོན་ཏན་མ་ལུས་འབྱུང་བ་དང༌། །སྐྱེས་བུ་དེ་ཉིད་ཀྱིས་རྒྱལ་ཞིང༌། །མངོན་པར་འདོད་པ་རྣམས་ཀྱང་འགྲུབ། །དེ་བཞིན་ཉིད་ནི་སྟོང་ཉིད་བཤད། །རྣམ་པ་ཀུན་མཆོག་བདག་ཉིད་ཅན། །དེ་ཉིད་རྟག་ཏུ་གོམས་བྱས་ན། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཅེས་གསུངས་སོ། །དེ་དག་ཀྱང་མདོར་ན་ཚེ་ཟད་པ་ལ་ཚེ་ཆོག འཆི་བསླུ། རླུང་གི་སྦྱོར་བ་སོགས་དང༌། ལས་ཟད་པ་ལ་སྲོག་བསླུ། ཉེའུ་འདོན། དཀའ་ཐུབ་ལ་སོགས་པ་དང༌། བསོད་ནམས་ཟད་པ་ལ་མཆོད་པ་དང་སྦྱིན་གཏོང་ལ་སོགས་པས་གསོ་ཞིང་དད་པ་བརྩོན་འགྲུས་བསྐྱེད་རྫོགས་ཀྱི་ཉམས་ལེན་ནི་ཐམས་ཅད་དུ་གལ་ཆེའོ། །དེའི་ཕྱིར་སློབ་དཔོན་གྱིས། བསོད་ནམས་ཀྱིས་ནི་འདོད་པ་འགྲུབ། །དེ་བས་བསོད་ནམས་འབད་པས་བྱ། །དད་པས་ཐམས་ཅད་ཡང་དག་འགྲུབ། །དེ་བས་དད་པ་རྣམ་པར་སྤེལ། །བརྩོན་འགྲུས་ཀྱིས་ནི་བརྩམ་པ་འགྲུབ། །དེ་བས་བརྩོན་འགྲུས་སྔོན་འགྲོ་བྱ། །བསམ་གཏན་གྱིས་ནི་འདོད་འབྲས་བརྟན། །དེ་ཕྱིར་བསམ་གཏན་སེམས་གཅིག་བྱ། །འདུ་འཛི་སྤངས་པས་ཉམས་ལེན་འགྱུར། །དེ་ཕྱིར་འདུ་འཛི་རྣམ་པར་སྤང༌། །ཡང་དག་ཤེས་ལྡན་ཐམས་ཅད་འགྲུབ། །དེ་བས་ཡེ་ཤེས་ཀུན་ལྡན་བྱ། །ཞེས་གསུངས་སོ། །བརྒྱད་པ་ལ་སྔ་འགྱུར་དང་ཕྱི་འགྱུར་གཉིས། དང་པོ་སྔ་འགྱུར་བཀའ་མའི་ཕྱོགས་སུ་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་སོགས་རང་རྐང་ཚུགས་པ་དང༌། འདུས་མདོའི་རྩ་རྒྱུད་ལེའུ་བཅུ་གསུམ་པ་ནས་བཤད་པའི་ཚེ་དཀྱིལ་དང༌། རྫོགས་ཆེན་གྱི་རྒྱུད་རྣམས་ནས་འཆི་བསླུ་གསལ་རྒྱས་སུ་གསུངས་པས་མཚོན་ཞར་བྱུང་གི་རིམ་པ་ཇི་སྙེད་མཆིས་པ་ལ་བརྟེན། འདུས་མདོའི་ཡན་ལག་གི་ཚེ་དཀྱིལ་དང༌། སྒྱུ་འཕྲུལ་ཡན་ལག་སངས་
རྒྱས་གསང་བའི་མན་ངག་ཚེ་དཔག་མེད་ལུང་ལུགས་སུ་གྲགས་པ་གཉིས་ལ་ཟུར་པ་དང་རོང་ཟོམ་རོག་སྨིན་གླིང་སྐུ་མཆེད་སོགས་ཀྱི་ཡིག་ཆ་དང་དབང་ལུང་རྒྱུན་མ་ཆད་པར་བཞུགས་ཤིང༌། ཆོ་གའི་ཆིངས་ལུང་བདུན་གྱིས་འཆིང་བར་མཛད་དེ། ཚེ་བཅའ་ཚེ་ཡི་དཀྱིལ་འཁོར་དང༌། །ཚེ་ཡི་རང་བཞིན་འགུགས་པ་དང༌། །ཚེ་བཅིང་ཚེ་ཡི་བརླན་ཐབས་དང༌། །ཚེ་ཡི་དབང་བསྐུར་བསྟིམ་པའོ། །ཞེས་པ་ལྟར་རོ། །གཏེར་མའི་ཕྱོགས་ལ། སངས་རྒྱས་གཉིས་པ་པདྨ་ཀ་ར་ཉིད་ངེས་པའི་དོན་ཏུ་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཉིད་དུ་གྲུབ་ཀྱང་གདུལ་བྱ་གཞན་སྣང་དུ་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་ལ་བརྟེན་ཏེ་མཱ་ར་ཏི་ཀར་ཚེ་དབང་རིག་འཛིན་བརྙེས་པའི་ཚུལ་བསྟན། ཚེ་རྒྱུད་བྱ་བ་བརྒྱ་ཕྲག་ལྷ་མོ་ཙནྡྷ་ལཱིས་ཕུལ་ཞིང་ཚེ་དཔག་མེད་ཀྱིས་གནང་བ་བསྩལ་བ་ལ་བརྟེན་ཚེའི་རིག་འཛིན་སྒྲུབ་པའི་ཐབས་དཔག་ཏུ་མེད་པར་མཛད་དེ་འཕགས་བོད་ལ་སོགས་པར་རྒྱ་ཆེར་སྤེལ་ཞིང༌། མ་འོངས་པའི་གདུལ་བྱ་ལ་དགོངས་ནས་ཕྱོགས་བཞི་དབུས་ལྔའི་གཏེར་དུ་བཙས་པ་རྣམས། སྐུ་གསུམ་རིགས་འདུས་སྔ་ཕྱི་གསུམ་ཉང་དང་སངས་གླིང་བྱང་བདག་གསུམ་གྱིས་ཕྱུང་ཞིང༌། རད་གླིང་དང་པད་གླིང་གིས་རྡོ་རྗེ་ཕྲེང་བ་ཕྱུང་བས་མཚོན་གཏེར་སྟོན་རེ་རེས་ཀྱང་ཚེ་སྒྲུབ་ཀྱི་གདམས་པ་འདྲ་མིན་མང་དུ་བཏོན་པའི་རྒྱུད་དང་གདམས་པའི་རྣམ་གྲངས་བརྗོད་པར་མི་ལངས་ཀྱང༌། ངོ་བོའི་སྒོ་ནས་བསྡུ་ན། གཙོ་སྒྲུབ་བཅོམ་ལྡན་འདས་ཚེ་དཔག་མེད་དང༌། ཐུགས་རྗེ་ཆེན་པོ་ཡབ་ཡུམ། བླ་མ་ལོངས་སྐུ་དང་སྤྲུལ་སྐུའི་སྒྲུབ་ཐབས་རྣམས་སུ་ཅི་རིགས་པར་འདུ་ཞིང༌། ཞར་བྱུང་རྩ་གསུམ་སོ་སོའི་ལས་མཐའ་རྒྱས་ནི་བསམ་གྱིས་མི་ཁྱབ་བོ། །དེ་དག་རེ་རེ་ལའང་བདག་མདུན་བུམ་པ་སྒྲུབ་པ། དབང་བསྐུར། ཚེ་རྫས། འཁོར་ལོ། ཟ་ཡིག བཅུད་ལེན། ཐབས་ལམ། ནམ་མཁའ་ཟས་ཟ་སོགས་ལ་བརྟེན་ནས་ཚེ་སྲིང་བའི་ཐབས་སྣ་རེ་རེས་ཀྱང་དགོས་པ་འགྲུབ་པའི་གདམས་ངག་གི་དབྱེ་བསྡུ་དང༌། བདེར་
འདུས་ལས། ཚེ་ལུང་ལྔར་བཤད་པས་མཚོན་ཆོ་གའི་ཆིངས་ཀྱི་བྱེ་བྲག་ནི་སྨོས་ཀྱིས་མི་ལངས་སོ། །དག་སྣང་གི་ཕྱོགས་ལ། ཨོ་རྒྱན་ཆེན་པོས་དངོས་སུ་བསྩལ་བ་རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་སྒྲུབ་མདའ་འཕེལ་མར་གྲགས་པ་ངོ་མཚར་མངོན་སུམ་སྐྱེད་པ་དང༌། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་འཆི་མེད་དཔལ་སྟེར་ཞེས་བྱིན་རླབས་ཚན་ཁ་མཆོག་ཏུ་ཆེ་བ་དང༌། འབྲི་གུང་ཆོས་ཀྱི་གྲགས་པའི་སྒྲ་མི་སྙན་གྱི་ཚེ་སྒྲུབ་དབང་གཞུང་ལས་ཁ་ཚར་བཅས་པ་དང༌། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོའི་ཧྲཱིཿགཅིག་མ་ཞེས་ཟབ་ཅིང་རྒྱ་ཆེ་བ་དང༌། ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ལས་འབྱུང་བའི་ཚེ་སྒྲུབ་བསྐྱེད་རྫོགས་ཤིན་ཏུ་ཟབ་པ་སོགས་ཡོངས་སུ་གྲགས་པ་དང་མ་གྲགས་པ་ཤིན་ཏུ་མང་སྟེ་སོ་སོའང་དབང་བསྐུར་བསྙེན་སྒྲུབ་ལས་ཁ་ཚར་དང་བཅས་པའོ། །རླུང་གི་རྣལ་འབྱོར་གཙོ་བོར་བསྟན་ཅིང་བཅུད་ལེན་གྱི་སྒོ་ནས་རྡོ་རྗེའི་ཚེ་སྒྲུབ་པ་ལ་མཆོག་ཏུ་ཟབ་ཅིང་ཡོངས་སུ་གྲགས་པ་ནི་སློབ་དཔོན་ཆེན་པོའི་སྒྱུ་འཕྲུལ་གྱི་བཀོད་པ་གྲུབ་ཆེན་ཛཱ་ཧཱ་བྷིར་གྱི་གདམས་པ་བྷྲཱུྃ་རླུང་རིགས་གསུམ་སྟེ། བཀའ་བབ་དང་པོ་ཛོ་ཀི་བཛྲ་ནཱ་ཐས་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་བསྩལ་བ་དང༌། ཐར་པ་མ་ཎི་ཀ་ནཱ་ཐས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་གནང་བ་དང༌། ཕྱི་མ་གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་དག་པའི་སྣང་བར་ཛཱ་བྷཱིར་ཉིད་ཀྱིས་དངོས་སུ་གནང་བ་སྟེ་སྔ་མ་གཉིས་ལ་ལུང་དང་ཁྲིད་ཀྱི་རྒྱུན་དང༌། ཕྱི་མ་ལ་དབང་ལུང་སྨིན་ཁྲིད་བྱིན་རླབས་ཉམས་མྱོང་གྲུབ་པའི་རྟགས་མཚན་མ་ཆད་པར་བཞུགས་སོ། །གཉིས་པ་ཕྱི་འགྱུར་གསར་མའི་ཕྱོགས་སུ་ཚེའི་མདོ་རྒྱུད་རང་རྐང་ཚུགས་པ་ནི། བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་པའི་མདོ་གཟུངས་དང༌། འཆི་མེད་རྔ་སྒྲའི་གཟུངས་གཉིས། གཤེགས་རིགས་ཀྱི་ཡུམ་གཙུག་ཏོར་རྣམ་རྒྱལ་མ་ལ། བདེ་བ་ཅན་དང༌། ངན་འགྲོ་ཡོངས་སྦྱོང༌། འཆི་བདག་དབྱུག་འཛིན་བཅས་གཟུངས་སྡེ་གསུམ་དུ་བཞུགས་ལ། གཙུག་ཏོར་དྲི་མེད་ཀྱང་
ཚེ་སྤེལ་བ་གཙོ་བོར་གསུངས་ཤིང༌། རྒྱུད་སྡེ་བཞི་ཀར་ཞར་ལས་འོངས་པ་ནི་མཐའ་ཡས་སོ། །དེ་དག་ལ་བརྟེན་པའི་ཆོ་ག་དང་གདམས་ངག་གི་སྐོར་ནི། རྣལ་འབྱོར་འཕྲོས་རྒྱུད་ངན་སོང་སྦྱོང་བའི་བརྟག་པ་ནས་གསུངས་པ་སློབ་དཔོན་ཀུན་དགའ་སྙིང་པོའི་བཀའ་སྲོལ་ཇོ་བོ་རྗེ་ལས་བརྒྱུད་པ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་པ་དང༌། གསུང་དཀྱིལ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གཉིས། གྲུབ་པའི་སློབ་དཔོན་ཛེ་ཏ་རིས་བཀྲལ་བ་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ལ་བརྟེན་པའི་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དང༌། རྔ་སྒྲའི་གཟུངས་ལ་བརྟེན་པའི་ལྷ་བཅོ་ལྔའི་དཀྱིལ་འཁོར་གཉིས། འགྲོ་བའི་མེ་ལོང་གིས་བྱ་བཏུས་སུ་བཤད་པ་གཙུག་ཏོར་རྣམ་རྒྱལ་ལྷ་སོ་གསུམ་མའི་དཀྱིལ་འཁོར་དང༌། མི་ཏྲའི་རྡོར་ཕྲེང་དུའང་ལྷ་དགུའི་དཀྱིལ་འཁོར་བཞུགས་ཤིང༌། བདེ་བ་ཅན་གྱི་གཙུག་ཏོར་རྣམ་རྒྱལ་གཟུངས་ལ་བརྟེན་པ་རྣམ་རྒྱལ་ལྷ་དགུ་པའི་ལུགས་ཏེ་སྔ་མ་རྣམས་དབང་དང་ཕྱི་མ་རྗེས་གནང་གི་རྒྱུན་ལ་བརྟེན་སྒྲུབ་མཆོད་སྟོང་མཆོད་དབང་བསྙེན་སྒྲུབ་འཆི་བསླུ་སོགས་ཀྱིས་འགྲོ་བ་མཐའ་ཡས་པ་དུས་མིན་འཆི་ལས་སྐྱོབ་ཅིང་གནས་སྐབས་མཐར་ཐུག་གི་དངོས་གྲུབ་སྩོལ་བ་གྲུབ་མཐའ་ཡོངས་ལ་གྲགས་སོ། །གཙུག་ཏོར་དྲི་མེད་ལྷ་དྲུག་གི་རིག་པ་གཏད་པའི་རྒྱུན་དཀྱིལ་འཁོར་དང་སྲོག་ཤིང་འཇུག་པ་སཱཙྪ་གདབ་པའི་ཆོ་ག འཆི་བསླུའི་ཡིག་ཆ་ཕྱག་ལེན་གྱིས་བརྒྱན་པའི་བྱིན་རླབས་ཅན་ཞྭ་ལུ་དང་ངོར་ལུགས་ལ་བཞུགས་ཤིང་དར་སྲོལ་ཀྱང་ཆེར་བྱུང་ངོ༌། །བདེ་མཆོག་རྩ་རྒྱུད་འབུམ་པ་སོགས་ལས་བསྟན་པའི་མ་རྒྱུད་པདྨ་གར་དབང་ངམ་དཔལ་ཧེ་རུ་ཀའི་རིགས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སུ་གྲགས་པ་ནི་མ་གཅིག་གྲུབ་པའི་རྒྱལ་མོས་རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་རྡོ་རྗེ་གྲགས་པ་ལ་དངོས་སུ་སྩལ་བ་སྟེ། འདི་ལ་ཕྱི་སྒྲུབ་ལྷ་ཚོགས་སྟོང་དང་ལྔ་བརྒྱ། ནང་སྒྲུབ་ཉིས་བརྒྱ་ཉེར་ལྔ། གསང་སྒྲུབ་ལྷ་བཅུ་གསུམ་མ་སྟེ་དཀྱིལ་འཁོར་དང་འབྲེལ་བ་དང༌། གཙོ་རྐྱང་གི་སྒྲུབ་
ཐབས་ཡང་གསང་ལྷ་གཅིག་བུམ་གཅིག ཚེ་དཔག་སྤྲུལ་སྐུའི་སྒྲུབ་ཐབས། དཀར་པོ་ཕྱག་བཞི་པ་སོགས་མཐའ་ཡས་པ་ཞིག་ཡོད་པར་གྲགས་ཤིང༌། འབྲུག་ལུགས་ཞི་བ་ལྷ་མང་དང་ཁྲོ་བོ་ལྷ་མང་གི་དབང་ལུང་རྒྱུན་དང༌། གཙོ་རྐྱང་གསུམ་གྱི་རྗེས་གནང་སོགས་དང༌། ཁྱད་པར་ལྷ་གཅིག་བུམ་གཅིག་ནི་གྲུབ་མཐའ་ཡོངས་ལ་གྲགས་ཤིང་ཤིན་ཏུ་ཁྱབ་ཆེ་བས་རས་ཆུང་པའི་གདམས་ངག་ཤམ་བུ་ཅན་བཅོ་བརྒྱད་ཀྱི་ནང་གསེས་ཚེ་དཔག་མེད་འགྲོ་དོན་གྱི་ཤམ་བུ་ཅན་ཏུ་བཞེད་ཅིང༌། འདི་ལ་འབའ་ར་བའི་སྙན་བརྒྱུད་བསྐྱེད་བཟླས་ཀྱི་རིམ་པ་ལ་བརྟེན་ནས་ཚེ་བཅུད་བསྡུ་བ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་སྟེ་མན་ངག་ཁྱད་པར་ཅན་གྱི་ཚེ་ཁྲིད་མཐའ་རྒྱས་བཅུད་ལེན་གྱི་ལས་ཚོགས་དང་བཅས་པ་གྲུབ་པའི་མཚན་རྟགས་མ་ཆད་པར་བཞུགས་སོ། །གཞན་ཡང་ངན་སོང་སྦྱོང་རྒྱུད་ལ་བརྟེན་པ་ཨ་བྷཱ་ཡའི་གདམས་ངག་བ་རི་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུ་དང༌། གཟུངས་ལས་གསུངས་པའི་ཚེ་དཔག་མེད་དཀར་པོ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཞེད་སྲོལ་ཆག་ལོ་ནས་བརྒྱུད་པ་ཚར་ལུགས་དཀར་པོ་ལྷ་གསུམ་དུ་འདྲེན་པ་དང༌། བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པ་བསླབ་བཏུས་ནས་བཤད་པའི་ལུས་སྲུང་བའི་རིག་སྔགས་དང་ཚུལ་གཅིག་པ་ལྷའི་དགེ་བསྙེན་གྱིས་བྱང་གླིང་ནས་བླངས་ཏེ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་གཏད་པ་སྒྲ་མི་སྙན་གྱི་ཚེའི་རང་གཟུངས་སུ་གྲགས་པ་ལ་རང་ལུས་ལྕགས་ཀྱི་རྡོ་རྗེར་བསྒོམ་ཞིང་གཟུང་སྔགས་བཟླ་བ་གཏད་ལུང་གི་བརྒྱུད་པ་ཅན་དང༌། ཤཱཀ་ཐུབ་སྒོམ་བཟླས་ཡོད་པའི་སྒོམ་ལུང་ཕོག་པ་དང༌། ཚེ་དཔག་མེད་ལྷུང་བཟེད་བསྣམས་པའི་མངོན་རྟོགས་དང་འབྲེལ་བ་ཚེ་དབང་སྒྲུབ་ཐབས་བཅས་པཎ་ཆེན་ནགས་རིན་ནས་བརྒྱུད་པ་སྟེ་ལུགས་གསུམ་དང༌། རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་གི་ཡ་གྱལ་ཐུབ་པ་མེ་རུ་ཤི་ཥ་དང༌། ཤཱཀྱ་རཀྵི་ཏའི་མན་ངག་རྣམ་རྒྱལ་མ་ཕྱག་གཉིས་ལ་སོགས་པ་གཙོ་རྐྱང་གི་རིགས་ནི་མང་དུ་འབྱུང་ངོ༌། །བོད་སྔ་མ་རྣམས་
སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྒྱུད་སོགས་ལ་བརྟེན་པའི་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་བཞེད་ཅིང༌། ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་སྒྲོལ་མ་བླ་མེད་ཀྱི་ཤིང་རྟ་གསར་དུ་དྲངས་པ་ནས་ཁུངས་ཆོད་དེ་མངོན་འབྱུང་གི་རྒྱུད་ལ་བརྟེན་པར་བཞེད་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བདག་སླུ་བའི་རྟོག་པ་ལས་ཕྱུང་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བོད་དུ་བཀའ་བབ་བཞིའམ་དྲུག་ཏུ་བཞེད་པའི་དང་པོ་ཇོ་བོ་ལུགས་ལ་སྒྲུབ་ཐབས་ལས་ཚོགས་ཚེ་ཁྲིད་དང་བཅས་པ་བྱིན་རླབས་དང་གྲུབ་པའི་མཚན་མ་མ་ཆད་པ་ཁྱད་འཕགས་སུ་བཞུགས། གཉིས་པ་བ་རི་ལུགས་ལ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་སུ་གྲགས་པའི་རྗེས་གནང་ཐུན་མོང་མ་ཡིན་པ་དང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་ལྟར་ཁྲིད་རྒྱུན་སྨིན་རྒྱས། ལས་ཚོགས་ཆེས་མང་བ་དང་བཅས་པ། གསུམ་པ་གཉན་ལུགས་དང༌། བཞི་པ་པཎ་ཆེན་ནགས་རིན་ལུགས་བཅས་ཡོངས་སུ་གྲགས་ཤིང༌། ངག་དབང་གྲགས་པས་མར་པ་དང་དེས་རྔོག་ཆོས་སྐུ་རྡོ་རྗེ་ལ་གནང་བའི་རྔོག་ལུགས་ཏེ་ལྔ་པོ་དེ་འཆི་བསླུའི་རྒྱ་གཞུང་ཁོ་ན་ལ་བརྟེན་པར་གྲགས། བཀའ་བབ་དྲུག་པ་སྒར་ལུགས་ནི་རྗེ་རོལ་པའི་རྡོ་རྗེ་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་བསྩལ་བའི་ཉེ་བརྒྱུད་དེ་བདག་བསྐྱེད་སྒྲོལ་དཀར་ལྷ་དགུའི་སྒོམ་བཟླས་དང༌། མདུན་བསྐྱེད་ཚེ་དཔག་མེད་གྲུབ་རྒྱལ་ལུགས་དང་མཚུངས་པའི་བཟླས་སྒོམ་ཅན་ནོ། །གཞན་ཡང་ཨ་བྷཱ་ཡའི་ལུགས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ནས་བརྒྱུད་པ་དང༌། རྡོ་རྗེ་གདན་པ་ནིཥྐཱ་ལཾ་ཀ་ནས་དཔྱལ་ཆོས་ཀྱི་བཟང་པོ་ལ་བརྒྱུད་པ་དང༌། ཁ་ཆེ་པཎ་ཆེན་ལུགས་སྒྲོལ་དཀར་ལྷ་དགུ་མ་དང༌། སློབ་དཔོན་ཡིད་བཞིན་ནོར་བུ་སྦྱིན་པའི་ལུགས་འཆི་མེད་འཕགས་མ་སྒྲོལ་མ་བཅས་ཐམས་ཅད་ཀྱང་རྗེས་གནང་སྔོན་དུ་འགྲོ་བའི་བསྐྱེད་རིམ་ཡན་ལག་བཞི་ལྡན་བཟླས་པ་སྤྲོ་བསྡུ་དང་བཅས་པས་ཚེ་སྲིང་བ་དང༌། ཁྱད་པར་
ཇོ་བོ་ལུགས་ལ་བསྐྱེད་བཟླས་གཉིས་ལ་ནང་གསེས་བཞི། མཚན་བཅས་ཀྱི་རྫོགས་རིམ་གཉིས། མཚན་མེད་གཅིག་བཅས་ཀྱིས་ཚེ་བསྲིང་བ་དང༌། བ་རི་ལུགས་ལ་བསྐྱེད་རིམ་གྱི་ཁྱད་པར་དམིགས་གནད་འཁོར་ལོ་གསལ་གདབ། རིགས་བདག་འཕོ་བ། སྲུང་འཁོར། ཚེ་བཅུད་བསྡུ་བ། སྔགས་བཟླས་ལྔའི་སྒོ་ནས་ཚེ་བསྲིང་བ་ཡིན་ནོ། །སྒྲོལ་དཀར་གྱི་ལས་ཚོགས་མཐའ་དག་ནི་མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲོལ་དཀར་ཆེན་མོར་གྲགས་པའི་བེའུ་བུམ་དུ་གསལ་ཞིང་ཁུངས་དང་ལྡན་པའོ། །རྒྱུད་གདན་བཞི་ནས་སྒྲོལ་དཀར་གྱི་འཁོར་ལོ་གསུངས་པ་དང༌། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱིས་མཚོན་བླ་མེད་ནས་ཀྱང་ཚེ་སྒྲུབ་པའི་ལྷ་སྔགས་དངོས་དང་བརྒྱུད་ནས་ཇི་སྙེད་ཅིག་བསྟན་ལ། ཟུར་བཀའ་བཞུགས་པ་ནི། བདེ་མཆོག་བཤད་རྒྱུད་ཨ་བྷི་དྷ་ན་ལས་བསྟན་པ་འཆི་མེད་རྡོ་རྗེ་ལྷ་མོ་ཞེས་བྱ་བ་དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཤིན་ཏུ་ཟབ་པ་སྟེ། རྒྱུད་དེ་ཉིད་ལས། འདི་ནི་ཁྲི་ཙམ་བཟླས་བྱས་ན། །འཆི་བ་ངེས་པར་འཚོ་བར་འགྱུར། །དུས་མིན་འཆི་བ་ཞི་འགྱུར་ཞིང༌། །འཆི་བ་ལས་ནི་ངེས་པར་སློང༌། །ཞེས་པ་ལྟར་ཕན་ཡོན་མཆོག་དང་ལྡན་པ་དང༌། རྩ་རྒྱུད་ལས། དུས་མིན་འཆི་བ་སླུ་བ་ལ། །ཡན་ལག་ཁ་ཊྭཱཾ་དག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །ཞེས་པའི་བསྟན་དོན་ལ་ཁ་ཊྭཱཾ་ག་དང་ཐོད་སྦྱོར་གྱི་དམིགས་པ་ཙམ་དང༌། དཔལ་ལྡན་འབྲུག་པའི་མན་ངག་སོགས་ཀྱང་འབྱུང་མོད་ཀྱི་གཙོ་བོར་ཁ་ཆེ་པཎ་ཆེན་གྱི་ཁྱད་འཕགས་ལྷ་བཞིའི་ཡ་གྱལ་བདེ་མཆོག་དཀར་པོའི་ཚེ་སྒྲུབ་ལ་ཚར་ལུགས་ཀྱི་བསྐྱེད་རྫོགས་ཁྲིད་དང་བཅས་པའང་འབྱུང་ལ་ཚེ་སྒྲུབ་པའི་ལྷའི་རྣལ་འབྱོར་གྱི་གཙོ་བོ་ནི་དེ་ཙམ་སྟེ་ཞར་ལས་འོངས་པ་ནི་མང་ངོ༌། །ནད་ཞི་མཛད་སྨན་གྱི་བླ་དང་སངས་རྒྱས་སྤྱན་མ། རྨི་ལམ་ངན་པ་ཟློག་པ་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ།
ས་འོག་གདོན་འཇོམས་སེང་གེ་སྒྲ་དང་ཡེ་ཤེས་ཁྱུང་ཁྲ། འཇིགས་པ་བཅུ་དྲུག་ལས་སྐྱོབ་པ་སྒྲོལ་མ་ལྗང་གུ་དང་སྣ་ཚོགས་ཡུམ། གྲིབ་གདོན་གཉེན་པོ་རྣམ་འཇོམས་དང་སྨེ་བ་བརྩེགས་པ། བྱད་ཁ་ཟློག་བྱེད་གདུགས་དཀར་མོ་དང་སེང་གདོང་མ་ལ་སོགས་པ་རྣམས་ཀྱང་རིང་དུ་འཚོ་བའི་ཆོ་གའི་ཡན་ལག་ཏུ་འགྱུར་རོ། །སྔགས་གསར་རྙིང་ལས་བཅུད་ལེན་གྱི་གཞུང་གདམས་ངག་མཐའ་ཡས་པ་གསུངས་མོད། དུས་ཀྱི་དབང་གིས་ཇི་བཞིན་པ་སྒྲུབ་པ་དཀོན་ཞིང་འགྲུབ་དཀའ་ཡང༌། བཀའ་མ་ལོ་ཆེན་བཻ་རོའི་ལུགས་དང༌། བྱང་གཏེར་སོགས་ཀྱི་བཀའ་སྲོལ། གསར་མའི་གདམས་ངག་ཅི་རིགས་ལས་ཕྱག་རྒྱུན་མ་ཆད་ཙམ་བཞུགས་ཤིང་ནུས་པ་ཐོན་པའང་མཐའ་མ་འགག་ཙམ་སྣང་ལ་གྲུབ་ཆེན་ཨོ་རྒྱན་པའི་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་ཚ་གྲང་སྦྱོར་བའི་ཕྱག་ལེན་ཤིན་ཏུ་ཁུངས་བཙུན་ཟུར་མཁར་ཁུ་དབོན་དང་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ལས་བརྒྱུད་དེ་རྐང་གཉིས་ལུས་སྲོག་འཚོ་བའི་བཅུད་ལེན་ཁྱད་འཕགས་སུ་སྦྱོར་བའི་རྒྱུན་ཀྱང་བཞུགས་བཞིན་པའོ། །དགུ་པ་ལ་གཉིས། ཆོ་ག་དེ་རྣམས་རིང་འཚོའི་བྱ་བ་དང་ཇི་ལྟར་འབྲེལ་བ་དང་དོགས་གནས་ལ་དཔྱད་པའོ། །དང་པོ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྤྱིར་ལྷག་པའི་ལྷ་རྣམས་ལ་ཐུགས་རྗེ་དང་ནུས་པ་ཚད་མེད་པ་མངའ་ཞིང༌། སྒོས་དམིགས་བསལ་དུ་སྨོས་པ་དེ་རྣམས་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་འགྲོ་བ་གང་ཞིག་ཚེ་ཡིས་ཕོངས་པ་ལ་ཚེ་སྩོལ་ཞིང༌། དུས་མ་ཡིན་པར་འཆི་བ་ལས་སྐྱོབ་པའི་ཕྲིན་ལས་ཁྱད་པར་ཅན་མངའ་བས་སྒོམ་ཞིང་བཟླས་པ་ལྟ་ཅི་སྨོས། གསོལ་བ་བཏབ་པ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་འདོད་པའི་འབྲས་བུ་སྟེར་བ་སྟེ། ངག་དབང་གྲགས་པས། རང་གི་འདོད་ལྷའི་རྣལ་འབྱོར་གྱིས། །ང་རྒྱལ་བརྟན་པར་གྱུར་པ་ལས། །ཡིན་བཞིན་ནོར་ལྟར་མ་ལུས་པའི། །
འདོད་པའི་དོན་ནི་རབ་སྒྲུབ་བྱེད། །ཅེས་སོ། །གཉིས་པ་ནི། དཔེར་ན་ཕྱི་རོལ་གྱི་ཁང་པ་ལ་སྐྱོན་མེད་ན་ནང་གི་ཀ་བ་བརྟན་ཅིང༌། ཀ་བ་བརྟན་པས་ཁང་པ་མི་འཇིག་པ་གཅིག་ལ་གཅིག་ལྟོས་པ་བཞིན། ལུས་སྲོག་ཕན་ཚུན་ཏུ་ལྟོས་པས་སྲོག་གནས་པའང་ལུས་ལ་རགས་ལས་ཤིང༌། ལུས་ཀྱི་འཚོ་བ་སྲོག་ལ་ལྟོས་པ་སྟེ། ལུས་ནི་རྒྱུད་དང་གསོ་དཔྱད་སོགས་ལས་ཞིབ་པར་འབྱུང་བ་བཞིན་དང་པོ་འབྱུང་བ་བཞིའི་དྭངས་མ་འདུས་པ་ལས་སྐྱེས། བར་དུ་འབྱུང་བ་བཞི་གཅིག་གྲོགས་གཅིག་གིས་བྱས་ཏེ་གནས། ཐ་མར་གཅིག་གཤེད་གཅིག་གིས་བྱས་ཏེ་སྲོག་འདོར་བ་ཕྱི་སྣོད་ཀྱི་ཆགས་འཇིག་དང་མཚུངས་ཤིང༌། འབྱུང་བཞི་འཁྲུགས་པའི་རྒྱུ་དུག་གསུམ་དང་རྐྱེན་ཟས་སྤྱོད་མ་སྙོམས་པས་བྱེད་ཅིང༌། དེ་ལས་དྭངས་མ་ཟད་ཅིང་སྙིགས་མ་འཕེལ་བའི་རྟགས་ལུས་ལ་ཤར་བ་སྟེ། སའི་དྭངས་མ་ཉམས་པས་ཤ་སྐེམ། གཉེར་མ་འདུ། ཆུ་ཉམས་པས་ཁྲག་སྐེམ། མདངས་ཉམས། ལུས་གྱོང༌། མེ་ཉམས་པས་དྲོད་ཤོར། ཤ་སྔོ། རླུང་ཉམས་པས་སྟོབས་མེད། ལུས་རྒུད། ནམ་མཁའི་དྭངས་མ་ཉམས་པས་བརྗེད་ངས་ཆེ། རིག་པ་འཐིབས། དེ་ལས་དབང་པོ་རྣམས་ཀྱང་འགྲིབ་སྟེ། ལུས་དང་དབང་པོ་སྲོག་རྣམས་ནི། །འགག་པ་འཆི་བའི་མཚན་ཉིད་དོ། །ཞེས་པ་དེ་འབྱུང་བ་ཡིན་ལ། རྣམ་རྟོག་གཞན་ཏུ་མི་གཡོ་བས་ལྷ་བསྒོམ་པ་དང༌། ངག་དང་འགོག་པ་སོགས་བཟླས་པའི་བྱེ་བྲག་ལ་རྩེ་གཅིག་ཏུ་བརྩོན་པས་སེམས་ཀྱི་བཅུད་མ་ཟག་པས་ལུས་ཀྱི་དྭངས་མ་སྟོབས་རྒྱས་ཏེ་སྲོག་མི་གཡོ་བའི་རྟེན་འབྲེལ་འགྲིག་པ་དང༌། ཕུང་ཁམས་ལྷ་ལ་སོགས་པར་སྣང་བ་དུས་ཀྱི་ཞགས་པས་ཀྱང་འཆིང་བར་འོས་པ་མ་ཡིན་པ་དང༌། ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱངས་པས་སྲོག་ཡེ་ཤེས་ཀྱི་ཆར་ཇི་ཙམ་བཀག་པ་དེ་ཙམ་དུས་ཀྱི་ཆད་པ་ལས་རིང་དུ་བསྲིང་བར་གྲུབ་པ་དང༌། ཕྱི་ནང་རྟེན་འབྲེལ་གྱི་འགྲོས་གཅིག་ཅིང་སྣང་བ་སེམས་ཀྱི་རང་གཟུགས་ཡིན་པའི་དབང་ལས་ཚེ་བཅུད་བསྡུ་བསྟིམ་
གྱི་འཕྲོ་འདུས་ནང་གི་འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་པ་ལས་གོང་དུ་སྨོས་པའི་ཉེས་པ་ཐམས་ཅད་ཟད་ཅིང་དེ་ལས་ལྡོག་པའི་ཡོན་ཏན་རྣམས་སྐྱེད་པའི་ཕྱིར། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་པ་ལྟར་ཆོ་ག་བྱས་པས་ལུས་སྲོག་འཚོ་བའི་འབྲེལ་ནི་དེ་ལ་སོགས་པ་མང་མོད་ཀྱི་མདོར་བསྡུས་སོ། །གཉིས་པ་ནི། དཔྱོད་ལྡན་ཁ་ཅིག་གིས་སྣོད་དང་བཅུད་ཀྱི་ཚེ་བཅུད་དེ་དངོས་སུ་བསྡུ་བ་ཡོད་ན་བསྡུ་གཞི་ལ་གནོད་ཅིང༌། མེད་ན་བསྡུ་ཡུལ་ལ་མི་ཕན་པའི་དོགས་སློང་མཛད་དོ། །དེས་ནི་ཡང་ན་དམིགས་པའི་འཁྲུལ་འཁོར་ཐམས་ཅད་དོན་མེད་དུ་འགྱུར་བས་སྔགས་མི་འགྲུབ་ལ། ཡང་ན་སྔགས་གྲུབ་ཀྱང་སྤྱོད་པ་ཕྱིན་ཅི་ལོག་ཏུ་སོང་བས་ཐར་པ་དང་འགལ་བ་སོགས་ཐེ་ཚོམ་དུ་མ་སློང་བའི་ཕྱིར་གསང་སྔགས་ལ་ཐེ་ཚོམ་ཟ་བའི་རིག་པར་སོང་བས་རྟོག་གེ་བའི་བློ་གྲོས་སུ་ཟད་དེ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་ལྟར་རོ། །དེ་ལྟ་ན་ཞི་སོགས་ཀྱི་ལས་ལའང་དཔྱད་པ་འཇུག་ལ། དེའང་དཔྱད་ན་ཐུག་མེད་དུ་འགྱུར་བས་སྔགས་ཀྱི་ལས་རབ་འབྱམས་འགོག་དགོས་པར་འགྱུར་ལ། དེ་འགོག་ན། ཐབས་མང་དཀའ་བ་མེད་པ་སོགས་ཀྱི་སྒྲུབ་བྱེད་ཀྱང་དོན་མེད་དུ་འགྱུར་བ་དང༌། གཞན་ཡང་འཕགས་པ་རྣམས་ཀྱི་བྱིན་རླབས་བསྡུ་བ་དེའང་དངོས་སུ་བསྡུར་ཡོད་དམ་མེད། མེད་ན་རང་ལ་བྱིན་གྱིས་རློབ་པར་མི་འགྱུར་ལ། ཡོད་ན་འཕགས་པ་ལ་གནོད་པར་འགྱུར་རོ། །དངོས་སུ་བསྡུར་མེད་ཀྱང་མོས་པའི་མཐུ་ལས་བྱིན་གྱིས་བརླབ་པར་འགྱུར་ན་འབྱུང་བཅུད་སོགས་ལའང་རིགས་པ་མཚུངས་ཤིང༌། ཡོད་ཀྱང་འཕགས་ལ་གནོད་པར་མི་འགྱུར་ཏེ་གསང་བ་བསམ་གྱིས་མི་ཁྱབ་བོ་ཞེ་ན། སེམས་ཅན་གྱི་ལས་སྣང་ཡང་བསམ་གྱིས་མི་ཁྱབ་པས་ན་དེ་བས་ཀྱང་མཚུངས་སོ། །གཅིག་ཤོས་ལ་ཕན་པས་གཅིག་ཤོས་ལ་གནོད་པ་ཁོ་ནའང་མ་ངེས་ཏེ་རྒྱ་མཚོ་ལས་ཆར་བྱུང་བས་ལོ་ཏོག་ལ་ཕན་ཀྱང་རྒྱ་མཚོ་ལ་མི་
གནོད་པ་བཞིན་ནོ། །དཔེར་ན་ནོར་བུ་ཤིན་ཏུ་སྦྱངས་པ་ལ་གསོལ་བ་བཏབ་པས་འདོད་པ་ཉིད་འཇོ་ཡང༌། དངོས་པོ་དེ་དག་གཞན་ལས་འཕྲོག་པའང་མེད་ཅིང་ནོར་བུ་རང་གི་ངོ་བོའམ་གཞན་ལའང་གནོད་པ་མེད་པར་རྟེན་འབྲེལ་གྱི་ནུས་པས་བྱེད་པོ་རང་ཉིད་ལ་ཕན་བཏགས་པ་བཞིན་ཏུ། སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་མོས་པའི་མཐུ་ལས་གྲུབ་པ་སྦྱིན་པ་སྟེ། ངག་དབང་གྲགས་པས། འཇིག་རྟེན་ན་ནི་དངོས་གཞན་གང༌། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་པས་འབད་པ་ལ། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། །ཞེས་སོ། །དེས་ན་རྟོག་གེའི་རིག་པས་ཆོས་ཉིད་དང་སྔགས་ཀྱི་ཚུལ་ལ་གཞལ་ན་བློ་ཆུང་མང་པོ་ངན་འགྲོའི་གཡང་སར་འཕེན་པ་ལས་དགོས་ནུས་གཞན་མ་མཆིས་པས། བཟོད་པ་དང་མངོན་ཤེས་མ་ཐོབ་པ་དག་གིས་མོས་པ་བརྟན་པོས་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ཏེ། རྒྱུད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་དངོས་གྲུབ་རིང་དུ་བསྐལ། །ཞེས་ལྗགས་བྱང་བར་ཀློག་བཞིན་པས་སོ། །བཅུ་པ་ཐབས་དེ་རྣམས་ཀྱིས་འཆི་བ་སླུ་ཞིང་རིང་དུ་འཚོ་བའི་ཤེས་བྱེད་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ལ་གསུམ། གཏན་ཚིགས་དང་དཔེ་དགོད། རྒྱུ་མཚན་བཤད་པའོ། །དང་པོ་ནི། མདོ་ལས། སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་པའོ། །ཞེས་དང༌། སློབ་དཔོན་གྱིས། ངལ་དང་སྨིན་དང་བཏུང་སོགས་ཀྱིས། །ཕོ་བའི་མེ་ནི་འབར་གྱུར་ལ། །མེ་ནི་རབ་ཏུ་འབར་བས་ཟས། །ཡོངས་སུ་འཇུ་བའང་ནུས་པ་ཡིན། །ཡོངས་སུ་ཞུ་བས་ལུས་རྒྱས་ཞིང༌། །རྒྱས་པས་སྟོབས་ནི་རྣམ་པར་འཕེལ། །སྟོབས་ལས་ཚེ་ནི་འཕེལ་འགྱུར་ཞིང༌། །དེ་འཕེལ་བས་ནི་རིང་དུ་འཚོ། །ཀུན་གྱིས་མངོན་སུམ་གྲུབ་འདི་ལ། །ཐེ་ཚོམ་ཡོད་མིན་ཇི་ལྟ་བ། །དེ་
ལྟར་མན་ངག་ལས་བསྐལ་སོགས། །འཚོ་བ་ཡང་ནི་ཐེ་ཚོམ་མེད། །ཅེས་པ་ལྟར་ཟས་དང་ལྡན་པས་སྲོག་འཚོ་ལ་མི་ལྡན་ན་འཚོ་མི་ནུས་པ་བཞིན་འཚོ་བ་ཉིད་ཐབས་ཀྱི་རྒྱུ་རྐྱེན་ལ་རགས་ལས་པ་ཡིན་ནོ། །གཉིས་པ་ནི། སློབ་དཔོན་གྱིས། སྣུམ་དང་སྙིང་པོ་ཟད་སོགས་ལས། །མར་མེ་ལ་སོགས་འཇིག་ཕྱོགས་པའང༌། །སླར་ཡང་སྣུམ་སོགས་རབ་ཐོབ་པས། །བསྐལ་པའི་བར་དུ་གནས་པ་ཡིན། །ཇི་ལྟར་དེ་བཞིན་ལུས་འདི་ཡང༌། །རྒས་སོགས་ཀྱིས་ནི་འཆི་བཞིན་པར། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་མཐར་མང་ཅིས་མི་གནས། །དཔེར་ན་ཁང་པ་རྙིང་པ་དག །བཅོས་པ་ཡིས་ནི་ཡུན་རིང་གནས། །དེ་བཞིན་རྙིང་པའི་ལུས་ངག་ཀྱང༌། །བཅོས་པས་གནས་པར་ཅིས་མི་འགྱུར། ཞེས་གསུངས་པ་ལྟར་ཚེ་སྲིང་བའི་ཐབས་ལ་མཁས་ཤིང་རྩོལ་བ་དང་ལྡན་ན་རིང་དུ་འཚོ་བ་ལ་དཀའ་བ་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། མངོན་པ་ལས་སྲོག་ནི་མཐའ་གཅིག་ཏུ་ལས་ཀྱི་རྣམ་པར་སྨིན་པ་ཁོ་ན་ཡིན་པའི་ཤེས་བྱེད་དགྲ་བཅོམ་པ་དུས་མི་སྦྱོར་བས་གང་ཟག་ཁྱད་པར་ཅན་ནམ་དགེ་འདུན་ལ་འཚོ་ཆས་ཕུལ་ནས་འདུན་པ་དྲག་པོས་རབ་མཐའི་བསམ་གཏན་ལ་སྙོམས་པར་ཞུགས་ཤིང་དེ་ལས་ལངས་ཏེ་བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚོའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་པའི་དགེ་རྩ་ནང་རྣམ་རིག་དག་གི་མཐུས་རྣམ་སྨིན་གྱི་ཚེ་འཇོག་པར་བཤད་པས། བསོད་ནམས་གསོག་པ་དེ་ཡོངས་སུ་བསྔོས་པས་ཚེ་འཕེལ་བར་གྲུབ་སྟེ། སྲོག་བསླུ་བ་སོགས་འབྲས་བུའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་དང༌། དེ་ཉིད་ཀྱང་མྱོང་བར་མ་ངེས་པའི་ལས་སུ་མི་འགྱུར་ཏེ་ཞིང་བསམ་སྦྱོར་བ་མཐར་ཐུག་ཚང་ཞིང་ལས་ཀྱི་འཕེན་པའི་རྒྱུན་མཐུད་པར་བྱེད་པའི་ཕྱིར་ཆུ་རྐ་གསོས་པས་ཡུར་ཆུའི་རྒྱུན་མཐུད་པ་བཞིན་ནོ། །དེས་ན་མདོ་ལས། སྲོག་ནི་རྣམ་པར་སྨིན་པ་ཡིན་གྱི་འདས་པའི་ལས་ཁོ་ནའི་ནི་མ་ཡིན་ནོ་ཞེས་པས་ཚེའི་ལས་མཐོང་ཆོས་ཀྱི་འབྲས་བུ་ཅན་དུ་བཞེད་དོ། །གཉིས་པ་ནི། མདོ་སྡེ་རྣམས་
སུ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་འབྱུང་མོད། རྡོ་རྗེ་ས་འོག་གི་རྒྱུད་ལས། མདོ་སྡེས་ནི་ལས་ཀྱི་རྣམ་པར་སྨིན་པ་མི་ཟློག་ལ་སྔགས་ཀྱིས་ཟློག་པས་ཁྱད་པར་འཕགས་སོ་ཞེས་གསུངས་པ་ལྟར་སྔགས་ཀྱི་དཀྱིལ་འཁོར་ཟབ་མོ་དང༌། ཕྱག་རྒྱ་དང་གསང་སྔགས་སོགས་ལ་བརྩོན་པས་ལས་ཀྱི་རྣམ་སྨིན་ཀྱང་བྱང་ཞིང་སྲབ་པར་ནུས་ན་འཕྲལ་གྱི་བར་ཆད་ཙམ་སེལ་བ་ནི་ལྟ་ཅི་སྨོས་ཤིང༌། ཁྱད་པར་སྐུ་གསུང་ཐུགས་འཆི་མེད་རྡོ་རྗེར་བསྒྲུབ་པའི་སྦྱང་གཞི་གདོས་བཅས་ཀྱི་ལུས་དང༌། ངག་དང༌། གཟུང་འཛིན་གྱི་རྣམ་རྟོག་ལ་ཡོད་ཅིང༌། དེ་གསུམ་གྱི་གནད་རྩ་རླུང་ཐིག་ལེ་གསུམ་ལ་ཡོད་པས། རྩ་སྐམ་འཆུས་དྲི་ཅན་སོགས་སུ་གྱུར་པ་དང༌། རླུང་ཟླ་ཉི་རང་དབང་དུ་བགྲོད་པས་དབུ་མའི་ལོངས་སྤྱོད་འཕྲོག་པ་དང༌། ཐིག་ལེ་དཀར་པོ་ཐུར་དང་དམར་པོ་གྱེན་དུ་ཕྱོགས་ཏེ་སྐྱོན་ཏུ་གྱུར་པ་ལས་ནི་ནད་དང་རྒས་པ་དང་འཆི་བའི་ཉེས་པ་སྐྱེད་ཅིང༌། རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་དབུ་མ། རླུང་མཉམ་རྒྱུ། ཐིག་ལེ་འདུ་འཕྲོད་ལ་གནད་དུ་བསྣུན་པས། བགྲོད་པ་གཉིས་པོ་དབུ་མའི་ལོངས་སྤྱོད་དུ་གྱུར་ཅིང་དཔྱིད་ཐིག་གོང་བུར་བཅིངས། གྲུབ་པའི་དངུལ་ཆུས་ལྕགས་འབིགས་པ་ལྟར་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་སྒྱུར་བས་རྩ་ཐིག་རླུང་གི་རྣལ་འབྱོར་འཆི་མེད་འགྲུབ་པའི་གསང་ལམ་ཡིན་པའི་རྒྱུ་མཚན་དེ་ལྟ་བུ་དང༌། འཆི་བ་སླུ་བ་ལ་རླུང་གི་རྣལ་འབྱོར་ལྷག་པར་ཟབ་པའི་གནད་གསང་རང་བྱུང་རྒྱལ་བས། ཕྱིར་འགྲོ་འཕེལ་བས་འཆི་ལྟས་ཡིན། །ནང་དུ་ཟིན་པས་འཆི་མེད་འགྲུབ། །ཅེས་གསུངས་པ་ལྟར། ལས་རླུང་དང་ཡེ་རླུང་གཉིས་ཀྱི་ཡེ་ཤེས་རླུང་ལ་ཆ་གཉིས་སུ་ཕྱེ་བའི་གཅིག་གི་ནང་དུ་སྲོག་རླུང་གི་ནུས་པ་བསྐྱེད་ཅིང༌། ཆ་གཅིག་ལས་རླུང་དང་འདྲེས་པའི་ཚུལ་གྱིས་ཉིན་ཞག་རེར་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཕྱི་རོལ་ཏུ་རྒྱུ་བ་དེ་ཉིད་འཕེལ་ན་སྲོག་གི་ནུས་པ་མྱུར་དུ་འཛད་པ་དང༌། ཟླ་ཉི་དག་ཀྱང་ཡོན་པོར་རྒྱུས་ན་འཆི་བསྐྱེད་ལ་བུམ་ཅན་སོགས་ཀྱིས་ནང་དུ་བཟུང་བས་ཡེ་རླུང་འཕེལ་ཞིང་རིང་དུ་སོང་བས་ལས་
རླུང་དག་སྟེ་རྡོ་རྗེའི་ལུས་འགྲུབ་པ་དང༌། ཀུན་རྫོབ་ཀྱི་ཐིག་ལེ་ནི་ཆགས་པའི་འཕོ་བ་ཅན་ཡིན་ལ་ཇི་ཙམ་འཕོས་པ་དེ་ཙམ་དུ་ཚེའི་འདུ་བྱེད་བསྟུངས་ཤིང་ཆགས་བྲལ་འཕོ་མེད་དུ་བཞུ་བཏུལ་བྱས་པས་དྭངས་མ་སྟོབས་སུ་གྱུར་ཏེ་དོན་དམ་བྱང་ཆུབ་ཀྱི་སེམས་བརྟན་པས་འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པ་སོགས་རྒྱུ་མཚན་ཤིན་ཏུ་མང་མོད་ཀྱི་རྒྱས་པར་མ་སྤྲོས་ལ། གོང་དུ་སྨོས་པ་རྣམས་ཀྱི་ཞར་ལས་ཀྱང་རྟོགས་ནུས་སོ། །བཅུ་གཅིག་པ་ནི། འཚོ་ཐབས་ཀྱི་ཆོ་ག་དེ་རྣམས་ཤེས་པ་ཁོ་ནས་ཕན་པ་མ་མཆིས་ཤིང༌། སང་བྱ་གནང་བྱའང་མི་ཚེ་འཛད་པའི་རྒྱུ་ཡིན་པས་འཕྲལ་ལ་ཉམས་སུ་བླང་དགོས་ཏེ། རྟོག་པ་ལས། འདི་ན་འཆི་བ་སླུ་བ་རྣམས། །ཤིན་ཏུ་མང་པོ་ཤེས་ནས་ཀྱང༌། །ཉམས་མ་བླངས་ན་མལ་དུ་ནི། །བཤད་པས་གོས་ཞེས་ཁྱོད་འཆི་འགྱུར། །ཞེས་དང༌། རྣལ་འབྱོར་གྱི་ནི་བསྟན་བཅོས་དང༌། །སྦྱོར་བ་དུ་མ་ཤེས་ནས་ཀྱང༌། །དེང་ངམ་སང་ནི་བྱའོ་ཞེས། །སེམས་བཞིན་དུ་ནི་ཕ་རོལ་འཆི། །ཞེས་སོ། །གང་ཞིག་འབད་ན་འཇིག་རྟེན་ན་མི་འགྲུབ་པའི་དངོས་པོ་ནི་འགའ་ཡང་ཡོད་པ་མ་ཡིན་པས་འབད་རྩོལ་བྱ་དགོས་ཏེ། སྔ་མ་ལས། སྟོབས་ཀྱིས་འབད་པས་དཀའ་བ་ཅུང་ཟད་མེད། །དེ་བས་རྩོལ་བའི་ཁུར་ནི་འདོར་མི་བྱ། །རྟག་ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང༌། །དུས་སུ་རྡོ་ལེབ་དག་ཀྱང་རྣམ་པར་འབིགས། །གཙུབས་ན་ཤིང་ལས་མེ་ནི་འབྱུང་འགྱུར་ཞིང༌། །བརྐོས་པར་གྱུར་ན་ས་ལ་ཆུ་འབྱུང་འགྱུར། །མི་ཡིས་རྩོལ་བ་བྱས་ན་མི་འགྲུབ་མེད། །དེ་འདིར་འོས་པའི་འབད་ཀུན་འབྲས་བུར་འགྱུར། །ཞེས་སོ། །ཁྱད་པར་ཤེས་རབ་རིག་པའི་གཞུ་ལ་ཐབས་མཁས་མདའི་འཕྲུལ་འཁོར་སྦྱར་ན་དཀའ་བ་མེད་པར་གནད་དུ་ཕིགས་པར་འགྱུར་ཏེ། གང་ཕྱིར་རིག་པས་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་ཐམས་ཅད་ཡང་དག་འདོད། །ཅེས་སོ། །འོན་ཀྱང་བསྐྱེད་སྔགས་རླུང་གི་རྣལ་
འབྱོར་ལ་སོགས་པ་ནི་ལན་གཅིག་ཙམ་དང་དུས་ཐུང་ངུས་འབྲས་བུ་ཆེན་པོ་འགྲུབ་པ་མ་ཡིན་ཀྱང་ཡང་དང་ཡང་དུ་ཉམས་སུ་བླངས་པས་འདོད་པའི་དོན་འགྲུབ་པར་འགྱུར་ཏེ། གུས་པ་ལ་སོགས་ཁྱད་པར་གྱིས། །རྒྱུན་ཏུ་བསྒོམ་པ་གང་གང་ཡིན། །འདོད་དང་མྱ་ངན་ལ་སོགས་པའི། །བློ་བཞིན་དེ་དེའི་གསལ་སྣང་འབྱུང༌། །ཞེས་གསུངས་པ་ལྟར་རོ། །བཅུ་གཉིས་པ་ནི། དེ་ལྟར་འཚོ་བ་རིང་དུ་གནས་པ་ལ་དགོས་པ་ཅི་ཡོད་སྙམ་ན། ནོར་བུ་ཞེས་པའི་མིང་དང་ལྡན་པ་ཙམ་གྱིས་མི་ཆོག་སྟེ་ཡོན་ཏན་ཚང་དགོས། དེ་ལས་འདོད་པ་འཇོ་བ་བཞིན་དུ་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་ཙམ་གྱིས་འདོད་དོན་མཐའ་དག་མི་འགྲུབ་པས་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་དགོས། མཐོ་རིས་ཀྱི་ཡོན་ཏན་བདུན་དུ་གྲགས་པའི་གཙོ་བོ་ནི་ཚེ་རིང་བ་ཉིད་ཡིན་ལ། ཚེ་རིང་བ་ལ་བརྟེན་ནས་འཇིག་རྟེན་གྱི་ལུགས་དང་དམ་པའི་ཆོས་ཀྱི་བྱ་བ་ཅི་འདོད་པ་སྒྲུབ་ནུས་ཤིང༌། དེ་ལས་མཐར་ཐུག་བྱང་ཆུབ་ཀྱི་གོ་འཕང་ཡང་འགྲུབ་པར་འགྱུར་བས་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་དང་ལྡན་པ་སྟེ། སློབ་དཔོན་གྱིས། ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཚོ་བ་ལས་གཞན་སྙིང་པོ་ནི། །འཁོར་བར་ཅུང་ཟད་མ་མཐོང་ངོ༌། །ཞེས་གསུངས་སོ། །བཅུ་གསུམ་པ་འབྲས་བུ་ལ་གཉིས། གནས་སྐབས་དང་མཐར་ཐུག་གོ །དང་པོ་ནི། རིན་པོ་ཆེའི་ནུས་པས་ཚེ་བར་བསྐལ་སོགས་སུ་གནས་པ་ཀླུའི་རྒྱལ་པོ་ལྟ་བུ་དང༌། བཅུད་ལེན་གྱི་ནུས་པས་ཚེ་ཉི་ཟླ་དང་མཉམ་པ་སློབ་དཔོན་བྱཱ་ད་ལི་པ་ལྟ་བུ་དང༌། སྲོག་གཅོད་སྤངས་པ་སོགས་དཀར་པོ་རྣམ་པར་སྨིན་པས་ཚེ་ལོ་དཔག་མེད་ནས་ཁྲི་ལ་སོགས་པར་འཚོ་བ་ལྷ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་དང༌། རླུང་སྦྱོར་ཐུན་མོང་བ་ཙམ་གྱིས་ཚེ་ལོ་བརྒྱ་ཕྲག་མང་པོར་འཚོ་བ་རི་རབ་ཀྱི་ཁོང་གསེང་ལ་གནས་པའི་དྲང་སྲོང་ལ་སོགས་པ་ལྟ་བུ་འཚོ་བས་མི་ཕོངས་ཤིང་དཔལ་འབྱོར་ཆེན་པོ་ལ་ཡུན་རིང་དུ་ལོངས་
སྤྱོད་ནུས་པ་ཉིད་དོ། །གཉིས་པ་ནི། བསྐྱེད་རིམ་དང་བཟླས་པ་མཐར་ཕྱིན་པས་ལྷག་པའི་ལྷ་ཡིས་བྱིན་གྱིས་བརླབས་ཏེ་ཇི་ཙམ་འདོད་ཀྱི་བར་དུ་འཚོ་བ་འཕགས་པ་ཀླུ་སྒྲུབ་མི་ལོ་དྲུག་བརྒྱ་བཞུགས་པས་མཚོན་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེ་ལྟ་བུ་དང༌། རྩ་ཐིག་རླུང་གི་རྣལ་འབྱོར་གྱིས་དྭངས་མ་སྟོབས་སུ་གྱུར་ཏེ་འདོད་གཟུགས་གང་རུང་གི་རིག་པ་འཛིན་པའི་ལུས་སུ་གནས་གྱུར་ཏེ་བསྐལ་པ་ལ་སོགས་པར་འཚོ་ཞིང་བཞུགས་པ་གྲུབ་ཆེན་ཀླུའི་བྱང་ཆུབ་ལྟ་བུ་དང༌། བསྐྱེད་རྫོགས་ཆ་མཉམ་དུ་བསྒོམས་པས་རགས་པའི་ཕུང་ཁམས་དཀྱིལ་འཁོར་གྱི་འཁོར་ལོར་གནས་གྱུར་པ་སློབ་དཔོན་ངག་གི་དབང་ཕྱུག་ལྟ་བུ་དང༌། ལུས་སེམས་ཀྱི་འཕོ་བ་མཐའ་དག་ཟག་མེད་འོད་གསལ་གྱི་དབྱིངས་སུ་སྦྱངས་པས་རྡོ་རྗེའི་སྐུས་བསྐལ་པ་མ་སྟོངས་བར་དུ་བཞུགས་ཤིང་གཞན་དོན་མཛད་པ་ས་ར་ཧ་དང༌། མི་ཏྲ་ཛོ་ཀི་ལ་སོགས་པ་བཞིན་ལམ་ལེགས་པར་སྦྱངས་པས་འཆི་མེད་ཀྱི་སྐུ་འགྲུབ་སྟེ་དོན་གཉིས་ལྷུན་གྲུབ་ཀྱི་འཁོར་ལོས་སྒྱུར་བ་ནི་རྒྱ་བོད་གཉིས་སུ་ཆེས་མང་པོ་བྱུང་ཞིང་འབྱུང་བར་འགྱུར་བ་ཉིད་དོ། །དེའང་རྩ་ཐིག་རླུང་གསུམ་སྐུ་གསུང་ཐུགས་རྡོ་རྗེར་སྦྱངས་ནས་ཡེ་ཤེས་རྡོ་རྗེའི་ངོ་བོར་རོ་མཉམ་པ་མཐར་ཐུག་གི་འཆི་མེད་རྣམ་གསུམ་འགྲུབ་པར་འགྱུར་བ་སྟེ། སེམས་སྒྲིབ་བྲལ་དུ་དག་པས་ཐུགས་རྡོ་རྗེ་དུས་གསུམ་མཉམ་ཉིད་ཀྱི་ཆོས་སྐུ་སེམས་འཆི་མེད་དང༌། ངག་སྒྲིབ་བྲལ་དུ་དག་པས་གསུང་རྡོ་རྗེ་ཟབ་གསལ་དབྱེར་མེད་ཀྱི་ལོངས་སྐུས་གཞོམ་མེད་བདེ་བས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པ་ངག་འཆི་མེད་དང༌། ལུས་སྒྲིབ་བྲལ་དུ་དག་པས་སྐུ་རྡོ་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བའི་སྤྲུལ་སྐུས་གང་འདུལ་གྱི་རོལ་པ་སྟོན་པ་ལུས་འཆི་མེད་དེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་མངོན་པར་རྫོགས་ཤིང་བྱང་ཆུབ་པར་འགྱུར་ལ། དེ་བས་ན་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པ་ལ་ནན་ཏན་ཏུ་བྱའོ།། །།ལེན་པའི་རྣམ་ཤེས་ཁ་ལོ་སྒྱུར་བ་ཡིས། །རིག་པའི་སྐྱེས་བུ་སྲིད་འདིར་བསླུས་པ་ལ། །ཐར་དང་མཐོ་རིས་བདེ་བར་ངལ་འཚོ་བའི། །
རྟེན་འདི་རིང་དུ་འཚོ་ལས་དོན་ཆེན་གང༌། །སྤང་བླང་ཤེས་ཤིང་ཐབས་ཀྱང་མ་འགག་ལ། །དེ་བློ་སྦྱོར་བའི་ལམ་ལ་མི་འཇུག་ན། །ཀིམ་པའི་འབྲས་བཞིན་དགོས་དུས་མི་བསྟངས་པས། །གྲོགས་དག་རྣམ་པར་རིག་པ་སུ་ཡིས་བརྐུས། །འཚོ་ཐབས་ཉི་ཟླའི་སྒྲོན་མེ་ཐོགས་བཞིན་ཏུ། །དེ་ནི་བཏང་སྙོམས་མལ་དུ་མི་མནལ་བར། །འཆི་བདག་མུན་རུམ་བསྐྲད་ནས་ས་སྟེང་དུ། །དོན་གཉིས་སྣང་བ་སྦར་བའི་དུས་ནི་འདི། །རྒྱལ་བས་ཡིད་བཞིན་ནོར་བུའི་མཆོག་ཉིད་དུ། །བསྔགས་པའི་ལྗགས་བརྐྱང་ལྷ་ལས་ལྷག་པའི་རྟེན། །ཆོ་གའི་མཐུ་ལས་རྡོ་རྗེའི་སྲོག་འགྲུབ་སྟེ། །གྲུབ་གཉིས་ཆར་པས་སྐྱེ་དགུ་འཚོ་བྱེད་ཤོག །ཅེས་པ་འདིའང་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་སྩལ་གནང་བ་གཙུག་ཏུ་མཆོད་དེ་སྙོམ་ལས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དཔལ་ལྡན་བླ་མ་རྣམས་ཀྱི་ཞབས་པད་རྡོ་རྗེ་ལྟར་བརྟན་ཅིང་འགྲོ་བ་མཐའ་ཡས་པ་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག། །།མངྒ་ལཾ།། །།
ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ལོ་རྒྱུས་དབང་ཆོག་སྒྲུབ་ཐབས་དང་བཅས་པའི་སྐོར་རྣམས།
ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ལོ་རྒྱུས་དབང་ཆོག་སྒྲུབ་ཐབས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ཚེ་ཁྲིད་རིན་ཆེན་གཏེར་མཛོད་ལས། བརྒྱུད་པའི་ལོ་རྒྱུས་བཞུགས། བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་ཁྱད་པར་འཕགས་པ་འདིའི་ལོ་རྒྱུས་ནི། རས་ཆུང་རྡོ་རྗེ་གྲགས་པས་ཏེ་ཕུ་གསང་སྔགས་ཀྱི་སྡོང་པོའི་དྲུང་དུ། ཆོས་རྣམས་རྫོགས་པར་ཞུས་ནས་བོད་དུ་འབྱོན་པར་ཞུ་བ་བྱས་པའི་དུས་སུ། བླ་མའི་གསུང་གིས་དེ་རིང་ཚོང་དུས་སུ་ལྟས་མོར་སོང་ཞིག་གསུངས་ནས། ལྟས་མོ་ལ་བྱོན་པས། རྣལ་འབྱོར་པ་སྔོ་སངས་ཀྲྀཥྞ་སཱ་རའི་པགས་པ་ཕྲག་ལ་བཀལ་བ། རྭ་དུང་འབུད་པ་ཞིག་འདུག་པ་དེས་སྤྱན་ཅེ་རེ་བ་ཞིག་གཟིགས་ནས། ཁྱོད་ལ་ཟླ་བ་བདུན་གྱི་ཚེ་ལས་མི་འདུག་གསུངས་པས། ཤིན་ཏུ་བྲེད་དེ། བླ་མའི་དྲུང་དུ་ཕྱིན་ཏེ་ཞུས་པས། ཁྱོད་ལ་ཚེ་དེ་ལས་མི་འདུག་པ་ངས་ཀྱང་ཤེས་ཏེ་མ་སྨྲས་པ་ཡིན། ད་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ། ཚེ་དཔག་མེད་དངོས་སུ་འགྲུབ་པ་ཞིག་ཡོད་པས། དེའི་དྲུང་དུ་སོང་ལ་གདམས་པ་ཞུས་ཤིག་གསུངས་ནས་གསེར་སྲང་བཞི་ཡོད་པ་ཁྱེར་ཏེ། མ་གཅིག་གྲུབ་པའི་རྒྱལ་མོའི་དྲུང་དུ་ཕྱིན་ནས། སྲང་གསུམ་གྱིས་ཆོས་ཡོན་བྱས།
སྲང་གང་གིས་ཆོས་ཞུ་བའི་ཆས་བྱས་ཏེ་དབང་ཞུས་ནས་ཟླ་བ་བདུན་དུ་བསྒོམས་པས། ལོ་བཞི་བཅུ་ཞེ་བཞི་སྐུ་ཚེ་བསྲིངས་པ་ཡིན་གསུངས། དེ་སྔ་བཞི་བཅུ་བཞེས་པ་ལ། དེ་ནས་དགུང་ལོ་བརྒྱད་ཅུ་རྩ་བཞིའི་བར་དུ་བཞུགས་པར་གདའ། དེ་ནས་ཏེ་ཕུ་པའི་དྲུང་དུ་ལོག་བྱོན་པ་དང༌། བླ་མའི་གསུང་ནས་གདམས་ངག་ངས་ཀྱང་ཤེས་ཏེ། མ་གཅིག་གྲུབ་པའི་རྒྱལ་མོ་ཚེ་རིང་བས་ཡིད་ཆེས་པའི་གནས་ཡིན་གསུངས་ནས། བླ་མས་ཀྱང་ཚར་གཅིག་རྫོགས་པར་གནང༌། དེ་ནས་བོད་དུ་བྱོན། མི་ལ་དང་མཇལ་བའི་དུས་སུ། མི་ལའི་གསུང་ནས་སྔར་བོད་དུ་མ་གྲགས་པའི་ཟབ་ཁྱད་ཅན་གྱི་ཆོས་ཤིག་ང་ལ་སྐྱེས་སུ་ཕུལ་ཞིག་གསུངས་པས། ཆོས་འདི་བླ་མའི་བཀའ་མ་ཆོག་པར་སྐྱེས་སུ་ཕུལ་བར་གདའ། འདིའི་བྱེ་བྲག་གི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏེ་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མི་ལ་རས་པ། སྒམ་པོ་ཟླ་འོད་གཞོན་ནུ། བདེ་གཤེགས་ཕག་མོ་གྲུ་པ། འབྲི་གུང་འཇིག་རྟེན་གསུམ་མགོན། སྤྱན་སྔ་གྲགས་པ་འབྱུང་གནས། མཉམ་མེད་ཡང་
དགོན་ཆོས་རྗེ། ཐུགས་སྲས་སྤྱན་སྔ་རིན་ལྡན། ཀུན་མཁྱེན་ཟུར་ཕུག་ཆོས་རྗེ། དེས་བདག་ལའོ། །ཤངས་སྒོམ་རྒྱལ་མཚན་དཔལ་བཟང་པོས་ཡི་གེར་བཀོད་པའོ། །སརྦ་མངྒ་ལཾ།། ༈ །ཚེ་ཁྲིད་རིན་ཆེན་གཏེར་མཛོད་ལས་དབང་ཆོག་བཞུགས་སོ། །བླ་མ་དང་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཚེའི་ཛཔ྄་ལ་བརྟེན་ནས་ཚེ་སྲིང་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོ་ནི། ཡིད་དང་མཐུན་པའི་གནས་སུ་བླ་རེ་དང༌། ཡོལ་བ་དགྲམ། ཚེ་དཔག་མེད་ཀྱི་ལུགས་སྐུའམ། བྲིས་སྐུ་དགྲམ། ས་སྟེགས་བྱས་ལ་པདྨ་འདབ་མ་བཞི་པའམ་མེ་ཏོག་གི་ཚོམ་བུ་ལྔ་པ་བྱས་པར་ཆང་ལས་སྦྲུས་པའི་ཚེ་ཟན་ལ་མར་དང་བུ་རམ་གྱིས་བརྒྱན་པ་དང༌། བུམ་པ་ཆང་གིས་གང་བ་བཞག དེའི་མཐའ་མར་ཅི་འབྱོར་པའི་མཆོད་པ་དང་གཏོར་མ་གསུམ་བཤམ་མོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད་བསྒོམ་པ། མདུན་བསྐྱེད་བསྒོམ་སྟེ་ཚེ་འགུགས་ཤིང་བསྟིམ་པ། ཚེ་དབང་བསྐུར་བའོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། འོག་ནས་འབྱུང་བ་བཞིན་མཆོད་ཅིང་བསྟོད་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་པ་བཞི་བསྒོམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་བྱ། དེ་ནས། སྭ་བྷཱ་ཝས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམས་པའི་ངང་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདམར་པོར་བསྒོམ། དེ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་
འདུས་ཧྲཱིཿལ་ཐིམ་པས། རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བསྒོམ། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། བདེ་བ་ཅན་ནས་ཚེ་དཔག་མེད་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་ཅིང་བསྟོད་ནས་རང་ལ་བསྟིམ། དེ་ནས་དབང་གི་ལྷ་སྤྱན་དྲངས་པ་ལ་མཆོད་ནས། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་ཇི་ལྟར་བལྟམས་པ་ལ་སོགས་པའི་ཚིགས་བཅད་དང༌། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་གིས་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། དེ་ལ་མཆོད་ཡོན་ལ་སོགས་པས་མཆོད་ལ། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པའི་མཐའ་མར། ཨོཾ་ན་མོ་བྷ་ག་ཝ་ཏེ་ལ་སོགས་པས་རྩ་བའི་སྔགས་དང༌། ཨ་མཱ་ར་ཎི་ཆོས་འཁོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། འོད་ཟེར་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྐྱེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས། རང་གི་སྤྱི་གཙུག་ནས་ཞུགས་པས་འཆི་མེད་
ཚེའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང༌། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླའོ། །གཉིས་པ་ནི། ཚེ་ཟན་དང༌། ཚེ་ཆང་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གོང་བཞིན་དུ་གཉིས་ཀ་ཚེ་དཔག་མེད་དུ་བསྐྱེད། དེ་ལ་ཡེ་ཤེས་པ་གཞུག དབང་བསྐུར། མཆོད་ཅིང་བསྟོད། གཏོར་མ་ནང་གཏོར་ལྟར་བྱིན་གྱིས་བརླབས་ལ། དང་པོ། ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་ཚེ་དཔག་མེད་ལ་འབུལ། མཆོད་བསྟོད་བྱ། གཉིས་པ་རང་གི་ཆོས་སྐྱོང་གང་བྱེད་ལ་འབུལ། གསུམ་པ་གཞི་བདག་ལ་ཨ་ཀཱ་རོས་སྦྱིན། དེ་ནས་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། འོག་ནས་འབྱུང་བ་བཞིན་ཚེའི་བཅུད་ཉམས་པ་རྣམས་བསྡུས། ཚེ་དཔག་མེད་དང་བུམ་པ་གཉིས་སུ་བྱོན། ཚེའི་བདུད་རྩིར་གྱུར་པར་བསམ་ཞིང༌། ཨ་མཱ་ར་ཎི་ཅི་ནུས་སུ་བཟླའོ། །དེ་བཞིན་དུ་འོད་ཟེར་སྤྲོ་བསྡུས་འབྱུང་བ་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་བཅུད་བསྡུས་བདུད་རྩིར་གྱུར་པར་བསམ། ཡང་འོད་ཟེར་གྱི་སྤྲོ་བསྡུས་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་བདུད་རྩིར་གྱུར་པར་བསམ། ཡང་འོད་ཟེར་གྱི་སྤྲོ་བསྡུས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཚེ་དཔག་མེད་ཀྱི་བུམ་པར་བྱོན་འཆི་མེད་ཚེའི་བདུད་རྩིར་གྱུར་པར་བསམ་ཞིང༌། དེ་རྣམས་རེ་རེ་ལའང་སྔགས་«ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧེ་སོགས། »རེ་རེའི་མཚམས་སུ་མཆོད་བསྟོད་རེ་བྱ། སྔགས་«ཨ་མཱ་ར་ཎི། »བརྒྱ་རྩ་རེ་ལས་མི་ཉུང་བར་བཟླས་པ་བྱའོ། །གསུམ་པ་དབང་བསྐུར་བ་ལ་གསུམ། འཁོར་བ་ལས་བློ་ལྡོག་པའི་ཕྱིར་འཁོར་བའི་ཉེས་དམིགས་བཤད་དེ་སྐྱོ་བ་བསྐྱེད་པ། ལམ་གྱི་འཇུག་སྒོ་སྐྱབས་
འགྲོ་སེམས་བསྐྱེད་འབོགས་པ། དབང་བསྐུར་བ་དངོས་སོ། །དང་པོ་ནི་སྤྱི་དང་མཐུན་པར་བྱའོ། །གཉིས་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༌། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་པའི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་བློ་དང་འདྲེས་ངེས་རྗེས་ཟློས་བྱེད་དུ་གཞུག དེ་ནས་སེམས་བསྐྱེད་འབོགས་པ་ནི། དགོངས་གསོལ་སོགས་གོང་བཞིན་བྱས་ལ། འགྲོ་བ་བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སངས་རྒྱས་རྣམས་དང་སེམས་དཔའ་ཆེ་རྣམས་ཀྱིས། །ཇི་ལྟར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི། །བྱང་ཆུབ་སེམས་དེ་བདག་གིས་བསྐྱེད་པར་བགྱི། །དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས། །འདས་དང་མ་འོངས་ད་ལྟར་སྤྱོད་གྱུར་པའི། །བྱང་ཆུབ་མཆོག་གི་སྤྱོད་པ་བླ་མེད་པ། །དེ་དག་ཐམས་ཅད་བདག་གིས་སྤྱད་པར་བགྱི། །ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་གོ །གསུམ་པ་ནི། མཎྜལ་ཕུལ་ལ་ཐལ་མོ་སྙིང་གར་སྦྱར་ཏེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །
ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་མའི་ཚེ་ཡར་བ་འགུགས་པ་ནི། སློབ་མའི་སྤྱི་བོར་པད་ཟླའི་སྟེང་དུ། ཚེ་དཔག་མེད་གོང་བཞིན་བསྒོམ་དུ་གཞུག སློབ་དཔོན་གྱིས་ཚེ་ཟན་སློབ་མའི་མགོ་ཐོག་ཏུ་བཞག་ལ་ཚེ་དཔག་མེད་དུ་བསྒོམ། དཔོན་སློབ་གཉིས་ཀས་འདི་བཞིན་དུ་བསྒོམ་སྟེ། ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པས། སློབ་མའི་ཚེ་དང་བསོད་ནམས་བདུད་དང་གཤིན་རྗེ་སྲིན་པོ་དང་མ་མོ་རྒྱལ་འགོང་ལ་སོགས་པས་ཁྱེར་བ་རྣམས་འོད་ཟེར་གྱིས་རང་དབང་མེད་པར་བཀུག བདུད་རྩི་འོ་མའི་ཁ་དོག་ལྟ་བུ་ཕྱོགས་བཅུ་ནས་བྱུང་ཞིང༌། སློབ་མའི་ལུས་ལ་ཐིམ་པས་ཚེ་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད་ཅིང༌། སླར་ཡང་འཕེལ་ཞིང་རྒྱས་པར་བསམས་ལ་སྔགས་བཟླ། སློབ་དཔོན་གྱིས་ངག་ཏུ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང༌། ཕུན་སུམ་ཚོགས་པ་ཞེས་སོགས་ཀྱི་བཀྲ་ཤིས་དང་རོལ་མོ་བྱའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སའི་དཀྱིལ་འཁོར་ལ་སོགས་པའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཤིང་ཐོག འབྲུ་སྨན། རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ལ་ཕོག་པས། དེ་རྣམས་ཀྱི་རོ་བཅུད་ཐམས་ཅད་བསྡུས། ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་བྱོན། འཆི་མེད་ཚེའི་བདུད་རྩིར་གྱུར། ཁོལ་ཞིང་ལུད་པ་བུམ་པའི་ཁ་ནས་མར་ཞམ་བྱུང༌། སློབ་མའི་སྤྱི་གཙུག་འཕང་ལོའི་མིག་གི་རྒྱ་ཙམ་ཁ་དང་དེ་བའི་ནང་དུ་སོང་བས་ལུས་
ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་ཁེངས་ཏེ་ལུས་སྲ་ཞིང་བརྟན་པ་གཞོམ་གཞིག་མི་ནུས་པ་རི་རབ་དང་རྡོ་རྗེ་ལྟ་བུར་གྱུར་པར་བསམ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག་སོགས་དང༌། དེ་ཡིས་ཉེ་བར་བསྟན་པའི་སོགས་ཀྱི་བཀྲ་ཤིས་བརྗོད། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཆུའི་དཀྱིལ་འཁོར་ལ་སོགས་པའི་ཆུ་ཐམས་ཅད་ལ་ཕོག རོ་བཅུད་བསྡུ་བ་སོགས་གོང་བཞིན་བྱ། ལུས་སྣུམ་བག་དང་ལྡན་པར་བསམ། དགེ་འདུན་དམ་པ་ཆོས་ལྡན་སོགས་ཀྱི་བཀྲ་ཤིས་བརྗོད། ཡང་འོད་ཟེར་གྱི་སྤྲོ་བསྡུས་མེའི་དཀྱིལ་འཁོར་ལ་སོགས་པ་མེ་ཐམས་ཅད་ཀྱི་རོ་བཅུད་བསྡུས། ལུས་བཀྲག་མདངས་དང་ལྡན་པར་བསམ། རྒྱལ་བ་སྲས་བཅས་སོགས་ཀྱི་བཀྲ་ཤིས་བརྗོད། ཡང་འོད་ཟེར་སྤྲོ་བསྡུས་རླུང་གི་དཀྱིལ་འཁོར་ལ་སོགས་པ་རླུང་ཐམས་ཅད་ཀྱི་རོ་བཅུད་བསྡུས། ལུས་སྟོབས་དང་ཡང་རྩལ་ཆེན་པོར་གྱུར་པར་བསམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་ཀྱི་བཀྲ་ཤིས་བརྗོད། ཡང་འོད་ཟེར་གྱི་སྤྲོ་བསྡུས་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྡུས། ཚེ་དང་བསོད་ནམས་བསམ་གྱིས་མི་ཁྱབ་པར་བསམ། ལོ་བརྒྱ་ཐུབ་ཅིང་སོགས་ཀྱི་བཀྲ་ཤིས་བརྗོད། ཡང་འོད་ཟེར་གྱི་སྤྲོ་བསྡུས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཚེ་དཔག་མེད་ཀྱི་བུམ་པར་བྱོན། འཆི་མེད་ཚེའི་བདུད་རྩིའི་ངོ་བོར་ཞུ། བུམ་ནང་དུ་ཁོལ་ཞིང་ལུད། བུམ་པའི་ཁ་ནས་ཞམ་བྱུང༌། སློབ་མའི་སྤྱི་གཙུག་ནས་མར་སོང༌། ཁོག་པའི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་ཁེངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར། ལུས་སྐུ་རྡོ་རྗེ། ངག་གསུང་
རྡོ་རྗེ། སེམས་ཐུགས་རྡོ་རྗེར་གྱུར་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། སྦྱིན་པ་གཏོང་ཞིང་སོགས་ཀྱི་བཀྲ་ཤིས་བརྗོད། ཡང་ཚེ་དཔག་མེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཔྲལ་བར་ཐིམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་ལ་སོགས་པ་སྐུའི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བྱོན། སློབ་མའི་དཔྲལ་བར་ཐིམ་པས་ལུས་ཀྱི་དྲི་མ་དག སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། ལུས་ཚེ་དཔག་མེད་ཀྱི་སྐུར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ་ཞིག་ཏུ་བསམ། མགྲིན་པའི་ཨཱཿལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མགྲིན་པར་ཐིམ། གསུང་དབྱངས་དྲུག་ཅུ་རྩ་བཞི་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བྱོན། སློབ་མའི་མགྲིན་པར་ཐིམ་པས་ངག་གི་དྲི་མ་དག གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། རླུང་འགྲོ་འོང་དང་བྲལ་ནས་ཡེ་ཤེས་ཀྱི་རླུང་དུ་གྱུར་པའི་མགྲིན་པར་ཨཱཿདམར་པོར་བསམ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བྱོན། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་དྲི་མ་དག ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་མི་རྟོག་པའི་ཡེ་ཤེས་སུ་གྱུར་པའི་སྙིང་གར་ཧཱུྃ་སྔོན་པོར་བསམ། ཡིག་འབྲུ་གསུམ་ཀ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམ། ཚུར་འདུས་སློབ་མའི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག དབང་བཞི་པ་ཐོབ། ཡེ་ཤེས་ལྔ་ཕྲིན་ལས་བཞི་དང་ལྡན་པར་བསམ། ལུས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ། ངག་སངས་རྒྱས་ཐམས་ཅད་ཀྱི་
གསུང་རྡོ་རྗེ། ཡིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེར་གྱུར་པར་བསམ། ལུས་ངག་ཡིད་གསུམ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ཉིན་མོ་བདེ་ལེགས་སོགས་ཀྱི་བཀྲ་ཤིས་བརྗོད། དེ་ནས་ཚེ་ཟན་གྱི་ཚེ་དཔག་མེད་སློབ་མའི་སྤྱི་བོ་ནས་བསྟིམས་ལ། ཚེ་ཟན་དང་ཚེ་ཆང་སྦྱིན། སློབ་མ་ཚེ་དཔག་མེད་དུ་གྱུར་པ་དཔོན་སློབ་གཉིས་ཀས་བསྒོམས་ལ། འཇིག་རྟེན་འདྲེན་པའི་སོགས་ཀྱི་བཀྲ་ཤིས་བརྗོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ཡོན་དབུལ། བླ་མས་གཏོར་མགྲོན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས། ནོངས་པ་བཟོད་པར་གསོལ། ཡི་གེ་བརྒྱ་པས་ལྷག་ཆང་ཁ་བསྐང༌། དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཚེ་སྲིང་པའི་ཆོ་ག་ཐུན་མོང་མ་ཡིན་པ་ཉམས་སུ་བླང་བདེ་བ་འདི། ཤངས་སྒོམ་རྒྱལ་མཚན་དཔལ་བཟང་པོས་ལྷོ་འོ་ན་འདུལ་བདེ་ཆེན་ཀུན་གསལ་གྱི་རི་ཁྲོད་དུ་ཡི་གེར་བཀོད་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། ༈ །ཁྲིད་རིན་ཆེན་གཏེར་མཛོད་ལས་བསྐྱེད་ཆོག་བཞུགས་སོ། །བླ་མ་དང་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཚེ་དཔག་མེད་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས་ལ། འོག་ནས་འབྱུང་བ་བཞིན་མཆོད་ཅིང་བསྟོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་བྱ། བཛྲ་མུཿས་གཤེགས་སུ་གསོལ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་པས་ཚད་མེད་བཞི་བསྒོམས་ལ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་
ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་སྟེང་ན་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིས་གང་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐུ་རགས་དོ་ཤལ་ལ་སོགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་བདེ་བ་ཅན་གྱི་ཞིང་ཁམས་ནས་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཱཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། བུམ་པའི་ཆུས་དབང་བསྐུར། དྲི་མ་དག ལུས་གང༌། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་
ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡའམ། སྐབས་འདིར། གཙང་ཞིང་ངམ། དྲི་མེད་ཡིད་དུ་འོང་བ་ཡི། །ཞེས་པའི་མཆོད་ཕྲེང་གིས་ཕུལ་ལ། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །རང་གི་སྙིང་གར་ཟླ་བའི་གདན་ལ། གཟུངས་རིང་ཐུང་གི་སྔགས་འཁོར་བ་ལ་དམིགས་ལ་བཟླས་པ་བྱ། དེ་ནས་ཐུན་མཚམས་སུ་གཏོར་མ་བྱའོ། །ཚེ་དཔག་མེད་ཀྱི་མངོན་རྟོགས་ཉམས་སུ་བླང་བདེ་བ་འདི་ཉིད་གྲོགས་དམ་པ་དགེ་གྲགས་པས་བསྐུལ་བའི་ངོར་གོང་མའི་གསུང་ལ་བརྟེན་ནས། སྙོམ་ལས་པ་རྒྱལ་མཚན་དཔལ་བཟང་པོས་ཡི་གེར་བཀོད་པའོ།། ༈ །ཚེ་ཁྲིད་རིན་ཆེན་གཏེར་མཛོད་ལས་བསྟོད་པ་བཞུགས་སོ། །གདོད་ནས་རྣམ་པར་དག་པ་འོད་གསལ་ཞིང༌། །གློ་བུར་དྲི་མ་དག་པ་ཆོས་ཀྱི་སྐུ། །རིག་སྟོང་གཉིས་སུ་མེད་པ་བདེ་ཆེན་དངོས། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྣ་ཚོགས་མདངས་ལྡན་འདབ་བརྒྱད་སྟེང༌། །ཁ་བའི་མདོག་ཅན་གདུང་སེལ་རི་བོང་ཅན། །དེ་སྟེང་ཐུགས་རྗེས་རྗེས་སུ་ཆགས་པའི་ཧྲཱིཿ །བཅོམ་ལྡན་ཚེ་དཔག་མེད་ལ༴ །སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས། །ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྐྱེ་འཆི་གཡོ་མེད་རང་བྱུང་རྟག་པའི་སྐུ། །བཅོམ་ལྡན༴ །རིན་ཆེན་བུམ་པ་ཚེ་ཡི་བདུད་རྩིས་གང༌། །ཏིང་འཛིན་ཕྱག་རྒྱའི་སྟེང་དུ་ལེགས་གནས་པ། །འགྲོ་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྟེར། །བཅོམ་ལྡན༴ །ཞི་ཞིང་འཛུམ་པ་སྒེག་པའི་ཉམས་དང་ལྡན། །མཚན་དང་དཔེ་བྱད་བཟང་པོས་རབ་བརྗིད་ཅིང༌། །སྣ་ཚོགས་རིན་ཆེན་རྒྱན་
ཆས་རབ་སྤྲས་པའི། །བཅོམ་ལྡན༴ །ཚད་མེད་འོད་ཟེར་སྐུ་ལས་རབ་འཕྲོས་པས། །རབ་འབྱམས་ཞིང་གི་མུན་པའི་སྨག་རུམ་སེལ། །ཆོས་ཀྱི་སྣང་བས་ཕན་བདེའི་ལམ་སྟོན་པའི། །བཅོམ་ལྡན༴ །གསུང་དབྱངས་རྒྱ་མཚོ་གདུལ་བྱའི་ཡིད་བཞིན་འཇུག །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་འཁྲུལ་པ་སེལ། །བདེན་གཉིས་དོན་ལ་བློ་གྲོས་རྒྱས་མཛད་པའི། །ཚེ་དཔག་མེད་པའི་གསུང་ལ་ཕྱག༴ །རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོ་ལ། །གཡོ་མེད་རྟག་བཞུགས་རྣམ་པར་མི་རྟོག་དང༌། །ཤེས་བྱའི་ཆོས་ཀུན་མ་འདྲེས་ཐམས་ཅད་མཁྱེན། །ཚེ་དཔག་མེད་པའི་ཐུགས་ལ༴ །སྟོབས་དང་མ་འདྲེས་མི་འཇིགས་བཞི་དང་ནི། །ཡེ་ཤེས་ལྔ་དང་བྱམས་པ་ཆེན་པོ་སོགས། །ཡོན་ཏན་རྒྱ་མཚོ་ཀུན་ནས་ལྷམ་མེ་བ། །ཚེ་དཔག་མེད་པའི་ཡོན་ཏན་ལ་ཕྱག་འཚལ། །ཕྱོགས་བཅུའི་ཞིང་དུ་སྣ་ཚོགས་སྤྲུལ་པ་ཡིས། །སྣ་ཚོགས་ཐབས་ཀྱིས་སྣ་ཚོགས་འགྲོ་བ་འདྲེན། །སྣ་ཚོགས་མཛད་པ་བསམ་གྱིས་མི་ཁྱབ་པའི། །ཚེ་དཔག་མེད་པའི་ཕྲིན་ལས་ཕྱག་འཚལ་ལོ། །ཐོག་མེད་ལས་ངན་རླུང་གིས་རབ་བསྐྱོད་ཅིང༌། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྱིལ་པ་ཡི། །གཏིང་མཐའ་མེད་པའི་སྡུག་བསྔལ་རྒྱ་མཚོ་ཆེ། །འཁོར་བའི་ཆུ་བོ་ཆེ་ལས་བསྒྲལ་དུ་གསོལ། །མ་རིག་ལྟ་བ་འཐིབས་པོས་ནོན་པ་ཡིས། །བླང་དོར་ལམ་ལ་བློ་གྲོས་མིག་ལྡོངས་ཏེ། །ངན་སོང་གསུམ་གྱི་གཡང་སར་ཞུགས་པ་ལ། །ཡེ་ཤེས་སྒྲོན་མེས་ཀུན་ནས་བསལ་དུ་གསོལ། །ལས་དང་ཉོན་མོངས་དུ་མའི་བུད་ཤིང་ལ། །སྲིད་པ་དམ་པོའི་རླུང་གིས་རབ་བསྐྱོད་ཅིང༌། །མི་ཟད་སྡུག་བསྔལ་མེ་ཆེན་འབར་བ་ལ། །དམ་ཆོས་བདུད་རྩིའི་ཆར་ཆེན་དབབ་ཏུ་གསོལ། །བདག་དང་བདག་གིར་འཛིན་པའི་གཅོང་ནད་ཅན། །འཁྲུལ་པའི་བག་ཆགས་གདོན་གྱིས་རབ་གཟིར་བའི། །ཐར་པའི་གྲོགས་དང་བྲལ་བའི་སྐྱེ་བོ་ལ། །སྟོང་ཉིད་བདུད་རྩིའི་
སྨན་མཆོག་སྦྱར་དུ་གསོལ། །གཡོ་མེད་བརྟན་པ་སྣོད་ཀྱི་འཇིག་རྟེན་དང༌། །ས་ཆུ་མེ་རླུང་འབྱུང་བ་ཆེ་རྣམས་ཀྱི། །རོ་བཅུད་མ་ལུས་བདག་གི་དབང་གྱུར་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་བ་ཀུན་གྱི་ཚེ་དང་བསོད་ནམས་དང༌། །འདོད་དགུ་མ་ལུས་བདག་གི་དབང་གྱུར་ནས། །ན་རྒ་འཆི་བའི་གནོད་པ་དང་བྲལ་བའི། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ནམ་མཁའི་མཐའ་ཀླས་གྱུར་པའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེ་རྣམས་ཀྱི། །འགྱུར་མེད་རྟོགས་པ་བདག་གིས་ཐོབ་པ་ཡིས། །ཚེ་དཔག་མེད་པ་ཚེ་ཡི་དབང་ཕྱུག་གི །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་ཀྱང༌། །རྟག་བརྟན་ཐེར་ཟུག་འགྱུར་བ་མེད་པ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ལ་ཆ་ཙམ་བསྟོད་པའི་བྱིན་རླབས་ཀྱིས། །བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བའི་འཇིགས་པ་རྣམས་ཐར་ནས། །འཆི་མེད་རྡོ་རྗེའི་སྐུ་མཆོག་འགྲུབ་པར་ཤོག །སངས་རྒྱས་སྣང་བ་མཐའ་ཡས་ལ་བསྟོད་པ་འདི་ནི། དགེ་སློང་སངས་རྒྱས་རྒྱལ་མཚན་གྱིས་བསྐུལ་བའི་ངོར། །སྒོམ་ཆེན་པ་རྒྱལ་མཚན་དཔལ་བཟང་པོས་ལྷོ་སྤ་གྲོ་སྐྱེ་ཆུར་སྦྱར་བའོ།། ༈ །ཚེ་ཁྲིད་རིན་ཆེན་གཏེར་མཛོད་ལས། བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཡེ་ཤེས་ལྔ་ལྡན་རྒྱལ་བ་འོད་དཔག་མེད། །རིག་འཛིན་བརྙེས་པ་གྲུབ་པའི་རྒྱལ་མོ་དང༌། །གསང་སྔགས་མཛོད་འཛིན་གྲུབ་ཆེན་ཏི་ཕུ་པ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཟབ་མོའི་བཅུད་བསྡུས་རས་ཆུང་རྡོ་རྗེ་གྲགས། །རྩ་རླུང་སེམས་ལ་དབང་ཐོབ་མི་ལ་རྗེ། །སེམས་དཔའ་ཆེན་པོ་འགྲོ་མགོན་སྒམ་པོ་པ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཇི་ལྟ་ཇི་སྙེད་མཁྱེན་པའི་མཐའ་རྩ་བ། །རྟེན་འབྲེལ་ཐབས་ལ་
མཁས་པའི་འབྲི་གུང་པ། །གཞན་དོན་མཐར་ཕྱིན་སྤྱན་སྔ་རིན་པོ་ཆེ། །གསོལ་བ༴ །དུས་གསུམ་སངས་རྒྱས་རྒྱལ་བ་ཡང་དགོན་པ། །རྒྱལ་བའི་རྒྱལ་ཚབ་སྤྱན་སྔ་རིན་ཆེན་ལྡན། །སྣང་སྲིད་ཆོས་སྐུར་རྟོགས་པའི་ཟུར་ཕུག་པ། །གསོལ་བ༴ །གྲུབ་པ་བྱེ་བའི་ཐིག་ལེ་འབའ་ར་བ། །ཉམས་རྟོགས་རོལ་པའི་གར་མཛད་རིན་ཆེན་འཕེལ། །དངོས་འཛིན་འཁྲུལ་པའི་མདུད་ཞིག་ཚུལ་རྒྱན་ཞབས། །གསོལ་བ༴ །དོན་གཉིས་ལྷུན་གྲུབ་མཁྱེན་རབ་ཆོས་ཀྱི་རྗེ། །རྡོ་རྗེའི་གནས་ཐོབ་རྗེ་བཙུན་ཀུན་སྤངས་པ། །རབ་གསལ་རྣམ་འཕྲུལ་ཚར་ཆེན་རྡོ་རྗེ་འཆང༌། །གསོལ་བ༴ །མཁས་ཤིང་གྲུབ་བརྙེས་འཇམ་དབྱངས་མཁྱེན་བརྩེའི་དབང༌། །ལུང་རྟོགས་མཚོ་ཆེན་བསླབ་གསུམ་རྒྱལ་མཚན་དང༌། །སྙན་བརྒྱུད་མངའ་བདག་དབང་ཕྱུག་རབ་བརྟན་ལ། །གསོལ་བ༴ །རྒྱལ་གསུང་མཛོད་འཛིན་མགོན་པོ་བཀའ་འགྱུར་བ། །མཁྱེན་པའི་གཏེར་ཆེན་བསོད་ནམས་མཆོག་གྲུབ་དང༌། །རིན་ཆེན་གསུམ་དངོས་བསྟན་པ་གསལ་བྱེད་ལ། །གསོལ་བ༴ །སྲིད་ཞིའི་འདྲེན་མཆོག་བློ་གྲོས་ཆོས་འཕེལ་བ། །ཨོ་རྒྱན་ལུང་ཟིན་ངག་དབང་ཡེ་ཤེས་དང༌། །འགྲོ་བའི་དེད་དཔོན་ཆོས་གྲགས་རྒྱ་མཚོ་ལ། །གསོལ་བ༴ །ངག་ལ་དབང་འབྱོར་ཆོས་ཀྱི་རྒྱ་མཚོའི་མཚན། །ཀུན་བཟང་དགོངས་བརྙེས་ཆོས་དབྱིངས་རྡོ་རྗེ་དང༌། །མཁའ་སྤྱོད་མཛེས་མས་རྗེས་བཟུང་བློ་གསལ་ཞབས། །གསོལ་བ༴ །འཇམ་དབྱངས་མཁྱེན་པའི་གར་མཁན་ཆོས་ཀྱི་རྗེ། །བརྩེ་ཆེན་བདུད་རྩིའི་ཟེར་འཕྲོ་འགྲོ་བའི་མགོན། །སྨྲ་བའི་དབང་པོ་བཀའ་དྲིན་སུམ་ལྡན་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་ཟུར་ཕུག་པ་ཡན་ཆད་འབའ་ར་བས་མཛད་པ་ལ། ཕྱིན་ཆད་བརྒྱུད་པའི་ཁ་སྐོང་གུ་ཎས་སོ། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་བདག །བླ་མ་ཡི་དམ་མཁའ་
འགྲོ་དམ་ཅན་ལ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །ཐུན་མོང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །སྦྱང་གཞི་མི་ཤིགས་རྡོ་རྗེ་གསུམ་དབང་ལ། །སྦྱང་བྱ་མ་རིག་གློ་བུར་དྲི་མའི་ཚོགས། །སྦྱོང་བྱེད་རིམ་གཉིས་ཟབ་ལམ་རྣལ་འབྱོར་གྱིས། །སྦྱངས་འབྲས་གདོད་མའི་འཆི་མེད་མངོན་གྱུར་ཤོག །ཚེ་ཁྲིད་བརྒྱུད་པའི་གསོལ་འདེབས་སྒོམ་ཆེན་པ་རྒྱལ་མཚན་དཔལ་བཟང་པོས་ཡི་གེར་བཀོད་པའོ།། ༈ །ཚེ་ཁྲིད་རིན་ཆེན་གཏེར་མཛོད་ལས་ཁྲིད་ཡིག་འབྲིང་པོ་བཞུགས་སོ། །བླ་མ་དང་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཚེ་དཔག་མེད་ཀྱི་ཉམས་ལེན་འབྲིང་པོ་བྱ་བར་འདོད་པས་ཐོ་རངས་ཁ་ནུབ་ཕྱོགས་སུ་བལྟས་ལ། སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁའ་ལ་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་འཕྲོས་སངས་རྒྱས་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྟེང་ན། ཕྱག་གཉིས་མཉམ་གཞག་མཛད་པའི་མཐིལ་དུ་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིས་གང་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐུ་རགས། དོ་ཤལ་ལ་སོགས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་བདེ་བ་ཅན་གྱི་ཞིང་ཁམས་ནས་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་
བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུས་དབང་བསྐུར། དྲི་མ་དག ལུས་གང༌། ཆུ་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། དེ་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་པ་ལན་གསུམ་གྱིས་གསོལ་བ་བཏབ་ནས། ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རང་ལ་གནོད་བྱེད་ཀྱི་གདོན་བགེགས་ཐམས་ཅད་ལ་ཕོག་པས། དེ་ཡིས་རང་གི་ཚེ་དང་བསོད་ནམས་དང༌། དཔལ་དང༌། མདངས་དང༌། ཁ་རྗེ་དབང་ཐང་ལ་སོགས་པ་བརྐུས་པ་དང༌། འཕྲོག་པ་དང༌། མནན་པ་དང༌། ཡར་བ་ཐམས་ཅད་བཀུག་སྟེ་རང་ལ་ཐིམ་པས་སོར་ཆུད་པར་བསམ་ཞིང༌། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་བཟླའོ། །ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་ཆེན་གསེར་གྱི་ས་གཞི་དང༌། རི་རབ་དང༌། གསེར་གྱི་རི་བདུན་དང༌།
གངས་ཅན་ལ་སོགས་པའི་གངས་རི་ཐམས་ཅད་དང༌། སྤོས་ངད་ལྡན་ལ་སོགས་པའི་སྤང་རི་ཐམས་ཅད་དང༌། མ་ལ་ཡ་ལ་སོགས་པའི་ནགས་རི་ཐམས་ཅད་དང༌། བྲག་རི་དང༌། རྫ་རི་དང༌། གཡའ་རི་ཐམས་ཅད་དང༌། གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་རིགས་ཐམས་ཅད་དང༌། ནས་ལ་སོགས་པ་འབྲུའི་རིགས་ཐམས་ཅད་དང༌། ག་བུར་ལ་སོགས་པའི་སྨན་གྱི་རིགས་ཐམས་ཅད་ལ་ཕོག་པས། རྡོ་ཁབ་ལེན་གྱིས་ས་ནང་ཡོད་པའི་ལྕགས་ཀྱི་ཕྱེ་མ་བསྡུས་པ་ལྟར། དེ་ཐམས་ཅད་ཀྱི་བཅུད་འོ་མའི་ཁ་དོག་ལྟ་བུར་སྐྱ་ན་ར་ར་བསྡུས་ནས། ཚེ་དཔག་མེད་ཀྱི་བུམ་པར་བྱོན་པ་ཁོལ་ཞིང་ལུད་པས་བུམ་པའི་ཁ་ནས་མར་བྱུང་སྟེ། སྤྱི་གཙུག་གི་བུ་ག་ནས་མར་སོང་བས། ལུས་གང༌། སྲ་ཞིང་བརྟན་ལ་གཞོམ་གཞིག་མི་ནུས་པར་བསམས་ལ། སྔགས་བརྒྱ་རྩ་བཟླ། དེ་བཞིན་དུ་འོད་ཟེར་འཕྲོས་པས། ཕྱིའི་རྒྱ་མཚོ་ལ་སོགས་པ་ཆུ་ཐམས་ཅད་ཀྱི་བཅུད་བསྡུས་པས་ལུས་སྣུམ་ཞིང་བག་དྲོ་བར་བསམས་ལ་སྔགས་བརྒྱ་རྩ་བཟླ། ཡང་འོད་ཟེར་འཕྲོས་པས། མེའི་དཀྱིལ་འཁོར་ལ་སོགས་པའི་མེ་ཐམས་ཅད་ཀྱི་བཅུད་བསྡུས་པས། ལུས་བཀྲག་མདངས་དང་ལྡན་པར་བསམས་ལ། སྔགས་བརྒྱ་རྩ་བཟླ། ཡང་འོད་ཟེར་འཕྲོས་པས། རླུང་གི་དཀྱིལ་འཁོར་ལ་སོགས་པའི་བདུད་རྩི་བསྟིམ། མཚམས་རྣམས་སུ་སྔགས་བརྒྱ་རྩ་ལས་མི་ཉུང་བར་བཟླའོ། །ཡང་ཨཱ་ཡུ་ཥེས་གསོལ་བ་བཏབ། འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས། ཁྱད་པར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཚངས་པ་དང༌། བརྒྱ་བྱིན་དང༌། བླ་མ་དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ཀྱི་བཅུད་བསྡུས་པས། རིགས་དྲུག་གི་སེམས་ཅན་ཐམས་ཅད་དང་ཚེ་
དང་བསོད་ནམས་མཉམ་པར་བསམས་ལ། སྔགས་བརྒྱ་རྩ་བཟླའོ། །ཡང་ཨཱ་ཡུ་ཥེས་གསོལ་བ་གདབ། འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་བུམ་པར་བྱོན། བདུད་རྩིར་གྱུར་པ་ཁོལ་ཞིང་ལུད། སྤྱི་བོ་ནས་ཞུགས། ལུས་ཁེངས་པས། ལུས་སངས་རྒྱས་ཀྱི་སྐུ་རྡོ་རྗེ་དང༌། ངག་སངས་རྒྱས་ཀྱི་གསུང་རྡོ་རྗེ་དང༌། སེམས་སངས་རྒྱས་ཀྱི་ཐུགས་རྡོ་རྗེར་གྱུར་པར་བསམས་ལ། ཚེ་གཟུངས་བརྒྱ་རྩ་བཟླ། །དེ་ནས་ཚེ་དཔག་མེད་རང་གི་སྤྱི་གཙུག་ནས་མར་ཐིམ་པར་བསམས་ལ། རང་ཉིད་ཚེ་དཔག་མེད་ཀྱི་ང་རྒྱལ་དང་མ་བྲལ་བར་བྱའོ། །སྨྲ་བཅད་བྱས་ནས་ཟླ་བ་གཅིག་བསྙེན་པ་བྱས་ན། ཚེ་ཟད་པ་ཡང་ལོ་བཅུ་གཉིས་ཐུབ་པར་གསུངས་སོ། །ཚེ་སྲིང་བའི་མན་ངག་འདི་ལས་ཟབ་པ་མེད་དོ། །ཚེ་དཔག་ཏུ་མེད་པའི་སྒོམ་བཟླས་ཀྱི་རིམ་པ་འབྲིང་པོ་ཉམས་སུ་བླང་བདེ་བ་འདི་ཉིད། སྒོམ་ཆེན་པ་རྒྱལ་མཚན་དཔལ་བཟང་པོས་འབའ་ར་དོན་གྲུབ་སྡིངས་ཀྱི་ཡང་དབེན་དུ་སྦྱར་བའོ།། ༈ །ཚེ་ཁྲིད་རིན་ཆེན་གཏེར་མཛོད་ལས་ཁྲིད་ཡིག་བསྡུས་པ་བཞུགས་སོ། །བླ་མ་དང་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཚེ་དཔག་མེད་ཀྱི་སྒོམ་བཟླས་ཉུང་ངུ་བྱེད་པར་འདོད་པས། ཐོ་རངས་ཁ་ནུབ་ཕྱོགས་སུ་གཏད་ལ། སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་ནས། མདུན་གྱི་ནམ་མཁའ་ལ་པདྨ་དང་ཟླ་བའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་
གཉིས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྟེང་ན་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་མཐིལ་ན། རིན་པོ་ཆེའི་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐུ་རགས། དོ་ཤལ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་བདེ་བ་ཅན་གྱི་ཞིང་ཁམས་ནས། ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། བུམ་ཆུས་དབང་བསྐུར། དྲི་མ་དག ལུས་གང་ཆུ་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། དེ་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་དྱ། ཤབྡ། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་པ་
ལན་གསུམ་གྱིས་གསོལ་བ་བཏབ་ནས། ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རང་ལ་གནོད་བྱེད་ཀྱི་གདོན་བགེགས་ཐམས་ཅད་ལ་ཕོག དེ་རྣམས་ཀྱིས་རང་གི་ཚེ་དང༌། བསོད་ནམས་དང༌། དཔལ་དང༌། མདངས་དང༌། ཁ་རྗེ། དབང་ཐང་ལ་སོགས་པ་བརྐུས་པ་དང༌། འཕྲོག་པ་དང༌། མནན་པ་དང༌། ཡར་བ་ཐམས་ཅད་བཀུག་སྟེ། རང་ལ་ཐིམ་པས། ཚེ་དང་བསོད་ནམས་ཉམས་པ་དང༌། མནན་པ་དང༌། ཡར་བ་ཐམས་ཅད་སོར་ཆུད་པར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་ལ་སོགས་པ་བཟླའོ། །ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་ས་རྡོ་རི་བྲག རྩི་ཤིང་ནགས་ཚལ་ལ་སོགས་པ། འབྱུང་བ་ས་ཆུ་མེ་རླུང་རྣམས་ལ་ཕོག དེ་རྣམས་ཀྱི་བཅུད་བསྡུས། ཚེ་དཔག་མེད་ཀྱི་བུམ་པར་འདུས། འཆི་མེད་ཚེའི་བདུད་རྩིར་གྱུར། བུམ་པ་ཁེངས། ཁོལ་ཞིང་ལུད། བུམ་པའི་ཁ་ནས་མར་ལ་སྐྱ་ཆིལ་གྱིས་བྱུང༌། རང་གི་སྤྱི་བོའི་གཙུག་ནས་མར་བྱུང་བས་ཁོང་པའི་ནང་མེར་གྱིས་ཁེངས་པས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག དེ་རྣམས་ཀྱི་ཚེ་དང་བསོད་ནམས་དབང་ཐང་ཐམས་ཅད་བསྡུས་ནས། ཚེ་དཔག་མེད་ཀྱི་བུམ་པར་བྱུང་བས་འཆི་མེད་ཚེའི་བདུད་རྩིར་གྱུར། ཡར་ལུད་རང་གི་སྤྱི་གཙུག་ནས་མར་བྱུང༌། ལུས་མེར་གྱིས་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསྒོམ། ཡང་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། བུམ་པར་བྱོན་འཆི་མེད་ཚེའི་བདུད་རྩིར་གྱུར། སྐྱ་ཆིལ་བུམ་པའི་ཁ་ནས་མར་ཞམ་བྱུང༌། རང་གི་སྤྱི་གཙུག་ནས་མར་ཞུགས། ཁོངས་པའི་ནང་ཐམས་ཅད་ཁེངས་པས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང༌།
གོང་གི་སྔགས་བཟླའོ། །སྔགས་བཟླས་པ་ཚར་བ་དང༌། ཚེ་དཔག་མེད་རང་གི་སྤྱི་གཙུག་ན་མར་ཐིམ་པར་བསམས་ལ། དེ་ནས་རང་ཉིད་ཚེ་དཔག་མེད་དུ་བསྒོམ། སྣོད་བཅུད་བསྡུས་པས་ལུས་སྟོབས་དང་ལྡན་པར་བསམས་ལ། སྔགས་བརྒྱ་རྩ་ཟླ། འདི་སྨྲ་བཅད་བྱས་ནས་ཟླ་བ་གཅིག་བསྙེན་པ་བྱས་ན་ཚེ་ཟད་པ་ཡང་ལོ་བཅུ་གཉིས་ཐུབ་པར་གསུངས་སོ། །ཚེ་དཔག་མེད་ཀྱི་སྒོམ་བཟླས་བསྡུས་པ་ཉམས་སུ་བླང་བདེ་བ་འདི་ཉིད། སྒོམ་ཆེན་པ་རྒྱལ་མཚན་དཔལ་བཟང་པོས། འབའ་ར་དོན་གྲུབ་སྡིངས་ཀྱི་ཡང་དབེན་དུ་སྦྱར་བའོ།། ༈ །ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བྱིན་རླབས་ཀྱི་ཆོ་ག་པད་དཀར་བཞད་པའི་ཕྲེང་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཕུན་ཚོགས་པདྨ་རཱ་གའི་ལྷུན་པོའི་རྩེར། །ཉི་གཞོན་འོད་ཀྱི་དྲྭ་བས་མཛེས་འདྲ་བ། །བླ་མ་རྗེ་བཙུན་ཚེ་དཔག་མེད་པའི་ཞབས། །གཙུག་གི་པདྨོར་རོལ་པས་རིང་དུ་སྐྱོངས། །མཐར་བྱེད་མུན་པ་འཐིབས་པོས་དུབ་རྣམས་དང༌། །བདེ་ལྡན་པདྨའི་ཚལ་དུ་འཇུག་འདོད་དག །དགའ་བས་ཨུཏྤལ་འདྲེན་བྱེད་ལན་བརྒྱར་ཕྱིས། །ལེགས་བཤད་སྙན་བརྒྱུད་འོད་སྟོང་ཁོ་བོས་སྦྱིན། །དེ་ལ་རྗེ་བཙུན་དབང་མོ་མ་གཅིག་གྲུབ་པའི་རྒྱལ་མོ་ལ་བཅོམ་ལྡན་འདས་ཉིད་ཀྱིས་མངོན་སུམ་དུ་གནང་བའི་གདམས་པ། སྐྱེས་བུ་རས་ཆུང་པ་རྡོ་རྗེ་གྲགས་པས་བོད་ཡུལ་དུ་སྤྱན་དྲངས་པའི་ཆོས་རྣམས་ཀྱི་ནང་ནས་ཆེས་ཟབ་པ། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་གཅིག་བུམ་གཅིག་གི་སྒོ་ནས་སློབ་མ་རྗེས་སུ་འཛིན་པར་བྱེད་པའི་ཐབས་བྱིན་རླབས་ཀྱི་ཆོ་ག་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་གནས་ཡིད་དུ་འོང་བར་ཚེ་དཔག་མེད་ཀྱི་བྲིས་སྐུ་སོགས་ཀྱི་དྲུང་དུ། མཎྜལ་པདྨ་འདབ་བཞི་པའི་དབུས་སུ། ཆང་དང༌། བུ་རམ་དང༌། མར་དང༌། སྤོས་སྣ་ཚོགས་སྦྱར་བའི་ཟན་གྱི་ཚེ་བུམ་དམར་པོ་
རྒྱན་གྱིས་བརྒྱན་པ་དང༌། རིན་པོ་ཆེའི་སྣོད་གས་ཆག་མེད་པར་ཚེ་ཆང་བདུད་རྩི་རིལ་བུ་དང་སྦྱར་བ་མགུལ་ཆིངས་དམར་པོ་ཅན། ཚེའི་རིལ་བུ་ཅི་རིགས་དང་བཅས་པ་ལག་ལེན་ལྟར་བཤམ། དེའི་མདུན་དུ་ཟླུམ་གཏོར་པད་འདབ་ཅན་གསུམ། མཐའ་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔས་ཁོར་ཡུག་ཏུ་བསྐོར་བ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་སྟ་གོན་བྱའོ། །གཉིས་པ་དངོས་གཞི་ལ། སློབ་དཔོན་གྱི་བྱ་བ་དང་སློབ་མ་ལ་བྱ་བའི་རིམ་པའོ། །དང་པོ་ལ། བདག་བསྐྱེད་སྒོམ་བཟླས། མདུན་བསྐྱེད་སྒྲུབ་ཅིང་མཆོད་གཏོར་གྱིས་མཉེས་པར་བྱ་བའོ། །དང་པོ་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ་བར་བྱ། རང་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ ཕྱག་རྒྱ་སྔགས་སོགས་སྔོན་དུ་འགྲོ་བའི་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་ཡན་ལག་བདུན་པ་བྱ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་རྣམས་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས།
འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ལ་ཞི་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་གསེར་གྱི་བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དཔེས་སྤྲས་ཤིང༌། འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ་པར་བསམ། དེ་ནས། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག་ལ་ཕྱག་རྒྱར་བཅས་པས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །
སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་དང༌། འཁོར་བའི་སེམས་ཅན་མ་ལུས་པ། །ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པའི་མཐར། ཨོཾ་ན་མོ་བྷ་ག་སོགས་གཟུངས་རིང་དང༌། ཨ་མཱ་ར་ཎི་གཡས་སྐོར་དུ་བསྐོར་བ་ལས་འོད་ཟེར་འཕྲོས་པས། རང་གི་ལུས་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྐྱེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་གང༌། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། གཟུངས་རིང་བརྒྱ་རྩ་དང༌། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་པའི་སྙིང་པོ་ཅི་ནུས་བཟླས་ལ། སླར་ཡང་མཆོད་བསྟོད་གོང་བཞིན་དང༌། བཅོམ་ལྡན་འདས་བདག་གི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ་དུ་གསོལ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། གཉིས་པ་མདུན་བསྐྱེད་ཀྱི་རིམ་པ་ནི་མདུན་གྱི་ཚེ་ཟན། ཚེ་ཆང་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གཉིས་ཀའང་ཚེ་དཔག་མེད་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། མཆོད་བསྟོད་གསོལ་གདབ་རྣམས་གོང་བཞིན་བྱའོ། །དེ་ནས་ཚེ་འགུགས་པ་ནས་བཟུང་སྣོད་བཅུད་ཀྱི་བཅུད་བསྡུ་བ་སོགས་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བསམས་ལ། སྔགས་རྣམས་བཟླ་ཞིང་སླར་ཡང་མཆོད་བསྟོད་བྱ། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ།«འདིའི་རྗེས་ཆོག་སྐབས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་ཞེས་སྣང་བདེ་ལྟར་མདུན་
གྱི་ནམ་མཁར་གཏོར་མགྲོན་ཡན་ལག་བཞི་རྫོགས་ཀྱི་ཚུལ་དུ་བསྐྱེད་པ་ལ་གཏོར་མ་འབུལ་བར་སྣང༌། སྤྱིར་མདུན་བསྐྱེད་ལ་འབུལ་བའམ། གཏོར་མགྲོན་སྐད་ཅིག་གིས་སྤྱན་དྲངས་པ་ལ་འབུལ་ཀྱང་རུང་སྟེ། ཕྱི་མ་ལ་ཡེ་ཤེས་པ་གཤེགས་པའམ་བརྟན་བཞུགས་བྱའོ།། »དང་པོ་མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་བཅོམ་ལྡན་འདས་ལ་འབུལ། གཉིས་པ་རང་གི་སྒོས་ཀྱི་ཆོས་སྐྱོང་ལ་དེ་ཉིད་ཀྱི་ཆོ་གས་འབུལ་བའམ། ཡང་ན་མཁའ་འགྲོ་སྤྱི་གཏོར་གྱིས་དབུལ། གསུམ་པ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཞི་བདག་ལ་སོགས་པ་ལ་བསྔོའོ།། ༈ །གཉིས་པ་སློབ་མ་ལ་བྱ་བའི་རིམ་པ་ནི། སློབ་མ་རྣམས་ཁྲུས་བྱས། སྙིམས་པ་མེ་ཏོག་དང་བཅས་གྲལ་ལ་འཁོད་པ་ལ། སློབ་དཔོན་གྱིས་འདི་སྐད་བརྗོད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དང༌། གནས་སྐབས་སུ་ཚེ་ལ་བར་དུ་གཅོད་པ་མཐའ་དག་ཞི་བ་དང༌། མཐུན་རྐྱེན་ཚེའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དུ་ཚེ་ཡི་དབང་བསྐུར་བའམ་བྱིན་གྱིས་རླབས་པ་ཟབ་མོ་ཞུ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་སྟེ་ལེགས་པར་གསན་པར་ཞུ། དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་གདུལ་བྱ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་བའི་རིམ་པ་དང་རྗེས་སུ་མཐུན་པར། དམ་པའི་ཆོས་ཀྱི་བདུད་རྩིའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་ཡིན་ལ། དེ་ལའང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཀྱི་ཕྱི་མ་ལ། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་བཞུགས་པའི་ནང་ནས། འདིར་བརྒྱུད་པའི་བླ་མ་རྣམས་ཀྱི་གསུང་ལས་རྣལ་འབྱོར་བླ་མེད་ཀྱི་ནང་ཚན། མ་རྒྱུད་འཁོར་ལོ་བདེ་མཆོག་གི་རྒྱུད་འབུམ་པ་ནས་ཕྱུང་བར་བཞེད་
ལ། དེང་སང་ཡོངས་གྲགས་ལ་བོད་ཡུལ་དུ་བསྒྱུར་བའི་བྱ་རྒྱུད་དཔའ་བོ་གཅིག་གྲུབ་ཀྱི་སྔགས་ལ་བརྟེན་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་སྐོར་འདིའི་བྱུང་ཚུལ་གྱི་ལོ་རྒྱུས་ནི། རྗེ་བཙུན་ཆེན་པོ་མི་ལ་རས་པའི་སྲས་ཀྱི་ཐུ་བོ་ཟླ་བ་ལྟ་བུའི་རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པ་དེ་ཉིད་འཕགས་ཡུལ་རྒྱ་གར་དུ་བྱོན་ཏེ། གྲུབ་ཆེན་ཏེ་ཕུ་པ་གསང་སྔགས་ཀྱི་སྡོང་པོ་དང་མཇལ། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ་སོགས་པ་ཟབ་ལ་རྒྱ་ཆེ་བའི་གདམས་པ་དུ་མ་གསན་ནས། བོད་དུ་འབྱོན་པར་ཆས་པའི་དུས་སུ། བླ་མའི་གསུང་ནས་བུ་ཁྱོད་དེ་རིང་གྲོང་ཁྱེར་ཕ་གིར་ཚོང་དུས་སུ་ལྟས་མོ་ལ་སོང་ཞིག་གསུངས་པ་ལྟར་བྱོན་པས། ཚོང་དུས་དེའི་ཕྱོགས་གཅིག་ན། ཨཱ་ཙ་ར་སྔོ་སངས་རི་དྭགས་ཀྲྀཥྞ་སཱ་རའི་པགས་པ་ཕྲག་པ་ལ་བཀལ་བ། དེའི་རྭ་དུང་འབུད་པ་ཞིག་འདུག་པ་དེས། རས་ཆུང་པ་ལ་སྤྱན་འབྲུ་ཚུགས་སུ་ཅེ་རེ་བ་ཞིག་གཟིགས་ནས། རྣལ་འབྱོར་པ་བློ་གྲོས་ཆེ་ལ་སྐྱེ་གཟུགས་བཟང་བ་ཞིག་འདུག་སྟེ་ཁྱོད་ལ་ཟླ་བ་བདུན་གྱི་ཚེ་ལས་མི་འདུག་ཨང་གསུངས་ནས། ག་ཤེད་ཅིག་ཏུ་གཤེགས་སོང་བ་དང༌། རས་ཆུང་པ་འཇིགས་ཤིང་སྐྲག་པ་ཅིག་བྱུང་ནས་མྱུར་བར་བླ་མའི་དྲུང་དུ་བྱོན་ནས། རྒྱུ་མཚན་རྣམས་ཞིབ་པར་ཞུས་པས། བུ་ཁྱོད་ལ་ཚེ་དེ་ལས་མི་འདུག་པ་ངས་ཀྱང་ཤེས་ཏེ། ཡིད་ཆེས་པར་བྱ་བའི་ཕྱིར་དེར་བཏང་བ་ཡིན་གསུངས། འོ་ན་དེ་འདྲའི་འཆི་བ་ཟློག་པའི་གདམས་པ་ཅིས་ཀྱང་གནང་དགོས་ཞུས་པས། ད་ངེད་རང་གི་གནས་འདི་ནས་ཐག་མི་རིང་བ་ཞིག་ན། མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ། རྗེ་བཙུན་མ་ཀུ་རུ་ཀུལླེའི་གྲུབ་པ་ཐོབ་པ་ཞིག་ཡོད་པ་དེ་ལ། རྗེ་བཙུན་མས་ལུང་བསྟན་ཏེ། ཁྱོད་ཀྱི་ཡི་དམ་གྱི་ལྷ་ཚེ་དཔག་མེད་ཡིན་པས། དེ་ལ་གསོལ་བ་ཐོབ་གསུངས་པ་ལྟར། ཚེ་དཔག་མེད་ཀྱི་སྒྲུབ་པ་མཛད་
པས། དུས་དེ་ཉིད་དུ་ཞལ་གཟིགས་དངོས་སུ་དབང་བསྐུར། གདམས་པ་གནང་ནས། འཆི་མེད་ཚེ་ཡི་རིག་འཛིན་བརྙེས་ཏེ། ད་ལྟ་མི་ལོ་སུམ་བརྒྱ་དང་བདུན་བཞེས་ཀྱང༌། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབུ་སྐྲ་ནག་པོ་སིལ་བུར་ཡོད་པའི་རྣལ་འབྱོར་མ་ཆེན་མོ་ཞིག དེང་སང་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཙནྡན་དེ་བའི་ནགས་ཁྲོད་ན་བཞུགས་ཀྱིན་ཡོད་པས། དེའི་དྲུང་དུ་སོང་ལ་ཚེ་སྲིང་བའི་གདམས་པ་ཞུས་ཤིག་ཅེས་ལུང་བསྟན། དེར་རས་ཆུང་པས་གསེར་སྲང་བཞི་ཡོད་པ་ཁྱེར་ནས། མ་གཅིག་གི་དྲུང་དུ་བྱོན། གསེར་སྲང་གང་ལ་ཚོགས་འཁོར་གྱི་ཆ་རྐྱེན་བྱས། གསེར་སྲང་གསུམ་མཎྜལ་དུ་ཕུལ་ནས་འདིའི་དབང་དང་གདམས་ངག་རྣམས་རྫོགས་པར་ཞུས་ཏེ་ཉམས་སུ་བླངས་པས་མནལ་ལམ་དུ་ལྕགས་ཀྱི་སྲོག་པ་རྩ་ཆེན་པོ་སྤྱི་བོ་ནས་བཙུགས་པ་རྨིས། བླ་མ་དང་ཡི་དམ་གྱི་ལྷའི་བྱིན་རླབས་ལས། སྔར་ཁོང་གིས་བཞི་བཅུ་ལོན་པ་ལ། དེའི་སྟེང་དུ་བཞི་བཅུ་རྩ་བཞི་བསྲིངས་ནས། ཀུན་དྲིལ་བརྒྱད་ཅུ་རྩ་བཞིའི་བར་དུ་ཐུབ་པའི་ལུང་བསྟན་ཁྱད་པར་ཅན་ཐོབ། དེ་ནས་རས་ཆུང་པས་ཏེ་ཕུ་པའི་དྲུང་དུ་ལོག་བྱོན་པས། བླ་མའི་གསུང་ནས་གདམས་ངག་དེ་དག་ངས་ཀྱང་ཤེས་ཏེ། མ་གཅིག་གིས་བཅོམ་ལྡན་འདས་ཞལ་གཟིགས་ཤིང་ཚེའི་རིག་འཛིན་བརྙེས་པར་གྲགས་པ་ཆེ་བས་ཡིད་ཆེས་པའི་གནས་ཡིན་པས་དེར་བཏང་བ་ཡིན། ངས་ཀྱང་ཚར་གཅིག་བྱ་ཡི་གསུངས་ནས། འདིའི་དབང་དང་གདམས་པ་རྣམས་རྫོགས་པར་གནང༌། དེ་ནས་རས་ཆུང་པ་བོད་དུ་བྱོན་ཏེ། རྗེ་བཙུན་མི་ལ་རས་པ་དང་མཇལ་བའི་དུས་སུ། རྗེ་བཙུན་གྱི་གསུངས་ནས་བུ་ཁྱོད་ཀྱི་རྒྱ་གར་ནས་གདམས་པ་ཟབ་ལ་མང་བ་ལོན་ཡོད་འོང་བས། དེ་རྣམས་ཀྱི་ནང་ནས་གཙིགས་སུ་ཆེ་བ། སྔར་བོད་དུ་མ་གྲགས་པའི་ཟབ་ཆོས་ཁྱད་པར་ཅན་ཅིག་སྐྱེས་སུ་
ཕུལ་ཅིག་གསུངས་པས། བླ་མའི་བཀའ་མ་ཆོག་པར་འདི་ཉིད་བླ་མ་རྗེ་བཙུན་ཆེན་པོ་ལ་སྐྱེས་སུ་ཕུལ་བར་གདའ་ཞིང༌། རྗེ་བཙུན་ཆེན་པོ་ནས། མཉམ་མེད་དྭགས་པོ་ལྷ་རྗེ་སོགས་ལ་རིམ་པར་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སམ། རས་ཆུང་ལུགས་སུ་གྲགས་པ་འདི་ལ་ཕྱི་སྒྲུབ་ལྷ་སྟོང་དང་ལྔ་བརྒྱ། ནང་སྒྲུབ་ལྷ་སུམ་ཅུ་རྩ་གསུམ། གསང་སྒྲུབ་ལྷ་བཅུ་གསུམ། ཡང་གསང་དེ་ཁོ་ན་ཉིད་ལྷ་གཅིག་བུམ་གཅིག་ཏུ་སྒྲུབ་པ་དང་བཞི་ལས། འདིར་ཟབ་པའི་ཡང་རྩེ་ཕྱི་མ་ཉིད་ཀྱི་སྒོ་ནས། ཚེ་ཡི་དངོས་གྲུབ་སྒྲུབ་པ་ལའང་བཞི་སྟེ། ཚེ་ཡི་བྱིན་གྱིས་རླབས་པ་ལ་བརྟེན་ནས་ཚེ་སྲིང་བ་དང༌། བསྐྱེད་རིམ་ལ་བརྟེན་ནས་ཚེ་སྲིང་བ་དང༌། རྫོགས་རིམ་ལ་བརྟེན་ནས་ཚེ་སྲིང་བ་དང༌། བཅུད་ལེན་གྱི་རིལ་བུ་ལ་བརྟེན་ནས་ཚེ་སྲིང་བ་དང་རྣམ་པ་བཞི་ལས། འདིར་དེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པའི་བྱིན་གྱིས་བརླབ་པའི་རིམ་པ་བསྒྲུབ་པར་བྱ་བ་ལ་གཉིས་ལས། སློབ་དཔོན་གྱིས་བྱ་བའི་འོས་སུ་གྱུར་པ་རྣམས་གྲུབ་ཟིན་ནས། ད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང༌། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། ཐོག་མར་རྡོ་རྗེ་སློབ་དཔོན་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་དུ་གསལ་བ་ལ། ཚེའི་བྱིན་གྱིས་བརླབ་པ་ཟབ་མོ་ཞུ་བའི་ཡོན་དུ་འབུལ་སྙམ་པ་མཛོད་ལ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྗོད་ལ། དེར་ཚོགས་པ་ཀུན་གྱིས་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་ལན་གསུམ་བརྗོད། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ། རྩ་བརྒྱུད་ཀྱི་བླ་
མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་བཞིན་མངོན་སུམ་དུ་ཁྲ་ལམ་མེར་བཞུགས་པའི་སྤྱན་སྔར། རང་དང་གཞན་གྱི་སྡིག་པ་བཤགས་པ་སོགས་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་ཀྱང་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་བརྗོད། དེ་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། རྗེས་སུ་གནང་བའི་གཞི་འགོད་པའི་སླད་དུ། བླ་མ་དང་བཅོམ་ལྡན་འདས་ལ་གུས་འདུད་དྲག་པོ་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། ལུས་འོད་ཀྱི་རང་བཞིན་དུ་བྱས་པར་མོས་མཛོད། སྭ་བྷཱ་ཝ་སོགས། འོད་གསལ་སྟོང་པ་དེ་ཉིད་ཀྱི་ངང་ལས། པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་ཞེས་སོགས་དམ་ཚིག་པ་བསྐྱེད་པ་ནས། གནས་གསུམ་བྱིན་གྱིས་བརླབ་པའི་བར་མངོན་རྟོགས་ལྟར་བྱའོ། །གཉིས་པ་དངོས་གཞི་བྱིན་གྱིས་བརླབ་པ་ལ། ཚེ་གཏའ་ལ་བརྟེན་ནས་ཚེ་སྲིང་བ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། ཚེ་ཛཔ྄་བརྗོད་ཅིང་དབང་གི་ལྷ་བསྟིམ་པའོ། །དང་པོ་ལ། ཐོག་མར་ཚེ་སྲོག་ཉམས་པ་གསོ་བའམ་ཚེ་དགུག་པའི་སླད་དུ་རྡོ་རྗེ་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། དེའི་ཐུགས་ཀའི་འོད་ཟེར་གྱིས། མདུན་གྱི་ཚེ་ཟན་དང་ཚེ་ཆང་བཅོམ་ལྡན་འདས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པའི་ཐུགས་ཀ་ནས། འོད་ཟེར་ལྕགས་ཀྱུ་དང༌། ཞགས་པ་དང༌། ལྕགས་སྒྲོག་གི་རྣམ་པ་ཅན་ཕྱོགས་བཅུར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་དང་སྲོག་དང་དབང་ཐང་ལ་
སོགས་པ། བདུད་དང་གཤིན་རྗེ། བཙན་དང་མ་མོ། ཐེའུ་རང་དང་རྒྱལ་འགོང་ལ་སོགས་པས་ཁྱེར་བ་དང༌། འཕྲོག་པ་དང༌། བརྐུས་པ་དང༌། ཡར་བ་དང༌། ཉམས་པ་ལ་སོགས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར། རང་དབང་མེད་པར་འོད་ཟེར་གྱི་སྣ་ལ་བསྡུས་ཏེ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཕྱག་གི་བུམ་པའི་ནང་དུ་བྱོན། ཞུ་ཞིང་ཁོལ། འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར་པར་བསམས་ནས། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤཱ་ར་རེ་ཧཱུྃ། ཞེས་བརྗོད་པས། བུམ་པའི་ཁ་ནས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་ཞམ་ཞམ་ལུད་རང་གི་ཚངས་པའི་བུ་ག་འཕང་ལོ་གདངས་པ་ལྟ་བུའི་ནང་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག ཚེ་སྲོག་ཉམས་པ་ཐམས་ཅད་སོར་ཆུད་ཅིང༌། འཆི་མེད་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྤྲད། སློབ་དཔོན་གྱིས་ཀྱང་དམིགས་པ་རྩེ་གཅིག་ཏུ་གསལ་བའི་ངང་ནས། ཚེ་བུམ་སློབ་མའི་མགོ་བོར་བཞག་ཅིང༌། དྲིལ་བུ་གསིལ་ལ། ངག་ཏུ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་གི་རྡོ་རྗེ་སློབ་མ་འདི་རྣམས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་བརྗོད། དེ་བརྟན་པར་བྱ་བའི་ཕྱིར་དུ་ཤིས་པ་བརྗོད་པ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་
འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །བཀྲ་ཤིས་དེས་ཀྱང་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཅུད་བསྡུ་བ་ནི། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་ནམ་མཁའི་མཐར་གཏུགས་པའི་འཇིག་རྟེན་གྱི་ཁམས་ཀྱི་འོག་གཞི་གསེར་གྱི་ས་གཞི། དབུས་ཀྱི་རི་རབ་ལྷུན་པོ། གསེར་གྱི་རི་བདུན། གླིང་བཞི་གླིང་ཕྲན་དང་བཅས་པ། ཕྱིའི་ལྕགས་རི་ཁོར་ཡུག རི་བོ་གངས་ཅན་ལ་སོགས་པ་གངས་ཀྱི་རི། སྤོས་ངད་ལྡན་པ་ལ་སོགས་པ་སྤང་གི་རི། མ་ལ་ཡ་ལ་སོགས་པ་ནགས་ཀྱི་རི། རི་བོ་རྩེ་ལྔ་ལ་སོགས་པ་བྲག་གི་རི། བྱ་རྒོད་ཕུང་པོ་ལ་སོགས་པ་རྫའི་རི། གཞན་ཡང་གཡའ་རི་དང༌། གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་རི། མདོར་ན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། འབྲུ་བཅུད་ཤིང་ཐོག སྨན་ལ་སོགས་པ་སྲ་ཞིང་བརྟན་པ་ས་ཡི་རིགས་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་ཀྱི་བཀྲག་དང་གཟི་མདངས། རོ་དང་བཅུད་དང་ནུས་པ་ཐམས་ཅད་བསྡུས་ཏེ། བུམ་པའི་ནང་དུ་བྱོན། ཞུ་ཞིང་ཁོལ། འཆི་མེད་ཚེའི་ཆུ་རྒྱུན་དུ་གྱུར་པ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་གོང་བཞིན་སྔགས་ཀྱིས་གསོལ་བ་བཏབ་པས། བུམ་པའི་ཁ་ནས་བདུད་རྩིའི་རྒྱུན་སེར་པོ་གསེར་ཞུན་མའི་ཁུ་བ་ལྟ་བུ་ལུད། རང་གི་སྤྱི་བོ་ནས་ཞུགས་པས། སྔར་ལྟར་བསམ་ཞིང༌། ཁྱད་པར་དུ་ལུས་སྲ་ཞིང་བརྟན་པ་གང་གིས་ཀྱང་གཡོ་བ་དང་གཞིག་པར་མི་ནུས་པ་རྡོ་རྗེ་ཕ་ལམ་དང༌། རི་རབ་ལྟ་བུར་གྱུར་ཅིང༌། ས་རྣམ་པར་དག་པ་སངས་རྒྱས་སྤྱན་མས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཚེ་བུམ་མགོ་བོར་
བཞག་པ་སོགས་སྔར་ལྟར་བྱ་ཞིང༌། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །སོགས་ཀྱི་ཤིས་པ་བརྗོད། ཡང་འོད་ཟེར་འཕྲོས་པས། ཕྱིའི་རྒྱ་མཚོ་དང༌། འོག་གི་རྒྱ་མཚོ་དང༌། ནང་གི་རྒྱ་མཚོ་དང༌། ཆུ་གཏེར་མ་དྲོས་པ་དང༌། གངྒཱ་དང༌། སིནྡྷུ་དང༌། པཀྵུ་དང༌། སི་ཏཱ་ལ་སོག་པ་ཆུ་བོ་ཆེན་པོ་བཞི་དང༌། གཞན་ཡང་མཚོ་དང༌། རྫིང་བུ་དང༌། ལྟེང་ཀ་དང༌། བཀོད་མ་དང༌། གཙང་པོ་དང༌། ཆུ་ཀླུང་དང༌། ཆུ་བྲན་དང༌། ཆུ་མིག་ལ་སོགས་པ་བརླན་ཞིང་གཤེར་བ་ཆུའི་རིགས་ཐམས་ཅད་ལ་ཕོག་པས། དེ་དག་གི་སོགས། བདུད་རྩི་ཁ་དོག་དཀར་པོ་འོ་མའི་རྒྱུན་ལྟ་བུ། ཁྱད་པར་དུ་རང་གི་ལུས་སྣུམ་བག་བརྗིད་དང་ལྡན་པར། གང་གིས་ཀྱང་སྐམ་པ་དང་རེངས་པར་མི་ནུས་པ་པདྨའི་རྩ་བ་དང༌། བདུད་རྩིའི་རྒྱ་མཚོ་ལྟ་བུར་གྱུར་ཅིང༌། ཆུ་རྣམ་པར་དག་པ་མཱ་མ་ཀིས་རྒྱུད་བྱིན་གྱིས་བརླབས་པར་བསམ། ཚེ་བུམ་མགོ་བོར་བཞག་པ་སོགས་དང༌། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག་སོགས་བརྗོད། ཡང་འོད་ཟེར་འཕྲོས་པས། མེའི་དཀྱིལ་འཁོར་དང༌། རྟ་གདོང་གི་མེ་དང༌། སྲེག་པའི་མེ་དང༌། མཆོད་སྦྱིན་གྱི་མེ་དང༌། བསྐལ་པའི་མེ་དང༌། ཡེ་ཤེས་ཀྱི་མེ་དང༌། ཉི་མ་དང༌། གློག་དང༌། ནོར་བུ་རིན་པོ་ཆེ་དང༌། རྒྱུ་སྐར་ལ་སོགས་པའི་འོད་དང༌། མདོར་ན་ཚ་ཞིང་སྲེག་པ་མེའི་རིགས་སུ་གྱུར་པ་ཐམས་ཅད་ལ་ཕོག་པས། དེ་དག་གི་སོགས་དང༌། བདུད་རྩི་དྲོད་ཀྱི་རང་བཞིན་ཟངས་ཞུན་གྱི་མདོག་ལྟ་བུ་དང༌། ཁྱད་པར་དུ་རང་གི་ལུས་དྲོད་དང༌། བཀྲག་མདངས་དང༌། འོད་ཟེར་ཕུན་སུམ་ཚོགས་པ་གང་གིས་ཀྱང་མོག་པ་དང༌། མུན་པ་དང༌། སྒྲིབ་པར་མི་ནུས་པ་ཉི་མའི་དཀྱིལ་འཁོར་དང༌། ནོར་བུ་རིན་པོ་ཆེའི་འོད་ཟེར་ལྟ་བུར་གྱུར་ཅིང༌། མེ་རྣམ་པར་དག་པ་གོས་དཀར་མོས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཚེ་བུམ་མགོ་བོར་བཞག་པ་སོགས་དང༌། རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་
དང༌། །སོགས་བརྗོད། ཡང་འོད་ཟེར་འཕྲོས་པས། འོག་གཞི་རླུང་གི་དཀྱིལ་འཁོར་དང༌། ཁྱིམ་གྱི་འདེགས་བྱེད་དང༌། ལྡེག་བྱེད་དང༌། འཐོར་བྱེད་དང༌། སྐྱོད་བྱེད་ཀྱི་རླུང་ལ་སོགས་པ་ཡང་ཞིང་གཡོ་བ་རླུང་གི་རིགས་ཐམས་ཅད་ལ་ཕོག་པས། དེ་དག་གི་སོགས་དང༌། བདུད་རྩི་ལྗང་གུ་དང་བཻ་ཌཱུརྻའི་མདོག ཁྱད་པར་དུ་རང་གི་ལུས་བདེ་ཞིང་ཡང་རྩལ་དང་ལྡན་པ་གང་གིས་ཀྱང་ལྕི་བ་དང༌། གནོན་པར་མི་ནུས་པ་ལྷའི་གོས་པཉྩ་ལི་ཀཱ་དང༌། སྲིད་མེད་ཀྱི་བུ་ལྟ་བུར་གྱུར་ཅིང༌། རླུང་རྣམ་པར་དག་པ་དམ་ཚིག་སྒྲོལ་མས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཚེ་བུམ་མགོ་བོར་བཞག་པ་སོགས་དང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །སོགས་བརྗོད། དེ་ལྟར་ཕྱིའི་འབྱུང་བ་རྣམ་པ་བཞིའི་བཅུད་བསྡུས་པས། ནང་གི་འབྱུང་བ་བཞི་ཆ་མཉམ་པར་བྱས་ཏེ། འབྱུང་བཞི་འཁྲུགས་པ་ལས་བྱུང་བའི་ནད་བཞི་དང༌། གདོན་བཞིའི་བར་ཆད་ཐམས་ཅད་ཞི་བ་དང༌། གནས་སྐབས་སུ་འབྱུང་བཞིའི་དྭངས་མས་ལུས་ཀྱི་ཟུངས་དང༌། སེམས་ཀྱི་རྟེན་བྱེད་ཅིང༌། མཐར་ཐུག་འབྱུང་བཞི་རྣམ་པར་དག་པ་རྒྱལ་བ་ཡུམ་བཞིའི་གོ་འཕང་མྱུར་དུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད། ནང་བཅུད་ཀྱི་ཡོན་ཏན་བསྡུ་བ་ནི། ཡང་འོད་ཟེར་འཕྲོས་པས་ཚངས་པ་དང༌། དབང་ཕྱུག་དང༌། ཁྱབ་འཇུག་སྟེ། འཇིག་རྟེན་གྱི་གཙོ་བོ་གསུམ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་སྟེ་བཞི་དང༌། ཕྱོགས་སྐྱོང་བཅུ་ལ་སོགས་པ་མི་མ་ཡིན་སྟོབས་ལྡན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། མཐུ་སྟོབས་དབང་ཕྱུག་དཔལ་འབྱོར་ཐམས་ཅད་དང༌། བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་རྣམས་ཀྱི་བྱིན་རླབས་དང་ནུས་མཐུ། རྣལ་འབྱོར་པ་དང་ཀུ་སཱ་ལི་རྣམས་ཀྱི་རྟོགས་པའི་ཡོན་ཏན། མཁས་པ་པཎྜི་ཏ་རྣམས་ཀྱི་མཁྱེན་པའི་ཡོན་ཏན། སྟོང་འཁོར་ལོས་སྒྱུར་བ་སོགས་འཇིག་རྟེན་གྱི་
རྒྱལ་པོ་དང༌། རྒྱལ་ཕྲན་དང༌། བཙུན་མོ་དང༌། བློན་པོ་དང༌། བཙན་ཕྱུག་ལ་སོགས་པའི་ཚེ་དང་བསོད་ནམས་གཟི་བརྗིད་མངའ་ཐང༌། སྟོབས་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད། རྡོ་ཁབ་ལེན་གྱིས་སོགས་གོང་ལྟར། བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ། ཁྱད་པར་དུ་དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་རང་ཉིད་ཀྱིས་ཐོབ་པས། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སོགས་ཐུན་མོང་གི་དངོས་གྲུབ་རྒྱས་པར་བསྒོམ་ཞིང༌། ཚེ་བུམ་མགོ་བོར་བཞག་པ་སོགས། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང༌། །སོགས་བརྗོད། ཡང་འོད་ཟེར་འཕྲོས་ཏེ་སྟེང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཡོན་ཏན་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བ་དང༌། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་སོགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་དཔེ། གསུང་དབྱངས། སྟོབས་བཅུ། མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང༌། ཉན་རང་འཕགས་པའི་གང་ཟག་སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད་ལ་སོགས་པའི་ཡོན་ཏན། ཟད་པར། ཟིལ་གནོན། རྣམ་ཐར། སྙོམས་འཇུག་ལ་སོགས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་སོགས། བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ། ཁྱད་པར་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས། ལུས་ངག་ཡིད་གསུམ་དག་པའི་རྡོ་རྗེ་གསུམ་དུ་གྱུར་པར་བསམས་ལ། ཚེ་བུམ་མགོ་བོར་བཞག་པ་སོགས། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །སོགས་ཀྱི་ཤིས་པ་བརྗོད་དོ། །དེ་ལྟར་ནང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་བསྡུས་པས། གནས་སྐབས་སུ་ཚེ་དང་བསོད་ནམས་དང༌། ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། འདིའི་སྒོ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་སྒྲུབ་པ་ལ་དབང་ཞིང༌།
མཐར་ཐུག་མགོན་པོ་འོད་དཔག་མེད་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད། གཉིས་པ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལ། མདུན་གྱི་ཚེ་ཟན་དང་ཚེ་ཆང་དང༌། རྡོ་རྗེ་སློབ་དཔོན་རྣམས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་དཔྲལ་བར་ཐིམ། ཚུར་འདུས་པ་ལས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་ལ་སོགས་པའི་སྐུའི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བྱོན། སློབ་མའི་དཔྲལ་བར་ཐིམ་པས། ལུས་ཐམས་ཅད་འོད་ཟེར་དཀར་པོས་ཁེངས། ལུས་ཀྱི་སྒོ་ནས་བསགས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། ལུས་སྐུ་རྡོ་རྗེར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ་ཞིག་ལམ་གྱིས་བྱུང་བར་བསམ། གཟུངས་རིང་བརྗོད་ཅིང་དྲིལ་བུ་གསིལ། ཡང་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མགྲིན་པར་ཐིམ། ཚུར་འདུས། གསུང་དབྱངས་ཡན་ལག་དྲུག་ཅུ་སོགས་གསུང་གི་ཡོན་ཏན་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བྱོན། སློབ་མའི་མགྲིན་པར་ཐིམ་པས། ངག་གི་སྒྲིབ་པ་དག གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། ངག་གསུང་རྡོ་རྗེར་གྱུར་པའི་མགྲིན་པར་ཨཱཿདམར་པོ་བསམ། ཡང་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། ཚུར་འདུས། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བྱོན། སློབ་མའི་སྙིང་གར་ཐིམ། ཡིད་ཀྱི་སྒྲིབ་པ་དག ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐུགས་རྡོ་རྗེར་གྱུར་
པའི་ཐུགས་ཀར་ཧཱུྃ་སྔོན་པོ་བསམ། སླར་ཡང་ཡིག་འབྲུ་གསུམ་ཀ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམ། དེ་དག་གི་ཡེ་ཤེས་ལྔ་དང༌། ཕྲིན་ལས་བཞི་ལ་སོགས་པའི་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བྱོན། སློབ་མའི་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་དྲི་མ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་པ་ཐོབ། ཡེ་ཤེས་ལྔ་དང་ཕྲིན་ལས་བཞི་དང་ལྡན་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་ཅིང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། སེམས་འཛིན་མེད་དུ་ཅི་གནས་སུ་མཉམ་པར་བཞག རེ་རེ་ལའང་གཟུངས་རིང་བརྗོད་ཅིང༌། དྲིལ་བུ་གསིལ་བ་གོང་ལྟར་བྱ། མེ་ཏོག་འཐོར་ཞིང༌། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །གསུམ་པ་ཚེ་ཛཔ྄་བརྗོད་ཅིང་དབང་ལྷ་བསྟིམ་པ་ནི། ཚེ་ཟན་མགོན་པོ་ཚེ་དཔག་མེད་དུ་གསལ་བ་འདི་ཉིད། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པའི་སྟེང་དུ། བརྒྱུད་པའི་བླ་མ་རྣམས་རིམ་བཞིན་ཐོ་བརྩེགས་སུ་བཞུགས་པར་མོས་ལ། སྙིང་གི་དཀྱིལ་རྐང་གི་ཁོང༌། རུས་པའི་གཏིང་ནས་བཅོས་མ་མ་ཡིན་པའི་མོས་གུས་དྲག་པོ་དང་བཅས་པས་གསོལ་བ་འདེབས་པ་འདི་དག་གི་རྗེས་ཟློས་ཀྱང་མཛོད་ཅིག་བྱས་ལ་དཔོན་སློབ་རྣམས་ཀྱིས་གདངས་དང་བཅས་པས། བཅོམ་ལྡན་ཚེ་དཔག་མེད་མགོན་ཡང༌། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱོན་ནས་ཀྱང༌། །འདིར་ཚོགས་སྐལ་ལྡན་སྐྱེས་བུ་ལ། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། །མ་གཅིག་གྲུབ་པའི་རྒྱལ་མོ་དང༌། །
ཏེ་ཕུ་གསང་སྔགས་སྡོང་པོ་དང༌། །རས་ཆུང་རྡོ་རྗེ་གྲགས་པ་ཡང༌། །གནས་འདིར་སྤྱན་འདྲེན་སོགས་ཀུན་ལ་འགྲེའོ། །དབང་ཕྱུག་མི་ལ་རས་ཆེན་དང༌། །བཀའ་བརྒྱུད་དྭགས་པོ་ལྷ་རྗེ་དང༌། །བདེར་གཤེགས་ཁམས་པ་རྡོར་རྒྱལ་ཡང༌། །གནས་འདིར་སྤྱན་འདྲེན༴ །འབྲི་གུང་འཇིག་རྟེན་མགོན་པོ་དང༌། །སྤྱན་སྔ་ཆོས་ཀྱི་རྒྱལ་པོ་དང༌། །རྒྱལ་བ་ཡང་དགོན་ཆེན་པོ་ཡང༌། །གནས་འདིར༴ །ཐུགས་སྲས་སྤྱན་སྔ་རིན་ལྡན་དང༌། །ཟུར་ཕུག་རིན་ཆེན་དཔལ་བཟང་དང༌། །འབའ་ར་རྒྱལ་མཚན་དཔལ་བཟང་ཡང༌། །གནས་འདིར༴ །རྟོགས་ལྡན་རིན་ཆེན་འཕེལ་བ་དང༌། །འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་དང༌། །དྲིན་ཅན་མཁྱེན་རབ་ཆོས་རྗེ་ཡང༌། །གནས་འདིར༴ །རྗེ་བཙུན་ཀུན་སྤངས་ཆེན་པོ་དང༌། །ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང༌། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཀྱང༌། །གནས་འདིར༴ །མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང༌། །ཁྱབ་བདག་དབང་ཕྱུག་རབ་བརྟན་དང༌། །མགོན་པོ་བསོད་ནམས་མཆོག་ལྡན་ཡང༌། །གནས་འདིར༴ །འཇམ་མགོན་བསོད་ནམས་མཆོག་གྲུབ་དང༌། །རིན་ཆེན་བསྟན་པའི་གསལ་བྱེད་དང༌། །རྗེ་བཙུན་བློ་གྲོས་ཆོས་འཕེལ་ཡང༌། །གནས་འདིར༴ །ཨོ་རྒྱན་ངག་དབང་ཡེ་ཤེས་དང༌། །མཚུངས་མེད་ཆོས་གྲགས་རྒྱ་མཚོ་དང༌། །ངག་དབང་ཆོས་ཀྱི་རྒྱ་མཚོ་ཡང༌། །གནས་འདིར༴ །ཀུན་བཟང་ཆོས་དབྱིངས་རྡོ་རྗེ་དང༌། །རིན་ཆེན་བློ་གསལ་བསྟན་སྐྱོང་དང༌། །དྲིན་ཆེན་རྩ་བའི་བླ་མ་ཡང༌། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། གནས་མཆོག་འདི་རུ་བྱོན་ནས་ཀྱང༌། །འདིར་ཚོགས་སྐལ་ལྡན་སྐྱེས་བུ་ལ། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། རྩ་བརྒྱུད་གྱི་བླ་མ་རྣམས་ཚེ་ཟན་གྱི་ཚེ་དཔག་མེད་
ལ་ཐིམ། དེ་ཉིད་འོད་ཟེར་དམར་པོ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པ་ཅན་དུ་ཞུ་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ཁེངས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ། རང་གི་ལུས་ངག་ཡིད་གསུམ་དང༌། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་མོས་པ་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་སོགས་དཀྱུས་བཞིན་བརྗོད། ཚེ་ཟན་དང་ཚེ་ཆང་གི་ལྷ་འོད་དུ་ཞུ་བའི་ཚེའི་བདུད་རྩི་མྱོང་བར་བསམས་ལ། ཚེ་རིལ་ཚེ་ཆང་སྦྱིན་ལ་དེ་དག་གིས་ཚེའི་དབང་བསྐུར་བའི་དངོས་གཞི་ལེགས་པར་ཐོབ་ནས། གསུམ་པ་རྗེས་ནི། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ཀྱང་ཚུལ་བཞིན་དུ་བསྲུང་སྙམ་པས། འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ་དང༌། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ལུས་ལོངས་སྤྱོད་རྣམས་འབུལ་གྱིས་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ་སོགས་སྤྱི་ལྟར། བླ་མས་གཏོར་མགྲོན་མཆོད་ཅིང་བསྟོད། ཡིག་བརྒྱ་ཚར་གསུམ་གྱིས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། འབྲུ་གསུམ་བཀོད་པས་གནས་གསུམ་བསྲུང༌། དགེ་བ་བསྔོ་བ་དང༌། ཤིས་པ་བརྗོད་པ་སྤྱི་ལྟར་བྱའོ། །འོད་དཔག་མེད་པས་རྗེས་བཟུང་ཌཱ་ཀི་མའི། །ཐུགས་བཅུད་རྣལ་འབྱོར་དབང་པོ་གྲགས་པའི་ཞབས། །གང་དེའི་གདམས་པ་རྒྱ་མཚོའི་ཉིང་ཁུ་འདི། །འཁྲུལ་མེད་དམ་པའི་དྲིན་ལས་འདིར་བཤད་དོ། །ཤེས་ལྡན་གཟུ་བོར་གནས་པའི་སྔགས་འཆང་དང༌། །སྐལ་ལྡན་བློ་གྲོས་གསལ་བའི་སློབ་བུ་དང༌། །སྙན་བརྒྱུད་དྲི་མེད་མཚོ་ཆེན་འདིར་ཞུགས་ལ། །དངོས་གྲུབ་ཡིད་བཞིན་དཔལ་གྱིས་རོལ་པར་མཛོད། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་མ་གཅིག་གྲུབ་
པའི་རྒྱལ་མོའི་ལུགས་ལྷ་གཅིག་བུམ་གཅིག་ཏུ་གྲགས་པ། ཡང་གསང་གི་སྒྲུབ་པའི་བྱིན་རླབས་ཀྱི་ཆོ་ག་གསལ་བར་བཀོད་པ་འདི་ནི། གདམས་པ་འདིའི་སྙན་བརྒྱུད་ཐོག་མར་ཡི་གེར་བཀོད་པར་མཛད་པ་པོ་འབའ་ར་བ་སྐྱེས་མཆོག་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཡི་གེ་གཞིར་བཞག ཕྱག་ལེན་གྱི་རིམ་པ་མཐོང་བརྒྱུད་རྗེ་བླ་མའི་གསུང་ལས་འབྱུང་བ་ལྟར་ལས་དང་པོ་པ་རྣམས་ལ་ཁྱེར་བདེ་བའི་ཕྱིར། རྗེ་བཙུན་རྡོ་རིང་པ་ཆེན་པོའི་ཞབས་རྡུལ་སྤྱི་བོར་མཆོད་པའི་བནྡེ་བློ་གསལ་གྱིས་དགེ་འཕེལ་རི་བོའི་སྤོ་ལ་གནས་པའི་ཚེ་སྦྱར་བའོ། །དགེའོ།། ༈ །ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བྱིན་རླབས་ཆོ་ག་པད་དཀར་བཞད་པའི་གསལ་བྱེད་གཞན་ཕན་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བརྒྱ་རྩའི་སྐབས། སྦྱོར་བའི་དུས་སུ། ཚེ་རིལ་ཚེ་བུམ་གྱི་མཐར་བསྐོར་བ་དེ་གས་བྱེད་པ་གཞུང་གི་དགོངས་པ་ཡིན་ཀྱང༌། བརྒྱ་རྩ་སོགས་ལ་སྟབས་བདེ་ཁྱད་དབུས་སུ་མཉྫིའི་ཁར་ཚེ་བུམ། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་རྣམས་བཤམ། མདུན་བསྐྱེད་ཀྱི་ཚེ་དེ་གསུམ་ཀ་ལྷར་བསྐྱེད་པས་ཁྱབ། དབང་དངོས་གཞིའི་སྐབས། རྩ་བརྒྱུད་ཀྱི་བླ་མ་རྣམས་ཚེ་ཟན་གྱི་ཚེ་དཔག་མེད་ལ་ཐིམ་ཞེས་པའི་མཚམས། དེ་ལས་རང་པདྨ་གཉིས་པ་རེ་བྱུང་སྟེ་འོད་ཟེར་དམར་མོ་སོགས་ནས། རོ་གཅིག་ཏུ་གྱུར་པ་ལས། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་ཚེ་རིལ་དང་ཚེ་ཆང་བདུད་རྩིའི་རང་བཞིན་ཅན་འདི་དག་ཀྱང་བྱིན་པ་ལ་བརྟེན་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཀྱི་དགའ་སྟོན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་མོས་པ་མཛོད། ཅེས་བརྗོད་ལ་གཟུངས་རིང་དང་བཅས་ཚེ་རིལ་དང་ཚེ་ཆང་སྦྱིན། སླར་ཡང་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པ་དང༌། སློབ་དཔོན་ལ་གུས་འདུད་དྲག་པོ་དུང་པ་ཞིག་མཛད་པ་
ལ་བརྟེན་ནས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་དང༌། ཞགས་པ། ལྕགས་སྒྲོག་གི་རྣམ་པ་ཅན་ཕྱོགས་བཅུར་འཕྲོས་པས། ཁྱེད་རང་རྣམས་ཀྱི་ཚེ་སྲོག་དབང་ཐང་གདོན་བགེགས་འབྱུང་པོས་ཁྱེར་བ་དང༌། འཕྲོག་པ་དང༌། བརྐུས་པ་དང༌། ཡར་བ་དང༌། ཉམས་པ་ལ་སོགས་པ་ཐམས་ཅད་དང༌། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཀྱི་འབྱུང་བ་ཆེན་པོ་བཞིའི་བཀྲག་དང་གཟི་མདངས། རོ་དང་ནུས་བཅུད་ཐམས་ཅད་དང༌། ཚངས་དབང་ཁྱབ་འཇུག་འཁོར་ལོས་སྒྱུར་བ་སོགས་ཁམས་གསུམ་ན་མངོན་པར་མཐོ་བ་རྣམས་ཀྱི་ཚེ་དང་བསོད་ནམས་གཟི་བརྗིད་མངའ་ཐང༌། སྟོབས་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རང་དབང་མེད་པར་བསྡུས་ཏེ་མགོན་པོ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པའི་ནང་དུ་བྱོན། ཞུ་ཞིང་ཁོལ། འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་གསོལ་བ་བཏབ་པས་བུམ་པའི་ཁ་ནས་བདུད་རྩིའི་རྒྱུན་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པ་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག ཚེ་སྲོག་ཉམས་པ་སོར་ཆུད་འབྱུང་བཞིའི་དྭངས་མ་སྟོབས་སུ་སྨིན་པས་ལུས་ཀྱི་ཟུངས་དང༌། སེམས་ཀྱི་རྟེན་དུ་གྱུར་ཅིང༌། རྒྱལ་བ་ཡུམ་བཞིའི་ངོ་བོར་རྒྱུད་བྱིན་གྱིས་བརླབ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། མཐར་བུམ་པའི་ལྷ་ལས་རང་འདྲ་གཉིས་པ་རེ་བྱུང་སྟེ་
ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་ཚེ་བུམ་མགོ་བོར་བཞག་ཅིང༌། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་བརྗོད། གཟུངས་རིང་བཟླ་ཞིང་ཚེ་རིལ་དང་ཚེ་ཆང་སྦྱིན། བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་རེ་བརྗོད། དེ་ལྟ་བུ་ལ་གྲངས་བཟུང་ནས་གྲངས་རྫོགས་པའི་ཚེ། གཞན་གོང་ལྟར་ལ། མཐར་སྤྱི་བོའི་སྟེང་གི་ཚེ་དཔག་མེད་འོད་ཟེར་དམར་པོ་སོགས་དཀྱུས་ལྟར་བརྗོད་པ་ཁྱད་པར་རོ། །ཡང་སློབ་མ་བླ་མེད་ཀྱི་དབང་གིས་མ་སྨིན་པ་ལ་དབང་བཞི་བྱིན་རླབས་ཀྱི་དམིགས་པ་མི་མཛད་པས། དེ་ལྟར་ན་བཤད་པའི་སྐབས། གཉིས་པ་དངོས་གཞི་བྱིན་གྱིས་བརླབ་པ་ལ། ཚེ་གཏའ་ལ་བརྟེན་ནས་ཚེ་སྲིང་བ་དང༌། ཚེ་ཛཔ྄་བརྗོད་ཅིང་དབང་ལྷ་བསྟིམ་པའོ་སོགས་དཀྱུས་ལྟར་དང༌། འཇིག་རྟེན་པས་འདས་པའི་བཅུད་བསྡུ་བའི་མཇུག སྐལ་བ་ཅན་དུ་བྱས་པ་ཡིན་ནོ་ཞེས་པའི་རྗེས་སུ་གཉིས་པ་ཚེ་ཛཔ྄་བརྗོད་ཅིང་དབང་ལྷ་བསྟིམ་པ་སོགས་སྦྲེལ་ལོ། །དེ་ལ་འདི་ཉིད་ཀྱི་སྔགས་ནི་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པའི་ལེའུ་དང་པོ་ལས་གསུངས་ཏེ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མངོན་པར་བསྔགས་པའི་ཆུ་འཐུང་ན་འབྲུམ་བུ་འོང་བར་མི་འགྱུར་རོ། །ལུས་
ལས་སྐྱེས་པའི་དུག་མི་བཟད་པ་དང༌། སྤྲེའུའི་དུག་དང༌། སྦྲུལ་དུག་ལ་སོགས་པའི་རྨ་ལ་ཡུང་བ་དང་ཨ་རུ་ར་དང་རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །ནད་དང་རྣམ་པར་འཚེ་བ་ཐམས་ཅད་ལ་སྔགས་མདུད་བཅིངས་ན་ཞི་བར་བྱེད་དོ། །རྟག་ཏུ་བཟླས་ན་ཚེ་ཟད་པའང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་བསྔགས་ཤིང༌། ལྷ་སྔགས་ཐམས་ཅད་འདི་ཇི་ལྟ་བ་ནི་བླ་མེད་མ་རྒྱུད་ཧེ་རུ་ཀའི་རིགས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་འབུམ་པ་ན་བཞུགས་པར་གསུངས། གང་ལྟར་ཡང་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་འཕགས་པའི་གདམས་པ་ཟབ་མོ་འདི་ལ་བསྐྱེད་རྫོགས་ཀྱི་མན་ངག་མཐའ་ཡས་སུ་བཞུགས་པ་ལས། རེ་ཞིག་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ་ཙམ་བྱ་བར་འདོད་པས། གནས་དབེན་པར་ཚེ་དཔག་མེད་ཀྱི་སྐུ་བྲིས་འབུར་གང་ཡང་རུང་བའི་མདུན་དུ་ཟླུམ་གཏོར་པད་འདབ་ཅན་གཉིས་སམ་གསུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། ར་བ་བཞི་སོགས་ཡར་ངོའི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ནས་བརྩམས་ཏེ་མཚམས་དམ་དུ་བཅད་ལ། ཐུན་བཞིའི་རིམ་པས་བདག་བསྐྱེད་སྒྲུབ་ཐབས་ལྟར་བསྒོམས་ལ་བཟླས་པ་བྱ། ཐུན་ཐམས་ཅད་ཀྱི་མཐར་མཆོད་བསྟོད་གསོལ་གདབ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་བཅས་དང༌། ཐུན་གཉིས་སམ་ཕྱི་ཐུན་གྱི་མཇུག་ཏུ་གསོལ་གདབ་ཀྱི་རྗེས། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ། གཏོར་མ་ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་ཞིང་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་མདུན་གྱི་ནམ་མཁར་ཨོཾ་བཛྲ་
ས་མཱ་ཛཿས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ། ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿ ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། མཆོད་བསྟོད་འདོད་དོན་གསོལ། གཏོར་མ་གཉིས་པ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་དབུལ། གསུམ་པ་ཡོད་ན་གཞི་བདག་གཏོར་ཆོག་ལྟར་བཏང༌། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། སུ་པྲ་ཏིཥྛས་ཚེ་དཔག་མེད་རྟེན་ལ་བརྟན་བཞུགས་དང༌། བཛྲ་མུཿས་རྟེན་མེད་པ་རྣམས་གཤེགས། གནས་གསུམ་བསྲུང་བ་དང་བསྔོ་སྨོན་ཤིས་བརྗོད་བྱ། དེ་ལྟ་བུའི་ཚུལ་གྱིས་རབ་མཚན་མའི་བསྙེན་པ་རྟགས་མཐོང་བ། འབྲིང་དུས་བསྙེན་ཟླ་བ་དྲུག ཐམ་མ་གྲངས་བསྙེན་གཟུངས་རིང་འབུམ་ཕྲག་བཞི་དང་སྙིང་པོ་འབྲུ་འབུམ་མམ། དེ་གཉིས་གང་རུང་ལ་བྱ་བར་གསུངས་ཀྱང༌། གཙོ་བོར་སྙིང་པོ་འབུམ་ཕྲག་བཅུ་གཅིག་ཁ་སྐོང་བཅས་བཟླ་བ་ཕྱག་ལེན་དུ་མཛད་དོ། །བསྙེན་པ་གྲོལ་ཁར་སྒྲུབ་པའི་མཚོན་བྱེད་དངོས་གྲུབ་བླང་བར་མོས་ན། མདུན་བསྐྱེད་ཀྱི་རྟེན་དབང་ཆོག་ལྟར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་རྟེན་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད་བསྡུ་ན་དབང་ཆོག་ལྟར་དང༌། སྤྲོ་ན་རྡོ་རྗེ་ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །མགོན་པོ་ཚེ་དཔག་མེད་པ་དང༌། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །ཚེ་དང་ཡེ་ཤེས་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་ནས་རོལ་མོའི་བར་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་ནས། ཤབྡའི་བར་སྦྱར་ལ་ཕྱག་རྒྱ་དང་བཅས་པས་འབུལ། གཎྜི་ར་ཎི་ཏ་བརྗོད་ལ་རོལ་མོ་བྱ། དེ་ལས་རྒྱས་པར་མོས་ན་རྒྱལ་སྲིད་སྣ་
བདུན་དང༌། འདོད་ཡོན་ལྔ་སྤྱི་ལྟར་སྦྱར་བས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། གདོད་ནས་རྣམ་པར་དག་པ་སོགས་ནས། འཆི་མེད་རྡོ་རྗེའི་སྐུ་མཆོག་འགྲུབ་པར་ཤོག །ཅེས་པའི་བར་འབའ་ར་བ་རྒྱལ་མཚན་དཔལ་བཟང་གིས་མཛད་པས་བསྟོད། ཚེ་བཅུད་བསྡུ་བའི་དམིགས་པ་དང་བཅས་བཟླས་པ་བྱ། ཐུན་བསྡུ་བ་ན་མཆོད་བསྟོད་གསོལ་གདབ། གཏོར་མ་ཕུལ་བ་ནས་བཟོད་གསོལ་གྱི་བར་བྱས་ལ། ཡེ་ཤེས་པ་མདུན་རྟེན་ལ་བརྟན་བཞུགས་དང༌། གཏོར་མགྲོན་གྱི་འཇིག་རྟེན་པ་བཛྲ་མུཿས་གཤེགས། གནས་གསུམ་བསྲུང་བ་དང༌། བསྔོ་སྨོན་བཀྲ་ཤིས་བརྗོད། དེ་ལྟར་ཞག་གསུམ་མམ་བདུན་སོགས་སུ་བྱ། གྲོལ་རྒྱུའི་ཐུན་ཐ་མར་དབང་གི་དམིགས་པ་རྣམས་བདག་འཇུག་གི་ཚུལ་དུ་གསལ་བཏབ་ལ་དངོས་གྲུབ་བླང༌། ཚེ་ཟན་སྤྱི་བོར་བཞག ཚེ་རིལ་དང་ཚེ་ཆང་མྱང༌། རྗེས་སུ་གཏོར་མགྲོན་གསར་དུ་སྤྱན་དྲངས་པ་ཡིན་ན་དེ་ལ་དམིགས་པའི་མཆོད་བསྟོད་བཟོད་གསོལ་བྱ། ཡེ་ཤེས་པ་བྲིས་སྐུ་སོགས་ཀྱི་རྟེན་ལ་བརྟན་བཞུགས་དང༌། འཇིག་རྟེན་པ་རྣམས་བཛྲ་མུཿས་གཤེགས། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱས་ལ་མཚམས་གྲོལ། སྦྱིན་སྲེག་འདི་ཉིད་ཀྱི་མན་ངག་ལས་དམིགས་བསལ་མ་གསུངས་པས་མ་བྱས་ཀྱང་ཆད་པའི་སྐྱོན་མེད། སྤྲོ་ན་དཔའ་བོ་གཅིག་གྲུབ་ལས། མར་དང་ཏིལ་གྱི་སྦྱིན་སྲེག་གིས་ཐམས་ཅད་ཞི་བར་བྱེད་དོ། །ཞེས་གསུངས་པ་ལྟར་གསང་བ་སྤྱིའི་ཆོ་ག་ལྟར་བསྲེག་རྫས་ཀྱི་གཙོ་བོ་ཏིལ་ལ་གྲངས་བཟུང་བའི་ཞི་བའི་སྦྱིན་སྲེག་དང༌། དེས་མཚོན་ཏེ་ཚེ་སྤེལ་བའི་སླད་དུ་དཱུར་ཝ་ལ་གྲངས་གཟུང་བའི་རྒྱས་པའི་སྦྱིན་སྲེག་སོགས་ཀྱང་སྦྱར་དུ་རུང་ངོ༌། །སྦྱིན་བདག་གི་དོན་དུ་བསྙེན་པ་བྱེད་ན། རང་གི་ཐུགས་ཀར་བསྒྲུབ་བྱ་སྤྱི་ལྟར་བསྒོམས་ནས་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་བཅས་བཟླས་པ་བྱས་ཀྱང་རུང་མོད། སྭ་བྷཱ་ཝའི་སྔགས་དོན་དྲན་པས་རང་དང་བསྒྲུབ་བྱ་ངོ་བོ་དབྱེར་མེད་བློ་འདས་བརྗོད་བྲལ་དུ་ཤེས་པར་བྱས་ནས་
དེའི་ངང་ནས་ལྷ་བསྒོམ་པ་སོགས་བགྱིས་པས་ཀྱང་དོན་འགྲུབ་པར་མན་ངག་རིག་པ་རྣམས་ཀྱིས་གསུངས་ལ། སྤྲོ་ཞིང་སྐབས་སུ་བབས་ན་བསྙེན་པ་ཐོན་རྗེས། སྒྲུབ་པ་གོང་ལྟར་མཐར་བསྒྲུབ་བྱ་ལ་ཚེ་དབང་བསྐུར་ནས་འཆི་མེད་ཀྱི་དགའ་སྟོན་སྤེལ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་རོ། །ལས་ཀྱི་ཚོགས་ལ། འདི་རང་གི་མན་ངག་ལས་འབྱུང་བ་ནི་བཅུད་ལེན་ལ་བརྟེན་ནས་ཚེ་སྲིང་བའི་ཐབས་ཁྱད་པར་ཅན་ཁོ་ན་ཙམ་དུ་སྣང་ཞིང༌། གཞན་འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ཀྱི་དངོས་བསྟན་འབྲུམ་བུ་སྲུང་བ། དུག་ཞི་བ། སྔགས་མདུད་ཀྱིས་ཞི་བ། ནད་སྤྱི་དང་བྱེ་བྲག་སེལ་བ། བྱིས་པ་གསོ་བ། མངལ་སྲུང་བ། གཡུལ་ལས་རྒྱལ་བ། བྱབས་པས་ནད་སེལ་བ་རྣམས་གསུངས་ཏེ། དེ་རྣམས་ཀྱང་འདི་ཉིད་ཀྱི་བསྙེན་པ་སྔོན་དུ་སོང་བས་ཇི་ལྟར་རིགས་པ་བསྒྲུབ་ན་འཕྲལ་དང་ཡུན་དུ་ཕན་བདེའི་དགེ་མཚན་འཕེལ་བར་འགྱུར་རོ། །ཞེས་པའང་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་རབ་བྱིན་རླབས་ཀྱི་ཆོ་ག་པད་དཀར་བཞད་པའི་ཕྲེང་བ་དང་གཙོ་བོར་རྗེས་སུ་འབྲེལ་བའི་གསལ་བྱེད་ཀྱི་ཡི་གེ་ཉུང་གསལ་སྙིང་པོར་དྲིལ་བ་འདི་ཡང༌། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སྟེ། དགེ་བས་འགྲོ་ཀུན་ཚེ་དཔག་མེད་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།། །།
མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ཀྱི་དབང་ཆོག
མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ཀྱི་དབང་ཆོག་བཞུགས་སོ།།
ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་རེ་བྷྱཿ བླ་མ་རྗེ་བཙུན་ཀུན་དགའི་མཚན་ཅན་དང༌། །གཉིས་མེད་རྒྱལ་དབང་མགོན་པོ་ཚེ་དཔག་མེད། །གང་དེའི་ཞབས་ལ་སྤྱི་བོས་གུས་བཏུད་ནས། །དེ་ཡི་ཚེ་སྒྲུབ་རང་གཞན་དོན་དུ་བྲི། །དེ་ལ་འདིར་ཚེའི་ཛཔ྄་ལ་བརྟེན་ནས་ཚེ་སྲིང་བར་བྱེད་པའི་ཕྱག་ལེན་ནི། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི་ཡིད་དང་མཐུན་པའི་གནས་སུ་འབྱོར་ན་བླ་བྲེ་དང་ཡོལ་བ་བཀྲམ། ཚེ་དཔག་མེད་ཀྱི་སྐུ་འབུར་སྐུའམ་བྲིས་སྐུ་གང་འབྱོར་པ་བཤམས་པའི་མདུན་ནམ། མ་འབྱོར་ཀྱང་ཉེས་པ་མེད་པས། སྟེགས་ཇི་ལྟར་རིགས་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བརྒྱད་པ་གཉིས་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་བྱས་ལ། ཆང་ལས་སྦྲུས་པའི་ཚེ་ཟན་གྱི་བུམ་པ་ཆེ་ཆུང་ཇི་ལྟར་དགོས་པ་སྨུག་རྩིས་བྱུགས་པའི་བུམ་པའི་ཁར་ཚེ་རིལ་གསུམ། དེའི་དབུས་སུ་སྲོག་ཤིང་བཙུགས་པ་ལ་བརྟེན་པའི་ཟན་ནོར་བུ་འདྲ་བར་བཞག ཐམས་ཅད་སྨུག་རྩིས་དམར་པོར་བྱས་ལ་མར་གྱིས་བརྒྱན་ནོར་བུ་འབར་བ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་ཅི་མཛེས་བྱས་པ་ཚོམ་བུ་འདབ་བརྒྱད་གཅིག་གི་སྟེང་དུ་སློབ་དཔོན་ལ་ཞལ་ཕྱོགས་པར་བཞག འདབ་བརྒྱད་གཅིག་གི་
སྟེང་དུ་ཚེ་ཆང་བུམ་པའམ། ཤུ་བ་ལྟ་བུ་གང་རུང་མང་ཉུང་ལ་དཔག་པའི་སྣོད་གཙང་མ་ཆང་གིས་བཀང་བ་དར་དམར་པོས་མགུལ་བཅིངས་པ་བཞག དེ་གཉིས་ཀྱི་བར་གང་བདེ་བར་སྣོད་གཅིག་ཏུ་ཚེ་རིལ་སློབ་མའི་གྲངས་དང་མཉམ་པ་ཆང་གིས་སྦྲུས་ཤིང་འབྱོར་ན་བུ་རམ་ཅུང་ཟད་ཁོག་ཏུ་བཅུག་པ་དང་བཅས་པ་སྨུག་རྩིས་བྱུགས་པ་བཞག ཚེ་ཟན། ཚེ་ཆང༌། ཚེ་རིལ་རྣམས་ལ་བྱིན་རླབས་རྟེན་ཡིད་ཆེས་པ་གང་མང་བསྲེ་བ་གལ་ཆེ་སྟེ་སེམས་ཅན་ལ་ཕན་པའི་ཆེད་ཡིན། དེ་རྣམས་ཀྱི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་སྦྲེང་ཚར་གཅིག་བཤམས་པའི་བར་ཇི་ལྟར་རིགས་པར་དཀར་གཏོར་ཟླུམ་པོ་པད་འདབ་བཞིས་བརྒྱན་པ་གསུམ་བཤམ། གཉིས་པ་དངོས་གཞི་ལ་བདག་བསྐྱེད་མདུན་བསྐྱེད། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ནི། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨརྒྷཾ་ཨཿཧཱུྃ་ནས། ཤབྡའི་
བར་དང༌། དྷརྨ་ར་ཎི་ཚར་གསུམ་དྲིལ་གསིལ་རོལ་མོ་དང་བཅས་པས་མཆོད་པ་བྱིན་གྱིས་བརླབ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ །དམ་པའི་ཆོས་རྣམས་ལ༴ །འཕགས་པའི་དགེ་འདུན་རྣམས་ལ༴ །ལན་ཉི་ཤུ་རྩ་གཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མགོན་པོ་ཚེ་དཔག་ཏུ་མེད་པའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་མགོན་པོ་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿན་མ་ཨཱརྻ་ཨ་པ་རི་མི་ཏ་ས་པ་རི་ཝཱ་རེ་བྷྱཿ ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀེ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་གསུམ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སོགས། ཚད་མེད་བཞི་ཚར་གཅིག་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་བར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དབུ་སྐྲ་
ནག་པོ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པ། ཞལ་འཛུམ་བག་དང་ལྡན་ཞིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། ཤམ་ཐབས་གསོལ་བ། ཟླ་བའི་དཀྱིལ་འཁོར་ལ་རྒྱབ་བརྟེན་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་ཅན་དུ་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་སྟོད་དུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུར་བརྒྱན། ཚོགས་ཞིང་ལྟར་ཤབྡའི་བར་གྱིས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རང་གི་སྙིང་གའི་སྟོད་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེའི་མཐའ་མར་ཨ་མཱ་ར་ཎིས་བསྐོར་བར་དམིགས་ལ། དེ་ལས་འོད་འཕྲོས་ལུས་ཀྱི་ནང་གང༌། རང་གི་སྡིག་སྒྲིབ་སྦྱངས། འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་སྤྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་གྱི་སྣ་ལ་མཆོད་པའི་ཚོགས་སྤྲོས་ནས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་མཆོད་པས་རང་གི་ཚོགས་རྫོགས་ཤིང་སྒྲིབ་པ་དག་པར་བསམ། འོད་ཟེར་ཚུར་འདུས་པ་དང༌། བླ་མ་ཡི་དམ་ཚེ་དཔག་ཏུ་མེད་པ་སོགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འཆི་མེད་ཚེ་ཡི་ཆུ་རྒྱུན་གྱི་རྣམ་པར་སྤྱན་དྲངས་
རང་གི་སྤྱི་བོ་ནས་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་བས་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བའི་ལས་ངན་ཐམས་ཅད་དག ཚེ་དཔག་ཏུ་མེད་པས་རྒྱུད་བྱིན་གྱིས་བརླབས་ཏེ། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་ལ་སོགས་པ་བཟླའོ། །དེ་ནས། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བྱང་ཞིང་དག་པ་དང༌། མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བདག་བསྐྱེད་པའོ། །གཉིས་པ་མདུན་བསྐྱེད་སྒྲུབ་པ་ནི། ཨ་མྲྀ་ཏས་ཚེ་ཟན། ཚེ་ཆང༌། ཚེ་རིལ་ལ་སོགས་པ་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པར་གྱུར་ཅེས་པ་ནས། འོད་དཔག་མེད་པས་དབུར་བརྒྱན། ཅེས་པའི་བར་བདག་བསྐྱེད་ལྟར་སྒྲུབ་ཅིང༌། མཆོད་པ་དང༌། བསྟོད་པ་ཡང་གོང་བཞིན་བྱས་ལ། གཏོར་མ་ཆུས་སྦྱངས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ་གཏོར་མ་དང་པོ། ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་མམ་བདུན་ལ་སོགས་པས་ཕུལ། མཆོད་བསྟོད་གོང་བཞིན་བྱས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་མགོན་པོ་ཚེ་དཔག་མེད་པ་ལ་འབུལ་ལོ། །བདག་དང་རྒྱུ་སྦྱོར་སྦྱིན་བདག་འཁོར་དང་བཅས་པ་ལ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཉེ་བར་ཞི་བ་དང༌། འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཏོར་མ་གཉིས་པ་གུར་ཞལ་སོགས་རང་རང་གིས་གང་འབུལ་པའི་ཆོས་སྐྱོང་ལ་སྔགས་ཙམ་གྱིས་འབུལ། ཕྱི་མཆོད་དང༌། གང་གིས་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་བའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བསྟོད་པར་བགྱི། །ཞེས་
བསྟོད་ལ་རེ་བ་མེད་པའི་ཚུལ་གྱིས་རང་གི་འདོད་དོན་གང་ཡོད་ཀྱི་ཕྲིན་ལས་བཅོལ། གཏོར་མ་གསུམ་པ་ཨ་ཀཱ་རོས་གཞི་བདག་ལ་འབུལ་ཚར་པ་དང༌། ཚེ་སྒྲུབ་ཀྱི་དངོས་གཞི་འབྱུང་བཞིའི་བཅུད་བསྡུ་བ་སོགས་ནས། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རང་དང་སློབ་མའི་ཚེ་དང་བསོད་ནམས་ཉམས་པ་ཐམས་ཅད་རང་དབང་མེད་པར་བཀུག་ལ། ཚེ་ཟན་སོགས་མགོན་པོ་ཚེ་དཔག་མེད་པ་གསུམ་གྱི་ཕྱག་གི་བུམ་པའི་ནང་དུ་ཐིམ། བདུད་རྩིར་གྱུར་ཅིང་ཚེ་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད་པར་བསམས་ལ། ཨ་མཱ་ར་ཎི་བརྒྱའམ་ཉི་ཤུ་རྩ་གཅིག་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་གི་བཅུད་ཐམས་ཅད་བསྡུས་གོང་བཞིན་བུམ་པ་རྣམས་ཀྱི་ནང་དུ་ཐིམ་པས་བདུད་རྩིར་གྱུར་པར་བསམས་ལ་གོང་བཞིན་སྔགས་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྡུས་བུམ་པ་རྣམས་སུ་སོང་ནས་བདུད་རྩིར་གྱུར་པ་སྔགས་བཟླ་བ་སོགས་འདྲ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། བུམ་པ་རྣམས་སུ་ཐིམ་པས་བདུད་རྩིར་གྱུར་པ། སྔགས་བཟླ་བ་སོགས་འདྲའོ། །གསུམ་པ་སློབ་མ་ལ་དབང་བསྐུར་བ་ནི། སློབ་མ་དུ་ཡོད་ཀྱིས་ཕྱག་དང་ཡོན་ཕུལ་ལ། ལས་ཀྱི་སློབ་མས་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མགོན་པོ་ཚེ་དཔག་ཏུ་མེད་པའི་རིགས་བསམ་གྱིས་མི་ཁྱབ་པ་གསུངས་པ་ལས། བླ་མ་རྣམས་ཀྱི་གཙོ་ཆེ་བའི་དབང་དུ་མཛད་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་མགོན་པོ་ཚེ་དཔག་ཏུ་མེད་པ་དང༌། སྟེང་ཕྱོགས་ཀྱི་མགོན་པོ་ཚེ་དཔག་ཏུ་མེད་པ་གཉིས་ལས། འདི་ནུབ་ཕྱོགས་ཀྱི་མགོན་པོ་ཚེ་དཔག་ཏུ་མེད་པ་མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ལུགས་ཡིན་ཞིང༌། དེ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་སྔོན་གྱི་ལོ་རྒྱུས་
ཅུང་ཟད་བརྗོད་ན། རས་ཆུང་རྡོ་རྗེ་གྲགས་པ་དེ་ཉིད་ཀྱིས་ཏེ་ཕུ་གསང་སྔགས་ཀྱི་སྡོང་པོའི་དྲུང་དུ་ཆོས་གསན་དུ་བྱོན། ཆོས་རྣམས་ཡོངས་སུ་རྫོགས་ནས་བོད་དུ་འབྱོན་པར་ཆས་པའི་ཚེ། ཏེ་ཕུ་པའི་ཞལ་ནས་ཆོས་ནི་མཁས་པར་ཤེས། འཇིག་རྟེན་གྱི་ལོ་རྒྱུས་འདྲ་ཡང་དགོས་པས་དེ་རིང་ཚོང་འདུས་ཕ་གིར་ལྟས་མོ་ལ་སོང་ཞིག་གསུངས་ནས་ཐུགས་མཉེས་བཞིན་བྱོན་པས་དེའི་ལམ་ཁ་ན་མཆོད་རྟེན་དཀར་པོ་ངོ་མཚར་བ་ཞིག་འདུག་པ་ལ་ཕྱག་དང་བསྐོར་བ་ཞིག་བྱ་སྙམ་ཕྱག་ཕུལ་ཏེ་བསྐོར་བ་མཛད་པས། མཆོད་རྟེན་གྱི་ངོས་ཅིག་ན། རྣལ་འབྱོར་པ་སྔོ་སང་ངེ་བ་རལ་པའི་ཐོར་ཚུགས་ཅན་ཀྲྀཥྞ་སཱ་རའི་པགས་པ་ཕྲག་པ་ལ་བཀལ་ནས་རྭ་དུང་འབུད་བཞིན་པ་ཅིག་འདུག་པ་དེས་སྤྱན་འབྲུ་ཚུགས་སུ་ཆེར་གཟིགས་ནས། ཁྱོད་ལ་ཟླ་བ་གསུམ་གྱི་ཚེ་ལས་མི་འདུག་གསུངས་པ་དང་ཐུགས་ཤིན་ཏུ་ཞེད་ཅིང་དངངས་ཏེ་ལོག་ནས། ཏེ་ཕུ་པའི་དྲུང་དུ་ལོ་རྒྱུས་ཞུས་པས། ཁྱོད་ལ་ཚེ་དེ་ལས་མི་འདུག་པ་ངས་ཀྱང་ཤེས་ཏེ། སྨྲ་མ་ནུས་པ་ཡིན་གསུངས། འོ་ན་འཆི་བ་དེ་ལས་ཟློག་པའི་གདམས་པ་ཟབ་མོ་ཞིག་ཞུ་ཞེས་གསོལ་བ་བཏབ་པས། ངས་མི་ཡོང་ཙནྡན་གྱི་ནགས་ཁྲོད་ཕ་གི་ན་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་ཚེ་དཔག་མེད་དངོས་སུ་གྲུབ་པ་ཅིག་ཡོད་པས། དེར་སོང་ལ་གདམས་པ་ཞུས་ཤིག་གསུངས་པ་དང༌། གསེར་སྲང་བཞི་ཡོད་པ་ཁྱེར་ཏེ་ཙནྡན་གྱི་ནགས་ཁྲོད་དུ་བཙལ་བས། ཙནྡན་གྱི་སྡོང་པོ་ཤིན་ཏུ་ངོ་མཚར་ཞིང་ཡལ་འདབ་ལོ་མ་སོགས་རྒྱས་པ་ཞིག་གི་དྲུང་ན། རྣལ་འབྱོར་མ་སྐུ་མདོག་དམར་སྨུག་འོད་ཟེར་དུ་མ་འཕྲོ་ཞིང་འདུ་བ་ཟིལ་ཆེ་བ་གཅིག་བཞུགས་འདུག་པ་ལ། མ་གཅིག་གྲུབ་པའི་རྒྱལ་མོ་ཡིན་སྙམ་གསེར་སྲང་གསུམ་གདམས་ངག་གི་ཡོན་དུ་ཕུལ་ཏེ། ཚེ་སྒྲུབ་ཁྱད་པར་ཅན་ཅིག་ཞུ་ཞེས་གསོལ་བ་བཏབ་པས་གནང་སྟེ་ཕྱིའི་དབང་ཚེ་དཔག་མེད་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བས་རྒྱུད་སྦྱངས། མཁའ་འགྲོ་སྡེ་ལྔའི་ཚེ་འགུགས་ལ་སོགས་པ་ནང་གི་དབང་བསྐུར་བས་བྱིན་གྱིས་བརླབས། ལྷ་གཅིག་བུམ་གཅིག་
བརྟེན་ནས་གསང་བའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་ཏེ། ཚེ་ཡི་ཛཔ྄་ལ་བརྟེན་ནས་ཚེ་སྲིང་བའི་གདམས་པ་མ་ལུས་པ་གནང༌། གསེར་སྲང་གང་གིས་སྒྲུབ་བརྒྱགས་མཛད་དེ་ཟླ་བ་བདུན་བསྒོམས་པས་དགུང་ལོ་བཞི་བཅུ་ཞེ་བཞིའི་བར་དུ་སྐུ་ཚེ་བསྲིངས་པའི་མཚན་ལྟས་བཟང་པོ་བྱུང༌། དེ་དུས་དགུང་ལོ་བཞི་བཅུ་བཞེས་པའི་སྟེང་དུ་བསྣན་པས་བརྒྱད་ཅུ་གྱ་བཞིའི་བར་དུ་སྐུ་ཚེ་བསྲིངས་ཐུབ་པ་ཡིན། དེ་ནས་ཏེ་ཕུ་པའི་དྲུང་དུ་ལོག་བྱོན་ཏེ་ལོ་རྒྱུས་ཞུས་པས། གདམས་པ་ང་ལ་ཡང་ཡོད་དེ་ཁྱེད་དུས་མ་ཡིན་པའི་འཆི་བས་ཉེན་པ་ལ་མ་གཅིག་གྲུབ་པའི་རྒྱལ་མོ་འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་ཤིང༌། ཚེ་དཔག་ཏུ་མེད་པ་ལ་ཆོས་དངོས་སུ་གསན་པ་ཡིན་པས་ཡིད་ཆེས་ཤིང་བྱིན་རླབས་ཆེ་བས་ན་བརྫངས་པ་ཡིན་གསུངས་ཏེ། ཏེ་ཕུ་པས་མན་ངག་རྫོགས་པར་གནང༌། དེ་ནས་བོད་དུ་བྱོན་ཏེ་རྗེ་བཙུན་མི་ལ་དང་མཇལ་བའི་དུས་སུ། མི་ལའི་ཞལ་ནས་སྔར་བོད་དུ་གཏན་ནས་མ་འགྱུར་ཞིང་མ་གྲགས་པའི་ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཆོས་ཤིག་ངེད་ལ་སྐྱེས་སུ་ཕུལ་ཅིག་གསུངས་པ་ལ་བརྟེན། བླ་མའི་བཀའ་མ་གཅོག་པར་གདམས་པ་ཟབ་མོ་འདི་ལེགས་པར་ཕུལ་བ་ཡིན་ཏེ། དེའང་མགོན་པོ་ཚེ་དཔག་ཏུ་མེད་པས་མ་གཅིག་གྲུབ་པའི་རྒྱལ་མོ་ལ་གནང༌། དེས་ཏེ་ཕུ་གསང་སྔགས་སྡོང་པོ་ལ། དེས་རས་ཆུང་རྡོ་རྗེ་གྲགས་པ་ལ། དེས་དབང་ཕྱུག་མི་ལ་རས་པ་ལ་གནང་སྟེ་རྩ་བའི་བླ་མའི་བར་དུ་བརྒྱུད་པ་མ་ཉམས་པར་བྱོན་པའི་གདམས་པ་ཟབ་མོ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་བདག་ཉིད་སངས་རྒྱས་སུ་བསྐྱེད་པ། བཟླས་པ་བྱ་བ། ཚེ་ཟན། ཚེ་ཆང༌། ཚེ་རིལ་སོགས་མགོན་པོ་ཚེ་དཔག་ཏུ་མེད་པར་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་མཆོད་བསྟོད་གཏོར་མ་འབུལ་བ་ཚེ་འགུགས་དངོས། ཚེ་ཡི་ཛཔ྄་བཟླས་པ་སོགས་འཁོར་དང་བཅས་པ་ད་ལན་ནས་ཀྱི་གནས་སྐབས་སུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ཐ་དད་མེད་པ་ལ་དབང་
བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ཀྱིས་གསོལ་བ་བཏབ། ཁྱེད་རང་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་བྱང་སེམས་ཚེའི་རིག་འཛིན་བརྙེས་པའི་ལྷ་དང་དྲང་སྲོང་བྲམ་ཟེའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། དེ་ལྟར་རྒྱུད་དག་པར་བྱས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་མགོན་པོ་ཚེ་དཔག་ཏུ་མེད་པ་ཡན་ལག་བཞི་རྫོགས་སུ་བསྐྱེད་དགོས་པས་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞེས་པ་ནས། ཚེག་དྲག་དང་བཅས་པའི་བར་སྒྲུབ་ཐབས་བཞིན་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཐིམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ཏེ་གསོལ་བ་བཏབ་པ་ནི། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུར་བརྒྱན། དེ་
ལྟར་ཚེ་དཔག་ཏུ་མེད་པ་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས། ཁྱེད་རང་རྣམས་ཀྱི་ཚེ་ཡར་བ་དང༌། འཐོར་བ་སྡུད་པའི་དོན་ཏུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཚེ་ཟན་སོགས་ཚེ་དཔག་ཏུ་མེད་པ་རྣམས་ལ་གུས་འདུད་དྲག་པོ་དུང་བ་ཞིག་བྱས་པའི་དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་སྔོན་ཆད་ཉོན་མོངས་པ་དང༌། ནད་དྲག་པོས་གདུངས་པ་དང༌། མི་འདོད་པ་ཐོག་ཏུ་བབས་པ་ལ་སོགས་པའི་དུས་སུ། ཚེ་དང་བསོད་ནམས་རྣམས་ཤར་ཕྱོགས་དྲི་ཟའི་ལག་ཏུ་ཤོར་བ། ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཤོར་བ། ནུབ་ཕྱོགས་ཆུ་ལྷའི་ལག་ཏུ་ཤོར་བ། བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཤོར་བ། ཤར་ལྷོ་མེ་ལྷའི་ལག་ཏུ་ཤོར་བ། ལྷོ་ནུབ་སྲིན་པོའི་ལག་ཏུ་ཤོར་བ། ནུབ་བྱང་རླུང་ལྷའི་ལག་ཏུ་ཤོར་བ། བྱང་ཤར་བགེགས་བདག་ལག་ཏུ་ཤོར་བ། སྟེང་ཕྱོགས་ལྷའི་ལག་ཏུ་ཤོར་བ། འོག་ཕྱོགས་ཀླུའི་ལག་ཏུ་ཤོར་བ། བདུད་དང་གཤིན་རྗེའི་ལག་ཏུ་ཤོར་བ། མ་མོ་རྒྱལ་འགོང་ལ་སོགས་པ་མི་མ་ཡིན་སྡེ་བརྒྱད་ཀྱི་ལག་ཏུ་ཤོར་བ་རྣམས་རང་དབང་མེད་པར་བཀུག ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པར་ཐིམ། དེ་ཉིད་འཆི་མེད་ཚེའི་ཆུ་རྒྱུན་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་བུན་བུན་ཁོལ་ཞིང་ལུད་བུམ་པའི་ཁ་ནས་མར་ཞམ་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོ་དང་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་སྟེ་ལུས་ཀྱི་ནང་ཐམས་ཅད་ཁྲིག་མེར་གྱིས་གང་བ་ལ་བརྟེན་ནས་ཚེ་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། སླར་ཡང་ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་ཞིང་རྒྱས་བའི་མོས་པ་མཛོད། ཅེས་བརྗོད་ཅིང་དྲིལ་གསིལ་དང༌། ཁྲོམ་ལྟ་བུ་ཡིན་ན་རོལ་མོ་བྱ། ནས་སོགས་འཐོར་བའི་ཚུལ་ཙམ་བྱས་ལ། ཨ་མཱ་ར་ཎི་བརྗོད། རོལ་མོ་བཞག་ལ། ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །ཚེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །
འཆི་བ་མེད་པ་ཚེའི་དངོས་གྲུབ་ཟབ་མོ་ཐོབ་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། དྲིལ་བུ་གསིལ་ཞིང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་སོགས་ཤློ་ཀ་གཅིག་བརྗོད། སླར་ཡང་ཁྱེད་རང་རྣམས་ཚེ་ཡི་བཅུད་བསྡུ་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཚེ་དཔག་ཏུ་མེད་པ་རྣམས་དང༌། སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པ་རྣམས་ལ་གུས་འདུད་བྱས་པས་དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཕྱི་རོལ་ན་ཡོད་པའི་འབྱུང་བ་ཆེན་པོ་སའི་རིགས་སུ་གྱུར་པ་འོག་དབང་ཆེན་གསེར་གྱི་ས་གཞི། གསེར་གྱི་རི་བདུན། གཞན་ཡང་གཡའ་རི་དང༌། གངས་རི་དང༌། རྫ་རི་དང༌། སྤང་རི་དང༌། སྤོས་རི་ལ་སོགས་པ་དང༌། རྩི་ཤིང་ནགས་ཚལ། འབྲུ་བཅུད། གསེར་དངུལ། ཟངས་ལྕགས་ལ་སོགས་པ་སྲ་ཤིང་འཐས་པ་སའི་རིགས་སུ་གྱུར་པ་རྣམས་ལ་ཕོག་པས་དེ་དག་གི་རོ་བཅུད་དང༌། ནུས་པ་ཐམས་ཅད་རང་དབང་མེད་པར་བཀུག སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཐིམ། དེ་ཉིད་འཆི་མེད་ཚེ་ཡི་ཆུ་རྒྱུན་དུ་ཞུ་བ་སོགས་ནས་མེར་གྱིས་གང་བའི་བར་གོང་བཞིན་ལ་བརྟེན་ནས་ཚེ་དང་བསོད་ནམས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ་སྲ་བ་བརྟན་པ། གང་གིས་ཀྱང་གཞོམ་གཞིག་མི་ནུས་པ། རྡོ་རྗེ་དང༌། རིའི་རྒྱལ་པོ་ལྟ་བུར་གྱུར། ཨ་མཱ་ར་ཎི་རོལ་མོ་དང་ཚེ་མི་འགྱུར་བའི་སོགས་འདྲ། དེ་ཡིས་ཉེ་བར་བསྟན་པའི་སོགས་ཤློ་ཀ་གཅིག་བརྗོད། སླར་ཡང་ཁྱེད་རང་རྣམས་སློབ་དཔོན་མདུན་བསྐྱེད་སྤྱི་བོའི་སྟེང་སོགས་ཀྱི་མགོན་པོ་ཚེ་དཔག་ཏུ་མེད་པ་རྣམས་ལ་གུས་འདུད་བྱས་པས་དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སོགས་འདྲ་ཕྱི་རོལ་ན་ཡོད་པའི་འབྱུང་བ་ཆེན་པོ་ཆུའི་རིགས་སུ་གྱུར་པ་ཕྱིའི་རྒྱ་མཚོ་ཆེན་པོ་རོལ་པའི་མཚོ་བདུན། གཞན་ཡང་ཆུ་བོ་ཆེན་པོ་ནཻ་རཉྫ་ར་དང༌། གངྒཱ་དང༌། པཀྵུ་དང༌། སིནྡྷུ་ལ་སོགས་པ་རྣམས་དང༌། སྤང་ཆུ་དང༌། གཡའ་ཆུ་དང༌། གངས་ཆུ་དང༌། སྤོས་ཆུ་ལ་སོགས་པ་བརླན་
ཞིང་གཤེར་བ་ཆུའི་རིགས་སུ་གྱུར་པ་རྣམས་ལ་ཕོག་པས་ནས། ཚེ་དང་བསོད་ནམས་ཐམས་ཅད་གོང་ནས་གོང་དུ་ཅེས་པའི་བར་གོང་བཞིན། འཕེལ་ཞིང་རྒྱས་ཏེ་ལུས་སྣུམ་བག་དང་ལྡན་པར་གྱུར་པའི་མོས་པ་མཛོད། སྔགས་དང༌། རོལ་མོ་ལ་སོགས་འདྲ། དགེ་འདུན་དམ་པ་སོགས་ཤློ་ཀ་གཅིག་བརྗོད། སླར་ཡང་གུས་འདུད་བྱས་པས་དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སོགས་འདྲ། ཕྱི་རོལ་ན་ཡོད་པའི་འབྱུང་བ་ཆེན་པོ་མེའི་རིགས་སུ་གྱུར་པ་དུས་མཐའི་མེ་དང༌། རྟ་གདོང་གི་མེ་དང༌། མེ་ཤེལ་དང༌། མེ་རྡུལ་དང༌། ཉི་མ་ལ་སོགས་པ་ཚ་ཞིང་རྩུབ་པ་མེའི་རིགས་སུ་གྱུར་པ་རྣམས་ལ་ཕོག་པས་ནས། འཕེལ་ཞིང་རྒྱས་པའི་བར་འདྲ། ལུས་བཀྲག་མདངས་ཕུན་སུམ་ཚོགས་པ་དང་ལྡན་པའི་མོས་པ་མཛོད། སྔགས་རོལ་སོགས་འདྲ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང༌། །གསང་སྔགས་རིག་སྔགས་ཀུན་གྱི་མཐུ་སྟོབས་དང༌། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །སོགས་ཀྱི་བཀྲ་ཤིས་བརྗོད། སླར་ཡང་གུས་འདུད་བྱེད་པ། འོད་ཟེར་འཕྲོ་བ་སོགས་འདྲ། ཕྱི་རོལ་ན་ཡོད་པའི་འབྱུང་བ་ཆེན་པོ་རླུང་གི་རིགས་སུ་གྱུར་པ་ཤར་ན་འཇམ་པའི་རླུང༌། ནུབ་ན་རྩུབ་པའི་རླུང༌། ནམ་མཁའ་ན་སྤུ་གྲིའི་རླུང༌། གཞན་ཡང་ཁྱབ་བྱེད་ཀྱི་རླུང༌། འདེགས་བྱེད་ཀྱི་རླུང༌། འཕུལ་བྱེད་ཀྱི་རླུང་ལ་སོགས་པ་ཡང་ཞིང་གཡོ་བ་འབྱུང་བ་རླུང་གི་རིགས་སུ་གྱུར་པ་རྣམས་ལ་ཕོག་པས་ནས། འཕེལ་ཞིང་རྒྱས་ཏེ་བར་འདྲ། ལུས་སྟོབས་དང་ཡང་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པའི་མོས་པ་མཛོད། སྔགས་རོལ་སོགས་འདྲ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཤློ་ཀ་གཅིག་བརྗོད། སླར་ཡང་གུས་འདུད་བྱེད་པ། འོད་ཟེར་འཕྲོ་བ་སོགས་འདྲ། ཕྱི་རོལ་ན་ཡོད་པའི་འཕགས་པ་ཉན་ཐོས། རང་སངས་རྒྱས། ཁམས་ཀྱི་རྒྱལ་ཕྲན་དང༌། པཎྜི་ཏ་དང༌། ཚེ་ཡི་རིག་འཛིན་བརྙེས་
པའི་ལྷ་དང༌། དྲང་སྲོང་དང༌། བྲམ་ཟེའི་ཚོགས་དང་བཅས་པ་རྣམས་དང༌། མི་བསོད་ནམས་ཆེན་པོ་ལ་སོགས་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་མཐུ་དང་ནུས་པ་ཐམས་ཅད་རང་དབང་མེད་པར་བཀུག ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པར་ཐིམ་ཞེས་པ་ནས། འཕེལ་ཞིང་རྒྱས་པས་ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་པའི་མོས་པ་མཛོད། སྔགས་རོལ་སོགས་འདྲ། ལོ་བརྒྱ་ཐུབ་ཅིང་སོགས་ཤློ་ཀ་གཅིག་བརྗོད། སླར་ཡང་གུས་འདུད། འོད་ཟེར་འཕྲོ་བ་སོགས་འདྲ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། སྤྱི་བོའི་སྟེང་གི་ཚེ་དཔག་ཏུ་མེད་པའི་བུམ་པར་ཐིམ། དེ་ཉིད་འཆི་མེད་ཚེ་ཡི་ཆུ་རྒྱུན་དུ་ཞུ་བ་སོགས་ནས་མེར་གྱིས་གང་བའི་བར་འདྲ། གང་བ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། ཁྱད་པར་དུས་མ་ཡིན་པར་འཆི་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས། འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སྔགས་རོལ་སོགས་འདྲ། སྦྱིན་པ་བཏང་ཞིང་སོགས་ཤློ་ཀ་གཅིག་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་ན་བཞུགས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པས་ཚེ་དཔག་ཏུ་མེད་པའི་དཔྲལ་བའི་ཨོཾ་ལས་འཆི་མེད་ཚེ་ཡི་ཆུ་རྒྱུན་འོད་ཟེར་དཀར་པོའི་རྣམ་པ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཐིམ་པས་ལུས་ཀྱི་ནང་གང༌། ལུས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་ཞིང་དག བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཚེ་དཔག་ཏུ་མེད་པའི་མགྲིན་པའི་ཨཱཿལས་འཆི་མེད་ཚེ་ཡི་ཆུ་རྒྱུན་འོད་ཟེར་དམར་པོའི་རྣམ་པར་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ལུས་ཀྱི་ནང་གང༌། ངག་གི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་ཞིང་དག གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་ཧཱུྃ་ལས་འཆི་མེད་ཚེ་ཡི་ཆུ་རྒྱུན་འོད་ཟེར་སྔོན་
པོའི་རྣམ་པར་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། ལུས་ཀྱི་ནང་གང༌། ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་ཞིང་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ལས་འཆི་མེད་ཚེའི་ཆུ་རྒྱུན་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང༌། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དུ་ཐིམ་པས་ལུས་ཀྱི་ནང་གང༌། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་ཞིང་དག དབང་བཞི་པ་ཐོབ། མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། ཚེ་ཟན། ཚེ་ཆང༌། ཚེ་རིལ་སོགས་མགོན་པོ་ཚེ་དཔག་ཏུ་མེད་པར་བསྐྱེད་པ་ཐམས་ཅད་དང༌། སྤྱི་བོའི་ཚེ་དཔག་ཏུ་མེད་པ་རྣམས་འཆི་མེད་ཚེའི་ཆུ་རྒྱུན་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་འོད་དུ་མེར་གྱིས་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བའི་ལས་ཀྱི་སྒྲིབ་པ་སྦྱངས། མགོན་པོ་ཚེ་དཔག་ཏུ་མེད་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ལྟར་བྱས་པའི་རྐྱེན་གྱིས་ཁྱེད་རང་རྣམས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་སྐད་ཅིག་གིས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། མཚན་དཔེས་བརྒྱན་པའི་སྐུ་ཅན་རེ་རེར་གྱུར་པའི་མོས་པ་མཛོད། ཉིན་མོ་བདེ་ལེགས་སོགས་ཀྱི་བཀྲ་ཤིས་བརྗོད། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་གི་མཎྜལ། དེང་ནས་བརྩམས་ཏེ་སོགས་སྤྱི་དང་འདྲ། དེ་ནས་སློབ་མ་རྣམས་ཚེ་བུམ་གྱི་འོག་ཏུ་འགྲིམ་ཞིང་
ལས་སློབ་ཀྱིས་ཚེ་ཆབ་དང༌། ཚེ་རིལ། སློབ་དཔོན་གྱིས་བྱིན་རླབས་བྱ་ཞིང་ཕྱག་ནས་ཅུང་ཟད་ཙམ་རེ་སྟེར། མ་རྫོགས་པར་རོལ་མོ་དང༌། ཨ་མཱ་ར་ཎིའི་སྒྲ་བྱ། ཡང་ཁྲོམ་ཆོས་མ་ཡིན་པར་སློབ་མ་ཉི་ཤུ་ཕྱིན་ཡིན་ན། དབང་བཞི་བསྐུར་བའི་རྗེས་ལ་སློབ་དཔོན་བཞེངས་ཏེ། སློབ་མ་རྣམས་ཀྱི་སྤྱི་བོར་ཚེ་བུམ་བཞག ཚེ་ཆང༌། ཚེ་རིལ་གྱི་ཚེ་དཔག་མེད་ཞུ་བའི་བདུད་རྩི་སྦྱིན་པར་བསམས་ལ། ལས་སློབ་ཀྱིས་ཚེ་རིལ་དང་ཚེ་ཆང་འགྱེད། དེ་ལྟར་ཚར་བ་དང༌། ཚེ་བུམ་དང་སྤྱི་བོའི་སྟེང་གི་ཚེ་དཔག་ཏུ་མེད་པ་བསྟིམ་པ། སློབ་མ་ལྷར་བསྐྱེད་པ་མན་འདྲ། ཡང་བརྒྱ་རྩ་ལྟ་བུ་དགོས་ན་ཚེ་ཆང༌། ཚེ་རིལ་སྟེར་བ་ཡན་འདྲ་བར་བྱས་ལ། སྤྱི་བོའི་ཚེ་དཔག་མེད་དང༌། ཚེ་བུམ་མི་བསྟིམ་པར། ཚེ་བུམ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཚེ་དཔག་མེད་གཅིག་ཆད་ནས་སློབ་མའི་སྤྱི་བོར་ཐིམ་པས་སློབ་མ་ཚེ་དཔག་མེད་དུ་བསྐྱེད་པའོ། །དེ་ནས་སླར་ཡང་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། མགོན་པོ་ཚེ་དཔག་ཏུ་མེད་པས་བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ལན་གཅིག དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་ན་བཞུགས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་དེ་ཉིད་གསལ་ལམ་སྟེ་མངོན་སུམ་དུ་བཞུགས་པའི་མོས་པ་མཛོད། སློབ་དཔོན་དང་ཚེ་ཟན། སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པ་རྣམས་ལ་གུས་འདུད་དྲག་པོ་དུད་པ་བྱས་པ་སོགས་ནས། སློབ་མ་ཚེ་དཔག་ཏུ་མེད་པ་བསྐྱེད་པའི་བར་གོང་བཞིན་ལ། ཚིག་རྒྱས་བསྡུས་རང་གི་བློ་དང་བསྟུན། བཀྲ་ཤིས་དང་དྲིལ་གསིལ་མི་བྱེད་དོ། །ཡང་དེ་ལས་ཀྱང་བསྡུ་ན། གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་ན་བཞུགས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་དེ་ཉིད་གསལ་ལམ་སྟེ་མངོན་གསུམ་དུ་བཞུགས་པའི་མོས་པ་མཛོད། སློབ་དཔོན་དང་ཚེ་ཟན། སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པ་རྣམས་ལ་གུས་འདུད་དྲག་པོ་དུད་པ་བྱས་པ་སོགས་ནས། སློབ་མ་ཚེ་དཔག་ཏུ་མེད་པ་བསྐྱེད་པའི་བར་གོང་བཞིན་ལ། ཚིག་རྒྱས་བསྡུས་རང་གི་བློ་དང་བསྟུན། བཀྲ་ཤིས་དང་དྲིལ་གསིལ་མི་བྱེད་དོ། །ཡང་དེ་ལས་ཀྱང་བསྡུ་ན། གསོལ་གདབ། སྤྱི་བོའི་ཚེ་དཔག་མེད་གསལ་འདེབས། གུས་འདུད་སོགས་འདྲ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས། ཁྱེད་རང་རྣམས་ཀྱི་ཚེ་དང་བསོད་ནམས་ཤོར་ཞིང་ཉམས་པ་ཐམས་ཅད་རང་དབང་མེད་པར་བཀུག སྤྱི་བོའི་སྟེང་གི་ཚེ་དཔག་ཏུ་མེད་པའི་བུམ་པར་ཐིམ། འཆི་མེད་ཚེའི་ཆུ་རྒྱུན་དུ་ཁོལ་ཞིང་
ལུད། སྤྱི་བོ་ནས་ཐིམ་པས་ཚེ་དང་བསོད་ནམས་སོར་ཆུད་ཅིང་འཕེལ་ཞིང་རྒྱས་པའི་མོས་པ་མཛོད། ཨ་མཱ་ར་ཎི་དང༌། ཚེ་མི་འགྱུར་བའི་གཡུང་དྲུང་སོགས་བརྗོད། ཡང་གུས་འདུད། འོད་ཟེར་འཕྲོ་བ་འདྲ། ཕྱི་རོལ་ན་ཡོད་པའི་འབྱུང་བ་ཆེན་པོ་བཞི་ལ་སོགས་པ་སྣོད་བཅུད་ཀྱི་འཇིག་རྟེན་གྱི་རོ་བཅུད་ཐམས་ཅད་བསྡུས་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་མེད་པའི་ཕྱག་གི་བུམ་པར་ཐིམ། བདུད་རྩི་ཁོལ་ཞིང་ལུད་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ཚེ་དང་བསོད་ནམས་རྒྱས་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་འདྲ། ཡང་གུས་འདུད། འོད་ཟེར་འཕྲོ་བ་སོགས་འདྲ། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྡུས། ཕྱག་གི་བུམ་པར་ཐིམ། བདུད་རྩི་ཁོལ་ཞིང་ལུད་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་ཞིང༌། ཚེ་དང་བསོད་ནམས་རྒྱས་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་འདྲ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྤྱན་དྲངས་པ་མན་འདྲའོ། །དེ་ལས་ཀྱང་བསྡུ་ན་གསོལ་བ་གདབ། སྤྱི་བོའི་ཚེ་དཔག་མེད་གསལ་འདེབས། གུས་འདུད་སོགས་འདྲ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་ཚེ་དང་བསོད་ནམས་ཤོར་ཞིང་སོགས་ནས། འཕེལ་ཞིང་རྒྱས་པའི་མོས་པ་མཛོད་ཀྱི་བར་གོང་བསྡུས་པའི་སྐབས་བཞིན། ཨ་མཱ་ར་ཎི་གསུམ་བརྗོད། ཚེ་མི་འགྱུར་བའི་སོགས། སླར་ཡང་དེ་ལ་གུས་འདུད་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱི་རོལ་ན་ཡོད་པའི་འབྱུང་བ་ཆེན་པོ་བཞི་ལ་སོགས་པ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རོ་བཅུད་ཐམས་ཅད་དང༌། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རང་དབང་མེད་པར་བཀུག ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པར་ཐིམ་སོགས་ནས། མོས་པ་མཛོད་ཀྱི་བར་གོང་བསྡུས་པའི་སྐབས་ལྟར་བརྗོད། ཨ་མཱ་ར་ཎི་སོགས་འདྲ། གུས་འདུད་འོད་ཟེར་འཕྲོ་བ་སོགས་འདྲ། སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པར་ཐིམ། དེ་
ཉིད་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་ཁོལ་ཞིང་ལུད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སོགས་མན་གོང་རྒྱས་པའི་སྐབས་བཞིན་བརྗོད། ཨ་མཱ་ར་ཎི་སོགས་འདྲ། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་གུས་འདུད་དྲག་པོ་དུང་པ་ཞིག་མཛད་པས་མགོན་པོ་ཚེ་དཔག་མེད་པའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བསམ་གྱིས་མི་ཁྱབ་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དབང་བཞི་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད་ལ། ཨ་མཱ་ར་ཎི་བཟླ་ཞིང༌། ཚེ་བུམ་སློབ་མ་རྣམས་ཀྱི་མགོ་ཐོག་ཏུ་བཞག ཚེ་རིལ་དང་ཚེ་ཆང་སྦྱིན། དེ་འདྲ་བ་བརྒྱ་རྩ་སོགས་དུ་དགོས་ཀྱང་བསྐྱར་ནས་བྱེད་པའོ། །དབང་རྣམས་རྫོགས་པ་དང༌། ཚེ་བུམ་གྱི་ཚེ་དཔག་མེད་ཀྱང་བསྟིམས་ཏེ། སློབ་མ་ཚེ་དཔག་མེད་དུ་བསྐྱེད་པ་སོགས་བྱས་ལ། གཙོ་བོས་ཇི་ལྟར་སོགས་དཀྱུས་བཞིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ཞུ་ཞིང་བསྟིམས་ཚར་བས་མཆོད་པ་སོགས་གང་ཡང་མི་དགོས་སོ། །སློབ་དཔོན་གྱིས་ཡིག་བརྒྱ་ཚར་གསུམ་དང༌། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་ལྷག་ཆད་ཁ་བསྐང༌། དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་བཀྲ་ཤིས་གང་འོས་བྱའོ། །ཅེས་པ་འཆི་བ་སླུ་བའི་ཐབས། །རས་ཆུང་རྡོ་རྗེ་གྲགས་པ་ལས། །ཉེ་བར་བརྒྱུད་པའི་གདམས་པ་མཆོག །རྗེ་བཙུན་བླ་མའི་ཕྱག་ལེན་བཞིན། །ཟ་ཉལ་འཆག་གི་རྣལ་འབྱོར་པ། །ངག་གི་དབང་པོས་རིགས་ཀྱི་བུ། །སྤུན་གཉིས་ཉམས་སུ་བླང་ཕྱིར་བྲིས། །དགེ་དེས་འཆི་མེད་ཐོབ་པར་ཤོག །སརྦ་མངྒ་ལཾ། །འདིའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏེ་ཕུ་གསང་སྔགས་ཀྱི་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མི་ལ་རས་ཆེན། བཀའ་
བརྒྱུད་དྭགས་པོ་ལྷ་རྗེ། བདེ་གཤེགས་ཕག་མོ་གྲུ་པ། འབྲི་གུང་འཇིག་རྟེན་མགོན་པོ། ཐུགས་སྲས་སྤྱན་སྔ་རིན་པོ་ཆེ། རྒྱལ་བ་ཡང་དགོན་ཆོས་རྗེ། རྗེ་སྤྱན་སྔ་བ། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། ཟུར་ཕུག་པ་རིན་ཆེན་དཔལ་བཟང༌། གངས་ཅན་ཀུན་དགའ་དཔལ་བཟང༌། དབུ་མ་དཔལ་ལྡན་བཟང་པོ། ཆོས་རྗེ་དཔལ་མགོན་པ། འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའོ། །ཤུ་བྷཾ།། ༈ །ཚེ་དཔག་མེད་ཀྱི་དབང་གི་ཆོ་ག་འཆི་མེད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སིཾ་ཧཱ་ཡ། འདིར་ཚེ་ཛཔ྄་ལ་བརྟེན་ནས་ཚེ་སྲིང་བའི་ཆོ་ག་འཆི་མེད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་བླ་བྲེ་དང་ཡོལ་བ་དགྲམ། ཚེ་དཔག་མེད་ཀྱི་ལུགས་སྐུའམ་ཐང་སྐུ་སོགས་དགྲམ། དེའི་མདུན་དུ་སྟེགས་བུ་ཇི་ལྟར་རིགས་པའི་སྟེང་དུ་པདྨ་འདབ་མ་བཞིའམ། མེ་ཏོག་གི་ཚོམ་བུ་ལྔ་བྱས་པའི་སྟེང་དུ་ཚེ་བུམ་གྱི་མཐར་ཚེ་རིལ་གྱིས་བསྐོར་བ་ལ་ཚེ་ཟན་ཟེར། ཚེ་ཆང༌། གཏོར་མ་གསུམ་རྣམས་འབྲི་མོག་གིས་བྱུག མར་གྱི་རྒྱན་ཅི་མཛེས་བྱས་པ་བཤམས་པའི་མདུན་ནམ་མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ་མོ། །གཉིས་པ་ལ་གསུམ་ལས། དང་པོ་བདག་བསྐྱེད་བསྒོམ་པ་ནི། སློབ་དཔོན་གྱིས་མཆོད་པ་རྣམས་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ།
ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ་སོགས་ནས། ཤབྡ་སྭཱ་ཧཱ། དྷརྨཱ་ར་ཎི་ལན་གསུམ་དང་རོལ་མོ་བྱས་ཏེ་བྱིན་གྱིས་བརླབ་བོ། །སྐྱབས་འགྲོ་སྤྱི་དང་འདྲ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དཔག་ཏུ་མེད་པ་བསྒོམ་པར་བགྱིའོ། །ལན་གསུམ་བརྗོད། རང་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ་སོགས་ནས་ཤབྡ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་བརྗོད། སྭཱ་བྷཱ་ཝས་བདག་དང་སྣང་བ་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདམར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་བྱེ་རུའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དམར་བ། ཞལ་གཅིག་ཕྱག་གཉིས་པ། སྤྱན་དཀྱུས་རིང་ཞིང་སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་འགྲོ་བ་མཐའ་དག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་ཞལ་འཛུམ་པ། འོད་ཟེར་སྣ་ཚོགས་འཕྲོ་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་འཕྱང་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་གསེར་གྱི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་ཚེ་དཔག་ཏུ་མེད་པ་ལ་སོགས་ནས།
ཤབྡ་སྭཱ་ཧཱའི་བར་གོང་ལྟར་བྱ། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པ་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སོགས་སྔ་མ་ལྟར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ལ་མཚན་སྔགས་རེ་རེའི་འགོར་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར། དྷརྨཱ་ར་ཎི་སོགས་བཅས་རོལ་ཆེན་དང༌། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་རང་གི་ནད་གདོན་སྡིག་སྒྲིབ་སྦྱངས། འོད་ཟེར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་རྒྱས་པར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། རང་གི་སྤྱི་བོའི་གཙུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཁེངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་ཅི་ནུས་བཟླ། མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། སྔར་བཞིན་མཆོད་བསྟོད་བྱའོ། །གཉིས་པ་མདུན་བསྐྱེད་བསྒྲུབས་ཏེ་ཚེ་འགུགས་
ཤིང་བསྟིམ་པ་ནི། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་དེ་ལས་འོད་ཟེར་འཕྲོས་པས་སོགས་ནས། ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱིས་མགོན་གྱུར་ཅིང༌། །སོགས་ཤློ་ཀ་གསུམ་གྱིས་སྤྱན་དྲང༌། དེ་ལ་མཆོད་པ་སོགས་ནས་རིགས་བདག་གི་རྒྱས་འདེབས་བར་བདག་བསྐྱེད་ལྟར་བྱ། མཆོད་པ་བྱིན་རླབས་གོང་བཞིན་ལ་དྷརྨཱ་ར་ཎི་མི་བརྗོད། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །རྒྱལ་བ་ཚེ་དཔག་མེད་ལ་འབུལ། །ཚེ་དང་ཡེ་ཤེས་སྩལ་དུ་གསོལ། །མཚན་སྔགས་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་ཚིགས་བཅད་སྔགས་དང་བཅས་པས་མཆོད། དེ་ཙམ་མི་ནུས་ན་སྔགས་མཆོད་བསྟོད་པ་རྣམས་བདག་བསྐྱེད་ལྟར་བྱའོ། །གཏོར་མ་རྣམས་ཆུ་གཙང་མས་བྲན། གཏོར་མ་དང་པོ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་ཨ་མི་ཏ་བྷ་ཧྲཱིཿཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། མཚན་སྔགས་སྔོན་དུ་འགྲོ་བའི་ཨརྒྷཾ་ནས། ཤབྡ་སྭཱ་ཧཱའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་སོགས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གོང་ལྟར་གསོལ་བ་བཏབ་བོ། །གཉིས་པ་ཕྱོགས་སྐྱོང་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་སོགས་ནས། ད་ཤ་དིཀ྄་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ་ཞེས་པའི་བར་ཆ་གསུམ་ལྟར་བཏང་ངོ༌། །གསུམ་པ་གཞི་བདག་ལ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲང༌། མཚན་སྔགས་ཀྱི་མཐར། ཨོཾ་ཨ་ཀཱ་རོ་བཏགས་པ་
ལན་གསུམ་གྱིས་ཕུལ། གཞི་བདག་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ནས་ཀུན་འགྲུབ་ཤོག །ཅེས་བརྗོད། མཚན་སྔགས་ཀྱི་མཇུག་ཏུ་གཙྪ་བཏགས་པས་གཤེགས་སུ་གསོལ། ཛཔ྄་བཟླས་ནི། ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་འབྱུང་བ་ས་ཆུ་མེ་རླུང་གི་ནུས་པ་དང༌། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚེའི་རིག་འཛིན་བརྙེས་པའི་ལྷ་ཀླུ་གྲུབ་པ་རིག་པ་འཛིན་པ་སོགས་ཀྱི་ཚེ་འཛིན་ཅིང་གནས་པའི་ནུས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ལ་སོགས་པ་ཚུར་འདུས་ཏེ་མདུན་བསྐྱེད་ཀྱི་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པའི་ནང་དུ་བྱོན་ནས། འཆི་མེད་ཚེའི་བདུད་རྩིར་གྱུར་པར་བསམས་ནས་སྔགས་བཟླས་པ་དང་འདོད་དོན་གསོལ་བཏབ་རྣམས་བདག་བསྐྱེད་ལྟར་བྱའོ། །གསུམ་པ་དབང་བསྐུར་བ་ནི། སྣོད་ལྡན་གྱི་སློབ་མ་གཉིས་དང་བཞི་དང་དྲུག་དང་བརྒྱད་ལ་སོགས་པ་རྣམས་ཁྲུས་བྱས་ཕྱག་དང་ཡོན་ཕུལ་གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས་སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང༌། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཐམས་ཅད་ཀྱང་ཐེག་པ་ཆེ་ཆུང་ནས་ཇི་ལྟར་འབྱུང་བ་བཞིན་ལེགས་བར་གསལ་བཏབ་ནས་གསན་པར་ཞུ། དེ་ལ་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། བསྟན་པའི་སྙིང་པོ་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར་དམ་པའི་ཆོས་རྣམ་པར་དག་པ་རེ་བྱ་
དགོས། དེའི་རྒྱུ་མཚན་ཡང༌། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། དོན་དམ་པར་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ན་ཡང༌། གནས་སྐབས་སུ་གློ་བུར་གྱི་དྲི་མ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་སྤངས་ཀྱི་བར་ལ། བྱིས་པ་མི་ཤེས་པའི་སྒྲིབ་པས། །དེ་ཡི་འགྲོ་བ་མི་ཤེས་པ། །འགྲོ་བ་དྲུག་གི་སྲིད་པའི་མཐར། །གང་ཞིག་རྨོངས་པས་འཁོར་བར་འགྱུར། །ཞེས་དང༌། མདོ་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། དེ་རྣམས་ལ་སྡུག་བསྔལ་གྱི་རྣམ་པ་ཇི་ལྟ་བུ་ཞིག་ཡོད་སྙམ་ན། ངན་སོང་གསུམ་ནི་སྡུག་བསྔལ་དངོས་ལ་ལོངས་སྤྱོད། མཐོ་རིས་གསུམ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སྤྱོད་པ་ཤས་ཆེ་བ་ཡིན་ནོ། །མདོར་ན་རྒྱུན་ཆད་མེད་པར་སྡུག་བསྔལ་གྱི་འཁོར་མོ་ཡུག་ཏུ་གྱུར་པའི་འཁོར་བ་གང་དུ་སྐྱེས་ཀྱང་བཟོད་པར་དཀའ་བའི་སྡུག་བསྔལ་འབའ་ཞིག་ལས་མ་འདས་པ་ཡིན་ཏེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས། དེ་ལས་ཐར་བར་བྱེད་པའི་ཐབས་དམ་པའི་ཆོས་ཉམས་སུ་ལེན་པ་ལ་རྟེན་དལ་འབྱོར་གྱི་མི་ལུས་སྐྱོན་མེད་པ་ཞིག་ཐོབ་དགོས་ཏེ། སྡོང་པོ་བཀོད་པ་ལས། མིར་གྱུར་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ། ཞེས་གསུངས་ཤིང༌། རྙེད་པ་དེ་ཡང་ཕན་ཐོགས་ཤིན་ཏུ་ཆེ་སྟེ། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་ཕྱིན་ཞིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་ལ། །
ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས། ཐོབ་པའི་དལ་བ་དེ་ཡང་ཡུན་རིང་དུ་གནས་པའི་ངེས་པའང་མེད་དེ། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་ནང་མར་མེ་བཞིན། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པས། དལ་འབྱོར་གྱི་མི་ལུས་ཐོབ་པའི་སྐབས་འདིར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ཞིང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་ལ་འབད་དགོས་ཏེ། སྔར་ལས་དཀར་པོ་བསགས་པས་སངས་རྒྱས་ཀྱི་ལམ་བསྒྲུབ་པས་ཆོག་པའི་དལ་འབྱོར་གྱི་ལུས་འདི་ཐོབ་འདུག་ཅིང༌། དལ་འབྱོར་གྱི་རྒྱུ་དགེ་བ་སྣ་རེ་ཙམ་བསྒྲུབ་པའང་དཀའ་ན་དལ་འབྱོར་ཐོབ་པ་སྨོས་ཅི་དགོས། དེས་ན་དལ་འབྱོར་ཐོབ་པ་ཡུན་རིང་དུ་གནས་པའི་ངེས་པ་མི་འདུག་པས་ཐོབ་དཀའ་ལ་ཕན་ཡོན་ཆེ་ཞིང༌། ཡུན་རིང་དུ་མི་གནས་པའི་ལུས་རྟེན་ཐོབ་པའི་སྐབས་འདིར་དལ་འབྱོར་ལ་སྙིང་པོ་བླང་དགོས་པ་ཡིན་ནོ། །དེ་ཡང་འོ་སྐོལ་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང༌། དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་བ་ལ་སོགས་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཡིན་ཏེ། བསྡུ་ན། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པ་ལ་བརྟེན་ནས་གདུལ་བྱ་འདོད་གདུང་ཤས་ཆུང་ཞིང་དེ་སྤངས་པས་བྱང་ཆུབ་ཐོབ་པར་འདོད་པའི་དབང་པོ་བརྟུལ་པོ་དེ་དག་ལ་དགོངས་ནས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསུངས།
གདུལ་བྱ་འདོད་གདུང་ཤས་ཆེ་ཞིང་དེ་དག་སྤོང་མི་ནུས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་དབང་པོ་རྣོན་པོ་དག་ལ་དགོངས་ནས། འབྲས་བུ་སྔགས་ཀྱི་ཐེག་པ་གསུངས་པ་ལས། འདིར་སྔགས་ཀྱི་ཐེག་པ་ཡིན། དེ་ལ་ཡང་རྒྱུད་སྡེ་བཞི་ལས་འདིར་སྤྱོད་པའི་རྒྱུད་ཡིན། དེ་ལ་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དང༌། པདྨའི་རིགས་ཀྱི་རྒྱུད་དང༌། རྡོ་རྗེའི་རིགས་ཀྱི་རྒྱུད་དང་གསུམ་ལས། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་ཡིན། དེ་ལ་ཡང་དུ་མ་ཞིག་ཡོད་པ་ལས། འདིར་འཇམ་དཔལ་དཔའ་པོ་གྲུབ་པའི་རྒྱུད་ཀྱི་རྗེས་སུ་འབྲང་བ་སྟེ། དེ་ལ་ཡང་ཞི་རྒྱས་ལ་སོགས་པ་དང་རྗེས་སུ་འབྲེལ་བའི་ཡི་དམ་གྱི་ལྷའི་རིགས་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། འདིར་རྒྱས་པའི་རིགས་སུ་གཏོགས་པ་གནས་སྐབས་སུ་ཚེ་དང་བསོད་ནམས་ལ་སོགས་པ་རྒྱས་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་ཏུ་མེད་པ་ལྷ་གཅིག་བུམ་གཅིག་གི་དབང་བསྐུར་བ་ལ། ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་ལོ་རྒྱུས་ཅུང་ཟད་ཙམ་བརྗོད་ན། རས་ཆུང་རྡོ་རྗེ་གྲགས་པ་དེ་ཉིད་ཏེ་ཕུ་པ་གསང་སྔགས་ཀྱི་སྡོང་པོའི་དྲུང་དུ་བྱོན་ནས་ཆོས་རྣམས་རྫོགས་པར་ཞུས་ནས། བོད་དུ་འབྱོན་པར་ཆས་པའི་དུས་སུ་བླ་མའི་གསུང་གིས། དེ་རིང་གྲོང་ཁྱེར་གྱི་ཚོང་དུས་སུ་ལྟས་མོར་རྒྱུག་ཅིག་གསུངས་ནས་བྱོན་པས། རྣལ་འབྱོར་པ་སྔོ་སང་ངེ་བ་རི་དྭགས་ཀྲྀཥྞ་སཱ་རའི་པགས་པ་ཕྲག་པ་ལ་བཀལ་ནས། རྭ་དུང་འབུད་པ་ཞིག་འདུག་པས། དེས་སྤྱན་ཆེར་གཟིགས་ནས་ཁྱེད་ལ་ཟླ་བ་གསུམ་གྱི་ཚེ་ལས་མི་འདུག་ཨང་གསུངས་པས་ཤིན་ཏུ་བྲེད་དེ། བླ་མའི་དྲུང་དུ་བྱོན་ནས་ལོ་རྒྱུས་ཞུས་པས། བླ་མས་ཁྱེད་ལ་ཚེ་དེ་ལས་མི་འདུག་པ་ངས་ཀྱང་ཤེས་ཏེ་མ་སྨྲས་པ་ཡིན་གསུངས། འོ་ན་འཆི་བ་དེ་ལས་ཟློག་པའི་གདམས་པ་ཟབ་མོ་ཞིག་ཞུ་ཞེས་གསོལ་བ་བཏབ་པས། ངས་མི་ཡོང་ཙནྡན་གྱི་ནགས་ཁྲོད་ཕ་གི་ན་མ་
གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་ཚེ་དཔག་ཏུ་མེད་པ་དངོས་སུ་གྲུབ་བ་ཞིག་ཡོད་པས། དེའི་དྲུང་དུ་སོང་ལ་གདམས་ངག་ཞུས་ཤིག་གསུངས་ནས། གསེར་སྲང་བཞི་ཡོད་པ་ཁྱེར་ཏེ། མ་གཅིག་གྲུབ་པའི་རྒྱལ་མོའི་དྲུང་དུ་ཕྱིན་ནས། གསེར་སྲང་གསུམ་ཆོས་ཡོན་དུ་ཕུལ། སྲང་གང་ལ་ཆོས་ཞུ་བའི་སྤྱད་པ་བྱས་ཏེ་དབང་ཞུས་ནས་ཟླ་བ་བདུན་བསྒྲུབས་པས་ལོ་བཞི་བཅུ་ཞེ་བཞིའི་བར་དུ་སྐུ་ཚེ་བསྲིངས་པ་ཡིན་གསུངས། དེ་ཡང་སྔར་ཁོང་གིས་བཞི་བཅུ་བཞེས་པ་དང་བཅས་པ་ཀུན་དྲིལ་བའི་ལོ་བརྒྱད་ཅུ་གྱ་བཞིའི་བར་དུ་སྐུ་ཚེ་བསྲིངས་ཐུབ་པ་ཡིན། དེ་ནས་ཏེ་ཕུ་པའི་དྲུང་དུ་ལོག་བྱོན་པ་དང༌། བླ་མའི་ཞལ་ནས། གདམས་ངག་ངས་ཀྱང་ཤེས་ཏེ་མ་གཅིག་གྲུབ་པའི་རྒྱལ་མོ་ཁུངས་བཙུན་ཞིང་ཡིད་ཆེས་པའི་གནས་ཡིན་པས་བཏང་བ་ཡིན་གསུངས་ནས། བླ་མས་ཀྱང་ཚར་གཅིག་རྫོགས་པར་གནང་ངོ༌། །དེ་ནས་བོད་དུ་བྱོན་ནས་རྗེ་བཙུན་མི་ལ་དང་མཇལ་བའི་དུས་སུ་མི་ལའི་གསུང་ནས། སྔར་བོད་དུ་མ་གྲགས་པའི་ཟབ་ཆོས་ཁྱད་པར་ཅན་ཞིག་ང་ལ་སྐྱེས་སུ་ཕུལ་ཅིག་གསུངས་ནས། ཆོས་འདི་བླ་མའི་བཀའ་མ་ཆོག་པར་སྐྱེས་སུ་ཕུལ་པ་ཡིན། དེ་ནས་བརྩམས་ཏེ་རང་རེའི་བླ་མ་བརྒྱུད་པ་རྣམས་ལ་རིམ་པ་བཞིན་བཀའ་བབས་པ་འདི་ལ་ཚེ་ཛཔ྄་ལ་བརྟེན་ནས་ཚེ་སྲིང་བ་དང༌། བསྐྱེད་རྫོགས་ལ་བརྟེན་ནས་ཚེ་སྲིང་བ་དང༌། བཅུད་ལེན་ལ་བརྟེན་ནས་ཚེ་སྲིང་བ་རྣམས་སུ་ཡོད་པ་ལས། འདིར་ཚེ་ཛཔ྄་ལ་བརྟེན་ནས་ཚེའི་དབང་བསྐུར་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མའི་བྱ་བ་གཉིས་ལས། དང་པོ་གྲུབ་ཟིན་ནས། གཉིས་པ་སློབ་མའི་བྱ་བ་ལ། སློབ་དཔོན་ལ་མགོན་པོ་ཚེ་དཔག་ཏུ་མེད་པ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སོགས་ནས། གཞུག་
ཏུ་གསོལ། །ཞེས་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་ཏུ་མེད་པ་ལ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚེའི་རིག་འཛིན་བརྙེས་པའི་ལྷ་དང་དྲང་སྲོང་གི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་དུ་བཞུགས་པར་མོས་པར་བྱས་ལ། དེ་དག་གི་སྤྱན་སྔར་རང་དང་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པའི་བསམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས་འགྲུབ་པར་ཤོག ཅེས་སྔོན་འགྲོ་ཡིན། དངོས་གཞིའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་སོགས་ནས། དབུར་བརྒྱན་པར་མོས་ནས། དེ་ལ་ཡིད་ཀྱིས་གུས་འདུད་དང་བཅས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པོ་ཚེ་དཔག་ཏུ་མེད་པས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པའི་«བདག་བསྐྱེད་ལྟར་ལ་བདག་ཉིད་ཅེས་པའི་ཚིག་དོར། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཞེས་དང༌། འདི་ལ་དབང་བསྐུར་ཞེས་བསྒྱུར།» རྐྱེན་གྱིས་ཁྱེད་རང་གི་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ས་བོན་དང་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿགཉིས་ཀ་ལས་འོད་ཟེར་ལྕགས་ཀྱུ་དང་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་བ་དང༌། ཉམས་པ་དང༌། གཞོམ་པ་དང༌། ཚེ་དང་བསོད་ནམས་རྣམས་བདུད་དང་གཤིན་རྗེ། བཙན་དང་དམུ། ཐེའུ་རང་དང་མ་མོ། རྒྱལ་འགོང་ལ་སོགས་པས་ཁྱེར་བ་རྣམས་འོད་ཟེར་གྱིས་རང་དབང་མེད་པར་བཀུག་སྟེ། བདུད་རྩི་འོ་མའི་ཁ་དོག་ལྟ་བུ་སྐྱ་ན་ར་ར་ཕྱོགས་བཅུ་ནས་བྱུང་ཞིང་ཁྱེད་
རང་གི་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པའི་ནང་དུ་བྱོན་ནས། འཆི་མེད་ཚེའི་བདུད་རྩིར་གྱུར་ཏེ། ཁོལ་ཞིང་ལུད་པས་བུམ་པའི་ཁ་ནས་མར་ཞལ་ལ་བྱུང་བ་ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཐིམ་པས་ཚེ་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད་ཅིང༌། སླར་ཡང་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། མེ་ཏོག་གཏོར་ཞིང་རོལ་མོ་བྱ། ངག་ཏུ་ཨ་མཱ་ར་ཎི་སོགས། ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །ཚེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཕུན་སུམ་ཚོགས་པ་མངའ་བ་སོགས་ནས་བཀྲ་ཤིས་དང་པོ་ཡིན། སླར་ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་ཁྱེད་རང་གི་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཕྱི་རོལ་ན་ཡོད་པའི་དབང་ཆེན་གསེར་གྱི་ས་གཞི་དང༌། རིའི་རྒྱལ་པོ་རི་རབ་དང༌། གསེར་གྱི་རི་བདུན་དང༌། རི་བོ་གངས་ཅན་ལ་སོགས་པའི་གངས་རི་དང༌། མ་ལ་ཡ་ལ་སོགས་པའི་གཡའ་རི་དང༌། སྤོས་ངད་ལྡན་ལ་སོགས་པའི་སྤང་རི་དང༌། རི་བོ་འབིགས་བྱེད་ལ་སོགས་པའི་བྲག་རི་དང༌། ནགས་ཚལ་དང༌། རྩི་ཤིང་དང༌། ཤིང་ཐོག་དང༌། འབྲུ་དང༌། སྨན་དང༌། རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ལ་ཕོག་པས། དེ་རྣམས་ཀྱི་རོ་བཅུད་དྭངས་མ་ཐམས་ཅད་བསྡུས་ཏེ་བདུད་རྩི་འོ་མའི་མདོག་ལྟ་བུ་སྐྱ་ན་ར་ར་བྱུང་ཞིང༌། ཁྱེད་རང་གི་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་བྱོན་ནས། འཆི་མེད་ཚེའི་བདུད་རྩིར་གྱུར་ཏེ། ཁོལ་ཞིང་ལུད་པས་བུམ་པའི་ཁ་ནས་མར་ཞ་ལ་ལ་བྱུང་ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཐིམ་པས། ལུས་ཐམས་ཅད་འཆི་མེད་བདུད་རྩིས་ཁེངས་ཏེ། ལུས་སྲ་ཞིང་བརྟན་པ་གཞོམ་གཞིག་མི་ནུས་པ་རི་རབ་
དང་རྡོ་རྗེ་ལྟ་བུར་གྱུར་པ་ཡིན་སྙམ་དུ་མོས་པ་མཛོད། དེ་ཡིས་ཉེ་བར་བསྟན་པའི་སོགས་ནས་བཀྲ་ཤིས་གཉིས་པ་ཡིན། ཞེས་བརྗོད། ཡང་དམིགས་པ་འདི་བཞིན་མཛོད། སོགས་ནས་འཕྲོས་པས། ཕྱི་རོལ་ན་ཡོད་པའི་ཆུའི་དཀྱིལ་འཁོར་དང༌། ཕྱིའི་རྒྱ་མཚོ་དང༌། རོལ་པའི་མཚོ་བདུན་དང༌། ཆུ་བོ་ཆེན་པོ་བཞི་དང༌། ནཻ་རཉྫ་ར། གངྒཱ། པཀྵུ། སིནྡྷུ་ལ་སོགས་པ་རྣམས་དང༌། གཞན་ཡང་ལྟེང་ཀ་དང༌། ཆུ་མིག་དང༌། ཆུ་ཀླུང་དང༌། ཆུ་བྲན་ལ་སོགས་པ་ཆུའི་སྡེ་ཚན་ཐམས་ཅད་ལ་ཕོག་པས། དེ་རྣམས་སོགས་ནས་ཁེངས་ཏེ་ལུས་སྣུམ་བག་དང་ལྡན་པར་གྱུར་པ་ཡིན་སྙམ་དུ་སོགས་ནས། དགེ་འདུན་དམ་པ་ཞེས་པ་ནས་བཀྲ་ཤིས་གསུམ་པ་ཡིན། ཞེས་བརྗོད། ཡང་དམིགས་པ་སོགས་ནས། འོད་ཟེར་ཉི་མ་ཤར་བ་ལྟ་བུ་འཕྲོས་པས། མེའི་དཀྱིལ་འཁོར་དང༌། གཞན་ཡང་རྟ་གདོང་གི་མེ་དང༌། རྒོད་མ་ཁའི་མེ་དང༌། ཉི་མ་དང༌། ནོར་བུ་དང༌། རྒྱུན་གཞག་གི་མེ་དང༌། བརྡབས་པ་དང༌། གཙུབས་པ་ལ་སོགས་པ་རྣམས་ལ་ཕོག་པས། དེ་རྣམས་ཀྱི་སོགས་ནས་ཁེངས་ཏེ། ལུས་བཀྲག་མདངས་དང་ལྡན་པར་གྱུར་པ་ཡིན་སྙམ་དུ་སོགས་ནས། རྒྱལ་བ་སྲས་བཅས་སོགས་བརྗོད། ཡང་དམིགས་པ་སོགས་ནས་འཕྲོས་པས། ཕྱི་རོལ་ན་ཡོད་པའི་རླུང་གི་དཀྱིལ་འཁོར་དང༌། བྱེ་བྲག་ཏུ་འཐོར་བྱེད་ཀྱི་རླུང་དང༌། སྡུད་བྱེད་ཀྱི་རླུང་ལ་སོགས་པ་རྣམས་ལ་ཕོག་པས། དེ་རྣམས་ཀྱི་སོགས་ནས་ཁེངས་ཏེ་ལུས་སྟོབས་དང་ཡང་རྩལ་ཆེན་པོར་གྱུར་པ་ཡིན་སྙམ་དུ་སོགས་ནས། བགེགས་རིགས་སྟོང་ཕྲག་སོགས་བརྗོད། ཡང་དམིགས་པ་སོགས་ནས་འཕྲོས་པས། ཕྱི་རོལ་ན་ཡོད་པའི་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་རྣམས་ཀྱི་ཚེ་དང་བསོད་ནམས་དང་དབང་ཐང་ལ་སོགས་པ་ཐམས་ཅད་བསྡུས་ཏེ་བདུད་རྩི་འོ་མའི་མདོག་ལྟ་བུ་སོགས་ནས། ཁེངས་ཏེ་ཁྱེད་རང་གི་ཚེ་དང་བསོད་ནམས་བསམ་གྱིས་མི་ཁྱབ་པར་གྱུར་པ་ཡིན་སྙམ་དུ་སོགས་ནས། ལོ་བརྒྱ་ཐུབ་
ཅིང་སོགས་བརྗོད། ཡང་དམིགས་པ་སོགས་ནས། འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོ་མའི་མདོག་ལྟ་བུ་སོགས་ནས། ཁེངས་ཏེ་ཚེ་དང་བསོད་ནམས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་སོགས་ནས། སྦྱིན་པ་གཏོང་ཞིང་སོགས་བརྗོད། སླར་«དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའི་དམིགས་པ་འདི་དཔེ་ལ་ལར་མི་སྣང་ཞིང༌། རྐྱེན་སེལ་ལྟ་བུ་ལ་མ་བྱས་ཀྱང་རུང་ངོ༌།། »ཡང་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་ལ་གུས་འདུད་དྲག་པོ་དུང་བ་ཞིག་མཛད་པས་མགོན་པོ་ཚེ་དཔག་ཏུ་མེད་པའི་གནས་གསུམ་གྱི་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བསམ་གྱིས་མི་ཁྱབ་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དབང་བཞི་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད་ལ། ཨ་མཱ་ར་ཎི་སོགས་བཟླའོ། །སླར་ཡང་དམིགས་པ་འདི་བཞིན་མཛོད། ཚེ་ཟན་དང་ཚེ་ཆང་དང་ཁྱེད་རང་གི་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་གསུམ་ཀ་ཡང་འཆི་མེད་ཚེའི་དངོས་གྲུབ་ཀྱི་རྣམ་པར་ཞུ་ནས་ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས། ཁྱེད་རང་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པའི་སྐུ་ཅན་རེ་རེར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱིས་སྔགས་བརྗོད་ཅིང་ཚེ་བུམ་མགོ་བོར་བཞག ཚེ་ཟན་དང་ཚེ་ཆང་ཡང་སྦྱིན། སླར་མེ་ཏོག་གཏོར་ནས། འབྱུང་པོ་གང་དག་སོགས་བརྗོད། ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌།
བདེ་བ་ཅན་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཚེ་དཔག་ཏུ་མེད་པའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཚེ་དཔག་ཏུ་མེད་པའི་སྐུ་ཅན་དུ་གསལ་བ་ལ་ཐིམ་པས། ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨ་མཱ་ར་ཎི་དང༌། ཚེ་མི་འགྱུར་བའི་སོགས་དང༌། ཉིན་མོ་བདེ་ལེགས་སོགས་བརྗོད། དེས་དབང་གི་དངོས་གཞི་གྲུབ་ནས། མདོར་ན་དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལས་བསྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། དབང་ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ལ་སོགས་པ་ཡང་དྲིན་ལན་དུ་འབུལ་ན། ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས་བརྗོད། དེས་ཚེ་དབང་ཟབ་མོ་ལེགས་པར་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་བརྗོད་དེ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །གསུམ་པ་ནི། བླ་མས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བསྔོ་བ་དང་སྨོན་ལམ་བཀྲ་ཤིས་དགའ་སྟོན་སོགས་བྱའོ། །འདི་ལྟར་བགྱིས་པའི་དགེ་ཚོགས་མཐུས། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །དུས་མིན་འཆི་བདག་བཅོམ་ནས་ནི། །འཆི་མེད་དབང་པོ་ཐོབ་པར་ཤོག །ཅེས་པ་འདི་ནི་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་གསུང་རབ་ལ་གཞི་བྱས། བླ་མ་དམ་པའི་ཕྱག་ལེན་དང་གསུང་སྒྲོས་ཅུང་ཟད་ཀྱིས་བརྒྱན་ཏེ། ཨཾ་གི་ར་ཞེས་པ་ཆུ་ཕོ་སྤྲེའུའི་ལོ་རྒྱལ་གྱི་ཟླ་བའི་དཀར་ཕྱོགས་ལ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ཤྲཱི་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་ཐར་པ་རྩེར་བྲང་ཏི་པའི་
བཙུན་པ་ག་ག་ན་ཤྲཱི་བྷ་དྲས་སྦྱར་བའོ། །འདིས་སེམས་ཅན་ཐམས་ཅད་ཀྱི་ཚེ་མཐར་ཕྱིན་པར་གྱུར་ཅིག། ༈ །ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བརྒྱ་རྩ་སོགས་སྐུར་ཚུལ་གྱི་ཕྱག་ལེན་འཆི་མེད་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འདིར་ཐར་རྩེ་པཎྜི་ཏ་ཆེན་པོ་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང་ཆོག་འཆི་མེད་འདོད་དགུའི་ཆར་འབེབས་དང་རྗེས་སུ་འབྲེལ་བར་ཚེ་དབང་བརྒྱ་རྩ་སོགས་གྲངས་གསོག་སྐབས། རྒྱས་པ་ཚར་གཅིག་གིས་སློབ་མ་ཐུན་མོང་བ་ལ་འཇིག་རྟེན་ལས་འདས་པའི་བཅུད་བསྡུ་བའམ། ཐུན་མོང་མ་ཡིན་པ་ལ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལན་དཀྱུས་ལྟར་སོང་ནས། སླར་ཡང་དམིགས་པ་འདི་བཞིན་མཛོད། ཚེ་ཟན་དང༌། ཚེ་ཆང་ཚེ་དཔག་ཏུ་མེད་པར་གསལ་བ་དང༌། ཁྱེད་རང་གི་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་རྣམས་ལས་རང་འདྲ་གཉིས་པ་རེ་ཆད། དེ་ཐམས་ཅད་འཆི་མེད་ཚེའི་དངོས་གྲུབ་ཀྱི་རྣམ་པར་ཞུ་ནས། ཁྱེད་རང་གི་སྤྱི་བོར་ཐིམ་པས་ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་བྱེ་རུའི་ལྷུན་པོ་ལ་སོགས་ནས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ཅན་ཏུ་གསལ་ལམ་སྟེ་གྱུར་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ཅིང་སྙིང་པོ་དང་གཟུངས་རིང་བཟླ། སྤྲོ་ན་པཎ་ཆེན་རང་གིས་མཛད་པའི་འདིའི་དབང་ཆོག་ཚིགས་བཅད་མ་ལས། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བྱ། །འདི་ཟོས་ཚེ་དཔག་མེད་མགོན་གྱི། །ཞལ་ཟས་བསྟེན་ན་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ།« »ཞེས་པས་ཚེ་རིལ་དང༌། བཀྲ་ཤིས་ཚེ་བརྟན་དཔལ་གྱི་«དཔེ་ལ་ལར་ཚིག་རྐང་འདི་མེད་པའང་སྣང༌།» བཅུད། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཏུང་བར་བྱ། །འདི་བཏུང་ཚེ་དཔག་མེད་མགོན་གྱི། །བཏུང་བ་བསྟེན་པས་
ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཨོཾ་ཨ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་པས་ཚེ་ཆང་སྦྱིན་པར་གསུངས་པ་ལྟར་བྱ། བསྡུ་ན་སྙིང་པོ་དང་གཟུངས་རིང་བཟླ་བཞིན་པས་སྦྱིན། མེ་ཏོག་འཐོར་ཞིང༌། ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག་སོགས་དང༌། འབྱུང་པོ་གང་དག་སོགས་བརྗོད། སླར་ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་སོགས་ནས། ཉིན་མོ་བདེ་ལེགས་སོགས་ཀྱི་བར་དཀྱུས་ལྟར་བྱ་བ་ནི་ཚར་དང་པོ་ཡིན་ནོ། །ཚར་གཉིས་པ་མན་ལ། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མགོན་པོ་ཚེ་དཔག་ཏུ་མེད་པས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་སྤྱི་བོའི་སྟེང་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ས་བོན་དང༌། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་དང་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས་པས། ཁྱེད་རང་གི་བླ་ཚེ་ཡར་བ་དང༌། ཉམས་པ་དང༌། གཞོམ་པ་དང༌། གདོན་བགེགས་འབྱུང་པོས་ཁྱེར་བ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པའི་ནང་དུ་བྱོན། ཡང་འོད་ཟེར་དེས་འབྱུང་བ་བཞིའི་ཁམས་ཐམས་ཅད་ལ་ཁྱབ་པས་དབང་ཆེན་གསེར་གྱི་ས་གཞི། དབུས་གྱི་རི་རྒྱལ་ལྷུན་པོ། གསེར་གྱི་རི་བདུན་ལ་སོགས་པ་འབྱུང་བ་སའི་རོ་བཅུད་དྭངས་མ་ཐམས་ཅད་དང༌། འོག་གཞི་ཆུའི་དཀྱིལ་འཁོར། ཕྱིའི་རྒྱ་མཚོ་ཆེན་པོ། རོལ་པའི་མཚོ་བདུན་ལ་སོགས་པ་འབྱུང་བ་ཆུའི་རོ་བཅུད་དྭངས་མ་ཐམས་ཅད་དང༌། འོག་གཞི་མེའི་དཀྱིལ་འཁོར། རྟ་གདོང་གི་མེ། ཉི་མ། ནོར་བུ་སྒྲོན་མེའི་འོད་ལ་སོགས་པ་འབྱུང་བ་མེའི་བཅུད་དྭངས་མ་ཐམས་ཅད་དང༌། འོག་གཞི་རླུང་གི་དཀྱིལ་འཁོར། འཐོར་བྱེད་དང་སྡུད་བྱེད་ཀྱི་རླུང་ལ་སོགས་པ་འབྱུང་བ་རླུང་གི་རོ་བཅུད་དྭངས་མ་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་བྱོན། ཡང་འོད་ཟེར་དེས་འཇིག་རྟེན་གྱི་ཁམས་མཐའ་
ཡས་པ་དང༌། དག་པའི་ཞིང་རབ་འབྱམས་རྣམས་སུ་ཁྱབ་པས། དེ་དག་ན་གནས་པའི་སེམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་དབང་ཐང་ལ་སོགས་པ་ཐམས་ཅད་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་བྱོན། དེ་ཐམས་ཅད་འཆི་མེད་ཚེའི་བདུད་རྩིར་གྱུར་པ་ཁོལ་ཞིང་ལུད་པས་བུམ་པའི་ཁ་ནས་མར་བྱུང༌། ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག ཚེ་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། འབྱུང་བ་བཞིའི་དྭངས་མ་སྟོབས་སུ་སྨིན་པས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་ཅིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། ཚེ་ཟན་དང༌། ཚེ་ཆང་དང༌། སྤྱི་བོའི་སྟེང་གི་ཚེ་དཔག་མེད་རྣམས་ལས་ཀྱང་རང་འདྲ་གཉིས་པ་རེ་འཆད་དེ་ཁྱེད་རང་ལྷར་གསལ་བ་ལ་ཐིམ་པ་དང་ལྷན་ཅིག་ཏུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མགོན་པོ་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། སྙིང་པོ་དང་གཟུངས་རིང་བཟླ་བཞིན་དུ་ཚེ་བུམ་སྤྱི་བོར་བཞག ཚེ་རིལ་དང་ཚེ་ཆང་སྦྱིན། མེ་ཏོག་འཐོར་ཞིང༌། ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །ཚེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་དང༌། སྤྲོ་ན་བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་བརྗོད། དེ་ལས་ཀྱང་བསྡུ་ན། གོང་གི་
བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས་པས་ཞེས་པའི་མཚམས། ཁྱེད་རང་གི་བླ་ཚེ་ཡར་བ། ཉམས་པ། གཞོམ་པ། གདོན་བགེགས་འབྱུང་པོས་ཁྱེར་བ་ཐམས་ཅད་དང༌། འབྱུང་བ་ཆེན་པོ་བཞིའི་རོ་བཅུད་དྭངས་མ། སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དབང་ཐང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐམས་ཅད་བསྡུས་ཏེ་སྤྱི་བོའི་སྟེང་གི་མགོན་པོ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པའི་ནང་དུ་བྱོན། དེ་ཐམས་ཅད་འཆི་མེད་ཚེའི་བདུད་རྩིར་གྱུར་པ་སོགས་མན་འདྲ། གོང་ལྟར་ཡང་ཚར་རྗེས་མའི་སྐབས། ཚེ་ཟན་དང༌། ཚེ་ཆང་དང༌། སྤྱི་བོའི་སྟེང་གི་ཚེ་དཔག་མེད་རྣམས་ཀྱང་འཆི་མེད་ཚེའི་དངོས་གྲུབ་ཀྱི་རྣམ་པར་འོད་དུ་ལྟེམ་གྱིས་ཞུ་ནས། ཁྱེད་རང་ལྷར་གསལ་བ་ལ་ཐིམ་སོགས་བརྗོད་པ་ཁྱད་པར་རོ། །དེ་ནས་མཐར་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བརྗོད་པའི་མཇུག་ཏུ་དམ་ཚིག་ཁས་བླང་སོགས་དབང་ཆོག་གི་དཀྱུས་བཞིན་ནོ། །ཞེས་པའང་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་སོགས་ཀྱིས་མཛད་པའི་ཚེ་དབང་བརྒྱ་རྩ་སྐུར་ཚུལ་གྱི་ཟིན་བྲིས་ལ་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ཀྱིས་བརྒྱན་ཏེ་རྩ་བའི་གཞུང་དང་མཐུན་པར་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་འགྲོ་ཀུན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་ལྡན་ས་སྐྱ་པའི་གསེར་ཆོས་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་དང་བཅས་པའི་སྐོར་རྣམས།
དཔལ་ལྡན་ས་སྐྱ་པའི་གསེར་ཆོས་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་ཚེ་དཔག་ཏུ་མེད་པའི་སྒོ་ནས་ཚེ་བསྒྲུབ་པར་འདོད་པའི་གང་ཟག་དེས། དང་པོ་སློབ་དཔོན་ལ་རྗེས་སུ་གནང་བ་ནོད་པར་བྱ་ཞིང༌། དེ་ནས་ལུང་བླངས་ནས་བསྒྲུབ་པར་བྱའོ། །དང་པོ་ནི། ར་བ་བཞི་གང་རུང་གི་ཚེས་གཅིག་གི་སྔ་དྲོ་མཎྜལ་དང༌། མཆོད་པ་འདུ་བྱས་ལ། སློབ་དཔོན་ལྷག་པའི་ལྷའི་རྣལ་འབྱོར་སྔོན་དུ་སོང་བས། བུམ་པར་ལྷ་བསྐྱེད་ནས་བཟླས་པས་བྱིན་གྱིས་བརླབས་ལ་ལྷའི་རང་བཞིན་གྱི་ཆུར་བལྟས་ནས་ཟས་ལ་ལོངས་སྤྱད། དེ་ནས་སློབ་མ་ཁྲུས་བྱས་ལ་ཡོན་དུ་མཎྜལ་ཕུལ་ནས་ཚིག་འདིས་གསོལ་བ་གདབ་སྟེ། བླ་མ་དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོས་བདག་གི་རྒྱུད་བྱིན་གྱིས་བརླབས་ཏེ་ཚེ་དང་ཡེ་ཤེས་ཀུན་ནས་རྒྱས་པར་མཛད་དུ་གསོལ། ཞེས་ལན་གསུམ། དེ་ནས་རྒྱུན་བཤགས་ཀྱང་ལན་གསུམ་བྱ། དེ་ནས་དངོས་གཞི་ནི། སློབ་མ་ཐ་མལ་དུ་གནས་པའི་དབུགས་འོད་ཟེར་གྱི་སྦུ་གུ་ཅན་སྣ་བུག་གཡོན་ནས་ཕྱིར་བུས་པ། སློབ་དཔོན་དང་ཡི་དམ་ཐ་མི་དད་པའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་པའི་ལྷུང་བཟེད་ཀྱི་བདུད་རྩི་དང་དཔྲལ་བར་ཕོག་པས་བདུད་རྩི་དང༌།
འོད་དཀར་པོ་སྤྱན་དྲངས་ནས། རླུང་ནང་དུ་རྔུབ་པས་དཔྲལ་བ་དང་སྣ་བུག་ནས་ཞུགས་པས་ལུས་ཁེངས། ལུས་ཀྱིས་སྲོག་བཅད་པའི་ཉེས་པ་དང༌། ནད་གདོན་སྡིག་སྒྲིབ་དག་ནས་འོད་དཔག་མེད་དཀར་པོར་བསམས་ལ། བུམ་ཆུས་བཀྲུ་ཞིང་གཏོར་བ་དང་འཐུངས་ལ་བྱིན་གྱིས་བརླབ་བོ། །དེ་ནས་སྔར་བཞིན་རླུང་བུས་པས། ལྷུང་བཟེད་ཀྱི་བདུད་རྩི་དང་སློབ་དཔོན་གྱི་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང༌། རླུང་རྔུབ་པས་མགྲིན་པ་དང་སྣ་བུག་ནས་ཞུགས། ལུས་ཁེངས་པས་ངག་གིས་སྲོག་བཅད་པའི་དྲི་མ་དག འོད་དཔག་མེད་དམར་པོར་བསམས་ལ་བུམ་ཆུས་བཀྲུ་བ་ལ་སོགས་བྱའོ། །ཡང་རླུང་ཕྱིར་བུས་པས་ཕྱག་གི་བདུད་རྩི་དང་སློན་དཔོན་གྱི་ཐུགས་ཀ་ནས་བདུད་རྩི་འོད་ཟེར་སྔོན་པོ་བྱུང༌། རླུང་རྔུབ་པས་སྙིང་ག་དང་སྣ་བུག་ནས་ཞུགས་ནས་ལུས་ཁེངས་པས་ཡིད་ཀྱིས་སྲོག་བཅད་པའི་ཉེས་པ་དག་ནས་འོད་དཔག་མེད་སྔོན་པོར་བསམས་ལ། བུམ་ཆུས་བཀྲུ་བ་ལ་སོགས་པ་བྱའོ། །ཡང་རླུང་བུས་པས་འོད་འཕྲོས། སློབ་དཔོན་གྱི་སྐུ་གསུང་ཐུགས་ཀྱི་ནུས་པ་དང་བདུད་རྩི་སྤྱན་དྲངས་པ་རྔུབ་པས་ལུས་ཐམས་ཅད་བདུད་རྩིས་ཁེངས་ནས་འོད་དཔག་མེད་དམར་པོར་བསམས་ལ། དེ་ནས་བུམ་པའི་ཆུས་བཀྲུ་བ་ལ་སོགས་པ་བྱའོ། །དེའི་རྗེས་ལ་ཤིས་པ་བརྗོད་ཅིང༌། མེ་ཏོག་གི་ཆར་དང་རོལ་མོའང་བྱ། བུམ་ཆུ་འཐོར་བའི་ཚེ། ཨོཾ་ན་མོ་བྷ་
ག་ཝ་ཏེ། ཨ་པ་རི་མི་ཏ། ལ་སོགས་པ་ལ། ཨ་བྷི་ཥེ་ཀ་ཏ། ལ་སོགས་པ་གདགས་པར་བྱའོ། །བཟླས་པའི་ལུང་བླང་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་མའི་སྙིང་ཀར་འཁོད་པར་བསམས་ལ། སྔགས་དང་གཟུངས་ལན་གསུམ་རྗེས་ཟློས་བྱས་ནས་སྤྱི་བོར་མེ་ཏོག་བཞག་ལ་བརྟན་པར་བྱའོ། །རྗེས་ལ་མཎྜལ་འབུལ་ལ་དམ་ཚིག་ཁས་བླང༌། བླ་མེད་ཀྱི་ལུགས་ལ་ཚོགས་ཀྱི་ཡོ་བྱད་ལོངས་སྤྱད། ཕྱི་«བྱ་སྤྱོད་རྣལ་འབྱོར་གསུམ། »མ་ལ་དཀར་གསུམ་ལ་སོགས་པ་བཟའ། ཡོན་ཕུལ་ལ་ལུང་སྦྱིན་ནས། དེའི་སང་ཐོ་རངས་ནས་བརྩམས་ཏེ། དུས་ངེས་པ་ཅན་ལ་ཉམས་སུ་བླངས་ན་ཚེའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནི་རྗེས་སུ་གནང་བའོ། །རྗེས་གནང་འདི་བླ་མ་ཆེན་པོའི་གསུང་བཞིན་སློབ་དཔོན་རིན་པོ་ཆེས་བྲིས་པའོ།། ༈ །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཚེ་དཔག་ཏུ་མེད་པ་བསྒྲུབ་པར་འདོད་པ་དེས། དུས་ཐོ་རངས་བྱའི་སྐད་མི་གྲག་པའི་དུས་སུ་བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་བས། རང་གི་སྙིང་གའི་ས་བོན་ཧྲཱིཿལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་སྦྱངས་པར་བསམ། དེ་ནས་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་ཚེ་དཔག་མེད་པདྨ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་མཉམ་ཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། སྤྲུལ་སྐུ་མཚན་དཔེས་སྤྲས་པར་སྐད་ཅིག་གིས་གསལ་བར་དམིགས་པ་ཡན་ལག་བདུན་པ་བྱ། གསོལ་བ་བཏབ་ནས། དབུགས་འོད་ཀྱི་སྦུ་གུ་ཅན་སྣ་བུག་གཡོན་ནས་ཕྱིར་སོང་ནས། དེ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དང་བརྟན་གཡོའི་བཅུད་བསྡུས། ལྷུང་བཟེད་ཀྱི་བདུད་རྩི་དྲངས་ནས་རང་གི་ལུས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་རླུང་རྔུབ་པ་གསུམ་མམ། བདུན་ནམ། ཉེར་གཅིག་གི་བར་བྱས་ལ། ཕྱི་མ་གང་ཡིན་པ་དེའི་ཚེ་བཅོམ་ལྡན་འདས་ཀྱང་རང་ལ་ཐིམ་པས། རང་འོད་དཔག་མེད་དུ་གྱུར་པར་བསམས་ལ། དེའི་སྙིང་གར་ཟླ་བ་ལ་གནས་པའི་ཧྲཱིཿལ་སྔགས་ཀྱིས་བསྐོར་བའི་འོད་ཀྱི་སྤྲོ་བསྡུ་
བྱས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ།«ཨོཾ་ཨ་ཅེས་པ་ཡར་བཅད། མཱ་ར་ཎི་ཅེས་མར་སྦྱར། ཨ་དགག་ཚིག་ཡིན་པས་མེད་པ་ཟེར། མཱ་ར་འཆི་བ་ལ་ཟེར། སྐབས་དོན་འཆི་བ་མེད་པའི་སྲོག་ཏུ་མཛོད་ཅེས་པའོ།།» ཞེས་བཟླའོ། །གྲངས་ཀྱི་ཚད་ནི་བརྒྱ་ཕྲག་རེའམ་ལྔ་བརྒྱའོ། །གཟུངས་ཀྱི་བཟླས་པ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན། སུ་བ་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ནི་ཅི་ནུས་སུ་བཟླའོ། །ཁྱད་པར་བ་ནི། མདུན་དུ་ལོངས་སྐུར་བསྒོམ། རང་ཡང་དེ་དང་འདྲ་བར་མོས་ནས་རྩ་གསུམ་གསལ་བཏབ་ལ། རླུང་ཕྱིར་འབུད་པའི་ཚེ། ལྟེ་བའི་མེ་རྐྱང་མ་དང༌། དེ་ནས་རོ་མ་དང༌། དེ་ནས་ཀུན་འདར་མ་ནས་རིམ་«དཀར་དམར་སྔོ་གསུམ། »གྱིས་ཕྱིར་བུས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་བཅོམ་ལྡན་འདས་ཀྱི་རྒྱུད་ལ་འགྲོ་འོང་བྱས་ནས་དེའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚེ་འཕེལ་བའི་བདུད་རྩི་དང༌། ཕྱག་གི་བུམ་པའི་བདུད་རྩི་«དཀར་དམར་སྔོ་གསུམ། »སྤྱན་དྲངས་ནས། རྐྱང་མ་དང༌། རོ་མ་དང༌། ཀུན་འདར་མ་ནས་རིམ་པས་རང་གི་ལུས་ལ་ཞུགས། ལུས་ཁེངས་ནས་ཟག་པ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། དམིགས་པ་རེ་རེ་ལ་རླུང་སྦྱོར་ལན་གསུམ་མམ། བདུན་ནམ་ཉེར་གཅིག་ལ་སོགས་པ་གང་འགྲུབ་བྱས་ལ། ཀུན་འདར་མའི་རེས་ཐ་མ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། མདུན་གྱི་བཅོམ་ལྡན་འདས་རང་གི་ལུས་ལ་ཞུགས་པས་མངོན་པར་འདོད་པའི་དོན་མ་ལུས་པ་གྲུབ་པར་མོས་ནས་རླུང་བཟུང་ངོ༌། །ཧྲཱིཿབཟླས་པའི་«ལྷག་པའི་ལྷ་ཡི་ཐུགས་ཀར་ནི། །རི་བོང་འཛིན་པ་དམར་པོའི་སྟེང༌། །ས་བོན་དམར་པོ་ཚེག་དྲག་ཅན། །དེ་ཡི་མཐའ་མར་གཡས་སྐོར་དུ། །སྙིང་པོས་བསྐོར་བ་དམིགས་པ་བཟླ། »ཁྱད་པར་དམིགས་པ་ནི་ངག་ལས་ཤེས་པར་བྱའོ། །སྔགས་ནི་གོང་དང་འདྲ་ལ་མིང་སྤེལ་བར་བྱའོ། །རྗེས་ལ་མཆོད་པ་ཕུལ་ནས་གསོལ་བ་གདབ་སྟེ། ལྷའི་ང་རྒྱལ་གྱིས་དེའི་ཚེ་རྒྱས་པར་བསམ་པ་བསྒྲུབ་བྱའི་མིང་སྤེལ་ལ་བཟླས་བར་བྱའོ། །གནས་
སྐབས་སུ་བུམ་པའི་ཆོ་ག་བྱེད་ན། བུམ་པ་བཅས་ལ། ཕྱི་ཆོག་ཏུ་བྱེད་ན་དེ་བཞིན་གཤེགས་པའི་སྤྱན་སྔར་གསོ་སྦྱོང་བླངས་ནས། རང་སྤྱན་རས་གཟིགས་སུ་མོས་ཏེ། བུམ་པར་ཚེ་དཔག་མེད་བསྐྱེད་ནས། དེའི་ཐུགས་རིན་པོ་ཆེའི་ཟ་མ་ཏོག་ཏུ་བསྒྲུབ་བྱ་བསམས་ལ། སྙིང་གའི་སྔགས་ཕྲེང་གཟུངས་ཐག་ལ་བརྟེན་ནས་སོང་བས་དེའི་སྐུའི་ཤངས་བུག་ནས་ཞུགས་ཏེ། བསྒྲུབ་བྱ་ལ་ཕོག་པས་དངོས་གྲུབ་གང་འདོད་འགྲུབ་པར་དམིགས་ལ་བཟླའོ། །ཡང་ན་བཅོམ་ལྡན་འདས་ལོངས་སྐུར་མོས་ནས་བཟླས་པ་ཅུང་ཟད་བྱས་ལ་བུམ་པར་ཡང་ལོངས་སྐུ་བསྐྱེད་པ་ལ་སོགས་པ་གོང་བཞིན་བྱའོ། །བཟླས་པ་གྲུབ་ནས་མཆོད་བསྟོད་བྱས་ལ་གསོལ་བ་གདབ། ལྷའི་ཆུར་བསམས་ལ་རང་གཞན་གྱི་ལུས་བཀྲུས་པས་ཀྱང་དོན་འགྲུབ་བོ། །དེའང་རང་དོན་ལ་ལྷའི་སྒོམ་བཟླས་གཙོ་ཆེ་ཞིང་སྔགས་ཀྱང་སྙིང་པོ་དང༌། གཞན་དོན་ལ་བུམ་པའི་ཆོ་ག་དང༌། སྔགས་ནི་གཟུངས་གཙོ་ཆེའོ། །འདིའི་མན་ངག་ཐུན་མོང་མ་ཡིན་པ་ནི་ཆེས་གསང་བར་བྱ་ཞིང༌། གཉིས་ཀ་དམ་ཚིག་དང་མི་ལྡན་པ་ལ་ནམ་ཡང་མི་སྦྱིན་ལ། སྣོད་ཡོངས་སུ་བརྟགས་པའི་སློབ་མ་དག་ལ་སྦྱིན་པར་བྱའོ། །སྒྲུབ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལེགས་པར་བསྟན་ཟིན་ཏོ། །ཚེ་སྒྲུབ་པ་འདི་བླ་མ་བ་རི་བའི་མན་ངག་དང༌། བླ་མ་མལ་ལས་ཁྱད་པར་དུ་བླ་མ་ཆེན་པོས་གསན་པ་བཞིན་དགེ་བསྙེན་བསོད་ནམས་རྩེ་མོས་ཕྱོགས་གཅིག་ཏུ་བྲིས་པའོ། །བླ་མ་དམ་པ་ས་སྐྱ་པའི་མན་ངག་ཐུན་མོང་མ་ཡིན་པ་ལགས་སོ། །ལུང་མང་པོས། བདག་གིས་སློབ་དཔོན་གྱི་ཡིག་ཆའི་སྟེང་ནས་ལེགས་པར་བྲིས་ཤིང༌། སློབ་དཔོན་གྱིས་ཆོས་རྗེ་ལོ་ཙཱ་བའི་ཕྱག་དཔེ་ལས་ངོས་བཤུས་གསུངས། བརྒྱུད་པ་ནི། སངས་རྒྱས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆུང་བ། བླ་མ་བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། དེ་ལ་རྗེ་བཙུན་པ་དང་སྒོམ་པ་རྒྱ། རྗེ་བཙུན་ལ་ཆོས་རྗེ་པ། སྒོམ་པ་རྒྱ་དང༌། ཆོས་རྗེས་གཉིས་ཀ་ལ་སློབ་དཔོན་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་མཁན་པོ། བདག་གོ །བླ་མ་མལ་ལའང༌། བླ་མ་ས་ཆེན་པས་གསན་འདུག རྒྱལ་ཚ་ལུང་
མང་པོའི་ཕྱག་ཡིག་སྟེང་ནས་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་བྲིས་ཤིང་སྤེལ་བར་བྱ་བའི་ཆོས་སོ།། ༈ །ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཟབ་མོ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། མགོན་པོ་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་ཐབས། བསོད་ནམས་གསེར་གྱི་ས་གཞི་རབ་བརྟན་ཅིང༌། །ཡེ་ཤེས་རྒྱ་མཚོ་གཏིང་མཐའ་མེད་པ་ཅན། །ཡོན་ཏན་རིན་ཆེན་དུ་མས་ཡོངས་གཏམས་པ། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྣལ་འབྱོར་ལ་བརྟེན་ནས། རང་དང་གཞན་གྱི་ཚེ་སྲིང་བར་འདོད་པའི་གང་ཟག་གིས། ཚུལ་གཉིས་ཀྱིས་རྟོགས་པར་བྱ་སྟེ། ལྷའི་རྣལ་འབྱོར་འབའ་ཞིག་ལ་བརྟེན་པ་དང༌། བུམ་པའི་ཆོ་ག་ལ་བརྟེན་པའོ། །དང་པོ་ནི་བླ་མ་དམ་པ་ལས་ལུང་དང་གནང་བ་རྗེས་སུ་ཐོབ་པའི་གང་ཟག་གིས་ར་བ་བཞི་གང་ཡང་རུང་པའི་ཚེས་གཅིག་ནས་འཇུག་པར་བྱ་སྟེ། ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་མལ་ནས་ལངས་ལ་ཁ་དང་གདོང་དག་པར་བཀྲུས་ནས། བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞིང༌། བདེ་བ་མཆོག་ལ་དགོད་པའི་ཕྱིར། རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ་མོ། །དེ་ནས་རང་གི་སྙིང་གི་ནང་དུ་པདྨ་དང་ཟླ་བའི་དབུས་ན་གནས་པའི་ཡི་གེ་ཧྲཱིཿབསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱིས་རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ནས། བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་བྱས་ནས། དེ་བཞིན་གཤེགས་པའི་ངོ་བོར་གྱུར་ཏེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཉིད་ཀྱང་རིན་པོ་ཆེ་ལས་གྲུབ་པའི་བདེ་བར་གཤེགས་པའི་ཞིང་ཁམས་སུ་བསམ་མོ། །དེ་ནས་རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་པདྨ་རཱ་ག་
ལྟར་དམར་ཞིང༌། ཉི་མའི་དཀྱིལ་འཁོར་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་ལྷུང་བཟེད་འཛིན་པ། མཚན་དང་དཔེ་བྱད་ཀྱི་རྒྱན་གྱིས་སྤྲས་པ། སྤྲུལ་པའི་སྐུའི་ཆ་ལུགས་ཅན་དུ་སྐད་ཅིག་གིས་བསམ་པར་བྱའོ། །བླ་མ་བརྒྱུད་པར་བཅས་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བར་དམིགས་ལ། ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཅན་གྱིས་འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་གི་རྒྱུད་བྱིན་གྱིས་བརླབ་ཅིང་ཚེ་དང་ཡེ་ཤེས་ཀུན་ནས་རྒྱས་པར་མཛད་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་མགོན་པོ་དེའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་རབ་ཏུ་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དང་བརྟན་པ་དང་གཡོ་བའི་བཅུད་ཐམས་ཅད་བསྡུས་ཏེ་ལྷུང་བཟེད་ཀྱི་བདུད་རྩི་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་དབུགས་འོད་ཟེར་གྱི་སྦུ་གུའི་རྣམ་པ་ཅན་དུ་སྣའི་བུ་ག་ནས་ཕྱིར་བྱུང་ནས། བདུད་རྩི་ལ་རེག་ཅིང་ནང་དུ་འཇུག་པའི་ཚེ་བདུད་རྩིའི་རྒྱུན་དྲངས་ནས། རང་གི་ལུས་ལ་ཐིམ་པའི་ཚུལ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བྱས་ནས། ཐ་མའི་རེས་ལ་འཁོར་གྱི་དཀྱིལ་འཁོར་ཀྱང་མགོན་པོ་ཉིད་ལ་ཐིམ་ཞིང༌། དེ་ཉིད་ཀྱང་རང་གི་ལུས་ལ་ཞུགས་པས་ཐ་མལ་པའི་ལུས་ངག་ཡིད་གསུམ་གནས་གྱུར་ནས་དེ་བཞིན་གཤེགས་པའི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་དེ་ལ་དམིགས་ནས་བཟླས་པ་བྱ་སྟེ། སྔགས་ཀྱི་ཚིག་ནི། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བྱ་བའོ། །གྲངས་ནི་ལྔ་བརྒྱ་ཕྲག་རེ་རེའོ། །དེ་ཉིད་དང་རྗེས་སུ་འབྲེལ་པར་གཟུངས་འདི་ཡང་བཟླ་བར་བྱ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན། སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་
ཏེ་སཾམྱ་ཀྶཾ་བུདྡྷཱ་ཡ། ཏདྱཐཱ། ཨོཾ་སརྦ་སཾསྐཱ་ར། པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ། སྭ་བྷཱ་ཝ་བི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་བྱ་བ་གྲངས་ཀྱི་ངེས་པ་མེད་པར་བཟླ་བར་བྱའོ། །གལ་ཏེ་གཞན་གྱི་དོན་ཡིན་ན། རང་གི་སྙིང་གར་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་ཟ་མ་ཏོག་གི་ནང་དུ་བསྒྲུབ་བྱ་དམིགས་ལ་རང་གི་ཡེ་ཤེས་ཀྱི་བདུད་རྩིའི་ཚོགས་རྣམས་བསྒྲུབ་བྱའི་ལུས་ལ་ཐིམ་པར་བསམ་ཞིང་སྔགས་བཟླ་བར་བྱའོ། །སྤྱི་དོན་གཉིས་པ་བུམ་པའི་ཆོ་ག་ནི་བུམ་པ་ཚུལ་བཞིན་དུ་བཤམས་ལ་ཆུ་གཙང་མ་བཅུད་དང་ལྡན་པས་ཡོངས་སུ་བཀང་ནས་རྡོ་རྗེ་ལ་གཟུངས་ཐག་བཏགས་ནས་སྟེང་དུ་བཞག་སྟེ། ཉེ་འཁོར་རྣམས་མཆོད་རྫས་ཀྱིས་གང་བར་བྱའོ། །དེ་ནས་མདུན་དུ་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་པའི་སྤྱན་སྔར་གསོ་སྦྱོང་བླངས་ལ་རང་ཉིད་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སུ་སྐད་ཅིག་གིས་བསམས་ནས། བུམ་པ་དང་མཆོད་རྫས་རྣམས་ཨ་མྲྀ་ཏའི་སྔགས་ཀྱིས་བསང་ཞིང༌། སྭ་བྷཱ་ཝས་སྦྱངས་ནས་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཚུལ་བཞིན་དུ་བསྐྱེད་ནས། མཆོད་རྫས་རྣམས་ཀྱང་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་འབའ་ཞིག་ཏུ་བསམ་མོ། །བུམ་པའི་ནང་དུའང་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿའི་ཡི་གེ་ལས་ཚེ་དཔག་ཏུ་མེད་པ་སྔར་བསྟན་པ་ལྟར་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་བསྒོམ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་གཞུག་པར་བྱའོ། །དེའི་ཐུགས་ཀར་རིན་པོ་ཆེའི་ཟ་མ་ཏོག་བསྒྲུབ་བྱ་དང་བཅས་པ་དམིགས་ལ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། སྔར་བཞིན་གསོལ་བ་གདབ་པར་བྱས་ལ། བདག་གི་གནས་སུ་བསྒྲུབ་བྱའི་མིང་གཞུག་པར་བྱའོ། །དེ་ནས་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་ཞོན་ཏེ། བུམ་པའི་ནང་གི་བཅོམ་ལྡན་འདས་ཀྱི་སྐུ་ལ་ཕོག་པས་དེའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་རྩི་དང་བརྟན་གཡོའི་བཅུད་རྣམས་བསྡུས་ནས། བཅོམ་ལྡན་འདས་ཀྱི་ཤངས་བུག་ནས་ཞུགས་ནས་བསྒྲུབ་བྱའི་ལུས་ལ་ཐིམ་ཞིང༌། ལྷག་མས་བུམ་པ་ཉིད་ཀྱང་ཡོངས་སུ་གང་བར་བསམས་ལ་བཟླས་པ་བྱའོ། །མཐར་མཆོད་པ་ལྔས་ཡང་དག་པར་མཆོད་ནས་བཟོད་པར་གསོལ་ནས་རང་ཉིད་ཇི་ལྟར་བདེ་བར་གནས་པར་བྱའོ། །
ཡོངས་སུ་རྫོགས་པའི་ཚེ་ཡེ་ཤེས་པ་ལ་བཟོད་པར་གསོལ་ཞིང༌། གཤེགས་སུ་གསོལ་ནས་དམ་ཚིག་པ་བསྒྲུབ་བྱའི་ལུས་ལ་ཐིམ་པར་བསམ་མོ། །བུམ་པའི་ཆུས་བདག་དང་བསྒྲུབ་བྱའི་ལུས་བཀྲུ་བར་བྱའོ། །བུམ་པ་ལ་བརྟེན་པའི་ཆོ་གའོ། །ཚུལ་འདི་ཡང་བདག་གི་དོན་ལ་ལྷའི་རྣལ་འབྱོར་འབའ་ཞིག་གཙོ་ཆེ་ཞིང༌། སྔགས་ཀྱང་སྙིང་པོ་གཙོ་ཆེའོ། །གཞན་གྱི་དོན་ལ་བུམ་པའི་ཆོ་ག་གཙོ་ཆེ་ཞིང༌། སྔགས་ཀྱང་གཟུངས་གཙོ་ཆེའོ། །ཞེས་གསུང་ངོ༌། །རྣལ་འབྱོར་པས་རྟག་ཏུ་ཉམས་སུ་བླངས་ན། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་འགྱུར་ཞིང༌། མཐར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །བླ་མའི་ཞལ་ལས་ལེགས་པར་རྟོགས་པ་འདི། །བྱང་ཆུབ་སྙན་པར་གྲགས་པས་བསྐུལ་གྱུར་ནས། །དཔལ་ལྡན་འཕགས་པས་གཞན་གྱི་དོན་དུ་སྦྱར། །དགེ་བས་འགྲོ་ཀུན་ཚེ་དཔག་མེད་གྱུར་ཅིག །ཚུལ་འདི་ནི་སློབ་མའི་དམ་པ་གཅིག་གམ་གཉིས་ལ་སྦྱིན་ཞིང་མང་དུ་སྤེལ་བར་མི་བྱ་ཞིང་འབྱུང་ཁུངས་སྦ་བར་མི་བྱ་སྟེ། བླ་མ་དང་ཉེ་བར་གདམས་པ་ལ་བརྙས་པར་འགྱུར་རོ། །ཆུ་མོ་གླང་གི་ལོ་དགུན་ཟླ་ར་བའི་ཡར་གྱི་ངོ་ལ་སྨར་ཁམས་ཙམ་མདོའི་གཙུག་ལག་ཁང་དུ་ཡི་གེར་བཀོད་པའོ།། ༈ །ཚེ་དཔག་མེད་ཀྱི་བསྟོད་པ་པདྨོའི་ཕྲེང་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་པདྨ་རཱ་གའི་མདངས་ལྡན་ཞིང༌། །མཚན་མཆོག་སུམ་ཅུ་གཉིས་དང་དཔེ་བྱད་བཟང༌། །བརྒྱད་ཅུས་ལེགས་སྤྲས་བདུད་རྩིས་ཡོངས་གང་བའི། །ལྷུང་བཟེད་མཉམ་གཞག་གིས་བསྣམས་ཕྱག་འཚལ་ལོ། །ཐེག་མཆོག་སྟོན་པ་ཡན་ལག་དྲུག་ཅུའི་དབྱངས། །སེང་གེའི་སྒྲ་ཡིས་བདུད་དང་གཤིན་རྗེའི་དཔལ། །ཀུན་ཏུ་འཇོམས་བྱེད་གདུལ་བྱའི་ཚོགས་སྐྱོང་བ། །ཚེ་དཔག་མེད་མགོན་གསུང་ལ་ཕྱག་འཚལ་ལོ། །རྣམ་པར་མི་རྟོག་མཁྱེན་པས་ཤེས་བྱར་ཁྱབ། །བྱམས་དང་ཐུགས་རྗེས་འགྲོ་ཀུན་རྗེས་འཛིན་ཅིང༌། །དབྱིངས་དང་ཡེ་ཤེས་
ཀུན་ཏུ་རོ་གཅིག་པ། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྒྱ་མཚོ་གཏིང་མཐའ་རབ་ཡངས་པ། །མི་འགགས་འགྱུར་མེད་ཚེ་ཡི་ལྷུན་པོས་བརྒྱན། །ཡོན་ཏན་རིན་ཆེན་སྣ་ཚོགས་གཏེར་འཛིན་པ། །དཔག་ཡས་འབྱུང་བའི་རྟེན་ལ་ཕྱག་འཚལ་ལོ། །རང་བཞིན་ཆོས་སྐུའི་མཁའ་ལས་མ་གཡོས་ཀྱང༌། །སྣ་ཚོགས་ཕྲིན་ལས་འོད་ཟེར་རབ་བཀྱེ་བ། །མ་རིག་མུན་སེལ་ཚེ་དང་ཡེ་ཤེས་ཀྱི། །སྣང་བ་སྐྱེད་པར་མཛད་ལ་ཕྱག་འཚལ་ལོ། །ནོར་བུ་དཔག་བསམ་ཤིང་དང་བུམ་བཟང་དང༌། །དྲང་སྲོང་གིས་སྦྱར་རིག་སྔགས་མཐུ་ཡིས་ཀྱང༌། །འདི་ལྟར་འགྲོ་བའི་དཔལ་འབྱོར་རྒྱས་བྱེད་ཅིང༌། །སྐྱེ་དགུའི་འདོད་དོན་གང་ལགས་སྒྲུབ་བགྱིད་ན། །སྐྱབས་མཆོག་ཁྱོད་ནི་མགོན་དུ་ལེགས་བགྱིས་ནས། །གསང་སྔགས་རྒྱལ་པོ་རྟག་ཏུ་བརྗོད་བགྱིད་ཅིང༌། །རྩེ་གཅིག་ཡིད་ཀྱིས་གུས་པས་གསོལ་བཏབ་ཀྱང༌། །འདི་ལྟར་སྐལ་དམན་གྱུར་པ་ཅི་ཞིག་ཀྱེ། །དེ་ལྟར་དགོངས་ནས་མ་ལུས་མཁྱེན་པའི་ཐུགས། །ཐུགས་རྗེའི་དབང་གིས་བདག་ལ་དགོངས་ནས་ཀྱང༌། །ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །གཤིན་རྗེའི་གནོད་པ་རབ་ཏུ་བཟློག་ཏུ་གསོལ། །གཞན་ཡང་ནད་དང་ཉེ་བར་འཚེ་བ་དང༌། །ཀུན་རྟོག་ཀུན་ནས་ཉོན་མོངས་ལ་སོགས་པ། །འཇིག་རྟེན་འཇིག་རྟེན་འདས་པའི་རྒུད་པའི་རྐྱེན། །དེ་ཀུན་དྲུངས་ནས་དབྱུང་བར་མཛད་དུ་གསོལ། །འཆི་མེད་ཚེ་ཡི་དཔལ་དང་ལོངས་སྤྱོད་དང༌། །རིག་པའི་བློ་དང་རྣམ་གྲོལ་ཤེས་རབ་སོགས། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །བདག་ལ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །དེ་ལྟར་གསོལ་བས་ཐུགས་རྗེའི་འོད་ཟེར་གྱིས། །བདག་ཡིད་ཀུན་ནས་དང་བའི་དད་མཚོ་ལ། །རེ་བའི་འབྲས་བུས་ཡོངས་གང་ཡོན་ཏན་གྱི། །སྙིང་པོ་ཡོངས་རྫོགས་པདྨོ་རྒྱས་གྱུར་ཅིག །མངོན་པར་བསྟོད་ཅིང་རབ་ཏུ་གསོལ་བའི་ཚིག །པདྨོའི་ཕྲེང་བ་རྣམ་པར་སྤེལ་བ་འདིས། །ཚེ་དཔག་མེད་མགོན་ཐོབ་ཕྱིར་ཇིམ་གྱིམ་གྱིས། །རབ་ཏུ་བསྐུལ་ནས་འཕགས་པས་སྦྱར་བ་ཡིན། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་
བསྟོད་པའི་ཚིག་པདྨོའི་ཕྲེང་བ་ཞེས་བྱ་བ་འདི་ནི། ལུང་དང་རིག་པའི་དེ་ཁོ་ན་ཉིད་སྨྲ་བ། འཕགས་པ་ཞེས་བྱ་བས་ས་ཕོ་སྟག་གི་ལོ་དབྱུ་གུའི་ཟླ་བའི་ཚེས་བརྒྱད་ལ་སྦྱར་བའོ།། ༈ །དཔལ་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་བྱ་ཚུལ་བསམ་འཕེལ་ནོར་བུ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། འདྲེན་པ་གང་གི་མཚན་ཙམ་དྲན་པས་ཀྱང༌། །དུས་མིན་འཆི་བའི་འཇིགས་པ་ཀུན་སེལ་ཞིང༌། །ཚེ་དང་ཡེ་ཤེས་དཔག་མེད་སྩོལ་མཛད་པར། །གུས་པས་བཏུད་ནས་དེ་ཡི་རྗེས་གནང་བྲི། །འདིར་དཔལ་ལྡན་ས་སྐྱ་པའི་གསེར་ཆོས་མཆོག་ཏུ་གྱུར་པ་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི་རབ་ར་བ་བཞི་གང་ཡང་རུང་བའི་ཚེས་གཅིག་གི་སྔ་དྲོའམ། དུས་གཞན་དུའང་རུང་སྟེ། གནས་ཡིད་དུ་འོང་བར་སྟེགས་ཇི་ལྟར་རིགས་པར་སྟན་ཁེབས་སོགས་ཀྱིས་བཀབ་པའི་སྟེང་དུ་མཎྜལ་ལ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་མཛེས་ཚོན་དབུས་སུ་ཟླ་གདན་གྱི་སྟེང་དུ་ཚོམ་བུ་དམར་པོ་བཀོད་པའམ། མ་འབྱོར་ན་འབྲས་ཚོམ་གྱིས་ཀྱང་རུང་བས་བཞག དེའི་སྟེང་དུ་བུམ་པ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་དང༌། དེའི་གཡོན་དུ་དཀར་གཏོར་ཟླུམ་པོ་རྒྱན་དང་ལྡན་པ། དེ་དག་གི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཀོད་མཛེས་སུ་བཤམ། རང་གི་མདུན་དུ་རྡོར་དྲིལ་མེ་ཏོག་གི་སྣོད། སློབ་མ་ལ་བཀྱེ་བསྡུའི་མེ་ཏོག་མཎྜལ་བུམ་ཆུ་བཅས་འདུ་བྱ། གཉིས་པ་དངོས་གཞི་ནི། སྟན་བདེ་བ་ལ་འཁོད་དེ་ཐོག་མར་མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་
ཨརྒྷཾ་ཨཱཿཧཱུྃ། ནས་དེ་བཞིན་དུ། ཤབྡ་ཨཱཿཧཱུྃ། བར། དྲིལ་བུ་དཀྲོལ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏཱ། ནཱ་ད་སཾ་བྷ་ཝ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟོཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿ ཨ་ཁཾ་སྭཱ་ཧཱ། ཞེས་བྱིན་དབབ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ལན་བདུན་སོགས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དཔག་ཏུ་མེད་པར་སྒོམ་པར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཨ་པ་རི་མི་ཏ་ས་པ་རི་ཝཱ་རེ་བྷྱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང༌། སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་དུ་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། ཨོཾ་ཨཱརྻ་ཨ་པ་རི་མི་ཏ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་འོད་དཔག་མེད། །ཚེ་དང་ཡེ་
ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བརྗོད། རང་གི་དབུགས་འོད་སྦུ་གུ་ཅན་སྣ་བུག་གཡོན་ནས་དྲངས། ཕྱིར་སོང་ནས་མདུན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དང་བརྟན་གཡོའི་ཚེ་བཅུད་བསྡུས་ནས་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པ། འོད་ཀྱི་སྦུ་གུས་དྲངས་ནས་རང་གི་ལུས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ནས་རླུང་རྔུབ་པ་གསུམ་བདུན་སོགས་བྱས་པའི་མཐར། མདུན་གྱི་བཅོམ་ལྡན་འདས་རང་ལ་ཐིམ་པས་སྐད་ཅིག་གིས་པད་ཟླའི་གདན་ལ་ཚེ་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་དུ་གྱུར། ཅེས་བརྗོད། དེའི་ཐུགས་ཀར་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚེའི་རིག་འཛིན་བརྙེས་པ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྡུས་ནས་རང་གི་སྙིང་གའི་ཧྲཱིཿལ་ཐིམ་པར་བསམས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་ཕྲག་གམ་ལྔ་བརྒྱ་བཟླ། གཟུངས་རིང་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། དེ་ནས། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་མདུན་བསྐྱེད་ནི། བུམ་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། སྤྲུལ་སྐུའི་ཆ་ལུགས་མཚན་དང་དཔེ་བྱད་
ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་སྟོད་དུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོས་མཚན་པ། ཨོཾ་ཨཱརྻ་ཨ་པ་རི་མི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཞེས་སོགས་ཀྱི་གོང་ལྟར་བསྟོད། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿའི་མཐའ་མར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཆི་མེད་ཚེའི་རིག་འཛིན་བརྙེས་པའི་ལྷ་ཚོགས་རྣམས་ཀྱི་ཚེ་འཛིན་ཅིང་གནས་པའི་ནུས་མཐུ་ཐམས་ཅད་བསྡུས་ཕྱག་གི་ལྷུང་བཟེད་གང་ཞིང་ལུད་པས་བུམ་པའི་ནང་ཁེངས་པར་གྱུར་པར་བསམས་ལ། སྔགས་ཐུང་བརྒྱ་རྩ་དང༌། གཟུངས་རིང་ཅི་ནུས་བཟླས་པའི་མཐར་གོང་ལྟར་མཆོད་བསྟོད་བྱ། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་པ་རི་མི་ཏ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་མཆོད་དོ། །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད། ཅེས་སོགས་གོང་ལྟར་གསོལ་བ་བཏབ། བཅོམ་ལྡན་འདས་འོད་དུ་ཞུ་བས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་པ་རྣམས་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་རྣམས་བོས། ཁྲུས་དང་ཕྱག་བྱས་མདུན་དུ་འཁོད་པ་ལ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་ཞེས་སོགས་སེམས་བསྐྱེད་རྒྱས་བསྡུས་འཚམས་པར་བྱས་ལ། འདིར་སྐབས་སུ་བབ་པ་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་དུ་གྱུར་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྤྲུལ་སྐུའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སྔོན་དུ་འགྲོ་བ་སློབ་དཔོན་གྱིས་བགྱི་བར་འོས་པ་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་ལ་བྱ་བའི་རིམ་པ་ལ། སློབ་དཔོན་དང་མགོན་པོ་ཚེ་དཔག་མེད་ཐ་མི་དད་པ་ལ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པ་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་
རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུན་བཤགས་བྱ་དགོས་པས། མདུན་དུ་མགོན་པོ་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་ཡན་ལག་བདུན་པ་བགྱིད་སྙམ་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོས་བདག་གི་རྒྱུད་བྱིན་གྱིས་བརླབས་ཏེ་ཚེ་དང་ཡེ་ཤེས་ཀུན་ནས་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་ནས། དངོས་གཞི་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་མཛད་པར་ཞུ། ཁྱེད་རང་རྣམས་ཐ་མལ་དུ་གནས་པ་དེའི་དབུགས་འོད་ཟེར་གྱི་སྦུ་གུ་ཅན་སྣ་བུག་གཡོན་ནས་ཕྱིར་བུས་པས། སློབ་དཔོན་དང་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཐ་མི་དད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བའི་དཔྲལ་བར་ཨོཾ་དང་ལྷུང་བཟེད་ཀྱི་བདུད་རྩི་དང་འོད་དཀར་པོ་དཔག་ཏུ་མེད་པ་ནར་གྱིས་དྲངས། རླུང་ནང་དུ་རྔུབ་པས། དཔྲལ་བ་དང་སྣ་བུག་ནས་བཞུགས་ལུས་ཀྱི་ནང་ཐམས་ཅད་ཁེངས་པས། ལུས་ཀྱི་སྒོ་ནས་སྲོག་བཅད་ནས་ཚེ་ཐུང་བར་གྱུར་པའི་ཉེས་པ་དང༌། ནད་གདོན་སྡིག་སྒྲིབ་དག་ནས་ཁྱེད་རང་རྣམས་ཚེ་དཔག་མེད་དཀར་པོ་སྤྲུལ་སྐུའི་ཆ་ལུགས་ཅན་དུ་གྱུར་པའི་མོས་པ་མཛོད། དེ་བརྟན་པའི་ཕྱིར་དུ་སློབ་དཔོན་གྱིས་བུམ་པའི་ཆུས་དབང་བསྐུར་ཞིང༌། སྔགས་རིང་ཐུང་བརྗོད་ཅིང་གཏོར་བ་དང་བླུད་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། བུམ་པ་མགོ་བོར་བཞག་བུམ་ཆུས་བླུད་ཅིང་གཏོར་བར་བྱ། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་
ཀྱིས་སྔར་བཞིན་རླུང་འོད་ཟེར་གྱི་སྦུ་གུ་ཅན་སྣ་བུག་གཡོན་ནས་བུས་པས་མདུན་གྱི་སློབ་དཔོན་དང་ཚེ་དཔག་མེད་ཐ་མི་དད་པའི་མགྲིན་པའི་ཨཱཿདང་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་ཕོག་པས་བདུད་རྩི་དང་འོད་དམར་པོ་དཔག་ཏུ་མེད་པ་ནར་གྱིས་དྲངས། རླུང་ནང་དུ་རྔུབ་པས་མགྲིན་པ་དང་སྣ་བུག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁེངས་པས་ངག་གི་སྒོ་ནས་སྲོག་བཅད་པས་ཚེ་ཐུང་བར་གྱུར་པའི་ཉེས་པ་དང༌། ནད་གདོན་སྡིག་སྒྲིབ་དག་ནས་ཁྱེད་རང་རྣམས་ཚེ་དཔག་མེད་དམར་པོ་སྤྲུལ་སྐུའི་རྣམ་པ་ཅན་དུ་གྱུར་པའི་མོས་པ་མཛོད། དེ་བརྟན་པའི་ཕྱིར་དུ་ཆུ་བླུད་དབང་བསྐུར་སྔར་བཞིན། སླར་ཡང་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱིས་སྔར་བཞིན་རླུང་འོད་ཟེར་གྱི་སྦུ་གུ་ཅན་སྣ་བུག་གཡོན་ནས་བུས་པས། མདུན་གྱི་སློབ་དཔོན་དང་ཚེ་དཔག་མེད་ཐ་མི་དད་པའི་ཐུགས་ཀའི་ཧཱུྃ་དང་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་ཕོག་པས་བདུད་རྩི་དང་འོད་སྔོན་པོ་དཔག་ཏུ་མེད་པ་ནར་གྱིས་དྲངས། རླུང་ནང་དུ་རྔུབ་པས་སྙིང་ག་དང་སྣ་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁེངས་པས་ཡིད་ཀྱི་སྒོ་ནས་སྲོག་བཅད་པས་ཚེ་ཐུང་བར་གྱུར་པའི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་ཁྱེད་རང་རྣམས་ཚེ་དཔག་མེད་སྔོན་པོ་སྤྲུལ་སྐུའི་རྣམ་པ་ཅན་དུ་གྱུར་པའི་མོས་པ་མཛོད། དེ་བརྟན་པའི་ཕྱིར་དུ་བུམ་པའི་ཆུས་དབང་བསྐུར་བ་སོགས་སྔར་ལྟར་བྱ། སླར་ཡང་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱིས་སྔར་བཞིན་རླུང་འོད་ཟེར་གྱི་སྦུ་གུ་ཅན་སྣ་བུག་གཡོན་ནས་བུས་པས། མདུན་གྱི་སློབ་དཔོན་ཚེ་དཔག་མེད་གསལ་བའི་གནས་གསུམ་གྱི་ཡི་གེ་དང་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་ཕོག་པས། བདུད་རྩི་དང་སྐུ་གསུང་ཐུགས་ཀྱི་ནུས་པ་འོད་ཟེར་དཀར་དམར་སྔོ་གསུམ་དཔག་ཏུ་མེད་པ་སྤྱན་དྲངས་ནས་རླུང་ནང་དུ་རྔུབ་པས། གནས་གསུམ་དང་སྣ་བུག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁེངས་པས། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་ནས་ཚེ་དཔག་མེད་དམར་པོ་སྤྲུལ་སྐུའི་རྣམ་པ་ཅན་དུ་གྱུར་པའི་མོས་པ་མཛོད། དེ་བརྟན་པའི་ཕྱིར་དུ་བུམ་
པའི་ཆུས་དབང་བསྐུར་བ་སོགས་སྔར་ལྟར་བྱ་ཞིང༌། དེའི་རྗེས་སུ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གཏོར་ཏེ་རོལ་མོ་བྱ། དེས་བྱིན་རླབས་དངོས་གཞི་གྲུབ་ནས། བཟླས་པའི་ལུང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ནས་སྔགས་འདི་གཉིས་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། ཞེས་སྔགས་རིང་ཐུང་གཉིས་ཀྱི་རྗེས་ཟློས་བྱ། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་ནས། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱིན་གྱིས་བརླབས་ནས་སྤྱི་བོར་བཞག་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། གཙོ་བོས་སོགས། མཎྜལ་དེང་ནས་སོགས་སྤྱི་དང་འདྲ། སྐབས་འདིར་སློབ་དཔོན་རིན་པོ་ཆེས་མཛད་པའི་ཡི་གེའི་ལུང་བྱ། དེས་ཤིན་ཏུ་ཟབ་པའི་གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་སུ་གནང་བ་ལུང་དང་བཅས་པ་ལེགས་པར་ཐོབ་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས་སོགས། དགེ་བ་བསྔོས་སློབ་མ་བཏང༌། གསུམ་པ་རྗེས་ཀྱི་མཆོད་པ་ཁ་གསོས་ལ། བསང་སྦྱང་བྱིན་གྱིས་བརླབ། མཚན་སྔགས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད་པ་བསྟོད་པ་གོང་ལྟར་བྱ། ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བུམ་ནང་གི་ཡེ་ཤེས་པ་བཛྲ་མུཿས་གཤེགས་སུ་གསོལ། བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱའོ། །ཟབ་ལས་ཆེས་ཟབ་ཚེ་སྒྲུབ་ཀུན་གྱི་བཅུད། །དཀོན་ལས་ཆེས་དཀོན་ཚེ་དཔག་སྤྲུལ་སྐུ་ཡི། །རྗེས་གནང་བྱ་ཚུལ་གོང་མའི་གསུང་བཞིན་དུ། །ལེགས་པར་སྦྱར་འདིས་འགྲོ་ཀུན་འཆི་མེད་
ཤོག །ཅེས་ཤིན་ཏུ་ཟབ་ཅིང་དཀོན་པ་གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་བྱ་ཚུལ་བསམ་འཕེལ་ནོར་བུ་ཞེས་བྱ་བ་འདི་ཡང་ཆོས་ཚུལ་འདི་ཡི་རྒྱུན་ཉག་ཕྲ་བར་བརྟེན། ནན་ཏན་ཆེན་པོས་ལུང་དང་རྗེས་གནང་སྨྲ་དབང་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་དུ་ལེགས་པར་ཞུས་ཤིང༌། ཡི་གེ་ཧ་ཅང་གསལ་བ་མི་འདུག་པས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་ཞབས་ཀྱི་ཡི་གེའི་དགོངས་དོན་འཁྲུལ་མེད་ཤཱཀྱའི་བཙུན་པ་ཀུན་དགའ་ལྷུན་གྲུབ་ཀྱིས་བགྲང་གཞི་བཅུ་ཕྲག་དྲུག་དང་ཉག་མ་བརྒྱད་དུ་སླེབས་པ་འཕར་བ་ཞེས་ལྕགས་མོ་གླང་གི་ལོ་ཐ་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་དཔལ་ལྡན་རྨོར་གྱི་རང་གི་བསམ་གཏན་ཁང་བུར་སྦྱར་བའི། ཡི་གེ་པ་ནི་ཤིང་མང་པ་བཀའ་བཅུ་ཀུན་བསམ་གྱིས་བགྱིས། འདིས་ཀྱང་འདིའི་བཀའ་མི་ནུབ་ཅིང་འཕེལ་བའི་རྒྱུར་གྱུར་ཅིག སྨྲས་པ། བདག་ནི་སྔོན་གྱི་ལས་འཕྲོ་སད་པའི་མཐུས། །ས་སྐྱའི་རྗེ་བཙུན་མཆོག་གི་བཞེད་གཞུང་རྣམས། །ཅུང་ཟད་ཐོས་ཤིང་ཁོང་དུ་ཆུད་འདིས་ཀྱང༌། །གཞན་ལ་འགྲམ་ཆུ་མི་ལྡང་གདིང་ཞིག་བདོག །དགེའོ། །བཀྲ་ཤིས་པར་གྱུར་ཅིག། །།
རྒྱལ་དབང་སྟག་ལུང་པ་ཆེན་པོའི་ཟབ་ཆོས་ལས་འབྱུང་བའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྤྲུལ་སྐུའི་དབང་ཆོག་གསར་བུ་དགའ་སྐྱེད།
རྒྱལ་དབང་སྟག་ལུང་པ་ཆེན་པོའི་ཟབ་ཆོས་ལས་འབྱུང་བའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྤྲུལ་སྐུའི་དབང་ཆོག་གསར་བུ་དགའ་སྐྱེད་ཅེས་བྱ་བ་བཞུགས་སོ།།
བླ་མ་རིན་པོ་ཆེ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དཔལ་སྟག་ལུང་པ་ཡབ་སྲས་ཀྱི་ཞལ་ལུང་བདུད་རྩིའི་དགོངས་པ་ལྟར་རྒྱལ་བ་ཚེ་དཔག་ཏུ་མེད་པ་སྤྲུལ་སྐུའི་རྗེས་གནང་ཇི་ལྟར་བྱ་བ་ཤིན་ཏུ་བསྡུས་པ་གསར་བུ་དགའ་བྱེད་བརྗོད་པར་བྱའོ། །དེ་ལ་སྟེགས་བུའི་སྟེང་དུ་ཚེ་གཏོར་བུམ་གཟུགས། འབུལ་གཏོར་ཟླུམ་པོ། ཚེ་རིལ་ཚེ་ཆང་ལས་བུམ་རྣམས་ཀྱི་མཐར་མཆོད་པ་བདུན་གྱིས་བསྐོར། རང་གི་མདུན་དུ་རྡོར་དྲིལ་འཐོར་ནས་སོགས་བཤམ། སྔོན་འགྲོ་གཏོར་མ་གཉིས་ཀྱི་དང་པོ་བཤམས་ལ། རང་ཉིད་འོད་དཔག་མེད་མགོན་གྱུར། ཨོཾ་པདྨཱནྟ་ཀྲྀཏ྄་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་དམ་ཚིག་རྫས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ཆུ་དང་བདུད་རྩིས་གཏོར་མ་གསུམ་ལ་བྲན། རང་གིས་བདུད་རྩི་མྱང༌། ཨོཾ་པདྨཱནྟ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་གཏོར་མའི་རྫས་སོགས། ཨོཾ་ཨཱཿཧཱུྃ་གསུམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་གསུམ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །མཆོད་
སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཀུན་འགྲུབ་མཛོད། ཨོཾ་སུམྦྷ་ནི་སོགས། བཛྲ་རཀྵ་གསུམ། ཨོཾ་པདྨཱནྟ་ཀྲྀ་ཏ྄༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་མཆོད་རྫས་རྣམས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ་སོགས་བདུན། ཚོགས་ཞིང་མདུན་དུ་སྤྱན་དྲངས་པར་གྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་གསུམ། ཨོཾ་ཨཱཿཧཱུྃ། སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་དང་མི་འབྲལ་བཏང་སྙོམས་ཤོག །བདག་མདུན་ནི། ཨོཾ་སྭ་བྷཱ་ཝ༴ རང་དང་བུམ་པ་སྟོང་པར་གྱུར། །དེ་ལས་རིན་ཆེན་བུམ་ནང་དུ། །རང་ཉིད་མཚུངས་པར་རིན་ཆེན་ཁྲི། །པད་ཟླས་མཛེས་པར་བཅོམ་ལྡན་འདས། །ཚེ་དཔག་མེད་པ་སྐུ་མདོག་དམར། །ཆོས་གོས་ངུར་སྨྲིག་རྣམ་གསུམ་གསོལ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །མཉམ་གཞག་ཕྱག་རྒྱས་བཻ་ཌཱུརྻའི། །ལྷུང་བཟེད་བདུད་རྩིས་གང་བ་འཛིན། །མཚན་དང་དཔེ་བྱད་ཀྱིས་སྤྲས་པ། །འོད་སྣང་མཐའ་ཡས་འབར་བར་གསལ། །བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་སོགས། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ་ཕཊ། མདུན་བསྐྱེད་ཐུགས་ཀའི་འོད་ཟེར་གྱིས། །འཁོར་འདས་ལམ་གྱི་བཅུད་བསྡུས་པ། །ལྷུང་བཟེད་ནང་ཞུགས་ཁོལ་ཞིང་ལུད། །བུམ་པ་གང་ཞིང་རང་ཉིད་ལྷའི། །སྣ་བུག་རླུང་གིས་རབ་དྲངས་ཏེ། །ལུས་ཀུན་ཚེ་དང་ཡེ་ཤེས་ཀྱི། །བདུད་རྩིས་ལྟེམ་གྱིས་ཁེངས་པར་གྱུར། །ལས་བུམ་དབུས་སུ་པད་ཉི་ཧྲཱིཿ །དེ་ལས་རྟ་མགྲིན་དམར་པོ་ནི། །དབྱུག་ཏོ་སྡིགས་མཛུབ་དེའི་སྐུ་ལས། །བབས་པས་བདུད་རྩིས་བུམ་པ་གང༌། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་ནས། སམྱ་ཀྶཾ་བུདྡྷ་ཡ། ཏདྱཐཱ། ཨོཾ་སརྦ་སཾསྐ་ར་ནས། ཝཱ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཨོཾ་པདྨཱནྟ་ཀྲིཏ་སོགས་ཞེས་ཉེར་གཅིག་ཙམ་བརྗོད། སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་ནས་ཁྲུས་བྱས་གྲལ་དུ་འཁོད་པ་ན། སྔོན་འགྲོ་གཏོར་མ་གཉིས་པ་ལ་ཆུ་དང་བདུད་རྩིས་བྲན། ཨོཾ་པདྨཱནྟ་ཀྲྀ་ཏ། ཨོཾ་སྭ་བྷཱ་ཝ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁྃ་ལས་མཆོད་གཏོར་བདུད་རྩིའི་རང་བཞིན་མཁའ་ཁྱབ་ཏུ་གྱུར། ཨོཾ་ཨཱཿཧཱུྃ། གསུམ། ཨ་ཀཱ་རོ་སོགས་གསུམ། གང་ཡང་འདིར་གནས་སོགས། ཨོཾ་སུམྦྷ་ནི་སོགས་ཀྱིས། སྤོས་རོལ་དང་ཡུངས་ཀར་གྱིས་བྲབས་ཏེ་བགེགས་བསྐྲད། ཨོཾ་བཛྲ་རཀྵ་སོགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རང་བཞིན་བར་ཆད་ཐམས་ཅད་སྲུང་བའི་ནུས་པ་ཅན་དུ་གྱུར། མེ་ཏོག་བཀྱེ་བསྡུ་བྱ། འོ་ན། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དབང་བསྐུར་བ་ཞུས་ནས་བསྐྱེད་རྫོགས་རྣམས་ཉམས་སུ་ལེན་སྙམ་པ་མཛོད། དེ་ཡང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་
པའམ། འོད་དཔག་ཏུ་མེད་པ་ཞེས་བྱ་བ་འདིས། སྔོན་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ། རང་གི་སྐུ་ཚེ་གྲངས་མེད་པ་དང་སེམས་ཅན་གཞན་ཡང་འཆི་བ་ལས་སྐྱོབ་པར་སྨོན་ལམ་མཛད། མཐར་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་པར་བྱུང་ནས། མཚན་འཛིན་པ་ཙམ་གྱིས་ཚེ་དང་ཡེ་ཤེས་རྒྱས་པར་མཛད། འདི་ནི་བདེ་བ་ཅན་གྱི་མདོ་གཟུངས་ཕན་ཡོན་དང་བཅས་པ་ད་ལྟར་ཚེ་མདོར་གྲགས་པ་དང༌། བདེ་མཆོག་འབུམ་པའི་རྒྱུད་དང༌། འཇམ་དཔལ་དཔའ་བོ་གཅིག་གྲུབ་ལ་སོགས་པ་དུ་མ་ནས་གསུངས། འཕགས་ཡུལ་དུ་སློབ་དཔོན་ཛེ་ཏཱ་རི་སོགས་མང་པོས་གསལ་བར་མཛད་པ་ལས། འདིར་སྐབས་སུ་བབ་པའི་ལོ་རྒྱུས་ནི། རྗེ་བཙུན་རས་ཆུང་པ་ཞེས་བྱ་བ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེ་ཉིད་རྗེ་ཏེ་ཕུ་པའི་སྤྱན་སྔར་ཕེབས་པའི་དུས་བླ་མ་ཝ་ལ་ཙཎྜའི་ཞལ་ནས་ཁྱོད་ཚེ་ཐུང་པར་འོང༌། ལོ་ལྔ་བཅུ་ལས་མི་ཐུབ་གསུངས་སྐད། དེར་རས་ཆུང་པ་ཐུགས་བྲེད་དེ། བོད་སྟོན་དུས་འཁོར་བ་གཅིག་དང༌། ཁ་ཆེ་དུས་འཁོར་བ་གཅིག་དང༌། ཡུལ་དབུས་ཀྱི་དུས་འཁོར་བ་གཅིག་རྣམས་ལ་དྲིས་པས་གསུམ་ཀ་མཐུན་པར་བྱུང་བས། ཏེ་ཕུ་པ་ལ་གསེར་གྱི་མཎྜལ་ཕུལ་ནས་བདག་ཚེ་ཐུང་བར་འདུག་ཟེར་བས། གསང་སྔགས་ཐབས་ཆེ་བ་དང་ཐབས་མང་བར་གདའ་བས་ཚེ་སྲིང་བའི་ཐབས་བདོག་ན་ཐུགས་ལ་འདོགས་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ཁྱོད་འོག་ཀླུ་དཀར་མོའི་བུར་འདུག ཚེ་ཤིན་ཏུ་ཐུང་བར་འོང༌། ཤེས་རབ་ཤིན་ཏུ་ཆེ་བར་འོང༌། ཚེ་སྲིང་བའི་གདམས་ངག་ངས་ཀྱང་ཤེས་ཏེ། ངའི་ཕྱི་མོ་ཡང་ཡིན། བླ་མ་ཡང་ཡིན། མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་ཀྱང་བྱ། ཁར་ཁ་ཡང་ཟེར། གྲུབ་པའི་རྒྱལ་མོ་ཡང་ཟེར། དགུང་ལོ་སུམ་བརྒྱ་ལོན་པ། ཇོ་མོ་ཀུ་རུ་ཀུལླེ་ལས་དངོས་གྲུབ་ཐོབ་པ། མཁའ་འགྲོ་མ་རྣམས་དང་ལབ་དི་རི་རི་བྱེད་པ་ཞིག་ཡོད། ཁོང་ཉིན་མོ་མིས་དེ་ཙམ་དུ་མི་མཐོང་དུར་ཁྲོད་དུ་མར་གཤེགས། མཚན་
མོ་ཅོ་པ་རི་ཆུང་ངུ་ཞིག་ཏུ་མར་མེ་མཚན་ཐུབ་ཞིག་སྤར་ནས་གཅིག་པུར་བཞུགས་པས་ཁོང་ལ་ཞུས། མ་གནང་ན་ངས་བཤད་ཀྱིས་གསུངས། དེར་རས་ཆུང་པས་དུར་ཁྲོད་རྣམས་སུ་བཙལ་བས་སྔར་བླ་མས་གསུངས་པ་བཞིན་དུ་བཞུགས་པ་དང་མཇལ་གསེར་གྱི་མཎྜལ་ཕུལ་ནས་ཚེ་སྲིང་བའི་གདམས་ངག་ཞུས་པས། མཁའ་འགྲོ་མའི་ཞལ་ནས། ངས་དོ་ནུབ་ཁྱོད་ལ་ཕན་ཐོགས་སམ་མི་ཐོགས་བརྟག་པ་བྱས་ལ་ཕན་ཐོགས་པར་འདུག་ན་ནངས་པར་གདམས་ངག་སྦྱིན་གསུངས་སྐད། དེའི་ནུབ་རང་ཡང་ལབ་དི་རི་རི་འདུག་པས། ཇོ་མོ་སུ་དང་ལབ་པ་ལགས་ཞུས་པས། མཁའ་འགྲོ་མ་རྣམས་དང་ལབ་པ་ཡིན་གསུངས། ནངས་པར་ཇི་སྐད་གསུང་སྙམ་འདུག་ཙ་ན། ཐོ་རངས་མཁའ་འགྲོ་མའི་ཞལ་ནས། བོད་ཀྱི་རྣལ་འབྱོར་པ་ཁྱོད་ཡར་ལངས་ཤིག ཁྱོད་སྐལ་བ་དང་ལྡན་པར་འདུག་པས་ངས་ཕན་ཐོགས་པར་འདུག་གི། ཁྱོད་ལོ་ཇི་ཙམ་ཐུབ་པར་འདོད་གསུངས་ནས་གདམས་ངག་ཐམས་ཅད་རྫོགས་པར་གནང༌། རྗེ་རས་ཆུང་པའི་ཞལ་ནས་ངས་གདམས་ངག་འདི་མ་ཆག་པར་ཉམས་སུ་བླངས་ན། རས་ཆུང་པས་ལོ་བརྒྱ་ཐུབ་ཟེར་བ་འོང་བར་སྣང་བ་ལ། གསང་སྔགས་ཀྱི་ཆོས་མང་པོ་ཞིག་ཉམས་སུ་ལོངས་ནས། ད་ཡང་ཤི་མ་ཤི་མེད་སྙམ་རེས་ཆག་པར་བྱས་པས་ལོ་འདི་ཙམ་ཞུ་བ་གསུངས་ཏེ་དགུང་ལོ་དགུ་བཅུ་རྩ་བརྒྱད་བཞུགས་པར་གདའ། སྐྱེས་བུ་རས་ཆུང་རྡོ་རྗེ་གྲགས་པ་དེས། རྗེ་བུར་སྒོམ་ནག་པོ་ལ་གདམས། དེས་འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་ལ། དེས་མཉམ་མེད་རྒྱལ་དབང་སྟག་ལུང་པ་ཆེན་པོ་ལ་ཕུལ་ཏེ་ཐུགས་དམ་ཚེ་དཔག་རྣམ་གསུམ་གྱི་ཡ་གྱལ་ཡིན། རྗེ་བཙུན་དེ་ནས་རིམ་པ་བཞིན་སྐུ་ཡལ་སྤྲུལ་པའི་སྐྱེས་མཆོག་སོགས་འོག་ཏུ་འབྱུང་བའི་བརྒྱུད་རིམ་བཏོན་ལ། རྩ་བའི་བླ་མ་དེས་བདག་ལའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་རྗེས་སུ་གནང་བའི་ཚུལ་མཆོག་གི་སྤྲུལ་པའི་སྐུ་རྗེ་བཙུན་སངས་རྒྱས་དབོན་གྲགས་པ་དཔལ་འོད་
ཟེར་བཟང་པོའི་ཞལ་ལུང་ལྟར་བསྒྲུབ་པར་བགྱིད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས་ཁྱེད་རང་གི་ངོ་སྐལ་དུ་མཎྜལ་ཞིག་མཛད་པར་ཞུ། དེ་ལྟར་མཎྜལ་གྱིས་མཚམས་སྦྱར་ནས་གསོལ་བ་གདབ་པའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། མདུན་གྱི་ནམ་མཁར་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྒྱ་མཚོ་ལྟ་བུར་བཞུགས་པའི་དྲུང་དུ། སྐྱབས་འགྲོ་བཤགས་པ་ཡི་རང་སེམས་བསྐྱེད་རྣམས་བསྒྲུབ་སྙམ་ལན་མོ་མཛོད། དཀོན་མཆོག་གསུམ་ལ་སོགས་གསུམ་ད་རྗེས་གནང་གི་གཞི་བཅའ་བའི་ཆེད་དུ་དམིགས་པ་འདི་ལྟར་མཛོད། ཨོཾ་པདྨཱནྟ་ཀྲྀ་ཏ་སོགས། སྭཱ་བྷཱ་ལྭ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི། པྃ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚིག་དྲག་དང་བཅས་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ། ཆོས་གོས་ངུར་སྨྲིག་རྣམ་གསུམ་གསོལ་བ་སྤྲུལ་པའི་སྐུའི་ཆ་བྱད་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་མཉམ་གཞག་མཛད་པའི་སྟེང་ན་ལྷུང་བཟེད་ཚེའི་བདུད་རྩིས་གང་བ་བསྣམས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་བ་དེའི་གནས་གསུམ་དུ། ཨོཾ་ཨཱཿཧཱུྃ། ཐུགས་ཀའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་དེ་ལས་འོད་འཕྲོས། བདེ་བ་ཅན་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་ཕྱོགས་བཅུའི་ཞིང་ཐམས་ཅད་ནས་ཚེ་དཔག་ཏུ་མེད་པའི་སྐུ་གྲངས་མེད་པ་ཉི་ཟེར་གྱི་རྡུལ་འཁྲུགས་པ་ལྟར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ སྤོས་རོལ། ད་དབང་གི་དངོས་གཞིའི་དོན་དུ་དམིགས་པ་འདི་
ལྟར་མཛོད། ཁྱེད་རང་གི་སྤྱི་བོའི་གཙུག་ཏུ་ཚེ་གཏོར་འདི་ཉིད་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཟླའི་སྟེང་དུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ནས། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཁྱེད་རང་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་ཨ་ཝ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་བ་དང་བཅས་པ་བསྒོམ་མཛོད། དེ་ནས་སྤྱི་བོའི་བླ་མ་ཚེ་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ་ནས། ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །དེ་ལྟར་གསོལ་བ་བཏབ་པས། སྤྱི་བོའི་ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་ཉམས། ཕྱི་རོལ་འབྱུང་བ་བཞིའི་ནང་དུ་གནས་པའི་བཅུད། མཐུ་ཡོན་ཏན། ཟག་བཅས་འཁོར་བ་པ་དང༌། ཟག་མེད་མྱ་ངན་ལས་འདས་པའི་ནུས་མཐུ་ཐམས་ཅད་འོད་ཟེར་གྱིས་བསྡུས་ཏེ་ཚེ་དཔག་ཏུ་མེད་པའི་སྐུ་ལ་ཐིམ། བཅོམ་ལྡན་འདས་ཀྱི་སྐུ་ལས་བབས་པའི་བདུད་རྩི་དང་ཕྱག་གི་ལྷུང་བཟེད་ཆང་གི་བདུད་རྩི་རྒྱ་ཆེར་ལུད་པ་ཁྱེད་རང་གི་ཚངས་བུག་ནས་ཞུགས་རྩ་དབུ་མའི་ནང་བརྒྱུད་སྨིན་མཚམས་ཡན་ཆད་གང༌། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོར་བཀོད། ཨ་མཱ་ར་ཎི་སོགས། སྤོས་རོལ། ཡང་བཅོམ་ལྡན་འདས་ཀྱི་སྐུ་དང་ཕྱག་གི་ལྷུང་བཟེད་ནང་གི་བདུད་རྩི་བྱུང་བ་དབུ་མའི་ནང་བརྒྱུད་མགྲིན་པ་ཡན་ཆད་གང༌། ངག་གི་དྲི་མ་དག གསང་བའི་དབང་ཐོབ། རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོར་བཀོད་པ་སོགས། ཡང་བཅོམ་ལྡན་འདས་ཀྱི་སྐུ་དང་ཕྱག་གི་ལྷུང་བཟེད་ནང་ནས་བབས་པའི་བདུད་རྩི་དབུ་མའི་ནང་བརྒྱུད། སྙིང་ག་ཡན་ཆད་གང༌། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་
དབང༌། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོར་བཀོད་པ་སོགས། ཡང་བཅོམ་ལྡན་འདས་ཀྱི་སྐུ་དང་ཕྱག་གི་ལྷུང་བཟེད་ནང་གི་བདུད་རྩི་བྱུང་བ་དབུ་མའི་ནང་བརྒྱུད་ལོང་བུ་ཡན་ཆད་གང༌། སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག ཚིག་དབང་རིན་པོ་ཆེ་ཐོབ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོར་བཀོད་པ་སོགས། དེ་ལྟར་ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་སེམས་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང༌། གྱེན་དུ་འཕྱུར་ཞིང་ལུད་པ་ལས། ཁྱེད་རང་གི་སྤྱི་བོའི་གཙུག་ཏུ་རིགས་ཀྱི་བདག་པོ་ཚེ་དཔག་ཏུ་མེད་པ་བརྟན་པར་བཞུགས་ནས་བྱིན་གྱིས་རློབ་པའི་མོས་པ་མཛོད། རྒྱལ་བ་འོད་དཔག་ཏུ་མེད་པ། མ་གཅིག་གྲུབ་པའི་རྒྱལ་མོ། རས་ཆུང་རྡོ་རྗེ་གྲགས་པ། རྣལ་འབྱོར་བུར་སྒོམ་ནག་པོ། འགྲོ་མགོན་ཕག་མོ་གྲུ་པ། དཔལ་ལྡན་སྟག་ལུང་པ་ཆེན་པོ། སྐུ་ཡལ་སྤྲུལ་པའི་སྐྱེས་མཆོག ཆོས་སྐུ་སངས་རྒྱས་ཡར་བྱོན། རྗེ་བཙུན་སངས་རྒྱས་དབོན་གྲགས་པ་དཔལ་འོད་ཟེར་བཟང་པོ། སྐུ་ཞང་རིན་ཆེན་བསོད་ནམས་དཔལ། ཆོས་སྐུ་ཨོ་རྒྱན་མགོན་པོ། བླ་མ་རྒྱལ་བཟང༌། བསོད་ནམས་རྒྱལ་མཚན། བློ་གྲོས་རིན་ཆེན། དོན་གྲུབ་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། རྗེ་དྲུང་མཚོ་སྐྱེས་རྡོ་རྗེ། རྡོ་རྗེ་འཆང་ཀུན་དགའ་བཀྲ་ཤིས། རྫོགས་པའི་སངས་རྒྱས་ངག་གི་དབང་པོ། མཆོག་སྤྲུལ་བཀྲ་ཤིས་དཔལ་གྲུབ། ཁྱབ་བདག་གྲགས་པ་ལེགས་གྲུབ། འཕགས་མཆོག་ངག་དབང་གྲགས་པ། དམ་ཆོས་ཕྲིན་ལས་ཕུན་ཚོགས། ངག་དབང་ཕྲིན་ལས་བསྟན་འཛིན་རྣམ་རྒྱལ། གྲུབ་མཆོག་སྒོམ་པ་ངག་དབང་ཕུལ་ལྡན། བཀྲ་ཤིས་གྲགས་པ་ཡེ་ཤེས། བཀྲ་ཤིས་དགེ་ལེགས་བཟང་པོ། དྲིན་ཅན་རྩ་
བའི་བླ་མ་རྡོ་རྗེ་འཆང་ངག་དབང་བསྟན་པའི་ཉི་མའི་བར་དུ་བྱོན་པ་རྣམས་དང༌། མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་དང་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་རླབས་སློབ་མ་འདིའི་རྒྱུད་ལ་འཇུག་པར་གྱུར་ཅིག ནད་ཞི་བར་གྱུར་ཅིག གདོན་ལས་གྲོལ་བར་གྱུར་ཅིག འཆི་བ་མེད་པའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་ཨ་མཱ་ར་ཎི་སོགས། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས། གཏོར་མ་མགོར་བཀོད། འཇིག་རྟེན་འདྲེན་པའི་སོགས་བརྗོད་མེ་ཏོག་འཐོར། དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད་པའི་མོས་པ་མཛོད། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་ཨ་མཱ་ར་ཎི་སོགས། ཚེ་རིལ་ཚེ་ཆང་སྦྱིན། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས། སློབ་མ་འདི་ལ་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཚེ་མི་འགྱུར་བ་གཡུང་དྲུང་དུ་མཛོད་ཅིག །མི་ཤིགས་པ་རྡོ་རྗེར་མཛོད་ཅིག །མི་ནུབ་པ་རྒྱལ་མཚན་དུ་མཛོད་ཅིག །ཉིན་མོ་བདེ་ལེགས་སོགས། དེ་ནས་སློབ་དཔོན་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འཕྲོས་པའི་སྔགས་ཕྲེང་ཁྱེད་རང་གི་སྙིང་གའི་ཟླ་བ་ལ་གནས་པའི་ས་བོན་གྱི་མཐར་འཁོད་པར་མོས་ནས་རྗེས་ཟློས་མཛོད། ཨོཾ་ཨ་མཱ་ར་ཎི་སོགས་བདུན། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས། གསུམ། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །སོགས་གསུམ། སློབ་དཔོན་ལ་མེ་ཏོག་འཐོར། ངོ་བོ་སྔགས་ཕྲེང་རྣམ་པ་མེ་ཏོག་དམར་པོ་སྤྱི་བོར་བཞག་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། མཛད་དུ་གསོལ། ཨོཾ་སུ་པུ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། གསུམ་གྱིས་མེ་ཏོག་སློབ་མའི་མགོར་བཀོད། དེ་ལྟར་རྒྱལ་བ་ཚེ་དཔག་ཏུ་མེད་པའི་དབང་ཟབ་མོ་གསན་པའི་སྐབས་སུ་ཐོབ་པའི་དམ་ཚིག་རྣམས་བསྲུང་སྙམ་པས་རྗེས་ཟློས་མཛོད། གཙོ་
བོས་ཇི་ལྟར་སོགས་གསུམ། དེ་ལྟར་དབང་ཐོབ་པའི་ཡོན་དུ་མཎྜལ་ཞིག་མཛད་འཚལ། མཎྜལ་ཕུལ་ནས་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་ནས། ཕྱག་འཚལ་ལོ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས། ཡིག་བརྒྱ་ལན་གསུམ། དེ་ནས་མདུན་གྱི་བཅོམ་ལྡན་འདས། །རང་ལ་ཐིམ་པས་བདག་ཉིད་ཀྱང༌། །མགོན་པོ་ཚེ་དཔག་མེད་པའི་སྐུ། །རྟག་བརྟན་གཞོམ་གཞིག་མེད་པར་གྱུར། །ཨོཾ་བཛྲ་མུཿ དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་སོགས་དང༌། རྒྱལ་མཚན་རྩེ་མོ་སོགས། བཀྲ་ཤིས་རྒྱས་པར་བྱའོ། །ཡང་ཚེ་དབང་བརྒྱ་རྩ་བསྐུར་བར་འདོད་ན། གོང་ལྟར་དབང་རྒྱས་པ་གཅིག་གྲུབ་རྗེས། མཎྜལ། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། དྲིན་ཅན་རྩ་བའི་བླ་མའི་ངོ་བོ་ཚེ་བུམ་རྒྱལ་བ་འོད་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་ཧྲཱིཿཡིག་གི་འོད་ཀྱིས། ཁྱེད་རང་གི་ཚེ་བསོད་ཡར་ཉམས། ཕྱི་རོལ་འབྱུང་བ་ཆེན་པོ་བཞིའི་ནང་ན་གནས་པའི་བཅུད་མཐུ་ཡོན་ཏན་ཟག་བཅས་འཁོར་བ་དང་ཟག་མེད་མྱ་ངན་ལས་འདས་པའི་ནུས་བཅུད་དང་ཡོན་ཏན་མ་ལུས་པ་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་སྐུ་དང་ཕྱག་གི་ལྷུང་བཟེད་ནང་གི་བདུད་རྩི་ལ་ཐིམ། སྐུ་དང་ཕྱག་གི་ལྷུང་བཟེད་ནང་གི་བདུད་རྩི་ལས་བདུད་རྩིའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས་ཁྱེད་རང་གི་ཚངས་བུག་ནས་ཞུགས། རྩ་ཨ་ཝ་དྷཱུ་ཏི་བརྒྱུད་སྤྱི་མགྲིན་སྙིང་ག་རྐང་མཐིལ་ཡན་ཆད་གང༌། དྲི་མ་བཞི་དག དབང་བཞི་ཐོབ། ལམ་བཞི་བསྒོམ་པ་ལ་དབང༌། སྐུ་བཞི་འགྲུབ་པའི་སྐལ་བ་ཅན་དུ་གྱུར། བདུད་རྩི་གྱེན་དུ་རྒྱ་ཆེར་ལུད་པས་སྤྱི་བོར་ཚེ་དཔག་ཏུ་མེད་པར་གྱུར་ནས་བརྟན་པར་བཞུགས་ཏེ་ཚེའི་དངོས་གྲུབ་རྟག་ཏུ་སྩོལ་བའི་མོས་པ་མཛོད། རིག་འཛིན་ཚེ་དབང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་
འཁོར་དང་བཅས་པས། རྡོ་རྗེ་སློབ་མ་འདི་ལ་འཆི་བ་མེད་པའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཅེས་སོགས་དང༌། བཀྲ་ཤིས་ཚེ་བརྟན་སོགས་ཀྱིས་ཚེ་རིལ་ཚེ་ཆང་སྦྱིན། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས་ཀྱིས་ཤིས་བརྗོད་བྱེད། ཡང་མཎྜལ་ཕུལ་ནས། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། དྲིན་ཅན་རྩ་བའི་བླ་མའི་ངོ་བོ་ཚེ་བུམ་རྒྱལ་བ་འོད་དཔག་ཏུ་མེད་པར་གསལ་བ་སོགས་གོང་ལྟར་བསྡུས་པ་འདི་ཉིད་བསག མཐར་ཡང་དབང་རྒྱས་པ་རེ་མཛད་པ་ཕྱག་ལེན་ཡིན་ལ། རྗེས་སུ་མཆོད་བསྟོད་སོགས་གོང་ལྟར་རོ། །ཞེས་པ་འདི་བློ་གྲོས་དམན་པ་ལ་ཕན་ཕྱིར་བྱང་སྟག་ལུང་པ་དགེ་སློང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱིས་དངོས་པོའི་ལོ་རྟ་ཟླ་བའི་ཚེས་བཅུ་དགུ་ལ་དགེ་འཕེལ་ཆོས་རྫོང་དུ་སྦྱར་བའོ། །སརྦ་དཱ་མངྒལཾ།། །།
མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་དབང་ཆོག་མན་ངག་དང་བཅས་པ་བདུད་རྩིའི་བུམ་བཟང་།
མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་དབང་ཆོག་མན་ངག་དང་བཅས་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། རས་ཆུང་ལུགས་ཡང་གསང་དཀར་པོ་ཕྱག་བཞི།
ཨོཾ་སྭ་སྟི། ཚེ་དང་ཡེ་ཤེས་དཔག་མེད་མགོན། །རབ་དཀར་ནོར་བུའི་སྙིང་པོ་ལྟར། །འོད་ཟེར་གཟི་བརྗིད་མཐའ་ཡས་ལ། །བཏུད་ནས་དེ་ཡི་མན་ངག་འབྲི། །འདི་ལ་གསུམ། སྒྲུབ་པའི་ཐབས། བྱིན་རླབས་དབང་གི་ཆོ་ག མན་ངག་གི་ངེས་པ་ཅུང་ཟད་བཤད་པའོ། །དང་པོ་ནི། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་སྟན་བདེ་བ་ལ་འདུག་སྟེ་མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་མེད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱན་སྔར། ཨོཾ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག །རྒྱལ་བ་ཀུན་གྱིས་རྟག་ཏུ་དགོངས་གྱུར་པའི། །འཕགས་པའི་ཚོགས་ཀྱི་སྐྱེ་ཤི་གཅོད་པ་པོ། །སྐྱེ་རྒུ་རྣམས་ཀྱི་སྐྱབས་གྱུར་བཅོམ་ལྡན་འདས། །དད་པས་བདག་ནི་རྟག་ཏུ་སྐྱབས་སུ་མཆི། །ཞེས་ཇི་ལྟར་ནུས་པས་སྐྱབས་སུ་འགྲོ། བདག་གིས་ཚེའི་དངོས་གྲུབ་ཐོབ་པར་བྱས་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཐར་ཕྱིན་པར་འགྱུར་བ་དང༌། སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ།
དེའི་ཆེད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་བསྒོམ་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བདེ་བ་མཆོག་དང་མི་འབྲལ། བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞི་བའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་དང་པོ་རྡོ་རྗེ་དཀར་པོ། གཡོན་དང་པོ་ཤེལ་གྱི་ཕྲེང་བ། འོག་མ་གཉིས་ཡུམ་ལ་འཁྱུད་ཚུལ་གྱིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་
བཞུགས་པ། ཡུམ་པདྨ་ཀུཎྜ་ལཱི་དམར་མོ་ཕྱག་དང་པོ་གཉིས་ཀྱིས་བྱེ་རུའི་བགྲང་ཕྲེང་དང་དྲིལ་བུ་འཛིན་པ། འོག་མ་གཉིས་ཀྱིས་ཡབ་ལ་འཁྱུད་པས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པ། པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྤྱི་བོར་རྣམ་སྣང་དཀར་པོ། མགྲིན་པར་སྣང་མཐའ་དམར་པོ། སྙིང་གར་མི་བསྐྱོད་པ་སྔོན་པོ། ལྟེ་བར་རིན་འབྱུང་སེར་པོ། གསང་བར་དོན་གྲུབ་ལྗང་གུ་རྣམས་ཕྱག་གཡས་རང་རྟགས་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་བཅས་པར་གྱུར། མི་བསྐྱོད་པའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་གྱི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཨོཾ། ཀླད་ཀོར་གྱི་དབུས་སུ་ཐིག་ལེ་དཀར་ལ་འཚེར་བ། ཉི་ཟླ་ཨཱ་ལི་ཀཱ་ལིའི་སྐུད་པས་བཅིངས་པ། བ་སྤུའི་སྒོ་ཐམས་ཅད་རྟ་མགྲིན་ཕྱག་གཉིས་པ་གཡས་བེ་ཅོན་འཛིན་ཅིང་གཡོན་སྡིགས་མཛུབ་མཛད་པ་ཁྲོ་བོའི་རྒྱན་གྱིས་བརྒྱན་པའི་གོ་ཆས་གཏམས་པ། ཐུགས་ཀའི་ཨོཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་རྣམ་པ་ལྔ་རང་གི་ཞལ་ནས་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་དང༌། ཁྱད་པར་ཚེ་དཔག་ཏུ་མེད་པའི་ཚེ་སྲིང་བའི་བྱིན་རླབས་ཐམས་ཅད་བཀུག ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨ་ནས་རྡོ་རྗེ་ནོར་བུར་ཞུགས་ཤིང་རང་གི་སྙིང་གའི་ཐིག་ལེ་ལ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར་པའི་མོས་པས། ཨོཾ་ན་མོ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་ཨོཾ་གཉིས་མའི་གཟུངས་ཅི་ནུས་སུ་
བཟླ། ཐུན་འཇོག་པ་ན་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པས་བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། རང་ཉིད་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་འཆི་མེད་གཉུག་མ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་གྱུར་པའི་མོས་པས་གནས་ལུགས་ཀྱི་ངང་དུ་བློ་བཞག དེ་ལས་ལྡང་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །གཉིས་པ་བྱིན་རླབས་དབང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཎྜལ་པདྨ་འདབ་བརྒྱད་བྲིས་པའི་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པ་བཤམ། དེའི་མདུན་དུ་འབུལ་གཏོར་དང༌། མཆོད་པ། སྤྲོ་ན་བུམ་པའི་མདུན་དུ་ཚེ་གཏོར་བུམ་གཟུགས་ཅན་གྱི་གཡས་གཡོན་དུ་ཚེ་རིལ་ཚེ་ཆང༌། རང་གི་མདུན་དུ་རྡོར་དྲིལ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ནི། མཆོད་པ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་འགྲོ་ནས་བཟླས་པའི་མཇུག་གི་གསོལ་འདེབས་བར་བདག་བསྐྱེད་གོང་ལྟར་བྱ། མདུན་གྱི་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷཱུཾ་ལས་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། ནང་གཞལ་ཡས་ཁང་གི་རྣམ་པ་ཅན། བཅུད་པྃ་ལས་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པྃ་ལས་པདྨ་དང༌། ཨ་ལས་ཟླ་བ། དེའི་སྟེང་དུ་ཨོཾ་དཀར་པོའི་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་བ་ཚེ་དཔག་མེད་སོགས་ནས། གོ་ཆས་
གཏམས་པ་ཞེས་པའི་བར་བདག་བསྐྱེད་ལྟར་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན་པར་བསམ། གཟུངས་ཐག་བླངས་ལ། བུམ་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨོཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། རང་གི་ཞལ་ནས་འོད་ཟེར་རྣམ་པ་ལྔ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་དང་ཁྱད་པར་ཚེ་དཔག་ཏུ་མེད་པའི་ཚེ་སྲིང་བའི་བྱིན་རླབས་ཐམས་ཅད་བཀུག་ནས་བུམ་པའི་ལྷའི་ཐུགས་ཀར་ཐིམ་པ་དང་ལྷན་ཅིག་ཏུ་སྐུའི་ཆ་དང་བ་སྤུའི་བུ་ག་ཐམས་ཅད་ནས་བདུད་རྩི་ཟག་པས་བུམ་པ་གང་བར་བསམ་ཞིང་གཟུངས་ཅི་ནུས་སུ་བཟླས་པའི་མཐར་མཆོད་པ་བསང་སྦྱང་བྱིན་བརླབ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ། བཅོམ་ལྡན་མགོན་པོ་སོགས་གོང་ལྟར་ལ། དད་
པས་བདག་ནི་རྟག་ཏུ་བསྟོད་ཕྱག་འཚལ། །ཞེས་བསྟོད། བགེགས་དང་འཆི་ལས་རྣམ་གྲོལ་པའི། །འཆི་མེད་བདུད་རྩིའི་རྒྱ་མཚོ་དེ། །མཁའ་མཉམ་འགྲོ་དང་ལྷན་ཅིག་ཏུ། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཀ་པཱ་ལ་བཅུད་དང་བཅས་པ་མེ་རླུང་གི་སྦྱོར་བས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བརླབ། ཨ་ཀཱ་རོ་ལན་བདུན་གྱིས་ཕུལ། གོང་ལྟར་མཆོད་བསྟོད་འདོད་དོན་གསོལ། ཡིག་བརྒྱ་ལན་གསུམ་གྱིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་པ་ནི་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པའི་མ་གཅིག་གྲུབ་པའི་རྒྱལ་མོས་དཔལ་གསང་བའི་བདག་པོའི་རྣམ་པར་འཕྲུལ་པ་རས་ཆུང་རྡོ་རྗེ་གྲགས་པ་ལ་གནང་ཞིང༌། དེས་རྣལ་འབྱོར་གྱི་དབང་ཕྱུག་བུར་སྒོམ་ནག་པོ་ལ་སྩལ། དེ་ལས་དཔལ་ཕག་མོ་གྲུ་པས་གསན་ཅིང༌། འགྲོ་བའི་མགོན་པོ་སྟག་ལུང་ཐང་པ་རིན་པོ་ཆེ་ལ་གནང་བའི་ཐུགས་དམ་གྱི་ལྷ་ཁྱད་པར་ཅན་ཚེ་དཔག་མེད་དཀར་པོ་ཕྱག་བཞི་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱོད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ།
རྒྱུད་སྦྱང་བའི་སླད་དུ་བླ་མ་ཚེ་དཔག་ཏུ་མེད་པ་ལ་སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་གསུམ། བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པྃ་ལས་པདྨ་དང༌། ཨ་ལས་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རྒྱལ་བ་ཚེ་དཔག་མེད་སོགས་ནས། ཨཱ་ལི་ཀཱ་ལིའི་སྐུད་པས་བཅིངས་པ། ཕྱིའི་ཚེ་དཔག་མེད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་དང་བཅས་པ་གསལ་བཏབ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨོཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་སེམས་གཏད་པས། དེ་ལས་འོད་ཟེར་ཁ་དོག་རྣམ་པ་ལྔ་ཁྱེད་རང་རྣམས་ཀྱི་ཞལ་ནས་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་དང༌། ཁྱད་པར་ཚེ་དཔག་ཏུ་མེད་པའི་ཚེ་སྲིང་བའི་བྱིན་རླབས་ཐམས་ཅད་བཀུག་ནས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་ལུས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་ཞིང་ཚེ་ཡར་བ་ཐམས་ཅད་བསྡུས་ནས་ཐིམ། ཉམས་པ་སོར་ཆུད། གནས་པ་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བྱས་པའི་མོས་པ་མཛོད། ཚེ་གཟུངས་ཀྱི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད་ཅིང་སྤོས་རོལ་བྱ། མཐར་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་དངོས་གཞིའི་དབང་བསྐུར་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །
མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་རྩ་ཨ་བ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་བ། ཡར་སྣ་ཚངས་བུག་ཏུ་ཁ་བྱེ་ཞིང༌། མར་སྣ་གསང་གནས་སུ་ཁ་ཟུམ་པ་དྲང་ཐལ་ལེར་ཡོད་པར་གསལ་བཏབ་ནས། བུམ་པ་འདི་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་གྱི་སྐུར་ལམ་སྟེ་གྱུར་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པར་སྒོམས་ཤིག་ཅེས་བརྗོད་ལ་བུམ་པ་སྤྱི་བོར་བཞག ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར་པ། སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས། སྨིན་མཚམས་ཡན་ཆད་གང༌། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ། སྙིང་ག་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང༌། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཚེའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ། ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། ཚངས་བུག་ཁ་ཟུམ་ཞིང་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ཀྱང་ཁྲོ་རྒྱལ་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ་མཛད་པའི་གོ་ཆས་གཏམས་པར་གྱུར་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་སྦྱིན། འཇིག་རྟེན་འདྲེན་པའི་སོགས་བཀྲ་ཤིས་གང་རུང་བརྗོད། སྤྲོ་ན་ཚེ་གཏོར་སྤྱི་བོར་བཀོད་
ལ། སླར་ཡང་གཏོར་མ་འདི་ཉིད་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་སྤྲིན་འཁྲིགས་པ་ལྟར་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། སངས་རྒྱས་སྣང་བ་མཐའ་ཡས། མ་གཅིག་གྲུབ་པའི་རྒྱལ་མོ། རས་ཆུང་རྡོ་རྗེ་གྲགས་པ་སོགས་ནས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་རྣམས་དང༌། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པས་རྡོ་རྗེ་སློབ་མ་འདི་རྣམས་ལ་འཆི་བ་མེད་པ་ཚེའི་དབང་བསྐུར་དུ་གསོལ། ནད་མེད་བདེ་བའི་བྱིན་དབབ་ཏུ་གསོལ། རྒས་མེད་ལུས་ཀྱི་གཟི་བརྗིད་བསྐྱེད་དུ་གསོལ། རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་མཛད་དུ་གསོལ། ཞེས་དང༌། ཚེ་གཟུངས་བརྗོད། མཐའ་རྟེན་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་བཟླས་ལུང་གི་སླད་དུ་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་དཀར་པོ་རེ་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ཅེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། གཟུངས་ལན་གསུམ། སླར་ཡང་སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བསྒྱུར་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། སྤྲོས་པ་ལ་དགའ་ན། ཚེ་
རིལ་དང་ཚེ་ཆང་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རང་བཞིན་ཅན་གྱིས་འཆི་མེད་ཀྱི་དགའ་སྟོན་སྤེལ་བར་མོས་ལ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །འོད་ཞུ་ཚེ་རིལ་ཚེ་ཆང་འདི། །ཟོས་པས་ཚེ་ནི་འཕེལ་བ་དང༌། །བཏུང་བས་དངོས་གྲུབ་མཆོག་ཐོབ་འགྱུར། །ཨོཾ་ཨཱ་ཡུརྫྙཱ་ན་ཨ་མྲྀ་ཏ་ཧཱུྃ་ཞེས་བརྗོད་ཅིང་སྦྱིན་ནས་ཤིས་པ་བརྗོད། རྗེས་དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་བརླབ། བུམ་པ་ལྷར་གསལ་བ་ལ་མཆོད་བསྟོད་ནོངས་བཤགས་བྱ། བྲིས་སྐུ་སོགས་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་བསྡུ། བསྔོ་སྨོན་བཀྲ་ཤིས་བྱའོ། །གསུམ་པ་མན་ངག་གི་རིམ་པ་མདོ་ཙམ་བཤད་པ་ལ། ཚེའི་བྱིན་རླབས་ལ་བརྟེན་ནས་ཚེ་བསྲིང་བ་ནི། གོང་དུ་སྨོས་པའི་ཚེའི་དབང་བསྐུར་བ་སྟེ། དེའང་བརྒྱ་རྩ་སོགས་གྲངས་གསོག་བྱེད་ན། ཐོག་མར་བུམ་དབང་གི་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན་པའི་མོས་པ་མཛོད། ཅེས་པའི་རྗེས། ཇི་ལྟར་བལྟམས་པ་སོགས་སྦྲེལ་ལ་དབང་བསྐུར། སྤྲོ་ན་ཚེ་རིལ་དང་ཚེ་ཆང་སྦྱིན། བཀྲ་ཤིས་བརྗོད། སླར་ཡང་བུམ་པ་འདི་ཉིད་ཚེ་དཔག་མེད་དུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། ཡབ་ཡུམ་སྙོམས་པར་ཞུགས་པའི་སོགས་ནས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཚེའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་དང༌། གཟུངས་བརྗོད་ཅིང་བུམ་ཆུ་དང་ཚེ་རིལ་ཚེ་ཆང་སྦྱིན། བཀྲ་ཤིས་ཤློ་ཀ་རེ་བརྗོད། དེ་
ལྟ་བུ་ལ་གྲངས་བཟུང་ནས་རྗེས་མའི་སྐབས་དངོས་གྲུབ་མ་ལུས་པ་ཐོབ་ཅེས་པའི་རྗེས། ཚངས་བུག་ཁ་ཟུམ་ཞིང་སོགས་མན་དཀྱུས་ལྟར་དང༌། གཏོར་དབང༌། བཟླས་ལུང༌། ཚེ་རིལ་ཚེ་ཆང་སྦྱིན། དམ་ཚིག་ཁས་བླང་སོགས་རྒྱས་པར་བྱའོ། །སྒོམ་བཟླས་ལ་བརྟེན་ནས་ཚེ་བསྲིང་བ་ནི། གོང་དུ་ཇི་སྐད་བཤད་པའི་མངོན་རྟོགས་བསྒོམས་ལ་སེམས་བཟུང༌། བཟླས་དམིགས་གསལ་བཏབ་ལ་བཟླས་པ་བྱ། སྤྲོ་ན་ཐུགས་ཀའི་མི་བསྐྱོད་པ་ཡབ་ཡུམ་ལས་འོད་ཟེར་སྔོན་པོ་འཕྲོས་པས་རང་གི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨའི་ལམ་ནས་རྡོ་རྗེར་སོང་ཞིང་ཡབ་ཀྱི་སྐུ་གང༌། མཐར་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བྱུང༌། རང་གི་ལུས་ཀྱི་ནང་གང༌། དྭངས་མ་སྙིང་གའི་ཐིག་ལེ་ལ་ཐིམ་པས་བླ་ཚེ་ཆད་ཉམས་ཡར་བ་སོར་ཆུད་ཅིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ་གསང་གནས་ཀྱི་དོན་ཡོད་གྲུབ་པ་ཡབ་ཡུམ་ལས་འོད་ལྗང་གུ་འཕྲོས་པས་རླུང་དང༌། མགྲིན་པའི་སྣང་མཐའ་ཡབ་ཡུམ་ལས་འོད་དམར་པོ་འཕྲོས་པས་མེ་དང༌། སྤྱི་བོའི་རྣམ་སྣང་ཡབ་ཡུམ་ལས་འོད་དཀར་པོ་འཕྲོས་པས་ཆུ་དང༌། ལྟེ་བའི་རིན་འབྱུང་ཡབ་ཡུམ་ལས་འོད་སེར་པོ་འཕྲོས་པས་ས་དང༌། སྙིང་དབུས་ཀྱི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོས་པས་སོ་སོ་སྐྱེ་བོ་དང༌། འཕགས་པའི་ཚོགས་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་རྣམས་བསྡུས་ཏེ་སོ་སོའི་ཡུམ་གྱི་ཞལ་དུ་ཞུགས་པ་སོགས་གོང་ལྟར་དམིགས་ལ། འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་པས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་ཅིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་
ཐོབ་པར་གྱུར་པའི་མོས་པ་དང་བཅས་གཟུངས་སྔགས་བཟླ། དེ་ལྟ་བུའི་རིམ་པས་ཐུན་དུ་བཅད་ལ་གཟུངས་འབུམ་ཕྲག་བཞི་སོགས་བཟླས་པས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཞི་ཞིང༌། ཚེའི་དངོས་གྲུབ་ཐོབ་པར་འགྱུར་ལ། སྔ་ཐུན་གྱི་མཐར་གཏོར་མ་འབུལ་ན་བསང་སྦྱང་བྱིན་བརླབ། རང་གི་མདུན་དུ་རྒྱལ་བ་ཚེ་དཔག་མེད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲངས་ལ། ཨ་ཀཱ་རོ་ལན་བདུན་གྱིས་གཏོར་མ་ཕུལ། མཆོད་བསྟོད་གསོལ་བ་གདབ། ཡིག་བརྒྱས་ཁ་བསྐང༌། བཛྲ་མུཿས་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་བ་སོགས་བྱའོ། །རྫོགས་རིམ་ལ་བརྟེན་ནས་ཚེ་བསྲིང་བ་ནི། ལུས་གནད་བསྲང༌། རླུང་རོ་བསལ། རང་ཕྱི་དབྱིབས་ཀྱི་ཚེ་དཔག་མེད་ཡབ་ཡུམ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། སྤྱི་བོའི་རྣམ་པར་སྣང་མཛད་ཡབ་ཡུམ་ལ་ཐིམ། རྣམ་སྣང་ཡབ་ཡུམ་བདེ་བ་ཆེན་པོའི་ཉམས་ལྷག་པར་རྒྱས་ཤིང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་མགྲིན་པའི་སྣང་མཐའ་ཡབ་ཡུམ་ལ་ཐིམ། དེ་ལྟ་བུའི་ཚུལ་གྱིས་གསང་བའི་དོན་གྲུབ་ཡབ་ཡུམ་གྱི་བར་དུ་བསྒོམས་ལ། མཐར་དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང༌། རང་གི་གཞིར་གནས་ཀྱི་བདུད་རྩི་དཀར་དམར་དང་བཅས་པ་གྱེན་དུ་སོང་བས་ལུས་ཀྱི་ནང་ཐམས་ཅད་ཁྲིགས་མེར་གྱིས་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ལྷག་པར་རྒྱས། འཆི་མེད་གཉུག་མ་རྡོ་རྗེའི་ཚེ་མངོན་དུ་བྱས་པར་བསམས་ལ་རླུང་བུམ་པ་ཅན་འཛིན། གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག མཐར་རྟ་མགྲིན་གྱི་
གོ་ཆ་གསལ་བར་བསྒོམས་པས་རྒྱས་གདབ་བོ། །བཅུད་ལེན་ལ་བརྟེན་ནས་ཚེ་བསྲིང་བ་ནི། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་དམར་པོ་ལྷ་གཅིག་བུམ་གཅིག་གི་སྐབས་སུ་གསུངས་པའི་རིལ་བུ་ཚུལ་བཞིན་དུ་སྦྱར་བའམ། གཞན་ཡང་རྒྱུད་དང་གསོ་དཔྱད་ཀྱི་གཞུང་སོགས་ནས་འབྱུང་བའི་བཅུད་ལེན་གྱི་རིལ་བུའམ། སྨན་མར་སོགས་ལ་སྔགས་ཀྱིས་གདབ་ནས་ཐོ་རངས་ཀྱི་དུས་བསྟན་པས་ཀྱང་འཆི་བ་སླུ་ཞིང༌། ལང་ཚོ་དར་ལ་བབས་པ་དང༌། ཚེ་ཉི་ཟླ་དང་མཉམ་པ་སོགས་ཇི་སྐད་བཤད་པའི་ཡོན་ཏན་རྣམས་ལྷག་པར་འབྱུང་བ་ཡིན་ནོ། །འཆི་མེད་གྲུབ་པའི་རྒྱལ་མོའི་གསུང༌། །ཚེ་དཔག་མེད་མགོན་དཀར་པོ་ཡི། །གདམས་ཟབ་བདུད་རྩིའི་བུམ་བཟང་འདིས། །འགྲོ་ཀུན་རྟག་ཏུ་རྒྱལ་གྱུར་ཅིག །ཅེས་པའང་རྩ་བའི་ཡི་གེ་དང༌། གཞུང་རྙིང་པ་གཞན་དང༌། བླ་མ་ཕྱི་མའི་ཕྱག་བཞེས་ཀྱི་ཡིག་ཆ་རྣམས་ཀྱི་དགོངས་དོན་མདོ་ཙམ་དུ་བཏུས་ཏེ། དོན་ཚང་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས། བྱ་བྲལ་བ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་སིདྡྷི་རསྟུ།། །།
ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་གྱི་རིམ་པ་འཆི་མེད་བདུད་རྩིའི་བཅུད་ལེན།
ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་གྱི་རིམ་པ་འཆི་མེད་བདུད་རྩིའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།
སྭ་སྟི། བདེ་ལྡན་པདྨོའི་ནགས་རུམ་ནས། །འཆི་མེད་བུང་བ་འོད་དཔག་མེད། །དེར་འདིར་ཐུགས་རྗེའི་འཕུར་ལྡིང་གིས། །བྱོན་ལ་ཕན་བདེའི་སྦྲང་རྩི་སྩོལ། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒོ་ནས་ཚེའི་དངོས་གྲུབ་བསྒྲུབ་པར་འདོད་པས་ཐོ་རངས་བྱ་ཁ་ཏའི་སྐད་མ་བསྒྲགས་པའི་དུས་ལ་སོགས་པར་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་དང༌། ཚད་མེད་བཞི་བསྒོམ། རང་གི་མདུན་གྱི་ནམ་མཁར་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ཉ་གང་ལ། དེའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་གསལ་ལ་དྭངས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང༌། འཛུམ་ཞིང་ཞི་བ་ཡིད་དུ་འོང་བའི་ཞལ་གཅིག་པ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་བཻ་ཌཱུརྻའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་བསྣམས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དབུ་སྐྲ་བུང་བ་ལྟར་གནག་པའི་རལ་པ་ཕྱེད་ཐོར་ཅོག་གི་ཚུལ་དུ་སྤྱི་བོར་བཅིངས་ཤིང༌། ལྷག་མ་ལན་བུར་གྱུར་པས་
ཞབས་ཀྱི་རྟིང་པའི་བར་དུ་སླེབ་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་དང་དར་དམར་པོའི་སྟོད་གཡོགས་དང༌། ལྷབ་ལྷུབ་ཀྱིས་བརྒྱན་པ། རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་བཞུགས་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། འཇིག་རྟེན་འདྲེན་པའི་སོགས་ནས་ཕྱག་འཚལ་ལོ། །ཞེས་པས་མཆོད་ཅིང་བསྟོད། བཅོམ་ལྡན་འདས་ལ་མོས་གུས་དྲག་པོ་དུང་པ་དང་བཅས་པས། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཤ་ར་«ས་ར་ཧ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཟེར་བའང་སྣང༌། »རེ། ཀ་ར་རེ་ཧཱུྃ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་རྗེས་རང་གི་སྣ་བུག་ནས་རླུང་རོ་ལན་གསུམ་བུས། དེ་རྗེས་སྣ་བུག་གཡོན་ནས་རླུང་ཅུང་ཟད་ཕྱིར་བུས་པའི་ཚེ། རང་གི་སྣ་རྩེ་ནས་རླུང་སྤོས་རེང་གི་དུ་བ་ལྟ་བུ་སྔོ་བུན་ནེ་སོང་བ། བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་བདུད་རྩིས་གང་བའི་ནང་དུ་སོང་བས། འཆི་མེད་བདུད་རྩིའི་ཆུ་རྒྱུན་རླུང་དེ་ལ་འཁྲིས་པའི་ཚུལ་དུ་སྐྱ་ནར་གྱིས་བབས་པ། རང་གི་ཁས་རྔུབ་པའི་ཚུལ་དུ་བྱས་པས། བདུད་རྩིའི་རྒྱུན་དཀར་པོ་དེ་ཁ་ནས་མར་ཆིལ་གྱིས་ཞུགས།
ལུས་ཐམས་ཅད་མེར་གྱིས་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སངས་ཀྱིས་དག འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ནས་རླུང་བུམ་པ་ཅན་ཅི་ཐུབ་འཛིན། དེ་ལྟར་ལན་ལྔའམ། བཅུའམ། བཅོ་ལྔའམ། ཉི་ཤུ་ནས་བརྒྱ་ཡི་བར་ཅི་འགྲུབ་བྱ། རྗེས་དམིགས་པ་སྔར་ལྟར་བྱེད་ཅིང༌། ངག་ཏུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ། ཞེས་བརྒྱ་སྟོང་ལ་སོགས་པ་བཟླ། ཡང་སྔར་བཞིན་མཆོད་བསྟོད་བྱས་པས། མདུན་གྱི་བཅོམ་ལྡན་འདས་འོད་ཟེར་དམར་པོའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ་པས་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་ལམ་གྱིས་གྱུར་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་ལ་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་ལུས་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་གཟུངས་རིང་ཉེར་གཅིག་བཟླ། དགེ་བ་འདི་ཡིས་མྱུར་དུ་ནས། ས་ལ་འགོད་པར་ཤོག ཅེས་སོགས་བསྔོ་བ་སྨོན་ལམ་བྱ། འདི་ལ་བརྟེན་ནས་ཚེ་སྒྲུབ་ཞག་བདུན་མ་བྱེད་པར་འདོད་པས། ལོ་གསར་ཟླ་བ་སོགས་ཀྱི་ཡར་ངོའི་ཚེས་གཅིག་སོགས་གཟའ་སྐར་གང་བཟང་ནས་ཞག་བདུན་གྱི་བར་ལ་མཚམས་ཤིན་ཏུ་དམ་པར་བཅད། ཟས་རྡོར་དཀར་དང་གུང་ཚིགས་མ་ཡོལ་བར་བྱེད། ཞོག་རེ་བཞིན་ཁྲུས་བྱ་ཞིང༌། གྲུབ་ན་གསོ་སྦྱོང་གི་སྡོམ་པ་བླང་ཞིང་ཚ་བཞེས་ཡན་ལ་ཐུན་གཅིག ཚ་བཞེས་གྲོལ་ནས་གུང་ཚིགས་ཡན་ལ་ཐུན་གཅིག་བྱ། ཐུན་རེ་ལ་ཉམས་སུ་ལེན་ཚུལ་སྔར་ལྟར་བྱ་ཞིང༌། དེ་ཡང་རླུང་སྦྱོར་དང་སྔགས་སྤེལ་མར་བྱེད་པ་ཡིན་པས། རླུང་ལྔ་བཅུ་ནས་བརྒྱ་མན་ཅི་རིགས། སྔགས་སྟོང་ནས་ཁྲི་མན་ཅི་འགྲུབ་བཟླ། གཟུངས་རིང་ཡང་ཐུན་རེ་ལ་ཉེར་གཅིག་ནས་བརྒྱའི་བར་ཅི་འགྲུབ་བཟླ། མཐར་བསྔོ་བ་སྨོན་ལམ་སོགས་སྔར་ལྟར་མཚུངས། ཉི་མ་ཕྱེད་མན་ཤེར་སྙིང་སོགས། ཟློག་པ་དང་སྲུང་འཁོར་ཁོ་ན་ལ་འབད། ནུབ་མོ་གཉིད་དུ་འགྲོ་ཁར་
ནུབ་ཕྱོགས་བདེ་བ་ཅན་ལ་སྔས་གཏད་དེ་སེང་གེའི་ཉལ་སྟབས་ཀྱིས་ཉལ། རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་པས། རྨི་ལམ་དུ་སྐུ་མཐོང་བ། གསུང་ཐོས་པ་ལ་སོགས་དང༌། ཉི་ཟླ་འཆར་བ། སྒྲ་གཅན་ལས་གྲོལ་བ། ནམ་ལངས་པ་དང༌། ལྷུང་བཟེད་དང་བུམ་པ་སོགས་སྣོད་དཀར་གསུམ་གྱིས་གང་བ། སཱཙྪ་དཀར་པོས་ལུང་པ་ཁེངས་པ་སོགས་དགེ་བའི་ལྟས་དུ་མ་དང་ཁྱད་པར་ཚེ་ལོ་འདི་ཙམ་ཐུབ་ཅེས་པའི་ལུང་བསྟན་ངེས་པ་ཅན་དང༌། སྲོག་ཆགས། ཕྲེང་བ། ཤིང་ཐོག ཟན་རིལ། སྦ་སྨྱུག་ཚིགས་ཅན། དཔེ་ཤོག་ཉ་ག་ལ་སོགས་པའི་ཚེ་འདི་ཙམ་ཐུབ་པའི་གྲངས་ལུང་སྟོན་པའི་བརྡའི་རྣམ་པ་མཐའ་ཡས་པ་ཞིག་འོང་བས། དེ་དག་ཤིན་ཏུ་གསང་བར་བྱ། གལ་ཏེ་ལུང་བསྟན་མ་བྱུང་ན། སླར་ཡང་ཞག་བདུན་བསྐྱར་བས་ངེས་པར་འབྱུང་བ་ཡིན་ནོ། །དེ་ལྟར་ཞག་བདུན་མའི་དུས་དང༌། རྒྱུན་གྱི་ཉམས་ལེན་གྱི་ཚེ་ཡང་ཚིག་གཞན་གྱིས་བར་མ་ཆོད་པའི་སྨྲ་བཅད་དམ་པོ་དང་ཐེ་ཚོམ་མེད་པའི་ཡིད་ཆེས་ཁྱད་པར་ཅན་གྱི་སྒོ་ནས་འབད་རྩོལ་གྱིས་ཉམས་སུ་བླངས་པས། ཇི་སྐད་བཤད་པ་བཞིན་འབྱུང་བ་ནི་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །འཕགས་ཡུལ་གྲུབ་དབང་པདྨའི་ངང་ཚུལ་གང༌། །གངས་ཅན་འདི་ན་རོང་སྟོན་ཆོས་ཀྱི་རྗེ། །རྗེ་བཙུན་དམ་པའི་ཐུགས་བཅུད་བདུད་རྩིའི་རྒྱུན། །རྒྱུན་ཆད་མེད་པར་བླ་མའི་དྲིན་ལས་ཐོབ། །གང་འདིར་རིས་མེད་བསྟན་པའི་སྦྱིན་བདག་ཚེ། །ནོར་འཛིན་སྐྱོང་བ་ངག་དབང་མཚན་ཅན་གྱི། །རྒྱུན་གྱི་ཉམས་བཞེས་ཚུལ་དུ་བཀོད་པ་ནི། །ཤཱཀྱའི་བཙུན་པ་བློ་གསལ་མིང་ཅན་ནོ། །ཨཱ་ཡུཿཔུཎྱེ་ཝརྡྷ་ཀུ་རུ་མངྒ་ལཾ་བྷ་བནྟུ།། ༈ །ཚེ་སྒྲུབ་ཞག་བདུན་མའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ། དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་ཚེ་དཔག་མེད། །རྒྱལ་བས་རྗེས་བཟུང་གྲུབ་པའི་རྒྱལ་མོའི་ཞབས། །རྣལ་འབྱོར་ཀུན་གྱི་གཙུག་རྒྱན་ཏེ་ཕུ་པར། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཐམས་ཅད་མཁྱེན་
པ་རོང་སྟོན་ཆོས་ཀྱི་རྗེ། །ཐུགས་ཀྱི་སྲས་མཆོག་ནམ་མཁའ་དཔལ་ལྡན་པ། །ཀུན་སྤངས་ཆོས་རྗེ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་ཡི༴ །དེ་ལྟར་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཏེ། །ཕུན་ཚོགས་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་ཚེ་སྒྲུབ་ཞག་བདུན་མའི་ཉེ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས་པ་འདི་ཡང་ཡུལ་གཙང་སྟོད་ཀྱི་བཙུན་པ་བློ་གསལ་གྱིས་སྙུག་རི་ཁང་བཟང་གི་དབང་པོའི་ཕྱོགས་ཀྱི་བ་གམ་ལྔ་པའི་མེ་ཏོག་མདངས་ཅན་གྱི་གནས་སུ་སྦྱར་པའི་ཡི་གེ་པ་ནི་མགོན་པོ་འོད་ཟེར་གྱིས་བགྱིས་པའོ།། ༈ །ཁ་སྐོང་ནི། གྲུབ་པའི་དབང་ཕྱུག་ཀུན་སྤངས་ཆོས་རྗེ་ལ། །གསོལ་བ་འདེབས་སོ་ཚེ་ཡི༴ །རྒྱལ་བ་ཀུན་དངོས་ཚར་ཆེན་ཆོས་ཀྱི་རྗེ། །འཇམ་དཔལ་རྡོ་རྗེ་མཁྱེན་བརྩེའི་དབང་ཕྱུག་དང༌། །མཁས་གྲུབ་དབང་པོ་བསླབ་གསུམ་རྒྱལ་མཚན་ལ། །གསོལ་བ༴ །དུས་མིན་འཆི་བ་ལས་རྒྱལ་དབང་ཕྱུག་མཚན། །ཚེ་དཔག་མེད་དངོས་ཁྱབ་བདག་ཞྭ་ལུ་པ། །མགོན་དེས་རྗེས་བཟུང་ངག་གི་དབང་ཕྱུག་ལ། །གསོལ་བ༴ །ཅེས་པའི་ཁ་སྐོང་འདི་ཡང་ལྷ་བཙུན་ངག་གི་དབང་ཕྱུག་གིས་བྲིས་པའོ། །དེའི་ཁ་སྐོང་ནི། །སློབ་བཤད་བསྟན་པའི་ཉི་མ་རྨོར་ཆེན་རྗེ། །གདམས་པ་རྒྱ་མཚོའི་མངའ་བདག་གནས་གསར་བ། །འཆི་མེད་མཆོག་བརྙེས་འཇམ་དཔལ་རྡོ་རྗེ་ལ། །གསོལ་བ༴ །མཁས་གྲུབ་ཆེན་པོ་ཀུན་དགའ་དཔལ་བཟང་པོ། །གདམས་པའི་མཛོད་འཛིན་ཀུན་དགའ་འཇམ་དཔལ་དང༌། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་པའང་ཡོངས་འཛིན་དམ་པ་རྣམ་པ་བཞི་ལས་གདམ་ཟབ་འདི་ཉིད་ཀྱི་བཀའ་དྲིན་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ། །།
ཚེ་སྒྲུབ་ཟབ་མོ་རྗེ་བཙུན་ས་སྐྱ་པའི་གདམས་པ་ཐུན་མོང་མ་ཡིན་པ།
ཚེ་སྒྲུབ་ཟབ་མོ་རྗེ་བཙུན་ས་སྐྱ་པའི་གདམས་པ་ཐུན་མོང་མ་ཡིན་པ་བཞུགས་སོ།།
ཨོཾ་སྭ་སྟི། ཚེ་སྒྲུབ་ཟབ་མོ་རྗེ་བཙུན་ས་སྐྱ་པའི་གདམས་པ་ཐུན་མོང་མ་ཡིན་པ་ནི། སྔ་དྲོ་གཉིད་སད་མ་ཐག སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་བརྗོད། རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། བྱང་ཤར་དུ་ཀུན་གཟིགས་ཚེ་དཔག་མེད། ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། ལྷོ་ནུབ་ཏུ་ཡེ་ཤེས་ཚེ་དཔག་མེད། ནུབ་བྱང་དུ་མི་གཡོ་ཚེ་དཔག་མེད། ཐམས་ཅད་ཀྱང་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མཚན་དཔེས་མཛེས་པ། རིན་པོ་ཆེ་དང་དར་གྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་བཞུགས་པ། ཞེས་བརྗོད། དེ་ནས་ཚེ་དཔག་མེད་ལྷ་དགུའི་སྐུ་རེ་རེ་ལ་དམིགས་ནས། གཟུངས་རིང་
ཚར་རེ་རེ་སྟེ་དགུ་ངག་བཅད་ནས་བཟླ། བཟླས་པ་ཚར་བ་དང༌། བདག་ལ་འཆི་མེད་ཚེའི་དངོས་གྲུབ་ཟབ་མོ་སྩལ་དུ་གསོལ། ཞེས་གསོལ་བ་སྙིང་ཐག་པ་ནས་བཏབ་པས། སྙིང་དབུས་ཀྱི་ཚེ་དཔག་མེད་ལྷ་དགུས་དབུ་གུག་གུག་ལན་གསུམ་མཛད་ནས་དངོས་གྲུབ་སྩལ་བར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སྨོན་ལམ་བཏབ་ཅིང་འཆི་མེད་རྡོ་རྗེའི་སྐུ་ཐོབ་སྙམ་པ་ཐེ་ཚོམ་མེད་པ་བྱས་ན། འཆི་བ་སླུ་ངེས་པའི་མཆོག་ཡིན་ཏེ། སློབ་དཔོན་ཛེ་ཏཱ་རིའི་ཐུགས་ཀྱི་ཡང་སྙིང༌། ས་སྐྱ་པའི་གདམས་པ་ཐུན་མོང་མ་ཡིན་པ། གྲུབ་རྒྱལ་གླིང་པ་པད་རྒྱལ་གྱི་ཐུགས་དམ་དུ་ས་སྐྱ་པ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་སྦྱིན་པ་ཡིན་པས་ཉམས་ལེན་ཆག་མེད་གལ་ཆེ། འདི་ཉམས་སུ་ལེན་པ་རྣམས་ཀྱིས་ཚེ་དཔག་མེད་ལྷ་དགུའི་དབང་གིས་རྒྱུད་སྨིན་པར་བྱས་ནས། མན་ངག་འདིའི་ལུང་རྒྱུན་ལྡན་གྱི་བླ་མ་ལས་བླངས་ཏེ་བརྩོན་པར་བྱའོ།། ༈ །ཚེ་སྒྲུབ་ཀྱི་གདམས་པ་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་འཆི་མེད་མཆོག་སྟེར་ཅེས་
བྱ་བ་བཞུགས་སོ། །འཆི་མེད་མགོན་པོ་སློབ་དཔོན་སྙིང་པོའི་ཞབས། །ཛེ་ཏཱ་རི་པ་རྡོ་རྗེ་གདན་པ་གཉིས། །བ་རི་ལོ་ཙཱ་རྗེ་བཙུན་བརྩེ་བ་ཆེ། །བསོད་ནམས་རྩེ་མོ་རྣམས་ལ་གསོལ་བ་འདེབས། །གྲགས་པ་རྒྱལ་མཚན་ས་པཎ་རྡོ་རྗེ་འོད། །འཁོན་སྟོན་ཤར་པ་འཇམ་དབྱངས་རྒྱལ་བའི་མཚན། །སྤང་ཁང་པ་དང་སྲུ་ལུང་བྲག་ཕུག་པ། །རི་ཁྲོད་གྲུབ་ཆེན་རྣམས་ལ་གསོལ་བ་འདེབས། །དཔལ་ཚུལ་ཤར་ཆེན་ངོར་ཆེན་རྡོ་རྗེ་འཆང༌། །དཔལ་ལྡན་རྡོ་རྗེ་ས་སྐྱ་ལོ་ཙཱ་བ། །ཀུན་དགའ་རིན་ཆེན་བསོད་ནམས་དབང་པོ་དང༌། །ཀུན་དགའ་བསོད་ནམས་རྣམས་ལ་གསོལ་བ་འདེབས། །བསོད་ནམས་དབང་ཕྱུག་ཀུན་དགའ་བཀྲ་ཤིས་དང༌། །བསོད་ནམས་རིན་ཆེན་ཀུན་དགའ་བློ་གྲོས་ཞབས། །བྱམས་པ་བསྟན་འཛིན་ནམ་མཁའ་འཆི་མེད་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས། །སྙིང་དབུས་པད་ཟླར་བཅོམ་ལྡན་ཚེ་དཔག་མེད། །འཁོར་བཅས་མངོན་གསུམ་བཞིན་དུ་གསལ་བཏབ་པས། །ལྷར་སྣང་སྒྱུ་མའི་ཏིང་འཛིན་འགྲུབ་པར་ཤོག །གཟུང་སྔགས་ཟབ་མོའི་བཟླས་བརྗོད་དྲི་བཞོན་གྱིས། །འཆི་མེད་དབང་པོའི་ཐུགས་རྗེའི་སྤྲིན་དཀར་པོ། །རྩེ་གཅིག་བསྐུལ་ལས་མཁྱེན་བརྩེའི་བདུད་རྩི་ཡིས། །ཚེ་དང་ཡེ་ཤེས་པདྨོ་རྒྱས་གྱུར་ཅིག །མདོར་ན་གནས་སྐབས་དུས་མིན་འཆི་བ་སོགས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་ཚོགས་ཤིང༌། །མཐར་ཐུག་འཆི་མེད་རྡོ་རྗེའི་སྐུ་ཐོབ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་ནོས་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའོ།། །།
འཆི་མེད་རང་གཟུངས་སུ་གྲགས་པ་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་རྗེས་གནང་།
འཆི་མེད་རང་གཟུངས་སུ་གྲགས་པ་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་རྗེས་གནང་བྱ་ཚུལ་བཞུགས་སོ།། རིང་བརྒྱུད།
ན་མོ་ཨཱ་ཡུརྡེ་པ་ཡ། བུམ་པ་དང་གཏོར་མ་སོགས་སྤྱི་ལྟར་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་དྭངས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་འཛུམ་ཞིང་ཞི་བ་ཡིད་དུ་འོང་བ། ཞལ་གཅིག་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་བཻ་ཌཱུརྻའི་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དབུ་སྐྲ་བུང་བ་ལྟར་གནག་པའི་རལ་པ་ཕྱེད་ཐོར་ཅོག་གི་ཚུལ་དུ་སྤྱི་བོར་བཅིངས་ཤིང༌། ལྷག་མ་ལན་བུར་གྱུར་པས་རྟིང་པའི་བར་དུ་སླེབ་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་དབང་གི་ལྷ་སྤྱན་དྲངས། སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་
ལྷག་མ་སྤྱི་བོར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཛོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །གཟུངས་རིང་«ཨ་མཱ་ར་ཎི། »ཐུང་བཟླ། འདོད་དོན་གསོལ་འདེབས་བྱ། བདག་བསྐྱེད་ལྟར་མདུན་བསྐྱེད་བསྒྲུབ། བུམ་བཟླས་བྱ། སློབ་མ་རྣམས་ཁྲུས་བྱས། མེ་ཏོག་བཀྱེ་བསྡུ། མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་སོགས་ཚར་གསུམ། དཀོན་མཆོག་གསུམ་ལ་སོགས་ཚར་གསུམ། སློབ་མ་ལྷར་བསྐྱེད། རྗེས་གནང་ལ། བླ་མ་ལྷ་ལ་མོས་གུས་བྱས་པས། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཤྭ་ར་རེ། ཀ་ར་རེ་ཧཱུྃ། ཞེས་ལན་གསུམ་གྱིས་གསོལ་བ་འདེབས། བླ་མའི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག དེའི་སྤྱི་བོ་ལས་འོད་ཟེར་དཀར་པོ་བྱུང༌། རང་གི་སྤྱི་བོར་ཐིམ་པས་ལུས་ཐམས་ཅད་གང༌། ལུས་ཀྱི་སྡིག་སྒྲིབ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་བྱ། མགྲིན་པ་ལས་འོད་
ཟེར་དམར་པོ་བྱུང༌། རང་གི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག འཆི་མེད་སོགས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང༌། རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་སོགས། སླར་ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་དང༌། བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་ཚེ་དཔག་མེད་པའི་རྣམ་པར་སྤྱན་དྲངས་པ་རང་ལ་ཐིམ་པར་གྱུར། སྔགས་བརྗོད། བུམ་དབང«་བདག་བསྐྱེད་ལྟར་དབང་བསྐུར་རྒྱས་གདབ་བྱ། »བསྐུར། བླ་མ་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། རང་གི་སྙིང་གའི་སྔགས་ཕྲེང་ལ་ཐིམ་པའི་མོས་པས་ལན་གསུམ་རྗེས་ཟློས་བྱ། མཐར་འོད་འཕྲོས། སྣོད་བཅུད་ཐམས་ཅད་རང་ལུས་སྔགས་ཕྲེང་ཧཱུྃ་དང༌། ཐིག་ལེ་ནཱ་དའི་བར་དུ་རིམ་བཞིན་བསྟིམས་ཏེ་སྟོང་ཉིད་ཀྱི་ངང་ལ་མཉམ་པར་བཞག རྗེས་དམ་ཚིག་ཁས་བླང་སོགས་འདྲའོ། །སླར་མདུན་བསྐྱེད་ལ་མཆོད་བསྟོད་གཏོར་མ་འབུལ། དགེ་རྩ་བསྔོ། བཟོད་གསོལ། གཤེགས་གསོལ་སོགས་བྱའོ། །སྒྲ་མི་སྙན་གྱི་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པའི་ལེའུ་ཚན་ནོ།། །།སརྦཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་མངྒ་ལཾ་བྷ་བ་ཏུ།། །།
འཆི་མེད་རང་གཟུངས་ཞེས་བྱ་བ་ལུས་སྲུང་བའི་རིག་སྔགས་ཀྱི་སྒོམ་བཟླས།
འཆི་མེད་རང་གཟུངས་ཞེས་བྱ་བ་ལུས་སྲུང་བའི་རིག་སྔགས་ཀྱི་སྒོམ་བཟླས་བཞུགས་སོ།།
ན་མོ་ཨ་མི་ཏ་བྷཱ་ཡ། སྔ་དྲོའི་ཚེ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། དེའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བཞི་པའི་སྟེང་དུ། གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་རང་ཉིད་ཚེ་དཔག་ཏུ་མེད་པར་བསྒོམ། དེའི་ལུས་ཀྱི་དབུས་དྲང་པོ་ན་ཡར་སྲོག་པ་རྩ་ལྕགས་ཀྱི་སྲོག་ཤིང་རྡོ་རྗེ་རྩེ་ལྔ་པ་ལྟ་བུ་ཞིག་བསམ། དེའི་ལྟེ་བར་སེམས་ཧཱུྃ་མཐིང་ནག་གཅིག་ཏུ་བསམ། དེ་ལ་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་ཡོད་པ་ལ་སེམས་གཏད་དེ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། ཨོཾ་ཨརྟེ། ཝརྟེ། ནརྟེ། ཀུ་ནཏྟེ། ཏ་ཀེ ཐ་ཀེ ཐ་ར་ཀེ ཨུ་རུ་མ་ཏི། རུ་རུ་མ་ཏི། རུ་རུ་ཧི་ལི། མི་ལི། སབ་བད་ཉ། སྩིས་པ། དག་ག ན་མོ་སབ་པ། སམ་མ། བུདྡྷཱི་ཎཾ། སིདྡྷཱནྟུ། མེ་མནྟྲ་པ་དཱ་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་ཅི་ནུས་བཟླས་ལ། དགེ་བ་བསྔོ། ཚེ་རིང་བའི་སྨོན་ལམ་གདབ་བོ། །ས་ལོ་འཇམ་པའི་རྡོ་རྗེ་ལས། །བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། །ཇི་ལྟར་ཐོས་བཞིན་བྲིས་པ་སྟེ། །དགེ་བས་འཆི་མེད་རྒྱལ་བར་གྱུར། །ཨཱ་ཡུཿཔུཥྚིཾ་ཀུ་རུ།། ༈ །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། ཨོཾ་ཨཊྚེ།
ཝ་ཊྚེ། ནཊྚེ། ཊ་ཀེ ཐ་ཀེ ཐ་ར་ཀེ ཨུ་རུ་མ་ཊི། རུ་རུ་མ་ཊི། ཏུ་རུ་ཧི་ལི། མི་ལི་སརྦ་ཛྙཱ། སྩི་བི་པ། དག་ག ན་མོ་སམྦ། སཾ་མ། བུདྡྷཱ་ནཱཾ། སིདྡྷནྟུ། མེ་མནྟཱ་པ་དཱ་སྭཱ་ཧཱ། སྔགས་དཀྱུས་མ་ཟུར་ཆག་ཕྱི་མ་ལེགས་སྦྱར་ཡིན་གསུངས་སོ། །སརྦ་དཱ་མངྒ་ལཾ།། ༈ །སྒྲ་མི་སྙན་གྱི་རང་གཟུངས་ཀྱི་གདམས་པའི་གསལ་བྱེད་ཡིད་ཆེས་སུམ་ལྡན་ཞེས་བྱ་བ་བཞུགས། །གང་གི་ཞལ་ལུང་འཆི་མེད་གྲུབ་པའི་ཆུས། །བསྐལ་པར་འཚོ་བའི་རྒྱལ་སར་དབང་སྐུར་མཁན། །བླ་མ་དུས་དགྲའི་མགོན་ལ་ཕྱག་འཚལ་ནས། །འཆི་མེད་རང་གཟུངས་རྣམ་དག་ཡི་གེར་བསྟར། །བྱ་བའི་རྒྱུད་ཀྱི་རིག་སྔགས་བཅངས་ཙམ་གྱིས། །སྐྱེ་བ་དྲན་པའི་གཟི་བྱིན་སྟོང་འབར་བ། །ཡི་གེ་ལྔ་བཅུ་བདུན་པའི་བདག་ཉིད་ཅན། །བསླབ་ཀུན་བཏུས་པར་ལུས་སྲུང་སྔགས་སུ་བཤད། །གཞན་དུ་བྱང་གི་སྒྲ་མི་སྙན་པ་ཡི། །ཚེ་ཡི་རང་གཟུངས་ཞེས་བྱའི་གདམས་པ་འདིར། །ལོ་རྒྱུས་གདམས་པ་དངོས་དང་མཇུག་གསུམ་ལས། །དང་པོར་ཡོངས་གྲགས་དགྲ་བཅོམ་བློ་གྲོས་དཔལ། །ཞེས་བྱས་ཀླུ་སྒྲུབ་ཕུག་པར་ལོ་བཅུ་གཅིག །སྒྲུབ་པར་མཛད་པའི་ནངས་གཅིག་ཐོ་རངས་ཁར། །པཎྜི་ཏ་ཡི་ཆ་ལུགས་འཆང་བ་ཞིག །
བྱུང་བ་དེ་ཡི་ངག་ནས་ང་ཉིད་ནི། །ནཱ་གཱརྫུ་ན་ཞེས་བྱ་དེ་ན་རེ། །མི་དཀར་ཞིག་གིས་ལམ་སྣ་འདྲེན་འོང་གིས། །གང་ཚེ་ཁྱོད་ཉིད་འདི་རུ་མ་སྡོད་པར། །བལ་བོད་མཚམས་སོང་སྒྲུབ་པ་གྱིས་ཤིག་དང༌། །ལུང་བསྟན་འོང་གི་གསུངས་ནས་མི་སྣང་གྱུར། །ནམ་ཞིག་མི་དཀར་གྱིས་བྱུང་བལ་བོད་མཚམས། །ནགས་ཁྲོད་དབེན་པ་ཞིག་ཏུ་ཁྲིད་དེ་དེར། །བདེ་བར་བག་ཕབ་ཉིན་མོར་ཆབ་གཏོར་འབད། །རྟག་ཏུ་ཏིང་ངེ་འཛིན་ལ་མཉམ་གཞག་པས། །བདེ་བར་གཤེགས་ལས་ལུང་བསྟན་ཐོབ་པ་དང༌། །ཤ་ཡི་སྤྱན་གྱིས་གླིང་བཞི་གཟིགས་པ་དང༌། །ནམ་འཆི་ངེས་མཁྱེན་ཆབ་གཏོར་བཏང་བ་ན། །མི་མ་ཡིན་པ་མང་པོ་འདུ་བ་བྱུང༌། །ལན་ཅིག་མི་མ་ཡིན་པ་མང་པོ་དག །མྱ་ངན་སྨྲེ་སྔགས་འདོན་མཐོང་དེར་བྱོན་ནས། །རྒྱུ་མཚན་དྲིས་པས་ད་སྟེ་ཞག་བདུན་ནས། །དགྲ་བཅོམ་ཁྱེད་ནི་འགྲོངས་བར་ཤེས་ནས་ངུ༌། །ཞེས་ཟེར་དེ་བཞིན་ངས་ཀྱང་ཤེས་མོད་ཀྱི། །ཁྱེད་ཅག་ངུས་པས་ཕན་པ་མཆིས་སམ་ཅི། །འཆི་བར་མི་འགྱུར་ཐབས་ཤིག་མི་མ་ཡིན། །ཁྱེད་ཅག་རྣམས་ལ་མེད་དམ་ཞེས་གསུངས་པར། །ལྷ་འདྲེ་གཞན་རྣམས་ངེད་ལ་ཅི་ཡོད་ཟེར། །དེ་ན་ལྷ་ཡི་དགེ་བསྙེན་ཡིན་ཟེར་བ། །མིག་གཡས་ལོང་དང་རྐང་གཡོན་འཐེང་བ་ཞིག །མི་འཆིའི་ཐབས་དེ་སྒྲ་མི་སྙན་གླིང་ན། །འཆི་མེད་རང་གཟུངས་ཞེས་སུ་བྱ་བ་མཆིས། །གཟུངས་དེ་བགྲངས་པས་ལུས་ལ་རྒས་པ་མེད། །འཆི་མེད་ཚེ་ལོ་སྟོང་ཕྲག་ཐུབ་པ་ཡོད། །ཅེས་ཟེར་འོ་ན་དེ་ཉིད་ལེན་ནུས་སུ། །དྲིས་པའི་ལན་དུ་དགེ་བསྙེན་དེ་ན་རེ། །ང་ཡིས་ནུས་ཟེར་དེ་ལ་དགྲ་བཅོམ་པས། །ཁྱོད་ནི་མིག་ཡ་ལོང་དང་རྐང་ཡ་འཐེང༌། །གླིང་གཞན་ཐག་རིང་བགྲོད་པར་མི་ནུས་སམ། །ལུས་འདིས་འགྲོ་མིན་རྫུ་འཕྲུལ་མཐུ་ཡིས་སོ། །འོ་ན་ལོ་གཅིག་ཚུན་ཆད་ལོན་ནམ་གསུངས། །ལོ་གཅིག་འགོར་ན་ཁྱོད་ལ་ཕན་པ་ཅི། །དེ་བས་མ་གྲོངས་ཙམ་དུ་སླེབ་ཅེས་སོང༌། །བྱང་གི་སྒྲ་མི་སྙན་ནས་བླངས་ཏེ་བྱུང༌། །དགྲ་བཅོམ་ལ་ཕུལ་གཟུངས་དེ་
བཀླགས་པའི་མཐུས། །ལོ་གྲངས་སྟོང་ཐུབ་དགྲ་བཅོམ་འཆི་མེད་གྲགས། །དེ་ཡིས་བལ་པོ་ཧཾ་དུ་ཙནྡྲར་སྩལ། །ལོ་བརྒྱ་ལོན་ནོ་དེས་ཀྱང་དར་མ་གྲགས། །ཞེས་བྱ་ལ་གནང་ལོ་གྲངས་གཉིས་བརྒྱར་ཐུབ། །དེ་ལ་མངའ་རིས་དཔལ་ཆེན་རྒྱལ་བ་གྲུབ། །དྲུག་ཅུར་སོན་ཚེ་གདམས་པ་འདི་ཐོབ་པས། །ལོ་བརྒྱར་ལོན་ཡང་ལུས་སྟོབས་ཆུང་མ་སོང༌། །དེ་ལས་སློབ་དཔོན་ཡེ་ཤེས་རྒྱལ་བས་ཞུས། །ལོ་གྲངས་སུམ་བརྒྱར་ཐུབ་བོ་དེ་ལས་ཀྱང༌། །སློབ་དཔོན་ཤེས་རྒྱལ་«ཤེས་རབ་གྲགས་ཞེས་པའང་འབྱུང༌། »གྱིས་ཞུས་ཉིས་བརྒྱའི་ལོ། །ལོན་ནས་དབུས་ཀྱི་ལྷ་ས་ལན་གཉིས་བསྐོར། །དེ་ལ་ཛྙཱ་ན་སིདྡྷི་དེ་ལས་ཀྱང༌། །སངས་རྒྱས་གྲགས་ཀྱིས་ཡོན་དུ་ཡུམ་བར་མ། །བུམ་པ་བརྒྱ་སྐྱེས་ཞོ་དོའི་མཎྜལ་བཅས། །ནན་ཏན་གསོལ་བ་བཏབ་གནང་དེ་ནས་རིམ། །རྟོགས་ལྡན་རིན་ཆེན་བཟང་དང་ལྕང་ལུང་གི །གཞོན་ནུ་བློ་གྲོས་པཎ་ཆེན་ཤཱཀ་མཆོག་དང༌། །གཞོན་ནུ་ཆོས་གྲུབ་སོགས་ལས་རིམ་བཞིན་བརྒྱུད། །ཚུལ་འདི་ཞུ་དུས་ཡོན་དབུལ་དཀའ་སྤྱད་སོགས། །བླ་མ་མཉེས་པའི་ཞལ་ལས་བླང་བྱའོ། །གཉིས་པ་ཉམས་སུ་བླང་ཚུལ་ཐོ་རེངས་དུས། །སྐྱབས་གསུམ་ཡོན་ཏན་རྗེས་སུ་དྲན་པའི་བློས། །གཞན་དོན་བྱང་ཆུབ་བསྒྲུབ་ཕྱིར་ཚེ་བསྲིངས་ནས། །རྒྱལ་སྲས་སྤྱད་པ་སྤྱོད་སྙམ་འདི་སྐད་བརྗོད། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་སོགས་ཀྱིས་སྐྱབས་འགྲོ་སེམས་མཆོག་བསྐྱེད། །རང་ཉིད་པདྨ་དཀར་པོ་འདབ་བཞིའི་སྟེང༌། །ཐ་མལ་རང་ལུས་ཧཱུྃ་ཡིག་མཐིང་གར་གྱུར། །དེ་ལས་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ། །འོད་ཀྱི་རང་བཞིན་གྱུར་པའི་ལྟེ་བར་ཧཱུྃ། །སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བར་གསལ། །ཚིག་གཞན་དག་གིས་བར་མ་ཆད་པར་བཟླ། །ཡང་ན་བརྒྱུད་པ་གོང་མའི་ལུགས་ལྟར་ན། །
སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱ་བ་དང༌། །སྭ་བྷཱ་ཝ་སོགས་སྔགས་ཀྱིས་སྟོང་པར་བསྒོམ། །དེ་ཡི་ངང་ལས་པྃ་ལས་པདྨ་དཀར། །འདབ་མ་བཞི་པའི་ལྟེ་བ་ལ་གནས་པའི། །གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བའི་ནང༌། །རང་ཉིད་བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད། །སྐུ་མདོག་དམར་པོ་མཉམ་གཞག་ཚེ་བུམ་འཛིན། །རྒྱན་ལྡན་མཚན་དང་དཔེ་བྱད་འབར་བར་གསལ། །དེ་ཡི་ལུས་དབུས་དྲང་པོར་སྲོག་རྩ་ནི། །ལྕགས་ཀྱི་སྲོག་ཤིང་རྡོ་རྗེ་རྩེ་ལྔའི་དབྱིབས། །ལྟེ་བར་རང་སེམས་ཧཱུྃ་ཡིག་མཐིང་ནག་མཐར། །སྔགས་ཕྲེང་གཡས་སྐོར་ཡོད་པར་ཀློག་ཚུལ་བཟླ། སྔགས་ནི་འདིའོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། ཨིཊྚེ། པཊྚི། ནཊྚེ། ཀུ་ནཊྚེ། ཊཀྐེ། ཋཀྐེ། ཋ་རཀྐེ། ཨུ་རུ་མ་ཏི། རུ་རུ་མ་ཏི། རུ་རུ་ཧིལླི་མིལླི། སབྦ་ཛྙཱ། དུ་པ་དགྒ། །ན་མཿསབྦ། སམྨ་ས་མུཛྫྷཱ་ནཱི། སིཛྫྷཱནྟ་མེ་མནྟྲ་པཱ་དཱཿསྭཱ་ཧཱ། ཞེས་དང༌། ལུགས་གཅིག་ལ། ཨིཊྚེ། ཝཊྚེ། ནཊྚེ། ཀུ་ནཊྚེ། ཊ་ཀེ ཐ་ཀེ ཐ་ར་ཀེ ཨུ་རུ་མ་ཏི། རུ་རུ་མ་ཏི། རུ་རུ་ཧི་ལི་མི་ལི། སརྦཛྫྷཱ། སྩི་བི་ས་དགྒ། ན་མཿསམྨ། ས་མ་བུདྡྷཱ་ནཱཾ། སིདྡྷུནྟུ་མེ་མནྟྲ་པཱ་དཱཿསྭཱ་ཧཱ།«ཕྱི་མ་འདི་ལེགས་སྦྱར་གྱི་ལུགས་ཤས་ཆེ་བར་བཞེད་དོ།།» ཞེས་པ་བརྒྱ་རྩ་ལ་སོགས་ཅི་ནུས་བཟླ། །གསུམ་པ་དེ་མཐར་དགེ་བ་བསྔོ་བ་ནི། །དགེ་བ་འདི་ཡིས་བདག་སོགས་འགྲོ་བ་རྣམས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་གྱུར་ནས། བྱང་ཆུབ་སྤྱོད་པ་རྒྱ་མཚོ་ལེགས་སྤྱད་ཅིང༌། །བསྟན་དང་སེམས་ཅན་ཕན་པ་བསྒྲུབ་པར་ཤོག །བླ་མེད་བླ་མའི་ཐུགས་རྗེ་ལ་སོགས་པས། །བསྔོས་པ་འགྲུབ་པའི་བདེན་སྟོབས་བརྗོད་པར་བྱ། །གཟུངས་སྔགས་ཟབ་མོའི་རང་བཞིན་རྣོ་དཔལ་དང༌། །རྩུབ་མོའི་རེག་བྱ་འཛིན་པར་མི་བྱེད་མོད། །འཆི་བདག་ཆད་པའི་ནུས་པ་སྐད་ཅིག་ཉིད། །ཕྱེ་མར་བདར་བའི་ནུས་པ་རྫོགས་གྱུར་ཅིག །ཅེས་སྒྲ་མི་སྙན་གྱི་རང་གཟུངས་ཀྱི་གདམས་པའི་གསལ་བྱེད་ཡིད་ཆེས་སུམ་ལྡན་ཞེས་བྱ་བ་
འདི་ནི། འདིའི་སྐོར་གྱི་ཡིག་ཆ་ལོ་རྒྱུས་ཡོད་མེད་དང༌། ཞལ་ཤེས་ཅན་སོགས་མང་ཞིག་ཐོས་ཀྱང་སྔགས་ཀྱི་ཚིག་ལ་སྔར་ནས་མ་དག་པའི་རྒྱུན་ཞུགས་པ་ཕལ་ཆེར་ཡིག་མཁན་གྱིས་བསླད་པའི་རྒྱུས་སྟངས་གཅོད་དཀའ་བར་མཆིས་པར། བསླབ་བཏུས་ནས་འབྱུང་བ་དང་ས་སྐྱ་ལོ་ཙཱ་བའི་གསུང་བཞིན་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་ལེགས་སྦྱར་དང་ཟུར་ཆག་གི་ལུགས་ཀྱི་ཞུས་དག་སོ་སོར་མཛད་པ་དང༌། ཞྭ་ལུ་ལོ་ཆེན་གྱིས་ཞུས་དག་མཛད་པ་སྐད་གཉིས་སྨྲ་བའི་དབང་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་པའི་ཐུགས་ལ་མངའ་བའི་ལུང་བཅས་ལེགས་པར་ནོས་ནས་དེ་དག་གཙོར་བཟུང་གི་ཞུས་བསྟུན་དང་བཅས་ཏེ་ཉམས་སུ་བླང་བདེ་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་བྲིས་པ་ཨཱ་ཡུརྦི་སྟཱར་བྷ་བ་ཏུ།། ༈ །འཆི་མེད་རང་གཟུངས་ཀྱི་བརྒྱུད་པའི་གསོལ་འདེབས་རིང་འཚོའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ དགྲ་བཅོམ་འཆི་མེད་དབང་པོ་མ་ཏི་ཤྲཱི། །འཆི་མེད་གྲུབ་པ་ཧཾ་དུ་ཙནྡྲ་ཆེ། །རིག་སྔགས་གྲུབ་པ་དར་མ་གྲགས་ཀྱི་ཞབས། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །རྟེན་འབྲེལ་མཆོག་བརྙེས་དཔལ་ཆེན་རྒྱལ་བ་གྲུབ། །གྲུབ་མཆོག་དམ་པ་ཡེ་ཤེས་རྒྱལ་པོའི་ཞབས། །ཡོན་ཏན་མཆོག་མངའ་སློབ་དཔོན་ཤེས་རབ་གྲགས། །གསོལ་བ་འདེབས་སོ༴ །རྡོ་རྗེའི་སྐུ་བརྙེས་ཛྙཱ་ན་སིདྡྷི་ཆེ། །ཚད་མར་གྱུར་པའི་སྐྱེས་མཆོག་བསོད་ནམས་མགོན། །རིན་ཆེན་བསྟན་པའི་མངའ་བདག་སེང་གེའི་མཚན། །གསོལ་བ༴ །རྩོད་དུས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །དེ་སྲས་སྐད་གཉིས་སྨྲ་བ་རིན་རྣམ་པ། །མཁས་པའི་དབང་པོ་བཀྲ་ཤིས་རིན་ཆེན་ཞབས། །གསོལ་བ༴ །སྙིགས་དུས་ཐམས་ཅད་མཁྱེན་པ་ཀུན་དགའི་མཚན། །མཁས་ཤིང་གྲུབ་བརྙེས་དཀོན་མཆོག་རྒྱལ་མཚན་དཔལ། །མཁྱེན་བརྩེའི་མངའ་བདག་སངས་རྒྱས་རིན་
ཆེན་རྗེ། །གསོལ་བ༴ །འཆི་མེད་རིགས་འཁྲུངས་ཀུན་དགའ་བསོད་ནམས་དང༌། །སྨྲ་བའི་ཉི་མ་དཀོན་མཆོག་ལྷུན་གྲུབ་ཞབས། །ཐར་འདོད་ཡོངས་ཀྱི་དེད་དཔོན་བྲང་ཏི་པ། །གསོལ་བ༴ །གསུང་རབ་རྒྱ་མཚོའི་མཐར་སོན་སྒྲུབ་ཁང་པ། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་དཔལ་མཆོག་ཞབས། །འབྲེལ་ཚད་དོན་ལྡན་སངས་རྒྱས་ཕུན་ཚོགས་ལ། །གསོལ་བ༴ །ཏིང་འཛིན་གཡེལ་མེད་བསོད་ནམས་དཔལ་ལྡན་དང༌། །དྲེགས་ལྡན་གཙུག་གི་ནོར་བུ་དཔལ་ཆོས་ཞབས། །གཞན་དོན་ལྷུར་མཛད་རིན་ཆེན་མཆོག་གྲུབ་ལ། །གསོལ་བ༴ །སྒྲུབ་ལ་རབ་བརྩོན་འཇམ་དབྱངས་བསྟན་འཛིན་དང༌། །སྡོམ་བརྩོན་འདུས་པའི་གཙོ་བོ་པུནྱེའི་«མཁན་ཆེན་བསོད་ནམས་དཔལ་འབྱོར། »མཚན། །དཔལ་ལྡན་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ཆེར། །གསོལ་བ༴ །གཞན་ཡང་བརྒྱུད་པའི་བཀའ་བབ་ཐ་དད་པའི། །མཁས་གྲུབ་དམ་པ་རྣམས་དང་རིག་སྔགས་མཆོག །དངོས་སུ་འདོམས་མཁས་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྒོམ་བཟླས་ཉམས་སུ་བསྟར་བའི་མོད་ཉིད་ལ། །བཅུད་ལེན་གྲུབ་པ་ཇི་བཞིན་ལང་ཚོ་འབར། །རྡོ་རྗེའི་སྲོག་རྩ་འགྲུབ་ཅིང་ལུས་སེམས་ཀྱི། །དྭངས་མ་ཡི་གེའི་དབྱིབས་སུ་བརྟན་པར་ཤོག །དེ་མཐུས་ཕྱི་ནང་འབྱུང་བཞི་འཁྲུགས་པ་དང༌། །གཟུགས་ཅན་གཟུགས་མེད་ཉེར་འཚེས་མི་ཚུགས་པར། །དྲི་མེད་ལུང་ལས་ལུས་སྲུང་རིག་སྔགས་ཤེས། །ཡང་ཡང་བསྔགས་པའི་བདེན་པ་མངོན་གྱུར་ཤོག །ཚེ་འདིར་ཐེག་མཆོག་སྒྲུབ་པ་མཐར་ཕྱིན་ནས། །རྒྱ་ཚད་བཀོད་པ་བྱིས་བློའི་ཡུལ་མིན་པའི། །ཞིང་ཁམས་མཆོག་ཏུ་ཚེ་དཔག་མེད་མགོན་གྱི། །ཡོན་ཏན་ཀུན་རྫོགས་སངས་རྒྱས་འགྱུར་པར་ཤོག །ཅེས་པ་འདི་ནི་ལོག་འཚོའི་ཁུར་གྱིས་ནོན་པའི་བླ་གཟུགས་ངག་དབང་ལེགས་གྲུབ་ཀྱིས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་གསན་ཡིག་ཚིགས་བཅད་མའི་ཁ་བསྐངས་ཏེ། རྗེ་བླ་མ་ཀུན་མཁྱེན་མཁྱེན་བརྩེའི་ཞབས་
ཀྱི་སྐུའི་རིམ་གྲོར་དམིགས་ནས་སྒོ་གསུམ་འཇུག་པ་གཅིག་ཏུ་བསྒྲིལ་ནས་གསོལ་བ་བཏབ་པའོ། །སརྦ་དཱ་མངྒ་ལཾ།། ༈ །འཆི་མེད་རང་གཟུངས་ཀྱི་སྒོམ་བཟླས་སྙིང་པོར་དྲིལ་བ་ཚེ་སྲོག་རྡོ་རྗེར་བསྒྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པར། འཇིགས་པ་ཐམས་ཅད་ལས་སྲུང་བའི་ཕྱིར་རིག་སྔགས་འཆང་གི་སྡེ་སྣོད་ལས་བྱུང་བའི་ཚེ་རབས་མཐའ་ཡས་པ་དྲན་པར་འགྱུར་བའི་རྒྱུ་མཐུ་ཆེ་བའི་ཡི་གེ་ལྔ་བཅུ་རྩ་བདུན་པོ་འདི་ལ་ཡང་སྦྱར་བར་བྱའོ། །ཞེས་ལུས་སྲུང་བའི་རིག་སྔགས་ཐམས་ཅད་ཀྱི་མཆོག་ཏུ་གསུངས་ཤིང༌། གཞན་དུ་སྒྲ་མི་སྙན་པའི་འཆི་མེད་ཀྱི་རང་གཟུངས་ཞེས་ཡོངས་སུ་གྲགས་པའི་གདམས་པ་ཟབ་མོ་འདི་ལ་རིང་བརྒྱུད་དང༌། ཉེ་བརྒྱུད་ཀྱི་བཀའ་སྲོལ་ཐ་དད་པ་དང༌། སྔ་མ་ལའང་ལོ་རྒྱུས་དང༌། སྔགས་དང༌། དམིགས་པའི་ཁྱད་པར་ཅུང་ཟད་མི་འདྲ་བ་མང་དུ་འབྱུང་བ་ལས། འདིར་རེ་ཞིག་རང་གི་བླ་མ་ལས་ཐོབ་པའི་ཉམས་ལེན་ཕྱོགས་གཅིག་པ་དག་མདོར་བསྡུས་སུ་བྱ་བའི་ཚུལ་ལའང་གཉིས་ཏེ། དང་པོ་ཚེ་སྒྲུབ་གཙོ་བོར་བྱེད་ན། ཐོ་རངས་བྱ་ཁ་ཏའི་སྐད་མ་བསྒྲགས་པའི་དུས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་ལྟར་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ལྕགས་ཀྱི་པདྨ་འདབ་མ་བརྒྱད་པའི་སྟེང་དུ། རང་ཉིད་སྐད་ཅིག་གིས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ཚེའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་སྣ་ཚོགས་པའི་རྒྱབ་ཡོལ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་
པད་ཟླའི་གདན་ལ་རང་འདྲ་བའི་ཚེ་དཔག་མེད་མཚན་དཔེའི་གཟི་བྱིན་གྱི་དཔལ་མཆོག་ཏུ་འབར་བ། རང་གི་སྤྱི་བོ་ནས་གསང་གནས་ཀྱི་བར་ལ་ལྕགས་ཀྱི་སྲོག་པ་རྩ་མདའ་སྨྱུག་ཙམ་པ་སྐྱ་ཁོལ་བ་གཅིག་གི་ནང་ན་སྲོག་རླུང་དམར་ལྗང་ཁྱུག་གེ་བས་གང་བའི་ཕྱི་རོལ་གྱི་ཕྱོགས་བཞིར་གཟུངས་སྔགས་རྣམས་བདུད་རྩིའི་ཟིལ་པ་ཕྲམ་མེར་གནས་པའི་དབུས་སུ་རང་སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ག་འོད་ཟེར་འབར་བ། སྤྱི་བོའི་ཚེ་དཔག་མེད་ལ་གུས་འདུད་དུང་པ་ཞིག་བྱས་པས་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་འབྱུང་བ་བཞིའི་དྭངས་བཅུད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་བསྡུས་ནས་ཕྱག་གི་བུམ་པའི་ནང་དུ་ཞུགས། ཞུ་ཞིང་ལུད་པའི་བདུད་རྩིའི་རྒྱུན་སྤྱི་བོར་ཚངས་པའི་བུ་ག་ནས་མར་བྱུང༌། ལུས་ཐམས་ཅད་དང་ཁྱད་པར་དབུ་མའི་ནང་ཐམས་ཅད་གང་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷཱ་ཡ། ཏདྱ་ཐཱ། ཨིཊྚེ། བཊྚེ། ནཊྚེ། ཀུ་ནཊྚེ། ཊཀྐེ། ཋཀྐེ། ཋ་རཀྐེ། ཨུ་རུ་མ་ཏི། རུ་རུ་མ་ཏི། རུ་རུ་ཧིལླི་མིལླི། སབྦ་ཛྙཱ། དུ་པདགྒ། ན་མཿསབྦ། སམྨས་མུཛྫྷཱ་ནི། སིཛྫྷཱུ་་མེ་མནྟྲ་པཱ་དཱཿསྭཱ་ཧཱ།«འདིའི་ཨིཊྚེ་མན་ཡི་གེ་ལྔ་བཅུ་རྩ་བདུན་ཡོད།» ཞེས་བརྒྱ་རྩ་ལ་སོགས་པ་ཅི་ཙམ་ནུས་པ་ཚིག་གཞན་གྱིས་བར་མ་ཆོད་པར་བཟླས་པའི་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །འཆི་མེད་རིག་འཛིན་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ། །གཉིས་པ་སྲུང་བ་གཙོ་བོར་བྱེད་ན། སྲོད་འཁོར་གྱི་དུས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་ཐ་མལ་དུ་གནས་པའི་སྙིང་གར་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་
ལྷ་མིའི་རིག་འཛིན་རྣམས་ཀྱི་ཚེ་དང་བསོད་ནམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་མཐུ་སོགས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ལུས་སྐད་ཅིག་གིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པ་ལས་ཡེ་ཤེས་ཀྱི་མེ་འབར་བས་མི་མཐུན་པའི་ཕྱོགས་ཐམས་ཅད་སྲེག་པར་བྱེད་པའི་ལྟེ་བ་སྦུབས་སྟོང་གི་དབུས་སུ་རང་སེམས་ཉི་མ་ལ་གནས་པའི་ཧཱུྃ་ཡིག་མཐིང་ག་དྲི་མ་མེད་པའི་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོ་བའི་མཐར་སྔགས་ཀྱི་ཕྲེང་བ་དཀར་པོ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་བྱིན་རླབས་ནུས་མཐུ་གཟི་བརྗིད་ཐམས་ཅད་དང༌། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ཚེ་དཔལ་བསོད་ནམས། བཀྲག་དང་གཟི་མདངས། འབྱུང་བ་བཞིའི་དྭངས་བཅུད། ཉི་མ་དང་ཟླ་བའི་གཟི་བརྗིད་དང་བཅས་པ་འོད་ཟེར་གྱི་སྣ་ལ་སྤྱན་དྲངས་ཏེ་རྡོ་རྗེའི་ལྟེ་བའི་ས་བོན་དང་སྔགས་ཕྲེང་ལ་ཐིམ་པས། རང་གི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། གཟི་བརྗིད་དང་ནུས་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པའི་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་གྱུར། ཅེས་དམིགས་ལ་སྔགས་ཀྱི་ཕྲེང་བར་ཡིད་རྩེ་གཅིག་ཏུ་གཏད་དེ་ཅི་ནུས་བཟླས་མཐར་བསྔོ་སྨོན་སོགས་བྱའོ། །རིམ་པ་གཉིས་པོ་འདི་དག་ཀྱང་ཚེ་སྒྲུབ་དང་སྲུང་བའི་དམིགས་པ་གཙོ་ཆེ་བ་ཙམ་གྱི་སྒོ་ནས་དེ་ལྟར་སྨོས་པ་ལས། དོན་དུ་གཉིས་ཀའང་ཚེ་སྒྲུབ་ཀྱི་མཆོག་ཡིན་པས་རང་གང་མོས་ཤིག་ཤིན་ཏུ་གསང་བའི་སྒོ་ནས་ཆག་མེད་དུ་ཉམས་སུ་བླངས་པ་ཁོ་ནས་དོན་འགྲུབ་ཅིང༌། དུས་ཀྱི་ངེས་པའང་དམིགས་བསལ་མ་བྱུང་ན་ཉི་མ་ནུབ་ཁ་མ་གཏོགས་ནམ་ཉམས་སུ་བླང་ཡང་རུང་བར་གསུངས་སོ། །ཡང་འདིའི་སྒོ་ནས་འཆི་ལྟས་སོགས་ཟློག་པའི་སླད་དུ་བསྙེན་པ་དམིགས་བསལ་བཏང་བར་འདོད་ན། ཟླ་བ་གང་ཡང་རུང་བའི་
ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཞག་བདུན་དུ་མཚམས་ཤིན་ཏུ་དམ་པར་བཅད་ལ་གོང་གི་དམིགས་པ་གཉིས་རང་གང་མོས་སམ། གཉིས་ཀ་ཉམས་སུ་ལེན་ན། སྔ་དྲོའི་ཐུན་ལ་ཚེ་སྒྲུབ་དང༌། ཕྱི་ཐུན་ལ་སྲུང་བ་གཙོ་བོར་བྱས་ཏེ་སྨྲ་བ་གཞན་སྤངས་ལ་ཐུན་བཞི་སོགས་ཀྱི་རིམ་པས་སྒོམ་བཟླས་རྩེ་གཅིག་ཏུ་འབད་པ་ན། ཐོག་མར་རྨི་ལམ་ངན་པ་དང༌། ཆོ་འཕྲུལ་ཆེར་འགྲོ་བ་བྱུང་ན་བར་ཆད་ཀྱི་སློང་ཡིན་པས་མ་འཇིགས་པར་བྱ། དེ་ནས་རྨི་ལྟས་ཇི་བཟང་དུ་འགྲོ་སྟེ། ཉི་མ་ཤར་བ་དང༌། ནམ་ལངས་པ་དང༌། མེ་ཏོག་འཐུ་བ་དང༌། གྲུ་དང་གཟིངས་ལས་བརྒལ་བ་དང༌། ནམ་མཁའ་ལ་འཕུར་བ་དང༌། རི་མཐོན་པོར་ཕྱིན་པ་དང༌། མཁར་གྱི་རྩེ་དང༌། མཆོད་རྟེན་གྱི་རྩེ་ལ་འདུག་པ་དང༌། སྐས་དང་ལྕགས་ཐག་ལ་འཛེགས་པ་དང༌། གྱེན་ལ་ཕྱིན་པ་སོགས་དགེ་བའི་མཚན་མ་རྨི་ན་དངོས་གྲུབ་ཐོབ་པའི་ལྟས་སུ་ཤེས་པར་བྱའོ། །དེ་ལྟ་བུའི་རྒྱུན་དང་དུས་ཀྱི་ཉམས་ལེན་ལ་བརྩོན་པས་ལུས་ཀྱི་ཤེད་སྐྱེ་ཞིང་ཁམས་བདེ། རིག་པ་དྭངས་ཤིང་དགེ་སྦྱོར་འཕེལ། མདངས་དང་གཟི་བརྗིད་ཆེ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང༌། མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་ཞི་བ་དང༌། ཕྱིར་ཟློག་པའི་མཆོག་ཏུ་འགྱུར། ཁྱད་པར་དུས་མ་ཡིན་པའི་འཆི་བའི་འཇིགས་པ་མཐའ་དག་ཞི་ཞིང་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཅིག་ཏུ་གཞན་ལ་ཕན་པར་འདོད་པའི་བསམ་པ་ཁོ་ནས་བླ་མ་ལས་ཐོས་པ་དང༌། ཡིག་རྙིང་གསལ་བྱེད་དང་བཅས་པའི་དགོངས་བཅུད་སྙིང་པོར་དྲིལ་ཏེ་སྦྱར་བ་འདིས་ཀྱང་འགྲོ་ཀུན་འཆི་མེད་གྲུབ་པའི་རིག་འཛིན་གྱི་གོ་འཕང་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །ཨཱ་ཡུརྫྙཱ་ན་བརྡྷནྟུ།། །།
སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་སྐོར་རྣམས།
སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་སྐོར་རྣམས་བཞུགས་སོ། །ཉེ་བརྒྱུད་དག་སྣང༌།།
དེ་ཡང་ཆུ་མོ་གླང་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ནུབ་བྱང་གནམ་མཚོའི་བཀྲ་ཤིས་དོ་བོ་ཆེར་གནས་ཞག་བགྱིས་ཏེ་ཡོད་པའི་སྐབས་ཞིག་གཉིད་དུ་སོང་བའི་ཉམས་སྣང་དུ་བུ་མོ་རས་གོས་གྱོན་པ་མདའ་དར་དང་ལྕགས་ཀྱུ་ཐོགས་པ་ཞིག་བྱུང་སྟེ། ང་ནི་གྲོང་ཁྱེར་སེར་སྐྱ་ནས་འོངས་པ་ཡིན། རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀས་དོ་ནུབ་ཚོགས་ཀྱི་འཁོར་ལོ་ཞིག་དང་ཚེའི་དབང་བསྐུར་ཟབ་མོ་ཞིག་བྱེད་དགོས་པ་སྔོན་གྱི་སྨོན་ལམ་མཐུ་བཙན་པ་ཡིན་ཞེས་ཟེར་བས། དེ་དང་བསྡེབས་ནས་ཕྱིན་པ་ལས། གྲོང་ཁྱེར་ཆེན་པོ་ཞིག་གི་དབུས་སུ་སྔགས་འཆང་ཆེན་པོ་ཞིག་ཨ་རུའི་སྡོང་པོ་ལ་སྐུ་རྒྱབ་གཏད་དེ་བཞུགས་འདུག་པ་དང་མཇལ་ཞིང༌། དེར་བསྡད་དེ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་མོད་ལ་སྔགས་འཆང་དེས་ཚེ་དབང་འདི་ཡོངས་སུ་རྫོགས་པར་བསྐུར་ཏེ་ཁྱོད་ཀྱི་ཚེ་དབང་འདི་སྔོན་ཆད་དྷ་ན་ཤྲཱིས་གནང་བ་ལས་ཅུང་ཟད་རྒྱས་པར་ཡོད་ཅིང༌། འདི་དངོས་གཞི་སྟ་གོན་དང་འབྲེལ་བརྟེན་འབྲེལ་རྨད་དུ་བྱུང་བ་ཡིན་པས་བོད་དུ་སྤེལ་བར་གྱིས་ཤིག སྔོན་དུས་རྫོགས་ལྡན་བསྐལ་པ་བཟང་ལགས་ཀྱང༌། །ད་ལྟ་དུས་ངན་སྙིགས་མ་ལྔ་བདོ་ལ། །བོད་དུ་མི་བཟད་མཚན་ལྟས་སྣ་ཚོགས་འབྱུང༌། །ཁྱད་པར་ལྕགས་ཁྱིའི་གནམ་ལོ་ཤར་
བའི་དུས། །བོད་ཁམས་ཨ་ཊོ་ཏ་ཡི་དམག་གིས་འཇོམས། །མཐའ་དཀྱིལ་ལོག་པས་སངས་རྒྱས་བསྟན་པ་ཉམས། །ཁྱད་པར་ཨཱ་མིང་ཁྱི་ལོ་པ་ཞིག་འབྱུང༌། །དེས་ནི་བོད་ཀུན་སྡུག་ལ་གཏོད་པར་བྱེད། །ནམ་ཞིག་རིགས་ཡལ་བརྒྱུད་ཉམས་ཆོས་ཀྱང་ཉམས། །ནམ་མཁའི་མཚན་ཉིད་དེ་དག་གསལ་བར་འབྱུང༌། །མ་རན་བར་དུ་མ་སྟོན་རྒྱ་ཡིས་བཏབ། །ཆོས་འདི་སྤེལ་ལ་ཚིག་འདི་དམ་དུ་ཆོངས། །ཞེས་གསུངས་ཏེ་བདག་ཀྱང་ཚུར་ལ་ལོག་ཡོང་བའི་སྣང་བ་བྱུང་བ་དང་ནམ་ལངས་འདུག་གོ །ཞེས་པ་འདི་ཡང་ཉམས་སྣང་བྱུང་ཚུལ་ལོ་རྒྱུས་སུ་བཀོད་པའོ། །གཞན་བདག་རང་གི་ཚེ་ཚད། མཐའ་དམག་དབུས་སུ་ཡོང་མི་ཡོང༌། བྱང་བོད་རྣམས་ཀྱི་སྐྱིད་སྡུག་ལེགས་ཉེས་ཇི་ལྟར་ཡོང་སོགས་མང་དུ་ལུང་བསྟན་པའི་སྣང་བ་བྱུང་ཡང་ཟོག་བརྫུའི་རྒྱུར་འགྲོ་ཞིང༌། བཀའ་རྒྱ་དམ་པར་འདུག་པས་རེ་ཞིག་མ་བྲིས་པ་ཆོས་བདག་རྣམས་ཀྱིས་བཟོད་པར་མཛོད་ཅིག བླ་མ་དང་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྒྲ་མི་སྙན་གྱི་ཚེ་དབང་གི་སྒྲུབ་ཐབས་ནི། བགེགས་ལ་གཏོར་མས་བརྔན་ཏེ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པདྨ་དམར་པོ་འདབ་
མ་སྟོང་དང་ལྡན་པའི་ཟེའུ་འབྲུའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་རྣམས་ཀྱི་ཚེའི་བར་ཆད་བསལ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་ཅིང༌། སྣང་བ་མཐའ་ཡས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་མདོག་ཅན་ཞི་ཞིང་འཛུམ་པའི་ངང་ཚུལ་དང་ལྡན་ཞིང༌། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་རིན་པོ་ཆེ་མརྒད་མཆོག་གི་ལྷུང་བཟེད་འཆི་མེད་ཚེའི་བདུད་རྩིས་གང་བ་བསྣམས་ཤིང༌། དབུ་སྐྲ་བུང་བ་ལྟར་གནག་པའི་ཐོར་ཚུགས་ལས་ཕྱེད་རྒྱབ་ཏུ་འཕྱང་བ། རིན་པོ་ཆེ་དུ་མའི་དབུ་རྒྱན། སྙན་རྒྱན། ཕྱག་གདུབ། ཞབས་གདུབ། མགུལ་རྒྱན། དཔུང་རྒྱན། སེ་མོ་དོ། སྐ་རགས། དོ་ཤལ་གྱིས་མཛེས་པ། དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་གསོལ་བ། མེ་ཏོག་དམར་པོའི་རྒྱན་གྱིས་ཀུན་ནས་བརྒྱན་པ། ཤིན་ཏུ་བཟང་པོའི་ངང་ཚུལ་དང་ལྡན་པའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དབང་བསྐུར་སྐུ་གང་དྲི་མ་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར་པར་དམིགས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨཱ་ཡུརྫྙཱ་ན་སྱ་དེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་སྦྱར་ནས་ཤབྡའི་བར་གྱིས་མཆོད། ཧྲཱིཿའོད་མཚན་རབ་འབར་པདྨ་རཱ་གའི་མདོག །འཛུམ་ཞིང་བཟང་པོའི་ངང་ཚུལ་འཇོ་སྒེག་ལྡན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །མཉམ་པར་བཞེངས་ཤིང་རལ་བའི་ཐོར་ཚུགས་ཅན། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བར་དག་ཏུ། །མརྒད་
མཆོག་གི་ལྷུང་བཟེད་འཆི་མེད་ཀྱི། །བདུད་རྩིས་གང་བས་ཚེ་ཡི་དངོས་གྲུབ་སྩོལ། །བརྒྱད་གཉིས་ན་ཚོད་མཚན་དཔེའི་དྲྭ་བས་བརྒྱན། །འོད་དཔག་མེད་པའི་བཀའ་རྟགས་ཅོད་པན་ཅན། །བཅོམ་ལྡན་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །རང་གི་ཐུགས་ཀར་ཉི་མའི་གདན་ལ་ཧྲཱིཿཡིག་དམར་པོའི་མཐར་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང༌། ཚེ་ལ་དབང་བ་ཐམས་ཅད་ཀྱི་ཚེ་དང༌། ལྷ་མིའི་སྣོད་བཅུད་ཐམས་ཅད་ཀྱི་དཔལ་འབྱོར་བསོད་ནམས་ཐམས་ཅད་བསྡུས་ཏེ། རང་གི་ཐུགས་ཀའི་ས་བོན་ལ་ཐིམ་པར་མོས་ཏེ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོཿསངྒྷཱ་ཡ། ཏདྱཐཱ། ཨོཾ་ཨཏྟེ། པཏྟེ། ཀུ་ནཏྟེ། ཏ་ཀེ ཐ་ཀེ ཋ་རཀྐེ། ཧི་ལི་མི་ལི། སམྦྷཀྵ། བི་བྷཀྵུ། སི་སནྡཱུ། ན་མོ་བྷ་ག་ཝ་ཏ་ཡེ་སྭཱ་ཧཱ། ཞེས་བཟླའོ། །དེ་དག་ནི་བདག་གི་རྣལ་འབྱོར་རོ། །མདུན་བསྐྱེད་ནི། བསང་སྦྱང༌། སྟོང་པའི་ངང་ལས་མདུན་དུ་དཀྱིལ་འཁོར་གྱི་དབུས་ཀྱི་ཐོད་པའི་བདུད་རྩིའི་ནང་དུ་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། ཞེས་པ་ནས། ཕྱག་འཚལ་བསྟོད། བར་བདག་བསྐྱེད་ལྟར་བསྒོམས་ལ། རང་དང་མདུན་བསྐྱེད་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་འཕྲོས། སྟོང་གསུམ་གླིང་བཞི་གླིང་ཕྲན་ཐམས་ཅད་ཀྱི་བཅུད་དང༌། སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་དཔལ་མ་ལུས་པ་དང༌། དུས་གསུམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ཀྱི་ལྷུང་བཟེད་ནང་དུ་བྱུང་བས་གང་ཞིང་ལྷུད་ཀྱིས་ལུད་པ། ཐོད་པའི་ཚེ་ཆང་དང༌། རིལ་བུ་དང༌། གཞན་ཡང་ཚེའི་ཡོ་བྱད་ཐམས་ཅད་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་སྐད་ཅིག་ཉིད་ལ་སྩོལ་ནུས་པའི་མཐུ་སྟོབས་དང་ལྡན་པར་གྱུར། ཅེས་དམིགས་ཏེ་བཟླས་པ་བྱ། སྐབས་སུ་མཆོད་ཅིང་བསྟོད་ལ་བཟླས་པ་ལ་འབད། ཐུན་བསྡུ་བའི་ཚེ་མཆོད་ཅིང་བསྟོད་ལ། རྒྱ་གར་
ནས་བྱོན་པའི་བླ་མ་དྷ་ན་ཤྲཱིས་གནང་བའི་ཚེ་སྒྲུབ་གཟུངས་སྔགས་བྱིན་རླབས་ཅན་འདིས། ཚེ་རིང་ནད་མེད་བདེ་སྐྱེད་ཕུན་སུམ་ཚོགས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་ལན་གསུམ་གྱིས་སྨོན་ལམ་བཏབ། ཆོ་ག་ལྷག་ཆད་བྱུང་བ་དང་སོགས་ཤློ་ཀ་དང༌། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ལ་ཕོག་སྟེ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་ལུས་སྟོད་སྨད་ནས་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ་ཞིང༌། ཧྲཱིཿཡིག་ཀྱང་འོད་ཀྱི་གོང་བུར་གྱུར་ཏེ་མི་དམིགས་པ་གྱུར་པའི་ངང་དུ་བཞག་སྟེ། ཤིས་པ་རྒྱས་པར་བརྗོད་ཅིང༌། བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །ཞེས་སྒྲ་མི་སྙན་པའི་ཚེ་སྒྲུབ་འདི་ཡང་དབང་གི་ཉེར་མཁོ་བླ་མ་དྲོ་སྐྱིད་ཀྱིས་བསྐུལ་བར་དབུ་རུ་སྟོད་ཀྱི་དགེ་སློང་དྷརྨཱ་ཀཱིརྟིས་སྤྲོ་ལུང་གི་ལྕང་ལོ་ཅན་དུ་བྲིས་པའོ།། ༈ །བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིའི་བྱིན་རླབས་བྱ་བར་འདོད་ན། གནས་དབེན་པར་རྡུལ་ཚོན་དམར་པོའི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་ནང་དུ་ཚེ་རིལ་སློབ་མའི་གྲངས་ཅན་བླུགས་པའི་ཁར་མེ་ལོང་དང་དར་དམར་གྱིས་བཀབ། སྟེང་དུ་གཟུངས་ཐག་བཏགས་ལ་བཞག དེའི་ཤར་དུ་ཚེ་གཏོར་ཟླུམ་པོ་བྲིས་སྐུས་བརྒྱན་པ་དང་ཤེལ་རྡོ། ལྷོར་གཙོ་བུམ་དང་མདའ་དར། ནུབ་ཏུ་ཆང་ཕུད་དང་དྲིའི་ཆུ། བྱང་དུ་སློབ་དཔོན་གྱི་ཡོ་བྱད་རྡོ་རྗེ་དྲིལ་བུ་དང་ལས་བུམ་རྣམས་བཀོད། མཐར་མཆོད་པས་བསྐོར། བདག་བསྐྱེད་དང་མདུན་བསྐྱེད་གཞུང་ལྟར་བསྒྲུབ་ཅིང་བསྙེན་ཛཔ྄་ལ་འབད། དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་བསྐྲད་ཅིང་གྲལ་དུ་འཁོད་ལ་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་པོ་སོགས་གསུམ་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ་བྱ། དེ་ནས་ཐོག་མར་བྱང་སྒོའི་ལས་
བུམ་གྱིས་ཁྲུས་བྱ་ཞིང༌། ཧཱུྃ། དྲི་མ་རྣམ་དྲུག་སྦྱོང་བའི་ཕྱིར། །ཡན་ལག་བརྒྱད་ལྡན་ལྷ་ཡི་ཆུ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སྡིག་སྒྲིབ་བག་ཆགས་ངན་པ་ཀུན། །བྱང་ཞིང་དག་པའི་རྒྱུར་གྱུར་ཅིག །ཅེས་སྦྱིན་ནོ། ལས་གཞུང་ལྟར་མངོན་རྟོགས་ཀྱི་དམིགས་པ་དཔོད་ལ་རོལ་མོ་བྱ་ཞིང་བྱིན་དབབ། དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་ནུབ་སྒོའི་དྲི་ཆུས་ཡི་གེ་གསུམ་བཟླ་ཞིང་གནས་གསུམ་དུ་ཐིག་ལེ་བྱ། དེ་ནས་དབང་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་ནི། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། ཞེས་གསོལ་བ་བཏབ། ལྷོ་སྒོའི་བུམ་པས་དབང་བསྐུར་ཞིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག ཚེ་དཔག་མེད་ཀྱི་སྐུ་བསྒོམ་པ་ལ་དབང་ངོ༌། །ཞེས་དོན་བཤད། ནུབ་སྒོའི་ཆང་ཕུད་སྦྱིན་ཞིང༌། དུས་གསུམ་སངས་རྒྱས་ཀུན་གྱི་ནི། །མི་ཟད་གསུང་དབྱངས་མངའ་བ་རྣམས། །མ་ལུས་ངོ་བོ་ཨ་མྲྀ་ཏ། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག ཚེ་དཔག་མེད་ཀྱི་གཟུངས་སྔགས་བཟླ་བ་ལ་དབང་ངོ༌། །ཞེས་དོན་བཤད། ཤར་སྒོའི་ཤེལ་རྡོའི་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་ཐུགས་ནི་དྲི་མ་མེད། །སྒྲིབ་བྲལ་གསལ་དྭངས་མཉམ་ཉིད་སྤྲོས་དང་བྲལ། །ཕྱི་ནང་གཉིས་མེད་དོན་དམ་ཐིག་ལེའི་དབང༌། །སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་རྟོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག ཚེ་དཔག་མེད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་དབང་ངོ༌། །ཞེས་དོན་བཤད། ཤར་སྒོའི་ཚེ་གཏོར་མགོ་བོར་བཞག བྷྲཱུྃ། །ཚེ་ཟན་དངོས་གྲུབ་སྣ་ཚོགས་འདོད་རྒུའི་གཏེར། །མི་ཟད་ལོངས་སྤྱོད་ལྡན་
པའི་བང་མཛོད་དེ། །སྤྱད་ན་བསྐལ་པ་སྟོང་གི་ཚེ་ཡང་སྲིང༌། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པར་བྱ། །ཞེས་དང༌། གཟུངས་སྔགས་བརྗོད། དེ་ནས་ཚེ་དབང་དངོས་ནི། སློབ་མ་རྣམས་སློབ་དཔོན་དང་དཀྱིལ་འཁོར་ལ་གཡས་སྐོར་གསུམ་དང་ཕྱག་གསུམ་འཚལ་དུ་བཅུག་ལ། སྔགས་ཀྱིས་གསོལ་བ་འདེབས་པ་ནི། ན་མོ་བུདྡྷཱ་ཡ། སོགས་གཞུང་ལྟར་རྗེས་ཟློས་བྱ། དམིགས་པ་འབོགས་པ་ནི། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་ཚེ་དཔག་མེད་ཚོན་གང་པ་རེ་རྒྱང་གིས་ཐོན། མདུན་གྱི་ཚེ་ཆང་ཚེ་རིལ་དང་བཅས་པ་ལ་ཐིམ་ཞིང༌། དེ་དག་ལྕེ་ཐོག་ཏུ་སླེབ་པ་ཙམ་གྱིས། ཁྱེད་རང་གི་ཚེ་ཉམས་པ། བརྐུས་པ། ཡར་བ། གས་པ། འཁྱམས་པ། ཞིག་པ། རལ་བ། འཐོར་བ། ཆག་པ་རྣམས་དང༌། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ཚེ་ཐུང་བའི་མཚན་མ་ཡོད་པ་དེ་དག་རབ་ཏུ་ཞི་ནས། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་སྙམ་དུ་མོས་པ་མཛོད། ཅེས་བརྡ་སྤྲད། དཀྱིལ་འཁོར་གྱི་སྟེང་གི་ཐོད་ནང་གི་ཚེ་རིལ་དང་ཚེ་ཆང་སྦྱིན། དེ་ནས་རྒྱ་གར་ནས་བྱོན་པའི་སོགས་གཞུང་ལྟར་སྨོན་ལམ་ཚར་གསུམ་བརྗོད་དུ་བཅུག་གོ །དེ་ནས་དེ་དག་མི་ཉམས་པའི་ཕྱིར་རྒྱས་གདབ་པ་ནི། ལྷོ་སྒོའི་ཚེ་མདའ་ཐོགས་ཏེ་སློབ་མའི་སྤྱི་བོར་རྒྱ་གྲམ་དུ་རེག་ཅིང༌། བྷྲཱུྃ། ཨཱ་ཡུཿའཆི་མེད་སྣང་མཐའ་ཚེ་ཡི་བདག །རྡོ་རྗེ་སློབ་མའི་ལུས་ངག་ཡིད་གསུམ་ལ། །ཚེ་ཡི་དངོས་གྲུབ་རྒྱ་ཆེར་སྩལ་བ་འདི། །མི་འགྱུར་མི་ཤིགས་སྲ་བརྟན་རྡོ་རྗེ་ལྟར། །འཇིགས་མེད་མདའ་དར་རྒྱ་གྲམ་རྒྱ་ཡིས་ཐོབ། །ཚེ་ལ་བར་ཆད་མེད་པར་མཛད་དུ་གསོལ། །ཞེས་བརྗོད། དེ་ལྟར་དབང་རྣམས་ཡོངས་སུ་རྫོགས་པར་མནོས་པའི་དམ་ཚིག་ཏུ་ལུས་ཀྱི་སྒོ་ནས་ཁམས་དྲུག་ལྡན་གྱི་མི་ནས། མདོར་ན་སྲོག་ཆགས་གྲོག་སྦུར་ཙམ་གྱི་སྲོག་ཀྱང་མི་བཅད་པ་དང༌། ངག་གི་སྒོ་ནས་གཞན་གྱི་སྲོག་ཆོད་ཅིག་ཅེས་བསྒོ་བ་དང༌། སྲོག་གཅོད་པ་ལ་
ལེགས་སོ་སྦྱིན་པ་དང༌། ཡིད་ཀྱི་སྒོ་ནས་གཞན་གྱི་སྲོག་གཅོད་པ་ལ་རྗེས་སུ་ཡི་རང་བ་དང༌། འདི་དག་གི་སྲོག་བཅད་དོ་སྙམ་པའི་འདུན་པ་སྤང་ཞིང༌། ཚེ་དཔག་མེད་འདི་ཉིད་ཀྱི་གཟུངས་སྔགས་ལ་འབད་ན་ཚེའི་དངོས་གྲུབ་ཐོབ་པར་འགྱུར་ཞིང༌། གནས་སྐབས་སུ་ཚེའི་བར་ཆད་ཞི་ཞིང་བསམ་པ་འགྲུབ། མཐར་ཐུག་མགོན་པོ་ཚེ་དཔག་མེད་པའི་གོ་འཕང་ཐོབ་པར་ངེས་པས་ན། དེ་ལྟར་ཁྱད་པར་གྱི་དམ་ཚིག་རྣམས་དང༌། གཞན་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ལུས་པ་སྲོག་ལ་བབ་ཀྱང་བསྲུང་སྙམ་དུ་བསམས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་སོགས། གཏང་རག་གི་མཎྜལ་འབུལ། རྗེས་སུ་ཚེ་ལྷ་ལ་མཆོད་ཅིང་བསྟོད་ལ་ཡིག་བརྒྱས་ལྷག་ཆད་ཁ་བསྐངས་ནས་གཤེགས་གསོལ་སོགས་སྒྲུབ་ཐབས་ལྟར་བྱ། གཏོར་མ་སོགས་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་དངོས་གྲུབ་ཏུ་རོལ་ཞིང༌། བྱ་ཁྱི་ལ་སྦྱིན་པར་མི་བྱའོ། །ཞེས་ཚེ་དབང་ཟབ་ཁྱད་ཅན་འདི་ཉིད་ཀྱང་གནམ་མཚོའི་བཀྲ་ཤིས་དོ་བོ་ཆེར་འཁྲུལ་སྣང་དུ་བྱུང་བ་ཅུང་ཟད་ཟིན་བྲིས་སུ་བགྱིས་ཀྱང༌། རྒྱུ་དལ་གྱི་དབང་དུ་ལུས་པ་ལ། སླར་ཡང་བླ་མ་དྲོ་སྐྱིད་ཀྱིས་ནན་ཆེར་བསྐུལ་བའི་ངོར། དབུར་སྟོད་ཀྱི་དགེ་སྟོང་དྷརྨ་ཀཱིརྟིས་གཞུ་སྤྲོ་ལུང་གི་ལྕང་ལོ་ཅན་དུ་བྲིས་པའོ།། །།ཚེ་དབང་བརྒྱ་རྩ་བསྡུས་པ་ལྟ་བུར་ཕྱག་ལེན་རྙིང་པ་ལྟར་བྱེད་ན། མཎྜལ་དང༌། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ཀྱིས་རྒྱུན་བཤགས་སྡོམ་པ་བཟུང༌། ལྷར་བསྐྱེད་ནས་བྱིན་དབབ་བརྟན་པར་བྱ། སླར་ཡང་སྔགས་ཀྱིས་གསོལ་བ་བཏབ། དམིགས་པ་དཔོད། ཚེ་རིལ་དང་ཚེ་ཆང་སྔགས་ཀྱིས་སྦྱིན། སྨོན་ལམ་ཚར་གསུམ་མམ། གཅིག་བརྗོད་དུ་གཞུག དེ་ལས་ཀྱང་བསྡུ་ན་ཚར་རྗེས་མ་རྣམས་ལ་སྔགས་ཀྱིས་གསོལ་བ་གདབ་པ་མན་ཆད་ཀྱིས་གྲངས་གསོག་པ་ཕྱག་ལེན་ཡིན་ལ། མཇུག་ཏུ་རྒྱས་གདབ་སོགས་དཀྱུས་བཞིན་ནོ།། ༈ །སྒྲ་མི་སྙན་
གྱི་ཚེ་སྒྲུབ་ཟབ་མོ་ཉེ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་པ་ཞེས་བྱ་བ་བཞུགས་སོ། །སྣང་མཐའ་ཚེ་དཔག་མེད་མགོན་སྤྱན་རས་གཟིགས། །པདྨ་འབྱུང་གནས་བརྒྱུད་སྲོལ་ཀུན་འདུས་པ། །ཆོས་ཀྱི་གྲགས་པ་དཀོན་མཆོག་ལྷུན་གྲུབ་དང༌། །དཀོན་མཆོག་ཕྲིན་ལས་བཟང་པོར་གསོལ་བ་འདེབས། །དོན་གྲུབ་ཆོས་རྒྱལ་དཀོན་མཆོག་བསྟན་འཛིན་དང༌། །ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་ཉི་མའི་ཞབས། །པདྨའི་རྒྱལ་མཚན་འཆི་མེད་གྲུབ་པའི་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །གུས་པས་གསོལ་བཏབ་སྒོམ་བཟླས་རྣལ་འབྱོར་མཐུས། །དུས་མིན་འཆི་དང་བར་ཆད་ཀུན་ཞི་ཞིང༌། །དབང་བཅུའི་ཡེ་ཤེས་བརྙེས་པར་བྱིན་གྱིས་རློབས། ཞེས་མགོན་པོ་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པའི་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་བརྒྱུད་འདེབས་འདིའང༌། དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ་ལས་ཆོས་ཚུལ་འདི་ཉིད་ཀྱི་བཀའ་དྲིན་ཐོབ་པའི་སྐབས་སུ་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། །མངྒ་ལཾ།། །།
ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི་སྒྲུབ་ཐབས་དབང་ཆོག་མན་ངག་དང་བཅས་པ།
ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི་སྒྲུབ་ཐབས་དབང་ཆོག་མན་ངག་དང་བཅས་པ་བཞུགས་སོ།། གྲུབ་ཆེན་ཐང་རྒྱལ་ལུགས།།
ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་སླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་དབང་བསྐུར་བས་གནས་སྐབས་སུ་ཚེའི་བར་ཆད་ཞི་ཞིང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་ནས། མཐར་ཐུག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་འགྱུར་རོ། །རྗེ་གྲུབ་ཆེན་གྱི་གསུང་གཙང་མའོ།། ༈ །ཚེ་སྒྲུབ་ཉེ་བརྒྱུད་འཆི་མེད་དཔལ་སྟེར་བཞུགས། །ན་མོ་གུ་རུ་བཱིརྻ་བྷ་དྲཱ་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས། ས་ཕྱོགས་ཐམས་ཅད་བཻ་ཌཱུརྻའི་ས་གཞི་ལ་གསེར་གྱི་མིག་མངས་རིས་སུ་བྲིས་པའི་དབུས་སུ་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་དང་ཉི་ཟླའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་
དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཀྱི་བདུད་རྩིས་གང་བའི་ཚེའི་བུམ་པ་བསྣམས་པ། རལ་པའི་ཐོར་ཅོག་དང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་ཀུན་ནས་འབར་བའི་སྐུར་གྱུར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། རང་གི་སྤྱི་གཙུག་ཏུ་བླ་མ་བརྒྱུད་པ་ཐོ་བརྩེགས་སུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་ཚེ་འཐོར་བ་དང་ཡར་བ་རྣམས་བསྡུས། བླ་མ་བརྒྱུད་པ་རྣམས་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཅུད། ནང་བཅུད་ཀྱི་སེམས་ཅན་གྱི་ཚེ་དང་བསོད་ནམས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཡོན་ཏན་ནུས་པ་ཐམས་ཅད་བསྡུས་གོང་བཞིན་བསྟིམ། མཐར་བླ་མ་བརྒྱུད་པའི་སྐུ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཐིམ་པས་ལུས་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་དཀར་པོས་ཁེངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་བཟླ། འཆི་མེད་ཚེ་
ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །མངྒ་ལཾ།། ༈ །དབང་བསྐུར་བའི་ཚེ། སློབ་མ་ཡང་སློབ་དཔོན་གྱིས་ཉམས་སུ་བླང་བྱ་ལྟར། ཚེ་དཔག་མེད་ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད། དེའི་སྤྱི་གཙུག་ཏུ་ཐོ་བརྩེགས་སུ་བླ་མ་བརྒྱུད་པ་རྣམས་བསྐྱེད། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་ཚེ་འཐོར་བ། ཡར་བ། ཉམས་པ་སོགས་བསྡུས། བླ་མ་བརྒྱུད་པ་རྣམས་ལ་ཐིམ། ཡང་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཅུད། ནང་བཅུད་ཀྱི་སེམས་ཅན་གྱི་ཚེ་དང་བསོད་ནམས། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་བསྡུས་གོང་བཞིན་བསྟིམ། མཐར་བླ་མ་བརྒྱུད་པའི་སྐུ་ལས་འཆི་མེད་ཚེའི་ཆུ་རྒྱུན་དཀར་པོ་བབས། སློབ་མའི་ལུས་ཀྱི་ནང་གང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་སོགས་བརྗོད་ལ། དབང་བསྐུར། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། ཞེས་སོགས་ཀྱིས་ཚེ་ཆང་ཚེ་རིལ་སྦྱིན། དཔོན་སློབ་མི་འབྲལ་སོགས་ཀྱི་ཤིས་པ་བརྗོད། རྗེས་བླ་མ་བརྒྱུད་པ་རིམ་པར་འོད་དུ་ཞུ། གཅིག་ལ་གཅིག་ཐིམ་པ་སློབ་མ་ལ་བསྟིམས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་མོ།། ༈ །བླ་མ་ཞི་ཁྲོའི་ཚེ་སྒྲུབ་དང་ཚེ་དབང་སྐུར་ཚུལ་གྱི་ཆོ་ག་འཆི་མེད་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་དང༌། །དབྱེར་མེད་བླ་མ་མཆོག་ལ་གུས་བཏུད་ནས། །ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི། །ཕྱག་ལེན་བཀླགས་ཆོག་བླ་མའི་གསུང་བཞིན་བྲི། །དེ་ལ་འདིར་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་བླ་མ་ཞི་ཁྲོའི་ཚེ་སྒྲུབ་རང་ཉིད་ཉམས་སུ་ལེན་པ་དང༌། གཞན་ལ་ཚེ་དབང་བྱེད་ཚུལ་ནི། གནས་ཁང་ཡིད་དང་མཐུན་པར། ཚེ་དཔག་མེད་ཀྱི་རྟེན་
བྲིས་འབུར་གང་རིགས་ཀྱི་མདུན་དུ། སྟེགས་ཀྱི་ཁར་རས་སོགས་གཞི་གཙང་མའི་སྟེང་དུ་ནས་ཀྱི་ཚོམ་བུ་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་བཀོད། དེའི་སྟེང་དུ་མཉྫིའི་ཁར་ཚེ་བུམ་རྟ་མགོ་ཅན། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་ཀ་ར་དང་སྦྱར་བ། ཚེ་བུམ་གྱི་གཡས་སུ་ཚེ་དཔག་མེད་ཀྱི་གཏོར་མ་ཟླུམ་པོ་དམར་པོ་ཐེབ་ཀྱུ་བཞིས་བརྒྱན་པ། གཡོན་དུ་མཁའ་འགྲོ་སྤྱི་གཏོར་དེ་བས་ཆུང་ཙམ་ཟླུམ་གཏོར་དམར་པོ་ཐེབ་ཀྱུ་བཞིས་བརྒྱན་པ། དེའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་སྦྲེང་ཚར། གཞན་ཡང་སྔོན་འགྲོའི་གཏོར་མ་ཟླུམ་གཏོར་ཆུང་ངུ་གཅིག སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། འཐོར་ནས། ཐུན་དོང༌། ནས་འབོ་གང་ལ་ཚེ་མདའ་དར་ཚོན་སྣ་ལྔ་ཚེ་གཡུ་མེ་ལོང་ཆུང་ངུ་བཏགས་པ་ཕྱག་ལེན་བཞིན་བཤམས་ལ། ཆོ་ག་དངོས་ལ་འཇུག་པ་ནི། སྔོན་འགྲོ་གཏོར་མ་ལ་ཆབ་བྲན་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱི་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་འབྱུང་པོ་བགེགས་ཀྱི་རིགས་རྣམས་ཨཱ་ཀརྵ་ཡ་ཛཿ ཞེས་བཀུག་ལ། ཨོཾ་ལོ་ཀ་པཱ་ལ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕྱོགས་སྐྱོང་བཅུ་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་ལ་འབུལ་ལོ། །བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་འཆི་མེད་ཚེ་དབང་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་ཆད་མི་འབྱུང་བའི་ཕྲིན་ལས་མཛོད། ཨོཾ་མུཿཞེས་གཤེགས་སུ་གསོལ། གང་དག་ནག་པོའི་ཕྱོགས་ལ་དགའ་བའི་བགེགས་རིགས་གདུག་པ་ཅན་གསང་སྤྱོད་ལ་ལྟ་བར་མི་དབང་བ་རྣམས་གཏོར་མ་འདིས་ཚིམས་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག སུམྦྷ་བརྗོད། གནས་ཡོ་བྱིན་རླབས་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཐར་
པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ནས། ཤབྡའི་བར་དང༌། གྷཎྜེ་ར་ཎི་ཚར་གསུམ་བརྗོད། སྐྱབས་སུ་འགྲོ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཅི་ནུས་དང༌། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱི་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་སྒྲུབ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་འཕྲོས། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བརྒྱུད་པའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་མདུན་གྱི་ནམ་མཁར་བྱོན་པ་ལ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ ཞེས་ཕྱག་འཚལ། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སོགས་ཚད་མེད་བཞི་བསྒོམ། བདག་མདུན་གཉིས་ཀ་ཐ་མི་དད་དུ་ལྷར་གསལ་འདེབས་བཞིན་པས། ཨོཾ་སྭ་བྷཱ་ཝ་སོགས་དང༌། སྟོང་པའི་ངང་ལས་རང་
ཉིད་གནས་པའི་ཞིང་འདི་ས་གཞི་ལག་མཐིལ་ལྟར་མཉམ་པ་བཻ་ཌཱུརྻའི་རང་བཞིན་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ། བཀོད་པས་ལེགས་པར་མཛེས་ཤིང་ལྷུན་སྟུག་པའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་དཀྱུས་རིང་ཞིང་སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་འགྲོ་བ་མཐའ་དག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་ཞལ་འཛུམ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ཚེའི་བུམ་པ་འཛིན་པ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། མཚན་དཔེའི་གཟི་འོད་འབར་བའི་སྐུར་གྱུར་པའི་དབུའི་སྤྱི་བོའི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེའི་དབུའི་སྤྱི་བོའི་གཙུག་ཏུ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད། དེའི་དབུའི་སྤྱི་བོའི་གཙུག་ཏུ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས། དེའི་དབུའི་སྤྱི་བོའི་གཙུག་ཏུ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་བསོད་ནམས་རིན་ཆེན། དེའི་དབུའི་སྤྱི་བོའི་གཙུག་ཏུ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས། དེའི་དབུའི་སྤྱི་བོའི་གཙུག་ཏུ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་བསོད་ནམས་དབང་ཕྱུག དེའི་དབུའི་སྤྱི་བོའི་གཙུག་ཏུ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། དེའི་དབུའི་སྤྱི་བོའི་གཙུག་ཏུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེའི་དབུའི་སྤྱི་བོའི་གཙུག་ཏུ་མཁན་ཆེན་ཐམས་
ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེའི་དབུའི་སྤྱི་བོའི་གཙུག་ཏུ་མཁན་ཆེན་དབང་ཕྱུག་དཔལ་བཟང༌། དེའི་དབུའི་སྤྱི་བོའི་གཙུག་ཏུ་བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། དེའི་དབུའི་སྤྱི་བོའི་གཙུག་ཏུ་འཇམ་དབྱངས་ཀུན་དགའ་གྲོལ་མཆོག དེའི་དབུའི་སྤྱི་བོའི་གཙུག་ཏུ་རྡོ་རིང་ཀུན་སྤངས་ཆེན་པོ། དེའི་དབུའི་སྤྱི་བོའི་གཙུག་ཏུ་གྲུབ་ཆེན་ཐང་སྟོང་རྒྱལ་པོ། དེའི་དབུའི་སྤྱི་བོའི་གཙུག་ཏུ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས། དེའི་དབུའི་གཙུག་ཏུ་བཅོམ་ལྡན་འདས་རྟ་མགྲིན་དབང་གི་རྒྱལ་པོ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཁྲོ་བོའི་རྣམ་པ་ཅན་སྤྱི་གཙུག་ཏུ་རྟ་མགོ་ལྗང་གུས་མཚན་པ། ཕྱག་གཡས་ཐོད་དབྱུག་དཀར་པོ་ནམ་མཁའ་ལ་འཕྱར་ཞིང༌། ཕྱག་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡས་བསྐུམ་གཡོན་བརྐྱང༌། དུར་ཁྲོད་ཆས་བརྒྱད་ཀྱིས་སྐུ་ལ་བརྒྱན་པ་དེའི་དབུའི་སྤྱི་བོའི་གཙུག་ཏུ་མགོན་པོ་ཚེ་དཔག་མེད། དེའི་དབུའི་སྤྱི་བོའི་གཙུག་ཏུ་ཆོས་སྐུ་སྣང་བ་མཐའ་ཡས་རྣམས་ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྣམས་ཐོ་བརྩེགས་སུ་བཞུགས་པའི་སོ་སོའི་ཐུགས་ཀ་ནས་འོད་འཕྲོས། བརྒྱུད་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་སྤྱན་དྲངས། སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་དང༌། རང་ཉིད་ལ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། དེ་ལ་གསོལ་བ་འདེབས་པ་ནི། ཐལ་མོ་སྦྱར་བའམ། དྲིལ་གསིལ་གང་རིགས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་སླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །མཁས་བཙུན་གྲུབ་པའི་སར་བཞུགས་ཀུན་སྤངས་རྗེ། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་ཞབས། །དཔལ་ལྡན་གྲུབ་རིག་འཛིན་
པ་ཉི་ཟླའི་མཚན། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་གྲུབ་པའི་དཔའ་བོ་དབང་ཕྱུག་དཔལ། །འཆི་མེད་བརྙེས་པ་ངག་དབང་ཆོས་གྲགས་ཞབས། །རྒྱལ་སྲས་སྤྱན་སྔ་ཀུན་དགའ་དོན་གྲུབ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས་དང༌། «ཁ་སྐོང༌།» །འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག་ཞབས། །རིག་འཛིན་བརྙེས་པ་ཀུན་དགའ་བཀྲ་ཤིས་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ངག་གི་དབང་པོ་བསོད་ནམས་རིན་ཆེན་དང༌། །བསྟན་པའི་ཉི་མ་ཀུན་དགའ་བློ་གྲོས་ཞབས། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་འཆི་མེད་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །རྡོ་རྗེ་འཆང་དངོས་ཀུན་དགའ་བསྟན་འཛིན་སོགས། །སྐྱབས་གནས་ཀུན་འདུས་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ཞི་ཁྲོ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱི་སྐུ་ལུས་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་རང་དང་བསྒྲུབ་«གཞན་ལ་དབང་སྐུར་བའི་ཚེ། »བྱའི་བླ་ཚེ་ཡར་བ་དང་འཐོར་བ། ཉམས་ཆགས་སུ་གྱུར་པ་རྣམས་དང༌། འབྱུང་བ་བཞིའི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དཔལ་བསོད་ནམས། སངས་རྒྱས་བྱང་སེམས། ཉན་རང་ཆོས་སྲུང་སོགས་འཁོར་འདས་ཐམས་ཅད་ཀྱི་བཅུད་དང་དགེ་མཚན་རྣམས་བསྡུས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ། སླར་ཡང་དེ་དག་གི་སྐུ་ལུས་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། རང་དང་བསྒྲུབ་བྱའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་ཁྱབ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཅེས་དམིགས་པའི་དུས་ཚེ་བཅུད་ཚེ་
རིལ་ལ་ཡང་བསྟིམས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་པའི་སྔགས་ཅི་ནུས་བཟླས་ལ། ཚེ་འགུགས་ནི། རྡོར་དྲིལ་མདའ་དར་འཛིན་པས། ཧྲཱིཿ དཀར་མོ་མགྱོགས་མ་ཞི་བའི་ལས་མཛད་མ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཧྲཱིཿ སེར་མོ་མགྱོགས་མ་རྒྱས་པའི་ལས་མཛད་མ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཧྲཱིཿ དམར་མོ་མགྱོགས་མ་དབང་སྡུད་ལས་མཛད་མ། །པདྨ་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཧྲཱིཿ སྔོན་མོ་མགྱོགས་མ་དྲག་པོའི་ལས་མཛད་མ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་མགྱོགས་མ་བཞིའི་ཚེ་འགུགས་བྱས་ལ། ཐལ་མོ་སྦྱར་ཏེ། ངག་ཏུ། རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཡིས། །མཐུ་དང་ནུས་པའི་བྱིན་རླབས་དཔུང་བསྐྱེད་ནས། །འགལ་རྐྱེན་ནད་གདོན་སྡིག་སྒྲིབ་བྱང་བ་དང༌། །ཚེ་དང་ཡེ་ཤེས་འཆི་མེད་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ་པས། ཆོས་སྐུ་སྣང་བ་མཐའ་ཡས་འོད་དུ་ཞུ། མགོན་པོ་ཚེ་དཔག་མེད་ལ་ཐིམ། དེ་རྟ་མགྲིན་དབང་གི་རྒྱལ་པོ་ལ་ཐིམ། དེ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་ཐིམ། དེ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་ཐིམ། དེ་རྡོ་རིང་ཀུན་སྤངས་ཆེན་པོ་ལ་ཐིམ། དེ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ་ཐིམ། དེ་བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ་ལ་ཐིམ། དེ་མཁན་ཆེན་དབང་ཕྱུག་དཔལ་བཟང་ལ་ཐིམ། དེ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་
དབང་ཆོས་གྲགས་ལ་ཐིམ། དེ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ་ལ་ཐིམ། དེ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ལ་ཐིམ། དེ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་བསོད་ནམས་དབང་ཕྱུག་ལ་ཐིམ། དེ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་ལ་ཐིམ། དེ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་བསོད་ནམས་རིན་ཆེན་ལ་ཐིམ། དེ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་ལ་ཐིམ། དེ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་ལ་ཐིམ། དེ་མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་ཐིམ། དེ་རང་ཚེ་དཔག་མེད་དུ་གསལ་བ་ལ་ཐིམ་པས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཅེས་འདོད་གསོལ་བྱ། འདི་ཡན་རྒྱུན་གྱི་ཉམས་ལེན་ནོ། གཏོར་མ་ལ་ཆབ་བྲན་ལ། དང་པོ་ཚེ་དཔག་མེད་ལ་འབུལ་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སོགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ། བདུད་རྩི་ལྔ་རྣམས་བསྐོལ་ཞིང་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་པའི་སྔགས་ཕྱག་རྒྱ་དང་བཅས་པ་ལན་གསུམ་གྱི་བྱིན་གྱིས་བརླབ། རང་གི་སྙིང་གའི་འོད་ཟེར་གྱིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་མཆོད་སྦྱིན་གཏོར་མའི་མགྲོན་དུ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམས་ལ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ཨོཾ་
ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མཎྜ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་ལྔས་གཏོར་མ་འབུལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་བརྗོད། ཌཱ་དྲིལ་དང་བཅས་པས་གྷཎྜི་ར་ཎི་ཚར་གཅིག་བརྗོད་པས་ཕྱི་མཆོད། ནང་མཆོད་འཐོར་ཞིང༌། ཨོཾ་ཨཱཿཧཱུྃ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་དུ། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །སྤྲོ་ན། ཚེ་དཔག་མེད་མགོན་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད། གཏོར་མ་གཉིས་པ། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཕཻཾ་བཛྲ་ཨཱ་ར་ལླི་ཧོཿ ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་ལྔའམ་གསུམ་གྱིས་བསྔོ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་དང༌། ཨོཾ་ཨཱཿཧཱུྃ་ཞེས་ནང་མཆོད་གཏོར། ཌཱ་དྲིལ་གསིལ་ཞིང༌། མཆོད་སྦྱིན་གཏོར་མ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད་ལ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བར་ཆད་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་གྲོགས་མཛད་དུ་གསོལ། ཅེས་བརྗོད། དེ་ཡན་གྱིས་སློབ་དཔོན་གྱི་བྱ་བའི་རིམ་པ་རྣམས་བསྟན་ཟིན་ཏོ། །སློབ་མ་ལ་བྱ་བའི་རིམ་པ་ནི། གྲལ་ལ་འཁོད་དེ་ཆབ་དང་མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་མགོན་པོ་ཚེ་
དང་ཡེ་ཤེས་དཔག་ཏུ་མེད་པའི་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ། དོན་ཉམས་སུ་བཞེས་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པ་གནང་བར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱ་སོ་སོའི་ཁམས་དང་བསམ་པ་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་བསྡུ་ན། ཐེག་པ་དམན་པ་དང༌། ཐེག་པ་ཆེན་པོ་གཉིས་སུ་འདུས་པ་ལས། ཐེག་པ་ཆེན་པོ་ཡིན། ཐེག་པ་ཆེན་པོ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་རྣམ་པ་གཉིས་སུ་ཡོད་པ་ལས། སྔགས་ཀྱི་ཐེག་པ་ཡིན། དེ་ལ་ཡང་གསང་སྔགས་གསར་རྙིང་གཉིས་སུ་ཡོད་པ་ལས། རྙིང་མའི་ལུགས་ཡིན། དེ་ལ་རྒྱ་ཆེ་བ་བཀའ་མ་དང༌། ཉེ་བརྒྱུད་གཏེར་མ་དང༌། ཟབ་མོ་དག་སྣང་མའི་ཆོས་སྡེ་ཚན་གསུམ་དུ་ཡོད་པ་ལས། འདིར་ནི་གཏེར་མ་དང༌། དག་སྣང་མ་ཟུང་དུ་འབྲེལ་བའི་སྨིན་བྱེད་ཀྱི་ཚེ་དབང་ཟབ་མོ་འབུལ་བའི་སྐབས་སུ་བབས་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པའི་མཆོག །ཅེས་གསུངས་པས་སྨིན་གྲོལ་སོ་སོའི་སྒོ་ནས་ཚེ་སྲིང་བའི་ཐབས་མང་དུ་གསུངས་པའི་ནང་ནས་སྐབས་སུ་བབས་པ་ནི། རྒྱལ་བ་ཡོངས་ཀྱི་ཕྲིན་ལས་པ་ཆེན་པོ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞེས་བྱ་བ་དེ་ཉིད་ནི། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཙྭ་རི་ཟིལ་ཆེན་གསང་ཕུག་ཏུ་ཟབ་གཏེར་སྦེད་པར་མཛད་པ་གྲུབ་ཆེན་རང་གིས་གཏེར་ནས་བཞེས་པའི་ལུང་བསྟན་ཀུན་གསལ་མེ་ལོང་ལས། ཞི་བ་ཐུགས་རྗེ་ཆེན་པོ་དང༌། །དྲག་པོ་ཁྲོ་རྒྱལ་རྟ་མགྲིན་གཉིས། །དབྱེར་མེད་གཅིག་ཏུ་སྤྲུལ་པ་ལས། །སྐུ་ཡི་ཆ་ལུགས་ཞི་མ་ཁྲོ། །མདོག་སྨུག་དྲི་ཞིམ་སྨེ་བས་བརྒྱན། །ངང་རྒྱུད་དལ་ཞིང་རིག་རྩལ་ཆེ། །མ་ངེས་སྤྱོད་པ་སྣ་ཚོགས་སྐྱོང༌། །ནང་རྟགས་ཡ་མཚན་སྟོན་པ་འབྱུང༌། ཞེས་དང༌། གཞན་ནས་ཀྱང་
འོལ་བ་ཞེས་བྱའི་ཤར་མདུན་དུ། །བརྩོན་འགྲུས་ཞེས་བྱའི་མིང་ཅན་འབྱུང༌། །དེ་ནི་ང་ཡི་ཐུགས་སྤྲུལ་ཡིན། །ཞེས་སོགས་གཏེར་ཁ་ཐ་དད་ནས་ལན་གཅིག་མ་ཡིན་པར་ལུང་བསྟན་པ་དེ་ཉིད་ལ། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔས་མཚན་རེ་རེ་ཕུལ་བའི་དང་པོ་ནི། ཁྱབ་བརྡལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས། །ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་དང༌། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གཉིས་གདུལ་བྱ་དག་པའི་སྣང་ངོར་དབྱེ་བ་མེད་ཀྱང༌། གཞན་སྣང་དུ་ཨོ་རྒྱན་ཆེན་པོ་དང་ཞལ་ཀྱང་ལན་མང་དུ་མཇལ། ལྷག་པར་ཐུགས་ཉམས་དང་མནལ་ལམ་ལྟ་བུ་མ་ཡིན་པར། ཟངས་མདོག་དཔལ་གྱི་རི་བོར་ཕོ་བྲང་ཆེན་པོར་སྐུ་དངོས་སུ་བྱོན་ནས། ཨོ་རྒྱན་ཆེན་པོ་དང་ཞལ་མཇལ་བས། ཨོ་རྒྱན་ཆེན་པོ་ཧེ་རུ་ཀའི་ཆས་ཀྱི་རྣམ་པར་བཞུགས་ནས། སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་མཛད་པས། ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་ཤིང༌། གཞན་ཡང་དབང་དང་གདམས་པ་མཐའ་ཡས་པ་གསན། སྟོན་པ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་བྱོན་པ་ལ་ཨོ་རྒྱན་ཆེན་པོས་ཞུ་བ་པོའི་ཚུལ་མཛད་དེ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སོགས་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་པ་ཡིན་ཏེ། རྣམ་ཐར་གསོལ་འདེབས་ལས། ཨོ་རྒྱན་མཁའ་འགྲོའི་གླིང་དུ་ཕེབས་པའི་ཚེ། །པདྨ་འབྱུང་གནས་རྒྱལ་པོའི་ཆ་ལུགས་ཅན། །དཔའ་བོ་མཁའ་འགྲོ་དུ་མས་བསྐོར་བ་ལ། །སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་གསན་ལ་འདུད། །སངས་རྒྱས་སྟོང་སོགས་ཡི་དམ་དུ་མ་གཟིགས། །ཁྱད་པར་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །ཨོ་རྒྱན་ཆེན་པོས་ཞུ་བ་མཛད་བྱས་ནས། །བླ་མེད་རྫོགས་པ་ཆེན་པོ་གསན་ལ་འདུད། །ཅེས་བྱ་བ་ལྟར་ཡིན་ལ། སླར་ཡང་ཨོ་རྒྱན་ཆེན་པོས་གྲུབ་ཆེན་ཉིད་བོད་ཡུལ་དུ་འགྲོ་བའི་དོན་ལ་འབྱོན་དགོས་པར་བཀས་བསྐུལ་བ་ནི། ཆོས་སྐལ་གཏེར་ལྔ་བོད་ན་ཡོད། །གདུལ་བྱ་རྣམ་ཐར་བོད་དུ་
ལངས། །ཞེས་པ་དང༌། ས་འབྲུག་དབྱར་ཟླ་དང་པོའི་ཚེས་བཅུ་ལ། །ས་ཡི་མེ་བཙའ་རྟེན་འབྲེལ་བསྒྲིག་དགོས་ཡོད། །འགྱངས་ན་ཆུ་ཤོར་ཟིན་པའི་རགས་དང་འདྲ། །སྔས་ན་རི་དྭགས་མ་ཚུད་རྒྱ་དང་འདྲ། །རིག་པ་འཛིན་པའི་སྐྱེས་བུ་ཕན་སེམས་ཅན། །སླར་ཡང་བོད་ཡུལ་ཁ་བ་ཅན་དུ་བཞུད། །ཅེས་གསུངས་པ་ལ་བརྟེན་ནས་གྲུབ་ཆེན་ཉིད་བོད་ཡུལ་དུ་བྱོན་ཏེ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། གྲུ་ལྕགས་ཟམ་པ་འཛུགས་པ་སོགས་འགྲོ་དོན་དགེ་ལ་རྫུ་འཕྲུལ་གྱི་བཀོད་པ་སྟོན་པར་སུས་ཀྱང་འགྲན་པར་མི་ནུས་པ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་རྣམས་ལགས། ཟབ་གཏེར་ཀྱང་ལྔ་ཙམ་སྤྱན་འདྲེན་པའི་ཚུལ་བསྟན་པའི་ནང་ནས་ད་ལམ་བླ་མ་ཞི་ཁྲོའི་ཚེའི་དབང་བསྐུར་བ་ཟབ་མོ་ཡིན། འདི་ལྟ་བུའི་ཟབ་ལམ་ལ་བརྟེན་ནས་གྲུབ་ཆེན་ཉིད་ཀྱིས་དགུང་ལོ་བརྒྱ་དང་ཉེར་ལྔ་བཞུགས། བགྲང་བར་མི་ནུས་པའི་སློབ་མ་རྣམས་སྨིན་གྲོལ་ལ་འགོད་པར་མཛད་ཅིང༌། དེ་དག་གི་ནང་ནས་ཆོས་རྗེ་མང་ཡུལ་བ་འཕགས་པ་བློ་གྲོས་ཀྱིས་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས། ཁམས་རྡོ་གོག་དགོན་དང་ཉེ་བར་བཞུགས་པའི་རང་བཞིན་གྱི་རྣལ་འབྱོར་མ་གྲུབ་ཆེན་གྱི་དངོས་སློབ་ཡིན་པ་གཅིག་གིས་ལོ་བརྒྱ་དང་སུམ་ཅུ་བཞུགས། འཚོ་སྒོ་བའི་བླ་མ་གཅིག་གིས་ལོ་བརྒྱ་དང་བཅུ་གཉིས་བཞུགས། ཡང་ཁམས་ན་གྲུབ་ཆེན་གྱི་དངོས་སློབ་གཅིག་གིས་ལོ་བརྒྱ་ཕྲག་ཁ་ཡར་བརྒལ་བར་བཞུགས་པ་སོགས། གྲུབ་ཆེན་ཉིད་སྐུ་ཚེ་ལ་མངའ་བརྙེས་པའི་རྟེན་འབྲེལ་གྱིས་སློབ་མ་ཡང་སྐུ་ཚེ་ལ་དབང་འབྱོར་པ་མང་དུ་བྱོན་པའི་བྱིན་རླབས་ཅན་དེ་ཉིད་ཀྱི་ཚེ་དབང་ཟབ་མོ་འབུལ་བར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་སུ་ཡོད་པ་ལས། སློབ་དཔོན་གྱི་བྱ་བ་བདག་མདུན་ལྷན་ཅིག་ཏུ་བསྒྲུབས་ནས་ཚེ་འགུགས་ཤིང་བཟླས་པ་བྱ་བ། སླར་བདག་མདུན་སོ་སོར་ཕྱེ་ནས་མདུན་བསྐྱེད་ལ་གཏོར་མ་འབུལ་བ། མཆོད་པ། བསྟོད་པ། མཁའ་འགྲོ་སྤྱི་ལ་གཏོར་མ་འབུལ་བ་རྣམས་ད་ལན་ནས་ཀྱི་གནས་སྐབས་སུ་ལེགས་པར་གྲུབ་ཟིན་ནས། ད་སློབ་མ་ལ་དབང་བསྐུར་བའི་རིམ་པ་ཡིན། དེ་ལ་ཡང་སྦྱོར་
དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ལ་སོགས་སྔོན་དུ་འགྲོ་དགོས་པས། བླ་མ་དང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ཐ་མི་དད་པའི་སྤྱན་སྔར་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། ཕྱག་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ནས། མགོན་པོས་བདག་ནི་གཞུག་ཏུ་གསོལ། ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁའི་གནས་སུ་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་སྤྲིན་གྱི་ཕུང་པོ་འཐིབས་པ་ལྟར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། ཁྱེད་རང་རྣམས་ཀྱིས་སྐུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། དེ་ལྟར་རྒྱུད་དག་པར་བྱས་ནས། ཁྱེད་རང་རྣམས་ལ་དབང་བསྐུར་བ་དང༌། འཆི་མེད་ཚེ་སྒྲུབ་པ་ལ་བར་ཆད་སེལ་བའི་ཕྱིར་ཐུགས་འདུན་དམིགས་པ་འདི་བཞིན་གནང་བར་ཞུ། སློབ་དཔོན་རང་ཉིད་སྐད་ཅིག་གིས་རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དམར། གཡས་ལྗང༌། གཡོན་དཀར་བ། སྤྱི་གཙུག་ཏུ་རྟ་མགོ་གསུམ་གྱིས་མཚན་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ། ཕྱག་གཡས་གསུམ་ན་རྡོ་རྗེ། ཁ་ཊྭཱཾ་ག རལ་གྲི། གཡོན་གསུམ་ན་སྡིགས་མཛུབ། མདུང་ཐུང༌། རྒྱུ་ཞགས་བསྣམས་པ། ཞབས་བརྒྱད་སྦྲུལ་བརྒྱད་ཀྱི་སྟེང་ན་བགྲད་པ། ཞལ་མཆེ་བ་གཙིགས་པ། ཞལ་རེ་རེ་བཞིན་སྤྱན་གསུམ་གསུམ་པ། མི་མགོ་སྐམ་རློན་སྟག་ཤམ་སྦྲུལ་གྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམ་གྱིས་གསལ་བའི། སྐུ་གསུང་ཐུགས་ཀྱི་གནས་དང༌། བ་སྤུའི་བུ་ག་ཐམས་ཅད་ནས་རང་འདྲ་བའི་ཁྲོ་བོ་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཏིལ་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་
ཙམ་ས་གཞི་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཁེངས་པ་ཙམ་དུ་བྱུང་སྟེ། ཁྱེད་རང་རྣམས་ལ་དབང་བསྐུར་བ་དང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱེད་པ་ལ་བར་དུ་གཅོད་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་སྐད་ཅིག་གིས་ཕྱིའི་རྒྱ་མཚོའི་ཕ་རོལ་དུ་བསྐྲད་པའི་མོས་པ་མཛོད། རོལ་མོ་དང་བཅས་པས་ཐུན་རྡེག་ཅིང༌། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སུམྦྷ་སོགས་བརྗོད་ལ་བགེགས་བསྐྲད། དེ་ནས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་ར་བ་དང༌། དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་སྲུང་བའི་འཁོར་ལོར་གྱུར་པ་ལ། སློབ་དཔོན་གྱིས་ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ཁྱེད་རང་རྣམས་ལ་དབང་བསྐུར་བ་དང༌། འཆི་མེད་ཚེ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་རྒྱང་རིང་དུ་བསྐྲད་ནས། དབང་གི་དངོས་གཞིའི་སླད་དུ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བར་ཞུ། སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ཞིང་འདི་ས་གཞི་ལག་མཐིལ་ལྟར་མཉམ་པ་ཞེས་པ་ནས་གཟི་འོད་འབར་བའི་སྐུར་གྱུར་པའི་དབུའི་སྤྱི་བོའི་གཙུག་ཏུ་ད་ལྟ་དབང་སྐུར་མཁན་གྱི་བླ་མ། དེའི་དབུའི་སྤྱི་བོའི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་སོགས་ནས་ཐོ་བརྩེགས་སུ་བཞུགས་པ་ཞེས་པའི་བར་བདག་བསྐྱེད་བཞིན་བརྗོད་ལ། དེ་ལ་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པས། དེ་དག་གི་སྐུ་ལུས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་བཞུགས་པའི་མགོན་པོ་འོད་དཔག་ཏུ་མེད་པ་དང༌། སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་
མེད་པ་ན་བཞུགས་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་དང༌། ལྷོ་ནུབ་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ན་བཞུགས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པ་མདོར་ན་ཚེའི་རིག་འཛིན་བརྙེས་པའི་ལྷ་དང༌། ཀླུ་དང༌། དྲང་སྲོང་གི་ཚོགས་རྣམས་དང༌། བྱེ་བྲག་ཏུ་བླ་མ་ཞི་ཁྲོའི་ཚེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུའི་རྣམ་པ། ཆེ་བ་རི་རབ་ཙམ། ཆུང་བ་ཉུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་སྒོ། བ་སྤུའི་བུ་ག དབང་པོའི་སྒོ་རྣམས་ནས། རྡོ་ཚ་མོ་ལ་ཁ་བ་བབས་པའམ། རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་རོལ་མོ་དང་བཅས་པས། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་སོགས་ནས་སདྡྷི་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿཨཱཿ ཞེས་ཡང་ཡང་བརྗོད། དེ་ནས་ཚེ་འགུགས་ནི། བླ་མས་རྡོར་དྲིལ་མདའ་དར་འཛིན་ཅིང༌། དབྱངས་རོལ་དང་བཅས་པའམ་མེད་ཀྱང་རུང་སྟེ། ཧྲཱིཿ དཀར་མོ་མགྱོགས་མ་ཞི་བའི་ལས་མཛད་མ། །ཞེས་སོགས་མགྱོགས་མ་བཞིའི་ཚེ་འགུགས་གོང་ལྟར་བྱ་ཞིང༌། དེ་ནས་ཁྱེད་རང་རྣམས་ཚེའི་བཅུད་བསྡུ་བའི་སླད་དུ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བར་ཞུ། སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་དང༌། སློབ་དཔོན་ལ་གུས་འདུད་དྲག་པོ་དུད་པ་ཞིག་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པས། དེ་དག་ན་གནས་པའི་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་བླ་ཚེ་བརྐུས་པ། ཁྱེར་བ། ཡར་བ། ཉམས་ཆག་ཏུ་གྱུར་པ་རྣམས་དང༌། བན་བོན་མཐུ་བོ་ཆེ་རྣམས་ཀྱི་སྔགས་དང༌། རྫས་དང༌། བསམ་གཏན་གྱི་སྦྱོར་བས་ཚེ་སྲོག་འཕྲོག་པ་
ཐམས་ཅད་ཁབ་ལེན་གྱི་རྡོས་ལྕགས་ཕྱེ་བསྡུས་པ་ལྟར་རང་དབང་མེད་པར་བཀུག་སྟེ་སྤྱི་བོའི་བླ་མ་རྣམས་དང༌། སློབ་དཔོན་གྱི་ཕྱག་གི་ཚེ་བུམ་ནང་དུ་ཞུགས་པར་གྱུར། དེ་བཞིན་དུ་འོད་ཟེར་དེས་འབྱུང་བ་བཞིའི་ཁམས་ཐམས་ཅད་ལ་ཁྱབ་པས་རིའི་རྒྱལ་པོ་རི་རབ། གསེར་གྱི་རི་བདུན། གླིང་བཞི་གླིང་ཕྲན་བརྒྱད། ཁོར་ཡུག་ལྕགས་ཀྱི་རི་བོ་ན་གནས་པའི་སའི་བཅུད་སྲ་ཞིང་འཐས་པ་ཐམས་ཅད་དང༌། ཕྱིའི་རྒྱ་མཚོ་ཆེན་པོ། རོལ་པའི་མཚོ་བདུན། གངྒཱ་ལ་སོགས་པའི་ཆུ་བོ། ཆུ་ཀླུང༌། ཁྲོན་པ། ཆུ་མིག་ལ་སོགས་འོག་གཞི་ཆུའི་དཀྱིལ་འཁོར་ལ་ཐུག་གི་བར་གྱི་ཆུའི་བཅུད་མཉེན་ལྕུག་འཁྲིལ་ལྡེམ་ལ་སོགས་པ་ཐམས་ཅད་དང༌། རྟ་གདོང་གི་མེ་དང༌། ཁྱིམ་གྱི་མེ་དང༌། སྲེག་པའི་མེ་དང༌། བརྡབས་པ་དང༌། གཙུབས་པ་ལས་བྱུང་བའི་མེའི་རྒྱུན་དང༌། ཉི་ཟླ་ནོར་བུའི་འོད་ལ་སོགས་པ་མེའི་བཅུད་དྲོད་དང༌། བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། འོག་གཞི་རླུང་གི་དཀྱིལ་འཁོར་ལ་ཕོག་པས་ལྡེགས་ལྡེམ་འཐོར་སྤྱོད་ཀྱི་ལས་བྱེད་པའི་རླུང་དང༌། སྐྱེ་འགྲོའི་ལུས་ལ་གནས་པའི་ལས་དང༌། ཡེ་ཤེས་ཀྱི་རླུང་སྟེ་ཡང་ཞིང་གཡོ་བ་རླུང་གི་བཅུད། ཡང་རྩལ་སྟོབས་དང་ལྡན་པ་ཐམས་ཅད་དང༌། བཅུད་ཀྱི་སེམས་ཅན་ལ་ཕོག་པས། སྐྱེ་འགྲོ་ཐམས་ཅད་དང༌། ཁྱད་པར་དུ་ཡང་མཁྱེན་ལྡན་གྱི་པཎྜི་ཏ་དང༌། སྟོབས་ལྡན་གྱི་རྒྱལ་པོ་དང༌། མཐུ་ལྡན་གྱི་རིག་པ་འཛིན་པ་ལ་སོགས་པའི་མཁྱེན་བརྩེ་ནུས་སྟོབས་གཟི་བརྗིད་ཐམས་ཅད་དང༌། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་སོགས། དེ་དག་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་བཀུག་ཅིང་སྤྱན་དྲངས། སྤྱི་བོའི་བླ་མ་རྣམས་དང་སློབ་དཔོན་གྱི་ཕྱག་གི་ཚེ་བུམ་ནང་དུ་ཞུགས། དེ་ལ་ཁྱེད་རང་རྣམས་ཀྱིས་གུས་འདུད་དྲག་པོས་མོས་གུས་དུང་པ་ཞིག་བྱས་པ་ལ་བརྟེན་ནས་བུམ་པའི་བདུད་རྩི་ཁོལ་ཞིང་ལུད། བླ་མ་རྣམས་ཀྱི་སྐུ་ལུས་
ལས་ཀྱང་བདུད་རྩིའི་རྒྱུན་བབས། གཞན་དུ་བོ་ཟེགས་མེད་པར་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཁེངས། རྩ་ཁམས་ཐམས་ཅད་ལ་ཁྱབ་པས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། རྟག་བརྟན་གཞོམ་གཞིག་དང་བྲལ་བ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་གྱུར་པའི་མོས་པ་མཛོད། ཅེས་ཚེ་བུམ་མགོ་ཐོག་ཏུ་འཇོག་ཅིང༌། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་སོགས་ནས། ཡི་དམ་ཞི་ཁྲོ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་སྔགས་དང་བཅས་དབང་བསྐུར། ཚེ་རིལ་སྟེར་ཞིང༌། བཀྲ་ཤིས་ཚེ་ཟན་དཔལ་གྱི་ཟས། །སྙིང་པོ་འདུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བྱ། །འདི་ཟོས་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བ་གདོན་མི་ཟ། །ཚེ་ཆང་བླུད་ཅིང༌། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མེ་ཏོག་གཏོར་ལ། དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་ཆང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །བརྒྱ་ཚར་བྱེད་ན། སླར་ཡང་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བར་ཞུ། སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་དང༌། སློབ་དཔོན་ལ་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་བ། འཐོར་བ། ཉམས་པ་མཐའ་དག་དང༌། རྒྱུ་འབྱུང་བ་བཞི། འབྲས་བུ་འབྱུང་བ་ལས་གྱུར་པའི་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དཔལ་བསོད་ནམས་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ། མགོན་པོ་ཚེ་
དཔག་མེད་རྣམས་ཀྱི་ཕྱག་གི་བུམ་པའི་ནང་དུ་ཞུགས། དེ་ཉིད་འཆི་མེད་ཚེའི་བདུད་རྩིར་ཁོལ་ཞིང་ལུད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་བགེགས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། ཚེ་བུམ་མགོ་ཐོག་ཏུ་བཞག ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་སླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་བརྗོད་ལ་ཚེ་བུམ་མགོ་ཐོག་ཏུ་བཞག བཀྲ་ཤིས་ཚེ་ཟན་སོགས་ཀྱིས་ཚེ་རིལ་དང༌། འཆི་མེད་ཚེ་ཡི་སོགས་ཀྱིས་ཚེ་ཆང་སྦྱིན། མེ་ཏོག་གཏོར་ལ། དཔོན་སློབ་མི་འབྲལ་སོགས་ཀྱི་བཀྲ་ཤིས་བརྗོད་ལ་གྲངས་གསོག བརྒྱ་ཚར་སོགས་སོང་བའི་རྗེས་མ་ལ་གོང་གི་བརྒྱུད་འདེབས་རྒྱས་པ་ཡོངས་རྫོགས་དང་ཚེ་རིལ་ཚེ་ཆང་བཀྲ་ཤིས་སོགས་འདྲ། དེ་ནས་ཁྱེད་རང་རྣམས་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བར་ཞུ། སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་ལ་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པས། ཆོས་སྐུ་སྣང་བ་མཐའ་ཡས་འོད་དུ་ཞུ། མགོན་པོ་ཚེ་དཔག་མེད་ལ་ཐིམ། ཞེས་པ་ནས། དེ་མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་ཐིམ། དེ་ད་ལྟར་དབང་སྐུར་མཁན་གྱི་རྩ་བའི་བླ་མ་ལ་ཐིམ། དེ་ཁྱེད་རང་རྣམས་མགོན་པོ་ཚེ་དཔག་ཏུ་མེད་པར་གསལ་བ་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། འཆི་མེད་ཚེའི་དཔལ་ལ་ལོངས་སྤྱོད་ཅིང༌། སོགས་དང༌། དཔོན་སློབ་མི་འབྲལ་སོགས་ཀྱི་བཀྲ་ཤིས་བརྗོད། དེས་དབང་གི་དངོས་གཞི་ལེགས་པར་སོང་ནས། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་
སྡོམ་པ་རྣམས་ཚུལ་བཞིན་དུ་སྲུང་སྡོམ་བྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། ཚེ་དབང་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ་མཛོད། མཎྜལ་ཕུལ་ནས་སླར་ཡང་ལུས་ལོངས་སྤྱོད་ཀྱི་ཐོག་ནས་གང་མཁོ་བ་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ལན་གསུམ། དེ་ལྟར་ན་དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་དངོས་སུ་གསན་པའི་བླ་མ་ཞི་ཁྲོའི་ཚེའི་དབང་བསྐུར་བ་ཟབ་མོ་ལེགས་པར་གསན་པ་ཡིན་པས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོར་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་དོ། །རྗེས་ནི་མཆོད་པ་རྣམས་ཞལ་གསོ། གོང་གནས་ཡོའི་སྐབས་ལྟར་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མཎྜལ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འཐོར། ཕྱག་བྱར་འོས་པ་ཐམས་ཅད་ལ། །སོགས་ཤློ་ཀ་གཅིག་གིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ནས། འབྱོན་པར་མཛད་དུ་གསོལ། བཛྲ་མུཿ གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཛཿཧཱུྃ་བཾ་ཧོཿ རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་གྱིས་སྲུང་བ་དང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ། རྒྱུན་གྱི་ཉམས་ལེན་ལ་བདག་བསྐྱེད་རྐྱང་པས་འཐུས། བསྙེན་པ་བྱེད་ན་ཐུན་བཞིར་བྱ་ཞིང༌། སྔགས་འབུམ་ཕྲག་བཅུ་བཟླའོ། །ཚེ་བུམ་
སོགས་བཅའ་གཞི་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་སྒྲུབ་རྫས་བསགས་ལ་བསྒྲུབ་པ་ཕྱག་ལེན་ལགས། གྲོལ་ཉིན་ཚེ་བུམ་མགོ་བོར་བཞག ཚེ་རིལ་ཚེ་ཆང་རང་གི་ཁར་མྱངས་ནས་དངོས་གྲུབ་བླང་ངོ༌། །དེ་ལྟར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་དངོས་སུ་གསན་པའི་འཆི་མེད་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་བླ་མ་ཞི་ཁྲོའི་ཚེ་སྒྲུབ་རང་གི་ཉམས་ལེན་དང་དབང་བསྐུར་བའི་ཆོ་ག་ལག་ལེན་སྙན་བརྒྱུད་བཀླག་ཆོག་ཏུ་བཀོད་པ་འདི་ནི། སློབ་མའི་མཆོག་གདོང་ཁ་དཔོན་སློབ་བསོད་ནམས་ཆོས་འཕེལ་གྱིས་ནན་ཏན་དུ་བསྐུལ་བའི་ངོར་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས་འདིའི་སྐོར་ལ་ངེས་ཤེས་ཁྱད་པར་ཅན་ཡོད་ཅིང་མི་འཇིགས་པའི་གདེངས་དང་ལྡན་པས། ལྷ་ཆེན་ཕུན་ཚོགས་གླིང་དུ་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་ཚེ་རིང་གིས་གུས་སྤྲོའི་སྒོ་ནས་བྲིས་པ་དགེ་ཞིང་འཆི་མེད་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག«འདིའི་གོང་འོག་གི་བརྒྱུད་པའི་ཁ་སྐོང་རྣམས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའོ།» །།དགེ་ལེགས་འཕེལ།། ༈ །ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་གསལ་བྱེད་སྙིང་པོར་དྲིལ་བ་འཆི་མེད་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་བའི། །བླ་མ་ཞི་ཁྲོའི་ཚོགས་ལ་གུས་བཏུད་ནས། །དེ་ཉིད་བསྙེན་ཅིང་སྒྲུབ་ལས་གྲུབ་གཉིས་ཀྱི། །དགའ་སྟོན་སྐལ་བཟང་རིང་འཚོའི་ཆོ་ག་དབྱེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ཨོ་ཌཱི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་དབྱེར་མ་མཆིས་པ་འཆི་མེད་གྲུབ་པ་ཐང་སྟོང་རྒྱལ་པོའི་ཞལ་སྔ་ནས་ཉེ་བར་འོངས་པའི་བླ་མ་ཞི་ཁྲོའི་ཚེ་སྒྲུབ་ཟབ་མོ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་འགྲུབ་པར་འདོད་པ་དག་གིས་འདི་ལྟར་ངེས་པར་བྱ་སྟེ། བསྙེན་སྒྲུབ་ལ་འཇུག་པའི་སྦྱོར་བ། ཞུགས་པའི་ཉམས་ལེན་དངོས། ཞུགས་འབྲས་རང་གཞན་ལ་ཕན་གདགས་པའི་ཚུལ་ལོ། །དང་པོ་ལ་གཉིས། ཆོ་གར་མ་
གཏོགས་པའི་སྦྱོར་བ་དང༌། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། འདི་ཉིད་ཀྱི་དབང་བསྐུར་བ་དང༌། གདམས་ངག་གི་ལུང་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པ། ངེས་འབྱུང་དང་བྱང་ཆུབ་སེམས་གཉིས་ཀྱིས་རྒྱུད་ལེགས་པར་འབྱོངས་ཤིང༌། རང་གཞན་གྱི་དོན་དུ་འཆི་མེད་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པར་འདོད་པས་སྤྲོས་མེད་བདག་བསྐྱེད་ཁོ་ན་ལ་བརྟེན་ཡང་རུང་མོད། ཅུང་ཟད་སྤྲོས་པ་ལ་དགའ་ན་གནས་ཁང་མཛེས་པར་བརྒྱན། སྐུ་གསུམ་ཚེ་ལྷའི་བྲིས་འབུར་གྱི་རྟེན་ཡོད་ན་བཞུགས་སུ་གསོལ་བའི་མདུན་སྟེགས་བུ་ཁེབས་ལྡན་གྱི་དབུས་སྣ་ཚོགས་པདྨ་འདབ་བརྒྱད་རས་བྲིས་བཏིང་བའི་ལྟེ་བར་མེ་ཏོག་གི་ཚོམ་བུ་གཅིག་དགོད། དེའི་སྟེང་མཉྫིའི་རྩེར་རིན་པོ་ཆེའམ་རྫ་ལ་སོགས་པའི་སྣོད་དུ་བུམ་རྫས་སོ་ལྔའི་ཕྱེ་མ་དང་རིག་འཛིན་བརྒྱུད་པའི་ཚེ་རིལ་བསྲེས་པའི་ཕྱེ་མར་ལས་ཚེ་བུམ་རྩ་བར་ཚེ་རིལ་ཕྱུར་བུར་སྤུངས་པའི་ཚུལ་གྱིས་བསྐོར་བ། ཁ་རྒྱན་ཤིང་ལོ་དང་དཔག་བསམ་ཤིང་ལ་རྡོ་རྗེ་གཡུང་དྲུང་རྒྱལ་མཚན་ཉི་ཟླ་སོགས་དང༌། བུམ་པའི་ཁའི་མདུན་ངོས་སུ་རྟ་མགོས་མཚོན་པ་དགོད། གཡས་སུ་མཉྫིའི་ཁར་ཚེ་རིལ་མངར་གསུམ་གྱིས་སྦགས་པའི་ཕྱེ་མར་གྱི་རིལ་བུའམ། རྒྱུན་རིང་འཇོག་ན་ཅོང་ཞི་མཇོ་འོར་འདམ་བཏགས་ལེགས་པར་བྱས་པ་དང་བྲག་ཞུན་ག་བུར་བཟང་པོ་དྲུག་རྣམས་ལ་གཞི་བྱས། ཨ་བར་སྐྱུར་གསུམ་དང་དབང་ལག་སོགས་བཅུད་ལེན་གྱི་སྨན་གང་འཛོམ་སྦྱར་བ་མངར་གསུམ་གྱིས་བསྡུས་པ་ལ། རྗེ་གྲུབ་དབང་གི་ཚེ་རིལ་གྱི་ཕབས་རྒྱུན་ཡོད་ན་ཤིན་ཏུ་ལེགས་ཤིང༌། གང་ལྟར་ཡང་སེལ་མེད་ཀྱི་ཚེ་རིལ་བྱིན་ཅན་གྱི་ཕབས་དང་ལྡན་པས་རིལ་བུ་སྲན་འཕོས་ཙམ་མཚལ་ལམ་ཙནྡན་གྱིས་རྩི་གསོལ་ཏེ་རིལ་ཆགས་ཐོབ་པར་བྱས་པས་ཐོད་པ་མཚན་ལྡན་ནམ་རིན་པོ་ཆེའི་སྣོད་ཕྱུར་བུར་བཀང་བར་ཤོག་བུའམ་དར་དམར་གྱི་རྡུལ་ཁེབས་བྱ། གཡོན་དུ་སྟེགས་གང་རུང་གི་ཁར་ཐོད་པའམ་དཀར་ཡོལ་ལྟ་བུར་ཆང་གར་བཟང་པོའམ་ཆུ་གཙང་ལ་མངར་གསུམ་ཆོས་སྨན་བཏབ་པའི་ཚེ་ཆང་དར་དམར་གྱི་ཁེབས་ལྡན། མདུན་དུ་འདས་གཏོར་ཟླུམ་བརྗིད་པད་འདབ་བཞིས་བསྐོར་སྨུག་རྩི་བྱུགས་པ་དང༌། མཁའ་འགྲོའི་
གཏོར་མ། ཆོས་སྐྱོང་གཞན་ཡོད་ན་དེའི་གཏོར་མ་སོགས་ཕྱག་ལེན་བཞིན་བཤམ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར་རམ་གཡས་ནས་བརྩམས་ཐད་བསྒྲིགས་གང་བདེ། རང་གི་སྟན་གནས་ཁང་དང་གོ་ཡུལ་འགྲིག་ན་ཁ་ཤར་དུ་ཕྱོགས་པར་བཏིང་བའི་འོག་ས་དཀར་གྱི་གཡུང་དྲུང་ཆོས་སྐོར་དུ་བྲི། འགྲུབ་ན་སྟན་དཀར་རྡོ་རྗེའི་རི་མོ་ཅན་འདིང༌། མདུན་དུ་ལྕོག་རྩེའི་ཁར་རྡོར་དྲིལ་ནང་མཆོད་ཌཱ་རུ་མེ་ཏོག སྔོན་འགྲོ་གཏོར་མ། སྤོས་ཐུན། ཚེ་མདའ་རྒོད་སྒྲོ་མ་ཉམས་པར་དར་སྣ་ལྔའམ་དམར་པོ་གཡུ་དང་མེ་ལོང་བཏགས་པ་སོགས་ཉེར་མཁོ་མཐའ་དག་ཚོགས་པར་བྱའོ། །གཉིས་པ་ནི། དགོངས་མོའི་ཆར་བབས་པ་ན་སྟན་ལ་འདུག་ནས་བརྒྱུད་པའི་གསོལ་འདེབས་སོགས་ཆོས་སྤྱོད་ཅི་རིགས་པ་སྔོན་དུ་འགྲོ་བས། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ལན་གསུམ་བཟླས་ནས་རང་རྟ་མགྲིན་གྱི་སྐུར་ལམ་གྱིས་བསྒོམས་ལ་སྔོན་འགྲོ་གཏོར་མ་བཏང༌། དྲག་སྔགས་སྤོས་ཐུན་རོལ་མོའི་ཚམ་རྔམས་ཀྱིས་བགེགས་བསྐྲད། སྒོ་དྲུང་དུ་ཐོ་དཀར་པོ་བརྩིག སྤྲོ་ན་རྒྱལ་ཐོ་འཛུགས་ཆོག་གཞན་ནས་འབྱུང་བ་ལྟར་བྱ། གང་ལྟར་ཡང་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་གསལ་ཞིང་བརྟན་པ་ཅིས་ཀྱང་མི་ཆོད་མི་ཤིགས་པར་བསྒོམས་ལ་མཚམས་གཅད། བསྒོམ་བཟླས་རྒྱས་བསྡུས་གང་རིགས་ཅུང་ཟད་བྱས་ལ་ཐུན་བསྡུ་ཞིང་ཉལ་བའི་རྣལ་འབྱོར་སོགས་ལ་འཇུག་གོ །གཉིས་པ་ཉམས་ལེན་དངོས་ལ། ཚེ་སྒྲུབ་ལ་ཤིས་པའི་གཟའ་ཚེས་བཟང་པོའི་ཐོར་ཐུན་ནས་དབུ་བཟུང་སྟེ། འཇམ་མགོན་ཀུན་དགའ་བཀྲ་ཤིས་ཀྱི་གསུང་རབ་འཆི་མེད་རྡོ་རྗེའི་རྒྱ་མདུད་སོགས་རང་གང་མོས་ཀྱི་ཡིག་ཆ་ཁུངས་ཐུབ་ལྟར་ཉམས་སུ་བླང་བར་བྱ་སྟེ། དེའང་ཐུན་ཐམས་ཅད་ཀྱི་མགོར་བརྒྱུད་འདེབས་སྔོན་དུ་འགྲོ་བས་རང་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཚོགས་དཔག་དུ་མེད་པ་སྤྲོས་ཏེ་བགེགས་རྣམས་རྒྱང་རིང་དུ་བསྐྲད་པའི་མོས་པས་རྟ་མགྲིན་གྱི་སྔགས་ཅི་རིགས་པ་བརྗོད། སྲུང་འཁོར་
གསལ་འདེབས་སྐྱོར་རེ་བས་ན་ལེགས། གང་ལྟར་ཡང་གནས་དང་མཆོད་པའི་ཡོ་བྱད་རྣམས་ལ་དམིགས་ཏེ་རྡོ་རྗེའི་རྩེས་ནང་མཆོད་འཐོར་ཞིང་ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེ་དང་ཞེས་སོགས་འདོན་སྒོམ་སྦྲགས་མཐར་སོ་སོའི་ཕྱག་རྒྱ་དང་བཅས་ཨོཾ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཤབྡའི་བར་ཌཱ་དྲིལ་འཁྲོལ་བཞིན་གྷཎྜེར་ཚར་གསུམ་བརྗོད་པའི་དང་པོས་མཆོད་ཡུལ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། གཉིས་པ་དང་གསུམ་པའི་ཚེ་དེ་རྣམས་ཀྱིས་གནས་དང་ཡོ་བྱད་བྱིན་གྱིས་བརླབས་པར་མོས། རང་གི་སྤྱི་བོར་རྩ་བའི་བླ་མ་སྐུ་དངོས་སམ། ཡང་ན་ཚེ་དཔག་མེད་དམ་གྲུབ་ཆེན་ལྕགས་ཟམ་པའི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་སུ་བསྒོམས་ལ་སྐྱབས་འགྲོ་མ་ནམ་མཁའ་མ་ལན་གསུམ་མམ་ཉེར་གཅིག་བརྗོད། སྐྱབས་ཡུལ་རང་ལ་བསྟིམ། སྨོན་འཇུག་གི་དོན་དྲན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་ལན་གསུམ་བརྗོད། རང་སྐད་ཅིག་གིས་ཚེ་དཔག་མེད་ཀྱི་སྐུར་གསལ་བའི་སྙིང་གར་ཟླ་གདན་ལ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་དང་པདྨ་འོད་ནས་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་སྣང་མཐའ། ལོངས་སྐུ་ཚེ་དཔག་མེད་དང་རྟ་མགྲིན། སྤྲུལ་སྐུ་ཨུ་རྒྱན་ཆེན་པོ། ཀུན་འདུས་གྲུབ་ཆེན་ལྕགས་ཟམ་པ་རྣམས་ལ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས། ཐལ་མོ་སྦྱར་ཏེ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ས་པ་རི་ཝཱ་ར་མཎྜལ་ལེ་བྷྱཿ ཞེས་བརྗོད་པས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་བསམ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ནམ་མཁའ་གང་བ་སྤྲོས་པས་མཆོད་པར་བསམས་ལ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་སོ་སོའི་ཕྱག་རྒྱ་དང་བཅས་པ་བརྗོད། གུར་ནས་འབྱུང་བའི་རྒྱུན་བཤགས་ཀྱི་ཚིག་རྐང་དང་པོས་རྟེན་གྱི་
སྟོབས་སམ་ཚོགས་ཞིང་གསལ་གདབ། གཉིས་པས་སྡིག་པ་བཤགས། གསུམ་པས་རྗེས་སུ་ཡི་རངས། བཞི་པས་དོན་དམ་བྱང་སེམས། ལྔ་པ་དང་དྲུག་པས་སྐྱབས་འགྲོ། བདུན་པ་དང་བརྒྱད་པས་སྨོན་སེམས། དགུ་པ་བཅུ་པ་བཅུ་གཅིག་པ་རྣམས་ཀྱིས་འཇུག་པ་སེམས་བསྐྱེད། ཚིག་ཐ་མས་དགེ་བ་བསྔོ་བ་རྣམས་ཀྱི་དོན་ངེས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་བརྗོད། ཚོགས་ཞིང་གི་ཐུགས་ཀ་ནས་འོད་ཟེར་བྱུང༌། རང་ལ་ཕོག་པས་རང་དང་ཚོགས་ཞིང་གཉིས་སུ་མེད་པར་བསམས་པའི་མཐར་ཚོགས་ཞིང་རང་ལ་བསྟིམ་པའམ། འོད་གསལ་གྱི་ངང་དུ་ཐིམ་པར་མོས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་རེག་པས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བདེ་བ་དང་མི་འབྲལ། བཏང་སྙོམས་ལ་གནས་པར་བསམ་བཞིན་སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་བརྗོད་པས་བསོད་ནམས་དང༌། སྭ་བྷཱ་ཝའི་སྔགས་དོན་རང་བཞིན་དག་པའི་ཆོས་ཐམས་ཅད་རང་བཞིན་དག་པ་ངའོ་ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པ་སེམས་ཉིད་འོད་གསལ་བའི་གནས་ལུགས་ལ་བློ་གཞག་པས་ཡི་ཤེས་ཀྱི་ཚོགས་བསགས་ཏེ། རང་སེམས་ལྷའི་སྐུར་ཧྲིལ་གྱིས་ཤར་དུས་སྒྲུབ་རྫས་སྣོད་བཅུད་དུ་འཛིན་པའི་རྟོག་སྣང་ལོགས་ན་མེད་པའི་བདག་མདུན་དབྱེར་མེད་བློར་ཤོང་ན་དང༌། དེ་མིན་ཀྱང་རང་དང་སྒྲུབ་རྫས་དབྱེར་མེད་ངོ་བོ་ཚེ་ལྷའི་སྐུ་གཅིག་ཏུ་བློས་བསྒོམ་པ་ཡིན་པས་སྣོད་ཀྱི་འཇིག་རྟེན་འདི་ཉིད་བདེ་བ་ཅན་གྱི་ཞིང་ཁམས་རྣམ་པར་དག་པ། ཐ་གྲུ་ཆེ་བ་རི་རབ་ཁོར་ཡུག་གི་རི་དང་རྒྱ་མཚོ་ངན་སོང་གི་གནས་སོགས་མེད་པ་ས་གཞི་ཐམས་ཅད་བཻ་ཌཱུརྻའི་རང་བཞིན་ལག་མཐིལ་ལྟར་མཉམ་པ། སྤོས་ཀྱི་ངད་ལྡང་བ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་དང༌། སྤོས་ཆུའི་ཀླུང་གི་རྒྱུན་དང༌། པདྨ་ལ་སོགས་པ་དང༌། སྤྲུལ་པའི་བྱ་སྣ་ཚོགས་ཀྱིས་མཛེས་པ། གོས་དང་རྒྱན་དང་གཞལ་མེད་ཁང་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་མཚུངས་པ། དུས་དུས་སུ་ལྷའི་མེ་ཏོག་དང༌། སྤོས་
ཆུའི་ཆར་དང༌། རིན་པོ་ཆེ་སྣ་བདུན་དང༌། ཙནྡན་གྱི་ཕྱེ་མ་དང༌། ལྷའི་གདུགས་དང་རྒྱལ་མཚན་དང་བ་དན་གྱི་ཆར་འབེབས་པ། ལྷའི་བླ་བྲེ་དང་རྔ་ཡབ་སོགས་ནམ་མཁའ་ལ་འཛིན་ཅིང་ལྷའི་རོལ་དབྱངས་ཀྱི་སྒྲ་སྒྲོག་ཅིང༌། ལྷའི་བུ་མོ་གར་བྱེད་པ་སོགས་བཀོད་པ་དུ་མས་ཁྱད་པར་འཕགས་པ་དེར་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་འདུས་པའི་དབུས་ན་བྱང་ཆུབ་ཀྱི་ཤིང་དཔག་ཚད་སྟོང་དྲུག་བརྒྱ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དྲུང་དུ་རྨ་བྱས་བཏེག་པའི་ཁྲི་དང་པད་ཟླའི་གདན་ལ་རང་ཉིད་ཧྲཱིཿལས་ཚེ་དཔག་མེད་དུ་བསྐྱེད་པའི་ཐུགས་ཀར་ཟླ་གདན་ལ་ཧྲཱིཿཡིག་གི་ཁོག་པར་ཚེའི་ངོ་བོ་འོད་ཀྱི་ཐིག་ལེ་དཀར་འཚེར་འོད་ལྔ་འཕྲོ་བ་དང༌། དབུ་གཙུག་ཏུ་གང་ལས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་རེག་ལ་མ་འབྱར་བའི་ཚུལ་དུ་བསྒོམ། དེའང་རྗེ་བཙུན་རྡོ་རིངས་པ་མན་ཆད་རབ་བྱུང་སྔགས་འཆང་གང་ཡིན་དེའི་ཆ་བྱད་ཚེ་བུམ་བསྣམས་པའམ། ཡང་ན་ཚེ་དཔག་མེད་ཀྱི་རྣམ་པ། རྗེ་གྲུབ་ཆེན་རྣལ་འབྱོར་པའི་ཆ་ལུགས་ཚེ་བུམ་ཅན། ཨོ་རྒྱན་ཆེན་པོ་ཟ་ཧོར་མ། རྟ་མགྲིན་གསང་སྒྲུབ་ཞབས་བརྒྱད་པའམ། དཀྱུས་ལྟར་སྐུ་མདོག་དམར་པོ་དབྱུག་ཏོ་སྡིགས་མཛུབ་དུར་ཁྲོད་ཆས་ཅན། ཚེ་དཔག་མེད་དང་སྣང་མཐའ་ཡོངས་གྲགས་ལྟར་བསྒོམ། དེ་ནས་བླ་མ་དེ་རྣམས་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་བཅས་ཉན་རང་སོགས་སྐྱབས་ཡུལ་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་རེ་རེར་ཡང་ཆ་ཚང་བ་རེ་ཐིམ་པས་བླ་མ་དེ་རྣམས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ། དེ་རྣམས་ལ་བདག་གི་ཚེའི་བར་ཆད་བསལ་ནས་འཆི་མེད་ཀྱི་དངོས་གྲུབ་སྩལ་དུ་གསོལ་སྙམ་པའི་དད་གདུང་ཤུགས་དྲག་པོས། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་སོགས་རྩ་བའི་གསོལ་འདེབས་སྔགས་དང་སྤེལ་བ་ཐུན་མགོར་བརྒྱ་རྩ་ཙམ་བརྗོད་ནས་སྔགས་ཁེར་རྐྱང་བཟླ་བའམ། ཡང་ན་ཐུན་མགོ་དང་སྔགས་སྟོང་ཕྲག་རེ་སོང་མཚམས་སུ་བདུན་ནམ་ཉེར་གཅིག་སྤེལ་མར་འདོན་པ་གང་བདེ་བྱ། དེ་
ལྟར་གསོལ་བ་བཏབ་པས་བླ་མ་དམ་པ་དེ་རྣམས་སངས་རྒྱས་རང་སྣང་ལ་སེམས་ཅན་གྱི་དོན་མཛད་མི་མཛད་ཀྱི་ཀུན་རྟོག་མི་མངའ་ཡང༌། གདུལ་བྱའི་སྣང་ངོར་ཐུགས་རྗེ་ལྷག་པར་གཡོས་ཏེ་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ལྕགས་ཀྱུའི་དབྱིབས་ཅན་དང༌། འོད་ཟེར་གྱི་དྲྭ་བ་དང༌། འོད་ཀྱི་ཟེར་ཐག་སྦུབས་ཅན་འཇིགས་རུང་ལྟ་བུ་སོགས་གསལ་ཞིང་འཚེར་བ་བསམ་གྱིས་མི་ཁྱབ་པ་འཕྲོས། སྟོང་གསུམ་རབ་འབྱམས་མུ་མཐའ་མེད་པའི་ཞིང་ཁམས་ཐམས་ཅད་ལ་ཁྱབ་པས་བདག་གི་བླ་ཚེ་འཕྲོག་པ། འཁྱམས་པ། ཡར་བ། འཐོར་བ། བརྒྱལ་ཞིང་འདྲོགས་པ། འཆི་བདག་གཤིན་རྗེ་སྡེ་བརྒྱད་འབྱུང་པོ་སོགས་བླ་གཤེད། ཚེ་ལེན། དབུགས་སྡུད། མདངས་འཕྲོག བན་བོན་མུ་སྟེགས་བྱད་མ་མཁན་པོ་སོགས་ཀྱིས་བརྐུས་ཤིང་འཕྲོག་པ་བྱད་དུ་བཅུག་པ་ལ་སོགས་པ་རྣམས་དང༌། དེར་མ་ཟད་བརྟན་པ་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་དྭངས་བཅུད། ཁྱད་པར་དུ་གྲུབ་པའི་བཅུད་ལེན་དང་ཚེ་སྲིང་པའི་ནུས་པར་ལྡན་པའི་སྨན་དང་རིན་པོ་ཆེ་སོགས་ཀྱི་ནུས་བཅུད། གཡོ་བ་བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་དབང་པོ་ཕྱོགས་སྐྱོང་སྡེ་བརྒྱད། མཁས་པ་པཎྜི་ཏ་དང་གྲུབ་པ་དྲང་སྲོང་རིག་པ་འཛིན་པ་སོགས་ཀྱི་ཚེ་དང་བསོད་ནམས་དབང་ཐང་རྫུ་འཕྲུལ་བཀྲག་མདངས། ལུང་རྟོགས་ཀྱི་ཡོན་ཏན། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་འཆི་མེད་ཀྱི་བདུད་རྩིའི་རླན་དང་བཅས་པའི་རྣམ་པར་སེམས་ཅན་སོགས་ལ་གནོད་པ་མེད་པར་བུང་བས་སྦྲང་རྩི་ལེན་པའི་ཚུལ་དུ་བསྡུས་ཏེ་སྤྱི་བོའི་བླ་མ་རྣམས་ཀྱི་སྐུ་ལ་ཐིམ། དེ་རྣམས་ཀྱི་སྐུ་ལས་འཆི་མེད་ཀྱི་བདུད་རྩི་ཁ་དོག་ལྔ་ལྡན་གྱི་རྒྱུན་ཆད་པ་མེད་པར་བྱོན་པས་རང་ཚེ་ལྷར་གསལ་བའི་དབུ་གཙུག་ཚངས་བུག་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཚེ་ཐུང་བའི་ལས་ངན་བསགས་པའི་འབྲས་བུ་ནད་གདོན་དུས་མིན་འཆི་བ་དང་བཅས་པ་སངས་ཀྱིས་དག རང་གི་ཚེ་
དང་བསོད་ནམས་བླ་སྲོག་ལུས་ཀྱི་འབྱུང་ཁམས་ཉམས་ཟད་གུད་པ་ཐམས་ཅད་པདྨོ་རྙིད་པར་ཆུན་བྲན་པ་བཞིན་གསོས། གྲུབ་པའི་བཅུད་ལེན་མྱོང་བས་ཀྱང་མི་དཔོག་པ་གཉུག་མའི་སྒོ་གསུམ་མགོན་པོ་ཚེ་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་ཡོན་ཏན་སྐད་ཅིག་ལ་གསོས་བཏབ་སྟེ་འཆི་མེད་རྡོ་རྗེ་ཡེ་ཤེས་དྭངས་མའི་སྐུར་གྱུར། བ་སྤུའི་ཁུང་བུ་ཚུན་བདུད་རྩིའི་ཟིལ་པ་ཕྲོམ་མེར་ཉི་མ་བྱེ་བས་ཆ་ཙམ་ཡང་མི་བསྒྲུན་པའི་གཟི་འོད་རབ་ཏུ་རྒྱས་པས་ཚེ་བདུད་ལོག་འདྲེན་སོགས་ཀྱིས་ལྟ་བར་ཡང་མི་བཟོད་པའི་མཐུ་ཐོབ་པར་བསམས་ཞིང་གཤིས་མ་གྲུབ་པ་སྟོང་པ་ཉིད་དུ་ཆམ་མེ། མདངས་མ་འགགས་པ་ལྷའི་སྐུར་ལམ་མེ་བའི་བསྐྱེད་རྫོགས་ཟུང་འཇུག་རང་བཞིན་ཡོངས་ཤེས་ཀྱི་ངང་ནས་སྔགས་བཟླ། ཡིག་རྙིང་གི་དངོས་བསྟན་དེ་ཙམ་ཡིན་ཡང་སྤྲོས་པ་ལ་དགའ་ན་བླ་དང་ཚེ་དང་སྲོག་གི་ཡི་གེ་ལ་སོགས་པའི་རྣམ་པ་དང༌། འབྱུང་བ་སའི་བཅུད་བདུད་རྩི་སེར་པོ། ཆུའི་བཅུད་དཀར་པོ། མེའི་བཅུད་དམར་པོ། རླུང་གི་བཅུད་ལྗང་གུ། ནམ་མཁའི་བཅུད་སྔོན་པོ།«ཡང་ན་ཡིག་རྙིང་ལས་འབྱུང་བ་བཞི་མ་གཏོགས་མ་བཤད་པས་ནམ་མཁའ་ལོགས་སུ་མ་ཕྱེ་ཡང་རུང་ཞིང༌། དེ་ལྟར་ན་ཆུའི་ཁམས་སྔོན་པོར་འཐད། མཆན།» སྐྱེ་འགྲོའི་ཚེ་བསོད། འཕགས་པའི་བྱིན་རླབས་བཅས་གོང་བཞིན་བསྡུ་བྱ་སྡེ་ཚན་རིགས་ཁམས་རེ་ལ་སྡུད་བྱེད་འོད་ཟེར་དེ་དང་འཚམས་པ་སྤྲོ་ཐེངས་རེ་བྱས་ནས་སོ་སོར་བསྡུ་བསྟིམ་གྱིས་བདུད་རྩི་འབེབས་དམིགས་བྱས་ཀྱང་ལེགས་ཆར་འགྱུར། ཤིན་ཏུ་སྤྲོས་པ་ལ་མི་དགའ་ན་གཙོ་བོར་རང་བཞིན་ཡོངས་ཤེས་འཆི་མེད་གཉུག་མའི་གནས་ལུགས་ཀྱི་ངང་ནས་བཟླས་པས་ཀྱང་རུང༌། དེ་ལྟར་ཐུན་རེར་བཟླས་པ་གང་འགྲོ་བྱས་རྗེས་ཐུན་བསྡུ་བ་ན་དབྱངས་གསལ་ཞབས་བཏགས་མ་གསུམ་གྱིས་སྔགས་ནུས་བརྟན་པར་བྱས། ཚེ་འགུགས་ལུགས་འདིར་ཡིག་རྙིང་ལས་མ་བཤད་པས་མ་བྱས་ཀྱང་ཆོག་ཅིང༌། བྱེད་པར་སྤྲོ་ན། བཅོམ་ལྡན་མགོན་པོ་སོགས་བྱང་གཏེར་ལྕགས་སྡོང་མ་ལྟར་རམ། དཀྱུས་ལྟར་བྱེད། ཚེ་འགུགས་ཀྱི་དམིགས་པ། རང་ལྷར་གསལ་བ་དང་སྤྱི་བོའི་བླ་མ་རྣམས་ཀྱི་ཐུགས་ཀ་ནས་
འོད་ཟེར་ལྕགས་ཀྱུ་ལྟ་བུ་དང༌། འབྱུང་བ་ལྔ་ལ་དབང་བསྒྱུར་བའི་ཚེ་འགུགས་ཀྱི་ལྷ་མོ་དཀར། སེར། དམར། ལྗང༌། མཐིང་བའི་མདོག་ཅན་མདའ་དང༌། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་ཐོགས་པ་ཆེ་ཆུང་མ་ངེས་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ནམ་མཁས་གར་ཁྱབ་ཀྱི་སྣོད་བཅུད་འབྱུང་ཁམས་ལ་ཁྱབ། འཆི་བདག སྲོག་གཤེད། བླ་རྐུན་རྣམས་སྤ་བསྐོངས་ཤིང་ཚར་བཅད་དེ། རང་གི་སྲོག་ཅེས་བཞོན་པའི་རླུང་དང༌། ཡིད་ཅེས་དེའི་བཞོན་པ་ཅན་གྱི་ཤེས་པ་དང༌། ཚེ་ཞེས་རླུང་སེམས་ཀྱི་འཕེལ་འགྲིབ་ལས་ཆགས་འཇིག་བྱེད་པ་དང༌། བླ་ཞེས་དེ་དག་གི་བག་ཆགས་ཀྱི་རང་གཟུགས་སྲོག་ཆགས་ལ་སོགས་པའི་རྣམ་པར་ཤར་བ་གང་དག་ཡར་ཞིང་འཁྱམས་པ་སྡེ་བརྒྱད་འབྱུང་པོས་ཁྱེར་བ་མ་ལུས་པ་ཨ་དང་ནྲྀ་ལ་སོགས་པའི་ཡིག་འབྲུ་དང༌། བླ་གཟུགས་ཀྱི་སྲོག་ཆགས་འོད་ཟེར་བདུད་རྩི་སྐུ་དང་ཡིག་འབྲུ་ཕྱག་མཚན་བཀྲ་ཤིས་རྫས་རྟགས་ལ་སོགས་པའི་རྣམ་པར་བསྡུས་ཤིང་བཀུག་སྟེ་སྙིང་གའི་ཚེ་རྟེན་དང་སྒྲུབ་རྫས་རྣམས་ལ་བསྟིམས་པས། བླ་ཚེ་ཉམས་པ་ཐམས་ཅད་སོར་ཆུད་ཅིང་འཆི་མེད་ཀྱི་དངོས་གྲུབ་ཐོབ། སྒྲུབ་རྫས་རྣམས་ཀྱང་འཆི་མེད་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས་ལ་ཚིགས་མཚམས་སུ་མདའ་དར་གཡོབ་པ་སོགས་སྤྱི་དང་འདྲ། ཐུན་ཐམས་ཅད་ཀྱི་མཐའ་འམ་སྤྲོས་པ་ལ་མི་དགའ་ན་སྔ་ཐུན་གྱི་མཐར་བཅོམ་ལྡན་འདས་ལ་གཏོར་མ་འབུལ་བ་ནི། བྱིན་རླབས་དཀྱུས་བཞིན་བྱ། འདིར་འཕྲུལ་དགའི་ལྷའི་ཚུལ་དུ་བདག་མདུན་དབྱེར་མེད་ཉིད་ལ་འབུལ་བ་ཡིན་པས་གཏོར་མགྲོན་སྤྱན་འདྲེན་མ་དགོས། ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་བདུད་རྩིའི་རང་བཞིན་ཅན་གྱི་བཅུད་དྲངས་ཏེ་གསོལ་བར་བསམས་ལ་རྡོ་རྗེ་ཐལ་མོ་ཁ་ཕྱེ་མཐར་སེ་གོལ་གཏོགས་ཤིང་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་བདུན་ནམ་གསུམ་གྱིས་ཕུལ། ཨོཾ་ཨརྒྷཾ་ལ་སོགས་པས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་བརྗོད་ཅིང་ནང་མཆོད་མཐེབ་སྲིན་གྱིས་གཏོར་ལ་ཕུལ། འཇིག་རྟེན་འདྲེན་པས་བསྟོད། འཆི་མེད་ཚེ་ཡི་སོགས་ཀྱིས་འདོད་དོན་གསོལ། སྐབས་འདིའམ་ཆོས་སྲུང་
ཡེ་ཤེས་དང་འཇིག་རྟེན་པའི་གཏོར་འབུལ་རྣམས་ཟིན་པའི་རྗེས་གང་ཡང་རུང་བར་སྤྲོ་ན་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། སྤྱི་བོའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ཡས་རིམ་བཞིན་གཅིག་ལ་གཅིག་བསྡུས་ནས་མཐར་བླ་མ་ཐམས་ཅད་འདུས་པའི་འོད་ཀྱི་གོང་བུ་རང་ལྷར་གསལ་བའི་སྤྱི་བོ་ནས་ཞུགས། སྙིང་གའི་ཚེ་རྟེན་ཐིག་ལེ་དཀར་པོ་ལ་ཐིམ་པས་ཐིག་ལེ་དེ་ཉིད་གསལ་ཞིང་འཚེར་བ་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ། བསྐལ་པའི་མེ་ཆུ་རླུང་གིས་ཀྱང་གཞོམ་གཞིག་ཅུང་ཟད་ཀྱང་མི་ནུས་པའི་རྟག་བརྟན་གཡུང་དྲུང་གི་རང་བཞིན་ལ་སེམས་དར་ཅིག་གཏད། མཐར་ཚེ་རྟེན་དང་ལྷ་སྐུའི་གསལ་སྣང་ཡང་མི་དམིགས་པ་གནས་ལུགས་བསལ་བཞག་མེད་པའི་ངང་དུ་མཉམ་པར་བཞག དེ་ལས་རང་ཚེ་ལྷའི་སྐུར་ལངས། སྣང་གྲགས་ཐམས་ཅད་ལྷ་སྔགས་ཀྱི་རང་བཞིན་དུ་བལྟས་ཏེ་དགེ་བསྔོ་ཤིས་བརྗོད་མདོར་བསྡུས་བྱས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག འཇིག་རྟེན་པའི་གཏོར་བསྔོ་ནི་ལྕགས་ཟམ་པའི་བརྒྱུད་པ་རང་རྐང་འཛིན་པ་རྣམས་ཕྲིན་ལས་མྱུར་མགྱོགས་རྗེས་འབྲང་བཅས་མཐོང་བརྒྱུད་ལྟར་གཏོང་ཞིང༌། གཞན་དེ་ལྟར་མི་ཤེས་པའམ་མི་ནུས་པས་རང་ལུགས་ཀྱི་ཆོས་སྲུང་སྤྱི་བྱེ་བྲག་གི་གཏོར་བསྔོ་གང་དགོས་མཐར། བདེ་མཆོག་ལས་བྱུང་བའི་མཁའ་འགྲོ་སྤྱི་གཏོར་དང༌། གཞི་བདག་གཏོར་མ་སྤྱི་བཞིན་གཏོང་བ་ཕྱག་ལེན་དུ་མཛད། ལུགས་སྔ་མ་ལྟར་ན་འཇིག་རྟེན་པའི་གཏོར་མ་དམར་ཟླུམ་པད་འདབ་བཞིས་བསྐོར་བ་གཅིག་གམ་གཉིས་བཤམ་དགོས་པ་བཅས་གཤམ་གྱི་སྐབས་སུ་དྲན་པར་བྱ། གང་ལྟར་ཡང་ཆོས་སྲུང་འཇིག་རྟེན་པའི་གཏོར་བསྔོ་དགོང་མོའམ་སྲོད་ཀྱི་ཐུན་མཐར་བཏང་བས་ཆོག་གི་ཐུན་ཐམས་ཅད་ལ་གཏོང་མི་དགོས་སོ། །བཅོམ་ལྡན་འདས་ལ་གཏོར་འབུལ་ཐུན་རེ་བཞིན་བྱེད་ན་གཏོར་མ་དང་མཆོད་པ་ཞལ་གསོ། མཆོད་པ་བྱིན་རླབས་བཅས་ཀྱང་ཐུན་རེའི་མགོར་བྱ་དགོས་ཤིང༌། ཅི་སྟེ་གཏོར་བསྔོ་མི་བྱེད་ན་འདིར་བདག་བསྐྱེད་ལ་མཆོད་པ་འབུལ་བ་མེད་པས་དེ་དག་བོར་བས་ཁྱབ། སྤྲོས་མེད་བདག་བསྐྱེད་ཁེར་རྐྱང་ལ་བརྟེན་ན་སྒྲུབ་
རྫས་ཀྱི་གཤོམ་དང༌། མཆོད་པ་བྱིན་རླབས་གཏོར་ཆོག་ཅིའང་མི་དགོས་ཏེ་འདི་ནི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྤྲོས་མེད་ཀྱི་ཚེ་སྒྲུབ་ཡིན་པས་རྩ་བའི་ཡིག་རྙིང་ལས་དེ་དག་མ་བཤད་པའི་ཕྱིར་རོ། །མཚམས་ཀྱི་སྤང་བླང་ལ་སོགས་པ་ནི་གསང་བ་སྤྱིའི་འགྲོས་ལས་ཤེས་ཕྱིར་འདིར་མ་སྨྲོས་ལ། བཟླས་དམིགས་སོགས་ཕལ་ཆེར་མངོན་རྟོགས་ཉིད་བཀླགས་པས་འགྲུབ་མོད་ཀྱི་བློ་གསར་རྣམས་གོ་བདེ་ཕྱིར་ཅི་རིགས་པ་གོང་དུ་བཀྲོལ་ཟིན། བྱིངས་ལ་མ་གྲགས་པའི་ཟབ་གནད་བླ་མ་རྣམས་ཚེ་རྟེན་ལ་བསྟིམ་པ་འདི་གསུང་རྒྱུན་ཞལ་ཤེས་ངག་དབང་ཉི་ཟླ་བཟང་པོའི་ཞལ་སློབ་ཀུན་དགའ་དཔལ་འབྱོར་གྱི་ཟིན་བྲིས་ལས་བཤད་པ་ལྟར་འདིར་བྲིས་པ་ཡིན། ཚེ་སྒྲུབ་གཞན་ལྟར་ན་ཚེ་རྟེན་དེ་ཉིད་ཡི་གེ་ཨ་དཀར་པོའམ་ནྲྀས་མཚན་པར་བསྒོམས་ཀྱང་རུང་ངོ༌། །ཚུལ་དེས་གྲངས་བསྙེན་འབུམ་ཕྲག་བཞིའམ་འབྲུ་འབུམ་བཅུ་ཆའི་ཁ་སྐོང་བཅས་ཐེམས་པའམ། རྟགས་བསྙེན་རབ་དངོས་ཉམས་རྨི་ལམ་དུ་བླ་མ་ཚེ་ལྷའི་ཞལ་མཐོང་བ་ལྷ་སྐུའི་གསལ་སྣང་རེག་མཐོང་གི་མཚན་མ་གྲུབ་པ་སོགས་དང༌། ཐ་མའང་ཉི་ཟླ་ཤར་བ་དང༌། ཤིང་འབྲས་རྙེད་ཅིང་ལོངས་སྤྱོད་པ་སོགས་རྨི་ལམ་དགེ་བའི་མཚན་མ་མཐོང་ན་བསྙེན་པ་ལས་སུ་རུང་བ་ཡིན་ལ། ཐ་ན་བདུན་ཕྲག་གཅིག་ཙམ་ཅི་ནུས་སུ་འབད་པས་ཀྱང་དུས་མིན་གྱི་འཆི་བ་ཞི་བ་སོགས་ཕན་ཡོན་དཔག་ཏུ་མེད་པས་དེ་ཡང་ནན་ཏན་དུ་བྱ་བ་ཁོ་ནའོ། །བཟླ་བྱའི་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་པ་འདི་ཁོ་ན་ཡིན་ཏེ་ཧཱུྃ་ཛཿཟེར་བ་དང༌། ཨཱ་ཡུཿཔཎྱེ་ཛྙཱ་ན་སིདྡྷི་ཟེར་བ་སོགས་ཚེ་སྒྲུབ་གཞན་དང་རིགས་འགྲེའི་བསྲེ་ལྷད་ཞུགས་པ་ཡིན་པས་ཤེས་པར་བྱོས་ཤིག ལུགས་འདི་ལ་བསྙེན་པའི་མཐའ་ལ་སྦྱིན་སྲེག་མཛད་པའི་ཕྱག་ལེན་སྔོན་ཆད་ཆེར་མ་དར་ཡང༌། འགྲུབ་ན་ལེགས་པའི་ཡན་ལག་ཡིན་ལ། བྱེད་པར་སྤྲོ་ན་རིགས་མཐུན་བླ་མེད་ཀྱི་སྦྱིན་སྲེག་འཇུག་བདེ་གང་ཡང་རུང་བའི་ཡེ་ཤེས་པའི་ལྷ་སྔགས་བླ་མ་ཚེ་ལྷ་ཉིད་དུ་བསྒྱུར་བས་འགྲུབ། དེ་ཡང་ཁ་སྐོང་གི་ཚེ་ཏིལ་དང་ཞི་བའི་སྤེལ་ཚིག ལས་ཀྱི་ངར་
འདོགས་ན་དཱུརྦ་དང་ཚེ་རྒྱས་པའི་སྤེལ་ཚིག་གཙོ་བོར་བྱ་དགོས་པས་གནད་ཤེས་པར་བྱ། ནམ་བྱ་བའི་དུས་ནི་དངོས་གྲུབ་བླང་བའི་གོང་འོག་མཚམས་ཀྱི་ཁོངས་ཉིད་དུའམ། སྐབས་གཞན་དུའང་བཀག་པ་མེད་ལ། བསྙེན་མཚམས་ཇི་ལྟར་བྱེད་པའི་དམ་བཅའ་མཐར་སོན་ནས་དངོས་གྲུབ་བླང་བ་ནི། ཐོར་ཐུན་ཞིག་གི་མཐར་བཅོམ་ལྡན་འདས་ལ་གཏོར་མ་ངེས་ཅན་དུ་འབུལ་ཞིང༌། འདོད་གསོལ་གྱི་མཐར། སྤྲོ་ན་ཚེ་དབང་སྦྱོར་དངོས་མཇུག་གསུམ་བདག་འཇུག་ཏུ་བླང༌། བསྡུ་ན། སྣང་བ་མཐའ་ཡས་སོགས་གསོལ་འདེབས་སྔགས་བཅས་བརྗོད་ཅིང་ཚེ་བུམ་ལྷར་གསལ་བ་སྤྱི་བོར་བླངས་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་བ་སྔར་བཤད་པ་ལྟར་བྱ་བ་ཉིད་ལ་བདག་འཇུག་གི་དོན་ཚང་བས་དེ་ལྟར་བྱས་པའི་རྗེས་བླ་མ་རྣམས་རང་ལ་བསྟིམས་ནས་མཉམ་པར་བཞག ཚེ་བུམ་སྔར་ཤུལ་དུ་བསྒྲིག ལྷ་འོད་དུ་ཞུ་བ་ལས་བྱུང་བའི་སྒྲུབ་རྫས་མྱོང་བ་ཙམ་གྱིས་འཆི་མེད་འགྲུབ་པར་བལྟས་ལ་སྔགས་བཟླ་བཞིན་དུ་ཚེ་ཆང་ལ་ལོངས་སྤྱད། དེ་རྗེས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱེད། ཆོས་སྲུང་གི་གཏོར་བསྔོ་གཏོར་མ་སྐྱོང་བ་སོགས་ནི་གོང་གི་ཚེ་ལྷའི་གཏོར་བསྔོའི་རྗེས་སམ་སྐབས་གཞན་གང་བདེར་བྱས་པས་རུང་ལ། ཚོགས་མཆོད་བྱེད་པར་སྤྲོ་ནའང་ཚེ་ལྷའི་གཏོར་བསྔོ་ཚར་བ་མན་ཆད་སྐབས་གང་འོས་སུ་སྦྱར་བས་འཐུས་ཏེ། ལྕགས་ཟམ་རང་ལུགས་དཀྱིལ་འཁོར་དང་འབྲེལ་བའི་ཉེ་བརྒྱུད་རིགས་ལྔ་འཆི་མེད་མཆོག་སྦྱིན་ལྟར་བྱ་བའམ། བྱང་གཏེར་ཐུགས་སྒྲུབ་ལྟ་བུ་ནས་བླངས་ཀྱང་མི་འཐད་པ་མེད། ཐོ་འགྲོལ་སོགས་སྤྱི་དང་འདྲ་ཞིང༌། མཚམས་གྲོལ་བའི་ཐོག་མར་མིག་ཉི་ཟླའི་ཕྱོགས་སུ་ལྟ་སྟངས་བྱེད་པ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་བཤད་དོ། །གསུམ་པ་ཞུགས་འབྲས་རང་གཞན་ལ་ཕན་གདགས་པ་ལ་གཉིས། རིལ་བུ་སྒྲུབ་པ་དང༌། དབང་བསྐུར་བའོ། །དང་པོ་ནི། བསྙེན་པའི་སྐབས་སུ་ཐོག་མར་ཚེ་རིལ་བསྒྲིལ་ཡོད་ན་དེ་ཉིད་དང༌། མེད་ན་གོང་དུ་བཤད་པ་ལྟར་བཅུད་ལེན་གྱི་སྨན་སྣ་ལ་རྗེ་གྲུབ་ཐོབ་ཆེན་པོའི་ཚེ་རིལ་གྱི་ཕབས་རྒྱུན་གཙོ་བོར་གྱུར་པའི་ཆོས་འདི་པའི་
བརྒྱུད་པ་སོགས་བླ་མ་གོང་མའི་ཚེ་རྫས་སེལ་མེད་སྦྱར་བའི་ཚེ་རིལ་རྩི་དམར་པོ་གསོལ་པ་རིལ་ཆགས་འཐེམ་པར་བྱས་ལ་རིན་པོ་ཆེའི་བུམ་པར་བླུགས། དར་དམར་གྱི་རྡུལ་ཁེབས་དང་མགུལ་ཆིངས་ཀྱིས་སྤྲས་ཏེ་སྟེགས་བུའི་གཡས་སུ་བཞུགས། གཟུངས་ཐག་གདགས། གཞན་ཚེ་གཏོར་དབུས། ཚེ་ཆང་གཡོན་སོགས་བཤམ་ཚུལ་བསྙེན་པའི་སྐབས་བཞིན་ལ། ངག་འདོན་གྱི་རིམ་པ་ནི། ཡིག་ཆ་གང་ལ་བརྟེན་ཡང་རུང་མོད་འདིར་སྐབས་སུ་བབ་པས་ལུགས་དབང་ཆོག་རྡོ་རྗེའི་རྒྱ་མདུད་ལྟར་བྱ་བ་ལ། སྔོན་འགྲོ་གཏོར་མ་ཆབ་ཀྱིས་བྲན་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་བ་ནས། དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་ཞེས་འདོད་གསོལ་གྱི་བར་བདག་བསྐྱེད་རྫོགས་པར་བཏང༌། མདུན་གྱི་སྒྲུབ་རྫས་གཙོ་བོ་རིལ་བུ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་ས་གཞི་ལག་མཐིལ་ལྟར་མཉམ་པ་བཻ་ཌཱུརྻའི་རང་བཞིན་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ། བཀོད་པ་ལེགས་པས་མཛེས་ཤིང་ལྷུན་སྟུག་པའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲིར་རིན་པོ་ཆེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་རིལ་བུ་རྣམས་རེ་རེ་བཞིན་ཡི་གེ་ཧྲཱིཿདམར་པོ་རེ་རེ་ཡོངས་སུ་གྱུར་བ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་ནས། ཛཿཧཱུྃ་བཾ་ཧོཿམདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་ཞེས་ཁ་བསྒྱུར་ཏེ། གསོལ་འདེབས་ཀྱི་བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ་བར་དང༌། དེ་ནས་བཟླས་པ་ནི། གཟུངས་ཐག་ནས་བཟུང་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། གཟུངས་ཐག་ལ་བརྒྱུད་ནས་སོང་སྟེ་བུམ་ནང་གི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་སོགས་ནས། རྒྱུན་ཆད་མེད་པར་བྱོན་པས་བར་གོང་ལྟར་དང༌། རིལ་བུ་ཚེ་དཔག་མེད་དུ་གསལ་བའི་དབུ་གཙུག་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། བ་སྤུའི་ཁུང་བུ་ཚུན་བདུད་རྩི་ཟིལ་པ་ཕྲོམ་མེར་ཉི་མ་བྱེ་བས་ཆ་ཙམ་ཡང་མི་བསྒྲུན་པའི་
གཟི་འོད་རབ་ཏུ་རྒྱས་པས་ཚེ་བདུད་ལོག་འདྲེན་སོགས་ཀྱིས་ལྟ་བར་ཡང་མི་བཟོད་པའི་མཐུ་ཐོབ་པར་བསམ་ཞིང་གཤིས་མ་གྲུབ་པ་སྟོང་ཉིད་དུ་ཆམ་མེ། མདངས་མ་འགགས་པ་ལྷ་སྐུར་ལམ་མེ་བའི་བསྐྱེད་རྫོགས་ཟུང་འཇུག་རང་བཞིན་ཡོངས་ཤེས་ཀྱི་ངང་ནས་སྔགས་བཟླ། དེ་ལྟར་ཐུན་རེར་བཟླས་པ་གང་འགྲོ་བྱས་རྗེས་ཐུན་བསྡུ་བ་ན་དབྱངས་གསལ་ཞབས་བཏགས་མ་ལན་གསུམ་གྱིས་སྔགས་བྱིན་བརྟན་པར་བྱས། སྒྲུབ་གྲོགས་ཡོད་ན་བཟའ་བཏུང་དང་སྤྱོད་ལམ་སོགས་ཀྱི་ཚེ་གཟུངས་ཐག་རེས་མོས་སུ་བཟུང་ལ་བཟླས་པ་རྒྱུན་མི་ཆད་པར་བྱ། ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་གོང་ལྟར་གྱིས། དཀར་མོ་མགྱོགས་མ་སོགས་ཀྱི་ཚེ་འགུགས་དང༌། མདུན་གྱི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ། སྤྲོ་ན་འཇིག་རྟེན་ཁམས་ནི་སོགས་ཚིགས་བཅད་དང༌། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་འདོན་པ་བསྒྱུར་ཏེ་གྷཎྜེ་ར་ཎི་ཏ་བརྗོད་པས་ཕྱི་མཆོད། ནང་མཆོད་འབྲུ་གསུམ་གྱིས་དབུལ། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། དེ་ནས་གཏོར་མར་ཆབ་བྲན་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱིཿསོགས་ནས། བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་པའི་བར་གོང་བཞིན་བྱ། རིལ་བུའི་ལྷ་སྒྲུབ་པ་མ་གྲོལ་བར་བརྟན་བཞུགས་བྱ། ཐུན་ཕྱི་མ་རྣམས་ལ་བུམ་ལྷ་སྔར་ཡོད་གསལ་གདབ་ཀྱི་ཚུལ་དུ་བསྐྱེད། དེ་ལྟ་བུའི་སྒོ་ནས་རིལ་བུ་ལས་འོད་དང༌། སྒྲ་དང༌། དྲི་བཟང་པོ་འཐུལ་བ་དང༌། རྒྱ་ཆེར་འཕེལ་བ་སོགས་རྟགས་མཐོང་བའི་བར་རམ། ཞག་བདུན་སོགས་སུ་བསྒྲུབས་ཏེ་གྲོལ་བའི་ཉིན་རྗེས་ཆོག་བར་སྔར་ལྟར་དང༌། ཆོས་སྐུ་སྣང་བ་མཐའ་ཡས་འོད་དུ་ཞུ་མགོན་པོ་ཚེ་དཔག་མེད་ལ་ཐིམ་པ་ནས་བྱམས་པ་ཀུན་དགའ་བསྟན་འཛིན་འོད་དུ་ཞུ། རིལ་བུ་ཚེ་དཔག་མེད་གསལ་བ་ལ་ཐིམ། དེའང་འཆི་མེད་བདུད་རྩིའི་རྣམ་པར་ལྟེམས་གྱིས་ཞུ་སྟེ་རིལ་བུ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ། ཡེ་དྷར་བརྒྱ་རྩ་དང༌། དབྱངས་གསལ་ཞབས་
བཏགས་མ་གྲངས་མང་གིས་བྱིན་རླབས་བརྟན་པར་བྱས་ལ། རིལ་བུ་དར་སོགས་ཀྱི་སྣོད་དུ་བཀུར་སྟི་དང་བཅས་ཏེ་བཞུགས་སུ་གསོལ། རྗེས་དགེ་བ་བསྔོ། སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད་པར་བྱའོ། །དེ་ནས་སྒྲུབ་པའི་དངོས་གཞི་བདག་འཇུག་གི་སྒོ་ནས་དངོས་གྲུབ་བླང་བའི་ཚུལ་ནི། རིལ་བུ་བསྒྲུབ་པ་དང༌། བསྙེན་པ་གྲུབ་པ་གང་ལྟར་ཡང་མཇུག་ཏུ། བཤམ་ཆོག་དེ་ཉིད་ལ་མཆོད་གཏོར་ཅི་འབྱོར་དང༌། མཎྜལ། བགེགས་བསྐྲད་ཆས། འབེབས་རྫས་སོགས་འདུ་བྱས་ལ། ངག་འདོན་ཡིག་ཆ་གོང་ལྟར་གྱི་སྔོན་འགྲོ་གཏོར་མ་ནས་བརྩམས། བདག་བསྐྱེད་འདོད་གསོལ་གྱི་བར་སོང་ནས། མདུན་གྱི་སྒྲུབ་རྫས་རྣམས་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་ས་གཞི་ལག་མཐིལ་ལྟར་མཉམ་པ་སོགས་ནས། ཡོངས་སུ་གྱུར་པ་ལས། དེ་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་སོགས། ཛཿཧཱུྃ་བཾ་ཧོ་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་ཞེས་ཁ་བསྒྱུར་ཏེ། ཚེ་དང་ཡེ་ཤེས་འཆི་མེད་དངོས་གྲུབ་སྩོལ། །ཞེས་པའི་བར་དང༌། མདུན་བསྐྱེད་ཀྱི་མཆོད་པ་བསང་སྦྱང་ནས་མཁའ་འགྲོ་སྤྱི་གཏོར་བར་གོང་རིལ་སྒྲུབ་སྐབས་བཞིན་བྱས་ལ། དེ་ནས་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། ཞུ་ཡོན་མཎྜལ་ནས་བརྩམས་ཏེ། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །བར་མཚམས་སྦྱོར་གྱི་ཚིག་རྣམས་དོར་ཏེ་དབང་ཆོག་དཀྱུས་མ་ཉིད་བརྗོད་པས་འཐུས། རྗེས་ཀྱི་མཆོད་པ་ཞལ་གསོས་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱིཿསོགས་ནས། བསྔོ་སྨོན་བཀྲ་ཤིས་བར་རྒྱས་པར་བརྗོད་པས་དོན་འགྲུབ་ཅིང༌། དེ་ཙམ་མི་ནུས་ན། གྲོལ་རྒྱུའི་ཐུན་གྱི་མཇུག་ཏུ་གཏང་རག་གི་མཆོད་པ་རྒྱ་ཆེར་ཕུལ་ནས་ཚེ་གཏོར་དང༌། ཚེ་རིལ་ལྷར་གསལ་བ་རང་གི་སྤྱི་བོར་བྱོན། དེའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་ལྗང་བཞིའི་ཐིག་ལེ་ཨ་ནྲྀ་ཧཱུྃ་ཧྲཱིཿས་མཚན་པ་རང་རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པར་བསམས་ལ། སྔགས་ཀྱི་མཐར་ཀཱ་ཡ་ཨ་
བྷི་ཥིཉྩ་ཨོཾ། ཝཱ་ཀ་ཨ་བྷིཥིཉྩ་ཨཱཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད་ལ་རང་གི་གནས་བཞིར་གཏུགས། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་སྒྲུབ་རྫས་མྱོང་བ་ཙམ་གྱིས་འཆི་མེད་འགྲུབ་པར་བལྟས་ལ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་དང༌། བཀྲ་ཤིས་རྒྱས་པ་བྱས་ནས་ཐོག་མར་ཚེ་རིལ་དང༌། ཚེ་ཆང་དངོས་གྲུབ་ཀྱི་བགོ་སྐལ་དུ་མྱངས་པས་ལུས་འཆི་མེད་བདུད་རྩིས་དཀར་ལྟེམ་གྱིས་གང་བའི་དྭང་མའི་དྭང་མ། བཅུད་ཀྱི་ཡང་བཅུད་ཐམས་ཅད་རང་གི་སྙིང་གི་དབུས་ན་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་སྲོག་མི་འགྱུར་བའི་རྟེན་ཧྲཱིཿཡིག་ཚེའི་ཐིག་ལེ་དང་བཅས་པ་ལ་ཐིམ་པས་སྒོ་གསུམ་བཀྲག་མདངས་གཟི་བྱིན་ནུས་སྟོབས་འབར་ཞིང༌། ཚེ་བསོད་དཔལ་འབྱོར་ཐམས་ཅད་གོང་ནས་གོང་དུ་རྒྱས་པར་བསམ། དེ་ནས་རིམ་གྱིས་གཞན་ལ་བྱིན་པས་ཐམས་ཅད་ཀྱང་མྱང་བ་ཙམ་གྱིས་འཆི་མེད་གྲུབ་པའི་གནས་ལ་སྦྱོར་བའི་ས་བོན་གདབ་པར་བྱའོ། །གཉིས་པ་དབང་བསྐུར་བ་ནི། འཇམ་མགོན་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་དབང་ཆོག་འཆི་མེད་རྡོ་རྗེའི་རྒྱ་མདུད་དམ། ཡང་ན་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་མཛད་པའི་དབང་ཆོག་ལྟར་བྱའོ། །ཡང་འདིའི་སྒོ་ནས་གཞན་གྱི་ཚེ་སྒྲུབ་བྱེད་ན་ལུགས་འདིར་ལྷར་བསྐྱེད་པའི་སྔོན་དུ་བསྒྲུབ་བྱ་དེ་ཉིད་ཡིད་ལ་དྲན་པར་བྱས་ལ། བསྒྲུབ་བྱའི་སྣང་བ་དེ་ཡང་རང་སེམས་ཀྱི་རྩལ་སྣང་ལས་ལོགས་ན་མེད་པས། རང་དང་བསྒྲུབ་བྱ་འདྲེས་ཟིན་པ་དེ་ཉིད་ལྷར་བསྐྱེད་པ་ལ་ཚེ་བཅུད་བསྡུ་བསྟིམ་བྱ་ཞིང༌། མཐར་སྤྲོས་པ་ལ་དགའ་ན་ཚེ་དབང་བསྐུར། དེ་མིན་ཀྱང་སྒྲུབ་རྫས་བསྒྲུབ་བྱར་གཏད་ལ་ཚེ་བུམ་སྤྱི་བོར་བཞག ཚེ་རིལ་ཚེ་ཆང་ལ་ལོངས་སྤྱོད་དུ་གཞུག་པ་ནི་ཁྱད་པར་རོ། །འདི་ཉིད་རྗེ་བླ་མ་མཁྱེན་བརྩེའི་ཞབས་དེ་ཉིད་ཀྱིས་ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱི་གསུང་ལ་ས་སྐྱའི་ལུགས་ལའང་ཁྱབ་པའི་གསལ་བྱེད་མཛད་པ་ཉིད་དངོས་གཞིའི་འགོར་འཕྲོ་ལུས་གྱུར་པ་མན་ཆོད་དེ་ཉིད་ཀྱི་གསུངས་སོར་བཞག་ལ། སྒྲུབ་པའི་སྐབས་ཀྱི་གསལ་བྱེད་བཅས་བློ་གཏེར་དབང་པོས་ཞལ་སྐོང་དུ་བྲིས་པའི་དགེ་བས་རྗེ་འདིའི་སྤྲུལ་པའི་ཟླ་སྣང་འཆར་བས་གཙོས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་
ཞབས་པད་བརྟན་ཅིང༌། བདག་སོགས་འགྲོ་ཀུན་དུས་མིན་འཆི་བདག་གི་འཇིགས་པ་ལས་ཐར་ཏེ། མགོན་པོ་ཚེ་མཐའ་ཡས་པའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་ཛཱ་གཱ་དཱ་ཡུཿཔུཎྱེ་པུཥྚིཾ་ཀུརྦནྟུ། མངྒ་ལཾ།། ༈ །ཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོ་ག་ཉེ་བར་བསྡུས་པ་འཆི་མེད་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འཆི་མེད་གྲུབ་པའི་ཡེ་ཤེས་སྐུ། །བླ་མ་ཚེ་དཔག་མེད་མགོན་ཞབས། །བཏུད་ནས་བསྟན་འཛིན་སྐྱེས་བུ་ལ། །བརྟན་བཞུགས་འབུལ་བའི་ཆོ་ག་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དུས་ཚེས་དགེ་བར་གནས་ཁང་བཀོད་པས་མཛེས་པར་དཀོན་མཆོག་སྤྱི་དང༌། ཚེ་དཔག་མེད་ཀྱི་རྟེན་བཀྲམ་པའི་ཕུགས་སུ་བླ་མའི་བཞུགས་ཁྲི་ལ་སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རི་མོ་ཅན་གདིང༌། ཉེ་ལོགས་ཅི་རིགས་པར་དབང་ཆོག་ལས་ཇི་ལྟར་འབྱུང་བའི་མདུན་བསྐྱེད་ཀྱི་རྟེན་མཆོད་གཏོར་དང་བཅས་པ། བཀྲ་ཤིས་རྫས་བརྒྱད་སོགས་མངའ་འབུལ་གྱི་ཆས། མཎྜལ་དང་རོལ་མོའི་བྱེ་བྲག་སོགས་འོག་ཏུ་མཁོ་བ་རྣམས་འདུ་བྱས་ནས། སྔོན་གཏོར་གཏོང་བ་དང༌། གནས་ཡོ་བྱིན་རླབས་ནས་བཟུང་སྟེ། གཏོར་མ་འབུལ་བའི་བར་དབང་ཆོག་ལྟར་དང༌། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་སྤྱི་ལྟར་བྱའོ། །གཉིས་པ་ནི། བརྟན་བཞུགས་འབུལ་ཡུལ་དེ་ཉིད་སྤོས་དང་རོལ་མོ་སོགས་བཀུར་སྟི་དང་བཅས་གདན་དྲངས་ཏེ་ཁྲི་ལ་བཞུགས་སུ་གསོལ། སྦྱོང་བ་གསུམ་སྤྱི་ལྟར་སྔོན་དུ་འགྲོ་བས་ཁྲུས་གསོལ་དང་བཅས་པའི་མཐར། བརྟན་བཞུགས་འབུལ་ཡུལ། ཨ་མྲི་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཡུལ་སྣོད་བཅུད་ཐམས་ཅད་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟར་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་ཤིང་ལྷུན་སྟུག་པའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་དཔལ་ལྡན་བླ་མ་དམ་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་
གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་ནས། མཚན་དཔེའི་གཟི་བྱིན་འབར་བའི་སྐུར་གྱུར་བའི་དབུའི་སྤྱི་བོའི་གཙུག་ནས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་དང༌། དཔལ་ལྡན་བླ་མ་དམ་པའི་སྐུ་ལུས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་བརྙེས་པར་གྱུར། རྩ་སྔགས་མཐར། ཛཿཧཱུྃ་བཾ་ཧོཿ བཛྲ་ཨཱ་བེ་ཤ་ཡ་ཨཱ་ཨཱཿ ཞེས་བརྗོད་ཅིང་སྤོས་རོལ་དང་བཅས་བྱིན་དབབ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །སོགས་བརྒྱུད་འདེབས་ཀྱི་མཐར། ཞེས་གསོལ་བ་བཏབ་པས་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་སྐུ་ལུས་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་ཡར་བ་དང་འཐོར་བ་དང་ཉམས་ཆགས་སུ་གྱུར་པ་ཐམས་ཅད་དང༌། འབྱུང་བ་བཞིའི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དཔལ་བསོད་ནམས། སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་སོགས་འཁོར་འདས་ཐམས་ཅད་ཀྱི་བཅུད་དང་དགེ་མཚན་རྣམས་བསྡུས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ། སླར་ཡང་དེ་དག་གི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། དཔལ་ལྡན་བླ་མ་དམ་པའི་དབུ་གཙུག་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བརྙེས་པར་གྱུར། ཅེས་བརྗོད་ཅིང༌། རྩ་སྔགས་དང་སྤོས་རོལ་བྱ། དེ་ནས་ཚེ་བུམ་བཏེག་ལ་གོང་གི་དམིགས་པ་དང་བཅས། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་སོགས་ནས། ཐང་སྟོང་རྒྱལ་པོ་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཨོཾ་ཨཱཿ
ཧཱུྃ་སོགས་བརྗོད་ཅིང་ཕུལ་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་རྣམས་དང༌། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པའི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེའི་རིག་འཛིན་བརྙེས་པར་གྱུར་ཅིག །ཅེས་དང༌། སྔགས་བརྗོད་ཅིང་མེ་ཏོག་འཐོར། རོལ་མོའི་སྒྲ་སྦྱར། དེ་བཞིན་དུ་ཚེ་རིལ། བཀྲ་ཤིས་ཚེ་བརྟན་སོགས་ནས། དེ་རིང་ཁྱོད་ཀྱི་གསོལ་བར་བགྱི། །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བར་གདོན་མི་ཟ། །ཞེས་དང༌། སྔགས་བརྗོད་ཅིང་འབུལ། ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག སྔགས་རོལ་བྱ། འཆི་མེད་ཚེ་ཡི་དཔལ་ལ་སོགས་བརྗོད་ཅིང་ཚེ་ཆང་ཕུལ། ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་ཅིས་ཀྱང་མི་ཤིགས་པ་རྡོ་རྗེ་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག སྔགས་རོལ་བྱ། དེ་ནས་བཀྲ་ཤིས་པའི་རྫས་བརྒྱད་བསང་སྦྱང་བྱིན་བརླབ་སྤྱི་ལྟར་བྱས་ལ། སྔོན་བཅོམ་ལྡན་འདས་ལ་སོགས་ནས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་དཔལ་ལྡན་བླ་མ་དམ་པའང་མེ་ལོང་གི་རྫས་ལ་བརྟེན་ནས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང༌། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། སོགས་བརྗོད་ལ། དེ་བཞིན་དུ་ཡུངས་ཀར་གྱི་བར་འགྲེས་ཤེས་པར་བྱ། སྤྲོ་ན་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་ཀྱང་འབུལ། སླར་ཡང་སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་རིམ་གྱིས་འོད་དུ་ཞུ་ནས་དཔལ་ལྡན་བླ་མ་དམ་པའི་སྐུ་ལུས་ལ་ཐིམ་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་
ལོ་འཆི་མེད་ཚེ་མཐའ་ཡས་པའི་རང་བཞིན་དུ་གྱུར་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་འབེབས་ཤིང༌། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བར་གྱུར། ཤིས་བརྗོད་རྒྱས་པའི་མཐར་མེ་ཏོག་གི་ཆར་དབབ། རོལ་མོ་བྱ། སྤྲོ་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང༌། རྗོད་བྱེད་རྒྱས་བསྡུས་འཚམས་པའི་ཞལ་བཞེས་ཞུ་བའི་བཤད་པ་དང༌། མཎྜལ་གྱི་རྣམ་གཞག་ཇི་ལྟར་རིགས་པ་ཞུ་ཞིང༌། གང་ལྟར་ཡང་མཎྜལ་རྒྱས་པར་འབུལ། བླ་མ་དམ་པ་དེ་རང་གི་བརྟན་བཞུགས་གསོལ་འདེབས་དམིགས་བསལ་ཡོད་ན་དང༌། སྤྱི་འགྲོའི་བརྟན་བཞུགས་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་ལྷག་བསམ་རྣམ་པར་དག་པས་མགྲིན་གཅིག་ཏུ་གདབ། གསུམ་པ་ནི། ཁ་ན་མ་ཐོ་བ་སྤངས་པའི་དགའ་སྟོན་རྒྱ་ཆེར་སྤེལ། མདུན་བསྐྱེད་ཀྱི་རྗེས་ཆོག་དཀྱུས་ལྟར་དང༌། ལེགས་ཚོགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིགས་པས་མཐའ་བརྒྱན་པར་བྱའོ། །སྲིད་འདིར་ཕན་བདེའི་སྒོ་གཅིག་པུ། །བསྟན་པའང་དེ་ཉིད་འཛིན་ལ་རག །དེ་ཕྱིར་བརྟན་བཞུགས་ཆོ་གའི་ཚུལ། །སྤེལ་འདིས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་བླ་མ་ཞི་ཁྲོའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དང་རྗེས་སུ་འབྲེལ་བའི་བརྟན་བཞུགས་ཀྱི་ཆོ་ག་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །ཞེས་པ་འདི་ནི་རྗེ་གྲུབ་ཐོབ་ཆེན་པོ་ངུར་སྨྲིག་འཆང་བའི་རྣམ་པར་སྣང་བ་མཉྫུ་གྷོ་ཥའི་ཞལ་སྔ་ནས་མཛད་པའོ།། ༈ །ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བེ། འཆི་མེད་ཐོག་མའི་མགོན་པོ་སྣང་མཐའ་ཡས། །འཆི་མེད་ཡེ་ཤེས་སྦྱིན་མཛད་ཚེ་དཔག་མེད། །འཆི་མེད་རྡོ་རྗེའི་སྐུར་བཞེངས་རྟ་མཆོག་དཔལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་རིག་འཛིན་མཆོག་བརྙེས་པདྨ་འབྱུང༌། །འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་པ། །
འཆི་མེད་གཉུག་མའི་གར་མཁན་ཀུན་སྤངས་རྗེར། །གསོལ་བ་འདེབས་སོ༴ །འཆི་མེད་གནས་ལུགས་མངོན་གྱུར་གྲོལ་མཆོག་ཞབས། །འཆི་མེད་བདུད་རྩིས་རབ་དགྱེས་ཉི་ཟླའི་མཚན། །འཆི་མེད་མཆོག་སྦྱིན་དབང་ཕྱུག་དཔལ་བཟང་ལ། །གསོལ་བ༴ འཆི་མེད་བརྙེས་པ་ངག་དབང་ཆོས་གྲགས་དང༌། །འཆི་མེད་རྒྱལ་བའི་སྲས་པོ་ཨཱ་ནནྡ། །འཆི་མེད་མགོན་པོ་ཀུན་དགའ་བསོད་ནམས་ལ། །གསོལ་བ༴ །འཆི་མེད་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང༌། །འཆི་མེད་དགའ་སྟོན་སྤེལ་མཁས་མངྒལཾ། །འཆི་མེད་རིགས་ཀྱི་ཐིག་ལེ་པུཎྱེའི་མཚན། །གསོལ་བ༴ །འཆི་མེད་གྲུབ་པ་ཀུན་དགའ་བློ་གྲོས་དང༌། །འཆི་མེད་རྒྱལ་སར་འཛེགས་མཁས་ནམ་མཁའི་མཚན། །འཆི་མེད་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང༌། །གསོལ་བ༴ །འཆི་མེད་གདམས་པའི་སྨིན་གྲོལ་ཟབ་མོ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་བ། །འཆི་མེད་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ༴ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་པས། །སྐུ་གཉིས་ངལ་འཚོ་ཅིར་ཡང་རྒྱས་པར་ཤོག །ཁྱད་པར་སྣང་སྲིད་བདེ་ཆེན་ཞིང་ཁམས་སུ། །ཡོངས་ཤར་རང་ཉིད་ཚེ་དཔག་མེད་མགོན་སྐུར། །གསལ་བའི་སྤྱི་བོར་རྩ་བརྒྱུད་བླ་མར་བཅས། །སྣང་སྟོང་ཟུང་འཇུག་ཆེན་པོར་འཆར་གྱུར་ཅིག །སླར་ཡང་གུས་པས་གསོལ་བ་བཏབ་པའི་མཐུས། །ཐུགས་སྲོག་ཉིན་མོར་བྱེད་པའི་འཛུམ་དཀར་གྱིས། །སྲིད་དང་ཞི་བའི་ཚེ་བཅུད་ཨུཏྤལ། །དབང་དུ་བགྱིད་པའི་དགེ་མཚན་གྲུབ་པར་ཤོག །དེ་ལས་བདུད་རྩི་གངྒའི་ཀླུང་རྒྱུན་ལྟར། །བབས་པས་བདག་གཞན་ཕུང་ཁམས་ཀུན་ཁྱབ་ནས། །ནད་གདོན་སྡིག་སྒྲིབ་དུས་མིན་འཆི་བ་ཀུན། །སྦྱངས་ཏེ་འཆི་མེད་རིག་འཛིན་གྲུབ་གྱུར་ཅིག །རྩ་བརྒྱུད་བླ་མ་རིམ་གྱིས་འོད་ཞུ་ནས། །རང་ལ་ཐིམ་པས་བྱིན་རླབས་ཟླ་ཤེལ་གསར། །འདུ་འབྲལ་མེད་པར་སྙིང་དབུས་བཞུགས་པ་ལས། །ཕན་བདེའི་སྣང་བས་རྟག་ཏུ་མཛེས་པར་ཤོག །ཅེས་ཚེ་རྟ་ཟུང་འབྲེལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་
སྨོན་ལམ་དང་བཅས་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་འདིའང་སྐལ་བཟང་མཁྱེན་བརྩེའི་དབང་པོས་ཨེ་ཝཾ་ཐར་པ་རྩེར་མཛེས་བྱེད་སྣྲོན་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་འཆར་བའི་དུས་ཚེས་དགེ་བར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།ཤུ་བྷཾ།། །།
བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་ཚེ་སྒྲུབ་ཤིན་ཏུ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ།
བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་ཚེ་སྒྲུབ་ཤིན་ཏུ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བཞུགས་སོ།།
གྲུབ་པའི་དབང་ཕྱུག་དང་སློབ་དཔོན་ཆེན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དག་སྣང་དུ་གྲུབ་ཐོབ་ཆེན་པོས་མངོན་སུམ་དུ་སྩལ་བའི་ཚེ་སྒྲུབ་ཁྱད་འཕགས་ཀྱི་ཉམས་ལེན་ཟིན་བྲིས་ནི། རང་ཉིད་ཡི་དམ་རྟ་མགྲིན་ནམ་གང་རུང་དུ་གསལ། མདུན་གྱི་ནམ་མཁར་གནམ་ལྕགས་རྡོ་རྗེ་ནི། །འགྱུར་མེད་རྒྱ་གྲམ་རྩེ་ལྔ་མེ་འབར་གསལ། །ལྟེ་དབུས་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ། །ལོ་བརྒྱ་ལོན་ཚུལ་དབུ་སྐྲ་སྨ་ར་དང༌། །ཨག་ཚོམ་དཀར་གསལ་སྨུག་ནག་སྤྱན་གསུམ་འབར། །སྐུ་ལ་རས་དཀར་དྲི་མ་མེད་པ་གསོལ། །རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན། །དབུ་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །མགྲིན་པར་རྟ་མགྲིན་ཁྲོ་རྒྱལ་མེ་ཕུང་འབར། །ཐུགས་ཀར་པདྨ་འབྱུང་གནས་དཀར་དམར་མདངས། །དེ་རྣམས་གསལ་«མེ་ལོང་གཟུགས་བརྙན་འཆར་བཞིན་གསལ། »བསྒོམ་བདག་ཉིད་དུས་མིན་དུ། །འཆི་སོགས་བར་ཆད་ཉེར་འཚེ་ཞི་བ་དང༌། །ཚེ་རིང་འགྱུར་མེད་རྡོ་རྗེའི་སྐུ་འགྲུབ་ཕྱིར། །མདུན་གྱི་གྲུབ་ཐོབ་ཆེན་པོར་ཁ་སྙིང་སྤྲད། །མོས་གུས་བསྐྱེད་དེ་གསོལ་བ་འདི་ལྟར་བཏབ། །ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཚེ་དཔག་མེད་མགོན་འགྲོ་ལ་
འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་སླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ལན་གསུམ་གསོལ་བ་བཏབ་པས་གྲུབ་ཐོབ་དང༌། །གནས་གསུམ་ལྷ་ཡི་སྐུ་ལས་འོད་ཟེར་འཕྲོས། །བདག་གི་བླ་ཚེ་ཡར་བ་འཐོར་བ་དང༌། །སྡེ་བརྒྱད་མི་མ་ཡིན་གྱི་བར་ཆད་དང༌། །འབྱུང་བཞིའི་བཅུད་དང་སྐྱེ་འགྲོའི་ཚེ་བསོད་དང༌། །འཕགས་པའི་ཐུགས་རྗེ་ཐམས་ཅད་འཆི་མེད་ཀྱི། །བདུད་རྩི་འོད་ཟེར་སྦྲང་རྩི་ལྟ་བུར་བསྡུས། །བུམ་པར་ཐིམ་པས་མ་ཤོང་ཁ་ནས་ལུད། །བདག་གི་ཚངས་པའི་བུག་ག་ནས་མར་ཞུགས། །ལུས་ཀུན་གང་བས་འཆི་མེད་ཚེ་དབང་ཐོབ། །མ་ཡེངས་སྔགས་འདི་ཉིན་བཞིན་བརྒྱ་རྩ་བརྗོད། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ ཐ་མར་གྲུབ་ཐོབ་ཆེན་པོ་འོད་དུ་ཞུ། །བདག་ལ་ཐིམ་པས་བདག་ཉིད་གྲུབ་ཆེན་སྐུ། །སྔ་མ་ལྟ་བུ་རྡོ་རྗེའི་གདན་ལ་འཁོད། །རྭ་རྩེ་ནས་འཕྲོས་མཚོན་ཆ་མེ་གུར་གྱིས། །བར་གཅོད་སྲུང་བའི་འཁོར་ལོས་བསྐོར་བར་བསྒོམ། །གསོལ་
འདེབས་བརྒྱ་དང་རྩ་བརྒྱད་དང༌། །སྔགས་འདི་སྟོང་ཕྲག་རེ་རེ་ནི། །ཉིན་རེ་བཞིན་དུ་བཟླས་པ་ན། །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༌། །ཐེ་ཚོམ་མེད་དོ་རྦད་མིན་ནོ། །འདི་ནི་གྲུབ་ཐོབ་ཆེན་པོས་མངོན་སུམ་དུ་སྩལ་བ་ལྟར་ཟིན་བྲིས་སུ་བཀོད་དེ། བསམ་གཏན་དཔལ་འབྱོར་གྱིས་ཕུན་སུམ་ཚོགས་པའི་རིན་པོ་ཆེ་མཎྜལ་གྱིས་མཉེས་པར་བྱས་པ་ལས་ཚེ་སྒྲུབ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང༌། བྱིན་རླབས་འདི་ཀ་ཆེ་བར་བསམ་སྟེ་བྱིན་པའོ།། ༈ །བཀའ་གཏེར་དག་སྣང་ཟུང་འཇུག་གི་ཚེ་སྒྲུབ་ཚེ་དབང་དང་བཅས་པ་ཉེ་བརྒྱུད་འཆི་མེད་དཔལ་སྟེར་གསར་པ་བཞུགས་སོ། །ན་མོ་གུ་རུ་ཨ་མི་དེ་ཝ་ཨཱ་ཡུརྫྙ་ན་སིདྡྷི་ཧྲཱིཿ སྣང་བ་མཐའ་ཡས་གུ་རུ་པདྨ་འབྱུང༌། །དབྱེར་མེད་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ། །སྙིང་དབུས་གཞོན་ནུ་བུམ་སྐུར་རྟག་བཞུགས་ཏེ། །མི་ཤིགས་ཚེ་ཡི་ཀ་བ་ཉེར་ཚུགས་མཛོད། །དེ་ལ་འདིར་འཕགས་པ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་ལས། དེ་བཞིན་ཉིད་དུ་རིགས་བདག་ལ་བརྟེན་ནས་ཚེ་སྒྲུབ་པ་དང༌། དེ་དང་རྗེས་སུ་འབྲེལ་བ་དག་པའི་སྣང་བར་གྲུབ་པའི་དབང་ཕྱུག་ཆོས་རྗེ་ལྕགས་ཟམ་པ་ཆེན་པོས་སྩལ་བའི་ཚེ་སྒྲུབ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླང་བའི་རིམ་པ་འདི་ལ་གསུམ། བཤམ་བཀོད་དང་འབྲེལ་བར་བསྙེན་སྒྲུབ་བྱ་ཚུལ། དེའི་སྟེང་ནས་སློབ་མ་ལ་ཚེའི་བྱིན་རླབས་བྱ་བ། རྒྱུན་ཁྱེར་གཏེར་གཞུང་སོར་གཞག་དང་བཅས་པའོ། །དང་པོ་ནི། གཙང་མའི་སྟེགས་བུ་ཁེབས་ཀྱིས་བཀབ་པར་མེ་ཏོག་གི་ཚོམ་བུ་ལྔ་ཚོམ་མམ། པདྨ་འདབ་བརྒྱད་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་ཚེ་གཏོར་བུམ་གཟུགས་དཔག་བསམ་གྱི་ཤིང་ལོ་དང་ཁ་རྒྱན་རྟ་མགོས་མཚན་པ། མཐར་ཚེའི་རིལ་བུས་བསྐོར་བ། ཐོད་པ་མཚན་ལྡན་གྱི་ནང་དུ་ཚེ་ཆང་འབྲུ་བཅུད་མངར་གསུམ་དམ་རྫས་དང་སྦྱར་བ། མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་རྣམས་ཐད་མཆོད་དམ་སྒོར་མཆོད་དུ་བསྐོར། རང་གི་མདུན་དུ་རྡོར་དྲིལ། མེ་ཏོག་གི་སྣོད། སློབ་མ་ལ་
བྱིན་རླབས་བྱེད་ན་ཁྲུས་བུམ་ཡང་བཤམ། སྔོན་འགྲོ་གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་བྱ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་ནས་ཀྱང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གཏོར་མ་ཕྱི་རོལ་དུ་དོར། ཧཱུྃ་བཞིའི་སྔགས་ལན་གསུམ་བརྗོད་པས་བགེགས་བསྐྲད། སྟེང་འོག་བར་མཚམས་མེད་པར་རྡོ་རྗེའི་རྭ་བ་དང་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་འཁོར་དུ་གྱུར། བཛྲ་རཀྵ་ཧཱུྃ། མཆོད་པ་རྣམས། བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨའི་སྣོད་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་ཡོན་ཆབ། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དག་ཅིང་གཙང་ལྡན་དྲི་མ་མེད་པ་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་ཡེ་ཤེས་ཀྱི་རོལ་པ་འཆར་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཤབྡ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། ནམ་མཁའ་གང་བའི་ཚོགས་ཞིང་རྣམས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་སྔགས་ཀྱི་ཡན་ལག་བདུན་པ་བྱ། བདག་བསྐྱེད་བསྙེན་པ་ནི། ཧཱུྃ།«གཏེར་བྱོན། »ཆོས་སྐུ་མཚན་མ་ཀུན་སྤངས་མཉམ་ཉིད་ལསཿ མ་འགགས་ཚེ་རོལ་ལོངས་སྐུ་སྤྱན་རས་གཟིགསཿ རབ་དཀར་ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགསཿ རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱརཿ འོག་མ་གཡས་གཡོན་ཤེལ་ཕྲེང་པད་དཀར་བསྣམསཿ མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས་པའི་སྐུཿ སྣང་ལ་རང་བཞིན་མ་གྲུབ་ལྷམ་མེ་བཿ མཉམ་ཉིད་ཐུགས་རྗེའི་ཟློས་གར་སྤྱི་གཙུག་ཏུཿ མཐའ་ཡས་རིགས་ཀྱི་ཁྱབ་བདག་འོད་དཔག་མེདཿ དམར་གསལ་ཞི་འཛུམ་འཇའ་ཚོན་
འོད་ཀོར་འཁྱིལཿ ཕྱག་གཉིས་མཉམ་བཞག་སྟེང་དུ་ཚེ་བུམ་ནིཿ བདུད་རྩི་སྨན་བཅུད་འབྱུང་ལྔའི་དྭངས་མས་གང་ཿ མཚན་དཔའི་ཆ་རྫོགས་ལེབ་རྒན་ཆོས་གོས་གསོལཿ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགསཿ ཐུགས་ཀར་ཟླ་སྟེང་དབུས་སུ་ཧྲཱིཿདམར་པོཿ མཐའ་སྐོར་ཨ་མཱ་ར་ཎིའི་སྔགས་ཀྱིས་བསྐོརཿ འོད་འཕྲོས་ཕྱི་རོལ་འབྱུང་བ་ལྔ་ཡི་བཅུདཿ སྐྱེ་འགྲོའི་ཚེ་བསོད་འཕགས་པའི་ཐུགས་རྗེ་དང་ཿ བདག་གི་བླ་ཚེ་ཆད་ཡར་འཐོར་བ་སོགསཿ ཚེ་དཔལ་ཀུན་འདུས་ཕྱག་གི་བུམ་པར་འཁྱིལཿ དེ་ལས་ལུད་པ་བདག་གི་ཚངས་བུག་ཞུགསཿ ལུས་ཀུན་གང་བས་བདེ་བ་ཆེན་པོར་གྱུརཿ ཞེས་པའི་དམིགས་པ་དང་བཅས་ཏེ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཅི་མང་བཟླ། མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ་དབང་ཐོབཿ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཚེ་སྦའོཿ ཞེས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་ཐུགས་སྲོག་ཧྲཱིཿལ་བསྡུས་པའི་མཐར་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི་ངང་དུ་མཉམ་པར་འཇོག་པ་ནི་རྫོགས་རིམ་ཚེ་སྦ་བའོ། །སླར་ཡང་གཉུག་མའི་ལྷར་ལྡངས་ལ། མདུན་བསྐྱེད་སྒྲུབ་པ་ནི། མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སྐུ་མདོག་སྨུག་ནག་གཟི་བརྗིད་འབར་བ་དབུ་སྐྲ་དང་སྨིན་མ་སྨ་ར་ཨག་ཚོམ་རྣམས་སེ་ཁྱུག་གེ་བ། ལོ་བརྒྱ་ལོན་པའི་ངང་ཚུལ་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་དབང་གཏོར་དང་གཉིས་སུ་མེད་པའི་ཚེའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ་བར་ཆད་སྲུང་ཕྱིར་རྟ་མགོས་མཚན་པ་བསྣམས་པ། རས་དཀར་གྱི་ན་བཟའ་དྲི་མ་མེད་པ་གསོལ་བ། རི་དྭགས་ཀྱི་པགས་པའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དབུ་གཙུག་ཏུ་སྣང་བ་མཐའ་ཡས་དམར་གསལ་སྤྲུལ་སྐུའི་ཆ་ལུགས་མཉམ་གཞག་ཚེ་བུམ་འཛིན་པ། མགྲིན་པར་རྟ་མགྲིན་དམར་གསལ་གཡས་པདྨས་མཚན་པའི་དབྱུག་ཏོ་འཕྱར་ཞིང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་ཞིང་
གཡོན་བརྐྱངས་པའི་སྟབས་ཀྱིས་བཞེངས་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཐུགས་ཀར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་རྡོ་རྗེ་དང་ཐོད་པ་འཛིན་པ། ཕོད་ཀ་ཆོས་གོས་ཟ་འོག་གི་བེར་དང་མཉན་ཞུ་གསོལ་བ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱི་སྐོར་དུ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཚེ་ལ་དབང་བའི་རིག་འཛིན་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་གྱུར་པར་མོས་ལ། ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོ་གསོལ་བཏབ་སླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཞེས་པའི་གསོལ་འདེབས་ཚར་གསུམ་སོགས་ཅི་མང་དང༌། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ ཞེས་བཟླས་པ་ཙམ་གྱིས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་གི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང༌། འབྱུང་བཞིའི་བཅུད། སྐྱེ་འགྲོའི་ཚེ་བསོད། འཕགས་པའི་ཐུགས་རྗེ་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་ལེན་པ་ལྟར་བསྡུས་ཏེ་གྲུབ་ཐོབ་ཆེན་པོའི་ཕྱག་གི་བུམ་པར་ཞུགས། བདུད་རྩི་མ་ཤོང་བའི་ཚུལ་གྱིས་ཁ་ནས་ལྷུད་ཀྱིས་ལུད་པ་ཚེ་རྫས་རྣམས་ལ་ཐིམ་ཞིང༌། བདག་གི་སྤྱི་བོའི་ཚངས་བུག་ནས་ཀྱང་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་མོས་ལ་བཟླས་པ་ཅི་མང་བྱ། མཐར། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སྐུ་
གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །ཞེས་སོགས་ཀྱི་གསོལ་བ་གདབ་པར་བྱའོ།། །།གཉིས་པ་ནི། སློབ་མ་ཁྲུས་བྱ། མཎྜལ་མེ་ཏོག་དང་བཅས་པ་ཕུལ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་མེད་ཚེ་དཔག་མེད་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་མཛད་དེ་གསན་འཚལ། དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པ་ནི། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཉིད་ཡིན་ཅིང༌། དེ་ནས་བརྒྱུད་པའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དུ་གྲགས་པ་འདི་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་སུ་ཡོད་པ་ལས་དང་པོ་ནི། གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ནས་བསྟན་འཛིན་ཉི་ཟླ་བཟང་པོ་སོགས་ལས་བརྒྱུད་དེ་རྩ་བའི་བླ་མའི་བར་དུ་བྱོན་པ་དང༌། གཉིས་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་ལས་དེ་བཞིན་ཉིད་དུ་རིགས་བདག་ལ་བརྟེན་ནས་ཚེ་སྒྲུབ་པ་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པའི་གཏེར་བྱོན་དང༌། དག་སྣང་དུ་གྲུབ་པའི་དབང་ཕྱུག་ཆེན་པོས་སྩལ་བའི་ཚེ་སྒྲུབ་ཉེ་བརྒྱུད་དེ། དེ་ལྟ་བུའི་བཀའ་གཏེར་དག་སྣང་ཟུང་འཇུག་གི་སྒོ་ནས་འཆི་མེད་ཚེའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན་པས། དེ་ལ་དང་པོར་སློབ་དཔོན་ལ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཀྱི་རྗེས་ཟློས་ལན་གསུམ། མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་རྒྱུན་བཤགས་ཀྱང་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་དངོས་གཞི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་དཀྱིལ་འཁོར་དབུས་སུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། ཞེས་སོགས་ནས་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་
པའི་སྤྱན་སྔར་འཆི་མེད་ཚེའི་དངོས་གྲུབ་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཞེས་སོགས་ནས། བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཞེས་པའི་གསོལ་འདེབས་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རང་གི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང༌། འབྱུང་བཞིའི་བཅུད། སྐྱེ་འགྲོའི་ཚེ་བསོད། འཕགས་པའི་ཐུགས་རྗེ་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་ལེན་པ་ལྟར་བསྡུས་ཏེ་གྲུབ་ཐོབ་ཆེན་པོའི་ཕྱག་གི་བུམ་པར་ཞུགས། བདུད་རྩི་མ་ཤོང་བའི་ཚུལ་གྱིས་ཁ་ནས་ལྷུད་ཀྱིས་ལུད་པ་སློབ་མའི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་པའི་མོས་པ་མཛོད། ཚེ་བུམ་སློབ་མའི་སྤྱི་བོར་བཞག་ལ། ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཞེས་སོགས་གསོལ་འདེབས་ཀྱི་མཐར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ ཞེས་པའི་བར་བརྗོད། ཚེ་རིལ་དང་ཚེ་ཆང་སྦྱིན། ཚར་གྲངས་ལྟ་བུ་གསོག་ཚེ། སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཞེས་པའི་ཚིགས་བཅད་དང་སྔགས་བརྗོད་ཅིང་ཚེ་བུམ་གྱིས་དབང་བསྐུར། ཚེ་རིལ་དང་ཚེ་ཆང་སྦྱིན། དེ་ཀ་བརྒྱ་རྩ་དང་སྟོང་རྩ་སོགས་བསགས་པས་འཐུས། མཐར་མེ་ཏོག་འཐོར་བ་དང་བཅས། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་ཆང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཅེས་པའི་
བཀྲ་ཤིས་བརྗོད། དམ་ཚིག་ཁས་བླང༌། གཏང་རག་གི་ཡོན་དུ་མཎྜལ་སོགས་སྤྱི་ལྟར་བྱ། མདུན་བསྐྱེད་ཀྱི་ལྷ་ལ་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་རྣམས་རྟེན་ཡོད་ན་བསྟིམ་མེད་ན་གཤེགས་སུ་གསོལ་ཞིང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱའོ། །གསུམ་པ་ནི། བཅས་བཤམས་སོགས་མེད་པས་གོང་གི་བདག་བསྐྱེད། ཧཱུྃ་ཆོས་སྐུ་མཚན་མ་ཀུན་སྤང་མཉམ་ཉིད་ལསཿ ཞེས་སོགས་ནས། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཚེ་སྦའོཿ ཞེས་པའི་བར་གྱི་གཏེར་གཞུང་བཅོས་མེད་ཉམས་སུ་ལེན་པའོ། །ཚུལ་འདི་པདྨ་འབྱུང་དང་ལྕགས་ཟམ་པའི། །ཐུགས་རྗེའི་ཉི་མས་བློ་གྲོས་པད་དཀར་ཚལ། །ལེགས་པར་ཕྱེས་ལས་མཆོག་ཐུན་དངོས་གྲུབ་ཀྱི། །ལེགས་བཤད་སྦྲང་རྩི་གསར་པ་འདི་བྱས་སོ། །དེ་སྐད་སྨྲ་བའང་ཆོས་རྗེ་གླིང་པའི་སྡེས། །འབྲེལ་མེད་རང་བཟོའི་སྒྲོ་བཏགས་མ་བྱས་ཏེ། །བཀའ་གཏེར་ཟུང་འཇུག་ལྷན་ཐབས་ཕྲེང་བར་བསྡེབས། །ཐོག་མའི་རྩོམ་ཡིག་ཀུན་བཟང་ལྷུན་གྲུབ་བོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
གཙུག་ཏོར་རྣམ་པར་རྒྱལ་མའི་རྟོག་པའི་ཊཱི་ཀ་སྒྲུབ་ཐབས་སྟོང་མཆོད་རྗེས་གནང་གི་ཆོ་ག་སོགས་ཆོས་སྐོར་ཚང་བ།
གཙུག་ཏོར་རྣམ་པར་རྒྱལ་མའི་རྟོག་པའི་ཊཱི་ཀ་སྒྲུབ་ཐབས་སྟོང་མཆོད་རྗེས་གནང་གི་ཆོ་ག་སོགས་ཆོས་སྐོར་ཚང་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། ན་མོ་ལོ་ཀེ་ཤྭ་རཱ་ཡ། བརྩེ་བས་ལྷག་བསམ་བརྟན་མཛད་ནས། །དེ་ཁོ་ན་ཉིད་མངོན་མཛད་སྐུ། །ཚེ་དཔག་མེད་མགོན་དཔལ་ལྡན་ཆེ། །སྡུག་བསྔལ་སྐྱོབ་མཛད་བདག་སྐྱོངས་ཤིག །གང་ཞིག་བསྟེན་ན་སྲིད་པ་མཐར་བྱེད་ལམ། །གང་སྟོན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཆོ་ག་མཆོག་ལ་མོས་བློས་བླ་མ་ཡི། །གསུང་བཞིན་ཉམས་སུ་བླང་བའི་རིམ་པ་བྲི། །གཟུངས་རྟོག་པ་དང་བཅས་པ་རྒྱུད་སྡེ་བཞི་ལས་གང་ཡིན། འདིའི་མིང་ཅི་ཞིག་ཡིན། འདི་གསུངས་པའི་སྟོན་པ་གང་ཡིན། གནས་སྐབས་སུ་གང་གི་དོན་དུ་གསུངས། སྤྱིར་རྒྱུད་འདིའི་དགོངས་པ་ཅི་ཞིག་ཡིན། གསུངས་པའི་མདོ་འདི་བཤད་ཚུལ་ཇི་ལྟ་བུའི་ཚུལ་གྱིས་རྟོགས་པར་བྱ། འདིའི་རྟོག་པའི་ཆོ་ག་ཇི་ལྟ་བུས་ཉམས་སུ་བླང་བར་བྱ་སྙམ་པ་ལ། འདི་རྒྱུད་སྡེ་ལྔའི་དབང་དུ་བྱས་ན་རྟོག་པའི་རྒྱུད་ཡིན་ལ། བཞིའི་ཚུལ་ལྟར་ན་བྱ་བའི་རྒྱུད་ཡིན་ནོ། །འདིའི་མིང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ལ། འདི་གསུངས་པའི་དུས་སུ་ཡང་རྣམ་པར་འཕྲུལ་པ་དེ་ལྟར་མཛད་པས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱའོ། །དེ་ལ་སྤྱིར་མང་དུ་ཡོད་པ་ལས་འདི་ནི་ཚེ་དཔག་ཏུ་མེད་པའི་གཙུག་ཏོར་རྣམ་པར་རྒྱལ་བ་དང༌། ངན་འགྲོ་ཐམས་ཅད་སྦྱོང་བའི་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡིན་ཏེ། འདི་ལ་ཡང་ཨོཾ་གཅིག་མ་དང༌།
ཨོཾ་གསུམ་མ་དང་དགུ་པ་དང་ལྔ་པ་རྣམས་ཡོད་པ་ལས། ཨོཾ་གསུམ་པ་འདི་དག་ཡིན་ཏེ། སློབ་དཔོན་ཛེ་ཏཱ་རིས་ཀྱང་ཨོཾ་གསུམ་དང་ལྡན་པའི་གཟུངས་ཞེས་སྒྲུབ་ཐབས་སུ་གསུངས་ལ། ཡང་གཏམ་རྒྱུད་ལས། ཡུལ་ལྷོ་ཕྱོགས་སུ་པཎྜི་ཏ་བྷ་བྱ་ཀཱིརྟིས་རྒྱལ་པོའི་ཚེ་སྲིང་བའི་དོན་དུ། དགེ་སློང་དང་བྲམ་ཟེ་ལ་སོགས་པ་མང་པོ་བསགས་ཏེ། རྨི་ལམ་བརྟག་པའི་ཆོ་ག་བྱས་ཏེ་བརྟགས་པས་ཨོཾ་གསུམ་པ་དག་པ་ཡིན་ནོ་ཞེས་རྨི་ལམ་དུ་ཐོས་པའོ། །འདིའི་སྟོན་པ་ནི་སྤྱིར་དེ་བཞིན་གཤེགས་པ་དཔག་ཏུ་མེད་པས་གསུངས་ཤིང་བྱིན་གྱིས་བརླབས་པར་གསལ་ལ། ཁྱད་པར་དུ་སྔོན་བྱུང་གི་སྟོན་པ་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡིན་ལ། བསྟན་པ་འདིའི་སྟོན་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡིན་ཏེ། དེ་ཡང་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་ཞུགས་པས་ཚེ་དཔག་ཏུ་མེད་པ་ཞེས་བྱའོ། །གནས་སྐབས་སུ་གདུལ་བྱ་གང་གི་དོན་དུ་གསུངས་ཞེ་ན། སྔོན་བྱུང་སྤྱན་རས་གཟིགས་ཀྱིས་སེམས་ཅན་སྤྱི་དང༌། བརྒྱ་བྱིན་གྱིས་བློ་གྲོས་བརྟན་པ་ལ་སོགས་པའི་དོན་དུ་གསུངས་པ་ཡིན་ལ། རྗེས་སུ་འཇུག་པ་ཚེ་ཐུང་བ་ལ་སོགས་པ་འགྲོ་བ་མཐའ་དག་གི་དོན་ཡིན་ཏེ་མདོ་ཉིད་དུ་གསལ་ལོ། །སྤྱིར་མདོ་འདིས་དགོས་པ་ཅི་ཞིག་སྟོན་ཞེ་ན། གནས་སྐབས་ཀྱི་དགོས་པ་ནི་ཚེ་རིང་བ་ལ་སོགས་པ་ཡིན་ལ། མཐར་ཐུག་གི་དགོས་པ་ནི་སངས་རྒྱས་ཉིད་ཡིན་ཏེ། འདི་དག་ནི་
རྟོག་པ་ཉིད་ན་གསལ་ལོ། །མདོ་བཤད་ཚུལ་ཇི་ལྟ་བུ་ཞིག་གིས་རྟོགས་པར་བྱ་ཞེ་ན། བསྡུས་པའི་དོན་དང༌། ཚིག་གི་དོན་གཉིས་ཀྱིས་ཏེ། དང་པོ་ནི། རྟོག་པའི་གོ་བ་ནི་འདིར་གསུམ་སྟེ། གླེང་གཞི་དང་མདོ་དངོས་དང༌། དེ་ལ་རྗེས་སུ་ཡི་རང་བའོ། །ཚིག་གི་དོན་ནི་འདི་སྒྲ་ཇི་བཞིན་པ་ཡིན་པས། མདོ་ཉིད་དུ་རྟོགས་པར་ནུས་པས་ཁོ་བོས་མ་བྲིས་སོ། །མདོ་འདི་གཉིས་ཀའི་རྟོག་པའི་ཆོ་ག་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ནི་རྟོགས་སླ་བའི་ཕྱིར་རྟོག་པ་ལས་ལོགས་སུ་ཕྱོགས་གཅིག་ཏུ་བསྡེབས་ཏེ་བརྗོད་ན། དོན་གཉིས་ཏེ། སྤྱིར་ཉམས་སུ་བླང་བ་རྒྱུན་གྱི་རྣལ་འབྱོར་དང༌། བྱེ་བྲག་ཏུ་ཉམས་སུ་བླང་བ་གནས་སྐབས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། སྤྱན་རས་གཟིགས་ཀྱིས་ཞུས་པ་ལས་ཀྱང༌། སུ་ཞིག་ཉིན་རེ་བཞིན་དུ་ལན་ཉི་ཤུ་རྩ་གཅིག་རེ་བརྗོད་པ་ཞེས་བྱ་བ་དང༌། རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལས་ཀྱང་དེ་བཞིན་དུ་གསུངས་པ་དང༌། ལྷའི་རྣམ་པ་དང་ཡི་གེ་དགོད་པ་བྲིས་སྐུའི་ཆོ་ག་ལ་བརྟེན་ཏེ་སློབ་དཔོན་ཛེ་ཏཱ་རིས་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་སྒྲུབ་པའི་ཐབས་མཛད་པ་དེའི་ཉམས་སུ་བླང་བའི་ཚུལ་ནི་འདིར་མི་འཇུག་བས་གཞན་དུ་བཙལ་བར་བྱའོ། །འདིའི་ཆོ་ག་ནི་བྱ་བའི་རྒྱུད་ཀྱི་ལུགས་ཡིན་ཏེ། དེ་ཡང་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས་ནངས་པར་སྔ་བར་ལངས་ཏེ་གྲུབ་ན་ཁྲུས་བྱ། མ་གྲུབ་ན་ཁ་བཤལ་བ་ཙམ་བྱས་ཏེ་སྟན་བདེ་བ་ལ་འདུག་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བ་དང༌། ཁྱད་པར་དུ་ཡང་ཚེའི་བར་དུ་གཅོད་པ་ཞི་བར་བྱ་བའི་དོན་དུ། བཅོམ་ལྡན་འདས་རྣམ་པར་རྒྱལ་བ་བསྒྲུབ་སྙམ་དུ་སེམས་བསྐྱེད་ལ། སྤྱི་བོ་ལ་སོགས་པ་ཡི་གེ་གང་དགོད་པའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་རྣམས་དགོད་དེ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་ནག་པོ། དཔྲལ་བར་ཏྲཱྃ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨྃ་ཨཿལྗང་གུ་བསམས་ལ། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨཾ་ཨཿཆེ་གེ་མོ་ལ་རཀྵ་རཀྵ་ཞེས་ལན་གསུམ་མམ་བདུན་བཟླ། དེ་ནས་རྣམ་རྒྱལ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་
དམིགས་ལ། ན་མོ་ཞེས་འབྱུང་བའི་དུས་སུ་ཕྱག་འཚལ་བར་བསམས་ཏེ་བཟླ་བར་བྱའོ། །དེ་ཡང་དང་པོ་རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལས་གསུངས་པའི་ཕྱག་རྒྱ་བཅས་ལ་ལན་གཅིག་བཟླས་ཏེ། དེ་ནས་ཕྱག་རྒྱ་བཤིག་ལ་བཟླའོ། །དེ་ལྟར་སྔ་དྲོ་དང་ཕྱེད་དང་དགོངས་མོ་སྟེ་གསུམ་དུ་ཉི་ཤུ་རྩ་རེ་རེ་བཟླའོ། །རྗེས་ལ་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་སྟེ་རྒྱས་པའོ། །འབྲིང་གིས་སེམས་བསྐྱེད་པ་བྱས་ལ་སྐད་ཅིག་གིས་ཡི་གེ་བཀོད་དེ་དུས་གསུམ་དུ་བདུན་བདུན་བཟླའོ། །བསྡུས་པ་སེམས་བསྐྱེད་ལ་ཐ་མལ་པ་ཉིད་ལ་ཡི་གེ་བཀོད་དེ། དུས་གཅིག་ལ་ཉི་ཤུ་རྩ་གཅིག་གམ་བདུན་ནམ་གསུམ་བཟླ་བར་བྱའོ། དམིགས་པའང་རབ་འབྲིང་གསུམ་སྟེ། རབ་ཡི་གེ་དགོད་པ་དང༌། བདག་མེད་པ་དང༌། མདུན་དུ་ལྷ་བསྒོམ་པ་དང༌། སྔགས་ཀྱི་སྒྲ་དང་བཞི་ལ་དམིགས་ལ། འབྲིང་ཡི་གེ་ལ་དམིགས་ལ། ཐ་མ་སྒྲ་ཉིད་ལ་དམིགས་པའོ། །གཟུངས་ཟློས་པ་མ་གྲུབ་པའི་དུས་སུ་རྩ་སྔགས་དང་སྙིང་པོ་དང་ཉེ་བའི་སྙིང་པོ་བཟླའོ། །རྒྱུན་གྱི་རྣལ་འབྱོར་རོ། །གཉིས་པ་ནི་རྟེན་མེད་ཀྱང་བྱ་བ་རྟེན་ལ་མ་ལྟོས་པའི་ཆོ་ག་དང༌། རྟེན་གྱི་སྤྱན་སྔར་བྱ་བ་རྟེན་ལ་ལྟོས་པ་དང༌། ཐུན་མོང་དུ་སྦྱིན་སྲེག་གོ །དང་པོ་ནི། རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལས། གཤིན་པོ་ལ་ཕན་གདགས་པ་དང༌། ཉིན་གཅིག་པའི་ཆོ་ག་དང༌། ཤིན་ཏུ་བརྟན་པ་ལ་གསུངས་པ་ལས། ཁྱོར་ཆུ་དང༌། སོ་ཤིང་ལ་བརྟེན་པའོ། །རྒྱལ་ཆེན་བཞིས་ཞུས་པ་ལས། བརྒྱད་བརྒྱ་པའི་ཆོ་ག་རྟེན་ཡོད་ན་ལེགས། མེད་ཀྱང་རུང་ངོ༌། །ལྷག་མ་རྣམས་ནི་རྟེན་མེད་དུ་མི་རུང་ངོ༌། །དེ་ལ་དང་པོ་ཉིན་གཅིག་པའི་ཆོ་ག་ནི། མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཚེས་བཅོ་ལྔའི་ཟླ་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེས་བཅོ་ལྔའི་ཟླ་བ་ནི་བྱེ་བྲག་ཏུ་བཟུང་བ་ཙམ་ཡིན་གྱི་དུས་ནམ་ཡང་རུང་བ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། རྨི་ལམ་ངན་པའམ་དུས་མ་ཡིན་པར་འཆི་བའི་ལྟས་བྱུང་བའི་དུས་སུ་ནངས་པར་སྔ་བར་ལངས་ཏེ་ཁྲུས་བྱས་ལ་ཡོད་ན་གོས་གཙང་མ་བགོ། མེད་ན་དྲི་ཞིམ་པོས་བདུག་པའི་གོས་གྱོན་ལ་གསོ་སྦྱོང་
རང་གིས་བླང་བར་བྱ་སྟེ། སེམས་བསྐྱེད་པ་ལ་སོགས་པ་རྒྱུན་གྱི་རྣལ་འབྱོར་བཞིན་བྱ་སྟེ་ལན་སྟོང་བཟླའོ། །དེ་མ་གྲུབ་ན་བརྒྱད་བརྒྱས་ཀྱང་ཆོག་གོ །ཞེས་གསུངས་སོ། །རྣ་ལམ་དུ་བསྒྲགས་པ་ནི་གོ་སླའོ། །གཤིན་པོ་ལ་ཕན་གདགས་པ་ནི་སེམས་ཅན་སྡིག་པ་བྱེད་པ་གང་དག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་སྔར་ཤི་ཟིན་པའི་རུས་པ་ལ་བརྟེན་ཏེ་ཕན་གདགས་པ་ནི་མདོ་ཉིད་དུ་གསལ་ལོ། །འཆི་ག་ནས་བརྩམས་ནས་ཕན་འདོགས་ན་དེའི་དྲུང་དུ་སོང་སྟེ་ཐོག་མར་འདུ་ཤེས་བཅུ་པའི་མདོ་བསྒྲགས་ཏེ་དེའི་དོན་དྲན་པར་བྱེད་དུ་གཞུག་གོ །དེ་ནས་རྣམ་པར་རྒྱལ་བའི་གཟུངས་ལན་བདུན་ལ་སོགས་པ་བསྒྲག་པར་བྱའོ། །དེ་ནས་ཤི་བ་དང་གཟུངས་འདི་གུར་གུམ་གྱིས་བྲིས་ཏེ་དེའི་སྤྱི་བོའི་གཙུག་ཏུ་བཅིང་པར་བྱའོ། །དེ་ནས་ཆུའི་ནང་ངམ་མཆོད་རྟེན་ནམ་རི་མཐོན་པོའམ་དུར་ཁྲོད་དུ་བསྐྱལ་བར་བྱའོ། །གལ་ཏེ་བསྲེག་པར་འདོད་ན་ཞི་བའི་སྦྱིན་སྲེག་བྱ་སྟེ། རྣལ་འབྱོར་པ་ལ་སོགས་པའི་རོ་ཡིན་ན་ལྷར་བསྐྱེད་དེ་ཐ་མལ་པ་ཡིན་ན་ལྷ་རྣམས་ལ་དབུལ་བར་བྱ་སྟེ། སྦྱིན་སྲེག་གི་ཆོ་ག་འདི་ནི་འོག་ན་འཆད་དོ། །དེ་ནས་འོ་མ་དང་དྲི་ཞིམ་པོའི་ཆུས་མེ་བསད་ལ་རུས་པ་བསྡུའོ། །རུས་པ་དེ་མཆོད་རྟེན་ཡོད་ན་དེའི་དྲུང་ངམ་མེད་ན་མཎྜལ་གྱི་དབུས་སུ་བཞག་སྟེ། རབ་ཀྱིས་ཞག་བཞི་བཅུ་ཞེ་དགུའི་བར་དུ་དུས་གསུམ་དུ་ཡུངས་ཀར་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་གཏོར་བར་བྱའོ། །དེ་ནས་རུས་པ་དེ་དག་ལ་འོག་ནས་འབྱུང་བའི་སཱཙྪའི་ཆོ་ག་བཞིན་སཱཙྪ་བྱས་ཏེ། དེ་ལ་སྟོང་ཕྲག་གཅིག་གི་མཆོད་པ་བྱས་ཏེ་མཆོད་རྟེན་དུ་བཞུགས་སུ་གསོལ་བ་བྱས་ན་ཕན་ཡོན་མདོ་བཞིན་དུ་འབྱུང་ངོ༌། །ཁྱོར་ཆུ་དང་སོ་ཤིང་ལ་བརྟེན་པ་རྟོགས་པར་སླའོ། །དེ་དག་ནི་རྟེན་མེད་ཀྱང་བྱར་རུང་བས་རྟེན་ལ་མ་ལྟོས་པའི་ཆོ་ག་བྱའི། རྟེན་ཡོད་པ་ཡིན་ན་ཤིན་ཏུ་ཡང་མཆོག་གོ །ད་ནི་རྟེན་མེད་དུ་མི་རུང་བའི་རྟེན་གྱི་སྤྱན་སྔར་བྱ་བའི་ཆོ་ག་ནི། རྟེན་གྱི་ཆོ་ག་དང༌། དེ་ལ་བརྟེན་པའི་ཆོ་གའོ། །དང་པོ་ནི་ཇི་ལྟར་བྱ་བའི་ཐབས་དང༌། དེའི་རབ་ཏུ་གནས་པའོ། དེའི་དང་པོ་ལ་ཡང་མཆོད་རྟེན་གྱི་ཆོ་ག་དང་བྲིས་སྐུའི་ཆོ་གའོ། །སྔ་མ་ལ་ཡང་རས་རིས་སུ་བྲིས་པ་དང༌། མཆོད་རྟེན་ཉིད་དུ་བྱས་
པའོ། །དང་པོ་ལ་ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཞེས་གསུངས་པ་ལ་བརྟེན་ཏེ་སྲུང་བ་དང༌། ཕྱིར་ཟློག་པའོ། །ཕྱིར་ཟློག་པ་ནི་མཆོད་རྟེན་པད་ཟླ་ལ་གནས་པའི་བང་རིམ་གསུམ་པ་དང༌། མགུར་ཆུ་དང༌། བུམ་པ་དང༌། བུམ་རྟེན་དང༌། འཁོར་ལོ་དང༌། ཆར་ཁེབས་སུ་བཅས་པ་བུམ་པ་ལ་དང་པོར་རྡོ་རྗེ་ཕྱེད་པ། དེའི་ཕྱི་རོལ་དུ་མེ་རིས་བསྐོར་བའོ། །མཆོད་རྟེན་མཐའ་དག་ལ་དང་པོར་བྷྲཱུྃ་མགོ་ཕྱིར་བསྟན་པའི་བར། དེའི་ཕྱི་རོལ་དུ་རྡོ་རྗེ་དང་མེ་རི་བར་མེད་པས་བསྐོར་བའོ། །བུམ་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། ཨོཾ་ན་མོ་ཆེ་གེ་མོ་ལ་གནོད་པ་བྱེད་པ་ཐམས་ཅད་ཕྱིར་ཟློག་ཅིག་སྭཱ་ཧཱ། ཞེས་བྲིའོ། །དེའི་ཕྱི་རོལ་དུ་གཡས་སྐོར་གྱིས་གཟུངས་ཀྱི་ཕྲེང་བའོ། །སྲུང་བ་ལ་ནི་དབུས་སུ་རྡོ་རྗེ་རྒྱ་གྲམ་མཆོད་རྟེན་སོར་བཞི་པ་དང༌། སོར་བཅུ་གཉིས་པ་ནི་རྟོག་པ་ཉིད་དུ་གསལ་ལ། ཆོ་ག་བསྡུས་པ་སཱཙྪའི་ཆོ་ག་ནི། དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་ས་བླངས་ལ་ཞེས་བྱ་བ་ལ་བརྟེན་པ་ཡིན་ཏེ། གཙང་བ་མི་མ་ཡིན་པས་བདག་ཏུ་མ་བཟུང་བ་ནས་ས་བླངས་ཏེ་འཇིམ་པ་བྱས་ལ། སེམས་བསྐྱེད་པ་ནི་སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱའོ་སྙམ་དུ་བསམས་ལ། འཇིམ་པའི་གོང་བུ་ལ་བཻ་རོ་ཙ་ནའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ལ་བྱིན་གྱིས་བརླབ་བོ། །དེ་ནས་འབི་འབི་དང་སྣུམ་བྱུག་པ་དང༌། རྒྱར་གཞུག་པ་ཐམས་ཅད་ལ་རྣམ་རྒྱལ་གྱི་གཟུངས་བཟླ་ཞིང་གདབ་བོ། །བུམ་པའི་ནང་དུ་གཟུངས་སྔགས་སམ་རྩ་བའི་སྔགས་གུར་གུམ་གྱིས་བྲིས་ལ་གཞུག་པར་བྱའོ། །བྲིས་སྐུའི་ཆོ་ག་ནི་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཞི་དང༌། ཚོན་དང༌། ལྷ་བཟོ་མཁན་དང༌། དུས་དང༌། ཆོ་ག་དེ་རྣམས་ཡིན་ནོ། །གཞི་ནི་དང་པོ་ནས་བསྒྲུབས་པའི་རས་ཏེ། གྲོང་པའི་ཆོས་ཀྱིས་མ་ཕོག་པའི་གཞོན་ནུ་མས་བྱས་པའི་སྐྲ་མ་སོང་བ་ཁྲུ་གང་པ་ཡན་ཆད་པའོ། །ཚོན་ནི་ལྷག་མ་མ་ཡིན་པའོ། །ལྷ་བཟོ་བ་གསོ་སྦྱོང་དང་ལྡན་པའོ། །དུས་ཡར་གྱི་ངོ་ལའོ། །ཆོ་ག་ནི་ཚོན་རྩི་རྣམས་གཟུངས་ཀྱི་ཡི་གེར་གྱུར་པ་ལས་དེ་དང་དེར་
གྱུར་པར་བསམ་མོ། །གཞན་ཡང་རས་འདུལ་བྱས་པའི་གཞི་ལ་བུམ་པའི་ཐད་དཀར་གཟུངས་སྔགས་ཀྱི་ཕྲེང་བ་གཡས་སྐོར་གྱིས་བྲི། དེའི་མཇུག་ཏུ་ཆེ་གེ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བྲིའོ། །ཨོཾ་ལ་སོགས་པའི་ཡི་གེ་དགོད་པ་རྣམས་ཀྱང་བྲིས་སྐུ་བྲིས་ཟིན་པ་ལ་དགོད་པའམ། ཡང་ན་སྔོན་དུ་སྐྱ་རིས་བཏབ་པ་ལ་དགོད་པ་ཡིན་ནོ། །རྣམ་པ་ནི་ཆོ་ག་ཉིད་ལས་གསལ་ལོ། །འདིས་ནི་རང་གི་ལྷའི་རྣལ་འབྱོར་ཡང་ཟིན་པ་ཡིན་ནོ། །རྟེན་ཇི་ལྟར་བྱ་བའོ། །དེ་དག་གི་རབ་ཏུ་གནས་པ་ནི། བུམ་པའི་ཆོ་ག་ཇི་ལྟ་བ་བཞིན་བྱས་ལ། དེ་ནས་མེ་ལོང་ལ་མཆོད་རྟེན་གྱི་གཟུགས་བརྙན་ཤར་བ་ལ་ཁྲུས་བྱའོ། །དེ་ནས་རང་རྣལ་འབྱོར་དང་ལྡན་པས་མཆོད་རྟེན་གྱི་འོག་ཏུ་པྃ་ལས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ། དེའི་བུམ་པའི་ནང་དུ་པད་ཟླའི་སྟེང་དུ་བྷྲཱུྃ། དེའི་འོད་ཀྱིས་འཇིག་རྟེན་འོད་དུ་གྱུར་པར་བསམ། དེ་ནས་མཆོད་རྟེན་རིམ་གྱིས་སྟོང་པར་བསམས་ལ་དེའི་ངང་ལས་རྣམ་པར་སྣང་མཛད་ཆེན་པོར་གྱུར་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མཆོད་རྟེན་ལྷ་དགུ་དང་བཅས་པ་བསྐྱེད་ལ་དེ་དག་གི་འོད་དང་རང་གི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་མཆོད་རྟེན་ལྷ་དང་བཅས་པ་སྤྱན་དྲངས་ལ་བསྟིམ་པར་བྱའོ། །དེའི་རྗེས་ལ་མེ་ཏོག་དཀར་པོ་ལ་རྟེན་འབྲེལ་གྱི་སྙིང་པོ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླས་ཏེ་གདགས་པའམ་གཏོར་བར་བྱའོ། །དེ་ནས་མཆོད་པ་རྒྱས་པས་མཆོད། གྲུབ་ན་གཏོར་མ་བཏང་བར་བྱས་ལ་སྲུང་མར་བསྒོ། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་མི་འདོད་པ་ཡིན་ནོ། །རབ་ཏུ་གནས་པའི་ཆོ་གའོ། །རྟེན་དེ་ལ་བརྟེན་པའི་བྱ་བ་ནི་གཉིས་ཏེ། རྟེན་དེ་ཉིད་ལ་མཆོད་པ་དང༌། བཅང་བ་ལ་སོགས་པའི་བྱ་བ་དང༌། དེའི་སྤྱན་སྔར་ཇི་ལྟར་བྱ་བའོ། །དང་པོ་ནི་མདོ་ལས་རྣམ་གྲངས་བཅུ་བཞིར་གསུངས་པ་དེ་དག་ཀྱང་མདོར་བསྡུ་ན་གཉིས་ཏེ། བཞུགས་པའི་གནས་དང༌། དེ་ལ་མཆོད་པའི་ཆོ་གའོ། །དང་པོ་ནི་རང་གི་ལུས་ལ་སོགས་པ་སྟེ་རྟོགས་པར་སླའོ། །གཉིས་པ་ལ་ཚུལ་གསུམ་སྟེ། རབ་སྟོང་ཕྲག་གི་ཆོ་ག་དང༌། འབྲིང་བརྒྱད་བརྒྱ་པའི་བྱ་བ་དང༌། ཐ་མ་ཇི་ལྟར་འབྱོར་པའོ། །དང་པོ་ལའང་རྟོག་པ་ལས་ཚུལ་མང་དུ་གསུངས་པ་ལས། རེ་ཞིག་སྟོང་ཕྲག་
བཅུ་གཉིས་ཀྱི་མཆོད་པ་བྱེད་པར་འདོད་པས་དེའི་ཆོ་ག་ནི་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་ཆོ་གའོ། །དང་པོ་ནི་ཉི་མ་སྔ་མ་ལ་ཆོ་ག་བྱ་བ་སྟེ། དེ་ལ་ཡང་གཉིས་ཏེ། མཆོད་པའི་རྟེན་བྱ་བ་དང༌། མཆོད་པའི་ཡོ་བྱད་སྟ་གོན་བྱ་བའོ། །དང་པོ་ལ་གཉིས་ཏེ། སྤྱིར་གང་ཡང་རུང་བའི་ཕྱིར་བྱ་བ་དང༌། བྱེ་བྲག་ཏུ་ནད་ལ་སོགས་པའི་རྐྱེན་ཟློག་པའི་ཕྱིར་བྱ་བའོ། །དང་པོའི་རྟེན་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ནི་གང་ལ་དམིགས་པ་དེའི་མཐོ་གང་བའོ། །བུམ་པར་བཞུགས་སུ་གསོལ་བའི་གཟུངས་ལ་ནི་དེའི་མིང་གིས་སྤེལ་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །མཆོད་པའི་ཡོ་བྱད་ནི་མེ་ཏོག་ལ་སོགས་པ་ལྔ་དང༌། གདུགས་དང་བ་དན་སྟོང་སྟེ། དེའང་འབྱོར་པ་རབ་ཀྱིས་ཚུལ་ཇི་ལྟ་བ་བཞིན་བྱའོ། །དེ་མ་འབྱོར་ན་གདུགས་བརྩེགས་པའི་ཉི་ཤུ་རྩ་ལྔ་པ་བཞི་བཅུ་བྱའོ། །དེའང་མ་འབྱོར་ན་ལྔ་བཅུ་བརྩེགས་ཉི་ཤུ་བྱ། དེ་ཡང་མ་འབྱོར་ན་བརྩེགས་མ་བརྒྱ་བརྒྱ་པ་བཅུ་བྱ། དེ་སྟོང་དུ་མོས་པར་བྱའོ། །མར་མེ་ཡང་སྡོང་བུ་རས་ཀྱི་སྣལ་མ་ཉི་ཤུ་རྩ་ལྔ་པ་བཞི་བཅུ་པ་བྱ་བའོ། །ལྷ་བཤོས་ནི་སྟོང་ཉིད་དུ་བྱ་སྟེ། དབུས་སུ་གཞི་རས་ལ་སོགས་པ་གཙང་མའམ་ས་གཞི་གཙང་མ་ལེགས་པ་ལ་པད་འདབ་བརྒྱད་བྲིས་པའི་དབུས་སུ་མཆོད་རྟེན་བཞུགས་སུ་གསོལ་ཏེ། དེའི་མཐའ་མ་པདྨའི་འདབ་མས་བསྐོར་རོ། །ལྷག་མ་ནི་སྣོད་ཐ་དད་མ་འབྱོར་ན་འབུལ་བའི་དུས་སུ་ཐ་དད་ཕུལ་བས་ཆོག་གོ །སྔ་མ་རྣམས་ནི་མི་བཅུ་ཡོད་པའི་དབང་དུ་བྱས་ཏེ་རེ་རེ་ལ་བཞི་བཞིའི་དབང་དུ་བྱས་ཀྱི། དེ་ལྟར་མ་ཡིན་ན་བརྩིས་ནས་ཇི་ལྟར་བདེ་བ་བྱ་བ་ནི། སྦྱོར་བའོ། །དེ་ནས་ནངས་པར་ཟས་མ་ཟོས་པའི་གོང་རོལ་དུ་ཁྲུས་བྱས་ཏེ། གསོ་སྦྱོང་རང་གིས་བླང་བའི་ཆོ་གས་གསོ་སྦྱོང་བླངས་ལ། མཆོད་རྟེན་གྱི་མཐའ་བསྐོར་ཏེ་མཆོད་པའི་ཡོ་བྱད་རྣམས་སོ་སོར་དགྲམ་སྟེ་སྟན་ལ་འདུག་གོ །དེ་ནས་སློབ་དཔོན་གྱིས་བུམ་པ་ཆོ་ག་ཇི་ལྟ་བ་བཞིན་བཅའ་སྟེ། དྲི་ཞིམ་པོའི་ཆུས་བཀང་ལ་དེའི་ཆུས་མེ་ལོང་གི་མཆོད་རྟེན་ལ་ཁྲུས་བྱས་ཏེ་བུམ་པ་མཆོད་རྟེན་གྱི་དྲུང་དུ་གཞག་གོ །དེ་ནས་སྦྱང་བ་ལ་སོགས་རབ་གནས་བྱའོ། །འོན་ཀྱང་སྔར་རབ་
གནས་བྱས་ཟིན་པ་ཡིན་ན་ནི་དེའི་ཚེ་མཆོད་རྟེན་དྭངས་ཤིང་ཐོགས་པ་མེད་པའི་བུམ་པའི་ནང་དུ་ལྷ་རྣམས་བསམ་པར་བྱའོ། །དེ་ནས་སོ་སོའི་རྣལ་འབྱོར་རམ་རྒྱུན་གྱི་རྣལ་འབྱོར་གང་ཡང་རུང་བས་གནས་པར་བྱ་བ་ལ་དེའི་བར་དུ་གཏམ་མི་སྨྲ། མི་བཅུ་ཡོད་ན་མི་རེ་རེས་གཟུངས་བརྒྱ་བརྒྱ་བཟླའོ། །གཟུངས་ཀྱི་མགོར་ཨོཾ་ན་མོ་ཞེས་འབྱུང་བའི་ཚེ་མགོ་འདུད་པ་ཙམ་བྱ་སྟེ། ཕྱག་སྟོང་གཟུངས་ཚར་རེ་ཐོན་པ་དང་མཆོད་པ་ལྔ་དབུལ་བར་བྱའོ། །དབུལ་བ་ལག་ལེན་ལས་ཤེས་པར་བྱའོ། །དེ་དག་དང་དུས་མཉམ་པར་ཕྱི་རོལ་དུ་རྣལ་འབྱོར་པ་གཞན་ཞིག་གཏོར་མ་སྟོང་བཏང་སྟེ་ཆོ་ག་ནི་ཡི་དྭགས་ཁ་ནས་མེ་འབར་བ་སྐྱབས་མཛད་པའི་གཟུངས་ཀྱི་ལུགས་སམ། ཡང་ན་འབྱུང་པོ་ཐམས་ཅད་པའི་གཏོར་མས་གཏང་བར་བྱའོ། །མཐར་བསྐོར་བ་སྟོང་ཕྲག་གཅིག་བྱས་ཏེ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །སློབ་དཔོན་དང་ཡོན་བདག་རྣམས་ལ་བུམ་པའི་ཆུས་ཁྲུས་བྱའོ། །དངོས་གཞིའོ། །རྗེས་ནི་ཡོན་བདག་གིས་སློབ་དཔོན་རྣམས་ལ་ཆོས་སྟོན་ཡོན་དང་བཅས་པས་མཉེས་པར་བྱའོ། །སློབ་དཔོན་གྱིས་མཆོད་རྟེན་གནས་དབེན་པར་བཞུགས་སུ་གསོལ་ཏེ། དམན་མ་རྣམས་ཆུ་བོར་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། རྗེས་ཀྱི་བྱ་བ་སྟེ་སྟོང་ཕྲག་གི་མཆོད་པའོ། །གཉིས་པ་ནི་རྟོག་པར་སླའོ། །དེའི་སྤྱན་སྔར་ལས་ཇི་ལྟར་བྱ་བ་ལ་གཉིས་ཏེ། བུམ་པའི་ཆོ་ག་དང༌། རིག་པ་འཛིན་པ་བསྒྲུབ་པའོ། །དང་པོ་ནི་ས་ཕྱོགས་གཙང་མར་བའི་རྣམ་ལྔ་ཚང་བའམ་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་གྲུ་བཞི་པར་བྱུགས་ལ། དེ་ལ་མེ་ཏོག་དཀར་པོས་ཚོམ་བུ་དགུ་བྱས་ཏེ་ལྷ་དགུར་མོས་པ་བྱའོ། །དེའི་དབུས་སུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་བཞུགས་པར་བྱའོ། །དེའི་མདུན་དུ་བུམ་པ་གཙང་མ་ནག་པོ་ར་རི་དང་གས་ཆག་མེད་པ་དྲི་ཞིམ་པོའི་ཆུས་བྱུགས་ཏེ། རས་ཁ་ཚར་མ་ཉམས་པས་མགུལ་པ་བཅིངས་ལ་གུ་གུལ་ནག་པོའི་དུད་པས་བདུག་པར་བྱའོ། །དེའི་ནང་དུ་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ་བཅུག་སྟེ་ཆུ་གཙང་མ་དྲི་ཞིམ་པོ་དང་སྦྱར་བས་བཀང་ལ་ཤིང་ལོ་མ་ཅན་གྱིས་ཁ་བརྒྱན་པར་བྱས་ལ་བཞག་གོ །གཞན་ཡང་མཆོད་རྫས་ཇི་ལྟར་འབྱོར་པ་བཤམས་ལ། ཁྱད་པར་ཞུན་མར་གྱི་མར་མེ་བཞི་བཞག་པར་བྱའོ། །
དེ་ནས་རང་ཁྲུས་དང་གཙང་སྦྲ་དང་གསོ་སྦྱོང་ལ་གནས་པས་སྟན་བདེ་བ་ལ་འདུག་སྟེ། རྒྱུན་གྱི་རྣལ་འབྱོར་གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། ལག་པ་གཡོན་པ་བུམ་པ་ལ་རེག་ལ། གཡས་པས་ཤེལ་ལམ་གང་ཡང་རུང་བའི་ཕྲེང་བ་ཉི་ཤུ་རྩ་གཅིག་པ་བཟུང་ལ། གཟུངས་ཉི་ཤུ་རྩ་གཅིག་བཟླས་ཏེ་མཆོད་པས་མཆོད་པར་བྱའོ། །དེ་བཞིན་དུ་ཕྱེད་དང་དགོངས་མོ་སྟེ་དུས་གསུམ་དུ་བྱས་པའི་ཆུ་འཐུང་བ་དང་གཏོར་བ་ལ་སོགས་པ་བྱ་སྟེ། ཕན་ཡོན་ནི་གཞུང་ནས་འབྱུང་བ་བཞིན་ནོ། །རིག་པ་འཛིན་པ་བསྒྲུབ་པ་ནི་རྟོགས་པར་སླའོ། །དེ་ནས་གཞན་ཡང་སྦྱིན་སྲེག་གི་ཆོ་ག་ནི་ཞེས་པ་ལ་སོགས་པ་ལ་བརྟེན་ནས་སྦྱིན་སྲེག་གི་ཆོ་ག་བྱ་སྟེ། དེ་ཡང་སྤྱིའི་ཆོ་ག་ནི་ས་ཕྱོགས་གཙང་མར་བ་བྱུང་ལྔ་དང༌། དྲི་ཞིམ་པོའི་ཆུས་བྱུགས་ཏེ། ཐབ་ཁུང་རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ་ཁ་ཁྱེར་སོར་བཞི་པས་བསྐོར་བའམ། ཡང་ན་རེ་ཁཱ་དཀར་པོ་ཁྲུ་གང་བས་བསྐོར། དེའི་ཕྱི་རོལ་དུ་ཡང་སོར་བཞི་པ་རེ་ཁཱ་རྡོ་རྗེའི་ཕྲེང་བས་བསྐོར་བར་བྱ་སྟེ། དེར་ལས་དང་རྗེས་སུ་མཐུན་པའི་ཤིང་བརྩིགས་ཏེ། མེ་ཏོག་དཀར་པོ་གཅལ་དུ་བཀྲམ། ཞུན་མར་གྱི་མར་མེ་བཞག་ལ། གཞན་ཡང་མཆོད་པའི་ཡོ་བྱད་གཡོན་ནས་བཤམ། མར་དང་ཏིལ་དང་དཱུར་བ་ལ་སོགས་པ་གཡས་ནས་བཤམ་མོ། །དེ་ནས་རང་ཁྲུས་དང་གཙང་སྦྲ་ལ་གནས་པས་སྟན་བདེ་བ་ལ་འདུག་སྟེ། བདག་གིས་སེམས་བསྐྱེད་པ་དང་ཡི་གེ་དགོད་པ་བྱས་ལ། རྩ་སྔགས་དང་གཟུངས་གསུམ་ལ་སོགས་པ་བཟླས་ཏེ་ཐབ་ཏུ་མེ་སྦར་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཤར་ལྷོ་ནས་མེ་ལྷ་ཞལ་གཅིག་ཕྱག་བཞི་པ་གཡས་དབྱུག་པ་དང་རལ་གྲི། གཡོན་ཕྲེང་བ་དང་རིལ་བ་སྤྱི་བླུགས་འཛིན་པ་ཁ་དོག་དམར་པོ་པདྨ་དང་ཉི་མ་ལ་གནས་པ་དྲང་སྲོང་གི་ཆ་ལུགས་ཅན་བཀུག་ལ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་མེ་ཏོག་གི་གདན་དབུལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ། མཆོད་པ་ལྔ་ཡང་དབུལ། དེ་ནས་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མར་གྱི་དགང་བླུགས་གསུམ་དང༌། གཞན་ཡང་བསྲེག་རྫས་ཡོད་ན་བདུན་ལ་སོགས་པ་ཕུལ་ལ་གཤེགས་སུ་གསོལ་ལོ། །དེ་ནས་ཐབ་
ཁུང་དུ་གཙོ་བོའམ་ལྷ་དགུ་སྐད་ཅིག་གིས་དམིགས་ཏེ། གདན་དང་མཆོད་ཡོན་དང༌། མཆོད་པས་གཏོར་ཏེ། དང་པོ་མར་གྱི་དགང་བླུགས་གསུམ། གཟུངས་སམ་ཉེ་སྙིང་གིས་དབུལ། དེ་ནས་མར་དང་ཏིལ་བསྲེས་པའི་དགང་བླུགས་བརྒྱ་ལ་སོགས་པ་ཇི་སྲིད་འབྱོར་གྱི་བར་དུ་གཟུངས་སམ་ཉེ་སྙིང་བཟླས་ཤིང་ཞི་བའི་སེམས་དང་ལྡན་པས་དབུལ་བར་བྱ་སྟེ་ཞི་བའི་སྦྱིན་སྲེག་གོ །རྒྱས་པ་ལ་སོགས་པ་རྣམས་ལ་དེ་དང་དེའི་བསམ་པ་དང་ལྡན་པས། དེ་དང་དེའི་རྫས་རྣམས་ཆོ་ག་དང་རྣལ་འབྱོར་རྣམས་སྔ་མ་ཉིད་ཀྱིས་བསྲེག་པར་བྱའོ། །བསྲེག་རྫས་ནི་རྟོག་པ་ཉིད་དུ་གསལ་ལོ། །དེ་ནས་མཆོད་པས་མཆོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་གཤེགས་སུ་གསོལ། སྦྱིན་སྲེག་གི་ཆོ་ག་འདི་ནི་ཚེ་ལོ་སྟོང་ཐུབ་པར་འདོད་པའི་སྦྱིན་སྲེག་ལ་རེ་རེ་ཞིང་ཡང་དག་པར་མཆོད། ཡང་དཀར་པོའི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། ཞེས་གསུངས་པས་མཆོད་པ་ལ་མཆོད་པའི་རྟེན་དགོས་པས་རྟེན་ལ་ལྟོས་པར་གསལ་ལ། ལྷག་མ་རྣམས་ལ་རྟེན་ཡོད་ན་ལེགས། མེད་ནའང་རུང་བས་རྟེན་ལ་མ་ལྟོས་པ་ཡིན་པས་འདི་ནི་ཐུན་མོང་གི་བྱ་བའོ། །དེ་ལྟར་རྟེན་མེད་དུ་མི་རུང་བ་བཅོ་ལྔ། རིག་པ་འཛིན་པ་ལ་སྤྱིར་ཕྱེ་ན་བཅོ་བརྒྱད། རྟེན་མེད་དུ་མི་རུང་བ་ལ་བཞི། ཐུན་མོང་དུ་སྦྱིན་སྲེག་ལ་བདུན་ཏེ། རྟོག་པའི་ཆོ་ག་དངོས་ལ་སུམ་ཅུ། ཕན་ཡོན་གྱི་སྐབས་སུ་ཞར་ལས་འོངས་པ་ཀློག་པ་ལ་སོགས་པ་བཅོ་ལྔ་སྟེ་རྣམ་པར་ཕྱེ་ན་བཞི་བཅུ་རྩ་ལྔར་ཡོད་ཀྱང་མདོར་བསྡུ་ན་སྔར་བསྟན་པ་རྣམས་ཡིན་ནོ། །དེ་ལྟར་ཞིབ་ཏུ་བརྗོད་མོད་ཀྱི་ལེགས་པར་ནི་རྟོག་པ་ཉིད་ཀྱི་སྟེང་དུ་རིམ་པ་བཞིན་དུ་བཤད་སླ་བས་རྟོགས་པར་འགྱུར་ཞིང་ཆོ་ག་སོ་སོར་ཕྱེ་ལ་རྟོགས་པར་འགྱུར་རོ། །རྒྱུད་ན་གོ་རིམ་འདི་བཞིན་མི་གསལ་མོད། །ཡི་གེ་ཉུང་དང་རྟོགས་པར་སླ་བྱའི་ཕྱིར། །ཆོ་ག་མཐུན་རྣམས་སོ་སོར་བསྡེབས་བྲིས་ཀྱིས། །གང་དུ་གང་སྦྱར་རང་གི་བློ་ཡིས་དཔྱོད། །ཆོ་ག་འདི་ལས་ངལ་གྱུར་པའི། །དགེ་བ་ཁ་བ་ལྟར་དཀར་བ། །ཐོབ་དེས་འགྲོ་བའི་ཐིབས་པོ་ནི། །སེལ་བར་བྱེད་པའི་དཔལ་དུ་ཤོག །ལེགས་པའི་ཤེས་རབ་རྣལ་འབྱོར་བརྩོན། །གློ་ཅན་
གངས་ཅན་གསལ་མཛད་པས། །བདག་གིར་མཛད་པའི་ས་དེར་ནི། །བསོད་ནམས་རྩེ་མོས་འབད་དེ་བྲིས། །དཔལ་ལྡན་བླ་མས་མཛད་པ་ནི། །ལེགས་པར་བསྡེབས་ཤིང་ལུང་གནང་བས། །གྲགས་པ་རྒྱལ་མཚན་བདག་གིས་ནི། །ཅུང་ཟད་གསལ་བར་བགྱིས་པ་ལགས། །གཙུག་ཏོར་རྣམ་པར་རྒྱལ་བའི་བརྗེད་བྱང་གསང་ཕུའི་སྙིང་པོ་སེ་རུ་དང༌། དཔལ་ལྡན་ས་སྐྱར་དུས་ཕྱིས་བཅོས་པ་འདི་ཡོངས་སུ་རྫོགས་སོ།། ༈ །དེའི་ས་བཅད་བཞུགས། །ན་མོ་གུ་རུ་ཝེ། རྣམ་པར་རྒྱལ་བའི་རྟོག་པ་ལ་གཉིས་ཏེ། འཆི་བདག་འཇོམས་པའི་རྟོག་པ་དང༌། ངན་འགྲོ་སྦྱོང་བའི་རྟོག་པའོ། །དང་པོ་ལ་གསུམ་སྟེ། གླེང་གཞི་དང༌། མདོའི་དོན་དངོས་དང༌། དེ་ལ་འཁོར་གྱིས་རྗེས་སུ་ཡི་རང་བའོ། །བར་པ་ལ་གསུམ་སྟེ། གཟུངས་ཀྱི་ཆེ་བ་གླེང་བསླང་བ་དང༌། དེས་ཞུས་པ་དང༌། བཤད་པར་བཞེད་པས་སྙོམས་པར་ཞུགས་པ་གསུམ་གྱིས་གཟུངས་བཤད་པ་ལ་འཇུག་པ་དང༌། གཟུངས་སྔགས་དངོས་དང༌། དེའི་ཕན་ཡོན་རྒྱས་པའོ། །དེ་ལ་གཉིས། ཞུས་པ་དང་ལན་ནོ། །དེ་ལ་ལྔ་སྟེ། མཆོད་རྟེན་གྱི་ལས་དང༌། རས་རིས་ཀྱི་ལས་དང༌། སྦྱིན་སྲེག་གི་དང༌། རིག་པ་འཛིན་པའི་དང༌། ཞར་ལས་རྒྱུན་གྱི་ཉམས་སུ་བླང་བའི་ཚུལ་གྱིས་ཕན་ཡོན་སྤྱིར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དེའི་དུས་སུ་བཟླས་པའི་རྩ་བའི་སྔགས་དང༌། ཆོ་ག་དངོས་སོ། །དེ་ལ་གསུམ་སྟེ། མཆོད་རྟེན་བྱ་བའི་ཚུལ་དང༌། མཆོད་པ་བྱ་བའི་ཆོ་ག་དང༌། ཆོ་ག་ཕན་ཡོན་དང་བཅས་པ་གསུམ་གྱིས་མཆོད་རྟེན་རྒྱས་པའི་ཆོ་ག་དང༌། བྱ་བའི་ཚུལ་དང༌། མཆོད་པའི་ཐབས་དང༌། ཕན་ཡོན་གསུམ་གྱིས་མཆོད་རྟེན་བསྡུས་པ་སཱཙྪའི་ཆོ་གའོ། །རས་རིས་ལ་གསུམ་སྟེ། བྲི་བའི་གཞི་དང༌། བྲི་བའི་ཚུལ་དང༌། རྣམ་པ་གསུམ་གྱི་རྟེན་བྲིས་སྐུ་དང༌། དེ་ལ་མཆོད་པའི་ཚུལ་རྒྱས་པ་དང༌། མཆོད་པའི་ཆོ་གའི་རྣམ་གྲངས་གཞན་ཕན་ཡོན་དང་བཅས་པའོ། །སྦྱིན་སྲེག་ལ་གཉིས་ཏེ། སྤྱིའི་ཆོ་ག་དང༌།
གཙོ་བོར་ཚེ་སྤེལ་བའི་དང༌། དཔལ་སྤེལ་བའི་དང༌། རྒྱལ་པོ་ཐོབ་པར་བྱེད་པ་གསུམ་གྱིས་སོ་སོའི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་དང་དངོས་གཞི་གཉིས་ཀྱི་ཆོ་ག་དང༌། དེའི་ཕན་ཡོན་ནོ། །ངན་འགྲོ་སྦྱོང་བའི་རྟོག་པ་ལ་དྲུག སྔོན་བྱུང་གི་གླེང་གཞི་དང༌། གཟུངས་དངོས་དང༌། བརྒྱ་བྱིན་ལ་གདམས་པ་དང༌། ཕན་ཡོན་དང་ལྡན་པ་ལ་སྤྲོ་བས་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་བསྲུང་བར་ཁས་བླངས་པ་དང༌། རྒྱལ་པོ་བཞི་ལ་གདམས་པ་དང༌། བརྒྱ་བྱིན་དང་ཤིན་ཏུ་བརྟན་པ་ལ་གདམས་པའོ། །གསུམ་པ་ལ་གཉིས། ཕན་ཡོན་དང་ལྡན་པས་གཞན་དོན་དུ་གསུངས་པ་དང༌། ཕན་ཡོན་དང་ལྡན་པས་གཞན་དོན་རྗེས་སུ་གཏད་པ་གཉིས་ཀྱིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཕན་ཡོན་དངོས་དང༌། དཔེའི་སྒོ་ནས་བཤད་པ་གཉིས་ཀྱིས་རང་དོན་བསྒྲུབ་པའི་ཕན་ཡོན་དང༌། ཀློག་པ་ལ་སོགས་པ་བཅུའི་ཕན་ཡོན་དང༌། མཐོང་བ་དང་རེག་པའི་ཕན་ཡོན་དང༌། བཀུར་སྟི་བྱས་པའི་ཕན་ཡོན་དང་གསུམ་གྱི་གཞན་དོན་གྱི་སྒོ་ནས་ཆོ་གའི་ཚུལ་ཅུང་ཟད་བསྟན་པའོ། །རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས་ཏེ། དམ་བཅའ་བ་དང༌། ཉིན་གཅིག་པའི་བྱ་བ་དང༌། གཞན་ལ་བསྒྲགས་པའི་ཕན་ཡོན་དང༌། གཤིན་པོ་ལ་ཕན་གདགས་པ་དང༌། རྒྱུན་གྱི་བྱ་བ་དང༌། ཐུན་མོང་གི་ཕྱག་རྒྱ་དང༌། བརྒྱད་བརྒྱ་པའི་མཆོད་པ་དང་དྲུག་གིས་བཤད་པ་དངོས་སོ། །བརྒྱ་བྱིན་དང༌། ཤིན་ཏུ་བརྟེན་པའི་དོན་བྱ་བ་ལ་གཉིས་ཏེ། སྔར་བསྟན་པའི་གཟུངས་དང་རྟོག་པས་ཤིན་ཏུ་བརྟན་པའི་དོན་བྱ་བར་གདམས་པ་དང༌། ལྷའི་དབང་པོས་བསྟན་པ་དང༌། དེ་ཉམས་སུ་བླངས་པས་སྡུག་བསྔལ་ལས་གྲོལ་བའི་ཚུལ་དང༌། བཀའ་དྲིན་དྲན་པའི་མཆོད་པ་དང༌། དེ་བཞིན་གཤེགས་པས་འབྱུང་བ་བཞིས་དོན་བྱ་བ་དངོས་དང༌། ཤིན་ཏུ་བརྟན་པ་ལ་ཆོས་ཀྱི་དགའ་སྟོན་གྱི་ཚུལ་གྱིས་ཆེ་བ་དང༌། རྗེས་འཇུག་གི་ཆོ་གའི་རྣམ་གྲངས་གཞན་བསྟན་པའོ། །དེ་ལ་གསུམ། མཆོད་རྟེན་ལ་བརྟེན་པའི་ཕན་ཡོན་དང༌། བུམ་ཆོག་ལ་བརྟེན་པ་དང༌། སོ་ཤིང་དང་ཁྱོར་ཆུ་ལ་བརྟེན་
པའོ། །དང་པོ་ལ་གཉིས། གང་ཡང་རུང་བ་ལ་བཞུགས་ཏེ་སྐོར་མཆོད་ཀྱི་དང༌། ཙནྡན་གྱི་ལ་བཞུགས་ཏེ་མགོ་ལ་བཅིང་བ་དང༌། ཙནྡན་དང་འཇིམ་པའི་ཁྱིམ་དུ་བཞུགས་ཏེ་སྟོང་ཕྲག་གི་མཆོད་པའི་ཕན་ཡོན་དང་བཅས་པ་གསུམ་གྱིས་འབུར་དུ་བྱ་བའི་རྟེན་དང༌། རིས་སུ་བྱ་བ་ལ་བརྟེན་པའོ། །རྣམ་པར་རྒྱལ་མའི་རྟོག་པའི་བསྡུས་དོན། །། ༈ །གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་སྟོང་མཆོད་རྗེས་གནང་གི་ཆོ་ག་དང་བཅས་པ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་གཅིག་བསྡུས་འོད་དཔག་མེད། །ཤེས་རབ་ལྷ་མོའི་སྐུར་བསྟན་པའི། །རྣམ་པར་རྒྱལ་མ་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོད་པའི་ཆོ་ག་ལ་བརྟེན་ནས། །འཆི་མེད་སྒྲུབ་པར་བྱེད་པའི་ཚུལ། །གོ་བདེའི་ངག་གིས་བཤད་ཀྱིས་ཉོན། །དེ་ལ་སྦྱོར་དངོས་རྗེས་གསུམ་གྱི། །སྦྱོར་བ་ཡར་ངོའི་དུས་ཀྱི་ཚེ། །གཙང་ཡངས་དབེན་པའི་གནས་ཁང་གི །དབུས་སུ་སྟེགས་བུ་གྲུ་བཞི་བྱ། །དེ་ཡི་དབུས་སུ་བུམ་གདན་གྱི། །སྟེང་དུ་ཁ་རྒྱན་མགུལ་ཆིངས་དང༌། །བཅས་པའི་བཅུད་ལྡན་བུམ་པའི་སྟེང༌། །རབ་གནས་ལྡན་པའི་མཆོད་རྟེན་བཞག །དེ་ཡི་ཕྱི་རོལ་དབང་ལྡན་གྱི། །མཚམས་སུ་མཚམས་འཛིན་མེ་ཏོག་ནས། །བརྩམས་ཏེ་ཕྱོགས་བཞི་མཚམས་བཞི་རུ། །ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། །དེ་རྣམས་ནང་དུ་ལྷ་བཤོས་སྟོང༌། །ངེས་པར་བཤམ་བྱ་སྤོས་དང་ནི། །མར་མེ་སྟོང་སོགས་ཅི་འབྱོར་བཤམ། །མཐའ་སྐོར་ཀུན་དུ་བ་དན་དང༌། །གདུགས་དང་ལྡ་ལྡིས་མཛེས་པར་བསྐོར། །དངོས་མ་འབྱོར་ན་ཤོག་བུ་དང༌། །རས་ལ་བྲིས་པ་སོགས་ཀྱང་རུང༌། །ཤར་དུ་ལྷ་ཡི་གཏོར་མ་དང༌། །ལྷོ་རུ་ཆ་གསུམ་གཞན་ཞིག་ཏུ། །གཏོར་མ་སྟོང་གི་ཆས་དང་ནི། །སོ་སོའི་མདུན་དུ་མེ་ཏོག་དང༌། །རོལ་མོའི་བྱེ་བྲག་ཀུན་བཤམ་མོ། །དེ་ནས་རྣལ་འབྱོར་པ་རྣམས་སྔ་བར་ཁྲུས་བྱས་ནས་རྟེན་ལ་ཁ་ཕྱོགས་པར་ལངས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་
ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་བར་བསམ། དངོས་སུ་ཕྱག་བྱ་ཞིང༌། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ལྡན། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་མཛད་པ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་ཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །རྨོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་
ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྔོན་གྱི་སྨོན་ལམ་བྱང་ཆུབ་རྗེས་སྤྱད་པས། །མཚན་ཙམ་ཐོས་པས་སྒྲིབ་པ་ཀུན་སེལ་བའི། །ཕྲིན་ལས་མངའ་བ་ཀུན་མཁྱེན་འཇིག་རྟེན་མགོན། །སངས་རྒྱས་སུམ་ཅུ་ལྔ་ལ་ཕྱག་འཚལ་ལོ། །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་སོགས་དང༌། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱེད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བའི་གཉེན་གཅིག་མ་ལུས་རྐང་གཉིས་གཙོ། །དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །གསེར་གྱི་མདོག་ཅན་ལྷ་ཡི་ལྷར་གྱུར་པ། །དམ་ཚིག་གསུམ་བཀོད་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུས་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱརྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་སོགས་དང༌། སྐུར་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང༌། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆགས་པ་དང་ནི་བཞེངས་པ་དང༌། །སེང་གི་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་
རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་སོགས་དང༌། རྒྱལ་བའི་བསྟན་པ་མཁའ་ལྟར་ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །དབྱངས་ཀྱི་མཚན་ཙམ་ཀུན་མཁྱེན་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སོགས་དང༌། རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་རྒྱལ་པོ་དབྱུག་སྔོན་ཅན། །སྟོབས་པོ་ཆེ་དང་ལྷ་ཡི་བུ་གཉིས་ཏེ། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་མགྲིན་དཔལ། །རལ་གཅིག་མ་དང་ལྷ་མོ་ཁྲོ་གཉེར་ཅན། །འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སོགས་དང༌། གཞོན་ནུའི་སྐུ་ལུས་སོགས་དང༌། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས་སོགས་དང༌། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྤེལ་དང་སྲུང་མཛད་པའི། །དགྲ་བཅོམ་གནས་བརྟན་བཅུ་དྲུག་ལ་ཕྱག་འཚལ། །ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་
བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པས་ཕྱག་བྱ། དེ་ནས་རང་གནས་སུ་འཁོད་དེ་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ་ཞིང༌། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་བརྗོད། རོལ་མོ་བཞག་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པས་ཡན་ལག་བདུན་པ་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཐལ་མོ་སྦྱར་ཏེ། དོན་ཡིད་ལ་དྲན་བཞིན་པས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང༌། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷག་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་
མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གསུམ་གྱིས་སྡོམ་པ་བླངས་ལ། དེའི་བསླབ་བྱ་འདི་རྣམས་ལ་བསླབ་སྙམ་པས། དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་མཉམ་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེན་པོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་འཁྲུགས་འཇིག་རྟེན་རྣམས། །སྲིད་པའི་མཚོ་ལས་འདོན་པར་ཤོག །ཅེས་ལན་གསུམ་བརྗོད། གསོ་སྦྱོང་གི་ཚིག་འདི་རྣམས་ལ་བློ་ངོ་དང་བསྟུན་པའི་བཅོས་སླད་མ་བྱེད་ཅིག དེ་ནས་ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ། ཅེས་ཚུལ་ཁྲིམས་རྣམ་དག་གི་གཟུགས་བདུན་ནམ་ཉེར་གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཞེས་སོགས་ཀྱིས་སྨོན་ལམ་གདབ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་དང་སོ་སོའི་ཕྱག་རྒྱ་བྱ། མཐར་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱས་ཏེ་བྱིན་དབབ། འདི་མ་གཏོགས་པའི་མཆོད་
པ་བྱིན་རླབས་འོག་མ་རྣམས་ལ་དྷརྨ་ར་ཎི་དང་རོལ་ཆེན་མི་དགོས་སོ། །དངོས་གཞི་ལ། བདག་བསྐྱེད་སྒོམ་བཟླས། མདུན་བསྐྱེད་སྒྲུབ་མཆོད། གཏོར་མ་དབུལ་བའོ། །དང་པོ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པས་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ་བརྗོད། རང་སྐད་ཅིག་གིས་གཙུག་ཏོར་རྣམ་པར་རྒྱལ་མར་གསལ་བའི་ཐུགས་ཀར་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཐལ་མོ་སྦྱར་ཏེ། དཔལ་ལྡན་ལྷ་མོ་སོགས་ཀྱིས་ཕྱག་བྱ། སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ༴ པུཥྤཾ༴ དྷཱུ་པཾ༴ དཱི་པཾ༴ གནྡྷཾ༴ ནཻ་ཝི་དྱཾ༴ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱི་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་
ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན། རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་ཁྲི་ཟླུམ་པོ་བང་རིམ་གསུམ་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བུམ་རྟེན་དང་བཅས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང་དར་གྱི་ལྡ་ལྡིས་མཛེས་པར་བྱས་པ། དེ་ལྟ་བུའི་མཆོད་རྟེན་གྱི་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་བྷྲཱུྃ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ་རྩ་ཞལ་དཀར་བ། གཡས་ཞལ་སེར་བ། གཡོན་ཞལ་སྔོ་ཞིང་ཅུང་ཟད་ཁྲོ་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པད་དཀར་གྱི་སྟེང་ན་འོད་དཔག་མེད། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་ཞགས་པ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། བཞི་པས་མཉམ་གཞག་གི་སྟེང་དུ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་རྫས་ལས་གྲུབ་པའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དཀར་པོའི་ཕྲེང་བས་བསྐོར་བའོ། །དེའི་གཡས་སུ་ཟླ་བ་ལ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ། གཡོན་པདྨ་འཛིན་པ། གཡོན་དུ་ཉི་མ་ལ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྔ་ཡབ། གཡོན་ཨུཏྤ་ལར་གནས་པའི་རྡོ་རྗེ་འཛིན་པ། གཉིས་ཀའང་ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་
པ། དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། ཤར་དུ་མི་གཡོ་བ་སྔོན་པོ་རལ་གྲི་འཛིན་པ། ལྷོར་འདོད་པའི་རྒྱལ་པོ་སྔོན་པོ་ལྕགས་ཀྱུ་འཛིན་པ། ནུབ་ཏུ་དབྱུག་སྔོན་ཅན་སྔོན་པོ་དབྱུག་པ་འཛིན་པ། བྱང་དུ་སྟོབས་པོ་ཆེ་སྔོན་པོ་རྩེ་གསུམ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་པས་རང་རང་གི་ཕྱག་མཚན་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། སྐྲ་གྱེན་དུ་བརྫེས་ཤིང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། པདྨ་དང་ཉི་མའི་གདན་ལ་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། གཙོ་མོའི་སྟེང་གི་ཕྱོགས་གཉིས་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བ་དང་བཅས་པའོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དཔྲལ་བར་ཏྲཱྃ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨཱཿལྗང་གུ། གཙོ་མོའི་ཐུགས་ཀར་བྷྲཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཀྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་བྷྲུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་གོང་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ནས་ཤབྡའི་མཐར་དྷརྨཱ་ར་ཎི་རོལ་མོ་དང་བཅས་པས་མཆོད། དཔལ་ལྡན་ལྷ་མོ་སོགས་ཤློ་ཀ་གཅིག་གིས་བསྟོད། གཙོ་མོའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་སྔོན་པོའི་ནང་དུ་བྷྲཱུྃ་ཡིག་དཀར་པོ། དེའི་སྟེང་དུ་བླ་མ། མདུན་དུ་ཕ་མ། གཡས་སུ་བུ་དང་སློབ་མ། གཡོན་དུ་སྤུན་ཟླ་དང་མཆེད་གྲོགས། རྒྱབ་ཏུ་འཁོར་གཡོག་སྟེ། དེ་རྣམས་ལས་གང་བསྲུང་བྱའི་ཡུལ་ཡིན་པ་དེ་བསམ། དེའི་མཐའ་སྐོར་དུ་སྔགས་རྣམས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་བས་བདག་དང་བསྲུང་བྱའི་ཡུལ་གྱི་འགལ་རྐྱེན་སྡིག་སྒྲིབ་ཐམས་ཅད་སྦྱངས། འོད་ཟེར་ཕྱིར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་རྣམ་པར་རྒྱལ་མའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ། གཙོ་མོའི་ཐུགས་ཀར་ཐིམ་པས་བདག་དང་བསྲུང་བྱའི་ཡུལ་གྱི་ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར། ཅེས་ངག་ཏུ་ཤིབ་བུར་བརྗོད་ཅིང་ཡིད་ཀྱིས་བསམ་ལ། ཐལ་མོ་སྦྱར་བའི་མཛུབ་མོ་གཉིས་ཀྱི་ཚིགས་བར་མ་བཅག་སྟེ། མཐེ་བོང་གཉིས་དང་རྩེ་སྦྱར་བ་ལེགས་སོ་སྟེར་བའི་ཕྱག་རྒྱ་བཅས་ཏེ་གཟུངས་རིང་ཚར་གཅིག་བརྗོད། དེ་ནས་ཕྱག་རྒྱ་བཀྲོལ་ཏེ། སྔགས་གསུམ་པོ་བཅུའམ་ཉེར་གཅིག་སོགས་དང༌། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་
ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་ཏེ། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨཱ་ཡུརྡ་དེ། ག་ག་ན་ཀཱིརྟི་ཀཱ་རེ། སརྦ་ཀླེ་ཤཀྵ་ཡཾ་ཀཱ་རཱི་ཡཻ་སྭཱ་ཧཱ། ཞེས་པའང་ཅི་ནུས་བཟླ། གོང་དུ་ལེགས་སྦྱིན་གྱི་ཕྱག་རྒྱ་བཅའ་བ་དང༌། འདིར་སྔགས་འདི་བཟླ་དགོས་པར་ཛེ་ཏཱ་རིའི་རྒྱ་གཞུང་ན་གསལ་བར་བཞུགས་པས་མི་ཆད་པ་གལ་ཆེའོ། །མཐར་ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨཾ་ཨཱཿམ་མ་སརྦ་སཏྭཱཾཤྩ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་མཐར། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཞེས་བརྗོད་ཅིང་བསམ། དེ་ལ་མཆོད་བསྟོད་གོང་ལྟར་བྱས་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། ཨོཾ་བཛྲ་སཏྭ་ས་མ་ཡ་ཞེས་སོགས་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་ཉམས་པ་དང༌། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར་མཐེབ་སྲིན་གྱིས་སེ་གོལ་བྱས་ཏེ། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པའི་འཁོར་དང་མཆོད་རྟེན་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། གལ་ཏེ་བདག་བསྐྱེད་རྐྱང་པ་བསྒོམ་པར་སྤྲོ་ན་སྐྱབས་འགྲོ་ནས་འདིའི་བར་ཙམ་ཞིག་ཉམས་སུ་བླངས་ཏེ་དགེ་བ་བསྔོས་ལ་སྤྱོད་ལམ་ལ་འཇུག་པ་ཡིན་ནོ། །གཉིས་པ་མདུན་བསྐྱེད་སྒྲུབ་པ་ནི། མཆོད་པ་བྱིན་རླབས་གོང་དུ་གྲུབ་ཟིན་པས་བུམ་པ་དང་མཆོད་རྟེན་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་སྟེང་དུ། པྃ་ལས་པདྨ་
དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ཡིག་དཀར་པོ་ཞེས་སོགས་ཀྱིས་མཆོད་རྟེན་ལྷ་དགུ་དང་བཅས་པ་བསྐྱེད་པ་ནས། གཙུག་ཏོར་རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པའི་བར་གོང་བཞིན་བྱས་ལ། ཏིང་ཤག་བརྡུང་ཞིང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤློ་ཀ་གསུམ་གྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། བདག་བསྐྱེད་ཀྱི་སྐབས་ལྟར་མཆོད་ལ་བསྟིམ། དབང་ལྷ་སྤྱན་དྲངས། མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དབང་བསྐུར་རྒྱས་གདབ་གོང་བཞིན་བྱ། སྤོས་དང་མར་མེ་ལ་སོགས་པ་སྤར་ལ་མཆོད་པ་བྱིན་གྱིས་བརླབ། ཐལ་མོ་སྦྱར་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་སོགས་ལ་ཚིགས་བཅད་དང་སྔགས་འདོན་པ་བསྒྱུར་ཏེ། ཤབྡའི་ཚེ་རོལ་ཆེན་བྱ། གདུགས་མཆོག་ཇི་སྙེད། ཚཱ་ཏྲཾ་ཀ བ་དན་ཇི་སྙེད། པ་ཏཾ་ཀ་སྤྲོ་ན། ལྡ་ལྡི་ཇི་སྙེད། པཌ་ད་མ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། བསྟོད་པ་རྒྱས་པ་གང་ཤེས་ཀྱིས་བསྟོད་ཐུགས་ཀའི་སྣ་ཚོགས་རྡོ་རྗེའི་ནང་གི་དམིགས་པ་གོང་བཞིན་གསལ་བཏབ་ལ། ལེགས་སོ་སྟེར་བའི་ཕྱག་རྒྱས་མེ་ཏོག་བཟུང་སྟེ། གཟུངས་རིང་ཚར་གཅིག་བཏོན་ནས་སྭཱ་ཧཱའི་ཚེ་མེ་ཏོག་དེ་མདུན་བསྐྱེད་ལ་གཏོར། མཆོད་འབུལ་གྱི་ཚིགས་བཅད་དོར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་རེ་རེའི་མགོར་སྦྱར་བའི་མཆོད་ཡོན་ནས་བ་དན་ནམ་ལྡ་ལྡིའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སོགས་ཤློ་ཀ་གཅིག་གིས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ་པས་འོག་གི་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ཅིང་བསམས་ལ།
ཨོཾ་ན་མོ་ཞེས་ནམ་བརྗོད་པའི་ཚེ་ཐལ་མོ་སྦྱར་ཏེ་མགོ་དུད་པའི་སྒོ་ནས་ཕྱག་བྱས་པར་བསམ་ཞིང༌། གཟུངས་རིང་ཚར་བཅུ་རེ་བཏོན་པའི་རྗེས་སུ་གོང་ལྟར་གྱི་མཆོད་བསྟོད་རེ་བྱ། དེ་ཡང་རྣལ་འབྱོར་པ་བཅུར་ལངས་པ་ཡོད་ན་དེ་འདྲ་བ་ཚན་པ་བཅུ་བྱ་ཞིང༌། དེ་བས་མང་བའམ་ཉུང་བ་ཡོད་ན། དེའི་གྲངས་ཀྱི་རྩིས་བཏང་བའི་གཟུངས་སྟོང་འགྲོ་ངེས་དང༌། བར་བར་དུ་མཆོད་བསྟོད་བྱ། ཕྱེད་ལྷག་ཙམ་སོང་བ་ན། གཟུངས་བཟླ་བཞིན་པའི་སྒོ་ནས་བསྐོར་བ་སྟོང་ཡང་གྲུབ་པར་བྱ་ཞིང༌། མཆོད་བསྟོད་བྱེད་པའི་ཚེ་རང་གི་གནས་སུ་འཁོད་ལ་བྱ། གཏོར་མ་སྟོང་ནི་རྣལ་འབྱོར་པ་ཇི་ལྟར་རིགས་པ་ཞིག་གིས་ཕྱི་རོལ་དུ་རིན་པོ་ཆེའི་སྣོད་མང་ཉུང་ཅི་རིགས་པར་ཟན་རིལ་སྟོང་བས་མི་ཉུང་བ་བཤམས་ལ་ཆུ་དང་སྦྱར་ཏེ། བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨ་ཀཱ་རོ་འབའ་ཞིག་སྟོང་གིས་འཁོར་འདས་ཀྱི་མགྲོན་ཐམས་ཅད་ལ་དམིགས་ནས་བཏང༌། འཕགས་པ་རྣམས་མཉེས་ཤིང་རིགས་དྲུག་རྣམས་ཆོས་དང་ཟང་ཟིང་གིས་ཚིམས་པར་བསམ། རྣལ་འབྱོར་པ་མང་ཉུང་གི་བྱེ་བྲག་གིས། སྔགས་བརྒྱའམ་བཅུ་ལ་སོགས་པའི་མཚམས་སུ། ཏིང་ཤག་བརྡུང་ཞིང༌། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བརྗོད་དོ། །གསུམ་པ་གཏོར་མ་འབུལ་བ་ནི། དཀྱིལ་འཁོར་གྱི་མཐའི་གཏོར་མ་རྣམས་གོང་ལྟར་བྱིན་བརླབས་ལ། དང་པོ་གཟུངས་ཀྱིས་མཐར་ཨ་ཀཱ་རོ་ལན་གསུམ་བཏགས་པས་དབུལ། བདག་བསྐྱེད་ཀྱི་སྐབས་ལྟར་མཆོད་བསྟོད་བསྡུས་པ་བྱས་ལ། བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་
མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཞན་གསུམ་ཆ་གསུམ་གྱི་ཆོ་གས་བཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྣམ་པར་རྒྱལ་མ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་སྔོན་དུ་འགྲོ་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་དེ་བཞིན་དུ་ཞབས་བསིལ་ནས་བརྩམས་ཏེ། གདུགས་མཆོག་དང༌། བ་དན་དང༌། སྤྲོ་ན། ལྡ་ལྡིའི་བར་དུ་འདོན་པ་བསྒྱུར་ལ་སོ་སོའི་སྔགས་དང་ཕྱག་རྒྱ་དང་བཅས་པས་མཆོད། ལངས་ཏེ་ཕྱག་འཚལ་ཞིང༌། དཔལ་མོ་གང་ཞིག་སོགས་ནས་གཙུག་ཏོར་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད། སླར་ཙོག་པུར་འདུག་ནས་ཤློ་ཀ་རེ་རེའི་མཚམས་སུ་མེ་ཏོག་འཐོར་ཞིང༌། བདག་གིས་བཅོམ་ལྡན་སོགས་ནས། ཚེ་ཡི་དབུལ་བ་སེལ་གྱུར་ཅིག །ཅེས་པའི་བར་གྱིས་འདོད་དོན་ཞུགས་ལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་ཆོས་སྐུའི་མཆོད་རྟེན་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མཆོད་རྟེན་ལ་མེ་ཏོག་གཏོར། དཀར་གསུམ་གྱི་དགའ་སྟོན་ལ་ལོངས་སྤྱད། དགེ་བ་བསྔོ་ཞིང་བཀྲ་ཤིས་དང་རོལ་མོ་བྱ། མཆོད་རྟེན་བཀུར་སྟི་
དང་བཅས་ཏེ་དབེན་པར་བཞུགས་སུ་གསོལ། བུམ་པའི་ཆུས་རང་གཞན་ལ་ཕན་གདགས་པར་བྱའོ། །རྗེས་གནང་གི་ཆོ་ག་ནི་དབེན་པར་མཎྜལ་ལ་དྲི་བཟང་གི་ཐིག་ལེ་བྱ། ལྷའི་བཀོད་པ་དང་མཐུན་པའི་ཚོམ་བུ་བཀོད། ལྷའི་བུ་གཉིས་གཙོ་མོའི་ཉེ་ལོགས་སུ་བྱ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། དཀར་གཏོར་གཅིག སློབ་དཔོན་གྱི་མདུན་དུ་ཏིང་ཤག མེ་ཏོག ལོགས་ཤིག་ཏུ་མཎྜལ་མེ་ཏོག་དང་བཅས་པ་རྣམས་བཤམ། སློབ་དཔོན་གྱིས་མཆོད་པ་བྱིན་རླབས་དང་བདག་བསྐྱེད་གོང་བཞིན་བྱ། ཚོམ་བུ་བསང་སྦྱང༌། མཆོད་རྟེན་གྱི་ནང་དུ་ལྷ་དགུ་མདུན་བསྐྱེད་ཀྱི་ཚུལ་དུ་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱ། མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱས་ལ་གཏོར་མ་ཕུལ། ཐུགས་ཀའི་སྣ་ཚོགས་རྡོ་རྗེའི་བྷྲཱུྃ་གྱི་མཐར་སློབ་མ་རྣམས་བསམས་ལ་སྔར་གྱི་དམིགས་པ་དང་བཅས་པས་བཟླས་པ་བྱ། སློབ་མ་རྣམས་ཁྲུས་དང་ཕྱག་བྱས་ནས་སྙིམས་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང་འཁོར་བ་ལས་སྒྲོལ་འདོད་གྱི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་ཉན་ལ་དོན་ཉམས་སུ་བླང་བར་བགྱིའོ། །སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་འཇུག་སྒོ་མང་དུ་ཡོད་པ་ལས། འདིར་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་པར་རྒྱལ་མའི་རྟོག་པའི་དོན། ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་བདག་བསྐྱེད་དང་བཅས་པའི་ལྷ་དགུའི་སྒྲུབ་པའི་ཐབས་སུ་བཀྲལ་བའི་རྗེས་སུ་འབྲངས་ནས། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ་ཟིན་པ་ཡིན། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ། སློབ་དཔོན་ལ་བཅོམ་ལྡན་འདས་མ་དང་ཐ་མི་དད་སྙམ་པའི་མོས་གུས་དང་བཅས་པས། རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་
ཕུལ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས་ནས་བདག་ལ་གནང་བར་མཛོད། ཅེས་པས་གསོལ་བ་བཏབ་ནས་རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་པར་མོས་པ་བྱས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་སངས་རྒྱས་འགྲུབ་པར་ཤོག ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པས་གསོལ་བ་འདེབས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས། ཨོཾ་ཤཱུ་ནྱ་ཏཱ་སོགས་ནས་ཧྃ་ཞེས་བརྗོད་པས་ཁྱེད་རང་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དང༌། རྣམ་སྨིན་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པར་མོས་པ་མཛོད། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ཡིག་དཀར་པོ་ཞེས་སོགས་ནས་སྐུ་ཁྲུས་གསོལ་བ་དང་བཅས་པ་ཞེས་པའི་བར་གྱིས་སློབ་མ་མཆོད་རྟེན་ལྷ་དགུ་དང་བཅས་པར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་
པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་གཙུག་ཏོར་རྣམ་པར་རྒྱལ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿཨཱཿ ཞེས་ཡང་ཡང་བརྗོད་ཅིང་རོལ་མོ་བྱ། དེ་ལྟར་བྱས་པས་རྗེ་བཙུན་མའི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ལུས་རྗེ་བཙུན་མའི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་བྷྲཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ཡིག་གི་མཐར་འཁོར་བར་མོས་པ་བྱས་ཏེ་འདིའི་རྗེས་ཟློས་མཛོད། སྔགས་རྣམས་ལན་གསུམ་གྱི་རྗེས་ཟློས་བྱར་གཞུག དེ་ལྟར་ལན་གསུམ་དུ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ནས། ཁྱེད་རང་གི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ནས། དམ་བཅའ་བའི་ལུང་གི་སླད་དུ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བས་དུས་ད་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་
ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ལན་གསུམ། དེ་ལྟར་བྱས་པས་རྗེ་བཙུན་མའི་གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ངག་རྗེ་བཙུན་མའི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། བྱིན་གྱིས་རླབས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས། ཐུགས་རྒྱུད་བསྐུལ་ཏེ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྗེ་བཙུན་མ་འཁོར་དང་བཅས་པའི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་རེ་ཐུགས་ཀ་ནས་རྒྱང་གིས་བྱེ་ནས་བྱོན་པ་ཁྱེད་རང་གི་སྤྱི་བོ་ནས་ཐིམ་སྟེ། ཐུགས་ཀའི་བྷྲཱུྃ་ཡིག་དང་དབྱེར་མེད་དུ་གྱུར་པར་མོས་པ་མཛོད། དེའི་ངང་ནས་ཁྱེད་རང་ལྷ་སྐུ་མཆོད་རྟེན་དང་བཅས་པ་ཐམས་ཅད་ཀྱང་འོད་ཟེར་གྱི་རྣམ་པར་གྱུར་ཏེ་ཐུགས་ཀའི་བྷྲཱུྃ་ཡིག་ལ་ཐིམ་ཞིང༌། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟ་བུར་གྱུར་པ་ལ་བརྟེན་ནས་གཟུང་འཛིན་གཉིས་སྣང་ཐམས་ཅད་ཀྱིས་སྟོང་པའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཏེ་ཅུང་ཟད་ཅིག་རྟོག་མེད་དུ་མཉམ་པར་ཞོག་མཛད། སྤྲོ་ན་སློབ་མ་ལ་མེ་ཏོག་གཏོར་ཏེ། བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་རྣམས་ཀྱི་རྒྱུད་ལ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དེ་ལྟར་བྱས་པས་རྗེ་བཙུན་མའི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། སེམས་རྗེ་བཙུན་མའི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད་ཅེས་བརྗོད། གཙོ་བོས་མཎྜལ། དེང་ནས་སོགས་སྤྱི་དང་མཐུན། མདུན་བསྐྱེད་ལ་མཆོད་བསྟོད་བྱས་ལ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ། དམ་ཚིག་པ་བསྡུས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་བྱའོ། །འཕགས་མ་ངན་སོང་ཐམས་
ཅད་ཡོངས་སྦྱོང་བའི། །གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་དང༌། །སྟོང་མཆོད་རྗེས་གནང་ཆོ་གར་བཅས་པ་འདི། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཨེ་ཝྃ་པ། །རཏྣ་ཝརྡྷའི་བཀའ་དྲིན་གྱིས་བསྐྱངས་པ། །ཤཱཀྱའི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། །སྐྱེས་ཆེན་སྔ་མའི་གསུང་རབ་ལ་བརྟེན་ནས། །དོན་གཉེར་སློབ་མས་བསྐུལ་ངོར་རྒྱས་པར་བཀོད། །དགེ་དེས་ཕ་མས་གཙོ་བྱས་སྐྱེ་འགྲོ་ཀུན། །ངན་འགྲོ་ངན་དང་འཆི་བདག་ལས་རྒྱལ་ནས། །ཚེ་དཔལ་ཡེ་ཤེས་བསོད་ནམས་རབ་རྒྱས་ཏེ། །རྣམ་པར་རྒྱལ་མའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ནི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་བདག་གི་བླ་མས་ལོ་ཙཱ་བ་འཇམ་པའི་དབྱངས་ཀྱི་གསུངས་པ་ལ་གཞི་བྱས། གྲུབ་ཆེན་ཛེ་ཏཱ་རིའི་རྒྱ་གཞུང་ལ་སོགས་པའི་ཤེས་བྱེད་ཀྱི་ཁུངས་རྣམ་པར་དག་པ་ལ་གཏུགས་ཏེ། ཕུར་བུ་ཞེས་པ་ས་ཕོ་སྤྲེའུའི་ལོ་རྒྱལ་གྱི་ཟླ་བའི་དཀར་ཕྱོགས་ལ་དཔལ་ཨེ་ཝཾ་ཆོས་ལྡན་དུ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །རྣམ་པར་རྒྱལ་མའི་གཟུངས་བཞུགས། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ་བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་ཝ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨ་བྷིཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ་ཝ་ར་ཝ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མཧཱ་མུ་དྲཱ་མནྟཱ་པ་དེཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ་ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛིའ་ཏེ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི། བི་མུ་ནི་བི་མུ་ནི་མཧཱ་བི་མུ་ནི། མ་ཏི་མ་ཏི་མཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ་བུ་བྷི་ཤུདྡྷེ། ཧེ་ཧེ་
ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨདྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མཧཱ་བཛྲེ། སུ་བཛྲེ་བཛྲ་གརྦྷེ། ཛ་ཡ་གརྦྷེ་བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལ་གརྦྷེ། བཛྲོདྦྷ་ཝ་བཛྲ་སམྦྷ་ཝེ། བཛྲེ་བཛྲེ་ཎི། བཛྲམྦྷ་ཝནྟུ། མ་མ་ཤ་རཱི་རཾ་སརྦ་ས་ཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷིརྦྷ་ཝནྟུ། མེ་ས་དཱ་སརྦ་ག་ཏེ་པ་རི་ཤུདྡྷི་ཤྩ། སརྦ་ཏ་ཐཱ་ག་ཏ་ཤྩ། མཱཾ་སརྦ་ས་ཏྭཱཾ་ཤྩ། ས་མཱ་ཤྭཱ་ས་ཡནྟུ། བུ་དྷྱ་བུ་དྷྱ། སིདྷྱ་སིདྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། མུ་དྲེ་མུ་དྲེ་མཧཱ་མུ་དྲེ། མཧཱ་མུ་དྲཱ་མནྟ་པ་དཻཿསྭཱཧཱ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་ཏེ། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨཱ་ཡུརྡ་དེ། ག་ག་ན་ཀཱིརྟི་ཀཱ་རི། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རཱི་ཡཻ་སྭཱ་ཧཱ།། ༈ །འཆི་མེད་དཔལ་སྦྱིན་མ་བཞུགས། །བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་དཔལ་སྦྱིན་ཞེས་བྱ་བ། རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་མོ་གང་ཞིག་ཡིད་ལ་དྲན་ཙམ་གྱིས། །ཕུན་ཚོགས་ཚེ་ཡི་དངོས་གྲུབ་ཉེར་སྩོལ་ཞིང༌། །འཆི་བདག་བདུད་ཀྱི་དགྲ་ལས་རྣམ་རྒྱལ་བའི། །བདེ་གཤེགས་གཙུག་ཏོར་ཆེ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཁམས་ལས་གྲུབ་པའི་རིན་ཆེན་ཁྲི། །རྒྱ་ཆེན་ལྷུན་སྡུག་བཀོད་ལེགས་མཛེས་པའི་སྟེང༌། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་མཆོད་རྟེན་ཆེ། །ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །དེ་དབུས་འདབ་སྟོང་འདབ་མ་རྒྱས་པའི་རྩེར། །དྲི་མེད་མཚན་མོའི་མགོན་གྱི་དཀྱིལ་འཁོར་ལ། །འཆི་མེད་དབང་པོ་རྒྱལ་བ་ཚེ་དཔག་མེད། །རབ་མཛེས་ལྷ་མོར་སྤྲུལ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཀུན་གྱིས་གཙུག་ཏོར་རྣམ་རྒྱལ་ཞེས། །རྒྱ་ཆེར་བསྔགས་པའི་བཅོམ་ལྡན་ཁྱོད་ཀྱི་སྐུ། །འོད་ཟེར་སྟོང་གི་དྲྭ་བ་འཕྲོ་བ་ཡིས། །འཆི་མེད་
དངོས་གྲུབ་སྩོལ་ལ༴ །སྟོན་ཟླ་རབ་རྒྱས་བྱེ་བ་འདུས་འདྲའི་སྐུ། །རྣམ་ཐར་རང་བཞིན་ཕྱག་གི་ཡལ་གས་མཛེས། །སྐུ་གསུམ་ཞལ་མངའ་ཐབས་ཤེས་དག་པའི་ཞབས། །རྡོ་རྗེའི་སྐྱིལ་ཀྲུང་མཛད་ལ༴ །རྩ་ཞལ་ཀུནྡ་ལྟར་དཀར་འཛུམ་ཞིང་སྒེག །གཡས་པ་བཙོ་མའི་གསེར་འདྲ་ཞི་བའི་ཞལ། །གཡོན་པ་དབང་སྔོན་མདོག་མཚུངས་ཅུང་ཟད་ཁྲོ། །ཀུན་ཀྱང་སྤྱན་གསུམ་ལྡན་ལ༴ །གཡས་པའི་ཕྱག་རྣམས་སྣ་ཚོགས་རྡོ་རྗེ་དང༌། །པད་དཀར་ལ་གནས་རྒྱལ་བ་འོད་དཔག་མེད། །འཆི་བདག་བདུད་ཀྱི་སྙིང་འབིགས་མཆོག་གི་མངའ། །མཆོག་སྦྱིན་ཕྱག་རྒྱས་མཛེས་ལ༴ །རྡོ་རྗེ་ཞགས་པ་དང་བཅས་སྡིགས་མཛུབ་དང༌། །རྒྱ་ཆེན་དངོས་གྲུབ་འགུགས་པའི་རིན་ཆེན་གཞུ། །མི་འཇིགས་སྦྱིན་དང་བདུད་རྩིའི་བུམ་བཟང་རྣམས། །གཡོན་པའི་ཕྱག་གིས་འཛིན་ལ༴ །སྲབ་འཇམ་རས་དཀར་བཟང་པོས་སྟོད་གཡོགས་ཤིང༌། །རྨད་བྱུང་རིན་ཆེན་རྒྱན་ཆས་ཡན་ལག་མཛེས། །སྣ་ཚོགས་མདོག་ཅན་མདངས་བཀྲ་དར་བཟང་གི །ཤམ་ཐབས་མཛེས་པར་བྱས་ལ༴ །གཡས་ཕྱོགས་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །ཆུ་ཤེལ་མདོག་མཚུངས་འཕགས་པ་སྤྱན་རས་གཟིགས། །ཕྱག་གཡོན་རབ་ཏུ་རྒྱས་པའི་པདྨ་བསྣམས། །ཞི་བས་འགྲོ་ཀུན་སྐྱོང་ལ༴ །གཡོན་ཕྱོགས་ཚ་ཟེར་རྒྱས་པའི་དཀྱིལ་འཁོར་ལ། །ནམ་མཁའི་མདོག་ཅན་རྒྱལ་སྲས་རྡོ་རྗེ་འཛིན། །ཕྱག་གཡོན་ཨུཏྤལ་ལ་གནས་རྡོ་རྗེ་འཛིན། །དྲག་པོའི་བདུད་དཔུང་འཛོམས་ལ༴ །གཉིས་ཆར་མཉམ་པའི་སྟབས་ཀྱིས་ལེགས་བཞེངས་ཤིང༌། །ཞལ་གཅིག་ཕྱག་གཉིས་རིན་ཆེན་རྒྱན་གྱིས་སྤྲས། །སྣ་ཚོགས་དར་གྱི་སྨད་གཡོགས་མཛེས་པས་བརྒྱན། །གཡས་པས་རྔ་ཡབ་འཛིན་ལ༴ །ཤར་དུ་སྦྱིན་པའི་རང་བཞིན་མི་གཡོ་མགོན། །ཨུཏྤལ་མདོག་མཚུངས་མི་བཟད་རལ་གྲི་ཡིས། །ཕུང་པོའི་བདུད་རྣམས་མ་ལུས་འཇོམས་མཛད་ཅིང༌། །སྡུག་བསྔལ་ཞི་བར་མཛད་ལ༴ །ལྷོར་ནི་སྙན་སྨྲའི་རང་བཞིན་འདོད་རྒྱལ་ཆེ། །ཟར་མའི་མདོག་ཅན་རྡོ་རྗེ་ལྕགས་ཀྱུ་ཡིས། །འཆི་བདག་
བདུད་ཀྱི་སྙིང་ཀུན་དྲལ་མཛད་ཅིང༌། །འགྲོ་ཀུན་དབང་དུ་སྡུད་ལ༴ །ནུབ་ཏུ་དོན་སྤྱོད་རང་བཞིན་དབྱུག་སྔོན་ཅན། །ཆར་སྤྲིན་མདོག་མཚུངས་རབ་འཇིགས་དབྱིག་པ་ཡིས། །ཉོན་མོངས་བདུད་རྣམས་ཐལ་བར་རློག་བྱེད་ཅིང༌། །དཔལ་འབྱོར་རྒྱས་པར་མཛད་ལ༴ །བྱང་དུ་དོན་མཐུན་རང་བཞིན་སྟོབས་པོ་ཆེ། །བུང་བའི་མདོག་ཅན་རབ་འབར་རྡོ་རྗེ་ཡིས། །ལྷ་བུ་གཞོན་ནུའི་བདུད་རྣམས་འདུལ་མཛད་ཅིང༌། །གདུག་ཅན་དྲག་པོ་འདུལ་ལ༴ །ཀུན་ཀྱང་པདྨ་ཉི་མའི་དཀྱིལ་འཁོར་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་གཡོ། །སྒེག་པའི་ལུས་ཅན་གཡོན་བརྐྱང་བརྗིད་བག་ཅན། །ཁྲོས་པས་བགེགས་ཀུན་འཇོམས་ལ༴ །མཐོན་མཐིང་ལྟར་ནག་དབུ་སྐྲ་གྱེན་བརྫེས་ཤིང༌། །ཀླུ་ཆེན་བརྒྱད་དང་རིན་ཆེན་རྒྱན་ཆས་སྤྲས། །སྟག་ལྤགས་གསར་པའི་ཤམ་ཐབས་མཛེས་པ་ཅན། །ཕྱག་གཡོན་སྡིགས་མཛུབ་མཛད་ལ༴ །ནམ་མཁའི་ཁམས་ན་དྲི་དང་བདུག་སྤོས་དང༌། །སྤེལ་ལེགས་མེ་ཏོག་ཕྲེང་བ་ལེགས་འཛིན་པའི། །གཙང་མའི་རིགས་ཀྱི་ལྷ་བུ་མཛེས་པའི་ཚོགས། །རབ་འབྱམས་མཆོད་པས་མཆོད་ལ༴ །རིན་ཆེན་གདུགས་མཆོག་ཐོགས་པ་ལྷ་ཡི་རྗེ། །བརྒྱ་བྱིན་བགྲང་ལས་འཁོར་ཚོགས་དང་བཅས་པ། །བསོད་ནམས་སྤྲིན་གྱི་དབུས་སུ་ལེགས་གནས་ནས། །བསྟོད་པའི་འབྲུག་སྒྲ་སྒྲོགས་ལ༴ །གང་གི་རང་བཞིན་མཁའ་ལྟར་རྣམ་དག་པས། །སྣ་ཚོགས་སྤྲོས་པའི་དྲྭ་བ་མཐར་མཛད་ཅིང༌། །ཟག་མེད་ཡོན་ཏན་ཕུང་པོའི་གཞིར་གྱུར་པ། །གཙུག་ཏོར་ཆོས་ཀྱི་སྐུ་ལ༴ འོག་མིན་ལ་སོགས་དག་པའི་ཞིང་ཁམས་སུ། །ཡིད་འོང་མཚན་དཔེས་རབ་མཛེས་མཆོག་གི་སྐུས། །གདུལ་བྱ་དག་པའི་བསམ་པ་ཚིམ་མཛད་པ། །གཙུག་ཏོར་ལོངས་སྤྱོད་རྫོགས་ལ༴ །བསམ་ཡས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་དང་དམ་ཆོས་སྣ་ཚོགས་ཀྱིས། །འགྲོ་བའི་རེ་འདོད་ཡོངས་སུ་རྫོགས་མཛད་པ། །གཙུག་ཏོར་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །བདག་གིས་བཅོམ་ལྡན་ཁྱོད་སྐུ་ལེགས་བསྒོམས་ཤིང༌། །མཐུ་ཆེན་གཟུངས་སྔགས་འབད་པས་བཟླས་པ་དང༌། །གུས་པས་མཆོད་ཅིང་
གསོལ་བ་བཏབ་པའི་མཐུས། །འདོད་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །མཐའ་ཡས་འགྲོ་བ་བདག་དང་བཅས་རྣམས་ལ། །མི་བཟད་འཇིགས་དང་སྡུག་བསྔལ་འབྱུང་བའི་རྒྱུ། །ལས་དང་ཉོན་མོངས་སྟོབས་ལྡན་ལས་བྱུང་བའི། །སྡིག་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །དགྲ་དང་ཆོམ་རྐུན་གདོལ་པས་གཙེས་པ་དང༌། །གཅན་གཟན་འཇིགས་དང་ཕ་རོལ་དམག་ཚོགས་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར༴ །བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང༌། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར༴ །སྐར་མདའ་ལྟུང་དང་ས་གཡོའི་འཇིགས་པ་དང༌། །བྱད་སྟེམས་མཐུ་དང་ཐོག་ཆེན་འབེབས་པ་སོགས། །མི་དང་མི་མ་ཡིན་གྱི་གནོད་པ་དང༌། །ཉེར་འཚེ་ཐམས་ཅད་ཞི་བར༴ །གློ་བུར་ཡེ་འདྲོག་གནོད་པ་མ་ལུས་དང༌། །དུག་དང་སྦྱར་དུག་ཁ་ཟས་མ་ཞུ་དང༌། །འཁོན་དང་ཉམས་གྲིབ་འབགས་དང་མི་གཙང་སོགས། །དྲི་མ་ཐམས་ཅད་ཞི་བར༴ །དེ་ལྟར་ཕྱི་ནང་ལུས་སེམས་སྡུག་བསྔལ་ཀུན། །རང་གི་ལས་ལས་བྱུང་མོད་དེ་ལྟར་ནའང༌། །དབང་དང་སྟོབས་བཅུ་བརྙེས་པ་ཁྱོད་ཀྱི་མཐུས། །སྡུག་བསྔལ་མཐའ་དག་ཞི་བར༴ །ཁྱོད་ཀྱིས་བདག་གི་སྡུག་བསྔལ་ཟིལ་མནན་ཅིང༌། །བདེ་བའི་ལས་འབྲས་བཟང་པོའི་གསོས་བཏབ་ནས། །ཡང་དག་བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །ལས་དང་ཉོན་མོངས་ཞི་བར༴ །སྔོན་དུས་འཁོར་བར་ལན་མང་འཁོར་བའི་ཚེ། །གཞན་སྲོག་བཅད་དང་འཚོ་བ་འཕྲོག་པ་སོགས། །ཚེ་ཐུང་འགྱུར་བའི་ལས་སྒྲིབ་ཅི་བསགས་པ། །དེ་ཀུན་བྱང་ཞིང་དག་པར༴ །ཁྱད་པར་ཚེ་འདིར་ལས་དང་བསོད་ནམས་ཚེ། །རྒུད་ཅིང་ཉམས་པའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཁྱོད་ཀྱི་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དེ་ཀུན་བྱང་ཞིང་བཀྲུ་བར་མཛད༴ །ཕུན་ཚོགས་ཕན་བདེ་འབྱུང་བའི་སྒོ་གཅིག་བུ། །རྒྱལ་བའི་བསྟན་པ་ཆོས་ཀྱིས་གཟུང་བའི་ཕྱིར། །ཚེ་དང་བསོད་ནམས་
རྣམ་དག་ལས་བཟང་རྣམས། །ཡར་ངོའི་ཟླ་ལྟར་རྒྱས་པར༴ །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཞིང༌། །ཚུལ་ཁྲིམས་དག་པའི་ལུས་བཟང་ཡུན་རིང་འཚོ། །ཁ་དོག་རྒྱས་ཤིང་དམ་ཆོས་སྤྱོད་པ་དང༌། །ཚེ་གྲངས་དཔག་མེད་རྒྱས་པར༴ །དཀོན་མཆོག་རྫས་དང་གཞན་ལས་འཕྲོག་པ་སོགས། །མ་དག་ལོག་པའི་འཚོ་བ་ཀུན་སྤངས་ནས། །སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ཀྱིས། །ལུས་ཀྱི་ཟོ་མདོག་རྒྱས་པར༴ །ནད་དང་གནོད་མེད་དགའ་མགུར་སྤྱོད་པ་དང༌། །ཚེ་ཡི་བར་དུ་གཅོད་པ་ཀུན་ཞི་ནས། །བཤད་སྒྲུབ་བྱ་བས་ཉིན་མཚན་འདའ་བ་སོགས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང༌། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་པས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཉིད་ཐུགས་འཆི་མེད་དབང་པོའི་བང་མཛོད་ལས། །རྨད་བྱུང་བློ་དང་ཚེ་ཡི་ནོར་བླངས་ནས། །འགྲོ་བ་ཚེ་ཡི་དབུལ་བ་སེལ་གྱུར་ཅིག །དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་སུམ་ཅུ་སོ་དགུ་པོ་འདི་ནི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། རང་གི་འདོད་པའི་དོན་ཞུ་བའི་ཕྱིར་དུ་ཟིལ་གནོན་གྱི་ལོ་དབོ་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། ༈ །གཙུག་ཏོར་རྣམ་པར་རྒྱལ་མའི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས། །ཨོཾ་སྭ་སྟི། བསྟན་པའི་བདག་པོ་སྟོན་པ་ཤཱཀྱའི་ཏོག །བདུད་དཔུང་ཚར་གཅོད་གསང་བདག་རྡོ་རྗེ་འཛིན། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཛེ་ཏཱ་རི། །རྡོ་རྗེ་གདན་པ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་རེ་སྐོང་དོན་ཡོད་རྡོ་རྗེ་དང༌། །སྐད་གཉིས་སྨྲ་བ་རིན་ཆེན་གྲགས་པའི་ཞབས། །མཁྱེན་བརྩེའི་མངའ་བདག་བླ་ཆེན་ས་སྐྱ་པ། །བསོད་ནམས་རྩེ་མོ་རྣམས་ལ་ཕྱག་འཚལ་ལོ། །རྡོར་འཛིན་མཆོག་གྱུར་གྲགས་པ་རྒྱལ་མཚན་དང༌། །ཤེས་བྱ་ཀུན་མཁྱེན་ས་སྐྱ་པཎྜི་ཏ། །འགྲོ་བའི་མགོན་པོ་
ཆོས་རྒྱལ་འཕགས་པའི་ཞབས། །ཞང་སྟོན་ཆོས་རྗེ་རྣམས་ལ༴ །རིམ་གཉིས་རྩེར་སོན་ཆོས་རྗེ་བསོད་ནམས་དཔལ། །རྟེན་འབྲེལ་ཐུགས་ཆུད་བློ་གྲོས་བརྟན་པའི་ཞབས། །བསྟན་པའི་མངའ་བདག་དཔལ་ལྡན་ཚུལ་ཁྲིམས་པ། །ཡེ་ཤེས་རྒྱལ་མཚན་རྣམས་ལ༴ །རྡོ་རྗེ་འཆང་ཆེན་ཀུན་དགའ་བཟང་པོ་དང༌། །སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔལ། །གྲུབ་པའི་དབང་ཕྱུག་དཀོན་མཆོག་བློ་གྲོས་ཞབས། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྷྲཱུྃ་ཡིག་ལས་བྱུང་རབ་མཛེས་གངས་རིའི་མདོག །ཞལ་གསུམ་ཕྱག་བརྒྱད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །འགྲོ་ལ་ཚེ་ཡི་དངོས་གྲུབ་མྱུར་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང༌། །མཆོད་སྤྲིན་རྒྱ་མཚོས་རབ་མཆོད་ཉེས་ཚོགས་བཤགས། །དགེ་བ་ཀུན་ལ་ཡི་རང་བསྐོར་བར་བསྐུལ། །བརྟན་པར་བཞུགས་ཤིང་བྱང་ཆུབ་ཆེན་པོར་བསྔོ། །ཁྱད་པར་བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཚེ་དང་བསོད་ནམས་བློ་གྲོས་འཕེལ་བ་དང༌། །དཔལ་དང་འབྱོར་པའི་དངོས་གྲུབ་མཆོག་སྩོལ་ནས། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་དགེ་སློང་སངས་རྒྱས་རིན་ཆེན་གྱིས་ཆོ་འཕྲུལ་གྱི་ཡར་ཚེས་གཅིག་ལ་གླིང་ཁ་དགོན་པར་བྲིས་པ་དགེ་ལེགས་འཕེལ།། །།ཁ་སྐོང་ནི། ཐུགས་རྗེའི་གཏེར་ཆེན་སངས་རྒྱས་རིན་ཆེན་དང༌། །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཞབས། །མཐུ་སྟོབས་དབང་ཕྱུག་དཀོན་མཆོག་དཔལ་ལྡན་པ། །ཀུན་དགའ་བཀྲ་ཤིས་རྣམས་ལ༴ །མཁས་གྲུབ་ཆེན་པོ་དཔལ་ལྡན་དོན་གྲུབ་དང༌། །མར་མེ་མཛད་དངོས་ཤེས་རབ་འབྱུང་གནས་དང༌། །ཡོངས་འཛིན་དམ་པ་ཀུན་དགའ་དཔལ་འབྱོར་ཞབས། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་འདིའང་བྱ་བྲལ་པ་སངས་རྒྱས་ཕུན་ཚོགས་ཀྱིས་བྲིས་པའོ། །དེའི་ཁ་སྐོང་ནི། ཡོངས་འཛིན་དམ་པ་ཀུན་དགའ་དཔལ་འབྱོར་ཞབས། །ཅེས་པའི་མཚམས། སངས་རྒྱས་ཕུན་ཚོགས་རྣམས་ལ༴ །མཚུངས་མེད་ཆོས་རྗེ་བསྟན་འཛིན་
ལྷུན་གྲུབ་དང༌། །འཇམ་མགོན་བླ་མ་དཔལ་ལྡན་ཆོས་སྐྱོང་ཞབས། །ངག་གི་དབང་ཕྱུག་ཆོས་སྐྱོང་བཟང་པོ་དཔལ། །ནམ་མཁའ་འཆི་མེད་རྣམས་ལ༴ །བྱམས་པའི་ཐུགས་མངའ་བྱང་ཆུབ་སེམས་གཉིས་འབྱོངས། །འཆི་མེད་གྲུབ་པ་ཀུན་དགའ་བསྟན་འཛིན་དང༌། །ཚུལ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྷྲཱུྃ་ཡིག་ལས་བྱུང་སོགས་དང་སྦྲེལ་ལོ། །ཞེས་པའང་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཆོས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་སོ། །འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། ༈ །གཙུག་ཏོར་རྣམ་པར་རྒྱལ་མའི་ཆོས་སྐོར་གྱི་རྣམ་བཞག་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཝེ། བདེ་གཤེགས་གསེར་འོད་སེངྒེ་རྣམ་རོལ་པའི། །ཐུགས་ཀྱི་སྲས་མཆོག་སྐྱོབ་པ་འཆི་མེད་དབང༌། །གདུལ་བྱའི་དོན་དུ་ལྷ་མོའི་ཚུལ་འཛིན་པའི། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ནས། །དེ་ཉིད་སྒྲུབ་བྱེད་ཆོ་གའི་རྣམ་གཞག་སོགས། །དེ་ཡི་གཟུངས་དང་རྟོག་པ་ལས་གསུངས་ལྟར། །འཁྲུལ་མེད་བརྒྱུད་པའི་བཀའ་སྲོལ་ཇི་བཞིན་དུ། །འཁྲུལ་མེད་ངག་གིས་གསལ་བར་བཤད་ཀྱིས་ཉོན། །འདིར་གཙུག་ཏོར་རྣམ་པར་རྒྱལ་མའི་རྟོག་པ་ལས་གསུངས་པའི་དོན་ཉམས་སུ་བླངས་པའི་རྣམ་གཞག་མདོར་བསྡུས་ཙམ་ཞིག་བཤད་པར་བྱའོ། །དེ་ལ་གཉིས་ཏེ། ཆོས་འདི་གསུང་རབ་གང་གི་ཕྱོགས་སུ་གཏོགས་ངོས་བཟུང་བ་དང༌། ངོས་ཟིན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་བསྡུ་ན་མདོ་སྔགས་གཉིས་སུ་འདུས་པ་ལས། འདི་ནི་སྔགས་ཀྱི་ཕྱོགས་སོ། །དེ་ལ་རྒྱུད་སྡེའི་དབྱེ་སྒོ་དུ་མ་ཡོད་པ་ལས་རྒྱུད་སྡེ་བཞིར་བཞེད་པའི་ལུགས་ཀྱི་བྱ་བའི་རྒྱུད་དོ། །དེ་ལ་གཉིས་ཏེ་སོ་སོའི་རྒྱུད་དང༌། སྤྱིའི་རྒྱུད་དོ། །དང་པོ་ལ་དྲུག་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དང༌། དེ་བཞིན་དུ་པདྨའི་རིགས། རྡོ་རྗེའི་རིགས། ལྔས་རྩེན་གྱི་རིགས། ནོར་བུའི་རིགས། འཇིག་རྟེན་པའི་རིགས་ཀྱི་རྒྱུད་དོ། །གཉིས་པ་སྤྱིའི་རྒྱུད་ནི་གསང་བ་སྤྱི་རྒྱུད། ལེགས་
པར་གྲུབ་པ། བསམ་གཏན་ཕྱི་མ། དཔུང་བཟང་གིས་ཞུས་པ་དང་བཞིའོ། །དེ་ལྟར་སྤྱི་དང་སོ་སོ་བ་གཉིས་ལས། སོ་སོའི་རྒྱུད་དྲུག་པོ་འདི་ལ་རྒྱུད་ཀྱི་རྣམ་གྲངས་ཕྱེད་དང་ཉིས་བརྒྱ་ཙམ་བཞུགས་པ་རྣམས་བྱ་རྒྱུད་དུ་འཇོག་པའི་སྒྲུབ་བྱེད་ཀྱི་གཙོ་བོ་ནི་འདི་རྣམས་ཀྱི་ཉམས་ལེན་ལ་བདག་བསྐྱེད་མ་གསུངས་ཤིང༌། ཁྲུས་དང་གཙང་སྦྲས་སྒྲུབ་དགོས་པ་ཁོ་ན་གསུངས་པས་སོ། །དེ་ལས་འདིར་དེ་བཞིན་གཤེགས་པའི་རིགས་ཡིན་ནོ། །དེ་ལ་བརྒྱད་དེ། རིགས་ཀྱི་གཙོ་བོའི་རྒྱུད། དེ་བཞིན་དུ་རིགས་ཀྱི་བདག་པོ། རིགས་ཀྱི་ཡུམ། རིགས་ཀྱི་གཙུག་ཏོར། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རིགས་ཀྱི་ཕོ་ཉ་ཕོ་མོ། དེ་བཞིན་གཤེགས་པའི་རིགས་སུ་བསྡུ་བའི་བྱང་སེམས་དང༌། གནས་གཙང་གི་ལྷའི་རྒྱུད་དོ། །དེ་ལས་རྒྱུད་སྡེ་བཞི་པ་གཙུག་ཏོར་གྱི་རྒྱུད་ཡིན་ཞིང༌། དེ་ལ་གཙུག་ཏོར་གདུགས་དཀར་ལ་བཞི། གཙུག་ཏོར་རྣམ་རྒྱལ་ལ་གསུམ། གཙུག་ཏོར་དྲི་མེད་ལ་གཅིག གཙུག་ཏོར་སྙིང་རྗེ་མཆོག་གི་གཟུངས་ཏེ༌། གཙུག་ཏོར་གྱི་རྒྱུད་རྣམ་པར་དག་པ་དགུའོ། །དེ་ལས་རྣམ་རྒྱལ་གྱི་རྒྱུད་ཡིན་ནོ། །དེ་ལ་གསུམ་ལས་རྟོག་པ་དང་པོ་སྤྱན་རས་གཟིགས་ཀྱིས་ཞུས་པ་ནི་གནས་བདེ་བ་ཅན་གྱི་ཆོས་ཡང་དག་པར་བསྡུས་པའི་ཕུག་ཏུ། སྟོན་པ་ཚེ་དཔག་ཏུ་མེད་པ་ལ། ཞུ་བ་པོ་སྤྱན་རས་གཟིགས་ཀྱིས་ཞུས་ནས་གསུངས་པ་དང༌། དེ་ཉིད་ཤཱཀྱའི་རྒྱལ་པོས་ཀྱང་སླར་གསུངས་པ་དང༌། ཡང་ངན་འགྲོ་སྦྱོང་བའི་རྟོག་པ་ནི། རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་དུ་སྟོན་པ་ཤཱཀྱའི་རྒྱལ་པོ་ལ། ལྷའི་དབང་པོས་ཞུས་པ་དང༌། ཡང་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པའམ། རབ་ཏུ་བྱེད་པ་དང་པོ་ཞེས་བྱ་བ་སྟེ། འདི་ལས་ལྷ་སུམ་ཅུ་རྩ་གསུམ་གསུངས་ཤིང༌། སློབ་དཔོན་དརྤཎ་ཨཱ་ཙརྻས་བཀྲལ་བའི་དགེ་ལེགས་སུ་བྱེད་པ་གསུམ་གྱི་གཅིག་ཡིན་ཏེ། རྗེ་བཙུན་གོང་མ་ལ་བཀའ་བབས་མི་བཞུགས་ལ། དེས་ན་འདིར་གཏན་ལ་དབབ་པར་བྱ་བ་ནི་རྟོག་པ་གཞན་གཉིས་པོའི་དོན་ཡིན་ནོ། །ཞེས་བཤད་པར་བྱའོ། །གཉིས་པ་ལ་གསུམ་སྟེ། བརྒྱུད་པའི་རིམ་པ་གང་ལས་བྱུང་བ། དེ་ལས་བྱུང་བའི་ཉམས་ལེན་དངོས་
བཤད་པ། དེའི་ཕན་ཡོན་བཤད་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་དང༌། བྱམས་མགོན་ནས་བཟུང་ཏེ་བཻ་རོ་ཙཱ་ནའི་བར་བདུན་ལས་བརྒྱུད་དེ། རྗེ་བཙུན་གོང་མ་ལ་བཀའ་བབས་པའི་ལུགས་དང༌། ཡང་སྟོན་མཆོག་ཤཱཀྱའི་རྒྱལ་པོ། གསང་བདག་ཕྱག་ན་རྡོ་རྗེ། གྲུབ་ཆེན་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་བ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། བརྩེ་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་རྣམས་སོ། །དེ་དག་ལ་རྗེ་བཙུན་གོང་མའི་སྐབས་སུ་ཡང་བརྒྱུད་པ་ཐ་དད་དུ་གྱེས་པ་མང་དུ་ཡོད་ཅིང༌། ཁྱད་པར་འདྲེན་མཆོག་ཀུན་དགའ་བཟང་པོའི་ཞལ་སློབ་ཤིན་ཏུ་མང་བ་ལས་གྱེས་པའི་བརྒྱུད་པ་རྣམས་ནི་བྲི་བར་མི་ལང་ལ། དཔོན་བརྒྱུད་ཙམ་གྱི་དབང་དུ་བྱས་ན། རྗེ་ཉིད་ནས་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེངྒེ། རྗེ་སངས་རྒྱས་སེངྒེ་རྣམས་སོ། །གཉིས་པ་ཉམས་ལེན་ལ་གཉིས་ཏེ། རྟོག་པ་ལས་ཇི་ལྟར་གསུང་ཚུལ་དང༌། དེ་ཉམས་སུ་བླང་ཚུལ་དངོས་སོ། །དང་པོ་ནི། བརྒྱུད་པ་དེ་ལས་བྱུང་བའི་ཉམས་ལེན་ལ་དཔལ་ས་སྐྱ་པའི་ལུགས་ཞེས་བྱ་ཞིང༌། འདིའི་རྒྱབ་རྟེན་རྟོག་པ་གཉིས་པོ་བསྲེས་པའི་རྣམ་བཤད་རྗེ་བཙུན་རྩེ་མོས་མཛད་པ་དང༌། དེའི་ལག་ཏུ་བླངས་པའི་ཡི་གེ་འཕགས་པ་རིན་པོ་ཆེས་མཛད་པ་གཉིས་ནི་རྒྱ་གཞུང་དང་འདྲ་བའི་བསྟན་བཅོས་ཁུངས་ཐུབ་ཡིན་ནོ། །དེ་དག་ལས་བྱུང་བའི་དོན་རྟོག་པ་ལས་ཇི་ལྟར་གསུངས་པའི་ཚུལ་ནི་གཞུང་གཉིས་ཀ་ལ་ཡང་དོན་གསུམ་སྟེ། གླེང་གཞི་དང༌། མདོ་དངོས་དང༌། རྗེས་སུ་ཡི་རང་བསྟན་པའོ། །གཉིས་པ་ལ་བཞི་སྟེ། བཤད་པ་ལ་འཇུག་པ། གཟུངས་སྔགས་དངོས། དེའི་ཕན་ཡོན། ལས་རྒྱས་པའོ། །དེའི་གསུམ་པ་
ལ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་འདི་ནི་འཆི་བདག་གི་དབྱུག་པ་འཛིན་པ་སྟེ་ཞེས་སོགས་ཕན་ཡོན་གྱི་སྐོར་དང༌། བཞི་པ་ལས་རྒྱས་པ་ལ་ལྔ་སྟེ། མཆོད་རྟེན་ལ་བརྟེན་པ་དང༌། རས་བྲིས་ཀྱི་ལས་དང༌། སྦྱིན་སྲེག་གི་ལས་དང༌། རིག་པ་འཛིན་པའི་དང༌། ཞར་ལས་རྒྱུན་གྱི་ཉམས་སུ་བླངས་པའི་ཚུལ་དང་ལྔའོ། །དེ་ལྟར་ཕན་ཡོན་དང་ལས་རྒྱས་པ་རྣམས་ལ་ནང་གསེས་ཀྱིས་དབྱེ་བས་སུམ་ཅུ་དང༌། ཕན་ཡོན་ལ་ཞིབ་ཏུ་ཕྱེ་བ་དང་བཅས་ན་བཞི་བཅུ་རྩ་ལྔ་ཡོད་པར་གསུངས་པ་རྣམས་ནི། འདིར་ཡི་གེར་མང་བར་དྭོགས་པས་མ་བྲིས་ལ། ཤེས་པར་འདོད་པས་རྟོག་པ་དངོས་དང༌། འགྲེལ་པ་ལས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ཉམས་ལེན་དངོས་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས་ཏེ། ཆོ་གའི་སྔོན་འགྲོ་མཆོད་པ་ལ་སོགས་པ་དང༌། ཕྱག་དང་གསོ་སྦྱོང་ལ་སོགས་པའོ། །དང་པོ་ནི་སོ་སོའི་སྐབས་ནས་འབྱུང་བའི་ས་ཕྱོགས་གཙང་ཞིང་དབེན་པར་རང་རང་གི་མཆོད་པ་ལ་སོགས་པ་གསུངས་པ་རྣམས་ཡིན་ཞིང༌། བྱེ་བྲག་ཏུ་ཉིན་གཅིག་པའི་བུམ་ཆོག་ལ་ནི། ས་སྟེགས་གྲུ་བཞི་པའི་དབུས་སུ་པདྨ་དཀར་པོ་འདབ་བརྒྱད་བྲིས་བའམ། མ་འབྱོར་ན་རས་ལ་སོགས་པའི་གཞི་གཙང་མའི་དབུས་སུ་བུམ་པ་མཚན་ལྡན་ནང་རྫས་དང་བཅས་པའི་སྟེང་དུ་རྣམ་རྒྱལ་མཆོད་རྟེན་རབ་གནས་ཅན་ཞལ་ཤར་དུ་ཕྱོགས་པར་བཞུགས་སུ་གསོལ། དེའི་མཐར་སྒོས་མཆོད་ལྷ་བཤོས་དང་མར་མེ་སྟོང་ཕྲག་རེ་དང༌། དེ་དག་གི་ཕྱིའི་ཕྱོགས་མཚམས་སུ་ཆུ་གཉིས་སྔོན་འགྲོའི་སྤྱི་མཆོད་དང༌། གདུགས། བ་དན། ལྡ་ལྡི་ལ་སོགས་པ་སྟོང་མཆོད་ཀྱི་ཡོ་བྱད་དང་གཏོར་མ་རྣམས་སྐབས་སུ་བབས་པའི་གནས་སུ་བཤམ། བུམ་པ་ལ་དུང་ཆོས་སོགས་མི་དགོས་པའི་རྒྱུ་མཚན་འོག་ཏུ་བཟླས་པའི་སྐབས་སུ་གསལ་ལོ། །གཉིས་པ་ནི་ཕྱག་འཚལ་རྒྱས་པ་དང་ཡན་ལག་བདུན་པ་ལ་ནི། གཞུང་གི་ཚིག་ཟིན་ལ་མེད་ཀྱང༌། དོན་ཐོབ་ལ་ཡོད་པ་དམ་པ་བརྒྱུད་པའི་ཕྱག་ལེན་ལས་
འབྱུང་བ་ཡིན་ནོ། །གསོ་སྦྱོང་ཡན་ལག་བརྒྱད་པ་ནི། བྱ་རྒྱུད་སྤྱིའི་སྔོན་འགྲོ་ཡིན་པར་དཔུང་བཟང་གིས་ཞུས་པའི་རྒྱུད་ལས་གསུངས་ཤིང༌། འདི་ཉིད་ཀྱི་རྟོག་པ་རྩ་འགྲེལ་ལས་ཀྱང་གསུངས་སོ། །དོན་འདི་ལ་སྔོན་དུས་ཀྱི་བླུན་པོ་ཁ་ཅིག་གིས་བསྙེན་གནས་བསྲུང་བའི་ནངས་པར་འབུལ་བ་དང༌། གཞན་ལ་འཆོལ་པ་དང༌། ཉ་ལ་སོགས་པའི་དུས་གསུམ་ལ་ལྷ་གསུམ་གྱི་སྒོམ་བཟླས་ཐ་དད་དུ་བྱ་དགོས་པར་འདོད་པའི་ལོག་རྟོག་རྣམས་ནི་དཔལ་ལྡན་ས་སྐྱ་པཎྜི་ཏས་ལེགས་པར་བསལ་ཟིན་པ་ཉིད་དོ། །ཡང་ཕྱི་མ་ཁ་ཅིག་གིས་རབ་ཏུ་བྱུང་བས་བླང་དུ་མི་རུང་བའི་སྒྲུབ་བྱེད་བཀོད་པ་རྣམས་ནི་བཀའ་བསྟན་བཅོས་མང་པོ་དང་འགལ་ཞིང༌། རང་གིས་བཤད་པ་ལ་ཡང་འགལ་ཚབ་ཤིན་ཏུ་ཆེའོ། །འགའ་ཞིག་གིས་བསྲུང་སྡོམ་མི་ནུས་པ་ལ་བསམས་ནས་འཇོག་པ་དང༌། ཕལ་ཆེར་གྱིས་ཇི་སྲིད་ཆོ་ག་མ་གྲོལ་གྱི་བར་དུ་ཟིན་ནས། འདིའི་ལེན་གཏོར་གི་དུས་མཚམས་རང་བཟོ་ཁོ་ན་བྱེད་པ་ནི་ཡིད་སྲུབས་ཀྱིས་བྱིན་གྱིས་བརླབས་པའི་ཆོ་ག་ཡིན་པས་ཐོས་པར་གྱུར་ཀྱང་རྣ་བ་དགབ་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། སྤྱིར་ཉམས་སུ་བླང་བ་རྒྱུན་གྱི་རྣལ་འབྱོར་དང༌། བྱེ་བྲག་ཏུ་ཉམས་སུ་བླང་བ་གནས་སྐབས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། བྱ་རྒྱུད་རང་རྐང་གི་ལུགས་ལྟར་ཉམས་སུ་བླང་བ་དང༌། རྒྱུད་སྡེ་གཞན་དང་མཐུན་པར་ཉམས་སུ་བླང་བའོ། །དང་པོ་ནི། གཙང་སྤྲ་དང་ལྡན་པས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། བདག་དང་སྣོད་བཅུད་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་ལ། དེའི་ངང་ནས་རང་གི་སྤྱི་བོ་ལ་སོགས་པའི་གནས་བདུན་དུ་ཟླ་བའི་གདན་ལ་ཨོཾ་ལ་སོགས་པའི་ཡི་གེ་བདུན་གསལ་བར་བསྒོམས་ལ། ཡི་གེ་ལ་དམིགས་པ་དང་མ་བྲལ་པའི་ངང་ནས། ངག་ཏུ། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨྃ་ཨཱཿ མ་མ་སཏྭཱཤྩ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་པ་ལན་བདུན་བཟླ། དེ་ནས་རང་གི་མདུན་དུ་སོ་སོའི་གདན་ལ་རྣམ་རྒྱལ་ལྷ་དགུའི་མཐར་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བར་བསམས་ལ། གཙོ་མོའི་
ཐུགས་ཀར་ཟླ་བའི་དབུས་སུ་བྷྲཱུྃ་གྱི་མཐར་སྔགས་ཕྲེང་དམིགས་ཏེ། ལེགས་སོ་སྟེར་བའི་ཕྱག་རྒྱ་དང་བཅས་གཟུངས་ཚར་གཅིག་བརྗོད་དོ། །དེ་ནས་ཕྱག་རྒྱ་བཤིག་ལ་དམིགས་པ་བརྟན་པོས་ཐུན་མ་རྫོགས་བར་དུ་བཟླ་ཞིང༌། ན་མོ་ཞེས་བརྗོད་པའི་ཚེ་ལྷ་དེ་དག་ལ་ཕྱག་འཚལ་བའི་མོས་པ་བྱའོ། །དེ་ལྟ་བུ་ཐུན་གསུམ་དུ་ཉམས་སུ་ལེན་པ་ནི་རྒྱས་པ་ཡིན་ལ། འབྲིང་བསྡུས་ལ་སོགས་པ་ནི་རྣམ་བཤད་ལས་རྟོགས་པར་བྱའོ། །འདི་ནི་རྟོག་པ་གཉིས་ཀྱི་ཉམས་ལེན་རྣམ་བཤད་ལས་འབྱུང་བ་ཙམ་ཡིན་ལ། འདི་ལས་རྒྱས་པར་འདོད་ན་བྱ་རྒྱུད་སྤྱིའི་རྣམ་གཞག་ལེགས་པར་བཤད་པའི་རྒྱ་མཚོ་ལས་ཤེས་པར་བྱའོ། །གཉིས་པ་ནི། གྲུབ་ཆེན་སོ་སོས་ཡི་དམ་གྱི་ལྷ་ལས་གནང་བ་ཐོབ་ནས། བྱ་རྒྱུད་མང་པོའི་ཆོ་ག་རྒྱུད་སྡེ་གོང་མ་ལྟར་མཛད་པ་མང་དུ་ཡོད་པ་ལས། འདིར་གྲུབ་ཆེན་དགྲ་ལས་རྣམ་རྒྱལ་གྱིས་བཅོམ་ལྡན་འདས་གསང་བའི་བདག་པོ་ལས་གསན་ནས་ཆོ་གའི་ཡན་ལག་རྣལ་འབྱོར་རྒྱུད་དང་མཐུན་པ་དང༌། ཁྱད་པར་དུ་བསྐྱེད་ཆོག་ཡན་ལག་བཞིས་བཅིངས་པའི་སྒྲུབ་ཐབས་མཛད་དོ། །འདི་ཡི་སྒྲུབ་ཚུལ་ལ་ཡང་གཉིས་ཏེ། བདག་བསྐྱེད་དང༌། མདུན་བསྐྱེད་ལ་བརྟེན་པའོ། །དང་པོ་ནི་གཙང་སྒྲ་ལ་སོགས་པ་གོང་བཞིན་བྱས་ལ། སྐྱབས་འགྲོ་ནས་བདག་བསྐྱེད་བསྡུ་བའི་བར་ཆོ་གའི་ཡི་གེ་བཞིན་ལས་མཇུག་ཏུ་དམ་ཡེ་ཕྲལ་ནས་ཡེ་ཤེས་པ་གཤེགས་སུ་གསོལ་བ་རྣལ་འབྱོར་རྒྱུད་ཀྱི་ལུགས་ཡིན་པ་ལྟར་འཕགས་པ་རིན་པོ་ཆེས་དངོས་སུ་བྲིས་ཤིང༌། ཕྱག་ལེན་མ་ཉམས་པ་རྣམས་ལ་ཡོད་ཀྱང་ཁ་ཅིག་གིས་མི་ཤེས་པས་མི་བྱེད་པར་སྣང་བས་དེ་མ་ཆད་པ་གལ་ཆེའོ། །གཉིས་པ་ནི། ཆོ་ག་ཉིན་གཅིག་གི་དབང་དུ་བྱས་པའི་བུམ་པ་དང་འབྲེལ་བ་སྟོང་མཆོད་ཀྱི་ཆོ་ག་ལ་སྦྱོར་བའི་ཆོས་རྣམས་གོང་བཞིན་ལས། རྣལ་འབྱོར་པ་བཅུ་ལས་ཉུང་ན་བཟླས་པ་སོགས་སྟོང་ཕྲག་མི་ཚང་ཞིང༌། དེ་ལས་མང་ན་བཟང་ཞིང་མི་ཉུང་བར་བྱའོ། །དེ་ནས་དམ་ཚིག་པའི་ང་རྒྱལ་གྱིས་བུམ་པ་མཆོད་རྟེན་དང་བཅས་པ་བསང་སྦྱང་སྟོང་པའི་ངང་ལས་སོ་སོའི་མཚན་ཉིད་དང་ལྡན་པར་བསྐྱེད་ཅིང་མཆོད་
རྟེན་གྱི་བུམ་པའི་ནང་དུ་ལྷ་དགུ་ཡན་ལག་བཞི་རྫོགས་སུ་བྱས་པ་ལ་མཆོད་བསྟོད་རྒྱས་པ་དང༌། ཐུགས་ཀའི་སྣ་ཚོགས་རྡོ་རྗེ་སོགས་ཀྱི་དམིགས་པ་རྣམས་བྱའོ། །དེ་ནས་རང་གི་སྙིང་ག་ནས་འོད་འཕྲོས་པས་བཅོམ་ལྡན་འདས་མ་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་འོག་གི་བུམ་པ་གང་བར་བསམ་ཞིང་དམིགས་པ་དེ་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་བ་ནི། སྐབས་འདིའི་ཉམས་ལེན་གྱི་གཙོ་བོ་ཡིན་ནོ། །སྐབས་འདིར་ཁ་ཅིག་གིས་བུམ་པ་ལ་རྡོ་རྗེ་དང་གཟུངས་ཐག་བཏགས་ནས་ཐག་པའི་སྣེ་རང་གིས་འཛིན་པ་ནི་གནད་མ་གོ་བ་སྟེ། རྡོ་རྗེ་གཟུངས་ཐག་གི་དགོས་པ་དེ་ལ་བརྟེན་ཏེ། རང་གི་སྙིང་ག་ནས་སྔགས་གང་ཡིན་སོང་སྟེ། ལྷའི་ཐུགས་རྒྱུད་བསྐུལ་བ་ཡིན་ན། འདིར་ནི་བུམ་པར་ལྷ་བསྐྱེད་པ་མེད་ཅིང་ཆུ་ལ་སོགས་པའི་ནང་རྫས་བྱིན་གྱིས་བརླབ་ཚུལ་ནི། མཆོད་རྟེན་གྱི་ལྷ་ལས་བདུད་རྩི་བབས་པ་དེ་ཡིན་ཞིང༌། དེ་ལས་ལྷག་པ་མེད་ཅིང་གཞན་དགོས་པར་ཡང་མ་གསུངས་སོ། །དེ་བཞིན་དུ་གཟུངས་རྡོར་མི་དགོས་པའི་བུམ་སྒྲུབ་མང་པོ་ཡོད་དོ། །ཡང་དུང་ཆོས་སུ་མཆོད་ཡོན་བཤམས་ནས་རྗེས་ཆོག་གི་མཇུག་ཏུ་བུམ་ཆུ་དང་བསྲེས་པ་ལ་ནི་མ་འབྲེལ་བའི་སྐྱོན་གཉིས་སྣང་སྟེ། དུང་ཆོས་ཀྱི་ཆུའི་དགོས་པའི་གཙོ་བོ་ནི། དེ་ཕུལ་བས་བུམ་པའི་ལྷ་ཞུ་བར་བྱེད་པ་ཡིན་ལ། འདི་ནི་བུམ་པར་ལྷ་བསྐྱེད་པ་མེད་ཅིང༌། མཆོད་རྟེན་གྱི་ལྷ་ལ་ནི་རབ་གནས་བྱ་དགོས་པས་མ་འབྲེལ་པ་ཁོ་ནའོ། །གལ་ཏེ་བུམ་པར་ལྷ་བསྐྱེད་པ་མེད་ཀྱང༌། དེ་བཤམ་པ་མི་འགལ་ལོ་སྙམ་ན། དེ་ལྟར་ན་ཀུན་རིག་གི་བུམ་བསྐྱེད་བསྡུས་པ་དང༌། རབ་གནས་ཀྱི་ཁྲུས་བུམ་བརྒྱད་ལ་སོགས་པ་ལ་ཡང་དུང་ཆོས་སུ་ཆུ་དགོས་པར་འགྱུར་ཏེ། དེ་རྣམས་ཀྱི་སྒྲུབ་ཚུལ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པའི་ཁ་རྒྱན་ཀུ་ཤ་འཇོག་པ་ཡང་འབྲེལ་མེད་པ་ཁོ་ནར་ཟད་དོ། །མདོར་ན་ལག་ལེན་དེ་དག་ནི་གཞུང་དང་མཐུན་པའི་སྐབས་དོན་མ་རྙེད་པའི་མཛེས་ཆོས་ཉིད་དུ་ཤེས་པར་བྱའོ། །དེ་ནས་བཟླས་པའི་གྲངས་ཚང་ཞིང་སྟོང་མཆོད་རྣམས་གྲུབ་ནས་གཏོར་མ་འབུལ་བ་ལ་སོགས་པ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི་དཀྱུས་བཞིན་དུ་བྱ་སྟེ་རྟོགས་པར་སླའོ། །གཉིས་པ་
བྱེ་བྲག་ཏུ་ཉམས་སུ་བླངས་པ་གནས་སྐབས་ཀྱི་རྣལ་འབྱོར་ནི། རྒྱུན་གྱི་རྣལ་འབྱོར་མ་གཏོགས་པའི་བཞི་བཅུ་ཞེ་བཞི་པོ་ཐམས་ཅད་ཡིན་པས་བློ་གྲོས་དང་ལྡན་པ་དག་གིས་རྟོག་པ་རྩ་འགྲེལ་གྱི་དོན་མཁས་པའི་དྲུང་དུ་ལེགས་པར་སྦྱངས་ནས་ཁོངས་སུ་ཆུད་པར་བྱ་སྟེ་འདིར་མང་བའི་འཇིགས་པས་མ་བྲིས་སོ། །གསུམ་པ་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ནི། གོང་དུ་དྲངས་པའི་འཆི་བདག་གི་དབྱུག་པ་འཛིན་པ་ཞེས་པའི་རྗེས་སུ་དག་བྱེད་སྡིག་པ་འཇོམས་པར་བྱེད་པ་ནི། གྲོ་གའམ་གཞན་ཞིག་ལ་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་བཞག་ལ། རབ་ཏུ་རྒྱ་ཆེ་བའི་མཆོད་པ་ཇི་ལྟར་འབྱོར་པས་མཆོད། བསྐོར་བ་སྟོང་ཕྲག་བརྒྱ་བྱས་ན་མཆོག་གི་ཚེ་དང་བློ་རྣོ་བ་སྦྱིན་པར་བྱེད་པར་འགྱུར་རོ། །དེ་ལྟར་བྱས་པས་ཞག་བདུན་ཐུབ་པའི་ཚེ་ནི་ལོ་བདུན་ཐུབ་བོ། །ལོ་བདུན་ཐུབ་པའི་ཚེ་ནི་ལོ་བཅུ་བདུན་ཐུབ་བོ། །དེ་ལྟར་མཆོག་གི་ཚེ་ཐུབ་ཅིང་དྲན་པ་དང་ལྡན་པ་དང༌། ནད་མེད་པ་དང་སྐྱེ་བ་དྲན་པར་འགྱུར་རོ། །ཞེས་སོགས་དང༌། གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བ་ཆེན་པོར་འགྱུར་རོ། །ཞེས་སོགས་རྒྱས་པར་གསུངས་ཤིང༌། མཐར་ཐུག་གི་ཕན་ཡོན་རལ་གྲི་སྒྲུབ་པའི་སྐབས་ལས། སེམས་ཅན་ཐམས་ཅད་ཀྱི་གཅིག་ཏུ་འདྲེན་པ་པོར་གྱུར་ནས། སྨན་པ་ཆེན་པོའི་མཆོག་ཚེ་དཔག་ཏུ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །ཨ་ཧོ། འགྲོ་བའི་སེམས་ཉིད་ཡིད་བཞིན་ནོར་བུ་ལས་ཉོན་གྱི། །འདམ་དུ་བྱིངས་པ་ལུས་ངག་བྱ་བའི་ཐབས་མཁས་ཆུས། །རྣམ་པར་སྦྱངས་ནས་ཐབས་མཆོག་རྒྱལ་མཚན་རྩེར་བཀོད་དེ། །ཕན་བདེའི་ཆར་འབེབས་བྱ་རྒྱུད་བསྟན་པའི་སྙིང་པོ་ཡིན། །དེ་ལས་སྟོན་མཆོག་འཇིག་རྟེན་དབང་ཕྱུག་སྲས་ཀྱི་གཙོ། །ཆོས་ཀྱི་འབྱུང་གནས་རྣམ་འཕྲུལ་མཆོག་གྱུར་ལྷ་མཆོག་རྣམས། །སྒྲུབ་ཅིང་མཆོད་ཚུལ་འཁྲུལ་ཟད་བརྒྱུད་པའི་སྲོལ་བཞིན་སྦྱར། །དེ་ཡི་དགེ་ཚོགས་བདུད་རྩིའི་ཆར་གྱིས་དོན་གཉེར་དང༌། །སྲིད་གསུམ་འགྲོ་བའི་ནོར་འཛིན་མ་ལུས་ཁྱབ་གྱུར་ནས། །གནས་སྐབས་ཕན་བདེའི་དབྱར་སྐྱེས་ཐམས་ཅད་
རྒྱས་པ་དང༌། །མཐར་ཐུགས་འབྲས་བུ་རྣམ་རྒྱལ་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་གཙུག་ཏོར་རྣམ་པར་རྒྱལ་མའི་ཆོས་སྐོར་གྱི་རྣམ་གཞག་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི། རྗེ་བཙུན་ས་སྐྱ་པ་གོང་མ་རྣམས་ཀྱི་བཀའ་སྲོལ་གཙང་མ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བཀའ་བབས་པའི་ཕྱག་ལེན་མ་ཉམས་པ་དེང་སང་གི་བར་དུ་བྱུང་ཞིང༌། དེ་ཉིད་ཕྱིས་ཀྱང་མི་ཉམས་པར་བྱ་བའི་ཕྱིར་དང༌། དོན་གཉེར་རྣམས་ལ་ཡིད་ཆེས་བསྐྱེད་པར་བྱ་བའི་སླད་དུ། ཤཱཀྱའི་དགེ་སློང་གསང་སྔགས་འཛིན་པ་དཔལ་ལྡན་དོན་གྲུབ་ཀྱིས་དཔལ་ཨེ་ཝྃ་ཆོས་ལྡན་དུ་སྦྱར་བའོ།། ༈ །མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་རྣམ་རྒྱལ་མའི་བསྙེན་ཐབས་བཞུགས། །ཨོཾ་སྭ་སྟི། རྣམ་རྒྱལ་གྱི་བསྙེན་པ་ལ་གནས་གཙང་ཞིང་དབེན་པར། རྟེན་གྱི་དྲུང་དུ་རྣམ་རྒྱལ་དང་ཆ་གསུམ་གཏོར་མ་རྣམས་མཆོད་པ་དང་བཅས་བཤམ། མཚམས་བཅད་དམ་ལ་གཙང་སྦྲ་ཆེ་བས་ཐུན་བཞིའམ་གསུམ་དུ་བཅད་ལ། སྐྱབས་འགྲོ་ནས་བཟུང་སྟེ་བདག་བསྐྱེད་བྱས་ལ། བཟླས་པའི་ཚེ་ཐོག་མར་གཟུངས་རིང་ཉུང་མཐར་ཚར་གསུམ། དེ་ནས། ཨོཾ་ཨ་མྲྀ་ཏ་སོགས་ཡི་གེ་བཅུ་པ་ལ་གྲངས་བཟུང་«བསྙེན་ཚད་གཟུངས་རིང་སྟོང་ཕྲག་སོགས་ཅི་ནུས་དང༌། ཡི་གེ་བཅུ་པ་འབུམ་ཕྲག་བཅུ་ཁ་སྐོང་དང་བཅས་པ། གཞན་གཉིས་ཀྱང་ཅི་ནུས་ཙམ་བཟླ་བ་ཕྱག་ལེན་ནོ།། »ཐུན་བསྡུ་བའི་ཚེ་གཟུངས་ཐུང་ཅི་ནུས་བཟླ་བ་སོགས་བདག་བསྐྱེད་ཀྱི་མཇུག་རྣམས་བྱ། དེ་ནས་ཐུན་ཐམས་ཅད་ཀྱི་རྗེས་སུ་གཏོར་མ་རྣམས་ཆོ་ག་དཀྱུས་ལྟར་བཏང༌། འདིའི་ཡི་དམ་གཏོར་མའི་ནམ་མཁར་མཆོད་རྟེན་ལྷ་དགུ་དང་བཅས་པ་སྐད་ཅིག་གིས་བསྐྱེད་པའམ། དེ་ཡང་མ་གྲུབ་ན་བདག་བསྐྱེད་ཀྱི་ཡེ་ཤེས་པ་ནམ་མཁར་བྱོན་པ་ལ་གཏོར་མ་ཕུལ། མཆོད་བསྟོད་འདོད་དོན་གསོལ་གདབ།«མ་གྲུབ་ན་སྔ་ཐུན་གྱི།» གཤེགས་གསོལ་རྣམས་བྱས་ཏེ། དེའི་རྗེས་སུ་ཆ་གསུམ་བྱས་པས་འཐུས་ལགས། གཞན་བསམ་དོན་རྣམས་ཡིག་ཆ་ཉིད་ལ་ཞིབ་ཏུ་གཟིགས་པ་བྱིན་རླབས་ཆེ་བས་དེ་བཞིན་མཛོད། མངྒ་ལྃ།། ༈ །གཙུག་ཏོར་རྣམ་པར་རྒྱལ་མའི་སྦྱིན་སྲེག་གི་ཐོ་ཡིག་
འཆི་མེད་འོད་སྣང་ཞེས་བྱ་བ་བཞུགས་སོ། །སྭ་སྟི་བི་ཛ་ཡ། རྣམ་པར་རྒྱལ་མའི་བསྙེན་པ་རྫོགས་པའི་རྣལ་འབྱོར་པས། སྔགས་ཀྱི་ནུས་པ་དབྱུང་ཞིང་ཁ་སྐོང་བ་དང༌། སྡིག་སྒྲིབ་ཞི་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱེད་པར་འདོད་པས། ཞི་བའི་ཐབ་ལག་ལེན་ལྟར་བྱས་ཏེ། ལྷ་དགུའི་མཚན་མ་དགོད། ཁ་ཁྱེར་གྱི་སྟེང་དུ་བུད་ཤིང་བརྩིག ཤར་ལྷོའི་མཚམས་སུ་མེ་ཚང་ཏིང་ལོ་བཞག ཐབ་ཀྱི་ཞལ་ནུབ་ཏུ་ཕྱོགས་པར་བྱས་པའི་མདུན་དུ་སྒྲུབ་པ་པོའི་སྟན་དང༌། བསང་ཆུ་རྡོར་དྲིལ་དགང་བླུགས་མེ་ཡོལ་དཀར་རྩིས་བྱུགས་ཏེ། ཏི་སེའི་གངས་སུ་བསྒོམ། སྒྲུབ་པ་པོར་གཡས་ནས་ཡམ་ཤིང་མར་ཏིལ་སོགས་བསྲེག་རྫས་བཅུ་གཅིག་བཤམ། གཡོན་ནས་ཆུ་གཉིས་ཉེར་སྤྱོད་ལྔ། དེའི་མདུན་འདས་གཏོར་མེ་ལྷ་དང༌། ཆ་གསུམ་གཏོར་མ་བཤམ། སྔ་དྲོའམ་ཕྱི་དྲོའི་དུས་སུ་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས་འབྱོར་ན་གོས་རྒྱན་དཀར་པོ་བྱ། ཞི་བའི་སེམས་དང་ལྡན་པས་བདག་བསྐྱེད་བཟླས་པ་དང་བཅས་པ་རྫོགས་པར་བྱ། ཨ་མྲྀ་ཏ་ཉེར་གཅིག་གིས་བསང་ཆུ་བྱིན་གྱིས་བརླབ། རྫས་རྣམས་ལ་གཏོར་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་དང་བསྲེག་རྫས་ལྷ་མཉེས་པ་དང་སོ་སོའི་ལས་བསྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨརྒྷཾ་ནས་ཤབྡའི་བར་དང༌། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། གཟུངས་རིང་གསུམ་བཟླས་ཏེ། ཡམ་ཤིང་གི་རྩེ་ལ་མར་སྦགས་པའི་སྦོར་མདེས་མེ་སྦར་ཏེ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་བརྗོད་ཅིང་ཐབ་ལ་གཡས་ནས་ལན་གསུམ་བསྐོར་ཏེ། ཏིང་ལོ་སྦར། རྩ་སྐམ་པོ་དང་མར་སོགས་ཀྱིས་མེ་གསོ། བསང་སྦྱང༌། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་མུ་རན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་ནང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ
ཞེས་པས་སྤྱན་དྲང༌། ཐབ་ཏུ་མེ་ཏོག་ཕུལ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཐབ་ཀྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་འཁོད་པ་ནི་མེ་ལྷ་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དབྱུག་པ་དང་རལ་གྲི། གཡོན་ཕྲེང་བ་དང་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད་ལ། སྤྲོ་ན་ཀུ་ཤ་སྤྱི་ལྟར་ཕུལ། མེ་ལྷའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་བསམ། དགང་བླུགས་གཉིས་ཀྱི་གཟར་བུའི་ཁ་ལའང་རྃ་བསམ་སྟེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། བདུན་གྱི་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་མ་ཧཱ་ཤྲི་ཡེ་ཧ་བྱ་བཧྣ་ཡ་སྭཱ་ཧཱ། ཞེས་ལན་གསུམ་གྱི་བྱོན་སྐྱེམས་ཕུལ། མཚན་སྔགས་རེ་རེའི་མགོར་སྦྱར་བའི་མཆོད་པ་དང༌། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། བསྲེག་རྫས་རྣམས་བདུན་ལ་སོགས་པ་ཕུལ་སྤེལ་ཚིག་འོག་ནས་འབྱུང་བ་ལྟར་བྱ། འབུལ་སྔགས་རྫས་སྔགས་སམ་ལྷ་སྔགས་གང་རུང་གིས་བྱ། གཞུང་ལས་སྐབས་འདིར་མེ་ལྷ་གཤེགས་གསོལ་བཤད་ཀྱང་འདིར་སྤྱི་ལྟར་མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ་མེ་ལྷ་འབར་བའི་རྣམ་པར་གྱུར། མེ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་སོགས་ནས་ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། ཞེས་པའི་བར་གྱིས་ལྷ་བསྐྱེད། ཉེ་སྙིང་སྔོན་འགྲོའི་བྱོན་སྐྱེམས་ལན་གསུམ་གོང་ལྟར་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་རེ་རེའི་སྔོན་དུ་འགྲོ་བའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །སོགས་ཀྱིས་བསྟོད། ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་བརྒྱ་རེ་འབུལ། རྫས་སྔགས། ཨོཾ་བོ་དྷི་བྲྀཀྵ་ལ་སོགས་པ་རྣམས་གསུམ་ཙམ་རེ་སྔོན་དུ་བཏང་ནས། ནུས་ན་གཟུངས་རིང་མི་ནུས་ན་ཉེ་སྙིང་གིས་ཕུལ། སྤེལ་ཚིག་བརྒྱ་རེའི་མཇུག་ཏུ། བདག་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་
པ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷག་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བསྲེག་རྫས་ཐམས་ཅད་མ་འབྱོར་ན་ཡམ་ཤིང་མར་ཏིལ་ཙམ་གྱིས་ཆོག བསྙེན་པའི་ཁ་སྐོང་བཅུ་ཆའི་ཏིལ་འབུལ། སླར་ཡང་གོང་བྱོན་སྐྱེམས་ལྟར་མར་དགང་བླུགས་གསུམ་དང༌། མཆོད་པ་ཁ་གསོས་ཏེ་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ། མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱ། གཏོར་མ་དང་པོ་བཅོམ་ལྡན་འདས་མ་འཁོར་བཅས་ལ་དཀྱུས་བཞིན་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སོགས་ལན་གཅིག་སྔོན་དུ་འགྲོ་བའི་མཆོད་བསྟོད་འདོད་དོན་གསོལ་གདབ་བྱ། དེ་ནས་ཆ་གསུམ་བཏང༌། ཡིག་བརྒྱ་ཅི་ནུས་དང༌། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་སོགས་ཀྱིས་ཡེ་ཤེས་པ་གཤེགས། ཐབ་ཀྱི་རྡུལ་ཅུང་ཟད་དཔྲལ་བར་བསྐུས་ཏེ། དམ་ཚིག་པ་རང་ལ་ཐིམ་པར་བསམ། མར་བླུགས་གཟར་ཡང་ཐབ་ཏུ་བླུགས། ཨོཾ་བཛྲ་ཛྭ་ལ་རྃ། མེ་ལྷ་ཞལ་ཕྱག་གི་རྣམ་པར་གྱུར། བསྲེག་རྫས་ལྷག་མ་རྣམས་ཅི་རིགས་པ་ཕུལ། བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ཕུལ། གཏོར་མ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། མཚན་སྔགས་ཀྱི་མཐར་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཕུལ། མཆོད་བསྟོད་དང༌། མེ་ལྷའི་རྒྱལ་པོ་འཁོར་བཅས་རྣམས་སོགས་ཀྱིས་འདོད་དོན་ཞུ། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །ཞེས་སོགས་ཀྱིས་གཤེགས་སུ་གསོལ། རང་གི་གནས་གསུམ་བསྲུང་ཞིང་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །དེ་ལྟར་ཐུན་གཉིས་གསུམ་བཞི་བསྙེན་པའི་གྲངས་ཀྱི་བཅུ་ཆའི་ཁ་སྐོང་ནམ་མ་འགྲིག་པར་བྱ། གྲོལ་མཚམས་ལྔ་དྲོ་ལ་བྱ། མཐར་ཐལ་བ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་བར་བྱའོ། །རྒྱས་པ་ལ་སོགས་པ་རྣམས་ཀྱང་དེ་དང་དེའི་བསམ་པ་དང་ལྡན་པས། དེ་དང་དེའི་ཁྱད་པར་གྱི་རྫས་རྣམས་དང་ཐབ་ལ་སོགས་པ་སྤྱི་འགྲོ་ལྟར་ཤེས་པར་བྱ་ཞིང༌། ཕན་ཡོན་སོགས་གཟུངས་དང་རྟོག་པ། དེའི་ཊཱི་ཀ་རྗེ་བཙུན་རྩེ་མོས་མཛད་པ་དང༌། རྣམ་རྒྱལ་
རྣམ་བཤད་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་སོགས་ཞིབ་ཏུ་བལྟའོ། །ཞེས་གཙུག་ཏོར་རྣམ་རྒྱལ་གྱི་སྦྱིན་སྲེག་གི་ཐོ་ཡིག་འཆི་མེད་འོད་སྣང་ཞེས་བྱ་བ་འདི་ཡང་བསྙེན་པ་བགྱིད་པའི་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཆེད་དུ་དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་བཀོད་པ་དགེ་ལེགས་འཕེལ།། ༈ །གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒོམ་བཟླས་སྙིང་པོ་བསྡུས་པ་འཆི་མེད་གྲུབ་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ བསྡུས་པའི་ཚུལ་གྱིས་གཙུག་ཏོར་རྣམ་རྒྱལ་བསྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྤྱི་ལྟར་སྔོན་དུ་སོང་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། །ཨ་ལས་ཟླ་སྟེང་བྷྲཱུྃ་ཡིག་ཡོངས་གྱུར་ལས། །རྣམ་རྒྱལ་མཆོད་རྟེན་མཚན་ཉིད་ཡོངས་རྫོགས་པའི། །བུམ་པའི་ནང་དུ་པད་ཟླར་རང་སེམས་བྷྲཱུྃ། །དེ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས། །བྷྲཱུྃ་ཡིག་དཀར་པོས་མཚན་ལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་ཚུར་འདུས་པས། །རང་ཉིད་གཙུག་ཏོར་རྣམ་རྒྱལ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང༌། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང༌། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་གཞག་བདུད་རྩིའི་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །གཡས་སུ་ཟླ་བའི་སྟེང་དུ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པདྨ་བསྣམས། །གཡོན་དུ་ཉི་མར་ཕྱག་ན་རྡོ་རྗེ་སྔོ། །ཕྱག་གཡོན་ཨུཏྤལ་ལ་གནས་རྡོ་རྗེ་འཛིན། །གཉིས་ཀས་གཡས་པས་རིན་ཆེན་རྔ་ཡབ་གཡོབ། །ཞི་ཚུལ་བཞེངས་སྟབས་དར་དང་རིན་ཆེན་བརྒྱན། །ཤར་དུ་མི་གཡོ་སྔོན་པོ་རལ་གྲི་དང༌། །ལྷོ་རུ་འདོད་རྒྱལ་སྔོན་པོ་ལྕགས་ཀྱུ་གདེངས། །ནུབ་ཏུ་དབྱུག་སྔོན་སྔོན་པོ་
དབྱུག་པ་དང༌། །བྱང་དུ་སྟོབས་ཆེན་སྔོན་པོ་རྩེ་གསུམ་འཕྱར། །ཀུན་ཀྱང་གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད། །རིན་ཆེན་སྦྲུལ་རྒྱན་སྟག་ལྤགས་ཤམ་ཐབས་ཅན། །པད་ཉིའི་གདན་ལ་གཡོན་བརྐྱང་ཁྲོས་པའི་ཚུལ། །གཙོ་མོའི་སྟེང་གི་ཕྱོགས་གཉིས་ལྷ་ཡི་བུ། །བདུད་རྩིའི་བུམ་པ་འཛིན་པས་སྐུ་ཁྲུས་གསོལ། །ཀུན་ཀྱང་སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ། །དཔྲལ་བར་ཏྲཱྃ་སེར་ལྟེ་བར་ཧྲཱིཿདམར་པོ། །བརླ་གཉིས་ཨཾ་ཨཱཿལྗང་གུས་མཚན་པར་གྱུར། །རང་གི་ཐུགས་ཀའི་བྷྲཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། །སླར་ཡང་དབང་ལྷ་རིགས་ལྔ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་གཙོ་མོར་རྣམ་སྣང་དང༌། །སྤྱན་རས་གཟིགས་ལ་བཅོམ་ལྡན་འོད་དཔག་མེད། །ཕྱག་རྡོར་ཁྲོ་བོ་བཞི་ལ་མི་བསྐྱོད་པ། །ལྷ་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས། །དབུར་བརྒྱན་དབང་ལྷ་རྣམ་ཀྱང་རང་ལ་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤབྡའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཅི་ཤེས་པས་བསྟོད། གཙོ་མོའི་ཐུགས་ཀར་པད་ཟླར་བྷྲཱུྃ་ཡིག་ལས། །སྣ་ཚོགས་རྡོ་རྗེའི་ལྟེ་བ་སྔོན་པོར་བྷྲཱུྃ།«འདི་ལ་བསྲུང་བྱ་དམིགས་བསལ་འདོད་ན། བྷྲཱུྃ་ཡིག་གི་སྟེང་དུ་བླ་མ། མདུན་དུ་ཕ་མ། གཡས་སུ་སློབ་མ། གཡོན་དུ་སྤུན་ཟླ། རྒྱབ་ཏུ་འཁོར་གཡོག་རྣམས་བསྒོམ་པར་གསུངས་སོ།» །དཀར་གསལ་གཟུངས་སྔགས་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་བྱིན་རླབས་བསྡུས། །ཐུགས་སྲོག་ལ་ཐིམ་ཚེ་བསོད་དཔལ་འབྱོར་དང༌། །ལུང་རྟོགས་ཡེ་ཤེས་མཐའ་དག་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཐལ་མོ་སྦྱར་བའི་མཛུབ་མོའི་ཚིགས་བར་པ་བཅག་སྟེ་མཐེ་བོང་གཉིས་དང་རྩེ་སྦྱར་བ་ལེགས་སོ་སྟེར་བའི་ཕྱག་རྒྱ་
དང་བཅས་ཏེ་གཟུངས་རིང་ཚར་གཅིག་བརྗོད། དེ་ནས་ཕྱག་རྒྱ་བཀྲོལ་ཏེ་གཟུངས་རིང་ཐུང་གསུམ་པོ་ཅི་ནུས་དང༌། མཐར། ཨོཾ་ཨ་མི་ཏེ་སོགས་གཟུངས་འབྲིང་པོའང་ཇི་ལྟར་རིགས་པ་བཟླ། ཐུན་བསྡུ་བ་ན། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨཾ་ཨཱཿམ་མ་སརྦ་སཏྭཱཤྩ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ལན་གསུམ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་མཁར་བྱོན་པ་ལ། གོང་ལྟར་མཆོད་བསྟོད་དང༌། བཅོམ་ལྡན་གཙུག་ཏོར་རྣམ་པར་རྒྱལ་མ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང༌། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་བཛྲ་མུཿ ཡེ་ཤེས་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། །དམ་ཚིག་འཁོར་དང་མཆོད་རྟེན་རང་ལ་ཐིམ། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །འཆི་མེད་འཕགས་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་བྱས་ནས་སྤྱོད་ལམ་ལ་འཇུག བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་ལ་གནས་པས། ཐུན་རེ་བཞིན་གཟུངས་རིང་ཚར་གསུམ་སོགས་སྔོན་དུ་འགྲོ་བས་ཡི་གེ་བཅུ་པ་གཙོ་བོར་བཟླས་པས་འབུམ་ཕྲག་བཅུ་ཁ་སྐོང་དང་བཅས་པ་འགྲོ་བར་བྱ། སྔ་ཐུན་གྱི་མཇུག་ཏུ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་མཁར་བྱོན་པ་ལ། བསང་སྦྱང་བྱིན་རླབས་སྤྱི་ལྟར་དང༌། གཟུངས་ཀྱི་མཐར་ཨ་ཀཱ་རོ་ལན་གསུམ་བཏགས་པས་གཏོར་མ་འབུལ། མཆོད་བསྟོད་གསོལ་བ་གདབ། ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་སོགས་བྱའོ། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལྟར་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་འཆི་མེད་གྲུབ་པའི་རྒྱུར་གྱུར་ཅིག། །།ཤུ་བྷཾ།། །།
རིག་པ་རྨ་བྱ་ཆེན་མོའི་སྒོ་ནས་རྡོ་རྗེའི་ཚེ་སྒྲུབ་ལ་སོགས་ཀྱི་གདམས་ཟབ་འཆི་མེད་དཱུརྦའི་ལྗོན་བཟང་།
རིག་པ་རྨ་བྱ་ཆེན་མོའི་སྒོ་ནས་རྡོ་རྗེའི་ཚེ་སྒྲུབ་ལ་སོགས་ཀྱི་གདམས་ཟབ་འཆི་མེད་དཱུརྦའི་ལྗོན་བཟང་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། ཕུལ་བྱུང་རིག་དང་བརྩེ་བ་མི་ཕྱེད་སྨན་ལྗོངས་སུ། །བྱང་ཆུབ་གྲུབ་པ་རྨ་བྱ་མྱོས་པའི་ཟློས་གར་བཅས། །དགེ་ལེགས་རྟག་པའི་བདུད་རྩིའི་ཆར་ཆེན་རབ་འབེབས་པས། །རིང་འཚོའི་ཚེ་ཡི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག །གང་དེ་ཉེ་བར་བསྙེན་པ་ལས། །གྲུབ་པའི་ངལ་འཚོ་མཆོག་སྦྱིན་ཕྱིར། །གདམས་ཟབ་དཱུརྦའི་ལྗོན་བཟང་པོ། །བློ་ལྡན་ཡིད་ཀྱི་འཛིན་མས་བསྐྲུན། །འདི་ལྟར་དུས་གསུམ་ཀུན་ཏུ་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་གཟིགས་པ་རྗེས་སུ་འཇུག་པས་ཐམས་ཅད་མཁྱེན་པ་ཞེས་འཇིག་རྟེན་ན་སྙན་པར་གྲགས་པའི་དཔལ་གྱི་མགུར་ལས། དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་འདི་ལ་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །ཅེས་འཇམ་དཔལ་རྩ་བའི་རྟོག་པ་ལས་ཇི་ལྟར་ལུང་བསྟན་པ་བཞིན་ཤིང་རྟ་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་བཅོམ་
ལྡན་འདས་མ་རིག་པ་རྨ་བྱ་ཆེན་མོའི་སྔགས་རིག་གྲུབ་པ་ལ་བརྟེན་ནས་ཛམྦུའི་གླིང་འདིར་མི་ལོ་དྲུག་བརྒྱའི་བར་དུ་བཞུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པའི་ཕྲིན་ལས་ཅན་དུ་གྱུར་པས་མཚོན་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་དུ་གྱུར་པའི་གསང་སྔགས་ཟབ་མོའི་གདམས་པ་མདོ་ཙམ་འཆད་པ་ལ་བཞི། རྒྱུད་ཀྱི་ཁུངས་དགོད་པ། དེ་འགྲེལ་པས་བཀྲལ་ཚུལ། སྐབས་སུ་བབས་པའི་ཉམས་ལེན། དེ་དག་ལ་ཉེ་བར་མཁོ་བའི་གསལ་བྱེད་ཅུང་ཟད་བཤད་པའོ། །དང་པོ་ནི། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མངོན་པར་བསྔགས་པའི་ཆུ་འཐུངས་ན་འབྲུམ་བུ་འོང་༡ བར་མི་འགྱུར་«ཞིང་སྨན་གཏོང་བའི་ཚེ་ཆུ་བསྐོལ་ཚ་མོ་ལ་བཏབ་ནས་བཏང་ན་ཞི་བར་འགྱུར་»རོ། «།ནང་གི་»ལུས་ལས་«ལྷན་ཅིག་»སྐྱེས་པའི་དུག་མི་བཟད་པ«འི་རྨ་འབྲས་ལ་སོགས་པ་»དང༌། «ཕྱི་རོལ་གྱི་»སྤྲེའུ་དུག་དང་སྦྲུལ་དུག་ལ་སོགས་པའི«གཡོ་བའི་དུག་གི་»རྨ་ལ་ཡུང་བ་དང་ཨ་རུ་དང་རུ་རྟ་ལ་སོགས་པ་ལ་ཡོངས་
སུ་བཟླས་ཏེ་བསྐུས་ན་«རྣམ་པར་མ་གྱུར་པའི་»རང་བཞིན་དུ་གནས་༢ པར་འགྱུར་རོ། །ནད་དང་«གདོན་ལ་སོགས་པ་»རྣམ་པར་འཚེ་བ་ཐམས་ཅད་ལ་«གཞོན་ནུ་མས་བཀལ་བའི་སྲད་བུའི་»སྔགས་མདུད་བཅིངས་ན་ཞི་༣ བར་བྱེད་དོ། «ཐོ་རངས་»རྟག་ཏུ་བཟླས་ན་ཚེ་ཟད་པ་ཡང་ཚེ་ལོ་བརྒྱ་ཐུབ་༤ པར་འགྱུར་རོ། །«བ་དམར་མོའི་»མར་དང་ཏིལ་གྱི་སྦྱིན་སྲེག་གིས་«ནད་དང་གདོན་ལ་སོགས་པ་»ཐམས་ཅད་ཞི་༥ བར་བྱེད་དོ། །«ནད་གང་ལ་ཕན་པའི་སྨན་ནམ་ཨ་རུ་ར་ལ་»མངོན་པར་བསྔགས་པའི་སྨན་གྱི་བཏུང་བས་ནད་ཐམས་ཅད་ལས་ཡོངས་སུ་ཐར་༦ བར་བྱེད་དོ། །«སྣོད་དུ་མར་དང་ཆུ་བླུགས་ལ་»ལན་བརྒྱ་«ཚང་བར་»བཀྲུས་པའི་མར་ལ་«རྒྱུན་མི་འཆད་དུ་»མངོན་པར་བསྔགས་པས་ན་བའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གནས་༧ པར་འགྱུར་རོ། །«བྱེ་བྲག་ཏུ་»མགོའི་ནད་ལ་ཏིལ་མར་ལ་བསྔགས་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུར་རོ། །«འཚོར་མི་འདོད་པའི་»གདུག་པའི་རྨ་ལ་ཆུ་ལ་བསྔགས་ནས་གཏོར་བས་སོས་༨ པར་འགྱུར་རོ། །སྤྲི་ཧའི་«སྟེ་སྐྲན་གྱི་»ནད་ལ་བེ་དང་ལ་སོགས་པའི་«ཤིང་ཐོག་གང་རུང་བསྐྲན་གྱི་སྟེང་དུ་བཞག་ནས་དེ་»མཚོན་གྱིས་གཏུབས་ན་སྤྲི་ཧ་གཅད་༩ པར་འགྱུར་རོ། །ནི་རྒུ་ན་དྷི་«སྟེ་ངེས་སྲུང་ཞེས་བྱ་བ་སིནྡྷཱུ་ཝཱ་རའི་ཤིང་གི་རྩ་བའམ་མ་རྙེད་ན་ཤུགས་པའི་རྩ་བ་»དང་ནིམ་པའི་རྩ་བ་«དང༌།» རྨ་བྱའི་མཇུག་སྒྲོ་«ནི་ཤིང་མ་ཡཱུ་ར་ཤི་ཁཱ་སྟེ་རྨ་བྱའི་ཕུད་དུ་གྲགས་པ་»དང་བཅས་པ་གཅིག་ཏུ་སྦྱར་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བདུག་པས་བདུགས་ན་རིམས་ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་ལ་སོགས་པ་སེལ་པར་བྱེད་ཅིང༌། འབྱུང་པོ་དང༌། ཤ་ཟ་དང༌། ཚངས་པ་དང༌། སྲིན་པོ་ལ་སོགས་པ་སེལ་བར་འགྱུར་༡༠ རོ། །བུད་མེད་བུ་ཤི་བའི་སྲི་ཅན་གྱིས་«སྲི་ལས་ཐར་བ་དང་སྲིད་འཕེལ་བར་འདོད་ན་»ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བུམ་པས«འི་ཆུ་»ཁྲུས་
བྱས་ན་བུ་གསོན་པོ་དང་ལྡན་༡༡ པར་འགྱུར་རོ། །གྲོ་ག་ལ་«གུར་གུམ་གྱིས་»བྲིས་པའི་སྔགས་སྐེད་པའམ་དཔུང་པ་ལ་བཏགས་པས་མངལ་སྲུང་༡༢ བར་འགྱུར་རོ། །སྔགས་རྗེས་སུ་དྲན་པས་«བ་དན་དཀར་པོ་ཐོགས་ཏེ་»གཡུལ་ངོགས་སུ་འཇུག་ན་རྒྱལ་བ་རྙེད་པར་འགྱུར་ཞིང་«རྨ་བྱའི་མདོངས་ལ་སོགས་པས་»བྱབས་པས་ནད་ཐམས་ཅད་སེལ་༡༣ བར་བྱེད་དོ། །ཞེས་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་ལེའུ་དང་པོ་ལས་སོ། །གཉིས་པ་ནི། གསང་སྔགས་བཅུ་གསུམ་པ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བྱ་བའི་མན་ངག་ནི། སྐད་ཅིག་མས་བདག་གི་སྤྱི་བོར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ་ཕྱག་གཡས་པ་མཆོག་སྦྱིན། གཡོན་པས་རྨ་བྱའི་མཇུག་སྒྲོ་འཛིན་པར་བསྒོམས་ལ། སྔགས་བཟླས་ཏེ་ཐུན་ཐོན་པ་དང༌། སྤྱི་བོ་ན་མར་ཐིམ་པའི་ཚུལ་གྱིས་སྔོན་དུ་བསྙེན་པ་བྱས་ལ་ལས་རྣམས་བསྒྲུབ་པའོ། །དེ་ཉིད་ཀྱི་ལས་བཞི་པ་ནི་རྟག་ཏུ་བཟླས་ན་ཚེ་ཟད་པ་ལོ་བརྒྱར་འཚོ་བར་འགྱུར་རོ་ཞེས་བྱ་བའི་མན་ངག་ནི་རྨ་བྱ་ཆེན་མོ་དེ་ཉིད་ཀྱི་ཕྱག་གཡོན་པར་ཚེའི་བུམ་པ་འཛིན་པར་བསྒོམས་ལ། ཡེ་ཤེས་ཀྱི་བདུད་རྩིས་བདག་ལ་དབང་བསྐུར་བར་བསམ་ཞིང༌། ཐུན་འཇོག་ཀར་ཐིམ་ནས་ཚེ་མཆོག་ཏུ་གྱུར་བར་བསམ་མོ། །དེ་ཉིད་ཀྱི་ལས་བཅུ་གཅིག་པ་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ། །ཞེས་བྱ་བ་ལ། བུམ་པ་གཙང་མ་ཆུས་བཀང་ལ་དེའི་ནང་དུ་ཧྲཱིཿལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་རྨ་བྱ་ཆེན་མོ་བསམས་ལ། དེ་ལས་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་བསྒོམ་ཞིང༌། དེས་ཁྲུས་བྱས་ལ་དོན་བྱའོ། །ཞེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་
པའི་དཀའ་འགྲེལ་ལས་སོ། །གསུམ་པ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །འདིའི་ཚེ་སྒྲུབ་ཉམས་སུ་ལེན་པར་འདོད་པས། ཐོ་རངས་བྱ་ཁྭ་ཏའི་སྐད་མ་གྲག་པའི་ཚེ་མལ་ནས་ལངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མྃ་ལྗང་གུ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་གཉིས་མ། ཞལ་འཛུམ་བག་དང་ལྡན་པ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་རྨ་བྱའི་མཇུག་སྒྲོ་དང༌། གཡོན་པས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་བསྐྱེད། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མྃ་ལྗང་གུ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་སྤྱན་དྲངས། ཐུགས་ཀའི་མྃ་ཡིག་ལ་ཐིམ། བཅོམ་ལྡན་འདས་མས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་ལས་བདུད་རྩིའི་རྒྱུན་བབས། བཅོམ་ལྡན་འདས་མའི་སྐུ་གང༌། བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཟག རང་གི་སྤྱི་གཙུག་ནས་ཞུགས། སྙིང་གར་ཐིམ། ལུས་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་བར་བསམས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ།
ཞེས་མ་ཡེངས་པར་སྟོང་ཕྲག་རེ་བཟླ། མཐར་བཅོམ་ལྡན་འདས་མ་ལ་མོས་པ་རྩེ་གཅིག་ཏུ་བྱས་ལ། མརྒད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་དང༌། །དངོས་གྲུབ་ཀུན་སྩོལ་བདུད་རྩིའི་བུམ་པ་བསྣམས། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མས་བདག་གི་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ནས། ཚེ་རིང་དུ་འཚོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པས་བཅོམ་ལྡན་འདས་མ་བདུད་རྩིའི་ཆུ་རྒྱུན་དུ་ཞུ་ནས་རང་ལ་ཐིམ་པར་བསམ། རྗེས་བསྔོ་བ་བྱའོ། །དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པའི་མན་ངག རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་དཀའ་འགྲེལ་ལས་བྱུང་བའི་དོན་མ་ནོར་བར་བཀོད་པའོ། །ཞེས་པ་ནི་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའོ། །བཞི་པ་ལ་གསུམ། ལས་ཐམས་ཅད་ཀྱི་སྔོན་འགྲོ། སོ་སོའི་ཁྱད་པར། བྱེ་བྲག་གི་གསལ་བྱེད་དོ། །དང་པོ་ནི། འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོར་ལེའུ་བཞི་ཡོད་པ་ལས། ལེའུ་དང་པོ་ལའང་གསང་སྔགས་ཀྱི་སྡེ་ཚན་ཉི་ཤུ་ཡོད་པའི་ནང་གསེས་བཅུ་གསུམ་པ་འདིའི་ལས་ཚོགས་རྣམས་བསྒྲུབ་པ་ལ་སྔོན་དུ་བསྙེན་པའི་མན་ངག་ནི་འདི་ཡིན་ཏེ། འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བའམ། དཔའ་བོ་གཅིག་པུ་གྲུབ་པའི་རྗེས་སུ་གནང་བ་དང༌། གདམས་ངག་འདི་ཉིད་ཀྱི་ལུང་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པའི་སྒྲུབ་པ་པོས། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང༌། གང་ལྟར་ཡང་སྐྱབས་ཡུལ་གསལ་བཏབ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་
སྐྱབས་སེམས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་མྃ་ལྗང་གུ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཤིང༌། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་རྨ་བྱའི་མཇུག་སྒྲོ་ཐུགས་ཀར་འཛིན་པ། འཛུམ་ཞིང་ཞི་བའི་ཉམས་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་དམིགས་ལ། ལྷ་སྐུའི་གསལ་སྣང་ལ་སེམས་བཟུང་ཞིང་རྩེ་གཅིག་ཏུ་གུས་པའི་ཡིད་ཀྱིས། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་ལེགས་པར་བཟླ་བ་སྟེ་བཟླས་པའི་སྐྱོན་དང་བྲལ་བས་བཟླ། ཐུན་འཇོག་པ་ནི། བཅོམ་ལྡན་འདས་མས་བདག་ལ་ལས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་འོད་དུ་ཞུ་ནས་རང་ལ་ཐིམ་པས་ལུས་ངག་ཡིད་གསུམ་ནུས་པ་དང་ལྡན་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྨ་བྱ་ཆེན་མོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱ། དེ་ལྟ་བུའི་མངོན་རྟོགས་ཐུན་བཞི་སོགས་སུ་ཁྲུས་དང་གཙང་སྦྲ་དང་བཅས་པས་བསྒོམ་ཞིང་འབུམ་ཕྲག་བཞི་བཟླས་ན་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །གཉིས་པ་ལ་བཅུ་གསུམ་སྟེ། འབྲུམ་པ་སྲུང་བ། དུག་གཞིལ་བ། ནད་གདོན་ཞི་བ། ཚེ་སྲིང་བ། ཞི་བའི་སྦྱིན་སྲེག ནད་ཐམས་ཅད་ལས་ཐར་བ། ཡན་ལག་དང་མགོའི་ནད་སེལ་བ། རྨ་གསོ་བ། སྤྲྀ་ཧ་བཅད་པ། རིམས་དང་འབྱུང་པོ་སེལ་བ། སྲིད་
སྲུང་བ། མངལ་སྲུང་བ། གཡུལ་ལས་རྒྱལ་བ་སྟེ། དེ་རྣམས་ནི་རྒྱུད་ནས་གསུངས་པའི་རྫས་རྣམས་ཚོགས་པར་བྱས་ལ་བསྒྲུབ་པས་གྲུབ་པར་འགྱུར་རོ། །དེ་ཡང་ཁོང་དུ་བཏང་བ་དང་བྱུགས་པ་སོགས་ཀྱི་རྫས་སོ་སོ་སྔགས་བཟླས་པའི་ཕུས་གདབ་པ་ཁོ་ནས་ཀྱང་རུང་མོད། གཟུངས་སྒྲུབ་དང་མཐུན་པར་སྦྱར་ན་ལེགས་པས། བསྒྲུབ་གཞི་གང་ཡིན་རང་གི་མདུན་དུ་རིན་པོ་ཆེ་ལ་སོགས་པའི་སྣོད་ཀྱི་ནང་དུ་དགོད། བསྙེན་པའི་རྣལ་འབྱོར་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་མ་རང་ལ་བསྟིམས་པའི་རྗེས། རྫས་ཀྱི་སྟེང་དུ་ཟླ་བ་ལ་མྃ་ཡིག་ལྗང་གུའི་མཐར་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་རྫས་ལ་ཐིམ་པར་གྱུར་པའི་མོས་པས་སྔགས་བཟླས་མཐར། སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་ནས་རྫས་ལ་ཐིམ་པས་ནུས་པ་མཆོག་དང་ལྡན་པར་བསམ་སྟེ་ཕུས་གདབ་ཅིང་ལས་ལ་སྦྱར་བས་གྲུབ་པ་ཡིན་ལ། ཚུལ་འདི་ནི་སྔགས་ཀྱིས་རྫས་སྒྲུབ་ཚུལ་ཕལ་ཆེར་ལ་སྦྱར་དུ་རུང་བ་ཉིད་དོ། །གསུམ་པ་ལ་གསུམ། སྦྱིན་སྲེག ཚེ་སྒྲུབ། སྲིད་སྲུང་གི་གསལ་བྱེད་དོ། །དང་པོ་ནི། རྗེ་བཙུན་རིན་པོ་ཆེའི་དཀའ་འགྲེལ་ལས། རྒྱུད་འདིའི་སྦྱིན་སྲེག་ཐམས་ཅད་ཀྱི་མན་ངག་ནི་འདི་ཡིན་ཏེ། ལས་བཞིའི་ཐབ་སྤྱི་དང་མཐུན་པར་བྱ། ཅི་འབྱོར་པའི་ཤིང་བརྩིག རང་རང་གི་ཐད་སོ་ནས་འབྱུང་བའི་བསྲེག་རྫས་དང་པཱུ་ཛ་མདུན་དུ་བཞག མེ་སྦར་ལ་བདུད་རྩི་འཁྱིལ་པའི་སྔགས་
ཀྱིས་བསང༌། ཐབ་ཏུ་སྐད་ཅིག་མས་མེ་ལྷ་ཞལ་གཅིག་ཕྱག་གཉིས་པ་ར་ལ་ཞོན་པ་དབྱུ་གུ་དང་གུནྡྷེ་འཛིན་པ་དགུག ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་རྫས་ཕུད་ཀྱི་སྦྱིན་སྲེག་ལན་བདུན་ཙམ་དབུལ། དེ་འབར་བའི་རྣམ་པར་གྱུར་པ་དང་རང་རང་གི་ལྷའམ་དེ་མེད་པ་རྣམས་ལ་ཡི་དམ་གྱི་ལྷ་སྐད་ཅིག་མས་བསྐྱེད། མཆོད་ལ་བསྲེག་རྫས་མང་དུ་ཕུལ་ཏེ་འདོད་པའི་དོན་ལ་གསོལ་བ་བཏབ་ལ་གཤེགས་སུ་གསོལ། འཇིག་རྟེན་པའི་མེ་ལྷ་བསྐྱེད་ལ་ལྷག་མ་སྦྱིན་ནོ། །འདོད་པའི་དོན་ལ་གསོལ་བ་བཏབ་ལ། རང་བཞིན་གྱི་གནས་སུ་བཏང་བ་སྟེ་གོང་འོག་ནས་འབྱུང་བའི་སྦྱིན་སྲེག་ཐམས་ཅད་ལ་སྦྱར་རོ། །ཞེས་གསུངས་པའི་དོན་གསལ་བར་བརྗོད་ན། སྦྱོར་བ་ནི། རང་གི་མདུན་དུ་ཞི་བའི་ཐབ་སྤྱི་དང་མཐུན་པར་བྲིས་ལ་བལ་བུ་ལ་སོགས་པའི་བུད་ཤིང་ཟླུམ་པོར་བརྩིགས་པ་ཏིང་ལོ་མེ་ཚང་དང་བཅས་པ་བཞག དེའི་མདུན་དུ་བསྲེག་རྫས། མར། ཡམ་ཤིང༌། ཏིལ་ནག་པོ་བཅས་དང༌། མཆོད་རྫས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གཞན་ཡང་དགང་བླུགས་དང་རྡོར་དྲིལ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། དངོས་གཞི་ནི། བསྙེན་པའི་རྣལ་འབྱོར་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་མ་རང་ལ་བསྟིམས་པའི་མཐར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བརླབས་པའི་བསང་ཆུ་འཐོར་བསང་སྦྱང༌། སྟོང་པའི་ངང་ལས་མཆོད་རྫས་དང་བསྲེག་རྫས་རྣམས་ལྷ་མཉེས་ཤིང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། སྔགས་ཀྱི་མཐར་ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བཏགས་པས་མེ་སྦར། ཨ་མྲྀ་ཏས་བསང་ཆུ་འཐོར། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནང་ལྷ་རྫས་ཀྱི་བུད་ཤིང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་མཚམས་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཐབ་ཀྱི་དབུས་
སུ་པདྨའི་གདན་ལ་བཞུགས་པ་ནི། སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་དབྱུ་གུ་དང་གཡོན་གུནྡྷེ་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་ལ་ཞོན་པའི་ཞལ་ཅུང་ཟད་འཛུམ་པའི་ལྗགས་ལས་འོད་ཀྱི་སྦུ་གུས་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པ་ལས་བདུད་རྩིའི་རྒྱུན་དྲངས་པས་མཉེས་པར་གྱུར་པའི་མོས་པས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། བདུན་གྱིས་མར་ཁུ་ཕུལ་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུའི་སྤེལ་ཚིག་སྦྱར། དེ་བཞིན་སྔགས་དང་སྤེལ་ཚིག་འདྲ་བས་ཡམ་ཤིང་དང༌། ཏིལ་བདུན་སོགས་ཕུལ། མར་བླུགས་གཟར་གང་བླུགས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། མེ་ལྷ་འབར་བའི་རྣམ་པར་གྱུར་ཅེས་བརྗོད་ཅིང་བསམ་པས་འཇིག་རྟེན་པའི་མེ་ལྷ་ཉིད་མེ་འབར་བའི་རྣམ་པར་བསྒྱུར་ལ། ཐབ་ཀྱི་མེའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་རིག་སྔགས་ཀྱི་རྒྱལ་མོ་སོགས་ནས། སྐུར་གྱུར་ཅེས་པའི་བར་གྱིས་འདས་པའི་མེ་ལྷ་གསལ་གདབ། ཨོཾ་མཧཱ་མ་ཡཱུ་རི་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། མརྒད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །དངོས་གྲུབ་ཀུན་སྩོལ་མཆོག་སྦྱིན་ཕྱག་རྒྱ་དང༌། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་བསྣམས། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཅོམ་ལྡན་འདས་མའི་ཞལ་ཅུང་ཟད་འཛུམ་པའི་ལྗགས་ལས་འོད་ཀྱི་སྦུ་གུས། གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པ་ལས་བདུད་རྩིའི་རྒྱུན་དྲངས་པས་མཉེས་པར་གྱུར་པའི་མོས་པས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱཧཱ། ལན་བདུན་ནམ་བརྒྱ་རྩ་སོགས་ཀྱི་མཐར་སྤེལ་ཚིག་གོང་ལྟར་སྦྱར་བས་མར་ཁུ། དེ་བཞིན་ཡམ་ཤིང༌། ཏིལ་བཅས་ཕུལ། དེ་ལྟ་
བུའི་ཚུལ་གྱིས་ཁྱད་པར་གྱི་རྫས་མར་ཁུ་དང༌། ཏིལ་ཁོ་ན་ལ་གྲངས་བཟུང་ཞིང་ཇི་ཙམ་ནུས་པ་ཕུལ་བའི་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པའི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། བཛྲ་མུཿས་ཐབ་ཀྱི་ལྷ་མོ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སླར་ཡང་མར་བླུགས་གཟར་གང་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་པས་མེ་ལྷ་ཞལ་ཕྱག་གི་རྣམ་པར་གྱུར་པར་བསམས་ལ། རྫས་ལྷག་མ་གང་ཡོད་སྔར་བཞིན་འབུལ། མེ་ལྷའི་རྒྱལ་པོས་བདག་དང་སོགས་འདོད་དོན་གསོལ། ནོངས་པ་བཤགས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་གཙྪཿས་མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། བསྔོ་སྨོན་བཀྲ་ཤིས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འདི་ནི་ལྷག་པའི་ལྷ་གང་ལའང་བསྡུས་པའི་སྦྱིན་སྲེག་ཏུ་སྦྱར་རུང་ངོ༌། །གཉིས་པ་ནི། འདིའི་ལས་ཀྱི་གཙོ་བོ་ནི་ཚེ་སྒྲུབ་ཉིད་ཡིན་ལ། དེའང་རྗེ་བཙུན་རིན་པོ་ཆེའི་དཀའ་འགྲེལ་གྱི་ཡིག་ཆ་ཕལ་ཆེར་ལས་མངོན་རྟོགས་ཀྱི་སྐབས་ཕྱག་གཡས་པར་ཚེའི་བུམ་པ་འཛིན་པར་བསྒོམ་ཞེས་འབྱུང་ནའང༌། འཕགས་པ་རིན་པོ་ཆེའི་བསྟོད་པ་དང༌། ངོར་ཆེན་རྡོ་རྗེ་འཆང་གི་སྒྲུབ་ཐབས་གཉིས་མཐུན་པར་གཡས་རྨ་བྱའི་མཇུག་སྒྲོ་དང༌། གཡོན་ཚེ་བུམ་བསྣམས་པར་གསུངས་ཤིང༌། སྒྲུབ་ཐབས་རྒྱ་མཚོ་སོགས་ལས་སྤྱིར་ཞལ་གསུམ་ཕྱག་དྲུག་མར་གསུངས་ནའང༌། ཕྱག་གཡས་ཀྱི་གསུམ་པས་རྨ་བྱའི་མཇུག་སྒྲོ་དང༌། གཡོན་གྱི་གསུམ་པས་བུམ་པ་དཀུར་བརྟེན་པར་གསུངས་པ་དང་ཡང་ཕྱོགས་མཐུན་པས་འདིར་དེ་ལྟར་ཉམས་སུ་ལེན་པ་ལ། བསྙེན་པ་ནི། རང་གི་མདུན་དུ་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་དགྲམ། གཏོར་
མ་འབུལ་ན་ཟླུམ་གཏོར་དཀར་པོ་ཉེར་སྤྱོད་དང་བཅས་པའང་བཤམ། ཁྲུས་དང་གཙང་སྦྲ་ལ་གནས་པས། ངོར་ཆེན་རྡོ་རྗེ་འཆང་གི་སྒྲུབ་ཐབས་ལས་ཇི་ལྟར་འབྱུང་བ་བཞིན་ཐུན་བཞི་སོགས་སུ་བཅད་ལ་ཉམས་སུ་བླང༌། སྔགས་འབུམ་ཕྲག་བཞི་སོགས་ཇི་ཙམ་ནུས་པ་བཟླས་པས་དུས་མ་ཡིན་པའི་འཆི་བ་སླུ་བའི་མཆོག་ཏུ་བསྔགས་ཤིང༌། སྔ་ཐུན་གྱིས་མཇུག་ཏུ་གཏོར་མ་འབུལ་ན། བཟླས་པའི་རྗེས་གཏོར་མ་དང་མཆོད་པ་ལ་ཆབ་བྲན། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ལན་གསུམ་མམ་ལྔས་ཕུལ། ཨོཾ་མཧཱ་མ་ཡཱུ་རི་ཨརྒྷཾ་སོགས་ཀྱིས་མཆོད། མརྒད་མདོག་མཚུངས་སོགས་ཀྱིས་བསྟོད་པ་མན་གཞུང་ལྟར་བྱའོ། །ཁྱད་པར་རྒྱུད་ལས། རྟག་ཏུ་བཟླས་བརྗོད་བྱས་ན་ཞེས་གསུངས་པས་ཐོ་རངས་ཀྱི་ཚེ་ཆག་མེད་དུ་ཉམས་སུ་བླངས་པས། ཇི་སྐད་གསུངས་པའི་ཕན་ཡོན་འབྱུང་བར་འགྱུར་རོ། །གསུམ་པ་ནི། རིན་པོ་ཆེའི་བུམ་པ་གཙང་མར་རྒྱུན་འབབ་ཀྱི་ཆུ་དང་དྲི་བཟང་པོའི་སྨན་གྱིས་དགང་བ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམ། བསྙེན་པའི་རྣལ་འབྱོར་སྔོན་དུ་འགྲོ་བས་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་ཧྲཱིཿལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མྃ་ལྗང་གུ་ལས་སོགས་ནས། སྐུར་གྱུར་པའི་ཕྱག་གི་བུམ་པ་དང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་འཛག་པས་བུམ་པ་
ཁེངས་པར་གྱུར་པའི་མོས་པས་སྔགས་འབུམ་ཕྲག་སོགས་བཟླ། ཐུན་གྱི་མཐར་ལྷ་མོ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་ནུས་པ་མཆོག་དང་ལྡན་པར་བསམ། དེ་ལྟ་བུའི་ཆུ་དེ་ཉིད་ཀྱིས་བུད་མེད་ལ་ཁྲུས་བྱ་སྟེ། དེའང་སྦྱོང་བ་གསུམ་སྔོན་དུ་འགྲོ་བས་བཀྲུ་བྱབས་སྲུང་གསུམ་རྣམ་འཇོམས་སོགས་ཀྱི་ཁྲུས་ཆོག་ལ་ལྷ་སྔགས་བསྒྱུར། རྒྱུན་དུའང་བུམ་ཆུའམ། བུམ་པའི་ཆུ་སྲིད་སྤེལ་གྱི་སྨན་དང་སྦྱར་བའི་རིལ་བུ་སྦྱིན། མངར་གསུམ་དང་ཞུན་མར་ལ་སྔགས་ཀྱིས་བཏབ་པ་བསྟེན་པ་སོགས་བགྱིས་པས་སྲི་ཅན་གྱི་གནོད་པ་ལས་གྲོལ་ཞིང་སྲིད་འཕེལ་བར་འགྱུར་རོ། །ཤིན་ཏུ་སྦྱངས་པའི་ནོར་བུ་བཞིན། །ལྷ་ཉིད་སྔགས་ཀྱི་ཚུལ་སྣང་བ། །གང་གིས་ཉེ་བར་བསྙེན་པ་ལས། །འདོད་པའི་དངོས་གྲུབ་མཆོག་ཏུ་སྦྱིན། །དེ་སླད་བློ་གསལ་རྨ་བྱའི་བུ་མོ་ཡིད་འོང་མ། །དགའ་བ་ཆེན་མོའི་གར་གྱིས་རྩེན་པའི་སྐྱེད་ཚལ་ན། །གདམས་ཟབ་དཱུརྦའི་ལྗོན་བཟང་སར་པའི་གྲིབ་བསིལ་ཏུ། །འགྲོ་ཀུན་གྲུབ་གཉིས་ངལ་འཚོ་རྟག་ཏུ་བསྟེན་གྱུར་ཅིག །ཅེས་རྒྱུད་དང་མན་ངག་གི་ཡི་གེ་ཕྱོགས་གཅིག་ཏུ་བསྡེབས་ཤིང་གསལ་བྱེད་ཅུང་ཟད་ཀྱིས་མཛེས་པར་སྤེལ་བ་འདིའང་མང་དུ་ཐོས་པའི་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སྟེ། ལེགས་བྱས་ཀྱི་སྣང་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། བསྟན་འགྲོའི་དགེ་མཚན་རྫོགས་ལྡན་དུས་ཀྱི་སྤྲིན་ཕུང་ལྟར་རྒྱས་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།
ངེས་བརྗོད་བླ་མའི་རྒྱུད་ལས་གསུངས་པའི་འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་རྗེས་གནང་འཁྲུལ་འཁོར་གྱི་མན་ངག་དང་བཅས་པ།
ངེས་བརྗོད་བླ་མའི་རྒྱུད་ལས་གསུངས་པའི་འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་རྗེས་གནང་འཁྲུལ་འཁོར་གྱི་མན་ངག་དང་བཅས་པ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། རྗེ་བཙུན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་འཆང་མཚུངས་རྗེ་བཙུན་བླ་ཆེན་དང༌། །བདེ་མཆོག་སྒྱུ་མའི་སྐུ་ལ་ཕྱག་བྱས་ཏེ། །ངེས་བརྗོད་རྒྱུད་ཀྱི་བྲི་དང་བསྒོམ་པའི་དོན། །རབ་ཟབ་ཉི་ཤུ་གཅིག་དང་གཉིས་པ་བཏུ། །འདིར་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་རྡོ་རྗེ་འཆང་ཉིད་སྒྲུབ་པར་འདོད་པའི་གང་ཟག་གིས། བདུད་བཞི་ཚར་བཅད་པར་བྱ་བའི་ཕྱིར་དང༌། འཆི་བ་ངེས་པར་སློང་བར་བྱེད་པའི་རྡོ་རྗེ་ལྷ་མོ་སྒོམ་པ་དང༌། འཁྲུལ་འཁོར་བྲི་བར་འདོད་པའི་སྒྲུབ་པ་པོས་དུར་ཁྲོད་དམ། ཤིང་དྲུང་ངམ། མཚན་གཅིག་པ་ལ་སོགས་པའི་དྲུང་རབ་ཏུ་དབེན་པའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་རབ་ཏུ་དཀར་བ་བསྒོམས་ལ། དེ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའི་གནས་སུ། བླ་མ་དང་རྡོ་རྗེ་ལྷ་མོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ། དེ་དག་གི་ཞབས་ལ་ཕྱག་བྱ་བ་དང༌། མེ་ཏོག་ལ་སོགས་པ་ཇི་ལྟར་འབྱོར་པས་མཆོད་པར་བྱ་བ་དང༌། སྔར་བྱས་པའི་སྡིག་པ་ཐམས་ཅད་བཤགས་ཤིང་ཕྱིས་མི་བྱེད་པར་བསྡམ་པ་དང༌། སོ་སོ་སྐྱེ་བོ་ནས་བརྩམས་ཏེ་སངས་རྒྱས་ཀྱི་བར་གྱི་དགེ་
བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པའི་དོན་དུ་བསྔོ་བ་དང༌། ཚངས་པའི་གནས་བཞི་བསྒོམ་པ་སྟེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་རང་གི་སེམས་སྒྱུ་མ་ལྟ་བུ་དང༌། སྒྱུ་མའང་རང་བཞིན་མེད་པ་དང༌། དེའང་སྣང་བས་དབེན་པར་བྱ་བའི་དོན་དུ་ཤཱུ་ནྱ་ཏཱའི་སྔགས་བརྗོད་ལ་མི་དམིགས་པར་བྱའོ། །དེ་ཉིད་ཀྱི་ངང་ལས་སའི་ཕྱོགས་དེར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམས་ལ། ཧཱུྃ་དེ་ལས་འོད་འཕྲོས་པས། རྡོ་རྗེའི་རྭ་བ་དང༌། དྲྭ་བ་དང༌། གུར་དང༌། བླ་རེ། མདའི་དྲྭ་བ་དང་བསྐལ་པའི་མེ་ལྟ་བུའི་མེ་རི་རབ་ཏུ་འབར་བ་དང༌། རྡོ་རྗེའི་ས་གཞིའི་བར་བསྒོམ་པར་བྱའོ། །འདི་ལ་ཤིན་ཏུ་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ངེས་བརྗོད་ཀྱི་རྒྱུད་འདི་ཉིད་ཀྱི་ལེའུ་བཞི་པ་ལས་འབྱུང་བ་བཞིན་དུ། ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་བསྒྱུར་དང༌། ཐུན་མོང་གི་སྲུང་བའི་འཁོར་ལོ་བཅུ་གཅིག་བསྒོམ་པ་དང༌། ཞལ་བཞི་པའི་སྔགས་དང༌། སེ་གོལ་གྱི་སྒྲས་བགེགས་བསྐྲད་པ་དང༌། ཕུར་བུའི་སྔགས་དང་བཅས་པས་བགེགས་རྣམས་ཕུར་བུས་གདབ་
པར་བྱ་བའི་བར་དུ་རྒྱས་པར་བྱའོ། །གང་ལྟར་ཡང་རུང་སྟེ་སྲུང་བའི་འཁོར་ལོའི་དབུས་སུ་སྐད་ཅིག་ཙམ་གྱིས། པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཁ་དོག་དཀར་པོ་བསམ་པར་བྱའོ། །ཧཱུྃ་དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ་འཕགས་པ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་ཚུར་འདུས་པ་ལས་སྐད་ཅིག་ཙམ་གྱིས་ཕྱིར་ཟློག་མ་ཞེས་བྱ་བ། རྡོ་རྗེའི་ལྷ་མོ་ངེས་པར་འཆི་བའམ་འཚོ་བར་མཛད་མ། སྐུ་མདོག་དཀར་ཞིང་ན་བཟའ་དཀར་བས་བརྒྱན་པ། བདུད་སྡིག་ཅན་དང་དབང་ཕྱུག་ལ་སོགས་པའི་བགེགས་ཐམས་ཅད་ཀྱི་སྟེང་ན་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བརྐྱངས་པས་བཞུགས་པ། ཞལ་བརྒྱད་མ། ཕྱག་བཅུ་དྲུག་མ། རྩ་བའི་ཞལ་ནི་དཀར་ཞིང་རབ་ཏུ་ཞི་བའི་སྤྱན་གསུམ་དང་ལྡན་པ། ཞི་བ་ཡིན་མོད་ཀྱི་འོན་ཀྱང་མཆེ་བ་ཅུང་ཟད་དང་ལྡན་པའོ། །གཡས་པ་ནི་སྔོ་བ་དང་དམར་བ་དང་སེར་བའི་ཞལ་གསུམ་སྟེ། དྲག་ཏུ་བཞད་ཅིང་ཁྲོ་བའི་སྤྱན་གསུམ་དང་ལྡན་པ་ཡིན་ནོ། །གཡོན་པ་ནི་དམར་བ་དང་ལྗང་བ་དང་དུད་ཁ་སྟེ། རབ་ཏུ་ཁྲོས་པ་ཤིན་ཏུ་དམར་བའི་སྤྱན་གསུམ་དང་ལྡན་པ་ཡིན་ནོ། །སྟེང་གི་ཞལ་ནི་ཤིན་ཏུ་སྒེག་ཅིང་མཛེས་མ་ཞི་བ་རབ་ཏུ་དཀར་ཞིང་སྤྱན་གསུམ་དང་ལྡན་པ་ཡིན་ནོ། །ཡང་ན་འདི་ནི་ཞལ་བཞི་པ་སྟེ། གཡས་སྔོ་ཞིང་གཡོན་དམར་བ། གཉིས་ནི་རབ་ཏུ་ཁྲོས་པ་ཡིན་ལ། སྟེང་གི་ཞལ་བཞི་པ་ནི་ཤིན་ཏུ་སེར་བ་ཡིན་ནོ། །ཕྱག་བཅུ་དྲུག་གི་གཡས་པ་བརྒྱད་ནི། དང་པོ་ན་རྡོ་རྗེ། གཉིས་པ་ན་ཞགས་པ། གསུམ་པ་ན་རལ་གྲི། བཞི་པ་ན་དགྲ་སྟྭ། ལྔ་པ་ན་ལྕགས་ཀྱུ། དྲུག་པ་ན་མདའ། བདུན་པ་ན་ཐོ་བ། བརྒྱད་པ་ན་འཁོར་ལོ། གཡོན་གྱི་དང་པོ་ན་དྲིལ་བུ། གཉིས་པ་ན་སྡིགས་མཛུབ། གསུམ་པ་ན་བུམ་པ། བཞི་པ་ན་མདུང༌། ལྔ་པ་ན་ཐོད་པ། དྲུག་པ་ན་གཞུ། བདུན་པ་ན་ཁ་ཊྭཱྃ་ག བརྒྱད་པ་སྐྱབས་སྦྱིན་གྱི་ཕྱག་རྒྱའོ། །རིན་པོ་ཆེ་དང་མི་རུས་ཀྱི་ཕྲེང་བའི་རྒྱན་གྱིས་བརྒྱན་པའོ། །སྟག་གི་པགས་པའི་ཤམ་ཐབས་ཅན་བསྐལ་པའི་མེ་རི་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེའི་ཐུགས་དཀར་འོག་ནས་འཆད་པར་འགྱུར་བའི་བྲི་བའི་སྐབས་དང་མཐུན་པའི་འཁོར་ལོ་རབ་ཏུ་
རྒྱས་པ། ཤིན་དུ་གསལ་བ། ཟླ་བའི་སྟེང་དུ་བསྒོམ་སྟེ། དེའི་དབུས་སུ་ཡི་གེ་ཧཱུྃ་ལས་འོད་ཟེར་སྤྲོས་ནས་བདག་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཇི་ལྟར་འབྱོར་བའི་ཡིད་ཀྱིས་ནམ་མཁའ་ལ་བཞུགས་པ་ལ་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པས་བདག་གི་ལུས་ལ་བསྟིམ་པར་བྱའོ། །ཡང་འོད་ཟེར་གྱི་རྣམ་པས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ། དབང་བསྐུར་བར་གསོལ་བ་གདབ་ལ། དེ་བཞིན་གཤེགས་པའི་ཚོགས་ཀྱིས་དབང་བསྐུར་ནས་ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་མི་བསྐྱོད་པ་དབུས་སུ་བཞུགས་པའི་དེ་བཞིན་གཤེགས་པ་ལྔས་དབུར་བརྒྱན་པར་བྱའོ། །དེ་ནས་ཡིད་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་བདག་ཉིད་ལ་མཆོད་ཅིང་བསྟོད་ལ། བདུད་རྩི་མྱངས་པས་མཉེས་པར་བྱ་སྟེ། ལྷའི་སྐུ་མདོག་དང་ཕྱག་མཚན་ལ་དམིགས་ཤིང༌། གཙོ་བོར་འཁོར་ལོ་གསལ་གདབ་པའི་ཚུལ་གྱིས་ཡུན་རིང་དུ་བསམ་གཏན་བྱའོ། །གལ་ཏེ་སྐྱོ་བར་གྱུར་ན་གསང་སྔགས་བཟླ་བར་བྱ་སྟེ། ཨོཾ་ཨ་མྲྀ་ཏ་སཉྫཱི་བཱ་ནི། མ་ཧཱ་ཨ་མྲྀ་ཏ་སུ་མུ་ཁེ་ཛཱི་བྃ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བཛྲ་པདྨ་ས་མ་ཡོ་གེ་མ་ཧཱ་བོ་དྷི་ཙིཏྟ། བིསྠཱ་སིཏཱ་མཱུཏྟེ་ཧཱུྃ་ཧཱུྃ་ཨ་ཨཿ ཨཾ་ཨཱཿཧ་སྭཱ་ཧཱ། འདི་ནི་ཁྲི་ཙམ་བཟླས་བྱས་པས། །འཆི་བ་ཐམས་ཅད་འཚོ་བར་བྱེད། །དུས་མིན་འཆི་བ་ཞི་འགྱུར་ཞིང༌། །འཆི་བ་ལས་ནི་ངེས་པར་སློང༌། །དེ་ལྟ་བུའི་ཚུལ་གྱིས་སྔོན་དུ་བསྙེན་པ་འབུམ་ལ་སོགས་པ་སོང་བའི་སྒྲུབ་པ་པོས། གསང་སྔགས་ཀྱི་ལས་ཀྱི་ཤམ་བུ་གདགས་པའི་སྒོ་ནས་དངོས་གྲུབ་ཕྲ་མོ་རྣམས་སྒྲུབ་པར་འདོད་ན། གསང་སྔགས་གོང་མ་རྣམས་ཀྱི་གཤམ་དུ་ཧི་ཧི་ཞེས་བརྗོད་ན། གསང་སྔགས་ཐམས་ཅད་བཟླས་པར་འགྱུར་རོ། །ཧཱུྃ་ཧཱུྃ་གིས་སྔགས་ཐམས་ཅད་ཀྱི་བསྙེན་པ་རྫོགས་པར་འགྱུར་རོ། །ཧ་ཧ་ཞེས་པས་བདག་ལ་སངས་རྒྱས་རྣམས་མགུ་བར་འགྱུར་རོ། །ཧེ་ཧེ་ཞེས་པས་དེ་བཞིན་གཤེགས་པ་རྣམས་དགྱེས་པར་འགྱུར་རོ། །ས་ས་ཞེས་པས་སངས་རྒྱས་རྣམས་བསྙེན་བཀུར་བྱས་པར་འགྱུར་ཏེ། ལེགས་སོ་ཞེས་བདག་ལ་དགྱེས་པར་འགྱུར་རོ། །ཏྲྱྃ་ཏྲྱྃ་གིས་དེ་བཞིན་གཤེགས་
པ་རྣམས་མཆོད་པར་འགྱུར་རོ། །ལྃ་ལྃ་གིས་ནི་ཤིས་པར་འགྱུར་རོ། །ཧྲིཾ་ཧྲིཾ་གིས་ནི་དངོས་གྲུབ་ཐམས་ཅད་འཛིན་པར་འགྱུར་རོ། །ཧྃ་ཧྃ་གིས་ནི་བདག་གཞན་བསྲུང་བར་འགྱུར་རོ། །ཧོ་ཧོ་ཞེས་བརྗོད་པས་རྗེས་སུ་ཆགས་པར་འགྱུར་རོ། །ཌྃ་ཌྃ་གིས་དངོས་གྲུབ་ཐམས་ཅད་འགུགས་པར་འགྱུར་རོ། །ཡང་ཚར་བཅད་པར་བྱ་བའི་ཕྱིར། ཧཱུྃ་ཧཱུྃ་གིས་མདུན་དུ་བསྒྲུབ་བྱ་དམིགས་ལ། ཛཿཛཿཞེས་པས་བཀུག་སྟེ། ཧཱུྃ་ཧཱུྃ་གིས་ཕུར་བུས་གདབ། ཕཊ་ཕཊ་ཀྱིས་གསད་པར་བྱ། ཡང་ཏྲཱྃ་ཏྲཱྃ་གིས་བགེགས་རྣམས་བཀུག་ལ། ཧཱུྃ་བྷྲཱུྃ་གྱིས་གསད་དེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་ཐལ་བར་བརླག་པར་བྱའོ། །ཧ་ཧ་ཞེས་པས་དགྲ་བགེགས་རྣམས་བསྲེག་པར་བྱའོ། །བྱ་བྱ་ཞེས་པའམ། བྷུྃ་བྷུྃ་ཞེས་པས་བདག་གཟི་བརྗིད་བསྐྱེད་པར་བྱའོ། །གྷུ་གྷུ་ཞེས་པས་མེ་ཏོག་ལ་བཟླའོ། །གྃ་གྃ་ཞེས་པས་དྲིལ་བཟླ་བར་བྱའོ། །རྃ་རྃ་ཞེས་པས་མར་མེ་ལ་བཟླ་བར་བྱའོ། །ལས་ཐམས་ཅད་འགྲུབ་པར་བྱེད་པ་ལྷའི་རྣལ་འབྱོར་དང་བཟླས་བརྗོད་བསྟན་ཟིན་ཏོ། །ད་ནི་ལས་ཐམས་ཅད་འགྲུབ་པའི་འཁོར་ལོ་བྲི་བ་བརྗོད་པར་བྱ་སྟེ། དེ་ལ་བྲི་བའི་གཞི་ནི་ལས་འཇམ་པོ་རྣམས་ལ་གྲོ་གའམ་རས་ལ་བྲི་བར་བྱའོ། །དྲག་པོ་རྣམས་ལ་མིའི་པགས་པའམ། དུར་ཁྲོད་ཀྱི་རས་ལ་བྲི་བར་བྱའོ། །གང་ལྟར་ཡང་ཤོག་བུ་ལ་བྲིས་པ་ལ་ཉེས་པ་མེད་དོ། །ཞེས་བླ་མ་རྣམས་གསུང་ངོ༌། །བྲི་བར་སྣག་ཚ་ནི་སྐྱེས་པའི་ཐོད་པར་པདྨའི་རྩ་བའི་སྡོང་བུ་ལས་ཚིལ་ཆེན་གྱི་མར་མེ་སྦར་ལ། བུད་མེད་ཀྱི་ཐོད་པས་ཁ་བཀང་པ་ལས་དུ་བ་བླང་བར་བྱའོ། །དེ་ན་ཌོཾ་བི་ནཱི་བྲམ་ཟེའམ་རྒྱལ་པོའི་བུ་མོའི་དང་པོའི་རང་བྱུང་དང༌། བྱང་ཆུབ་ཀྱི་སེམས་དང་གསུམ་སྦྱར་ཏེ་སྦྱིན་དང་ལྡན་པར་བྱའོ། །དེ་ལ་ཞི་བའམ། རྒྱས་པའམ། དབང་ངམ། སྲུང་བའམ། ཕྱིར་ཟློག་པ་དེའི་ཚེ་ག་བུར་གི་ཧཾ་དང་གུར་གུམ་རྣམས་དང་བསྲེ་བར་བྱའོ། །དྲག་པོའི་ལས་ལ་ནི་དེའི་སྟེང་དུ་ཁྲག་དང་དུག་ཀྱང་བསྲེ་བར་བྱའོ། །བྲི་བའི་སྣག་ཚའོ། །དེ་ནས་བྲི་ཐབས་ཀྱི་ཆོ་ག་ནི། བདག་སྔར་གྱི་རྣལ་འབྱོར་དང་གསང་སྔགས་དང་ལྡན་པའམ། ཡང་ན་འདིའི་སྐབས་སུ་ཧེ་རུ་ཀའི་རྣལ་འབྱོར་དང་གསང་སྔགས་
ཀྱིས་ཀྱང་འགལ་བ་མེད་པར་རྒྱུད་ནས་གསུངས་ཏེ། དེའང་འཁོར་ལོ་བདེ་མཆོག་གི་ང་རྒྱལ་དང་ལྡན་པས། ཨོཾ་ཧྲཱི་ཧ་ཧ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཧཱུྃ་ཧཱུྃ་པཱ་པཾ་ཕཊ། ཅེས་ལན་མང་དུ་ཟློས་ཤིང་བྲི་བར་བྱའོ། །དེ་ལ་དབྱིབས་ཀྱི་ཁྱད་པར་ནི་བྲི་བའི་གཞི་ལ་ལེགས་པར་ཤོང་ཞིང་མཛེས་ན་ནི་ཆུང་བ་དང༌། སྤེལ་ཚིག་གི་ཡི་གེ་མང་པོ་དགོས་ན་བྲི་གཞི་ཆེ་བར་བྱ་བ་གང་ཡང་རུང་བ་ལ་ཉེས་པ་མེད་དོ། །དེའང་ལྟེ་བའི་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་ཕྱོགས་རེ་རེར་རྭ་གསུམ་གསུམ་དང་ལྡན་པ་སྟེ། དེ་ལྟར་ན་རྩེ་མོ་བཅུ་གཉིས་བར་འགྱུར་རོ། །དེའི་ལྟེ་བ་ལ་ཡི་གེ་ཧཱུྃ་ཆེན་པོ་གཅིག་གི་ལྟོ་བར་བྃ་བྲིས་ལ། དེའི་ལྟེ་བ་ལ་ཨོཾ་ཨཱཿཧཱུྃ་ཆེ་གེ་མོ་རཀྵཿརཀྵཿཞེས་བྱ་བ་ལ་སོགས་པའི་ལས་ཀྱི་ཤམ་བུ་སྤེལ་བར་བྱའོ། །སྤེལ་ཚིག་རྣམས་ནི་འོག་ནས་འབྱུང་བ་ཐམས་ཅད་ལ་སྦྱར་བར་བྱའོ། །སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞིའི་ས་བོན་མ་ནིང་བཞི་དང་སྤེལ་བ་བྲི་སྟེ། ཤར་དུ་ཌཱྃ་རྀ་ཆེ་གེ་མོ་ཞེས་བྱ་བའི་སྤེལ་ཚིག་བྲི་བར་བྱའོ། །དེ་བཞིན་དུ་སྤེལ་ཚིག་དང་བཅས་པ་སྟེ། བྱང་དུ་ལྃ་རཱྀ། ནུབ་ཏུ་ཁྃ་ལྀ། ལྷོ་རུ་རཱུྃ་ལཱྀ། ཞེས་བྱ་བའོ། །དེའི་ཕྱི་རོལ་དུ་མུ་ཁྱུད་ཕྲ་བ་གཅིག་ལ་དབྱངས་ཡིག་མ་ནིང་དང་བྲལ་བ་བཅུ་གཉིས་ཤར་ནས་བརྩམས་ཏེ། གཡོན་སྐོར་དུ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་པདྨ་འདབ་མ་བརྒྱད་པ་ཅིག་ལ་ཐུགས་ཀྱི་འཁོར་ལོའི་ས་བོན་རྣམས་ཧཱུྃ་དང་སྤེལ་བ་བྲི་བར་བྱ་སྟེ། དེ་ལ་ཧཱུྃ་དང་ས་བོན་གྱི་བར་དུ་མིང་གཞུག་པའམ། གཉིས་ཀའི་གཤམ་དུ་མིང་གཞུག་པར་བྱ་སྟེ། དེ་ལའང་འདི་ལྟར་ཤར་དུ་ཁྃ་བྲྃ་ཆེ་གེ་མོ་རཀྵ་རཀྵ་ཧཱུྃ་ཞེས་བྱ་བའམ། ཁྃ་པྲྃ་ཧཱུྃ་ཆེ་གེ་མོ་རཀྵ་རཀྵ། ཞེས་བྱ་བ་སྟེ་ཇི་ལྟར་བདེ་བར་བྲི་བར་བྱའོ། །དེ་བཞིན་དུ་རྒྱས་པ་ཀུན་ལ་སྦྱར་ཏེ་ཤེས་པར་བྱའོ། །བྱང་དུ་ཀྃ་ཙྃ་ཧཱུྃ། ནུབ་ཏུ་ཀྃ་བྃ་ཧཱུྃ། ལྷོར་པྃ་མྃ་ཧཱུྃ། མེར་སུྃ་བྃ་ཧཱུྃ། སྲིན་པོར་ཨིཾ་ཁྃ་ཧཱུྃ། དབང་ལྡན་དུ་བྃ་ལྃ་ཧྲྃ་ཧཱུྃ། ཞེས་བྱ་བའོ། །དེའི་ཕྱི་རོལ་དུ་མུ་ཁྱུད་ཕྲ་བ་གཅིག་ལ་འདབ་མ་རེ་རེའི་ཐད་སོར་གསལ་བྱེད་བརྒྱད་དེ། འདི་ལྟར་ཤར་ནས་གཡོན་སྐོར་གྱིས། ཀྃ་ཁྃ་གྃ་གྷྃ། མེ་ནས་བཟུང་སྟེ་གཡས་སྐོར་གྱིས། ངྃ་ཙྃ་ཚྃ་ཛྃ།
ཞེས་བྱ་བའོ། །དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེ། ཕྱོགས་རེ་རེར་རྭ་གསུམ་གསུམ་པའི་དབུས་མ་རྣམས་ལ་ཞལ་བཞི་པའི་སྔགས་ཤར་ནས་བརྩམས་ཏེ་གཡོན་སྐོར་དུ་བྲི་བར་བྱའོ། །ཤར་ཕྱོགས་སུ། ཨོཾ་སུམྦྷ་ནི་སུམྦྷ་ཆེ་གེ་མོ་རཀྵ་རཀྵ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ་ཐམས་ཅད་ལ་སྤེལ་ཚིག་དང་བཅས་པ་སྟེ། བྱང་ཕྱོགས་སུ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ནུབ་ཕྱོགས་སུ་ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ལྷོར་ཨཱ་ན་ཡ་ཧོ། བྷ་ག་ཝཱཾ་བཛྲ་རཱ་ཛཱ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བའོ། །དེའི་ཕྱི་རོལ་དུ་འདབ་མ་བཅུ་དྲུག་པ། འདབ་མ་རྣམས་ཀྱི་དབྱངས་ཐུང་བ་སྟེ། བྲི་བའི་གཞི་ཕྲ་བ་ཞིག་ལ་ཤར་ནས་བརྩམས་ཏེ་ཨཱ་ལི་བཅུ་དྲུག་གཡོན་སྐོར་གྱིས་བྲི་བར་བྱའོ། །འདབ་མ་བཅུ་དྲུག་པའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུ་དྲུག་པ་སྟེ། གསུང་གི་འཁོར་ལོ་དང༌། སྐུའི་འཁོར་ལོ་ཕྱོགས་མཚམས་བརྒྱད་དུ་འཁོར་ལོ་རྩིབས་གཉིས་གཉིས་པ་བརྟན་པར་བྲིའོ། །དེའང་གཙོ་བོ་ལ་ཞལ་བལྟས་པའི་གཡས་ངོས་རྣམས་སུ་ནི་སྐུའི་འཁོར་ལོ་རྣམས་འོང་ལ། སྐུའི་འཁོར་ལོ་ཞལ་ནང་དུ་བལྟས་པའི་གཡོན་ངོས་རྣམས་སུ་ནི་གསུང་གི་འཁོར་ལོ་རྣམས་ཧྲཱིཿདང་སྤེལ་བ། སྐུའི་འཁོར་ལོ་རྣམས་ནི་ཨྃ་དང་སྤེལ་ཞིང༌། སོ་སོ་ལ་བསྒྲུབ་བྱའི་མིང་དང་སྤེལ་བར་བྱ་སྟེ། སྤེལ་ལུགས་གཉིས་པོ་ནི་ཐུགས་ཀྱི་འཁོར་ལོའི་སྐབས་སུ་བཤད་པ་ལྟར་ཡིན་ནོ། །དེ་ལ་གསུང་གི་འཁོར་ལོའི་ཤར་ཕྱོགས་སུ། ཨཱྃ་ཨཱཾ་ཧྲཱིཿ བྱང་དུ་བྃ་མྃ་ཧྲཱིཿ ནུབ་ཏུ་བྃ་མྃ་ཧྲཱིཿ ལྷོར་པྃ་སུྃ་ཧྲཱིཿ མེར་སུྃ་ཤྃ་ཧྲཱིཿ སྲིན་པོར་བྃ་སུྃ་ཧྲཱིཿ རླུང་དུ་མུྃ་ཧྃ་ཧྲཱིཿ དབང་ལྡན་དུ་བིཾ་ཁྃ་ཧྲཱིཿ ཞེས་བྱ་བ་བྲིའོ། །སྐུའི་འཁོར་ལོའི་ཤར་ཕྱོགས་སུ་མྃ་ཙྃ་ཨོཾ། བྱང་དུ་རྃ་ཁྃ་ཨོཾ། ནུབ་ཏུ་ཧྃ་སྃ་ཨོཾ། ལྷོར་ཨྃ་ཙྃ་ཨོཾ། མེར་ཧེཾ་སུྃ་ཨོཾ། སྲིན་པོར་བྃ་མྃ་ཨོཾ། རླུང་དུ་བཻཾ་ཙྃ་ཨོཾ། དབང་ལྡན་དུ་བྃ་མྃ་ཨོཾ། ཐམས་ཅད་དུ་ཡང་བསྒྲུབ་བྱའི་མིང་སྤེལ་བར་བྱ་སྟེ། དེའང་ས་བོན་གཉིས་ཀྱི་མགོ་ཨོཾ་ལ་སོགས་པའི་གོང་དུ་བྲི་བར་གཞུང་ལས་མངོན་ནོ། །དེའི་ཕྱི་རོལ་ཏུ་མུ་ཁྱུད་ཕྲ་བ་གཅིག་ལ། ས་བོན་རྣམས་བྲི་བ་ནི། གསུང་གི་འཁོར་ལོའི་ཤར་ཕྱོགས་
ནས་གཡོན་སྐོར་གྱིས། ཛྷྃ་ཉྃ་ཊྃ་ཋྃ། མེ་མཚམས་ནས་གཡས་སྐོར་གྱི་རིམ་པས། ཌྃ་ཌྷྃ་ཎྃ་ཏྃ། སྐུའི་འཁོར་ལོའི་ཤར་ནས་གཡོན་སྐོར་གྱི་རིམ་པས། ཐྃ་དྃ་དྷྃ་ནྃ་ངོ༌། །མེ་མཚམས་ནས་གཡས་སྐོར་གྱི་རིམ་པས། པྃ་པྃ་པྃ་བྷྃ། ཞེས་བྱ་བ་རྣམས་བྲི་བར་བྱའོ། །དེ་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་གྲུ་བཞི་པ་ལ་སྒོ་བཞི་པ་བྲིས་ལ། སྒོ་བཞིར་སྒོ་མ་བཞིའི་ས་བོན་དང༌། ཡ་ར་ལ་ཝ་དང༌། ཧཱུྃ་སྤེལ་བ་བྲི་བར་བྱ་སྟེ། དེའང་ཤར་དུ་ཀཱྃ་ཡྃ་ཆེ་གེ་མོ་ལ་རཀྵ་རཀྵ་ཧཱུྃ། དེ་བཞིན་དབང་ལྡན་དུ་ཨྃ་རྃ་ཧཱུྃ། ནུབ་ཏུ་སྭཱྃ་ལྃ་ཧཱུྃ། ལྷོར་སཱུྃ་ཝྃ་ཧཱུྃ། ཡང་མཚམས་བཞིར་མཚམས་མའི་ས་བོན་དང༌། ཤ་ཥ་ས་ཧ་དང༌། ཕཊ་སྤེལ་བར་བྱ་སྟེ། དེའང་མེར་ཡྃ་ཤྃ་ཆེ་གེ་མོ་ལ་རཀྵ་རཀྵ་ཕཊ། ཅེས་བྱའོ། །དེ་བཞིན་དུ་སྲིན་པོར་ཡྃ་ཥྃ་ཕཊ། རླུང་དུ་ཡྃ་སྃ་ཕཊ། དབང་ལྡན་དུ་ཡྃ་ཧྃ་ཕཊ། ཅེས་པ་བྲིའོ། །སྒོ་མཚམས་ཀྱི་སྟེང་དུ་རྡོ་རྗེ་རྩེ་མོ་བཞི་པའི་ཁོངས་སུ་རྭ་དབུས་མའི་ཚུལ་དུ་ཁྲོ་བོའི་ཞལ་བྲི། མཚམས་རྣམས་སུ་ཉི་མ་དང་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་བཞི་པའི་ཁོངས་སུ་སྔ་མ་བཞིན་ཁྲོ་བོའི་ཞལ་བྲི། ཁྲོ་བོ་རྣམས་ཀྱི་ཞལ་གྱི་ནང་དུ་རྐང་པ་བརྒྱད་པའི་སྔགས་ཕྱོགས་རྣམས་ནི་ཤར་ནས་གཡོན་སྐོར། མཚམས་རྣམས་ནི་མེ་ནས་གཡས་སྐོར་དུ་བྲི་བར་བྱའོ། དེ་ལ་ཤར་དུ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤ་ཡ། ཆེ་གེ་མོ་ལ་རཀྵ་རཀྵ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ་ཐམས་ཅད་ལ་སྤེལ་ཚིག་དང་བཅས་པ་སྟེ། བྱང་དུ། ཨོཾ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ནུབ་ཏུ་ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ལྷོར་ཨོཾ་དྃཥྚཱ་ཀ་ར་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། མེར་ཨོཾ་སཧ་སྲ་བྷུ་ཛ་བྷཱ་སུ་རཱཾ་ཡ་ཧཱུྃ་ཧཱུྃ་ཕཊ། སྲིན་པོར་ཨོཾ་པར་ཤུ་པཱ་ཤོདྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ། རླུང་དུ་ཨོཾ་བྱཱ་གྷྲ་ཛི་ནཱམྤ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། དབང་ལྡན་དུ་ཨོཾ་མཧཱ་དྷཱུ་མྦནྡྷ་ཀཱ་ཝ་པུཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བྲིའོ། །ཁྲོ་བོའི་ཞལ་རྣམས་ཀྱི་བར་བརྒྱད་དུ་ཉི་མ་དང་ཟླ་བའི་སྟེང་དུ་རྡོ་རྗེ་ཕྱེད་པ་རེ་བྲི་བར་བྱའོ། །ཞེས་གསུངས་སོ། །དེའི་ཕྱི་རོལ་དུ་མུ་ཁྱུད་ལ་ཕྱིར་ཟློག་པ་སྲུང་བ་ཆེན་མོའི་སྔགས་བྲི་བར་བྱ་སྟེ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་ཧེ་རུ་ཀཱ་ནཱ། ཨོཾ་ཧཱུྃ་བཛྲ་ཧེ་རུ་ཀ ཙ་ཀྲ་
ཝརྟི་སརྦ་ལོ་ཀི་ལོ་ཀོཏྟ་ར་ནི། ཡནྟ། མནྟ། ཏནྟྲ། ཙཱུརྞ་པྲ་ཡོ་ག་དི་ནི་ཡེ་ན་ཀེ་ན། ཙི་ཏ་ཀྲྀ་ཏཱ་ནི་སརྦཱྀ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཏཛྫ་ཡ་ཏཛྫ་ཡ། གྲྀཧྞ་གྲྀཧྞ། བྷཀྵ་ཡ་བྷཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱྃ་ཀྵྨཱྃ། ཛཽཾཎ་ཛཽཎ། མ་ཐ་མ་ཐ། བི་དྷྭཱནྶ་ཡ་བི་དྷནྶ་ཡ། ཤ་ཏ་ས་ཧ་སྲ་དྷ་ཙཱུརྞ་ཡ། ཨོཾ་ཕཊ་བཛྲ་ཧེ་རུ་ཀ་ཨུཥྞཱི་ཥ། ཙཀྲ་ཝརྟི་ཏ་སྱཻ་བྃ་མུ་ཁྃ་ཙཀྵཿབནྡྷ་བནྡྷ་ཧཱུྃ་ཧཱུྃ། ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭཱ་ཧཱ། དེའི་ཕྱི་རོལ་དུ་མུ་ཁྱུད་ཕྲ་མོ་ཞིག་ལ་ཀྵའི་ཕྲེང་བ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་མུ་ཁྱུད་ཕྲ་མོ་ཞིག་ལ་དབྱངས་ཡིག་ཚར་གཉིས་གཡོན་སྐོར་དུ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་ཐ་ལོག་གི་ཕྲེང་བ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བས་ཀུན་ནས་བསྐོར་བའོ། །སྔགས་ཐམས་ཅད་ལ་མིང་དང་སྤེལ་བའི་དུས་སུ་ལས་དང་རྗེས་སུ་མཐུན་པའི་ཤམ་བུ་གདགས་པར་བྱ་སྟེ། དེའང་སྲུང་བ་ལ་རཀྵ་ཀུ་རུ་ཞེས་བྱ་བ་དང༌། ནད་དང་སྡུག་བསྔལ་ཞི་བར་འདོད་ན་ཤཱནྟིཾ་ཀུ་རུ་ཞེས་བྱ་བ་དང༌། རྒྱས་པར་འདོད་ན་ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཞེས་བྱ་བ་དང༌། དབང་དུ་བྱ་བར་འདོད་ན་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཞེས་བྱའོ། །དྲག་པོའི་ལས་རྣམས་བསྒྲུབ་བྱའི་མིང་དང་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བྱ་བ་ལ་སོགས་པ་གང་འདོད་པ་དང་སྤེལ་བར་བྱའོ། །ཕྱིར་ཟློག་པ་དང་དྲག་པོའི་ལས་རྣམས་ལ་ཡིག་མགོ་ཕྱིར་བསྟན་པ་བྲི་བར་བྱའོ། །སྲུང་བ་ལ་སོགས་པ་ལས་འཇམ་པོ་རྣམས་ལ་ཡི་གེའི་མགོ་ནང་དུ་བསྟན་ལ་བྲི་བར་བྱའོ། །ཚོན་རྩིའི་ཁ་དོག་ནི་སྤྱིར་མི་དགོས་མོད་ཀྱི་ཚོན་གྱིས་བྲི་བར་འདོད་ན། སྣ་ཚོགས་རྡོ་རྗེའི་ལྟེ་བ་དང་ཐུགས་ཀྱི་འཁོར་ལོ་སྔོན་པོར་བྱ། སྐུའི་དཀར། གསུང་གི་དམར། སྣ་ཚོགས་རྡོ་རྗེ་ཆ་གཉིས་དང༌། དཀྱིལ་འཁོར་གྱི་ཕྱོགས་དང་སྒོ་བཞི་དང༌། ཞལ་རྡོ་རྗེ་དང་བཅས་པ་དང༌། གཞི་རྣམས་ནི་ཕྱོགས་མདོག་སྟེ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་ཟླ་བ་གཅིག་དཀར། ཉི་མ་གཅིག་གཉིས་དམར། གཞན་རྣམས་ནི་ཇི་ལྟར་མཛེས་པས་བྲི་བར་བྱའོ། །ཇི་ལྟར་བྲི་བའི་དབྱིབས་བསྟན་ཟིན་ཏོ། །བྲིས་ནས་ཇི་ལྟར་བསྒྲུབ་པར་བྱ་བ་ནི། རབ་ཏུ་གནས་པ་གཞུང་གང་ཡང་རུང་བཞིན་བྱས་ལ། དེ་ནས་ལས་འཇམ་པོ་རྣམས་ལ་རང་གི་
ལུས་ཀྱི་མགོ་«རྒྱུད་ལས། རྣལ་འབྱོར་སྒྲུབ་པའི་འཁོར་ལོ་ནི། །མགོ་བོའི་ནང་དུ་སྦས་བྱས་ན། །མཁའ་འགྲོས་དེ་ལ་བྱིན་རླབས་ནི། །གདོན་མི་ཟ་བར་བྱེད་པར་འགྱུར། །ཅི་འདོད་ཐམས་ཅད་འགྲུབ་འགྱུར་ཏེ། །བགེགས་མེད་པར་ནི་དངོས་གྲུབ་འགྱུར། །ཅེས་གསུངས་སོ།། »དང་དཔུང་པ་ལ་བཅང་བ་འམ། གསེར་རམ་དངུལ་གྱི་བུམ་པའི་ནང་དུ་བདུད་རྩི་དང་དཀར་གསུམ་གྱིས་སྤངས་པའི་འབྲུ་སྣ་ཚོགས་ཀྱི་དབུས་སུ་ཙནྡན་དང་ལྡན་པའི་སྲད་བུ་དཀར་པོས་དཀྲིས་ཏེ། འབྲུའི་དབུས་སུ་བཞག་ལ། རྐང་པ་བརྒྱད་པ་ཟློས་ཤིང་མཆོད་པ་བྱས་པས་བཅང་བ་ཡིན་ནོ། །དྲག་པོ་རྣམས་ལ་རྫའམ་རྡོའི་བུམ་པར། གསད་པར་འདོད་ན་ཁྲག་དང་དུག་གི་ནང་དུ་བཞག་ལ། སྨྱོ་བར་འདོད་ན་ཆང་གི་ནང་དུ་བཅུག་སྟེ་སའི་འོག་ཏུ་སྦ་བ་ཡིན་ནོ། །དེ་ལྟར་འཁོར་ལོ་བསྒོམ་པ་དང་བཅང་བ་ལ་བརྟེན་ནས་རྩ་བ་དང་ཡན་ལག་གི་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །ཞེས་རྒྱུད་ལས་འབྱུང་བ་ཡིན་ནོ། །བསྒོམ་དང་བྲི་བའི་མན་ངག་རབ་ཟབ་པ། །ངེས་བརྗོད་རྒྱུད་ལས་མན་ངག་ཇི་བཞིན་བཏུས། །ལས་འདིས་འགྲོ་ཀུན་བདུད་ཀྱི་ཚོགས་བཅོམ་སྟེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ངེས་པར་བརྗོད་པ་རྒྱུད་བླ་མའི་ལེའུ་ཉི་ཤུ་རྩ་གཅིག་དང༌། རྩ་གཉིས་པ་ལས་འབྱུང་བའི་འཁྲུལ་འཁོར་བསྒོམ་པ་དང་བྲིས་ཏེ་བཅངས་པས་ལས་དུ་མ་འགྲུབ་པའི་སྒྲུབ་ཐབས་འདི། དད་པས་ལན་མང་དུ་གསོལ་བ་འདེབས་པའི་སློབ་མ་ཙཱ་མིའི་ངོར་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ་བྷ་ཝ་ཏུ།། ༈ །འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།། སྭ་སྟི་སིདྡྷཾ། འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་གདམས་ངག་དངོས་གྲུབ་ཀྱི་རྒྱལ་པོ་ཞེས་བྱ་བ། བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །རབ་འབྱམས་རྒྱུད་སྡེའི་ཚོགས་ལ་དབང་འབྱོར་པ། །ཇི་སྙེད་དངོས་གྲུབ་སྒྲུབ་པའི་མན་ངག་རྣམས། །སྐལ་ལྡན་འགྲོ་ལ་མ་ནོར་གསལ་མཛད་པ། །རྗེ་བཙུན་ས་
སྐྱ་པ་རྣམས་སྤྱི་བོས་མཆོད། །བདེ་མཆོག་འཁོར་ལོའི་རྩ་བའི་རྒྱུད་ཆེན་དང༌། །བཤད་པའི་རྒྱུད་ལས་བྱུང་བའི་གདམས་ངག་ཀུན། །རྗེ་བཙུན་མཆོག་གིས་བསྡུས་པའི་གསུང་རབ་ཀྱི། གསལ་བྱེད་འཆི་མེད་སྒྲུབ་པའི་གདམས་ངག་བྲི། །འདིར་དགེ་བ་སྤྱོད་པའི་གང་ཟག་རྣམས་ཀྱི་སྲོག་ནི་ཤིན་ཏུ་གཅེས་པ་ཡིན་ཏེ། གང་ཕྱིར་འདི་ན་ཡིད་འོང་བ། །སྲོག་ལས་གཞན་པ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྲོག་དེ་ཉིད་ལ་དུས་མ་ཡིན་པར་འཆི་བ་ལ་སོགས་པ་ཚེའི་བར་ཆད་དུ་མ་འབྱུང་བས། དེ་བསླུ་བ་དང་སྲོག་འཚོ་བའི་ཐབས་ལ་འབད་དགོས་ཏེ། བརྩེ་མེད་འཆི་བའི་འཇིགས་པ་ལས། །ཐར་པའི་ཐབས་ནི་འབད་དེ་བྱ། །ཞེས་པ་ལྟར་རོ། །དེས་ན། འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པར་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། །གང་ཕྱིར་རིག་པ་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་ཐམས་ཅད་འདོད་པ་ཡིན། །འཆི་བའི་མཚན་ཉིད་ལས་རིམ་ནས། །ཤེས་པར་བྱས་ལ་རིགས་པས་བཅོས། །ཞེས་པ་ལྟར་ཚེ་སྲིང་བའི་ཐབས་ལ་ནན་ཏན་དུ་བྱའོ། །དེའི་གདམས་ངག་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པའི་དགོངས་པ། བཤད་པའི་རྒྱུད་ངེས་བརྗོད་བླ་མའི་ལེའུ་ཉེར་གཅིག་པ་དང་ཉེར་གཉིས་པར་གསུངས་པའི་མན་ངག་གྲུབ་པའི་དབང་ཕྱུག་ནཱ་རོ་པ་ཆེན་པོའི་ཞལ་གྱི་བདུད་རྩི། དཔལ་ས་སྐྱ་པ་ཡབ་སྲས་ཀྱི་མན་ངག་ལྟར་བཤད་པ་ལ་དོན་གཉིས་ཏེ། ཐོག་མར་འཆི་ལྟས་བརྟག་པ་དང༌། འཆི་བ་བསླུ་བའི་མན་ངག་དངོས་སོ། །དང་པོ་ནི་འཆི་བསླུའི་གཞུང་དང༌། དཔལ་བིརྺ་པའི་མན་ངག་ཏུ་བཤད་པ་ལྟར། འཆི་རྟགས་ཀྱི་མན་ངག་རྣམས་ཞིབ་ཏུ་ཤེས་དགོས་ལ། འདིར་མདོར་བསྡུས་པ་འདི་ཙམ་ཞིག་གསུངས་ཏེ། ཡང་འཆི་ལྟས་ཀྱི་རིགས་ཁ་ཅིག་ལ་ནི། མིག་གིས་སྣ་རྩེ་མི་མཐོང༌། རང་གི་མཁྲིག་མ་མི་མཐོང༌། ཉིན་མོ་སྐར་མ་མཐོང༌། མཚན་མོ་གཞའ་ཚོན་མཐོང༌། ཟླ་ཟེར་མེ་ལྟར་ཚ། ཉི་ཟེར་ཆུ་
ལྟར་གྲང༌། ཉི་ཟླའི་སྟེང་དུ་བུ་ག་མཐོང༌། རང་གི་ཁུ་བ་ནག་པོར་མཐོང༌། རང་མི་ཡོ་བར་གྲིབ་མ་ཡོ་བ་ལ་སོགས་པར་མཐོང་བའང་གསུངས། གཉིས་པ་ལ་གཉིས། ཕྱིའི་རྣལ་འབྱོར་གྱིས་ཚེ་སྒྲུབ་པ་དང༌། ནང་གི་རྣལ་འབྱོར་གྱིས་ཚེ་སྒྲུབ་པའོ། །དང་པོ་ལ་བཞི། སྒོམ་བཟླས་ཀྱི། སྦྱིན་སྲེག་གི། བུམ་ཆོག་གི། འཁོར་ལོའི་སྒོ་ནས་ཚེ་སྒྲུབ་པའོ། །དང་པོ་ནི། གནས་དབེན་པར་མཚམས་དམ་དུ་བྱས་ལ་ཐུན་བཞིའི་ངེས་པས་སྒྲུབ་ཐབས་ལྟར་བསྒོམ་པ་དང་བཟླས་པ་ཚུལ་བཞིན་དུ་བྱའོ། །འོན་ཀྱང་དེར་མི་གསལ་བ་ཅུང་ཟད་བཤད་ན། རྒྱུན་བཤགས་ཀྱི་ཚིག་ལོ་ཨི་པ་ལྟར་རམ། མ་ནུས་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་བཏུབ། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། ཁྲོ་བོ་བཅུ་བསྒོམས་ནས་ཕུར་བུ་གདབ་པའི་བར་ཉམས་ལེན་རྒྱུན་པ་ལ་མི་མཛད། ཉི་མའི་སྟེང་དུ་ཞེས་པ་དཔེ་མང་པོ་ལ་སྣང་ཡང༌། དཔེ་ཁ་ཅིག་ཟླ་བར་ཡོད་པ་དག་པས་ཟླ་གདན་དུ་བྱ། ཞལ་བརྒྱད་མ་དང་བཞི་མ་གདམ་ང་ཅན་དུ་གསུངས་ཀྱང༌། བརྒྱད་མ་ཕྱག་ལེན་ལ་མཛད། སྔགས་དོན་ཅུང་ཟད་བཤད་ན། ཨོཾ་ནི་ཚེའི་དཔལ་སྟེར་བའི་དོན་གཅིག་གོ །ཨ་མྲྀ་ཏ། འཆི་མེད། སཾ། ཉེ་བར། ཛཱི་བཱ་ནི། འཚོ་བ། མཧཱ་ཨ་མྲྀ་ཏ། འཆི་མེད་ཆེན་པོ། སུ་མུ་ཁེ། ལེགས་པར་ཞལ་དུ། ཛཱི་ཝཾ། འཚོ་བ། པྲ་བེ་ཤ་ཡ། ཕོབ་ཅིག སརྦ། ཐམས་ཅད། བཛྲ་པདྨ། རྡོ་རྗེ་དང་པདྨ། ས་མ་ཡོ་གི། མཉམ་པར་སྦྱོར་བ། མ་ཧཱ་བོ་དྷི་ཙིཏྟ། བྱང་ཆུབ་ཀྱི་སེམས་ཆེན་པོ། བིསྠ་པི་ཏ། རྣམ་པར་གནས་པ་སྐྱོང་བ། མཱུརྟེ། སྐུ། ཧཱུྃ་རིང་པོ་གཉིས་ནི་ཐབས་ཤེས་དབྱེར་མེད། ཨ་ཨཱ་ཨོཾ་ཨ་ཧ། ཚེ་སྒྲུབ་ཀྱི་སྔགས་ཀྱི་ཤམ་བུ་ཡིན་ལ། སྭཱ་ཧཱ་ནི་གཞི་ཚུགས་ཤིག་ཅེས་པའོ། །དེ་ལྟར་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་ཁྲིའམ་འབུམ་ཕྲག་བཞི་བཟླས་པས་འཆི་བ་འཚོ་བར་འགྱུར་རོ། །ཐུན་མཚམས་སུ་ཕྱི་རོལ་མཆོད་པ་བྱེད་ན། མཎྜལ་ཆང་གིས་ཕྱུགས་ལ། དབུས་སུ་མེ་ཏོག་གི་
ཚོམ་བུ་བཀོད་ལ། མཐའ་སྐོར་དུ་མཆོད་པ་དང༌། གཏོར་མ་བདེ་མཆོག་ལྟར་བཤམ། རང་གི་མདུན་དུ་ནང་མཆོད་དང་རྡོ་རྗེ་དང་དྲིལ་བུ་ཡང་བཀོད་དོ། །དེ་ནས་མདུན་གྱི་མཆོད་པ་བྱིན་གྱི་བརླབ། མཎྜལ་ལ་བདུད་རྩི་གཏོར་ཞིང༌། སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང་སྟེ། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་པད་ཟླའི་སྟེང་དུ་སྒྲུབ་ཐབས་ལྟར་བསྐྱེད། ཐུགས་ཀར་འཁོར་ལོ་བསྒོམ། ཡེ་ཤེས་པ་བཅུག དབང་བསྐུར་ཏེ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ལ། ཨོཾ་བྷ་ག་ཝ་ཏཱི་བཛྲ་དེ་ཝཱི་ས་པ་རི་ཝཱ་ར། ཞེས་པ་སྔོན་དུ་འགྲོ་བའི་ཆུ་གཉིས། ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་འབུལ། རྒྱལ་བ་གང་གི་ཐུགས་རྗེ་ཡིས། །དུས་མིན་འཆི་བ་ཞི་འགྱུར་ཞིང༌། །འཆི་བ་ལས་ནི་ངེས་སློང་མཛད། །འཆི་མེད་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད། གཏོར་མ་དང་པོ་ལོ་ཨི་པའི་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ནས། མདུན་བསྐྱེད་ལྷ་མོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་བྱུང་བས་གཏོར་མ་ལ་ཟུག་སྟེ་བདུད་རྩིའི་རང་བཞིན་ཅན་དེ་གསོལ་བས་ཚིམ་ཞིང་ཚེའི་དངོས་གྲུབ་སྩོལ་བར་བསམས་ལ། སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཨཱ་ཡུར་སིདྡྷི་པྲ་ཡཙྪནྟུ་ཨོཾ་ཨཿཧཱུྃ་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་དབུལ། སླར་ཡང་ཕྱི་ནང་གིས་མཆོད། སྔར་བཞིན་བསྟོད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་གཞོལ་ལོ། །གཏོར་མ་གཉིས་པ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕུལ་ལ། ཚེ་ཡི་བར་ཆད་ཞི་བའི་ཕྲིན་ལས་གཞོལ། གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོ། དེ་ནས་མདུན་བསྐྱེད་ཀྱི་བཟླས་པ་འདོད་ན། བཅོམ་ལྡན་འདས་མའི་ཐུགས་ཀའི་འཁོར་ལོ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀ་ནས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་བ་འཁོར་ལོ་ལ་བསྟིམ། དེ་ལས་བྱུང་བའི་འཆི་མེད་ཀྱི་ཆུ་རྒྱུན་བདག་གི་ཁ་དང་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཞུགས་པར་བསམས་ལ་གསང་སྔགས་ཅི་ནུས་བཟླ། མཐར་
བདག་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་དངོས་གྲུབ་བླངས་ལ། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་རང་གི་སྣ་བུག་གཡོན་ནས་སྙིང་གར་བསྡུ་བ་སོགས་རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་དུ་བྱའོ། །དེ་ལྟར་བསྙེན་པ་སྔོན་དུ་སོང་ནས་ཚེའི་རྫིང་བུ་ཁ་གསོ་བའི་ཕྱིར་དུ། བདག་བསྐྱེད་བཟླས་པ་དང་བཅས་པ་མ་ཆག་པར་ཉམས་སུ་བླང་ངོ༌། །གཉིས་པ་སྦྱིན་སྲེག་གི་སྒོ་ནས་ཚེ་སྒྲུབ་པ་ནི། བསྙེན་པ་བྱེད་པའི་གནས་དེ་ཉིད་དམ་གཞན་དུའང་རུང་སྟེ། ས་ཕྱོགས་དྲི་ཞིམ་པོས་བྱུགས་པར་རྒྱས་པའི་ཐབ་ཁུང་སེར་པོ་ཁྲུ་དོ་གྲུ་བཞི་ལ། ཁ་ཁྱེར་དང་མུ་རན་སོར་བརྒྱད་པ་རེ་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ་དང༌། ཟུར་བཞིར་ཟླ་ཕྱེད་རིན་ཆེན་དང་དབུས་སུ་རིན་པོ་ཆེ་ཆ་དགུ་པ་བྲི། དེར་འབྲས་བུ་ཅན་གྱི་ཤིང་ངམ། ནགས་ཀྱི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པས་ཐབ་བརྩིག མེ་ཚང་བཅའ། ཐབ་ཀྱི་གཡོན་དུ་མཆོད་པ་དང༌། གཡས་སུ་མར་དང་ཡམ་ཤིང་དང༌། དཱུརྺ་དང་ཟས་མཆོག་རྣམས་བཤམ། རྡོ་རྗེ་དྲིལ་བུ་དང་དགང་གཟར་བླུགས་གཟར་མདུན་དུ་བཞག་སྟེ་སྦྱོར་བའོ། །དེ་ནས་རང་ཉིད་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མེ་སྦར་ཏེ་ཐབ་ཚུལ་བཞིན་དུ་བསྐྱེད་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ། སྐད་ཅིག་གིས་མེ་ལྷ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་གཡོན་རིལ་བ་སྤྱི་བླུགས་བསྣམས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསམ། དེ་ལ་མཆོད་པས་མཆོད་ནས། ཨོཾ་ཨགྣ་ཡེ་མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་ཨོཾ་སྭཱ་ཧཱ། ཞེས་པས་མར་དང༌། དཱུརྺ་དང༌། ཟས་མཆོག་རྣམས་གསུམ་གསུམ་ཕུལ་ལ། དྲང་སྲོང་ཆེན་པོས་བདག་གི་ཚེའི་བར་དུ་གཅོད་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག ཅེས་ཕྲིན་ལས་བཅོལ་བས། འབར་བར་གྱུར་པར་བསམས་ཏེ་འཇིག་རྟེན་པའི་མེ་ལྷ་ཐོག་མར་མཆོད་པའོ། །
དེ་ནས་ཐབ་ཀྱི་དབུས་སུ་པད་ཟླའི་གདན་ལ་ལྷ་མོ་སྐད་ཅིག་གིས་བསྐྱེད་པ་ནས་རྒྱས་གདབ་པའི་བར་སྒྲུབ་ཐབས་ལྟར་བྱས་ལ་མཆོད་པས་མཆོད། ལྷ་མོའི་ཐུགས་ཀར་འཁོར་ལོ་དམིགས་ནས། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཚེའི་ངོ་བོར་མོས་པས། ལྷ་མོའི་སྔགས་ཀྱི་མཐར་མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་ཨོཾ་སྭཱ་ཧཱ། ཞེས་བཏགས་ལ། མར་དང༌། དཱུརྺ་དང༌། ཟས་མཆོག་བརྒྱ་དང་བརྒྱད་རེ་དབུལ། དེ་ནས་མཆོད་པས་མཆོད་དོ། །བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་གདབ། ལྷ་མོ་རང་གི་སྙིང་གར་བསྡུས་ཏེ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་མེ་ལྷ་སྐད་ཅིག་གིས་དམིགས་ཏེ་བསྲེགས་རྫས་ལྷག་མ་ཅི་འབྱོར་པ་ཕུལ་ལ་མཆོད་ཅིང་གསོལ་བ་བཏབ་ནས་མི་དམིགས་པར་བསམས་ཏེ། འཇིག་རྟེན་པའི་མེ་ལྷ་ལྷག་མས་མཆོད་པ་སྟེ་དངོས་གཞིའོ། །དེ་ནས་ལོང་ཡོད་ན་མེ་མ་ཤིའི་བར་དུ་སྟན་དེ་ཉིད་ལ་མི་གཡོ་བར་བཟླས་པ་བྱ། མ་གྲུབ་ན་དགེ་བ་བསྔོ་བ་སོགས་བྱས་ལ་ལས་ཀྱི་རྗེས་མི་མངོན་པར་བསྡུས་ཏེ་རྗེས་ཀྱི་བྱ་བའོ། །བསྙེན་པ་ཁ་སྐོང་དུ་བྱེད་ན། གསང་སྔགས་འབུམ་ཁྲག་གཅིག་ལ་ནི། སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། ཅེས་པའི་གྲངས་དཱུརྺ་ཁོ་ན་ལ་བཟུང་ངོ༌། །གསུམ་པ་བུམ་བཟླས་ཀྱི་སྒོ་ནས་ཚེ་སྒྲུབ་པ་ནི། གནས་དབེན་པར་གཞི་བཟང་པོའི་སྟེང་དུ་བུམ་པ་ནང་རྫས་དུང་ཆོས་རྡོ་རྗེ་གཟུངས་ཐག་དང་བཅས་པ་བདེ་མཆོག་བཞིན་བཤམ། མཆོད་པ་དང་གཏོར་མ་སོགས་ཕྱི་རོལ་མཆོད་པ་ལྟར་བཤམས་ལ། རང་ཉིད་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། བུམ་པ་བསང་སྦྱང་སྟེ། ནང་དུ་ཧཱུྃ་ལས་ལྷ་མོར་བསྐྱེད་པ་ནས་རྒྱས་གདབ་པའི་བར་བྱ། དེ་ལ་ཕྱི་དང་ནང་དང་བསྟོད་པས་མཆོད་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཆི་མེད་ཀྱི་བདུད་རྩི་སྤྱན་དྲངས་ནས་ཐུགས་ཀའི་འཁོར་ལོ་ལ་ཐིམ།
དེ་ལས་བྱུང་བའི་བདུད་རྩི་ལྷ་མོའི་བ་སྤུའི་བུ་ག་ནས་འཛག་པས་བུམ་པའི་ནང་འཆི་བ་མེད་པའི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བར་བསམས་ལ་གཟུངས་ཐག་ནས་བཟུང་སྟེ། གསང་སྔགས་ཅི་ནུས་བཟླ། སླར་ཡང་མཆོད་ཅིང་བསྟོད། གཏོར་མ་དང་པོ་ཕུལ། དུང་ཆོས་ཀྱི་མཆོད་ཡོན་ཕུལ་ལ། ལྷ་ཞུ་བ་ལས་བྱུང་བའི་ཚེའི་ཆུ་རྒྱུན་དུ་གྱུར་པར་བསམ། དེ་ནས་ཆོས་སྐྱོང་དང་མཁའ་འགྲོ་སྤྱིའི་གཏོར་མ་བསྔོ་བ་སོགས་ཕྱི་རོལ་མཆོད་པ་ལྟར་བྱས་ལ། བུམ་པའི་ཆུ་དེ་བདག་ཉིད་ཀྱིས་འཐུང་ཞིང་བཀྲུ་བ་དང༌། སྐྱེ་བོ་གཞན་ལའང་བྱིན་ན་ཚེའི་དངོས་གྲུབ་ཏུ་འགྱུར་རོ། །བཞི་པ་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་པ་ལ་གསུམ། བྲི་བ། སྒྲུབ་པ། གདགས་པའོ། །དང་པོ་ནི། ཚེ་རྒྱས་པའི་འཁོར་ལོའི་བྲི་གཞི་ཤོག་བུའམ་འགྲེལ་པར་རྒྱས་པའི་འཁོར་ལོ་རས་སེར་པོ་ལ་བྲི་བར་བཤད་པས། རས་འདུལ་སེར་པོའམ་དར་འདུལ་སེར་པོ་ལའང་རུང་ངོ༌། །སྣག་ཚ་ནི། གུར་གུམ་མམ། གི་ཝང་བདུད་རྩི་ལྔ་དང་བསྲེ་བས་བྱའོ། །ཇི་ལྟར་བྲི་བའི་ཚུལ་སྒྲུབ་ཐབས་སུ་གསལ་ལོ། །ལས་འཇམ་པ་རྣམས་ལ་ཡིག་མགོ་ནང་དང༌། དྲག་པོའི་ལས་ལ་ཡིག་མགོ་ཕྱིར་བསྟན་དུ་བྲི་བར་བཤད་པ་ཡང༌། སྔོན་གྱི་བརྡ་རྙིང་ལ་མགོ་དང་ཁ་དོན་གཅིག་ཏུ་བྱས་པ་ལྟར་ཡིན་ལ། སྐད་གསར་བཅད་ལྟར་མགོ་དང་ཁ་སོ་སོ་བའི་དབང་དུ་བྱས་ན། ཁ་ཆེ་ཛྙཱ་ན་ཤྲཱིས། ཞི་རྒྱས་སྲུང་དང་དབང་བྱ་ལ། །ཡིག་མགོ་ཕྱིར་བསྟན་མངོན་སྤྱོད་ལ། །དེ་ལས་བཟློག་པར་ཤེས་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་སྒྲུབ་པ་ལ་གཉིས་ལས། དང་པོ་རབ་གནས་ཀྱི་སྒྲུབ་པ་ནི། འཁོར་ལོ་དེ་ཟངས་གཞོང་འབྲུ་ཡིས་བཀང་བའི་སྟེང་དུ་བཞག་ལ། འཁོར་ལོ་སྤྱིའི་རབ་གནས་བདེ་མཆོག་ལྟར་བྱའོ། །གཉིས་པ་འཁོར་ལོའི་སྒྲུབ་པ་དངོས་ནི། གསེར་དངུལ་གྱི་བུམ་པའམ་གའུའི་ནང་ངམ། མ་འབྱོར་ན་སོ་མ་བཏང་བའི་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་འཁོར་ལོ་སྐུད་པ་སེར་པོས་རྒྱ་གྲམ་དུ་དཀྲི། དཱུརྺ་དང་བདུད་རྩི་ལྔ་དང་དཀར་གསུམ་ལ་སོགས་པས་དགང་བའི་ཁམ་ཕོར་དུ་བཞག དེ་རྒྱས་པའི་
མཎྜལ་སེར་པོ་ཁྲུ་དོ་གྲུ་བཞི་པ་བྲིས་པའི་སྟེང་དུ་བཞག་ལ་གཟུངས་ཐག་བཏགས་ཏེ། འཁོར་ལོ་ལྷ་མོར་བསྐྱེད་པ་སོགས་ཕྱི་རོལ་མཆོད་པ་ལྟར་བྱ། གཟུངས་ཐག་ནས་བཟུང་ལ་རྩ་སྔགས་བརྒྱ་རྩ་བརྒྱད་བཟླ། མཆོད་པ་ལྔ་དང་དཱུརྺ་གཞོན་ནུ་དབུལ། དེ་ལྟར་ཞག་བདུན་དུ་བསྒྲུབས་ལ། མཐར་ལྷ་མོ་ཞུ་བ་ལས་བྱུང་བའི་འཁོར་ལོར་བལྟས་ལ། ཁྱིམ་གྱི་ཕྱོགས་གཅིག་ཏུ་བཞག་ན་ཚེ་རྒྱས་པའི་རྟེན་འབྲེལ་དུ་འགྱུར་རོ། །གསུམ་པ་གདགས་པ་ནི། སྒྲུབ་པ་བྱས་པའི་འཁོར་ལོ་དེ་གདགས་པའམ། ཡང་ན་རབ་གནས་ཚུལ་བཞིན་དུ་བྱས་པའི་འཁོར་ལོ་ཞིག་མགུལ་ལམ་དཔུང་པ་གཡས་པར་བཅིངས་ན་མཆོག་གི་ཚེ་སྟེར་བར་འགྱུར་རོ། །དེ་དག་གིས་ནི་ཕྱིའི་རྣལ་འབྱོར་གྱི་ཚེ་སྒྲུབ་པའི་མན་ངག་ཐམས་ཅད་བསྟན་ཟིན་ཏོ། །གཉིས་པ་ནང་གི་རྣལ་འབྱོར་གྱིས་ཚེ་སྒྲུབ་པ་ལ་གཉིས། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི། མདུན་དུ་བླ་མ་བདེ་མཆོག་ཡབ་ཡུམ་དུ་བསྒོམས་པ་ལ་མཎྜལ་དབུལ་ཞིང་ཚེ་རྒྱས་པར་གསོལ་བ་གདབ་པ་ཞག་འགའ་ཟུང་བྱའོ། །གཉིས་པ་ལ་གཉིས། བསྐྱེད་རིམ་ལ་བརྟེན་པའི་ཚེ་སྒྲུབ་དང༌། རྫོགས་རིམ་ལ་བརྟེན་པའི་ཚེ་སྒྲུབ་པའོ། དང་པོ་ནི། སྒྲུབ་ཐབས་ལྟར་སྒོམ་བཟླས་ཚུལ་བཞིན་དུ་བྱས་པའི་རྗེས་སུ། རང་ལྷ་མོར་གསལ་བའི་ཐོད་པའི་སྤྱི་གཙུག་ཏུ་ཧྃ་དཀར་པོ་མགོ་ཐུར་བསྟན་བསམ། སྤྱི་བོའི་སྟེང་དུ་ཟླ་བ་ལ་གནས་པའི་ཁ་ཊྭཱྃ་ག་དཀར་པོ་དབྱུག་པ་སྦོམ་སའི་དབུས་སུ་ཧཱུྃ་དཀར་པོས་མཚན་པར་བསམས་ནས། ངོ་བོ་ལྷ་མོ་ལ་རྣམ་པ་ཕྱག་མཚན་ཁ་ཊྭཱྃ་གར་ངེས་ཤེས་བསྐྱེད། དེ་ནས་ཧཱུྃ་ཡིག་ལས་འོད་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེའི་བཅུད་རྣམ་པ་བདུད་རྩིའི་ཆུ་རྒྱུན་དུ་སྤྱན་དྲངས། ཧཱུྃ་ལ་ཐིམ་དེ་ལས་བྱུང་བའི་ཆུ་རྒྱུན་གྱིས་ཁ་ཊྭཱྃ་གའི་ནང་གང༌། དེ་གཉིས་ལས་བྱུང་བའི་ཆུ་རྒྱུན་གྱིས་སྤྱི་གཙུག་གི་ཧཾ་ལ་རེག དེ་ལས་བདུད་རྩིའི་རྒྱུན་བབས་ཏེ་སྙིང་གི་འཁོར་ལོ་ལ་བསྟིམ། དེ་ལས་བྱུང་བའི་བདུད་རྩི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་
ཅད་ཁེངས་པས་ཚེའི་དངོས་གྲུབ་ཐོབ་པར་བསམ། ཐུན་གྱི་མཐར། ཁ་ཊྭཱྃ་ག་ཧཱུྃ་དང་བཅས་པ་བདུད་རྩིར་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །འདི་ནི། དུས་མིན་འཆི་ལས་རྣམ་རྒྱལ་བ། །ཡན་ལག་ཁ་ཊྭཱྃ་ག་དང་སྦྱར། །ཐོད་པ་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆར་ངེས་པར་སྦྱར། །ཞེས་པའི་དགོངས་པ་ཕྱོགས་གཅིག་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་སྲོག་སྩོལ་གྱིས་འཆི་བ་བསླུ་བ་ནི། ཐོ་རངས་ཀྱི་དུས་རླུང་གང་ནས་རྒྱུ་བལྟས་ལ། གཡས་ནས་རྒྱུ་ན་ནུ་མ་གཅུད་ལ་བོར་བའི་ཐབས་ཀྱིས་གཡོན་དུ་བསྒྱུར། དེས་ཀྱང་མ་འགྱུར་ན་ཁུ་ཚུར་བྲང་དུ་བསྣོལ་ལ་མིག་སྟེང་དུ་བལྟ་ཞིང༌། ཤེས་པ་འདི་བསམ་མེད་པར་བཞག་པས་འགྱུར་རོ། །དེ་ནས་ཞག་ཉེར་གཅིག་ཏུ་ཐོ་རངས་ལྷ་མོར་དྲན་པས་སྣ་གཡོན་ནས་རླུང་ནང་དུ་འཇུག་པའི་ཚེ་ནང་དུ་ཞུགས་ཞེས་བསམ། དེ་བཞིན་དུ་ནང་དུ་གནས། ཕྱིར་འཐོན་ཞེས་སྲོག་རྩོལ་གྱི་རླུང་ཁུགས་པ་ཉེར་གཅིག་ཉེར་གཅིག་བྱས་ན། ཟླ་བ་གཅིག་ཏུ་ནུར། ཟླ་བ་གཅིག་ཏུ་བརྒྱ་རྩ་བརྒྱད་བསྒོམས་ན་ལོ་གཅིག་ནུར། ལོ་གཅིག་ཏུ་སྟོང་རྩ་བརྒྱད་བྱས་ན་ཚེ་ཚད་གཅིག་ཡོད་ཙམ་ཞིག་ནུར་རོ། །འདི་ནི། ཐབས་ལ་མཁས་པར་གྱུར་པ་ཡིས། །རླུང་གི་བཟླས་པ་བརྩོན་པར་བྱ། །ནངས་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་ནས་ནི། ནད་ཀུན་ལས་ནི་རྣམ་གྲོལ་ཞིང༌། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་པའི་དོན་ཏོ། །གཉིས་པ་བདུད་རྩི་གསོ་བས་བསླུ་བ་ནི། རང་ལྷ་མོར་གསལ་བའི་ལྟེ་བར་པདྨ་དཀར་པོ་འདབ་བརྒྱད། སྙིང་ག་ཟླ་བའི་དཀྱིལ་འཁོར་བསམས་ལ། ནངས་པར་གཡོན་ནས་རྒྱུ་བའི་དུས་སུ། ནང་དུ་འཇུག་པའི་རླུང་དེ་བདུད་རྩིའི་རྒྱུན་ཞེས་བྱ་སྟེ། སོག་མ་ཕྲ་མོ་ཙམ་ཁ་དོག་དཀར་པོར་ཞུགས་པས། སྙིང་གར་ཟླ་བའི་དཀྱིལ་འཁོར་ཐལ་བྱུང་ནས་ལྟེ་བའི་པདྨ་ལ་ཐིམ་པར་བསམས་ཏེ་ཕྲེང་བ་གཅིག་བགྲང༌། དེ་འདྲ་བ་འབུམ་ཞག་བདུན་བགྲངས་ན། ཞག་བདུན་ན་འཆི་བ་ལོ་ལྔར་སྲིང༌། ཉིས་འབུམ་གྱིས་ལོ་བཅུ། སུམ་འབུམ་གྱིས་བཅོ་ལྔ། བཞི་འབུམ་བགྲངས་ན་ལོ་ཉི་ཤུ་བསྲིངས་ཏེ། འབུམ་ཚོ་རེས་ལོ་ལྔ་ལྔ་སྲིང་པ་བསྒྲེས་ཏེ་ཤེས་པར་བྱའོ། །
འདི་ནི། འཇུག་པའི་རླུང་ནི་བགྲང་བྱ་ཞིང༌། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱི་ཆོ་ག་ནི། །སྒྲ་མེད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་དུ་ནི། །ཆོ་ག་བཞིན་དུ་རྫོགས་གྱུར་ན། །མི་དེ་ཚེ་ཉམས་གྱུར་པ་ཡང༌། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་བཟླས་པ་ཉིད། །ཚེ་འཕེལ་བར་ནི་ཤེས་པར་བྱ། །ཞེས་པའི་དོན་ནོ། །གསུམ་པ་ནམ་མཁའ་ཟས་སུ་ཟ་བས་བསླུ་བ་ནི། ཐོ་རངས་བ་སྤུའི་བུ་ག་མཐོང་ཙམ་ནས་ཉི་མ་མ་ཤར་གྱི་བར་ཉམས་སུ་ལེན་པ་སྟེ། དེ་ཡང་གནས་ཀྱི་སྦྱོར་བ་བདུན་དང་ལྡན་པ་གཅེས་ཏེ། དེའང༌། སྲོག་བསྡུ། དཀྲུག བསད། མཉེས། འཐེན། བརྡུང༌། ནམ་མཁའ་སྦྱོར་བའི་བཏུང་བའོ། །དང་པོ་ཁ་སྦྱོར་ལན་གསུམ་ནི། སྐྱིལ་ཀྲུང་མཚན་ཉིད་ལྔ་ལྡན་ལའོ། །གཉིས་པ་ལག་གཡས་རྐང་མཐེབ་གཡས། །བཟུང་སྟེ་ཅུང་ཟད་བརྐྱང་བར་བྱ། །གཡོན་པའི་རྟིང་པས་བཤང་ལམ་དགག །གཡས་ཀྱི་ལོང་མོར་ལག་གཡོན་གྱིས། །བཟུང་སྟེ་ཁ་གཏིང་དཀྲུག་པར་བྱ། །སྦྱོར་བ་དེ་ཉིད་ཀློད་འདོད་ན། །དྲག་ཏུ་སྟན་ལས་འཕར་ཏེ་བཏང༌། །གསུམ་པ་བསད་པའི་སྦྱོར་བའོ། །བཞི་པ་ལུས་དང་ཡན་ལག་མཉེ། །ལྔ་པ་སྒྱིད་ཁུང་གཉིས་ནས་ནི། །ལག་གཉིས་ཕྱི་རུ་ཕྱུང་བྱས་ལ། །རྐང་མཐེབ་གཉིས་ནས་འཐེན་པ་ཡི། །ལངས་ཏེ་ཡང་ཡང་འཕར་བར་བྱ། །དྲུག་པ་ལག་གཉིས་བརྟན་བྱས་ལ། །ལུས་གཞན་དྲག་ཏུ་བརྡུང་བར་བྱ། །བདུན་པ་ནམ་མཁའ་མཐོང་བའི་སར། །རྔུབས་ཏེ་དགང་བར་བྱ་བ་ཡིན། །ཀུན་ལའང་གསུམ་གསུམ་ཤེས་པར་བྱ། །དང་པོར་དལ་བུས་སྦྱངས་བྱས་ལ། །རིམ་གྱིས་ཇེ་དྲག་ཇེ་དྲག་བྱ། །མཐར་ནི་ཤིན་ཏུ་དྲག་པོའོ། །ཞེས་པ་ལྟར། འཁྲུལ་འཁོར་དང་པོ་དྲུག་སྔོན་དུ་སོང་ནས་བདུན་པ་དངོས་གཞིའི་སྐབས་སུ། རང་ལྷ་མོའི་ང་རྒྱལ་གྱིས་ནམ་མཁའ་ལ་གཏད་ལ། ཁམས་གསུམ་གྱི་ནམ་མཁའ་ཐམས་ཅད་འོད་སྔོན་པོའི་ཚུལ་དུ་རང་གི་ཁའི་ནང་དུ་ཞུགས་པར་བསམ། རླུང་ཁ་ནས་སྒྲ་མེད་དུ་དགང༌། ལུས་ཐམས་ཅད་ཁྲིག་གིས་གང་བ་དང༌། ཁོང་པ་ཀུན་ནམ་མཁའ་སྔོ་སང་
ངེ་བར་བསམ། མཆིལ་མ་སྒྲ་མེད་དུ་མིད་ལ་རླུང་ཐུབ་ཚད་བཟུང༌། དེ་ལྟར་ཡང་ཡང་བྱས་པས་སྟོང་སྒྲེགས་བྱུང་ན་འཆི་བ་བསླུས་པ་ཡིན་གསུངས་སོ། །འདི་ནི། སོ་ནི་སོ་ལ་མ་རེག་པར། །རྒྱུ་བའི་ནུས་པ་བསམ་མི་ཁྱབ། །དད་པར་བྱས་ལ་འདི་ཙམ་བྱ། །ཞེས་དང༌། སྦྱོར་བ་ནམ་མཁའ་ཟས་སུ་ཟ། །ནམ་མཁའ་བཞིན་དུ་འཆི་མེད་འགྱུར། །ཞེས་པའི་དོན་ཏོ། །འདི་དག་གི་མཐར་ལྟ་བ་བདག་མེད་པ་ཅི་ནུས་སུ་བསྒོམ། རྗེས་སྤྱོད་ལམ་གྱི་གནས་སྐབས་སུ། ལྷ་མོའི་ང་རྒྱལ་གྱིས་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པ་འབའ་ཞིག་ཏུ་བྱ་ཞིང༌། སེམས་ཅན་གྱི་ཚེ་སྲོག་བསླུ་བ་དང༌། གཞན་ལ་ཁ་ཟས་སྦྱིན་པ་ལ་ནན་ཏན་དུ་བྱའོ། དེ་དག་གིས་རྫོགས་རིམ་ལ་བརྟན་ནས་ཚེ་སྒྲུབ་པའི་མན་ངག་རྣམས་བསྟན་ཟིན་ཏོ། །དེ་ལྟར་འཆི་མེད་དངོས་གྲུབ་སྒྲུབ་པའི་ཐབས། །རྒྱུད་དང་མཁས་པའི་མན་ངག་ཇི་བཞིན་དུ། །འཁྲུལ་མེད་གོ་བདེའི་ངག་གིས་བཤད་པ་ཡིས། །དགེ་བ་གང་དེས་མ་ལུས་འགྲོ་བ་དང༌། །སྐུལ་བྱེད་རྩོམ་པ་པོ་དང་བཅས་རྣམས་ཀྱི། །དུས་མིན་འཆི་བའི་བར་ཆད་ཀུན་ཞི་ནས། །འཆི་མེད་སྐུ་བཞིའི་དཔལ་གྱིས་མངོན་འབྱོར་པ། །བདེ་མཆོག་འཁོར་ལོའི་གོ་འཕང་འཐོབ་གྱུར་ཅིག །འཆི་མེད་སྒྲུབ་པའི་གདམས་ངག་འཁོར་ལོ་བདེ་མཆོག་རྒྱུད་དོན་བཞིན་དུ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་གསལ་བྱེད་འདི་ནི། རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས་རྒྱུད་ཕྱུག་པའི་བདག་ཉིད་རྒྱུད་སྡེ་འཛིན་པ་ཆེན་པོ་བླ་མ་ཀུན་དགའ་ལེགས་པའི་གསུང་གིས་ནན་ཏན་བསྐུལ་བ་ལ་བརྟེན་ནས་རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་མངོན་བརྗོད་བླ་མའི་རྒྱུད་རྩ་འགྲེལ་དང༌། རྗེ་བཙུན་ས་སྐྱ་པའི་གདམས་ངག་ཐོར་བུར་གནས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྐུལ་བ་པོ་ཉིད་ཀྱི་སྐུ་རིམ་དུ་དམིགས་ཏེ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའོ། །བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ལྡན་པས་མན་ངག་
འདི་ཉམས་སུ་ལེན་ངེས་པའི་སློབ་མ་གསུམ་ལས་མང་བ་ལ་དུས་གཅིག་ཏུ་མི་སྦྱིན་པར་གསང་ཞིང་དེས་ཀྱང་སྣོད་མི་ལྡན་པ་ལ་གསང་ཞིང་སྦ་བར་བྱའོ།། ༈ །རྡོ་རྗེ་ལྷ་མོའི་བཟླས་སྒོམ་ལ་བརྟེན་ནས་འཆི་མེད་ཀྱི་དངོས་གྲུབ་སྒྲུབ་པའི་གདམས་ངག་བཞུགས་སོ། །ན་མོ་མཉྫུ་གྷོ་ཥཱ་ཡ། འཁོར་ལོའི་མགོན་པོ་བླ་མ་དང༌། །འཆི་མེད་ལྷ་མོ་ལ་བཏུད་དེ། །དེ་ཡི་སྒོམ་བཟླས་ལ་བརྟེན་ནས། །འཆི་མེད་སྒྲུབ་པ་བཤད་ཀྱིས་ཉོན། །འདིར་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། མཚན་ཉིད་དང་ལྡན་པའི་བླ་མ་ལས་འདིའི་བཀའ་ལུང་དང༌། གདམས་པ་དང༌། རྗེས་སུ་བསྟན་པ་ལེགས་པར་མནོས་ནས་དགེ་བ་སྤྱོད་པའི་ལུས་ཡུན་རིང་དུ་འཚོ་བའི་ཆེད་དུ་འཆི་བ་ལས་ངེས་པར་སློང་བར་བྱེད་པའི་རྡོ་རྗེ་ལྷ་མོ་བསྒོམ་པར་འདོད་པས། ཤིན་ཏུ་དབེན་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། བླ་མ་དང་དཀོན་མཆོག་གསུམ་ལ་གུས་པ་སྔོན་དུ་འགྲོ་བའི་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ལ། ཡུལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། ངག་ཏུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་ཞེས་ལན་གསུམ་གྱིས་སེམས་བསྐྱེད་ལ། རང་ཉིད་འཆི་མེད་ལྷ་མོར་གསལ་བའི་ཐུགས་ཀར་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་འཆི་མེད་རྡོ་རྗེ་ལྷ་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ཞེས་པས་བླ་མ་དང༌། ན་མོ་བྷ་ག་ཝ་ཏཱི་བཛྲ་དེ་ཝཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ལྷ་མོ་ལ་ཕྱག་བྱས་པར་བསམ། ཨོཾ་བྷ་ག་ཝ་ཏཱི་བཛྲ་དེ་ཝཱི་ས་པ་རི་ཝཱ་ར་
ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། དོན་ཡིད་ལ་དྲན་བཞིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་བརྗོད་ཅིང་དེ་ལྟར་གྱུར་ན་ཅི་མ་རུང་སྙམ་དུ་བསམ་མོ། །དེ་ནས་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་རང་གི་སེམས་འཁྲུལ་པའི་སྣང་བ་ཙམ། དེ་ཡང་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུ། དེ་ཡང་སྣང་ཙམ་ཉིད་ན་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་གཉིས་སྣང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་གྱུར་པར་བསམ། སྟོང་པའི་ངང་ལས་ནམ་མཁའི་ཁམས་སུ་རྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་དུ་མདའི་དྲྭ་བ་དང་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རི་རབ་ཏུ་འབར་བས་བསྐོར་བའི་སྲུང་བའི་འཁོར་ལོའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་ཚུར་འདུས་ཏེ་ཧཱུྃ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་སྐད་ཅིག་གིས་ཕྱིར་ཟློག་མ་ཞེས་བྱ་བའི་རྡོ་རྗེ་ལྷ་མོ་ངེས་པར་འཆི་བའང་འཚོ་བར་མཛད་མ་སྐུ་མདོག་དཀར་ཞིང་ན་བཟའ་དཀར་བ། ཞལ་བརྒྱད་ཕྱག་བཅུ་དྲུག་མ་རྩ་བའི་ཞལ་དཀར་ཞིང་རབ་ཏུ་ཞི་བའི་སྤྱན་གསུམ་དང་ལྡན་པ། མཆེ་བ་ཅུང་ཟད་གཙིགས་པ། གཡས་པ་ནི་སྔོ་བ་དང༌། དམར་
བ་དང༌། སེར་བའི་ཞལ་གསུམ་དྲག་ཏུ་བཞད་ཅིང་ཁྲོ་བོའི་སྤྱན་གསུམ་དང་ལྡན་པ། གཡོན་པ་ནི་དམར་བ་དང༌། ལྗང་བ་དང༌། དུད་ཁའི་ཞལ་གསུམ་རབ་ཏུ་ཁྲོས་ཤིང་ཤིན་ཏུ་དམར་བའི་སྤྱན་གསུམ་དང་ལྡན་པ། སྟེང་གི་ཞལ་ནི་སྒེག་ཅིང་མཛེས་ལ་རབ་ཏུ་དཀར་ཞིང་ཞི་བའི་སྤྱན་གསུམ་དང་ལྡན་པ། ཕྱག་བཅུ་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཛིན་པ། གཡས་ལྷག་མ་རྣམས་ཀྱིས་རིམ་པ་བཞིན་དུ་ཞགས་པ་དང༌། རལ་གྲི་དང༌། དགྲ་སྟྭ་དང༌། ལྕགས་ཀྱུ་དང༌། མདའ་དང༌། ཐོ་བ་དང༌། འཁོར་ལོ་རྣམས་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས་སྡིགས་མཛུབ་དང༌། བུམ་པ་དང༌། མདུང་དང༌། ཐོད་པ་དང༌། གཞུ་དང༌། ཁ་ཊྭཱྃ་ག་དང༌། སྐྱབས་སྦྱིན་གྱི་ཕྱག་རྒྱ་རྣམས་མཛད་པ། མི་རུས་ཀྱི་ཕྲེང་བ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། བདུད་སྡིག་ཅན་དང་དབང་ཕྱུག་ལ་སོགས་པ་བགེགས་ཐམས་ཅད་ཀྱི་སྟེང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པའི་གདན་ལ་གཡས་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ལྟེ་བར་ཡི་གེ་ཧཱུྃ་ཀུ་མུ་ཏའི་མདོག་ཅན། དེའི་ནང་དུ་པྃ། དེའི་ཁོག་པར་ཨོཾ་ཨཱཿཧཱུྃ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། སྣ་ཚོགས་རྡོ་རྗེའི་དབུས་རྭ་བཞི་ལ་ཤར་དུ་ཌྃ་རྀ་བདག་ཆེ་གེ་མོ་སོགས་འགྲེ། བྱང་དུ་ལྃ་རཱྀ། ནུབ་ཏུ་ཁྃ་ལྀ། ལྷོར་ཏུྃ་ལཱྀ། བདག་ཆེ་གེ་སོགས། དེའི་ཕྱི་རོལ་དུ་མུ་ཁྱུད་གཅིག་ལ་ཤར་ནས་གཡོན་སྐོར་གྱི་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ དེའི་ཕྱི་རོལ་ཏུ་ཐུགས་ཀྱི་འཁོར་ལོ་པདྨ་འདབ་བརྒྱད་ལ། ཤར་དུ་ཁྃ་པྲྃ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཧཱུྃ། བྱང་དུ་མྃ་ཙྃ། ནུབ་ཏུ་ཀྃ་པྲྃ། ལྷོར་བིཾ་མྃ། མེར་སུྃ་ཝིཾ། སྲིན་པོར་ཨྃ་ཁྃ། རླུང་དུ་པྃ་ལྃ། དབང་ལྡན་དུ་བྃ་དྲུྃ། བདག་ཆེ་གེ་སོགས་འགྲེ། ཕྱོགས་མཚམས་ཀྱི་སྐོར་ཕྱོགས་འདི་བཞིན་དུ་འོག་མ་རྣམས་ལའང་ཤེས་པར་བྱའོ། །པད་འདབ་གྱི་ཐད་སོའི་ཕྱི་རོལ་གྱི་མུ་
ཁྱུད་ལ་ཤར་ནས་ཕྱོགས་བཞིར་ཀྃ་ཁྃ་གྃ་གྷྃ་བཞི། མེ་ནས་མཚམས་བཞིར་ངྃ་ཙྃ་ཚྃ་ཛྃ་བཞི། དེའི་ཕྱི་རོལ་ཏུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་དབུས་རྭ་ལ་ཤར་དུ་ཨོཾ་སུམྦྷ་ནི་སུམྦྷ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། བྱང་དུ་ཨོཾ་གྲྀཧྣ་གྲྀཧྣ་བདག་ཆེ་གེ་མོའི༴ ནུབ་ཏུ་ཨོཾ་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་བདག་ཆེ་གེ་མོའི༴ ལྷོར་ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་རཱ་ཛ་བདག་ཆེ་གེ༴ དེའི་ཕྱི་རོལ་དུ་པདྨ་འདབ་མ་བཅུ་དྲུག་ལ་ཤར་ནས་གཡོན་སྐོར་གྱིས་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ དེའི་ཕྱི་རོལ་དུ་སྐུ་དང་གསུང་གི་འཁོར་ལོ་གཡས་གཡོན་དུ་སྤེལ་བ་རྩིབས་བཅུ་དྲུག་པ། ཕྱོགས་མཚམས་བརྒྱད་དུ་རྩིབས་གཉིས་གཉིས་བསྟན་པའི་གཡོན་ངོས་མ་རྣམས་སུ་གསུང་གི་འཁོར་ལོའི་སྔགས། ཤར་དུ་ཨཾ་ཨེཾ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཧྲཱིཿ བྱང་དུ་བྃ་མྃ། ནུབ་ཏུ་མྃ་ཝྃ། ལྷོར་བྃ་སུྃ། མེར་སུྃ་ཤྱྃ། སྲིན་པོར་བྃ་སུྃ། རླུང་དུ་མྃ་ཧྃ། དབང་ལྡན་དུ་བིཾ་ཁྃ་བདག་ཆེ་གེ༴ གཡས་རྩིབས་རྣམས་ལ་སྐུ་འཁོར་གྱི་སྔགས། ཤར་དུ་མྃ་ཙྃ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཨོཾ། བྱང་དུ་རྃ་ཁྃ། ནུབ་ཏུ་ཧྃ་ཤྃ། ལྷོར་ཁྃ་ཙྃ། མེར་ཧེཾ་སུྃ། སྲིན་པོར་བྃ་མྃ། རླུང་དུ་བཻཾ་ཙྃ། དབང་ལྡན་དུ་བྃ་མྃ་བདག་ཆེ་གེ༴ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་གསུང་འཁོར་གྱི་ཐད་རྣམས་སུ་ཤར་ནས་ཕྱོགས་བཞིར་ཛྷྃ་ཉྃ་ཊྃ་ཋྃ་བཞི། མེ་ནས་མཚམས་བཞིར། ཌྃ་ཌྷྃ་ཎྃ་ཏྃ་བཞི། སྐུ་འཁོར་གྱི་ཐད་ཀྱི་མུ་ཁྱུད་ལ། ཤར་ནས་ཕྱོགས་བཞིར་ཐྃ་དྃ་དྷྃ་ནྃ་བཞི། མེ་ནས་མཚམས་བཞིར་པྃ་ཧྃ་བྃ་བྷྃ་བཞི། དེའི་ཕྱི་རོལ་དུ་གྲུ་བཞི་སྒོ་བཞི་པའི་སྒོ་བཞིར་ཤར་དུ་ཀྃ་ཡྃ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཧཱུྃ། བྱང་དུ་ཨུ་རྃ། ནུབ་ཏུ་ཤྃ་ལྃ། ལྷོར་སུྃ་ཝྃ་བདག་ཆེ་གེ་སོགས། མེར་ཡྃ་ཤྃ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཕཊ། སྲིན་པོར་ཡྃ་ཥྃ། རླུང་དུ་ཡྃ་སྃ། དབང་ལྡན་དུ་ཡྃ་ཧྃ་ཆེ་གེ་སོགས། སྒོ་བཞི་དང་ཟུར་བཞིའི་ཕྱི་རོལ་དུ་རྡོ་རྗེ་རྩེ་མོ་བཞི་པའི་དབུས་རྭ་ཁྲོ་ཞལ་གྱི་རྣམ་པ་ཅན་གྱི་ཞལ་གྱི་ནང་དུ་ཤར་དུ་ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། བྱང་དུ་མཧཱ་ཀལྤཱགྣི་སནྣི་བྷཱ་ཡ་བདག་ཆེ་གེ་མོའི༴ ནུབ་ཏུ་ཨོཾ་ཛ་
ཊཱ་མ་ཀུཊོཏྐ་ཊཱ་ཡ་བདག་ཆེ་གེ༴ ལྷོར་ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ལ་བདག་ཆེ་གེ༴ མེར་ཨོཾ་ས་ཧཱ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་བདག་ཆེ་གེ༴ སྲིན་པོར་ཨོཾ་པརྴཱུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཾ་ག་དྷཱ་རི་ཎི་བདག་ཆེ་གེ༴ རླུང་དུ་ཨོཾ་བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ་བདག་ཆེ་གེ༴ དབང་ལྡན་དུ། མཧཱ་དྷཱུ་མྲཱནྡྷ་ཀཱ་ར་ཝ་པུཥཱ་ཡ་བདག་ཆེ་གེ༴ ཁྲོ་ཞལ་རྣམས་ཀྱི་བར་བརྒྱད་དུ་ཉི་མ་ཟླ་བའི་སྟེང་དུ་རྡོ་རྗེ་ཕྱེད་པ་རེ་རེ། དེའི་ཕྱི་རོལ་དུ་མུ་ཁྱུད་རིམ་པ་བཞིའི་དང་པོ་ལ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཧེ་རུ་ཀཱ་ནཱཾ་ཨོཾ་ཧཱུྃ་བཛྲ་ཧེ་རུ་ཀ་ཙཀྲ་ཝརྟི་སརྦ་ལོ་ཀི་ཀ་ལོ་ཀོ་ཏ་ཧ་རཱ་ཎི། ཡནྟྲ་མནྟྲ། ཏནྟྲ་ཙཱུརྞ་པྲ་ཡོ་ག་དཱི་ནི། ཡེ་ན་ཀེན་ཙིཏ་ཏཱ་ནི་སརྦ་ནི། ཨཱ་ཀཌ་ཌྷྱ་ཨཱ་ཀཌ་ཌྷྱ། ཏརྫ་ཡ་ཏརྫ་ཡ། གྲྀཧྞ་གྲྀཧྞ། བྷཀྵ་ཡ་བྷཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱྃ་ཀྵྨཱྃ། ཛྣཽ་ཛྣཽ། མ་ཐ་མ་ཐ། བི་དྷྭནྶ་ཡ་བི་དྷྭཱནྶ་ཡ། ཤ་ཏ་ས་ཧ་སྲ། ཙཱུ་རྞ་ཡ་ཙཱུརྞ་ཡ་ཨོཾ་ཕཊ། བཛྲ་ཧེ་རུ་ཀ་ཨུཥྞཱི་ཥ་ཙཀྲ་ཝརྟི། ཏ་སྱཻ་བཾ་ཀྵུ་བནྡྷ་བནྡྷ་ཧཱུྃ་ཧཱུྃ་བདག་ཆེ་གེ་མོའི་ཚེ་པུཥྚིཾ་ཀུ་རུ་ཕཊ་སྭཱཧཱ། མུ་ཁྱུད་གཉིས་པ་ལ་ཀྵ་ཡིག་གི་ཕྲེང་བ། གསུམ་པ་ལ་གཡོན་སྐོར་དུ་ཨཱ་ལི་བཅུ་དྲུག་ཚར་གཉིས། བཞི་པ་ལ་ཋ་ཡིག་གི་ཕྲེང་བ། དེའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །འཁོར་ལོ་དེའི་དབུས་ཀྱི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཆི་མེད་རྡོ་རྗེ་ལྷ་མོའི་ཐུགས་ཀའི་འཁོར་ལོ་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། གོང་ལྟར་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པས་རང་ལ་ཐིམ་པར་བསམ། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ཞེས་སོགས་ཀྱིས་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དུ་ནི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀེ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པ་ཡེ་ཤེས་ཀྱི་
བདུད་རྩིའི་ཆུས་གང་བས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན། དེ་ལ་ཚོགས་ཞིང་གི་སྐབས་ལྟར་རམ། ཡང་ན་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་སོགས་ཀྱིས་མཆོད་ལ། རྒྱལ་བ་ཀུན་གྱི་ཐུགས་རྗེ་ཡིས། །དུས་མིན་འཆི་བ་ཞི་མཛད་ཅིང༌། །འཆི་བ་ལས་ནི་ངེས་སློང་མཛད། །འཆི་མེད་དབང་ཕྱུག་མ་ལ་བསྟོད། །ཅེས་པས་བསྟོད། ནང་མཆོད་བདེ་མཆོག་ལུ་ཨི་པའི་མངོན་རྟོགས་ལྟར་བྱིན་གྱིས་བརླབ་པའམ། མི་ནུས་ན་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་པར་བསམས་ནས། ཨོཾ་བཛྲ་དེ་ཝཱི་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་ལྷ་མོའི་ལྗགས་ལས་འོད་ཀྱི་སྦུ་གུ་བྱུང་ནས་བདུད་རྩི་གསོལ་བར་བསམས་ཏེ་མྱངས་ལ། ལྷའི་སྐུ་དང་ཕྱག་མཚན་ལ་ཅུང་ཟད་དམིགས་ཤིང༌། གཙོ་བོར་ཐུགས་ཀའི་འཁོར་ལོ་གསལ་གདབ་པའི་ཚུལ་གྱིས་ཡུན་རིང་དུ་བསམ་གཏན་བྱས་ལ། དེས་སྐྱོ་བར་གྱུར་ན་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཨ་མྲྀ་ཏ་སཉྫཱི་ཝཱ་ནི། མ་ཧཱ་ཨ་མྲྀ་ཏ་སུ་མུ་ཁེ་ཛཱི་ཝཾ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། སརྦ་བཛྲ་པདྨ། ས་མ་ཡོ་ག མ་ཧཱ་བོ་དྷི་ཙིཏྟ། བིསྦཱ་པི་ཏ་མཱུརྟེ། ཧཱུྃ་ཧཱུྃ་ཨ་ཨཱ་ཨོཾ་ཨཱཿསྭཱ་ཧཱ། ཞེས་གཏམ་གྱིས་བར་མ་ཆོད་པར་ཅི་ནུས་བཟླས་ལ། འཕྲོ་འཇོག་པ་ནི། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེའི་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་སྟེ། གོང་བཞིན་མཆོད་བསྟོད་བྱ། ཧེ་རུ་ཀའི་ཡི་གེ་བརྒྱ་པས་སྒོམ་བཟླས་ཀྱི་བྱིན་རླབས་བརྟན་པར་བྱས་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྲུང་བའི་འཁོར་ལོ་གདན་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །འཆི་མེད་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་ཀྱིས་བསྔོ་བ་དང༌། ཚེ་རིང་བའི་སྨོན་ལམ་
བཏབ་སྟེ། རྗེ་བཙུན་མའི་ང་རྒྱལ་གྱིས་ལངས་ལ། ཐུན་མཚམས་ཐམས་ཅད་དུ་ཡང་མདོ་འདོན་པ་དང༌། སཱཙྪ་གདབ་པ་དང༌། སྲོག་ཆགས་ཀྱི་ཚེ་སྐྱོབ་པ་ལ་སོགས་པ་དགེ་བའི་བྱ་བ་ལ་བརྩོན་པར་བྱའོ། །བསྙེན་པའི་ཚད་ནི། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་བཟླས་ནས། ཕྱིས་ལོ་རེའམ་ཟླ་རེ་བཞིན་ཁྲི་ཕྲག་རེ་ཙམ་ཁ་གསོ་བའི་ཚུལ་དུ་བཟླས་ན་འཆི་བ་བསླུ་བར་འགྱུར་རོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། མདུན་གྱི་ནམ་མཁར་སྲུང་འཁོར་གྱི་ནང་དུ་ལྷ་མོ་མདུན་བསྐྱེད་ཀྱི་ཚུལ་དུ་བསྐྱེད། ཐུགས་ཀའི་འཁོར་ལོ་གསལ་འདེབས་པ་ནས་དབང་བསྐུར་ཏེ་རིགས་ལྔས་དབུར་བརྒྱན་པའི་བར་གོང་བཞིན་བྱས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱས་གཏོར་མ་ཕུལ་བར་གསོལ་བར་བསམ་ཞིང༌། བཟླས་སྔགས་ཀྱི་མཐར། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་ཨཱ་ཡུར་སིདྡྷི་པྲ་ཡཙྪནྟུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་ཕུལ་ཏེ། གོང་ལྟར་ཕྱི་ནང་གི་མཆོད་པ་བྱས་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ཉེ་བར་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། སྒོས་ཀྱི་ཆོས་སྐྱོང་ལ་གཏོར་མ་འབུལ་ན་སྐབས་འདིར་འབུལ། འཇིག་རྟེན་པ་རྣམས་ལ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོས་ལ། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་ལྷག་ཆད་ཁ་བསྐང༌། སྐུ་ཡོད་ན་བརྟན་བཞུགས་བྱ། མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཅེས་སོགས་ཀྱི་མཐར། བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་དེ་བསྔོ་བ་དང་སྨོན་ལམ་ཅི་ཤེས་བྱའོ། །དེ་ལྟར་བསྒོམ་དང་བཟླས་པ་ལ། །བརྟེན་ནས་དངོས་གྲུབ་སྒྲུབ་པའི་ཐབས། །འདི་ནི་གཞན་གྱིས་བསྐུལ་བའི་དོན། །རྗེ་བཙུན་གོང་མའི་གསུང་བཞིན་བཀོད། །ཟབ་དོན་ཡི་གེར་བྲིས་པ་ལ། །མཁའ་འགྲོ་རྣམས་ཀྱིས་བཟོད་
པར་མཛོད། །དགེ་བས་བདག་སོགས་འགྲོ་བ་ཀུན། །འཆི་མེད་དབང་མོ་ཉིད་གྱུར་ཅིག །ཅེས་པ་འདི་ནི་རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་ལ་བརྟེན་ནས་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མདོར་བསྡུས་ཏེ་སྦྱར་བའོ། །འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག། ༈ །ཨོཾ་སྭ་སྟི། ཧེ་རུ་ཀ་དཔལ་ལྷ་མོར་བཅས། །དེ་བཞིན་རྩ་བརྒྱུད་བླ་མ་ལ། །མཆོག་ཏུ་གུས་པས་བཏུད་བྱས་ནས། །ཚེ་སྒྲུབ་ཀུན་གྱི་མཆོག་གྱུར་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ས་གཞི། རྭ་གུར་བླ་བྲེ་མདའ་དྲྭ་མེ་ཕུང་དང་བཅས་པའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དཀར་པོ་འོད་ཟེར་དམར་པོ་འཕྲོ་བའི་གདན་ལ་རང་སེམས་ཧཱུྃ་དཀར་པོའི་འཕྲོ་འདུ་ལས་ཕྱིར་ཟློག་ཆེན་མོ་འཆི་མེད་རྡོ་རྗེ་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ཞིང་ན་བཟའ་དཀར་པོ་ཅན། ཞལ་བརྒྱད་རྩ་ཞལ་དཀར་པོ་ཁྲོ་ལ་འཛུམ་པའི་རྣམ་པ་ཅན། གཡས་སུ་སྔོ་དམར་སེར་བའི་ཞལ་གསུམ་དྲག་ཏུ་བཞད་པ། གཡོན་དུ་དམར་ལྗང་དུད་ཁ་ཆེར་ཁྲོས་པ། དེ་དྲུག་ཀའང་ཁྲོ་ཞལ་སྟེང་ཞལ་དཀར་པོ་ཞི་བ། ཞལ་ཐམས་ཅད་སྤྱན་གསུམ་པ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་རྣམས་ཀྱིས། ཞགས་པ་རལ་གྲི་དགྲ་སྟྭ་ལྕགས་ཀྱུ་དང༌། མདའ་དང་ཐོ་བ་འཁོར་ལོ་གཡས་པ་ན། སྡིགས་མཛུབ་བུམ་པ་མདུང་དང་ཐོད་པ་དང༌། གཞུ་དང་ཁ་ཊྭཱཾ་སྐྱབས་སྦྱིན་གཡོན་པས་སོ། །པད་ཟླ་ལ་གཡས་བརྐྱང་གི་སྟབས་ཀྱིས་བདུད་དང་དབང་ཕྱུག་ལ་སོགས་པ་བགེགས་ཐམས་ཅད་མནན་པ། ཕྱག་རྒྱ་ལྔ་དང་གཙུག་གི་ནོར་བུ་དང༌། ཐོད་སྐམ་དང་མགོ་ཕྲེང་དང༌། སྟག་ལྤགས་ལ་སོགས་པས་བརྒྱན་པ། མེ་ཕུང་འབར་བའི་དབུས་ན་བཞུགས་པ། ཐུགས་ཀར་ཟླ་བ་དམར་སྐྱ་ལ་ཧཱུྃ་དང༌། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དང་དབང་གི་ལྷ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རང་ལ་ཐིམ། ཇི་ལྟར་བལྟམས་པ་ནས་
ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡུམ་ཅན་གྱིས་དབུར་བརྒྱན། ཨོཾ་ཨ་མྲྀ་ཏ་སཾ་ཛཱི་ཝཱ་ནི། མ་ཧཱ་ཨ་མྲྀ་ཏ་སུ་མུ་ཁེ་ཛཱི་ཝཾ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བཛྲ་པདྨ་ས་མ་ཡོ་གི་མ་ཧཱ་བོ་དྷི་ཙིཏྟ། བིསྠཱ་པི་ཏ་མུརྟྟེ་ཧཱུྃ་ཧཱུྃ། ཨ་ཨཱཿཨོཾ་ཨཱཿསྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ་ཞིང༌། ཁྲིའམ་འབུམ་ཕྲག་བཞི་བཟླས་ན་འཆི་བ་ངེས་པར་ཟློག་པ་སྟེ། ཨ་བྷི་དྷ་ན་ལས། འདི་ནི་ཁྲི་ཙམ་བཟླས་བྱས་ན། །འཆི་བ་ངེས་པར་འཚོ་བར་འགྱུར། །དུས་མིན་འཆི་བ་ཞི་འགྱུར་ཞིང༌། །འཆི་བ་ལས་ནི་ངེས་པར་སློང༌། །ཞེས་གསུངས་སོ། །མཇུག་ཏུ་ཨརྒྷཾ་ལ་སོགས་པས་མཆོད། ནང་མཆོད་བདེ་མཆོག་ལྟར་བྱིན་གྱིས་བརླབས་ནས་འབྲུ་གསུམ་གྱིས་མྱང༌། ཧེ་རུ་ཀ་ཡི་རིགས་བྱུང་བ། །རྡོ་རྗེ་གཙུག་ཏོར་ཆེན་མོ་ནི། །འཆི་བདག་ཟློག་མཛད་བདུད་རྩིའི་ཞལ། །ཕྱིར་ཟློག་ཆེན་མོ་ཁྱོད་ལ་འདུད། །ཅེས་བསྟོད། འདོད་དོན་གསོལ་བ་གདབ། ཡིག་བརྒྱ་བཟླས་ཏེ་ཕྱག་གཉིས་པའི་བར་དུ་བསྡུས་ལ། དགེ་བ་བསྔོ། གཏོར་མ་བདེ་མཆོག་ལྟར་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་སྲུང་འཁོར་ནས་དབུར་རྒྱན་གྱི་བར་གོང་བཞིན་བསྐྱེད་ལ། སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཨཱ་ཡུར་སིདྡྷི་པྲ་ཡཙྪནྟུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ལྷག་མ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོ། མཆོད་བསྟོད་འདོད་དོན་གསོལ་བཏབ་སོགས་སྤྱི་དང་འདྲའོ། །འདིའི་རྗེས་གནང་ནི། རྟེན་གཞི་ཆོས་འབྱུང་གི་ནང་དུ་པདྨ་དཀར་པོ་ལ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། བུམ་པ་བཅའ། རྗེས་གནང་སྒྲུབ་ཐབས་སྤྱི་དང་འདྲ། བུམ་པའི་ནང་དུ་སྔགས་ཀྱི་ཡིག་འབྲུས་གང་བར་མོས་ལ་བུམ་བཟླས་བྱ། རྗེས་གནང་དངོས་ནི། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། སྐུའི་རྗེས་གནང་སྤྱི་དང་འདྲ་བའི་རྗེས་སུ་བུམ་ཆུས་དབང་བསྐུར་ཞིང༌། མངོན་རྟོགས་ལྟར་དབང་བསྐུར་བའི་དམིགས་པའང་འབོགས། གསུང་གི་རྗེས་གནང་སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང་ལ། སྤྱི་བོར་ཧྃ་ནམ་མཁར་ཟླ་བ་
ལ་གནས་པའི་ཁ་ཊྭཱཾ་གའི་དབྱུག་པའི་སྦོམ་སར་ཧཱུྃ། དེས་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་བཀུག་སྟེ། ཁ་ཊྭཱཾ་ག་ནས་བརྒྱུད་ནས། སློབ་མའི་ལུས་གང་བའི་དམིགས་པ་འབོགས། གཞན་སྤྱི་དང་འདྲ། ཚེ་སྒྲུབ་ཀྱི་ཚེ་ཡང་སྔགས་ཀྱི་འཁོར་ལོ་སྙིང་གར་བསྒོམ་ན་ཤིན་ཏུ་ཟབ་པར་འགྱུར་མོད་ཀྱི་གསལ་ཐེབས་དཀའ་བའི་ཕྱིར་འདིར་མ་བཤད་དོ། །རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་འདི། །སྔགས་འཆང་ཀུན་ལའང་ཆེས་དཀོན་ན། །གཞན་ལ་སྨོས་ཀྱང་ཅི་དགོས་པས། །ཐོས་ལ་དགའ་བས་སྙིང་པོར་ལོངས། །བདེ་མཆོག་ལས་བྱུང་བ་འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། ༈ །འཆི་མེད་རྡོ་རྗེ་ལྷ་མོའི་རྗེས་གནང་གི་ཆོ་ག་བདུད་རྩིའི་སྤྲིན་ཆར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དེ་བྱཻ། འཆི་མེད་རྡོ་རྗེ་ལྷ་མོའི་རྗེས་གནང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཎྜལ་ལ་རྡུལ་ཚོན་གྱིས་ཆོས་འབྱུང་གི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲི། དེའི་ལྟེ་བར་མེ་ཏོག་དཀར་པོའི་ཚོམ་བུའམ་ཚོན་ཕུང་དཀར་པོ་ཞིག་བཀོད་པ་མཉྫིའི་ཁར་བཞག་པའི་མདུན་དུ་འབུལ་གཏོར་དང་མཆོད་པ་བཤམ། རང་གི་མདུན་དུ་བུམ་པ་བཅུད་ལྡན་སོགས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱ། ཐོག་མར་མཆོད་པ་རྣམས་སུམྦྷས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང༌། གྷཎྜེ་ར་ཎི་ཏ་ལན་གསུམ་བརྗོད་པས་བྱིན་དབབ། སྐྱབས་འགྲོ་ནས་བཟླས་པ་བསྡུ་བའི་བར་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལྟར་བྱ། སྤྲོ་ན། འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་ལྟར་ཉམས་སུ་བླངས་ཀྱང་ལེགས། དེ་ནས་མདུན་རྟེན་མཎྜལ་སུམྦྷས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་
མདུན་གྱི་ནམ་མཁར་རྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སོགས་ནས། དབུར་བརྒྱན་ཞེས་པའི་བར་གྱིས་མདུན་བསྐྱེད་གསལ་བཏབ། མཆོད་པ་བསང་སྦྱང་བྱིན་བརླབ། ཨོཾ་བྷ་ག་ཝ་ཏཱི་བཛྲ་དེ་བཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་གྷཎྜེ་ར་ཎི་ཏས་ཕྱི་མཆོད། ནང་མཆོད་བསང་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང་དང༌། རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་ཞིང་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཞེས་པས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་དེ་བཱི་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཞེས་འབུལ། བསྟོད་པས་བསྟོད། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་འབུལ། མཆོད་བསྟོད་གསོལ་བ་གདབ། གཏོར་མ་གཉིས་པའམ། འདས་གཏོར་གྱི་ལྷག་མ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བསྔོ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅུང་ཟད་བྱ། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཆུ་དང་བཅུད་ཐམས་ཅད་ཀྱིས་གང་བའི་ནང་དུ་ཟླ་བ་ལ་སྔགས་ཀྱི་ཡིག་འབྲུ་རྣམས་རང་སྒྲ་སྒྲོགས་བཞིན་དུ་གསལ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་བཟླས་པ་ཇི་ལྟར་རིགས་པ་བྱ། མཐར་སྔགས་ཀྱི་ཚོགས་འོད་དུ་ཞུ་བ་ལས་ཆུ་བདུད་རྩིར་གྱུར་པར་བསམ་མོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་མདུན་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་གནས་སྐབས་སུ་མཐོ་རིས་ཀྱི་ཡོན་ཏན་མཐའ་དག་གི་ཕྱི་མོ། ཐུན་མོང་གི་དངོས་གྲུབ་ཀྱིས་ཕན་འདོགས་པའི་གཞི། མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་རྟེན་འདི་ཁོ་ན་ལ་རགས་ལས་པའི་ཕྱིར། སྤྱིར་འཛམ་བུའི་གླིང་པ་ཁམས་དྲུག་ལྡན་གྱི་རྟེན། བྱེ་བྲག་ཏུ་དལ་འབྱོར་གྱི་ལུས། ཁྱད་པར་ཆོས་བཞིན་དུ་སྤྱོད་པ། དེ་ལས་ཀྱང་སྔགས་
ཀྱི་དངོས་གྲུབ་མཆོག་དོན་དུ་གཉེར་བ་རྣམས་ཀྱི་འཚོ་བ་ནི་ཤིན་ཏུ་དོན་ཡོད་པ་དང་བཅས་པའི་ཕྱིར་ཡུན་རིང་དུ་འཚོ་བའི་ཐབས་ཚུལ་ཁོ་ན་ལྷུར་ལེན་པ་གལ་ཆེ། དེ་ལའང་འཇིག་རྟེན་ན་ལྷ་དང་དྲང་སྲོང་ཆེན་པོ་རྣམས་ཀྱིས་རིང་འཚོའི་ཐབས་ཚུལ་དུ་མ་ཞིག་བཤད་ཀྱང༌། དེ་ཐམས་ཅད་ཀྱིས་ཕྱག་བྱས་པའི་དྲང་སྲོང་མཆོག་གཅིག་པུ་སྟོན་པ་བདེ་བར་གཤེགས་པས་མདོ་དང༌། སྔགས་ཀྱི་ཐེག་པ་དག་ལས། ཚུལ་ཁྲིམས་ཀྱི་ཀུན་སྤྱོད་དང༌། ཏིང་ངེ་འཛིན་གྱི་སྒོ་དང༌། ཤེས་རབ་ཟབ་མོའི་རྒྱས་འདེབས་དང༌། སྨན་དང༌། སྔགས་དང༌། ནོར་བུ་དང༌། རྟེན་འབྲེལ་དང༌། ནང་འབའ་ཞིག་ལ་གཞོལ་བའི་རྣལ་འབྱོར་ཟབ་པ་དང༌། ཆེས་ཤིན་ཏུ་ཟབ་པའི་སྒོ་ནས་ཚེ་སྲིང་བ་དང༌། བར་ཆད་སེལ་བ་དང༌། འཆི་མེད་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་ཡིད་ཅན་མཐའ་དག་ལ་ཐུགས་བརྩེ་བ་ཁོ་ནས་བཀའ་སྩལ་བ་ཉིད་གཙོ་བོར་བཟུང་བར་རིགས་ཏེ། འཁྲུལ་པའི་རྒྱུ་སྤངས་པ་དང༌། མ་འཁྲུལ་པའི་ཡེ་ཤེས་བརྙེས་པ་དང༌། སྙིང་བརྩེ་བའི་ཐབས་ཡུན་རིང་དུ་གོམས་པའི་མཐུ་ལས་བྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་ལེགས་པར་གསུངས་པའི་དམ་ཆོས་རྣམས་ཀྱི་སྙིང་པོར་གྱུར་པའང་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེ་ཉིད་ཐུན་མོང་གི་ཚུལ་ལས་ཆེས་ཟབ་པའི་ཕྱིར། དབང་པོ་རྣོན་པོ་སྐལ་པ་དང་ལྡན་པ་རྣམས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པའི་རིང་འཚོའི་སྒོ་དུ་མ་ལ་ནན་ཏན་དུ་བྱ་རིགས་པ་ལས། འདིར་རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ་རྣལ་འབྱོར་མའི་རྒྱུད་དཔལ་འཁོར་ལོ་སྡོམ་པ་ཨ་བྷི་དྷ་ན་ལས་འདི་ཉིད་ཀྱི་རིག་པ་གསུངས་པའི་མཇུག་ཏུ། འདི་ནི་ཁྲི་ཙམ་བཟླས་པས་ཀྱང༌། །འཆི་བ་ཐམས་ཅད་འཚོ་བར་བྱེད། །དུས་མིན་འཆི་བ་ཞི་འགྱུར་ཞིང༌། །འཆི་བ་ལས་ནི་ངེས་པར་སློང༌། །ཞེས་རྒྱ་ཆེར་བསྔགས་པའི་རྗེས་སུ་འབྲངས་ཏེ་གྲུབ་པའི་དབང་ཕྱུག་ནཱ་རོ་ཏཱ་པས་ལེགས་པར་བཀྲལ་བའི་ཞལ་གྱི་བདུད་རྩི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་གདམས་པ་ཟབ་ཁྱད་ཅན། དུས་མ་ཡིན་པའི་འཆི་བ་ཟློག་པ་གཙོ་བོར་གྱུར་པའི་ལས་རབ་འབྱམས་འདོད་པ་བཞིན་སྩོལ་
བའི་བཅོམ་ལྡན་འདས་མ་འཆི་མེད་རྡོ་རྗེ་ལྷ་མོའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བའི་རིམ་པ་ལ་མཎྜལ་འབུལ་བ། གསོལ་བ་འདེབས་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་རྣམས་སུ་ཡོད་པ་ལས། ཐོག་མར་བླ་མ་དང་འཆི་མེད་རྡོ་རྗེ་ལྷ་མོ་ཐ་མི་དད་པ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པས། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་བདག་ལ་འགྲུབ་པར་མཛོད། །རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཆི་མེད་རྡོ་རྗེ་ལྷ་མོ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། སླར་ཡང་རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་སོགས། དེ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གསུམ་ལས། དང་པོ་སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་གྱིས། ཨོཾ་ཤཱུ་ནྱ་ཏཱ་སོགས། ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སོགས་ནས། མེ་འབར་བའི་དབུས་ན་བཞུགས་པ་ཞེས་པའི་བར་གྱིས་སློབ་མ་ལྷར་བསྐྱེད། ཐུགས་ཀའི་དབུས་སུ་ཟླ་བ་དམར་སྐྱ་ལ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་འཆི་མེད་རྡོ་རྗེ་ལྷ་མོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་ཀྱི་མཐར་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་སྤོས་རོལ་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནམ་མཁའ་གང་བ་ཨོཾ་བཛྲ་ས་མཱ་ཛཿ ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་སློབ་དཔོན་དང་དབང་གི་ལྷ་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་དང་བཅས་པས་དབུར་བརྒྱན། ཛཿཧཱུྃ་བཾ་ཧོཿ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། གསུང་གི་རྗེས་གནང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨ་མྲྀ་ཏ་སོགས། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ་སློབ་དཔོན་ལ་མེ་ཏོག་འཐོར་བ་དང་བཅས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་
ཕྲེང་བ་སྔགས་སུ་བྱས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བརྟན་ཅིང་ནུས་ལྡན་དུ་གྱུར་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། ཐུགས་ཀྱི་རྗེས་གནང་གི་སླད་དུ། ཁྱེད་རང་རྣམས་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་སྤྱི་གཙུག་ཏུ་ཧྃ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། སྤྱི་བོའི་སྟེང་གི་ནམ་མཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་ལྷ་ལ་རྣམ་པ་ཁ་ཊྭཱྃ་ག་དཀར་པོ་དབྱུག་པ་སྦོམ་སའི་དབུས་སུ་ཧཱུྃ་དཀར་པོས་མཚན་པར་གསལ་བཏབ་ནས། དེ་ཉིད་ལ་གུས་འདུད་དྲག་པོ་མཛད་པས་ཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེའི་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པར་སྤྱན་དྲངས་ཧཱུྃ་ལ་ཐིམ། དེ་ལས་བྱུང་བའི་བདུད་རྩིས་ཁ་ཊྭཱཾ་གའི་ནང་གང༌། དེ་གཉིས་ལས་བྱུང་བའི་ཆུ་རྒྱུན་གྱིས་སྤྱི་གཙུག་གི་ཧྃ་ལ་རེག དེ་ལས་བདུད་རྩིའི་རྒྱུན་བབས་ཏེ་སྙིང་གར་སྔགས་ཕྲེང་ལ་ཐིམ། དེ་ལས་བྱུང་བའི་བདུད་རྩིས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་མེར་གྱིས་ཁེངས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ། བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་དང་བཅས་ཏེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། མཇུག་དམ་ཚིག་ཁས་བླངས་པ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ནི། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་ཅིང་བསྟོད། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །ཞེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡིག་ཆ་སྔ་ཕྱི་རྣམས་སྦྱར་ཏེ་ཤིན་ཏུ་གསལ་བར་བྲིས་པའི་དགེ་བས་འགྲོ་རྣམས་འཆི་མེད་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པར་གྱུར་ཅིག། །།སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །།
སྐྲ་དང་སེན་མོ་ལ་སོགས་པ་སྲེག་པའི་ཆོ་ག་བདེ་ལེགས་ཉི་མ།
སྐྲ་དང་སེན་མོ་ལ་སོགས་པ་སྲེག་པའི་ཆོ་ག་བདེ་ལེགས་ཉི་མ་ཞེས་བྱ་བ་བཞུགས་སོ།།
མཁྱེན་བརྩེའི་བུང་བ་གཞོན་ནུའི་འཕུར་ལྡིང་གིས། །འཆི་མེད་པདྨའི་ཟིལ་དངར་ཡོངས་བསྡུས་ནས། །རིང་འཚོའི་དགའ་སྟོན་འགྱེད་པའི་ལྷར་བཏུད་དེ། །སྐྲ་སེན་སྦྱོང་ཚུལ་བདེ་ལེགས་ཉི་མ་བསྟན། །འདིར་གསོན་པོའི་སྐྲ་དང་སེན་མོ་སོགས་སྐུ་གཟུགས་ལ་སོགས་པ་བཟོ་བའི་རྒྱུར་བསྲེ་བར་འདོད་ན། དེ་དག་བསྲེག་ཅིང་ཤིན་ཏུ་ཞིབ་པར་བཏགས་དགོས། རྩིང་ན་གསོན་གཤིན་གང་ལའང་གནོད་པར་གསུངས་པས། དེའང་ཇི་ལྟར་བརྩམ་པའི་སྦྱོར་བར། ས་གཞི་འཐས་པའམ་སླ་ངའི་ནང་དུ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དཀར་པོའི་ལྟེ་བར་རྃ་དཀར་པོ་བྲིས་པའི་མཐར་འོ་མ་ཅན་ལ་སོགས་པའི་ཤིང་བུ་ཟླུམ་པོར་བརྩེགས་པའི་ནང་དུ་སྐྲ་སེན་དང་སོ་ལ་སོགས་པ་གང་ཡིན་པ་མེ་མཆེད་སླ་བའི་ཤིང་སྐམ་པོ་དང་བཅས་ཏེ་བཞག རང་གི་མདུན་དུ་བསྲེག་རྫས་ཏིལ་དང་དཱུརྦ། རྡོ་རྗེ་དྲིལ་བུ། བུམ་པ་གཉིས་ཁ་རྒྱན་སོགས་འོག་ཏུ་མཁོ་བའི་ཡོ་བྱད་རྣམས་སྟ་གོན་བྱའོ། །དངོས་གཞི་ལ་རྒྱས་པར་ན་ཚེ་དཔག་མེད་ཀྱི་བདག་བསྐྱེད་གཞུང་ལྟར་བསྒོམ། བསྡུ་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་སྐྱབས་འགྲོ་སེམས་བསྐྱེད་བྱས་ནས་རང་སྐད་ཅིག་གིས་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་གྱུར་པར་
བསམས་ལ་དཔལ་འབར་སོགས་ཀྱིས་མེ་སྦར། ཨ་མྲྀ་ཏ་སོགས་ཀྱིས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྃ་དཀར་པོ་ལས་མེ་འབར་བའི་དབུས་སུ། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་བགྲང་ཕྲེང་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གསུས་ཁྱིམ་ཆེ་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། རྡོ་རྗེ་གསོར་ཞིང་ཧཱུྃ་ཞེས་པས་ཕྱི་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿ ཞེས་པས་གཉིས་སུ་མེད་པར་བསྟིམ། བདག་གམ་སྦྱིན་བདག་ཆེ་གེ་མོའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་ཚེའི་བར་དུ་གཅོད་པ་ཐམས་ཅད་སྙིང་ག་ནས་ཡི་གེ་ཀྃ་ནག་པོའི་རྣམ་པས་བྱུང༌། སྣ་སྒོ་ནས་ཕྱིར་ཐོན་ཏེ་ཏིལ་ལ་ཐིམ་ཞེས་བརྗོད། དེ་ནས་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བསྲེག་རྫས་དག་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ། དེ་ཉིད་མེ་ལྷའི་ཞལ་དུ་གསོལ་བར་མོས་ནས། ཏིལ་སྣོད་བཅས་ལག་པ་གཡོན་པས་བཟུང༌། གཡས་པས་བླངས་ཏེ་
མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་པས་ཏིལ་བརྒྱ་རྩ་སོགས་ཅི་རིགས་པར་ཕུལ་མཐར། བདག་གམ་སྦྱིན་བདག་ཆེ་གེ་མོའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་ཚེའི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་དང༌། དེ་བཞིན་དུ། ཨོཾ་ཨགྣ་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་ཞེས་པས་དཱུརྦ་ཅི་རིགས་པར་ཕུལ་མཐར་སྤེལ་ཚིག་སྔར་བཞིན་བརྗོད། སྐྲ་དང་སོ་སེན་རྣམས་ཚིག་པ་ན། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་རེ་རེའི་སྔོན་དུ་འགྲོ་བའི་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དྷརྨཱ་ར་ཎི་རོལ་མོར་བཅས་པས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །ཞེས་སོགས་ཀྱིས་བསྟོད། མེ་ལྷའི་རྒྱལ་པོས་བདག་གི་སོགས་ནས་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ་ཞེས་འདོད་དོན་ཞུས་ནས། ཨོཾ་ཨགྣི་གཙྪ་ཞེས་པས་མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །དེ་ནས་སྐྲ་དང་སོ་སེན་གང་ཡིན་ཚིག་པའི་རོ་མ་རྣམས་མ་ལུས་པར་བསྡུས་ལ་རིན་པོ་ཆེ་ལ་སོགས་པའི་སྣོད་གཙང་མར་བླུགས། ཚེ་དཔག་མེད་ཀྱི་བདག་བསྐྱེད་རྒྱས་པ་གོང་དུ་སོང་ན་དེས་འཐུས། མ་སོང་ན་འདིར་བདག་བསྐྱེད་སྔོན་དུ་བཏང་ནས་བུམ་པ་གཉིས་དཀྱུས་ལྟར་བསྒྲུབས་ནས། སྐྲ་དང་སོ་སེན་གྱི་ཐལ་བའི་ཕུང་པོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་སོགས་ནས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པའི་བར་གྱིས་ཚེ་དཔག་མེད་བསྐྱེད། དེ་ལ་ཉེར་སྤྱོད་བཤམས་པ་ཡོད་ན་བྱིན་གྱིས་བརླབ། མེད་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཨ་པ་རི་མི་ཏཱ་ཡུརྫྙཱ་ན་རེ་རེའི་སྔོན་དུ་འགྲོ་བའི་ཨརྒྷཾ་ནས། ཤབྡ་རོལ་མོའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད་དོ། །དེ་ནས་རྣམ་རྒྱལ་བུམ་ཆུ་ནས་ལས་བུམ་དུ་བསྲེག་པས་བཀྲུ་ཞིང་ཚེ་དཔག་མེད་ཀྱི་སྐུ་དང་ཕྱག་གི་བུམ་པ་ལས་ཀྱང་འཆི་མེད་ཀྱི་བདུད་རྩིའི་ཆུ་རྒྱུན་བབས་པར་བསམ་ཞིང༌། ཚེ་གཟུངས་དང༌། བདུད་རྩི་འཁྱིལ་བའི་སྔགས་དང༌། ཨོཾ་རཏྣ་ཙིཏྟ་བི་བི་ས་ར་ཧཱུྃ། བདག་གམ་
སྦྱིན་བདག་ཆེ་གེ་མོའི་ཚེ་ཐོག་མ་མེད་པ་ནས་སོགས་ཀྱི་སྤེལ་ཚིག་མཐར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་ཡོད་པ་ཅི་མང་བརྗོད་པའི་རྗེས་སུ། དྲིལ་གསིལ་དང་བཅས་ཏེ། སྦྱིན་པའི་སྟོབས་ཀྱི་སོགས་ཚིགས་བཅད་རེ་རེའི་མཚམས་སུ། ཚེ་གཟུངས་སོགས་གོང་གི་སྔགས་གསུམ་སྤེལ་ཚིག་དང་བཅས་པའི་བདེན་སྟོབས་བརྗོད། སླར་ཡང་ཚེ་དཔག་མེད་ལ་མཆོད་བསྟོད་སྔར་བཞིན་དང༌། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ་ཞེས་འདོད་དོན་གསོལ་བ་བཏབ། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མཐེབ་སྲིན་གྱི་སེ་གོལ་དང་ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོག་ཤོག །ཅེས་དང༌། ཆེ་བའི་ཆེ་མཆོག་སོགས་ཀྱིས་བསྔོ་བ་དང་བཀྲ་ཤིས་བརྗོད་དོ། །དེ་ནས་སྐྲ་སེན་སོགས་ཀྱི་རོ་མ་རྣམས་ཤིན་ཏུ་ཞིབ་པར་བཏགས་པའི་ཐལ་བ་རྣམས་འཇིམ་པ་དང་བསྲེས་ནས་འཇིམ་པ་བྱིན་བརླབ་བྱ་བ་ནི། འཇིམ་པ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། འོག་མིན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། འཇིམ་པ་ལ་ཐིམ་པས་འཇིམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དུ་གྱུར་པར་བསམ་ཞིང༌། ལག་པ་གཡོན་པའི་མཐེའུ་ཆུང་བཀུག་པ་མཐེ་བོས་མནན་པ་གན་རྐྱལ་དུ་བཞག་པའི་སྟེང༌། གཡས་པའང་དེ་བཞིན་དུ་བྱས་པ་ཁ་སྦུབ་ཏུ་བཞག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་
ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུ་ཀྵྨེ་སཱུ་ཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ས་མ་རོ་བེ། ཨ་ན་ལ་མྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི་མ་ཧཱ་ཏེ་ཛོ། ནི་རཱ་ཀུ་ལེ། ནི་རཱ་ཝཱ་ཎེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ་སྭཱ་ཧཱ་ཞེས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་འདི་ཉེར་གཅིག་བཟླས་ནས་བྱིན་གྱིས་བརླབས་ཏེ་མཆོད་རྟེན་བྱས་པས། མཆོད་རྟེན་དེ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱས་པར་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་བཤད་དོ། །དེ་ནས་རྒྱས་པ་ལ་མོས་ན་འཇིམ་པ་བཅད་པ་དང་འབི་འབི་བྱ་བའི་སྔགས་སོགས་མཁས་པ་གོང་མ་རྣམས་ཀྱི་ཡི་གེ་དང་ཁོ་བོས་ཀྱང་སཱཙྪ་འདེབས་པའི་ཆོ་ག་དགེ་ཚོགས་རྒྱ་མཚོ་འཕེལ་བའི་ཟླ་བ་ཞེས་བྱ་བ་ཞིག་བགྱིས་ཡོད་པ་དེ་དག་ཏུ་བལྟ་བར་བྱ་ཞིང༌། དེ་ལྟར་མི་ནུས་པས་སྐབས་འདིར་ཚེ་གཟུངས་དང་རྣམ་པར་རྒྱལ་མའི་གཟུངས་རྣམས་ངག་ཏུ་འདོན་ཅིང་སཱཙྪ་དང་སྐུ་བརྙན་སོགས་གང་མོས་ཅི་ནུས་སུ་གདབ། ནང་དུ་གཟུངས་སྔགས་འཇུག་རྒྱུ་ཡོད་ན་རབ། མེད་ན་ཨོཾ་སརྦ་བིདྱཱ་སྭཱ་ཧཱ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་དང༌། ཡེ་དྷརྨཱ་སོགས་ཟློས་ཤིང་སཱཙྪའི་ནང་དུ་འབྲུའི་མེ་ཏོག་གཞུག རབ་གནས་ཀྱང་རྒྱས་བསྡུས་གང་རིགས་བྱས་ཏེ་མཆོད་རྟེན་གྱི་ནང་ངམ། རི་མཐོན་པོའི་རྩེར་རམ་ཆུ་ཀླུང་ཆེན་པོའི་འགྲམ་ལ་སོགས་པར་བསྐྱལ་ཏེ་མགོ་མཇུག་མ་ལོག་པར་བཞུགས་སུ་གསོལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་ལ་སྤྱན་དྲང་དུ་གཞུག་ན་བརྒྱང་བསྐྱུར་མི་བྱེད་པར་རེ་རེ་བཞིན་དུ་ཆུའི་སྟེང་དུ་བཞུགས་སུ་གསོལ་ཞིང༌། སེམས་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུ་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བསམ་མོ། །གལ་ཏེ་གཤིན་པོའི་དོན་དུ་བྱེད་ན་ཕལ་ཆེར་གོང་དང་འདྲ་བ་ལས། ཁྱད་པར་ཤི་བ་དེའི་སྐྲ་སོགས་བཞག་ལ། བསྲེག་རྫས་ནི་སྡིག་སྒྲིབ་སྦྱོང་བ་ཁོ་ནའི་ཕྱིར་ཡིན་པས་ཏིལ་འབའ་ཞིག ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ད་ཧ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཅི་རིགས་དབུལ། བདག་བསྐྱེད་དང་བུམ་བསྐྱེད་ཀུན་རིག་གམ་མི་འཁྲུགས་པ་སོགས་བྱ། རུས་བུ་དང་ཐལ་བའི་ཕུང་བོའི་སྟེང་དུ་མི་འཁྲུགས་པ་བསྒོམས་ལ།
སྔགས་ཀཾ་ཀ་ནི་བཟླས་པའི་མཐར་སྤེལ་ཚིག་ཚེ་ལས་འདས་པ་ཆེ་གེ་མོའི་སོགས་བཏགས་ལ་བཀྲུ་བའམ། ཡང་ན་དོན་གསལ་ནས་འབྱུང་བ་ལྟར། རུས་བུ་སོགས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་དཀར་པོར་བསམ། དེ་ལས་བདུད་རྩིའི་ཆུ་རྒྱུན་སྐྱ་ཆིལ་ཆིལ་བབས་པས། ཚེ་འདས་ཀྱི་སྡིག་པ་ཐམས་ཅད་དག་པར་བསམ་ཞིང༌། ཨོཾ་ན་མོ་བྷ་ག་སོགས་རྩ་རིག་དང༌། ཨོཾ་བཛྲ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཞེས་པའི་མཐར་སྤེལ་ཚིག་བཏགས་པ་དང་བཅས་པས་བཀྲུ། གཉིས་ཀ་གང་ལྟར་ཡང་འདི་ནི་སྦྱིན་པའི་རང་བཞིན་ཆུ་ཞེས་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚིགས་བཅད་དང༌། འདོད་ཆགས་ཞེ་སྡང་སོགས་དང༌། ས་འདི་དུག་གི་ཕ་ཡིན་ཏེ་ཞེས་སོགས་དུག་སྦྱོང་གི་ཚིགས་བཅད་རྣམས་སོ་སོའི་མཚམས་སུ་ཀཾ་ཀ་ནིའམ་རྩ་རིག་སྐབས་གང་བབས་དང༌། བདེན་སྟོབས་བརྗོད་པ་རྣམས་ཀུན་རིག་ལྟར་བྱས་ཏེ་བཀྲུ། དེ་ནས་གང་ལ་སེར་སྣ་རྣམ་ཆགས་པ་ཞེས་སོགས་བརྗོད་ཅིང༌། དེར་མེ་ཏོག་འཐོར་བ་སོགས་ཀྱང་ཕྱག་ལེན་ལ་མཛད་ཅེས་མཁན་ཆེན་བུདྡྷའི་མཚན་ཅན་གྱིས་གསུངས་པས་ནུས་ན་རྒྱས་པའི་ཡན་ལག་ཏུ་འགྱུར་རོ། །རྗེས་མཆོད་བསྟོད་བྱ་བ་འདོད་དོན་གསོལ་གདབ། སྒྲུབ་ཐབས་ཀྱི་མཇུག་སྡུད་རྣམས་རང་རང་གི་སྐབས་བབས་ཀྱི་ཁྱད་པར་བསྒྱུར་བ་མ་གཏོགས་གཞན་ཐམས་ཅད་གོང་མའི་རིགས་བསྒྲེ་ཤེས་པར་བྱའོ། །སྨྲས་པ། རྣམ་སྨིན་ལུས་ཀྱི་ཆ་ཤས་དཀོན་མཆོག་གི །རྟེན་བཟང་བསྐྲུན་པའི་བསོད་ནམས་དངར་པོའི་དྲི། །སྡུག་བསྔལ་ཚད་པ་དབྲོག་ཕྱིར་འཐུལ་བ་འདི། །ཚད་ལྡན་ལེགས་བཤད་སཱ་ལའི་ནགས་ལས་འཕོས། །གྱི་ནར་གནས་པའི་རྒྱུ་ཚོགས་རིན་ཆེན་ཁམས། །སྦྱོང་སྒྱུར་ཐབས་ཀྱི་ཆོ་ག་འདི་བགྱིས་པས། །རང་གཞན་བར་ཆད་སྒྲིབ་པ་ཀུན་བྲལ་ནས། །མངོན་མཐོ་ངེས་ལེགས་བདེ་ལ་རེག་གྱུར་ཅིག །ཅེས་པ་སྐྲ་དང་སེན་མོ་ལ་སོགས་པ་སྲེག་པའི་ཆོ་ག་བདེ་ལེགས་ཉི་མ་ཞེས་བྱ་བ་འདི་ནི། དོན་གཉེར་དགེ་སློང་ཀུན་དགའ་ཆོས་འཕེལ་གྱི་ངོར། ཀུན་མཁྱེན་བུ་སྟོན་དང་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་ཡིག་ཆའི་བཞེད་པ་དང་མཐུན་པར་ཉམས་སུ་བླང་བདེ་བར་
བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་བྲིས་པ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག། ༈ །སྐྲ་སེན་སྲེག་པའི་ཆོ་ག་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་ཉུང་གསལ་ཕན་བདེའི་ཉེར་འཚོ་བཞུགས་སོ། །ཨོཾ་སྭ་སྟི། སྐྲ་སེན་སྲེག་པའི་ཆོ་ག་ཞུ་ཆེན་པཎྜི་ཏས་མཛད་པ་ལྟར་ལག་ཏུ་བླང་བའི་སྐབས། བདག་བསྐྱེད་མི་ཏྲ་ལུགས་ཀྱི་ཚེ་དཔག་མེད་དཀར་པོ་དང༌། གྲུབ་རྒྱལ་ལུགས་སོགས་གང་ལ་བརྟེན་ཡང་རུང་ཞིང༌། དེ་ལྟར་ན་བུམ་བསྐྱེད་སྐབས་རྣམ་བུམ་དུ་བདག་བསྐྱེད་ལྟར་གྱི་གཙོ་རྐྱང་བསྐྱེད་པར་བྱ་སྟེ། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་གཉིས་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ས་བོན་ལས་ཚེ་དཔག་མེད་བདག་བསྐྱེད་ལྟར་བསྐྱེད། ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཅུང་ཟད་ཁྲོ་བའི་ཉམས་ཅན་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་དཔག་མེད་བདུད་རྩི་འཁྱིལ་པ་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་ཚེ་དཔག་ཏུ་མེད་པ་ལ་འོད་དཔག་མེད་པ་དང༌། བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏཱ་ཨ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། འཇིག་རྟེན་འདྲེན་པའི་སོགས་དང༌། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །སོགས་ཀྱིས་བསྟོད། བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷའི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་པས་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང༌། རྣམ་རྒྱལ་ལ་ཚེ་དཔག་མེད་ཀྱི་སྔགས་དང༌། ལས་བུམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར་གོང་ལྟར་མཆོད་ཅིང་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཞི་བ་དང༌། ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། ལས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་པའི་མཐར་ཨོཾ་ཨཱཿཧཱུྃ་ཞེས་དང༌། དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ཏེ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་བསམ། གལ་ཏེ་བུམ་པ་གཅིག་ལས་མེད་ན་རྣམ་བུམ་གྱི་ལྷའི་གཡོན་དུ་བདུད་རྩི་འཁྱིལ་པ་བསྐྱེད་པས་ཁྱབ། དེ་ནས་སྐྲ་དང་སོ་སེན་གྱི་ཐལ་བའི་ཕུང་པོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ལས་བདག་བསྐྱེད་ལྟར་ཚེ་དཔག་མེད་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་དང༌། མཆོད་བསྟོད། བུམ་ཆུས་བཀྲུ་བ་
སོགས་དཀྱུས་ལྟར་བྱ། ཁྲུས་ཚར་མང་དུ་བྱེད་ན། དངོས་སུ་བཀྲུ་མ་བདེ་ཚེ་མེ་ལོང་ལ་གཟུགས་བརྙན་འཆར་བ་བཀྲུ། མཐར་དངོས་སུ་བཀྲུས་པས་རུང་ངོ༌། །དེ་ནས་དཀྱུས་སུ་བཤད་པ་ལྟར་སཱཙྪའི་ཆོ་ག་དང་རབ་གནས་ལེགས་པར་བགྱིས་པའི་རྟེན་ནི་མཆོག་ཕལ་གང་ཡིན་ཀྱང་རུང་སྟེ་མཆོད་རྟེན་སོགས་ཀྱི་ནང་དུ་གཞུག་ནའང་བཏུབ་མོད། ཕལ་པ་ལ་འཇིག་རྟེན་པས་སྨོད་པ་དང༌། མ་དད་པ་སོགས་སྤང་བའི་ཕྱིར་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་སྤྱན་དྲངས་པ་ཉིད་སྐབས་སུ་བབས་པས། དེའི་ཚུལ་མདོར་བསྡུས་དཀྱུས་སུ་གསལ་བ་ལྟར་ལ། ཅུང་ཟད་རྒྱས་པར་བྱེད་ན་ཕན་ཚུན་གྱི་སའི་དཔྱད་དང་ཆུ་བཀྲ་ལེགས་པའི་ཆུ་ཀླུང་ཆེན་པོའི་འགྲམ་ངོགས་སུ་སཱཙྪ་རྣམས་བཀུར་སྟི་དང་བཅས་པས་སྤྱན་དྲངས་ལ། སྟེགས་བུ་ཇི་ལྟར་རིགས་པའི་སྟེང་སྤོས་ཀྱི་ཕྱེ་མ་དང༌། མེ་ཏོག་སིལ་མ་བཀྲམ་པའི་ཁར་བཞུགས་སུ་གསོལ་བའི་མཐར། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་ཅི་འབྱོར་པ་དང༌། ཁྱད་པར་དར་རས་སོགས་ལས་བཅོས་པའི་གདུགས་དང༌། རྒྱལ་མཚན་དང༌། བ་དན་གྱི་ཕྲེང་བ་སྤེལ་ལེགས་མཚར་དུ་དངར་བར་བཤམ། མི་འཁྲུགས་པ་སོགས་བདག་གི་རྣལ་འབྱོར་ཇི་ལྟར་རིགས་པའི་སྒོམ་བཟླས་བྱ། དེ་ནས་བདེན་པའི་སྟོབས་བརྗོད་པའི་སྒོ་ནས་ས་གཞི་དང་མཆོད་པ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་པའི་ཕྱོགས་ཀུན་ཏུ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་
ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་ཞིང་རྒྱས་བར་གྱུར་ཅིག ཅེས་དང༌། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད། འདུན་པ་རྩེ་གཅིག་པས། སཱཙྪ་རྣམས་རྣམ་པ་དེ་བཞིན་གཤེགས་པའི་ཆོས་སྐུའི་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རང་བཞིན་རྡུལ་ཕྲ་རབ་རེ་རེ་བཞིན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུར་བསམས་ལ། ཡན་ལག་བདུན་པའི་ཆོ་ག་རྒྱས་པར་བྱ་བའམ། བསྡུ་ན་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཉིད་ལན་བདུན་སོགས་ཇི་ལྟར་རིགས་པར་བྱ། སྤྲོ་ན་མཆོད་པའི་ཡན་ལག་གི་མཇུག་ཏུ་མཆོད་སྤྲིན་གྱི་གཟུངས་དང་བཅས་ཏེ་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ་ཞིང་མེ་ཏོག་གི་ཆར་དབབ། སྨོན་ལམ་རྒྱས་པར་གདབ། དེ་ནས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་དང༌། ཀུན་རིག་དང་མི་འཁྲུགས་པའི་གཟུངས་སོགས་བཟླ་བཞིན་པས། རེ་ཞིག་མི་ཁྱིས་མི་འགོམས་པའི་ཆུའི་ཀློང་ལྟ་བུའི་སྟེང་དུ་སཱཙྪ་རྣམས་རེ་རེ་བཞིན་དུ་བཞུགས་སུ་གསོལ་ཞིང༌། དགེ་བའི་རྩ་བ་འདིས་མཚོན་ཏེ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་སྦྱིན་པའི་བདག་པོ་འདི་ཞེས་བྱ་བའི་དགེ་བའི་རྩ་བར་གྱུར་ཅིག འདི་ཁོ་ནས་གནས་སྐབས་སུ་ནད་གདོན་སྡིག་སྒྲིབ་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་བརྗོད། གཤིན་པོའི་དོན་དུ་ཡིན་ན། ཚེ་ལས་འདས་པ་འདི་ཞེས་བྱ་བའི་དགེ་བའི་རྩ་བར་གྱུར་ཅིག འདི་ཁོ་ནས་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་གྱུར་ཅིག མཐར་
ཐུག་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་བརྗོད་དོ། །གང་གི་ཚེའང་ཡིད་ཀྱིས་དམིགས་པ་ནི། དེ་ལྟར་གཤེགས་སུ་གསོལ་བ་ན། རྣམ་པར་སྣང་མཛད་ཀྱི་སྐུ་རྡུལ་ཕྲ་རབ་ཏུ་གྱུར་ཏེ་ཀླུའི་རྒྱལ་པོ་རྣམས་ཀྱིས་རྒྱ་མཚོ་ཆེན་པོར་མཆོད་པའི་ཡོ་བྱད་དུ་མ་དང་བཅས་ཏེ་སྤྱན་དྲངས་པའི་ཚེ། རྒྱ་མཚོའི་འགྲམ་དུ་གནས་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་མངོན་པར་ཤེས་པས་དགོངས་ཏེ་སྨོན་ལམ་གྱི་མཐུན་འགྱུར་མཛད་པ། ས་བླའི་ལྷས་འོག་མིན་གྱི་བར་དུ་རྗེས་སུ་བསྒྲགས་ཤིང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པས་ཀྱང་བདེན་ཚིག་གིས་མཚམས་སྦྱར་བར་བསམ། མཐར་གཤིན་དོན་ཡིན་ན། དེ་དག་གི་མཐུ་ལ་བརྟེན་ནས་ཚེ་འདས་ཉིད་ངན་སོང་ལས་གྲོལ་ཏེ་མཐོ་རིས་སུ་སྐྱེས་ཤིང་ལུས་ཀྱང་སྟོན་ནས་སངས་རྒྱས་ཀྱི་ཕྲིན་ལས་ལ་ཆེད་དུ་བརྗོད་པ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་ནས་མི་སྣང་བར་བསམ། གང་ལྟར་ཡང་བསྔོ་སྨོན་དང་ཤིས་པ་རྒྱས་པར་བརྗོད་པས་བདེ་ལེགས་སུ་བྱ། མཆོད་པའི་ཡོ་བྱད་དམན་མ་རྣམས་ཆུ་བོར་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལས་ཀྱང་རྒྱས་པར་སྤྲོ་ན། སྦྱོར་བའི་སྐབས་སུ་ཉེ་ལོགས་ཅི་བདེ་བར་ཀླུའི་དཀྱིལ་འཁོར་དང་མཆོད་གཏོར་བཤམ། དངོས་གཞིའི་ཡན་ལག་བདུན་པ་ཡན་གོང་ལྟར་གྲུབ་ནས། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པའི་ཆོ་ག་ཇི་ལྟ་བར་མཆོད་པ་བྱིན་རླབས་དང༌། མཎྜལ་བསྐྱེད་པ་ནས་མཆོད་བསྟོད་ནོངས་བཤགས་ཀྱི་བར་བྱ། དེ་ནས་ཀླུའི་རྒྱལ་པོ་ཁྱེད་རྣམས་ཀྱིས་མཆོད་རྟེན་བྱིན་རླབས་ཅན་འདི་རྣམས་རྒྱ་མཚོ་ཆེན་པོར་སྤྱན་དྲངས་ལ་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། འཇིག་རྟེན་གྱི་ཁམས་སུ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། ཁྱད་པར་བདག་དང་སྦྱིན་པའི་བདག་པོའི་ནད་གདོན་སྡིག་སྒྲིབ་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། མཐུན་རྐྱེན་ཐམས་
ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་དང༌། གཤིན་དོན་ཡིན་ན་གཞན་གོང་བཞིན་ལ། ཁྱད་པར་ཚེ་ལས་འདས་པ་འདི་ཞེས་བྱ་བའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། རྣམ་སྣང་གི་གཟུངས་བཟླས་ནས། གཤེགས་གསོལ་སྨོན་ལམ་གདབ་པ་སོགས་གོང་བཞིན་གྱི་མཐར། ཀླུ་རྣམས་གཤེགས་སུ་གསོལ་བ་དང༌། བསྔོ་སྨོན་དང་ཤིས་པ་རྒྱས་པར་བརྗོད། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །དེ་ལྟར་ཆོ་ག་རྒྱས་བསྡུས་གང་ཡང་རུང་བ་བགྱིས་པས་ཇི་སྐད་སྨོས་པའི་ཕན་ཡོན་ཐམས་ཅད་འབྱུང་བར་འགྱུར་རོ། །སྤྱིར་སཱཙྪ་བསྒྲུབས་ཟིན་ནས་ཆུ་ཀླུང་དུ་སྤྱན་དྲངས་པ་དང༌། ལམ་གྱི་གཞི་མདོར་མཆོད་རྟེན་དུ་བཞུགས་སུ་གསོལ་བའི་ཚུལ་གཉིས་སུ་གསུངས་པ་ལས། གང་ཟག་ཐུན་མོང་བ་ལ་ཆུ་ཀླུང་དུ་སྤྱན་དྲངས་བ་ཉིད་ལེགས་ཤིང༌། ཅིས་ཀྱང་མ་གྲུབ་ན་བྲག་ཕུག་སོགས་དབེན་པའི་གནས་སུ་ལེགས་པར་བཞུགས། ཁྱད་པར་ཅན་ལ་མཆོད་རྟེན་དངོས་སམ། གདུགས་དང་རྒྱལ་མཚན་བ་དན་གྱིས་བརྒྱན་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་དུ་བཀུར་སྟི་དང་བཅས་ཏེ་བཞུགས་སུ་གསོལ་བར་བྱའོ། །གལ་ཏེ་སྐྲ་སེན་སོགས་བསྲེགས་པ་ཙམ་ལས་སཱཙྪ་མ་གྲུབ་ན། ཐལ་བའམ་རུས་པ་གང་ཡིན་ཀྱང་རུང་སྟེ་ཤིན་ཏུ་ཞིབ་པར་བཏགས་པ་ལ་ཙནྡན་དང༌། གུར་གུམ་དང༌། སྤོས་ཀྱི་རིགས་དྲི་ཞིམ་པོ་རྣམས་དང༌། དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་དང༌། བྱེ་མའམ་ཡུངས་ཀར་སོགས་ལ་ཀུན་རིག་དང༌། མི་འཁྲུགས་པའི་གཟུངས། གཞན་ཡང་སྒྲིབ་སྦྱོང་གི་གཟུངས་སྔགས་ཁྱད་པར་ཅན་མང་དུ་བཏབ་པ་བཅས་ལྷན་ཅིག་ཏུ་བསྲེས་ལ་རིན་པོ་ཆེའི་སྣོད་དུ་བླུགས། གཟུངས་སྔགས་ཁྱད་པར་ཅན་བཟླ་བཞིན་པས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ་ཀླུ་རྣམས་ཀྱིས་མཆོད་པའི་ཕྱིར་སྤྱན་དྲངས་པ་སོགས་སྔར་བཞིན་དུ་དམིགས་ཏེ་སྨོན་ལམ་གྱི་རྒྱས་བཏབ་པས་ཀྱང་ཐལ་བ་དེས་གང་ལ་རེག་
པའི་སེམས་ཅན་དང་དམིགས་ཡུལ་གཉིས་ཀ་ངན་སོང་ལས་གྲོལ་བར་གསུངས་སོ།«ཐལ་བ་ཆུ་བོར་འདོར་བ་ནི་སྦྱོང་རྒྱུད་ཀྱི་དངོས་བསྟན་ཡིན་ལ། གཞན་དུ་ལེགས་པར་བསྔགས་པའི་ཐལ་བ་རི་ཆེན་པོའི་རྩེར་རླུང་ལ་བསྐུར་བས་ཀྱང་ཕན་ཡོན་འདྲ་བ་གསུངས་སོ།» །འདི་དག་སྐབས་འདི་ཙམ་དུ་མ་ཟད། ཀུན་རིག་དང༌། མི་འཁྲུགས་སོགས་ཀྱི་སྒོ་ནས་རུས་པ་བསྲེགས་སྦྱངས་དང༌། སཱཙྪའི་ཆོ་ག་ཚུལ་བཞིན་དུ་བྱས་པ་ཆུ་བོར་སྤྱན་འདྲེན་པའི་ཆོ་ག་གང་ལའང་སྦྱར་དུ་རུང་བས་ཅུང་ཟད་སྤྲོས་ཏེ་བྲིས་པ་ཡིན་ལ། ཁུངས་དང་ཕན་ཡོན་སོགས་རྒྱས་པར་ནི་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་དང༌། སྦྱོང་རྒྱུད་སོགས་ལས་ཤེས་པར་བྱས་ནས་ཡིད་ཆེས་ཀྱི་མོས་པ་བརྟན་པོས་བསྒྲུབས་ན་ཇི་སྐད་བཤད་པའི་ཕན་ཡོན་ཐམས་ཅད་འབྱུང་བ་ནི་ངེས་པའོ། །ཞེས་པའང་བྱ་བྲལ་བ་མཉྫུ་གྷོ་ཥས་གཞན་ཕན་གྱི་བསམ་པ་བཟང་པོ་ཁོ་ནས་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་བྲིས་པའི་དགེ་བས་འགྲོ་ཀུན་གནས་སྐབས་དང་མཐར་ཐུག་གི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཕན་པ་དང་བདེ་བའི་ཉེར་འཚོ་བླ་ན་མེད་པར་གྱུར་ཅིག། །།མངྒ་ལཾ།།
བཟང་པོ་སྤྱོད་པའི་ཆོ་གའི་སྒོ་ནས་འཆི་བ་སླུ་བའི་གདམས་ངག་གསལ་བྱེད་དང་བཅས་པ
བཟང་པོ་སྤྱོད་པའི་ཆོ་གའི་སྒོ་ནས་འཆི་བ་སླུ་བའི་གདམས་ངག་གསལ་བྱེད་དང་བཅས་པ་བཞུགས་སོ།།
བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཟང་པོ་སྤྱོད་པའི་ཆོ་གས་འཆི་བ་སླུ་བའི་གདམས་ངག་ནི། གནས་ཁང་དབེན་པ་ལེགས་པར་བསྟར་ལ། བླ་རེ་བྲེ་བ་དང༌། རྟེན་དགྲམ་པ་དང༌། མཎྜལ་དང་མཆོད་པ་བཤམ། ཁྱད་པར་དུ་མཆོད་པ་རྣམ་པ་ལྔ་པོ་ཚང་བ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཤམ། གཏོར་མ་བཟང་བ་གཉིས་བཤམ། དེ་ནས་དགེ་སློང་བཞི་སྤྱན་དྲངས་ཏེ་བསྙེན་བཀུར་འབྱོར་ཚད་བྱས་ལ། དེ་རྣམས་ཀྱིས་ལྟུང་བ་བཤགས་བསྡམས་དང༌། བྱིན་གྱིས་བརླབས་པ་བྱས་ཏེ། དེའི་རྗེས་ལ་རྟེན་ལ་ཕྱོགས་པར་སྟན་ལ་འདུག་ནས་ཆོ་ག་མཁན་པོ་དང༌། དགེ་སློང་དེ་དག་གིས་སེམས་ཅན་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་གསལ་བར་བསྒོམས་ལ། རང་ངམ་གཞན་ཆེད་དུ་བྱ་བའི་དོན་ལ་དམིགས་ཏེ། ཐོག་མར་གཏོར་མ་གཅིག་ཆོས་སྐྱོང་རྣམས་ལ་ཕུལ་ལ་བར་ཆད་མི་འབྱུང་ཞིང་བསམ་པ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་གདབ། གཏོར་མ་གཅིག་འབྱུང་པོ་ཐམས་ཅད་ལ་དབུལ། དེ་ནས་དཀོན་མཆོག་སྤྱི་ལ་བཤམས་པའི་མཆོད་པ་ཕུལ་ལ་སྡིག་པ་བཤགས་པ་ལ་སོགས་པ་བྱ། མེ་ཏོག་གཏོར་བ་དང་
བཅས་ཏེ་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་དགེ་སློང་བཞིས་དཔེ་དག་པ་ལ་གསུང་རྒྱུན་མི་འཆད་དུ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་འདོན། ཚར་རེ་ཐོན་པ་དང་ཆོ་ག་མཁན་པོས་མཆོད་པ་ཚར་རེ་ཕུལ་ལ་ངག་དང་ཡིད་ཀྱིས་ཕྱག་བྱས་ཏེ་ཆེ་གེ་མོའི་དུས་མ་ཡིན་པར་འཆི་བ་བཟློག་ཏུ་གསོལ་ཞེས་མེ་ཏོག་དང་བཅས་པའི་གསོལ་བ་ལན་གསུམ་གསུམ་གདབ་བོ། །ཐམས་ཅད་ཐོན་ནས་མཇུག་ཏུ་དགེ་བ་བསྔོས་ལ། སྨོན་ལམ་དང་བཀྲ་ཤིས་བརྗོད་དོ། །དགེ་སློང་རྣམས་ལ་ཡང་སྨན་ལ་སོགས་པའི་བསྙེན་བཀུར་དང་མེ་ཏོག་ཀྱང་དབུལ། གཏོར་མ་གཉིས་དང་པོར་བྱིན་གྱིས་བརླབས་ལ་འཛིན་གཏོར་བྱས་ཏེ་མཇུག་ཏུ་བཏང་ངོ༌། །འདི་ནི་འཆི་བ་སླུ་བའི་མན་ངག་དམ་པ་ཡིན་གསུངས། བཟང་པོ་སྤྱོད་པའི་འཆི་བ་སླུ་བའི་ཆོ་ག་སྐྱེར་སྒང་པ་ལས་བརྒྱུད་པའོ།། ༈ །བཟང་པོ་སྤྱོད་པའི་སྨོན་ལམ་ལ་བརྟེན་ནས་འཆི་བ་སླུ་བའི་གདམས་ངག་གསལ་བར་བཀོད་པ་རིང་འཚོའི་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ བཅོམ་ལྡན་ཚེ་མཐའ་ཡས་པ་དང༌། །དབྱེར་མེད་བླ་མ་ལ་བཏུད་ནས། །བཟང་པོ་སྤྱོད་པ་ལ་བརྟེན་པའི། །འཆི་བ་སླུ་བའི་
ཆོ་ག་བཤད། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་ཁང་དབེན་ཞིང་ཡིད་དང་མཐུན་པར་བྱི་དོར་ལེགས་པར་བྱས་ཏེ་བླ་བྲེ་ལ་སོགས་པའི་བཀོད་པས་མཛེས་པར། སྐུ་གསུང་ཐུགས་ཀྱི་རྟེན་ཇི་ལྟར་རིགས་པའི་མདུན་དུ་སྟེགས་ཀྱི་ཁར་མཆོད་པའི་མཎྜལ་དང༌། མཆོད་པ་སྣ་ལྔ་བརྒྱ་རྩ་བརྒྱད་དམ། མ་འབྱོར་ན་ཉེར་གཅིག་དང༌། ཟླུམ་གཏོར་ཆེ་བ་གཉིས་བཅས་བཤམ། དེ་ནས་ཆོ་ག་མཁན་པོ་གཅིག་དང༌། སྨོན་ལམ་གདབ་མཁན་དགེ་སློང་བཞི་བཅས་ལྔ་ཚོགས་པས། གྲུབ་ན་ལྟུང་བ་བྱིན་རླབས་གསོ་སྦྱོང་ལྟར་བྱ་བའམ། མ་ནུས་ན་ལྟུང་བ་བཤགས་པ་ལན་གསུམ་གྱིས་རང་རྒྱུད་ཀྱི་ལྟུང་བ་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམ། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་པའི་འདུན་པ་བྱའོ། །གཉིས་པ་དངོས་གཞི་ནི། ཆོ་ག་མཁན་པོ་དང༌། སྨོན་ལམ་གདབ་མཁན་གྱི་དགེ་སློང་བཅས་ཐམས་ཅད་མགྲིན་གཅིག་ཏུ། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་མོས་པས་སྐྱབས་འགྲོ་རྒྱས་པར་བྱ་བའམ། བསྡུ་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ལན་ཇི་ལྟར་རིགས་པའི་རྗེས། ཆེད་དུ་བྱ་བའི་སྦྱིན་བདག་དེ་ཉིད་ཀྱིས་མཚོན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། མར་ཤེས། དྲིན་དྲན། དྲིན་བཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། བྱང་ཆུབ་ཀྱི་སེམས་ཏེ་རྒྱུ་འབྲས་མན་ངག་བདུན་ཚུལ་བཞིན་དུ་ཡིད་ལ་བྱས་ནས། སེམས་ཅན་ཐམས་ཅད་གནས་སྐབས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ཞི་བ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་བརྟེན་ནས་འཆི་བ་སླུ་བའི་གདམས་པ་ཉམས་སུ་བླང་བར་བགྱིའོ། །སྙམ་དུ་སེམས་བསྐྱེད་ནས། གནས་
དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་དབུས་སུ། མཆོད་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར། སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པ་དང༌། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ཞལ་ཟས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པ། མགྲོན་རྣམས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར་ཅིག ཅེས་དང༌། སྤྲོ་ན། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང་བཅས་པས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པ་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས་ལ། རྒྱས་པར་སྤྲོ་ན་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ཡན་ལག་བདུན་པའི་ཆོ་ག་བསོད་ནམས་རབ་རྒྱས་ལྟར་རམ། དེ་ཙམ་མི་ནུས་ན། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་དང༌། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་
པ་སོགས་དང༌། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་ཕྱག་འཚལ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་བར་དང༌། མཆོད་པའི་སྤྲིན་གྱི་གཟུངས་དང་བཅས་མཆོད་པ་འབུལ། མཎྜལ་ཚོམ་བུ་བདུན་མ་དང༌། སོ་བདུན་མ་གང་རིགས་ཚར་གྲངས་ཇི་ལྟར་ནུས་པ་བྱ། དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་ཡན་ལག་ལྷག་མ་རྣམས་བཟང་སྤྱོད་ལྟར་བགྱིས་པའི་མཐར། ཐལ་མོ་སྦྱར་བས་བཏུད་དེ། ཕྱོགས་བཅུ་དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་རྫོགས་པ། ད་ལྟར་ཞལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང་རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་རྫོགས་ལྡན་དུས་ཀྱི་འབྱོར་པ་ལྟར་རྒྱས་པ་དང༌། ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་མཐའ་དག་ཞི་ཞིང༌། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ་ཇི་ལྟར་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་ཅིང་རྟེན་ལ་མེ་ཏོག་འཐོར། དེ་ནས་སྨོན་ལམ་གདབ་མཁན་རྣམས་ཀྱིས་བཟང་པོ་སྤྱོད་པའི་སྨོན་ལམ་གསལ་དག་སྙན་གསུམ་དང་
ལྡན་པས་འདོན་ཅིང༌། གུང་ཚིགས་ཀྱི་བྱ་བ་སོགས་ཀྱང་རེས་མོས་ཀྱིས་གསུང་རྒྱུན་མི་འཆད་པར་ཚར་བརྒྱ་རྩ་བརྒྱད་དམ། ཉེ་ཤུ་རྩ་གཅིག་ཚང་བར་བྱ། ཆོ་ག་མཁན་པོས་དེའི་བར་དུ་ཡན་ལག་བདུན་པ་སྔར་བཞིན་གྲངས་གསོག་ཅིང༌། སྨོན་ལམ་ཚར་རེ་སོང་བ་དང་བསྟུན་སྔར་བཞིན་གསོལ་བ་ལན་གསུམ་རེ་གདབ་ཅིང་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ནི། སྨོན་ལམ་གྱི་གྲངས་རྫོགས་པ་ན། ཐམས་ཅད་མགྲིན་གཅིག་ཏུ་གཏང་རག་གི་སླད་སྔར་བཞིན་ཡན་ལག་བདུན་པ་དང༌། སྔར་བྱིན་གྱིས་བརླབས་པའི་གཏོར་མ་དང་པོ་ཕྱོགས་སྐྱོང་དང༌། གཉིས་པ་འབྱུང་པོ་ལ། བདག་མེད་པའི་རྣལ་འབྱོར་དྲན་པའི་ངང་མགྲོན་དགུག་པ་སོགས་ཆ་གསུམ་ལྟར་བྱས་ནས་བཏང་བའམ། བསྡུ་ན་ཕྱོགས་སྐྱོང་ལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོ། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪས་གཤེགས་སུ་གསོལ། འབྱུང་པོ་ལ། ཨོཾ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་བསྔོ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ཤིང༌། །ཞི་ཞིང་དུལ་བའི་སེམས་སུ་མཛོད། །བདག་ཅག་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང༌། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་སྒྲུབ་པའི་གྲོགས་ཀྱང་མཛོད། །ཅེས་ཕྲིན་ལས་བཅོལ། མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་གཙྪས་གཤེགས་སུ་གསོལ། དེ་ནས། ཚོགས་ཞིང་རྣམས་གྱི་སྤྱན་སྔར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་བཞུགས་བྱ། སླར་ཡང་ཡན་ལག་བདུན་
པ་དང་བཅས་པའི་བཟང་སྤྱོད་སྨོན་ལམ་ཚར་གཅིག་གི་མཐར། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང༌། ཁྱད་པར་དུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་དོན་ཡིད་ལ་དྲན་ཞིང་ཚིག་ཁ་ཏོན་དུ་བགྱིས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བ་འཁོར་དང་བཅས་པའི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་མཐའ་དག་ཞི་ཞིང་ཕྱིར་བཟློག་པ་དང༌། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ། ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། སྟོན་མཆོག་དམ་པ་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་མཐའ་བརྒྱན། སྦྱིན་པའི་བདག་པོས་ཀྱང་དགེ་སློང་རྣམས་ལ་སྨན་ལ་སོགས་པའི་བསྙེན་བཀུར་བ་དང་མེ་ཏོག་ཀྱང་དབུལ་བར་བྱའོ། །དེ་ལྟར་བགྱིས་པས། གནས་སྐབས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང༌། ཚེ་བསོད་དཔལ་འབྱོར་རྒྱས་པ་དང༌། ཕྱི་མ་དག་པའི་ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཉིད་དོ། །འཆི་བ་སླུ་བའི་ཆོ་ག་ནི། །རིང་འཚོའི་དཔལ་སྟེར་འདི་བགྱིས་པས། །འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི། །སྣང་བ་དམ་པས་མཛེས་གྱུར་ཅིག །ཅེས་པའང་མཆིམས་སྟོན་ཐམས་ཅད་མཁྱེན་པ་ནམ་མཁའ་གྲགས་ཀྱི་ཞལ་སྔ་ནས་ཀྱི་གསུང་རབ་ཇི་ལྟ་བ་ལ། སྐབས་སུ་བབས་པའི་ངག་འདོན་གྱི་མཚམས་སྦྱོར་ཅུང་ཟད་དང་བཅས་ཏེ་འཇུག་བདེ་སྙིང་པོར་དྲིལ་པ་འདི་ཡང༌། ཤཱཀྱའི་དགེ་སློང་མཉྫུ་གྷོ་ཥས་སྦྱར་བ་སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོ་ག་ལ་བརྟེན་ནས་བརྟན་བཞུགས་འབུལ་ཚུལ་དབང་བཅུ་གྲུབ་པའི་དགའ་སྟོན།
རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོ་ག་ལ་བརྟེན་ནས་བརྟན་བཞུགས་འབུལ་ཚུལ་དབང་བཅུ་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། བླ་མ་ཡིད་བཞིན་འཁོར་ལོའི་ཞབས་པདྨོར། །གུས་པས་བཏུད་ནས་དམ་པའི་སྐྱེས་བུ་ལ། །བརྟན་བཞུགས་འབུལ་ཚུལ་དབང་བཅུའི་ཡེ་ཤེས་མཆོག །གྲུབ་པའི་དགའ་སྟོན་བདུད་རྩིའི་མཆོད་ཡོན་སྤྲོ། །འདི་ལ་བཞི། སྦྱོར་བ། དངོས་གཞི། རྗེས་ཀྱི་ཆོ་ག འཕྲོས་དོན་གཞན་བཤད་པའོ། །དང་པོ་ལ། མདུན་བསྐྱེད་ཞབས་བརྟན་ཡོ་བྱད་གཉིས། །ཞེས་པ་ལྟར་ལས་དང་པོ་ནི། དུས་ཚེས་གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམས་པའི་སྔ་ཆར་བླ་མའི་བཞུགས་ཁྲིའི་གཡས་ཕྱོགས་སུ་སྟེགས་བུ་ཁེབས་ལྡན་གྱི་ཁར་ཁོ་བོས་བྱས་པའི་ཆོ་ག་འཆི་མེད་བདུད་རྩིའི་རོལ་མཚོ་ལས་འབྱུང་བ་ལྟར་མཎྜལ་དང་མཆོད་གཏོར་སོགས་ལེགས་པར་བཤམ། དེའང་ཚོམ་བུའི་མལ་དུ་སྒྲོལ་མ་དཀར་མོའི་སྐུ་བརྙན་མངོན་རྟོགས་དང་མཐུན་པ་བཞུགས་སུ་གསོལ་ན་ཤིན་ཏུ་ལེགས། གཞན་ཡང་སློབ་དཔོན་གྱི་མདུན་རྡོར་དྲིལ་འཐོར་ནས། སྒྲུབ་གྲོགས་རྣམས་ཀྱི་མདུན་དུ་རོལ་མོའི་བྱེ་བྲག་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། གཉིས་པ་ནི། བླ་མའི་མདུན་ཕྱོགས་ལྟ་བུ་གོ་སྐབས་ཡངས་པར་སྟེགས་བུ་རས་བཟང་པོས་བཀབ་པར་མེ་ཏོག་སིལ་མ་དགྲམ། དེའི་སྟེང་དུ་ཞབས་བརྟན་
གྱི་མཆོད་པ་ཉེར་སྤྱོད་སྤྱི་དང༌། སྤོས། མར་མེ། ཞལ་ཟས་སོགས་ཀྱི་ཕྲེང་བ་གཙང་ཞིང་བཀོད་པས་མཛེས་པ། མཎྜལ་ཚོམ་བུ་དང་བཅས་པ། སྒྲོལ་དཀར་གྱི་སྐུ་བྲིས་འབུར་གང་རུང་ལྟ་བུའི་སྐུ་རྟེན་ན་བཟའ་དང་བཅས་པ། ཚེ་དཔག་ཏུ་མེད་པའི་མདོ་སོགས་གསུང་རྟེན་གླེགས་བམ་སྒྲིལ་ཚས་དང་བཅས་པ། ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན་ལྟ་བུ་ཅོད་པན་དང་བཅས་པ། རིགས་ལྔའི་ཕྱག་མཚན། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་སོགས་བཀོད་ལེགས་སུ་བསྟར། གཉིས་པ་དངོས་གཞི་ལ་གཉིས། རང་གི་བྱ་བ་དང༌། མཆོག་གི་ཡུལ་ལ་བྱ་བའོ། །དང་པོ་ནི། རང་ཉིད་སྒྲུབ་པའི་གྲོགས་དང་བཅས་པ་སྟན་བདེ་བ་ལ་འཁོད་དེ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་མཆོད་པ་བྱིན་རླབས་ནས་བཟུང་གཏོར་མ་ཆ་གསུམ་གྱི་བར་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་སྒྲུབ་ཐབས་དང༌། ཁོ་བོས་བྱས་པའི་སྒྲུབ་མཆོད་ཀྱི་ཆོ་ག་འཆི་མེད་རོལ་མཚོ་ལྟར་ཉམས་སུ་བླང་ངོ༌། །གཉིས་པ་ལ། བླ་མ་ལྷར་༡ བསྐྱེད་སྔགས་བཟླས་༢ མཆོད།༣ །གསོལ་གདབ་༤ བྱིན་རླབས་༥ བརྡ་མཚོན་༦ དབུལ། །བརྟན་བཞུགས་གསོལ་༧ བཞེས་༧ གཏང་རག་དབུལ།༩ །རྒྱལ་ཚབ་མངའ་༡༠ གསོལ་
ཤིས་པ་༡༡ བརྗོད། །ཅེས་པ་ལྟར་བཅུ་གཅིག་ལས། དང་པོ་ནི། ཞབས་བརྟན་འབུལ་ཡུལ་གྱི་བཞུགས་ཁྲིའི་སྟེང་དུ། སྟན་དཀར་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་བཏིང་བའི་ཁར། བླ་མ་དེ་ཉིད་སྤོས་རོལ་གྱིས་མཚོན་པའི་བཀུར་སྟི་དང་བཅས་སྤྱན་དྲངས་ཏེ་བཞུགས་སུ་གསོལ། དེ་ནས་རང་དང་སྒྲུབ་པའི་གྲོགས་རྣམས་གྲལ་ལ་འཁོད་དེ། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང༌། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བསྒྲེང་བའི་རྒྱས་བགེགས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་གཞོམ་གཞིག་དང་བྲལ་བ་སྣ་ཚོགས་རྡོ་རྗེས་མཚན་པའི་དབུས་སུ། པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སློབ་དཔོན་ཆེན་པོའམ། དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་ཡིད་བཞིན་གྱི་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤ་ལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱིས་ཐད་ཀར་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་བྱེ་བ། གཡས་འབྲས་བུ། གཡོན་གོང་བུའི་རྣམ་པར་ཡོད་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། དར་དམར་པོའི་ཤམ་ཐབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་རྒྱབ་ཡོལ་
དང་འོད་ཀོར་ཅན། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་སྒྲོལ་མ་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། ཨོཾ་གུ་རུ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཉིས་པ་ནི། བླ་མ་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ། ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་པས་བསྐོར་བ། དེའི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་ཡིག་འབྲུ་རེ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་གཡོན་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་
ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྗེ་སྔོན་མོའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ། དེ་ལས་འོད་ཟེར་འཕྲོས། སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། བར་ཆད་དང་དུས་མ་ཡིན་པའི་འཆི་བ་ཐམས་ཅད་སྦྱངས། སངས་རྒྱས་དང་བྱང་སེམས་དང་བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་བྱིན་རླབས་དང་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ཏེ་ཐུགས་ཀའི་འཁོར་ལོ་དང་ཡིག་འབྲུ་རྣམས་ལ་ཐིམ་པས། སྐུ་ཚེ་དང་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་རྒྱས་པར་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨཱ་ཡུར་པུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཅི་ནུས་དང༌། ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་རྣམས་ལན་གསུམ་རེས་བརྟན་ཅིང་ནུས་ལྡན་དུ་བྱའོ། །གསུམ་པ་ནི། མཆོད་པ་འབུལ་བའི་ཐོག་མར་ལས་ཀྱི་རྡོ་རྗེས་ཚོགས་པ་ཐམས་ཅད་ལ་མེ་ཏོག་བཀྱེ། ཞབས་བརྟན་གྱི་མཆོད་པ་ལ་དམིགས་ཏེ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། དྷརྨཱ་ར་ཎི་ཏ་རོལ་མོ་དང་བཅས་པ་ལན་གསུམ་གྱིས་བྱིན་ཕབ་སྟེ་གཞག ཚོགས་པའི་གཙོ་བོ་ཞིག་གིས་ལངས་ཏེ་མཎྜལ་ཚོམ་བུ་སུམ་ཅུ་སོ་བདུན་བཀོད་པ་ལག་གཡོན་དུ་ཐོགས་ནས་གཡས་པས་སྤོས་རེང་ཐོགས་ཏེ་བརྡ་སྤྲོད་པའི་ཚུལ་དང་བཅས་ཏེ། ཐམས་ཅད་ཀྱིས་དཔལ་ལྡན་བླ་མ་དམ་པ་བསྐལ་བརྒྱར་བརྟན་པར་བཞུགས་པར་གསོལ་བའི་ཆེད་དུ་མཎྜལ་འབུལ་བར་ཞུ་ཞེས་བསྐུལ་
ནས། ཐམས་ཅད་ཀྱིས་ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་ཞེས་སོགས་ནས། མ་ཚང་བ་མེད་པ་འདི་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་བསྐལ་བརྒྱར་བརྟན་པར་བཞུགས་པར་གསོལ་བའི་ཆེད་དུ་དབུལ་བར་བགྱིའོ་ཞེས་བསྒྱུར་ནས། ཐུགས་རྗེས་འགྲོ་བའི་དོན་ཕྱིར་ཞེས་པ་མན་ཆད་འདྲ་བར་བྱས་ལ། སྤྲོ་ན་གང་གི་མཆོད་རྫས་སོགས་དང༌། དེང་ནས་བྱང་ཆུབ་ནས། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་གྱི་བར་བརྗོད། མཆོད་པ་འབུལ་བ་སོ་སོའི་ཕྱག་རྒྱ་དང་བཅས་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །བླ་མ་ཡིད་བཞིན་འཁོར་ལོ་དང༌། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སྐུ་ཚེ་བརྟན་པར་བཞུགས་སུ་གསོལ། །ཨོཾ་གུ་རུ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ནས་ཤབྡའི་བར་འདོན་པ་བསྒྱུར་ཏེ་དྷརྨཱ་ར་ཎི་རོལ་མོ་དང་བཅས་པས་མཆོད། སྤྲོ་ན་རྒྱལ་སྲིད་བདུན་དང༌། འདོད་ཡོན་ལྔ་འབུལ་བའི་ཚིགས་བཅད་སྤྱི་ལྟར་ལ། བཞེས་ཤིག་སྐུ་ཚེ་བརྟན་པར་བཞུགས་སུ་གསོལ། །ཞེས་པའི་ཚིག་དང་མཚན་སྔགས་བསྒྱུར་ཏེ་འབུལ་བས་མཚོན་མཆོད་ཕྲེང་རྒྱས་པར་བསྟར་ཀྱང་ལེགས་མོད། སྐུ་ཡུལ་གཉན་པ་སོགས་ལ་ཡུན་འགོར་དོགས་ན་དཀྱུས་མ་འདི་ཙམ་གྱིས་འཐུས་ཤིང་ལེགས་པའང་ཡིན་ལ། བསྟོད་པའི་མཆོད་པ་ནི་རྡོ་རྗེ་དྲིལ་བུ་འཛིན་པས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་མམ་སྤྲོ་ན་ཚིགས་བཅད་ལྷག་མ་རྣམས་ཀྱིས་ཀྱང་
བསྟོད། བཞི་པ་ནི། བླ་མ་རྗེ་བཙུན་མའི་སྤྱི་བོའི་རིགས་བདག་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཐའ་སྐོར་ཀུན་ཏུ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་བསྟན་སྲུང་ནོར་ལྷའི་ཚོགས་རྣམས་མངོན་སུམ་དུ་བྱོན་པ་ལ། ཐུགས་རྒྱུད་བསྐུལ་བའི་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བླ་མའི་སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་བྱིན་གྱིས་བརླབས། བསྟན་སྲུང་ནོར་ལྷ་རྣམས་ཀྱིས་བར་ཆད་ཀྱི་བགེགས་བསལ་བར་བསམས་ལ། ཐལ་མོ་སྦྱར་ཏེ་གདངས་དང་བཅས་པས། ཐུབ་པའི་དབང་པོ་རྗེ་བཙུན་སྒྲོལ་མ་དང༌། །ངག་དབང་གྲགས་པ་རྡོ་རྗེ་གདན་པའི་ཞབས། །བ་རི་ལོ་ཙཱ་གྲུབ་ཆེན་གླེ་ནག་པ། །བཤེས་གཉེན་སྦྲེ་བ་རྣམས་ནི་གནས་མཆོག་འདིར། །མཆོག་ཏུ་དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །དེང་འདིར་དཔལ་ལྡན་བླ་མ་དམ་པ་ཡི། །སྐུ་ཚེ་བསྐལ་པ་བརྒྱ་རུ་བསྲིང་བ་དང༌། །ཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །མཉམ་མེད་སྒམ་པོ་པ་དང་སྒམ་ཚུལ་རྗེ། །ཤེས་རབ་བྱང་ཆུབ་དྭགས་པོ་འདུལ་འཛིན་ཞབས། །འབྲི་གུང་གླིང་པ་དམ་ཆོས་གླིང་པ་རྗེ། །ཆོས་ཀྱི་ཚུལ་ཁྲིམས་རྣམས་ནི་གནས་མཆོག་འདིར། །མཆོག་ཏུ་དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །དེང་འདིར་དཔལ་ལྡན་བླ་མ་དམ་པ་ཡི། །སྐུ་ཚེ་བསྐལ་བ་བརྒྱ་རུ་བསྲིང་བ་དང༌། །ཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །ལྷ་ལུང་ཐོག་གནས་པ་དང་ཆོས་ཀྱི་དབང༌། །བྱང་ཆུབ་བཟང་པོ་བཀྲ་ཤིས་རྣམ་པར་རྒྱལ། །བསོད་ནམས་ལྷ་དབང་དཔལ་ལྡན་རྒྱལ་མཚན་དང༌། །ཕྱོགས་ལས་རྣམ་རྒྱལ་རྣམས་ནི་གནས་མཆོག་འདིར། །མཆོག་ཏུ་དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །དེང་འདིར་དཔལ་ལྡན་བླ་མ་དམ་པ་ཡི། །སྐུ་ཚེ་བསྐལ་པ་བརྒྱ་རུ་བསྲིང་བ་
དང༌། །ཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །ཚར་ཆེན་མཁྱེན་བརྩེ་བསླབ་གསུམ་དབང་རབ་ཞབས། །བསོད་ནམས་མཆོག་ལྡན་བསོད་ནམས་མཆོག་གྲུབ་དང༌། །མཁྱེན་རབ་བྱམས་པ་རྨོར་ཆེན་གནས་གསར་བ། །ཀུན་དགའ་བློ་གྲོས་རྣམས་ནི་གནས་མཆོག་འདིར། །མཆོག་ཏུ་དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །དེང་འདིར་དཔལ་ལྡན་བླ་མ་དམ་པ་ཡི། །སྐུ་ཚེ་བསྐལ་པ་བརྒྱ་རུ་བསྲིང་བ་དང༌། །ཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །མཁས་གྲུབ་དབང་པོ་ཀུན་དགའ་བསྟན་འཛིན་སོགས། །འཆི་མེད་མཆོག་སྩོལ་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་ཚོགས་རྒྱལ་བ་སྲས་དང་བཅས། །བསྟན་སྲུང་ནོར་ལྷ་རྣམས་ནི་གནས་མཆོག་འདིར། །མཆོག་ཏུ་དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །དེང་འདིར་དཔལ་ལྡན་བླ་མ་དམ་པ་ཡི། །སྐུ་ཚེ་བསྐལ་པ་བརྒྱ་རུ་བསྲིང་བ་དང༌། །ཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། བླ་མ་ཡིད་བཞིན་འཁོར་ལོའི་རིགས་བདག་ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་ཧྲཱིཿཡིག་དང༌། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་དཔལ་ལྡན་བླ་མ་དམ་པའི་དབུ་གཙུག་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། འཆི་མེད་སྐུ་ཚེའི་དངོས་གྲུབ་ཐོབ། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང་འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། སྐུ་ལུས་ཀྱི་སྤྱི་གཙུག་ནས་ཞབས་མཐིལ་གྱི་བར་ཐམས་ཅད་མེར་གྱིས་
ཁེངས་པས་སྐུ་ཚེའི་བར་དུ་གཅོད་པ་ཐམས་ཅད་བྱང་ཞིང་དག ཚེ་དང་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས། བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པས་ཕྲོམ་མེར་གཏམས་ཤིང་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར། ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྒྱུན་གྱིས་རྟག་པའི་གོ་འཕང་ལ་དབང་བསྒྱུར་བར་གྱུར་ཅེས་བརྗོད་ཅིང་བསམས་ལ་སྔགས་ཅི་རིགས་པ་བཟླ། སླར་ཡང་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། བླ་མའི་སྐུའི་ཕྱི་རོལ་དུ་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་སྦུབས་ཅན་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་སྲ་ཞིང་བརྟན་པའི་ཕྱི་རོལ་ནས་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར་«བར་འདིར་འོད་ཟེར་དྲུག་སྦྲགས་ཀྱི་དམིགས་རིམ་ཚང་མ་སྦྱོར་བའི་ཚུལ་ཡང་སྣང་བ་ཚིག་ཅུང་ཟད་བསྒྱུར་ཏེ་གསལ་བཏབ་ཀྱང་འགལ་བ་མེད་མོད། དཀྱུས་ལ་འདི་ཙམ་གྱིས་ཆོག་གོ། »པར་བསམས་ལ་ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་རྣམས་བཟླས་ཤིང་རོལ་མོ་དང་བཅས་མེ་ཏོག་འཐོར་ཞིང་བརྟན་པར་བྱ། དྲུག་པ་ནི། བླ་མའི་ཕྱག་ཏུ་སྒྲོལ་དཀར་གྱི་སྣང་བརྙན་ལྟ་བུའི་སྐུ་རྟེན་ཕུལ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ། བསྟན་པའི་རྩ་ལག འགྲོ་བའི་མགོན་སྐྱབས། བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འཕོ་འགྱུར་མེད་པར་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བརྟན་པར་བཞུགས་པར་གསོལ་བའི་བརྡར་སྐུའི་རྟེན་དབུལ་བར་བགྱིའོ། །གསུང་རྟེན་ཚེ་མདོའམ་གླེགས་བམ་གང་རུང་འབུལ་ཞིང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ། བསྟན་པའི་རྩ་ལག འགྲོ་བའི་མགོན་སྐྱབས། བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་གསུང་མི་ཟད་བརྒྱན་གྱི་འཁོར་ལོས་དུས་རྟག་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བར་གསོལ་བའི་བརྡར་གསུང་གི་རྟེན་དབུལ་བར་བགྱིའོ། །ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན་ནམ་པད་
སྤུངས་སམ་རྡོར་དྲིལ་ལྟ་བུ་འབུལ་ཞིང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ། བསྟན་པའི་རྩ་ལག འགྲོ་བའི་མགོན་སྐྱབས། བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བདེན་གཉིས་ཟུང་འཇུག་གི་ཏིང་འཛིན་ཟབ་མོ་ལས་མ་གཡོས་པར་དམིགས་པ་མེད་པའི་སྙིང་རྗེས་བསྟན་འགྲོ་ཐམས་ཅད་མི་འདོར་བར་གསོལ་བའི་བརྡར་ཐུགས་ཀྱི་རྟེན་དབུལ་བར་བགྱིའོ། །ཡོན་ཏན་གྱི་རྟེན་དུ་རྣམ་རྒྱལ་བུམ་པ་འབུལ་ཞིང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ། བསྟན་པའི་རྩ་ལག འགྲོ་བའི་མགོན་སྐྱབས། བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུས་སེམས་ཅན་གྱི་རེ་བ་མ་ལུས་པ་བསྐང་བར་གསོལ་བའི་བརྡར་ཡོན་ཏན་གྱི་རྟེན་དབུལ་བར་བགྱིའོ། །ཕྲིན་ལས་ཀྱི་རྟེན་དུ་རིགས་ལྔའི་ཕྱག་མཚན་འབུལ་ཞིང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ། བསྟན་པའི་རྩ་ལག འགྲོ་བའི་མགོན་སྐྱབས། བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་དང་བསམ་པ་བཞིན་དུ་འཇུག་པར་གསོལ་བའི་བརྡར་ཕྲིན་ལས་ཀྱི་རྟེན་དབུལ་བར་བགྱིའོ་ཞེས་དང༌། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཞིང་གུས་པས་བཏུད་དེ། བླ་མ་རང་གི་ཞབས་བརྟན་ནམ། སྤྱི་འགྲོའི་བརྟན་བཞུགས་ཀྱི་ཚིགས་བཅད་གང་འོས་ཀྱིས་ལན་གསུམ་སོགས་སུ་གསོལ་བ་རྩེ་གཅིག་ཏུ་གདབ་ཅིང་མེ་ཏོག་འཐོར། ཞབས་བརྟན་གྱི་འབུལ་ཚན་སོགས་ཡོད་ན་སྐབས་འདིར་དབུལ། བདུན་པ་ནི། བླ་མའི་སྐུ་ཆེ་བའི་ཡོན་ཏན་དང༌། ཕུན་སུམ་ཚོགས་པ་ལྔ་སོགས་ལས་བརྩམས་པའི་བརྗོད་བྱ་ཟབ་ཅིང་དོན་ཆེ་བ། རྗོད་བྱེད་སྙན་ཞིང་གོ་སླ་བ། བརྗོད་ཚུལ་བཀྲ་ཤིས་པའི་དགེ་མཚན་
ཅན་གྱི་སྨྲ་བའི་རྒྱན་དང་ལྡན་པ་གདུལ་བྱ་ཐམས་ཅད་ཡིད་འཁུལ་ནུས་པའི་ཞལ་བཞེས་ཞུ་བའི་སྙན་འབུལ་མདོ་རྒྱས་འཚམས་པ་ཞིག ཚོགས་པའི་གཙོ་བོར་གྱུར་པས་གུས་པ་ཆེན་པོའི་ཕྱག་གསུམ་བྱས་ནས་ཐལ་མོ་སྦྱར་བ་དང་བཅས་བློ་གྲོས་ཀྱི་བང་མཛོད་ཁ་ཕྱེ་སྟེ་སྐབས་སུ་བབ་པའི་ལེགས་བཤད་ཀྱི་མཆོད་སྤྲིན་སྤྲོ་བར་བྱ་བ་ཡིན་ལ། སྤྱིར་བཏང་དུ་སྤྲོས་པ་མདོར་བསྡུས་པའི་ཚུལ་གྱིས་གསོལ་ན། སླར་ཡང་འདྲེན་མཆོག་བསྟན་པའི་སྣང་བྱེད་ཆེན་པོའི་ཞབས་ལ་གུས་པ་ཆེན་པོའི་ཕྱག་བཙལ་ཏེ་རྩེ་གཅིག་ཏུ་གསོལ་བ་འདེབས་པའི་སྙིང་པོ་ནི། ཇི་སྐད་དུ། མགོན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར། འགྲོ་བ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་ནི་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ལ་རག་ལས་ཤིང༌། ལུང་རྟོགས་ཀྱིས་བསྡུས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེའང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གཅེས་པར་འཛིན་པ་ལ་རག་ལས་པའི་ཚུལ་མཁས་མཆོག་དབྱིག་གཉེན་གྱི་ཞལ་སྔ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པའང་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། དེ་དག་ཐམས་ཅད་ཀྱི་གཙོ་བོ་ནི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་འབའ་ཞིག་ལ་རག་ལས་པ་ཡིན་ཏེ། རྒྱལ་བས་ལུང་བསྟན་བརྙེས་པའི་སྐྱེས་བུ་དམ་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་ལས། ཚད་མེད་མཁྱེན་དང་བརྩེ་བའི་དཔལ་མངའ་ཞིང༌། །རྒྱལ་བའི་བསྟན་པ་སྲོག་ལྟར་གཅེས་འཛིན་པའི། །མཚུངས་མེད་བླ་མ་དགེ་བའི་བཤེས་གཉེན་རྣམས། །སྐུ་ཚེ་རིང་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་གསུངས་པས་ན་བསྟན་པ་ཡུན་རིང་དུ་གནས་
པར་བྱ་བའི་ཕྱིར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་བསྐལ་བརྒྱར་ཞབས་པད་བརྟན་པར་གསོལ་བ་གདབ་དགོས། དེའི་རྒྱུ་མཚན་ཡང་དོན་དམ་པར་མགོན་པོ་བྱམས་པས། འཕགས་པས་སྐྱེ་དང་འཆི་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར་སྐྱེ་འཆི་ལ་མངའ་བརྙེས་པས་གསོལ་བ་གདབ་མིན་ལ་མ་ལྟོས་མོད། འོན་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་སྣང་ངོར་མྱ་ངན་འདའ་བའི་ཚུལ་སྟོན་པའང་ཡོད་དེ། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་སྨིན་བྱའི་ཕྱིར། །མྱ་ངན་འདས་པའང་སྟོན་པར་མཛད། །ཅེས་གསུངས་པས་ན་གསོལ་བ་གདབ་པར་བྱ་དགོས་ཏེ། ཕལ་པོ་ཆེའི་མདོ་ལས་ཀྱང༌། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཞེས་གསུངས་ཤིང༌། ཇི་ལྟར་གསོལ་བ་འདེབས་པའི་ཚུལ་ཡང༌། བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས་འཆི་མེད་སྐུ་ཚེའི་ཆོ་ག་དང་བཅས་པའི་སྒོ་ནས་བླ་མ་དང་ལྷག་པའི་ལྷའི་ཐུགས་རྒྱུད་བསྐུལ། རྟེན་ཅིང་འབྲེལ་བར་འབྱུང་བ་བཟང་པོའི་མཆོད་སྤྲིན་གྱིས་མདུན་བདར། མོས་གུས་གདུང་ཤུགས་དྲག་པོས་ལྷར་བཅས་བསྟན་འགྲོ་ཡོངས་ཀྱི་སྐྱབས་དང༌། མགོན་དང༌། དཔུང་གཉེན་གཅིག་པུར་གྱུར་པ་དཔལ་ལྡན་བླ་མ་དམ་པ་གང་ཉིད། སྤྱིར་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་རྒྱས་པའི་ཕྱིར་དང༌། ལྷག་པར་བདག་སོགས་གདུལ་བྱ་རྣམས་ཀྱི་དཔལ་མགོན་དམ་པ་ཉིད་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ནམ་ཡང་མི་འགྱུར་བར་ངེས་པ་ལྔ་ལྡན་གྱི་མགོན་པོ་བཞིན་དུ། འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་ལན་བརྒྱ་སྟོང་དུ་མར་རྩེ་གཅིག་ཏུ་འདེབས་པ་
ལགས་ན་དམིགས་པ་མེད་པའི་བརྩེ་བ་དང༌། ཡེ་ཤེས་གཟིགས་པ་དམ་པས་རྗེས་སུ་དགོངས་ཏེ་དེ་དེ་བཞིན་དུ་ཞལ་གྱིས་བཞེས་པར་ཅི་གནང༌། །ཞེས་ཞུའོ། །སྤྱིར་ཞལ་བཞེས་ཞུ་བའི་བཤད་པ་འདི་ཙམ་དུ་མ་ཟད། ཁྲི་སྟོན་ལྟ་བུའི་གལ་ཆེ་བའི་ཚེ་སྤྲོ་ཞིང་ནུས་ན་གོང་གི་མཎྜལ་འབུལ་བའི་ཐོག་མར་ཡང་མཎྜལ་གྱི་རྣམ་བཤད་རྒྱས་པར་སྤྲོས་ཏེ་བརྡ་སྤྲད་པ་དང༌། འགའ་ཞིག་གིས་མཇུག་བཀྲ་ཤིས་ཀྱི་སྐབས་ཀྱང་བཤད་པ་ཅི་རིགས་པ་མཛད་པའི་སྲོལ་ལྟར་བྱུང་ན་ཤིན་ཏུ་ལེགས་སོ། །བརྒྱད་པ་ནི། བླ་མ་དེ་ཉིད་ནས་ཀྱང༌། གལ་ཏེ་བསྟན་པ་རྒྱས་པ་དང༌། །སེམས་ཅན་ཕན་པའི་རྒྱུར་འགྱུར་ན། །མི་ལོ་བརྒྱ་རྩ་བརྒྱད་ལྷག་སོགས། །གང་འདོད་འཚོ་བར་བླ་མ་དང༌། །རྒྱལ་བ་སྲས་དང་བཅས་པས་བདག །དབང་བཅུ་ལྡན་པར་བྱིན་གྱིས་རློབས། །ཞེས་པ་ལྟ་བུའི་ཞལ་བཞེས་གནང་བྱུང་བ་དང༌། དགུ་པ་ནི། མཎྜལ་རྒྱ་ཆེ་བ་ཐོགས་ཏེ། ཐམས་ཅད་ཀྱིས་གཏང་རག་གི་མཎྜལ་འབུལ་བར་ཞུ། ཞེས་དང༌། ཨོཾ་བཛྲ་བྷཱུ་མི་ནས་ཚོམ་བུ་སོ་བདུན་མ་འབུལ་བའི་གཤམ་དུ། འདི་ཉིད་དཔལ་ལྡན་བླ་མ་དམ་པ་བསྐལ་བརྒྱར་ཞབས་ཀྱི་པདྨོ་བརྟན་པར་བཞུགས་པར་ཞལ་གྱིས་བཞེས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་ཞེས་སོགས་བརྗོད་དོ། །བཅུ་པ་ནི། དེ་དག་བརྟན་པར་བྱ་བའི་ཕྱིར་མདུན་བསྐྱེད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་དང༌། ནམ་མཁར་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཚོགས་རྣམས་ལྷན་ཅིག་པས་སྐུ་ཚེ་ལ་སོགས་པ་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རྒྱལ་སྲིད་སྣ་བདུན་འབུལ་བ་དང༌། བཀྲ་ཤིས་རྫས་བརྒྱད་འབུལ་བའི་བཀྲ་ཤིས་ཀྱི་ཆོ་གས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་དབང་བསྐུར་བའི་དགོངས་པ་གཏད་པར་གྱུར། རྒྱལ་སྲིད་སྣ་བདུན་གྱི་གཟུགས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་བའི་རིག་པས་བྱིན་གྱིས་བརླབས་ནས། རེ་རེ་བཞིན་དུ་ཐོགས་ནས་འབུལ་བའི་ཚུལ་དང་བཅས་ཏེ། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །
རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང༌། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མི། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང༌། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མི། གཟུགས་མཛེས་བལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་རྒུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་ཝ་སྟི་རཏྣ་ཨ་བྷི་ཥིཉྩ་མི། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པའི། །གསེར་སོགས་མང་པོ་ཐུགས་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པའི། །བློན་པོ་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་མ་ཧ་ཏཱ་རཏྣ་ཨ་བྷི་ཥིཉྩ་མི། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩཱ་མི། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་ནུས་པའི། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩཱ་མི། འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་མི་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་དབུལ། བཅུ་གཅིག་པ་ནི། བཀྲ་ཤིས་རྫས་བརྒྱད་ཀྱི་གཟུགས་བསང་སྦྱངས། སྟོང་པའི་ངང་ལས་མྃ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་དང༌། ཕྲིན་ལས་དང༌། དཔལ་འབྱོར་ཐམས་ཅད་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་མངྒ་ལ་
ཨཥྚ་དྲ་བྱ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ནས། གཟུགས་རེ་རེ་བཞིན་དུ་ཐོགས་ནས་འབུལ་བའི་ཚུལ་དང་བཅས་ཏེ། སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་དཔལ་ལྡན་བླ་མ་དམ་པའང་མེ་ལོང་གི་རྫས་ལ་བརྟེན་ནས་སྐུ་ཚེ་དང་ཕྲིན་ལས་མཐའ་ཡས་པ་ལ་དབང་འབྱོར་ཞིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ་སྦྱར་ལ། གླང་པོ་ཆེ་ས་སྲུང་གིས་གི་ཝཾ་ཕྱག་ཏུ༴ གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །རྩཱ་འཚོང་བཀྲ་ཤིས་ཀྱིས་རྩྭ་དཱུརྦ་ཕྱག་ཏུ༴ དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག །ལྷ་ཚངས་པས་ཤིང་ཏོག་བིལྦ་ཕྱག་ཏུ༴ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་པ་ཕྱག་ཏུ༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །བྲམ་ཟེ་སྐར་རྒྱལ་གྱི་བུས་ལི་ཁྲི་ཕྱག་ཏུ༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་
ནོར་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་ཀར་ཕྱག་ཏུ༴ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག །ཅེས་དབུལ་ཞིང༌། ཕུན་སུམ་ཚོགས་པ་ལ་སོགས་པའི་མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་མཐར་རོལ་མོའི་སྒྲ་སྙན་པར་སྦྱར། མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱས་ཏེ་བླ་མ་རང་གནས་སུ་སྤྱན་དྲངས། གསུམ་པ་རྗེས་ནི། མདུན་བསྐྱེད་ཀྱི་མཆོད་པ་ཞལ་བསོས་ལ་བསང་སྦྱང་བྱིན་རླབས་ནས་བཀྲ་ཤིས་ཀྱི་རང་ཆོ་གའི་དཀྱུས་ལྟར་ལ་མདུན་བསྐྱེད་སྐུ་རྟེན་ཡོད་ན་བརྟན་བཞུགས་བྱ་བ་ཙམ་ཁྱད་པར་རོ། །བཞི་པ་འཕྲོས་དོན་ཅུང་ཟད་བཤད་ན། དེ་ལྟ་བུའི་ཚུལ་འདི་ནི་ཚར་ལུགས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་ག་དང་སྦྱར་བ་ཡིན་ལ། གཞན་དུ་ངོར་ལུགས་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཆོ་ག་མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་ཟུར་འདེབས་བཅས་ཀྱི་སྟེང་ནས་གཏོང་བར་མོས་ན། སྦྱོར་བ་བཤམ་བཀོད་སོགས་དམིགས་བསལ་རྣམས་ཡིག་ཆ་དེ་དག་གི་གཞུང་སོར་བཞག་ལ། སྤྱིར་བཏང་ཞབས་བརྟན་གྱི་ཡོ་བྱད་སོགས་གོང་ལྟར། དངོས་གཞི་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་ནས་བཟུང་མདུན་བསྐྱེད་བཟླས་པ་གསོལ་གདབ་ཡན་ཆད་གཞུང་ལྟར་ཉམས་སུ་བླང༌། བརྟན་བཞུགས་དངོས་ཀྱི་སྐབས་གཞན་གོང་དང་འདྲ་བ་ལ། བཟླས་པའི་སྐབས། བླ་མ་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་འཁོར་ལོའི་ལྟེ་བར། ཨོཾ་བདག་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛོད་ཅིག་ཧཱ་ཞེས་དང༌། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭ་
ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་སོགས་གོང་ལྟར། དབྱངས་གསལ་རྟེན་སྙིང་བཟླ་བ་རྣམས་མི་དགོས། གསོལ་འདེབས་སྐབས། མདུན་བསྐྱེད་ཀྱི་སྟེང་གི་ནམ་མཁའ་དང་བར་མཚམས་མཐའ་སྐོར་ཀུན་ཏུ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་བསྟན་སྲུང་ནོར་ལྷའི་ཚོགས་རྣམས་མངོན་སུམ་དུ་བྱོན་པ་ལ་ཐུགས་རྒྱུད་བསྐུལ་བའི་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བླ་མའི་སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་བྱིན་གྱིས་བརླབས། བསྟན་སྲུང་ནོར་ལྷ་རྣམས་ཀྱིས་བར་ཆད་ཀྱི་བགེགས་བསལ་བར་བསམས་ལ། ཐལ་མོ་སྦྱར་ཏེ་གདངས་དང་བཅས་པས། སྟོབས་བཅུའི་དབང་ཕྱུག་སྟོན་པ་ཤཱཀྱའི་ཏོག །རྗེ་བཙུན་སྒྲོལ་མ་པཎ་ཆེན་ཤཱཀྱ་ཤྲཱི། །མཁན་ཆེན་བྱང་ཆུབ་དཔལ་དང་བདེ་བ་དཔལ། །གྲགས་པ་གཞོན་ནུ་རྣམས་ནི་གནས་མཆོག་འདིར། །མཆོག་ཏུ་དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །དེང་འདིར་དཔལ་ལྡན་བླ་མ་དམ་པ་ཡི། །སྐུ་ཚེ་བསྐལ་པ་བརྒྱ་རུ་བསྲིང་བ་དང༌། །ཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །བསོད་ནམས་གྲགས་པ་བསོད་ནམས་རྒྱལ་མཚན་ཞབས། །དཔལ་ལྡན་ཚུལ་ཁྲིམས་ཤར་ཆེན་ཡེ་ཤེས་མཚན། །ངོར་ཆེན་ཀུན་དགའ་བཟང་པོ་མུས་ཆེན་རྗེ། །པཎ་ཆེན་ཆོས་དཔལ་རྣམས་ནི༴ །བློ་གྲོས་རྒྱ་མཚོ་རིན་ཆེན་བཟང་པོ་དང༌། །སྔགས་འཆང་ཀུན་དགའ་བསོད་ནམས་དཀོན་མཆོག་ལེགས། །དཔལ་ལྡན་དོན་གྲུབ་དཔལ་མཆོག་རྒྱལ་མཚན་དང༌། །སངས་རྒྱས་ཕུན་ཚོགས་རྣམས་ནི༴ །བསྟན་འཛིན་ལྷུན་གྲུབ་ནམ་མཁའ་བསམ་གྲུབ་དང༌། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་ཞབས། །ཚེ་དང་ཡེ་ཤེས་དངོས་གྲུབ་མཆོག་བརྙེས་པ། །ཀུན་དགའ་བསྟན་འཛིན་རྣམས་ནི༴ །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །བཀའ་སྲོལ་བྱིན་རླབས་དངོས་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་ཚོགས་རྒྱལ་བ་སྲས་དང་བཅས། །བསྟན་སྲུང་ནོར་ལྷ་རྣམས་ནི་སོགས་སྦྱར། བྱིན་རླབས་སྐབས། མདུན་བསྐྱེད་ཀྱི་རྗེ་བཙུན་མ་དང་ནམ་མཁར་བཞུགས་
པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ཀ་ནས་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་འཆི་མེད་ཚེའི་དངོས་གྲུབ་ཟླ་བ་ཞུ་བའི་ཁུ་བ་ལྟ་བུ་དཔག་ཏུ་མེད་པ་བྱོན་ཏེ། བླ་མ་རྗེ་བཙུན་མར་གསལ་བའི་སྤྱི་བོ་ནས་བཞུགས་ཏེ། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། དེ་རྣམས་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང་འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་སོགས་གོང་ལྟར་སྦྱར་བས་གྲུབ་བོ། །ཡང་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལ་སྦྱར་བའི་ཚེ། ཚར་ཆེན་རིན་པོ་ཆེའི་བྱིན་རླབས་ཀྱི་ཆོ་ག་ལྟ་བུ་ལ་མཚོན་ན། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང༌། དངོས་གཞི་སྒྲུབ་མཆོད་རྣམས་དེའི་གཞུང་ལྟར། ཞབས་བརྟན་དངོས་ཀྱི་ཚེ་སློབ་དཔོན་ཚེ་དཔག་མེད་དུ་བསྐྱེད། བདག་བསྐྱེད་ལ་ཚིག་ཁ་བསྒྱུར་བ་དང་བཅས་ཐུགས་ཀར་སྔགས་ཕྲེང་བཀོད་ནས་སྤྲོ་བསྡུའི་དམིགས་པ་དང་བཅས་བཟླས་པ་བྱ། གསོལ་འདེབས་སྐབས། མདུན་བསྐྱེད་ཀྱི་སྟེང་གི་ནམ་མཁའ་སོགས་གོང་ལྟར་དང༌། བཅོམ་ལྡན་ཚེ་དཔག་མེད་མགོན་ཡང༌། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱོན་ནས་ཀྱང༌། །དཔལ་ལྡན་བླ་མ་དམ་པ་ཡི། །སྐུ་ཚེ་བསྐལ་བརྒྱའི་བར་དུ་སྲིངས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨ་མཱ་ར་ཎི་སོགས་སྦྱར། བྱིན་རླབས་སྐབས། ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་ཧྲཱིཿཡིག་དང༌། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང༌། འབྱུང་བ་བཞིའི་བཅུད། འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། དབུ་གཙུག་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་བས་སྐུ་ཚེའི་བར་དུ་གཅོད་པ་ཐམས་ཅད་བྱང་ཞིང་དག་སོགས་ཆོ་ག་བསྒྲིགས་དཀྱུས་ལྟར་སྦྱར། སྐུ་རྟེན་ཚེ་
དཔག་མེད་ཀྱི་སྐུ་ལྟ་བུ་ཕུལ་ན་ལེགས། ཡོན་ཏན་གྱི་རྟེན་མདུན་བསྐྱེད་ཀྱི་ཚེ་བུམ་དང༌། ཚེ་རིལ། ཚེ་ཆང་བཅས་འབུལ། སྣ་བདུན་བྱིན་རླབས་སྐབས་ཨ་མཱ་ར་ཎིའི་སྔགས་ཀྱིས་བྱ་བ་སོགས་ཁྱད་པར་ཁ་བསྒྱུར་ཕྲ་མོ་རྣམས་མ་འཁྲུལ་བར་སྦྱར། དེས་མཚོན་ཏེ་ཚེ་རྟ་ཟུང་འབྲེལ་ལྟ་བུ་ལ་སྦྱར་ནའང་གོང་གི་རིགས་བསྒྲེ་ཞིང༌། གསོལ་འདེབས་སྐབས། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿཧྲཱིཿསྣང་བ་མཐའ་ཡས་སོགས་བརྗོད་པ་ཁོ་ནས་འཐུས་པ་སོགས་རྒྱ་ཆེར་སྤྲོས་ཏེ་ཤེས་པར་བྱའོ། །འགྲོ་ལ་ཕན་བདེ་འབྱུང་བའི་གཞི་གཅིག་པུ། །བསྟན་འཛིན་ཆེ་རྣམས་དབང་བཅུའི་ཡེ་ཤེས་མཆོག །གྲུབ་པའི་ཆོ་ག་འདི་བགྱིས་ལེགས་བྱས་ཀྱིས། །སྲིད་ཞིའི་ཕུན་ཚོགས་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་རྒྱལ་དབང་ཐམས་ཅད་མཁྱེན་པ་དང༌། རྨོར་ཆེན་རིན་པོ་ཆེ། ཞུ་ཆེན་མ་ཧཱ་པཎྜི་ཏ་སོགས་ཚད་མར་གྱུར་པའི་གཞུང་ལས་ལེགས་པར་བཏུས་ཏེ་དོན་ལ་རང་བཟོའི་དྲི་མ་མེད་པར་ཉམས་སུ་བླང་བདེ་བའི་ཉུང་ངུ་རྣམ་གསལ་བཀླགས་པས་གྲུབ་པར་བསྟར་བ་འདིའང༌། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བ་དང༌། འཇིག་རྟེན་ཀུན་ཏུ་བདེ་སྐྱེད་ཆོས་མཐུན་གྱི་འབྱོར་པས་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག། །།སརྦ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
བསུན་ཟློག་གི་ཆོ་ག་མདོར་བསྡུས་པ་གྲུབ་པའི་ཞལ་ལུང་།
བསུན་ཟློག་གི་ཆོ་ག་མདོར་བསྡུས་པ་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་བྷྱཿ བསུན་ཟློག་ཁྱེར་བདེའི་བཅའ་གཞི་ནི། གུང་དུ་རང་ཉིད་ཀྱིས་སྒྲོལ་དཀར་སོགས་ཡི་དམ་གང་བྱེད་ཀྱི་མཆོད་གཏོར་དང༌། ཉེ་ལོགས་སུ་གཏོང་ཟླུམ་ལྔ་ཚོམ་པད་འདབ་ཅན་མཐེབ་ཀྱུ་དང་རིལ་བུས་བརྒྱན་པ། ལས་བཞིའི་དཔལ་གཏོར་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་རྣམས་ཐེབ་ཀྱུ་དང་རིལ་བུས་བརྒྱན་ཅིང་སྤྲོ་ན་ཁ་དོག་སོ་སོར་བསྒྱུར། རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་བཅས་བཤམ། དེ་རྣམས་ཀྱི་མདུན་དུ་སྐུ་གླུད་ཆེ་བ་གླུད་ཕྲན་མང་པོས་བསྐོར་བ་དང༌། ཉེར་སྤྱོད་དང༌། འདོད་ཡོན་སོགས་སྤྱན་གཟིགས་དཀོར་ཆ་ཅི་འབྱོར་པས་མཛེས་པར་བྱ། དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་གཏོར་དང༌། སྐུ་གླུད་རྣམས། རྃ་ཡྃ་ཁྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་བཅུད་ཟག་པ་མེད་པའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་
འོད་དུ་ཞུ། ཨོཾ་ཨཱཿཧཱུྃ་ལན་གསུམ། འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཅེས་བརླབས་ཏེ་སྤྱིར་བསྔོ་བ་ནི། ཧྲཱིཿ ཆོས་«་་་་་ལྷ་བཙུན་རིན་པོ་ཆེ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་མ། »དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས། །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས། །ཚེ་ལྷ་ཡབ་«་་་་་ཡིད་བཞིན་འཁོར་ལོ་སོགས་ཁ་བསྒྱུར། »ཡུམ་སྣང་སྟོང་འོད་ཟེར་ཀློང༌། །ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་རྣམས། །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང༌། །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན། །དགྱེས་པར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས། །ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་མཆོད། དེ་ནས་རིགས་ལྔའི་ལྷ་ཚོགས་ལ་མཆོད་གཏོར་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། ཞེ་སྡང་རྣམ་དག་རྡོ་རྗེ་རིགས་ཀྱི་ལྷ།«་་་་་ཆོས་རྒྱལ་གཏེར་བདག་གླིང་པའི་མནལ་ལམ་མ།» །ཞི་བའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ཤར་ཕྱོགས་རྡོ་རྗེ་མཁའ་
འགྲོའི་བསུན་མ་ཟློག །འབྱུང་བ་ཆུ་དང་ཉོན་མོངས་ཞེ་སྡང་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མེ་ལོང་ཡེ་ཤེས་རྡོ་རྗེ་ཚེ་དབང་བསྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ང་རྒྱལ་རྣམ་དག་རིན་ཆེན་རིགས་ཀྱི་ལྷ། །རྒྱས་པའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་ས་དང་ཉོན་མོངས་ང་རྒྱལ་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མཉམ་ཉིད་ཡེ་ཤེས་རིན་ཆེན་ཚེ་དབང་བསྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །འདོད་ཆགས་རྣམ་དག་པདྨ་རིགས་ཀྱི་ལྷ། །དབང་གི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ནུབ་ཕྱོགས་པདྨ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་མེ་དང་ཉོན་མོངས་འདོད་ཆགས་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །སོར་རྟོག་ཡེ་ཤེས་པདྨ་ཚེ་དབང་བསྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ཕྲག་དོག་རྣམ་དག་ལས་ཀྱི་རིགས་ཀྱི་ལྷ། །མངོན་སྤྱོད་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་རླུང་དང་ཉོན་མོངས་ཕྲག་དོག་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །བྱ་གྲུབ་ཡེ་ཤེས་ཕྲིན་ལས་ཚེ་དབང་བསྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །གཏི་མུག་རྣམ་དག་སངས་རྒྱས་རིགས་ཀྱི་ལྷ། །ལྷུན་གྲུབ་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །དབུས་ཕྱོགས་བུདྡྷ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་མཁའ་དང་ཉོན་མོངས་གཏི་མུག་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་
སོལ་ལ། །ཆོས་དབྱིངས་ཡེ་ཤེས་ལྷུན་གྲུབ་ཚེ་དབང་བསྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ལས་བཞིའི་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། ཤར་«་་་་་ལྷ་བཙུན་རིན་པོ་ཆེའི་གསུང༌།» ནས་རྡོ་རྗེ་མཁའ་འགྲོ་དཀར་མོ་འབུམ། །ཞེ་སྡང་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །ཞི་བའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །མེ་ལོང་ཡེ་ཤེས་ངང་དུ་དར་ཐག་སྡུས། །ལྷོ་ནས་རིན་ཆེན་མཁའ་འགྲོ་སེར་མོ་འབུམ། །ང་རྒྱལ་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །རྒྱས་པའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །མཉམ་ཉིད་ཡེ་ཤེས་ངང་དུ་དར་ཐག་སྡུས། །ནུབ་ནས་པདྨ་མཁའ་འགྲོ་དམར་མོ་འབུམ། །འདོད་ཆགས་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །དབང་གི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །སོར་རྟོག་ཡེ་ཤེས་ངང་དུ་དར་ཐག་སྡུས། །བྱང་ནས་ལས་ཀྱི་མཁའ་འགྲོ་ལྗང་ནག་འབུམ། །ཕྲག་དོག་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །དྲག་པོའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །བྱ་གྲུབ་ཡེ་ཤེས་ངང་དུ་དར་ཐག་སྡུས། །མཚམས་བཞིའི་དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཡང༌། །རང་རང་བྲན་གཡོག་ལྷ་སྲིན་སྡེ་བརྒྱད་བཅས། །ལས་བཞིའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །རང་རང་དར་ཐག་ཆོས་ཀྱི་དབྱིངས་སུ་སྡུས། །སྣང་སྲིད་ཐམས་ཅད་སངས་རྒྱས་མཁའ་འགྲོའི་ཞིང༌། །སྐུ་གསུམ་འབྲས་བུ་ཡེ་ནས་ལྷུན་གྲུབ་དང༌། །ཆོས་ཀྱི་དབྱིངས་ན་བཟང་ངན་འཕོ་འགྱུར་བྲལ། །མཉམ་ཉིད་ངང་དུ་རྣམ་རྟོག་འཆི་བ་ཟློག །གྲངས་གསོག་བྱེད་ན། མཆོད་གཏོར་སོ་སོར་གསོ་བྲན་བྱས་ལ་ཨོཾ་ཨཱཿཧཱུྃ་གིས་བརླབ། རིགས་ལྔ་དང་ལས་བཞིའི་མཆོད་གཏོར་འབུལ་བ་ལ་གྲངས་བཟུང༌། གྲངས་རྫོགས་པ་ན་རིགས་ལྔའི་གཏོར་མ་ཁང་ཐོག་གི་དབུས་དང༌། ལས་བཞི་ཕྱོགས་བཞིར་དབུལ། དེ་ནས་གསེར་སྐྱེམས།
ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁྱོན་གང་བའི། །ལས་བཞིར་དབང་བསྒྱུར་དཔའ་བོ་མཁའ་འགྲོ་དང༌། །སྡེ་བརྒྱད་དྲེགས་པའི་བསུན་མ་བཟློག་ཏུ་གསོལ། །སྔོན་ལས་འཕྲལ་རྐྱེན་ལྟས་ངན་བར་ཆད་དང༌། །ཆགས་ཆེན་ཉམ་ང་རྦོད་གཏོང་བྱད་སྟེམས་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་བདེན་པས་ཟློག །ཚེ་རྐུ་སྲོག་འཕྲོག་སྟོབས་དཔལ་དབང་ཐང་དང༌། །བཀྲག་མདངས་གཟི་བརྗིད་འགལ་བའི་བསུན་མ་ཟློག །བླ་ཚེ་སྲོག་ཚེ་དབུགས་ཚེ་ཡར་དང་གུད། །ཉམས་ཆད་དུས་མིན་འཆི་བའི་ལྟས་མི་བཟང༌། །ཆོས་སྐྱོང་སྲུང་མའི་དཔུང་གིས་བཟློག་པར་གྱིས། །དཔའ་བོ་ཌཱ་ཀིའི་ནུས་པས་མཚམས་ཆོད་ཅིག །བླ་མ་ཡི་དམ་ཐུགས་རྗེས་དེང་སྐྱོབས་ལ། །སྟན་འདིར་འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །སླར་ཡང་སྐུ་གླུད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱཏྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་བརླབས་ལ། ཨེ་ཝཾ་མཉམ་སྦྱོར་ཐབས་ཤེས་དབྱིངས་ཆེན་པོ། །ཨེ་ཡྃ་རྃ་སུྃ་ཀྃ་རྃ་བྷྲཱུྃ་འོད་དང༌། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿདང་ཨཱ་ལི་དང༌། །ཀཱ་ལི་ཐབས་ཤེས་མཉམ་སྦྱོར་རྟེན་འབྲེལ་བཅུད། །ཏིང་འཛིན་འོད་སྐུར་འདུས་པའི་དགྱེས་མཆོད་སྤྲིན། །ཟབ་གསང་རྡོ་རྗེ་དབྱིངས་ཀྱི་རོལ་རྒྱན་དུ། །རྣམ་རོལ་ཡེ་ཤེས་སྣང་བ་རྒྱན་གྱི་གླུད། །འཕོ་བ་ཆེན་པོ་རྟག་བརྟན་འགྱུར་མེད་དང༌། །འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་འབུལ། །བཞེས་ནས་དངོས་འཛིན་མཚན་མའི་རྣམ་རྟོག་སོལ། །སྐྱེ་འཆིའི་འཛིན་མདངས་འཇའ་སྐུར་ཡལ་གྱུར་ཅིག །གླུད་གྲངས་གསོག་ན་གླུད་ཕྲན་རེ་རེ་ནས་བྱིན་རླབས་དང་འབུལ་བ་གོང་ལྟར་བྱས་པའི་མཐར། སྐུ་གསུམ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི། །དབྱིངས་མཆོག་འོད་གསལ་དྭངས་མ་རྡོ་རྗེའི་ཡུམ། །རིགས་འདུས་འབུམ་ཕྲག་ཡེ་ཤེས་ཌཱ་ཀི་མ། །ལྷན་སྐྱེས་སྲིད་ཞིར་རོ་གཅིག་རྡོ་རྗེའི་དབྱིངས། །འབར་བའི་འོད་སྐུར་
བརྗིད་པའི་གཏོར་མ་དང༌། །སྲིད་ཞིའི་བདེ་ཆེན་ཕུན་ཚོགས་མཆོད་པའི་སྤྲིན། །ལྷུན་འབྱམས་ཤར་གྲོལ་དག་པའི་ཀློང་ནས་བཞེས། །མཚན་འཛིན་བར་ཆད་ཐམས་ཅད་ཆོས་སྐུར་ཟློག །མི་ཤིགས་གསང་མཆོག་རྡོ་རྗེའི་མཁའ་དབྱིངས་སུ། །འཁོར་འདས་རྣམ་རོལ་སྒྱུ་མའི་རོལ་རྩེད་བསྡུ། །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་འོད་གསལ་དང༌། །སྙིང་གུར་དབུས་སུ་འཆི་མེད་བདུད་རྩིར་ཨཱཿ །ཞེས་གཏོར་མ་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་ནུབ་ཕྱོགས་སུ་བསྐྱལ། དྲག་སྔགས་ཀྱིས་མཚམས་གཅད། རྡོ་རྗེའི་སྲུང་འཁོར་བསྒོམ། བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ། །བླ་མ་སོགས་ཀྱི་ཆེད་དུ་ཡིན་ན། སྲུང་འཁོར་བསྒོམས་པའི་རྗེས་སོ་སོའི་ཞབས་བརྟན་གསོལ་འདེབས་གྲངས་མང་དུ་འདོན་པའམ། བརྟན་བཞུགས་སྤྱི་འགྲེ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། བླ་མ་མཆོག་གསུམ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །བསྟན་འགྲོའི་དཔལ་མགོན་རྗེ་བཙུན་བླ་མ་མཆོག །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་དང༌། །སྣང་«་་་་་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང༌། »སྟོང་བདེ་ཆེན་གཞོམ་མེད་རྡོ་རྗེའི་སྐུ། །མཚན་དཔེའི་ལང་ཚོ་རབ་རྒྱས་རྒྱལ་ཀུན་གྱི། །ངོ་མཚར་སྤྱི་གཟུགས་གང་འདུལ་སྤྲུལ་པའི་སྐུ། །འགྱུར་མེད་སྐུ་ཡི་རྡོ་རྗེ་ཞབས་བརྟན་གསོལ། །གྲག་སྟོང་འགག་པ་མེད་པ་རྡོ་རྗེའི་གསུང༌། །ཡན་ལག་དྲུག་ཅུ་ཟབ་གསང་ཆོས་ཀྱི་སྒྲ། །འགྲོ་བློའི་བསམ་པ་བཞིན་སྟོན་ལོངས་སྤྱོད་རྫོགས། །འགག་མེད་གསུང་གི་རྡོ་རྗེ་ཞབས་བརྟན་གསོལ། །རིག་སྟོང་སྐྱེ་འགག་གནས་བྲལ་རྡོ་རྗེའི་ཐུགས། །ཟབ་གསལ་ཡེ་ཤེས་ཆོས་ཀུན་འབྱུང་བའི་དབྱིངས། །ཁྱབ་བདག་རྒྱལ་བའི་སྙིང་པོ་ཆོས་ཀྱི་སྐུ། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ། །ཀུན་ཁྱབ་མཁའ་ལ་ཕྲིན་ལས་
ཉིན་མོར་བྱེད། །འཆར་ནུབ་ཡོངས་བྲལ་ཕན་བདེའི་སྣང་བ་ཅན། །བསྟན་འགྲོའི་པད་ཚལ་རྒྱས་པའི་ཉེར་འཚོ་མཆོག །བསྐལ་པ་རྒྱ་མཚོར་རབ་ཏུ་གསལ་གྱུར་ཅིག །ཕན་བདེ་འབྱུང་བའི་སོགས་དང༌། སྟོན་པ་འཇིག་རྟེན་ཁམས་སུ་སོགས་བརྗོད་ཅིང་གསོལ་བ་རྩེ་གཅིག་ཏུ་གདབ་བོ། །ཡང་རང་ཉིད་ལ་བཀའ་དྲིན་ཆེ་བའི་རྡོ་རྗེའི་སློབ་དཔོན་སོགས་ཡུལ་ཁྱད་པར་ཅན་ལ་བརྟན་བཞུགས་དམིགས་བསལ་འབུལ་བའི་ཚུལ་ནི་སྒྲོལ་དཀར་གྱི་སྒོ་ནས་ལོགས་སུ་བཀོད་པ་ལྟར་ཤེས་པར་བྱའོ།། ༈ །ཡང་བསུན་ཟློག་གི་བཅས་འདོན་ཤིན་ཏུ་བསྡུ་ན། ཤོམས་ཀྱི་སྐབས་མཁའ་འགྲོའི་དཔལ་གཏོར། གསེར་སྐྱེམས། སྐུ་གླུད་ཙམ་གྱིས་འཐུས། དངོས་གཞིར་ཁྲུས་གསོལ་གྱི་རྗེས་གླུད་གཏོར་བསང་སྦྱང༌། །ཨོཾ་ཨཱཿཧཱུྃ། དག་པ་རབ་འབྱམས་ཀྱི་མདངས་ནམ་མཁའི་སྣོད་ཆེན་པོར་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམས་ལ་ནམ་མཁའ་མཛོད་ཀྱི་རིག་པ་བརྗོད། ཀྱེ། དཔལ་འཁོར་འདས་ཀུན་ཏུ་འཆར་བའི་«་་་་་ཆོས་རྒྱལ་གཏེར་བདག་གླིང་བའི་གསུང༌།» མ། །དོན་དུག་ལྔ་དག་པའི་ཡེ་ཤེས་ལྔ། །རིགས་ལྔ་ཡི་སྒྱུ་འཕྲུལ་འགག་མེད་དུ། །ཚུལ་ཅིར་ཡང་སྣང་བའི་མཁའ་འགྲོའི་ཚོགས། །འཁོར་གྲངས་མེད་ཀྱི་ཕོ་ཉར་བཅས་པ་རྣམས། །སྐུ་མཛེས་པའི་རྒྱན་འཆང་བརྡ་ཚིག་གསུང༌། །ཐུགས་བདེ་ཆེན་གྱིས་རབ་མྱོས་སྤྲིན་ཕུང་བཞིན། །དེང་འདིར་གཤེགས་བདག་གི་ཚིག་འདིར་དགོངས། །མགོན་རྡོ་རྗེ་སློབ་དཔོན་སྐུ་གཟུགས་ཚབ། །དཔལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་སྤྲིན། །དབྱིངས་སྲིད་ཞི་གང་བའི་ནམ་མཁའི་མཛོད། །དེ་ཟག་མེད་བདུད་རྩིར་སྦྱར་ཏེ་འབུལ། །ཐུགས་དགྱེས་པ་ཆེན་པོས་བཞེས་ནས་ཀྱང༌། །སྤྱིར་དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །སྒོས་རིགས་ལྔའི་མཁའ་འགྲོའི་བསུན་མ་ཟློག །
བརྡ་ཐ་སྙད་ཀྱི་དར་ཐག་དབྱིངས་སུ་ཆོད། །མགོན་རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ། །དུས་ཇི་སྲིད་དུ་མི་གཡོ་ཞབས་བརྟན་ཅིང༌། །ཆོས་ཟབ་དོན་གྱིས་གྲངས་མེད་གདུལ་བྱའི་འགྲོ། །རྒྱུད་སྨིན་གྲོལ་དུ་མཛད་ལ་གེགས་མེད་མཛོད། །ཅེས་གཏོར་མ་དང་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་པས་ནུབ་ཕྱོགས་སུ་ཕུལ་ལ། དྲག་སྔགས་བརྗོད་ཅིང་སླར་མི་འཚེ་བའི་བདེན་སྟོབས་བརྗོད་པ་དྭང་དུ་བླངས་པར་མོས་ཏེ་རྡོ་རྗེའི་སྲུང་འཁོར་བསྒོམ། ཞབས་བརྟན་གྱི་ཆོ་ག་འབུལ་ན་སྐབས་འདིར་རྒྱས་བསྡུས་གང་བྱེད་དང་འབྲེལ་བར་ཞབས་བརྟན་གསོལ་འདེབས་གྲངས་མང་གི་མཐར་བརྟན་བཞུགས་སྤྱི་ཁྱབ་གོང་ལྟར་རམ་དམིགས་བསལ་གང་དགོས་སྦྱར་ཏེ་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ཆོ་ག་གང་ལའང་ཁ་བསྒྱུར་ཆོག་པའི་ཚུལ་འདི་ཉིད་འབྲེལ་ཆགས་པར་བཏང་གྲུབ་པ་ན་ཆོ་གའི་རྗེས་བསྡུ་བ་ནི་གཞུང་བཞིན་ནོ། །ཞེས་པའང་རྗེ་བླ་མའི་ཆོག་ཁྲིགས་ཉིད་ཁ་བསྒྱུར་གྱི་རྣམ་པ་གསལ་བ་བློ་གཏེར་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།
རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བརྟེན་པའི་འཆི་སླུའི་ཆོ་ག་རིང་འཚོའི་དཔལ་སྟེར།
རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བརྟེན་པའི་འཆི་སླུའི་ཆོ་ག་རིང་འཚོའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།
ཨོཾ་ཨ་མཱ་ར་ཎི་ཛཱི་བནྟུ། ཡིད་འོང་ཟླ་ཞུན་ཐིག་ལེ་ནི། །འཆི་མེད་བདུད་རྩི་འཛག་པ་ཡིས། །དུས་མུན་བསྙིལ་ནས་རྟག་བརྟན་གྱི། །ལང་ཚོ་རྒྱས་མཛད་ལྷ་དེས་སྐྱོངས། །དེའང་ཇི་སྐད་དུ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་ཡིན་ཏེ། །དེ་ལས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་མཐོ་རིས་ཡོན་ཏན་བདུན་གྱི་གཙོ་བོ་ཚེ་རིང་བ་ཉིད་ཡིན་ལ། དེ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པས་ན། རིང་འཚོའི་ཐབས་ལ་འབད་པ་གལ་ཆེ། དེ་ལ་ཐོག་མར། ཕྱི་རོལ་མཚན་མ་ལ་བརྟེན་ནས་འཚོ་འཆི་བརྟག་པ་དང༌། ནང་རླུང་གི་འགྲོ་འོང་ལ་བརྟེན་ནས་འཚོ་འཆི་བརྟག་པ་གཉིས་ཀྱིས་ངེས་པ་དང་མ་ངེས་པ་བརྟག་པའི་ཕྱི་མ་ཟློག་པར་ནུས་ཏེ། སློབ་དཔོན་གྱིས། སྣུམ་དང་སྙིང་པོ་ཟད་སོགས་ལས། །མར་མེ་ལ་སོགས་འཇིག་ཕྱོགས་པའང༌། །སླར་ཡང་སྣུམ་སོགས་རབ་ཐོབ་པས། །བསྐལ་པའི་བར་དུ་གནས་པ་ཡིན། །ཇི་ལྟར་དེ་བཞིན་ལུས་འདི་ཡང༌། །རྒས་སོགས་ཀྱིས་ནི་འཆི་བཞིན་པར། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་མཐར་ཡང་ཅིས་མི་གནས། །དཔེར་ན་ཁང་པ་
རྙིང་པ་དག །བཅོས་པ་ཡིས་ནི་ཡུན་རིང་གནས། །དེ་བཞིན་རྙིང་པའི་ལུས་དག་ཀྱང༌། །བཅོས་པས་གནས་པར་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར། ཚེ་སྲིང་བའི་ཐབས་ལ་མཁས་ཤིང་རྩོལ་བ་དང་ལྡན་ན་རིང་དུ་འཚོ་བ་ལ་དཀའ་བ་ཡོད་པ་མ་ཡིན་ནོ། །ཐབས་དེ་ལའང་སློབ་དཔོན་གྱིས། ནོར་བུ་སྔགས་སྨན་ཕྱི་ཡིན་ཏེ། །རྣལ་འབྱོར་ནུས་པ་ནང་ཡིན་ནོ། །འབད་པས་འཆི་བ་བསླུ་བ་ནི། །དད་པ་ཉིད་ཀྱིས་བྱ་བར་ནུས། །ཞེས་པ་ལྟར་ལས་འདིར་སྨན་གྱི་ནུས་པ་སོགས་ལས་ཁྱད་པར་དུ་འཕགས་པའི་ཐབས་ཚེ་ཟད་པ་ལ་ཚེ་ཆོག འཆི་སླུ། རླུང་གི་སྦྱོར་བ་སོགས་དང༌། ལས་ཟད་པ་ལ་སྲོག་བསླུ། ཉེའུ་འདོན། དཀའ་ཐུབ་ལ་སོགས་པ་དང༌། བསོད་ནམས་ཟད་པ་ལ་མཆོད་པ་དང༌། སྦྱིན་གཏོང་ལ་སོགས་པས་གསོ་ཞིང༌། དད་པ། བརྩོན་འགྲུས། བསྐྱེད་རྫོགས་ཀྱི་ཉམས་ལེན་ནི་ཐམས་ཅད་དུ་གལ་ཆེ་བ་ལས། འདིར་དེ་དག་དང་ལྡན་པས་འཆི་བ་སླུ་བའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་དཀྱིལ་འཁོར་ལ་དགོས་པའི་ཡོ་བྱད་བ་རི་ལུགས་སོགས་སྒྲོལ་དཀར་གང་ལ་བརྟེན་པ་བཞིན་དང༌། འཆི་སླུའི་ཡོ་བྱད་ནི་དཀྱིལ་འཁོར་གྱི་ཤར་དུ་སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། བུམ་པ་གཉིས། ལྷོར་ཚེ་མདོ། ནུབ་ཏུ་དར་དམར་ལ་སྒྲོལ་གཟུངས་
སྒྲོལ་དཀར་སྙིང་པོ། གཤིན་རྗེའི་གཤེད་དང་བདུད་རྩི་འཁྱིལ་བའི་སྔགས་རིང་བྲིས་པ། བྱང་དུ་སྒྲོལ་བསྟོད་དང་གཟུངས། ཕྱོགས་དེར་ཀུ་ཤའི་གདན་ལ་བསྒྲུབ་བྱའི་གླུད་གོས་བལྟབས་པ་ཚོན་སྐུད་ཀྱིས་རྡོ་རྗེ་རྒྱ་གྲམ་དུ་བཅིངས་བ། དཀྱིལ་འཁོར་གྱི་ཕྱོགས་བཞིར་རྒྱལ་ཆེན་བཞིའི་གཏོར་མ་བཞི་ལ་རང་རང་གི་ཁ་དོག་དང་མཐུན་པའི་དར་གྱི་ཅོད་པན་དང་བཅས་པ་དཀྱིལ་འཁོར་གྱི་དབུས་སུ་ཞལ་ཕྱོགས་པར་བཤམ། ཤར་དུ་སྣོད་གས་ཆག་མེད་པར་འབྲང་རྒྱས་ལྷ་བཤོས་སམ་ནོར་བུ་འབར་བའི་དབྱིབས་ཟླུམ་པོ་རྩེ་ཅུང་རྣོ་བ་ཕྱེད་བཀས་སུ་སྦྱར་བ་ཕྱེད་མར་གྱིས་དཀར་པོར་བྱུགས་པ་ལ། མར་གྱི་ལྷ་བཤོས་ལྔ་བཙུགས་པ། ཕྱེད་ནག་པོར་བྱས་པ་ལ་དཔལ་འབར་ལྔ་བཙུགས་པ་དཀར་པོའི་ངོས་དཀྱིལ་འཁོར་ལ་བསྟེན་ཏེ་བཞག སློབ་དཔོན་གྱིས་བུམ་པའི་ཆུ་ལ་ལས་སྔགས་ཨ་མྲྀ་ཏ་བརྒྱ་རྩ་བརྒྱད་བཟླས་པའི་ཆུས་བསྒྲུབ་བྱ་ལ་ཁྲུས་བྱས་པའི་ཕྱེད་ནི་ཁམ་ཕོར་གསར་པའི་ནང་དུ་བླུགས་ནས་འོ་མ་དང་དུག་ཅུང་ཟད་བསྲེས་པ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བཞག ཕྱེད་ཀྱིས་སཱཙྪའམ་མཆོད་རྟེན་རྙིང་པའི་ས་དང་རོ་ཐལ། རྫ་མ་བསྲེགས་ཐལ། དུར་ཁྲོད་ཀྱི་ས། ཚིག་མའི་ཕྱེ་མ་རྣམས་ས་ནག་དང་བསྲེས་པ་སྦྲུས་ཏེ། འཆི་བདག་གི་གཟུགས་ཁྲུ་གང་པ་མདོག་ནག་པོ་མ་ཧེའི་མགོ་ཅན་རབ་ཏུ་ཁྲོས་ཤིང༌། གཡས་རལ་གྲིའམ་ཐོད་དབྱུག གཡོན་ཞགས་པ་ནག་པོ་ཐོགས་པའི་གཟུགས་བྱས་པ། སླ་ངའི་ནང་དུ་ཅུང་ཟད་ཁ་སྦུབ་པའི་ཚུལ་དུ་ཡོད་པར་བྱས་ཏེ། དཀྱིལ་འཁོར་གྱི་ལྷོར་རེ་ནག་གི་གདན་ལ་དར་རས་ནག་པོས་བཀབ་སྟེ་ཁ་ལྷོར་བལྟས་སུ་བཞག དཀྱིལ་འཁོར་དང་དེའི་བར་དུ་རྙེད་ན་མེ་ཏོག་ནག་པོ། དུག་སྣ། ནས་སྲན་སོགས་འབྲུ་ནག ཤ་དམར། མར་ཐུད། བུ་རམ། ཚ་ལ་སོགས་བསྲེས་པའི་ཟས་སྣ། གསེར་དངུལ་སོགས་རིན་པོ་ཆེ། དར་རས་ནོར་སྣ་གང་འཛོམ། དེ་དག་འཇལ་བྱེད་ཀྱི་བྲེ། བསྒྲུབ་བྱའི་ལོ་གྲངས་རི་མོ་བཏབ་པའི་ཞོ་ཆ་སྲང་སོགས་རྫོང་ཆས་རྣམས་བཤམ། གཞན་ཡང་ཉ་ཤ་
སྐམ་པོའི་སྤོས། གྲི་སོ་མ། དུག་སྣ་ཕྱེ་མ་བཅས་ཉེར་བསྡོགས་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། དཀྱིལ་འཁོར་གྱི་བྱ་བ། གཤིན་རྗེ་ལ་བྱ་བ། བསྒྲུབ་བྱའི་བྱ་བའོ། །དང་པོ་ནི། རང་ཉིད་སྒྲུབ་གྲོགས་དང་བཅས་པ་གདན་ལ་འཁོད་དེ། སེམས་ཅན་ཐམས་ཅད་འཆི་བདག་གི་ཆད་པ་ལས་ཐར་བར་བྱས་ཏེ་སངས་རྒྱས་ཀྱི་ས་ལ་བཞག་སྙམ་པའི་སེམས་བསྐྱེད་ཀྱིས་ཟིན་པས། སྒྲོལ་དཀར་ཆོ་གའི་མཆོད་པ་བྱིན་རླབས་ནས་བརྩམས་ཏེ། བདག་མདུན་བུམ་གསུམ་རྒྱལ་ཆེན་བཞིའི་མ་གཏོགས་པའི། གཏོར་འབུལ་དང་བཅས་པ་གྲུབ་པར་བྱའོ། གཉིས་པ་ནི། སློབ་དཔོན་གྱིས། བྲེ་ལ། ཨོཾ་ཨཥྨས་ཝས་ཙི་སྭཱ་ཧཱ།«་་་་་འགའ་ཞིག་ཏུ། ཨོཾ་ཨཥྨས་རྦས་ཙི་མུརྟི་ཐིབས་སྭཱཧཱ། ཞེས་པའང་བྱུང༌།» ཞེས་པ་དང༌། སྲང་ལ། ཨོཾ་ཐིབ་ཏ་མཐོང་བའི་རྒྱལ་པོ་ལ་སྭཱ་ཧཱ། གསེར་ཞོ་དང་སྲང་གཉིས་ཀ་ལ། ཨོཾ་མ་ཏི་པྲ་མོ་དྷ་ན་ཐིབས་སྭཱ་ཧཱ། ཞེས་པ་རྣམས་ལྷ་འདྲེ་མིག་སྒྱུར་གྱི་སྔགས་ཏེ་སྒྲ་གཞན་གྱིས་མ་ཐོས་པར་སློབ་དཔོན་གྱིས་ཉེར་གཅིག་རེ་ཤུབ་བུས་བཟླས་ཏེ་གདབ། དེའི་ཚེ་གཤིན་རྗེའི་གཟུགས་ཀྱི་ཁེབས་བསལ་ལ་ཞལ་དཀྱིལ་འཁོར་ལ་བསྐོར་ཏེ་བཞག དེ་ནས་ཡོ་བྱད་ཐམས་ཅད་ལ་ཆུ་གཙང་གིས་སྦྱངས་ལ། ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་དང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་རྫས་ཀྱི་སྐྱོན་རྣམས་སྦྱང༌། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱས་རྒྱས་པར་སྤེལ། བདུད་རྩི་འཁྱིལ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བདུད་རྩིར་བསྒྱུར། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་དང༌། ན་མཿསརྦ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ་གིས་རང་རང་གང་འདོད་པ་ཐོབ་པར་བྱས། ཡེ་ཤེས་སྐར་མདའི་ཕྱག་རྒྱ་དང༌། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་སམྦྷཱ་ཝ་ས་མ་ཡ་མ་ཧཱ་མ་
ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་སྭཱ་ཧཱས་རང་དབང་དུ་ཐོབ་པར་བྱས། དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་དང༌། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱས་མགྲོན་རྣམས་མཉེས་པའི་མཐུ་དང་ལྡན་པར་གྱུར་པར་བསམ། སྔགས་དེ་རྣམས་ལན་གསུམ་གསུམ་བརྗོད་དོ། །དེ་ནས་འཆི་བདག་གི་གཟུགས་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ལས་ཀྱི་གཤིན་རྗེ་མདོག་ནག་པོ་མ་ཧེའི་གདོང་པ་ཅན། གཡས་ཐོད་དབྱུག«་་་་་རལ་གྲི་བྱས་ཀྱང་ཆོག »གཡོན་ཞགས་པ་ནག་པོ་ཐོགས་པ། འཁོར་བདུད་རིགས་བཞིའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར་ཅེས་དང༌། སྤྲོ་ན། འདི་ནས་ལྷོ་ཡི་ཕྱོགས་རོལ་ནས། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པའོ། །ཤི་བ་རྣམས་ཀྱི་གཤེད་བུ་ཆེ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་སྤྱན་འདྲེན་གདངས་དབྱངས་རོལ་མོ་དང་བཅས་པའམ་མེད་ཀྱང་རུང་སྟེ་སྤྱན་དྲངས་ནས། འཁོར་བདུད་རིགས་བཞིས་བསྐོར་བ་དང་བཅས་པ་ལ་ཐིམ་པར་བསམ་ཞིང་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་འཆི་བདག་ཆེན་པོ་འཁོར་དང་བཅས་པ་ཆེ་གེ་མོའི་འཆི་བསླུ་སྲོག་གླུད་ལེན་པ་ལ་སྐད་ཅིག་
ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག ཊཱ་ཀི་ཧཱུྃ་ཛཿ ཞེས་པས་དགུག་གཞུག་ལན་གསུམ་བྱས་ཏེ་བསྟིམ་མོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་གཙོ་མོའི་ཕྱག་མཆོག་སྦྱིན་གྱི་ནང་དུ་བསྒྲུབ་བྱ་བསམས་ལ། དེ་ལ་འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་བསམ། ཁྱད་པར་དེ་ཉིད་ཀྱི་ཐུགས་ཀ་ནས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པ་ཅན་དུ་གྱུར་པས། བསྒྲུབ་བྱའི་བླ་ཚེ་དང་བསོད་ནམས་བདུད་དང་གཤིན་རྗེ་མཐུ་ཆེན་གྱིས་བཅིངས་ཤིང་དབང་དུ་བྱས་པ་ཐམས་ཅད་ཚུར་བསྡུས་ནས་བསྒྲུབ་བྱ་ལ་ཐིམ་པས་ཚེ་སྲོག་ཉམས་པ་ཐམས་ཅད་སོར་ཆུད་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་སྙིང་པོ་ཡི་གེ་བཅུ་པ་ཚེ་ཤམ་ཅན་བཟླ། དེའི་ཚེ་སྒྲུབ་གྲོགས་གཅིག་གིས་ལྷོ་ནས་སྒྲོལ་མའི་གཟུངས་དང་ཏཱ་རེ་ཚེ་ཤམ་ཅན། ཚེ་མདོ་རྣམས་འདོན། གཅིག་གིས་བྱང་ནས་སྒྲོལ་བསྟོད་དང༌། གཟུངས་སྙིང་པོ་རྣམས་འདོན། གླུད་གོས་ལ་ཉ་ཤའི་དུད་པས་བདུག སྒྲུབ་གྲོགས་གཞན་རྣམས་ཀྱིས་ཀྱང་གཟུངས་དང་སྙིང་པོ་ཚེ་ཤམ་ཅན་འདོན་ཞིང༌། ཚར་རེ་སོང་བའི་རྗེས་ལ། ནས་གྲོ། ཤ་མར་ཐུད། གསེར་དངུལ་སོགས་བྲེ་གྲངས། ཁལ་གྲངས། ཞོ་གྲངས། སྲང་གྲངས་རྣམས་རེ་རེ་ནས་བགྲངས་པའི་བརྒྱ་སྟོང་སོགས་བགྲང་དགོས་ཀྱང༌། དེ་ཙམ་མི་འགྲུབ་པས་སྔ་མ་བརྒྱ་རྩའམ། ལོ་གྲངས་སོགས་སྒྲ་ཇི་བཞིན་པ་དང༌། དེ་ནས་གཅིག བཅུ། བརྒྱ། སྟོང༌། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་མང་པོ་བྱས་ཏེ་རྫོངས་འདེབས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང༌། བྱང་གི་སྒྲོལ་བསྟོད་སོགས་འདོན་མཁན་གྱིས་ཚར་རེ་ཐོན་པ་དང༌། གླུད་གོས་ཚོན་སྐུད་དང་བཅས་པ་ལ་ཉ་ཤའི་དུད་པས་བདུག་ཅིང༌། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །པོ་ཏ་ལ་ཡི་ཞིང་ཁམས་སུ། །ཚེ་སྦྱིན་ཡིད་བཞིན་འཁོར་
ལོ་བཞུགས། །སུ་ཞིག་དེ་ཡི་མཚན་འཛིན་པ། །དུས་མིན་འཆི་བ་ལས་གྲོལ་ནས། །རི་བོ་ཏ་ལར་སྐྱེ་བར་འགྱུར། །བདེན་པའི་བདེན་ཚིག་འདི་བརྗོད་པས། །ནད་དང་སྡུག་བསྔལ་ཀུན་བྲལ་ནས། །ཚེ་སྦྱིན་ལྷ་མོའི་སྐུ་ཐོབ་ཤོག །ཅེས་བརྗོད་དེ། སྒྲོལ་བསྟོད་སོགས་ཀྱི་གྲངས་བརྒྱ་རྩ་གཅིག་གམ་མ་མཐའ་བསྒྲུབ་བྱའི་ལོ་གྲངས་རེ་བྱ་ཞིང༌། འདིའི་སྐབས་སུ་སྒྲུབ་གཡོག་རྣམས་ཀྱིས་ཀྱང་གཟུངས་དང་སྙིང་པོ་འདོན་པ་དང༌། བྲེ་སྲང་གིས་འཇལ་བ་དང༌། གྲངས་བརྗོད་པ་མ་གཏོགས་ཐ་མལ་གྱི་གཏམ་གཞན་སྨྲ་མི་རུང༌། བྱ་བ་ཐམས་ཅད་དོན་མེད་དུ་འགྱུར་བའི་རྒྱུར་གསུངས་པས་རྩེད་མོ་དང་གད་མོ་སོགས་མི་བྱ། སེམས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་རྟེན་འབྲེལ་གྱི་གཟུགས་བརྙན་ཡིན། ཇི་ལྟར་རྫོངས་བྱེད་པའི་རྫས་དེ་རྣམས་དངོས་པོ་བཟང་ཞིང་རྒྱ་ཆེ་བ་འཆི་བདག་འཁོར་བཅས་ལ་བྱིན་པས་ཚིམ་ཞིང་བསྒྲུབ་བྱའི་ཚེ་སྲོག་བསླུས་པར་བསམས་ལ། རྫས་རྣམས་བྲེ་སྲང་དང་གསེར་ཞོ་ལ་འཇལ་ཞིང་འཆི་བདག་གི་རྫོངས་ཀྱི་ཕྱིར་དེའི་གཟུགས་ཀྱི་མདུན་དུ་དོར། མཐར་བྲེ་སྲང་སོགས་ཀྱང་བཅགས་ལ་དོར། གཟུངས་ཀྱི་གྲངས་ཐིམས་པ་དང༌། དཔོན་སློབ་ཐམས་ཅད་ཀྱིས། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །གཤིན་རྗེའི་མགྲོན་ལ་གང་བྱིན་པ། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་འདིར་མ་ལུས་པ། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་ལ། འཆི་བདག་གི་གཟུགས་ལ་མེ་ཏོག་གཏོར། དེ་ནས་རྒྱལ་ཆེན་བཞིའི་གཏོར་མ་བསང་སྦྱང་བྱིན་བརླབ་འདས་གཏོར་བཞིན་བྱས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ། ཨོཾ་ཨེ་ཧྱེ་ཧི་ཙ་ཏུར་མཧཱ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་
དྲངས་ནས་དཀྱིལ་འཁོར་གྱི་ཕྱོགས་བཞིར་བཞུགས་པར་བསམས་ལ། ཨོཾ་དྷྲྀ་ཏ་རཱཥྚ་སོགས་མཚན་སྔགས་བཞི་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་པས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ་སོགས་ཀྱིས་བསྟོད། རྒྱལ་པོ་ཆེན་པོ་འཁོར་བཅས་ལ་སོགས་ནས་ཀུན་འགྲུབ་ཤོག་གིས་ཕྲིན་ལས་བཅོལ། དེ་ནས་སློབ་དཔོན་གྱིས་འབྲང་རྒྱས་ཕྱེད་མར་གཤགས་ཏེ། ནག་པོ་ངོས་ལ་མར་མེ་ལྔ་སྦར་བ་དང་བསྒྲུབ་བྱ་བཀྲུས་པའི་ཆུ་ཁམ་ཕོར་དང་བཅས་པ་གཤིན་རྗེའི་གཟུགས་དེའི་མདུན་གྱི་སླ་ངའི་ནང་དུ་བཞག་སྟེ། འབྲང་རྒྱས་སྔར་བྱིན་གྱིས་བརླབས་ཟིན་པ་ཆུ་གཙང་གིས་སྦྱང༌། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་གཤིན་རྗེ་འཁོར་དང་བཅས་པ་ལ་ལམ་བརྒྱགས་ཀྱི་ཚུལ་དུ་བསྔོས། རང་རྗེ་བཙུན་མའི་ང་རྒྱལ་དང་ལྡན་པས་འདི་སྐད་བརྗོད་དེ། འདི་ནས་ལྷོ་ཡི་ཞེས་པ་ནས་མཐུ་རླབས་ཅན་ཞེས་བྱ་བའི་བར་དང༌། འཁོར་བཅས་འདིར་ནི་བདག་ལ་ཉོན། །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །འཆི་བདག་འཁོར་དང་བཅས་རྣམས་ལ། །དེང་འདིར་ཆེ་གེ་མོ་ཞེས་པའི། །ཚེ་དང་སྲོག་གི་གླུད་འབུལ་གྱི། །འདོད་ཡོན་རིན་ཆེན་སྣ་ལྔ་དང༌། འབྲུ་དང་མཆོད་ཡོན་སྣ་ཚོགས་དང༌། །ཞལ་ཟས་མེ་ཏོག་ལ་སོགས་མཆོད། །གླུད་འདི་ལོངས་ལ་ཚེ་སྲོག་བྱིན། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བཀའ་དང་དམ་ལས་མ་འདའ་ཞིག །ཁྱེད་ཀྱི་འཁོར་གྱི་ཡི་དྭགས་རྣམས། །བཟའ་བ་བཟང་པོ་འདི་འབུལ་གྱི། །འདི་ཟོ་འཁོར་གྱི་ཡི་དྭགས་རྣམས། །མ་འཚེ་བར་ནི་གཞན་དུ་དེངས། །སྤྲོ་ན། མཆོད་སྦྱིན་གཏོར་མ་འདི་བསྣམས་ལ་ཞེས་པ་ནས། ཀུན་འགྲུབ་མཛོད་ཅེས་པའི་བར་བརྗོད། དེ་ནས་རྒྱན་གྱིས་བརྒྱན་པར་བྱས་ཀྱང་ནས་གདོན་རྣམས་རང་རང་གནས་སུ་དེངས་ཞེས་བརྗོད། དེ་ནས་དཔོན་སློབ་ཐམས་ཅད་བཞེངས་ཏེ་སློབ་དཔོན་
གྱིས་གཤིན་རྗེའི་སླ་ང་ལ་རྡོ་རྗེས་རེག་ཙམ་བྱས་ནས། གཤིན་རྗེ་ཁ་ཕྱིར་བསྟན་ལ་རྫོངས་རྣམས་ཀྱང་དེའི་མདུན་དུ་འོང་བར་བྱས་ནས་སྔར་བཞིན་བདེན་པ་བདར་ཏེ། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་སྦྱིན་པའི་བདག་པོའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་ཐམས་ཅད་དཔག་ཚད་བྱེ་བའི་ཕ་རོལ་ཏུ་སོང་ཞིག ན་མཿས་མནྟ་ཀཱ་ཡ་ཝཱ་ཀྩིཏྟ་སོགས་ཁྲོ་བོའི་སྔགས་མང་དུ་བརྗོད་ཅིང་རོལ་མོ་དང་བཅས་པས་འཆི་བདག་གི་གཟུགས་དང་ལྷན་ཅིག་ཏུ་རྫོངས་ཆས་དང་གཏོར་མ་ཁྲུས་ཆུ་སོགས་ལྷོ་ཕྱོགས་ཀྱི་གྲོང་ཟད་པར་སྐྱེལ་ལ་ཁ་ལྷོར་བསྟན་ཏེ་རྫོངས་ཆས་རྣམས་ཀྱང་དེའི་མདུན་དུ་བཞག སྐྱེལ་མཁན་རྣམས་ནང་དུ་ལོག་དུས་ཕྱི་མིག་མི་བལྟ་བ་གནད་དུ་ཆེའོ། །གསུམ་པ་ནི། བསྒྲུབ་བྱ་མདུན་དུ་ཙོག་པུར་འཁོད་དུ་བཅུག་ལ། གླུད་གོས་ཀྱི་ཚོན་སྐུད་བཀྲོལ་ནས། སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་ཐོགས་བཞིན་པས་ལག་ལེན་ལྟར་མདུད་ཁུག་བཏབ་སྟེ་བསྒྲུབ་བྱའི་སྐེ་དང༌། ལག་པའི་སྲིན་མཛུབ་གཉིས་དང་རྐང་པའི་མཐེ་བོང་རྣམས་སུ་བཅིང༌། ནད་པ་ལྟ་བུའི་ཙོག་འདུག་མི་ཐུབ་པ་རྣམས་ལ་གཡོན་པ་ཁོ་ན་ལ་བཅིངས་པས་བཏུབ་ཅེས་གསུངས། དེ་ནས་སློབ་དཔོན་གྱིས་འདི་སྐད་དོ། །ཁྱེད་རང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོར་གསལ་བ་ལ་མོས་གུས་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་རྣོ་ཞིང་ཐོགས་པ་མེད་པ་ལྕགས་ཀྱུའི་རྣམ་པ་ཅན་གྲངས་མེད་པ་འཕྲོས། ཁྱེད་རང་གི་ལུས་ཀྱི་ཕྱི་ནང་དང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པར་བྱེད་པའི་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བར་བྱེད་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་འོད་ཟེར་སྔོ་དམར་དང་དུད་ཁུ་སོལ་ཁུའམ་རྣག་ཁྲག་གི་རྣམ་པ་ཅན་དང༌། གདོན་བགེགས་
ལ་སོགས་པ་སྡིག་སྦལ་དང་སྲོག་ཆགས་མི་སྡུག་པའི་རྣམ་པ་ཅན་དུ་ཚུར་བཀུག་སྟེ་ལུས་ལ་བཅིངས་པའི་ཚོན་སྐུད་འདི་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། ཅེས་པ་དང༌། རྗེ་བཙུན་རྩ་བ་སོགས་ཀྱི་བདེན་པ་དང་གོང་བཞིན་བརྗོད་པའི་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། སྦྱིན་པའི་བདག་པོ་ཆེ་གེ་མོ་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྒྱུ་ཉོན་མོངས་པ་དུག་ལྔ་དང༌། དེས་ཀུན་ནས་བསླངས་པའི་ནད་རིམས་གདོན་བགེགས་མི་དང་མི་མ་ཡིན་པས་བྱས་པའི་བྱད་དང་བྱུར་སོགས་བར་དུ་གཅོད་པ་ཐམས་ཅད་ལུས་ལ་བཅིངས་པའི་ཚོན་སྐུད་སྣ་ལྔ་པོ་འདི་ལ་ཐིམ་པར་གྱུར་ཅིག ཛཿཧཱུྃ་བཾ་ཧོཿ ཞེས་པ་ལན་གསུམ། དེ་ནས་ཁྱེད་རང་གི་ལུས་ལ་བཅིངས་པའི་ཚོན་སྐུད་འདི་ཉིད་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་འདུས་པའི་རང་བཞིན་ཅན་དུ་གྱུར་པར་མོས་པ་མཛོད། རལ་གྲི་མེའི་དཔལ་དང་ཆུར་བཅུག་པ་ཐོགས་ནས། སློབ་དཔོན་རྗེ་བཙུན་སྒྲོལ་མ་དཀར་མོར་གསལ་བས་ཡེ་ཤེས་ཀྱི་རལ་གྲི་མེ་དང་ཆུས་ངར་ལྡན་པར་བྱས་པ་དེ་ཉིད་ཀྱིས་ཚོན་སྐུད་རྣམས་དུམ་བུར་བཅད་པས་བར་དུ་གཅོད་པ་ཐམས་ཅད་དང་བྲལ་བར་བྱས་པར་མོས་པ་མཛོད་ཅེས་བརྗོད་ལ་འདི་སྐད་དོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང༌། །ཚངས་པ་དང་ནི་འཇིག་རྟེན་སྐྱོང༌། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་ཆེ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང༌། །འཕྲོག་མ་བུ་དང་བཅས་པ་རྣམས། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །ཆེ་གེ་མོ་ལ་གནོད་གྱུར་པའི། །བྱད་སྟེམས་ལས་རྣམས་ཆད་གྱུར་ཅིག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་དང༌། ཨོཾ་སརྦ་བནྡྷཱ་ནཱཾ་ཀ་ཁོརྡ་ཙྪེ་ད་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་གཡོན་དྲིལ་བུ་དང་བཅས་ཚོན་སྐུད་རྒྱབ་ངོས་ནས་བཟུང༌། གཡས་པས་རལ་གྲིའི་སོ་ཕྱིར་བསྟན་ཏེ་མགྲིན་པའི་དང༌། དེ་བཞིན་དུ་
ལག་པ་གཉིས་དང་རྐང་པ་གཉིས་ཀྱི་ཚོན་སྐུད་རྣམས་བཅད། བཅད་པའི་དུམ་བུས་བསྒྲུབ་བྱ་ལ་ཕྱིར་བསྐོར་ཞིང་བསགས། སླར་ཡང་ལས་ཀྱི་རྡོ་རྗེས་དུམ་བུ་མང་དུ་བཅད་དོ། །དེ་ནས་སློབ་དཔོན་གྱི་ཕྱག་གཡོན་པས་ཚོན་སྐུད་དུམ་བུ་བཟུང༌། གཡས་ལས་ཚོན་སྐུད་ཀྱི་དུམ་བུ་རེ་རེ་ནས་སྙིང་པོ་དང་ཨ་མྲྀ་ཏ་བརྗོད་ཅིང་ལས་བུམ་གྱི་ཆུ་ཐིགས་རེ་རྣམས་སྔར་གྱི་ཁམ་ཕོར་འོ་ཆབ་ཅན་གྱི་ནང་དུ་དོར། བསྒྲུབ་བྱའི་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་བསམ་ཞིང་ལན་མང་དུ་བྱའོ། །སླར་ཡང་སློབ་དཔོན་གྱི་ཕྱག་གཡོན་པས་དུག་སྣ་བཟུང༌། གཡས་པས་བསྒྲུབ་བྱའི་མགོ་ལ་བསྐོར་ཞིང་ཆུའི་ནང་དུ་འདོར་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །ཞེས་དང༌། ཆོས་དང་དགེ་འདུན་ལའང་དེ་བཞིན་དུ་སྦྱར་བར་བྱའོ། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཆེ་གེའི་དུག་ནི་དུག་མེད་ཤོག །དུག་ནི་ས་ཡི་ནང་དུ་སོང༌། །གང་བའི་ནང་དུ་དུག་སོང་ཞིག་སྭཱ་ཧཱ། ཡང་སྤྲོ་ན། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །དེ་བཞིན་ཀུན་ལ་སྦྱར་ཏེ། རང་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས༴ །དགྲ་བཅོམ་པའི་གཟི་བརྗིད་ཀྱིས༴ ཕྱིར་མི་འོང་བའི༴ ལན་ཅིག་ཕྱིར་འོང་བའི༴ རྒྱུན་དུ་ཞུགས་པའི༴ བདེན་པར་སྨྲ་བའི་གཟི་བརྗིད་ཀྱིས༴ ཚངས་པའི་བེ་ཅོན་གྱིས༴ དབང་པོ་རྡོ་རྗེས༴ ཁྱབ་འཇུག་གི་འཁོར་ལོས༴ མེ་ལྷའི་དཔལ་གྱིས༴ ཆུ་ལྷའི་ཞགས་པས༴ ལྷ་མ་ཡིན་གྱི་རྒྱུད་ཀྱིས༴ ཀླུའི་རིག་སྔགས་ཀྱིས༴ དྲག་པོའི་མདུང་རྩེས༴ སྐེམས་བྱེད་ཀྱི་མདུང་ཐུང་གིས་དུག་ངེས་པར་བཅོམ་མོ། །དུག་སའི་ནང་དུ་སོང་ཞིག དེ་བཞིན་དུ་སའི་གནས་སུ་ཆུ་མེ་རླུང་རྣམས་ལའང་འདོན་པ་ཁ་སྒྱུར་ཏེ་བརྗོད་མཐར་ཁྲུས་ཆུ་གླུད་གོས་དང་བཅས་པ་བྱང་ཕྱོགས་ཀྱི་གྲོང་ཟད་པའི་སར་བསྐྱལ་ལོ། །དེ་ནས་སྐབས་
འདིར་རྗེས་གནང་བྱེད་ན་དེ་བཞིན་དང༌། མི་བྱེད་ན་སྦྱང་བ་སྤྱི་ལྟར་དང༌། བཀྲུ་བྱབ་སྲུང་གསུམ་བྱས་ལ། སློབ་དཔོན་གྱིས་འབྲང་རྒྱས་དཀར་པོ་ཐོགས་ཏེ། ཐམས་ཅད་ཀྱིས་ཕུན་སུམ་ཚོགས་པ་སོགས་ཀྱི་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གཏོར་ཏེ་བསྒྲུབ་བྱའི་ལག་ཏུ་གཏད་ལ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བསྟེན་པས་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་སློབ་མས་འབྲང་རྒྱས་བཟའོ། །འདི་ནི་བསྒྲུབ་བྱ་ལ་དངོས་སུ་བྱེད་པའི་དབང་དུ་བྱས་ལ། གལ་ཏེ་དངོས་སུ་སྟབས་མ་བདེ་ན་རྗེས་གནང་དོར་བ་མ་གཏོགས་ཆོ་ག་གཞན་འདྲའོ། །གསུམ་པ་ནི། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་རྣམས་དཀྱུས་ལྟར་བྱའོ། །དལ་འབྱོར་ཁང་བཟང་ཉམས་དགའ་བར། །རིག་པའི་སྐྱེས་བུ་བསླུས་པའི་དགེས། །འགྲོ་ཀུན་དུས་མིན་འཆི་བདག་ལས། །རྒྱལ་ནས་བདེ་བས་འཚོ་བར་ཤོག །ཅེས་པ་འདིའང་རྫོགས་པའི་སངས་རྒྱས་རྗེ་བླ་མ་དེ་ཉིད་ཀྱི་བཞེད་སྐོང་དུ་བློ་གཏེར་དབང་པོས་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་ཚེ་དཔག་མེད་ལྷ་དགུའི་འཆི་བསླུར་ཁ་བསྒྱུར་ནས་བྲིས་པ་དགེ་ལེགས་འཕེལ།། །།
རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བརྟེན་པའི་བླ་སླུའི་ཆོ་ག་རིང་འཚོའི་བཅུད་ལེན།
རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བརྟེན་པའི་བླ་སླུའི་ཆོ་ག་རིང་འཚོའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།
སྣང་བརྙན་བློ་ངོར་ཤར་བ་དང༌། །བཟླས་པས་རིང་འཚོའི་བཅུད་ལེན་མཆོག །གྲུབ་མཛད་ཚེ་སྦྱིན་ལྷ་མོ་ལ། །བཏུད་ནས་བླ་སླུའི་ཆོ་ག་བྲི། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟེགས་ཀྱི་ཁར་སྒྲོལ་དཀར་གྱི་སྐུ་བརྙན་མདུན་མཆོད་གཏོར་སྔོན་འགྲོ་གཏོར་མ་བཅས་དང༌། འོག་ཏུ་རིན་ཆེན་ཕྱེ་མ་དང་གུར་གུམ་བསྲེས་པས་བསྒྲུབ་བྱ་ཕོ་མོ་གང་ཡིན་དང་མཐུན་པའི་བླ་ལུག་སྐྱེ་མཆེད་དོད་པའི་མཐའ་སྐོར་དུ་བླ་ཤིང་ཤུགས་པ་དང་མཁན་དཀར། བླ་རྡོ། དུང༌། ཤེལ། བྱེ་རུ། མཆོང་སྨུག དུང་ཤོ། ཁྱད་པར་བླ་གཡུ་དྲུག་དཀར། དར་ཚོན། ཚོན་སྐུད་ལ་ཚེ་གཟུངས་སྔགས་རྡོར་མདུད་བཏབ་པ། དེ་རྣམས་བླ་ཕོར་གྱིས་ཁ་བཀབ་ནས་སྣོད་སྐྱོན་མེད་དུ་བཞག གཡས་སུ་བླ་རྐང་ལུག་ཤ་རྐང་གཡས་གཞག་ཤུལ་དུ་ནས་དཀར་བསྒྲུབ་བྱའི་ལོ་གྲངས་རས་དཀར་ཐུམ་ཅན་བཅུག་སྟེ་ཐེལ་བཏབ་པ་རས་དཀར་གྱིས་དྲིལ་བ། གཡོན་དུ་བླ་མཚོ་མངར་གསུམ་རྒུན་འབྲུམ་བཏབ་པའི་ཆང་གར་མ་མར་ཁུས་ཁ་བཅད་པའི་བུམ་པ། མདུན་དུ་བསྒྲུབ་བྱའི་གོས་དྲི་མ་ཅན། དེའི་མདུན་དུ་དྲི་ཟན་གྱིས་བསྒྲུབ་བྱའི་དབྱིབས་དོད་པའི་གླུད་གཟུགས་ཏིང་ལོ་ཆང་བུ་འབྲུ་དཀར་ནག་ཤ་དུམ་སྤུངས་པ་གོས་བཅས། ཕོ་ལ་སྟག་པ། མོ་ལ་གླང་མའི་བྱང་བུ་ལོ་གྲངས་ཁྲམ་བཏབ་ཕོའི་ཕྲག་གཡས་
མོའི་གཡོན་དུ་བཙུགས། རྒྱབ་ཏུ་ཚོན་སྐུད་དབུས་ནས་རིམ་བཞིན་སྔོ་དཀར་སེར་དམར་ལྗང་བའི་མཐར་མེ་རི་མཚོན་བྱེད་དམར་པོ་ཅན་གྱི་ནམ་མཁའ། དེའི་གཡས་གཡོན་དུ་ལྷ་འདྲེའི་གླུད་མདོག་དང་གོས་དཀར་ནག་ཅན་སོ་སོའི་མདུན་ཤོ་མིག་དྲུག་དང་གཅིག་པ་ཡོད་པས་ལྷ་རྒྱལ་འདྲེ་ཕམ་གྱི་རྣམ་འགྱུར་ཅན་ལྷ་གླུད་ལ་འབྲུ་སྣ་དཀར་གསུམ། འདྲེ་གླུད་ལ་འབྲུ་ནག་ཆངས་བུ་བསྟབས་པ། དེ་རྣམས་ཀྱི་གཡས་སུ་ཕྱེ་མར། གཡོན་དུ་ཆུ་སྣ་གཙང་མར་དམ་རྫས་བྱིན་ཅན་བཏབ་པས་བཀང་བའི་ཀ་ཊོ་རར་ཕོར་བུའི་ནང་བླ་ལུག་ཕོ་མོ་གང་ཡིན་གྱི་རྟགས་དང་ལྡན་པ་ཚོན་གྱིས་བརྒྱན་པ་བཅོས་ཏེ་བཤམ། གཞན་ཡང་མདའ་དར། བླ་ལུག་བལ་ཅན་དངོས་དར་སྣས་བརྒྱན་པ། འབྲུ་སྣ་སྐྱེམས་ཕུད། ཞལ་ཟས་གཏོར་གསོས་ཤ་དུམ་འབྲུ་དཀར་ནག་ཆངས་བུ་སོགས་དང༌། རང་གི་མདུན་དུ་རྡོར་དྲིལ། རོལ་མོའི་བྱེ་བྲག་སོགས་སྟ་གོན་བྱའོ། །གཉིས་པ་ནི། སྡེ་བརྒྱད་ལ་དཀར་གཏོར་གསེར་སྐྱེམས་བསྔོས་ནས། སྒྲོལ་དཀར་བདག་བསྐྱེད་གཏོར་མ་བཅས་གྲུབ་མཚམས་མདུན་གྱི་བསྒྲུབ་རྫས་རྣམས་ལ་ཆབ་བྲན་ནས། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སྭ་བྷཱ་ཝ་སོགས་གསུམ། གཏོར་མ་དང་མཆོད་རྫས་རྣམས་ཀྱི་འབགས་པ་དང་མི་གཙང་བ་སོགས་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་
གྱུར། ཅེས་བརྗོད། དེ་བཞིན་དུ། ཐལ་མོ་སྦྱར་བའི་སོར་མོ་གསུམ་གྱི་ཚིགས་དབུས་མ་བཅག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། གཏོར་མ་དང་མཆོད་རྫས་རྣམས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཐལ་མོ་སྦྱར་བའི་མཛུབ་མོ་གུང་མོའི་རྒྱབ་ནས་དཀྲིས། མཐེ་བོང་བསྣོལ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། གཏོར་མ་དང་མཆོད་རྫས་རྣམས་འདོད་ཡོན་ལྔའི་རང་བཞིན་དུ་གྱུར་པ་ཐམས་ཅད་མགྲོན་སོ་སོའི་ཡིད་བཞིན་དུ་ཐོབ་པ་ལ་བགེགས་དང་ཉེར་འཚེ་མེད་པར་གྱུར། གཡས་པུས་སྟེང་མཆོག་སྦྱིན། གཡོན་མཉམ་བཞག་བྱས་ལ། ཨོཾ་ཨ་ཀཱ་རོ་སོགས། གཏོར་མགྲོན་རྣམས་སོ་སོས་གང་འདོད་པའི་དངོས་པོ་རྣམས་ཡིད་བཞིན་དུ་འབྱུང་བར་གྱུར་ཅིག ལག་གཡོན་ཁུ་ཚུར་བཅངས་པ་པང་དུ་བཞག གཡས་སྡིགས་མཛུབ་བསྟན་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་སཾ་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭཱ་ལ་ནི་སྭཱ་ཧཱ། གཏོར་མགྲོན་རྣམས་དྲག་ཞན་ཆེ་ཆུང་མེད་པར་སོ་སོའི་ཡིད་བཞིན་དུ་ཚིམ་ཞིང་རང་དབང་དུ་ལོངས་སྤྱོད་པར་གྱུར་ཅིག ལག་གཉིས་རྡོ་རྗེ་ནང་བསྡམས་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷཱ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། མཆོད་པ་རྣམས་བསྐལ་པ་ཇི་སྲིད་གནས་ཀྱི་བར་དུ་ཟད་པ་མེད་ཅིང་མགྲོན་རྣམས་མཉེས་པའི་མཐུ་དང་ལྡན་པར་གྱུར་ཅིག ཅེས་སྔགས་རྣམས་ལན་གསུམ་རེ་བརྗོད་པ་དང་བཅས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ། དེ་ནས་ཐོག་མར་ཁུངས་སྨོས་ཏེ་བཀའ་ཉན་པར་བསྒོ་བ་ནི། ཧཱུྃ། ན་མོ་སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་གཙོ་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །རི་རབ་ཟོམ་ལ་མི་གནས་གང་ཡང་མེད། །རྒྱ་མཚོའི་ཆུ་ལ་མི་འཐུང་གང་
ཡང་མེད། འབྱུང་བ་ལྔ་ལ་མི་བརྟེན་གང་ཡང་མེད། །ཉི་ཟླ་འོད་ཀྱིས་མི་ཁྱབ་གང་ཡང་མེད། །མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་དེ་ན་གྲང་དམྱལ་ཡན་ཆད་དུ། །འཕགས་པའི་སྤྱན་གྱིས་གཟིགས་པའི་ས། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །སྔགས་འཆང་བདག་གི་ངག་ལ་ཉོན། །དང་པོ་བླ་བསླུ་གང་དུ་སྲིད། །སློབ་དཔོན་པདྨའི་ཐུགས་རྗེ་ཡིས། །མུ་ཁྱུད་འཛིན་པ་བདུད་ལས་བསླུས། །བར་དུ་བླ་བསླུ་གང་དུ་དར། །ཡི་དམ་ལྷ་ཡི་ཐུགས་རྗེ་ཡིས། །སྲོག་ཆགས་ཐམས་ཅད་ཚེ་བསྲིང་ཞིང༌། །ཐ་མ་བླ་བསླུ་གང་དུ་བྱེད། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། །ཡོན་བདག་འདི་ཡི་བླ་འདི་བསླུ། །བླ་འདི་བསླུས་ནས་གླུད་དུ་འབུལ། །དུས་དང་བསྐལ་པ་དེ་ཙམ་ན། །སྐྱོབ་པར་བྱེད་པའི་ལྷ་གཅིག་སྲིད། །གནོད་པར་བྱེད་པའི་འདྲེ་གཅིག་སྲིད། །ལྷ་འདྲེ་གཉིས་ཀྱི་ཤན་འབྱེད་ལ། །ལྷ་ལ་ལྷ་ཤོ་དཀར་པོ་ཕུལ། །ལྷ་ཤོ་དཀར་པོ་ལྷ་ཡིས་ཐོབ། །ལྷ་ཤོ་དེ་ནི་ཆེ་བ་བྱུང༌། །འདྲེ་ལ་འདྲེ་ཤོ་ནག་པོ་གཏད། །འདྲེ་ཤོ་ནག་པོ་འདྲེ་ཡིས་ཐོབ། །འདྲེ་ཤོ་དེ་ནི་ཆུང་བ་བྱུང༌། །དེ་ལྟར་ཤོ་དེ་ཆེ་བ་ལྷ་ཡིས་ཐོབ། །འདྲེ་ཤོ་ཆུང་བ་འདྲེ་ཡིས་ཐོབ། །ལྷ་ཡང་རྒྱལ་ལ་འདྲེ་ཡང་ཕམ། །དེ་ནས་བླ་རྟེན་ལ་དགུག་གཞུག་བྱ་བ་ནི། སློབ་དཔོན་གྱིས་རྡོར་དྲིལ་མདའ་དར་བཅས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང༌། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞེས་བྱ་བའི་བླ་ཚེ་ཡར་བ་འཐོར་བ་ཁྱེར་པ་ཉམས་པ་བརྐུས་པ་ཕྲོགས་པ་ཐམས་ཅད་རང་དབང་མེད་པར་བཀུག་ནས། མདུན་གྱི་བླ་རྟེན་འདི་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཞེས་དང༌། ཡི་དམ་གྱི་སྔགས་དང་ཚེ་གཟུངས་འདོན་བཞིན་པས་མདའ་དར་གཡོབ་པ་ལན་གསུམ་གྱིས་འབྱུང་བཞིའི་བཅུད་སྡུད་པའི་དམིགས་པས་མདུན་གྱི་བླ་རྟེན་
རྣམས་ལ་བསྟིམ། དེ་ནས་བླ་ལུག་མདུན་དུ་བཏགས་ལ། ཀྱེ། བླ་ཡི་ལུག་གུ་དཀར་པོ་ལ། །ཡ་མཚན་ཅན་གྱི་དར་སྣས་བརྒྱན། །བླ་ཡི་རྟེན་དུ་ཁྱེད་ལ་འབུལ། །བླ་རྐང་གཡས་པ་བླ་ཡི་རྟེན། །བླ་རྐང་འདི་ལ་བླ་ཁུག་ཅིག །དུང་ཤོ་དཀར་པོ་བླ་ཡི་ཤོ །དུང་ཤོ་འདི་ལ་བླ་ཁུག་ཅིག །བླ་གཡུ་དྲུག་དཀར་བླ་ཡི་བཀྲག །བླ་གཡུ་འདི་ལ༴ །མཆོང་ལོང་སྨུག་པོ་བླ་ཡི་རྟེན། །མཆོང་ལོང་འདི་ལ༴ །བྱེ་རུ་དམར་པོ་བླ་ཡི་ཁྲག །བྱེ་རུ་འདི་ལ༴ །ལྷ་རྡོ་དཀར་པོ་བླ་ཡི་རྡོ། །ལྷ་རྡོ་འདི་ལ༴ །ལྷ་ཤིང་ཤུག་པ་བླ་ཡི་ཤིང༌། །བླ་ཤིང་འདི་ལ༴ །མཁེན་བུ་རྩྭ་བཟང་བླ་ཡི་ཟས། །མཁན་བུ་འདི་ལ༴ །བླ་མཚོ་སྔོན་མོ་བླ་ཡི་མཚོ། །བླ་མཚོ་འདི་ལ༴ །ནས་དཀར་བྲེ་གང་ལྷ་ལ་འབུལ། །ནས་དཀར་འདི་ལ༴ །དར་ཚོན་སྣ་ལྔ་བླ་ཡི་བཀྲག །དར་ཚོན་འདི་ལ༴ །ཚོན་སྐུད་སྣ་ལྔ་བླ་ཡི་ལྡིང༌། །བླ་ལྡིང་འདི་ལ༴ །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོང་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ལྷོད་ལ་མནན་པ་ཐེག །བླ་འདི་ཐོང་ལ་གླུད་འདི་ལོང༌། །བསླུ་ཡོད་གཅིག་ལ་བསླུ་ཡོད་གཉིས། །གསུམ་གྱི་བར་དུ་བསླུ་བར་བྱ། བླ་མ་ཡོལ་ཅིག བླ་མ་འགྱེལ་ཅིག བླ་མ་ནུབ་ཅིག བླ་མ་བཀག་ཅིག བླ་མ་ཆིབས་ཤིག བླ་མ་འཁྱམས་ཤིག འབའ་ཚག་གེ་འདིར་ཁུག་ཅིག བླའི་ལུ་གུ་གསོལ་ལོ། །ཞེས་ལན་གསུམ་གྱིས་བླ་འགུགས་བྱས་ནས། ཀྱེ། ཁྱོད་འགོ་བའི་ལྷ་ལ་ཞལ་ཡར་སྟོན། །སྐྱོབ་པའི་ལྷ་ལ་ཞལ་ཡར་སྟོན། །སྲུང་མདའི་ལྷ་ལ་ཞལ་ཡར་ལྟོས། །ལེའུའི་ལྷ་ལ་ཞལ་ཡར་ལྟོས། །ཞེས་བརྗོད། དེ་ནས་བླ་བསླུ་བ་ནི། ཀྱེ། དང་པོ་སུ་དང་སུ་ཡི་བླ། །འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །རྒྱལ་བུ་མུ་ཁྱུད་འཛིན་པ་དང༌། །ལག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །དགེ་སློང་ཀུན་དགའ་བོ་ཡི་བླ། །ད་ལྟར་སུ་དང་སུ་ཡེ་བླ། །ད་ལྟ་རྡོ་རྗེ་འཛིན་པ་ཡིས། །སྦྱིན་བདག་འདི་ཡི་བླ་ཡང་བསླུ། །ཡ་བདུད་རྒྱལ་པོ་འཁོར་དང་བཅས། །བདུད་ཀྱི་སྡེ་ཚོགས་བསམ་མི་ཁྱབ། །ཁྱེད་རྣམས་ལག་ན་བླ་ཡོད་
སྲིད། །ཁྱེད་རྣམས་ལག་ཏུ་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོང་ལ། །བླ་བཟུང་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་ལྷོད་ལ་མནན་པ་ཐེག །ལན་ཆགས་བུ་ལོན་བྲལ་བར་གྱིས། །ཁྱེད་རྣམས་ལག་ན་བླ་ཡོད་ན། །མན་ཆད་འགྲེས་པར་བྱས་ཏེ། ལྷ་རབ་ཤམ་པོ་ལ་སོགས་ཏེ། །ལྷ་ཡི་སྡེ་ཚོགས་བསམ་མི་ཁྱབ། །ལྷ་ཡི་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །གང་བ་བཟང་པོ་ལ་སོགས་ཏེ། །གནོད་སྦྱིན་སྡེ་ཚོགས་བསམ་མི་ཁྱབ། །གནོད་སྦྱིན་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །གཙུག་ན་རིན་ཆེན་ལ་སོགས་ཏེ། །ཀླུ་ཡི་སྡེ་ཚོགས་བསམ་མི་ཁྱབ། །ཀླུ་ཡི་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །རེ་ལྡེ་འགོང་ཡག་ལ་སོགས་ཏེ། །བདུད་ཀྱི་སྡེ་ཚོགས་བསམ་མི་ཁྱབ། །བདུད་ཀྱི་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །པེ་ཧར་རྒྱལ་པོ་ལ་སོགས་ཏེ། །རྒྱལ་པོའི་སྡེ་ཚོགས་བསམ་མི་ཁྱབ། །རྒྱལ་པོའི་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །རྨུ་རྗེ་བཙན་པོ་ལ་སོགས་ཏེ། །རྨུ་ཡི་སྡེ་ཚོགས་བསམ་མི་ཁྱབ། །རྨུ་ཡི་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །སྐྱེས་བུ་ཀླུ་བཙན་ལ་སོགས་ཏེ། །བཙན་གྱི་སྡེ་ཚོགས་བསམ་མི་ཁྱབ། །བཙན་གྱི་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །གཉན་ཆེན་ཐང་ལྷ་ལ་སོགས་ཏེ། །གཉན་གྱི་སྡེ་ཚོགས་བསམ་མི་ཁྱབ། །གཉན་གྱི་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །གཡའ་སྨན་གངས་སྨན་ལ་སོགས་ཏེ། །སྨན་གྱི་སྡེ་ཚོགས་བསམ་མི་ཁྱབ། །ཁྱེད་རྣམས་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །རྡོ་རྗེ་ལེགས་པ་ལ་སོགས་ཏེ། །ཐེའུ་རང་སྡེ་ཚོགས་བསམ་མི་ཁྱབ། །ཁྱེད་རྣམས་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །བདུད་དང་བཙན་དང་རྒྱལ་པོ་དང༌། །ཡི་དྭགས་སྨྱོ་བྱེད་གྲུལ་བུམ་སོགས། །ཁྱེད་རྣམས་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིས་དཔལ་མགོན་བདུན་ཅུ་སོགས། །ཁྱེད་རྣམས་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །ཡུལ་འདིའི་
གཞི་བདག་འཁོར་དང་བཅས། །ཁྱེད་རྣམས་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས༴ །གསོན་བདུད་གཤིན་གཅགས་བྱེད་པ་རྣམས། །ཁྱེད་རྣམས་ལག་ན་བླ་ཡོད་སྲིད། །ཁྱེད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་ལྷོད་ལ་མནན་པ་ཐེག །ལན་ཆགས་བུ་ལོན་བྲལ་བར་གྱིས། །དེ་ནས་བླ་འགུགས་ཀྱི་སྔགས་བཟླ་བ་ནི། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། སླར་ཡང་འོད་ཟེར་སྣ་ཚོགས་སྟེང་འོག་ཀུན་ཏུ་བ་ཐག་འཛིངས་པ་ལྟར་འཕྲོས་པས་ས་འོག་ས་སྟེང་ས་བླའི་ཁམས་ཐམས་ཅད་ཁྱབ། བླ་ཚེ་ལ་བར་དུ་གཅོད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉན། བར་གདོན་བཙན་དང་རྒྱལ་པོ་སོགས་མདོར་ན་གདོན་བགེགས་ཀྱི་རིགས་སུ་གྱུར་པས་བླ་ཚེ་བརྐུས་པ་དང༌། ཕྲོགས་པ་དང༌། གཞོམ་པ་དང༌། ཡར་བ་དང༌། འཁྱམས་པ་དང༌། སྟོར་བ་སོགས་བཀུག་ནས་ཡོན་གྱི་བདག་པོར་བསྟིམས་པས་ཉམས་པ་གསོས། ཆད་པ་མཐུད། ཡོ་བ་བསྲངས། སྔར་བས་ཀྱང་གཟི་བྱིན་དང་ལྡན་པས་བླ་ཚེ་སྲོག་གསུམ་མི་ནོར་ཟས་གསུམ་ལ་སོགས་པ་རྒྱས་ཤིང་བརྟན་པར་གྱུར་པར་མོས་ཤིང་སྤྲོ་བ་དང་བསྡུ་བའི་དམིགས་པ་ཡང་ཡང་བྱ་ཞིང་སྔགས་སྒྲ་ཟུར་གསལ་པར། ཨ་ཧ་རི་ནི་ས་རྫབ་རྫབ་རྫུབ་རྫུབ་བྷ་ཏྲ་སློང་སློང་ནྲྀ་ཁུག་ཛཿཛཿ ཞེས་པ་བརྒྱ་སྟོང་ཁྲི་འབུམ་རྟགས་དང་སྦྱར་ཏེ་བཟླའོ། །ཐུན་མཐར། མི་འགྱུར་ལྷུན་པོ་སོགས་བཀྲ་ཤིས་དང༌། གཏོར་མགྲོན་གཤེགས་གསོལ་བྱའོ། །དེ་ལྟར་ཐུན་གསུམ་བྱེད་ན་རྗེས་མ་ལ་ཡི་དམ་གཏོར་མ། ལྷ་འདྲེ། ཡོན་བདག་གི་གླུད་བཅས་ཁ་གསོ། ངག་འདོན་གོང་བཞིན་བྱ། དེ་ལྟ་བུས་ཞག་མ་
གསུམ་ལྔ་བདུན་སོགས་རྟགས་བྱུང་བྱུང་གི་བར་མཚམས་དམ་པར་བྱས་ལ་བསྒྲུབ། རྟགས་ནི། བླ་རྐང་རུས་བསྣུམ་འཇམ་ལྕི་བ། སྟོད་ན་ཆུ་སེར་དམར་པོའི་བུ་གུ། སྣུམ་ཚིལ་སྨན་དྲི་བྲོ་བ། འཇུག་སྣོད་ཀྱི་ནས་སྔར་བས་མང་ལ་མདོག་དཀར་སེར་དུ་བྱུང་བ་རྣམས་བཟང་ཞིང༌། དེ་དག་ལས་ལྡོག་པ་ངན། ཆུ་བསྐོར་བས་བླ་ལུག་བླ་རྟེན་ཡོན་བདག་ལ་ཁ་གཏད་ཅིང་བསྡད་ན་ཁུག་རྟགས་བཟང༌། ཕྱིར་ལོག་ཏུ་གཏད་ན་ངན། བླ་མཚོའང་མ་རུལ་མ་ཉམས་མ་ལུད་པ་བཟང༌། ཕྱུར་ཞིང་ལུད་པ་ངན། རང་ངམ་ཡོན་བདག་གིས་གཡུ་བཏགས་པ། གོས་སེར་གྱོན་པ། རྡོ་རྗེ་གཡུང་དྲུང་དུང་སོགས་རྨིས་ན་མཆོག་ཏུ་བཟང་ལ། ནོར་རྫས་ཤོར་བ། སྡུག་བསྔལ་བྱུང་བ། སྦྲ་ནག་གོས་ནག མི་མང་ཁྲོ་ཚུལ་ལྟ་བ་སོགས་རྨིས་ན་ངན། དེ་ལྟ་བུའི་རྟགས་ཐམས་ཅད་བཟང་བའམ་བཟང་བ་ཤས་ཆེ་ན་སྒྲུབ་པ་གྲོལ། ངན་པ་ཤས་ཆེ་ན་ལན་གསུམ་སོགས་བསྐྱར་ཞིང་རྟགས་མ་རྫོགས་བར་དུ་ཕན་སེམས་སྙིང་རྗེས་བསྒྲུབས་ན་མཆོད་ཡོན་བདེ་ཞིང་ལྷ་འདྲེ་ཚིམ་ནས་འདི་ཕྱིའི་ལན་ཆགས་བྱང་ཞིང་ལྷ་མི་འབྱུང་པོ་ཐམས་ཅད་བྱང་ཆུབ་ཀྱི་རྒྱུར་འགྱུར་བས་ནན་ཏན་དུ་འབད་པར་རིགས་སོ། །གསུམ་པ་རྗེས་ནི། གང་ལྟར་ཡང་སྒྲུབ་པ་གྲོལ་ཉིན་བཀྲ་ཤིས་ཀྱི་རྗེས་སུ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་སོགས་ནས། གདོན་རྣམས་རང་གི་གནས་སུ་དེངས། །ཞེས་དང་དྲག་སྔགས་བརྗོད་ལ་འདྲེ་གླུད་དང་ཡོན་བདག་གི་གླུད་གཉིས་བསྒྲུབ་བྱའི་ལོ་བདུད་ཕྱོགས་སུ་འདྲེ་ཕམ་འདྲེ་ཕམ་ཞེས་བརྗོད་ཅིང་བསྐྱལ་ནས་ཕྱི་མིག་མི་བལྟ་བར་ལོག ལྷ་གླུད་མདའ་དར་དང་བཅས་སྟེང་ཁར་ཁྱེར་ཏེ་ཡུལ་ལྷར་ཁ་བསྟན་ལ་བཞག ཕྱོགས་བཞིར་ཕྱག་རེ་དང་བཅས་ལྷ་རྒྱལ་བརྗོད་ཅིང་མདའ་དར་གཡུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་པར་བྱས་ལ། བླ་རྟེན་རྣམས་ལས་ཤ་ཆང་ཕྱེ་མར་རྣམས་ཞག་བདུན་བར་བསྒྲུབ་བྱས་ལོངས་སྤྱད། མཁན་ཤུག་བདུག
རུས་པ་དང་མར་ལུག་ཁྱིམ་ཕུག་ཏུ་སྦ། བླ་ལུག་ཚེ་ཐར་བྱས་ནས་ཉིན་དང་པོ་ནས་ཅི་བདེར་བཏང༌། གཞན་བླ་གཡུ་སོགས་རྟེན་རྫས་རྣམས་ལུས་ལ་འབྲལ་མེད་དུ་འཆང་བས་དོན་འགྲུབ་པ་ཡིན་ནོ། །ཞེས་པའང་སྒྲོལ་དཀར་སོགས་ཡི་དམ་གང་ལའང་སྦྱར་ཆོག་པའི་བླ་བསླུའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ་འདི་ཉིད་དཔལ་ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་ཕྱག་བཞེས་རྟགས་ཐོན་མྱང་གྲུབ་ཅན་ལུགས་འདིར་ཕྱག་ལེན་མཐོང་བརྒྱུད་མ་ཉམས་པའི་རྒྱུན་རྡོ་རྗེ་འཛིན་པ་ཝཱ་གིནྡྲས་བསྒྲིགས་པ་ཉིད་ལ་བརྟེན་བློ་གཏེར་དབང་པོས་བཀོད་པ་འགྲོ་ཀུན་དུས་མིན་འཆི་བ་ལས་གྲོལ་ཏེ་འཆི་མེད་རྡོ་རྗེའི་ཚེ་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག། །།དགེ་ལེགས་འཕེལ།། །།
འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻཱ་ཏཱ་རཱ་ཙིནྟཱ་མ་ཎི་ཙཀྲེ་སྟུ་ཏི་རཱ་ཡུརྫྙཱ་ན་བ་རཾ་དཱ་ན་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་གི་མཚན་གྱི་བདུད་རྩིས་རེག་པས་ཚེ་དང་ཡེ་ཤེས་ཨུཏྤ་ལ། །འཛུམ་བཅས་རོལ་པའི་ངལ་འཚོ་ལ་སྦྱར་ཡིད་བཞིན་འཁོར་ལོའི་ཞབས་སེན་ནི། །བླ་མ་མཆོག་དང་རྣམ་དབྱེར་མེད་པར་སྐྱབས་ཀུན་འདུས་པར་ཤེས་པའི་བློས། །ཐོག་མ་ཉིད་དུ་ཉེ་བར་བསྙེན་ནས་བསྟོད་པའི་ཚིག་འདིས་བསྙེན་བཀུར་བགྱི། །ནམ་མཁའི་མཐའ་དང་མཉམ་པར་སོང་བའི་འགྲོ་བ་ཀུན་ལ་ཕན་དང་བདེའི། །གོ་འཕང་ཅི་དགར་སྩོལ་བར་འདོད་པའི་བྱང་ཆུབ་སེམས་གཉིས་ཟླ་ཤེལ་ནི། །ལྷར་བཅས་ཀུན་དགའི་ངལ་འཚོ་གཅིག་གྱུར་སིམ་འོད་འབུམ་གྱི་དོ་ཤལ་ཅན། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །དམ་པའི་ཞིང་སར་ས་བོན་བཏབ་དང་གཞན་ཕྱིར་ཚད་མེད་བཞིས་བརླན་པའི། །བསོད་ནམས་དཔག་བསམ་ཆེས་ཆེར་རྒྱས་པར་སྤྲོས་པའི་ཕ་རོལ་ལས་བརྒལ་བའི། །ཤེས་རབ་ནོར་བུའི་སྙེ་མ་གཡུར་ཟ་སྐུ་གཉིས་འདོད་པ་འཇོ་བའི་དཔྱིད། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །གང་ཚེ་དམ་ཚིག་སེམས་དཔའི་གསང་གསུམ་ཡེ་ཤེས་མཆོག་གིས་སྨིན་པའི་མོད། །རིགས་ཀྱི་བདག་པོའི་ཅོད་པན་འཛིན་བཅས་ལན་གཅིག་ཡིད་མཁར་ཤར་བས་ཀྱང༌། །དུས་མིན་ཉི་བུའི་དཔུང་པ་ཀུན་བཅིལ་དགེ་ལེགས་ཤིས་པའི་རྩེ་དགའ་ཅན། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །ཐུགས་ཀར་བསིལ་ཟེར་བྱེད་པའི་དབུས་སུ་ཏཱྃ་བཅས་སྔགས་ཀྱིས་མཚན་པ་ཡི། །ཕྱི་རོལ་ཐབས་ཤེས་རྟེན་འབྱུང་སྙིང་པོའི་ཡི་གེའི་ཕྲེང་བ་རབ་མཛེས་ཤིང༌། །དབང་སྔོན་རྡོ་རྗེ་འབར་བའི་འོད་བཅས་དྲན་པས་གྲུབ་གཉིས་མཆོག་སྟེར་བ། །བཅོམ་ལྡན་འདས་མ་ཡིད་བཞིན་
འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །རྒྱལ་ཀུན་སོ་སོར་རྟོག་པའི་ཞལ་སྐྱིན་འཆི་མེད་མགོན་པོར་གྲགས་འབར་བའི། །ཞབས་སེན་དམར་བའི་འོད་རིས་སྟུག་པོ་བུང་བ་གཞོན་ནུའི་འཕུར་ལྡིང་ཅན། །གནག་སྣུམ་རལ་པའི་ནག་ཀླུང་ཉམས་དགར་འདུ་འབྲལ་སྤངས་པའི་ངོ་མཚར་དཔྱིད། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །ཟླ་མདོག་འཁོར་ལོའི་ཟ་མ་ཏོག་གིས་ཡིད་སྲུབས་དཔུང་བཅས་སྐྲག་བགྱིད་ཅིང༌། །དཀར་སེར་དམར་མཐིང་ལྗང་དང་མཆིན་ཁའི་གུར་ཁྱིམ་དྲུག་པོའི་གཟི་བྱིན་གྱིས། །མཆོག་ཐུན་ཕྲིན་ལས་ལྷུག་པར་སྩོལ་ལ་ཙིནྟཱ་མ་ཎིས་མཚོན་མིན་པའི། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །གཙུག་ཏོར་གདེངས་ཀར་ལྷག་པར་མཛེས་པའི་ཐུགས་རྗེའི་འཛུམ་ཟེར་གསར་པ་ཡིས། །གང་ལ་རེག་པའི་དེ་མ་ཐག་ནས་སྲིད་ཞིའི་ཚེ་བཅུད་ཀུན་བསྡུས་ཏེ། །ཕུང་ཁམས་སྐྱེ་མཆེད་གསོས་སུ་འབེབས་ལས་འཆི་མེད་གྲུབ་པའི་མཆོག་སྟེར་བ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །ཡིད་འོང་མཚན་དཔེའི་ཉམས་བརྒྱ་འབར་བའི་ཆ་ཤས་རེ་རེ་མིག་ལམ་དུ། །ལྷུང་བའི་མོད་ནས་དོན་གཉིས་མཆོག་གི་སིམ་པ་སྟེར་བས་མ་ཚིམས་པར། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་ལ་འཁྱུད་པའི་ཕུན་ཚོགས་སྟེར་མཁས་མ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །སྲས་བཅས་རྣམ་འདྲེན་ཡོངས་ཀྱི་མཁྱེན་རབ་རྨད་དུ་བྱུང་བའི་མཛུབ་མོ་ཡིས། །ཡན་ལག་དྲུག་ཅུའི་རྒྱུད་མངས་བསྐུལ་ལས་ཞི་བསིལ་བདུད་རྩིའི་སྙན་འགྱུར་གྱིས། །མགྲིན་པའི་རྩེ་དགའ་གཅིག་པུར་གྱུར་པས་སྐལ་བཟང་རྣ་བའི་དཔལ་སྟེར་བ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །གཅིག་པུ་ཉིད་མིན་དུ་མ་ལས་གྲོལ་ཤིན་ཏུ་ཞི་བ་དམ་པའི་དབྱིངས། །སྤྲོས་པའི་ཕ་མཐས་མཚོན་ནུས་མིན་ཀྱང་མཁྱེན་དང་བརྩེ་
བའི་འཇོ་སྒེག་གིས། །ཚུར་མཐོང་ཐར་པའི་དབུགས་འབྱིན་བགྱིང་ལ་སྣ་ཚོགས་གཟུགས་ཅན་ལ་ཆགས་པས། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །མདོར་ན་རྡུལ་བྲལ་གཟིགས་པ་མཆོག་མངའ་སྟོབས་བཅུ་མངའ་བའི་ཡུལ་ཉིད་ལས། །འཕགས་དང་སོ་སྐྱེ་གཞན་གྱིས་མཚོན་མིན་རྣམ་ཐར་ལི་ཁྲིའི་ཐིག་ལེ་ཡིས། །ཕྱོགས་ཀྱི་བུ་མོའི་མཁུར་ཚོས་མཛེས་བྱས་ཨེ་མ་བདག་གི་སྐྱབས་གཅིག་པུ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །དེ་ལྟར་བསྔགས་འོས་ཡོན་ཏན་དྲན་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྟོབས་བཞིས་སྒྲིབ་པའི་ཚོགས་ཀུན་ཡོངས་སྦྱང་རྗེས་སུ་ཡི་རངས་མཛའ་གཅུགས་ཀྱིས། །འཕགས་དང་སོ་སྐྱེའི་དགེ་བར་དམ་འཁྱུད་རྣམ་འདྲེན་སློབ་མང་བཅས་ཀུན་ལ། །རྟག་པར་ཞབས་བརྟན་ཆོས་འཁོར་བསྐུལ་བའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་མཐུས་སྐྱེ་བར་དལ་འབྱོར་མཆོག་ཐོབ་མི་རྟག་རྗེས་དྲན་ཆུ་གཙང་གིས། །ལས་འབྲས་སྤང་བླང་འཆོལ་པར་སྤྱོད་པའི་ཚ་གདུང་མ་ལུས་ཉེར་ཞི་ནས། །ངེས་པར་འབྱུང་བའི་པུཎྜ་རཱི་ཀ་སྙིང་ནས་རྒྱས་པའི་དོ་ཀེར་རྩེར། །མཚན་ལྡན་བླ་མའི་ཞབས་སེན་ཟེའུ་འབྲུ་མཉེས་པ་གསུམ་གྱིས་བསྙེན་ནུས་ཤོག །བསླུ་མེད་བླ་མ་མཆོག་གསུམ་ཐུགས་རྗེའི་གདུགས་དཀར་གྲིབ་མར་ངལ་འཚོ་ཞིང༌། །གཞན་ཕྱིར་སངས་རྒྱས་ཐོབ་པར་འདོད་པའི་ག་བུར་ཁྱོར་ཆུས་ཡིད་རབ་སིམ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་དཔྱིད་ཀྱི་བུ་མོའི་ཏམྦུ་རས། །འགྲོ་ཀུན་མ་རིག་གཉིད་ལས་བསླངས་ནས་སྐུ་གཉིས་དགའ་བ་བསྟེན་གྱུར་ཅིག །ཤིན་ཏུ་ཞི་བ་དམ་པའི་དབྱིངས་ལས་འགག་མེད་སྙིང་རྗེའི་སྤྲིན་བཀོད་པའི། །རྒྱལ་ཀུན་ཤེས་རབ་རྣམ་པ་ཀུན་ལྡན་བཞིན་ལག་མཚན་དཔེའི་ལང་ཚོ་ཅན། །བཅོམ་ལྡན་འདས་མའི་སྣང་བརྙན་ཡིད་འོང་མངོན་སུམ་ལྟ་བུར་བསྒོམས་པའི་མཐུས། །ཐ་མལ་རྣམ་རྟོག་འཇུག་ལྡང་མ་ལུས་ཟབ་གསལ་ཆེན་པོར་རོ་གཅིག་ཤོག །སྙིང་དབུས་བཅུ་
དྲུག་ཆ་ལྡན་འཁོར་ལོར་སྔགས་ཀྱི་ཕྲེང་བ་བཀོད་བྱས་ནས། །རིགས་བདག་འཆི་མེད་མགོན་པོར་ཤར་བས་རིང་འཚོའི་དགེ་མཚན་ལྷུན་གྱིས་གྲུབ། །ཕྱི་རོལ་སྲུང་བའི་གུར་ཁྱིམ་དཔལ་གྱིས་མེ་ཏོག་མདའ་ཅན་དཔུང་ཚོགས་ཀུན། །ཕྲ་མོར་བགྱིད་པའི་བརྟུལ་ཞུགས་གོ་ཆས་འགལ་རྐྱེན་ཐམས་ཅད་བསལ་བར་ཤོག །ཁྱད་པར་ཏཱྃ་ཡིག་ཆུ་གཏེར་ལས་ཐོན་ཟླ་ཤེལ་ཞུན་མའི་འོད་ཟེར་གྱིས། །བརྒྱད་གཉིས་འཇིགས་པའི་མུན་པ་མ་ལུས་ལྷག་མ་མེད་པར་བཅིལ་བྱས་ཏེ། །ཕན་དང་བདེ་བའི་ཀུནྡའི་ནགས་ཀླུང་ཆེས་ཆེར་དར་བའི་མཚར་སྡུག་གིས། །བདག་དང་གཞན་བཅས་སྐལ་བ་ངན་པའི་རྒུད་པ་མ་ལུས་བསྲུང་གྱུར་ཅིག །ཉིན་མོར་བྱེད་པ་འཆར་ཁའི་དམར་བར་གུར་གུམ་གཞོན་ནུས་འཁྱུད་པ་ཡི། །འོད་ཀྱི་རྩེ་དགས་མགྲོན་དུ་བཀུག་བྱས་ཚེ་དཔལ་འབྱོར་པའི་མནྡཱར། །ཤེས་རབ་གསུམ་གྱི་འབྲས་བུས་དུད་ལས་གནས་སྐབས་མཐར་ཐུག་ཡོན་ཏན་གྱི། །འདོད་རྒུའི་གྲུ་ཆར་ཅི་ཡང་འབེབས་ལ་གདེངས་ཅན་བདག་པོའི་དཔལ་ཐོབ་ཤོག །རབ་དམར་སྣང་བའི་མཆིལ་པ་རྣོན་པོས་གང་དུ་རེག་པའི་དེ་མ་ཐག །ཡིད་འོང་རི་དྭགས་མིང་ཅན་གཞོན་ནུའི་མཁུར་ཚོས་མཛེས་པས་བསླུས་མིན་པར། །སྲིད་དང་ཞི་བའི་ཕུན་སུམ་ཚོགས་རྒུའི་མཛའ་བོ་ཀུན་གྱི་ཡི་ག་ལ། །བརྟན་པ་གཅིག་ཅར་འཕྲོག་པའི་ཆོ་གས་དབང་གི་ཕྲིན་ལས་འགྲུབ་གྱུར་ཅིག །ཉི་མའི་འོད་ཀྱིས་གནམ་སྔོན་བཞུས་འདྲའི་འབར་བའི་ཕྲེང་བ་འཁྲུགས་པ་ཡིས། །ཡིད་སྲུབས་འཁྲི་ཤིང་སྙིང་ལ་ཉལ་བའི་དཔུང་པས་བཏེག་བྱས་ཉེར་འཚེའི་གཡུལ། །མིང་གི་ལྷག་མར་བགྱིད་ལ་མངོན་ཕྱོགས་དྲག་པོའི་ཕྲིན་ལས་གྲུབ་པའི་གཟིས། །ཚངས་དབང་འཇིག་རྟེན་སྐྱོང་བ་ཀུན་ཀྱང་འདར་བཅས་ཐོར་ཚུགས་དུང་བར་ཤོག །མརྒད་ཞུན་མའི་སྣང་བ་རྨད་བྱུང་སྐད་ཅིག་ཡིད་མཁར་ཤར་བའི་མོད། །ཕྲིན་ལས་བཞི་དང་གྲུབ་ཆེན་རྣམ་བརྒྱད་སྐུ་གསུམ་དབྱེར་མི་ཕྱེད་པ་ཡི། །གོ་འཕང་མཆོག་ཀྱང་བདག་གིར་གྱུར་ནས་ལྷ་དང་བཅས་པའི་འགྲོ་ཀུན་ལ། །ཕན་བདེའི་སྤྲིང་ཡིག་གསར་པ་སྦྱིན་པའི་རྣམ་
ཐར་ཕ་མཐའ་ཡས་གྱུར་ཅིག །སླར་ལ་རྒྱ་སྐྱེགས་མེ་ཏོག་གཞོན་ནུ་མིག་སྨན་སར་པས་མདངས་པའི་འོད། །སྤྲོ་དང་སྡུད་བའི་བརྟུལ་ཞུགས་གྲུབ་པས་ཕྲིན་ལས་འཇུག་པ་ཇི་སྙེད་ཀུན། །བརྟན་ཅིང་ནུས་པ་མཆོག་ཏུ་བྱས་ནས་མི་མཐུན་ཕྱོགས་ལས་རྣམ་རྒྱལ་བའི། །སྐལ་བཟང་ཨུཏྤལ་སྔོན་པོའི་དཔལ་གྱིས་བར་མཚམས་མེད་པར་གཏམས་པར་ཤོག །རིགས་བདག་ཚེ་དཔག་མེད་མགོན་ཐུགས་སྲོག་ཧྲཱིཿཡིག་ལས་བྱུང་འཛུམ་འོད་ཀྱིས། །འཇིག་རྟེན་འཇིག་རྟེན་འདས་པའི་ཁམས་གནས་རིང་འཚོའི་དཔལ་ཀུན་ཡོངས་བསྡུས་ཏེ། །ལེགས་བྲིས་ཟིལ་དངར་གསར་པས་མཚོན་མིན་གངྒཱའི་ཀླུང་ལྟར་འབབ་པའི་དཔྱིད། །ཁ་སྦྱོར་རླུང་གི་ཆོ་གས་བཅིངས་ལས་འཆི་མེད་བཅུད་ལེན་འགྲུབ་གྱུར་ཅིག །ཁྱད་པར་བཀའ་དྲིན་ཆེན་པོས་རྗེས་བཟུང་ཁྱབ་བདག་བླ་མ་མཆོག་རྣམས་ཀྱང༌། །ཡིད་བཞིན་འཁོར་ལོའི་གཟུགས་སྐུར་བཞེངས་ནས་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང༌། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བས་བསྟན་དང་འགྲོ་ལ་ཕན་བདེའི་དཔལ། །རྫོགས་ལྡན་གསར་པའི་དགའ་སྟོན་ཇི་བཞིན་ནུབ་མེད་ཡོངས་སུ་འཕེལ་བར་ཤོག །དེ་ལྟར་བསྟོད་ཅིང་སྨོན་ལམ་བཏབ་པའི་དགེ་ཚོགས་དྲི་མེད་གང་ཐོབ་དེས། །ཡང་སྲིད་དུ་མར་དྲིན་གྱིས་བསྐྱངས་བྱས་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀུན། །འཁོར་ལོའི་མགོན་དང་རྣམ་དབྱེར་མེད་པའི་འཕགས་མ་མཆོག་གིས་རྗེས་བཟུང་ནས། །ཚེ་དང་ཡེ་ཤེས་སྣང་བ་དམ་པས་ཕྱོགས་དུས་ཀུན་ཏུ་མཛེས་གྱུར་ཅིག །ངག་གི་པདྨོ་འཛུམ་པ་ལས། །བྱུང་བའི་བསྟོད་ཚིག་སྦྲང་རྩི་འདི། །མཐོང་ཐོས་ཡིད་ལ་བྱེད་ཀུན་ཀྱང༌། །དོན་གཉིས་ལང་ཚོ་རྒྱས་པར་ཤོག །དེ་ལྟར་འཕགས་མ་ཡིད་བཞིན་གྱི་འཁོར་ལོ་ལ་ཟབ་ཁྲིད་ཀྱི་དམིགས་རིམ་དང་མཐུན་པར་བསྟོད་པ་སྨོན་ལམ་དང་བཅས་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ་འདི་ནི་ཕྱག་ན་པདྨོ་དགེ་འདུན་གྲུབ་པས་བྱིན་གྱིས་བརླབས་པའི་གནས། གཡས་རུ་གཙང་གི་ནོར་འཛིན་གྱི་ཐིག་ལེ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་
ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་རིགས་པར་སྨྲ་བའི་བཤེས་གཉེན་འགའ་ཞིག་ལ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་འཁྲིད་རིམ་ཟབ་མོས་སྨིན་པར་བགྱིས་པའི་སྐབས། རང་ལོ་ཉེར་བཞིའི་གུང་དུ་སོན་པ་རབ་བྱུང་བཅུ་བཞི་པའི་མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ཀྱི་གནམ་ལོ་གསར་དུ་འཆར་བ། ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་རྒྱལ་ཁམས་ཉུལ་བའི་ད་རི་དྲཱ་བསིལ་ལྡན་ལྗོངས་ཀྱི་སྙན་ངག་སྨྲ་བ་ཚངས་སྲས་དགྱེས་པའི་བློ་ལྡན་གྱིས་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།