སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
རིགས་གསུམ་སྤྱིའི་དཀྱིལ་འཁོར་གྱི་ཆོ་ག་ཕྲིན་ལས་ལྷུན་གྲུབ།
རིགས་གསུམ་སྤྱིའི་དཀྱིལ་འཁོར་གྱི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། འཁོར་ལོའི་དབང་ཕྱུག་རྗེ་བཙུན་བླ་མ་དང༌། །རིགས་གསུམ་རྒྱལ་བའི་མཆོག་ལ་གུས་བཏུད་དེ། །དེ་ཉིད་སྒྲུབ་དང་དཀྱིལ་འཁོར་ལས་རིམ་སོགས། །ཡེ་ཤེས་རྡོ་རྗེའི་གཞུང་བཞིན་བཤད་ཀྱིས་ཉོན། །མཚན་ཉིད་ལྡན་པའི་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །རིགས་གསུམ་སྤྱི་ཡི་དཀྱིལ་འཁོར་དུ། །མངོན་པར་དབང་བསྐུར་བསྒྲུབ་འདོད་པས། །གཙང་ཞིང་དབེན་པའི་ས་ཕྱོགས་སུ། །སྟེགས་བུ་རས་བཟང་གིས་བཀབ་པའི། །སྟེང་དུ་མཎྜལ་གཙང་མའི་དབུས། །དྲི་ཡི་ཐིག་ལེ་གྲུ་བཞི་དང༌། །ཕྱོགས་བཞི་རྣམས་སུ་ཟླུམ་པོའི་སྟེང༌། །མེ་ཏོག་ཚོམ་བུ་རེ་བཀོད་དེ། །མཉྫི་ལ་སོགས་སྟེང་དུ་བཞག །དེ་ཡི་འོག་གམ་ཉེ་ལོགས་སུ། །ས་ལྷའི་མཎྜལ་ཚོམ་བུ་བཀོད། །དེ་ཡི་ཕྱི་རོལ་བྱང་ཤར་གྱི། །མཚམས་སུ་མཚམས་འཛིན་མེ་ཏོག་དང༌། །ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས། །ཤར་ནས་བརྩམས་ཏེ་གྲུ་བཞིར་བཤམ། །དེ་ཡི་ཕྱི་རོལ་ཕྱོགས་བཞི་རུ། །བདུག་སྤོས་མར་མེ་ཞལ་ཟས་རེ། །གཡས་སྐོར་
དག་ཏུ་སྒོས་མཆོད་བཤམ། །ས་ལྷའི་མཎྜལ་ཉེ་ལོགས་སུ། །གཏོར་མ་གཅིག་བཤམ་འབྱོར་གྱུར་ན། །སྒོས་མཆོད་ཀྱང་བཤམ་དཀྱིལ་འཁོར་གྱི། །བྱང་ཤར་ནས་བརྩམས་ཤར་ལྷོའི་བར། །གཟུངས་གཏོར་དང་ནི་ཆོས་སྐྱོང་དང༌། །མེ་ནས་ལྷོ་ནུབ་བར་དུ་ནི། །ཆ་གསུམ་གཏོར་མ་ལེགས་པར་བཤམ། །ལོགས་སུ་སྔོན་འགྲོའི་གཏོར་མའང་བཤམ། །སློབ་དཔོན་མདུན་དུ་རྡོར་དྲིལ་སོགས། །མཚན་ཉིད་ལྡན་པའི་བུམ་པ་ལྔ། །ལེགས་བཀྲུས་ཁ་ཚར་མ་ཉམས་པའི། །རས་བཟང་མགུལ་ཆིངས་པྲོག་ལྔ་པའམ། །བདུན་པ་ལེགས་བཅིངས་མཚན་མ་གདགས། །དྲག་སྔགས་བཟླ་ཞིང་གུ་གུལ་གྱིས། །ལེགས་བདུག་ཡུངས་ཀར་དག་གིས་བྲབ། །གཙང་མའི་ཆུ་ཡིས་སུམ་གཉིས་དགང༌། །འབྲུ་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་དྲི་ལྔ་གཞུག །ཀུ་ཤས་ཁ་བརྒྱན་དེ་སྟེང་དུ། །དུང་ཆོས་དྲི་བཟང་ཆུ་བཅས་དང༌། །རྡོ་རྗེ་གཟུངས་ཐག་ཀྱང་བཤམས་ཤིང༌། །ལོགས་སུ་སློབ་མ་སྟ་གོན་ཆས། །ཉེར་སྤྱོད་སོ་ཤིང་ཁྱོར་ཆུ་དང༌། །དཔུང་སྐུད་ཀུ་ཤ་
སོགས་བཤམ་མོ། །ཆོ་ག་དངོས་ལ། སྟ་གོན་དང༌། དངོས་གཞི་གཉིས་ཀྱི་དང་པོ་ལ། བདག་བསྐྱེད་བསྒོམ་པ། དཀྱིལ་འཁོར་གྱི་བྱ་བ། རྗེས་ཀྱི་ཆོ་གའོ། །དང་པོ་ནི། བདག་ཉིད་གྲོགས་དང་བཅས་པས་ཁྲུས་བྱ། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་དེ། སྔོན་འགྲོའི་གཏོར་མ་ཆུ་གཙང་གིས་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། རྡོ་རྗེ་བསྡམས་པ་བསྐྱོད་པའི་ཕྱག་རྒྱ་དང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱི་བྱིན་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་བ་བཅུ་འཁོར་དང་བཅས་པ་ཨོཾ་ཨཱ་ཀརྵཱ་ཡ་ཛཿ ཞེས་པའི་སྤྱན་དྲངས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་ཞེས་སོགས་ཀྱིས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག ༈ །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རིགས་གསུམ་གྱི་གོ་འཕང་ཐོབ་
པར་བྱ་བའི་ཆེད་དུ་སའི་ཕྱོགས་འདིར་རིགས་གསུམ་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་དུ་གཅོད་པ་ཐམས་ཅད་བསྲུང་བ་དང༌། དེ་ནས་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་བསྲུང་བ་དང་སྟོང་གྲོགས་མཛོད་ཅིག མུཿཞེས་བརྗོད་དེ་ལག་པ་ས་ལ་རེག་པས་མགྲོན་ཕྱི་རོལ་གྱི་ཕྱོགས་མཚམས་སུ་གཤེགས་པར་བསམ། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་བ་དེ་དག་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག་ཅེས་དང༌། ཨོཾ་ཨ་ར་པ་ཙ་ན་དྷཱིཿབཟླ་ཞིང་རྡོ་རྗེས་གསོར། དྲིལ་བུ་དྲག་ཏུ་དཀྲོལ་ཞིང་གཏོར་མགྲོན་གྱི་ཕྱི་འབྲང་གི་བགེགས་རྣམས་རིང་དུ་བསྐྲད་དེ་གཏོར་མ་གཙང་སར་བསྐྱལ་ལོ། །མཆོད་པ་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར་ཅེས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ་སོགས་ནས། ཨོཾ་བཛྲ་ཤཔྡ་སྭཱ་ཧཱ། ཞེས་པའི་མཐར་ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏ་ནཱ་ད། སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨཱ་ཁྃ་སྭཱ་ཧཱ། ཞེས་ལན་གསུམ་རོལ་མོ་དང་བཅས་པས་བྱིན་དབབ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་
བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན༴ ཞེས་སྐྱབས་འགྲོ་ཅི་ནུས་དང༌། ཐལ་མོ་སྙིང་གར་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམས་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿསེར་པོ་ལས་འོད་ཟེར་འཕྲོས་པས་བླ་མ་དང་བཅོམ་ལྡན་འདས་རིགས་གསུམ་གྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་
དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམ། སྭ་བྷཱ་ཝས་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང༌། དབུས་སེར་བའི་ལྟེ་བར་བྷྲཱུྃཿལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་སེར་དཀར་སྔོ་བའི་རྩིག་པ་རིམ་པ་གསུམ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་དུ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། དྲིལ་བུ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། མེ་ཏོག་གི་ཕྲེང་བ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཕྱངས་པ། དེའི་སྟེང་དུ་བྱ་འདབ་ལས་ཐུར་དུ་འཕྱངས་པའི་མདའ་ཡབ་དང༌། སྟེང་དུ་ལངས་པའི་རིན་པོ་ཆེའི་དྲྭ་མིག་སེང་མའི་པུ་ཤུས་བསྐོར་བ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང༌། གྲྭ་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེས་མཚན་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང༌། དེའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་
པའི་རྩེ་མོར་རྡོ་རྗེ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་ཤིང༌། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང༌། བ་དན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཁང་གི་ལྷ་སྣམ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང༌། དབུས་སེར་བ། དེའི་དབུས་དང་ཕྱོགས་བཞིར་ཟླུམ་པོ་རེ་རེ། དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར། བྱང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། ཕྱོགས་གཞན་རྣམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། ༈ །དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་འགྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་པས་ཤེས་རབ་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་ཤིན་ཏུ་མཛེས་ཤིང་ཞལ་འཛུམ་བག་དང་བཅས་པ། རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་ཤིང༌། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷོར་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པས་མཆོག་སྦྱིན་དང༌། གཡོན་པས་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་
གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་བཞུགས་པ། བྱང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་ཐུགས་ཀ་དང༌། གཡོན་པས་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཤར་ནུབ་ཏུ་རིན་པོ་ཆེའི་ཁྲིའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་རེ་བཞུགས་པར་བསམ་མོ། །དེ་ནས་ཐལ་མོ་གཉིས་སྦྱར་བ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་མགོ་བོར་རེག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏོཏ་བྷ་ཝཱ་ཡ་སྭཱ་ཧཱ། ཐལ་མོ་སྦྱར་བ་པདྨ་ཁ་བྱེ་བའི་ཚུལ་དུ་སྙིང་གར་རེག་ཅིང༌། ཨོཾ་པདྨོཏ་བྷ་ཝཱ་ཡ་སྭཱ་ཧཱ། ཐལ་མོ་གཉིས་རྒྱབ་སྦྱར་ལ་མཐེ་བོང་མཐེའུ་ཆུང་གཉིས་སྦྱར་ནས་ལྟེ་བར་རེག་ཅིང༌། ཨོཾ་བཛྲོཏ་བྷ་ཝཱ་ཡ་སྭཱ་ཧཱ། ཞེས་རིགས་གསུམ་གྱི་དམ་ཚིག་གི་སྔགས་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་ལྷ་གསུམ་ལ་རིམ་བཞིན་དུ་རྣམ་སྣང༌། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱི་དབུ་རྒྱན་རང་ཆས་སུ་བཞུགས་པར་བསམ་མོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རིགས་གསུམ་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་དང་ཕྱག་རྒྱས་སྤྱན་དྲངས་པ་ལ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། མཆོད་པ་གོང་ལྟར་བྱིན་གྱིས་བརླབ། མཚན་སྔགས་རེ་རེ་སྦྱར་བའི་ཨརྒྷཾ་ནས་ཤབྡ་སྭཱ་ཧཱས་མཆོད། སྐུ་གསུང་ཐུགས་འཇམ་འགྲོ་བ་ཡོངས་ཀྱི་དཔལ། །གཞོན་ནུའི་ཚུལ་འཛིན་ཡོན་ཏན་རྒྱས་པའི་སྐུ། །དེ་ཕྱིར་འཇམ་དཔལ་གཞོན་ནུར་མཚན་གསོལ་བ། །བློ་གྲོས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་
གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་མདུན་གཉིས་ཀའི་ཐུགས་ཀར་རང་རང་གི་གདན་གྱི་སྟེང་དུ་དྷཱིཿཧྲཱིཿཧཱུྃ་རྣམས་ལ་རང་རང་གི་སྔགས་ཀྱི་ཕྲེང་བས་བསྐོར་བར་འགྱུར་པར་བསམ། མདུན་གྱི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་སླར་འདུས་ཏེ་རང་གི་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། དངོས་གྲུབ་བརྙེས་པའི་ལྷ་དང་ཀླུ་དང་དྲང་སྲོང་དང༌། གྲུབ་པ་དང་རིག་པ་འཛིན་པ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུའི་དངོས་གྲུབ་ཐམས་ཅད་སྩལ་ཞིང་རྒྱུད་བྱིན་གྱིས་བརླབ་པར་གྱུར་པར་བསམས་ཤིང༌། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་གཙོ་བོ་ལ་འབྲུ་འབུམ་དང༌། འཁོར་ལ་དེའི་བཅུ་ཆ་བཟླ་བ་ནི་བསྙེན་པའོ། །གཞན་ཐུན་རེ་རེའི་མཇུག་ཏུའང་མཆོད་བསྟོད་གོང་ལྟར་བྱས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ། ཨོཾ་བཛྲ་སཏྭ་ས་མ་ཡ་ཞེས་སོགས་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་ཉམས་པ་དང་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་བཛྲ་མུཿས་རྟེན་དང་བརྟེན་པར་བཅས་པའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་འཁོར་དང་གདན་རང་ལ་ཐིམ་པས་རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་བསམས་ལ་དཀྱིལ་འཁོར་གྱི་ལས་རྣམས་བྱའོ། །གཉིས་པ་ལ་བཞི་ལས། སའི་ལྷ་མོ་སྟ་གོན་ནི།
མཆོད་པ་བྱིན་རླབས་བྱས་ནས། ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། དེ་ལ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་རེ་རེ་སྔོན་དུ་སྦྱར་བའི་ཨརྒྷཾ་ཞེས་སོགས་ནས་རོལ་མོ་དང་བཅས་པས་མཆོད། གཏོར་མ་ཆུ་གཙང་གིས་བྲན་ལ། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་རེ་རེ་སྔོན་དུ་འགྲོ་བའི་ཨ་ཀཱ་རོ་བཏགས་པ་ལན་གསུམ་དང༌། མཆོག་སྦྱིན་གྱི་ཕྱག་རྒྱས་ཕུལ་ལ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་བརྗོད་པའི་མཐར། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་སོགས་ནས་འཚལ་ན་སའི་ཕྱོགས་འདི་བདག་ལ་གནང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ་ཞེས་མཁྱེན་པར་གསོལ་བས། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག་ཅེས་གནང་བ་བྱིན་པར་བསམས་ལ། ལག་པ་གཡས་པ་ས་ལ་རེག་སྟེ། ཨོཾ་བཛྲ་མུཿསའི་ལྷ་མོ་ས་དེ་ཉིད་ལ་ཐིམ་པར་བསམ་མོ། །ལྷ་སྟ་གོན་ནི། ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ཅེས་སོགས་ནས་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་
ཞེས་པའི་བར་གོང་ལྟར་བསྐྱེད། ཨོཾ་དྷཱིཿམཉྫུ་གྷོ་ཥ་ནཱ་མ། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་སོགས་དང༌། ཨོཾ་ཧྲཱིཿལོ་ཀེ་ཤྭ་ར་ནཱ་མ། ལྷོར་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་སོགས་དང༌། ཨོཾ་ཧཱུྃ་བཛྲ་པཱ་ཎི་ནཱ་མ། བྱང་དུ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་སོགས་ནས་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཤར་ནུབ་ཏུ་རིན་པོ་ཆེའི་ཁྲིའི་སྟེང་དུ་ཤེས་རབ་ཅེས་སོགས་ནས། དམ་ཚིག་གི་སྔགས་རྒྱས་བྱིན་གྱིས་བརླབ་པའི་བར་བདག་བསྐྱེད་ལྟར་བསྐྱེད། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་རིགས་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿཞེས་དང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཞེས་པ་ཙམ་མམ་སྤྲོ་ན། ཆོས་རྣམས་ཀུན་གྱི་དབང་ཕྱུག་སོགས་ཚིག་བཅད་ལྷག་མ་རྣམས་དང་བཅས་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་
༼ཁ༽གོས་བཟུང་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གོས་སྲབ་པ། འཇམ་པ། ཡང་བ། དྭངས་ཤིང་ཐོགས་པ་མེད་པ་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར་ཅེས་དང༌། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མེ་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝསྟྲ་ཡ་ཨཱཿཧཱུྃ། ཞེས་པས་འབུལ་བའི་ཚུལ་བྱའོ། །རྒྱལ་སྲིད་སྣ་བདུན་འབུལ་བ་ནི། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཞེས་བརྗོད་ཅིང༌། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ༴ བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟི་རཏྣ༴ བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མཧཱ་ཏ་རཏྣ༴ གླང་པོ་རིན་ཆེན༴ །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པ་ཤོག །ཧསྟི་རཏྣ༴ རྟ་མཆོག་རིན་ཆེན༴ །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཏུ་རཾ་ག༴ དམག་དཔོན་རིན་ཆེན༴ །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །
ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ༴ ཞེས་བརྗོད་ཅིང་དབུལ། འདོད་ཡོན་ལྔ་འབུལ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས༴ །བཞེས་ཤིག༴ །ཤཔྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ །གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ །བཞེས་ཤིག༴ །རཱ་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་སྤརྴེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཞེས་པས་མཆོད་དོ། །
༽པྲ་ཝ་ར་སཏྐ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་པས་སྐུ་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེ་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟཾ་གྱིས་གདན་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། རྣམ་སྣང༌། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱི་དབུ་རྒྱན་རང་ཆས་སུ་བཞུགས་པར་བསམས་ལ། རང་རང་གི་སྔགས་བདུན་བདུན་བཟླས་པས་བརྟན་པར་བྱ། མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ་ཐལ་མོ་སྦྱར་ཏེ། འཇིག་རྟེན་ཁམས་འདི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་དུ་འདོན་པ་བསྒྱུར་བ་ལ་སོ་སོའི་ཚིགས་བཅད་དང་སྔགས་དང་ཕྱག་རྒྱའི་མཐར་དྷརྨཱ་ར་ཎི་རོལ་ཆེན་དང་བཅས་པ་བྱ། ༼ཀ༽ གོས་ཟུང་བསང་སྦྱང་བྱིན་གྱིས་བརླབས་ལ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །ཞེས་སོགས་ཀྱིས་ཕུལ། རིན་ཆེན་སྣ་བདུན་འདོན་ཡོན་ལྔ་རྣམས་མཚན་སྔགས་འདོན་པ་བསྒྱུར་བས་མཆོད། རྡོར་དྲིལ་འཛིན་པས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་བའི། །ཞི་གྱུར་ཆོས་ལ༴ གྲོལ་ནས་གྲོལ་བའི་
ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དང༌། སྐུ་གསུང་ཐུགས་འཇམ་འགྲོ་བ་ཡོངས་ཀྱི་དཔལ་སོགས་ཀྱིས་བསྟོད། སྤོས་དང་རྡོར་དྲིལ་འཛིན་པས། བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག །བཅོམ་ལྡན་སྤྱན་རས་གཟིགས་དབང་རྒྱལ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་མགོན། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱོད་ལ་མཆོད་པར་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སངས་རྒྱས་བསྟན་ལ་དགའ་བ་དང༌། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །རིགས་གསུམ་ཞེས་བྱའི་དཀྱིལ་འཁོར་འདི། །འགྲོ་བ་དག་ཕྱིར་བདག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང༌། །དཀྱིལ་འཁོར་བར་བཅས་ཐམས་ཅད་ཀྱི། །ཐུགས་རྗེས་དགོངས་ཏེ་ཉེ་བར་མཛོད། །ཅེས་ལན་གསུམ་གྱིས་སྙན་གསན་དབབ། རིག་པ་འཛིན་པ་ཁྱོད་གཞན་དོན་རྒྱ་ཆེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམ་མོ།། །།བུམ་པ་སྟ་གོན་ནི། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་ལྔའི་སྟེང་དུ་པྃ་ལས་རིན་པོ་ཆེའི་བུམ་པ་ལྔ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་
བུམ་པ་དང་པོ་དང་གཉིས་པར་པདྨ་དང་ཟླ་བའི་གདན་རེ་རེ། གསུམ་པ་དང་ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་གདན་རེ་རེ། གདན་རྣམས་ཀྱི་སྟེང་དུ་རིམ་པ་བཞིན་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་སོགས་དང༌། གཉིས་པར་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་སོགས་དང༌། གསུམ་པར་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ནས། དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞེས་པའི་བར་གྱིས་བསྐྱེད། ལས་ཐམས་ཅད་པའི་བུམ་པར་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་སྣ་ཚོགས་རྡོ་རྗེ་དང༌། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཅུང་ཟད་ཁྲོ་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསམས་ལ་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་རྣམས་ལ་ཕོག་པས། དེ་ཐམས་ཅད་ཀྱི་ཐུགས་ཀར་གདན་གྱི་སྟེང་དུ་སྔགས་ཀྱི་ཕྲེང་བས་མཚན་པ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྩི་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམས་ལ། གཟུགས་ཐག་ནས་བཟུང་སྟེ། ལྷ་གསུམ་གྱི་སྔགས་བརྒྱ་རྩ་རེ་དང༌། ལས་བུམ་དུ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་བརྒྱ་རྩ་དང༌། ཨ་བྷི་ཥེ་ཀ་ཏ་ཅི་ནུས་བཟླ། འཇུག་སྒོའི་བུམ་པ་ལ་ལྷ་བསྐྱེད་པ་མ་བཤད་པས་ལྷ་གསུམ་གྱི་སྔགས་བརྒྱ་རྩ་རེ་བཟླས་པས་ཆུ་ནུས་ལྡན་དུ་བསམ་མོ། །ཐུན་མོང་དུ་མཚན་སྔགས་རེ་རེ་སྦྱར་བའི་ཨརྒྷཾ་ནས་ཤབྡ་རོལ་མོ་དང་བཅས་པས་མཆོད། ལྷ་གསུམ་གྱི་བསྟོད་པ་སྔར་བཞིན་དང༌། བདུད་རྩི་འཁྱིལ་པ་ལ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་
འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཅོམ་ལྡན་འདས་བདག་དང་སོགས་ཀྱིས་འདོད་དོན་ཞུས་ཏེ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་མཐར། མ་འབྱོར་པ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། དུང་ཆོས་ཀྱི་ཆུ་གང་བུམ་མ་གཏོགས་པ་གཞན་མ་རྣམས་སུ་བླུགས་ཏེ། ཨོཾ་ཨཱཿཧཱུྃ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་བསམ། གཏོར་མ་རྣམས་ཆུ་གཙང་གིས་བྲན་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། རྡོ་རྗེ་བསྡམས་པ་བསྐྱོད་པའི་ཕྱག་རྒྱ་དང་བཅས་ཨོ་ཀཱ་རོ་ལན་གསུམ་གྱིས་བརླབ། སྟ་གོན་གྱི་ལྷ་ལ། ཨོཾ་ཨ་ར་པ་ཙ་ན་སོགས་ལྷ་སྔགས་གསུམ་སྦྲེལ་བའི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྐུ་གསུང་ཐུགས་འཇམ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་སོགས་ཀྱིས་གསོལ་བ་གདབ་བོ། །སྒོས་ཀྱི་སྲུང་མ་ལ་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བྱིན་རླབས་དྲན་པར་བྱས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཨོཾ་ཨེ་ཧྱེ་ཧི་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་དཀྱིལ་འཁོར་གྱི་མཐར་བཞུགས་ནས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿཞེས་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་མཁའ་འགྲོ་དབང་ཕྱུག་རྡོ་རྗེ་གུར། །ཁྱབ་བདག་སྟོན་པ་ཀྱེ་ཡི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ལས་སྤྲུལ་པའི་སྲུང་མ་མཆོག །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ནག་པོ་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །
ཞེས་སོགས་ཀྱི་ཕྲིན་ལས་བཅོལ། དེ་ནས་ཆ་གསུམ་གཏོར་མ་ལ་ཆབ་ཀྱིས་བྲན་ཏེ། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། རང་གི་སྙིང་ག་ནས་སོགས་ཆ་གསུམ་གྱི་ཆོ་ག་སྤྱི་ལྟར་ལ། འབྱུང་པོའི་མགོར་ཨོཾ་ཨཱཿཧཱུྃ་གསུམ་དང༌། བདེན་བདར་གྱི་མགོར་ཨ་མྲྀ་ཏེ་བཟླའོ། །སློབ་མ་སྟ་གོན་ནི། དེ་ནས་དཀྱིལ་འཁོར་ཡོལ་བས་བཅད་ནས་མཚན་ཉིད་དང་ལྡན་པའི་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཁ་ཡར་བ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་གྲུབ་ནས། སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་རང་རེ་རྣམས་ཀྱི་སྟོན་པ་ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཕྱོགས་རིས་སུ་བསྡུ་ན་ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་སུ་འདུ་ལ། ཐེག་པ་ཆེན་པོ་ལའང་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་གཉིས་ལས། འདིར་རིགས་སྔགས་འཆང་བའི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལ་བྱ་བ་སྤྱིའི་རྒྱུད་དང༌། སོ་སོའི་རྒྱུད་གཉིས་ལས། བྱ་བ་སྤྱིའི་རྒྱུད་ཡིན། དེ་ལ་སྤྱོད་པ་བཞི་པོའི་དོན་འདུས་ཤིང་མ་ཚང་བ་མེད་པར་སྟོན་པ་དཔུང་པ་བཟང་པོའི་རྒྱུད། འཇུག་པའི་སྤྱོད་པ་སྨིན་བྱེད་གཙོ་བོར་སྟོན་པ་གསང་བ་སྤྱིའི་རྒྱུད། སྦྱོར་བའི་སྤྱོད་པ་ལྷའི་རྣལ་འབྱོར་གཙོ་བོར་སྟོན་པ་ལེགས་པར་གྲུབ་པའི་རྒྱུད། སྒྲུབ་པའི་སྤྱོད་པ་མཚན་མེད་ཀྱི་རྣལ་འབྱོར་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད་དེ་བཞི་ཡོད་པའི་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་དམ། གསང་བ་སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཁ་ཆེ་
ཡེ་ཤེས་རྡོ་རྗེས་ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་བཅོམ་ལྡན་འདས་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་བསྒྲུབ་པ་ལ། སྟ་གོན་དུ་གནས་པ་དང༌། དངོས་གཞིའི་དབང་བསྐུར་བ་གཉིས་ཀྱི་དང་པོ་ལ་བཞི་ཡོད་པ་ལས། དང་པོ་གསུམ་པོ་སྔོན་དུ་སློབ་དཔོན་གྱིས་གྲུབ་པར་བྱས་ཟིན་ནས། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་སློབ་མ་སྟ་གོན་གྱི་སྐབས་སུ་བབས་པ་ཡིན། དེ་ལ་ཆོས་བཅུ་གསུམ་ཡོད་པ་ལས། དང་པོ་ལུས་ཀྱི་བྱ་བ་ཁྲུས་བྱས་ཕྱག་དང་འཇུག་པའི་ཡོན་ཕུལ་ནས་རང་རང་གི་གྲལ་ལ་སྙིམ་པ་མེ་ཏོག་དང་བཅས་པས་འཁོད་དེ། སློབ་དཔོན་ལ་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། གཉིས་པ་མྱ་ངན་ལས་འདའ་བའི་བསམ་པ་བརྟན་པོ་བསྐྱེད་དུ་གཞུག་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་ཏེ། དེའི་དོན་ནི། དཀྱིལ་འཁོར་དུ་ཞུགས་པའི་སྐབས་ཀྱི་དོན་ནི་ཚེ་འདིར་ཚེ་རིང་བ་དང༌། ཕྱི་མར་ལྷ་མིའི་གོ་འཕང་ཙམ་དང༌། འཁོར་བ་སྤངས་པའི་ཉན་རང་ཙམ་དོན་དུ་གཉེར་བའི་སྒོ་ནས་མ་ཡིན་པར་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་དཀྱིལ་འཁོར་འདིར་ཞུགས་ལ་དབང་བླངས་ཏེ་དམ་ཚིག་ལ་སྲུང་སྡོམ་བགྱི་སྙམ་པ་མཛོད། བསམ་པ་དེ་ལྟ་བུ་ཞིག་སྐྱེས་ན་ཚེ་འདིའི་ནད་གདོན་ཞི་བ་དང༌།
ཕྱི་མར་ལྷ་མིའི་གོ་འཕང་ཡང་ཞར་བྱུང་དུ་འབྱུང་བ་ཡིན་ནོ། །གསུམ་པ་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་གཉིས་སུ་མེད་པར་བཞུགས་པ་ལ་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ཀྱང་སྩལ་དུ་གསོལ་སྙམ་པས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་ནས། བཞི་པ་རྡོ་རྗེ་ཐེག་པའི་ལམ་ལ་སྤྲོ་བ་བསྐྱེད་པ་འདི་ལ་གསན་པར་ཁྱབ་པར་གདའ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས་ཏེ། དེའི་དོན་ནི། དེ་ལ་བུ་ཞེས་ཉེ་ཚིག་གིས་བོས་ཏེ། ཁྱེད་རྣམས་ཆེན་པོ་བདུན་དང་ལྡན་པའི་ཐེག་ཆེན་
གྱི་ཆོས་ཀྱི་སྣོད་ཡིན་ལ། ཐེག་ཆེན་ལའང་རྒྱུ་འབྲས་གཉིས་ལས། མཆོག་ཏུ་གྱུར་པ་རྡོ་རྗེ་ཐེག་པ་ཁོ་བོས་ཁྱོད་ལ་བསྟན་པར་བྱ་སྟེ། རྡོ་རྗེ་ཐེག་པ་འདི་ནི་སྤྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཞིང༌། ཁྱད་པར་དུའང་འོ་སྐོལ་རྣམས་ཀྱི་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་སྔགས་ཀྱི་ལམ་ལ་བརྟེན་ནས་བདུད་བཏུལ་ཞིང་འོག་མིན་ཏུ་སངས་རྒྱས་སུ་ཟིན་ཀྱང༌། འཇིག་རྟེན་པ་རྣམས་དྲང་བའི་ཕྱིར་དུ་སངས་རྒྱ་བའི་ཚུལ་བསྟན་པ་ཡིན་པས། ཆོས་ཀྱི་བུར་གྱུར་པ་ཁྱེད་སྔགས་ཀྱི་ཐེག་པ་ལས་བློ་གྲོས་གཞན་དུ་མི་འགྱུར་བར་གྱིས་ཤིག་ཅེས་པའི་དོན་ཡིན། ལྔ་པ་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རིགས་གསུམ་སྤྱིའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་མོས་པ་བྱས། དེ་དག་གི་སྤྱན་སྔར་ཡན་ལག་བདུན་པ་བྱ་བའི་སླད་དུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བར་བགྱིས་པ་དེ་དག་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ་ཞེས་ལན་གསུམ། འཁོར་འདས་ཀུན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ལ་དགའ་ཞིང་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བར་
བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་ནས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སོ་སོའི་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བ་དེ་དག་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ་ལན་གསུམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་དེ་དག་ལ། སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པར་བགྱི་སྙམ་པས་འདིའི༴ དགོངས་གསོལ་དང༌། བདག་མིང་འདི་ཞེས་བགྱི་བས། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་རྣམས་ཀྱི་སྟོན་པ་སྲས་དང་བཅས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་དེ་དག་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་སོ་གསུམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་སྙམ་པས་འདིའི་རྗེས་ཟློས༴ དགོངས་གསོལ་དང༌། བདག་མིང་འདི་ཞེས་བགྱི་བས། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་གསུམ། རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང༌། དེའི་བསླབ་བྱ་ལ་བསླབ་སྙམ་པས་འདིའི༴ དགོངས་གསོལ་དང༌། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐབས་སུ་མཆིའོ། །འདོད་ཆགས་དང་
བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །གསང་སྔགས་དང༌། རིག་སྔགས་དང༌། ཡིད་དམ་གྱི་ལྷ་དང༌། བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ་གསུམ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པས་འདིའི༴ དགོངས་གསོལ་དང༌། བདག་མིང་འདི་ཞེས་བགྱི་བས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བར་བགྱི་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་ས་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཆེན་པོར་སྨོན་པའི་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ་གསུམ། དེའི་ཆེད་དུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་ཅིང་རྡོ་རྗེ་ཐེག་པའི་ཐབས་ཚུལ་རྣམས་ལ་རིམ་པ་བཞིན་དུ་བསློབ་པར་བགྱིའོ་སྙམ་པས་འདིའི༴ དགོངས་གསོལ་དང༌། བདག་མིང་འདི་ཞེས་བགྱི་བས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ཇི་ལྟར་བསླབས་པ་དང༌། མ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པར་འགྱུར་བ་དང༌། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སློབ་པ་དེ་བཞིན་དུ་བདག་གིས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པར་བྱ་བ་ལ་བསློབ་པར་བགྱིའོ་གསུམ། སྨོན་འཇུག་བརྟན་པའི་ཕྱིར་དུ་འདིའི༴ ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་
གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །ལན་གསུམ། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པས་འདིའི༴ འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་རྒྱུད་དག་པར་བྱས་ནས། དྲུག་པ་སེམས་བསྐྱེད་པའི་སློབ་མ་ལ་བར་ཆད་བསྲུང་བའི་སླད་དུ་ལས་བུམ་གྱི་ཆུ་གཏོར་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་པས་བར་དུ་གཅོད་པ་དང་འབགས་བཙོག་རྣམས་སྦྱངས་པར་མོས་ནས། བྱིན་གྱིས་བརླབ་པའི་སླད་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ང་རྒྱལ་དུ་གནས་པ་ལ་སློབ་དཔོན་གྱིས་དྲིའི་ཆུ་རྡོ་རྗེ་དང་བཅས་པས་གནས་གསུམ་དུ་རེག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རྣམས་གསལ་ལམ་གྱིས་བྱུང་བར་མོས་པ་མཛོད། བདུན་པ་དེ་ལྟར་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་དེ་མཆོད་ཡུལ་དུ་བཟུང་བ་ཡིན་པས་སློབ་དཔོན་གྱིས་མེ་ཏོག་དབུ་ལ་ཕུལ་ནས་མཆོད་པར་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། བདུག་སྤོས་ཤངས་ལ༴ དྷཱུ་པེ༴ མར་མེ་སྤྱན་ལམ་དུ༴ ཨཱ་ལོ་ཀེ༴ ཐུགས་ཀར་དྲིའི་བྱུག་པ་ཕུལ༴ གནྡྷེ་ཞེས་པས་མཆོད་ནས། བརྒྱད་པ་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་སླད་དུ་སོ་ཤིང་སྦྱིན་པ་ནི། བུམ་ཆུ་གཏོར་ཞིང་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོ་མེ་ཏོག་གི་ཅོན་པན་དང་བཅས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་ནུས་པ་དང་
ལྡན་པར་གྱུར་ཅེས་དང༌། ཨོཾ་ཨཱཿཛི་ཧྭ་བཛྲ་ས་བརྡྷ་ནི་སྭཱ་ཧཱ། ཞེས་པས་བསྔགས་པ་དེ་ཉིད་ཁྱེད་རྣམས་ཀྱི་ཕྱག་ཐལ་མོ་སྦྱར་བའི་བར་དུ་དངོས་གྲུབ་ཀྱི་མཚན་མ་བརྟག་པའི་སླད་དུ། ལྕེ་ལ་རྡོ་རྗེ་བདེ་མཆོག་སྟེར། །ཞེས་པའི་དོན་ཅན་གྱི་སྔགས་དེ་ཉིད་ཀྱིས་བྱིན་ཏེ། སོ་བྲུད་པ་བཞིན་བྱས་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ལ། སོ་ཤིང་གི་རྭ་བ་ཚོམ་བུ་དགུ་བཀོད་པའི་དབུས་སུ་ཨོཾ་བཛྲ་ཧ་ས་ཧཾ་ཞེས་གསུངས་ཤིང་ཐལ་མོ་ཁ་ཕྱེ་སྟེ་ལྟོས་པ་མེད་པར་དོར་ཅིག ཅེས་དང༌། ཨོཾ་ཨཱཿབཛྲ་ཛི་ཧྭ་བཛྲ་སྃ་བརྡྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ་རེ་རེ་ནས་སྦྱིན་ཅིང་དོར་ཚར་བའི་རྗེས་སུ། དེའང་རྩེ་མོ་རང་ངམ་སྟེང་དུ་ཕྱོགས་ན་མཆོག་གི་དངོས་གྲུབ། ཤར་དུ་ཕྱོགས་ན་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང༌། བྱང་དུ་རྒྱས་པ། མཚམས་རྣམས་སུ་ཕྱོགས་ན་བུམ་པ་བཟང་པོ་སོགས་དངོས་གྲུབ་ཕྲན་ཚེགས། འོག་ཏུ་ཕྱོགས་ན་ས་འོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་བརྗོད། དགུ་པ་སྒོ་གསུམ་གྱི་དྲི་མ་སྦྱང་བའི་སླད་དུ་ཁྱོར་ཆུ་བླུད་པ་ནི། ཨོཾ་ཧྲཱིཿཔཾ་ཤུདྡྷཱཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ་སརྦ་པི་ཀལྤཱན་ཨཱ་པ་ན་ཡ་ཧཱུྃ། ཞེས་བཟླས་པའི་ཆུ་ཨོཾ་ཧྲཱིཿབི་ཤུདྡྷའི་སྔགས་ཀྱིས་ལན་གསུམ་སྦྱིན་ནོ། །བཅུ་པ་བར་ཆད་བསྲུང་བའི་སླད་དུ་སྲུང་སྐུད་སྦྱིན་པ་ནི། བུམ་ཆུ་གཏོར་ཞིང༌། བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་དུ་དམར་པོ་རྡོ་རྗེ་སློབ་མ་རྣམས་ཀྱི་ལུས་ཚད་དང་མཉམ་པ་སུམ་སྒྲིལ་དུ་བྱས་པ་རྡོ་རྗེ་མདུད་པ་གསུམ་གྱིས་བཏབ་པ། རྡོ་རྗེ་སློབ་མའི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། སློབ་དཔོན་གྱི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུའི་ཚོགས་སྤྱན་དྲངས་ཏེ་དམ་ཚིག་གི་སྲད་བུ་ལ་ཐིམ་ཞེས་དང༌། ཨོཾ་ཨ་ར་པ་ཙ་ན་དྷཱིཿསོགས་ཀྱིས་བྱིན་གྱིས་བརླབས་ཏེ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་པར་གཙོ་བོའི་སྔགས་བཟླ་ཞིང་བཅིང༌། བུམ་ཆུ་གཏོར།
སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦནྟུ་སྭཱ་ཧཱ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། དྷ་ར་ཀསྱ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་བར་དུ་གཅོད་པ་ཐམས་ཅད་བསྲུང་དུ་གསོལ་ཞེས་བརྗོད་དོ། །བཅུ་གཅིག་པ་རྩྭ་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསང་སྦྱངས། སྟོང་པའི་ངང་ལས་དྷཱིཿལས་བྱུང་བའི་ཀུ་ཤ་ཆེ་ཆུང་གཉིས་རྩ་བ་དང་རྩེ་མོ་མ་ཉམས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུགས་པའི་ནུས་པ་དང་ལྡན་པར་གྱུར་ཅེས་དང༌། དྷཱིཿཧ་བཟླས་པས་བྱིན་གྱིས་བརླབས་ནས་ཀུ་ཤ་ཆེ་བ་གཡས་སུ་དྷཱིཿདང་ཆུང་བ་གཡོན་དུ་ཧ་བཟླས་པས་བྱིན་ནོ། །བཅུ་གཉིས་པ་ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་
རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་གསུངས་ཏེ། དེའི་དོན་ནི། འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་འབྱོན་པ། བྱོན་ནས་ཆོས་གསུངས་པ། གསུངས་པའི་བསྟན་པ་གནས་པ། བསྟན་པའི་རྗེས་སུ་བདག་གཞན་འཇུག་པ་ཡོད་པ་རྣམས་དཀོན། དེའི་ནང་ནས་ཀྱང་གསང་སྔགས་ཀྱི་ཐེག་པ་དང་མཇལ་བ་ནི་ཤིན་ཏུ་དཀོན་ཞིང༌། དཀོན་པ་དེའང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ཏེ། དཀྱིལ་འཁོར་དུ་ཞུགས་ཏེ་དབང་བླངས་ནས་དམ་ཚིག་ལ་སྲུང་སྡོམ་དང་ལམ་ལ་འབད་པར་བྱས་ན་བརྩོན་འགྲུས་དང་རྟུན་པའི་བྱེ་བྲག་གིས་ཚེ་འདིའམ་བར་དོའམ། སྐྱེ་བ་བདུན་ནམ། བཅུ་དྲུག་ཚུན་ཆད་ན་འབྲས་བུ་འགྲུབ་པར་གསུངས་པས་མཐར་ཐུག་གི་འབྲས་བུ་ལ་ཉེ་ཞིང་གནས་སྐབས་ཀྱི་འབྲས་བུ་ཚེ་འདིར་ཚེ་རིང་བ་དང་ནད་དང་སྡུག་བསྔལ་ཞི་བ་ལ་སོགས་པའང་རྩོལ་སྒྲུབ་ལོགས་ནས་མི་དགོས་པར་ཞར་ལ་འབྱུང་བའི་ཚུལ་གྱིས་འགྲུབ་པ་ཡིན་པས་རྙེད་དཀའ་ལ་ཕན་ཡོན་ཆེ་བའི་གསང་སྔགས་ཀྱི་ཐེག་པ་དང་མཇལ་བ་འདི་སྐལ་བ་བཟང་བ་ཡིན་སྙམ་དུ་ཤེས་པའི་སྒོ་ནས་ལམ་ལ་འབད་པ་དང༌། དམ་ཚིག་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པ་གྱིས། བཅུ་གསུམ་པ་རྨི་ལམ་བརྟག་ཅིང་ངན་པ་བསྲུང་བ་ནི། དོ་ནུབ་ཉལ་བའི་ཚེ་སྔར་གྱི་ཀུ་ཤ་ཆུང་བ་སྔས་དང༌། ཆེ་བ་སྟན་དུ་གྱིས་ལ་ལྷ་དང་བླ་མ་ཡིད་ལ་དྲན་པའི་སྒོ་ནས་མགོ་ཤར་རམ་བྱང་དུ་སྟོན་ལ་ཉོལ་ཞིག ལུང་སྟོན་པའི་རྨི་ལམ་འབྱུང་བར་འགྱུར་རོ། །དེའང་རྨི་ལམ་བཟང་བའི་ལྟས་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་མཐོང་བ། དམ་པའི་ཆོས་ཀྱི་གླེགས་བམ་ལག་ཏུ་ཐོགས་པ། འཕགས་པའི་དགེ་འདུན་གྱི་སྡེའི་དབུས་སུ་ཞུགས་པ། རང་གི་བླ་མ་དང་མཇལ་བ། དེ་ལ་ཆོས་མཉན་པ། ཉི་ཟླ་ཤར་བ། རྒྱལ་པོར་དབང་བསྐུར་བ། རྟ་དང་གླང་པོར་ཞོན་པ་ལ་སོགས་པ་བྱུང་ན་བཟང་བ་
ཡིན་པས་ཞེན་པ་མེད་པའི་དགའ་བ་བསྒོམ་ཞིང་དགའ་སྟོན་བྱ། གལ་ཏེ་ངན་པའང་འབྱུང་སྲིད་དེ། དེའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེག་པ་དང༌། ཀ་ར་ཝཱི་རའི་མེ་ཏོག་འཐུ་བ་དང༌། མཆོད་སྡོང་དང་བྱེ་མ་དང་ཐལ་ཕུང་ལ་འཛེག་པ། སྤྲེའུ་དང་བོང་བུ་ཞོན་ནས་ཁ་ཕྱིར་ཕྱོགས་ཏེ་འགྲོ་བ། ཆུས་ཁྱེར་བ། སྐྲ་བྲེག་པ། ལུས་ཏིལ་མར་གྱིས་བྱུག་པ་ལ་སོགས་པ་བྱུང་ན་ཅུང་ཟད་ངན་པ་ཡིན་པས་གཉིད་སད་མ་ཐག་ཏུ་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་དེ། དོན་ལ་གྲུབ་པ་ཅིའང་མེད་ཅེས་བདེན་མེད་ཀྱི་སྦྱོང་བས་རྒྱས་འདེབས་པ་དང༌། ཞི་བའི་སྦྱིན་སྲེག་བླུགས་པ་ལ་སོགས་པའི་སྒོ་ནས་རྨི་ལམ་ངན་པ་ཟློག་པའི་ཐབས་ལ་འབད་པར་བྱ་དགོས་པ་ཡིན་ནོ། །དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་ཆོས་རྣམས་སོང་ནས། འདིའི་དངོས་གཞི་སང་ཉིན་འབྱུང་བ་ཡིན་ནོ། །ཞེས་བརྗོད་ལ་སློབ་མ་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། བུམ་བསྐྱེད་ཀྱི་སྐབས་ལྟར། མཆོད་བསྟོད་འདོད་དོན་ཞུས་ལ། ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་མཐར་མཐེབ་སྲིན་གྱི་སེ་གོལ་དང༌། ཨོཾ་བཛྲ་མུཿསྟ་གོན་གྱི་ལྷ་རྣམས་སང་ནངས་པར་འབྱོན་པར་བཞེད་བཞིན་པས་རང་བཞིན་གྱི་གནས་སུ་གཤེགས་ཞེས་བརྗོད་ཅིང་བསམས་ལ། སྟ་གོན་གྱི་ཡོ་བྱད་དམན་མ་རྣམས་བསྡུས་ཏེ། དེའི་ནུབ་མོ་དགེ་བའི་གཉིད་ཀྱིས་ལོག་གོ །གཉིས་པ་དངོས་གཞི་ལ། སྦྱོར་དངོས་རྗེས་ཀྱི་དང་པོ་ནི། སྟ་གོན་བྱས་པའི་གཞི་དེར་འདིའི་དཀྱིལ་ཐང་རབ་གནས་ཅན་ཞལ་ཤར་དུ་ཕྱོགས་པར་དགྲམ། སྤྱི་མཆོད་སྒོས་མཆོད། གཏོར་མ་རྣམས་སྔར་བཞིན་དུ་བཤམ། སྲོག་ཆགས་དང་མ་འདྲེས་པའི་བདུག་སྤོས་རྒྱུན་མི་ཆད་པར་བཏུལ། གཞན་རྡོར་
དྲིལ་བུམ་པ་ལ་སོགས་པ་སྔར་བཞིན་དང༌། མིག་རས། མེ་ཏོག གུ་གུལ་དཀར་པོ། རྩེ་བྲན་དར་དཔྱངས་དང་བཅས་པ། ཤོག་བུ་ལ་མཚལ་གྱིས་པར་བཏབ་པའམ་བྲིས་པའི་རྡོར་དྲིལ། ཉེར་སྤྱོད་ལྔ་ཚན་པ་ལྔ། གདུགས་སོགས་བཤམ་མོ། །གཉིས་པ་ནི། རང་ཉིད་སྒྲུབ་གྲོགས་དང་བཅས་པས་ཁྲུས་བྱ། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང༌། སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྡུས་ལ་དམ་ཚིག་པའི་ང་རྒྱལ་དུ་གནས་པའི་བར་སྟ་གོན་བཞིན་བྱས་ལ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་ཞེས་སོགས་ནས་ཟླ་བའི་དཀྱིལ་འཁོར་རེ་རེ་ཞེས་པའི་བར་སྟ་གོན་བཞིན་བསྐྱེད། དབུས་ཀྱི་གདན་གྱི་སྟེང་དུ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སོགས་དང༌། གཡས་སུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འཕགས་པ་སྤྱན་རས་གཟིགས་སོགས་དང༌། གཡོན་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་སོགས་ནས་བཛྲ་ས་མ་ཛཿ ཞེས་པས་སྔར་སྟ་གོན་གྱི་ལྷ་རང་བཞིན་དུ་གཤེགས་པ་དེ་སྤྱན་འདྲེན་པ་ཡིན་པས། སྤོས་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་ཞེས་སོགས་ཀྱིས་སྤྱན་དྲངས་པ་ནས་བརྩམས་ཏེ་དབུ་རྒྱན་རང་ཆས་སུ་བསམ་པའི་བར་རྣམས་སྟ་གོན་བཞིན་བྱ། ལྷ་རྣམས་ལ་དམིགས་ཏེ། ཨོཾ་ཨ་ར་པ་ཙ་ན་དྷཱིཿསོགས་བརྒྱ་རྩ་རེ་བཟླས་པས་མདུན་བསྐྱེད་རིགས་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་མཁྱེན་བརྩེ་ནུས་པའི་དངོས་གྲུབ་མ་ལུས་པ་སྩལ་བར་བསམས་ལ་མཐར་ཐལ་མོ་སྦྱར་ཏེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་གདབ། མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་སྟ་གོན་བཞིན་བྱ། སྤོས་དཀར་
དང་སྤང་སྤོས་ཀྱི་དུ་བ་རྒྱུན་མི་ཆད་པར་ཕུལ་ལ། གྲོགས་གཞན་དཀྱིལ་འཁོར་བསྲུང་དུ་བཅུག་ནས་ཕྱི་རོལ་དུ་ཆ་གསུམ་གཏོར་མ་བཏང༌། འཇིག་རྟེན་པའི་གྲིབ་བསལ་བའི་ཕྱིར་གུ་གུལ་གྱིས་བདུག་ཅིང་ཉེ་རེག་བྱས་ནས་ནང་དུ་འོངས་ཏེ། རོལ་མོ་འཁྲོལ་བཞིན་དུ་དཀྱིལ་འཁོར་ལ་བསྐོར་བ་དང་བཅས་ཡིག་བརྒྱ་བརྗོད། ཕྱག་གསུམ་བྱས་ལ་མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱིས་བཟོད་པར་གསོལ། སྒྲུབ་མཆོད་ཞག་མང་དུ་བྱེད་ན་དངོས་གཞི་གཉིས་པ་མན་འདིར་བུམ་པ་གོང་བཞིན་བསྒྲུབ། དེ་ནས་བདག་འཇུག་ལ། ཆོ་ག་དཔོད་པ་རྣམས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པས་མཛད་ཅིང༌། དབང་རྫས་རྣམས་དེའི་ཐུགས་ཀ་ནས་བྱེ་བའི་རྗེ་བཙུན་འཇམ་པའི་དབྱངས་ཞིག་གིས་གཏོད་པར་བསམས་ལ། སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་བདག་འཇུག་གི་ཚུལ་དུ་བླངས་ནས་སློབ་མ་གཞུག་པའི་ཕྱིར་རྡོར་དྲིལ་འཛིན་པས། དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་བརྙན་གྱི་ཚུལ་དུ་སྣང་བའང་ཆོས་སྐུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ལས་བྱུང་བའི་བྱིན་རླབས་དང༌། སློབ་དཔོན་གྱིས་ཀྱང་དེ་ལྟར་རྟོགས་པའི་བྱིན་རླབས་ཀྱིས། སློབ་མ་རྣམས་ཀྱིས་ཀྱང་མཚན་མ་ཙམ་མ་ཡིན་པར་སྣང་ལ་རང་བཞིན་མེད་པའི་གཟུགས་ཀྱི་སྐུ་མཐོང་བར་གྱུར་ཅིག་སྙམ་པས། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་གྱིས་བདེན་སྟོབས་བརྗོད། གཏོར་མ་འཇིག་རྟེན་དང་འདས་པའི་གཏོར་མ་འདིར་ཕུལ། དཀྱིལ་འཁོར་ཡོལ་བས་
བསྒྲིབས་ནས། སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ནས་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ནས། འདིར་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་དམ། གསང་བ་སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཁ་ཆེ་ཡེ་ཤེས་རྡོ་རྗེས་བཀྲལ་བའི་བཅོམ་ལྡན་འདས་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྟ་གོན་དང་དངོས་གཞི་གཉིས་ཀྱི་དང་པོ་གྲུབ་ཟིན། ཕྱི་མ་ལ་སྔོན་འགྲོ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ་པར་བྱས་ནས། ཁྱོད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་ལ་བྱ་བའི་ཆོ་ག་ལ་འཇུག་པ་དང་དངོས་གཞི་གཉིས་ལས། དང་པོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་སྟ་གོན་བཞིན་བྱ། དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བ་བསམ་གྱིས་མི་ཁྱབ་པ་བྱོན་ནས། དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་པ་མཛོད། ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བུམ་ཆུ་གཏོར། བདུག་སྤོས་ཀྱིས་ཀྱང་བདུག་སྟེ་སྦྱོང་བར་མོས་པ་མཛོད། ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་གུ་གུལ་དཀར་པོས་བདུག་གོ །སྔོན་ཆད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིངས་པར་མོས་པ་མཛོད། ཨོཾ་ཙཀྵུརྦྷནྡྷ་ཝ་ར་མ་ནཱ་ཡ་ཧཱུྃ་ཞེས་པས་བྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་གྱི་སླད་དུ་མེ་ཏོག་གི་ཕྲེང་བ་རེ་བྱིན་པར་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་པས་གཏད། རྒྱུན་བཤགས་སྔོན་དུ་འགྲོ་བའི་ཞེས་སོགས་ཀྱིས་སེམས་བསྐྱེད་པ་སྟ་གོན་ལྟར་བྱ། ཡང་ན་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་རུང་བར་རྗེ་བཙུན་གྱིས་བཤད་དོ། །འཇུག་སྒོའི་བུམ་པས་དབང་བསྐུར་བའི་སླད་དུ་མདུན་བསྐྱེད་ཀྱི་
དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབང་བསྐུར་བར་མོས་པ་མཛོད། གང་བུམ་ཐོགས་ནས་ཀུ་ཤས་ཆུ་སྤྱི་བོར་གཏོར་ཏེ། ཨོཾ་ཨ་ར་པ་ཙ་ན་དྷཱིཿབཛྲ་ཨ་བྷི་ཥིཉྩ། ཨོཾ་མ་ཎི་པདྨེ་ཧཱུྃ་བཛྲ་ཨ་བྷི་ཥིཉྩ། ཨོཾ་བཛྲ་པཱ་ཎི་ཧཱུྃ་བཛྲ་ཨ་བྷི་ཥིཉྩ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དབང་ཐམས་ཅད་ཐོབ། རིགས་གསུམ་གྱི་མཁྱེན་བརྩེ་ནུས་མཐུའི་དངོས་གྲུབ་དང་ཡེ་ཤེས་ཐམས་ཅད་ཐོབ་པར་མོས་པ་མཛོད། གཞན་ཡང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་སྤྱོད་རྣམས་སྣོད་དང་མི་ལྡན་པའི་མདུན་དུ་མ་སྨྲ་ཞིག་ཅེས་གསང་བར་གདམས་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས། སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་དྲུང་དུ་འཁྲིད་པར་མོས་ལ། དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་དུད་ཙམ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཛཿཧཱུྃ། ཞེས་པས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པར་མོས་པ་མཛོད། ཅེས་དང་ཡོལ་བ་བསལ། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཁ་བསྐངས་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག རྗེ་བཙུན་འཇམ་པའི་དབྱངས་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་
གཉིས་པ། གཡས་པས་ཤེས་རབ་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་ཤིན་ཏུ་མཛེས་ཤིང་ཞལ་འཛུམ་བག་དང་བཅས་པ། རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་ཤིང༌། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེ་དུ་རྃ་ཡིག་དཀར་པོ་ཞིག་གསལ་བཏབ་ནས། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག ལུས་འོད་ཀྱི་རང་བཞིན་དུ་གྱུར་པར་མོས་པ་མཛོད། སླར་ཡང་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་དམར་སེར་ཞིག་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས། གྲུབ་པ་བརྙེས་པའི་ལྷ་དང་ཀླུ་དང་དྲང་སྲོང་དང་རིག་འཛིན་ལ་སོགས་པ་རྣམས་ཀྱི་ཐུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་ཀྱི་ངོ་བོ་དྷཱིཿཡིག་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ཁྱོད་རང་གི་ཐུགས་ཀའི་དྷཱིཿཡིག་ལ་གཉིས་སུ་མེད་པར་ཐིམ། དེ་བཞིན་དུ་མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀ་
ནས་ཀྱང་དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཁྱེད་རང་གི་ཐུགས་ཀར་ཐིམ་པས་རྒྱུད་བྱིས་གྱིས་བརླབ་པར་མོས་པ་མཛོད། གཙོ་བོའི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཏུགས་ཏེ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཡང་ཡང་བརྗོད་པ་ནི་ཡེ་ཤེས་དབབ་པའི་དོད་ཡིན། ཡེ་ཤེས་ཕབ་པ་སྤྱི་བོར་རྡོ་རྗེ་བཞག་པས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས། དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་ནི། སློབ་དཔོན་གྱིས་རྡོར་དྲིལ་འཛིན་པས་དཀྱིལ་འཁོར་གྱི་ཤར་སྒོར་ལངས་ཏེ། ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དབུལ་བ་ནི། འདི་ན་རིགས་གསུམ་སྤྱིའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གདུལ་བྱ་འདུལ་བའི་ཆེད་དུ་གཙོ་འཁོར་གྱི་རྣམ་པར་བསྟན་པ་ཙམ་མ་གཏོགས་ངོ་བོ་ལ་བཟང་ངན་མེད་མོད། འོན་ཀྱང་ལས་བསགས་པའི་ལྷ་ཞིག་ལ་འབབ་པར་ཤོག་ཅིག་སྙམ་པས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་གསུངས་ཤིང་དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིག་ཅེས་བརྗོད། དེས་ཀྱང་ཕུལ་ལ་མེ་ཏོག་དེ་སློབ་དཔོན་གྱིས་བླངས་ནས་སློབ་མའི་སྤྱི་བོར་བཞག་སྟེ། ཨོཾ་པྲ་ཏི་གྲྀཧྞཱ་སྟྭཾ་ཨི་མཾ་སཏྭ་མཧཱ་བཱ་ལ་ཞེས་པས་ལྷ་དང་ངོ་སྤྲོད། རྗེ་བཙུན་འཇམ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ་ཞེས་པས་མིག་རས་བསལ་ཏེ་དཀྱིལ་འཁོར་ལ་བལྟར་གཞུག དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །དེའང་འདི་ན་རིགས་གསུམ་སྤྱིའི་
དཀྱིལ་འཁོར་བཞུགས་པ་ཡིན་ཏེ། ཕྱི་རོལ་དུ་མེ་རི་རབ་ཏུ་འབར་བས་བསྐོར་བའི་སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་པདྨ་འདབ་མ་སོ་གཉིས་པའི་ལྟེ་བར་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་གནས་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ་ཞེས་སོགས་ནས། ཟླུམ་པོ་རེ་རེ་ཞེས་པའི་བར་མངོན་རྟོགས་ལྟར་དང༌། དབུས་སུ་ཟླ་བའི་དཀྱིལ་འཁོར་དང༌། བྱང་དུ་ཉི་མའི་དཀྱིལ་འཁོར། ཕྱོགས་གཞན་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེ་དང་བཅས་པ་ནི་རྟེན་གཞལ་ཡས་ཁང་ཡིན་ལ། བརྟེན་པ་ལྷ་ནི་དབུས་སུ་རྗེ་བཙུན་འཇམ་པའི་དབྱངས་སོགས་ནས་བཞུགས་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་སོགས་དང༌། གཡོན་དུ་ཕྱག་ན་རྡོ་རྗེ་སོགས་ནས། གླེགས་བམ་རེ་བཞུགས་པ་སྟེ། ཞེས་ལྷ་ངོ་བསྟན་ལ། མདོར་ན་རྗེ་བཙུན་འཇམ་པའི་དབྱངས་གཙོ་བོར་གྱུར་པའི་རིགས་གསུམ་སྤྱིའི་དཀྱིལ་འཁོར་བ་དང་མངོན་སུམ་ལྟ་བུར་མཇལ་སྙམ་པའི་མོས་པ་མཛོད། ཅེས་བརྗོད། དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་ནས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྡོ་རྗེ་སློབ་མའི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་གཉིས་ལས། དང་པོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ། དབང་སྟེགས་ཡོད་ན་དེར་སློབ་མ་བཞག་ལ། དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུ་དོ་ཙམ་སྤངས་པའི་སར་དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་བྲལ་བ། དཀར་དམར་ནག་པའི་རྭ་བ་རིམ་པ་གསུམ་དང་ལྡན་པའི་ནང་དུ། ལྷ་སྣམ་གྱི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་དང་བཅས་པའི་ལྷ་སྣམ་ལ་བུམ་པ་དང་མཆོད་རྫས་ལ་སོགས་པས་བརྒྱན་པ། འདབ་མ་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་ཀྱིས་སྤྲས་པའི་དབུས་སུ་ཤིང་
སྟན་ཟླ་བའི་དཀྱིལ་འཁོར་དང་བཅས་པའི་སྟེང་དུ་ཁྱེད་རང་རྣམས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་སོགས་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམས་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་གསུམ་སྤྱིའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་གི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་མ་ཛཿ ཞེས་པས་སྤྱན་དྲང༌། མདུན་གྱི་ནམ་མཁར་རིགས་གསུམ་གྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་རིག་པ་འཛིན་པ་ལ་སོགས་པ་དཔག་ཏུ་མེད་པས་བསྐོར་བས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་ལྷ་ཚོགས་རྣམས་ཀྱིས་ཀྱང་རྒྱལ་བར་གྱུར་ཅིག་ཅེས་བརྗོད་པར་མོས་ནས། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པས་བུམ་པ་བཏེག་སྟེ། མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་ཀྱིས་མངའ་གསོལ་བར་མོས་པ་མཛོད། མེ་ཏོག་གཏོར་ཞིང་རྡོར་དྲིལ་འཛིན་པས། ཕུན་སུམ་ཚོགས་པ་མངའ་བ་སོགས་དང༌། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་འཇམ་དབྱངས་གཞོན་ནུའི་སྐུ། །བཅོམ་ལྡན་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག༴ །འཇིག་རྟེན་གསུམ་ན་སྤྱན་རས་གཟིགས་དབང་གསུང༌། །བཅོམ་ལྡན་གསུང་གི་སོགས་གོང་བཞིན། བཅོམ་ལྡན་མཐིང་མདོག༴ །འཇིག་རྟེན་གསུམ་ན་ཕྱག་ན་རྡོ་རྗེའི་ཐུགས། །བཅོམ་ལྡན་ཐུགས་ཀྱི་སོགས་འདྲ། མཐར་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག་ཅེས་བརྗོད་པ་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་སློབ་མའི་དབང་ལ། ཆུའི་
དབང་བསྐུར་བའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་ནས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་བདུད་རྩིས་གང་བ་རེ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བར་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་པ་མགོར་བཞག་ཅིང་འཐུང་དུའང་གཞུག སླར་ཡང་རིགས་གསུམ་གྱི་མཁྱེན་བརྩེ་ནུས་མཐུའི་སྒོ་ནས་བུམ་པ་ཐོགས་ཏེ་ཁྱེད་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བར་མོས་པ་མཛོད། ཨོཾ་ཨ་ར་པ་ཙ་ན་དྷཱིཿཨ་བྷི་ཥིཉྩ། ཨོཾ་མ་ཎི་པདྨེ་ཧཱུྃ་ཨ་བྷི་ཥིཉྩ། ཨོཾ་བཛྲ་པ་ཎི་ཧཱུྃ་ཨ་བྷི་ཥིཉྩ། ཞེས་རེ་རེ་ནས་མགོར་བཞག་ལ་འཐུང་དུའང་གཞུག ཞེས་གསུངས་ཞིང་དབང་བསྐུར་བས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་པའི་དངོས་གྲུབ་ཐམས་ཅད་ཐོབ། བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུར་གྱུར་པ་བརྟན་པར་བྱས་པར་མོས་པ་མཛོད། དེ་ལ་ཨོཾ་བཛྲ་པུཥྤེ་སོགས་ལྔས་མཆོད། དེ་ནི་ཆུའི་དབང་ཡིན། དེ་ནས་ཅོད་པན་གྱི་དབང་བསྐུར་བའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེ་ལས་གྲུབ་པའི་རྩེ་བྲན་རེ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་ནས་དབང་བསྐུར་བར་མོས་པ་མཛོད། ཐོར་ཅོག་གཙུག་ཏོར་གྱིས་བརྒྱན་པའི། །རིན་ཆེན་རྩེ་བྲན་དམ་པ་དང༌། །སངས་རྒྱས་ཀུན་གྱིས་རབ་བརྒྱན་
པའི། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་པས་ཅོད་པན་བཅིང༌། མེ་ཏོག་ཕྲེང་བ་དང་དར་དཔྱངས་ཀྱང་སྦྱིན་ཏེ་དབང་བསྐུར་བར་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤཾ་མཱ་ལ་པ་ཊ་ལཾ་པ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མེ་ཏོག་གི་ཕྲེང་བ་དར་དཔྱངས་དང་བཅས་པ་བཅིང༌། དེ་ལ་ཨོཾ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། འདིར་རིགས་ལྔའི་སྐུ་གཟུགས་བྲིས་པའི་དབུ་རྒྱན་ནི་མི་དགོས་ཏེ། སྤྱོད་པའི་རྒྱུད་ལ་རིགས་ལྔ་ཡི། །དོན་གྲུབ་ན་ཡང་ཐ་སྙད་མེད། །ཅེས་པས་སོ། །དེ་ལྟར་ན་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་ཅོད་པན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་འདི་པའི་ལུགས་ཀྱི་ཆུ་དང་ཅོད་པན་གྱི་དབང་སོང་ནས། རྡོ་རྗེ་དྲིལ་བུ་མིང་གི་དབང༌། །སྤྱོད་པའི་རྒྱུད་ལ་བཞུགས་པ་ཡིན། །ཞེས་པའི་དོན། རྡོ་རྗེ་དྲིལ་བུའི་དབང་གི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་ལྷན་ཅིག་པས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་གྱི་རྡོ་རྗེ་དང་དྲིལ་བུ་ནས་འབྲས་ཙམ་ཕྱུང་སྟེ། ཁྱེད་རྣམས་ཀྱི་ཕྱག་གཡས་ཀྱི་སྲིན་ལག་གི་རྩ་བར་ཤོག་བུ་ལ་མཚལ་གྱིས་པར་བཏབ་པའི་རྡོ་རྗེ་ནས་འབྲས་ཙམ་རེ་གཏད་པར་མོས་པ་མཛོད། ཨོཾ་མ་ཧཱ་བཛྲ་ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་སྦྱིན། དྲིལ་བུ་ནས་འབྲས་ཙམ་རེ་གཡོན་དུ་བྱིན་ཏེ། ཨོཾ་བཛྲ་གཎྜེ་ཨཱཿབཛྲ་ཨ་བྷི་ཥིཉྩ་ཞེས་པས་བྱིན་ནས། རྡོ་རྗེ་དྲིལ་བུ་ནས་འབྲས་ཙམ་པ་ནི་གསང་བའི་དབང་སྟེ་ཁྱོད་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་པར་མོས་པ་མཛོད། དེ་ལ་ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད་ལ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དང་དྲིལ་བུའི་དབང་ཐོབ་པ་ཡིན་ནོ། །
མིང་གི་དབང་གི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་ལྷན་ཅིག་པས་རྡོར་དྲིལ་སྤྱི་བོར་བཟུང་སྟེ་མིང་གི་དབང་བསྐུར་བར་མོས་པ་མཛོད། ཨོཾ་ཨཱརྻ་མཉྫུ་ཤྲཱི་ནཱ་མ་ཞེས་སློབ་མ་རེ་རེ་ནས་བརྗོད་དོ། །དེ་ལ་ཨོཾ་བཛྲ་པུཥྤེ་སོགས་ལྔས་མཆོད། ཞེས་མིང་གི་དབང་བསྐུར་བ་ཡིན་ཏེ། དེས་རྡོ་རྗེ་སློབ་མའི་དབང་བསྐུར་བ་ཡིན་ནོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་བདག་ཉིད་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །སྙིང་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། དབང་སྟེགས་ཀྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་ཐུབ་པ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྐུ་ཅན་དུ་གསལ་བའི་སྟེང་དུ་བླ་བྲེ་ལ་སོགས་པ་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ་ལ་སྤྱོད་རྒྱུད་ཀྱི་རྡོ་རྗེ་སློབ་དཔོན་དུ་བསྒྲུབ་པའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཆེན་པོར་དབང་བསྐུར་བའི་སླད་དུ་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ནས་དབང་བསྐུར་བར་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ལྷ་བུམ་སྤྱི་བོར་བཞག་ཅིང་འཐུང་དུ་བཅུག ལྷ་གསུམ་གྱི་སྔགས་ཀྱི་མཐར་བཛྲ་ཨ་བྷི་ཥིཉྩ་རེ་བཏགས་པས་བུམ་ཆུ་འཐོར་བ་དང་བཅས་ཏེ་དབང་བསྐུར་ནས། ཅོད་པན་གྱི་དབང་བསྐུར་བའི་སླད་དུ་ལག་པ་ཐལ་མོ་ཕྱིར་བསྡམས་
ལ་གུང་མོ་གཉིས་བརྐྱངས་པ་སློབ་མའི་སྤྱི་བོར་གཏུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་ཝ་བཛྲ་ཨ་བྷི་ཥིཉྩ་ཞེས་དང༌། པདྨའི་ཕྱག་རྒྱས། ཨོཾ་པདྨོདྦྷ་ཝ་བཛྲ་ཨ་བྷི་ཥིཉྩ་ཞེས་དང༌། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་མགོ་བོར་རེག་སྟེ། ཨོཾ་བཛྲོདྦྷ་ཝ་བཛྲ་ཨ་བྷི་ཥིཉྩ་ཞེས་དབང་བསྐུར་ནས། སླར་ཡང་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་སོགས་ལྔས་མཆོད། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རབ་ཏུ་གནས་པར་བྱས་པར་མོས་པ་མཛོད། མེ་ཏོག་སྤྱི་བོར་བཞག་སྟེ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་བརྟན་པར་བྱས་ནས། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་འགྱུར་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་བཞེད་པ་ཡིན། །ཞེས་གསུངས་ཏེ་དེའི་དོན་ནི་ཁྱོད་རྣམས་སྔགས་རྒྱུད་མན་ངག་འཛིན་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཐུན་པར་བཞེད་པ་ཡིན་ཞིང༌། བུ་སྡུག་པ་ལྟར་ཡོངས་སུ་དགོངས་པའི་ཕྱིར་དེ་རིང་ཕྱིན་ཆད་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སྒོ་ནས། རྡོ་རྗེ་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་ཚུལ་བཞིན་དུ་བསྒྲུབས་ཏེ། སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག་པའི་དོན་ཡིན་ནོ། །སྔགས་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། དཔོན་སློབ་གཉིས་ཀའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཧྲཱིཿཧཱུྃ་ཡིག་རྣམས་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་བྱུང་བ་ཞལ་ནས་འཐོན། ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱི་མཐར་གཡས་སྐོར་དུ་འཁོད་པར་མོས་པ་བྱས། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་སྔགས་རྣམས་ཀྱི་རྗེས་ཟློས་ལན་བདུན་བདུན་གནང་བར་ཞུ། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པ་མན་གྱིས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་གྱིས་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་
གསུམ་དང༌། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབ་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་དང༌། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རིགས་གསུམ་སྤྱིའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག་ཅེས་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ཁྱེད་རང་རྣམས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ང་རྒྱལ་གྱིས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་རེ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་རྗེས་སུ་གདུགས་ལོགས་སུ་བཞག་སྟེ། དཀྱིལ་འཁོར་གྱི་ཤར་སྒོ་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས་པའི་མཐར། ཁྱེད་རྣམས་སློབ་དཔོན་གྱིས་དཀྱིལ་འཁོར་པ་རྣམས་ལ་ཕུལ་བར་མོས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་ཙམ་རེ་མཛོད། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་ཕུལ་བས་དཀྱིལ་འཁོར་བ་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་དབུགས་དབྱུང་བར་མོས་པ་མཛོད། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་འགྱུར་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་འབྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་གསུངས་ཏེ་དེའི་དོན་ནི་སྔགས་རྒྱུད་མན་ངག་འཛིན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཡིན་པས། དེའི་ལས་སུ་བྱ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག་པའི་དོན་ནི་རྗེས་སུ་གནང་བ་ཡིན་ལ། དེ་ནས་དཔུང་བཟང་ལ་སོགས་པའི་རྒྱུད་གང་རུང་ཞིག་འདོན་པའམ། མ་གྲུབ་ན་གཙོ་བོའི་སྔགས་ཚར་ཁ་ཡར་བ་ཞིག་འདོན། དེ་ལྟར་དབང་ཐོབ་ནས་བསྲུང་རྒྱུའི་དམ་ཚིག་འདི་རྣམས་ཡིན་ནོ་ཞེས་ངོ་ཤེས་པར་བྱ་བའི་ཕྱིར་དུ་བསྲུང་བར་གདམས་པ་ནི། ཤེས་རབ་ཕ་རོལ་ཕྱིན་བཀླགས་ཏེ། །
དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །གསང་སྔགས་རིག་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ཡང་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱི། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུངས་ཤིང༌། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་གསུངས་པའི་དོན་ལ་གཉིས་ཀྱི། དང་པོ་སྤྱིའི་དམ་ཚིག་བསྲུང་བ་ལ་གསུམ་གྱི་དང་པོ་ཆོས་འདི་པའི་དམ་ཚིག་བསྲུང་བ་ནི། དབང་བསྐུར་ཐོབ་པའི་ཉི་མ་དེ་རིང་ཕྱིན་ཆད་ནས་ཁྱེད་རྣམས་ཀྱིས་དམ་ཚིག་འདི་དག་སྲུངས་ཤིག གང་བསྲུང་ན་སངས་རྒྱས་ཆོས་དང་དགེ་འདུན་ཏེ་ཐེག་ཆེན་གྱི་དཀོན་མཆོག་གསུམ་པོ་འདི་དུས་ཐམས་ཅད་དུ་མི་བཏང་ཞིང༌། དེ་དག་ལ་སྐྱབས་སུ་སོང་བའི་བསླབ་བྱ་རྣམས་བཟུང་བར་བྱའོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བསྲུང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་དང༌། དེའི་སྡེ་སྣོད་དུ་གསུངས་པའི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བསླབ་པ་ལ་ཡང་དག་པར་བསླབ་པར་བྱའོ། །གསུམ་པ་འདས་པའི་ལྷ་རྣམས་ལ་དད་པར་བྱ་བ་ནི། གསང་སྔགས་ཏེ་ལྷ་ཕོ་དང༌། རིག་སྔགས་ཏེ་ལྷ་མོ་སྟེ་དེ་གཉིས་ཀྱིས་བསྡུས་པའི་བྱ་རྒྱུད་ཀྱི་ལྷ་ཚོགས་ལ་
བཟང་ངན་དང་མཆོག་དམན་དུ་འཛིན་པའི་མ་དད་པ་སྤངས་ནས་དད་པ་དང་གུས་པ་རབ་ཏུ་བསྟན་པར་བྱའོ། །འདི་གསུམ་ལ་སྤྱིའི་དམ་ཚིག་ཏུ་འཇོག་པའི་རྒྱུ་མཚན་ནི། དབང་ཐོབ་པའི་གང་ཟག་དང༌། མ་ཐོབ་པའི་གང་ཟག་བྱ་རྒྱུད་ལ་འཇུག་པའི་སྔོན་དུ་ལམ་ཐུན་མོང་བ་ལ་སྦྱོང་བ་བྱེད་པས་ཀྱང་དམ་ཚིག་འདི་གསུམ་བསྲུང་དགོས་པའི་ཕྱིར་རོ། །གཉིས་པ་དབང་གི་དམ་ཚིག་ལ་བཅུ་གསུམ་གྱི་དང་པོ་ནི། དུས་རྟག་པར་ཕྱག་རྒྱ་ཆེན་པོ་སྟེ་རང་གི་འདོད་པའི་ལྷ་ལ་ལྷ་གཞན་ལས་ཁྱད་པར་དུ་གུས་པའི་མོས་པ་བྱ་ཞིང་ལྷ་བསྒྲུབ་པས་མ་གྲུབ་ན། དེ་ལ་ཁྲོས་པས་རིག་སྔགས་བཅིང་བ་ལ་སོགས་པ་སྤོགས་ཆོག་ལྷ་ལ་མ་གུས་པ་ཡིན་པས་མི་བྱའོ། །གཉིས་པ་ནི། དམ་ཚིག་ཅན་བྱ་རྒྱུད་ཀྱི་སྒོར་ཞུགས་པའི་གང་ཟག་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ་ལ་གུས་པར་བྱས་ལ་དེའི་སྐྱོན་བརྗོད་པ་དང༌། ལུས་སྲོག་ལ་ཐོ་མཚམས་པའི་བར་གྱི། གནོད་པར་འགྱུར་བའི་ལས་མི་བྱེད་པའོ། །གསུམ་པ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་གང་ཟག་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་བྱེད་པ་པོ་ནི་རང་གི་མཛའ་བོ་ཡིན་ལ་དེ་རྣམས་ལ་གུས་པར་བྱ་བའོ། །བཞི་པ་ནི། རང་ལ་དབང་དང་རྒྱུད་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་མན་ངག་སྟེར་བའི་བླ་མ་ལ་གུས་པར་བྱ་ཞིང༌། རིགས་དང་ཚུལ་ཁྲིམས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་བརྙས་པ་དང་སྨད་པར་མི་བྱའོ། །ལྔ་པ་ནི། དབང་དང་ནོར་རྒྱས་པ་ལ་སོགས་པའི་ཕྱིར་གནོད་གནས་ལ་སོགས་པའི་ལྷ་བསྒྲུབས་པས་ཆོ་ག་ཚུལ་བཞིན་མ་གྲུབ་པ་ལ་བརྟེན་ནས་དེ་རྣམས་མ་བྱུང་ན་ལྷ་ལ་ཁྲོས་ཤིང་ཞེ་སྡང་བའི་སེམས་མི་བྱའོ། །དྲུག་པ་ནི། ཚེས་བརྒྱད་ལ་སོགས་པའི་དུས་མཚམས་བཟང་པོ་དག་ལ་འདོད་པའི་ལྷ་དང་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱའོ། །བདུན་པ་ནི། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པའི་སྟོན་པ་གཞན་རྣམས་ཀྱི་གཞུང་ནས་འབྱུང་བ་ལྟར་མི་མཆོད་ཅིང༌། དེའི་མན་
ངག་དང་རྣལ་འབྱོར་ལ་ཉམས་ལེན་མི་བྱེད་པའོ། །བརྒྱད་པ་ནི། དུས་རྟག་ཏུ་གློ་བུར་དུ་འོངས་པའི་མགྲོན་ལ་ཁ་ཟས་དང་གནས་མལ་སོགས་ཀྱི་མཆོད་པ་ཅི་འགྲུབ་བྱ་སྟེ། དེ་ནི་བསོད་ནམས་ལྷག་པར་ཆེ་བའི་ཕྱིར་རོ། །དགུ་པ་ནི། སྲོག་ཆགས་ཕྲ་མོ་གྲོག་སྦུར་གྱི་བར་རྣམས་ལ་བྱམས་པའི་སེམས་བསྐྱེད་ནས་ཕན་པ་ཁོ་ན་བྱའི་གནོད་པའི་ལས་རྣམ་པ་ཐམས་ཅད་དུ་མི་བྱེད་པའི་སྡོམ་སེམས་རབ་ཏུ་བརྟན་པ་ཉེ་བར་གཞག་གོ །བཅུ་པ་ནི། ཐེག་པ་ཆེན་པོ་གསང་སྔགས་ལ་ཞུགས་པའི་གང་ཟག་བྱང་ཆུབ་ཀྱི་སྤྱོད་པ་ལ་དགའ་བ་རྣམས་ཀྱི་བསོད་ནམས་འཕེལ་བར་བྱེད་པའི་ཐབས་བཟླས་བརྗོད་དང་སྡོམ་པ་བཟུང་བ་སོགས་ལ་ནན་ཏན་བསྐྱེད་པའོ། །བཅུ་གཅིག་པ་ནི། བཟླས་བརྗོད་བྱེད་པ་ལ་འབད་པའི་རྣལ་འབྱོར་པས་གསང་སྔགས་ཟློས་པའི་སྤྱོད་ལམ་དང་ལྡན་པས་བཟླ་དགོས་ལ། དེའི་སྤྱོད་ལམ་ཡང༌། ཟློས་པས་ཆོ་ག་ལ་གནས་ནས། །གླུ་གར་རྩེད་མོ་མི་བྱ་སྟེ། །ཞེས་སོགས་གསུངས་པ་རྣམས་སོ། །དེ་ལྟ་བུའི་སྤྱོད་ལམ་གྱིས་བཟླས་བརྗོད་ལ་བརྩོན་པར་བྱའོ། །བཅུ་གཉིས་པ་ནི། གསང་སྔགས་སོ་སོའི་རྒྱུད་དམ་ཚིག་གསུམ་བཀོད་ལ་སོགས་པ་ནས་བསྟན་པའི་དམ་ཚིག་སྟེ། དམ་པའི་ཆོས་ཀྱང་སྤང་མི་བྱ་ཞེས་སོགས་རྣམས་ཀྱང་འབད་པས་བསྲུང་བར་བྱའོ། །བཅུ་གསུམ་པ་ནི། དབང་བསྐུར་མ་ཐོབ་པ་དང༌། ཐོབ་ཀྱང་ཉམས་པས་དམ་ཚིག་མེད་པའི་གང་ཟག་རྣམས་ལ་ནི་གསང་སྔགས་ཀྱི་ཆོ་ག་ཞིབ་མོ་དང༌། རྒྱུད་དང་མན་ངག་རྣམས་ལེགས་པར་བསྲུང་ཞིང་སྦ་བར་བྱའོ། །དེ་ལྟ་བུའི་སྤྱིའི་དམ་ཚིག་དང༌། ཁྱད་པར་གྱི་དམ་ཚིག་བཅུ་གསུམ་པོ་དེའང་བདག་གིས་ཉམས་སུ་བླང་རྒྱུའི་དམ་ཚིག་ཏུ་རྟོགས་པར་བྱའོ། །ཞེས་དེ་དག་ངོ་ཤེས་པར་བྱས་ནས་སྤང་བླང་ཚུལ་བཞིན་དུ་གྱིས་ཤིག་ཅེས་པའི་དོན་ཡིན་ནོ་ཞེས་བརྗོད། མདོར་ན་དབང་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད།
གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་བླངས་ནས། དབང་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། སླར་ཡང་ལུས་དང་ལོངས་སྤྱོད་ཐམས་ཅད་སློབ་དཔོན་ལ་འབུལ། ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་རྣམས་ཀྱི་སྒོ་ནས་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་ལེགས་པར་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བསྔོས་ལ་སློབ་མ་རང་གནས་སུ་བཏང༌། གསུམ་པ་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ་བསང་སྦྱང་བྱིས་གྱིས་བརླབ། མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་གང་རིགས་ཀྱིས་བསྟོད། འདོད་དོན་ཞུས་ལ་ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཟོད་པར་གསོལ། རས་བྲིས་ལ་དམིགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་
གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་ལ་ལས་ཀྱི་རྗེས་བསྡུ། དགེ་བ་འདི་ཡིས་མྱུར་དུ་བདག །རིགས་གསུམ་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གང་ཤེས་དང༌། ཆེ་བའི་ཆེ་མཆོག་གམ། སྟོན་མཆོག་དམ་པ་ལྟ་བུའི་མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། དཀར་གསུམ་གྱི་དགའ་སྟོན་ལ་ལོངས་སྤྱད་པར་བྱའོ།། ༈ །ཞར་བྱུང་རྡུལ་ཚོན་ལ་བརྟེན་པའི་མི་འདྲ་བའི་ཁྱད་ཆོས། ཉིན་དང་པོ་ས་ཆོག་གི་སྐབས། སྔར་ས་ཆོག་མ་བྱས་པའི་ཕྱོགས་སུ་ནི། ས་བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་སོགས་རྒྱས་པར་བྱ་དགོས་མོད། མདོར་བསྡུ་ན་གང་དུ་བྱ་བའི་གནས་དེར་ཕྱག་དར་དང༌། སྐྱང་ནུལ་བྱ། རྒྱན་དགྲམ། གཏོར་མ་ཆ་གསུམ་བཤམ། སྐྱབས་འགྲོ་ནས་བཟུང་དཀྱིལ་འཁོར་བསྡུ་བའི་བར་གྱི་བདག་བསྐྱེད་དང༌། གཏོར་མ་བྲན་ལ་བྱིན་གྱིས་བརླབས་པ་ནས་བརྩམས་གོང་དང་འདྲ་བ་ལས། ཕྱོགས་སྐྱོང་ལ་འབུལ་བའི་མཐར། སའི་ཕྱོགས་འདིར་རིགས་གསུམ་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་བསྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། ཞེས་སམ་སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། ཕྱོགས་སྐྱོང་བ་འཁོར་དང་བཅས་པ་རྣམས་ཀྱིས་སའི་ཕྱོགས་འདི་བདག་ལ་སྩལ་ཞིང་དཀྱིལ་འཁོར་གྱི་ཆོ་ག་མཐར་ཕྱིན་པའི་སྟོང་གྲོགས་མཛད་དུ་གསོལ། ཞེས་བརྗོད་ཅིང་གཤེགས་གསོལ་བྱ་བ་ནི། ཕྱོགས་སྐྱོང་ལས་བསླང་བའོ། །གཏོར་མ་གཉིས་པ་བྱིན་གྱིས་བརླབས་ནས་འབྱུང་པོ་སྤྱི་ལ་ཕུལ་བའི་མཐར། སའི་ཕྱོགས་འདིར་སོགས་ནས། འབྱུང་པོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་སའི་ཕྱོགས་འདི་བདག་ལ་སྩལ་ཞིང་སོགས་བརྗོད་པས་བསླངས་ཏེ། འདི་གཉིས་ནི་ཞི་བའི་བསླང་
བའོ། །དེ་ནས་ཁྲོ་བོའི་ང་རྒྱལ་གྱིས་བགེགས་གཏོར་བསྔོས་ལ། གདོན་རྣམས་རང་གི་གནས་སུ་སོང་ཞེས་པའི་མཇུག་ཏུ་ས་ཕྱོགས་འདི་ཉིད་ན་གནས་པའི་འབྱུང་པོ་གསང་སྤྱོད་ལ་ལྟ་བར་མི་དབང་བ་རྣམས་དང༌། དཀྱིལ་འཁོར་གྱི་ཆོ་ག་བྱེད་པ་ལ་བར་ཆད་བྱེད་པའི་བགེགས་དང༌། ལོག་འདྲེན་གྱི་རིགས་གང་ཡོད་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཅེས་བརྗོད་ལ་གཏོར་མ་སྒོ་དྲུང་དུ་དོར། བདུད་རྩི་འཁྱིལ་པ་སོགས་ཁྲོ་བོའི་སྔགས་བརྗོད་ཅིང་རོལ་མོ་དྲག་ཏུ་བྱ། ས་ཕྱོགས་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ་པས་བགེགས་རྣམས་བྱེར་བར་བསམ་པ་ནི་དྲག་པོས་བསླང་བ་སྟེ་ས་སློང་བའི་ཆོ་གའོ། །རང་འཇམ་དབྱངས་ཀྱི་ང་རྒྱལ་གྱིས་ས་དེའི་དབུས་སུ་ལག་པ་གཉིས་བཞག་ལ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་པས་ས་རྡོ་རྗེའི་རང་བཞིན་དུ་བསམ། ཨོཾ་བྷུ་ཁཾ་ལན་གསུམ་བརྗོད་པས་ས་ནམ་མཁའི་རང་བཞིན་དུ་བསམ་པ་ནི་ས་སྦྱང་བའོ། །དེ་ནས་སྙིང་ག་ནས་སྤྲོས་པའི་ཏིང་ངེ་འཛིན་གྱི་ཕུར་བུ་བགེགས་ལ་བཏབ་པར་བསམ་ཞིང༌། ཨོཾ་བཛྲ་མུདྒ་ར་ཀཱི་ལ་ཡ་ཨཱ་ཀོཊྚཱ་ཡ་ཧཱུྃ་ཕཊ། ཅེས་བརྗོད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་ཤིང་གནས་ཁང་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་བསྐོར་བའི་སྲུང་བའི་འཁོར་ལོར་གྱུར་ཅེས་བརྗོད་ཅིང་བསམ་པ་ནི་བསྲུང་བའོ། །གནས་འདིར་རིགས་གསུམ་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བགྱིའོ། །ཞེས་བརྗོད་ཅིང་བསམ་པ་ནི་གཟུང་བའོ། །དེ་ནས་ས་གཞི་ལ་དྲི་བཟང་གིས་བྱུག ཐིག་ཆེན་བརྒྱད་ཙམ་མམ། ཡང་ན་སྐྱ་ཐིག་རྫོགས་པར་གདབ་སྟེ། ས་སྟེགས་གྲུ་བཞིར་སྙོམས་པའི་སྟེང༌། །ཤར་ནུབ་ཚངས་ཐིག་ལེགས་པར་བཏབ། །དབུས་ཀྱི་མཚན་མའི་གཡས་གཡོན་དུ། །རྟགས་བྱས་
དེ་བར་སྲད་བུ་ཡིས། །ལྷོ་བྱང་རྟགས་བྱས་ཚངས་གཉིས་གདབ། །ཤར་ནུབ་ཚངས་བཞིན་ལྷོ་བྱང་ལའང༌། །མཚན་མ་བྱས་པ་དབུས་བར་གྱི། །སྲད་བུས་མཚམས་སུ་བྱ་རྗེས་བྱ། །དེ་ལ་ཟུར་ཐིག་གཉིས་པོ་གདབ། །དཀྱིལ་འཁོར་ཚད་ཀྱིས་ཟླུམ་པོར་བསྐོར། །དེ་རྒྱབ་པདྨ་རྡོ་མེ་འོད། །ཆ་ཕྲན་གཉིས་གཅིག་དྲུག་ཏུ་བསྐོར། །ཚངས་རྩེ་ནས་ནི་ཚངས་རྩེའི་བར། །ལོགས་གཏུབ་གྲུ་བཞིར་ལོགས་ཟུར་ཐིག །ཕྲད་མཚམས་རྩ་ཐིག་གྲུ་བཞིར་གདབ། །ཚངས་རྩེ་ནས་ནི་རྩ་རྩེའི་བར། །ལོགས་ཐིག་ཆ་བཞིར་བགོས་པ་ཡི། །ཚངས་ཐིག་གཡས་གཡོན་བྱ་རྗེས་ནི། །གཉིས་ཕྱིན་སྟེང་དང་ཟུར་ཟླུམ་དག །ཕྲད་མཚམས་པུ་ཐིག་གྲུབ་བཞིར་གདབ། །པུ་ཤུ་རྩ་ཐིག་བར་གྱི་ཆ། །དང་པོ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང༌། །ཕྱི་མ་ཕྱེད་གདབ་ཕྱི་ཕྱེད་གདབ། །དྲྭ་ཕྱེད་མདའ་ཡབ་པུ་ཤུ་འབྱུང༌། །ཚངས་ཐིག་རྒྱུད་ཀྱི་ནང་ཐིག་དང༌། །ལོག་ཐིག་ཕྲད་པའི་བྱ་རྗེས་སྟེང༌། །ཤར་ནུབ་ལྷོ་བྱང་རིང་བཏབ་པས། །སྒོ་ཡི་ཚད་དང་རྟ་བབས་འབྱུང༌། །ཚངས་ཐིག་གཡས་གཡོན་སྒོའི་ཆ་ཆེན། །དང་པོ་ཕྱེད་གདབ་ཕྱི་ཕྱེད་གདབ། །གཉིས་པ་ཆ་བཞིར་བགོས་པ་དེའི། །རྩ་ཐིག་ཚངས་ཐིག་འཛོམས་པ་ཡི། །གཡས་གཡོན་ཆ་ཕྲན་གཉིས་རེ་ནས། །གྱེན་དུ་ཕ་གུའི་ཕྱི་མཐའི་བར། །ཐིག་འཐེན་སྒོ་ཁྱུད་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་སྒོ་འགྲམ་ཡིན། །དེ་ནས་མདའ་ཡབ་ནང་ཐིག་བར། །སྒོ་ལོགས་འཕྲེད་དུ་ཡ་ཕུབས་ཡིན། །སྒོ་ཁྱུད་ཕྱི་རུ་ཆ་ཕྲན་གཅིག །དོར་བའི་ཐིག་གི་ཡས་མར་རྩེ། །རྩིག་ཕྱི་ཕ་གུའི་ནང་ཐིག་རེག །དེ་ནས་འཕྲེད་དུ་ཆ་ཕྲན་གཉིས། །དེ་ནས་གྱེན་དུ་མདའ་ཡབ་ཀྱི། །ཕྱི་ཐིག་ལ་རེག་གྲུ་བཞིར་སྦྲེལ། །དེ་ཕྱིར་ཆ་ཕྲན་གཅིག་དོར་བའི། །མུན་འཁོར་ཕ་གུའི་ནང་ཐིག་རེག །མུན་པའི་ལོགས་སུ་ཀ་བ་དང༌། །ཀ་རྒྱན་ཆ་ཕྲན་རེ་རེ་སྟེ། །ཡས་
མར་འདོད་བུའི་ཐིག་ལ་གཏུགས། །རྟ་བབས་ཆ་བཞིར་དང་པོ་ནི། །ཀ་རྒྱན་དང་མཉམ་ཕྱི་མ་གསུམ། །ཆ་ཕྲན་རེས་ཐུང་ཚངས་རྩེ་ཡི། །གྲུ་གསུམ་པད་ཆོས་གདུགས་ཀྱི་ས། །དབུས་དོར་མདའ་གཉིས་གཏབ་པ་ལ། །པད་རྒྱ་ཆོས་འཁོར་ཆ་གཉིས་གཉིས། །དེ་སྟེང་གདུགས་ལ་ཆ་ཕྲན་གཅིག །པདྨའི་གཡས་གཡོན་ཆ་ཕྲན་རེ། །དོར་བ་རི་དྭགས་རེ་རེ་བྲི། །གླང་རྒྱབ་སྣམ་གཉིས་ཕྱི་ཐིག་དང༌། །ཚངས་ཐིག་འཛོམས་སྟེང་ནས་བཟུང་སྟེ། །ཆ་གཉིས་དབུས་བསྐོར་སྣམ་དང་པོའི། །ཕྱི་ཐིག་ཚངས་འཛོམས་གཡས་གཡོན་དུ། །ཆ་ཕྲན་གཉིས་བརྒལ་ཆ་གཅིག་གིས། །བསྐོར་ལ་གཡས་གཡོན་རྭའི་བབ་ཚུལ། །ཚངས་ཕྱིར་གསུམ་དང་བུ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །པད་ཆོས་འོག་ཏུ་དབུས་ཀྱི་རྭ། །རྩ་རྒྱ་ཆ་ཆེན་རྩེ་མོ་ཕྱེད། །རྩ་ཐིག་ནང་དུ་ཆ་ཆེན་གཅིག །དོར་བར་ལྷ་སྣམ་གྲུ་བཞིར་གདབ། །དེ་དབུས་ཆ་ཆེན་གསུམ་པོ་ཡི། །དབུས་དང་ཕྱོགས་བཞིར་ཆ་ཆེན་རེའི། །ཟླུམ་པོར་བསྐོར་བ་ལྷའི་སྟེགས་བུ། །ཞེས་སོ། །དེ་ལྟ་བུའི་ལྷ་གནས་ཀྱི་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། ཕྱོགས་བཞིར་ཟླུམ་པོའི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། དེ་རྣམས་སྟེང་དུ་མཉྫིའི་ཁར་ས་ལྷའི་མཎྜལ་ཚོམ་བུ་བཅས་དང༌། གཞན་མཆོད་པ་དང་གཏོར་མ་ལ་སོགས་རས་བྲིས་ཀྱི་སྐབས་བཞིན་བཤམ། ནུབ་གསུམ་དུ་བྱེད་ན་འདི་ཡན་ཆད་ནུབ་དང་པོ་ས་ཆོག་སྟེ་སྤྱི་རྒྱུད་ཀྱི་དགོངས་པའོ། །གལ་ཏེ་ས་ཆོག་བྱས་མ་ཐག་སྟ་གོན་བྱེད་དགོས་པ་བྱུང་ན་གོང་ལྟར་བདག་བསྐྱེད་སྔོན་དུ་འགྲོ་བས་གཏོར་མ་དང་མཆོད་པ་བྱིན་རླབས་བྱ། ལས་ཐིག་ཚར་ནས་ལྷའི་ང་རྒྱལ་དྲན་ཙམ་བྱས་ནས་སྟ་གོན་ལ་འཇུག་ཀྱང་རུང༌། ཉིན་གཉིས་པ་སྟ་གོན་ལ་གཞན་ཐམས་ཅད་རས་བྲིས་ཀྱི་སྐབས་དང་འདྲ་བ་ལས། དབང་བསྐུར་དང་འབྲེལ་ན་སློབ་མ་སྟ་གོན་ཚར་བའི་རྗེས་དང༌།
སྒྲུབ་མཆོད་དཀྱུས་མ་ལ་གཏོར་མ་བཏང་ཚར་བའི་རྗེས་སུ། སློབ་དཔོན་གྱི་མདུན་དུ་གཞི་གཙང་མའི་སྟེང་དུ་རྡོ་རྗེའི་རྩེས་དབུས་སུ་ཚོན་དཀར་པོ་ལ་ར། ཤར་དུ་དམར་པོ་ལ་ཨཾ། ལྷོར་སེར་པོ་ལ་ཀཾ། ནུབ་ཏུ་ལྗང་གུ་ལ་ཝ། བྱང་དུ་ནག་པོ་ལ་ཧ་བྲི། སོ་སོའི་ཁ་དོག་དང་མཐུན་པའི་ཐིག་སྐུད་རྣམས་ཀྱང་བཞག མཆོད་པ་ལྔ་བཤམ། ཐིག་ཚོན་བསང་སྦྱངས་བྱས་ལ། སྟོང་པའི་ངང་ལས་ཐིག་ཚོན་སོ་སོ་ལ་བྲིས་པ་ལྟར་གྱི་ཡིག་འབྲུ་རྣམས་སུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཡིག་འབྲུ་རྣམས་ལ་ཐིམ་པས། ཐིག་ཚོན་དཀར་པོ་ར་ལས་ཆོས་དབྱིངས་ཡེ་ཤེས་དཀར་པོ། དམར་པོ་ཨཾ་ལས་རྒྱལ་བ་ཐུབ་དཀའ་དམར་པོ། སེར་པོ་ཀཾ་ལས་ཐུབ་པ་གསེར་འོད་སེར་པོ། ལྗང་གུ་ཝ་ལས་ཐུབ་པ་བྱང་ཆུབ་སྙིང་པོ་ལྗང་གུ། ནག་པོ་ཧ་ལས་ཕྱག་ན་རྡོ་རྗེ་ནག་པོ་རྣམས་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་ལ་རྣམ་པ་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ཕྱག་རྒྱ་སྣ་ཚོགས་ཀྱིས་བཞུགས་པར་བསམས་ཏེ། ཚོན་ལ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རྣམ་སྦྱོང་བ། །འདི་ནི་བདག་ཉིད་དེ་བཞིན་གཤེགས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་དང༌། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ ཨ་ས་མེ། པ་ར་མེ། ཨ་ཙ་ལེ། ག་ག་ནེ། སྥ་ར་ཎ། སརྦ་ཏྲ་ག་ཏེ་སྭཱ་ཧཱ། ཞེས་དང༌། ཨོཾ་ཙི་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་པས་ཚོན་དང༌། ལས་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཐིག་བྱིན་གྱིས་བརླབ། ཨོཾ་བཛྲ་པུཥྤེ་སོགས་ནས་ནི་ཝི་དྱ་ཨཱཿཧཱུྃ། ལྷ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་ཐིག་དང་ཚོན་དུ་གྱུར་པར་བསམས་ལ། གཡོན་པའི་མཐེབ་སྲིན་གྱིས་ཡི་གེ་རྣམས་བསུབ། ལས་སྔགས་བརྗོད་ཅིང་ཐིག་སྐུད་རྣམས་སོར་མོ་ལྔའི་སྟེང་དུ་རེ་རེ་ནས་བཞག་པ། དང་པོ་སོ་སོ་དང་དེ་ནས་ལྷན་ཅིག་བསྒྲིལ་ལ་རྡོ་རྗེ་ལ་དཀྲིས་ཏེ་དྲི་བཟང་གི་ཆུས་གཏོར། འདི་དག་ནི་རྗེ་རྡོ་རྗེ་འཆང་གི་བྱ་རྒྱུད་སྤྱི་རྣམ་དང༌། འཇམ་
དབྱངས་དཀོན་ལྷུན་གྱི་བྱ་སྤྱོད་སྤྱིའི་ཐིག་ཚོན་བྱིན་རླབས་ནས་བཤད་པ་བཞིན་བྲིས་པ་ཡིན་ཅིང༌། པཎ་ཆེན་གུ་གེ་པའི་འཇམ་དབྱངས་དཀར་པོ་ལྷ་ལྔའི་དཀྱིལ་ཆོག་ལས། བསང་སྦྱང༌། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་དང༌། ཚོན་སྤྱན་དྲངས་ཤིང་ཐིམ་པས་ཡེ་ཤེས་ཀྱི་རང་བཞིན་གྱི་ཐིག་ཚོན་དུ་གྱུར་པར་བསམས་ལ། གཙོ་བོའི་སྔགས་ཉེར་གཅིག་བརྗོད་ཅིང་མིག་གིས་བལྟས་པས། མང་པོར་སྦར་བར་བསྒོམ་མོ། །ཞེས་གསུངས་པས་དེ་ཙམ་གྱིས་ཀྱང་ཆོག་པར་མངོན། གང་ལྟར་ཡང་སྔར་རྗེས་ཆོག་མ་ཚར་ན་སྐབས་འདིར་བྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་འཛིན་པས་ལངས་ཏེ། ནམ་མཁར་རིག་གསུམ་གྱི་དཀྱིལ་འཁོར་མངོན་སུམ་བཞིན་དུ་བཞུགས་པར་བསམས་ལ། ཨོཾ་སརྦ་ཏ་ཐ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐུ་གསུང་ཐུགས་འཇམ་སོགས་ཀྱིས་བསྟོད། རང་གཙོ་བོ་དང༌། སློབ་མ་བདུད་རྩི་འཁྱིལ་པར་གྱུར་པའི་མོས་པས། སློབ་དཔོན་དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་པས། ཛཿཛཿཛཿ བརྗོད་ཅིང་སློབ་མ་ནུབ་ནས་ཤར་དུ་ཕྱོགས་པ་ལ་ཐིག་སྐུད་གཏད། དེས་ཀྱང་ཛཿཛཿཛཿབརྗོད་ཅིང་བླང༌། གཉིས་ཀས་ཐིག་སྐུད་ལྟེ་བའི་ཐད་དུ་བཟུང་སྟེ། སློབ་དཔོན་གྱིས། ནམ་མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདིར་ལགས་ན། །ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲས་ནི་སྐུལ་མ་འདེབས། །ཞེས་བརྗོད་ཅིང༌། ཐིག་སྐུད་ཀྱི་སྒྲ་ལས་ཀྱང་དེ་ལྟ་བུ་ཞིག་བྱུང་བར་བསམས་ལ། ཨོཾ་སཱུ་ཏྲཾ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད་ཅིང་ཐོག་མར་སྟེང་ནས་འོག་ཏུ་བཅུས་ཏེ་ནམ་མཁའ་ལ་གྱེན་དུ་གདབ། དེ་ནས་ལུས་སྨད་དེ་ས་གཞི་ལ་གདབ་བོ། །དེ་ནས་སློབ་དཔོན་གཡས་སྐོར་གྱིས་རྒྱབ་ནས་ཕྱིན་ཏེ་ལྷོར་འདུག དེ་བཞིན་དུ་སློབ་མའང་སོང་ནས་བྱང་དུ་འདུག་པས་ཚངས་ཐིག་གཉིས་པ་གདབ། ཡང་སློབ་དཔོན་གཡས་སྐོར་གྱིས་སོང་ནས་ཤར་ལྷོ་དང༌། དེ་བཞིན་དུ་སློབ་མ་བྱང་ཤར་དུ་སོང་ལ་ཤར་གྱི་ལོགས་ཐིག་གདབ། ཡང་སློབ་དཔོན་དེ་ཉིད་དུ་
གནས་པ་དང་སློབ་མ་ལྷོ་ནུབ་ཏུ་སོང་ལ་ལྷོའི་ལོགས་ཐིག་གདབ། ཡང་སློབ་དཔོན་གཡས་སྐོར་གྱིས་ནུབ་བྱང་དུ་འདུག སློབ་མ་སྔར་གྱི་དེར་གནས་པས་ནུབ་ཀྱི་ལོགས་ཐིག་གདབ། སློབ་དཔོན་དེ་ཉིད་དུ་འདུག་ལ་སློབ་མ་བྱང་ཤར་དུ་སོང་ལ་བྱང་གི་ལོགས་ཐིག་གདབ། སློབ་དཔོན་ཤར་ལྷོ་དང་སློབ་མ་ནུབ་བྱང་དུ་སོང་ལ་མཚམས་ཐིག་དང་པོ་གདབ། སློབ་དཔོན་ལྷོ་ནུབ་དང་སློབ་མ་བྱང་ཤར་དུ་རྒྱབ་འགྲོས་སྤངས་ཏེ་སོང་ལ་མཚམས་ཐིག་གཉིས་པ་གདབ། དེ་ཡང༌། ཤར་ནུབ་ལྷོ་བྱང་མེ་དབང་ལྡན། །མེ་སྲིན་རླུང་སྲིན་རླུང་དབང་ལྡན། །མེ་རླུང་སྲིན་དབང་གཉིས་སྡེབས་ཀྱི། །སྔ་མ་སློབ་དཔོན་འདུག་ས་ཡིན། །འགྲོ་ཚེ་རྒྱབ་ནས་གཡས་སྐོར་དུ། །ཕྱིན་པས་ཐིག་རྗེས་གཡས་སྐོར་འབྱུང༌། །ཞེས་པ་ལྟར་བཏབ་པས་དཀྱིལ་འཁོར་དུ་ལམ་གྱིས་བྱུང་བར་བསམས་ལ། སློབ་དཔོན་ཤར་དང་སློབ་མ་ནུབ་ཏུ་གནས་པས་ཐིག་སྐུད་བསྡུ། བཏབ་ཟིན་པ་ན་སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ཏུ་སོང་ལ། གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ཨོཾ་བཛྲ་བི་གཱ་ཀྲ་མ་ཧོཿ ཞེས་པས་ཡེ་ཐིག་ནམ་མཁའ་ལ་བཏེགས་པའི་འོག་ནས་འཛུལ་བར་བསམས་ལ། དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །ཞེས་སོགས་ཀྱི་ཚིགས་བཅད་དང༌། ཙི་ཏྲ་ས་མ་ཡ་སོགས་བརྗོད་ཅིང༌། གཡོན་པའི་ཁུ་ཚུར་གྱིས་དང་པོར་དབང་ལྡན་གྱི་རྩིག་པ་ནང་ནས་རིམ་པས་བྲི། དེ་ནས་དབུས་ནས་ཅི་བདེ་བར་བྲི་སྟེ། ཚོན་ཐོ་བ་ནི། ལྷ་སྣམ་དང་ནང་གི་ལྷའི་སྟེགས་བུ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང༌། དབུས་སེར། དེའི་དབུས་དང་ཕྱོགས་གཞན་དུ་ཟླ་གདན། བྱང་དུ་ཉི་གདན། དེ་རྣམས་ཀྱི་སྟེང་དུ་ལྷ་སོ་སོའི་སྐུ་མདོག་དང་མཐུན་པའི་ཚོན་སྤུངས་སམ། ཕྱག་མཚན་སོ་སོའི་མདོག་ཅན། གླེགས་བམ་དངོས་སམ་ཚོན་ཕུང་སེར་པོ་རེ་དགོད། རྩིག་པ་ནང་ནས་རིམ་བཞིན་སེར། དཀར། སྔོ། འདོད་སྣམ་དམར། ཕ་གུ་སེར། དྲྭ་བའི་གཞི་སྔོ། དྲྭ་བ་དཀར། མདའ་ཡབ་ཁྲ་བོ། པུ་ཤུ་དཀར། དེའི་ཕྱི་ཐིག་སྔོ་སྐྱ། མུན་པ་དང་གླང་རྒྱབ་ནག ཀ་བ་དང༌།
ཀ་རྒྱན་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང༌། རྟ་བབས་བཞི་དམར། སྔོ། ལྗང༌། སེར། དེ་སྟེང་པདྨ། ཆོས་འཁོར། གདུགས་སོགས་ཅི་མཛེས། ཉི་དཀྱིལ་ལྗང༌། པདྨ་སྣ་ཚོགས་ཀྱི་ཕྱི་དམར་སྐྱ། རྡོ་རྭའི་གཞི་ནག རྡོ་རྗེ་དཀར། མེ་རི་སྣ་ཚོགས་སོ། །བྲིས་ཚར་ནས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿས་ཡེ་ཤེས་ཀྱི་ཐིག་ཕབ་ནས། ཛཿཧཱུྃ་བཾ་ཧོཿས་ལས་ཐིག་དཀྱིལ་འཁོར་དང་བཅས་པ་ལ་བསྲེ། ཚོན་ལྷག་དང་ཐིག་ལ་ཉེར་སྤྱོད་ལྔས་མཆོད་དེ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། དཀྱིལ་འཁོར་གྱི་མཐའ་མར་དྲི་བཟང་པོའི་ལྡེ་གུས་ལེགས་པར་བྱུག མཆོད་གཏོར་སོགས་སྟ་གོན་བཞིན་བཤམ། རྒྱན་དགྲམ། སློབ་དཔོན་གྱིས་རྣམ་རྒྱལ་དང༌། སློབ་མས་ལས་བུམ་ཐོགས་ལ་སོ་སོའི་སྔགས་བརྗོད་ཅིང་རོལ་མོ་དང་བཅས་པས་བསྐོར་བ་ལན་གསུམ་བྱས་ལ། ཤར་ནས་ལྷ་གསུམ་གྱི་སྔགས་ཀྱི་མཐར། ཁྱེད་རྣམས་ཀྱིས་བདག་དང་རྡོ་རྗེ་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། ཞེས་སམ། སྒྲུབ་མཆོད་དཀྱུས་མ་ལ། བདག་ཅག་རྣམས་ལ་ཞེས་བསྒྱུར་བ་བརྗོད་ཅིང་ལྷ་གནས་རྣམས་སུ་འབུལ་ཚུལ་བྱས་ལ་དེ་རྣམས་དང༌། འཇུག་སྒོའི་བུམ་པ་བཅས་ཤར་དུ་བཞག ལས་བུམ་ལ་ཨ་མྲི་ཏའི་མཐར། བདག་དང་རྡོ་རྗེ་སློབ་མ་རྣམས་ཀྱི་བར་ཆད་ཐམས་ཅད་བསྲུང་དུ་གསོལ། ཞེས་སམ། བདག་ཅག་རྣམས་ཀྱི་ཞེས་བསྒྱུར་བ་བརྗོད་ཅིང་དབང་ལྡན་དུ་བཞག་པ་ནི་ནུབ་གཉིས་པ་སྟ་གོན་ནོ། །གསུམ་པ་དངོས་གཞི་ལ་ཆོ་ག་ཐམས་ཅད་རས་བྲིས་དང་འདྲ་ཞིང་ཞག་མང་པོ་སྦྲེལ་ཏེ་བྱེད་ན། ཉིན་སྔ་མ་རྣམས་ལ་རྗེས་ཆོག་གི་རྡུལ་ཚོན་གྱི་ལྷ་ལ་བརྟན་བཞུགས་དང༌། གཤེགས་གསོལ་གྱི་ཉིན་བརྟན་བཞུགས་ཀྱི་ཚབ་ཏུ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་སོགས་དང༌། བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། གནས་གསུམ་བསྲུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་
པ་ཉིད་དུ་དྲན་པའི་སྒོ་ནས། ཨ་ཀཱ་རོའི་སྔགས་བརྗོད་ཅིང་རྡོ་རྗེའི་རྩེས་དབང་ལྡན་གྱི་རྩིག་པ་ནས་རིམ་པར་བསུབས་ལ། རྡུལ་ཚོན་མཐའ་ནས་དབུས་སུ་བསྡུས་ཏེ་ཟ་མ་ཏོག་ལ་སོགས་པར་སྤྱན་དྲང༌། དྲི་བཟང་གི་ཆུས་ཐིག་རྗེས་མི་མངོན་པར་བྱ། ཏིང་ངེ་འཛིན་གྱི་ཕུར་བུ་བཏབ་པ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ན་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་ཅིང་བཏོན་པར་བསམ། བཀྲ་ཤིས་དང་རོལ་མོའི་སྒྲ་སྣ་ཚོགས་བྱ་ཞིང་ཕྱོགས་ཀུན་ཏུ་མེ་ཏོག་སིལ་མས་གཏོར་ཏེ་དཀར་གསུམ་གྱི་དགའ་སྟོན་རྒྱ་ཆེན་པོ་དང་བསྔོ་བ་སྨོན་ལམ་ལ་སོགས་པ་བྱའོ། །ས་ཆོག་དང་ཐིག་ཚོན་གྱི་བྱ་བ་འདི་རྣམས་རང་རང་གི་སྒོས་ཆོས་ཕྲ་མོ་བསྒྱུར་བ་ཙམ་མ་གཏོགས་བྱ་སྤྱོད་ཀྱི་དཀྱིལ་འཁོར་གང་ལའང་སྦྱར་དུ་རུང་ངོ༌། །དེ་རྣམས་ཀྱིས་རྡུལ་ཚོན་ལ་བརྟེན་པའི་ཁྱད་ཆོས་རྣམས་བཤད་ཟིན་ཏོ།། །།དེ་ལྟར་རིགས་གསུམ་སྤྱིའི་དཀྱིལ་འཁོར་གྱི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་འདི་ནི། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་འཚོ་བ། དགེ་སློང་ག་ག་ན་ཤྲཱི་བྷ་དྲས་བྱ་སྤྱོད་ཀྱི་སྲོལ་འཛིན་ཆེན་པོ་ཁ་ཆེ་ཡེ་ཤེས་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་གཞུང་ལ་གཏུགས་ཤིང༌། བླ་མ་མཁས་པའི་ཕྱག་ལེན་གྱིས་ཀྱང་བརྒྱན་ཏེ། ཤིང་མོ་ལུག་ལོ་དབྱར་ཟླ་ར་བའི་ཚེས་ལྔའི་ཉིན་དཔལ་ཨེ་ཝྃ་ཆོས་ལྡན་གྱི་དབེན་གནས་ཐར་པ་རྩེར་སྦྱར་བའོ།།«་་་་་ཞེས་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་རིགས་གསུམ་སྤྱིའི་དཀྱིལ་འཁོར་གྱི་ཆོ་ག་འདི་ཉིད། ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་སོགས་ཁོངས་རྣམས་སུ་དཀྱུས་སུ་བཅུག ཞར་བྱུང་རྡུལ་ཚོན་གྱི་ཁྱད་ཆོས་སོགས་གསལ་བྱེད་ཕྲན་བུའི་ཞལ་སྐོང་དང་བཅས་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་རོལ་པའི་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།
༈ །རིགས་གསུམ་སྤྱིའི་བསྙེན་ཐབས་གཞན་ཕན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཏྲི་ཀུ་ལ་ནཱ་ཐཱ་ཡ། རིགས་གསུམ་སྤྱིའི་བསྙེན་པ་བྱ་བའི་ཚུལ་ལ། བྱ་སྤྱོད་ཀྱི་རྒྱུད་སྡེ་སོ་སོའི་རང་ལུགས་ལྟར་བསྙེན་པ་སོགས་བྱ་བའི་ཚུལ་ནི་རྒྱུད་སྡེ་སྤྱིའི་རྣམ་གཞག་དང༌། བསྙེན་ཡིག་སྤྱིར་བཏང་རྣམས་ལས་ཤེས་པར་འགྱུར་ལ། འདིར་ད་ལྟར་གྱི་ཕྱག་གཞེས་དཀྱུས་མ་ལྟར་བསྙེན་པ་ལས་རུང་ཙམ་གཏོང་བར་འདོད་པས་ལག་ཏུ་ལེན་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འདི་ཉིད་ཀྱི་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་རྒྱུད་ལེགས་པར་འབྱོངས་ཤིང༌། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འགྲུབ་པར་འདོད་པས། བཀྲ་ཤིས་ཤིང་དབེན་ལ་ཉམས་དགའ་བའི་གནས་སུ། རང་དབང་འདུས་ངེས་པའི་བསམ་གཏན་གྱི་ཁང་བུར་ཕྱག་དར་བྱ། དྲི་བཟང་པོའི་ཆུས་ཆག་ཆག་གདབ་ཅིང་སྤོས་ཀྱིས་བདུག ཤ་ཆང་སྒོག་བཙོང་སོགས་སྤངས་ནས་དཀར་གསུམ་གཙོ་བོར་གྱུར་པའི་ཁ་ཟས་དང༌། བྱུང་ན་པགས་པ་ཅན་དང་མ་འབྲེལ་བའི་གོས་སོགས་དང་མཚམས་གཡོག་རྣམས་ལྷུས་ཐིང་བར་བྱས། གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམ་པའི་ཚེ་མཚམས་ཀྱི་བཅད་རྒྱ་བྱ། འབྱོར་ན་རིགས་གསུམ་སྤྱིའི་སྐུ་བྲིས་འབུར་དང་དཀོན་མཆོག་གི་རྟེན་ཅི་འབྱོར་བཤམས་པའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་མཆོད་པ་དང༌། གཏོར་མ་དཀར་པོ་ཟླུམ་པོ་བཞི་བཤམས་པའི་དང་པོ་གཟུངས་གཏོར་ཏེ་ཡི་དམ་གྱི་ལྷ་ལ་འབུལ་རྒྱུ་ཡིན། གཉིས་པ་ཆོས་སྐྱོང་ནག་པོ་ཆེན་པོ་འཁོར་བཅས་ལ། གསུམ་པ་དང༌། བཞི་པ་ཕྱོགས་སྐྱོང་དང་འབྱུང་པོ། བགེགས་གཏོར་ཉིན་རེ་བཞིན་འདོར་རྒྱུ་བྱེད། སྒྲུབ་པ་པོ་རང་ཉིད་སྟན་ནང་ཚངས་ཅན། བྱུང་ན་འོག་ཏུ་ཤིང་ཁྲི་དང་བཅས་པ། ཤིང་ཁྲི་ཡོད་ན་འོག་ཏུ་རྡུལ་ཚོན་གྱིས་རྡོ་རྗེ་རྒྱ་གྲམ་བྲི། མེད་ན་གཡམ་པ་སོགས་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་གདན་གྱི་འོག་ཏུ་བཞག ཁ་བལྟ་ཕྱོགས་བྱུང་
ན་ཤར་དུ་བྱ། ཡེ་མ་བྱུང་ན་ཁྱིམ་གྱི་མདོ་ཕུག་དང་བསྟུན། ཐོག་མ་ཉིད་དུ་རྩ་བའི་བླ་མ་སོགས་རྩ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་དྲག་ཏུ་བཏབ། ཆ་གསུམ་ཡིད་ཆེས་ངོ་ཤེས་པ་ཡན་གསུམ་ལ་སོགས་པ་བཏང༌། སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་ལ་མཚམས་དམ་དུ་བཅད། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་སྤྱི་ལྟར་བླང་ངོ༌། །གཉིས་པ་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ས་ཕྱོགས་དང་གནས་ཁང་ཐམས་ཅད་དག་པའི་ཞིང་གི་བཀོད་པ་ཚད་མེད་པར་གསལ་བའི་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། བདག་དང་འགྲོ་བ་ཞེས་སོགས་སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་གྱི་ངག་འདོན་རྣམས་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་དཀྱིལ་ཆོག་གི་དབུ་ནས་འབྱུང་བ་ལྟར་བྱ། བཟླས་པ་ཐོག་མར་འཇམ་དབྱངས་ཀྱི་སྔགས་གཙོ་བོར་བཟླ། ཐུན་མཇུག་རྣམས་སུ་འཁོར་གཉིས་ཀྱི་སྔགས་ཀྱང་ཅུང་ཟད་རེ་བཟླས་རྗེས། མདུན་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་ནས་བཟུང༌། རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་གྱུར། ཅེས་བརྗོད་ཅིང་བསམ་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་ལྟར་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རིགས་གསུམ་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང༌། བརྒྱུད་པའི་གསོལ་འདེབས་དང་ལམ་རིམ་གྱི་སྨོན་ལམ་འབྲེལ་མཚུངས་སུ་བྱ་བར་སྤྲོ་ནའང་འདིར་བྱ་བ་ཕྱག་ལེན་དུ་འབྱུང་བས། ཁྱབ་བདག་རྡོ་རྗེ་འཆང་དང་གསང་བའི་བདག །ཨིནྡྲ་བྷཱུ་ཏི་གྲུབ་བརྙེས་འཆི་མེད་ཞབས། །འཕགས་པ་ཀླུ་སྒྲུབ་ཀླུ་ཡི་བྱང་ཆུབ་དང༌། །ཡེ་ཤེས་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །གྲགས་འབྱོར་ཤེས་རབ་བླ་ཆེན་ས་སྐྱ་པ། །རྗེ་བཙུན་གྲགས་པ་ས་སྐྱ་པཎྜི་ཏ། །ཤཱཀྱ་གྲགས་དང་དེ་དཔོན་ཀུན་དགའ་དཔལ། །
དར་མ་ཡེ་ཤེས་རྣམས་ལ༴ །བག་སྟོན་ཆེ་དང་ཚུལ་ཁྲིམས་རྒྱལ་མཚན་ཞབས། །ངག་གི་དབང་པོ་བྱང་ཆུབ་སེང་གེ་དང༌། །གཞོན་ནུ་བློ་གྲོས་ངོར་ཆེན་རྡོ་རྗེ་འཆང༌། །ཀུན་དགའ་དབང་ཕྱུག༴ །རཏྣ་ཝརྡྷ་ལྷ་མཆོག་སེང་གེ་དང༌། །སངས་རྒྱས་སེང་གེ་པཎ་ཆེན་བྲང་ཏི་པ། །སྒྲུབ་ཁང་པ་དང་ཤེས་རབ་འབྱུང་གནས་ཞབས། །ལྷུན་གྲུབ་དཔལ་ལྡན༴ །སངས་རྒྱས་ཕུན་ཚོགས་བསྟན་འཛིན་ལྷུན་གྲུབ་དང༌། །ནམ་མཁའ་བསམ་འགྲུབ་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་དཔལ། །རྩ་བའི་བླ་མ༴ །སྔོན་འགྲོ་རིམ་པས་རང་རྒྱུད་ལེགས་སྦྱངས་ནས། །བདག་མདུན་གྲོགས་པོ་ལྟ་བུའི་རྣལ་འབྱོར་དང༌། །སྐྱོན་བརྒྱད་སྤངས་པའི་བཟླས་བརྗོད་ལ་འབད་པས། །གྲུབ་གཉིས་ཀུན་དགའ་གསར་པ་མྱོང་བར་ཤོག །བསྙེན་སོགས་རྣམ་པར་དག་བྱས་འགྲོ་ཀུན་ལ། །དམིགས་མེད་སྙིང་རྗེས་ཀུན་བསླངས་དཀྱིལ་འཁོར་ཆེར། །འཇུག་ཅིང་སྐལ་བ་དང་མཚམས་ཆོས་བསྟན་པས། །འབྲེལ་ཚད་དོན་ལྡན་འཇམ་དབྱངས་རྗེས་འགྲོར་ཤོག །འཁོར་འདས་ཤེས་བྱ་རྟོགས་པའི་བློ་གྲོས་དང༌། །ལུས་ཅན་སྲིད་ལས་གདོན་པའི་སྙིང་སྟོབས་དང༌། །ཚར་བཅད་རྗེས་སུ་འཛིན་པའི་མཐུ་སྟོབས་སོགས། །རིགས་གསུམ་ཡོན་ཏན་རྒྱ་མཚོ་ཐོབ་པར་ཤོག །ཅེས་དང༌། གཞན་ཡང་བསྔོ་སྨོན་གང་ཤེས་བྱས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག ཐུན་བཞིའམ་གསུམ་གང་མོས་བྱ། ཐུན་གྱི་བསྒང་ལ་ངག་བཅད་དང༌། ཇ་ལྟ་བུ་མ་གཏོགས་ཁ་ཟས་རགས་པ་མི་ཟ། ཆབ་ལེན་སོགས་གཙང་སྦྲ་དང༌། བདག་མདུན་གྱི་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་འཛིན། འོད་ཟེར་སྤྲོ་བསྡུ་སོགས་དམིགས་པ་གོ་མ་འགགས་པ་ལ་བསླབ་པས་མཚོན་སེམས་གཞན་དུ་མ་ཡེངས་པ་དང༌། གཉིད་རྨུག་སོགས་ཀྱི་དབང་དུ་མི་བཏང་བར་བཟླས་བརྗོད་ཀྱི་སྐྱོན་རྣམས་སྤངས་ལ་བཟླ། དགེ་སྦྱོར་ཆག་མེད་གཞན་གང་དགོས་རྣམས་ཐུན་མཚམས་རྣམས་སུ་བྱ། སྔ་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་བ་ཕྱག་ལེན་དུ་མཛད་པས། ཐུན་མགོར་མཆོད་པ་དང་གཏོར་མ་
ཞལ་གསོས་ལ་ཆབ་ཀྱིས་བྲན། མཆོད་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་སོགས་ནས། དྷརྨཱ་ར་ཎི་ཏ་ལན་གསུམ་རོལ་མོ་དང་བཅས་པས་བྱིན་དབབ་པའི་བར་དཀྱིལ་ཆོག་གི་དབུ་ནས་འབྱུང་བ་ལྟར་བྱ། སྐྱབས་འགྲོ་ནས་བཟུང༌། རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་གྱུར་ཅེས་པའི་བར་དཀྱུས་ལྟར་ལ། གཏོར་མ་ཆུ་གཙང་གིས་བྲན། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། ཨ་ཀཱ་རོ་ཕྱག་རྒྱ་བཅས་པས་བརླབ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་རིགས་གསུམ་གྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛ། ཞེས་པས་གཏོར་མགྲོན་སྤྱན་དྲང༌། དེ་རྣམས་ཀྱི་ཞལ་ལས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཨ་ར་པ་ཙ་ན་དྷཱིཿསོགས་སྔགས་གསུམ་སྦྲེལ་བའི་མཐར། ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་ས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐུ་གསུང་ཐུགས་འཇམ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་དང་སོགས་ཀྱིས་འདོད་དོན་གསོལ། གཏོར་མ་གཉིས་པ་སྒོས་ཀྱི་ཆོས་སྐྱོང་དང༌། ལྷག་མ་རྣམས་ཆ་གསུམ་གྱི་ཆོ་གས་བཏང་བའི་ཚུལ་དཀྱིལ་འཁོར་ལྟར་བྱ། བགེགས་གཏོར་ཕྱིར་དོར་ཚར་ནས། མདུན་གྱི་གཏོར་མགྲོན་ཡི་དམ་དང་ཆོས་སྐྱོང་ལ་དམིགས་ཏེ། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྟན་བཞུགས་བྱ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཨོཾ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱིས་སེ་གོལ་གཏོག་པ་དང་བཅས་གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དགེ་བ་འདི་ཡིས་སོགས་
བསྔོ་སྨོན་བརྒྱུད་འདེབས་གོང་ལྟར་བྱའོ། །གསུམ་པ་ནི། དེ་ལྟ་བུའི་རིམ་པས་གྲངས་བསྙེན་གཙོ་བོ་ལ་འབྲུ་འབུམ་སྟེ་འབུམ་ཕྲག་བདུན་ཁ་སྐོང་དང་བཅས་པ་དང༌། འཁོར་གཉིས་ལ་དེའི་བཅུ་ཆ་སྟེ་ཁྲི་ཕྲག་བདུན་ཁ་སྐོང་དང་བཅས་པ་ལེགས་པར་གྲུབ་ནས། སྔགས་ཀྱི་ལྷག་ཆད་ཁ་སྐོང་བ་དང༌། ནུས་པ་དབྱུང་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱ་སྤྱོད་སྤྱིའི་ལུགས་ཀྱི་ཆོ་གས་ཁོག་ཕུབས་ཏེ་ཁྱད་ཆོས་རྣམས་མ་འཁྲུལ་པར་སྦྱར་བས་སྔགས་ཀྱི་བཅུ་ཆ་འབུལ། དེ་ནས་མཚམས་ཁད་ཀྱིས་གྲོལ་བ་དང༌། རྒྱུན་དུའང་སྒོམ་བཟླས་མ་ཆག་པར་བརྩོན་པ་སོགས་ཀྱིས་མཚོན་མཚམས་ཀྱི་སྤང་བླང་ཐམས་ཅད་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང༌། སྤྱིར་བྱ་སྤྱོད་ཀྱི་རྒྱུད་ལས་སྔགས་ཀྱི་དངོས་གྲུབ་རབ་རིག་པ་འཛིན་པའི་གོ་འཕང་ལ་བརྟེན་ནས་བྱང་ཆུབ་ཆེན་པོ་འགྲུབ་པ་དང༌། འབྲིང་གྲུབ་པ་ཆེན་པོ། ཐ་མ་ཞི་སོགས་དམན་པའི་ལས་རབ་འབྱམས་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ཀྱང་བཟླས་བརྗོད་དང༌། སྦྱིན་སྲེག་ཁོ་ནས་གྲུབ་པའི་ཚུལ་ལེགས་པར་གྲུབ་པའི་རྒྱུད་ལས། རབ་འབྲིང་ཐ་མ་རེ་རེ་ལའང༌། །དངོས་གྲུབ་རྣམ་པ་གསུམ་དབྱེ་བ། །གསང་སྔགས་རྣམས་ཀྱི་མཐུར་ཤེས་ནས། །དངོས་གྲུབ་ཕྱིར་ནི་བསྙེན་པ་བརྩམ། །ཞེས་དང༌། ཆོ་ག་འདི་དག་བྱས་པ་ཡིས། །ལྷ་རྣམས་ཡོངས་སུ་དགྱེས་པར་འགྱུར། །དགྱེས་པར་གྱུར་ནས་དངོས་གྲུབ་ནི། །ཆེན་པོ་མྱུར་དུ་སྩོལ་བར་མཛད། །ཅེས་དང༌། གཞན་ཡང་བཟླས་བརྗོད་ཀྱིས་སྡིག་སྒྲིབ་ཐམས་ཅད་ཟད་ནས་སེམས་དྭང་བའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་ཅིང༌། དེ་ལས་འཇིག་རྟེན་དང་འཇིག་རྟེན་འདས་པའི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་བ་ཡིན་ཏེ། དཔུང་བཟང་གིས་ཞུས་པ་ལས། ཚེ་རབས་གཞན་དུ་གང་དང་གང་བྱས་པའི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱུང༌། །བཟླས་པས་སྡིག་པ་མ་ལུས་བྱང་བྱས་ནས། །དྭང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། བྱེ་བྲག་ཏུ་བཅོམ་ལྡན་འདས་རིགས་གསུམ་མགོན་པོ་ནི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་
རང་གཟུགས་སུ་གྲུབ་པས་གང་གིས་བསྙེན་པ་རྣམས་ལ་ཐམས་ཅད་མཁྱེན་པའི་ལམ་གྱི་སྙིང་པོ་སྟོང་ཉིད་རྟོགས་པའི་ཤེས་རབ། དམིགས་པ་མེད་པའི་སྙིང་རྗེ། བདུད་དང་བདུད་ཀྱི་རིས་ཀྱིས་མི་བརྫི་བའི་མཐུ་ཆེན་པོ་ཐོབ་པས་མཐར་ཐུག་བྱང་ཆུབ་མཆོག་གི་གོ་འཕང་ལ་མྱུར་དུ་རེག་པ་དང༌། བྱ་བའི་རྒྱུད་སོགས་ལས་ལྷག་པའི་ལྷའི་རིགས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དང༌། པདྨ་དང༌། རྡོ་རྗེའི་རིགས་གསུམ་དུ་འདུ་ཞིང༌། དེ་རྣམས་ཀྱི་རིགས་ཀྱི་བདག་པོའང་འཇམ་དཔལ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་གསུམ་དུ་ངེས་པས། འདིའི་བསྙེན་པ་རྫོགས་པས་རིགས་ཐམས་ཅད་ཀྱི་བསྙེན་པ་ལས་སུ་རུང་ཞིང་དངོས་གྲུབ་བསྒྲུབ་པ་ལ་དབང་བས་མཚོན་དགོས་པ་བསམ་གྱིས་མི་ཁྱབ་པ་དང༌། བྱེ་བྲག་འཇམ་དཔལ་རྩ་བའི་རྒྱུད་དང༌། སྤྱན་རས་གཟིགས་ཡི་གེ་དྲུག་པའི་གཟུངས། ཕྱག་རྡོར་དབང་བསྐུར་གྱི་རྒྱུད་སོགས་སྔགས་རྒྱུད་རབ་འབྱམས་དང༌། མདོ་སྡེ་རིན་པོ་ཆེ་རྣམས་ནས་འཕགས་པ་འདི་རྣམས་ཀྱི་མཚན་གཟུང་བ་དང༌། དྲན་པ་ཙམ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་བསྔགས་པའི་ཕྱིར། བསྙེན་སོགས་དག་པར་བགྱིས་པ་ལས་ཇི་སྐད་གསུངས་པའི་དངོས་གྲུབ་མཐའ་དག་འགྲུབ་པར་སྨོས་ཅི་དགོས་པས་ན། བློ་གྲོས་དང་ལྡན་པ་རྣམས་ཀྱིས་རིགས་གསུམ་སེམས་དཔའི་མདོ་རྒྱུད་རྣམས་ལེགས་པར་མཇལ་ཞིང་དད་པའི་མིག་བསྒྲུབས་ཏེ་སྒོམ་བཟླས་ཟབ་མོའི་དུས་དང་རྒྱུན་གྱི་རྣལ་འབྱོར་ལ་གཅིག་ཏུ་བརྩོན་པར་བྱའོ། །ཞེས་པའང་མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་གསུང་རབ་ལ་གཞི་བྱས་ཏེ་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་སྟོབས་བཅུ་མངའ་བའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །རིགས་གསུམ་བདག་པོའི་དཀྱིལ་ཆོག་ཡན་ལག་བཅས། །གཏེར་ཆེན་བླ་མས་མཁོ་རྒུའི་ཡོན་སྦྱར་ཏེ། །རྣམ་དཀར་ཕྱི་མོར་བསྐྲུན་པའི་ལེགས་བྱས་ཀྱིས། །བསྟན་འགྲོ་ཕན་བདེ་མཆོག་ཏུ་རྒྱས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་དང་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས་གསུངས་པའི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས།
འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་དང་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས་གསུངས་པའི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་བཞུགས།།
དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་ལས་ཀྱི་ཆོ་གའི་ལེའུ་ལས་རས་རིས་ཀྱི་ཆོ་ག་བདུན་པ་ཡོད་དེ། གང་གིས་དུས་ཀྱི་མཐའ་མ་དེ་ལ་བསྒྲུབ་པར་གྱུར་ན་དེ་ལ་དོན་ཡོད་པར་འགྲུབ་པར་འགྱུར་ཏེ། འབྲས་བུ་དང་བཅས་པ་བདེ་བ་འབྱུང་བ། བདེ་བར་རྣམ་པར་སྨིན་པ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ། ངན་སོང་ཐམས་ཅད་ལས་ཟློག་པར་བྱེད་པ། ངེས་པར་བྱང་ཆུབ་ལ་གཞོལ་བར་བྱེད་པ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོ་གསུངས་པ་ནི། ཡི་གེ་དྲུག་པ་འགྲོ་བ་དྲུག་ལས་གྲོལ་བར་བྱེད་པའི་བདག་ཉིད་བསམ་གྱིས་མི་ཁྱབ་པ། མི་མཉམ་པ། ཟླ་མེད་པ། རྫུ་འཕྲུལ་ཆེ་བ། སྲིད་པའི་རྒྱ་མཚོ་ཐམས་ཅད་དང་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པ། འབྱུང་པོ་ཐམས་ཅད་ཀྱིས་བཟོད་པར་དཀའ་བ། འཇིག་རྟེན་ཐམས་ཅད་ཀྱིས་མ་གོས་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཐུབ་པ། སྲིད་པའི་ལས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱེད་པ། མ་རུངས་པ་
ཐམས་ཅད་ཟློག་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བར་མཛད་པ། ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་པ། འཇམ་དཔལ་གྱི་བསྟན་པ་ལ་སྔགས་ཐམས་ཅད་ཀྱི་མཆོག་དེ་གང་ཞེ་ན། ཨོཾ་ཝཱ་ཀྱེ་དྃ་ན་མཿ འདིའི་ཆོ་གར་འགྱུར་བ་ནི། ཚོད་རྔད་དམ། ནས་ཆན་ཁྱོར་གང་ངམ། སློང་མོའི་ཟས་ཀྱིས་འཚོ་ལ། དུས་གསུམ་དུ་ཁྲུས་བྱེད་ཅིང་གོས་ལན་གསུམ་བརྗེ་བས་ཡི་གེ་འབུམ་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །ཁ་ཚར་གྱི་རྩེ་མོ་མ་བཅད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་བྱས་པས། ཚོན་མ་འདྲེས་པ་དག་གིས་འཕགས་པ་འཇམ་དཔལ་པདྨའི་གདན་ལ་ཆོས་འཆད་ཅིང་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཞོན་ནུའི་གཟུགས་སུ་འདུག་པ་བླ་གོས་ཕྲག་པར་གཟར་བ་འབྲིར་གཞུག་པར་བྱའོ། །གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་ན་པདྨ་བསྣམས་པ། གཡས་སུ་ནི་འཕགས་པ་ཀུན་ཏུ་བཟང་པོ། སྟེང་དུ་ནི་རིག་པ་འཛིན་པ་གཉིས་ཕྲེང་བ་ཐོག་ཤིང་སྤྲིན་གྱི་ནང་ནས་བྱུང་བ་བྲི་བར་བྱའོ། །འོག་ཏུ་ནི་སྒྲུབ་པ་པོ་ལག་ན་སྤོས་སྣོད་ཐོགས་པའོ། །ཁོར་ཡུག་ཏུ་ནི་རིའི་རྩེ་མོའི་འོག་ཏུ་པདྨའི་མཚོ་འབྲིར་གཞུག་པར་བྱའོ། །སྐུ་གདུང་
དང་བཅས་པའི་མཆོད་རྟེན་དང་རས་རིས་ནུབ་ཏུ་བསྟན་ཏེ། རབ་ཏུ་བཞག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མར་གྱི་མར་མེ་ཡང་རབ་ཏུ་སྦར་ཞིང་སྣ་མའི་མེ་ཏོག་ལ་རེ་རེ་ལའང་མངོན་པར་བཟླས་ནས་མེ་ཏོག་སྟོང་རྩ་བརྒྱད་འཇམ་དཔལ་གྱི་ཞལ་ལ་གཏོར་རོ། །དེ་ནས་ཟབ་པ་ཆེན་པོའི་ཡི་གེ་ཧཱུྃ་གི་སྒྲ་ཐོས་པའམ་རས་རིས་རབ་ཏུ་འགུལ་བར་འགྱུར་རོ། །ཡི་གེ་ཧཱུྃ་གི་སྒྲས་ནི་ས་ཀུན་ལ་དབང་བའི་རྒྱལ་པོར་འགྱུར་རོ། །རས་རིས་འགུལ་བས་ནི་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པ་དང༌། འཇིག་རྟེན་པ་ཐམས་ཅད་ཀྱི་བསྟན་བཅོས་ཤེས་པར་འགྱུར་རོ། །ཅི་སྟེ་མ་གྲུབ་ཀྱང་ལས་ཐམས་ཅད་ལ་ནུས་པ་དང་ལྡན་པར་འགྱུར་རོ། །འདི་ནི་ཆོ་ག་དང་པོའོ། །ཨ་ཀ་རུའི་ཡམ་ཤིང་སོར་ཕྱེད་དང་གཉིས་ཀྱི་ཚད་ལ། ཏུ་རུཥྐའི་ཐང་ཆུས་སིལ་ཧ་རས་བཏགས་པས་སིང་ལྡེང་གི་མདག་མེ་དུ་བ་མེད་པ་ལ་མཚན་ཐོག་ཐག་ཏུ་སྦྱིན་སྲེག་བྱས་ན། སྐྱ་རེངས་འཆར་བ་ཙམ་ན་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་ཞིང༌། དེས་ཅི་འདོད་པའི་མཆོག་སྩོལ་བར་འགྱུར་ཏེ། འདོད་པ་དབང་དུ་བྱ་བ་ནི་མ་གཏོགས་སོ། །དེ་ཉིད་ཀྱིས་རས་རིས་ཀྱི་མངོན་དུ་ཙནྡན་གྱི་སྤོས་ཀྱིས་རྒྱུན་ཆད་པ་མེད་པར་མཚན་ཐོག་ཐག་ཏུ་བདུགས་ཏེ། བཟླས་པ་བྱས་ན་དེའི་འོག་ཏུ་འཕགས་པ་འཇམ་དཔལ་མངོན་སུམ་དུ་གཤེགས་ཏེ་ཟབ་མོའི་ཆོས་སྟོན་པ་དེ་ལ་མོས་པར་འགྱུར་རོ། །མོས་ནས་ཀྱང་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར། དབང་ཐོབ་པར་འགྱུར། བྱང་ཆུབ་སེམས་དཔའི་ས་རྗེས་སུ་ཐོབ་པར་འགྱུར་རོ། །ཙནྡན་དམར་པོ་ལས་བྱས་པའི་པདྨ་རྩ་ལག་དང་བཅས་པ་སོར་དྲུག་ཙམ་ཙནྡན་དམར་པོའི་འདི་གུས་བསྐུས་ནས། ལན་སྟོང་བསྔགས་ཤིང་དགང་གཟར་གྱིས་ལན་སྟོང་བླུགས་པར་བྱས་ལ། ཟླ་བ་ཉ་ལ་རས་རིས་ཀྱི་མདུན་དུ་པདྨའི་སྣོད་བཞག་ལ་ལག་པས་བཟུང་ནས་ཇི་སྲིད་རབ་ཏུ་འབར་བ་དེ་སྲིད་དུ་བཟླས་པ་བྱས་ན། དེ་བཟུང་བས་ལོ་བཅུ་དྲུག་གི་ན་ཚོད་དང་མདོག་གསེར་བཙོ་མ་འདྲ་བ་དང་ཉི་མ་བས་ལྷག་པའི་གཟི་བརྗིད་དང་ལྡན་
པ་དང་ལྷ་གཞོན་ནུ་ལྟ་བུར་འགྱུར་བ་དང་རིག་པ་འཛིན་པ་ཐམས་ཅད་ཀྱིས་ཕྱག་བྱས་པ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །ལུས་ཞིག་ནས་མངོན་པར་དགའ་བར་སྐྱེ་བར་འགྱུར་རོ། །ཟླ་བ་གཟས་ཟིན་པ་ལ་ཤུ་དག་དཀར་པོ་བླངས་ལ་བའི་རྣམ་ལྔས་བཀྲུས་ཏེ། ཤིང་ཨ་ཤྭཏྠའི་ལོ་མས་བཀབ་པ་བྱས་ལ་ཇི་སྲིད་དྲོད་དང་དུ་བ་འཐུལ་བ་དང་འབར་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ན། དྲོ་བ་བྱུང་བས་ནི་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་བ་དང་རྒོལ་བ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །དུ་བ་འཐུལ་བས་ནི་མི་སྣང་བ་དང་སྟོང་ཕྲག་སུམ་ཅུར་འཚོ་བར་འགྱུར་རོ། །འབར་བས་ནི་ནམ་མཁའ་ལ་འགྲོ་བ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །བ་སེར་སྐྱའི་བེའུ་དང་བཅས་པའི་མར་ཁུ་བླངས་ལ། ཟངས་མའི་སྣོད་དུ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱིས་བཀབ་སྟེ་གཞུག་ལ། ཇི་སྲིད་གྲུབ་པ་རྣམ་གསུམ་ཐོབ་པ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ལ་དེ་འཐུངས་ན་ཐོས་པ་འཛིན་པ་དང་མི་སྣང་བར་འགྱུར་བ་དང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སྨན་པུཥྐར་མཱུ་ལའི་ས་བོན་ཟླ་བ་གཟས་ཟིན་པ་ལ་ཁར་བཅུག་ན་ཇི་སྲིད་དུ་ཙུ་ལུ་ཙུ་ལུ་ཞེས་བྱ་བའི་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་པ་བྱས་ལ། སྨན་དེ་ཕྱུང་ནས་ལྕགས་གསུམ་གྱིས་ཡོངས་སུ་དཀྲི་བ་བྱས་ལ་ཡང་ཁར་རབ་ཏུ་བཅུག་ན་མི་སྣང་བར་འགྱུར་རོ། །སྨན་དེ་སྐྱུགས་ན་ནི་སྣང་བར་འགྱུར་རོ། །ལི་ཤི་དྲི་ཞིམ་པོ་ཁར་བཅུག་ལ་བཟླས་པ་འབུམ་བྱས་ན་གང་དང་སྨྲ་བ་དེ་དབང་དུ་འགྱུར་རོ། །འོ་མ་དང་ནས་ཆན་ཁྱོར་གང་ཟ་ཞིང་བཟླས་པ་འབུམ་ཕྲག་བཅུ་གཉིས་བྱས་ན་རིག་པ་འཛིན་པར་འགྱུར་རོ། །སློང་མོའི་ཟས་ཀྱིས་འཚོ་ལ་ཤིང་བཞིན་དུ་མི་སྨྲ་བའི་དཀའ་ཐུབ་བྱེད་ཅིང་བཟླས་པ་འབུམ་བྱེད་ན་མི་སྣང་བར་འགྱུར་རོ། །བཟླས་པ་བྱེ་བ་བྱས་ན་ཇི་ལྟར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་ཆོས་སྟོན་པ་དེ་བཞིན་དུ་འགྱུར་རོ། །རྟག་ཏུ་བཟླས་པ་བྱས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་གི་གཟུགས་
བརྙན་དྲི་ཐམས་ཅད་པས་བྱས་ལ་བཅད་ཅིང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་རྒྱ་ཤུག་གི་ཚིག་གུའི་ཚད་ཙམ་ལ་མར་གྱིས་བཏགས་པས་བརྒྱ་ཕྲག་སྟོང་གི་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཏིལ་ལ་ཞོ་དང་མར་གྱིས་བཏགས་པས་སྦྱིན་སྲེག་འབུམ་ཕྲག་སྟོང་བྱས་ན་ཐམས་ཅད་ཀྱི་དམ་པའི་ཁྱིམ་གྱི་བདག་པོ་ཆེན་པོར་འགྱུར་རོ། །བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ། དེ་ལ་མེ་ཏོག་གིས་གཅལ་དུ་བཀྲམ་སྟེ། བཟླས་པ་བརྒྱ་རྩ་བརྒྱད་བྱས་ལ་དེ་ནས་དམ་པའི་ཆོས་ཀྱི་གླེགས་བམ་བཀླག་པར་བྱས་ན། ཟླ་བ་གཅིག་གིས་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །གི་ཝང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །གཙུག་ཕུད་ལ་ལན་བདུན་བཟླས་པ་བྱས་ན་སེམས་ཅན་ཐམས་ཅད་ཀྱི་གནོད་པ་མེད་པར་འགྱུར་རོ། །མེ་ཏོག་གི་རི་མ་ལས་སྦྱིན་སྲེག་འབུམ་བྱས་ན་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཉིན་རེ་ཞིང་བཟླས་པ་བདུན་བདུན་བྱས་ན་ངེས་པར་མྱོང་བར་འགྱུར་བའི་ལས་རྣམས་ཟད་པར་འགྱུར་རོ། །བཟླས་པ་བརྒྱ་རྩ་བརྒྱད་བྱས་ན་འཆི་བའི་དུས་ཀྱི་ཚེ་འཕགས་པ་འཇམ་དཔལ་གྱི་ཞལ་ཐམས་ཅད་མཐོང་བར་འགྱུར་རོ། །ལེའུ་བདུན་པའི་རས་རིས་ཀྱི་ཆོ་གའོ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས་འཇམ་དཔལ་གྱི་རས་རིས་ཀྱི་ཆོ་གའི་ལེའུ་རབ་འབྱམས་ལས། ཉི་ཤུ་རྩ་གསུམ་པ་རྫོགས་སོ།། ༈ །ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པུ་གྲུབ་པ། སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བ། ཕྱག་གཡོན་ན་ཨུཏྤལ་སྔོན་པོ་བསྣམས་པ། གཡས་ཀྱིས་མཆོག་སྦྱིན་པར་བདག་ཉིད་བསམས་ལ། ཨོཾ་ཨཱ་དྱ་ནུད་པན་ན་པྲ་ཀྲྀ་ཏེ།
པྲ་བྷཱ་སྭ་རཾ། སུ་བི་ཤུདྡྷ། དྷརྨ་དྷཱ་ཏུ། ཏྲི་སཔྟཱ་ཧཱ་ཏ་སྭ་ར་སྭ་ཏི་པཱ་ཎི་མུ་པ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་ཞིང༌། ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་འཛིན་པའང་ཐོབ་པར་འགྱུར་རོ། །ཤུ་དག་ཞོ་ཕྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ། ཐོ་རངས་འོ་མའམ་མར་རམ་ཏིལ་མར་དང་ལྷན་ཅིག་ཟླ་བ་གཅིག་འཐུངས་ན་གླེན་པ་དང་དིག་པ་མེད་པར་བྱེད་དོ། །ཁུ་བྱུག་དར་མའི་སྐད་དང་འདྲ་བར་དབྱངས་སྙན་ཅིང་ཚིག་གསལ་བར་འགྱུར་རོ། །ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང༌། ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་ཏེ་ཐོས་པ་འཛིན་པར་འགྱུར་རོ། །ཨོཾ་ཝཱ་ཀྱེ་དྃ་ན་མཿ རྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་སྐེད་པ་ཙམ་གྱིས་ཆུ་ལ་བརྒལ་ལ། ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང༌། ཕུན་པ་རེ་རེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས། ཕུན་པ་གཅིག་རྒྱུན་ལས་བཟློག་པར་འོང་བ་དེ་སོ་ལ་མ་རེག་པར་མིད་ན་ཐོས་པ་འཛིན་པ་ལ་སོགས་སྩོལ་བར་མཛད་དོ། །ཇི་ལྟ་བ་བཞིན་རྙེད་པ་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །སྨན་བྷྲ་མའི་ཕྱེ་མ་ཞོ་བཞི་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ། ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་དག་པར་མཆོད་དེ། མར་རམ་རང་སྐྱུར་དང་སྦྱར་ནས་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ། །ཚིག་གི་བདག་པོའི་དབྱངས་སྙན་པར་ཡང་སྐྱེ་བར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཕྱིས་ཟླ་བ་གཟས་ཟིན་པ་དང་ཉི་མ་གཟས་ཟིན་པ་ན་
ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ། ཟླ་བ་མི་སྣང་བ་ཇི་སྲིད་གྲོལ་བར་གྱུར་པ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་དང༌། རྡོ་རྗེ་དང༌། རྩེ་གསུམ་པ་དང༌། མདའ་དང༌། ཐོ་བ་དང༌། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང༌། རིག་པ་ལ་སོགས་པ་དང་བཅུད་ཀྱིས་ལེན་ལ་སོགས་པ་འདུས་བྱས་པ་བསྒྲུབ་པར་བྱའོ། །ཡང་ན་མིག་སྨན་ནམ་ཐིག་ལེའམ་རྐང་པར་བསྐུ་བའམ་དབང་དུ་བྱས་པའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ། །འོ་ཐུག་གམ་ཞོ་དང་ཟན་ནམ་མར་དང་བཅས་པ་ཁར་དང་བཅས་པས་སྣོད་བཀང་སྟེ། ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །མཱ་ཤཱ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང་ཐོས་པ་འཛིན་པ་དང་སྨྲ་མཁས་པ་དང་ཡིད་གཞུངས་པར་འགྱུར་རོ། །པདྨའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ། །བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། །དེ་བཞིན་དུ་ཡམ་ཤིང་ལྔས་ཀྱང་བྱའོ། །རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པར་འགྱུར་རོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་གསུམ་པ་ལས་གསུངས་པའི་འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་མན་ངག་དང་བཅས་པའོ།། །།མངྒ་ལཾ།། །།
པཎྜི་ཏ་མ་ཏི་ནས་བརྒྱུད་པའི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ།
པཎྜི་ཏ་མ་ཏི་ནས་བརྒྱུད་པའི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། །ཨཱརྻ་མཉྫུ་ཤྲཱི་སཱ་དྷ་ནི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་ཚད་མེད་བསྒོམ། །སྔགས་འདི་བརྗོད་ལ་མི་དམིགས་ངང་ལ་བཞག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བྃ་པྃ་ཨ་དཀར་ལས། །རྒྱ་མཚོའི་སྟེང་དུ་པདྨ་ཟླ་བ་བསམ། །དེ་སྟེང་རང་སེམས་ཨ་དཀར་ཉིད་གྱུར་ལས། །འོད་འཕྲོས་དོན་བྱས་འདུས་པས་ལྷར་གྱུར་ཏེ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བ། །དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །སྟོན་ཟླའི་མདོག་ཅན་ལང་ཚོ་ལྡན་པར་བསྒོམ། །ཨོཾ་ཝཱ་ཀྱེ་དྃ་ན་མཿ རིག་སྔགས་རྒྱལ་པོ་འབུམ་ཕྲག་གཅིག་གིས་འགྲུབ། །ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། །དངོས་སམ་རྨི་ལམ་ཉིད་དུ་མཐོང་ཐོས་ཤིང༌། །གྲུབ་པའི་མཚན་མ་གཞན་ཡང་སྣང་བར་འགྱུར། །སྙིང་དབུས་ཟླ་བའི་དཀྱིལ་འཁོར་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་པ་གཡས་གཡོན་བསྐོར། །ཤུགས་
དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །གྲེ་ཕུག་ཨཿདཀར་དག་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་གྱི་བློ་གྲོས་དཔག་མེད་དག །བསྡུས་ནས་ཁོང་དུ་ཐིམ་པས་ལུས་ཁེངས་ནས། །མི་བརྗེད་དྲན་པའི་གཟུངས་ནི་ཐོབ་པར་འགྱུར། །ཡང་ན་རལ་གྲི་ཉིད་བཟུང་རིག་འཛིན་འགྱུར། །ཉི་ཟླ་གཟས་ཟིན་དུས་སུ་མཱ་ཤཱ་ཉིད། །དར་དཀར་གྱིས་དྲིལ་ལྕེ་འོག་བཅུག་ལ་བཟླ། །མྱུ་གུ་བྱུང་གྱུར་དེ་ནི་གྲུབ་པ་ཡིན། །ཕ་རོལ་ཕྱིན་དང་བསྟོད་པ་མང་པོ་དང༌། །མཚན་ནས་བརྗོད་དང་བསྟོད་པ་མང་པོ་དང༌། །མཎྜལ་དབུལ་ཞིང་གསོལ་བ་བཏབ་པར་བྱ། །འདི་ཡིས་མྱུར་དུ་འགྲུབ་པར་འགྱུར་བ་ཡིན། །འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཟབ་པ་ལས་ཀྱང་ཆེས་ཟབ་པ། སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས་མཛད་པ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༈ །རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་སྟོཏྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ལ་བསྟོད་པ། འཕགས་པ་འཇམ་
དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་རབ་སྦྱངས་ཞིང༌། །སྟོང་གསལ་ནམ་མཁའ་དང་མཚུངས་དྲི་མེད་ལ། །པྃ་ཡིག་ལས་གྲུབ་དཀར་དྭངས་བདུད་རྩིའི་མཚོ། །གཏིང་ཟབ་ཡངས་པ་ཅན་ལ་ཕྱག་འཚལ་ལོ། །མཚོ་མཐའ་གླང་ཆེན་ཐལ་དཀར་གྱིས་བསྐོར་ཞིང༌། །མཉེན་ལྕུག་འཁྲིལ་སྡེམ་པད་ཟླུམ་དྲྭ་བས་ཁྱབ། །ལོ་མའི་ཁུར་ལྡིང་དཀར་མཛེས་མེ་ཏོག་ལས། །ཡིད་འཕྲོག་དྲི་བསུང་ལྡན་ལ་ཕྱག་འཚལ་ལོ། །མཚོ་ཆེན་དབུས་སུ་པྃ་ཡིག་ལས་བྱུང་བའི། །པད་སྡོང་ཡལ་ག་ལོ་མ་ཕུན་ཚོགས་མཛེས། །འདབ་རྒྱས་དཀར་གསལ་གེ་སར་དམར་སེར་ཅན། །ལྟེ་བ་ལྗང་སེར་མཐོ་ལ་ཕྱག༴ །དེ་སྟེང་ཡི་གེ་མཆོག་རབ་ཡོངས་གྱུར་ལས། །རབ་ཟླུམ་འཁོར་ལོ་རྣམ་དག་ཕུན་ཚོགས་མཛེས། །ཤིན་ཏུ་མདོག་དཀར་རི་བོང་འཛིན་གཟུགས་ཅན། །བསིལ་ཟེར་ཕྱོགས་བཅུར་འགྱེད་ལ་ཕྱག་འཚལ་ལོ། །དེར་བཞུགས་ཨ་དཀར་ལས་བྱུང་དཔའ་བོའི་སྐུ། །ཟུང་བཞིའི་ན་ཚོད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཆུ་ཤེལ་དྲི་མེད་དང་མཚུངས་རབ་དཀར་དྭངས། །མཚན་མཆོག་དཔེ་བྱད་འབར་ལ་ཕྱག༴ །ཐོར་ཚུགས་རྩེ་ན་རིན་ཆེན་ཏོག་གིས་མཛེས། །རྩེ་མོ་ལྔ་ལྡན་ཟུར་ཕུད་ཤིན་ཏུ་གསལ། །སྙན་གོང་ཨུཏྤལ་དྲི་ལྡན་དར་དཔྱངས་འཕུར། །སྙན་ཤལ་ནོར་བུ་འཕྱང་ལ་ཕྱག་འཚལ་ལོ། །དེ་བཞིན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་དང༌། །ཞབས་གདུབ་སྐ་རགས་དོ་ཤལ་བཟང་པོ་ལས། །སྣ་ཚོགས་ན་བཟའ་རིན་ཆེན་རྒྱན་གྱིས་མཛེས། །སིལ་སིལ་སྒྲ་སྙན་འཁྲོལ་ལ་ཕྱག༴ །ཕྱག་གཡས་མཆོག་སྦྱིན་ལེགས་པར་བརྐྱངས་མཛད་ཅིང༌། །གཡོན་པས་ཨུཏྤལ་སྡོང་བུ་ཐུགས་ཀར་འཛིན། །སྲབ་འཇམ་དུང་མདོག་ན་བཟས་རྣམ་མཛེས་པའི། །མུ་མེད་འོད་ཟེར་འཕྲོ་ལ་ཕྱག༴ །དཔལ་མཆོག་
སྐུ་ཡི་རྣམ་པ་དྲན་གྱུར་ནས། །རིག་སྔགས་ཅུང་ཟད་བཟླས་པ་ཙམ་གྱིས་ཀྱང༌། །དུས་དེར་དར་དཀར་མཱ་ཤཱའི་སྦྱོར་བ་ཡིས། །ཕུན་ཚོགས་བློ་གྲོས་འཕེལ་ལ་ཕྱག་འཚལ་ལོ། །གཞན་ཡང་གཞོན་ནུ་དཔའ་བོ་ལེགས་བསྟེན་པའི། །ཏིང་འཛིན་སྔགས་དང་སྣ་ཚོགས་རྫས་སྦྱོར་གྱིས། །གནས་སྐབས་མཐར་ཐུགས་ཡོན་ཏན་མ་ལུས་པ། །བསླུ་མེད་ངེས་པར་འགྲུབ་ལ་ཕྱག་འཚལ་ལོ། །ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང༌། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཞིང༌། །བསྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བློ་ངན་མ་རིག་འཐིབས་པོའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་པར་མཛོད། །ཅེས་པ་འཇིག་རྟེན་ན་མཁས་པ་རྣམས་ཀྱི་ནང་ནས་རྒྱལ་མཚན་གྱི་རྩེ་མོ་ལྟར་མངོན་པར་མཐོ་ཞིང་གསལ་བར་གྱུར་པའི་པཎྜི་ཏ་མ་ཏིས་འཇམ་པའི་དབྱངས་ལ་བསྟོད་པ། སྒྲུབ་ཐབས་བསྐྱེད་རིམ་དང་མཐུན་པར་མཛད་པ་རྫོགས་སོ།། ༈ །འདིའི་ལོ་རྒྱུས་ནི། ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ཞབས་དེ་འཇམ་དཔལ་ལས་ཆོས་དངོས་སུ་གསན་ཅིང་གྲུབ་པ་བརྙེས་པ་ཡིན། ལན་རིག་འཇམ་དབྱངས་བྱོན་ནས་ད་ལྟ་ཁྱོད་ཀྱིས་མི་ལོ་བརྒྱད་དང་བཅུ་ལོན། །ད་བཅུ་ལས་ལུས་འདིས་མི་ཐུབ་པས་སྣོད་དང་ལྡན་པའི་བུ་གཅིག་ཚོལ་ལ་ངའི་ཆོས་འདི་སྟོན་ལ་ཆིག་བརྒྱུད་ཀྱིས་ཤོད་གསུངས་ནས་ལུང་བསྟན། དེར་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ་ཕྱོགས་ཀུན་ཏུ་སྣོད་ལྡན་གྱི་བུ་བཙལ་བས་མ་རྙེད། སླར་མ་ག་དྷཱའི་ཡུལ་དུ་གཟིགས་པས་མ་ཧེའི་རྫི་བོ་རྒས་ཤིང་འཁོགས་པ་འཚོ་བ་དང་བྲལ་བ་གཅིག་འདུག་པ་དེ་སྣོད་ལྡན་དུ་གཟིགས་ནས་
དེར་བྱོན་ཏེ། ཁྱོད་སྣོད་དང་ལྡན་པར་འདུག་པས་ལས་འདི་བཤོལ་ལ་ཆོས་སྒོར་ཞུགས་ཤིག་གསུངས་པས། དེ་ན་རེ་བདག་རྒས་ཤིང་འཁོགས་ལ་འཚོ་བའང་མེད། ཡི་གེའང་མི་ཤེས་པས་ཚེ་ཕྱི་མ་ལ་རྗེས་སུ་བཟུང་བར་ཞུ་ཟེར། དེར་སློབ་དཔོན་གྱིས་ཐབས་ཡོད་གསུངས་ནས་སྒྲུབ་ཐབས་འདི་བྱིན་ཏེ། བསྒྲུབས་པས་ཞག་བདུན་ནས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་པཎྜི་ཏར་གྱུར་ཏེ། པཎྜི་ཏ་མ་ཏི་ཞེས་གྲགས་སོ། །དེར་སློབ་དཔོན་གྱིས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གསང་མཚན་སྒེག་པའི་རྡོ་རྗེ་ཞེས་གྲགས་སོ། །ནོར་བུ་གླིང་དུ་སྐུ་འཁྲུངས་པས་ནོར་བུ་གླིང་པ་ཞེས་གྲགས་སོ། །དེ་ནས་སློབ་དཔོན་ལ་ཕྱག་བྱས་ནས་སློབ་དཔོན་གྱིས་བདག་རྗེས་སུ་བཟུང་བས་མཁས་པར་གྱུར་ཀྱང་ང་རྒས་པས་བཤད་པ་བྱེད་མི་ཁོམ་སྒྲུབ་པ་ཞིག་བྱེད་ཞུས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་རང་ལ་ཚེ་ལྷག་པོ་ལོ་བཅུ་ཡོད་པ་དང་ང་ལ་ཡི་དམ་གྱི་ལུང་བསྟན་ཐོབ་པས་ལོ་བཅུ་ཡོད་པ་ལས་གཉིས་འདས། ད་ལོ་བརྒྱད་ཡོད་པས་ཁྱོད་ལ་སྦྱིན་གྱིས་ལོ་བཅོ་བརྒྱད་བར་དུ་འགྲོ་དོན་གྱིས། དེ་ནས་ཡི་དམ་ལ་གསོལ་བ་ཐོབ་དང་ཚེ་ཉི་ཟླ་དང་མཉམ་པ་འོང་སྲིད་གསུངས་ནས་སློབ་དཔོན་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་སྒེག་པའི་རྡོ་རྗེས་ནོར་བུ་གླིང་པ་ཆུང་བ་ལ་བཤད། དེས་འབྱུང་གནས་སྦས་པ་ལ་གསུངས། དེས་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་ལ་གནང༌། ཁོང་བོད་དུ་ཁྲོ་ཕུ་ལོ་ཙཱ་བས་གདན་དྲངས་ནས། དབུས་ཀྱི་སྲིན་པོ་རིར་དབྱར་གནས་མཛད་པའི་དུས་སུ། བོད་རྣམས་ཀྱིས་རྒྱ་གར་གྱི་ཤེས་རབ་མ་དོ་ནས། ཁྲོ་ཕུ་ལོ་ཙཱ་བས་བླ་མ་ལ་ཤེས་རབ་འཕེལ་བའི་གདམས་ངག་ཞུས་པས། པཎྜི་ཏའི་གསུང་ནས་ང་ལ་གདམས་པ་རྒྱ་མཚོ་ཙམ་ཡོད་པའི་ནང་ནས་གདམས་པ་ཁྱད་པར་ཅན་བཞི་ཡོད། བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་དང༌། འཇམ་དཔལ་དཀར་པོ་ལ་
བརྟེན་ནས་བློ་འཕེལ་བ་དང༌། ཡང་དག་མེ་གཅིག་ཐོད་གཅིག་ལ་བརྟེན་ནས་རས་ཐུབ་པ་དང༌། ཛམ་བྷ་ལ་ནག་པོ་ལ་བརྟེན་ནས་ནོར་སྒྲུབ་པ་དང་བཞི་ལས། འདི་འཇམ་དཔལ་དཀར་པོའི་བློ་འཕེལ་ཡིན་གསུངས་ནས་ཐམས་ཅད་ལ་གནང༌། བདེ་མཆོག་དང༌། ཛམ་བྷ་ལའི་བཀའ་རྗེས་གནང་ཞུ་ན་ཁྱོད་རང་བལ་ཡུལ་དུ་འགྲོ་ན་ངས་བྱེད་གསུངས་ནས། དེར་ཁྲོ་ཕུ་ལོ་ཙཱ་བས་བལ་ཡུལ་ཐུག་པར་སྐྱེལ་ཐུང་བྱས་ནས་ཞུས་པས། དེར་མི་ཁོམ་གསུངས་ནས་མ་གནང༌། དེར་ཁྲོ་ཕུ་ལོ་ཙཱ་བས་ཡང་ཡང་གསོལ་བ་བཏབ་ནས་ཞུས་པས། ཁྱོད་དེ་ཙམ་དུ་གདུང་སེམས་ཆེ་ན་སྦྱིན་གྱིས་གསུངས་ནས་གནང་བ་ཡིན། པཎྜི་ཏས་དབུ་སྙུང་བཞེས་པའི་གདམས་པ་ཡིན་ནོ་གསུངས།«་་་་་ཁྲོ་ཕུ་ལོ་ཙཱ་བ་ལ་མཁན་པོ་དབང་ཕྱུག་སེང་གེས་ཞུས། དེས་རྒྱ་སྟོན་ཨཱ་ནནྡ་བདག་ལའོ།།» འདིའི་རྗེས་གནང་བྱེད་པར་འདོད་པས་མཎྜལ་དཔེའུ་ཆུང་ལྟར་བྲིས་ལ་དབུས་སུ་མཚན་བརྗོད་དང་འཇམ་དཔལ་གྱི་སྐུ་བཞུགས། མཐར་མཆོད་པས་བསྐོར། དཀར་གཏོར་གཅིག་བཤམ། དེ་ནས་སློབ་དཔོན་གྱིས་མངོན་རྟོགས་ནས་འབྱུང་བ་བཞིན་རང་འཇམ་དཔལ་དུ་བསྐྱེད་ལ། བཟླས་པ་མཆོད་བསྟོད་ཡན་ལག་བདུན་པ་བྱ། གཏོར་མ་དེ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱི་བྱིན་གྱིས་བརླབས་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་པས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ལ་མཆོད་བསྟོད་བྱ། དེ་ནས་སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སོགས་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱི་རྒྱུན་བཤགས། དེ་ནས་ཁྱད་པར་གྱི་གསོལ་གདབ་གང་ཡང་རུང་བའི་སྒོ་ནས་ཡན་ལག་བདུན་པ་བྱེད་དུ་གཞུག
དེའི་རྗེས་སུ་རྗེས་གནང་སྦྱིན་ཏེ། སྐུའི་རྗེས་གནང་ལུས་ལ་བསྐུར་བ་དང༌། གསུང་གི་རྗེས་གནང་ངག་ལ་བསྐུར་བ་དང༌། ཐུགས་རྣམ་པར་མི་རྟོག་པའི་རྗེས་གནང་སེམས་ལ་བསྐུར་བ་དང༌། ཡོན་ཏན་དང་ཕྲིན་ལས་གཉིས་ཀྱི་རྗེས་གནང་ལུས་སེམས་གཉིས་ཀ་ལ་བསྐུར་བའོ། །དང་པོ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ནི་མཐོང་བར་ཤོག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། དེ་ནས་འཇམ་དཔལ་གྱི་སྐུ་སློབ་མའི་སྤྱི་བོར་བཞག་ལ། ཁྱོད་རང་འཇམ་དཔལ་དུ་བསྒོམས་པའི་སྤྱི་བོའི་གཙུག་ཏུ་འཇམ་དཔལ་ཅིག་བྱོན་ནས། སྐུ་ལ་ཐིམ་པར་སྒོམས་ཤིག ཅེས་བརྗོད་ལ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་སྐུ་ཡིན་ཏེ། །སངས་རྒྱས་སྐུ་ཡིས་བྱིན་བརླབས་པས། །འཇམ་པའི་དབྱངས་ཀྱི་སྐུ་ཐོབ་ཤོག །ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་སློབ་མ་དང་འཇམ་དཔལ་གཉིས་སུ་མེད་པར་བསམ། དེ་ལ་ཕན་ཡོན་གཉིས་ཏེ་གནས་སྐབས་སུ་ནད་མེད་པ་དང༌། མཐོང་བ་ཙམ་གྱིས་འགྲོ་བ་དད་པ་དང༌། མཐར་ཐུག་མཚན་དཔེས་བརྒྱན་པའི་འཇམ་དཔལ་གྱི་སྐུ་ཐོབ་པར་འགྱུར་རོ། །དེ་ནས་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ཏེ། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་འདེབས་སོ། །དེ་ནས་དཔོན་སློབ་གཉིས་ཀ་འཇམ་དཔལ་དུ་བསྐྱེད་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཞལ་ནས་ཐོན་སློབ་མའི་ཁར་ཞུགས་སྙིང་གར་ཐིམ་པར་བསམས་ལ། ཕྲེང་བ་གཏད་ལ་སྔགས་ཀྱི་རྗེས་ཟློས་བྱེད་དུ་གཞུག དེ་ལ་ཕན་ཡོན་
གཉིས་ཏེ། གནས་སྐབས་སུ་འཆད་རྩོད་རྩོམ་པ་ལ་མཁས་པ་དང༌། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་རོ། །དེ་ནས་ཐུགས་རྣམ་པར་མི་རྟོག་པའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་དབྱངས་ཐུགས་ལ་གསོལ་བ་འདེབས། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །དེ་ནས་སློབ་མ་རྣམས་རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག སྒལ་ཚིགས་བསྲང༌། མིག་བར་སྣང་ལ་གཏད། ནམ་མཁའ་ལ་ཨ་དཀར་པོ་གཅིག་བསམས་ལ། ཨ་ཉི་ཤུ་རྩ་གཅིག་བརྗོད། ཨ་དེའང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་མི་དམིགས་པར་ཅི་ཡང་ཡིད་ལ་མི་བྱེད་པའི་ངང་ལ་བཞག་གོ །དེ་ནས་སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། ཨོཾ་ཨཱཿཧཱུྃ་བརྗོད་པས་བརྟན་པར་བྱའོ། །དེ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ཆོས་ལ་བློ་འགྲོ་ཞིང༌། མཐར་ཐུག་ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་ནས་ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་གནང་ནི། དང་པོར་གསོལ་བ་གདབ་སྟེ། དུས་འདི་ནས་ནི་བཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་ཐོབ་བར། །བཅོམ་ལྡན་འཇམ་དབྱངས་མགོན་གྱིས་ནི། །བདག་གི་བླ་མར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སློབ་མའི་ལག་ཏུ་མཚན་བརྗོད་གཏད་ལ་རྗེས་གནང་སྦྱིན་ནོ། །དེ་ལ་ཕན་ཡོན་གཉིས་ཏེ་གནས་སྐབས་སུ་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་སེམས་ཅན་གྱི་དོན་འགྲུབ་པ་དང༌། མཐར་ཐུག་འཇམ་དཔལ་ལ་མངའ་བའི་ཡོན་ཏན་ཕྲིན་ལས་དང་མཉམ་པར་འགྱུར་རོ། །གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ། དེང་ནས་སོགས། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ་བར་
མཛད་དོ། །དེ་ནས་བསྔོ་བ་ནི། འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །དེ་ནས་བཟོད་པར་གསོལ། གཏོར་མ་གཙང་སར་བསྐྱལ། དཀྱིལ་འཁོར་བསྡུ། བཀྲ་ཤིས་བརྗོད། འཇམ་དཔལ་དཀར་པོའི་རྗེས་གནང་གི་ཆོ་ག པཎྜི་ཏ་ཤཱཀྱ་ཤྲཱིའི་ཕྱག་ལེན་ཇི་ལྟ་བར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྡེབས་པའོ། །སརྦ་དཱ་མངྒ་ལཾ།། ༈ །འཇམ་དཔལ་དཀར་པོའི་རྩ་བའི་སྒྲུབ་ཐབས་དང་ལས་ཁ་ཚར་བཞི་བཅས་བཞུགས་སོ། །ཤིན་ཏུ་དཀར་བའི་མདངས་ལྡན་མཚོ་ཡི་དབུས་ན་པདྨོའི་གེ་སར་གྱི། །སྡོང་པོར་འཁྲུངས་ཤིང་རི་བོང་འཛིན་པའི་སྟེང་ན་རྗེ་བཙུན་འཇམ་དབྱངས་ནི། །གཞོན་ནུའི་ཚུལ་འཛིན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་གངས་རི་དང་མཚུངས་པ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་ལེགས་བསྣམས་འཇམ་དབྱངས་ཁྱོད་ལ་འདུད། །དེ་ལྟར་བསྟོད་ནས་དེ་ཡི་སྒྲུབ་ཐབས་ཆོ་ག་ནི། །མཁས་པའི་རྗེས་འབྲང་བདག་གིས་གསལ་བར་བཤད་པར་བྱ། དེ་ལ་གཉིས་ཏེ། རྩ་བའི་སྒྲུབ་ཐབས་དང་ལས་ཕྲན་ཚེགས་བསྟན་པའོ། །དང་པོ་ལ་བཞི། སྔོན་འགྲོ་དང༌། དངོས་གཞི་ལྷ་བསྐྱེད་པ། བཟླས་པ་བྱ་བ། རྗེས་ཀྱི་བྱ་བའོ། །དང་པོ་ཚད་མེད་པ་བཞི་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་མུན་པ་བསལ་ལ་ཤེས་རབ་ཀྱི་སྣང་བ་ལ་བཀོད། དེའི་ཆེད་དུ་འཇམ་དཔལ་བསྒྲུབ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྣང་སྲིད་བརྟན་གཡོའི་ཆོས་ཐམས་ཅད་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ་པ་སྔོན་འགྲོའོ། །དངོས་གཞི་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས་པཾ་ལས་རྒྱ་མཚོ་དཀར་ཞིང་ཡངས་པ་མཐའ་ནེའུ་གསིང་གིས་བརྒྱན་པའི་སྟེང་ན་གླང་པོ་ཆེ་སྣ་ཚོགས་གནས་པ་མཚོ་སྟེང་མེ་ཏོག་སྣ་ཚོགས་བཀྲ་བའི་སྟེང་ན། ཆུ་བྱ་སྐད་
སྙན་པར་སྒྲོགས་པས་བརྒྱན་པ། དེའི་དབུས་སུ་པྃ་ལྗང་སེར་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་མ་གསེར་ལས་བྱས་པ། འདབ་མ་རྒྱས་པ། དབུས་སུ་པདྨ་འདབ་བརྒྱད་གེ་སར་དམར་སེར་དུ་ཡོད་པའི་སྟེང་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་ལ། དེའི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་ཞིག་ཏུ་གྱུར། དེ་ལས་དཔག་ཏུ་མེད་པའི་འོད་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་སྦྱངས། ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཇམ་དཔལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་ཞིང་སྙན་གྱི་ཐད་ཀར་ཁ་གྱེས་པའི་སྟེང་ན་སྟོང་ཕྲག་བརྒྱ་པའི་པུསྟི་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། བརྒྱད་གཉིས་ལོན་པའི་ན་ཚོད་ཙམ་དུ་བསྒོམ་པར་བྱའོ། །བཟླས་པ་བྱ་བ་ནི། རང་གི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ། ལྟེ་བ་ལ་ཨ། རྩིབས་དྲུག་ལ་མདུན་གྱི་ཕྱོགས་ནས་བརྩམས་ཏེ་ཡི་གེ་དྲུག་བཀོད་ལ་འཁོར་ལོ་ལ་མ་རེག་པའི་ཚུལ་གྱིས་གཡར་སྐོར་དུ་བསམ། དེ་ནས་འཁོར་ལོ་གཡས་ལ་ཡིག་འབྲུ་གཡོན་དུ་བསྐོར་ཞིང་སྡིག་སྒྲིབ་ཐམས་ཅད་སངས་སངས་དག་པར་བསམ་ཞིང༌། ཨོཾ་ཝཱ་ཀྱེ་དྃ་ན་མཿ ཞེས་འབུམ་ཚོ་གསུམ་བཟླས་པ་ནི་གྲངས་ཀྱི་བསྙེན་པའོ། །ཟླ་བ་གཅིག་གི་བསྙེན་པ་ནི་དུས་ཀྱི་བསྙེན་པའོ། །ཞལ་མཐོང་ཞིང་གསུང་ཐོས་པའམ། གཞན་ཡང་པུསྟི་དང་མཚོན་ཆ་ཐོགས་པ་དང༌། མེ་ཏོག་བཏུས་པ་དང༌། མར་མེ་བལྟམས་པ། ཉི་ཟླ་ཤར་བ་དང༌། དར་འཕྱར་ཞིང་རོལ་མོ་འབུད་དཀྲོལ་བྱེད་པ། ནམ་མཁའ་ལ་འཕུར་བ་དང༌། ལུས་ལ་མེ་འབར་བ་དང༌། ཆུ་བརྒལ་བ་དང༌། གོས་དཀར་
པོ་གྱོན་པ་ལ་སོགས་པ་རྨིས་ན་མཚན་མའི་བསྙེན་པ་ཡིན་ནོ། །རྗེས་ལ་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཡོན་ཆབ། པུཥྤེས་མེ་ཏོག དྷུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི་ཆབ། ནཻ་ཝི་དྱས་ཞལ་ཟས། ཤབྡས་རོལ་མོ་རྣམས་ཀྱིས་མཆོད། མཎྜལ་ཚོམ་བུ་བདུན་མ་བཤམས་ལ། འཛམ་བུ་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་བརྗོད་ལ་མཎྜལ་འབུལ། མཚན་བརྗོད་འདོན། བསྟོད་པས་བསྟོད། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ། ཞེས་མོས་གུས་དང་བཅས་པས་གསོལ་བ་གདབ། དེའི་དུས་སུ་མདུན་དུ་འཇམ་དཔལ་བསྐྱེད་ལ། རང་ཉིད་ཐ་མལ་པའི་གཟུགས་སུ་བྱའོ། །ལས་ཁ་ཚར་བསྟན་པ་ལ་བཞི་སྟེ། ཉེས་བྱས་འཇོམས་པའི་འཁོར་ལོ། ཡོན་ཏན་སྒྲུབ་པའི་འཁོར་ལོ། གཞན་དང་རྩོད་པ་བྱ་ཐབས། མཱ་ཤཱ་སྲན་མ་ལ་བརྟེན་པའི་ལས་སྦྱོར་རོ། །དང་པོ་ནི། རང་ཉིད་འཇམ་དཔལ་དུ་བསྒོམས་པའི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་འཁོར་ལོ་དཀར་པོ་རྩིབས་དྲུག་གི་ལྟེ་བ་ལ་ཨ། རྩིབས་དྲུག་ལ་མདུན་ཕྱོགས་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་པ་བཀོད་ལ། འཁོར་ལོ་གཡས་ལ་ཡིག་འབྲུ་གཡོན་དུ་འཁོར་བས་སྡིག་སྒྲིབ་སངས་སངས་དག་པར་བསམས་ལ། བཟླས་པ་བྱའོ། འཁོར་ལོ་ཤུགས་དྲག་ཏུ་བསྐོར་བས་ནི་སྙིང་རླུང་ལ་སོགས་པའི་ཉེས་པ་མི་འབྱུང༌། འཁོར་ལོའི་རྩེ་མོ་རྣོ་བར་བསྒོམས་པས་ནི་བློ་རྣོ་ཞིང་སྟོབས་དང་ལྡན་པར་འགྱུར་རོ། །ཁ་དོག་དཀར་པོ་བསྒོམས་པས་འཛིན་བློ་བཟང་བར་འགྱུར་རོ། །གཉིས་པ་ཡོན་ཏན་སྒྲུབ་པའི་འཁོར་ལོ་ནི། རང་གི་ལྕེའི་སྟེང་དུ་ཨ་དཀར་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་མདུན་དུ་སྤྱན་དྲངས་ལ། འོད་ཟེར་གཉིས་པ་འཕྲོས་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་གྲངས་མེད་པ་སྤྱན་དྲངས་ལ། རང་གི་ལྕེ་སྟེང་གི་ཨ་ལ་ཐིམ་པས། ལུས་ཐམས་ཅད་ཨ་དཀར་པོས་མེར་གྱིས་གང་བར་བསམས་ལ་བཟླས་པ་བྱའོ། །དེ་ལྟར་བྱས་པས་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །གསུམ་པ་རྩོད་པ་བྱ་ཐབས་ནི། རང་གི་ལག་པ་གཡས་པའི་མཐེ་བོང་ལ་རལ་གྲི་སྔོ་སངས་ཡུ་བ་ལ་ཨས་མཚན་ཞིང་གྲི་རྩེ་ལ་མེ་འབར་བ་གཅིག་བསྒོམ། དེའི་ཨ་ལས་འོད་ཟེར་འཕྲོས་པས་ཕྱིར་རྒོལ་བའི་སྙིང་གར་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་ལ་ཕོག རྡོ་ཁབ་ལེན་ལ་ལྕགས་འདུ་བ་བཞིན་ཚུར་འདུས་རལ་གྲིའི་སོ་ལ་ཐིམ། དེ་ནས་རང་གི་སྙིང་གར་ཐིམ་པས་ཁོའི་ཤེས་རབ་རང་གི་གྲོགས་སུ་གྱུར་པར་བསྒོམ། ཡང་གྲི་རྩེ་ལས་མེ་ཆད། ཕྱིར་རྒོལ་བའི་ལྕེ་སྟེང་དུ་ཕོག་པས་ལྕེ་ཐུལ་གྱིས་ཚིག་པར་བསྒོམ་མོ། །དེ་ལྟར་བྱས་ན་རང་རྩོད་པ་ལས་མི་རྒྱལ་མི་སྲིད་དོ། །པཎྜི་ཏ་ཤཱཀྱ་ཤྲཱིས་མུ་སྟེགས་པ་བཏུལ་བ་བཞིན་ནོ། །བཞི་པ་སྲན་མའི་ལས་སྦྱོར་ནི། སྲན་དཀར་མེས་མ་ཚིག་པ། སྣུམ་གྱིས་མ་རེག་པ། དར་དཀར་པོས་དྲིལ་ལ་རང་འཇམ་དཔལ་དུ་བསྒོམས་པའི་ལྕེ་འོག་ཏུ་བཅུག་སྟེ། ཉི་མའམ་ཟླ་བ་གཟས་བཟུང་ནས་མ་གྲོལ་གྱི་བར་དུ་བཟླས་པ་བྱས་ན་མྱུ་གུ་འབྱུང་བར་འགྱུར་རོ། །དེ་ནས་སྲན་མ་དེ་བ་དམར་མོའི་འོ་མའམ། ར་དཀར་མོའི་འོ་མའམ། ཆུ་གཙང་མས་ཕུལ་ཏེ། སོས་མ་རེག་པར་མིད་པར་བྱའོ། །དེ་ལྟར་བྱས་པས་ཤེས་རབ་འཕེལ་ཞིང་ལུས་སྐྲ་དཀར་དང་གཉེར་མ་མེད་ཅིང་ཚེ་རིང་བར་འགྱུར་རོ། །བདག་སོགས་འགྲོ་དྲུག་གཏི་མུག་མུན་པའི་ནགས་ཁྲོད་གནས་པ་ལ། །འཇམ་དབྱངས་ཉི་མའི་འོད་ཀྱིས་གསལ་མཛད་དེ་ཡི་སྒྲུབ་ཐབས་ནི། །མ་ཏིའི་རྗེས་འབྲངས་གསལ་བྱེད་འདི་ནི་རྒྱ་སྟོན་བདག་གིས་སྦྱར། །ནོར་འཁྲུལ་བཟོད་མཛོད་དགེ་བས་
འགྲོ་ཀུན་འཇམ་དབྱངས་ཉིད་གྱུར་ཤོག། ༈ །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་འཇམ་དཔལ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་ཝའི་སྔགས་བརྗོད་ཅིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་པའི་ངང་ལས། བྃ་ཡིག་དཀར་པོ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་དཀར་ཞིང་བསིལ་བ། གླང་པོ་ཆེ་དང༌། ངང་ངུར་དང༌། ཆུ་བྱ་མང་པོ་རོལ་ཞིང་རྩེ་ལ་སྐད་སྙན་པའི་སྒྲ་སྒྲོགས་པ། དེའི་དབུས་སུ་པྃ་ལྗང་སེར་ལས་པདྨའི་སྡོང་པོ་ཡལ་ག་ལོ་འབྲས་དྲི་བསུང་ཕུན་སུམ་ཚོགས་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་བསིལ་ཟེར་ཕྱོགས་བཅུར་འཕྲོ་བའི་གདན་ལ། རང་གི་སེམས་ཨ་དཀར་པོ་འོད་ཀྱི་དྲྭ་བ་སྣ་ཚོགས་པ་འཕྲོ་བའི་འོད་ཟེར་གྱིས་འཕགས་པ་རྣམས་མཆོད་པ་དང༌། སེམས་ཅན་སྨིན་པའི་དོན་བྱས། སླར་འདུས་ཨ་དཀར་པོ་ཉིད་ལ་འདུས་ཤིང་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇམ་པའི་དབྱངས་སུ་གྱུར་པ་ནི། སྟོན་ཀའི་ཟླ་བ་ལྟར་དཀར་བ། ལོ་བརྒྱད་ལོན་པའི་བྱིས་པ་གཞོན་ནུའི་གཟུགས་ཅན། ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱ་ཅན། གཡོན་ཨུཏྤ་ལའི་སྡོང་བུ་ཐུགས་ཀར་འཛིན་པ། ཕྲག་གོང་གཡོན་གྱི་ཐད་དུ་ལེགས་པར་ཁ་བྱེ་བ་ལ་ཤེས་རབ་ཀྱི་པུསྟིས་མཚན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཤིང༌། བརྟན་པར་བཞུགས་པའི་མཚན་དཔེའི་འོད་འབར་བ། རིན་པོ་ཆེ་དུ་མའི་རྒྱན་དང་དར་དཀར་གྱི་ན་བཟའ་སྤྲོས་པའི་གནས་གསུམ་དུ་ཡི་གེ་གསུམ། ཐུགས་ཀར་ཟླ་བ་ལ་གནས་པའི་ཨ་ཡིག་ལས་འོད་ཟེར་འཕྲོས་པས། རང་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཤིང་མཆོད་ལ། ཛཿཧཱུྃ་བཾ་ཧོ། དབྱེར་མེད་དུ་བྱས་ཏེ་ལྷ་སྐུ་ལ་རྩེ་གཅིག་ཏུ་དམིགས་པར་བྱའོ། །དེའི་ངང་ལ་ཐུགས་ཀར་ཟླ་བའི་སྟེང་དུ་
འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བ་ལ་ཨ། རྩིབས་དྲུག་ལ་གཡས་སྐོར་དུ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཡིག་འབྲུ་དཀར་པོ་འོད་ཟེར་དཀར་དམར་འཕྲོ་བ་འཁོར་ལོ་ལ་མ་རེག་ཙམ་དུ་བཀོད་ལ་འཁོར་ལོ་ཆོས་སྐོར་དུ་མྱུར་དུ་འཁོར་བས། ཡིག་འབྲུ་གཡོན་དུ་འཁོར་བ་ལྟ་བུར་སྣང་བ་ལ་དམིགས་ཏེ་བཟླས་པ་བྱའོ། །འཁོར་ལོའི་ལྟེ་བ་དང་ཡིག་འབྲུ་རྣམས་མི་འགུལ་བ་ཡིན་ནོ་གསུངས། མྱུར་དུ་འཁོར་བས་ཁམས་འདུས་པ་ལ་སོགས་པའི་སྐྱོན་སེལ་ཞིང་བློ་གྲོས་མྱུར་བ་དང༌། རྩེ་མོ་རྣོ་བས་ཤེས་རབ་རྣོ་ཞིང་སྟོབས་ཆེ་བ་དང༌། དཀར་ཞིང་འོད་ཟེར་འཕྲོ་བས་འཛིན་བློ་གསལ་བར་འགྱུར་རོ། །ཐུན་འཇོག་ཁར་མཆོད་བསྟོད་གསོལ་བ་གདབ་པ་བསྔོ་བ་དང་བཅས་པ་བྱས་ལ་ཡེ་ཤེས་པ་གཤེགས་པར་བྱའོ། །རྫུན་དང་ཤ་ཆང་སྒོག་བཙོང་ཡང་སྤང་ཞིང༌། འཁོན་གྲིབ་བུད་མེད་ལ་འཛེམ་པ་དང༌། ཡི་གེ་ལ་མི་འགོམ་ཞིང༌། མཎྜལ་འབུལ་བ་དང༌། མཚན་བརྗོད་འདོད་པ་ལ་བརྩོན་པར་བྱའོ། །གྲངས་ཀྱི་བསྙེན་པ་འབུམ་ཕྲག་བྱ་ཞིང༌། དེས་མ་གྲུབ་ན་ད་དྲུག་འགྱུར་དུ་བཟླས་པས་ཇི་སྐད་བཤད་པའི་མཚན་མ་དང་ལས་རྣམས་འགྲུབ་པར་འགྱུར་རོ། །དེ་ནས་ཤེས་རབ་སྒྲུབ་པའི་ལས་སྦྱོར་ནི། ཉི་ཟླ་སྒྲ་གཅན་གྱིས་འཛིན་པའི་ཚེ། སྔོན་དུ་རྟེན་དང་མཆོད་པ་བཤམས་ནས་བདག་བསྐྱེད་ལེགས་པར་བསྒོམས་ལ། གྲོགས་ལ་བརྡ་སྦྱོར་དུ་བཅུག་སྟེ། རང་གིས་མིག་མི་བལྟ་བར་བཟུང་ནས་མ་གྲོལ་གྱི་བར་དུ་བལ་སྲན་དཀར་པོའམ། སྲན་དཀར་མ་གས་མ་རུལ་མེས་མ་རེག་པ་གསུམ་ལ་སོགས་པ་དར་དྲི་མ་མེད་པས་དྲིལ་ཏེ་ལྕེ་འོག་ཏུ་བཅུག་ལ་བཟླས་པ་བྱ་ཞིང༌། མྱུ་གུ་བྱུང་ན་ར་དཀར་མོའི་འོ་མའམ། གུར་གུམ་གྱི་ཆུ་དང་བཅས་པ་སྲན་མ་སོས་མ་རེག་པར་མིད་པར་བྱའོ། །མྱུ་གུ་མ་བྱུང་ནའང་ཕྱེ་མར་བྱས་ཏེ་གདོན་གྱིས་ཟིན་པའི་མགོར་བཏབ་ན་གྲོལ་བར་འགྱུར་རོ། །གྲི་ལྕགས་ལ་རྒྱལ་གྱི་ཉིན་བར་
རལ་གྲི་སོར་བཅུ་གཉིས་པ་བྱས་ཏེ། ལག་པར་བཟུང་ནས་སྔ་མ་བཞིན་དུ་བཟླས་ན་རལ་གྲིའི་རིག་པ་འཛིན་པ་དང༌། མཁའ་ལ་འགྲོ་བར་འགྱུར་རོ། །མིག་སྨན་ནི། བཅུད་ལེན་གྱི་རིལ་བུ་རྫ་གསར་པར་བླུགས་ཏེ་ལག་པ་གཡོན་དུ་བཞག་ནས། གཡས་པས་བཀབ་ཅིང་སྔ་མ་བཞིན་དུ་བཟླས་ན་འོད་དང་དུ་བ་དང་རླངས་པ་འབྱུང་བར་འགྱུར་ཏེ། མིག་ལ་བྱུག་པ་དང་ཁོང་དུ་འཐུངས་པས་ལྐོག་གྱུར་མཐོང་བ་དང༌། རྒས་ནད་ལས་གྲོལ་བ་དང༌། ཚེའི་རིག་པ་འཛིན་པར་འགྱུར་རོ། །ལྕེའི་རྩ་བར་ཨ་དཀར་པོ་བསམས་ལ། དེའི་འོད་ཀྱིས་འཕགས་པ་དང༌། སོ་སོ་སྐྱེ་བོ་མཁས་པ་རྣམས་ཀྱི་ཡོན་ཏན་དང་ནོར་བུ་སྨན་དང་ནགས་ཚལ་གྱི་ནུས་པ་ཐམས་ཅད་བསྡུས་ཏེ། ཨཱ་ལི་ཀཱ་ལིའི་རྣམ་པར་གྱུར་ནས་མགྲིན་པར་ཐིམ་པ་ལ་དམིགས་ཤིང་བཟླས་ན་བློ་གྲོས་ཕུན་སུམ་ཚོགས་པར་འགྱུར་རོ། །རྩོམ་ན་ཐུགས་ཀར་དཔལ་བེའུ་བསམས་ནས་སྔ་མ་བཞིན་གྱི་དམིགས་པ་བྱའོ། །འཆད་ན་མགྲིན་པར་དུང་དཀར་གྱི་ནང་ཐམས་ཅད་ཨཱ་ལི་ཀཱ་ལིས་གང་བ་ལས་སྔ་མ་བཞིན་དམིགས་པར་བྱའོ། །རྩོད་ན་ལྕེ་རལ་གྲིར་བསམས་པའི་འོད་ཀྱིས་ཕ་རོལ་གྱི་བློ་ནུས་ཚུར་བསྡུས་ཏེ། ཕྱིར་རྒོལ་གྱི་ལྕེ་དུམ་བུར་བཅད་ཅིང་རལ་གྲིའི་མེ་འོད་ཀྱིས་བསྲེགས་པར་བསམས་ལ་རྩོད་པ་བྱའོ། །པཎ་ཆེན་མ་ཏིའི་གཞུང་བཞིན། བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་«་་་་་སྤོས་ཁང་པ་»གྱིས་ཡི་གེར་བཀོད་པ་འདིས་ཀྱང་སེམས་ཅན་ཐམས་ཅད་མཁྱེན་རབ་ཕུན་སུམ་ཚོགས་པར་གྱུར་ཅིག། ༈ །འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ན་མོ་བྷཊྚཱ་ར་ཀ་མཉྫུ་ཤྲཱི་བུདྡྷ་སིཾ་ཧཱ་ཡ། ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས་བདེ་བའི་སྟན་ལ་འདུག་སྟེ། ངག་ཏུ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སོགས་ཀྱིས་སྐྱབས་འགྲོ་ཉེར་གཅིག་སོགས་བྱའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུད་དང་ལྡན་པར་གྱུར་
ཅིག་སོགས་ཚད་མེད་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་གསལ་ནས་ཤེས་རབ་ཀྱི་སྣང་བ་ལ་འགོད་པར་བྱ། དེའི་ཆེད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒོམ་བཟླས་ཉམས་སུ་བླངས་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་རྒྱ་མཚོ་ཆེན་པོ་དཀར་ཞིང་དྭངས་པ། མཐའ་ནེའུ་གསེང་གིས་བརྒྱན་པའི་སྟེང་ན་གླང་པོ་ཆེ་སྣ་ཚོགས་གནས་པ། མཚོ་སྟེང་མེ་ཏོག་སྣ་ཚོགས་བཀྲ་བའི་སྟེང་ན་བྱ་སྐད་སྙན་པར་སྒྲོགས་པས་བརྒྱན་པ། དེའི་དབུས་སུ་པྃ་ལྗང་སེར་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་མ་གསེར་ལས་བྱས་པ་འདབ་མ་རྒྱས་པའི་དབུས་སུ། པདྨ་དཀར་པོ་འདབ་མ་བརྒྱད་པ་གེ་སར་དམར་སེར་ཡོད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་ཞིག་ཏུ་གྱུར། དེ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་སྦྱངས། ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ། འདབ་མ་སྙན་གྱི་ཐད་ཀར་ཁ་གྱེས་པའི་སྟེང་ན་སྟོང་ཕྲག་བརྒྱ་པའི་པུསྟི་འཛིན་པ། རལ་པའི་ཐོར་ཚུགས་ཅན་ཟུར་ཕུད་ལྔ་དང་ལྡན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། བརྒྱད་གཉིས་ལོན་པའི་ན་ཚོད་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་
བཞུགས་པ། བཟླས་པ་བྱ་བ་ནི། རང་གི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བ་ལ་ཨ། རྩིབས་དྲུག་ལ་མདུན་ནས་བརྩམས་ཏེ། ཨོཾ་ཝཱ་ཀྱེ་དཾ་ན་མ༔ ཞེས་པ་གཡས་སྐོར་དུ་བཀོད་ལ། ཡི་གེ་རྣམས་འཁོར་ལོ་ལ་མ་རེག་པའི་ཚུལ་དུ་གནས་པ། དེ་ནས་འཁོར་ལོ་གཡས་སུ་འཁོར། ཡིག་འབྲུ་རྣམས་གཡོན་དུ་འཁོར་བས་སྡིག་སྒྲིབ་རྣམས་སངས་སངས་དག་པར་བསམས་ལ། ཨོཾ་ཝཱ་ཀྱེ་དཾ་ན་མ། ཞེས་པ་འབུམ་ཚོ་གསུམ་བཟླ་བ་ནི་གྲངས་ཀྱི་བསྙེན་པ་སོགས་བྱ་བ་ཡིན། རྗེས་ཀྱི་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་པ་ཏཱིཙྪ་སྭཱ་ཧཱ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཤིན་ཏུ་དཀར་བའི་མདངས་ལྡན་མཚོ་ཡི་དབུས་ན་པདྨ་གེ་སར་གྱི། །སྡོང་པོར་འཁྲུངས་ཤིང་རི་བོང་འཛིན་པའི་སྟེང་ན་རྗེ་བཙུན་འཇམ་དབྱངས་ནི། །གཞོན་ནུའི་ཚུལ་འཛིན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་གངས་རི་དང་མཚུངས་པ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་ལེགས་བསྣམས་འཇམ་དབྱངས་ཁྱོད་ལ་འདུད། །ཅེས་བསྟོད་ནས། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོའོ། །ལས་ཁ་ཚར་སྟོན་པ་རྣམས་ཀྱི་ཡིག་ཆ་རྒྱ་སྟོན་གྱིས་མཛད་པ་ལས་རྟོགས་པར་བྱའོ། །འདིའི་རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ལ། སྦྱོར་བ་ནི། སྟེགས་ཇི་ལྟར་རིགས་པའི་སྟེང་དུ་མཎྜལ་ལ་འཁོར་ལོ་རྩིབས་དྲུག་པ་བྲིས་པའི་དབུས་སུ་ཨ། རྩིབས་རྣམས་ལ་མདུན་ནས་བརྩམས་ཏེ་ཨོཾ་ཝཱ་ཀྱེ་དཾ་ན་མ༔ ཞེས་རྡུལ་ཚོན་དཀར་པོས་བྲི། དབུས་སུ་འཇམ་དཔལ་གྱི་སྐུ་དང་
མཚན་བརྗོད་རྣམས་བཀོད། མཐར་ཕྱོགས་མཚམས་བརྒྱད་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། ཤར་མདུན་དུ་གཏོར་མ་གཅིག་དང༌། གཞན་ཡང་མཎྜལ་མེ་ཏོག་སོགས་མཐོང་བ་བརྒྱུད་པའི་ལག་ལེན་ལྟར་བཤམ་མོ། །དངོས་གཞི་ནི། སློབ་དཔོན་གྱིས་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་སོགས་ཀྱི་བྱིན་རླབས་སྒྲུབ་ཐབས་བརྒྱ་རྩ་ལྟར་བྱའོ། །བདག་དང་འགྲོ་བ་སོགས་ནས་སྩལ་དུ་གསོལ། ཞེས་པའི་བར་གོང་ལྟར་བྱའོ། །མདུན་བསྐྱེད་བསང་སྦྱང༌། སྟོང་པའི་ངང་ལས་བྃ་ལས་རྒྱ་མཚོ། སོགས་ནས། བཟླས་པའི་«་་་་་སྐབས་འདིར། བྃ་ལས་རྒྱ་མཚོ་ནས། སྐྱིལ་ཀྲུང་གིས་བཞུགས་པ། ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་གི་སེམས་ཉིད་དང༌། རང་ཉིད་ཅེས་པའི་ཚིག་དོར། དེ་ནས། མདུན་བསྐྱེད་ཀྱི་ཐུགས་ཀར་འཁོར་ལོ་དཀར་པོ། སོགས་ནས། ཡི་གེ་རྣམས་འཁོར་ལོ་ལ་མ་རེག་པའི་ཚུལ་དུ་གནས་པ། དེ་ནས་འཁོར་ལོ་གཡས་དང༌། ཡིག་འབྲུ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་སངས་དག་པར་བསམས་ལ་བཟླས་པ་སོགས་དཀྱུས་ལྟར་རོ།། »རྗེས་ལ་གསོལ་གདབ་རྣམས་བྱ། མཆོད་པ་བྱིན་རླབས། མཆོད་བསྟོད་གོང་ལྟར་བྱའོ། །གཏོར་མ་བསང་སྦྱང་བྱིན་རླབས་བརྒྱ་རྩ་ལྟར་བྱའམ། ཡང་ན། ཨ་ཀཱ་རོའི་སྔགས་ལན་གསུམ་གྱི་བྱིན་གྱིས་བརླབ། ཕྱག་རྒྱ་དང་བཅས་པས་མཚན་སྔགས་ཀྱི་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་གོང་ལྟར་དང༌། གསོལ་བ་གདབ་བོ། །དབང་བསྐུར་བ་ཐོབ་པའི་སློབ་མ་ཁྲུས་བྱས། མེ་ཏོག་བཀྱེ་བསྡུ་སོགས་གྲུབ་རྗེས། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སོགས་ཀྱིས་སེམས་བསྐྱེད་གསལ་བཏབ་ནས། གསན་པར་ཞུ། བར་སྤྱི་འགྲེ། དེ་ལ་འདིར་གསན་རྒྱུའི་རྗེས་སུ་གནང་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བསམ་པ་དང་
མཐུན་པར་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་གསུངས་ཏེ། དེ་ལའང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་གསུངས་པ་ལས། འདིར་སྔགས་ཀྱི་ཐེག་པ་ཡིན། དེ་ལའང་མཆོག་དང་ཐུན་མོང་སྒྲུབ་པའི་ཐབས་དུ་མ་ཞིག་ཡོད་པ་ལས་འདིར་ཕྱི་མ་ཡིན། དེ་ལའང་ཞི་རྒྱས་དབང་དྲག་དང་རྗེས་སུ་འགྲེལ་བའི་ཡི་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས་རྒྱས་པ་ཡིན། རྒྱས་པ་ལའང་ཚེ་རྒྱས་པར་བྱེད་པ་དང༌། ལོངས་སྤྱོད་རྒྱས་པར་བྱེད་པ་དང༌། བློ་གྲོས་རྒྱས་པར་བྱེད་པ་དང༌། མངའ་རིས་རྒྱས་པར་བྱེད་པ་ལ་སོགས་པ་དུ་མ་ཞིག་ཡོད་པའི་ནང་ནས། འདིར་བློ་གྲོས་རྒྱས་པར་བྱེད་པ་ལ། མ་རིག་པའི་མུན་པ་དྲུངས་ནས་ཕྱུང་སྟེ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པར་བྱེད་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཞིག་དགོས་པས། དེ་ལ་རྗེ་བཙུན་འཇམ་པའི་དབྱངས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པའི་ནང་ནས་འདིར་རྗེ་བཙུན་འཇམ་པའི་དབྱངས་དཀར་པོའི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཆེད་དུ་ལོ་རྒྱུས་ཅུང་ཟད་བརྗོད་ན། སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་དེས་འཕགས་པ་འཇམ་དཔལ་ལས་ཆོས་མངོན་སུམ་དུ་གསན་ཅིང་གྲུབ་པ་བརྙེས་པ་ཡིན། ལན་ཅིག་འཕགས་པ་འཇམ་དཔལ་བྱོན་ནས་ད་ལྟ་ཁྱོད་ཀྱིས་མི་ལོ་བརྒྱད་ཅུ་ལོན། ད་བཅུ་ལས་མི་ཐུབ་པས་སྣོད་དང་ལྡན་པའི་བུ་གཅིག་ཚོལ་ལ། དེ་ལ་ངའི་ཆོས་འདི་སྟོན་ལ་ཆིག་བརྒྱུད་གྱིས་ཞེས་ལུང་བསྟན། དེ་ནས་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ་ཕྱོགས་ཀུན་ཏུ་གཟིགས་ནས་སྣོད་ལྡན་གྱི་བུ་བཙལ་བས་མ་རྙེད། སླར་མ་ག་དྷཱའི་ཡུལ་དུ་གཟིགས་པས། མ་ཧེའི་རྫི་བོ་རྒས་ཤིང་འཁོགས་པ་འཚོ་བ་དང་བྲལ་བ་ཞིག་འདུག་པ་དེ་སྣོད་ལྡན་དུ་གཟིགས་ནས་དེར་བྱོན་ཏེ། ཁྱོད་སྣོད་དང་ལྡན་པར་
འདུག་པས་ལས་འདི་ཞོལ་ལ་ཆོས་སྒོར་ཞུགས་ཤིག་གསུངས་པས། དེ་ན་རེ། བདག་རྒས་ཤིང་འཁོགས་ལ་འཚོ་བའང་མེད། ཡི་གེའང་མི་ཤེས་པས་ཚེ་ཕྱི་མ་ལ་རྗེས་སུ་བཟུང་བར་ཞུ་ཟེར། དེར་སློབ་དཔོན་གྱིས་ཐབས་ཡོད་གསུངས་ནས་སྒྲུབ་ཐབས་འདི་བྱིན་ནས་བསྒྲུབས་པས་ཞག་བདུན་ནས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་པཎྜི་ཏར་གྱུར་ནས་པཎྜི་ཏ་མ་ཏི་ཞེས་བྱ་བར་གྲགས་སོ། །དེ་ནས་སློབ་དཔོན་གྱིས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གསང་མཚན་སྒེག་པའི་རྡོ་རྗེ་ཞེས་བྱ་བར་བཏགས་སོ། །དེ་ནས་ཤྲཱི་ན་ལེནྡྲར་རབ་ཏུ་བྱུང་སྟེ་མངོན་པར་བྱང་ཆུབ་པའི་སྐལ་བ་ཅན་ཞེས་བྱ་བར་བཏགས་སོ། །ནོར་བུའི་གླིང་དུ་སྐུ་འཁྲུངས་པས་ནོར་བུ་གླིང་པ་བདེ་བའི་རྡོ་རྗེ་ཞེས་བྱ་བ་གྲགས་སོ། །དེ་ནས་སློབ་དཔོན་ལ་ཕྱག་བྱས་ནས། སློབ་དཔོན་གྱི་ཐུགས་རྗེས་བཟུང་བས་མཁས་པར་གྱུར་ཀྱང༌། ད་རྒས་པས་བཤད་པ་བྱེད་མི་ནུས་སྒྲུབ་པ་ཞིག་བྱེད་པར་ཞུ་ཞུས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་རང་ལ་ཚེའི་ལྷག་མ་ལོ་བཅུ་ཡོད་པ་དང༌། ང་ལ་ཡི་དམ་གྱིས་ལུང་བསྟན་པའི་ལོ་བཅུ་ཡོད་པ་ལས་ལོ་གཉིས་སོང༌། ད་ལོ་བརྒྱད་ཡོད་པས་ཁྱོད་ལ་སྦྱིན་གྱིས་ལོ་བཅོ་བརྒྱད་བར་དུ་འགྲོ་དོན་གྱིས། དེ་ནས་ཡི་དམ་ལ་གསོལ་བ་ཐོབ་དང༌། ཚེ་ཉི་ཟླ་དང་མཉམ་པ་འོང་སྲིད་གསུངས་ནས་སློབ་དཔོན་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་སྒེག་པའི་རྡོ་རྗེས་ནོར་བུ་གླིང་པ་ཆུང་བ་ལ་གསུངས། དེས་འབྱུང་གནས་སྦས་པ་ལ། དེས་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་ལ་གནང་བ་ཡིན། ཁོང་བོད་དུ་ཁྲོ་ཕུ་ལོ་ཙཱ་བས་གདན་དྲངས། དབུས་ཀྱི་སྲིན་པོ་རིར་དབྱར་གནས་མཛད་པའི་དུས་སུ། བོད་རྣམས་ཀྱིས་རྒྱ་གར་བའི་ཤེས་རབ་མ་དོ་ནས། ཁྲོ་ཕུ་ལོ་ཙཱ་བས། བླ་མ་ལ་ཤེས་རབ་འཕེལ་བའི་གདམས་པ་ཞུས་པས། པཎྜི་ཏའི་ཞལ་ནས་ང་ལ་གདམས་པ་རྒྱ་མཚོ་ཙམ་མངའ་བའི་ནང་ནས་གདམས་པ་ཁྱད་པར་ཅན་བཞི་ཡོད། བདེ་མཆོག་
དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་དང༌། འཇམ་དཔལ་དཀར་པོ་ལ་བརྟེན་ནས་བློ་འཕེལ་བ་དང༌། ཡང་དག་མེ་གཅིག་ཐོད་གཅིག་ལ་བརྟེན་ནས་རས་ཐུབ་པ་དང༌། ཛམ་བྷ་ལ་ནག་པོ་ལ་བརྟེན་ནས་ནོར་སྒྲུབ་པ་དང་བཞི་ལས། འདི་འཇམ་དཔལ་དཀར་པོ་ལ་བརྟེན་ནས་བློ་འཕེལ་བ་ཡིན་གསུངས་ནས་ཐམས་ཅད་ལ་གནང་བ་ཡིན། བདེ་མཆོག་དང་ཛམ་བྷ་ལའི་བཀའ་རྗེས་གནང་ཞུས་པས། ཁྱེད་རང་རྣམས་བལ་ཡུལ་དུ་འགྲོ་ན་ངས་བྱ་ཡི་གསུངས། དེར་ཁྲོ་ཕུ་ལོ་ཙཱ་བས་བལ་ཡུལ་དུ་སྐྱེལ་ཐུང་བྱས་ནས་ཞུས་པས། ད་མི་ཁོམ་གསུངས་ནས་མ་གནང༌། ཡང་ཡང་གསོལ་བ་བཏབ་པས་ཁྱོད་དེ་ཙམ་དུ་གདུང་སེམས་ཡོད་ན་ད་སྦྱིན་གྱི་གསུངས་ནས། པཎྜི་ཏས་དབུ་སྙུང་བཞེས་པའི་གདམས་ངག་ཡིན་གསུངས་ནས་གནང་བ་ཡིན། དེ་ནས་རིམ་པ་ལྟར་བརྒྱུད་པའི་འཇམ་དཔལ་དཀར་པོའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ཟིན་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ་རྗེས་གནང་གི་སྔོན་དུ་འགྲོ་བ་མཎྜལ་དབུལ་ཞིང་གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ་རྣམས་སུ་ཡོད་པ་ལས། ཐོག་མར་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས། ཞེས་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་སོགས་སྤྱི་དང་འདྲ་བར་བསམས་ནས། དཀོན་མཆོག་གསུམ་ལ་སོགས་ཀྱིས་རྒྱུད་དག་པར་བྱ་བ་ནི་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་
དཔོན་གྱི་ཐུགས་ཀའི་ཨ་ཡིག་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པར་འཕྲོས། ཁྱེད་རང་གི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། ཁྱད་པར་མི་ཤེས་པའི་མུན་པ་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུ་རེ་རེར་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ནས། སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ཅན་དུ་གསལ་བར་དམིགས་ནས། དེ་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ། ཐོག་མར་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་ཚེ་ལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་དཔོན་གྱིས་འཇམ་དཔལ་གྱི་སྐུ་ཁྱེད་རང་གི་སྤྱི་བོར་བཞག་སྟེ་སྐུའི་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །འཇམ་པའི་དབྱངས་ཀྱི་སྐུ་ཐོབ་ཤོག །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་འཇམ་དཔལ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་བྱོན་ནས་ཁྱེད་རང་གི་སྤྱི་གཙུག་ནས་ཐིམ་པས། ཁྱེད་རང་གི་ལུས་དང་འཇམ་དཔལ་གྱི་སྐུ་གཉིས་སུ་མེད་པར་གྱུར་པ་མོས་པ་མཛོད། དེ་ལྟར་ན་སྐུའི་རྗེས་སུ་གནང་བ་ཐོབ་པས་དེ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ལུས་ལ་ནད་མེད་པ་དང༌། མཐོང་བ་ཙམ་གྱིས་འགྲོ་བ་དད་པ་དང༌། མཐར་ཐུག་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་འཇམ་དཔལ་གྱི་སྐུ་ཐོབ་པར་འགྱུར་བ་ཡིན་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །
བདག་བློའི་གཏི་མུག་མུན་པ་རབ་བསལ་ཏེ། བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། དམིགས་པ་འདི་བཞིན་མཛོད། སློབ་དཔོན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ཅན་དུ་གསལ་བའི་ཐུགས་ཀའི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་གི་ལྟེ་བ་ལ་ཨ། རྩིབས་དྲུག་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་པའི་སྔགས་ཀྱི་ཡིག་འབྲུ་རྣམས་འཁོར་ལོ་ལ་མ་རེག་པའི་ཚུལ་དུ་གནས་པའི་འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བར་གསལ་བཏབ། ཁྱེད་རང་རྣམས་ཀྱང་འཇམ་དཔལ་གྱི་སྐུ་ཅན་དུ་གསལ་བའི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་གི་ལྟེ་བ་ལ་ཨ། རྩིབས་དྲུག་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་པའི་སྔགས་ཀྱི་ཡིག་འབྲུ་འཁོར་ལོ་ལ་མ་རེག་པའི་ཚུལ་གྱིས་མཚན་པར་གསལ་བཏབ་ནས། སློབ་དཔོན་ལ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡིན་སྙམ་པའི་གུས་འདུད་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་དེ་འདྲ་བ་བྱུང་སྟེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་འཁོར་ལོ་ལ་འཁོར་ལོ་དང༌། སྔགས་ཕྲེང་ལ་སྔགས་ཕྲེང་ཐིམ་པས་འཁོར་ལོ་གཡས་དང༌། ཡིག་འབྲུ་གཡོན་དུ་འཁོར་བས་སྡིག་སྒྲིབ་རྣམས་སངས་སངས་དག་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་པ་བྱས་ནས། མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་ལན་བརྒྱ་རྩ་བརྒྱད་བཟླས་པས་དང་པོས་རྒྱུད་བྱིས་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པ་མན་ཆད་ཀྱིས་བརྟན་པར་མོས་ནས། སློབ་དཔོན་ལ་དྲིན་
ལན་གྱི་ཚུལ་དུ་མེ་ཏོག་གཏོར་ཏེ། གསོལ་བ་འདེབས་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་སྤྱི་དང་འདྲ། དེ་ལྟར་ན་གསུང་གི་རྗེས་གནང་ཐོབ་པས་དེ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་བ་ཡིན་སྙམ་དུ་མོས་པ་མཛོད། ཐུགས་རྣམ་པར་མི་རྟོག་པའི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པས། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་དཔལ་ཐུགས་ལ་གསོལ་བ་འདེབས། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ལུས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་བྱ་བ་ནི། རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག་གི་ཕྱག་རྒྱ། སྒལ་ཚིགས་དྲང་པོར་བསྲངས། མིག་བར་སྣང་དུ་གཏད་དེ་མདུན་གྱི་ནམ་མཁར་ཡི་གེ་ཨ་དཀར་པོ་ཞིག་གསལ་བར་དམིགས་ཏེ་དེ་ཉིད་ལ་སེམས་གཏད་ནས། འདིའི་རྗེས་ཟློས་མཛོད། ཨ་ཨ་སོགས་ཉེར་གཅིག་བརྗོད་པའི་མཐར་ཨ་དེ་ཡང་མེ་ལོང་ལ་ཧས་བཏབ་པ་བཞིན་མཐའ་ནས་རིམ་བཞིན་བསྡུས་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ཏེ་དམིགས་པ་ཅི་ཡང་ཡིད་ལ་མི་བྱེད་པ་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་ཐོག་མཐའ་མེད་པ་ལྟར་སེམས་ལ་ཐོག་མཐའ་མེད། ནམ་མཁའ་ལ་འགྲོ་འོང་མེད་པ་ལྟར་སེམས་ལ་འགྲོ་འོང་མེད། ནམ་མཁའ་ལ་འདུས་བྱས་ཀྱི་གནོད་པས་མི་བརྫི་བ་ལྟར་སེམས་ལ་གློ་བུར་གྱི་རྐྱེན་གྱིས་མི་བརྫི། ནམ་མཁས་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཁྱབ་པ་ལྟར་སེམས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་སྟེ། སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། དེ་ཉིད་བརྟན་པའི་ཕྱིར་དུ་སློབ་
དཔོན་གྱིས་མེ་ཏོག་སྤྱི་བོར་བཞག་སྟེ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །དེ་ལྟར་ན་ཐུགས་ཀྱི་རྗེས་གནང་ཐོབ་པས་དེ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ཆོས་ལ་བློ་འགྲོ་ཞིང༌། མཐར་ཐུག་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་ཡིན་སྙམ་དུ་མོས་པ་མཛོད། ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་འདི་ནས་ནི་བཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་ཐོབ་བར། །བཅོམ་ལྡན་འཇམ་དབྱངས་མགོན་གྱིས་ནི། །བདག་གི་བླ་མར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ཁྱེད་རང་གི་ཕྱག་ཏུ་མཚན་བརྗོད་གཏད་དེ། ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། འདི་ན་འཇམ་དཔལ་གྱི་རྒྱུད་བཞུགས། ཁྱེད་རང་ཡང་ཉམས་སུ་ལོངས། སེམས་ཅན་རྣམས་ལའང་ཕན་ཐོགས་པར་གྱིས་ཤིག ཅེས་པས་སྦྱིན་ནོ། །དེ་ལྟར་ན་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ཐོབ་པས་དེ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་རིག་པའི་གནས་ལྔ་ལ་མཁས་ཤིང་སེམས་ཅན་གྱི་དོན་སྒྲུབ་པ་དང༌། མཐར་ཐུག་འཇམ་དཔལ་ལ་མངའ་བའི་ཡོན་ཏན་ཕྲིན་ལས་དང་མཉམ་པར་འགྱུར་བ་ཡིན་སྙམ་དུ་མོས་པ་མཛོད། དེ་ནས་དགེ་བ་བསྔོ་བ་ནི། འདི་ལྟར་བསྒྲུབ་པ་ལས་བྱུང་བའི་དགེ་བའི་རྩ་བ་གང་ཐོབ་པ་དེས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས་འདིའི་རྗེས་ཟློས་མཛོད། འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་བསྔོ་བ་དང་བཅས་པ་རྣམས་ཀྱིས་དངོས་གཞི་གྲུབ་ནས། དེ་དག་གི་གནས་སྐབས་སུ་སོགས་ནས། གཙོ་བོས་དང༌། མཎྜལ་
དང༌། དེང་ནས་སོགས་སྤྱི་དང་འདྲའོ། །རྗེས་ནི་མཆོད་པ་བྱིན་རླབས་དང་མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་གོང་ལྟར་བྱ། སྐུ་ལ་བརྟན་བཞུགས་རབ་གནས་བྱ། རང་གི་གནས་གསུམ་བསྲུང༌། བཀྲ་ཤིས་དང་བསྔོ་བ་སོགས་བྱའོ། །ཞེས་པ་འདི་ནི་རང་གི་དྲན་པ་གསོ་བའི་ཕྱིར་དུ་མཁྱེན་རབ་ཀྱི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་བུདྡྷ་སིཾ་ཧའི་ཞབས་རྡུལ་སྤྱི་བོས་བླངས་པ་བྲང་བཙུན་ནམ་མཁའི་མིང་ཅན་གྱིས་རེ་ཞིག་ཏུ་ཨེ་ཝཾ་ཐར་རྩེའི་གཟིམ་ཁང་དུ་སུག་བྲིས་སུ་བྱས་པའོ། །འདིའི་རྒྱབ་རྟེན་དུ་ཡི་གེ་རྙིང་པ་ལ་བལྟ་བར་བྱ་བ་འབད་པར་རིགས་སོ། །ཤུ་བྷཾ་མངྒ་ལཾ་བྷ་ཝནྟུ།། ༈ །འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་པ་བྱ་ཚུལ་ལག་ལེན་རྣམ་གསལ་ཞེས་བྱ་བ་བཞུགས། །ཤེས་བྱ་ཀུན་གཟིགས་ཆོས་ཀྱི་རྒྱལ་པོའི་གནས། །མངོན་གྱུར་བར་དུ་མཐའ་ཀླས་ཤེས་བྱའི་གནས། །སྣང་བྱེད་བླ་མ་འཇམ་དབྱངས་ཐ་མི་དད། །ལྷག་པའི་ལྷ་རུ་བསྙེན་ཚུལ་ཡི་གེར་འགོད། །དེའང་གང་ཟག་དབང་ཐོབ་ཅིང་ཁྱད་པར་འདིའི་རྗེས་གནང་དང་མན་ངག་ལེགས་པར་མནོས་པས་རང་གཞན་གྱི་མ་རིག་པའི་མུན་པ་བསལ་བའི་ཕྱིར་སློབ་དཔོན་མ་ཏི་ནས་བརྒྱུད་པའི་འཇམ་དཔལ་དཀར་པོའི་བསྙེན་པ་བྱ་བའི་ཚུལ་ལ། དང་པོར་མཚམས་ལ་འཇུག་པའི་དུས་གཟའ་སྐར་འཕྲོད་སྦྱོར་སོགས་བཟང་བར་སྔོན་བྱུང་སྟོན་པའི་བདུད་བཏུལ་བའི་དུས་དང་བསྟུན་ན་སྲོད་ཀྱི་དང་པོ་མུན་རུབ་བམ། ཡང་ན་ཤེས་རབ་རྒྱས་པའི་རྟེན་འབྲེལ་གྱིས་སྔ་དྲོ་ཉི་མ་ཤར་འཕྲལ་ནས་འཇུག་སྟེ། དེའི་སྦྱོར་བ་ནི་གཏོར་མ་ཤ་ཆང་གི་དྲི་མ་མེད་པར་ཟླུམ་གཏོར་ཐེབ་ཀྱུ་བཞིས་བསྐོར་བ་རྒྱན་ལྡན་བཤམ། དེའི་མདུན་དུ་ཉེར་སྤྱོད་རྣམས་སྦྲེང་ཚར་བཤམ། འཇམ་དཀར་གྱི་སྐུ་བྲིས་འབུར་གང་རིགས་དེའི་ཐད་ཀྱི་གྱང་ལོགས་སུ་དགྲམ། རང་ཉིད་ཁ་ཤར་རམ་ལྷོ་རུ་ཕྱོགས་པར་བསྡད། གནས་
ཁང་གིས་སྟབས་མ་བདེ་ན་ཁ་ཤར་བལྟས་སུ་ཡོད་པར་བསམ་པས་ཆོག རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་བཀྲ་ཤིས་ཀྱི་མེ་ཏོག་སྣོད་བཅས་དང༌། ཆབ་ལེན་པའི་བུམ་པའང་འདུ་བྱ། དེ་ཉིན་གྱི་སྔོན་འགྲོ་ལ་ཆ་གསུམ་གཏོར་མ་བཤམས་ནས་གཞན་ནས་འབྱུང་བ་ལྟར་ཆ་གསུམ་ཆོ་གས་བཏང་ནས། མཚམས་བཅད་དེ་སྒོ་རྩར་ཐོ་འཛུགས་བྱ། དེ་ནས་བརྩམས་ཏེ་མཚམས་འོག་འཇུག་དགོས་བཞི་ལྔ་ཙམ་ལྟ་བུ་དགོས་ངེས་མིན་པ་མང་པོ་མི་འཇུག དེ་ནས་མཆོད་པ་བྱིན་རླབས་ནི། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་སོགས་ནས་ཤབྡ་སྭཱ་ཧཱ་ཞེས་དང༌། དྷརྨ་ར་ཎི་ལན་གསུམ་བརྗོད་པའི་བར་སྤྱི་ལྟར་བྱ། དེ་ནས་མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་དང་འཇམ་དཔལ་གཉིས་སུ་མེད་པའི་དཀོན་མཆོག་གསུམ་གྱི་ཚོགས་རྣམས་གསལ་བཏབ་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་དེ་སྐྱབས་འགྲོ་བྱེད་པར་བསམས་ནས། མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་སོགས་སྐྱབས་འགྲོ་དང་པོར་ཞག་གཉིས་གསུམ་ཙམ་ལ་སྐྱབས་སུ་འགྲོ་བ་ཐུན་རེ་ལའང་ཅི་ཙམ་ནུས་པ་བློ་དང་འདྲེས་ངེས་པར་བྱ། དེ་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གཅིག་བརྗོད་པས་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ། དེ་ནས་ཚད་མེད་བཞི་སྤྱི་ལྟར་བསྒོམ། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་བསལ་སོགས་སེམས་བསྐྱེད་ལ་ལན་གསུམ་བརྗོད། དངོས་གཞི་སྭ་བྷཱ་ཝ་སོགས་ནས། ཡིག་འབྲུ་རྣམས་གཡོན་དུ་འཁོར་
བས་སྡིག་སྒྲིབ་རྣམས་སངས་སངས་དག་པར་བསམ། །ཞེས་པའི་བར་འདོན་བསྒོམ་བྱ། དེ་ནས་ཐུགས་ཀའི་འཁོར་ལོ་འོད་ཟེར་འཕྲོ་བ་དང་བཅས་པའི་དམིགས་པ་དེ་ཉིད་དང་བཅས་ཏེ་སྔགས་བཟླ་བའི་སྒང་ལ་ངག་བཅད་དམ་པར་བྱ། གསོལ་ཇ་བཞེས་འཕྲལ་ཆབ་ལེན་པ་སོགས་གཙང་སྦྲ་བྱ། ཐུན་བསྡུ་བ་ན་བདག་ཉིད་ལ་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་མཆོད། ཤིན་ཏུ་དཀར་བའི་སོགས་ནས་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་བསྟོད་ཅིང་གསོལ་བ་བཏབ་པའི་རྗེས་སུ། སྔ་ཐུན་དགོངས་ཐུན་གང་རུང་ཞིག་གི་མཐར་གཏོར་མ་འབུལ་ཏེ། དེའང་གཏོར་མ་ཆུ་གཙང་གིས་བྲན་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཏོར་མགྲོན་བསྐྱེད་པ་ནི། བྲིས་སྐུ་སོགས་ཀྱི་རྟེན་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་བྃ་ལས་རྒྱ་མཚོ་ཆེན་པོ་དཀར་ཞིང་སོགས། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པའི་བར་རང་ཉིད་ཅེས་པ་དོར་བ་མ་གཏོགས་བདག་བསྐྱེད་ལྟར་བརྗོད། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ཨ། རྩིབས་དྲུག་ལ་མདུན་ནས་བརྩམས་ཏེ་ཨོཾ་ཝཱ་ཀྱེ་དཾ་ན་མཿཞེས་པས་བསྐོར་བ། དེའི་ཐུགས་ཀའི་ཨ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿཞེས་པས་སྤྱན་དྲངས་ནས། ཛཿཧཱུྃ་བཾ་ཧོཿཞེས་པས་དེ་ལ་གཉིས་སུ་མེད་པར་བསྟིམས་ནས། དེ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨི་དཾ་བ་ལྱཱ་དི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་མམ་ལྔ་སོགས་ཀྱིས་
ཕུལ། ཨོཾ་སརྦ་ཏ་ཐཱ་སོགས་ནས་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཤིན་ཏུ་དཀར་བའི་མདངས་ལྡན་སོགས་ཀྱིས་བསྟོད་ཅིང་གསོལ་འདེབས་སྔར་བཞིན་བྱ།«་་་་་སྤྲོ་ན་མཚན་ཡང་དག་པར་བརྗོད་པས་ཀྱང་བསྟོད།» དེ་ནས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་སྐུ་གཟུགས་ཀྱི་རྟེན་འདི་ལ་བསྐྱེད་ཅིང་བསྟིམས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་མེ་ཏོག་གཏོར། དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ་ཞིང༌། བདག་གིས་དུས་འདི་ནས་བཟུང་སྟེ་ཞེས་ཤླཽ་ཀ་གཅིག་གིས་སྨོན་ལམ་བཏབ་ལ། བཀྲ་ཤིས་གང་རིགས་བརྗོད། ཐུན་མཚམས་ཐམས་ཅད་དུ་བདག་ཉིད་འཇམ་དཔལ་གྱི་ང་རྒྱལ་དང་མ་བྲལ་བར་བྱའོ། །དེས་ཐུན་གཅིག་སོང༌། ཐུན་གཉིས་པ་ལ་སྐྱབས་འགྲོ་ནས་བཟུང་སྟེ་བཟླས་པའི་མཇུག་གི་མཆོད་བསྟོད་གསོལ་བ་བཏབ་རྗེས་སུ། གཏོར་བསྔོ་དོར་ནས། དགེ་བ་བསྔོ་བ་ལ་འཇུག་གོ །ཐུན་གསུམ་པ་ལའང་དེ་དང་འདྲ་སྟེ་དེ་ལྟར་ཐུན་གསུམ་བྱེད་པའི་ལུགས་ཡིན། གལ་ཏེ་ཐུན་བཞི་བྱུང་ན་ཤིན་ཏུ་ལེགས་ཏེ། ཐོ་རངས་ནས་ཉི་དྲོས་བར་ཐུན་དང་པོ། དེ་རྗེས་ནས་ཉིན་ཕྱེད་བར་ཐུན་གཉིས་པ། ཕྱེད་ཡོལ་ནས་
དགོངས་མོའི་བར་ཐུན་གསུམ་པ། དེ་ནས་སྲོད་ཐུན་བར་ཐུན་བཞི་པ་བྱེད་པ་ཡིན་ནོ། །དེ་ལྟ་བུའི་སྒོ་ནས་གྲངས་བསྙེན་འབུམ་ཕྲག་དྲུག་བྱ་བར་བཤད་ཀྱང་ཐོག་མའི་བསྙེན་པ་ཟླ་བ་གཅིག་ལ་སྔགས་འབུམ་ཕྲག་བཅུ་སོགས་གང་འགྲོ་དང་གསང་སྔགས་ནུས་པ་འབྱིན་བྱེད་སྦྱིན་སྲེག་དང་བཅས་པ་གྲུབ་ན་ལེགས་པ་ཡིན་ནོ། །འདིའི་སྒྲུབ་སྐོར་མ་ཏིས་མཛད་པའི་རྒྱ་གཞུང་དང་བོད་གཞུང་རྒྱ་སྟོན་དང་ཆག་ལོ་ཙཱ་དང་མཁན་ཆེན་བུདྡྷ་ལཀྵྨིས་མཛད་པའི་སྒྲུབ་ཡིག་སོགས་མང་དུ་སྣང་ངོ༌། །ལྷ་མཆོག་འཇམ་དཔལ་ཇི་ལྟར་བསྙེན་པའི་ཐབས། །རྣམ་གསལ་བགྱིས་པའི་བསོད་ནམས་སེམས་ཅན་ཁམས། །བློ་གྲོས་མེ་ལོང་དྭངས་པར་གཙུག་ལག་གཟུགས། །བརྒྱ་ཕྲག་འགོགས་མེད་འཆར་བའི་རྒྱུར་བསྔོའོ། །ཞེས་འཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་པ་བྱ་ཚུལ་ལག་ལེན་རྣམ་གསལ་ཞེས་བྱ་བ་འདིའང་ལྡན་ཡུལ་ཤོད་ཀྱི་ས་འཛིན་མགོན་པོ་རྣམ་རྒྱལ་བའི་གསུང་གིས་བསྐུལ་འཕྲལ་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པ་སརྦ་མངྒ་ལཾ།། ༈ །འཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་རྗེས་གནང་གི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས། །རྗེ་བཙུན་འཇམ་དབྱངས་པཎ་ཆེན་མ་ཏིའི་ཞབས། །མཁས་མཆོག་ཤཱཀྱ་ཤྲཱི་དང་བྱང་ཆུབ་དཔལ། །བདེ་བ་དཔལ་དང་སངས་རྒྱས་གཞོན་ནུ་ཅན། །བསོད་ནམས་ཤེས་རབ་མཁན་ཆེན་ཤེས་རབ་མགོན། །ཤར་ཆེན་ཡེ་རྒྱལ་ངོར་ཆེན་ཀུན་དགའ་བཟང༌། །རྒྱལ་ཚབ་ཀུན་དབང་རཏྣ་ཝརྦྷ་དང༌། །དཀོན་མཆོག་ལྷུན་གྲུབ་ནམ་མཁའ་དཔལ་བཟང་པོ། །ནམ་མཁའ་སངས་རྒྱས་ནམ་མཁའ་དཔལ་བཟང་དང༌། །སངས་རྒྱས་ཕུན་ཚོགས་ཚུལ་ཁྲིམས་ལྷུན་གྲུབ་སོགས། །བྱིན་རླབས་གདམས་ངག་དངོས་བརྒྱུད་བླ་མ་དང༌། །འཇམ་དཔལ་ལ་སོགས་ཡི་དམ་རྒྱལ་བ་སྲས། །བསྟན་སྲུང་བཅས་ལ་ཕྱག་འཚལ་བསྙེན་པའི་མཐུས། །
བདག་གཞན་ལས་ཉོན་སྒྲིབ་པ་ཀུན་སྦྱངས་ནས། །གཞུང་ལུགས་ཀུན་ཤེས་འཆད་རྩོམ་རྩོད་པ་ལ། །ཐོགས་པ་མེད་པའི་བློ་གྲོས་འོད་བརྒྱ་པའི། །ཕན་བདེའི་སྣང་བས་བསྟན་འགྲོར་ཁྱབ་པར་མཛོད། །ཅེས་པ་འཇམ་དཔལ་དཀར་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ནི་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པ་སརྦ་མངྒ་ལཾ།། ༈ །འཇམ་དཔལ་དཀར་པོའི་བརྒྱུད་འདེབས་ཀྱི་ཁ་སྐོང་ནི། ནམ་མཁའ་སངས་རྒྱས་ནམ་མཁའ་དཔལ་བཟང་དང༌། །ཞེས་པའི་མཚམས། སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་ཞབས། །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་དང༌། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་ཞབས། །སྐྱབས་གནས་ཀུན་འདུས་ཀུན་དགའ་བསྟན་འཛིན་སོགས། །བྱིན་བརླབས་གདམས་ངག་དངོས་བརྒྱུད་བླ་མ་དང༌། །སོགས་སྦྲེལ་ལོ། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ།། ༈ །འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྣང་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་དུ་འཆར་བས་རྨོངས་པའི་མུན་བསལ་ནས། །བློ་མཆོག་པདྨོའི་རྫིང་བུ་དར་མཛད་པའི། །འཇམ་མགོན་སྨྲ་བའི་ཉི་མའི་ཡེ་ཤེས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱོང་གྱུར་ཅིག །དེ་ཡི་གསང་གསུམ་བསྙེན་ཅིང་སྒྲུབ་པ་དང༌། །ཕྲིན་ལས་ཟླ་བ་ནོར་བུའི་སྙེམས་འཆང་བས། །སྐལ་བཟང་ཡིད་ལ་བདུད་རྩིའི་སྣང་སྟེར་བ། །ཕན་བདེའི་ཆུ་གཏེར་རྒྱས་པའི་དཔྱིད་དུ་སྦྱིན། །ཨེ་མ་འཆི་མེད་ཟིལ་དངར་དང༌། །དཔག་བསམ་རྐང་པས་འཐུང་བ་ཡིས། །མཚོན་མིན་ལེགས་པར་བཤད་པའི་རྒྱུན། །འཇིག་རྟེན་གསུམ་གྱི་གདུང་སེལ་ཉིད། །དེ་ལ་འཕགས་པ་འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་བ་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་
རྣམ་པར་རྒྱལ་བའི་བྱིན་རླབས་ཀྱི་བདུད་རྩིས་སྤོབས་པའི་གཏེར་མཛོད་ཆེན་པོ་བརྒྱད་ཀྱི་ཨུཏྤ་ལ་ཁ་ཡོངས་སུ་བྱེ་བ་མ་ཧཱ་པཎྜི་ཏ་མ་ཏིའམ། གྲུབ་པའི་འཁོར་ལོས་སྒྱུར་བ་བི་ལཱ་ས་བཛྲ་ནས་ཉེ་བར་བརྒྱུད་པའི་འཇམ་དཔལ་དཀར་པོའི་གདམས་པ་ཟབ་མོ་འདི་འཆད་པ་ལ་གཉིས་ཏེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་སླད་དུ་ལོ་རྒྱུས་དང༌། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་སོ། །དང་པོ་ལའང་བཤད་བྱ་ཆོས་ཀྱི་ལོ་རྒྱུས་དང༌། བླ་མ་བརྒྱུད་པའི་ལོ་རྒྱུས་གཉིས་ལས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། རང་ཉིད་ཀྱིས་ཇི་ལྟར་གཟིགས་པའི་དོན་དེ་ཉིད་གཞན་ལ་འདོམས་པའི་སླད། གདུལ་བྱའི་སྐལ་བ་དང་འཚམས་པའི་ཐབས་ལ་མཁས་པས་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིར་བཞུགས་པ་ལས། འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བཞེད་པས། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་རྣམས་ལ་མ་བརྟེན་ཀྱང་འགྲུབ་པའི་གསང་སྔགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་གསུངས་པར་བཞེད་ཅིང༌། གཙོ་བོར་ཡེ་ཤེས་པ་གཞུག་པ་མ་བསྟན་པའི་ཕྱིར་སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་ཤིང༌། ལྷའི་ངོ་བོ་ཙམ་གྱི་སྒོ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་པར་བཞག་ཀྱང་མི་འགལ་བ་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བརྟེན་ནས་པཎྜི་ཏ་མ་ཏིས་ལེགས་པར་བཀྲལ་བའི་སྒྲུབ་ཐབས་དང༌། བསྟོད་པ་སོགས་ཀྱི་རྗེས་སུ་འབྲངས་ཏེ། གངས་ཅན་གྱི་ལྗོངས་འདིར་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའི་ཕྱག་ལེན་ཇི་ལྟ་བ་བཞིན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཟིན་བྲིས་སུ་བཏབ་པའི་རྗེས་གནང་གི་ཡི་གེ། ལོ་རྒྱུས་ཀྱི་ཡི་གེ་རྙིང་པ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་དང༌། བསོད་
སྙོམས་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱིས་གཙོ་བོར་མ་ཏིའི་རྗེས་སུ་འབྲངས་ཤིང༌། མན་ངག་གཞན་རྒྱུད་འགྲེལ་པ་དང་བཅས་པ་ནས་ཀྱང་ཁ་བསྐངས་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་རྒྱས་པ། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་རྗེས་གནང༌། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་བསྙེན་སྒྲུབ། ལས་སྦྱོར། སྦྱིན་སྲེག་དང་བཅས་པ་སོགས་རང་གཞན་གྱི་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་མཛད་པའི་ཡིག་ཆ་ཇི་སྙེད་ཅིག་མཐོང་ཞིང་ཕལ་ཆེར་ཐོས་སོ། །གཉིས་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། ཟུར་བཀའ་པཎྜི་ཏ་མ་ཏི་ནས་བརྒྱུད་པའི་ཚུལ་ནི་ལོ་རྒྱུས་ཀྱི་ཡི་གེ་རྙིང་པ་ལས་ཤེས་ལ། གཞན་ཡང་སྤྱི་བཀའ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཡབ་སྲས་ནས་བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ་ལས་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པའི་སྒྲུབ་ཐབས་བརྒྱ་རྩ་དང༌། རྡོ་རྗེ་རྣལ་འབྱོར་མས་སྔགས་རིག་སྨྲ་བ་རྣམས་ཀྱི་མཆོག་ཏུ་དབང་བསྐུར་བས་གཞུང་ཤློ་ཀ་འབུམ་ཕྲག་བརྩམས་པར་གྲགས་པའི་གྲུབ་ཆེན་ཨ་བྷ་ཡཱ་ཀ་ན་གུཔྟ་ནས་བརྒྱུད་པའི་སྒྲུབ་ཐབས་རྒྱ་མཚོའི་གྲས་སུ་བཞུགས་པ་དང༌། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གངས་ཅན་གྱི་མགོན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ནས་བརྒྱུད་པ་སོགས་ཀྱི་ལོ་རྒྱུས་ཀྱང་སོ་སོའི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་གདམས་པ་དངོས་ལ་གསུམ་སྟེ། དང་པོ་ལྷ་ཉེ་བར་བསྙེན་པའི་ཆོ་ག བར་དུ་དངོས་གྲུབ་སྒྲུབ་པའི་ཚུལ། མཐར་ལས་སྦྱོར་གྱིས་རང་གཞན་རྣམས་འདོད་པའི་དོན་ལ་འགོད་པའི་ཆོ་ག་དང་གསུམ་ལས། དང་པོ་ནི། སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ལག་ཏུ་བླང་བའི་ཚུལ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་སྒྲུབ་ཐབས་དང་ཞུ་ཆེན་པཎྜི་ཏའི་བསྙེན་ཡིག་སོགས་ལས་རྟོགས་པར་བྱ་ཞིང༌།
འདིར་དེ་དག་ཏུ་མི་གསལ་བ་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་གསུང་རབ་ལྟར་ཅུང་ཟད་བཤད་ན། གང་གིས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག དེས་ཇི་ལྟར་ཉམས་སུ་བླངས་པའི་ཚུལ། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་དང་གསུམ་ལས། དང་པོ་ནི། མཐའ་མེད་པའི་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བར་འདོད་པའི་ངེས་འབྱུང་བཅོས་མིན་གྱི་བརྒྱུད་སྦྱངས་ཏེ། དགེ་བསྙེན་ཡན་ཆད་སོ་སོར་ཐར་པའི་སྡོམ་པ་གང་རུང་དང་ལྡན་པ། སེམས་ཅན་ཐམས་ཅད་མ་དྲིན་ཅན་ཁོ་ནར་ཤེས་ཤིང༌། དེ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པའི་སླད་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ལམ་གྱི་གཙོ་བོ་རྣམས་ལ་ཚུལ་བཞིན་དུ་སློབ་འདོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་ལ་མ་ཉམས་པ། དེ་ལྟ་བུའི་བྱང་ཆུབ་ཀྱང་དུས་མྱུར་དུ་ཐོབ་འདོད་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཚུལ་བཞིན་དུ་སློབ་པ་གཞིར་བཞག་སྟེ། བྱེ་བྲག་ཏུ་འདི་ཉིད་ཀྱི་རྗེས་སུ་གནང་བ་དང་མན་ངག་གི་རྒྱུན་ཐོབ་པ། བླ་མ་ལ་གུས་ཤིང་སྒྲུབ་ལ་བརྩོན་པ། ཁྲུས་དང་གཙང་སྦྲ་ལ་གཙོ་བོར་གནས་པའི་གང་ཟག་གིས་ཉམས་སུ་བླངས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ནི། ཡར་ངོའི་གཟའ་སྐར་ཚེས་གྲངས་བཟང་བའི་དུས། དབེན་ཞིང་ཉམས་དགའ་ལ་རང་དབང་འདུས་པའི་གནས་སུ་སྦྱོར་བའི་ཆོས་རྣམས་བསྙེན་ཡིག་ལྟར་གྲུབ་ནས། དངོས་གཞིའི་ཐོག་མར་དལ་འབྱོར་གྱི་ལུས་རྟེན་འདི་ལྟ་བུ་རྙེད་དཀའ་ཞིང་འཇིག་སླ་བ་དང༌། ཤི་ནས་ཅང་མེད་དུ་མི་འགྲོ་བར་ལས་རྒྱུ་འབྲས་ཁོ་ནའི་རྗེས་སུ་འབྲངས་ཏེ་འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། ད་རེས་རང་གཞན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་
ལས་ཅི་ནས་ཀྱང་ཐར་བ་ཞིག་བྱ། དེའི་ཆེད་དུ་བླ་མ་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་སྙམ་པའི་འདུན་པས། རྩ་བརྒྱུད་ཀྱི་བླ་མའི་སྐུ་བསྟོད་ཅི་ཤེས་བྱས་རྗེས་སྐྱབས་ཡུལ་གསལ་གདབ་པ་ནི། རང་གནས་པའི་ས་ཕྱོགས་ཐམས་ཅད་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ། ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཕུན་སུམ་ཚོགས་པ། དྲན་པ་ཙམ་གྱིས་འདོད་དགུ་ཡིད་བཞིན་དུ་འཇོ་བ། ཡལ་ག་ལྔ་པའི་དབུས་སུ་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་རྗེ་བཙུན་འཇམ་དཔལ་དཀར་པོ་དབྱེར་མེད་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱང་འཇམ་དཔལ་གྱི་རྣམ་པས་གཡས་སྐོར་གྱིས་ཞལ་ནང་དུ་ཕྱོགས་པས་བཞུགས་པ། མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་སངས་རྒྱས་ལོངས་སྤྲུལ་རྣམས། རྒྱབ་ཏུ་ཐེག་པ་ཆེ་ཆུང་གི་ཆོས་པུསྟེ་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་རྣམས་བཞུགས་པ། དེ་རྣམས་ཀྱི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཅི་མཛད་ཁྱེད་མཁྱེན་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱི་འདུན་པ་ཕྱོགས་གཅིག་པས་སྐྱབས་སུ་འགྲོ་བར་བསམས་ལ། སྐྱབས་འགྲོ་ཅི་ནུས་སུ་བྱ། སྐྱབས་གསོལ་བྱས་པས་སྐྱབས་ཡུལ་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་རྗེས། སྤྲོས་བྲལ་གྱི་གནས་ལུགས་དེ་ལྟ་བུ་མ་རྟོགས་པར་རང་དབང་མེད་པར་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་དགོས། དེའང་སེམས་ཅན་རྣམས་འཁོར་བར་འཁྱམས་པའི་རྩ་
བ་ནི་གཏི་མུག་དང་མཚུངས་པར་ལྡན་པའི་གང་ཟག་གི་བདག་ཏུ་འཛིན་པ་ཁོ་ན་ལས་བྱུང་སྟེ། དཔལ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཅེས་གསུངས་ཤིང༌། དེའི་དངོས་ཀྱི་གཉེན་པོ་གྱུར་པ་ནི། སྔ་མ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་དང༌། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ལ་རགས་ལས་ཤིང༌། དེའང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། ད་ལན་རྒྱུ་རྐྱེན་གྱི་གཙོ་བོ་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་བསྒྲུབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་ལ། སེམས་ཅན་ཐམས་ཅད་སོགས་བརྗོད། ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་དང༌། སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཚོགས་གཉིས་ཀྱི་རང་འབྲས་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སུ་གསལ་བཏབ་ཅིང༌། ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བཀོད་པ་རྣམས་གཞུང་ནས་འབྱུང་བ་བཞིན་བྱ། བཟླས་པའི་སྔོན་དུ། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས་བྱུང་བའི་ཕྲེང་སྔགས། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ནཱ་ཡ་སྭཱ་ཧཱ།«་་་་་མཆོག་ཏུ་མཛེས་པའི་ནོར་བུས་རབ་ཏུ་འཕེལ་བའི་གཞི་ཚུགས།» ཞེས་པའི་སྔགས་ཀྱིས་བཏབ་པའི་ལས་མཐུན་གྱི་ཕྲེང་བའམ། ལས་ཐམས་ཅད་ལ་བསྔགས་པ་བོ་དྷི་ཙིའི་ཕྲེང་བ་བཟུང་ལ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་ཡི་གེ་དྲུག་པའི་སྔགས་དག་ཅིང་གསལ་བ་
གོང་བས་ཚོར་ཙམ་དུ་བཟླ། དེའི་ཚེ་སྤྱིར་སེམས་གཞན་དུ་མ་ཡེངས་པར་དམིགས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་ལྷ་སྐུའི་ཆ་ཤས་སྤྱི་དང་བྱེ་བྲག་ལ་སེམས་བཟུང༌། རེས་སྔགས་ཀྱི་སྒྲ་ལ་ཡིད་གཏད། རེས་ཐུགས་ཀའི་འཁོར་ལོ་ལ་སེམས་འཛིན། རེས་སེམས་ཀྱི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ། མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་གཞན་དབང་དུ་མ་སོང་བར་བྱ། འདིའི་སྒྲུབ་ཐབས་ཚིག་ཚོགས་ཉུང་བས་ངེས་པར་ཐུན་བཞིར་བྱ་ཞིང༌། ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་དང༌། ཐུན་མཚམས་སུ་གཏོར་མ་འབུལ་ཚུལ་རྣམས་བསྙེན་ཡིག་ལས་ཤེས། ཐུན་སྐབས་རྣམས་སུ་པཎྜི་ཏ་མ་ཏིས། ཕ་རོལ་ཕྱིན་དང་བསྟོད་པ་མང་པོ་དང༌། །མཚན་ནས་བརྗོད་དང་བསྟོད་པ་མང་པོས་བསྟོད། །མཎྜལ་འབུལ་ཞིང་གསོལ་བ་བཏབ་པར་བྱ། །འདིས་ནི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ནི། བྲིས་སྐུའི་མདུན་དུ་མཎྜལ་ཚོམ་བུ་བདུན་མ་བཤམ། རང་གི་མདུན་དུ་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོ་སིལ་མས་བཀང་བ་བཞག་སྟེ། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་གྱི། མ་ཚང་བ་མེད་པ་འདི་ཉིད། ཞེས་པའི་མཚམས། བླ་མ་རྗེ་བཙུན་འཇམ་པའི་དབྱངས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བྱང་ཞིང་དག་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ་ཅིང་མེ་ཏོག་འཐོར། བྲིས་སྐུ་ལ་ལྷ་དངོས་ཀྱི་འདུ་ཤེས་བྱ། སྤྲོ་ན་མཎྜལ་སོ་བདུན་མ་གང་གི་མཆོད་རྫས་མ་དང་བཅས་པའང་བྱ། མཚན་ཡང་དག་པར་བརྗོད་པ་དང༌། གཞན་ཡང་པཎྜི་ཏ་མ་ཏིས་མཛད་པའི་
བསྟོད་པ་དང༌། སློབ་དཔོན་ཙནྡྲ་གོ་མཱིས་མཛད་པའི་བསྟོད་པ་སོགས་ཀྱིས་བསྟོད་ཅིང་གསོལ་བ་གདབ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ངེས་ཤེས་བསྐྱེད་དེ། སྡུད་པ་ཚིགས་སུ་བཅད་པ་སོགས་ཀློག དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ། དེ་ལྟ་བུའི་རིམ་པས་གྲངས་དང༌། རྟགས་དང༌། དུས་ཀྱི་བསྙེན་པ་མཐར་ཕྱིན་པར་བྱ་སྟེ། དེ་ཡང་གྲངས་ནི་རྒྱུད་ལས། སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཞེས་དང༌། པཎྜི་ཏ་མ་ཏིས། ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། །ཞེས་གསུངས་པའི་དོན། ཟླ་བ་གཅིག་ཏུ་ཐུན་བཞིའི་རིམ་པས་ཐུན་རེར་བཟླས་པ་སྟོང་ཕྲག་ལྔ་རེ་བཟླས་པས། འབྲུ་འབུམ་སྟེ་འབུམ་ཕྲག་དྲུག་འགྲོ་ཞིང་དངོས་གྲུབ་ཀྱི་མཚན་མའང་ཐོབ་པར་འགྱུར་རོ། །རྟགས་ནི་འོག་ནས་འབྱུང་བ་ལྟར་དངོས་ཉམས་རྨི་ལམ་དུ་མཐོང་བའི་བར་དང༌། དུས་ནི། སྙིགས་མའི་དབང་གིས་གྲངས་བསྙེན་ལན་གཅིག་ཙམ་གྱིས་རྟགས་མ་བྱུང་ན། སྔོན་གྱི་བསྙེན་པ་ཟླ་བ་གཅིག་དང་བཅས་པའི་སྒྲུབ་པ་ལན་དྲུག་ཏུ་བསྐྱར་ཏེ། ཟླ་བ་དྲུག་ཏུ་བསྒོམ་བཟླས་བྱས་པས། བསྙེན་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་སོང་བ་ན་ངེས་པར་འགྲུབ་པར་འགྱུར་ཏེ། རྒྱུད་ལས། ཟླ་བ་དྲུག་གི་མན་ངག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འབྲས་བུ་ལ་གནས་སྐབས་དང༌། མཐར་ཐུག་གཉིས་ལས། དང་པོ་ནི། དེ་ལྟར་གྲངས་དང༌། དུས་ཀྱི་བསྙེན་པ་མཐར་ཕྱིན་པས། རབ་དངོས་སུ་བཅོམ་ལྡན་འདས་ཀྱི་ཞལ་མཇལ་བ་དང༌། གསུང་ཐོས་པ་དང༌། འབྲིང་ཉམས་ཀྱི་སྣང་བར་རྗེས་སུ་བཟུང་བ། ཐ་མའང་རྨི་ལམ་དུ་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བ་དང༌། གཞོན་
ནུ་གོས་དཀར་ཅན་གྱིས་པུསྟེ། མཚོན་ཆ། ཤེལ་ཕྲེང༌། འོ་ཐུག་སོགས་སྟེར་བ། ཉི་ཟླ་ཤར་བ། སྒྲོན་མེ་སྦར་བ། མེ་ཏོག་རྒྱས་པའི་དགའ་ཚལ་དུ་ཕྱིན་པ་སོགས་དགེ་ཞིང་ཤིས་པའི་མཚན་མ་འབྱུང་བ་དང༌། དངོས་སུ་འཆད་རྩོད་རྩོམ་གསུམ་དང༌། གཞུང་འཛིན་པ་སོགས་ལ་སྔར་ལས་བློ་གྲོས་ཀྱི་འཇུག་པ་གསལ་བར་འགྱུར་རོ། །གཉིས་པ་ནི། དེ་ལྟར་མཚན་མ་རྙེད་ནས་ཀྱང་འོག་ཏུ་བཤད་པའི་དངོས་གྲུབ་སྒྲུབ་པའི་ཚུལ་དང༌། ཁྱད་པར་དུས་ཀུན་ཏུ་བླ་མ་དང་འཇམ་དཔལ་དབྱེར་མེད་པ་བསྙེན་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། ཡི་དམ་གྱི་ལྷས་ཡང་ཡང་བྱིན་གྱིས་བརླབས་པས་རིག་པ་འཛིན་པའི་ལུས་ཐོབ་ཅིང༌། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པས་ས་བཅུ་དང་ལམ་ལྔ་སོགས་རིམ་གྱིས་རྫོགས་ནས་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་ངོ་བོར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་ཏེ། སྐུ་དང༌། ཡེ་ཤེས་དང༌། ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པ་ནི་ངེས་པའོ། །གཉིས་པ་བར་དུ་དངོས་གྲུབ་སྒྲུབ་པའི་ཆོ་ག་ལའང༌། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཇི་སྐད་བཤད་པའི་བསྙེན་པ་སྔོན་དུ་སོང་ནས་ཐོག་མར་བྲིས་སྐུ་འབྲི་བར་བྱ་སྟེ། གནས་དབེན་ཞིང་ཡིད་དང་མཐུན་པ་གཙང་སྦྲ་དང་ལྡན་པར་མཚམས་བསྡམས་ཏེ། ལྷ་བཟོ་བ་གསོ་སྦྱོང་དང་ལྡན་པས་འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལས་ཀྱི་ཆོ་གའི་ལེའུ་ལས་རས་བྲིས་བདུན་བཤད་པའི་བདུན་པ་འདི་ཉིད་འབྲི་བར་བྱ་སྟེ། རྒྱལ་ཕུར་འཛོམ་པ་སོགས་གཟའ་སྐར་སྦྱོར་བྱེད་བཟང་པོ་ལ། རས་དཀར་པོ་སྐྲ་མེད་པ་ཁ་ཚར་མ་ཉམས་པ་ལ་སྤྱིན་སོགས་མི་གཙང་བ་མ་འདྲེས་པར། ཟར་ཁུ་ལ་སོགས་པས་རས་འདུལ་ལེགས་པར་བྱས་ལ། ཚོན་མ་འདྲེས་པར་མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་
རི་བོས་བསྐོར་བ་སོགས་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། འོག་ཏུ་བདུད་རྩི་འོ་མའི་རྒྱ་མཚོ་ལ་མེ་ཏོག་སྣ་ཚོགས་པ་དག་གིས་ཁྱབ་པར། ངང་ངུར་ལ་སོགས་པའི་ཆུ་བྱས་བརྒྱན་པའི་འགྲམ་དུ་ནེའུ་གསེང་ལ་གླང་པོ་ཆེ་ཐལ་དཀར་གྱི་ཚོགས་གནས་པ། མཚོའི་དབུས་ན་པདྨའི་སྡོང་པོ་ཡལ་ག་ལོ་མ་གསེར་ལས་བྱས་པའི་རྩེ་མོར་པདྨ་དཀར་པོ་ཆེས་ཡངས་པའི་ལྟེ་བ་ལྗང་སེར་མཐོ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་འཕགས་པ་འཇམ་དཔལ་སྟོན་ཟླ་ལྟར་དཀར་བ། གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤལའི་སྡོང་བུ་འཛིན་པའི་མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེ་བའི་སྟེང་དུ་པུསྟི་བཞག་པ་འཛིན་པ། རལ་པའི་ཐོར་ཚུགས་ཟུར་ཕུད་ལྔ་དང་ལྡན་པ། གཞོན་ནུ་ལང་ཚོ་རྒྱས་པ། དར་དམར་པོའི་ཤམ་ཤབས་ཅན། བླ་གོས་ཕྲག་པར་གཟར་བ། སྐྱིལ་མོ་ཀྲུང་གིས་བཞུགས་པ། པད་སྡོང་གི་ཡལ་ག་ལས་ཐོན་པའི་གཡས་གཡོན་དུ་པདྨ་དཀར་པོ་ཟླ་བ་དང་བཅས་པ་གཉིས་ཀྱི་སྟེང་དུ་གཡས་སུ་ཀུན་ཏུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས། གཡས་རྔ་ཡབ་དཀར་པོ་ནོར་བུའི་ཡུ་བ་ཅན་གཡོབ་ཅིང༌། གཡོན་རིན་པོ་ཆེ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ་གསེར་གྱི་ཡུ་བ་ཅན་དང༌། གཡོན་པདྨ་དཀར་པོ་བསྣམས་པ། གཉིས་ཀ་ཞི་བ་འཇམ་དཔལ་ལ་བལྟ་བ། འཇམ་དཔལ་ལས་ཆུང་བ། ན་བཟའ་སྔོན་པོ་གསོལ་བ། རིན་པོ་ཆེའི་ཅོད་ཅན་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེའི་མཆོད་ཕྱིར་ཐོགས་བྱས་པ། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྦུབས་ལས་བྱུང་བ། འོག་ཏུ་རྡོ་ལེབ་ལ་སྒྲུབ་པ་པོ་དབྱིབས་ཆ་ལུགས་ཇི་ལྟ་བ་སྤོས་ཕོར་ཐོགས་པ། གཙོ་བོའི་ཕྱག་མཆོག་སྦྱིན་གྱི་འོག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ལྟ་བར་
བྲི། བྲིས་ཟིན་མ་ཐག རས་བྲིས་ཤར་དུ་དགྲམ། མཆོད་པ་རྒྱ་ཆེན་པོ་བཤམ། ལྷར་བསྐྱེད་མཆོད་བསྟོད་སྤྱན་དབྱེ་བྱ། བརྟན་བཞུགས་ཀྱི་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་དོ། །ཉི་མ་གཅིག་ལ་སྐུ་འབྲི་བ་ནས་བཟུང་སྟེ་རབ་གནས་དང་བཅས་པའི་བར་གྲུབ་ན་ལེགས་སོ། །གཉིས་པ་སྒྲུབ་པ་དངོས་ནི། ཡོད་ན་སྐུ་གདུང་དང་བཅས་པའི་མཆོད་རྟེན་ཀྱང་བཤམ། སྔར་གྱི་བྲིས་སྐུ་དེ་ཤར་ཕྱོགས་སུ་བཀྲམ། དེའི་མདུན་དུ་བ་བྱུང་གིས་བྱུགས་པའི་མཎྜ་ལར་རི་གླིང་སོགས་ཀྱི་ཚོམ་བུ་སོ་བདུན་མ་བཀོད། དེའི་མདུན་དུ་མཆོད་པ་ལྔ། དཀར་གསུམ་གྱི་གཏོར་མ་གཅིག་རྣམས་རྒྱ་ཆེ་བར་བཤམ། བགེགས་བསྐྲད་གཞི་བདག་ལ་གཏོར་མ་བཏང་བར་བཤད་པས་ཆ་གསུམ་ཡིད་ཆེས་ངེས་ཤེས་པ་བཏང་བས་འཐུས། གནས་ཁང་རྟེན་མཆོད་རྣམས་གུ་གུལ་གྱིས་བདུག རང་གོས་གསར་པ་གོན་ཅིང༌། བྱུང་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང༌། དེ་མ་གྲུབ་ནའང་དཀར་གསུམ་ལ་སོགས་པ་བཟའ། རྟེན་ལ་ཁ་ཕྱོགས་པར་འདུག རྣམ་པ་ཀུན་ཏུ་ཁྲུས་དང་གཙང་སྦྲ་གལ་ཆེ། གྲིབ་ལ་འཛེམ། བདག་བསྐྱེད་སྐྱབས་འགྲོ་ནས་བཟུང་སྟེ་བཟླས་པ་དང༌། མཐར་མཆོད་བསྟོད་འདོད་དོན་གསོལ་བཏབ་ཀྱི་བར་སྔར་གྱི་བསྙེན་པ་བཞིན་བྱ། སྐབས་འདིར་མཆོད་པ་བྱིན་རླབས་སྤྱི་ལྟར་དྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད་པའི་བར་བྱས་ལ། དེ་ནས་རྟེན་རས་བྲིས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། བྲིས་སྐུ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་རི་བོས་བསྐོར་བ། ཞེས་སོགས་ནས། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྦུབས་ནས་བྱུང་བའོ། །ཞེས་པའི་བར་བྲིས་སྐུ་འབྲི་ཐབས་ཀྱི་སྐབས་ནས་འབྱུང་བ་ལྟར་ངག་ཏུ་བརྗོད་ཅིང་བསམ། དེ་ལྟར་རྟེན་དེ་ཉིད་རྗེ་བཙུན་འཁོར་བཅས་དངོས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་བདག་ཉིད་ལྷར་གསལ་བའི་ཐུགས་ཀར་
ཕོག་པས་འཁོར་ལོ་གཡས་དང༌། ཡིག་འབྲུ་གཡོན་དུ་འཁོར་ཏེ་མི་ཤེས་པའི་མུན་པ་སངས། ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམས་ལ་ཐུན་བཞིར་སྒོམ་བཟླས་ལ་བརྩོན་པར་བྱ། ཐུན་མཚམས་རྣམས་སུ་མཆོད་བསྟོད་མཎྜལ་འབུལ། དེའང་མཎྜལ་གྱི་གསོལ་གདབ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལྷ་ཚོགས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་མི་ཤེས་པའི་མུན་པ་སངས་ཤིང༌། ཤེས་རབ་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཞེས་སྦྱར། ཤེས་ཤིང་ནུས་ན་གང་གི་མཆོད་རྫས་མའང་སྦྱར། བསྟོད་པའི་སྐབས་སུ་པཎྜི་ཏ་མ་ཏིས་མཛད་པའི། དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་སོགས་ཁ་སྐོང་དང་བཅས་པ་བྱུང་ན་ཤིན་ཏུ་ལེགས། གཏོར་མ་ཆབ་ཀྱིས་བྲན། ཨ་ཀཱ་རོ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་ཝཱ་ཀྱེ་དཾ་ན་མཿ བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། སྣ་མའི་མེ་ཏོག་ལ་སྔགས་ནས་འབུལ་བར་གསུངས་ཀྱང་བོད་འདིར་དངོས་མ་མི་འབྱོར་བས། ཛཱ་ཏིའི་ཕྱེ་མ་དང་མེ་ཏོག་དཀར་པོ་སྔགས་དང་སྔགས་རེ་དང་བསྟུན་ནས་སྟོང་ཕྲག་གཅིག་འཇམ་དཔལ་གྱི་ཞལ་ལ་གཏོར། ཡིད་ཀྱིས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ། མཇུག་ཏུ་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །གསུམ་པ་རྗེས་གྲུབ་པའི་རྟགས་ནི། དེ་ལྟར་བྱས་པའི་བྲིས་སྐུ་ལས་ཧཱུྃ་གི་སྒྲའམ། རས་བྲིས་འགུལ་བ་འབྱུང་སྟེ། ཧཱུྃ་གི་སྒྲས་ནི་ས་ཀུན་ལ་དབང་བའི་རྒྱལ་པོར་འགྱུར་ལ། རས་བྲིས་འགུལ་ན་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པ་དང༌། རིག་བྱེད་ཀྱི་གཞུང་ལ་སོགས་པ་འཇིག་རྟེན་གྱི་བསྟན་བཅོས་ཐམས་ཅད་ཤེས་པར་འགྱུར་རོ། །མཚན་མ་དེ་གཉིས་མ་བྱུང་ཀྱང་ལས་ཐམས་ཅད་ལ་ནུས་པ་དང་ལྡན་པར་འགྱུར་རོ། །དེ་ཡང་རྒྱུད་ལས། ཞག་ཉི་ཤུ་རྩ་གཅིག་
གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་དངོས་དང་རྨི་ལམ་གྱི་རྟགས་རྣམས་ཡང་ཡང་འབྱུང་ཞིང་བརྟན་པར་འགྱུར་རོ། །གལ་ཏེ་མ་བྱུང་ན་བསྐྱར་ཐང་གཅིག་གམ། གཉིས་སམ་ཇི་ལྟར་སྒྲིབ་པ་ཆེ་ཞིང་བུལ་ནའང་ལན་བདུན་ཚུན་ལ་རྟགས་གཉིས་མི་འབྱུང་མི་སྲིད་དེ། སྤོབས་ཆོག་དང་བཅས་པའོ། །རྟགས་བཟང་ངན་གང་བྱུང་ཀྱང་མི་ལ་མི་བཤད་པར་གསང་བ་དང༌། ཆེད་འཛིན་མེད་པར་མི་དམིགས་པའི་རྒྱས་གདབ་པར་བྱའོ། །དེ་ལྟ་བུའི་བསྙེན་པ་དང༌། སྒྲུབ་པའི་སྔགས་ཀྱི་ཁ་སྐོང་བའི་ཕྱིར་དང༌། དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར། རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་གསུངས་པ་ལྟར་བཅུ་ཆའི་སྦྱིན་སྲེག་བྱ་སྟེ། དེའི་ཚུལ་ནི་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་གསུང་རབ་ལྟར་ཤེས་པར་བྱའོ། །གསུམ་པ་ཐ་མལ་ལས་སྦྱོར་གྱིས་རང་གཞན་ལ་ཕན་གདགས་པའི་ཚུལ་ནི། པཎྜི་ཏ་མ་ཏིས། སྙིང་དབུས་ཟླ་བའི་འཁོར་ལོ་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་ལ་གཡས་གཡོན་བསྐོར། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །ཞེས་སོགས་ཉེས་བྱས་འཇོམས་པའི་འཁོར་ལོ། ཡོན་ཏན་སྒྲུབ་པའི་འཁོར་ལོ། རལ་གྲིའི་རིག་འཛིན་སྒྲུབ་པ། སྲན་མ་མཱ་ཤཱ་ལ་བརྟེན་པའི་ལས་སྦྱོར་རྣམས་གསུངས་ཤིང༌། དེ་ལ་བརྟེན་ནས་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་ཡི་གེ་ལས་ལས་ཁ་ཚར་བ་བཞི་དང༌། ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱི་ཡིག་ཆར་རྒྱུད་འགྲེལ་པ་དང་བཅས་པ་ནས་ཁ་བསྐངས་ཏེ་གནས་སྐབས་ཀྱི་ལས་སྦྱོར་བཅོ་ལྔ་བཤད་པ་ནི་ཡིག་ཆ་དེ་དག་དང༌། དེ་
གཉིས་ཀའི་དོན་གྱི་བཅུད་ཕྱུང་བ་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ལས་ཚོགས་རྣམས་གསལ་བར་བཤད་པ་འདོད་དོན་ལྷུན་གྲུབ་སོགས་ལས་རྟོགས་པར་བྱ་ཞིང༌། གཞན་ཡང༌། གཞུང་ལུགས་འཆད་པ་ན་མགྲིན་པ་དུང་དཀར་པོ་གཡས་སུ་འཁྱིལ་པར་གྱུར་པའི་ནང་ཐམས་ཅད་ཨཱ་ལི་ཀཱ་ལིས་གང་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སངས་རྒྱས་བྱང་སེམས་རྣམས་ཀྱི་གསུང་གི་ཡེ་ཤེས་རྣམས་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས་ཏེ། མགྲིན་པའི་ཨཱ་ལི་ཀཱ་ལི་ལ་ཐིམ་པས། དེ་ལས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པ་ལྷང་ལྷང་འབྱུང་བར་བསམས་ལ་འཆད་པ་ལ་འཇུག་པས། གཞུང་གང་འཆད་ཀྱང་ཐོགས་པ་མེད་པ་དང༌། གདུལ་བྱ་ལ་ཕན་ཐོགས་པར་འགྱུར་རོ། །གཞན་དང་རྩོད་པ་བྱེད་ན། རང་གི་ལྕེ་ཤེས་རབ་ཀྱི་རལ་གྲི་སྔོན་པོ་མེ་འབར་བར་གྱུར་པའི་རྩ་བར་ཤེས་རབ་ཀྱི་ངོ་བོ་ཨ་ཡིག་དཀར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། ཕས་རྒོལ་གྱི་བློ་གྲོས་དང་ནུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་རང་གི་སྙིང་གར་ཐིམ་པས་སྔགས་ཀྱི་འཁོར་ལོ་གཟི་བརྗིད་དང་ལྡན་པར་གྱུར། སླར་ཡང་ལྕེའི་རལ་གྲི་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་ཏེ་ཕས་རྒོལ་གྱི་ལྕེ་ཉལ་ཉལ་དུ་གཏུབ་ཅིང་ལྷག་མ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམས་ལ་རྩོད་པས་རང་མི་རྒྱལ་མི་སྲིད་དོ། །བསྟན་བཅོས་རྩོམ་པ་ན། བདག་ཉིད་འཇམ་དཔལ་དུ་གསལ་བའི་ཐུགས་དཔལ་གྱི་བེའུ་གསེར་ཞུན་མའི་མདོག་ཅན་དུ་གྱུར་པའི་དབུས་ཀྱི་ཁོང་སེང་དུ་ཨ་ཡིག་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། སོ་སོ་སྐྱེ་བོ་ཤེས་རབ་དང་བསོད་
ནམས་ཅན་ཐམས་ཅད་ཀྱི་ཤེས་རབ་དང༌། ཡོན་ཏན། ནོར་བུ་དང༌། སྨན་དང༌། སྔགས་ལ་སོགས་པ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པར་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བར་བསམ་ལ། རིག་སྔགས་ཀྱི་རྒྱལ་པོ་བཟླ་བཞིན་དུ་རྩོམ་ན་ཚིག་དོན་ཕུན་སུམ་ཚོགས་པས་མཁས་པ་རྣམས་ཡིད་འཕྲོག་པར་འགྱུར་རོ། །མཁས་དང་གྲུབ་པའི་ཞལ་གྱི་ལུང༌། །ཟླྃ་ཤེལྃ་བདུདྃ་རྩིའིྃ་སྣངྃ་བ་ཅནྃ། །གང་དུ་འཆར་བས་བློ་གྲོས་ཀྱི། །ཆུ་གཏེར་མཆོག་ཏུ་རྒྱས་པར་བྱེད། །དེ་སླད་ས་ཧཱ་ཀ་རའི་ནགས་ཀླུང་དུ། །གཞན་གསོས་ལང་ཚོ་རྒྱས་པའི་དབྱངས་སྙན་པོས། །མཚོན་མིན་ལེགས་པར་བཤད་པའི་ཏམྦུ་ར། །སྐལ་བཟང་ཡིད་ཀྱི་ཉེར་འཚོ་གཅིག་པུ་ཉིད། །གང་ལས་བྱུང་བའི་བསོད་ནམས་དཔག་བསམ་གྱིས། །ས་གསུམ་རྨོངས་པའི་གདུང་བ་ཀུན་བསལ་ནས། །རིག་དང་བརྩེ་བའི་དགེ་མཚན་ཡོངས་རྫོགས་པ། །འཇམ་དཔལ་གཞོན་ནུའི་རྣམ་ཐར་འཛིན་གྱུར་ཅིག །དེ་ལྟར་འཇམ་དབྱངས་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་ཟླ་ཤེལ་བདུད་རྩིའི་སྣང་བ་ཞེས་བྱ་བ་འདིའང༌། འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་བསྙེན་སྒྲུབ་ཀྱི་ཡིག་ཆའི་ལུང་རྒྱུན་མི་བཞུགས་པར་བརྟེན། ཡིག་ཆ་དེ་ཉིད་ཀྱི་དགོངས་དོན་གཙོ་བོར་བཟུང་སྟེ་རང་གཞན་རྣམས་གྱིས་ཉམས་སུ་བླང་བདེ་བར། མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སོགས་ཡོངས་འཛིན་དམ་པ་རྣམ་པ་ལྔ་ལས་ཚུལ་འདིའི་རྗེས་གནང་དང༌། མན་ངག་མང་དུ་ཐོས་པའི་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྣང་
བ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། ༈ །འཇམ་དཔལ་དཀར་པོ་དཔའ་བོ་གཅིག་གྲུབ་ཀྱི་ཆོས་སྐོར་ལས། བསྙེན་སྒྲུབ་ཁ་སྐོང་གི་སྦྱིན་སྲེག་ཡེ་ཤེས་འོད་སྣང་བཞུགས་སོ། །ཨོཾ་སྭ་སྟི། བསྙེན་པའི་ཁ་སྐོང་སྦྱིན་སྲེག་གི་ཆོ་ག་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། འདིའི་བསྙེན་པ་རྫོགས་ནས་དབེན་པའི་གནས་སུ་ཡར་ངོའི་ཚེས་གྲངས་གཟའ་སྐར་སྦྱོར་བྱེད་བཟང་པོར་འཛོམ་པ་ལ། རྩིག་ཐབ་བྱེད་ན་ས་དཀར་པོ་ལ་ལས་ཐམས་ཅད་པའི་ཐབ་ཁུང་རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད་པ། མུ་རན་དང་ཁ་སྒྱེར་ལ་སོར་བཞི་པ། པདྨ་རྒྱས་པའི་རྣམ་པ། ཁ་སྒྱེར་རམ་མུ་རན་ལ་ཨུཏྤ་ལའི་ཕྲེང་བས་མཚན་པ་བྱ། དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་གདན་ལ་ཚོམ་བུ་དཀར་པོ་སོགས་ཀྱི་མཚན་མ་བཀོད། ཡང་ན་དེ་ཉིད་བྲིས་ཐབ་བྱས་ཀྱང་ཆོག་གོ །དེ་ལྟར་ན་རི་མོའི་དབྱིབས་གསལ་བའི་ཕྱིར་བཅད་ཚོན་རི་མོ་ནི་དམར་སྐྱའམ་སེར་པོ་གང་རིགས་ཀྱིས་བྱའོ། །ཁ་སྒྱེར་གྱི་སྟེང་དུ་ཡམ་ཤིང་གི་རྒྱུ་ལ་སོགས་པའི་བུད་ཤིང་ཁྲུ་གང་གི་ཚད་ཙམ་བརྩིག དེའི་ནང་གི་ཤར་ལྷོར་ཏིང་ལོ་མར་ཀོང་ཆེ་བ་ཞིག་བཤམ། ལོགས་སུ་དཔལ་འབར་ཞིག་དང་དགེ་འདུན་གྱི་ཚད་མལ་སོགས་ནས་བླངས་པའི་མེའང་སྟ་གོན་བྱ། ཐབ་ཀྱི་ཞལ་ནུབ་ཏུ་ཕྱོགས་པར་བྱས་པའི་མདུན་དུ་སྒྲུབ་པ་པོའི་སྟན་ནང་ཚང་ཅན་ཤར་དུ་ཕྱོགས་པར་བཀོད། ཐབ་དང་སྒྲུབ་པ་པོའི་བར་དུ་དཀར་ཞལ་གྱིས་བྱུགས་པའི་མེ་ཡོལ་བྱ། འདི་གངས་ཏི་སེར་བསྒོམ་རྒྱུ་ཡིན། རྡོ་རྗེ་དྲིལ་བུ་དགང་བླུགས། དུང་ཆོས་སུ་དྲི་བཟང་གི་ཆུ་ཀུ་ཤའི་འཐོར་ཡབ་དང་བཅས་པ། ཐབ་ཏུ་འབུལ་རྒྱུའི་ཀུ་ཤའི་ཆུན་པོ་བརྒྱད་ཀྱང་བཤམ། འདི་གཞུང་ལས་ཐབ་ཀུ་ཤས་གཡོགས་པར་བཤད་པས་དེ་ཙམ་མ་གྲུབ་པའི་དབང་དུ་བྱས་པ་ཡིན། རྒྱས་པར་བྱེད་ན། རང་གི་གཡོན་ཐབ་ཀྱི་གཡས་ནས་ཕར་གཏོར་མ་གཉིས་
ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ནས་ཕར་ཡམ་ཤིང་འོ་མ་ཅན་གྱི་ཤིང་སོགས་མཐེའུ་ཆུང་གི་སྦོམ་ཕྲ་མཐོ་གང་གི་ཚད་ཅན་གང་དགོས་དང༌། རྩི་མར་གྱི་མར་ཁུ་གསར་པ་དང་མེ་ཏོག་དཀར་པོ་དུག་ཤིང་སོགས་མ་ཡིན་པ་དྲི་བཟང་བ་གང་རྙེད་དང༌། དྲི་ཞིམ་པོ་སེར་པོས་ཀྱང་རུང་གསུངས། སྤྲོ་ན་བསྲེག་རྫས་སྡིག་པ་ཞི་ཕྱིར་ཏིལ། བགེགས་གཞོམ་ཕྱིར་ཡུངས་ཀར། འབྱོར་པ་རྒྱས་ཕྱིར་ཟས་མཆོག བསོད་ནམས་རྒྱས་ཕྱིར་འབྲས་སོ་བ་དང༌། འབྲས། ཤུགས་འཕེལ་བྱེད་ནས། ནད་འཇོམས་བྱེད་གྲོ། སྟོབས་འཕེལ་བྱེད་སྲན་མ། ཚེ་རྒྱས་བྱེད་དཱུརྦ། རྫས་ཐམས་ཅད་དག་བྱེད་དམ་སྲུང་བྱེད་ཀུ་ཤ་རྣམས་ཀྱང་བཤམ། བསྡུ་ན་གོང་གི་ཡམ་ཤིང་མར་དང་མེ་ཏོག་གསུམ་གྱིས་ཆོག་གོ །ཐབ་ཀྱི་ཉེ་འཁོར་ཐམས་ཅད་དྲི་བཟང་པོས་བྱུག རྫས་རྣམས་ལའང་གཏོར། འབྱོར་ན་སྒྲུབ་པ་པོ་གོས་རྒྱན་དཀར་པོ་བྱ། འདིར་མེ་གསོ་བ་སོགས་པ་ལའང་ཁའི་ཕུ་སོགས་མི་བྱ་བར། རླུང་གཡབ་དང་རྩ་སྐམ་པ་སོགས་ཀྱིས་གཙང་སྦྲའི་ཐབས་མཁས་དགོས། གཉིས་པ་དངོས་གཞི་ནི། སྔ་དྲོའམ་དགོངས་ཀ་གང་རིགས་ཡིན་ཀྱང༌། དགོངས་ཐུན་ལ་འཇུག་པ་དང༌། སྔ་དྲོའི་ཐུན་ལ་གྲོལ་བར་མཛད་པས། དགོངས་མོའི་དུས་སུ་སྟན་བདེ་བ་ལ་འཁོད་དེ། འདི་ལྟར་འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོ་ཟད་མི་ཤེས་པ། གཏིང་མི་དཔོག་པ། ཐར་དུས་མེད་པ་འདི་ལས་བདག་གཞན་སེམས་ཅན་ཐམས་ཅད་ཐར་བར་བྱ་བའི་ཕྱིར། སྡིག་སྒྲིབ་ཞི་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པར་བྱའོ་སྙམ་པའི་སྒོ་ནས། སྐྱབས་འགྲོ་ནས་བརྩམས་ཏེ་མཇུག་གི་མཆོད་བསྟོད་ཀྱི་བར་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཉམས་སུ་བླངས། སྦྱིན་སྲེག་གི་ཆོ་ག་མ་གྲུབ་བར་ལག་པ་གཉིས་པུས་མོ་ལས་ཕྱིར་
མི་འདའ་བ་ལ་བསླབ། དཔལ་འབར་ལ་གོང་དུ་བཤད་པའི་མེ་སྦར་ཏེ། གུས་པའི་ཚུལ་གྱིས་ཐབ་ཀྱི་གཡས་ནས་ཟླུམ་པོར་བསྐོར་ཞིང༌། ཨོཾ་ཝཱ་ཀྱེ་སོགས་ཡི་གེ་དྲུག་པ་ལན་གསུམ་བརྗོད། ཨོཾ་བཛྲ་ཛྭ་ལ་རཾ་གྱིས་ཐབ་ཀྱི་ཏིང་ལོ་སྦར། རྩྭ་སྐམ་པོ་གཞན་དང་བཅས་ཏེ་མེ་སྦར། ཁུ་ཚུར་གཉིས་བཅངས་པའི་མཐེ་བོང་རྐྱོང་བ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་བུད་ཤིང་ལ་ཁྱབ་པར་བླུག ཨོཾ་བཛྲ་ཛྭ་ལ་རཾ་ཞེས་བརྗོད། རང་ལྷའི་ང་རྒྱལ་གྱིས་བསང་ཆུ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཉེར་གཅིག་སོགས་ཀྱི་བྱིན་གྱིས་བརླབ། ཀུ་ཤས་ཐབ་དང་ཡོ་བྱད་རྣམས་ལ་གཏོར། བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང༌། ཨོཾ་ཨཱཿཧཱུྃ་གསུམ་ལ་སོགས་པས་བྱིན་གྱིས་བརླབ། ཐབ་བསང་སྦྱང༌། སྟོང་པའི་ངང་ལས་སྐད་ཅིག་གིས་ཡེ་ཤེས་ཀྱི་ཐབ་ཁུང་དཀར་པོ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ཁ་སྒྱེར་རམ་མུ་རན་ལ་ཨུཏྤ་ལའི་ཕྲེང་བས་བསྐོར་བ་ནང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཐབ་ཏུ་མེ་ཏོག་ཅིག་ཕུལ་ལ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟཾ། ཐབ་ཀྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་འཁོད་པ་ནི། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་བགྲང་ཕྲེང༌། གཡོན་རིལ་པ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང༌།
རྩེ་མོ་མ་ཉམས་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ཡང་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་བརྗོད་ཅིང་ཐབ་ཀྱི་མདུན་ནས་གཡས་སྐོར་གྱིས་ཕྱོགས་མཚམས་བརྒྱད་དུ་དགྲམ། བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང༌། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པས་རྃ་བསམ། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་བསམ་སྟེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ། མཐར་ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་དཱི་བྱ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཧྣཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ། དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེའི་མགོར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད། དྷརྨཱ་ར་ཎི་བཅས་པ་དང༌། འཇིག་རྟེན་དབང་ཕྱུག་སོགས་ཀྱིས་བསྟོད། བསྲེག་རྫས་རྣམས་ལག་པ་གཡོན་དུ་བཟུང༌། གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། གོང་དུ་བཤད་པ་ལྟར་བསྲེག་རྫས་རྒྱས་པ་ཡོད་ན། ཨོཾ་བོ་དྷི་བྲྀ་ཀྵཱ་ཡ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར། མེ་ཏོག་ཨགྣ་ཡེ་འབའ་ཞིག་གིས་འབུལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱས་ཏིལ་དང༌། ཡུངས་ཀར། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཞོ་དང་སྦྱར་བའི་ཟས་མཆོག ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱས་འབྲས་སོ་བ། ཨོཾ་མཧཱ་བེ་གཱ་ཡ་སྭཱ་ཧཱས་ནས། ཨོཾ་མཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ། ཨོཾ་བཛྲ་གྷསྨ་རྻཻ་སྭཱ་ཧཱས་གྲོ། ཨོཾ་བཛྲ་ཨཱ་ཡུ་ཁེ་སྭཱ་ཧཱས་དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་
སྭཱ་ཧཱས་ཀུ་ཤ་རྣམས་འབུལ། དེ་ཡང་སྔགས་དེ་རྣམས་གསུམ་ཙམ་རེ་བརྗོད་དེ་བྱིན་གྱིས་བརླབས་ནས། ཨགྣཱ་ཡེ། འབའ་ཞིག་གིས་འབུལ། གོང་ལྟར་ཡང་ཉེར་གཅིག་ལ་སོགས་པ་ཅི་འབྱོར་བའི་མཐར། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་བློ་གྲོས་ཕུན་སུམ་ཚོགས་པ་སྩལ་ཏུ་གསོལ། ཞེས་པའི་སྤེལ་ཚིག་སྡེ་ཚན་རེ་རེའི་མཐར་བརྗོད། མར་དགང་གཟར་གང་ཐབ་ཏུ་བླུགས་ཏེ། བཛྲ་ཛྭ་ལ་རཾ། མེ་ལྷ་འབར་བའི་རྣམ་པར་གྱུར། མེ་བསང་སྦྱང༌། སྟོང་པའི་ངང་ལས་པཾ་ལས་རྒྱ་མཚོ་ཆེན་པོ་སོགས་ནས། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་བར་སྒྲུབ་ཐབས་ལྟར་བྱ། «སྐབས་འདིར་ཆག་ལོའི་ཡིག་ཆར། མེ་ལྷ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་བསྐྱེད་ལ་ཡེ་ཤེས་པ་གཞུག མཆོད་པ་འབུལ། ཞེས་གསུངས་ཤིང༌། འདིའི་གཤམ་དུ། ཡེ་ཤེས་པ་གཤེགས་པ་དང༌། དམ་ཚིག་པ་རང་ལ་བསྡུ་བར་གསུངས་པས། ཐུགས་ཀ་ནས། མཆོད་པའི་བར་ཕྱི་མོ་རྣམས་སུ་མི་སྣང་ཡང་གསར་དུ་བཅུག་པའོ།་་་་་»ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བ་ལ་ཨ། རྩིབས་དྲུག་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་པའི་སྔགས་ཀྱི་ཡིག་འབྲུ་གཡོན་སྐོར་དུ་གནས་པ། དེའི་ཐུགས་ཀའི་ཨ་ཡིག་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས། གཉིས་སུ་མེད་པར་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། གོང་གི་དམིགས་པ་གསལ་བཏབ་ལ། ཨོཾ་ཝཱ་ཀྱེ་དཾ་ན་མཿ འབའ་ཞིག་གིས་མར་བདུན་ཚན་གསུམ་གྱིས་བྱོན་སྐྱེམས་གོང་ལྟར་ཕུལ། མཆོད་བསྟོད་སྒྲུབ་ཐབས་ལྟར་བྱ། རྫས་རྣམས་ལྷ་སྔགས་སྙིང་པོས་བྱ་བ་མ་གཏོགས་འབུལ་ཚུལ་སྤེལ་ཚིག་
རྣམས་གོང་དང་འདྲ། རྫས་རྣམས་ཀྱི་གོ་དོན་ཡམ་ཤིང་གཟི་བརྗིད་ཆེ་བའི་ཆེད་དུ་འབུལ། མར་བདུད་རྩིར་གྱུར་པ་ཞལ་དུ་འབུལ། མེ་ཏོག་མངར་གསུམ་དང་མར་ཁུས་ཉུགས་པ་དབུ་ལ་ཕུལ་བས་དངོས་གྲུབ་སྩོལ་བར་བསམ། སྐབས་སུ་ཡམ་ཤིང་དང་མར་རྣམས་མེའི་ཚོད་དང་སྦྱར་ལ་ཕུལ། མེ་ཏོག་ཁོ་ན་ལ་གྲངས་བཟུང་སྟེ། ལྷ་སྔགས་འབའ་ཞིག་གིས་བསྙེན་པ་གང་སོང་གི་བཅུ་ཆ་འབུལ། རྩ་རྒྱུད་ལས། ཡམ་ཤིང་ཚིག་པའི་མེ་མདག་ཏུ་མེ་ཏོག་བསྲེག་པར་བཤད་པས་དེའང་རུང་གསུངས། མཐར་ན་བཟའ་རས་དར་གོས་སོགས་དཀར་པོ་དང་ཇ་ཅི་རིགས་པ་འབུལ། སླར་ཡང་མར་བདུན་ཚན་གསུམ་སྔར་ལྟར་གཤེགས་སྐྱེམས་སུ་འབུལ། མཆོད་བསྟོད་བྱ། གཏོར་མ་གཉིས་ཆུ་གཙང་གིས་བྲན། བསང་སྦྱང་བྱིན་གྱིས་བརླབ། མཚན་སྔགས་ཀྱི་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །རིག་པའི་གནས་ལྔར་སྦྱངས་པ་ཕུལ་ཕྱིན་ནས། །གཞན་ལ་འཆད་པའི་སྤོབས་པ་བདག་ལ་སྩོལ། །མཁས་པའི་མདུན་སར་རྩོད་པའི་གྲར་ཞུགས་ནས། །སྨྲ་ངན་ཕམ་བྱེད་སྤོབས་པ་བདག་ལ་སྩོལ། །དཔྱོད་ལྡན་མཁས་པ་ཀུན་གྱིས་ཡིད་རྟོན་པའི། །སྡེབས་ལེགས་རྩོམ་པའི་སྤོབས་པ་བདག་ལ་སྩོལ། །གཉིས་འཛིན་མུན་པ་འཐིབས་པོ་མཐར་བྱེད་པའི། །སྒོམ་བྲལ་འོད་བརྒྱའི་སྣང་བ་བདག་ལ་སྩོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་མང་དུ་བརྗོད། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་
མུཿས་ཡེ་ཤེས་པ་གཤེགས། ཐབ་ཀྱི་རྡུལ་ཅུང་ཟད་དཔྲལ་བར་བྱུགས་ལ། དམ་ཚིག་པ་རང་ལ་ཐིམ། མར་དགང་བླུགས་གང་ཐབ་ཏུ་ཕུལ་ལ། ཨོཾ་བཛྲ་ཛྭ་ལ་རྃ། མེ་ལྷ་ཞལ་ཕྱག་གི་རྣམ་པར་གྱུར་ཅེས་བརྗོད། སྔར་ལྟར་བསྲེག་རྫས་ལྷག་མ་རྣམས་བཅུ་གཅིག་སོགས་ཕུལ། བྱོན་སྐྱེམས་ལྟར་མར་དགང་བླུགས་བདུན་ཚན་གསུམ་ཕུལ། གཏོར་མ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ཏེ་མཚན་སྔགས་ཀྱི་མཐར་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཕུལ། མཆོད་བསྟོད་དང༌། མེ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ནས། ཀུན་འགྲུབ་ཤོག་གིས་འདོད་དོན་ཞུ། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བཞུད་ཅིག་བྱིན་ཟ་ཁྱོད། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་གཙྪས་མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། རང་གི་གནས་གསུམ་བསྲུང་ཞིང༌། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །མེ་ཏོག་གི་སྦྱིན་སྲེག་ཉིན་རེ་བཞིན་དྲུག་སྟོང་བདུན་བརྒྱ་རེ་ཕུལ། དེ་ལྟ་བུ་ཟླ་བ་ཕྱེད་ན་འབུམ་ཕྲག་གཅིག་འགྲོ། དེ་ལྟར་ལན་བཞིར་བསྐྱར་བས་འབུམ་ཕྲག་བཞི་སོང་ན་བསྙེན་སྒྲུབ་ཀྱི་སྦྱིན་སྲེག་མཐར་ཕྱིན་པ་ཡིན་ཞེས་གསུངས། འོན་ཀྱང་ལག་ལེན་སྔར་བཤད་པ་ལྟར་བདེའོ། །ཕན་ཡོན་ནི་རྒྱུད་ལས། ཇི་ལྟར་རྙེད་པའི་མེ་ཏོག་གིས་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན། གསུང་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ་ཞེས་གསུངས་སོ། །འཇམ་དཔལ་དཀར་པོ་དཔའ་བོ་གཅིག་གྲུབ་ཀྱི་ཆོས་སྐོར་བློ་གྲོས་པདྨོ་ཁ་འབྱེད་ཅེས་བྱ་བ་ལས། བསྙེན་སྒྲུབ་ཀྱི་ཁ་སྐོང་སྦྱིན་སྲེག་འདི་ནི་མི་དབང་རྡོ་རྗེ་འཛིན་པ་ས་སྐྱོང་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་བསྐུལ་ཞིང་ཐུགས་དམ་དུ་བསྟར་བའི་
ཆེད་དུ་ཆོས་སྨྲ་བའི་བཙུན་པ་སངས་རྒྱས་ཕུན་ཚོགས་ཀྱིས་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་ཤེས་རབ་ལྷུན་གྲུབ་ཀྱིས་བགྱིས་སོ། །ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ།། ༈ །འཇམ་དཔལ་དཀར་པོ་དཔའ་བོ་གཅིག་གྲུབ་ཀྱི་ཆོས་སྐོར་བློ་གྲོས་པདྨོ་ཁ་འབྱེད་ལས། ལས་ཚོགས་རྣམས་གསལ་བར་བཤད་པ་འདོད་དོན་ལྷུན་གྲུབ་བཞུགས། སྭ་སྟི། འདིར་འཇམ་དཔལ་དཀར་པོ་དཔའ་བོ་གཅིག་གྲུབ་ཀྱི་བསྙེན་པ། སྒྲུབ་པ། སྦྱིན་སྲེག་དང་བཅས་པ་ལོགས་སུ་རྒྱས་པར་བཤད་པ་ལྟར་མཐར་ཕྱིན་པའི་རྣལ་འབྱོར་ལས། ལས་ཀྱི་ཚོགས་ཉམས་སུ་བླང་བ་ལ། རྒྱ་སྟོན་གྱི་ཡིག་ཆར་ལས་ཁ་ཚར་བ་བཞི་དང༌། ཆག་ལོའི་ཡིག་ཆར་གནས་སྐབས་དང༌། མཐར་ཐུག་གི་ལས་སྦྱོར་གཉིས་ལས་ཕྱེ་བའི་རྣམ་གྲངས་མང་དུ་བཤད་པ་ལས། དང་པོ་རྒྱ་སྟོན་གྱིས་མཛད་པར་ལས་ཚོགས་བཞིར་བཤད་པ་ནི། ཉེས་བྱས་འཇོམས་པའི་འཁོར་ལོ། ཡོན་ཏན་སྒྲུབ་པའི་འཁོར་ལོ། གཞན་དང་རྩོད་པ་བྱ་ཐབས། སྲན་མ་མཱ་ཤཱ་ལ་བསྟེན་པའི་ལས་སྦྱོར་རོ། །དང་པོ་ནི། སྐྱབས་འགྲོ་ནས་བཟླས་པའི་བར་མངོན་རྟོགས་བཞིན་ལས། ཁྱད་པར་ཐུགས་ཀའི་འཁོར་ལོ་ཤུགས་དྲག་ཏུ་བསྐོར་བས་སྙིང་རླུང་ལ་སོགས་པའི་ཉེས་པ་འཇོམས་སོ། །འཁོར་ལོའི་རྩེ་མོ་རྣོ་བར་བསྒོམས་པས་བློ་རྣོ་ཞིང་སྟོབས་དང་ལྡན་པར་འགྱུར་རོ། །འཁོར་ལོའི་གདན་པད་ཟླར་བསྒོམ་སྟེ། གཞུང་ལས། སྙིང་དབུས་འདབ་སྟོང་འཁོར་ལོ་རྩིབས་དྲུག་ལ། །ཞེས་སོགས་གསུངས། འདིའི་བསྙེན་སྒྲུབ་མཐར་ཕྱིན་པ་དག་གིས་ཟླ་བ་ལ་སོགས་པར་འབད་པས་གོང་གི་ཕན་ཡོན་དེ་དག་ཐོབ་བོ། །གཉིས་པ་ཡོན་ཏན་སྒྲུབ་པའི་འཁོར་ལོ་ནི། མངོན་རྟོགས་བསྒོམས་ལ། རང་གི་ལྕེ་སྟེང་དུ་ཨ་དཀར་པོ་གཅིག་བསམ། དེ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲང༌།
རང་གི་ལྕེ་སྟེང་གི་ཨ་ལ་ཐིམ་པས། ལུས་ཐམས་ཅད་ཨ་དཀར་པོས་ཁེངས་པར་བསམས་ལ་བཟླས་པ་བྱའོ། །འདིའང་ལོ་ཟླ་ལ་སོགས་པར་འབད་པས་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །གསུམ་པ་རྩོད་པ་བྱ་ཐབས་ནི། རང་ཉིད་འཇམ་དཔལ་གྱི་ང་རྒྱལ་བརྟན་པོར་བྱས་ལ་ལག་པ་གཡས་པའི་མཐེ་བོང་ལ་རལ་གྲི་སྔོ་སངས་ཡུ་བ་ལ་ཨས་མཚན་ཅིང༌། གྲི་རྩེ་ལ་མེ་འབར་བ་ཅིག་བསྒོམས་ལ། དེའི་ཨ་ལས་འོད་འཕྲོས་པས། ཕྱིར་རྒོལ་བའི་སྙིང་གར་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་ལ་ཕོག རྡོ་ཁབ་ལེན་ལ་ལྕགས་འདུས་པ་བཞིན་དུ་ཚུར་འདུས་རལ་གྲིའི་སོ་ལ་ཐིམ། དེ་རང་གི་སྙིང་གར་ཐིམ་པས། ཁོའི་ཤེས་རབ་རང་གི་ཤེས་རབ་ཀྱི་གྲོགས་སུ་གྱུར་པར་བསམ། གྲི་རྩེ་ལས་མེ་མཆེད་ཕྱིར་རྒོལ་བའི་ལྕེ་སྟེང་དུ་ཕོག་པས་ལྕེ་ཐུལ་གྱིས་ཚིག་པར་བསམ། དེ་ལྟར་བྱས་ན་རང་རྩོད་པ་ལས་མི་རྒྱལ་མི་སྲིད་དེ། པཎྜི་ཏ་ཤཱཀྱ་ཤྲཱིས་མུ་སྟེགས་བཏུལ་བ་བཞིན་ནོ། །བཞི་པ་སྲན་མའི་ལས་སྦྱོར་ནི། འཆད་རྩོད་རྩོམ་པའི་ཤེས་རབ་བསྐྱེད་པ་སྟེ། མཱ་ཤཱ་ཞེས་པ་མོན་སྲན་གྲེའུ་ཡིན་པས། དེའི་རིགས་ཀྱི་སྲན་མ་དཀར་པོ། མེ་དང་མར་ནག་སོགས་སྣུམ་དང་ཆུས་མ་རེག་པ། མ་རུལ་བ་སྲིན་བུ་ལ་སོགས་པས་མ་ཟོས་པ། ལེགས་པར་སྨིན་པ། མང་ཉུང་སྔགས་ཀྱི་སྒྲ་ཟུར་ལ་མི་གནོད་ཙམ་ཇི་ལྟར་རིགས་པ། འོ་མ། མར། མངར་གསུམ་«་་་་་མངར་གསུམ་ནི། ཀ་ར། བུ་རམ། སྦྲང་རྩི་གསུམ་མོ། །དཀར་མངར་གྱི་བདུད་རྩི་ལྔས་བྲན་པ་མ་བྱུང་ཀྱང་སྐྱོན་མེད་གསུངས། »སྟེ་བདུད་རྩི་ལྔས་ལེགས་པར་བྲན་ཏེ། བསྐམས་པ་རྣམས་དར་དཀར་རམ་རས་དཀར་སྲབ་མོ་དྲི་མ་མེད་པར་དྲིལ་ཏེ་ཟླ་བ་དང་ཉི་མ་གཟས་ཟིན་པའི་ཚེ། རྟེན་གྱི་མདུན་དུ་མཆོད་པ་བཤམ་པ་བྱུང་ན་ལེགས། སྒྲུབ་གྲོགས་ཉི་ཟླ་ལ་ལྟར་བཅུག་ལ། རང་མི་ལྟ་བར་མ་གྲོལ་བར་དུ། རང་ཉིད་བྲིས་སྐུ་ཡོད་ན་ཤར་ཕྱོགས་སུ་
བཀྲམ་པའི་དྲུང་དུ་ཁ་ཤར་དུ་ཕྱོགས་པས་སྟན་བདེ་བ་ལ་འདུག བྲིས་སྐུ་མེད་ན་ཉི་ཟླ་གང་ཡིན་ལ་རྒྱབ་གཏད། སྐྱབས་འགྲོ་ནས་བརྩམས་ཏེ་སྒྲུབ་ཐབས་ལྟར་ཉམས་སུ་བླང༌། མཆོད་བསྟོད་མཎྜལ་འབུལ། གྲོགས་ཀྱིས་གཟས་བཟུང་ངོ་ཟེར་མ་ཐག སྔར་གྱི་སྲན་མ་ལྕེ་འོག་ཏུ་བཅུག་ཏེ་ཟླ་ཉི་ལ་མི་ལྟ་བར་རྩེ་གཅིག་པས་སྒོམ་བཟླས་ལ་འབད་ན་ནུས་པ་ཅན་ལ་སྲན་མ་ལས་མྱུ་གུ་སྐྱེ་བར་བཤད། གང་ལྟར་ཡང་གྲོགས་ཀྱིས་གཟའ་ལས་གྲོལ་ལོ་ཟེར་བ་ནས་བཏོན་ཏེ། གོས་བཀྲོལ་ལ་སྲན་མ་མྱུ་གུ་དང་བཅས་པ་བ་དམར་མོའི་འོ་མའམ། ར་དཀར་མོའི་འོ་མའམ། མ་རྙེད་ན་ཆུ་གཙང་མ་ཁྱོར་གང་གིས་ཕུལ་ཏེ་སོས་མ་རེག་པར་མིད་པས་ཤེས་རབ་འཕེལ་བ། ཚེ་རིང་བ། སྐྲ་དཀར་དང་གཉེར་མ་མེད་པ་སོགས་ཕན་ཡོན་མང་པོ་འབྱུང་བར་བཤད། ལན་གཅིག་ལ་མ་བྱུང་ཀྱང་ཡང་ཡང་བསྐྱར་རོ། །མྱུ་གུ་མ་སྐྱེས་ན། ཕྱེ་མར་བཏགས་པ་མི་མ་ཡིན་ལ་སོགས་པས་ཟིན་པའི་མགོར་སྔགས་བཟླ་ཞིང་གཏོར་བས་གདོན་འཇོམས་པར་བཤད་དོ། །ཆག་ལོས་མཛད་པར་གནས་སྐབས་ཀྱི་ལས་སྦྱོར་ལ་བཅོ་ལྔ་སྣང་བའི། དང་པོ་ཤུ་དག་གིས་གླེན་དིག་བསལ་བ་ནི། བསྙེན་སྒྲུབ་ལས་རུང་སྔོན་དུ་སོང་བའི་རྣལ་འབྱོར་པས། ཡར་ངོ་སྐར་མ་རྒྱལ་ལ་ཐོ་རངས་ནས་མགོ་བརྩམས་ཏེ། དེའང༌། བྲིས་སྐུ་ཡོད་ན་ཐོ་རངས་ཤར་དུ་དགྲམ། མ་འབྱོར་ནའང་སྐྱོན་མེད། མཎྜལ་མཆོད་གཏོར་རྣམས་བཤམ། སྒྲུབ་པའི་སྐབས་ལྟར། བདག་མདུན་མཆོད་བསྟོད་གཏོར་མ་འབུལ། མཎྜལ་གྱི་སྟེང་དུ་ཤུ་དག་དཀར་པོའི་ཕྱེ་མ་ར་ཏི་གཅིག་བཞག་སྟེ། ར་ཏིའི་ཚད་ནི་གསེར་གྱི་སྐབས་ན་སེ་བ་ཕྱེད་དང༌། མན་ཆ་ནི་སེ་བ་ལྔ་ཟེར། ཡང་བ་རུ་ར་འབྲིང་པོ་གཅིག་ལ་ཞོ་གཅིག་གི་ཚད་དུ་བྱས་པའང་འབྱུང༌། གང་ལྟར་ཡང༌། དང་པོ་ར་ཏི་གཅིག་ལ་ཆ་བཞག་ལ། རྩ་སྔགས་བརྒྱ་རྩ་བརྒྱད་
ཀྱིས་བསྔགས་ཏེ། མར་རམ། འོ་མའམ། ཞུན་མར་རམ། ཏིལ་མར་དང་ལྷན་ཅིག་བཏུང༌། དེ་ནས་ཐོ་རངས་རེ་བཞིན་ཤུ་དག་ར་ཏི་གཅིག་ལྷག་པ་དང་ཆེར་ལྷག་པ་བཏང་སྟེ་གོམས་སུ་བཅུག་ནས། དེ་ནས་ཞོ་ཕྱེད་དུ་ལོངས་པའི་ཚད་ནི་པཎྜི་ཏ་དཱ་ན་ཤཱི་ལས་སྲན་མ་གཅིག་ཡིན་གསུངས་པས། ཞོ་ཕྱེད་རེ་ལ་གོང་ལྟར་བསྔགས་ཏེ་ཟླ་བ་གཅིག་གི་བར་དུ་འཐུངས་ན་གླེན་པ་དག་ནི་རིག་པ་མཆོག་ཏུ་འགྱུར། དིག་པ་དང་ལྐུགས་པ་སེལ་བར་བྱེད། ཟླ་དྲུག་གིས་ནི་ཡོན་ཏན་དཔག་མེད་འཐོབ། གཉིས་པ་བྲཧྨཱིས་ཐོས་པ་འཛིན་པ་ནི། བྲཧྨཱི་ཞེས་པ། བྲཧྨཱ་དཎྜའང་«་་་་་ཚངས་པའི་དབྱུག་པ་»ཟེར། མེ་ཏོག་གསུམ་པར་གྲགས་པའི་སྨན་བླངས་ཏེ། སྔར་བཞིན་ཐོ་རངས་བྲིས་སྐུ་ལ་མཆོད་བསྟོད་མཎྜལ་སོགས་བྱས་ལ། སྨན་གྱི་ཕྱེད་ཀ་བྱི་ལའི་སྤར་བ་གང་གི་ཚད་ཙམ་མཎྜལ་དུ་བཞག་སྟེ། སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ནས། ཞུན་མར་རམ། རྩ་བ་དང་ལྷན་ཅིག་བཏུང༌། དེ་ལྟར་ཟླ་དྲུག་མ་ཆག་ན། དབྱིག་གཉེན་«་་་་་ཤློ་ཀ་འབུམ་ཕྲག་དགུ་བཅུ་རྩ་དགུ་ཐུགས་ལ་བཞུགས། »ལྟ་བུར་འགྱུར་བར་བཤད་དོ། །གསུམ་པ་སྣ་མའི་མེ་ཏོག་གིས་ཐོས་པ་འཛིན་པ་ནི། ཛཱ་ཏིའི་མེ་ཏོག་གི་ཕུད་བུ་འབུམ་དགོས་པར་གསུངས་པས་བོད་འདིར་མི་འབྱོར་བའི་ཕྱིར་མི་འགྲུབ་པས་མ་བྲིས་སོ། །འབྱོར་ཅིང་སྒྲུབ་པར་འདོད་ན་ཡིག་རྙིང་«་་་་་ཆག་ལོའི་ཡིག་ཆར་གསལ། »དུ་བལྟའོ། །བཞི་པ་སྲན་མ་མཱ་ཤཱའི་ལས་སྦྱོར་ནི་གོང་དུ་བཤད་ཟིན་ཏོ། །ལྔ་པ་རལ་གྲིའི་རིག་འཛིན་དང༌། དྲུག་པ་ཕྱག་མཚན་གཞན་གྱི་རིག་འཛིན་རྣམས་ནི་རེ་ཞིག་ལས་དང་པོ་པས་མི་འགྲུབ་པས་འདིར་མ་བྲིས་ཏེ་འོག་ཏུ་བལྟའོ། །བདུན་པ་མིག་སྨན་«་་་་་ཆག་ལོའི་ཡིག་ཆར་གསལ་»ཡང་རྫས་རྙེད་པར་དཀའོ། །བརྒྱད་པ་ཐིག་ལེ་ནི། གི་ཝཾ། ལྡོང་རོས། གུར་གུམ། ཙནྡན་དམར་པོ་རྣམས་སྦྱར་བའི་རིལ་བུ་ལྕགས་གསུམ་«་་་་་གསེར་
དངུལ་ཟངས་གསུམ་སྟེ་འདི་དག་སྲབ་མོར་བརྡུངས་པ། »གྱིས་དཀྲིས་པ། གཟའ་འཛིན་དུས་སུ་སྔར་བཞིན་བསྒྲུབ། དཔྲལ་བར་ཐིག་ལེ་བྱས་པས་རང་སུས་ཀྱང་མི་མཐོང་བའི་མི་སྣང་འགྲུབ། དགུ་པ་རྐང་བྱུགས་ནི། ཤིང་ཤལྨཱ་ལིའི་ཁུ་བ་དང༌། དགེ་འབྱུང་གི་འགྲེལ་པར་གོ་རོ་ཙ་ན་ཞེས་འབྱུང་བ་ལ། བི་བྷཱུ་ཏི་ཙནྡྲས་གིའུ་ཝཾ་དུ་བཞེད་ཅིང༌། དཱ་ན་ཤཱི་ལ་ནི། སྔོ་གོ་བནྡ་ཞེས་པས་མེ་ཏོག་ཁ་མཐུར་དུ་ལྟ་བ་ཡིན་གསུངས་པས། དེ་རྣམས་སྦྱར་བའི་ཁུ་བས། སྔར་བཞིན་གཟའ་འཛིན་གྱི་དུས་སུ་བསྒྲུབ་ནས་རྐང་པ་ལ་བསྐུས་ན་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་བོ། །དེ་བཞིན་དུ་མཆིལ་ལྷྭམ་དང༌། ཤིང་ལྷྭམ་ལ་བསྒྲུབ་ཀྱང་འབྱུང་གསུངས། བཅུ་པ་དབང་དུ་བྱ་བ་ནི། པྲི་ཡང་ཀུའི་མེ་ཏོག་ཆ་གཅིག་དང༌། སིཧླ་ཆ་གཅིག་དང༌། རུ་རྟ་ཆ་ཕྱེད་དང༌། ནཱ་ག་གེ་སར་ཆ་ཕྱེད་དང་གཉིས་ཀྱི་ཕྱེ་མ་རྣམས་བྱུག་རྫས་དང༌། ལ་བརྞ་ཁོ་ཌཱི་དང༌། ནཱ་གི་དང༌། ཙནྡན་དམར་པོ་དང༌། ག་བུར་དང༌། ཨ་ག་རུ་རྣམས་ཆ་མཉམ་པར་སྦྱར་བའི་བདུག་སྤོས་རྣམས། གཟའ་འཛིན་གྱི་དུས་སུ་སྔར་བཞིན་བསྒྲུབས་ཏེ། གང་དབང་དུ་བྱ་བར་འདོད་པ་དེ་ལ་བྱུག་རྫས་ཀྱིས་ལུས་ལ་བྱུགས་ཤིང༌། བདུག་སྤོས་ཀྱི་དྲི་ཚོར་བར་བྱས་པ་ཙམ་གྱིས་དབང་དུ་འགྱུར་རོ། །བཅུ་གཅིག་པ། བཅུད་ལེན་གྱིས་ཚེའི་རིག་འཛིན་སྒྲུབ་པ་ནི། ཀ་ར་དང་བཅས་པའི་འོ་མའི་འབྲས་ཐུག་གམ། ཀ་ར་དང་ཞོ་བསྲེས་པའི་འབྲས་ཆན་གྱི་སྣོད་ལག་པ་གཡོན་པར་བཞག་ལ། གཡས་པས་བཀབ་སྟེ། གཟའ་འཛིན་གྱི་དུས་སུ་སྔར་བཞིན་སྒོམ་བཟླས་ལ་བརྩོན་པར་བྱས་པས། རླངས་པ་དང༌། དུ་བ་དང༌། འོད་འབྱུང་བ་མ་ཟེགས་པར་ཟོས་པས། ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་དུར་ཁྲོད་དུ་མི་མགོ་གསུམ་ལས་སྒྱེད་བུ་བྱ། དེའི་སྟེང་དུ་སྐྱེས་པའི་ཐོད་པར་ཚིལ་ཆེན་དང་རོ་རས་
ལ་མེ་སྦར། བུད་མེད་ཀྱི་ཐོད་པས་བཅད་དེ་དུད་པ་བླངས་ལ་སྣག་ཚ་བཞིན་སྦྱར་ཞིང༌། གསང་སྔགས་བཟླ། དེས་མིག་ལ་བྱུགས་ན་འཇིག་རྟེན་གསུམ་མཐོང་བར་འགྱུར་ཞིང༌། དཔྲལ་བར་ཐིག་ལེ་བྱས་ན་བདག་སུས་ཀྱང་མི་མཐོང་ལ། རྐང་པ་ལ་བྱུགས་ན་རྐང་མགྱོགས་འགྲུབ་ཅིང༌། རྫས་དེ་གང་ལ་རེག་པའི་སྐྱེ་བོ་དེ་བདག་གི་དབང་དུ་འགྱུར་རོ། །ཞེས་བཞེད་དོ། །རྒྱུད་ལས། བཅུད་ལེན་ལ་སོགས་པ་འདུས་བྱས་ལ་བསྒྲུབ་པར་བྱའོ། །ཞེས་གསུངས་པས། བཅུད་ལེན་གཞན་«་་་་་རྒྱུད་འབྲེལ་ལས། བདུད་རྩི་བདུན་གྱི་སྦྱོར་བ་སོགས་མང་དུ་གསུངས་ཤིང༌། གཞན་དུ་གསུངས་པའང་ཆོ་ག་འདིས་བསྒྲུབ་པར་བྱའོ། །ཞེས་གསུངས་པས། དེང་སང་བོད་དུ་ལག་ལེན་བྱེད་པའི། དངུལ་ཆུའི་བཅུད་ལེན་དང༌། སྔོ་རྟག་ངུ་དང༌། ར་མོ་ཤག་དང༌། ད་ལི་དང༌། ལུག་མུར་དང༌། དབང་ལག་དང༌། མེ་ཏོག་སྣ་ཚོགས་དང༌། ཆུ་དང༌། རྡེའུ་དང༌། ཅོང་ཞི་ལ་སོགས་པའི་བཅུད་ལེན་རྣམས་ཀྱང༌། སྨན་སྦྱོར་རང་རང་གི་གཞུང་བཞིན་བྱས་པས། ཆོ་ག་འདིའི་སྒོ་ནས་བསྒྲུབས་ན་སྔར་ཇི་སྐད་བཤད་པའི་ཕན་ཡོན་འབྱུང་བར་ངེས་སོ།། »ཡང་བསྒྲུབ་པར་བཤད་དོ། །བཅུ་གཉིས་པ། མེ་ཏོག་གི་སྦྱིན་སྲེག་གིས་རྗེ་བཙུན་གྱི་ཞལ་ལྟ་བ་ནི། རྒྱས་པའི་ཐབ་སེར་པོ་སྟེགས་བུ་གྲུ་བཞི་པ། ལོགས་རེར་ཁྲུ་བཞི་བཞི་ཡོད་པ། དཔངས་སུ་ཁྲུ་གང་བ། ཡང་ན་བྲིས་ཐབས་བྱས་ཀྱང་རུང༌། མུ་རན་སོར་བརྒྱད་པ་ལ་རིན་པོ་ཆེའི་ཕྲེང་བས་བརྒྱན་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་ཟུར་བཞིར་རིན་པོ་ཆེ་རེ་རེས་མཚན་པ་དང༌། ཐབ་ཀྱི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེའི་མཚན་པ། ཕྱི་ནང་ཀུན་ཏུ་དྲི་སེར་པོ་དང༌། བ་ལང་གི་ལྕི་བས་བྱུག འོ་མ་ཅན་གྱི་ཤིང་གི་བུད་ཤིང་བརྩིག ཡམ་ཤིང་འོ་མ་ཅན་གྱི་ཤིང་དབུས་ཀྱི་ཆ་སྲིད་དུ་ཁྲུ་གང༌། སྦོམ་ཕྲ་མཐེའུ་ཆུང་གི་ཚད་ཙམ་དང༌། བསྲེག་རྫས་གཞན་རྣམས་འདྲ་ལ། ཁྱད་པར་དུ་མེ་ཏོག་པདྨ་འབུམ་ཕྲག་ལྷག་
པ་བཞག པདྨ་དངོས་མ་ཀོང་པོར་སྐྱེ་ཞེས་གསུངས། ཉའི་སྔ་དྲོ་ནས་བརྩམས་ཏེ་སྒྲུབ་པ་པོ་ཁ་བྱང་དུ་ཕྱོགས། བཟང་པོའི་འདུག་སྟངས་དང་དགའ་བའི་ཡིད་ཀྱིས་བྱ། ཆོ་ག་གཞན་རྣམས་སྔར་བཞིན་ལས། མེ་ལྷ་སྐུ་མདོག་སེར་པོ་དང༌། བཅོམ་ལྡན་འདས་ཀྱི་སྐུ་མདོག་ཀྱང་དཀར་ལ་སེར་བའི་མདངས་ཆགས་པར་བསྒོམ། གཙོ་བོའི་སྔགས་རེ་དང་སྦྲེལ་བའི་པདྨའི་སྦྱིན་སྲེག་འབུམ་རྫོགས་ན་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ཞལ་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེས་གསུངས། བཅུ་གསུམ་པ་བིལ་«་་་་་ཆོ་ག་གཞན་སྔར་བཞིན་ལས། རྫས་ཀྱི་གཙོ་བོ་བིལ་བའི་འབྲས་བུ་སྐྱོན་མེད་པ་ལ་བྱ་སྟེ། རྫས་འབུམ་རྫོགས་པ་ན་གང་འདོད་པའི་རྒྱལ་སྲིད་ཐོབ་པར་བཤད།» བའི་སྦྱིན་སྲེག་གིས་རྒྱལ་སྲིད་སྒྲུབ་པ་ནི། བིལ་འབྲས་འབུམ་ཕྲག་འབྱོར་དཀའ་བས་མ་བྲིས་སོ། །བཅུ་བཞི་པ་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་སྒྲུབ་པ་ནི་ཆོ་ག་གོང་བཞིན་ལས། ཁྱད་པར་དྲི་ཞིམ་པོའི་མེ་ཏོག་དཀར་པོའི་སྦྱིན་སྲེག་འབུམ་རྫོགས་པ་ན། ཁྱད་པར་འཕགས་པའི་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །བཅོ་ལྔ་པ་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པས་འབྲས་བུའི་སྦྱིན་སྲེག་གིས་བུ་མོ་དགུག་པ་ནི་མ་བྲིས་སོ།«་་་་་ཆག་ལོའི་ཡིག་ཆར་བཤད།» །གོང་དུ་བཤད་པའི་ལྔ་པ་རལ་གྲིའི་རིག་འཛིན་སྒྲུབ་པའི་རྫས་ནི། ཟླ་ཉི་གཟས་བཟུང་བའི་དུས་སུ། མ་ཡཱུ་ར་གྲཱི་བ་ཞེས་རྨ་བྱའི་མགྲིན་པ་ལྟ་བུ་དང༌། སུ་ཝརྞ་པཱརྞཌི་ཞེས་པ་གསེར་ལྟ་བུ་སྟེ། ཁབ་ལེན་གྱི་ལྕགས་གཉིས་པོ་གང་ཡང་རུང་བ་ལས་བྱས་པའི་རལ་གྲི་ལག་པ་གཡོན་པས་བཟུང་ནས། གཡས་པས་ལྟེ་བའི་འཐད་དུ་ཕྲེང་བ་བགྲང་ཞིང༌། སྔར་བཞིན་གཟས་བཟུང་བ་ལ་མི་ལྟ་བར་གྲོགས་ཀྱིས་བརྡ་སྦྱར་བས། ཁ་ཤར་དུ་བལྟས། མཆོད་བསྟོད། མཎྜལ་སྔོན་དུ་འགྲོ་བས་གཟས་བཟུང་ནས་མ་གྲོལ་གྱི་བར་དུ་སྒོམ་བཟླས་རྩེ་གཅིག་ཏུ་བྱས་པས་རལ་གྲི་ལས་
དུ་བ་དང༌། འོད་དང་མེ་འབྱུང་སྟེ། དེ་ཉིད་ཐོགས་པ་ཙམ་གྱིས་ནམ་མཁའ་ལ་གང་འདོད་དུ་འགྲོ་བར་འགྱུར་རོ། །ཡང་གོང་དུ་བཤད་པའི་དྲུག་པ་ཕྱག་མཚན་གཞན་གྱི་རིག་འཛིན་སྒྲུབ་པ་ནི། གསེར་རམ། དངུལ་ལམ། འཁར་བའམ། ཟངས་སམ། ལྕགས་གང་རུང་ལས་བྱས་པའི་འཁོར་ལོ་དང༌། སུན་ནཱ་གའི་ཤིང་ངམ། ནཱ་ག་གེ་སར་གྱི་ཤིང་ལས་བྱས་པའི་རྡོ་རྗེ་དང༌། བྱང་ཆུབ་ཀྱི་ཤིང་ལས་བྱས་པའི་རྩེ་གསུམ་དང༌། སྨྱུག་མ་ལས་བྱས་པའི་མདའ་དང༌། མ་དྷུ་ཀའི་ཤིང་ངམ།«་་་་་བུ་རམ་ཤིང༌།» ཙནྡན་དམར་པོའམ། མྱ་ངན་མེད་པའི་ཤིང་གང་རུང་ལས་བྱས་པའི་ཐོ་བ་དང༌། ལྕགས་བརྒྱད་«་་་་་ལྕགས་བརྒྱད་ནི། གསེར། དངུལ། ཟངས། ལྕགས། རག གཤའ་དཀར། ཞ་ཉེ། འཁར་བ་རྣམས་སོ།། »གང་རུང་ལས་བྱས་པའི་ཞགས་པ་དང༌། ཡང་ན་དེ་ཐམས་ཅད་ཀྱང་རྩ་བ་ཝ་ཛ་ལས་ཀྱང་རུང་ངོ༌། །དེ་བཞིན་དུ་ལྕགས་ཀྱུ་དང༌། ཆུ་གྲི་དང༌། ཀཌྜ་ར་ཞེས་རལ་གྲི་སྒུར་པོ་དང༌། བྷིཎྜི་པཱ་ཝ་ཞེས་པ་མཚོན་རྩེ་གཅིག་པའམ། འཕོང་མདུང་དང༌། བེ་ཅོན་དང༌། མདུང་དང༌། མདའ་བོ་ཆེ་དང༌། ཤཀྟི་དང༌། གཏུན་ཤིང་དང༌། དབྱུག་པ་དང༌། གོས་དང༌། ནོར་བུ་དང༌། རྨ་བྱའི་མཇུག་སྒྲོ་དང༌། སྡེར་སྣོད་དང༌། གདུགས་དང༌། རྔ་ཡབ་དང༌། རྒྱལ་མཚན་དང༌། བ་དན་དང༌། པདྨ་དང༌། ཨུཏྤལ་དང༌། ཏཱ་ལའི་འདབ་མ་དང༌། དགྲ་སྟྭ་རྣམས་གང་ཡང་རུང་བ་ལ་གཟའ་འཛིན་གྱི་དུས་སུ། སྔར་བཤད་པའི་རལ་གྲིའི་རིག་འཛིན་སྒྲུབ་པ་བཞིན་བསྒྲུབས་པས། རེ་རེས་ཀྱང་མཁའ་ལ་སྤྱོད་པའི་རིག་འཛིན་འགྲུབ་པར་འགྱུར་བར་བཤད་དོ། །དེ་ལྟར་ན་ལས་ཚོགས་འགངས་ཆེ་བ་འདི་རྣམས་ཚོགས་ལམ་ཆེན་པོས་གནས་པ་རྣམས་ཀྱིས་འགྲུབ་པོ། །དེ་ལྟར་མ་རིག་མུན་པ་དཔྱིས་འབྱིན་པའི། །ལྷ་མཆོག་འཇམ་པའི་དབྱངས་ཀྱི་སྒྲུབ་སྐོར་གྱིས། །བློ་གྲོས་སྣང་བ་རྒྱས་བྱེད་སྤེལ་བ་འདི། །
རང་འདོད་མ་ཡིན་ནན་གྱིས་བསྐུལ་ཕྱིར་སྦྱར། །འདི་ལ་ནོངས་པར་འཕགས་དང་མཁས་ལ་བཤགས། །འབད་པའི་དགེ་བས་མ་རིག་མུན་སངས་ཤིང༌། །བློ་གྲོས་རབ་རྒྱས་བསམ་དོན་ཀུན་འགྲུབ་ཅིང༌། །དོན་གཉིས་ཕུན་སུམ་ཚོགས་པའི་འབྱོར་གྱུར་ཅིག །འཇམ་དཔལ་དཀར་པོ་དཔའ་བོ་གཅིག་གྲུབ་ཀྱི་ཆོས་སྐོར་བློ་གྲོས་པདྨོ་ཁ་འབྱེད་ཅེས་བྱ་བ་ལས། ལས་ཚོགས་རྣམས་གསལ་བར་བཤད་པ་འདི་ནི་མི་དབང་རྡོ་རྗེ་འཛིན་པ་ས་སྐྱོང་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་བསྐུལ་ཞིང་ཐུགས་དམ་དུ་བསྟར་བའི་ཆེད་དུ་ཆོས་སྨྲ་བའི་བཙུན་པ་སངས་རྒྱས་ཕུན་ཚོགས་ཀྱིས་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་ཤེས་རབ་ལྷུན་གྲུབ་ཀྱིས་བགྱིས་པའོ། །ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ།། ༈ །འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཇམ་མགོན་བླ་མའི་ཞབས་ཀྱི་པདྨོ་ནི། །དད་པའི་ཡིད་མཚོར་རྟག་ཏུ་བསྙེན་བྱས་ནས། །སྒྲུབ་ཐབས་བདུད་རྩིའི་སྙིང་པོ་ཅུང་ཟད་སྤེལ། །དེ་ལ་འདིར་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས་རྗེ་བཙུན་འཇམ་དཔལ་དཀར་པོ་བསྒྲུབ་པར་འདོད་པས། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་ཇི་ལྟར་རིགས་པས་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་
བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་རབ་སྦྱངས་པའི། །སྟོང་གསལ་ནམ་མཁའ་དང་མཚུངས་དྲི་མེད་ངང༌། །དྃ་ཡིག་ལས་གྲུབ་དཀར་དྭངས་བདུད་རྩིའི་མཚོ། །གཏིང་ཟབ་ཡངས་པ་ཡན་ལག་བརྒྱད་དང་ལྡན། །མཚོ་མཐའ་གླང་ཆེན་ཐལ་དཀར་གྱིས་བསྐོར་ཞིང༌། །མཉེན་ལྕུག་འཁྲིལ་ལྡེམ་པད་ཟླུམ་དྲཱ་བས་ཁྱབ། །ལོ་མའི་ཁུར་ལྡིང་དཀར་མཛེས་མེ་ཏོག་ལས། །ཡིད་འཕྲོག་དྲི་བསུང་ལྡན་པས་ཕྱོགས་ཀུན་སྒེག །མཚོ་ཆེན་དབུས་དེར་པྃ་ཡིག་ལས་བྱུང་བའི། །པད་སྡོང་ཡལ་ག་ལོ་མ་ཕུན་ཚོགས་མཛེས། །འདབ་རྒྱས་དཀར་གསལ་གེ་སར་དམར་སེར་ཅན། །ལྟེ་བ་ལྗང་སེར་མཐོ་བའི་དབུས་ཉིད་དུ། །ཨ་ལས་ཆ་ཤས་རབ་རྫོགས་ཟླ་བའི་གདན། །དེ་སྟེང་རང་སེམས་ཨ་ཡིག་དཀར་པོ་ལས། །འོད་འཕྲོས་དོན་བྱས་འདུས་པས་ལྷར་གྱུར་ཏེ། །རྒྱལ་ཀུན་ཡེ་ཤེས་སྐུ་ཅན་འཇམ་པའི་དབྱངས། །ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཛེས་པའི་ཉམས། །ཕྱག་གཡས་མཆོག་སྦྱིན་ལེགས་པར་རྐྱོང་མཛད་ཅིང༌། །གཡོན་པས་ཨུཏྤལ་སྡོང་བུ་ཐུགས་ཀར་འཛིན། །མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེའི་དབུས། །ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་མཚན། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་ཞིང༌། །དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །སྟོན་ཟླའི་མདོག་ཅན་ལང་ཚོར་ལྡན་པ་ཡི། །སྙིང་དབུས་ཟླ་བའི་འཁོར་ལོ་རྩིབས་དྲུག་པའི། །ལྟེ་བར་ཨ་དང་རྩིབས་དྲུག་སྔགས་ཀྱིས་མཚན། །འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་འཁོར་བས། །སྒྲིབ་དག་བློ་གྲོས་སྣང་བ་རྒྱས་པར་གྱུར། །ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་ཅི་ནུས་བཟླ། ཐུན་འཇོག་པ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང༌། ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང༌། །རྣམ་པ་མ་ལུས་ཆོས་ཅན་
ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཞིང༌། །སྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པའི་མཐུས། །བློ་ངན་མ་རིག་འཐིབས་བུའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་པར་མཛོད། །ཅེས་བདག་ཉིད་ལ་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀུན། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུའང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ང་རྒྱལ་དང་མ་བྲལ་བས་མཚན་ཡང་དག་པར་བརྗོད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་བཀླག མཎྜལ་འབུལ་བ་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱ། ཐུན་གང་རིགས་ཀྱི་མཐར་གཏོར་མ་འབུལ་ན། གཏོར་མ་དཀར་ཟླུམ་ཆབ་གཙང་གིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱི་བརླབ། རང་གི་སྙིང་ག་ན་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ། གྱིས་གདན་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་འབུལ། སྔར་བཞིན་མཆོད་བསྟོད་གསོལ་བ་གདབ། ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་རང་བཞིན་གྱི་གནས་སུ་གཤེགས། དེ་ལྟ་བུའི་ཚུལ་གྱིས་ཟླ་བ་གཅིག་དུ་འབུམ་ཕྲག་དྲུག་བཟླ་བ་ནི་གྲངས་བསྙེན་ཡིན་ལ། དེ་ལ་བརྟེན་ནས་བྲིས་སྐུ་སྒྲུབ་པ། སྦྱིན་སྲེག་གི་ཆོ་ག ལས་སྦྱོར་གྱི་ཁྱད་པར་སོགས་ནི་གཞན་དུ་ཤེས་པར་བྱའོ། །རྒྱུད་དང་མན་ངག་བདུད་རྩིའི་ཆུ་གཏེར་ཆེའི། །སྙིང་
པོ་སྲིད་ཞིའི་གདུང་སེལ་འདི་སྦྱར་བས། །ས་གསུམ་རྨོངས་པའི་མུན་པ་རབ་བསལ་ནས། །བློ་གྲོས་སྣང་བ་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་པའང་པཎྜི་ཏ་མ་ཏིའི་གསུང་ལ་སྐབས་སུ་བབས་པའི་ཚིག་གིས་མཚམས་སྦྱར་ཏེ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའོ། །ཤུ་བྷཾ།། ༈ །འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས། །གང་དེས་རྗེས་བཟུང་སློབ་དཔོན་ཛེ་ཏཱ་རི། །མཁས་ཤིང་གྲུབ་བརྙེས་པཎ་ཆེན་མ་ཏིའི་ཞབས། །གསོལ་བ་འདེབས་སོ་བློ་གྲོས་སྣང་བ་སྩོལ། །བདེ་བའི་རྡོ་རྗེ་འབྱུང་གནས་སྦས་པ་དང༌། །གངས་ཅན་བསྟན་པའི་ཉི་མ་ཤཱཀྱ་ཤྲཱི། །མཁན་ཆེན་བྱང་ཆུབ་དཔལ་དང་བདེ་བ་དཔལ། །གསོལ་བ་འདེབས་སོ༴ །སངས་རྒྱས་གཞོན་ནུ་བསོད་ནམས་ཤེས་རབ་དང༌། །ཤེས་རབ་མགོན་པོ་ཤར་ཆེན་ཐམས་ཅད་མཁྱེན། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པར། །གསོལ་བ༴ །རྒྱལ་ཚབ་དམ་པ་ཡོངས་འཛིན་དཀོན་མཆོག་འཕེལ། །དཀོན་མཆོག་ལྷུན་གྲུབ་པཎ་ཆེན་ནམ་མཁའི་མཚན། །ནམ་མཁའ་སངས་རྒྱས་ནམ་མཁའ་དཔལ་བཟང་པོར། །གསོལ་བ༴ །སངས་རྒྱས་ཕུན་ཚོགས་བསྟན་འཛིན་ལྷུན་གྲུབ་ཞབས། །དཔལ་ལྡན་ཆོས་སྐྱོང་རིན་ཆེན་མཆོག་གྲུབ་དང༌། །འཇམ་མགོན་བླ་མ་ནམ་མཁའ་འཆི་མེད་ལ། །གསོལ་བ༴ །བྱམྃས་པྃའི་ཐུགས་རྗེས་འཇམ་དཔལ་གཞོན་ནུ་ཉིད། །ཀུནྃ་དགྃའ་བསྟན་འཛིནྃ་རྒྱ་མཚོའི་གཙུག་རྒྱན་དུ། །ཡོངས་ཤར་བཀའ་དྲིན་མཉམ་མེད་བླ་མ་རྗེར། །གསོལ་བ་འདེབས་སོ་བློ་གྲོས་སྣང་བ་སྩོལ། །དེ་ལྟར་སྙིང་ནས་གུས་པས་གསོལ་བཏབ་མཐུས། །སྐྱེ་ཞིང་སྐྱེ་བར་ཐེག་མཆོག་བཤེས་གཉེན་གྱིས། །རྗེས་བཟུང་
ཚུལ་གནས་ཐོས་བསམ་སྒོམ་པ་ལ། །གཡེལ་མེད་རྟག་ཏུ་བརྩོན་པར་བྱིན་གྱིས་རློབས། །ཁྱད་པར་བླ་མ་མཆོག་གསུམ་གཙུག་ཏུ་བསྟེན། །སྨོན་འཇུག་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས། །ཚོགས་གཉིས་ལས་འཁྲུངས་འཇམ་དཔལ་དཔའ་བོ་ཡི། །ཟབ་གསལ་ཏིང་འཛིན་འགྲུབ་པར་བྱིན་གྱིས་རློབས། །ཐུགས་ཀར་ཟླ་བའི་འཁོར་ལོ་སྔགས་ཕྲེང་བཅས། །གཡས་གཡོན་ཤུགས་དྲག་འཁོར་བའི་སྣང་བ་ཡིས། །ཐོག་མེད་རྨོངས་པའི་མུན་པ་ཀུན་བསལ་ནས། །བློ་གྲོས་པདྨོ་རྒྱས་པར་བྱིན་གྱིས་རློབས། །ཚད་ལྡན་བྲིས་སྐུའི་ཆོ་གས་དངོས་གྲུབ་ཀྱི། །ཡེ་ཤེས་རང་དབང་ཉིད་དུ་སྒྲུབ་པ་དང༌། །ཉེས་བྱས་འཇོམས་དང་ཡོན་ཏན་སྐྱེད་པ་སོགས། །ཕྲིན་ལས་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །འཇམ་མགོན་བླ་མ་མཆོག་གིས་རྗེས་བཟུང་ནས། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་སྟེ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ། བྱིན་རླབས་ཀྱི་ཆར་ཆེན་འབེབས་ཤིང་བློ་གྲོས་ཀྱི་པདྨོ་རྒྱས་པར་བྱེད་པ་འདིའང་ཐར་ལམ་བླ་མ་ལ་རེ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །འཇམ་དབྱངས་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་བདུད་རྩིའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འཇམ་དཔལ་དཀར་པོ་བསྡུས་ཏེ་བསྒོམ་པར་འདོད་པས། སྐྱབས་སེམས་སྤྱི་ལྟར་བྱ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བྃ་པྃ་ཨ་དཀར་ལས། །རྒྱ་མཚོའི་སྟེང་དུ་པདྨ་ཟླ་བའི་གདན། །དེ་སྟེང་རང་སེམས་ཨ་དཀར་ཉིད་གྱུར་ལས། །འོད་འཕྲོས་འཕགས་མཆོད་འགྲོ་
ཀུན་སྒྲིབ་གཉིས་སྦྱངས། །ཚུར་འདུས་ཡོངས་གྱུར་བདག་ཉིད་འཇམ་པའི་དབྱངས། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བ། །དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །སྟོན་ཟླའི་མདོག་ཅན་བརྒྱད་གཉིས་ལང་ཚོར་ལྡན། །སྙིང་དབུས་ཟླ་བའི་འཁོར་ལོ་རྩིབས་དྲུག་པའི། །ལྟེ་བར་ཨ་དང་རྩིབས་དྲུག་སྔགས་ཀྱིས་མཚན། །འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་འཁོར་བས། །སྒྲིབ་དག་བློ་གྲོས་སྣང་བ་རྒྱས་པར་གྱུར། །ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་ཅི་ནུས་བཟླས་མཐར། ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང༌། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཞིང༌། །སྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པའི་མཐུས། །བློ་ངན་མ་རིག་འཐིབས་བུའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་པར་མཛོད། །ཅེས་བསྟོད་ཅིང་གསོལ་བ་གདབ། འདི་བསྒྲུབས་པ་ལས་བྱུང་བའི་དགེ་ཚོགས་ཀྱིས། །འགྲོ་ཀུན་འཇམ་དབྱངས་གོ་འཕང་མྱུར་ཐོབ་ནས། །སྲིད་དང་ཞི་བའི་ལེགས་བྱས་སྣང་བ་ཡིས། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་དོན་གཉེར་ཅན་འགའ་ལ་སྨན་པའི་བསམ་པས་སློབ་དཔོན་སྒེག་པའི་རྡོ་རྗེའི་རྒྱ་གཞུང་སོར་བཞག་སྟེ། མཚམས་སྦྱོར་ཅུང་ཟད་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། ༈ །འཇམ་དབྱངས་དཀར་པོ་སྒྲུབ་པའི་སྐབས་སུ་ཉེ་བར་མཁོ་བའི་བསྟོད་ཚིག་གི་ཁ་སྐོང་བཞུགས་སོ། །ཨོཾ་སྭ་སྟི། འཇམ་དབྱངས་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་པའི་སྐབས་མདུན་
བསྐྱེད་དང་མཐུན་པའི་བསྟོད་པ་ནི། པཎྜི་ཏ་མ་ཏིས་མཛད་པའི་བསྟོད་པ་ལས། མུ་མེད་འོད་ཟེར་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པ་ཡན་དཀྱུས་ལྟར་ལ། དེ་ནས། གཡས་སུ་ཀུན་ཏུ་བཟང་པོ་ནམ་མཁའི་མདོག །ཞལ་གཅིག་ཕྱག་གཉིས་རྔ་ཡབ་ནོར་བུ་བསྣམས། །གང་གིས་དྲན་པས་བྱང་ཆུབ་སྤྱོད་ཆོག་གི །སྨོན་ལམ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །གཡོན་དུ་སྤྱན་རས་གཟིགས་དབང་ཟླ་ཤེལ་མདངས། །ཞལ་གཅིག་ཕྱག་གཉིས་རྔ་ཡབ་པད་དཀར་བསྣམས། །སྙིང་རྗེ་ཆེན་པོས་མཐའ་ཡས་ཡིད་ཅན་ཀུན། །ཕན་བདེའི་དབུགས་འབྱིན་སྩོལ་ལ་ཕྱག༴ །སྟེང་གི་ནམ་མཁར་ཆུ་འཛིན་ཕྲེང་བའི་དབུས། །འཆི་མེད་རིགས་ཀྱི་རིག་འཛིན་གཞོན་ནུ་གཉིས། །ལྷ་རྫས་མེ་ཏོག་ཕྲེང་བ་ལེགས་འཛིན་ཅིང༌། །མཆོད་པའི་ཆར་ཆེན་འབེབས་ལ་ཕྱག༴ །མདོར་ན་དད་པའི་ཡིད་མཁར་ཤར་བ་ཡི། །འཕགས་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས། །འཇམ་མགོན་ཡེ་ཤེས་རོལ་མོ་ལས་བྱུང་ཕྱིར། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དཔལ་མཆོག་སྐུ་ཡི་སོགས་སྦྲེལ་ལོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ་བྷ་བ་ཏུ།། །།
འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་འཕགས་པ་བཞད་པའི་རོལ་གར།
འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་འཕགས་པ་བཞད་པའི་རོལ་གར་ཞེས་བྱ་བ་བཞུགས་སོ།།
མཐའ་ཀླས་རྒྱལ་བའི་མཁྱེན་པ་རྒྱ་མཚོའི་འཇིང༌། །ཕ་མཐའ་བྲལ་བའི་ཕ་རོལ་བདེར་གཤེགས་ལ། །འཇམ་མགོན་སྨྲ་བའི་བླ་མས་རྣམ་ཀུན་ཏུ། །མཁའ་མཉམ་ཡིད་ཅན་བློ་གྲོས་དགེ་བར་མཛོད། །འདིར་རྨོངས་པའི་ཤུགས་དྲག་རིང་པོར་འབབ་པས་མུན་པའི་རྒྱུན་ལ་ངལ་འཚོ་བར་རློམས་པའི་མ་རྣམས་བདེ་བར་སྦྱོར་བའི་སླད་དུ་ཤེས་རབ་ཀྱི་མིག་བླ་ན་མེད་པ་བསྟེན་པར་བྱ་སྟེ། དེ་ཡང་གསང་བ་ཟབ་མོའི་རིག་སྔགས་ཀྱི་ཁྱད་པར་ལ་བརྟེན་ནས་མྱུར་དུ་སྒྲུབ་པའི་ཐབས་ཁོ་ན་མཆོག་ཏུ་མཐོང་བས་རེ་ཞིག་འཕགས་པ་འཇམ་དཔལ་དབྱངས་ཉེ་བར་སྒྲུབ་པའི་ཐབས་བཤད་པར་བྱའོ། །སྡོམ་ནི། སྐྱབས་གསོལ་བ་དང་བྱང་སེམས་བཟུང༌། །ཚོགས་བསགས་ཚངས་པའི་གནས་བཞི་བསྒོམ། །ལྷ་བསྐྱེད་སྔགས་བཟླས་ལས་སྦྱོར་སྒྲུབ། །རྗེས་ཀྱི་བྱ་བ་རྣམས་ཀྱིས་བསྡུས། །དེ་ལ་དང་པོ་ནི། གང་ལ་སྐྱབས་ཞུ་བའི་ཡུལ་ཕྱོགས་བཅུའི་དཀོན་མཆོག་རྣམ་པ་གསུམ་མདུན་དུ་བལྟས་ལ་ངག་ཏུ། གང་ལ་བརྟེན་ན་དོན་མཆོག་འདོད་འཇོའི་གཞི། །སྐབས་གནས་དཔག་བསམ་དབང་པོའི་གྲིབ་བསིལ་དུ། །དེང་ནས་རྨོངས་པ་སོགས་ཀྱི་གདུང་བ་ཀུན། །ཉེ་བར་ཞི་སླད་ཡོངས་སུ་བསྟི་བར་བགྱི། །གཉིས་པ་ནི། བརྩེ་ལྡན་མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །བདག་
གིས་མ་རྣམས་ཡང་དག་བསྒྲལ་བའི་ཕྱིར། །བྱང་ཆུབ་སྙིང་པོའི་དཔལ་འབྱོར་མངོན་འདོད་པས། །སྨྲ་བའི་སེང་གེ་བསྒྲུབ་པའི་ཡི་དམ་གཟུང༌། །གསུམ་པ་ནི། རང་མདུན་ནམ་མཁར་སྐད་ཅིག་ལ། །རྣམ་གསུམ་དད་པའི་ཕོ་ཉ་ཡིས། །སྤྱན་དྲངས་འཇམ་དཔལ་གཞོན་ནུ་ནི། །སྲས་བཅས་རྒྱལ་བས་བསྐོར་བར་གསལ། །ན་མ་ཤྲཱི་གུ་རུ་མཉྫུ་ཤྲཱི་ཡེ། སྲིད་དང་ཞི་བའི་མཚན་མ་ནི། །པད་དཀར་ཟླ་བའི་སྟེང་བྱོན་པའི། །སྐྱེ་མེད་ཨ་ཡིག་ལས་སྐྱེས་སྐུ། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །དྲན་པས་སྡིག་པའི་དྲི་མ་ནི། །རྣམ་སྦྱངས་དཀར་བའི་རེག་པ་འཛུམ། །ཐུགས་བརྩེས་བཞད་པའི་ཟླ་ཞལ་ཅན། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །མཐའ་དག་རྒྱལ་བའི་ཞིང་དང་སྐུ། །མཁྱེན་པའི་སྙིང་པོར་བསྐྲུན་པ་ལས། །རྟག་ཏུ་གཞོན་ནུའི་ལང་ཚོ་ཅན། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །གང་དུ་ཁྱོད་ཀྱི་ཕྲིན་ལས་ཀྱི། །འབབ་སྟེགས་མོས་པ་མངོན་མཐོ་བ། །དེ་དེར་གཟིགས་པ་ཕྱོགས་ལྷུངས་བཞིན། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ལན་གཅིག་ཡིད་མཁར་ཤར་བས་ཀྱང༌། །ཉིན་དང་མཚན་དུ་རབ་གསལ་བའི། །བློ་གྲོས་སྣང་བའི་མཛོད་གཏད་པ། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང༌། གཞན་ཡང༌།
ཚིགས་བཅད་འོས་རིགས་ཀྱིས་ཕྱག་བྱ། བསམ་སྦྱོར་གྱི་དྲི་མ་སྤངས་བའི་མཆོད་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དཔག་ཏུ་མེད་པར་ཨོཾ་ཡིག་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་མཁའ་ལྟར་ཀླས་ཤིང་འགྲིབ་པ་མེད་པའི་རང་བཞིན་ཅན་དུ་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་བི་དྱཾ། ཤབྡ་ཨཿཧཱུྃ། བར་གྱི་བྱིན་གྱིས་བརླབ། དབུལ་ཚིག་ནི། ཡན་ལག་བརྒྱད་ལྡན་མཐོ་རིས་ཀླུང་གི་རྒྱུན། །གདུང་བའི་རིག་པ་བསྙིལ་བར་འདོད་པའི་འཛུམ། །མུ་ཏིག་ཚར་དུ་དངར་འདྲ་ལྦུ་བའི་རྩེར། །ཆགས་པ་ཡིད་ཀྱིས་བཀུག་ནས་མཆོད་ཡོན་བྱ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཿཧཱུྃ། ཉེས་པའི་རྡུལ་དང་ལྷན་ཅིག་མི་གནས་པའི། །ཞབས་མཐིལ་བྱེ་རུའི་འདབ་བརྒྱ་གྲོལ་བའི་ངོགས། །མཐའ་ཡས་སྐྱེ་དགུའི་ར་རི་སྦྱང་བའི་སླད། །སྐལ་ལྡན་ཤིང་རྟའི་མགྲོན་གྱིས་བརླན་པར་བགྱི། །པཱ་དྱཾ་པྲ་ཏཱི༴ སུམ་རྩེན་སྒེག་མོའི་མིག་ཟུར་སྒྲ་འཛིན་དག །སོ་སོར་འོས་ཞེས་མི་མཐུན་སྒྲོགས་པ་ལས། །དེ་དེའི་སྐལ་བའི་ལམ་དུ་མ་ཆུད་པ། །མངོན་འདོད་གཟུགས་ཅན་མེ་ཏོག་ཆར་དུ་བསྙིལ། །པུཥྤཾ་པྲ་ཏཱི༴ མ་ལ་ཡ་ཡི་རླུང་གཞོན་སྤུན་ཟླ་རུ། །སྐྱེས་སམ་ཡང་ན་སྲིད་པའི་དྲི་མཆོག་ཀུན། །གཅིག་ཏུ་བྱས་ཞེས་སོམ་ཉིའི་བློ་སྟེར་བ། །བདུག་པས་ཕྱོགས་ཀྱི་གོ་སྐབས་དོག་པོར་བྱ། །དྷཱུ་པཾ་པྲ་ཏཱི༴ ཉི་མ་བྱེ་བ་ཕྲག་བརྒྱའི་ཁེངས་པ་ཀུན། །ཅིག་ཆར་འཇོམས་བྱེད་རིན་ཆེན་སྒྲོན་མེའི་ཚོགས། །ཤེས་བྱའི་ཕ་མཐའ་གཟིགས་པའི་སྤྱན་རས་ཀྱི། །དགའ་སྟོན་སྤེལ་ཕྱིར་སྟོང་གསུམ་མཐའ་ལ་ཀླས། །དཱི་པཾ་པྲ་ཏཱི༴ ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་བསུང་ཞིམ་པོས། །ནམ་ཡང་ཁྱོད་སྐུའི་མཛེས་པ་སྙོད་མི་སྲིད། །འོན་ཀྱང་སྒྲུབ་པོ་ཉོན་མོངས་དྲི་ང་དང༌། །འབྲལ་བར་རིངས་ནས་བཟང་པོའི་བྱུགས་པ་འབུལ། །གནྡྷཾ་པྲ་ཏཱི༴ མར་དང་འོ་མ་སྦྲང་རྩི་ཤ་ཁ་རས། །སྤགས་པའི་སཱ་ལུའི་ཞལ་ཟས་འདའ་དགུའི་མཆོག །མགོན་པོའི་ལྗགས་
ཀྱི་པདྨར་རྗེས་མཐུན་པས། །དལ་མེད་ཡང་དང་ཡང་དུ་བཀུར་བསྟི་བྱ། །ནཻ་ཝི་དྱཾ་པྲ་ཏཱི༴ མ་ལུས་རབ་སྐྱེས་རྣམས་ཀྱི་སྒྲ་འཛིན་གང༌། །བཅུད་ཀྱིས་འགེངས་བྱེད་ཟིན་དང་མ་ཟིན་སྒྲ། །མཉམ་པར་བསྡེབས་པའི་དབྱངས་བདུན་རབ་རྫོགས་པ། །རོལ་མོའི་མཆོད་པ་སྲིད་རྩེའི་བར་དུ་བཏགས། །ཤབྡ་པྲ་ཏཱི༴ །ཀུན་ཏུ་བཀྲ་ཤིས་བྱེད་པའི་མཚན་མ་བརྒྱད། །ཕུན་ཚོགས་འཁོར་ལོས་སྒྱུར་བའི་རིན་ཆེན་བདུན། །མཐོང་ཐོས་སྣོམ་མྱང་རེག་དང་སེམས་པ་ཡིས། །དགའ་སྐྱེད་མཐའ་དག་གྲངས་མེད་སྤྲུལ་ཏེ་མཆོད། །བི་བི་དྷཱརྩ་ཙ་ནཾ་པྲ་ཏཱིཙྪ་སོགས་ཀྱིས་མཆོད། བཤགས་པ་ནི། འདོད་ཁྲོ་གཏི་མུག་དབང་གིས་ནི། །བདག་གིས་སྡིག་པ་སྣ་ཚོགས་བགྱིས། །མི་བཟད་འབྲས་བུས་འཇིགས་གྱུར་པས། །འཕགས་པའི་སྤྱན་སྔར་སྨྲེངས་ཏེ་མཐོལ། །ནོངས་པ་འདི་ཡིས་འགྲོ་ཀུན་གྱི། །ནོངས་པ་རབ་ཏུ་ཟད་བྱས་ནས། །ཕྱིན་ཆད་བདག་གཞན་སྡིག་མེད་ཅིང༌། །ཤེས་རབ་སྤོབས་པ་གསལ་གྱུར་ཅིག །གང་ལ་བསྒྲིབ་དང་གང་གིས་སྒྲིབ། །བསྒྲིབས་པ་རྣམས་ཀྱི་རང་བཞིན་གང༌། །བརྟགས་པས་རྙེད་མིན་ངོ་བོ་ཉིད། །ནམ་མཁའི་ཁམས་ལྟར་དག་པའོ། །ཡན་ལག་ལྷག་མ་ནི། རྫོགས་སངས་རྒྱས་ཀྱི་ཕྲིན་ལས་ཕུལ། །གྲངས་མེད་བཀོད་མར་ཟླ་བརྙན་བཞིན། །མཁའ་མཉམ་སྐྱེ་འཕགས་དགེ་ཚོགས་ཀྱི། །སྒྱུ་འཕྲུལ་རྣམས་ལ་རྗེས་ཡི་རང༌། །ཐར་པའི་ལམ་མཆོག་མི་སྣང་ལ། །སྒྲོན་མེ་དང་ནི་ལམ་ཞུགས་རྣམས། །མྱུར་དུ་བགྲོད་པའི་ས་མཁན་དུ། །ཐུགས་རྗེས་དམ་ཆོས་སྟོན་པར་གསོལ། །འཕགས་རྣམས་སྤྲུལ་པ་སྣ་ཚོགས་ཀྱིས། །སྣ་ཚོགས་ཐབས་ལ་དབང་སྒྱུར་སླད། །སྐྱེ་འཇིག་མཚན་མ་མི་སྟོན་པར། །ཐར་འདོད་འདོད་པ་མཐར་ཕྱིན་མཛོད། །བདག་གིས་དུས་གསུམ་དགེ་བསགས་པའི། །བདོག་པ་མཆིས་གྱུར་སེམས་ཅན་རྣམས། །བྱང་ཆུབ་སྙིང་པོར་འགྲོ་བ་ཡི། །འཚོ་བ་དམ་པ་ཉིད་གྱུར་ཅིག །བཛྲ་མུཿས་ཚོགས་ཞིང་གཤེགས། བཞི་པ་ནི། མཁའ་མཉམ་མ་རྣམས་བདེ་དང་ལྡན། །སྡུག་བསྔལ་ཀུན་
བྲལ་དགའ་ཆེན་པོས། །རྟག་པར་ཚིམས་ཤིང་རང་གཞན་རྣམས། །ཆགས་སྡང་བྲལ་བར་སྙོམས་གྱུར་ཅིག །ཅེས་ཚངས་གནས་ཡུན་རིང་དུ་བསྒོམ། ལྔ་པ་ནི། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷཱརྨཿསྭཱ་བྷ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཆོས་ཀྱི་དེ་ཁོ་ན་ཉིད་ངེས་པར་བྱས་ནས། མཚན་མ་ཀུན་བྲལ་ཆོས་དབྱིངས་རང་བཞིན་ལས། །བརྩེ་ཆེན་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ནི། །བདེ་ལྡན་ཞིང་གི་གྲོགས་པོར་འོས་པའི་ལྗོངས། །དབྱར་སྐྱེས་གཞོན་ནུས་ཁེབས་པའི་ནེའུ་གསེང༌། །གངས་རིའི་དབང་པོ་སྐྱོད་པར་འཁྲུལ་པ་ཡི། །ལག་ལྡན་དུད་འགྲོའི་གནས་ལས་རིང་སོན་པ། །ཐབས་དང་ཤེས་རབ་མཆེ་བ་ལ་བརྟེན་ནས། །མང་ཐོས་སྣ་ཞགས་སྲིང་བའི་བརྡ་མཁན་དང༌། །གཙུག་ན་ཟླ་བའི་མགྲིན་པ་ལྟར་སྔོ་བའི། །སྤུ་སྡུག་གིས་གཡོགས་འཕགས་པའི་ཤེས་རབ་བཞིན། །མྱུར་འགྲོ་བདེན་བཞིའི་རྨིགས་པ་ཆེར་བརླིང་བ། །ཅང་ཤེས་ཚོགས་ཀྱི་ནོར་བུའི་ཕྲ་ཚོམ་བསྟར། །སྟོང་ཉིད་བཅུ་དྲུག་ལ་སོགས་ཆོས་ཀྱི་སྒྲ། །སྙན་མངགས་རོལ་མོར་སྦྱར་བའི་གླུ་དབྱངས་མཁན། །བྱ་ཁྱུང་དཀར་དམར་ཁྱོ་ཤུག་ཕྲེང་བ་ཡིས། །ཕྱོགས་ཀྱི་དཔལ་མོའི་རྒྱན་དུ་བྱས་པ་དེར། །བྃ་ལས་སྟོན་མཚན་ཟླ་བའི་དཀྱིལ་འཁོར་དང༌། །དཀར་བ་ཐུན་མོང་ཉིད་གྱུར་པདྨ་ཅན། །འཁོར་བའི་རྨོངས་པ་བགྲུངས་པའི་ལེགས་བྱས་ཚོགས། །གཅིག་ཅར་རྫོགས་པ་བཞིན་དུ་གང་བའི་དབུས། །པྃ་ཡིག་ལས་སྐྱེས་པདྨའི་སྡོང་བུ་ནི། །རྒྱལ་སྲས་རྒྱ་མཚོའི་སྙིང་སྟོབས་ལས་བྱས་བཞིན། །སྣ་ཚོགས་ནོར་བུའི་ཡལ་འདབ་ཁྱོན་ཡངས་པ། །རིག་སྔགས་གྲུབ་པ་རྣམས་ཀྱི་ལས་ཐབས་བཞིན། །གསེར་གྱི་འདབ་མ་འབུམ་ཕྲག་བཞད་པ་ཡིས། །གེ་སར་མཚམས་སྤྲིན་རྡུལ་དམར་འཐུངས་པ་བཞིན། །དེ་ཡི་མཛེས་པས་རབ་བརྟེན་རི་བོང་ཅན། །སྙིང་བརྩེའི་ཆ་ཤས་རྫོགས་པའི་དཀྱིལ་འཁོར་ལ། །ཨ་ཡིག་དཀར་པོ་གནས་པ་ལས་འཕྲོས་པའི། །འོད་ཀྱིས་འགྲོ་བ་རྣམས་ཀྱི་གཏི་མུག་སོགས། །མིང་གི་ལྷག་མའི་གནས་ཀྱང་འཕྲོག་བྱས་ནས། །ཕྱོགས་བཅུའི་རྒྱལ་བ་མཐའ་དག་རབ་མཆོད་
ཅིང༌། སྲོག་གི་ཡི་གེ་ལ་ཞུགས་ཡོངས་གྱུར་པ། །བདག་ཉིད་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ། །ཀཻ་ལཱ་ཤ་ཡི་སྙིང་པོར་འཁྲུངས་པའམ། །ཀུ་མུད་རྒོད་པའི་འགྲན་ཟླར་འོངས་པ་བཞིན། །ཉི་མའི་འོད་གནོན་ཞལ་རས་སྔོན་མེད་ཀྱི། །ཟླ་བ་གསར་པའི་ངོས་སུ་བྲིས་པ་ལྟར། །སྤྱན་ཟུང་ཨིནྡྲ་ནཱི་ལའི་མདངས་འཕོ་བའི། །སྒྲོས་དམར་བྱེ་རུའི་ཡལ་འདབ་ཤིན་ཏུ་དྭངས། །མཐོན་མཐིང་དབུ་སྐྱེས་ཟུར་ཕུད་ལྔས་རྩེན་པར། །ཀ་ནཱ་ཀ་ཡི་པད་མོ་ཚར་དངར་བཞིན། །ཡིད་བཞིན་ནོར་བུའི་བར་དུ་སྤེལ་བ་ཡིས། །ལྷ་ཡི་གར་མཁན་མཛེས་པ་ཟུམ་པར་བྱེད། །ཕྱག་གཡས་བརྐྱངས་པའི་མཆོག་སྦྱིན་ཕྱག་རྒྱ་དང༌། །གཡས་མིན་ཐུགས་ཀའི་ཐད་དུ་ཨུཏྤ་ལ། །ཟེའུ་འབྲུར་ཤེར་ཕྱིན་གླེགས་བམ་ཆགས་པ་ཡི། །ཆུ་བ་ཤིང་བལ་ལྟ་བུར་འཇམ་པ་འཛིན། །ལྷབ་ལྷུབ་རིན་ཐང་ཆེ་བའི་གོས་བཟང་དར། །སྦྱིན་མང་ནོར་བུའི་དོ་ཤལ་འགྲན་པ་ཡིས། །སྐུ་ཡི་ཆ་རྣམས་སོ་སོར་བགོ་སྐལ་དུ། །ཐོབ་པ་ཇི་བཞིན་མཛེས་པ་སོ་སོར་སྙོམས། །ཞབས་ཟུང་བཀའ་རྟགས་བཞི་ཡི་ཕབ་རྒྱུ་ནི། །རྡོ་རྗེའི་མདུད་པའི་ཚུལ་དུ་བསྣོལ་བྱས་ནས། །ནམ་མཁའི་མཁས་གཏུགས་བར་དུ་མི་འཇིག་པའི། །སྐྱིལ་ཀྲུང་སྲིད་དང་ཞི་བའི་བླ་ན་བཅས། །དེ་ཡི་གནས་གསུམ་རྡོ་རྗེ་གསུམ་རང་བཞིན། །ཡིག་གསུམ་དཀར་དམར་སྔོ་བའི་མདོག་ཅན་དང༌། །ཐུགས་ཀར་འཁོར་ལོ་རྩིབས་དྲུག་ལྟེ་བར་ཨ། །ཨ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་དུ་སོང༌། །འཕགས་མཆོག་བསྒོམས་པ་ཇི་བཞིན་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿས་དགུག་ཅིང་གཞུག་པ་དང༌། །བཅིངས་མཉེས་ཆུ་ལ་གྲིབ་གཟུགས་འཕོས་པ་བཞིན །གཉིས་སུ་དམིགས་པའི་མཚན་མ་དྭངས་པར་གྱུར། །སླར་ཡང་འོད་ཀྱིས་གདན་གསུམ་ཚང་བ་ཡི། །དབང་ལྷ་སྤྱན་དྲངས་དབང་བསྐུར་བདུད་རྩིའི་ཆུས། །སྐུ་གང་ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས། །མི་བསྐྱོད་རིགས་ཀྱི་བདག་པོས་མཚན་པར་གྱུར། །དེ་ལྟར་བསྒོམས་པའི་ལྷ་སྐུ་གསལ་ལ་རྟག་པ་མེད་པར་ཡུན་རིང་དུ་མཉམ་པར་བཞག དྲུག་པ་ནི།
ལྷའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་ཨ། རྩིབས་དྲུག་ལ་མདུན་ནས་གཡས་སྐོར་དུ། ཨོཾ་ཝཱ་ཀྱེ་དཾ་ན་མཿཞེས་པའི་སྔགས་ཀྱིས་བསྐོར་བ་ཀློག་པའི་ཚུལ་དུ་བཟླ། དེ་ལ་གོམས་ནས་ཡིག་འབྲུ་རྣམས་འཁོར་ལོ་ལས་འཕགས་ཤིང་གཡོན་དུ་འཁོར། འཁོར་ལོ་གཡས་སུ་འཁོར་བ་ཟླ་བ་ལྟར་འཚེར་བས་ཁམས་གསུམ་གྱི་རྨོངས་པ་བཅོམ། ཤེས་རབ་ཀྱི་སྣང་བ་སྤེལ། སྲས་བཅས་རྒྱལ་བའི་བྱིན་རླབས་བསྡུས་ཏེ་ལྷ་སྔགས་ལ་ཐིམ་པས་གཟི་བྱིན་བསྐྱེད་པར་བསམས་ལ་སྔགས་བཟླའོ། །བདུན་པ་ནི། རང་གི་གྲེ་ཕུག་ཏུ་ཨ་ཡིག་དཀར་པོ་གནས་པ་ལས་འོད་འཕྲོས། ཕྱོགས་བཅུའི་སྐྱེ་འཕགས་རྣམས་ཀྱི་མཁྱེན་རབ་ཀྱི་དཔལ་ཐམས་ཅད་སྔགས་ཀྱི་རྣམ་པར་བསྡུས་ཡིག་འབྲུ་ལ་ཐིམ་པས་སླར་ཡང་ཨ་མང་པོ་འཕྲོས་རང་སྒྲ་དང་བཅས་ལུས་ཀྱི་ནང་གཏམས་པར་བསམས་ཏེ། ཨ། བརྒྱ་རྩ་བརྒྱད་ཀྱི་བར་དུ་བགྲང༌། བརྒྱད་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ནི། །ཡོངས་གྱུར་རིན་ཆེན་སྣོད་ཀྱི་ནང༌། །གཏོར་མ་འབྲུ་གསུམ་ཞུ་བ་ལས། །ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། རང་གི་ལུས་ལས་ཡེ་ཤེས་པ། །ཕྱུང་སྟེ་ནམ་མཁར་བཞུགས་པ་ཡི། །ལྗགས་ཀྱི་པདྨོའི་འོད་ཟེར་གྱིས། །དྲངས་ཏེ་བདུད་རྩི་གསོལ་བར་གྱུར། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་ཕུལ། ཚོགས་ཞིང་གི་སྐབས་ལྟར་སྔགས་ཁོ་ནས་མཆོད། བསྟོད་པ་ཙཎྜ་གོ་མཱིའི་དེའམ་གང་བློ་མས་བསྟོད། ཤེས་བྱའི་མཁའ་དབྱིངས་མའམ། བསྡུ་ན་བརྩེ་ལྡན་ཁྱོད་ཀྱི་སོགས་ཤློ་ཀས་འདོད་དོན་གསོལ་བ་བཏབ་ཅིང༌། ཡི་གེ་བརྒྱ་པ་དང་མ་འབྱོར་པ་སོགས་ཀྱིས་ནོངས་པ་འཆགས། གཤེགས་དང་བཞུགས་པའི་མཚན་མ་ལས། །རྣམ་གྲོལ་ཉིད་ནའང་བྱིས་པའི་ངོར། །རྟེན་དང་ཐ་དད་མ་ཡིན་པར། །མཆོག་སྩོལ་སླད་དུ་བཞུགས་སུ་གསོལ། །ཞེས་སམ་བཛྲ་མུཿས་གཤེགས་སུ་གསོལ་བ་སྐབས་དང་སྦྱར། བདག་གི་སྒྱུ་མའི་དགེ་བ་འདིས། །སྒྱུ་མ་ལྟ་བུའི་སྐྱེ་བོ་
ཀུན། །འཇམ་དཔལ་རྡོ་རྗེའི་གོ་འཕང་ལ། །མྱུར་དུ་རེག་པའི་དཔལ་ཐོབ་ཤོག །ཅེས་སྨོན་ལམ་བཏབ་ནས་ཐུན་མཚམས་སུ་སྒྱུ་མ་ལྟ་བུའི་ལྷ་དང་སྔགས་ཀྱི་རོལ་པར་ཤེས་པའི་སྤྱོད་ལམ་བསྐྱེད་དོ། །འདིར་མཚན་མའི་ངེས་པ་དང་ལས་རབ་འབྱམས་སྒྲུབ་པ་སོགས་མ་བཀོད་པས་ཡིག་ཆ་གཞན་ལས་ཤེས་པར་བྱ་ཞིང༌། མཚམས་སྒྲུབ་སོགས་ཀྱི་སྐབས་བལྟས་ཆོག་མར་བཀོད་པ་འདི་ནི་བཾ་སྟེང་སྤྲུལ་སྐུའི་ཉམས་བཞེས་སུ་ཕྱོགས་བཅུ་པ་བསྟན་པའི་ཉིན་བྱེད་ཀྱིས་རྒྱལ་གྱི་ཟླ་བའི་དབང་ཕྱོགས་རྒྱལ་བ་གསུམ་པར་སྤེལ་བའི་དགེ་བས་འགྲོ་རྣམས་རྣམ་པ་ཐམས་ཅད་མཁྱེན་པའི་ཉེ་རྒྱུར་ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་འབྱོར་པ་ལ་འདོད་དགུར་རྩེན་པར་གྱུར་ཅིག སརྦ་དཱ་ཤུ་བྷ་བྲྀདྡྷི་རསྟུ།། ༈ །རྒྱ་གར་སྐད་དུ། བྷ་ག་བཱན་ཨཱརྻ་མཉྫུ་ཤྲཱི་པཱ་དྷིཥྛཱ་ན་སྟུ་ཏི། བོད་སྐད་དུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ནའང༌། །བསམ་པ་བླུན་པོ་བླ་མ་ལ་གུས་དབང་གིས་ཀྱང་ནི་ཁྱོད་ཀྱི་ཡོན་ཏན་བསྟོད་བགྱི་སྟེ། །རབ་ཏུ་དྲེགས་བཅས་ངང་པའི་རྒྱལ་པོ་སྡེ་དག་གིས་བརྟེན་ཆུ་དང་བཅས་འདི་ཡིད་བཞིན་མཚོར། །བཞད་རྣམས་ཀྱང་ནི་ཡིད་ལ་རབ་ཏུ་དགའ་བ་བཞག་ནས་རྒྱུ་ཞིང་རྣམ་པར་གནས་པར་བགྱིད། །ཟུར་ཕུད་གསལ་ལྡན་གསེར་གྱི་སྙན་ཆ་གདུབ་ཀོར་གྱིས་བརྒྱན་མགུལ་ནི་རབ་ཏུ་སྒེག་བཅས་ཤིང༌། །སྙན་གྱི་གོང་རྒྱན་ཨུཏྤལ་མངའ་སླད་ཁྱོད་ནི་གཞོན་ནུར་ཀུན་ལ་གྲགས་པ་དེ་ལྟ་ནའང༌། །ཀུན་ཏུ་བཟང་པོ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཛིན་པ་ལ་སོགས་རྔ་ཡབ་མཛེས་འཛིན་པའི། །མཁས་པ་རྣམས་ཀྱིས་བླ་མ་ལྟ་བུར་འཁོར་གྱི་ནང་དུ་ཁྱོད་ནི་བསྟེན་པར་གྱུར་པ་ལགས། །དོ་ཤལ་ཕྲེང་བ་སིལ་སིལ་སྒྲོགས་ཤིང་མཆོག་ཏུ་ཉམས་དགའ་སྙན་གདུབ་མངའ་བ་སྤྱི་གཙུག་གི །རིན་ཆེན་འོད་མཛེས་འཕྲོ་བ་དང་ལྡན་གཞོན་ནུའི་ན་ཚོད་འབྱུང་བ་མངའ་བ་གང་ནའང༌། །བཅོམ་ལྡན་ཁྱོད་ནི་གནས་གསུམ་དག་ན་གུས་པས་
ཕྱག་བགྱིར་འོས་པ་གཅིག་པུ་ཉིད་ལགས་ཏེ། །ཉེར་ཞི་བཀོད་གྱུར་མཆོད་པ་འོས་འདི་གང་ནའང་དེ་སླད་སུ་ཞིག་ངོ་མཚར་སྐྱེ་མི་འགྱུར། །ཤིན་ཏུ་རྣམ་པར་འགྱུར་བའི་བཞིན་ལྡན་སྦྲུལ་སྟོང་དག་གིས་གདུ་བུར་བྱས་པ་འཛིན་མཛད་ཅིང༌། །རྣོ་བའི་མཚོན་བསྣམས་གཡུལ་ངོར་དཔའ་བོ་དང་ལྡན་གཤིན་རྗེ་རྣམས་ནི་འཇིགས་པར་མཛད་པ་ཡི། །མི་བཟད་པ་ཡི་འཕགས་པ་གཤིན་རྗེའི་གཤེད་དང་བཅས་ཀྱང་ཁྱོད་ནི་ཞི་བའི་དཀྱིལ་འཁོར་ཏེ། །ཆ་ཡི་ཚོགས་ཀུན་ཡོངས་སུ་རྫོགས་པའི་ལུས་ལྡན་སྟོན་ཀའི་ཟླ་བ་ལྟ་བུར་གྱུར་པ་ལགས། །ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལ་མཁས་ཀྱང་ཆོས་འདི་འགའ་ཡང་གཟིགས་པ་ཡོད་མ་ཡིན། །ཁྱོད་ནི་སེམས་ཅན་ཕན་ལ་དགྱེས་ཀྱང་སེམས་ཅན་ཉིད་ནི་འགའ་ཡང་དམིགས་པར་གྱུར་མ་ལགས། །བདེ་གཤེགས་དགྱེས་པ་ཕན་ཚུན་མི་འགྲིག་པ་ཡི་མཛད་སྤྱོད་མང་པོ་འདི་དག་འགལ་བས་ན། །ཁྱོད་ནི་ས་གསུམ་ངོ་མཚར་རྒྱུ་གཅིག་གྱུར་པ་དེ་སླད་ཁྱོད་འདིར་མཉེས་པར་གྱུར་པ་ལགས། །གཞན་ཕན་འབྲས་བུར་ལྡན་པས་ཤིང་དང་མཚུངས་ཤིང་རྣམ་པར་གནས་པ་གངས་ཆེན་ལྟ་བུ་སྟེ། །བརྟན་པ་ཡིས་ནི་ལྷུན་པོ་དང་འདྲ་གྲུབ་པས་བསྟེན་པས་རི་རྒྱལ་མ་ལ་ཡ་དང་མཚུངས། །གཏི་མུག་རབ་རིབ་ཞི་བར་མཛད་པ་ཉི་མ་བཞིན་ཏེ་ཕུན་སུམ་ཚོགས་གཟུགས་ཟླ་བ་དང་འདྲ་བའི། །མགོན་པོ་གཞན་གྱི་བྱ་བ་མཛད་པ་བྱིས་པའི་རོལ་པ་མཛད་པས་འགྲོ་ན་རྣམ་པར་རྒྱུ། །མཆོག་ཏུ་དགྱེས་པའི་ཨུཏྤལ་སྔོན་པོ་བསྣམས་པས་དྲི་ཞིམ་གྱིས་གོས་མཚོ་བྲན་ལྟ་བུ་སྟེ། །ཤིན་ཏུ་རོལ་པའི་སྤྱོད་ཚུལ་དང་ལྡན་ཡུལ་གྱི་བྱིས་པ་ལོ་བརྒྱད་ལོན་པ་དང་འདྲ་ཞིང༌། །ཆོས་ཀྱི་ཆར་པ་དྲི་མ་མེད་པ་འབེབས་པས་ཆར་སྤྲིན་དག་ཏུ་སྒྲ་སྒྲོགས་ལྟ་བུ་དང༌། །ངང་པའི་རྒྱལ་པོ་ཡིད་འོང་སྒྲ་སྐད་ཟིལ་མནན་གསུང་མངའ་ཁྱོད་ལ་སུ་ཞིག་རྟེན་མི་བྱེད། །སྐད་ཅིག་ཉིད་ལ་ཡོངས་སུ་འབར་ཞིང་རབ་རིབ་སྒྲིབ་གཡོགས་སྐད་ཅིག་ཉིད་ལ་ཟད་གྱུར་པ། །ཐམས་ཅད་དུ་ནི་ལེགས་པའི་ལམ་སྟོན་བདེ་གཤེགས་སྡིག་མེད་མྱ་ངན་འདས་པར་གྱུར་པ་ན། །གཞོན་ནུའི་ཚུལ་འཛིན་འོད་ཟེར་སྟོང་ཕྲག་འབར་བའི་རྒྱན་གྱིས་ལེགས་པར་སྤྲས་པར་
གྱུར་པ་ཡི། །ཁྱོད་ཉིད་གཅིག་པུ་འབའ་ཞིག་ཕྱོགས་བཅུ་རྣམས་ན་ད་ལྟར་སྣང་བ་ཉིད་ནི་མ་ལགས་སམ། །མགོན་པོ་ཀྱེ་མ་ཁྱོད་གཟུགས་འདི་ན་རས་བྲིས་བྱས་པས་ཀྱང་ནི་ཇི་ལྟར་སིམ་བྱེད་པ། །སྟོན་ཀའི་མཚན་མོ་དཀར་ཞིང་རབ་ཏུ་མཛེས་པའི་ཟླ་བའི་དཀྱིལ་འཁོར་མ་ལགས་ཏེ། །ཨུཏྤལ་སྔོན་པོ་མཛེས་པའི་དྲི་ངད་ཞིམ་པོས་གོས་པའི་སེར་བུའི་ངད་ཀྱང་མ་ལགས་ཤིང༌། །ལྷ་ཡི་བུ་མོས་ལག་པས་གཏད་པའི་ཧ་རི་ཙནྡན་དྲི་ཞིམ་ལྡན་པའང་དེ་ལྟ་མིན། །གཞོན་ནུ་ཁྱོད་ཞབས་སེན་མོའི་འོད་ཟེར་ཕྲེང་བ་རྒྱ་ཆེན་མཚམས་སུ་ཤར་བའི་ཟླ་འོད་བཞིན། །རབ་སྡུག་དཀར་དམར་མདོག་ཅན་རབ་སྡུད་ལྷ་དང་ལྷ་མིན་གཙུག་གི་ནོར་བུའི་འོད་འདྲེས་པས། །རལ་པ་ཅན་གྱི་མི་གང་ལ་རེག་དེ་དག་ཀྱང་ནི་སྐྱེ་བོ་ཀུན་ཀྱིས་ཕྱག་བྱར་འོས། །མགོན་པོ་ཁྱོད་ཀྱི་སྔགས་འཛིན་ཁ་ཅིག་གྲུབ་པ་ཐོབ་ནས་རབ་ཆགས་སྒེག་པ་ལས་བྱུང་བའི། །གོམ་ཚུགས་ཀྱིས་འགྲོ་རྒྱན་ཕྲེང་རྐང་གདུབ་ཡིད་འོང་དང་ལྡན་མཛེས་མ་བརྒྱ་དང་ལྷན་ཅིག་ཏུ། །ས་སྟེང་ན་རོལ་གཞན་དག་ཀྱང་ནི་ལྷ་ཡི་གླང་པོ་ཙནྡན་རྟུལ་བ་དང༌། །ལི་ཤིའི་མེ་ཏོག་མཛེས་པས་སྟུག་ལྡན་སྦྲང་མས་དཀྲིགས་པ་དགའ་བའི་ནགས་ཚལ་དག་ན་ལྷགས། །ན་ཚོད་གཞོན་ཞིང་དྲེགས་དང་བཅས་པས་སྒེག་ཅིང་རྣམ་པར་འཕྲུལ་པ་གསལ་བར་གྱུར་པ་ཡི། །དྲི་ཞིམ་པོ་ལ་ཆགས་ཤིང་སྐྱོང་བར་བྱེད་པའི་སྦྲང་མའི་ཚོགས་ཀྱིས་དཀྲིགས་པར་བྱས་གྱུར་ཅིང༌། །པི་ཝང་གླིང་བུ་ངང་རྒྱལ་སྒྲ་འདྲ་ཤིན་ཏུ་སྙན་པའི་དབྱངས་དང་ལྡན་གྱུར་པའི། །གནོད་སྦྱིན་བུ་མོ་ཚོགས་ཀྱང་ཁྱོད་ཀྱི་གསང་སྔགས་བཟླས་པ་ཡིས་ནི་རབ་ཏུ་འགུགས་པར་བྱེད། །འགྲོ་བ་གསུམ་གྱི་མགོན་པོ་འབྲས་བུ་མེད་པའི་མང་དུ་བརྗོད་པ་དག་གིས་ཅི་བགྱིར་མཆི། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་བརྗོད་པར་རྣམ་ཀུན་ཐུབ་པས་ཀྱང་ནི་ནུས་མ་ལགས། །ཀུན་ནས་དཔག་ཏུ་མེད་པའི་ཆུ་དང་ལྡན་པར་གྱུར་པའི་རྒྱ་མཚོ་ཕན་ཚུན་བརྒལ་བའི་ཕྱིར། །མགོན་པོ་སེམས་དང་བཅས་པའི་མི་རྣམས་དག་ལས་སུ་ཞིག་འདི་རུ་འཇུག་པར་འཚལ་བར་བགྱིད། །དེ་ལྟར་
བཅོམ་ལྡན་འདས་ནི་འཕགས་པ་འཇམ་དཔལ་ལ་ཡང་མངོན་པར་བསྟོད་པ་བགྱིས་པ་ལས། །བདག་གིས་དགེ་བ་གང་ཞིག་བསགས་པ་དེ་ཡིས་འགྲོ་བ་ཀུན་གྱི་རྙོག་པ་ཞི་གྱུར་ཅིག །དེ་ཡིས་བདག་ཀྱང་སྐྱེ་བར་བརྟན་ཞིང་མཚུངས་པ་མེད་པའི་སྙན་དངགས་དང༌། །རིགས་དང་ལྡན་ཞིང་ཚེ་རབས་དྲན་དང་སྙིང་རྗེ་རྒྱ་ཆེ་བ་དང་མཁས་རྣམས་ཡིད་འཕྲོག་པར་གྱུར་ཅིག །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། སྙན་དངགས་མཁན་རྣམས་ཀྱི་གཙུག་གི་ནོར་བུ་མཁས་པ་ཆེན་པོ་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ལེགས་པར་བསྒྱུར་བ་ལས། སླད་ཀྱི་ལྷོ་བྲག་པ་འོ་རྔུ་ལོ་ཙཱ་བ་དྷརྨ་སེང་གེས་ལེགས་པར་གཏན་ལ་ཕབ་པ།། །།
རྗེ་བཙུན་དམ་པ་རྒྱ་གར་ནས་བརྒྱུད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ།
རྗེ་བཙུན་དམ་པ་རྒྱ་གར་ནས་བརྒྱུད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་རཀྟ་བཱ་གི་སཱ་དྷ་ནི། བོད་སྐད་དུ། འཕགས་པ་འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཤེས་རབ་འཕེལ་བར་འདོད་པ་ཡིས། །དང་པོར་རྗེས་གནང་ཐོབ་ནས་ནི། །སྐར་མ་རྒྱལ་ལ་བསྒྲུབ་པར་བྱ། །གཅིག་དང་བརྒྱད་དང་བཅོ་ལྔ་ལ། །སྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར། «དཀར་པོ་་་་་་»།སྤང་རྒྱན་གླ་བ་མཚལ་དཀར་གསུམ། །ཡུང་བ་ཙནྡན་ཨ་ཀ་རུ། །སྤང་སྤོས་དབང་ལག་ཤུ་དག་གསུམ།«་་་་་དཀར་པོ།» །གསེར་མདོག་རྒྱ་སྐྱེགས་ཤིང་མངར་གསུམ། །དཔའ་བོ་བཅུ་གཉིས་བསྡུ་བྱས་ལ། །ཞིབ་པར་བཏགས་ལ་སྦྲང་རྩི་དང༌། །བ་དམར་འོ་མས་རིལ་བུ་ནི། །བརྒྱ་དང་རྩ་བརྒྱད་བྱས་ནས་ཀྱང༌། །སྟེང་དང་འོག་ཏུ་ཧྲཱིཿདང་དྷཱིཿ །བྲི་བའི་སྣག་ཚ་རྒྱ་སྐྱེགས་དང༌། །གུར་གུམ་གིའུ་ཝཾ་བསྲེས་ལ་བྲི། །རིན་ཆེན་སྣོད་དུ་བླུགས་པར་བྱ། །པདྨ་དམར་པོ་འདབ་བརྒྱད་དབུས། །གོང་གི་རིལ་བུ་བཞག་ནས་ནི། །དམར་སེར་དར་གྱི་གུར་ཡང་དབུབ། །ཤར་དུ་ཁ་བལྟས་སྟོང་ཉིད་བསྒོམ། །སྟོང་པའི་ངང་ལས་སེང་གེའི་གདན། །དེ་སྟེང་པདྨ་ཟླ་བའི་གདན། །ཡི་གེ་དྷཱིཿདམར་ཚེག་དྲག་ཅན། །འོད་ཟེར་དམར་པོ་འཕྲོ་བར་བསམ། །དེ་ལས་བདག་
ཉིད་འཇམ་དཔལ་ནི། །སྐུ་མདོག་དམར་པོ་རྒྱན་དང་ལྡན། །འོད་ཟེར་དམར་པོ་འཕྲོ་བ་ཅན། །རལ་པའི་ཐོར་ཚུགས་གྱེན་དུ་བསྒྲེང༌། །རྩེ་མོ་རིན་ཆེན་ནོར་བུས་བརྒྱན། །རལ་གྲི་པུསྟི་འཛིན་མཛད་པ། །དེ་ལྟར་བདག་ཉིད་བསྒོམས་ནས་ནི། །ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་ནི། །དམར་པོ་རྩིབས་བཞི་བསམ་པར་བྱ། །དེ་སྟེང་རལ་གྲི་སོར་བཞི་པ། །ཆངས་ཟུང་ཟླ་སྟེང་དྷཱི་དམར་ལ། །རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སེམས་དཔའ་དགུག་ལ་བསྟིམ། །མདུན་དུ་ཧྲཱིཿལས་དབྱངས་ཅན་མ། །སྐུ་མདོག་ནམ་མཁའི་མདོག་ཅན་ནི། །ཁྲོ་འཛུམ་འབར་བ་བརྗིད་པའི་ཞལ། །རིན་ཆེན་རྒྱན་དང་དོ་ཤལ་མཛེས། །དབུ་སྐྲ་མཐོན་མཐིང་ཐོར་ཚུགས་ཅན། །རལ་གྲི་པུསྟི་ཕྱག་ན་བསྣམས། །ཐུགས་ཀར་པདྨ་ཟླ་བའི་སྟེང༌། །རལ་གྲི་སོར་བཞི་སྙིང་པོས་བསྐོར། །འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་ཡི་འཁོར་དུ་བསྐོར་བར་བསམ། །དེ་ལྟར་བསམས་ནས་དང་པོ་ནི། །བདག་གི་ཐུགས་ཀའི་རལ་གྲི་དང༌། །ས་བོན་སྔགས་དང་བཅས་པ་ལས། །འོད་ཟེར་དམར་པོར་འཕྲོས་པ་ཡིས། །བདག་གི་སྣ་བུག་གཡས་ནས་
བྱུང༌། །དབྱངས་ཅན་མ་ཡི་གཡོན་དུ་ཞུགས། །ཐུགས་ཀའི་སྔགས་དང་ཧྲཱིཿལ་ཐིམ། །ཐུགས་ཀའི་གནས་ནས་ཚུར་ལ་བྱུང༌། །བདག་གི་ཐུགས་ཀར་ཞུགས་པ་ལས། །ཨཱ་ལི་ཀཱ་ལིའི་སྔགས་སུ་གྱུར། །ཁོང་པའི་ནང་དང་བ་སྤུའི་གསེབ། །དཔག་ཏུ་མེད་པས་ཁེངས་པར་བསམ། །བར་གྱི་སྔགས་ཀྱི་ཕྲེང་བ་ལས། །འོད་ཟེར་དཔག་ཏུ་མེད་པར་འཕྲོས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དུས་གསུམ་བླ་མ་ཡི་དམ་དང༌། །དཔའ་བོ་དཔའ་མོ་ལ་སོགས་པའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། །བདག་དང་ལྷ་མོའི་སྤྱི་བོར་ཐིམ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །བློ་ཡི་མུན་པ་བསལ་བར་བསམ། །ཡང་གཅིག་སྤྲོས་པའི་བྱིན་རླབས་ཀྱིས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །དགེ་བཤེས་རྣམས་ཀྱི་ནུས་མཐུ་དང༌། །མཐའ་ཡི་ནོར་བུའི་འོད་ཟེར་དང༌། །རྩི་ཤིང་ནགས་ཚལ་བཅུད་རྣམས་བསྡུས། །བདག་དང་ལྷ་མོའི་སྤྱི་བོར་བསྟིམ། །ལུས་པོ་ཡེ་ཤེས་བདུད་རྩིས་གང༌། །དེ་ལྟར་ཤེས་རབ་འཕེལ་བར་བསམ། །བཟླས་པ་བྱེད་པའི་དུས་ཉིད་དུ། །མདུན་གྱི་རིལ་བུ་ལ་དམིགས་ཤིང༌། །སྔགས་འདི་རྒྱུན་དུ་བཟླ་བར་བྱ། །ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུྃ་ཧྲཱིཿཔྲ་ཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། སྔགས་ནི་ཕྲེང་བ་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཕྲག་གཅིག་ནི་བཟླས་གྱུར་ན། །ཉི་མ་རེ་ལ་ཤློ་ཀ །ལྔ་སྟོང་རེ་རེ་ཟིན་འགྱུར་ཞིང༌། །མངོན་པར་ཤེས་པ་འཆར་བ་དང༌། །གཞན་གྱི་སེམས་ནི་ཤེས་པ་དང༌། །ཡི་གེའི་རིགས་ནི་ཐམས་ཅད་ཀྱང༌། །ཐོགས་པ་མེད་པར་ཤེས་པར་འགྱུར། །སྒྲ་དང་བསྟན་བཅོས་ཐམས་ཅད་ཀྱང༌། །བཀའ་བཞིན་རྩོམ་པར་ནུས་པ་ཡིན། །ཕྱིས་ནི་ས་ཡི་དབང་ཕྱུག་ཐོབ། །དེ་ནས་མདུན་གྱི་སངས་རྒྱས་དང༌། །དབྱངས་ཅན་མ་དང་བཅས་པ་རྣམས། །འོད་དུ་ཞུ་ནས་རིལ་བུར་ཐིམ། །རིལ་བུ་
རྒྱལ་ཆེན་བཞིར་མཐོང་ན། །ཤེས་རབ་འཇམ་དཔལ་རྡོ་རྗེ་དང༌། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །རིལ་བུ་དབྱངས་ཅན་མར་མཐོང་ན། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །རིལ་བུ་ཉི་ཟླར་མཐོང་གྱུར་ན། །སྔོན་གྱི་སྐྱེ་བ་དྲན་པར་འགྱུར། །རིལ་བུ་འོད་དུ་མཐོང་གྱུར་ན། «ལེགས་སྦྱར། ཟུར་ཆག འདྲེས་མ། ཤ་ཟའི་སྐད་བཞི་་་་་»།སྒྲ་བཞི་དག་ལ་མཁས་པར་འགྱུར། །འོད་དང་དུ་བ་རྔ་སྒྲ་དང༌། །དུང་འབུད་ཉི་ཟླ་ཤར་བ་དང༌། །མེ་ཏོག་འཛུགས་དང་ཞིང་རྨོ་དང༌། །སྣག་ཚ་འཐུང་དང་ཉམས་དགའ་དང༌། །ཡི་གེ་འདྲི་ཀློག་མཐོང་བ་དང༌། །མངོན་པར་ཤེས་པ་འཆར་བ་རྣམས། །ཤེས་རབ་འཕེལ་བའི་རྟགས་སུ་འདོད། །རྫུན་དང་ཤ་ཆང་སྒོག་བཙོང་དང༌། །སྔོ་ངད་ལ་སོགས་སྤང་བར་བྱ། །འཁོན་དང་ཞེ་སྡང་དྲག་པོ་དང༌། །སེམས་ལ་གནོད་པའི་ལས་རྣམས་སྤང༌། །རང་ལ་བདོག་པ་ཐམས་ཅད་ཀྱིས། །འཇམ་དཔལ་རྡོ་རྗེ་མཆོད་བྱ་ཞིང༌། །རྟག་ཏུ་ལྷ་ལ་གསོལ་བ་གདབ། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ། །སྲིད་པར་འཆིང་བའི་ལས་རྣམས་སྤང༌། །གལ་ཏེ་ལས་འཕྲོ་ཡོད་གྱུར་ན། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གསུམ་དུ་བསྒྲུབ་པས་ན། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །གྲུབ་པའི་རྟགས་རྣམས་མ་བྱུང་ན། །བདག་ཉིད་དབྱངས་ཅན་མ་རུ་བསྒོམ། །མདུན་དུ་འཇམ་དཔལ་བསྒོམ་པར་བྱ། །མོ་འཁོར་སྟེང་ལ་ཕོ་འཁོར་འོག །རིལ་བུ་གུ་གུལ་དུད་པས་བདུག །དེས་ནི་ཡེ་ཤེས་མྱུར་དུ་འགྲུབ། །སྒྲུབ་པ་ཐོན་པའི་ནངས་པར་ནས། །ནངས་མ་ཉི་ཤུ་རྩ་གཅིག་ལ། །ལྟོ་སྟོང་དག་གི་དུས་ཉིད་དུ། །རིལ་བུ་རེ་རེ་གྱུར་མིད་བྱ། །ཤེས་རབ་འཕེལ་ཞིང་བཅུད་ལེན་འགྱུར། །རིལ་བུ་གཞན་རྣམས་མ་ལུས་པར། །འཁོར་ལོ་གཉིས་ཀའི་བར་དུ་གཏུམས། །རྫ་ཡི་གའུའི་ནང་དུ་གཞུག །མཆོད་པའི་གྲལ་དུ་བཞག་པར་བྱ། །གཞན་གྱི་རྩོད་པ་ཟློག་པ་ན། །རང་ཉིད་འཇམ་དཔལ་བསྒོམ་པ་ཡི། །དཔྲལ་བར་དྷཱིཿནི་དམར་པོ་བསམ། །དྷཱིཿལས་འོད་དམར་འཕྲོས་ནས་ནི། །ཁོ་ཡི་ཤེས་རབ་བཀུག་བྱས་ཏེ། །སྲིན་ལག་རྩེ་ཡིས་བླངས་ནས་ཀྱང༌། །རང་གི་དཔྲལ་བའི་དྷཱིཿལ་བསྟིམ། །ཨོཾ་ཧྲཱིཿདྷཱིཿཆེ་གེ་མོ་ཧ་ཡ་ཧཱུྃ་ཕཊཿ །བརྒྱ་དང་རྩ་
བརྒྱད་བཟླས་ནས་ནི། །རིག་པ་སེང་གེ་ལྟ་བུར་བསྒྲིམ། །རྩོད་པ་ཀུན་ལས་རྒྱལ་བར་འགྱུར། །སེང་གེའི་སྒྲ་ཡིས་ཝ་རྣམས་སྐྲག་བྱེད་བཞིན། །ཉོན་མོངས་དུག་རྣམས་གཅོད་པའི་ཤེས་རབ་མཆོག །བདག་གིས་འཕགས་པ་འཇམ་དཔལ་ལ་ཞུས་པས། །འགྲོ་རྣམས་ཤེས་རབ་གྲུ་ཡིས་སྒྲོལ་བར་ཤོག །འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས་རྗེ་ཀ་མ་ལ་ཤཱི་ལས་«་་་་་པདྨའི་ངང་ཚུལ་»མཛད་པ་རྫོགས་སོ།། ༈ །བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དམ་པ་རྒྱ་གར་གྱི་ཞལ་ནས། གང་ཟག་ཤེས་རབ་བརྟུལ་བ། སྐྱེ་བ་སྔོན་མ་ལ་ཚོགས་མ་བསགས་པ་ཡིན། དེའི་གཉེན་པོར་ཤེས་རབ་སྤེལ་བའི་སྒྲུབ་ཐབས་འདི་མཛད་དོ། །དེ་ལ་རྫས་སྤང་རྒྱན་ལ་སོགས་པའི་སྨན་རྣམས་གཞུང་ནས་བྱུང་བ་རྣམས་སྦྲང་རྩི་དང་སྦྱར་ལ་བ་དམར་གྱི་འོ་མས་རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ། དེ་ལྷུང་བཟེད་དམ་རིན་པོ་ཆེའི་སྣོད་དུ་བླུགས། དར་དམར་རམ་རས་ལ་པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བར་རལ་གྲིའི་ཆངས་ཟུང་ལ་དྷཱིཿདམར་པོ་བྲི། རྩེ་མོ་ལ་ཧྲཱིཿབར་དུ་སྔགས་བྲི། འདབ་མ་བརྒྱད་ལ་སྔགས་རྣམས་བྲི། པདྨའི་ཕྱི་རོལ་དུ་མུ་ཁྱུད་གསུམ་གྱི་ནང་མ་ལ་ཨ་ལི། བར་པ་ལ་ཀཱ་ལི། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་བྲིས་ལ་རིལ་བུ་ལ་གདབ། དེའི་སྟེང་དུ་དར་དམར་སེར་གྱི་གུར་ཕུབ། དེ་རང་གི་མདུན་དུ་པདྨ་སེར་པོ་འདབ་མ་བརྒྱད་པ་བྲིས་པའི་དབུས་སུ་བཞག་གོ །བཅའ་ཐབས་སོ། །དེ་ནས་སྟན་བདེ་བ་ལ་ཁ་ཤར་དུ་བལྟས་ཏེ་འདུག་ལ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་བའི་དོན་དུ་འཇམ་དཔལ་འདི་བསྒོམ་སྙམ་དུ་སེམས་བསྐྱེད། དེ་ནས་སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསལ་ལ་རང་བཞིན་མེད་པ་ནམ་མཁའི་དཀྱིལ་ལྟ་བུ། རིག་པ་དར་དང་བཅས་པ་བསྒོམ། སྟོང་པའི་ངང་ལས་སེང་གེ་སྔོན་པོ་གཉིས་བསྣོལ་བའི་གདན། དེའི་སྟེང་དུ་པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཡི་གེ་དྷཱིཿདམར་པོ་ཚེག་དྲག་ཅན་བསམ་མོ། །དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། སླར་འདུས་དྷཱིཿལ་ཐིམ་
པས། འཇམ་དཔལ་སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རལ་པའི་ཐོར་ཚུགས་གྱེན་དུ་བསྒྲེངས་བ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི། གཡོན་ན་ཨུཏྤ་ལའི་སྟེང་ན་བརྒྱད་སྟོང་པའི་པུསྟི་བསྣམས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཟེར་དམར་པོ་འཕྲོ་བར་བསྒོམས་ལ། དེའི་ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་རལ་གྲི་སོར་བཞི་པ་གྱེན་ལ་བསྒྲེངས་པའི་ཆངས་ཟུང་ལ་དྷཱི་དམར་པོ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། དེ་ལས་འོད་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་མདུན་དུ་ཧྲཱིཿལས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ནམ་མཁའི་མདོག་ཅན་མ། ཁྲོ་འཛུམ་དུ་འདུག་པ། རིན་པོ་ཆེའི་དོ་ཤལ་དང་རྒྱན་གྱིས་མཛེས་པ། དབུ་སྐྲ་མཐོན་མཐིང་དུ་འདུག་པའི་རྩེ་མོར་ནོར་བུས་བརྒྱན་པ། གཡས་གཡོན་གྱི་ཕྱག་ཏུ་རལ་གྲི་དང་ཨུཏྤ་ལའི་སྟེང་དུ་བརྒྱད་སྟོང་པའི་པུསྟི་འཛིན་པ། པདྨ་དང་ཟླ་བའི་སྟེང་ན་བཞེངས་པ། སྐུ་འགྱིང་བག་དང་བཅས་པ་བསྒོམ་མོ། །ཐུགས་ཀར་ཟླ་བའི་སྟེང་དུ་རལ་གྲི་སོར་བཞི་པའི་ཆངས་ཟུང་ལ་ཧྲཱིཿསྔོན་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ། དེའི་རྒྱབ་ཏུ་«་་་་་དབྱངས་ཅན་མའི»་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་བསམ། དེ་ནས་བདག་གི་ཐུགས་ཀའི་སྔགས་ལས་འོད་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར་པར་བསམ། ནང་བཅུད་ཀྱི་སེམས་ཅན་གྱི་བློ་ཡི་མུན་པ་བསལ་ནས་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀའི་དྷཱིཿལས་དྷཱིཿའཕྲོས། སྣ་བུག་གཡས་ནས་བྱུང༌། ཡུམ་གྱི་སྣ་བུག་གཡོན་དུ་ཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ་པས། དེ་ལས་གྲོལ་བའི་ཚུལ་དུ་སྔགས་ཀྱི་ཕྲེང་བ་ཡར་བྱུང་བས། རང་གི་སྣ་བུག་གཡོན་དུ་ཞུགས། དེ་གཉིས་ཀྱི་བར་ནས་ཤེས་རབ་ཀྱི་བུང་བའི་ཚོགས་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའི་ཚོགས་ཐམས་ཅད་དང༌། བླ་མ་རྣམས་ཀྱི་བྱིན་རླབས་དང༌། ཉན་རང་གི་ཤེས་རབ་དང༌། སོ་སོ་སྐྱེ་བོའི་སྡོམ་པ། ནུས་མཐུ་རྣམས་བསྡུས་ནས་རང་གི་སྤྱི་བོར་ཐིམ་པས་ལུས་ཡེ་ཤེས་དང་ལྡན་པར་གྱུར། ཡང་འོད་ཟེར་ལས་ཤེས་རབ་ཀྱི་བུང་བའི་ཚོགས་འཕྲོས་བཀའ་སྡེ་སྣོད་གསུམ་གྱི་བཅུད། གནས་ལྔ་རིག་པའི་པཎྜི་ཏའི་ཤེས་རབ། དགེ་བའི་བཤེས་གཉེན་གྱི་ནུས་པ། སྨན་གྱི་ནུས་པ་རྣམས་བསྡུས་ནས་རང་གི་ལྗགས་ལ་ཐིམ་ངག་ནུས་པ་དང་བྱིན་རླབས་ལྡན་པར་བསམ། ཡང་འཕྲོས་པས་རྩི་ཤིང་ནགས་ཚལ་གྱི་བཅུད། ཉི་ཟླའི་འོད་ཟེར་རྒྱ་མཚོའི་ནང་གི་ནོར་བུ། རིན་པོ་ཆེའི་འོད། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་བརྒྱད་ཀྱི་ཤེས་རབ་དང་ནུས་པ། རྒྱལ་པོ་དང་བཙུན་མོའི་སེམས་དང༌། དེ་རྣམས་བསྡུས་ལ་རང་གི་ཐུགས་ཀར་བསྟིམ། ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་བསམ། དེ་ལྟར་དམིགས་ཤིང༌། ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུྃ་ཧྲཱིཿཔྲཛྙཱ་ཝརྡྷཱ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། ཞེས་སྟོང་ཕྲག་གཅིག་ལ་སོགས་ཇི་སྲིད་མི་སྐྱོ་བའི་བར་དུ་བཟླ་བར་བྱ། དེ་ལྟར་ཐུན་བཞིའི་རིམ་པས་རྟགས་རྣམས་མ་བྱུང་གི་བར་དུ་བྱའོ། །རྟགས་རྣམས་བྱུང་བ་དང་མདུན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དབྱངས་ཅན་མས་གཙོ་བྱས་པ་རྣམས་འོད་དུ་ཞུ་ནས་རིལ་བུ་ལ་ཐིམ་པར་བསྒོམ་ཞིང༌། རིལ་བུ་འཁོར་ལོས་གཏུམས་ཤིང་མགུལ་དུ་བཏགས། དེ་ནས་ནངས་མ་རེ་ལ་རེ་རེར་བཟའོ། །ཡང་སྒྲུབ་པ་ཐོན་ནས། རིལ་བུའི་སྟེང་གི་འཁོར་ལོ་ལ་འཇམ་དཔལ་ལྔ། དབྱངས་ཅན་མ་བཞི། ཨཱ་ལི་ཀཱ་ལིའི་ཚོགས། རྟེན་འབྲེལ་གྱི་ཚོགས་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་བ་བསམས་ལ་ཡེ་ཤེས་པ་བསྟིམ། པཱུ་ཛ་འབུལ། བསྟོད་པ་བྱ། གསོལ་བ་གདབ་ལ་འོད་དུ་ཞུ་ནས་རིལ་བུ་ལ་ཐིམ་པར་བསྒོམ། འཁོར་ལོའི་ལྟེ་བར་རིལ་བུ་གཏུམས་ལ་ནངས་མ་རེ་ལ་རེ་རེར་བཟའོ། །ཕན་ཡོན་ནི། བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །ཅེས་པ་ལ་སོགས་པའོ། །རྟགས་ནི་རྒྱལ་ཆེན་
བཞིར་མཐོང་བ་ལ་སོགས་པའོ། །རྨི་ལམ་གྱི་རྟགས་ནི་སྣག་ཚ་འཐུང་བ་ལ་སོགས་པའོ། །སྒྲུབ་པའི་དུས་ནི་«་་་་་བྱི་བ་ཟླ་བའི་»ཚེས་གཅིག «རྟ་ཟླ་བའི་་་་་་»བརྒྱད། «ཡོས་ཟླ་བའི་་་་་་»བཅོ་ལྔའི་ཉིན་སྐར་མ་རྒྱལ་གྱི་ཉི་མ་ལ་མགོ་བརྩམ། དམ་ཚིག་ནི། རྫུན་ཤ་ཆང་སྒོག་པ་སྔོ་དང༌། ཞེ་སྡང་དྲག་པོ། གྲོགས་ངན། མྱ་ངན་སྨྲེ་སྔགས། ཕོ་མོ་འཁྲིགས་པ་རྣམས་སྤང་ཞིང༌། སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ། ཉལ་བའི་དུས་སུ་ཡང༌། སྣང་བ་རིམ་གྱིས་བསྡུས་ནས་འཇམ་དཔལ་ལ་བསྟིམ། དེ་ཡང་ཐུགས་ཀའི་འཁོར་ལོ་ལ། དེ་རལ་གྲི་ལ། དེ་དྷཱིཿལ། དེ་ཐིག་ལེ་དམར་པོ་ལ་བསྟིམ། ཐིག་ལེ་དེ་འོད་དུ་ཞུ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བར་བསྒོམས་ལ་ཉལ་ལོ། །ཐོ་རངས་ལངས་པའི་དུས་སུ། ནམ་མཁའ་སྟོང་པ་ལས་དབྱངས་ཅན་མ་དཔག་ཏུ་མེད་པས། ཧྲཱིཿདྷཱིའི་སྔགས་བརྗོད་པས་དེས་བསྐུལ་ནས་ལངས་ལ་སྔ་མ་ལྟར་བྱའོ། །དེ་ལྟར་བྱས་པས་ཤེས་རབ་ཕྱོགས་མེད་དུ་སྐྱེ་ཞིང༌། མཐར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་རོ། །བཟླས་པས་སྐྱོ་ན་གཏོར་མ་བཏང་བ་ནི། རིན་པོ་ཆེའི་སྣོད་དུ་ཁ་ཟས་ཀྱི་རྣམ་པ་བླུགས་ལ། སྐད་ཅིག་གིས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁ་ཟས་ཀྱི་རྣམ་པ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྣམ་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མདུན་དུ་པདྨའི་སྡོང་པོ་གཅིག་གི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བར་བསམ་མོ། །དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམས་ནས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཧྲཱིཿདྷཱིཿསོགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱིས་འབུལ། བསྟོད་པ་བྱ། གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད། དགེ་བ་བྱང་ཆུབ་ཏུ་བསྔོ། འཇམ་དཔལ་དམར་པོ་སྒྲུབ་པའི་རིམ་པ་དམ་པ་རྒྱ་གར་གྱིས་མཛད་པ་རྫོགས་སོ།།
བསྟོད་པ་ནི། ཨོཾ། ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །ཟུག་རྔུ་མེད་པ་འཇམ་པའི་དཔལ། །སྐུ་མདོག་དམར་པོ་འོད་ཟེར་དང༌། །དྲྭ་བ་དྲྭ་ཕྱེད་དོ་ཤལ་དང༌། །རིན་ཆེན་རྒྱན་གྱིས་རབ་མཛེས་ཏེ། །རལ་གྲི་པུསྟི་འཛིན་མཛད་ཅིང༌། །ལོག་ལྟའི་མུན་པ་སེལ་མཛད་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །རལ་པའི་ཐོར་ཚུགས་གྱེན་དུ་བསྒྲེང༌། །སེང་གེ་སྔོན་པོའི་གདན་ལ་བཞུགས། །ལོ་བརྒྱད་བྱིས་པའི་ཆ་ལུགས་ཅན། །ཟུག་རྔུ་མེད་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན། །ཟུག་རྔུ་མ་ལུས་སེལ་མཛད་ཅིང༌། །དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། །མཚན་རྣམས་ཐམས་ཅད་རབ་རྫོགས་པའི། །འཇམ་དཔལ་རྡོ་རྗེར་ཕྱག་འཚལ་བསྟོད། །འཇམ་དཔལ་མགོན་པོ་ཐུགས་རྗེ་ཅན། །འོད་ཟེར་བརྒྱ་ཕྲག་མང་པོའི་སྐུ། །སངས་རྒྱས་རྣམས་ཀྱིས་རབ་སྔགས་པའི། །སྤྲུལ་པའི་སངས་རྒྱས་མང་པོས་བརྒྱན། །འཕགས་པ་འཇམ་དཔལ་ཕྱག་འཚལ་བསྟོད། །ཡུམ་གྱི་བསྟོད་པ་ནི། ཨོཾ། དུས་གསུམ་བདེ་གཤེགས་རྒྱལ་བའི་རིགས་ཀྱི་ཡུམ། །མཉམ་པ་ཉིད་ཀྱི་སྐུ་མདོག་སྔོན་མོར་བཞུགས། །རིན་ཆེན་ནོར་བུའི་རྒྱན་གྱིས་རབ་མཛེས་པའི། །ཡུམ་མཆོག་དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །དུག་གསུམ་སེལ་མཛད་རྗེ་བཙུན་མ། །བདེ་གཤེགས་སངས་རྒྱས་ཀུན་གྱི་ཡུམ། །རལ་གྲི་གཡས་ལ་པུསྟི་གཡོན། །ཤེས་རབ་དཔལ་མོ་དངོས་གྲུབ་སྩོལ། །དུག་གསུམ་སེལ་མཛད་ཕྱག་འཚལ་བསྟོད། །བདག་སོགས་སེམས་ཅན་མ་ལུས་པའི། །བློ་ལ་མུན་པ་བསལ་ནས་ཀྱང༌། །ཤེས་རབ་ཉི་མ་ལྟ་བུ་ཡི། །མཆོག་གི་དངོས་གྲུབ་སྩལ་དུ་གསོལ།། ༈ །ན་མོ་གུ་རུ། ཤེས་རབ་འཕེལ་བར་འདོད་ན། འཇམ་དཔལ་གྱི་བསྐྱེད་རིམ་གཞུང་ལྟར་བྱ། རྫོགས་རིམ་རྒྱས་བསྡུས་གཉིས་ལས་རྒྱས་པ་ནི། རང་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀའི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར། རལ་གྲི་ཆངས་ཟུང་ལ་ཡི་གེ་དྷཱིཿཁ་དོག་དམར་པོ་ཅན་
ལས་འོད་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ་ནས་ནང་བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཐིམ། དེ་མདུན་གྱི་དབྱངས་ཅན་མ་ལ་ཐིམ། དེ་འཇམ་དཔལ་གྱི་ཐུགས་ཀར་ཐིམ། འཇམ་དཔལ་ལུས་སྟོད་སྨད་བསྡུས་ནས་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་འཁོར་ལོའི་ལྟེ་བའི་རལ་གྲི་ལ་ཐིམ། དེ་དྷཱིཿལ་ཐིམ། དྷཱིཿའོད་དུ་ཞུ་ནས་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་པར་བསམ། དེ་ལ་སེམས་གཏད་ལ་བསྒོམ། དེ་ནས་ཐིག་ལེ་དེ་ལས་ཐིག་ལེ་སྔོན་པོ་གཅིག་འཕྲོས་ཏེ་གཉིས་སུ་གྱུར་པ་ལ་སེམས་གཏད། དེ་ནས་ཐིག་ལེ་དེ་གཉིས་དང་པོ་ཅུང་ཟད་འགུལ་བར་བསམས་ལ། ངག་ཏུ་ཧྲཱིཿདྷཱིཿཞེས་བརྗོད། དེ་ནས་ཐིག་ལེ་གཉིས་ཆར་དྷེའུ་འཕངས་པ་བཞིན་དུ་ནམ་མཁའ་ལ་ཡར་འཕག་མར་འཕག་ཏུ་གྱུར་པར་བསམས་མཐར་སེམས་ཅན་གྱིས་ཁྱབ་ཚད་ལ་ཡར་འཕག་མར་འཕག་པར་བསམས་ལ། ངག་ཏུ་ཧྲཱིཿདྷཱིཿཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ཉལ་བའི་དུས་སུ་ཐིག་ལེ་འོད་དུ་ཞུ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བར་བསམས་ལ། དམར་ལམ་མེ་བའི་བདེ་སྟོང་གི་ངང་ལ་ཉལ་བར་བྱའོ། །ཐོ་རངས་དབྱངས་ཅན་མའི་ཚོགས་ཀྱིས་སྔགས་བརྗོད་པར་བསམས་ལ། དེས་སྐུལ་བའི་བསམ་པས་ལངས་ལ། སྔ་མ་ལྟར་བསྐྱེད་རྫོགས་བསྒོམ་པར་བྱའོ། །བསྡུས་པ་ནི། དབྱངས་ཅན་མའི་ཐུགས་ཀའི་ཧྲཱིཿསྔོན་པོ་ལ་དམིགས་པ་གཏད་ལ། ངག་ཏུ་ཧྲཱིཿདྷཱི་མ་མེའི་སྔགས་བརྗོད་ཅིང་ཇི་སྲིད་མི་སྐྱོ་བའི་བར་བཟླས་པ་བྱའོ། །འཇམ་དཔལ་དམར་པོའི་གསུང་གི་རྫོགས་རིམ་མོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། འཇམ་དཔལ་གྱི་ཞལ་བལྟ་བར་འདོད་པས། གིའུ་ཝང་དང་ག་བུར་གྱི་ཕྱེ་མ་ལག་པ་གཡོན་དུ་བླུགས་པ་ཆུ་གཙང་མ་དང་བསྲེས་ཏེ་འཇམ་དཔལ་དུ་མོས་ལ། རྩ་སྔགས་ལ། ན་མོ་མཉྫུ་ཤྲཱི་སིཾ་ཧ་ནི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླས་མིག་ལ་བྱུགས་ན་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ།། ༈ །ན་མོ་མཉྫུ་ཤྲི་ཡེ། ཤེས་རབ་འཕེལ་བའི་ཐབས་ཀྱི་རྫས་བཅུ་གཉིས་གཞུང་ན་གསལ། ཁྱད་པར་དུ་དབང་དུ་སྡུད་
པར་འདོད་ན། དགེ་བཤེས་ལ་རིན་པོ་ཆེའི་ཕྱེ་མ། རྒྱལ་པོ་ལ་ལྕགས་ཕྱེ། བློན་པོ་ལ་མགྲོན་བུ། འབངས་ལ་ཚ་བ་གསུམ། བཙུན་མོ་ལ་གིའུ་ཝང༌། སྐྱེས་པ་ལ་གུར་གུམ། མི་ཕལ་པ་ལ་སེང་ལྡེང༌། སྨན་པ་ལ་ཨ་རུ་ར་མཆུ་སྙུང༌། དེ་རྣམས་བཏང་ངོ༌། །སྒྲུབ་པ་ཐོན་ནས་རིལ་བུ་རྒྱལ་པོའི་ཕོ་བྲང་ངམ། ལམ་བཞི་མདོའམ། མི་མང་པོ་འདུས་པའི་སར་བ་དམར་སེར་གྱི་ལྕི་བ་དང་བསྲེས་ནས་བསྲེགས་པའི་དུ་བ་རླུང་ལ་བསྐུར། ཡང་ན་བྱིན། ཡང་ན་ཕོ་བྲང་གི་སྒོ་ལ་བརྡེག་གོ །མདོག་བསྒྱུར་བ་ནི། ཤེས་རབ་འཕེལ་བར་འདོད་ན་སེར་པོ། དབང་དུ་སྡུད་ན་དམར་པོ་བྱའོ། །འཁོར་ལོ་རྒྱ་སྐྱེགས་ཀྱིས་བྲིའོ། །པདྨ་འདབ་བརྒྱད་ཀྱི་ལྟེ་བ་ན་ཡོད་པའི་རལ་གྲི་ཆངས་ཟུང་ལ་དྷཱིཿ རྩེ་མོ་ལ་ཧྲཱིཿ བར་དུ་སྔགས་བྲི། འདབ་མ་བརྒྱད་ཀྱི་རྩེ་མོ་ལ་ཧྲཱིཿ ལྟེ་བའི་ཕྱོགས་སུ་དྷཱིཿ མཐའ་མ་ལ་རྟེན་འབྲེལ་སྙིང་པོ་གཡོན་སྐོར་དུ་བྲིས་ལ། དེས་རིལ་བུའི་ཞལ་ཁེབས་བྱ། ཡང་གསེར་གྱི་འཁོར་ལོ་རྩིབས་བཞི་པ་གཅིག་གི་ལྟེ་བ་ལ་རང་གི་གསང་མཚན་བྲིས། རྩིབས་ཤར་མ་ལ་ཏཱཾ། ལྷོར་ཧྲཱིཿ ནུབ་ཏུ་དྷཱིཿ བྱང་དུ་བྷེ་བྲིས་ལ་རིལ་བུའི་ཞབས་སུ་འདིང༌། སྟེང་དུ་དར་དམར་སེར་གྱི་གུར་ཕུབ། ཏིང་ངེ་འཛིན་ནི། རང་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་པ་སྣ་བུག་གཡས་ནས་བྱུང༌། ཡུམ་གྱི་སྣ་བུག་གཡོན་དུ་ཞུགས། ཐུགས་ཀའི་ཧྲཱིཿལ་ཐིམ། ཧྲཱིཿལས་གྲོལ་བའི་ཚུལ་དུ་སྔགས་ཀྱི་ཕྲེང་བ་བྱུང༌། རང་གི་སྣ་བུག་གཡོན་དུ་ཞུགས། དེའི་བར་དུ་ཤེས་རབ་ཀྱི་བུང་བའི་ཚོགས་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས། ཉན་རང་གི་ཤེས་རབ། སོ་སོ་སྐྱེ་བོའི་ནུས་པ། རིན་པོ་ཆེའི་བཅུད། སྨན་གྱི་ནུས་པ། དགེ་བའི་བཤེས་གཉེན་གྱི་ནུས་པ། བཀའ་དང་བསྟན་བཅོས་ཀྱི་བཅུད། ནོར་བུ་རིན་པོ་ཆེའི་འོད། ཉི་ཟླའི་འོད། ཀླུ་ཆེན་བརྒྱད་ཀྱི་ནུས་པ། རྩི་ཤིང་ནགས་ཚལ་གྱི་བཀྲག་དང་གཟི་མདངས། རྒྱལ་པོ་དང་བློན་པོའི་སེམས་ལ་སོགས་པ་ཐམས་ཅད་བཀུག་ནས་འོངས་པ་རིལ་བུ་ལ་བསྟིམ་མོ། །ཤེས་
རབ་སྤེལ་བ་དང་དབང་དུ་བྱ་བའི་བཅའ་ཀ་ཏིང་ངེ་འཛིན་གསལ་དུ་སོ་སོར་ཕྱེ་བ་རྫོགས་སོ།། ༈ །རྒྱལ་པོ་དབང་དུ་བསྡུ་བར་འདོད་ན། ལྷུང་བཟེད་ཀྱི་ནང་དུ་ཨ་རུ་ར། ཤེར་ཤིང༌། མ་གི་ཏ་རྣམས་སྦྲང་རྩི་དང་བསྡུས་ལ། རིལ་བུ་སྲན་མ་ཙམ་བརྒྱ་རྩ་བརྒྱད་བྱས་ནས། དར་སེར་པོ་ལ་འཁོར་ལོ་གཞུང་ལྟར་བྲིས་པས་བཀབ་ལ། རང་འཇམ་དཔལ་གཞུང་བཞིན་བསྐྱེད་ལ། མདུན་དུ་ལྷ་མོ་དབྱངས་ཅན་མ་བསྒོམ། དེའི་ཐུགས་ཀར་ཤེས་རབ་ཀྱི་རལ་གྲི་སོར་བཞི་པ་གཅིག་བསམ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། མིའམ་ཅིའི་བཀྲག་མདངས་གཟི་བརྗིད་«་་་་་སྐྱེས་པའི་སྙིང་ག་ནས་ནྲྀའི་རྣམ་པ་དང༌། བུད་མེད་ཀྱི་བྷ་ག་ནས་སྟྲཱིའི་རྣམ་པས། »ཐམས་ཅད་བཀུག་ནས་རིལ་བུ་ལ་ཐིམ་པར་བསམས་ལ། ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷཱ་ནི་ཤྲཱི་སིཾ་ཧ་མུ་པ་ཏ་མཉྫུ་ཤྲཱི་ཆེ་གེ་མོ་ཝ་ཤཾ་མ་ན་ཡེ་སྭཱ་ཧཱ། སྔགས་འདི་ཁྲི་ཚོ་གཅིག་ལ་སོགས་པ་བཟླས་ལ། འོད། དུ་བ། རྔ་སྒྲ། དུང༌། གདུགས། མེ་ཏོག་གི་ཆར་འབེབས་པ་བྱུང་ན་འཁོར་ལོས་དྲིལ་ལ་མགུལ་ཏུ་གདགས་སོ། །རིལ་བུ་རྣམས་བསྒྲུབ་བྱའི་གོས་སམ་ལུས་ལ་བྱུགས་པའམ་ལྟོར་བྱིན་ནམ། ཡང་ན་རྒྱལ་པོའི་ཕོ་བྲང་ངམ། ལམ་གྱི་བཞི་མདོའམ། མི་མང་པོ་འདུས་པའི་སར་བ་དམར་སེར་གྱི་ལྕི་བ་དང་བསྲེས་ནས་བསྲེགས་ན་རྒྱལ་སྲིད་ལ་སོགས་པའི་སྣང་བ་ཐམས་ཅད་དབང་དུ་འགྱུར་རོ། །བློན་པོ་ལ་སོགས་པ་གཞན་ལའང་དེ་དང་འདྲ་བའོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། མུ་དྲ་དབང་དུ་བྱ་བ་མཛེས་མ་རྒྱན་གྱི་འཁོར་ལོ་ནི། དར་དཀར་གྱི་ནི་གཞི་མ་ལ། དཔའ་བོ་བཅུ་གཉིས་སྦྱར་བའི་ཆུས། །བལ་པོའི་སེའུའི་སྨྱུག་གུས་བྲི། །པདྨ་འདབ་བརྒྱད་མུ་ཁྱུད་བཅས། །སྔགས་འདི་དགུ་གཉིས་བྲི་བར་བྱ། །ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷཱ་ནི་ཧྲཱིཿཆེ་གེ་མོ་ཝ་ཤཾ་མ་ན་ཡེ་སྭཱ་ཧཱ། དབང་སྡུད་སྔགས་ཀྱི་ཕྲེང་བ་འདི། །དགུ་གཉིས་བར་དུ་མ་ནོར་བྲི། །མུ་ཁྱུད་ཨཱ་ལིའི་ཕྲེང་བས་བསྐོར། །དེ་ལྟར་རྒྱན་འཁོར་བྲིས་བྱས་ལ། །ཤེས་རབ་རིལ་བུའི་ཞལ་ཁེབས་བྱ། །བདག་ཉིད་འཇམ་དཔལ་དབྱངས་སུ་བསམ། །རིལ་
བུ་དབྱངས་ཅན་མ་རུ་བསྒོམ། །བླ་མ་སངས་རྒྱས་སྲས་བཅས་རྣམས། །སྤྲིན་ཕུང་ལྟ་བུར་བཞུགས་པར་བསམ། །ཐུགས་ཀའི་སྔགས་ཀྱི་འོད་ཟེར་ལས། །ལྕགས་ཀྱུ་ལྟ་བུའི་བུང་བ་འཕྲོས། །དམིགས་པའི་བསྒྲུབ་བྱ་འཁོར་དང་བཅས། །བཀུག་ནས་རང་གི་མདུན་དུ་ནི། །སྐྲ་གྲོལ་གཅེར་བུ་འདོད་པས་གདུང༌། །ཐལ་མོ་སྦྱར་ནས་འདར་བར་བསམ། །རྒྱན་འཁོར་རང་གི་མཛོད་སྤུ་དང༌། །དམིགས་བྱའི་བྷ་གར་བསྒོམ་པར་བྱ། །མཛོད་སྤུའི་འཁོར་ལོའི་འོད་ཟེར་དེས། །གསང་བའི་འཁོར་ལོ་བསྐུལ་བ་ལས། །འོད་ཀྱི་ཚུལ་དུ་ཆད་ནས་ནི། །རྒལ་ཚིགས་རིན་ཆེན་རྟ་ལ་བརྒྱུད། །སྨིན་མཚམས་མཛོད་སྤུ་ནས་བྱུང་སྟེ། །བདག་གི་མཛོད་སྤུའི་འཁོར་ལོར་བསྟིམ། །དམིགས་བྱའི་འཁོར་ལོ་གཡོན་དུ་འཁོར། །ཐུན་པར་ཞབས་སུ་གཟིར་བར་བྱ། །ཞག་བདུན་གྱིས་ནི་ངེས་པར་འགྲུབ། །མཆོད་བསྟོད་ཤེས་པ་བརྗོད་ནས་སུ། །རིལ་བུ་ཤེས་རབ་རྫས་སུ་བྱ། །ཡང་ན་བསྒྲུབ་བྱའི་གོས་སམ་སྐྲ། །ལུས་ལ་བྱུགས་སམ་ཁར་སྦྱིན་བྱ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །མིའམ་ཅི་དང་མིའི་བུ་མོ། །ཐོགས་པ་མེད་པར་དབང་དུ་འདུ། །འཁོར་ལོ་རང་གི་ལུས་ལ་སོགས། །གསང་སྟེ་བཅང་ན་དངོས་གྲུབ་སྟེར། །གཞན་ཡང་སྨན་སྣ་བཅུ་གཉིས་ལ། །གིའུ་ཝང་བསྲེས་པའི་རིལ་བུ་བྱ། །འཁོར་ལོ་མིང་སྤེལ་བཅས་པ་ཡིས། །རིལ་བུའི་སྟེང་ནས་དགབ་པར་བྱ། །རང་ཉིད་འཇམ་དཔལ་དབྱངས་བསྐྱེད་པའི། །ཐུགས་ཀའི་དྷཱིཿལས་ཤེས་རབ་ཀྱི། །བུང་བ་དམར་པོའི་ཚོགས་སྤྲོས་པས། །བསྒྲུབ་བྱའི་བཀྲག་མདངས་གཟི་མདངས་དང༌། །བཅུད་རྣམས་བསྡུས་ནས་རིལ་བུར་བསྟིམ། །ཧྲཱིཿདྷཱིའི་སྔགས་ཕྲེང་ཤམ་བུར་བཅས། །རྟགས་རྣམས་མ་བྱུང་བར་དུ་བཟླ། །རྟགས་བྱུང་ནས་ནི་བསྒྲུབ་བྱ་ལ། །བྱིན་ནམ་ལུས་ལ་བྱུགས་གྱུར་ན། །རང་དབང་མེད་པར་དབང་དུ་འདུ། །དབང་གི་ལས་ཚོགས་བསྟན་པའོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། གཞན་གྱི་ངག་རྐུ་བ་ནི། དགེ་བའི་བཤེས་གཉེན་ནམ། སྔགས་པ་ནུས་པ་ཅན་ནམ། རིགས་
ཀྱི་གཙོ་བོ་དྲན་པ་ཅན་ལ་བྱ་སྟེ། བསྒྲུབ་བྱའི་ལྕེ་སྟེང་ན་པདྨ་དམར་པོ་འདབ་མ་ལྔ་པ་ཁ་ཐུར་དུ་བསྟན་པ་ཞིག་བསམ། སྙིང་གི་དཀྱིལ་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བསྟན་པ་ཞིག་བསམ། དེ་གཉིས་ཁ་སྦྱར་གྱི་ཚུལ་དུ་བསམ་པའི་ནང་དུ། ཨཱ་ལི་ཀཱ་ལི་ཐབས་ཤེས་ཀྱིས་གང་བར་བསམ། དེ་ནས་རང་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀའི་དྷཱིཿལས་འོད་དམར་པོ་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཅུད་བསྡུས་པས། ཁོའི་སྙིང་གའི་ཨཱ་ལི་ཀཱ་ལི་ལ་བསྟིམ། ཡང་རང་གི་སྙིང་གའི་དྷཱིཿལས་ཤེས་རབ་ཀྱི་བུང་བ་དམར་པོའི་ཚོགས་གྲངས་མེད་པ་སྤྲོས་པས། བསྒྲུབ་བྱའི་ཁོང་པར་ཞུགས་པས། ཨཱ་ལི་ཀཱ་ལི་རྣམས་སོ་སོར་ཁྱེར་ནས་འོང་སྟེ་རང་གི་ལྕེ་སྟེང་དུ་ཐིམ་པར་བསམ། དེ་ནས་ཁོའི་སྙིང་གའི་པདྨ་ལྕེ་སྟེང་གི་པདྨ་ལ་ཐིམ་པར་བསམ། ལྕེ་སྟེང་གི་པདྨ་ཡང་འོད་ཟེར་དམར་པོས་དྲངས་ནས་རང་གི་ལྕེ་ལ་ཐིམ་པར་བསམ། དེས་ཁོའི་བྲན་པ་དང་ཤེས་པ་ཉམས་ནས་རང་ལ་དྲན་པ་དང་ཤེས་རབ་སྐྱེའོ། །སྤོབས་པ་སྐྱེ་བར་བསམ། ངག་རྐུ་བའི་གདམས་པའོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། ཕ་རོལ་གྱི་ཤེས་རབ་འཕྲོག་པ་ནི། བསྒྲུབ་བྱ་ཤེས་རབ་ཆེ་བ་ལ་བྱ་སྟེ། བསྒྲུབ་བྱ་དེའི་རྩ་ཨ་བ་དྷཱུ་ཏིའི་མར་སྣ་སྦུན་གུ་ལ་ཐུག་པ། ཡར་སྣ་སྨིན་མཚམས་སུ་ཐུག་པ། དེའི་ནང་ན་ཤེས་རབ་ཀྱི་ངོ་བོ་ཨཿདམར་པོས་ཐམ་གྱིས་གང་བར་བསམ། དེའི་སྨིན་མཚམས་སུ་བུག་པ་གྲུ་གསུམ་པ་གཅིག་བུག་པར་བསམ། རང་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀའི་དྷཱིཿལས་འོད་འཕྲོས་པས། ཤེས་རབ་ཀྱི་ཨཿརྣམས་རིམ་གྱིས་དྲངས་ནས་བདག་གི་ཐུགས་ཀར་ཐིམ། མཐར་ཁོའི་ཤེས་རབ་ཀྱི་ཨཿརྣམས་ཟད་ནས་ལུས་སྟོངས་སངས་ཀྱིས་སོང་བར་བསྒོམ། རང་གི་ལུས་ཤེས་རབ་ཀྱི་ཨས་གང་བར་བསམ་ཞིང་སྔགས་བརྗོད་དོ། །དེས་ཤེས་རབ་ཕྱོགས་མེད་དུ་སྐྱེའོ། །ཤེས་རབ་འཕྲོག་པའི་མན་ངག་གོ །ཨྀ་ཐི།། ༈ །ན་མོ་མཉྫུ་ཤྲཱི་ཡེ། མངོན་ཤེས་འདོད་ན་ལྷུང་བཟེད་ནང་དུ་
མུ་ཏིག་དམར་པོ།«་་་་་མེ་ཏོག་ལ་ཟེར།» ཨ་ག་རུ་ནག་པོ། སྤོས་དཀར་རྣམས་བ་དམར་སྐྱའི་འོ་མ་དང་བསྲེས་ཏེ། རིལ་བུ་བྱས་ཏེ་ལྷུང་བཟེད་ནང་དུ་བླུགས། དར་སེར་པོས་ཁ་བཀབ་ལ། བདག་འཇམ་དཔལ་དུ་གཞུང་བཞིན་བསྒོམ། མདུན་དུ་དབྱངས་ཅན་མ་བསམས་ལ། སྔགས་འདི་ཁྲི་གཅིག་ལ་སོགས་པ་བཟླའོ། །ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་བརྡྷཱ་ནི་ཧྲཱིཿདྷཱིཿབཱ་གཱི་ཤྭ་རི་མུཾ་སྭཱ་ཧཱ། ཞེས་ཉི་མ་གཟས་ཟིན་པར་ལྟོར་ཟོས་ནས་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །མངོན་པར་ཤེས་པ་སྒྲུབ་པའི་མན་ངག་བསྟན་པའོ།། ༈ །རྐང་མགྱོགས་འདོད་ན། རྟའི་མགྲིན་པའི་ཤ་བཏང༌། མིག་རྣོ་བར་འདོད་ན་འུག་པ་དང་མཐིང་རིལ་གྱི་མིག་འབྲས་བཏང༌། ཧྲཱིཿདྷཱིཿའི་སྔགས་ཀྱི་ཤམ་བུ་ལ་«་་་་་གང་འདོད་པ་»ཝ་ཤཾ་མ་ན་ཡེ་སྭཱ་ཧཱ། ཞེས་བཏགས་ལ་བཟླའོ། །སྒྲུབ་པ་ཐོན་ནས་འཁོར་ལོ་ལ་འཇམ་དཔལ་ལྔ་དང༌། དབྱངས་ཅན་མ་བཞི་ལ་སོགས་པ་དམིགས་པའི་ཚུལ་དང༌།«་་་་་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་ཞུ་ནས་རིལ་བུ་ལ་ཐིམ་པར་བསམ་མོ།། »འཁོར་ལོས་རིལ་བུ་གཏུམས་སྣོད་བྱས་ནས་ལུས་ལ་བཅང་པ་ལ་སོགས་པ་གོང་དུ་བསྟན་པ་བཞིན་བྱའོ། །གདམས་ཕྲན་བསྟན་པའོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། སྨན་རྣམས་ཀྱི་ནི་ཐུན་ཚོད་དང༌། །རིལ་བུའི་དབྱིབས་དང་ཁ་དོག་དང༌། །སྒྲུབ་པའི་དུས་ཚོད་བསྟན་པ་ནི། །ཤུ་དག་སྤང་རྒྱན་མཚལ་དཀར་གསུམ། །གླ་རྩི་ཡུང་བ་སྤང་སྤོས་གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། །དེ་དག་ཞོ་ནི་ཕྱེད་ཕྱེད་དོ། །དབང་པོ་ལག་པ་གསུམ་དུ་འདོད། །ཙནྡན་ཨ་ག་རུ་ནག་པོ། །དེ་དག་ཞོ་ནི་རེ་རེའི་ཚད། །བ་དམར་འོ་མ་འཇམ་དབྱངས་རྫས། །ར་དཀར་འོ་མ་དབྱངས་ཅན་མ། །སྦྲང་རྩི་དབང་སྡུད་རྫས་སུ་འདོད། །དཔའ་བོ་བཅུ་གཉིས་ཐུན་མོང་ཡིན། །དེ་ལྟར་རྫས་རྣམས་ཚོགས་བྱས་ལ། །རིལ་བུ་དྲིལ་ལ་དྲི་བཟང་གིས། །ཧྲཱིཿདྷཱིཿབྲིས་ལ་ཡབ་སྔགས་བརྗོད། །ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང༌། །མཚམས་རྣམས་སུ་ནི་རིམ་བཞིན་བཞག །འཁོར་ལོའི་ལྟེ་བའི་རལ་གྲིའི་རྒྱུ། །ཙནྡན་དག་གམ་མ་རྙེད་ན། །ཤུག་
པ་དམར་པོ་སོར་བཞི་ལ། །ཡི་གེ་བསྙེན་པ་བཞིན་དུ་བྲི། །རལ་གྲི་རང་ལ་ཁ་བསྟན་ལ། །ཤར་དུ་ཏཱཾ་སོགས་བྲིས་པ་ཡི། །འཁོར་ལོ་རྩིབས་བཞིས་གདན་བྱ་སྟེ། །སྟེང་ནས་འགེབས་པའི་འཁོར་ལོ་ཡི། །ཤར་སོགས་ཕྱོགས་རྣམས་མ་ནོར་བར། །མཁས་པས་ལེགས་པར་འགེབས་པ་གཅེས། །སྒྲུབ་པ་ཚར་ཁར་ཞག་ལྔ་སོགས། །གོང་ནས་པདྨའི་མུ་ཁྱུད་ཀྱི། །སྔགས་ལས་འོད་ཟེར་འཕྲོས་ནས་ནི། །འཁོར་ལོ་དག་ལ་བསྟིམ་པ་གཅེས། །མཎྜལ་བྲི་བ་ནས་བརྩམས་ཏེ། །རིལ་བུ་བཟའ་བའི་བར་དག་ཏུ། །བཅའ་གཞི་མིས་མ་མཐོང་བ་གཅེས། །གལ་ཏེ་མཐོང་ཞིང་རྟགས་ལོག་ན། །བཅའ་གཞི་བསྐྱར་ལ་བསྒྲུབ་པར་བྱ། །རིལ་བུའི་ཚད་ནི་སྲན་མ་ཙམ། །དབྱིབས་ནི་ཞི་བར་ཟླུམ་ལེབ་ལ། །དབང་ལ་ཟླ་གམ་དག་ཏུ་བཤད། །རྒྱས་པར་གྲུ་བཞིར་བྱའོ་ཞེས། །དམ་པ་རྣམས་ཀྱི་ངག་ལས་བྱུང༌། །ཁ་དོག་དག་ཀྱང་ཞི་ལ་དཀར། །དབང་ལ་དམར་ཞིང་རྒྱས་ལ་སེར། །ཤེས་རབ་གཙོ་བོར་སྒྲུབ་པ་ན། །སེར་པོ་བྱ་བ་མན་ངག་ཡིན། །དབང་སྡུད་སོ་སོའི་རྫས་རྣམས་ནི། །སོ་སོའི་སྐབས་སུ་ཤེས་པར་བྱ། །གོང་དུ་བསྟན་པའི་གཟའ་སྐར་རྣམས། །སྒྲུབ་པའི་དུས་སུ་མ་འཛོམ་ན། །ཟླ་བ་ཡར་ངོའི་རྒྱལ་དང་ནི། །ཁྲུམ་སྟོད་དང་ནི་ཁྲུམ་སྨད་དང༌། །ནམ་གྲུ་དག་ནི་བཟང་བར་བཤད། །གཟའ་ཡང་ཕུར་བུ་ལྷག་པ་དང༌། །ཟླ་བ་པ་ཝ་སངས་རྣམས་ཤིས། །རྫས་སྦྱོར་གཟའ་སྐར་བསྟན་པའོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། རིལ་བུའི་གདན་གྱི་འཁོར་ལོ་རྩིབས་བཞི་པའི་ཤར་དུ་སྒྲོལ་མ་དཀར་མོ། གཡས་སྐྱབས་སྦྱིན། གཡོན་ཨུཏྤལ། ཞབས་ཕྱེད་ཀྲུང་དུ་བཞུགས་པ། ཐུགས་ཀར་ཏཱྃ་ཡིག་གིས་མཚན་པའི་མཐའ་མ་ན། ན་མོ་དྷི་དྷ་དྷ་རི་ཀི་སྭཱ་ཧཱ། ཞེས་པས་གཡས་སུ་སྐོར་བར་བསམ། ལྷོར་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གཡས་བདུད་རྩིའི་བུམ་པ་བསྣམས་པ། གཡོན་པདྨ་འཛིན་པ། ཐུགས་ཀ་ན་ཧྲཱིཿས་མཚན་པ། ཧྲཱིཿའི་མཐའ་མ་ན། ན་མ་ཨཱརྻ་པ་ལོ་དྷཱ་ར་ཎི་པྲཛྙཱ་ཝརྡྷཱ་ནི་སྭཱ་ཧཱ། ཞེས་པས་
གཡས་སུ་བསྐོར་བར་བསམ། ནུབ་ཏུ་དབྱངས་ཅན་མ་དམར་མོ་གཡས་འཁོར་ལོ། གཡོན་པདྨ། ཐུགས་ཀར་དྷཱིཿས་མཚན་པའི་མཐའ་མར་ཨོཾ་ཨཱཿཔྲ་ཛྙཱ་ཝརྡྷཱ་ནི་སྭཱ་ཧཱ། ཞེས་པས་གཡས་སུ་བསྐོར་བར་བསམ། བྱང་དུ་གཟའ་ཕུར་བུ་དམར་པོ་གཡས་རཏྣ། གཡོན་ན་ཤིང་ཏོག་བསྣམས་པ། ཐུགས་ཀར་བྷེས་མཚན་པ། བྷེའི་མཐའ་མ་ན། ན་མོ་བྷེ་ཤ་རཏྣ་པྲ་ཛྙཱ་ཝརྡྷཱ་ནི་སྭཱ་ཧཱ། ཞེས་པས་གཡས་སུ་བསྐོར་བར་བསམ། ཀུན་ཀྱང་ཕྱེད་ཀྲུང་གིས་བཞུགས་པར་བསམ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འགྱིང་བག་དང་བཅས་པ། སེམས་ཅན་ལ་མ་ལྟར་བརྩེ་བས་མ་རིག་པའི་མུན་པ་སེལ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་བསྡུས་ནས་སྒྲུབ་པ་པོ་ལ་སྟེར་བར་བསམ་ཞིང༌། རིལ་བུ་ལའང་དུས་དྲུག་ཏུ་བསྐྱེད་བསྟིམ་བྱའོ། །སྒྲོལ་མ་དཀར་སེར་དམར་སྔོ་བཞིས་ཀྱང་བར་ཆད་ཐམས་ཅད་བསལ་བར་བསམ། ཤེས་རབ་སྤེལ་ཞིང་དངོས་གྲུབ་སྟེར་བར་བསམ། ཐུན་རེ་ལའང་ཏིང་ངེ་འཛིན་རྒྱུན་མ་ཆད་པར་བྱའོ། །བཅའ་ཐབས་དང་རིལ་བུའི་གདན་གྱི་རྣམ་གཞག་གོ །འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཐུན་མོང་མ་ཡིན་པ་རྫོགས་སོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། རྗེས་སུ་གནང་བའི་ཆོ་ག་ནི། པདྨ་འདབ་མ་བརྒྱད་པའི་དབུས་སུ་རིལ་བུ་བཞག་ལ། མཐའ་ལ་མཆོད་པས་བསྐོར། དཀར་གཏོར་གཅིག་བཤམས་ལ་བདག་ཉིད་འཇམ་དཔལ། རིལ་བུ་དབྱངས་ཅན་མར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བསྟིམས་ལ་བཟླས་པ་ཅི་འགྲུབ་བྱ། གཏོར་མ་ཕུལ། བསྟོད་པ་བྱ། རིལ་བུ་ལ་དབྱངས་ཅན་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་བཅས་པ་ཐིམ་པར་བསམ། སློབ་མ་ཁྲུས་བྱས་ལ། ཡན་ལག་བདུན་པ་ཕུལ་ནས་སློབ་དཔོན་གྱི་དྲུང་དུ་འདུག་ཅིང༌། སློབ་དཔོན་གྱི་སྤྱི་གཙུག་ནས་འཇམ་དཔལ་བྱོན་ནས། སློབ་མའི་སྤྱི་གཙུག་ཏུ་ཐིམ་པས་འཇམ་དཔལ་གྱི་སྐུར་གྱུར་ནས། སྐུའི་དབང་ཕྱུག་ཐོབ་པར་བསམ། ཞལ་ནས་སྔགས་ཀྱི་ཡིག་འབྲུ་རྣམས་དམར་པོ་བྱུང༌། སློབ་མའི་
ལྕེ་ལ་ཐིམ་པས། གསུང་གི་དབང་ཕྱུག་ཐོབ་པར་བསམ། ཐུགས་ཀ་ནས་རལ་གྲི་དྷཱིཿས་མཚན་པ་བྱུང༌། སློབ་མའི་སྙིང་གར་ཐིམ་པས། ཐུགས་ཀྱི་དབང་ཕྱུག་ཐོབ་པར་བསམ། གཡོན་པའི་ཨུཏྤལའི་སྟེང་གི་པུསྟི་འཕྲོས། སློབ་མའི་ལྟེ་བར་ཐིམ་པས། ཡོན་ཏན་གྱི་དབང་ཕྱུག་ཐོབ་པར་བསམ། རིལ་བུ་སློབ་མའི་ཁར་བཅུག་ལ། སློབ་དཔོན་གྱི་སྤྱི་གཙུག་ནས་དབྱངས་ཅན་མ་དཀར་མོ། མགྲིན་པ་ནས་དམར་མོ། ཐུགས་ཀ་ནས་སྔོན་མོ། ལྟེ་བ་ནས་སེར་མོ། གསང་གནས་ནས་ལྗང་གུ་རྣམས་བྱོན་ནས། སློབ་མའི་གནས་ལྔར་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀུན་གྱི་དབང་ཕྱུག་ཐོབ་པར་བསམ། ཕྲེང་བ་གཅིག་ལ་འཇུས་ཏེ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་བཅུག་ལ་བཟོད་གསོལ་བྱས་ཏེ། གཤེགས་སུ་གསོལ། མཎྜལ་སོགས་མཆོད་པ་བསྡུ། དགེ་བ་བསྔོ་ཞིང་དམིགས་མེད་ཀྱིས་རྒྱས་གདབ་པར་བྱ། འཇམ་དཔལ་གྱི་རྗེས་སུ་གནང་བའོ། །འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་ཐུན་མོང་མ་ཡིན་པ་རྫོགས་སོ།། ༈ །སྒྲུབ་ཐབས་དང་རྗེས་གནང་གི་མཎྜལ་ནི། ཁྲུ་གང་ཁྲུ་བཞི་ལ་སོགས་པའི་སྟེང་དུ། པདྨ་འདབ་མ་བརྒྱད་པའི་ལྟེ་བ་དམར་པོ། འདབ་མ་སེར་པོ། གོང་རས་ལྗང་གུ། མུ་ཁྱུད་དཀར་པོ་ཅན་བྲིས་པའི་དབུས་སུ། མཉྫི་ལ་སོགས་པའི་སྟེང་དུ་གདན་གྱི་འཁོར་ལོ་རྩིབས་བཞི་པ་བཞག དེའི་སྟེང་དུ་རིལ་བུ་བཞག་ལ་སྟེང་དུ་འཁོར་ལོ་གཉིས་ཁ་སྦྱར་གྱིས་དགབ། དེའི་སྟེང་དུ་དར་དམར་སེར་གྱི་གུར་ཕུབ་བོ། །དེ་མཎྜལ་གྱི་བཀོད་པའོ། །བླ་མ་བརྒྱུད་པའི་རིམ་པ་ལོགས་སུ་གསལ་ལོ། ༈ །འཇམ་པའི་དབྱངས་སྒྲུབ་པའི་ཚད་གཞུང་དུ་ཞག་གསུམ་བཤད་ཀྱང༌། ལྔའམ་བཅུ་གཅིག་ལ་སོགས་རྟགས་པ་བྱུང་གི་བར་དུ་བསྒྲུབ་པར་བྱའོ། །སྒྲུབ་དུས་ཁྲུས་དང་གཙང་སྦྲ་དང་ཡིག་བརྒྱ་ལ་བརྩོན་པར་བྱའོ། །ཉམས་གྲིབ་འབགས་བཙོག་ལ་འཛེམ། བཟླས་པ་སྲུང་འཁོར་ལ་འབད་པ་གལ་ཆེའོ།། ༈ །ཨོཾ་སྭ་སྟི།
འཇམ་དཔལ་དམར་པོ་སྒྲུབ་པར་འདོད་པ་ཡིས། དང་པོ་སཱཙྪ་དཀར་ནག་གི་སྦྱོར་བ་གལ་ཆེ་སྟེ། དེ་ལ་དང་པོ་སཱཙྪ་ནག་པོར་བྱེད་ན། ཉིན་ཕྱེད་དམ་ནམ་ཕྱེད་གང་ཡང་རུང་བ་ལ། སཱཙྪའི་རྒྱུ་བླངས་ལ་འཇིམ་པ་བྱ། དུར་ཁྲོད་ཀྱི་སོལ་བས་ནག་པོར་བྱ། ནང་ཁོང་སེང་དུ་བྱ། དེ་ནས་གྲོ་ཤོག་གང་ཡང་རུང་བ་ལ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པ་བྲིས་ལ། རས་སྐུད་དམ་དར་སྐུད་གང་ཡང་རུང་བས་དཀྲིས། དེ་སཱཙྪའི་སྙིང་པོར་བྱ། དེ་ནས་ཞབས་བསྡམ། དེ་ནི་སཱཙྪ་ནག་པོའི་སྦྱོར་བའོ། །དེ་ནས་བཀྲ་ཤིས་པའི་ས་ལ་ཉི་མ་ཤར་དྲོས་གང་ཡང་རུང་བ་ལ། སཱཙྪའི་རྒྱུ་བླངས་ལ་འབི་འབི་བྱ་སྟེ། སཱཙྪ་དཀར་པོར་བྱ། དེའི་ནང་དུ་གྲོ་ཤོག་གང་རུང་ལ། དངོས་གྲུབ་ཕྲེང་བ་ཉི་ཤུ་རྩ་གཅིག་དར་རམ་རས་སམ་གང་ཡང་རུང་བས་དཀྲིས་ལ་དཀར་པོའི་ནང་སྙིང་བྱ། དེ་ནས་རབ་གནས་བྱ་བ་ནི། དང་པོ་སེམས་བསྐྱེད། «ཤཱུ་ནྱ་ཏཱ་་་་་་»སྟོང་པ་ཉིད་ཀྱི་སྔགས་བརྗོད། དེ་ཡི་ངང་ལས་རང་ཉིད་འཇམ་དཔལ་དམར་པོའམ། ཡི་དམ་གང་རུང་དུ་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་སཱཙྪ་ལ་ཕོག སཱཙྪའི་བུམ་པའི་ནང་གཞལ་ཡས་ཁང་དུ་གྱུར། དེའི་ནང་དུ་པདྨ་དང་ཟླ་བའི་གདན་སྟེང་ན་འཇམ་དཔལ་དམར་པོ་གཞུང་བཞིན་བསྒོམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་དགུག་གཞུག་བྱས་ལ་བསྟིམ། རྟེན་འབྲེལ་སྙིང་པོ་བརྗོད། མེ་ཏོག་གཏོར། ཡན་ལག་བདུན་པ་བྱ། དེ་ནི་སཱཙྪ་དཀར་པོ་ལ་རབ་གནས་བྱ་ཐབས་སོ། །དེ་ནས་ནག་པོར་རབ་གནས་བྱ་བ་ནི། ཉིན་ཕྱེད་ནམ་ཕྱེད་གང་ཡང་རུང་བ་ལ། དང་པོ་སེམས་བསྐྱེད། ཁྱད་པར་དུ་སྒྲུབ་པ་བྱེད་པ་ལ་བར་དུ་གཅོད་པའི་འབྱུང་པོ་ལ། སྙིང་རྗེ་བསྐྱེད་ནས་ཚར་གཅོད་པར་བྱ་སྙམ་དུ་བསྒོམ། དེ་ནས་སྭ་བྷཱ་ཝའི་སྔགས་བརྗོད་པས། སྟོང་པ་ཉིད་དུ་བསྒོམ། དེ་ནས་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སཱཙྪ་ནག་པོ་ལ་ཕོག་པས། སཱཙྪའི་བུམ་པའི་ནང་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་གྱུར་པར་
བསམ། དེའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་ན། ཡི་གེ་ཧཱུྃ་མཐིང་ག་ཞིག་ཏུ་བསྒོམ། དེ་ཡོངས་སུ་གྱུར་པ་ལས་གཤིན་རྗེའི་གཤེད་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི། གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆ་བྱད་ཅན་ཅིག་བསྒོམ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། རྟེན་འབྲེལ་སྙིང་པོ་བརྗོད། མེ་ཏོག་གཏོར། ཡན་ལག་བདུན་པ་འབུལ། དེ་ནི་སཱཙྪ་ནག་པོའི་རབ་གནས་བྱ་ཐབས་སོ། །དེ་ནས་བཅའ་ཐབས་བསྟན་པ་ནི། དུར་ཁྲོད་ཕུང་ཤུལ་གྱི་ས་བླངས་ལ། འབྲུབ་ཁུང་དཀྱུས་མཐོ་གང་ཞེང་དུ་སོར་བཞི་ཡོད་པ། ཁ་ཁྱེར་འཐུག་སྲབ་སོར་གཅིག་ཡོད་པ་བྱས་ལ། དུར་ཁྲོད་སོལ་བས་ནག་པོར་བྱུག དེ་ཁེབས་པ་ཙམ་གྱི་རོ་གཡས་ལ་རྡོ་རྗེ་གྱ་གྲམ་བྲི། རྒྱ་གྲམ་ལ་ཧཱུྃ་དང་ནན་བྲི། རི་རབ་དཀྱིལ་ན། ལཾ་སུཾ་ནན་བྲི། དེ་ནས་གྲོ་ཤོག་གང་རུང་ལ་གནོད་བྱེད་ཀྱི་ལིང་ག་ལྕེ་བྲང་གི་དཀྱིལ་དུ་སླེབས་པ་ལ། སྟེང་ན་རྡོ་རྗེ་རྒྱ་གྲམ་ཞིག་བྲི། དེའི་དབུས་སུ་ཧཱུྃ་ནན་བྲི། དེའི་མཐའ་སྐོར་དུ་མུ་ཁྱུད་གཅིག་བསྐོར། དེ་ལ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། སྒྲུབ་པ་པོ་ལ་བར་དུ་གཅོད་པའི་གནོད་བྱེད་གང་ཡིན་པའི་ལུས་ངག་ཡིད་གསུམ་སྟཱཾ་བྷ་ཡ་ནན། ཧཱུྃ་ནན། སུཾ་ནན། ཞེས་གཡོན་སྐོར་དུ་བྲི། དེ་ནས་སྒྲུབ་པ་བྱེད་པའི་གནས་གང་ཡིན་པའི་ས་ན་མཎྜལ་བཅས་པའི་འོག་ཏུ་དོང་གྲུ་གསུམ་ཁྲུ་གང་བ་གཅིག་བྲུས། རང་ལ་ཟུར་མི་བསྟན། དེའི་ནང་དུ་སྔར་གྱི་འབྲུབ་ཁུང་དེ་བཅུག དེའི་ནང་དུ་ལིངྒ་དེ་གཞུག དེའི་སྟེང་རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པས་མནན། དེའི་སྟེང་དུ་སཱཙྪ་ནག་པོ་དེ་བཞག་གོ །དེ་ནི་བཅའ་ཐབས་སོ། །དེ་ལ་བར་ཆད་སྲུང་བའི་ཕྱིར། སཱཙྪ་དཀར་པོ་བརྒྱད་བྱ་སྟེ། སྒྲུབ་ཁང་གི་ཕྱོགས་བཞི་མཚམས་བཞི་དང་བརྒྱད་དུ་བཞག ཏིང་ངེ་འཛིན་ནི། དང་པོར་སེམས་བསྐྱེད། དེ་ནས་སྟོང་ཉིད་བསྒོམས་པའི་ངང་ལས། སཱཙྪའི་བུམ་པའི་ནང་དུ་འཇམ་དཔལ་དམར་པོ་གཞུང་
བཞིན་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡན་ལག་བདུན་པ་བྱ། དེ་ནས་སྒྲུབ་སྔགས་ཀྱི་མཐར་རཀྵ་སྲུངས་ཤིག་བྱ་བ་བཏགས་ལ། བརྒྱ་རྩ་བརྒྱད་བཟླའོ། །དེའི་ཏིང་ངེ་འཛིན་ནི། རང་ཉིད་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་འཇམ་དཔལ་བརྒྱད་ལ་ཕོག་ནས། དེ་དག་གིས་ཀྱང་སྔགས་བཟླས་ཤིང༌། སྔགས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྒྲུབ་ཁང་གི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འཇམ་དཔལ་གྱི་གུར་དུ་བསམ་ཞིང་སྔགས་བཟླའོ། །དེ་ནི་སཱཙྪ་དཀར་པོའི་སྦྱོར་བ་སྲུང་བའི་རིམ་པ་བསྒོམ་པའོ། །དེ་ནས་སཱཙྪ་ནག་པོའི་སྒོ་ནས་མནན་པ་བྱ་བ་ནི། དང་པོ་སེམས་བསྐྱེད་དེ། སྒྲུབ་པ་ལ་བར་ཆད་བྱེད་པའི་གནོད་བྱེད་ལ་སྙིང་རྗེ་ཆེན་པོར་བསྐྱེད། སྒྲུབ་པའི་མཎྜལ་གྱི་འོག་ན་དཔག་ཚད་བདུན་ཙམ་འདས་པའི་འོག་རོལ་ན། གཤིན་རྗེའི་ཁང་སྒྲོམ་འབར་བ་ཟུར་གསུམ་པའི་ནང་ན། ནད་དང་མཚོན་གྱི་ན་བུན་འཐིབས་པ། མུན་ཁང་དགུ་རིམ་གྱི་ཚུལ་དུ་ཡོད་པ་ཞིག་གི་ནང་དུ། སྒྲུབ་པ་ལ་བར་གཅོད་བྱེད་པའི་གནོད་བྱེད་གང་ཡིན་དེ། ཡི་གེ་ཏྲི་ལྗང་ནག་གཅིག་ལས་བསྐྱེད་ནས་གན་རྐྱལ་ཚུལ་དུ་ཡོད་པར་བསམ། དེའི་ལྕེ་བྲང་ཐོག་ཏུ་ཕྱིར་ཕྱུང་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པ་དེས་མནན་པར་བསམ་མོ། །ལིངྒའི་སྟེང་དུ་ཡུངས་ཀར་ལ་སོགས་ཐུན་སྣ་ཚོགས་ཀྱང་བརྡལ་ལ་བཞག་གོ །འཇམ་དཔལ་དམར་པོའི་སྒྲུབ་ཐབས་བར་ཆད་སྲུང་བའི་མན་ངག་རྗེ་དམ་པ་རྒྱ་གར་ནས་བརྒྱུད་པ༌། ཆོ་ག་འདི་ལ་སྔགས་ཀྱི་གནད་དང༌། ཏིང་ངེ་འཛིན་གྱི་གནད་དང༌། བསྲུང་འཛིན་རྣམས་ལེགས་པར་འཛོམ་ན་འགྲུབ་པ་ལ་ཐེ་ཚོམ་མེད་དོ།། ༈ །དབང་སྡུད་ཀྱི་འཁོར་ལོ་ནི་པདྨ་འདབ་བརྒྱད་དམར་པོའི་ལྟེ་བར་རལ་གྲི་དམར་པོའི་རྩེ་མོར་ཧྲཱིཿ རྩ་བར་དྷཱིཿ བར་དུ་བསྙེན་སྔགས་ཀྱི་ཤམ་བུར་ཆེ་གེ་མོ་ཝ་ཤཾ་མ་ན་ཡེ་སྭཱ་ཧཱ་དང༌།
འདབ་མ་བརྒྱད་ལ་ཧྲཱིཿདྷཱིཿའི་བར་དུ་གོང་དང་མཚུངས་པར་བཀོད། མུ་ཁྱུད་ནང་མ་ལ་ཨཱ་ལི་མགོ་ཕྱིར་བསྟན། རྒྱབ་མ་ལ་ཀཱ་ལི་མགོ་ནང་བསྟན། དེའི་རྒྱབ་རྟེན་འབྲེལ་སྙིང་པོ་བྲི། རལ་གྲིའི་གཡས་མངོན་པར་ཤེས་པ་ལ་སོགས་དངོས་གྲུབ་གང་འདོད་པ་དང༌། རཱ་ཛ་ཕོ་རིགས་ཐམས་ཅད་མྱུར་དུ་ཁུག་ཅིག་བྲི། གཡོན་དུ་ལོངས་སྤྱོད་སྐྱེལ་བའི་མོ་རིགས་ཐམས་ཅད་དང༌། རིགས་ཀྱི་མ་རྣམས་མྱུར་དུ་ཁུག་ཅིག་བྲི། གསང་བའི་འཁོར་ལོའི་དབུས་སུ་རང་གི་གསང་མཚན་བྲི། རྩིབས་བཞི་ལ་ནི་སྔ་མ་ལྟར་བྱའོ།། ༈ །འཇམ་དཔལ་སྨྲ་བའི་སེང་གེ་ཡི། །སྒྲུབ་ཐབས་ཉིན་བྱེད་ཅེས་བྱ་བ། །བློ་གྲོས་པདྨོ་ཁ་འབྱེད་ཅིང༌། །མི་ཤེས་སྨག་རུམ་སེལ་བྱེད་བཞུགས། །ན་མསྶངྒུ་རུ་པཱ་དཱ་ཡ། འདིར་རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེ་ཡབ་ཡུམ་བསྒོམ་པར་འདོད་པའི་གང་ཟག་གིས། ངག་གིས་རྫུན་སྨྲ་བ་དང༌། ལུས་ཀྱི་ཤ་ཆང་སོགས་བསྟེན་པ་དང༌། སེམས་ཀྱིས་འཁོན་འཛིན་དང་ཞེ་སྡང་ལ་སོགས་པ་སྤངས་ཤིང་གཙང་སྦྲ་དང་ལྡན་པར་བྱས་ལ། འགྲོ་བ་ཀུན་ལ་བུ་གཅིག་པ་ལྟ་བུའི་སྙིང་རྗེ་སྔོན་དུ་འགྲོ་བས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ཞེས་སྒོ་གསུམ་རྩེ་གཅིག་པས་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པས་སྐྱབས་ཡུལ་རྣམས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་འཇམ་པའི་དབྱངས་ཡབ་
ཡུམ་གྱི་སྒོམ་བཟླས་ཉམས་སུ་བླང་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་ནས། རང་སྐད་ཅིག་གིས་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་པའི་དབྱངས་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ནས། ཨོཾ་ཨཱརྻ་མཉྫུ་ཤྲཱི་སྭ་ར་སྭ་ཏྭི་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ། «ནས»། ནཻ་ཝི་དྱ་ཨཱཿཧཱུྃ་གིས་མཆོད། དེ་རྣམས་ཀྱི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་གྱིས་བདུན་རྣམ་དག་བྱས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚངས་པའི་གནས་བཞི་བསྒོམ་པ་རྣམས་སྔོན་དུ་སོང་ནས། དངོས་གཞི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སིཾ་ཡོངས་སུ་གྱུར་པ་ལས་སེང་གེ་སྔོན་པོ་མགོ་བོ་གཡས་སུ་བསྟན་པའི་སྟེང་དུ་པདྨ་དང་ཉི་མའི་དབུས་སུ་དྷཱིཿཡིག་དམར་སེར་དང༌། དེའི་མདུན་གྱི་ས་གཞིར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿཡིག་མཐིང་ཞུན་གྱི་མདོག་ལྟ་བུ་དེ་གཉིས་ལས་འོད་ཟེར་འཕྲོས་པས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡི་གེ་གཉིས་ལ་ཐིམ་ཞིང་དྷཱིཿཡིག་ཡོངས་སུ་གྱུར་པ་ལས། «འདིར་ཡི་གེ་རྙིང་པ་རྣམས་ལས་ཡབ་ཡུམ་ཐ་དད་དུ་བྱས་ནས་བསྐྱེད་པ་ནི་གཞུང་ནས་རིལ་བུ་སྒྲུབ་ཚུལ་གསུངས་པས་འཁྲུལ་གཞི་བྱས་པར་སྣང་བས་གཞུང་དོན་མ་ཡིན་ནོ།་་་་་»རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེ་གུར་གུམ་གྱི་མདོག་ལྟ་བུ། གཞོན་ནུ་ལང་ཚོ་ལ་བབས་པ་སྒེག་ཅིང་ཞི་བའི་ཉམས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཞལ་འཛུམ་བག་དང་ལྡན་པ་དབུ་སྐྲ་ནག་པོ་ཐོར་ཅོག་གྱེན་དུ་བསྒྲེངས་པའི་རྩེར་ཡིད་བཞིན་གྱི་ནོར་བུས་མཛེས་ཤིང་ལྷག་མ་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ་དང༌། མདུན་གྱི་ཧྲཱིཿཡིག་ཡོངས་སུ་གྱུར་པ་
ལས་དབྱངས་ཅན་མ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཞབས་གཉིས་ཙོག་པུར་ཕྱེད་ཀྲུང་གིས་བཞུགས་ཤིང༌། ནུ་འབུར་ཟུང་དང་ལྡན་པ། འཛུམ་ཞིང་སྒེག་པའི་ཆ་ལུགས་ཅན། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ལྕང་ལོའི་ཚུལ་དུ་འཕྱང་བ་སྟེ། གཉིས་ཀའི་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱི་བར་ནས་ཨུཏྤལ་སྡོང་བུ་དང་བཅས་པ་གཡས་གཡོན་དུ་གྱེས་པ་སྙན་གྱི་ཐད་ཀར་སླེབས་པའི་སྟེང་ན་རལ་གྲི་དང་པུསྟི་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པར་བསྐྱེད་པ་ནི་བསྙེན་པའི་ཡན་ལག་གོ །དེ་ནས། ཡབ་ཡུམ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་སྟོད་དུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་རལ་གྲི་སོར་བཞི་པའི་ཡུ་བ་ཧྲཱིཿདང་ཧྲཱི་ཡིག་གིས་མཚན་པའི་མཐར་རྩ་སྔགས་དང༌། རྩིབས་ལ་ཨཱ་ལི་དང་མུ་ཁྱུད་ལ་ཀཱ་ལི་རྣམས་གནས་པ་ཞེས་བརྗོད་པ་ནི་ཉེར་སྒྲུབ་ཀྱི་ཡན་ལག་གོ །དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་འཇམ་པའི་དབྱངས་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མ་ཛཿ ཞེས་པས་སྤྱན་དྲངས་ལ་གོང་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ་པ་ནི་སྒྲུབ་པའི་ཡན་ལག་གོ །སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་པས་མཆོད་ཅིང་དེ་རྣམས་ལ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ།«་་་་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ།» ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་སོགས་ནས། ཤྲཱི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་
ཡར་ལུད་པ་ལས། ཡབ་ལ་མི་བསྐྱོད་པ་དང༌། ཡུམ་ལ་གཙོ་བོས་དབུར་བརྒྱན་པའམ། གཉིས་ཀ་ལ་མི་བསྐྱོད་པས་དབུར་བརྒྱན་ཞེས་བརྗོད་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དེ་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་ལ་ཡུན་རིང་དུ་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་ན་བཟླས་པ་བྱ་སྟེ། ཐུགས་ཀའི་འཁོར་ལོ་ཕྱག་མཚན་ས་བོན་སྔགས་ཕྲེང་རྣམས་སྔར་བཞིན་གསལ་བར་དམིགས་ལ། དེ་རྣམས་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ནས་ཡབ་ཡུམ་གྱི་གོ་འཕངས་ལ་བཀོད་དེ་འཁོར་བ་མཐའ་ཅན་དུ་བྱས་པར་བསམ། ཡང་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་སྔོན་གྱི་སྨོན་ལམ་བསྐུལ་ཏེ་མཁྱེན་བརྩེ་ནུས་པ་ཐམས་ཅད་འོད་དམར་སེར་གྱི་རྣམ་པར་བྱས་ནས་ཚུར་བྱོན་བདག་གི་སྙིང་གའི་འཁོར་ལོ་ཕྱག་མཚན་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ། ཡང་དེ་རྣམས་ལས་འོད་ཟེར་ལི་ཁྲིའི་མདོག་ལྟ་བུ་འཕྲོས་པས་བདག་གི་སྣ་བུག་གཡས་ནས་ཐོན། ལྷ་མོའི་སྣ་བུག་གཡོན་ནས་ཞུགས། ཐུགས་ཀའི་འཁོར་ལོ་ཕྱག་མཚན་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་ལྷ་མོའི་ཐུགས་རྒྱུད་བསྐུལ་ཏེ། མཁྱེན་པའི་ཡེ་ཤེས་འོད་ཟེར་ཨཱ་ལི་ཀཱ་ལིའི་རྣམ་པར་ཚུར་བྱོན་ནས་བདག་གི་ཐུགས་ཀར་ཐིམ་པས་སྔོན་བསགས་ཀྱི་མ་རིག་པ་ལ་སོགས་པ་ཐམས་ཅད་སྦྱངས་ནས། ཇི་ལྟ་བ་དང༌། ཇི་སྙེད་པ་ཐམས་ཅད་ལ་ཐོགས་པ་མེད་པར་བསམ། སླར་ཡང་ཕར་འཕྲོ་བ་སོགས་འཁོར་བའི་ཚུལ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ལ། ངག་ཏུ། ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་སྭ་ར་སྭ་ཏཱི་མཉྫུ་ཤྲཱི་མུཾཿཧྲཱིཿཔྲ་ཛྙཱ་ཝརྡྷཱ་ནི་ཧྲཱིཿདྷཱིཿསྭཱ་ཧཱ།«་་་་་མཆོག་སྟེར་ས་བོན། བདག་ལ་གསལ་བར་དབྱངས་ཅན་མ་འཇམ་དཔལ་ས་བོན། ཤེས་རབ་འཕེལ་ལ་གཞི་ཚུགས། བདག་ལ་གསལ་བ་ལ་དབྱངས་ཅན་མ་འཇམ་དཔལ། ཤེས་རབ་གསལ་བ་ལ་གཞི་ཚུགས།» ཞེས་བཟླ་བར་བྱའོ། །བསྙེན་པའི་ཚད་ནི་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་ཡིན་ནོ། །དེ་ལྟར་བཟླས་པས། རྨི་ལམ་དུ། འོད་དང༌། དུ་བ་དང༌། རྔའི་སྒྲ་ཐོས་པ་དང༌། མེ་ཏོག་
རྒྱས་པ་མཐོང་བ་དང༌། ཞིང་རྨོ་བ་དང༌། མེ་ཏོག་སེར་པོ་སྡུད་པ་དང༌། ཉི་ཟླ་ཤར་བ་ལ་སོགས་པ་ཤེས་རབ་འཕེལ་བའི་རྟགས་རྣམས་འབྱུང་ངོ༌། །རྟགས་འདི་རྣམས་སྒྲུབ་པའི་ཚེའང་ཤེས་པར་བྱ་ཞིང་སྒྲུབ་པ་དངོས་ནི་གཞུང་ན་གསལ་བ་ལྟར་བྱའོ། །དེ་ལྟར་བསྙེན་ཅིང་བསྒྲུབས་ཀྱང་མ་འགྲུབ་ན། སླར་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་པའི་བསམ་པས་ཟིན་པར་བྱས་ལ། རང་ཉིད་ལྷ་མོ་དང་དེ་ལ་མདུན་དུ་འཇམ་དཔལ་བསྐྱེད། སྔགས་ལ། དྷཱིཿཧྲཱིཿམཉྫུ་ཤྲཱི་སྭ་ར་སྭ་ཏཱི་དྷཱིཿཧྲཱིཿསྭཱ་ཧཱ། ཞེས་པ་རྣམས་སུ་བསྒྱུར་ནས་སྔགས་ཀྱི་འོད་ཟེར་དམར་པོས་འཇམ་དཔལ་གྱི་དམ་བཅའ་བསྐུལ་བས་བདག་ལ་ཞལ་སྟོན་ཞིང་རྗེས་སུ་འཛིན་པར་བསམས་ལ་བཟླ་སྟེ་སྤོགས་པའི་ཆོ་གའོ། །དེ་ནས་ཐུན་ལས་ལྡང་བའི་ཚེ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་བསལ་ནས་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ལྷ་མོ་གདན་དང་བཅས་པ་དང༌། བདག་གི་གདན་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་ཞེས་བརྗོད་ཅིང་དགེ་བ་བྱང་ཆུབ་ཆེན་པོར་བསྔོས་ལ་ཐུན་མཚམས་སུ་གཏོར་མ་འབུལ་བར་བྱ་སྟེ། དཀར་གཏོར་གཙང་མ་ཆབ་ཀྱིས་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭཱ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་དང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས་གྲུབ་ན་ཡབ་ཡུམ་ཡན་ལག་བཞི་རྫོགས་སུ་བསྐྱེད། མ་གྲུབ་ན་སྐད་ཅིག་གིས་བསྐྱེད་པའམ། རང་བཞིན་གྱི་གནས་ནས་སྤྱན་དྲངས་ཏེ། སྔགས་རིང་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ལ་སོགས་པས་ཕུལ་ལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་ཚོགས་ཞིང་གི་སྐབས་ལྟར་མཆོད། གཞོན་ནུའི་སྐུ་ལུས་སོགས་དང༌། རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །
རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་འོངས་ཤིང༌། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་བའི། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། བསྐྱེད་ཆོག་རྒྱས་པ་བྱས་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། རང་གནས་ནས་སྤྱན་དྲངས་པ་ཡིན་ནའང༌། གཤེགས་སུ་གསོལ་ལ། དེ་ནས་ཐུན་གྱི་བྱ་བ་གཞན་རྣམས་ཀྱང་བྱའོ། །ཞེས་པ་འདི་ནི་སཏྭི་ཏས་མཛད་པའི་རྒྱ་གཞུང་དང༌། བོད་ཀྱི་ཡི་གེ་རྙིང་པ་རྣམས་ཀྱི་དགོངས་པ་བཞིན་དུ། རང་ཉིད་དྲན་གསོ་བལྟ་བའི་ཆེད་དང༌། མཆེད་གྲོགས་དམ་པ་རཏྣ་རསྨིའི་གསུང་གིས་ཀྱང་བསྐུལ་བ་ལ་བརྟེན་ནས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་ཡོངས་འཛིན་དམ་པ་བྲང་ཏི་ནམ་མཁའ་དཔལ་བཟང་པོའི་ཞབས་ཀྱི་ཆུ་སྐྱེས་སྤྱི་བོའི་རྒྱན་དུ་འཛིན་པའི་བནྡེ་དཔལ་གྲུབ་ཀྱིས་ཨེ་ཝཾ་ཆོས་འཁོར་རྩེར་བྲིས་པའོ། །ཨི་དཾ་ཤཱ་ས་ནཉྩ་སརྦ་ས་ཏྭཱཾ་ཧི་ཏོ་བྷ་བནྟུ།། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། ༈ །འཇལ་དཔལ་སྨྲ་བའི་སེང་གེའི་རྗེས་གནང་གི་ཆོ་ག་བཀླགས་པས་དོན་གྲུབ་བཞུགས་སོ། །ན་མསྶངྒུ་རུ་པཱ་དཱ་ཡ། འདིར་རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེའི་སྒོ་ནས་བྱང་ཆུབ་སྒྲུབ་པར་འདོད་པའི་སློབ་མ་ལ་འདིའི་རྗེས་གནང་སྦྱིན་པར་བྱ་སྟེ། སྟེགས་ཇི་ལྟར་རིགས་པའི་སྟེང་དུ་རས་སམ་ཤོག་བུ་ལ་སྣ་ཚོགས་པད་མ་འདབ་བརྒྱད་བྲིས་པ་དགྲམ། དེའི་དབུས་སུ་མཚན་ཉིད་དང་ལྡན་པའི་བུམ་པར་ཆུ་གཙང་དང་དྲི་ལྔ་སོགས་ཐུན་མོང་གི་རྫས་ཉེར་ལྔ་བླུགས་པའི་སྟེང་དུ། དུང་ཆོས་རྡོར་གཟུངས་དང་བཅས་པ་དང༌། འདབ་མ་རྣམས་ཀྱི་ཤར་དུ་འཇམ་དཔལ་གྱི་སྐུ། ལྷོར་ལྷུང་བཟེད་དམ་རིན་པོ་ཆེའི་སྣོད་དུ་སྨན་གྱི་རིལ་བུ། ནུབ་ཏུ་མཚན་བརྗོད་ཀྱི་གླེགས་བམ། བྱང་དུ་རིན་པོ་ཆེའི་སྣོད་འབྲས་བུས་བཀང་བར་རལ་གྲི་བཙུགས་ལ་བཞག དེའི་མཐར་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་གྲུ་བཞི་དང་ཤར་དུ་གཏོར་མ་བཤམ། དེ་རྣམས་ཀྱི་སྟེང་དུ་དར་དམར་སེར་གྱི་གུར་ཕུབ་ལ། དེ་ནས་མཆོད་པ་རྣམས་ཨ་མྲྀ་ཏས་བསང༌།
སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་ཞེས་དང༌། དྷརྨཱ་ར་ཎི་ཏས་རོལ་མོ་བྱས་ལ། སྐྱབས་འགྲོ་ནས་བརྩམས་ཏེ་གདན་བསྡུ་བའི་བར་སྒྲུབ་ཐབས་ཇི་ལྟ་བ་བཞིན་བྱའོ། །དེ་ནས་མདུན་གྱི་དཀྱིལ་འཁོར་བསང་སྦྱང༌། སྟོང་པའི་ངང་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིར་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་«་་་་་སྤྲོ་ན་ཞབས་ཞུམ་པ་སོགས་སྤྱི་དང་མཐུན་པར་བསྐྱེད། »ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་ནང་དུ། སིཾ་ཡིག་ཡོངས་སུ་གྱུར་པ་ལས། ཞེས་པ་ནས་དེའི་སྟེང་དུ་པདྨ་དང་ཉི་མའི་དབུས་སུ་དྷཱིཿཡིག་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་པའི་དབྱངས། སྨྲ་བའི་སེང་གེ་སོགས་ནས། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ་ཞེས་པའི་བར་སྒྲུབ་ཐབས་བཞིན་ཡབ་རྐྱང་དང༌། ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ། ཤར་དུ་དྷཱིཿཡོངས་སུ་གྱུར་པ་ལས་འཇམ་དཔལ་སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པ། ལྷོར་ཧྲཱིཿཡོངས་སུ་གྱུར་པ་ལས་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ་ཕྱག་མཚན་སོགས་གོང་དང་འདྲ་བ། ནུབ་ཏུ་ཨ་ཨཱ་སོགས་ནས་ཨཾ་ཨཿའི་བར་དང༌། ཀ་ཁ་སོགས་ནས་ཀྵའི་བར་ཚར་གཅིག་བརྗོད་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས་སྒྱུ་འཕྲུལ་དྲྭ་བའི་གླེགས་བམ་དང༌། བྱང་དུ་དྷཱིཿཡོངས་སུ་གྱུར་པ་ལས་རལ་གྲི་མེ་འབར་བ་རྣམས་སུ་གྱུར། ཅེས་པས་བསྐྱེད། ལྷ་རྣམས་ཀྱི་གནས་གསུམ་བྱིན་རླབས་སོགས་གཞན་རྣམས་སྒྲུབ་ཐབས་དང་འདྲ་བ་ལས། གསོལ་གདབ་ཀྱི་
ཚེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་ཞེས་པ་དང༌། རྒྱས་འདེབས་ལ་ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གསུམ་ཀ་ལ་མི་བསྐྱོད་པས་དབུར་བརྒྱན་ཞེས་བརྗོད། དེ་ནས་མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། གཞོན་ནུའི་སྐུ་ལུས་སོགས་དང༌། རྒྱལ་བ་ཀུན་གྱི་སོགས་ཀྱིས་བསྟོད་ཅིང༌། སྒྲུབ་ཐབས་ལྟར་གཏོར་མ་ཕུལ་ཏེ། གཟུངས་ཐག་ནས་བཟུང་ལ། བདག་གི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་གཟུགས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་ནང་གི་འཇམ་དཔལ་གྱི་ཐུགས་རྒྱུད་བསྐུལ་ཏེ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་བསམས་ལ་བཟླས་པ་ཅི་མང་བྱས་ཏེ། མཐར་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་ཞེས་སོགས་ཀྱིས་གསོལ་བ་བཏབ་ནས་གོང་ལྟར་མཆོད་བསྟོད་བྱས་ལ། ཨརྒྷཾ་སྭཱ་ཧཱས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་འཇམ་པའི་དབྱངས་ཞུ་བ་ལས་བྱུང་བའི་ཆུར་གྱུར། ཅེས་དང༌། དབྱངས་ཅན་མ་ཞུ་བ་ལས་བྱུང་བའི་སྨན་གྱི་རིལ་བུར་གྱུར་«་་་་་འདི་མ་བསྒྱུར་ཀྱང་རུང་བར་སྣང་»ཅེས་བརྗོད་དོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་རྣམས་དྲི་མ་མེད་པའི་ལུང་ལས་འབྱུང་བ་ལྟར་བཤད་ལ། སློབ་མས་སློབ་དཔོན་འཇམ་དཔལ་དབྱངས་དངོས་སུ་བསམས་ལ། མཎྜལ་ཕུལ་ཏེ། ཐལ་མོ་སྦྱར་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སོགས་ལན་གསུམ་གྱིས་གསོལ་བ་བཏབ་ནས་སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང༌། གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་དམིགས་ཏེ། དེ་རྣམས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད་བྱས་
ལ། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག ཅེས་ལན་གསུམ་དང༌། ཁྱད་པར་གྱི་གསོལ་བ་འདེབས་པའི་རྗེས་ཟློས་ཀྱང་ལན་གསུམ་གྱི་བར་དུ་མཛོད། ཅེས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་རྗེ་བཙུན་འཇམ་པའི་དབྱངས་ཡབ་ཡུམ་གྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་ཏུ་གསོལ། ཞེས་བརྗོད། དེ་རྣམས་སྔོན་འགྲོ་ཡིན། དངོས་གཞིའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། ཁྱད་པར་རྣམ་སྨིན་གྱི་ལུས་དང་ཕྱི་རོལ་སྣོད་བཅུད་དུ་སྣང་བ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་སྦྱངས་པའི་མོས་པ་མཛོད། ཨོཾ་ཤཱུ་ནྱ་ཏཱ་སོགས་དང༌། སྟོང་པའི་ངང་ལས་སིཾ་ཡིག་ཡོངས་སུ་གྱུར་པ་ལས་ཞེས་པ་ནས་ཐུགས་ཀའི་འཁོར་ལོ་གསལ་འདེབས་པའི་བར་སྒྲུབ་ཐབས་ལྟར་བྱ། དེ་ནས་སློབ་དཔོན་ལ་གུས་འདུད་ཆེར་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་རྣམས་བསྡུས་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་སྔགས་རིང་བརྗོད་ཅིང་དྲིལ་གསིལ་བྱ། དེ་ནས་སློབ་དཔོན་གྱིས་བུམ་པ་ཐོགས་ཏེ་སློབ་མའི་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །རྒྱུ་བཟང་དབྱིབས་ལེགས་རིན་ཆེན་བུམ། །འཇམ་པའི་དབྱངས་སུ་བྱིན་བརླབས་ནས། །མི་བསྐྱོད་ཆུ་ཡི་དབང་བསྐུར་རོ། །ཨོཾ་ཧྲཱིཿདྷཱིཿསོགས་ནས་ཝརྡྷཱ་ནི་ཧྲཱིཿདྷཱིཿཨ་བྷི་ཥིཉྩ་མཱི།«་་་་་འདི་རྒྱས་འདེབས་ཐོབ་པ་འདྲ་ནའང་ཡིག་རྙིང་ན་མི་སྣང༌།» ཞེས་བརྗོད་ཅིང་བུམ་ཆུ་བླུད། སླར་ཡང་འཇམ་དཔལ་གྱི་སྐུ་ལག་ཏུ་གཏད་པས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་སྒྲིབ་པ་དག འཇམ་དཔལ་ཡབ་ཡུམ་གྱི་སྐུ་བསྒོམ་པ་ལ་དབང་བར་བྱས་སྙམ་དུ་མོས་སུ་གཞུག དེ་ནས་སྨན་གྱི་རིལ་བུ་སློབ་དཔོན་གྱིས་ཁྱེར་ལ། སངས་རྒྱས་ཀུན་གྱིས་བྱིན་
བརླབས་པའི། །དཔའ་བོ་བཅུ་གཉིས་སྦྱར་བའི་བཅུད། །དབྱངས་ཅན་ལྷ་མོར་བྱིན་བརླབས་ནས། །རིན་འབྱུང་ཡོན་ཏན་དབང་བསྐུར་རོ། །ཨོཾ་ཧྲཱིཿདྷཱིཿསོགས་གོང་བཞིན་བརྗོད་ཅིང༌། ལག་པ་གཡས་སུ་བྱིན་པ་ལྟེ་བར་འཛིན་དུ་བཅུག་ལ་རིལ་བུ་དབྱངས་ཅན་མ་དངོས་སུ་བསམས་ལ་མཐར་མིད་པས་ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེ་བར་མོས་སུ་གཞུག དེ་ལྟར་ན་ཁྱེད་ཀྱིས་ཡོན་ཏན་གྱི༴ ཡོན་ཏན་གྱི་བར་ཆད༴ འཇམ་དཔལ་ཡབ་ཡུམ་གྱི་ཡོན་ཏན་དང་མཉམ་པར་བྱིན་གྱིས་བརླབས་པར། ཡང་སློབ་དཔོན་གྱིས་གླེགས་བམ་བྱིན་ལ། རྡོ་རྗེ་གླུ་ཡི་མགུར་བླངས་པའི། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཨཱ་ལི་ཀཱ་ལིར་བྱིན་བརླབས་ནས། །མཐའ་ཡས་གསུང་གི་དབང་བསྐུར་རོ། །ཨོཾ་ཧྲཱིཿདྷཱིཿསོགས་བརྗོད་ཅིང་མགྲིན་པར་རེག་ཙམ་བྱས་ནས་ལག་པ་གཡོན་དུ་གཏད་པ་སྙིང་གར་འཛིན་པའི་སྟངས་ཀ་བྱེད་དུ་བཅུག་ལ། སློབ་མའི་གཙོ་བོ་གཅིག་ལ་ཕྲེང་བའི་སྣ་གཏད་དེ་དཔོན་སློབ་གཉིས་ཀ་འཇམ་དཔལ་དུ་གསལ་བའི་ཐུགས་ཀའི་འཁོར་ལོ་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཀྱི་ཕྲེང་བ་བྱུང་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམ་ཞིང༌། སྔགས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་རྗེས་ཟློས་བྱེད་དུ་གཞུག སྤྲོ་ན། སློབ་མས་མེ་ཏོག་དང་བཅོམ་ལྡན་བདག་ལ་སོགས་གསུམ་དང༌། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སོགས་གསུམ་དང་མེ་ཏོག་གཏོར། དེ་ནས་པུསྟི་མགྲིན་པར་ཐིམ་པས་གསུང་གི༴ ངག་གི༴ འཇམ་དཔལ་ཡབ་ཡུམ་གྱི་གསུང་བཟླས་བརྗོད་ལ་དབང༌། སླར་ཡང་སློབ་དཔོན་གྱིས་རལ་གྲི་ཐོགས་ཏེ། ཤེས་རབ་རལ་གྲི་རྣོན་པོ་ཡིས། །ཉོན་མོངས་མི་ཤེས་མ་ལུས་གཅོད། །ཡེ་ཤེས་སེམས་དཔར་བྱིན་གྱིས་བརླབས། །ཕྱག་མཚན་རལ་གྲིའི་དབང་བསྐུར་རོ། །ཨོཾ་ཧྲཱིཿདྷཱིཿསོགས་བརྗོད་ཅིང་ལག་པ་གཡས་པར་བྱིན་པ་འཕྱར་བའི་ཚུལ་དང༌། སྙིང་གར་ཡང་རེག་ཏུ་བཅུག་ལ། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་
ངོ་བོ་མི་ཤེས་པ་གཅོད་པར་བྱེད་པའི་རལ་གྲི་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་དང་ཕྲིན་ལས་ཀྱི༴ སེམས་དང་ཕྲིན་ལས་ཀྱི་ཉེས་པ༴ ཐུགས་རྣམ་པར་མི་རྟོག་པ་བསྒོམ་པ་དང༌། ཕྲིན་ལས་སྒྲུབ་པ་ལ་དབང༌། དེ་རྣམས་ལ་སྐུ་དང་ཡོན་ཏན་དང་གསུང་དང་ཐུགས་དང་ཕྲིན་ལས་གཅིག་ཏུ་བྱས་པའི་རྗེས་གནང་ངོ༌། །ཞེས་སོགས་སོ་སོར་བརྡ་སྤྲད་ལ། རྗེས་གཙོ་བོས་མཎྜལ། དེང་ནས་སོགས་སྤྱི་དང་མཐུན་པར་བྱས་ཏེ། སློབ་མ་རང་གནས་སུ་བཏང༌། སློབ་དཔོན་གྱིས་མཆོད་པ་བྱིན་གྱིས་བརླབས་ནས། མཚན་སྔགས་རེ་རེ་ནས་སྔོན་དུ་འགྲོ་བའི་མཆོད་བསྟོད་ཀྱི་མཐར་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང༌། འཇམ་དཔལ་གྱི་སྐུ་དང༌། གླེགས་བམ་དང་ཕྱག་མཚན་རྣམས་ལ་བརྟན་བཞུགས་བྱས་ཏེ། དགེ་བ་བསྔོ་ཞིང་བཀྲ་ཤིས་བྱའོ། །ཞེས་པ་འདི་ནི་ཐེག་མཆོག་འཛིན་པ་པུཎྜཱ་ཝ་ར་སིདྡྷཱིས་བཀའ་མཆིད་ནན་གྱིས་གནང་བ་ལྷུར་བླངས་ནས། ཡོངས་འཛིན་དམ་པ་རྣམས་ཀྱི་བྲན་དུ་རློམས་པའི་བནྡེ་དཔལ་གྲུབ་ཀྱིས་ཨེ་ཝཾ་ཆོས་འཁོར་རྩེར་བྲིས་པའོ། །སརྦ་སཏྭ་མངྒ་ལཾ་བྷ་བནྟུ། འདིའི་ཡིག་རྙིང་ཁ་ཅིག་ལས་རྗེས་གནང་ལ་སློབ་དཔོན་འཇམ་དཔལ་དུ་གསལ་བའི་ལུས་ལས་འཇམ་དཔལ་གྱི་སྐུ་དང༌། དབྱངས་ཅན་མ་རིགས་མི་འདྲ་བ་སྤྲོ་བ་དང༌། སྒྲུབ་ཐབས་ལ་བསྐྱེད་རྫོགས་བྱས་པར་སྣང་ཡང་བློ་ལྡན་རྣམས་ཀྱིས་དཔྱད་པའི་གནས་ཏེ་ལུང་དང་བསྟུན་དགོས་པའི་ཕྱིར་རོ། །མངྒ་ལཾ།། ༈ །འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་སྐོར་ཉིན་བྱེད་སྣང་བ་བཞུགས་སོ། །ན་མསྶངྒུ་རུ་པཱ་དཱ་ཡ། འཇམ་དབྱངས་སྨྲ་བའི་སེང་གེའི་གྲངས་ཀྱི་བསྙེན་པ་མཐར་ཕྱིན་པའི་གང་ཟག་གིས་ཤེས་རབ་འཕེལ་བའི་ཕྱིར་བོགས་འདོན་དུ་སྒྲུབ་པར་བྱེད་པའི་ཚུལ་ལ། ཐོག་མར་རྫས་བསགས་པ་ནི། སྤང་རྒྱན་དཀར་པོ། རྩ་ཨ་བ། མཚལ་དཀར་སླད་མེད། ཡུང་བ། ཙནྡན་དཀར་པོ། ཨ་ག་རུ་ནག་པོ། སྤང་སྤོས། དབང་པོ་ལག་པ། ཤུ་དག་དཀར་པོ། ཨ་རུ་ར་གསེར་
མདོག རྒྱ་སྐྱེགས། ཤིང་མངར་རྣམས་ཞིབ་པར་བརྡུངས་ལ། གཙང་སྦྲ་ཤིན་ཏུ་ཆེ་བས་སྦྲང་རྩི་དང་བ་དམར་མོའི་འོ་མ་བསྲེས་པས་སྦྲུས་ལ། རིལ་བུ་སྲན་མ་ཆེ་བ་ཙམ་ཅུང་ཟད་ལེབ་པར་བྱས་པའི་ངོས་གཉིས་ལ་གུར་གུམ་གིའུ་ཝཾ་རྒྱ་སྐྱེགས་རྣམས་བསྲེས་པའི་ཆུས་དྷཱི་དང་ཧྲཱིཿབྲིའོ། །དེ་ནས་དར་རམ་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་པདྨ་འདབ་བརྒྱད་མུ་ཁྱུད་གཉིས་པ་བྲིས་པའི་ལྟེ་བར་རལ་གྲིའི་ཡུ་བ་ལ་དྷཱིཿདང་རྩེ་མོ་ལ་ཧྲཱིཿབྲིས་ལ། རལ་གྲིའི་མཐར་ཨོཾ་ཧྲཱིཿདྷཱིཿསོགས་རྩ་སྔགས་དང༌། པད་འདབ་ལ་ཨཱ་ལི་གཉིས་གཉིས་ཏེ་བཅུ་དྲུག མུ་ཁྱུད་ནང་མ་ལ་ཀཱ་ལི་སོ་གཉིས། ཕྱི་མ་ལ་ཡེ་དྷརྨ་རྣམས་མདུན་ནས་གཡོན་བསྐོར་དུ་བྲིས་པ་འོག་ཏུ་བཏིང་བའི་དབུས་སུ་རིལ་བུ་རྣམས་ཡི་གེ་མགོ་མཇུག་མ་ལོག་པར་བཞག སླར་ཡང་དར་རམ་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་གཉིས་དང༌། ལྡན་པ་བྲིས་པ་ལ། ལྟེ་བར་རལ་གྲི་དང་ཡིག་འབྲུ་ལ་སོགས་པ་ཇི་ལྟ་བ་བཞིན་པས་སྟེང་ནས་བཀབ། དེ་རྣམས་ལྷུང་བཟེད་དམ་རིན་པོ་ཆེའི་སྣོད་དུ་བཅུག་ལ། གྲུབ་ན་གཞི་གཙང་མའི་སྟེང་དུ་རྡུལ་ཚོན་སེར་པོས་པད་འདབ་བརྒྱད་བྲིས་པའི་དབུས་སུ་ཞལ་ཤར་དུ་ཕྱོགས་པས་བཞག་པའི་མཐར་ཆུ་གཉིས་སྔོན་འགྲོའི་མཆོད་པས་བསྐོར་བའམ་མདུན་དུ་བསྒྲིགས་ཀྱང་རུང་ལ། ཁྱད་པར་མེ་ཏོག་དམར་པོའི་མཆོད་པ་ཅི་འབྱོར་བཤམ། དེ་རྣམས་ཀྱི་སྟེང་དུ་དར་དམར་སེར་གྱི་གུར་ཕུབ་ཤར་ཕྱོགས་སུ་དཀར་གཏོར་གཙང་མ་གཅིག་ཀྱང་བཤམ། རྡུལ་ཚོན་མ་འབྱོར་ན་རས་སོགས་སེར་པོ་ལ་གཞི་བྱས་པས་རུང་ངོ༌། །དེ་ནས་རང་ཉིད་མཚམས་དམ་པར་བཅད་དེ་སྟན་བདེ་བ་ལ་འདུག་ནས་མཆོད་པ་བྱིན་རླབས་རྗེས་གནང་གི་ཡི་གེ་ནས་འབྱུང་བ་བཞིན་བྱས་ཏེ། སྒྲུབ་ཐབས་ལྟར་ཡབ་རྐྱང་གི་སྒོམ་བཟླས་རྫོགས་པར་བྱས་ལ། མདུན་བསྐྱེད་བསང་སྦྱང༌། སྟོང་པའི་ངང་ལས་སྨན་གྱི་རིལ་བུ་དབྱངས་ཅན་མར་སྒྲུབ་ཐབས་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་རྒྱབ་ཏུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པར་བཞུགས་པར་
བསམས་ལ། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ལ་སོགས་པས་བསྟོད་པ་བྱས་ཏེ། བདག་དང་ལྷ་མོའི་ཐུགས་ཀའི་འཁོར་ལོ་གསལ་བཏབ་ནས་བཟླས་པའི་དམིགས་པ་སྒྲུབ་ཐབས་བཞིན་ལས། ཁྱད་པར་ལྷ་མོའི་རྒྱུད་ཀྱི་སངས་རྒྱས་བྱང་སེམས་དང༌། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་སྨོན་ལམ་བསྐུལ་བས་མཁྱེན་བརྩེའི་ཡོན་ཏན་ཐམས་ཅད་བསྡུས་ནས་རིལ་བུ་ལྷ་མོར་བསྐྱེད་པ་ལ་ཐིམ་པར་བསམ་ཞིང༌། ཨོཾ་ཧྲཱིཿདྷཱིཿསོགས་ཐུན་རེ་ལ་ཅི་འགྲུབ་བཟླའོ། །ཐུན་ལས་ལྡང་བའི་ཚེ། མཆོད་བསྟོད་གཏོར་མ་འབུལ་བ་སྒྲུབ་ཐབས་ལྟར་བྱས་པའི་མཐར། གདན་འོད་དུ་ཞུ་ནས་རང་ལ་ཐིམ། དབྱངས་ཅན་མ་འོད་དུ་ཞུ་ནས་སྨན་གྱི་རིལ་བུར་གྱུར། ཅེས་བརྗོད་ལ་དགེ་བ་བསྔོ་བ་སོགས་བྱའོ། །དེ་ལྟ་བུ་ཐུན་གསུམ་མམ་བཞི་ལ་སོགས་པས། རིལ་བུ་རྒྱལ་ཆེན་བཞིར་མཐོང་ན། ཞེས་སོགས་ཀྱི་རྟགས་རྣམས་མ་བྱུང་གི་བར་དུ་བསྒྲུབ་བོ། །གལ་ཏེ་མ་གྲུབ་ན་སྤོགས་ཆོག་སྒྲུབ་ཐབས་ལྟར་བྱས་ལ་སྒྲུབ་པ་ཐོན་ནས་ཞག་ཉི་ཤུ་རྩ་གཅིག་བར་དུ་སྔ་དྲོ་ཟས་མ་ཟོས་པའི་གོང་དུ་རིལ་བུ་རེ་རེ་ཟོས་ལ་ལྷག་མ་རྣམས་རྫ་གསར་པའི་ཟ་མ་ཏོག་ཏུ་བླུགས་ནས་མཆོད་གྲལ་དུ་བཞག་པར་བྱ་སྟེ། གཞུང་ལས། དེ་ནི་ཤེས་རབ་གཏེར་དུ་སྦ། །ཞེས་གསུངས་པའི་དོན་ཡིན་ནོ། །ཡང་སྐབས་སྐབས་སུ་ཤེས་རབ་འགྲིབ་པའི་རྟགས་བྱུང་བའམ་མ་བྱུང་ཡང་རུང་རིལ་བུ་ནས་བཏོན་ལ་སྔགས་བཟླ་བཞིན་པས་ཟོས་ན་རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་སྐྱེ་བར་འགྱུར་རོ། །སྒྲུབ་པ་འདི་ནི་རྒྱལ་ཕུར་འཛོམ་པའི་དུས་སུ་གྲུབ་ན་རབ་ཡིན་ཞིང༌། མ་འཛོམ་ནའང་ཟླ་བ་ཡར་ངོའི་གཟའ་སྐར་བཟང་བ་གང་རུང་ལ་བྱས་པས་ཆོག་གོ །ཞེས་པ་འདིའང་བནྡེ་དཔལ་གྲུབ་ཀྱིས་ཡི་གེ་རྙིང་པ་རྣམས་ཀྱི་བཅུད་བསྡུས་ནས་ཨེ་ཝཾ་ཆོས་འཁོར་རྩེར་བྲིས་པའོ། །སརྦ་
དཱ་མངྒ་ལཾ།། ༈ །འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་གནང་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བློ་གྲོས་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཝེ། དུས་གསུམ་རྒྱལ་བ་སྲས་བཅས་ལེགས་སྐྱེད་པའི། །ཐབས་ཤེས་དབྱེར་མེད་ལྷ་མཆོག་ཡབ་ཡུམ་དང༌། །དམ་པ་སངས་རྒྱས་ཁ་ཆེ་གུ་ཧྱ་དང༌། །གླན་སྒོམ་ཡབ་སྲས་རྣམས་ལ་གསོལ་བ་འདེབས། །འོད་ཟེར་ཤཱཀྱ་ལེགས་པའི་བློ་གྲོས་དང༌། །ཀཱིརྟི་དྷྭ་ཛ་ཤེས་རབ་རྒྱལ་མཚན་ཞབས། །བློ་གྲོས་རྒྱལ་མཚན་གཞོན་ནུ་བློ་གྲོས་དང༌། །ཀུན་དགའ་བཟང་པོ་རྣམས་ལ༴ །གྲགས་པ་རྒྱལ་མཚན་ལེགས་པའི་འབྱུང་གནས་དང༌། །ལྷ་མཆོག་སེང་གེ་པྲ་ཛྙཱ་དྷྭ་ཛའི་ཞབས། །སྐྱེ་དགུའི་སྐྱབས་གཅིག་མཉམ་མེད་བཀའ་དྲིན་ཅན། །འདྲེན་མཆོག་བཟང་པོ་རྣམས་ལ༴ །དངོས་བརྒྱུད་བླ་མའི་ཚོགས་ལ་གསོལ་འདེབས་ཀྱིས། །མཐའ་ཡས་འགྲོ་ལ་བརྩེ་བའི་བསམ་སྦྱོར་དང༌། །མི་ཟད་འཁོར་བའི་ཆོས་ཀྱིས་ཡིད་ཕྱུང་སྟེ། །རྣམ་དག་ལམ་ལ་འཇུག་པར་བྱིན་གྱིས་རློབས། །མི་གཙང་ཁམས་ལས་གྲུབ་པའི་ཕུང་པོ་འདི། །སྣང་ཞིང་བརྗོད་མེད་ལྷ་སྐུར་རབ་བསྒོམས་པས། །མཐོང་བའི་མོད་ལ་སྡུག་བསྔལ་སེལ་བྱེད་པའི། །རྣམ་དག་མཚན་དཔེས་ཀུན་ནས་མཛེས་པར་ཤོག །ངག་གིས་ཉེས་པར་སྤྱོད་པ་ཀུན་སྤངས་ཏེ། །དག་གསལ་སྔགས་ཀྱི་བཟླས་པ་རབ་བརྗོད་པས། །འགྲོ་ཀུན་མ་རིག་གཉིད་ལས་སད་བྱེད་པའི། །ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པར་ཤོག །དེ་ལྟར་བསྒོམ་དང་བཟླས་པའི་རྣལ་འབྱོར་རྣམས། །མ་ཡེངས་རྩེ་གཅིག་སེམས་ཀྱིས་ལེགས་སྤྱད་པས། །འཇའ་ཚོན་བྲག་ཅ་ལྟ་བུར་ཤེས་བྱས་ནས། །སྤྲོས་ཀུན་ཉེར་ཞིའི་ཆོས་དབྱིངས་རྟོགས་པར་ཤོག །མདོར་ན་སྐྱེ་ཞིང་སྐྱེ་བ་ཀུན་གསལ་ཀློང༌། །དམིགས་མེད་སྙིང་རྗེའི་རྟ་བདུན་གྱིས་དྲངས་ནས། །སྣ་ཚོགས་ཐབས་ཚུལ་འོད་སྟོང་རབ་སྤྲོས་ཏེ། །སྲིད་མཚོ་སྐམས་པའི་ཉི་མར་
བདག་གྱུར་ཅིག །ཅེས་པ་འདི་ནི་སེམས་རྒྱུད་ཀྱི་ནོར་བུ་ལེགས་པར་སྦྱངས་ན་ཕན་བདེའི་དགའ་སྟོན་འབྱུང་བར་རིག་ནས་དེ་སྦྱོང་བྱེད་ཐབས་སུ་རྗེ་བཙུན་དམ་པ་བྲང་ཏི་ག་ག་ན་ཤྲཱི་བྷ་དྲ་ལ་སོགས་པའི་ཡོངས་འཛིན་དག་གི་ཞབས་རྡུལ་ལ་བཞིན་དུ་ལོངས་པར་རེ་བའི་དཔལ་ལྡན་དོན་གྲུབ་ཀྱིས་བྲིས་པའོ།། ༈ །བརྒྱུད་པའི་ཁ་སྐོང་ནི། ལྷ་མཆོག་སེང་གེ་པྲ་ཛྙཱ་དྷྭ་ཛའི་ཞབས། །ཞེས་པའི་མཚམས་སུ། ནམ་མཁའ་དཔལ་བཟང་དཔལ་ལྡན་དོན་གྲུབ་དང༌། །ཤེས་རབ་འབྱུང་གནས་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་བཟང་པོ་སངས་རྒྱས་ཕུན་ཚོགས་ཞབས། །བསྟན་འཛིན་ལྷུན་གྲུབ་ནམ་མཁའ་བསམ་འགྲུབ་དང༌། །ཀུན་དགའ་བློ་གྲོས་ཀུན་དགའ་མཁས་གྲུབ་དབང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མའི་སོགས་དང་སྦྲེལ་ལོ། །ཞེས་པའང་མཉྫུ་གྷོ་ཥས་སོ།། ༈ །འཇམ་དབྱངས་སྨྲ་སེང་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །མཁྱེན་རབ་དབང་ཕྱུག་འཇམ་དཔལ་སྨྲ་བའི་སེང༌། །ངག་གི་དཔལ་མོ་རྗེ་བཙུན་དབྱངས་ཅན་མ། །གྲུབ་པ་མཆོག་བརྙེས་དམ་པ་སངས་རྒྱས་ལ། །གསོལ་བ་འདེབས་སོ་ཤེས་རབ་སྣང་བ་སྩོལ། །ལུང་རིག་སྨྲ་བ་ཁ་ཆེ་གུ་ཧྱའི་ཞབས། །བསྟན་པའི་གསལ་བྱེད་གླན་སྒོམ་ཡབ་སྲས་དང༌། །མཁས་བཙུན་བཟང་པོ་སློབ་དཔོན་འོད་ཤཱཀ་ལ། །གསོལ་བ་འདེབས་སོ་ཤེས་རབ༴ །སྐད་གཉིས་སྨྲ་བ་མཆོག་ལྡན་ལེགས་པའི་བློ། །ཐོས་བསམ་བསྒོམ་པས་རྒྱུད་ཕྱུག་སྐྱི་སྟོན་མཆོག །ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན་ལ། །གསོལ་བ༴ །གནས་ལྔ་རིག་པ་མ་ཏི་པཎ་ཆེན་དང༌། །ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཞབས། །རྒྱལ་བས་ལུང་བསྟན་ཀུན་དགའ་བཟང་པོ་ལ། །གསོལ་བ༴ །གུ་གེ་པན་ཆེན་གྲགས་པ་རྒྱལ་མཚན་དང༌། །མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་དཔལ། །རྒྱལ་བ་གཉིས་པ་ལྷ་མཆོག་སེང་གེ་ལ། །གསོལ་བ༴ །
འཇམ་པའི་དབྱངས་དངོས་དཀོན་མཆོག་ལྷུན་གྲུབ་དང༌། །རྡོ་རྗེ་འཆང་དབང་སངས་རྒྱས་སེང་གེའི་ཞབས། །བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་ལ། །གསོལ་བ༴ །མཁས་གྲུབ་གཙུག་རྒྱན་དཔལ་ལྡན་དོན་གྲུབ་དང༌། །ཆོས་ཀྱི་རྒྱལ་པོ་ཤེས་རབ་འབྱུང་གནས་ཞབས། །འདྲེན་པ་མཉམ་མེད་ཡེ་ཤེས་བཟང་པོ་ལ། །གསོལ་བ༴ །བརྩེ་ཆེན་དབང་ཕྱུག་སངས་རྒྱས་ཕུན་ཚོགས་དང༌། །སྦས་པའི་རྣལ་འབྱོར་བསྟན་འཛིན་ལྷུན་གྲུབ་ཞབས། །འཇིགས་བྲལ་དཔའ་བོ་ནམ་མཁའ་བསམ་འགྲུབ་ལ། །གསོལ་བ༴ །ངག་དབང་ཤེས་རབ་རིན་ཆེན་གྲགས་པ་དང༌། །འཇམ་དབྱངས་དགྱེས་པ་ཆོས་ཀྱི་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ་དམ་པའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་ཤེས་རབ་སྣང་བ་སྩོལ། །གུས་པ་ཆེན་པོས་གསོལ་བ་བཏབ་པའི་མཐུས། །ཇི་ལྟ་ཇི་སྙེད་ཤེས་བྱའི་དེ་ཉིད་དོན། །སྒྲིབ་བྱེད་འཁྲུལ་པའི་ལས་ཉོན་ཀུན་སྦྱངས་ནས། །མི་བརྗེད་གཟུངས་དང་བློ་གྲོས་སྤོབས་པ་སྩོལ། །སྲིད་ཞིའི་ཆོས་ཀུན་སོར་མོའི་འདུ་བྱེད་ཀྱིས། །ངོ་མཚར་གཟུགས་སུ་བསྐྲུན་སོགས་སྒོ་གསུམ་གྱི། །འཕྲུལ་ལས་བྱུང་བའི་བརྒྱད་ལྷག་བཅུ་ཕྲག་གི །བཟོ་ཡི་རིག་པ་འཛིན་པའི་བློ་གྲོས་སྩོལ། །གནས་ལུགས་གསོ་བྱའི་མཚན་ཉིད་ལེགས་རྟོགས་ནས། །གསོ་བྱེད་ཡན་ལག་བརྒྱད་ཀྱི་ཟླ་གཡོན་གྱིས། །ལུས་ཅན་ཉེ་ཞོའི་གདུང་བ་ཀུན་བཅིལ་བའི། །ཚེ་ཡི་རིག་པ་འཛིན་པའི་བློ་གྲོས༴ །ལེགས་པར་སྦྱར་བའི་བརྡ་སྤྲོད་གཞུང་ལུགས་ལས། །རྗེས་བསྟན་མིང་དང་ཚིག་གི་སྡེབ་སྦྱོར་དང༌། །སྙན་ངག་མངོན་བརྗོད་ཟློས་གར་ལ་སོགས་པའི། །བརྡ་སྤྲོད་རིག་པ་འཛིན༴ །གཞལ་བྱ་ཚད་མ་གསུམ་གྱི་གནད་གསང་ཀུན། །འཇལ་བྱེད་ཚད་མ་གསུམ་གྱིས་གསལ་བྱེད་པའི། །འཁྲུལ་མེད་ལུང་དང་དངོས་སྟོབས་རིགས་པ་སོགས། །རྟོག་གེའི་རིག་པ༴ །བྱེ་མདོ་སེམས་ཙམ་དབུ་མའི་གྲུབ་མཐའ་དང༌། །ངེས་གསང་སྔགས་ཀྱི་རྒྱུད་སྡེའི་རིམ་པ་སོགས། །རྒྱལ་བའི་བཀའ་དང་དེ་ཡི་དགོངས་འགྲེལ་བཅས། །ནང་དོན་
རིག་པ༴ །རྒྱ་ཆེན་གཞུང་ལུགས་ཀུན་ལ་ཐོས་པ་དང༌། །དེ་དོན་ཚུལ་བཞིན་རྟོགས་ཕྱིར་བསམ་པ་དང༌། །གནད་དོན་མ་འཁྲུལ་སྒོམ་པའི་རིམ་པ་རྣམས། །ཉམས་ལེན་རྒྱུད་ལ་བསྐྱེད་པའི་བློ་གྲོས་སྩོལ། །གསུང་རབ་དགོངས་དོན་ཇི་བཞིན་འཆང་བ་དང༌། །ཚུལ་དང་ཚུལ་མིན་འབྱེད་ཕྱིར་རྩོད་པ་དང༌། །ཟབ་དོན་བཀྲལ་དང་འཁྲུག་སྡེབ་རྩོམ་རྣམས་ཀྱིས། །བསྟན་པ་འཛིན་སྐྱོང་སྤེལ་བའི་བློ་གྲོས་སྩོལ། །ཞེས་པའང་དགེ་སློང་ཀུན་དགའ་དོན་གྲུབ་ཀྱི་ངོར། ཤཱཀྱའི་དགེ་སློང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་འཕྲལ་དུ་བྲིས་ཏེ་གསོལ་བ་བཏབ་པའོ།། ༈ །རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་ངག་འདོན་དང་བཅས་པ་རྨོངས་པའི་བདུད་ལས་རྣམ་རྒྱལ་ཡེ་ཤེས་མཆོག་གི་ཉི་མ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་མཱངྒུ་རུ་ཝཱ་གཱི་ཤྭ་རཱ་ཡ། རྒྱལ་རྣམས་བསྐྱེད་ཀྱང་རྒྱལ་བས་བཏུལ་ཞུགས་ཀྱིས། །སྨྲ་བའི་དཔལ་སྦྱིན་སྨྲ་བའི་སེང་གེ་དང༌། །འཕགས་མཆོག་ཚེམས་ལས་བྱུང་ཞིང་འཕགས་པའི་ཚོགས། །དབྱངས་ཀྱིས་མཉེས་མཛད་དབྱངས་ཅན་ལྷ་མོར་འདུད། །ཡེ་ཤེས་མ་ལ་ཡ་རི་ནས། །ཉེར་འཕོས་ཕྲིན་ལས་དྲི་བསུང་གིས། །ལས་ཉོན་གདུང་བ་ཀུན་བཅིལ་ནས། །ཟག་མེད་ཆོས་ཀུན་མངོན་གྱུར་མཛོད། །ཆོས་རབ་འབྱེད་པའི་བློ་གྲོས་དང༌། །མཁས་པ་མགུ་བྱེད་ངག་གི་དཔལ། །མངོན་འདོད་སྐྱེ་བོས་བདེ་བླག་ཏུ། །འགྲུབ་བྱེད་གདམས་པའི་རྣམ་གཞག་སྤྲོ། །དེ་ཡང་སློབ་དཔོན་འཕགས་པ་ལྷས། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་སྟེ། །ཞེས་མངོན་སུམ་ཚད་མས་གཞལ་བྱར་གྱུར་པ་མཐོང་ཆོས་ཚེ་འདི་དང༌། རྗེས་དཔག་དང་ལུང་གིས་གཞལ་བྱར་གྱུར་པ་མ་མཐོང་བ་ཚེ་ཕྱི་མ་ཕན་ཆད་ཀྱི་ཡོན་ཏན་ཏེ་བསྔགས་འོས་ཀྱི་དངོས་པོ་ཀུན་གྱི་རྩ་བ་ནི་རྣམ་པར་དཔྱོད་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཡིན་པས་དེ་ཉིད་སྐྱེད་པའི་ཐབས་ལ་འབད་དགོས། ཐབས་ཀྱང་སློབ་དཔོན་དབྱིག་གཉེན་གྱིས། དགེ་
དང་སྡིག་པ་གང་ཡིན་ཞེས། །ཡང་དག་དྲི་ལ་བརྩོན་པ་དང༌། །ཆོས་ཀྱི་བསྟན་བཅོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །ཅེས་གསུངས་པས་མཚོན་ཐུན་མོང་གི་ཐབས་བསམ་ལས་འདས་ཀྱང༌། ཁྱད་པར་དུ་གྱུར་པ་ནི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ནས་ལྷག་པའི་ལྷའི་རྣལ་འབྱོར་ལ་བརྟེན་ནས་གཟུགས་ཀྱི་སྒོ་སྒྲུབ་པའི་ཚུལ་ཇི་སྙེད་ཅིག་གསུངས་པ་ལས། འདིར་ཐུགས་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པས་ཞལ་བསྟན་ཅིང༌། གྲུབ་ཐོབ་མཐའ་དག་གིས་གདམས་པའི་མཛོད་བྱིན་པ། སྐུ་ཚེ་དེ་ཉིད་ཀྱིས་ཡེ་ཤེས་མཆོག་བརྙེས་ཤིང༌། ཐབས་དང་རྟེན་འབྲེལ་ལ་དབང་འབྱོར་པ། མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་སངས་རྒྱས་ཀྱི་གདམས་ངག ཐུགས་དམ་བདེ་གཤེགས་བཅུ་གཉིས་སུ་གྲགས་པའི་ཡ་གྱལ། བྱིན་རླབས་མངོན་སུམ་དུ་འབྱུང་བའི་ངོ་མཚར་ཅན་འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་རྣལ་འབྱོར་ལ་བརྟེན་ནས་ཡེ་ཤེས་ཀྱི་མིག་དང་ངག་གི་དཔལ་ཡོན་སྒྲུབ་པ་ལ་གཞོལ་བའི་གང་ཟག་རྣམས་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། ངེས་ཤེས་སྐྱེད་པ་ལོ་རྒྱུས་དང་འབྲས་བུ་ལ་སྦྱོར་བ་གདམས་པ་དངོས་སོ། །ཕྱི་མ་ལ་དངོས་གྲུབ་སྒྲུབ་པའི་སྣོད་དུ་བྱ་བ་རྗེས་གནང་དང༌། དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རིམ་པ་གཉིས། ཕྱི་མ་ལའང་དང་པོ་ལྷ་ཉེ་བར་བསྙེན་པ། བར་དུ་དངོས་གྲུབ་སྒྲུབ་པ། ཐ་མར་ལས་སྦྱོར་གྱི་སྒོ་ནས་རང་གཞན་ལ་ཕན་གདགས་པའི་ཚུལ་དང་གསུམ་ལས། དང་པོ་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ནི། རྒྱུ་སྐར་རྒྱལ་ལམ་འབྱུང་ཁམས་མེ་རླུང་ནང་འཕྲད་སོགས་དགེ་བའི་ཉིན་གཙང་ཞིང་དབེན་པའི་གནས་སུ་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་བཀྲམ་པའི་ཐད་དུ། དཀར་གཏོར་གཅིག་ཆུ་གཉིས་ཉེར་སྤྱོད་བཅས་བཤམ། མདུན་དུ་རྡོར་དྲིལ་ཆ་གསུམ་གཏོར་མ་སོགས་སྟ་གོན་བྱ། སྒོ་དྲུང་དུ་ཐོ་བརྩིགས་ལ་འགྲུལ་བཅད། ཆ་གསུམ་སྤྱི་ལྟར་བཏང་བའི་རྗེས་སུ་ཡུངས་ཀར་འཐོར་ཞིང་གུ་གུལ་གྱི་དུད་པ་དང་བདུད་རྩི་འཁྱིལ་བའི་སྔགས་རིང་བཟླ། ས་ཕྱོགས་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་
འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་སྐྱབས་འགྲོ་གང་མང་གཞིར་བྱས་པའི་ཐུན་བཟུང་མཐར་གཏོར་མ་ཕུལ་ལ་རྗེས་ཀྱི་ཆོ་ག་རྣམས་བྱ། ཁ་ཏོན་གཞན་ཡོད་ན་ཚར་འཕྲལ་སྲོད་ཐུན་ལ་འཇུག ཉི་མ་རྗེས་མ་རྣམས་ལ་གཏོར་མ་སྔ་ཐུན་གྱི་རྗེས་ལ་འབུལ། ཐོག་མའི་ཞག་ཁ་ཤས་སྐྱབས་འགྲོ་དང་སྒྲིབ་སྦྱོང་གི་རིགས་གཙོ་བོ་བྱ། སྒྲུབ་ཐབས་ཀྱི་ངག་འདོན་རིན་པོ་ཆེ་དཔལ་ལྡན་དོན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་བྱས་ན་བདེ་མོད་གཙོ་བོར་དཔེ་དང་ལུང་གང་འབྱོར་གྱི་སྟེང་ནས་བྱས་པས་ཁྱབ། རྒྱ་གཞུང་དང་ཡིག་རྙིང་གི་སྐོར་ཐོབ་ཕྱིན་ཆད་འདོན་བྱའི་ལུང་ཐོབ་མ་ཐོབ་ཀྱི་རྩིས་གདབ་དགོས་པ་ཆུང༌། བཟླས་དམིགས་སྐབས་རྒྱ་གཞུང་ལྟར་ན་སྔོན་དུ་འོད་ཟེར་འཁོར་དམིགས་བྱས་ལ་ཨཱ་ལི་ཀཱ་ལིར་གྱུར་པས་ཁོང་པའི་ནང་དང་བ་སྤུའི་བུ་ག་ཚུན་ཆད་ཁེངས་པར་བསམ། སླར་ཡང་སྔགས་ཀྱི་ཕྲེང་བ་རྒྱུན་མི་ཆད་པར་འཁོར་བ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་དང་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས། རང་དང་ལྷ་མོའི་སྤྱི་བོ་ནས་བསྟིམ། ཡང་འོད་འཕྲོས་ལུང་གི་ཆོས་ཉན་བཤད་སྒྲུབ་པ་གླེགས་བམ་དང་བཅས་པའི་བྱིན་རླབས་དང༌། མཁས་པའི་མཁྱེན་རབ་དང༌། གྲུབ་པའི་ནུས་མཐུ། ཉི་ཟླ་དང་ནོར་བུའི་འོད་མདངས། རྩི་ཤིང་ནགས་ཚལ་སོགས་ཀྱི་བཅུད་རྣམས་བསྡུས་ནས་སྔར་བཞིན་བསྟིམས་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་རྐྱེན་གྱིས་ཤེས་རབ་འཕེལ་བར་བསམས་ལ་སྔགས་བཟླ། ཡང་དམ་པའི་གསུང་སྒྲོས་ཀྱི་ཡིག་རྙིང་ཁྱད་པར་ཅན་ལྟར་ན། ལྷར་བསྐྱེད་ཟིན་པའི་རྗེས་སུ་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་འཕྲོས་པས་སྣོད་བཅུད་ཀྱི་དྲི་མ་སྦྱངས་ཏེ་གཞལ་ཡས་ཁང་དང་འཇམ་དཔལ་ཀྱི་སྐུར་གྱུར། རང་གི་ཐུགས་ཀའི་དྷཱིཿལས་དྷཱིཿའཕྲོས་སྣ་བུག་གཡས་ནས་བྱུང༌། ཡུམ་གྱི་སྣ་བུག་གཡོན་དུ་ཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ལས་གྲོལ་བའི་ཚུལ་དུ་
སྔགས་ཀྱི་ཕྲེང་བ་ཡར་བྱུང་བ། རང་གི་སྣ་བུག་གཡོན་དུ་ཞུགས། དེ་གཉིས་ཀྱི་བར་ནས་ཤེས་རབ་ཀྱི་བུང་བའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་བླ་མ་སོགས་སྔར་བཞིན་དང་འཇིག་རྟེན་པའི་ཆེན་པོ་རྣམས་ཀྱི་བློ་དང་མཐུ་རྩལ་ཐམས་ཅད་བསྡུས་ཏེ། སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་རྣམས་སུ་ཐིམ་པས་ལུས་ངག་ཡིད་གསུམ་རིམ་པ་བཞིན་བདེ་བ་དང་ནུས་པ་དང་ཡེ་ཤེས་མཆོག་དང་ལྡན་པར་བྱིན་གྱིས་བརླབས་པར་བསམས་ལ་བཟླ། འདི་གཉིས་ཀར་ཡབ་ཡུམ་གྱི་འཁོར་དུ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བར་གསུངས་སོ། །ཐུན་མཚམས་རྣམས་སུ་དད་པ་དང་སྙིང་རྗེ་རྩལ་ཐོན་པར་བསྒོམ་ཞིང་ཚོགས་བསགས་ཀྱི་རིགས་དང༌། ཁྱད་པར་འཇམ་དཔལ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པའི་མཎྜལ་སྒྲུབ་ཅིང་མཆོད་པའི་ཚུལ་ལ་འབད་ན་ལེགས་སྙམ་སྟེ། གཞུང་ལས། རང་ལ་བདོག་པ་ཐམས་ཅད་ཀྱིས། །འཇམ་དཔལ་རྡོ་རྗེ་མཆོད་བྱ་ཞིང༌། །རྟག་ཏུ་ལྷ་ལ་གསོལ་བ་གདབ། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ། །ཞེས་གསུངས་པའི་དོན་དུ་འགྱུར་བས་སོ། །རྣལ་འབྱོར་ཆེན་པོའི་རྗེས་སྤྱོད་རྒྱུན་ཆགས་སུ་བྱར་མེད་ན། ཉལ་བའི་དུས་སུ་སྣང་བའི་དངོས་པོ་ཐམས་ཅད་འོད་དུ་ཞུ་ནས་སངས་རྒྱས་བྱང་སེམས་རྣམས་ལ་ཐིམ། དེ་དབྱངས་ཅན་མ་ལ། དེ་རང་ཉིད་འཇམ་དཔལ་དུ་གསལ་བ་ལ་ཐིམ། དེ་ཡང་སྐུའི་སྟོད་སྨད་ནས་བསྡུས་ཏེ་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་རལ་གྲི་ལ། དེ་དྷཱིཿལ་ཐིམ། དེ་འོད་དུ་ཞུ་ནས་ཐིག་ལེ་དམར་པོ་ཞིག་ཏུ་གྱུར། དེ་ཡང་ཞུ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བར་བསམས་ལ་འཛིན་མེད་ཀྱི་ངང་དུ་ཉལ་ལོ། །ཐོ་རངས་ནམ་མཁའ་ནས་དབྱངས་ཅན་མའི་ཚོགས་ཀྱི་སྒྲས་གཉིད་ལས་བསླངས་པར་བསམས་ལ་ལྷའི་སྐུར་ལངས་ཏེ་སྲོད་ཐུན་གྱི་མཇུག་ཆོག་རྣམས་འདིར་བྱས་པས་རུང་ངོ༌། །ཐུན་སྔ་མ་རྣམས་ཀྱི་མཐར་རྫོགས་རིམ་བསྒོམ་པར་སྤྲོ་ན། དྷཱིཿཡིག་ཐིག་ལེ་དམར་པོར་གྱུར་པའི་བར་སྔར་བཞིན་ལ། དེ་ནས་ཐིག་
ལེ་དེ་ལས་ཐིག་ལེ་སྔོན་པོ་གཅིག་འཕྲོས་ཏེ་གཉིས་སུ་གྱུར་པ་ལ་སེམས་གཏད། དེ་ནས་ཐིག་ལེ་དེ་གཉིས་ཅུང་ཟད་འགུལ་བར་བསམས་ལ་ངག་ཏུ་ཧྲཱིཿདྷཱིཿཞེས་བརྗོད། སླར་ཡང་ཐིག་ལེ་གཉིས་གཅིག་ཆར་དུ་དྷེའུ་འཕངས་པ་བཞིན་དུ་ནམ་མཁའ་ལ་ཡར་འཕག་མར་འཕག་ཏུ་གྱུར་ཅིང་མཐར་སེམས་ཅན་གྱིས་ཁྱབ་ཚད་ལ་དེ་ལྟར་བྱས་པར་བསམས་ལ་སྔར་བཞིན་ཧྲཱིཿདང་དྷཱིཿབཟླ་བ་ནི་རྒྱས་པ་ཡིན་ལ། བསྡུས་པ་ནི། ཡུམ་གྱི་ཐུགས་ཀའི་ཧྲཱིཿསྔོན་པོ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་རྩ་སྔགས་བཟླ་བ་ལ་བཞེད་དོ། །མཁས་པ་དག་གིས་བསྐྱེད་རྫོགས་ཀྱི་ཐ་སྙད་ལ་དཔྱད་བྱར་མཛད་པ་ནི་དཔྱོད་པའི་རིགས་པ་ཉིད་ཀྱང་དཔྱད་བྱར་འགྲོ་བའི་ཉེན་ཆེ་སྟེ། ལྷ་སྔགས་ཀྱི་ཁུང་རྒྱུད་སྡེ་འོག་མ་ཁོ་ན་ནས་རྙེད་དཀའ་ཞིང༌། ཀླུ་སྒྲུབ་ཀྱི་གཞུང་དུ་ཡབ་ཡུམ་ཞལ་སྦྱོར་གྱི་ཙ་ཀ་ལི་བྲི་བར་གསུངས་པ་ཙམ་དུ་མ་ཟད། བླ་མེད་ཀྱི་ལས་རྒྱས་པའི་ལྷའི་རྣལ་འབྱོར་ཕལ་ཆེར་རྡོར་བཟླས་རླུང་སྦྱོར་དང་རྫོགས་རིམ་གཞན་སྦྱར་བའང་ཡོད་ཅིང་འགའ་ཞིག་གཙང་སྦྲའི་ཀུན་སྤྱོད་ཀྱིས་སྒྲུབ་པར་གསུངས་པས་སོ། །དེ་བཞིན་དུ་རྗེས་གནང་གི་དུས་གནས་ལྔ་ལས་དབྱངས་ཅན་མ་སྤྲོ་བའང་འགོག་ཏུ་མི་བཏུབ་སྟེ། ལྷ་འདི་དག་ནི་ཀུན་རྫོབ་ཏུ་ཇི་ལྟར་འདོད་རུང༌། དོན་ལ་འབྲས་བུའི་ཆོས་གཟུགས་ཀྱི་ལྡོག་པ་སོ་སོར་ཤར་བ་ཙམ་ཡིན་པས་བློ་ངོར་ཐབས་ལས་ཤེས་རབ་ཀྱི་སྣང་ཆ་དབྱེ་རུ་མེད་ན་ཐབས་ཤེས་གཉིས་པོ་གདོད་ནས་ཟུང་འཇུག་ཏུ་གནས་པའི་ངོ་བོ་ལྷུན་གྲུབ་འདུས་མ་བྱས་སུ་བཞེད་པའི་དགོས་པ་ཅི། ཡབ་ཡུམ་གྱི་ཐ་སྙད་སོགས་ཀྱང་བློས་བཏགས་པའམ་ཐ་དད་སྤགས་པའི་འདུས་བྱས་ཙམ་དུ་འགྱུར་བས་སོ། །དེ་དག་ནི་ཞར་ལས་འོངས་པ་སྟེ་ཡིག་རྙིང་གི་ཤེས་བྱེད་དུ་རློམ་སྟེ་བློ་ལ་གང་ཤར་བཀོད་པའོ། །མདོར་ན་གཙང་སྦྲ་དང་ངག་བཅད་དམ་པོའི་ངང་ནས་ཐུན་གསུམ་མམ་བཞིའི་སྦྱོར་བས་སྔགས་ཀྱི་གྲངས་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་སྟན་ཐོག་གཅིག་ཏུ་བགྲངས་པ་ནི་བསྙེན་པའོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་ཐབས་རིལ་བུའི་
སྦྱོར་བ་ནི། སྦྱོར་བའི་སྐབས་སུ་སྨན་གྱི་ངོས་འཛིན་ལ། སྤང་རྒྱན་དཀར་པོ་ནི། རི་མཐོ་སར་ཟླ་བ་བརྒྱད་པའི་མགོ་ཙམ་ལ་སྐྱེ་བ་མེ་ཏོག་དཀར་རྐྱང་ལ་དམར་མདངས་ཅུང་ཟད་ཡོད་པ། རོ་མངར་ཤས་ཆེ་བ་དེ་ཉིད་ལས་གཞན་ཀླུངས་སུ་སྐྱེ་བའི་སྤང་རྒྱན་ཁྲ་བོ་སོགས་ཀྱིས་གོ་མི་ཆོད། གླ་རྩི་ནི་ཤ་ཁྲག་སོགས་ཀྱི་ཟོལ་མེད་པའི། རྩི་རིལ་བུར་འདྲིལ་བ་དེ་བཟང༌།«་་་་་རྒྱ་གཞུང་གིས་མཚོན་པའི་ཡིག་ཆ་ཁུངས་ཐུབ་ཐམས་ཅད་དུ་གླ་རྩི་རང་སྣང་ཞིང༌། དེའི་ཚབ་རྩ་ཨ་ཝ་བཏང་བར་བཞེད་པ་ནི་གདམས་པ་འདི་ཉིད་བྱ་རྒྱུད་དུ་ནན་གྱིས་བསྒྲུབ་པའི་གསུང་ཅུང་ཟད་འཁྱོགས་པའི་ཚུལ་དུ་སྣང་མོད། དེང་མ་ངེས་པའི་རྒྱུ་མཚན་དཀྱུས་སུ་བཀོད་ཟིན་ཏོ།། »མཚལ་ནི་ཤག་མཚལ་སོགས་རྡོ་མཚལ་གྱི་རིགས་འདི་རྣམས་ཡིན་ཅིང༌། ནང་གསེས་སུ་དཀར་ནག་གཉིས་ཡོད་པ་ལས། ཁ་དོག་དམར་ལ་དྭངས་ཤིང་དཀར་ཤས་ཆེ་བ། འོད་ཆུང་བ་བཏུལ་ན་དམར་ཤས་ཆེར་འགྲོ་བ་དེ་མཚལ་དཀར་ཡིན་པས་རྡོ་ལྷད་གཞན་ཕྲལ་ལ་བཏང་ཞིང༌། ཁ་དོག་སྨུག་རིལ་བཅག་ན་འོད་ཕྲམ་ཕྲམ་པ་དངུལ་རྡོ་འདྲ་བ་དེ་མཚལ་ནག་ཡིན་པས་མི་བཏང་ངོ༌། །ཡུང་བ་ནི་འཁྲུལ་སོ་ཆུང་ཞིང༌། མ་སྨིན་པ་དང༌། རུལ་སུམ་སོགས་ཀྱི་སྐྱོན་དང་བྲལ་བ་དགོས། ཙནྡན་དཀར་པོ་ནི་སེར་ཤས་ཆེ་ཞིང་དྲི་ཆེ་བ་བཟང༌། ཨ་ག་རུ་ནག་པོ་དངོས་ནི། ཤིང་མདོག་ནག་པོ་རྭ་ཅོ་འདྲ་བ་མེར་བསྲེགས་ན་གུ་གུལ་ལྟར་ཁོལ་ཞིང་དྲི་ཕུན་སུམ་ཚོགས་པ་དེ་ཡིན་ཀྱང་འབྱོར་དཀའ་བས། ཨར་ནག་དཀྱུས་མ་ལ་ཁ་དོག་ཇི་ཙམ་གནག་པ་རང་བཟང་བས་དེ་ཉིད་བཏང༌། སྤང་སྤོས་ནི། ངོ་བོ་འཁྲུལ་སོ་ཆུང་ཞིང༌། དབྱར་ཡིན་ན་རྩ་ལོ་ཡོངས་རྫོགས་དང༌། སྟོན་ཡིན་ན་རྩ་བ་བརྐོས་ལ་བཏང༌། དབང་པོ་ལག་པ་སོར་མོ་ལྔ་པ་མཆོག་ཡིན་ལ། བཞི་པ་དང་གསུམ་པའང་བཏང་དུ་རུང༌། དེ་མན་ནི་མི་བཏང༌། ཤུ་དག་དཀར་པོ་ནི། དབྱིབས་ཤུ་དག་ནག་པོ་འདྲ་བ་དྲི་དེ་ལས་ཆུང་བ། མདོག་དཀར་བ། གཉེར་མ་ཆེར་མེད་པ་དེ་དགོས་ཀྱི། དེང་སང་འགའ་ཞིག་གིས་ལྡུམ་རར་སྐྱེ་བའི་ཆུ་དག་གི་རྩ་བ་ལ་བྱེད་པ་ནི་རྣམ་
པར་འཁྱམས་པའོ། །ཨ་རུ་ར་གསེར་མདོག་ཤ་འཐུག་པ། རྒྱ་སྐྱེགས་རང་གི་ཤིང་དང་བྲལ་བ། ཤིང་མདར་ལྡུམ་རར་སྐྱེས་པ་ཉིད་མཆོག་ཏུ་བསྔགས་ཀྱང་ངོས་ཟིན་དཀའ་བས། མདོག་སེར་ལ་མངར་ཤས་ཆེ་བ་བཟང་བས་ཤུན་པ་ཕྲལ་ཏེ་བཏང་ངོ༌། །དེ་ཡང་སྔོ་སྨན་རྣམས་བཏུས་འཕྲལ་ཆུ་གྲང་གིས་བཀྲུས་ནས་རློན་བརྡུང་ཅུང་ཟད་བྱས་པས་རྨ་ཕབས་ལ་གྲིབ་སྐམ་བྱ། གཞན་རྣམས་ལའང་ཐལ་བ་སོགས་ཡོད་ན་བཀྲུ་བའམ་ལེགས་པར་བསལ། དེ་རྣམས་ལས་དབང་ལག་ཞོ་གསུམ། ཙནྡན་དང་ཨ་ག་རུ་ཞོ་རེ་རེ། གཞན་རྣམས་ཞོ་ཕྱེད་ཕྱེད་སྦྱར་བར་གསུངས་ཤིང༌། དཀྱུས་གཅིག་ལ་ཕོན་ཆེན་སྒྲུབ་ན། སྔ་མའི་རིགས་པས་ཆ་བསྐྱེད་དེ་ཞིབ་པར་འཐག བ་དམར་དང་ར་དཀར་འོ་མས་རིལ་བུ་ཅུང་ཟད་ལེབ་པ་བརྒྱ་རྩ་བརྒྱད་སོགས་བྱ།«་་་་་སྦྲང་རྩིས་རིལ་བུར་དྲིལ་བ་དབང་སྡུད་ཀྱི་ཡིན་པ་ཡིག་རྙིང་དུ་གསལ།» ངོས་གཉིས་སུ་གི་ཝཾ་གུར་གུམ་རྒྱ་སྐྱེགས་རྣམས་ཀྱི་ཁུ་བས་ཧྲཱིཿདང་དྷཱིཿརེ་བྲི།«་་་་་རིལ་བུའི་ཁ་དོག་སེར་པོར་བྱ་ཞིང་དབྱིབས་གྲུ་བཞི་སོགས་ལས་མཐུན་བྱེད་པ་ཡིག་རྙིང་ལས་འབྱུང༌། »རིལ་བུའི་གདན་འཁོར་ནི་དར་དམར་པོ་ལ་གསེར་གྱིས་འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་རིམ་པ་གསུམ་ཅན་ཕྱི་རོལ་རྡོ་རྭ་མེ་རིས་བསྐོར་བ། ལྟེ་བར་རལ་གྲིའི་ཆངས་ཟུང་ལ་དྷཱིཿ ལོགས་ལ་རྩ་སྔགས། རྩིབས་བཞི་ལ་ཤར་ནས་གཡས་སྐོར་དུ་དྷཱི་བི་བི་བི་རྣམས་དང༌། མུ་ཁྱུད་རྣམས་ལ་རིམ་པ་བཞིན་ཨཱ་ལི་ཨཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་གཡས་སྐོར་དུ་བྲི། རྒྱལ་ཆེན་གྱི་ཚབ་ཏུ་སྒྲོལ་དཀར་སོགས་བསྐྱེད་ན་རང་རང་གི་ས་བོན་བྲི། ཡང་ན་ལྟེ་བར་རལ་གྲི་སྔགས་བཅས་ཀྱི་ཚབ་ཏུ་རང་གི་གསང་མཚན་དང༌། རྩིབས་བཞི་ལ་ས་བོན་གོང་བཞིན་བྲི་བ་ཙམ་ལས་མུ་ཁྱུད་སོགས་མི་བྱེད་པ་ནི་བསྡུས་པའོ། །ཞལ་ཁེབས་ནི་དར་དམར་རམ་རས་ལ་མཚལ། རྒྱ་སྐྱེགས། གུར་གུམ། གི་ཝང་རྣམས་བསྲེས་པའི་ཁུ་བས་ཕོ་འཁོར་འཁོར་ལོ་རྩིབས་བརྒྱད་པ། མོ་འཁོར་པདྨ་འདབ་མ་བརྒྱད་པ་གཉིས་ཀའི་ལྟེ་བར་རལ་གྲི་ཆངས་ཟུང་ལ་དྷཱིཿརྩེ་མོར་ཧྲཱིཿ མཐར་རྩ་སྔགས་ཀྱི་ཤམ་བུར་རང་གི་གསང་མཚན་ནམ་
མིང་གི་མཐར་ཤེས་རབ་འཕེལ་བར་གྱུར་ཅིག་ཅེས་དང༌། ཕོ་འཁོར་གྱི་རྩིབས་རྣམས་ལ་གཡས་སྐོར་དུ་ཨཱ་ལི་བཅུ་དྲུག་ཡིག་འབྲུ་གཉིས་གཉིས་དང༌། མོ་འཁོར་གྱི་འདབ་མ་བརྒྱད་ལ་གཡོན་སྐོར་དུ་ཀཱ་ལི་བྲི། དེ་ཡང་སྡེ་པ་ལྔ་ཚན་ལྔ་དང༌། མཐར་གནས་བཞི། དྲོ་བ་བཞི་རྣམས་སོ་སོར་བཅད་པ་དང༌། འདབ་མ་གཅིག་ལ་ཀྵ་བྲིས་པས་འཐུས་སམ་སྙམ། ཡང་ན་གཞན་འདྲ་བ་ལས་གཉིས་ཀའི་ཕྱི་རོལ་ཏུ་མུ་ཁྱུད་སུམ་རིམ་མམ་གཉིས་རིམ་བྱས་ནས། ལྟེ་བའི་རལ་གྲི་ལ་ཨོཾ་དང་སྭཱ་ཧཱ་མེད་པའི་སྔགས། ཕོ་འཁོར་གྱི་རལ་གྲིའི་གཡས་སུ་ཨོཾ་དང་གཡོན་དུ་སྭཱ་ཧཱ། མོ་འཁོར་ལ་བཟློག་ནས་བྲི། རྩིབས་དང་འདབ་མའི་རྩེ་ལ་དྷཱིཿ རྩ་བར་ཧྲཱིཿ མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་ཙམ་མམ་རྟེན་འབྲེལ་སྙིང་པོ་བྲི། གང་ལྟར་ཡང་འཁོར་ལོ་གཉིས་ཀའི་དབུ་ཕྱོགས་གཅིག་ཏུ་ཡོང་བ་བྱ། དེ་དག་ནི་འཁོར་ལོ་ཁ་སྦྱོར་བྱ་བ་རྒྱ་གཞུང་ནས་ཟུར་ཙམ་འབྱུང་བ་དང༌། ཀླུ་སྒྲུབ་ཀྱི་གཞུང་ནས་ཀྱང་རིལ་བུའི་སྟེང་དུ་ཡབ་ཡུམ་ཞལ་སྦྱོར་གྱི་ཙཀ་ལི་འགོད་པར་བཤད་པ་གཉིས་གནད་གཅིག་པར་བསམས་ནས་ཡིག་རྙིང་རྣམས་དང་ལྷ་འདིའི་དངོས་གྲུབ་བརྙེས་པ་རིག་འཛིན་ཀརྨ་གུ་རུའི་གསུང་ལ་གཏུགས་ནས་བཀོད་པ་ཡིན་ལ། དམ་པས་མཛད་པར་གྲགས་པའི་གཞུང་ཚིག་ལྷུག་མ་སོགས་སུ་འཁོར་ལོ་གཅིག་ལས་མེད་ཅིང་རྗེས་ཀྱི་འཁོར་ལོ་བསྐྱེད་བསྟིམ་སོགས་ལའང་ཚུལ་མི་འདྲ་བ་བག་ཙམ་ཡོད་པས་དེས་ཀྱང་འཐུས་པར་མངོན་ནོ། །གཞན་ཡང་རྣམ་འཇོམས་སོགས་བསྐྱེད་བཟླས་བྱས་པའི་བུམ་པ་དང་མཆོད་པ་སོགས་ཚགས་སུ་ཚུད་པ་དང༌། སྔར་གྱི་སྒྲུབ་ཁང་དེ་ཉིད་དུ་མཚམས་དམ་པར་བཅད། སྟེགས་བུ་ཇི་ལྟར་རིགས་པར་རྡུལ་ཚོན་ནམ་ཆུ་ཚོན་གྱིས་པདྨ་སེར་པོ་འདབ་མ་བརྒྱད་པ་བྲིས་པའི་དབུས་སུ་ལྷུང་བཟེད་དམ་རིན་པོ་ཆེའི་སྣོད་གཙང་ཞིང་ཡངས་པར་གདན་འཁོར་ཞལ་ཤར་དུ་བསྟན་པའི་སྟེང་དུ་རིལ་བུ་རྣམས་མགོ་མཇུག་མ་ལོག་པར་བཀོད། ཞལ་ཁེབས་ཀྱི་འཁོར་ལོ་ཁ་སྦྱར་ཏེ་མོ་འཁོར་འོག་དང་ཕོ་འཁོར་སྟེང་དུ་འོང་བའི་ཚུལ་གྱིས་དགབ། དེའི་སྟེང་དུ་དར་དམར་སེར་གྱི་གུར་ཕུབ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་གཏོར་མ་ཅི་འབྱོར་པ་བཤམ། སྦྱོང་
བའི་ཡོ་བྱད་རྣམས་དང༌། མེ་ལོང་ཁྲུས་རས་སོགས་འདུ་བྱས་ལ། རང་ལྷའི་ང་རྒྱལ་དང་ལྡན་པས་རིལ་བུ་འཁོར་ལོ་བཅས་ལ་སྦྱོང་བ་གསུམ་དང་ཁྲུས་གསོལ་རྒྱས་པར་བྱ། དངོས་གཞི་ལ། མཆོད་པ་རྣམས་བྱིན་གྱིས་བརླབ། སྐྱབས་འགྲོ་ནས་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ་ཞེས་པའི་བར་དང༌། དེའི་དཔྲལ་བར་ཨོཾ་སོགས་ནས་འཇམ་པའི་དབྱངས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་ལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་སོགས་ཀྱིས་མཆོད་ནས་ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་སོགས་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་ཞེས་པ་ཡན་ཆད་ཙམ་དང༌། མདུན་གྱི་རིལ་བུ་གདན་འཁོར་བཅས་བསང་སྦྱངས། སྟོང་པའི་ངང་ལས་གདན་གྱི་འཁོར་ལོ་བྲིས་པ་ཇི་ལྟ་བའི་དབུས་སུ་ཧྲཱིཿལས་དབྱངས་ཅན་མ་སོགས་ནས་འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པ། རྩིབས་བཞི་ལ་རང་རང་གི་ས་བོན་ལས་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་འཛིན་པ། ཐམས་ཅད་ཀྱང་ལྷའི་གོས་དང་ཡ་ལད་མནབས་པ། ཞི་ཞིང་བརྗིད་པའི་ཉམས་དང་ལྡན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་ནས་དབྱངས་ཅན་འཁོར་དང་བཅས་པའི་རྣམ་པར་སོགས་འདྲ། ཨོཾ་སྭ་ར་སྭ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་ཐམས་ཅད་ལ་འཇམ་པའི་དབྱངས་ཀྱིས་དབུར་བརྒྱན། དེ་དག་གི་རྒྱབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་མགྲོན་ཐབས་ཀྱི་ཚུལ་དུ་བཞུགས་པར་བསམ་མོ།«་་་་་རྒྱ་གཞུང་སོགས་སུ་མདུན་གྱི་ལྷ་འདི་དག་དམ་ཡེ་བསྲེ་བ་ཙམ་ལས་མི་འབྱུང་ཡང་ཕྱི་མ་འགས་ཡན་ལག་བཞི་རྫོགས་མཛད་འདུག་པར་འགལ་བ་ཆེར་མེད་སྙམ། བསྐྱེད་གཞིའི་རིལ་བུ་རེ་རེ་ནས་ལྷར་གསལ་འདེབས་པར་མི་མངོན་ཞིང༌། གདན་འཁོར་གྱི་ས་བོན་རྣམས་ཀྱང་མཚོན་བྱེད་ཙམ་ལས་ལྷར་བསྐྱེད་རྒྱུ་མིན་པ་འདྲ་བས། རིལ་བུ་ལས་གཙོ་བོའི་ཞར་ལ་འཁོར་རྣམས་བསྐྱེད་པ་ལས་འོས་མེད་དོ། །ཡིག་ཆ་འགའ་ཞིག་ཏུ་འཁོར་གྱི་བསྐྱེད་ཆོག་མ་བྲིས་པ་ནི།
རྟགས་ཀྱི་སྐབས་སུ་རིལ་བུ་རྒྱལ་ཆེན་བཞིར་མཐོང་ན་ཞེས་དང༌། རིལ་བུ་དབྱངས་ཅན་མར་མཐོང་ན་ཞེས་སོགས་གཙོ་འཁོར་གང་རུང་དུ་མཐོང་བའི་རྒྱུ་མཚན་དྲིལ་ན་ཏིང་ངེ་འཛིན་ལས་བཞེངས་མི་འདོད་པའི་རྟགས་སོ།། »ཡང་རྒྱ་གཞུང་གིས་མ་ཟིན་ཀྱང་ཡིག་རྙིང་ཁུངས་ལྡན་རྣམས་སུ་རྒྱལ་ཆེན་བཞིའི་ཚབ་ཏུ་ལྷ་གཞན་གསུངས་པ་ལྟར་མོས་ན་རྩིབས་བཞི་ལ། རང་རང་གི་ས་བོན་ལས་ཤར་དུ་སྒྲོལ་མ་དཀར་མོ་གཡས་སྐྱབས་སྦྱིན། གཡོན་ཨུཏྤལ་བསྣམས་པ། ཐུགས་ཀར་ཏཱྃ་ཡིག་གི་མཐར། ན་མོ་དྷི་དྷ་དྷཱ་རི་ཀི་སྭཱ་ཧཱ། ཞེས་པ་གཡས་སྐོར་དུ་ཡོད་པ། ལྷོར་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གཡས་བདུད་རྩིའི་བུམ་པ། གཡོན་པདྨ་འཛིན་པ། ཐུགས་ཀར་ཧྲཱིཿཡིག་གི་མཐར། ན་མ་ཨཱརྻ་པ་ལོ་དྷཱ་ར་ཎི་པྲ་ཛྙཱ་ཝདྡྷཱ་ནི་སྭཱ་ཧཱ། ཞེས་པ། ནུབ་ཏུ་དབྱངས་ཅན་མ་དམར་པོ་གཡས་འཁོར་ལོ། གཡོན་པདྨ་བསྣམས་པ། ཐུགས་ཀར་དྷཱིཿཡིག་གི་མཐར། ཨོཾ་ཨཱཿཔྲ་ཛྙཱ་ཝརྡྷཱ་ནི་སྭཱ་ཧཱ། ཞེས་པས། བྱང་དུ་གཟའ་ཕུར་བུ་དམར་པོ་གཡས་རིན་པོ་ཆེ། གཡོན་ན་ཤིང་ཐོག་བསྣམས་པ། ཐུགས་ཀར་བྷེ་ཡིག་གི་མཐར། ན་མོ་བྷེ་ཤ་རཏྣ་པྲ་ཛྙཱ་ཝརྡྷཱ་ནི་སྭཱ་ཧཱ། ཞེས་པ་གཡས་སྐོར་དུ་ཡོད་པ། ཀུན་ཀྱང་ཕྱེད་ཀྲུང་གིས་བཞུགས་ཤིང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འགྱིང་བག་དང་བཅས་ཤིང༌། སེམས་ཅན་ལ་མ་ལྟར་བརྩེ་བས་མ་རིག་པའི་མུན་པ་སེལ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་བསྡུས་ནས་སྒྲུབ་པ་པོ་ལ་སྟེར་བའི་བདག་ཉིད་ཅན་དུ་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་དང༌། གཙོ་མོའི་ཐུགས་ཀའི་སྟོད་དུ་བྷྲཱུྃ་སོགས་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་དང༌། དབྱངས་ཅན། ཕུར་བུ་ལ་འཇམ་དབྱངས། སྒྲོལ་དཀར་དང༌། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན།«་་་་་རྒྱས་གདབ་འདི་ལྟར་ཐོབ་བམ་སྙམ་སྟེ་ད་རུང་ཡིག་རྙིང་གཞན་རྙེད་ན་སླར་དཔྱད་དགོས། »དེ་དག་གི་རྒྱབ་ཏུ་སོགས་ནས་བཞུགས་པ་དང༌། ཕྱི་རོལ་ནས་སྒྲོལ་མ་དཀར་སེར་དམར་སྔོ་བཞིས་བར་ཆད་སེལ་བ་དང༌། ཤེས་རབ་སྤེལ་ཞིང་དངོས་གྲུབ་སྟེར་བའི་ལས་མཛད་
པར་བསམ། ལུགས་གཉིས་པོ་གང་ལྟར་ཡང་མཆོད་པ་སྔར་བྱིན་གྱིས་བརླབས་ཟིན་པས་བདག་མདུན་ཐུན་མོང་དུ། ཨོཾ་ཨཱརྻ་མཉྫུ་ཤྲཱི་སྭ་ར་སྭ་ཏཱི་ས་པ་རི་ཝ་ར་ཞེས་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་དབུལ། བསྟོད་པ་རྒྱས་བསྡུས་གང་རུང་བྱ། བཟླས་པའི་སྐབས་སུ། སྤྲོ་བསྡུའི་དམིགས་པ་བསྙེན་པ་དང་འདྲ་བ་ལས་འཁོར་རྣམས་ཀྱི་རྒྱུད་སྐུལ་བར་བསམ་པ་དང༌། དངོས་གྲུབ་ཚུར་བསྡུས་པ་རྣམས་རིལ་བུ་ལྷར་བསྐྱེད་པ་དང༌། ཙཀྲ་ཁ་སྦྱར་ལ་བསྟིམ་པ་གཙོ་བོར་བྱ་བ་ནི་ཁྱད་པར་རོ།«་་་་་ཡིག་ཆ་ཕྱི་མ་རྣམས་སུ་ཡབ་རྐྱང་ལ་བཟླས་པ་སྔར་བྱས་ནས་འདིར་འཁོར་དམིགས་གཙོར་འདོན་མི་བྱེད་པ་དང༌། བསྙེན་སྒྲུབ་གཉིས་ཀར་སྣོད་བཅུད་སྦྱང་བསྒྱུར་ཇི་སྐད་བཤད་པ་བཞིན་མི་བྱེད་པ་ནི། སྤྱིར་མན་ངག་བདག་པོའི་དགོངས་པ་ལས་བྱོལ་བ་དང༌། ཁྱད་པར་རྒྱུད་སྡེ་འོག་མར་སྣང་བ་ལྷ་སོགས་སུ་ལྟ་བར་མ་གསུངས་པའི་གྲུབ་མཐའ་བསྐྱངས་ཆེས་པའི་རྗེས་སོ།» །ཐུན་གྱི་མཐར་མཆོད་བསྟོད་སྔར་བཞིན་དང༌། གཏོར་མ་བྱིན་གྱིས་བརླབས་ནས་བདག་མདུན་ཐུན་མོང་དུ་དབུལ། སླར་ཡང་མཆོད་བསྟོད་བསྡུས་པ་དང༌། འདོད་པའི་དོན་གསོལ་བ་རྣམས་བསྙེན་པའི་སྐབས་བཞིན་བྱ། གཏོར་མ་གཞན་ཡོད་ནའང་ཆོས་སྐྱོང་དང་གཞི་བདག་སྤྱན་དྲངས་ཏེ་ཨ་ཀཱ་རོའི་སྔགས་ཀྱིས་ཕུལ་ལ་བར་ཆད་སེལ་བའི་ཕྲིན་ལས་བཅོལ། མདུན་བསྐྱེད་ཀྱི་སངས་རྒྱས་བྱང་སེམས་རྣམས་མཐའ་ནས་རིམ་བཞིན་འོད་དུ་ཞུ་སྟེ་གཙོ་འཁོར་ལྔ་ལ་ཐིམ། དེ་དག་ཀྱང་རིལ་བུའི་རྣམ་པར་གྱུར་པར་བསམ། རང་གི་གདན་བསྡུ་བ་དང༌། གནས་གསུམ་བསྲུང་བ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། དེ་ལྟ་བུ་ཐུན་གསུམ་མམ་བཞི་རེའི་ཁོངས་སུ་བཟླས་པ་ཅི་འགྲོར་འབད་པས་ཞག་བདུན་ལ་སོགས་པ་ནས། ཇི་སྐད་བཤད་པའི་རྟགས་རྣམས་དངོས་སམ་རྨི་ལམ་དུ་ངེས་པར་འབྱུང་ལ། མ་བྱུང་ན་སྤོགས་པའི་ཆོ་ག་ནི། རིལ་བུ་གུ་གུལ་གྱིས་བདུག ཞལ་ཁེབས་ཀྱི་མོ་འཁོར་སྟེང་དུ་འོང་བར་བྱས་ལ། རང་ཉིད་དབྱངས་ཅན་མ་དང༌། མདུན་གྱི་རིལ་བུ་འཇམ་དབྱངས་འཁོར་བཅས་སུ་
བསྐྱེད་ལ། དབྱངས་ཅན་གྱིས་བསྐུལ་བའི་འཁོར་དམིགས་སོགས་ཀྱི་ངང་ནས་སྔགས་བཟླ་བ་རྟགས་མ་བྱུང་གི་བར་དུ་བྱ།«་་་་་འདིའི་སྔགས་ཀྱི་ས་བོན་བཟློག་པ་དྷཱིཿཧྲཱིཿཞེས་པ་དང་མཉྫུ་ཤྲཱི་དང་སྭ་ར་སྭ་ཏཱི་དང་བཟློག་པ་ཡིག་ཆ་ཕྱི་མ་ཞིག་ཏུ་སྣང་མོད་དཀྱུས་མ་འདི་ཙམ་གྱིས་དོན་འགྲུབ་བམ་སྙམ་སྤྱིར་བསྙེན་སྒྲུབ་གང་གི་སྐབས་སུའང་སྭ་ར་སྭ་ཏཱི་མེད་པ་མང་བས་མི་དགོས་པ་ཡིན་ནམ་སྙམ། »རྟགས་བྱུང་བ་དང་བོགས་འདོན་དུ་དྷཱིཿབསྙེན་བྱ་བར་འདོད་ན། རང་སྔར་བཞིན་འཇམ་དབྱངས་སུ་བསྐྱེད་པའི་ཐུགས་ཀའི་ནང་དུ་དྷཱིཿདམར་པོ་འོད་ཟེར་དམར་པོ་འཕྲོ་བའི་རྩེ་མོ་ལྕགས་ཀྱུ་ལྟ་བུས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་དང༌། དབྱངས་གསལ་ལ་སོགས་ཡི་གེ་ཐམས་ཅད་ཀྱི་ནུས་པ་དང༌། འཇིག་རྟེན་གྱི་སྔགས་པ་དང༌། གཙོ་བོ་དྲན་པ་ཅན་ཐམས་ཅད་ཀྱི་བློ་གྲོས་དང༌། ཉི་ཟླ་ནོར་བུ། སྣང་གསལ། རྩི་བཅུད་ཐམས་ཅད་བཀུག་ནས་དྷཱིཿལ་བསྟིམ། དྷཱིཿལས་འོད་འཕྲོས། སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་དྷཱིཿམང་དུ་བཟླ། དྷཱིཿདེ་ཆེས་ཆེར་འཕེལ། མགྲིན་པར་ཞུགས། དྷཱིཿདམར་པོས་ལུས་ཀྱི་ནང་ཁེངས། འོད་ཟེར་མེ་ལྕེ་ལྟ་བུས་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམས་ལ་དྷཱིཿབཞི་འབུམ་ལ་སོགས་པ་བཟླའོ། །འདི་ནི་བསྙེན་པ་རྐྱང་པའི་སྐབས་སུའང་གྲུབ་ན་ལེགས་སོ། །རྗེས་ཀྱི་བྱ་བ་ནི། སྒྲུབ་པ་ཐོན་མ་ཐག་ཕོ་འཁོར་ལ་འཇམ་དབྱངས་སྔོ་སེར་དམར་ལྗང་དཀར་པོ་སྟེ་རིགས་ལྔ་དང༌། མོ་འཁོར་དབྱངས་ཅན་མ་རིགས་ལྔར་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱ། མཆོད་བསྟོད། སྤྱན་དབྱེ། བརྟན་བཞུགས་རྣམས་རབ་གནས་སྤྱི་ལྟར་དང༌། ལྷ་རྣམས་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བར་བསམས་ལ། རྩ་སྔགས་དབྱངས་གསལ། རྟེན་འབྲེལ་སྙིང་པོ་རྣམས་བརྒྱ་རྩ་བརྒྱད་རེ་བཟླས་མཆོད་བསྟོད་ཤིས་བརྗོད་བཅས་བྱས་ལ། ཟངས་ཀྱི་གའུར་བཅུག་ནས་ལུས་ལ་བཅང་ངོ༌། །དེ་ནས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ནངས་རེ་བཞིན་ལྟོ་སྟོང་ལ་སྔགས་བཟླ་བཞིན་པས།
རིལ་བུ་ལྔ་ལྔའམ་རེ་རེ་གྱུར་མིད་བྱ་ཞིང༌། ལྷག་མ་རྣམས་གདན་འཁོར་དང༌། དར་དམར་སེར་གྱིས་གཏུམ་ནས་ཟ་མ་ཏོག་ལ་སོགས་པར་བཅུག་སྟེ་མཆོད་པའི་གྲལ་དུ་བཞུགས་སུ་གསོལ། ཤེས་རབ་འགྲིབ་པའི་རྟགས་བྱུང་བའམ། མ་ཡིན་ཀྱང་སྐབས་སྐབས་སུ་སྔར་བཞིན་གུས་པས་བསྟེན་ན་ཤེས་རབ་འཕེལ་ཞིང་བཅུད་ལེན་དུའང་འགྱུར་རོ། །བསྙེན་སྒྲུབ་སྐབས་ཀྱི་གེགས་སེལ་ནི་དགོས་པ་ཤར་ན་གུད་དུ་ཤེས་པར་བྱ་ཞིང༌། དབང་གི་རིལ་བུ་སྒྲུབ་ཚུལ་ཀྱང་ཡིག་རྙིང་རྣམས་བསྡེབས་པས་རྟོགས་པར་ནུས་སོ། །དེ་དག་ནི་ལྷ་ཉེ་བར་བསྙེན་པའི་དགོས་དོན་ནམ་མངོན་པར་འདོད་པའི་འབྲས་བུ་ཡོངས་སུ་སྨིན་པར་བྱེད་པ་སྒྲུབ་པའི་རིམ་པའོ།། །།གསུམ་པ་ལས་ལ་སྦྱར་བ་ལ། རྒྱས་པའི་སྦྱིན་སྲེག་གི་སྒོ་ནས་བློ་གྲོས་གཙོ་བོར་སྤེལ་བ་དང༌། འཁོར་ལོ་དང་བསམ་གཏན་སོགས་ཀྱིས་ལས་ཕྲན་ཚེགས་གཞན་སྒྲུབ་པའོ། །སྦྱིན་སྲེག་ལའང་བསྙེན་སྒྲུབ་རིམ་ཅན་དུ་བྱས་པའི་བོགས་འབྱིན་དང༌། བསྙེན་པ་རྐྱང་པའི་ཁ་སྐོང་ངམ་གྲུབ་འབྲས་འབྱིན་པའི་ཚུལ་ལོ། །གཉིས་པོ་གང་ལྟར་ཡང་ཆོས་གསུམ་གྱིས་རྟོགས་པར་བྱ་སྟེ། སྦྱོར་བའི་ཆོས་ནི་སྒྲུབ་པའི་གནས་དེ་ཉིད་དུ་ས་སྟེགས་བ་བྱུང་དང་དྲི་བཟང་གིས་བྱུགས་པ་ལ་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་པའི་དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བ་ཐབ་ནང་དང༌། དེའི་ཕྱི་རོལ་དུ་སོར་བཞི་པ་གསུམ་བསྐོར་བའི་དང་པོ་ལ་པདྨ་འདབ་མ་བཅུ་དྲུག གཉིས་པ་ལ་རྡོ་རྗེ་རྩེ་གསུམ་པ་བཅུ་དྲུག གསུམ་པ་ལ་མེ་རི་གཡས་སྐོར་དུ་བྲི། ཐབ་ཀྱི་ནང་ཆ་གསུམ་དུ་བགོས་པའི་སུམ་ཆ་འཁོར་ལོའི་ལྟེ་བ་དང༌། སུམ་གཉིས་ལ་རྩིབས་བཞི་མུ་ཁྱུད་དང་བཅས་པ་བྲི་ཞིང༌། མེ་རིའི་ཕྱི་རུ་ཐབ་སྟེགས་གྲུ་བཞི་པའི་གྲྭ་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རྩེ་ནང་བསྟན་བྲི། དེའི་ཕྱི་རོལ་ཏུའང་སྟེགས་བུའི་དཔངས་ཀྱི་ཚད་མཚོན་པའི་ཆ་ག་སོར་བཞི་པ་བྱ། ལྟེ་བར་འཇམ་དཔལ་ཡབ་ཡུམ་དང༌། རྩིབས་བཞིར་སྒྲུབ་པའི་དུས་སུ་འཁོར་གང་བསྐྱེད་ཀྱི་ཕྱག་མཚན་ནམ་
ས་བོན་བྲི། གཞི་ཚོན་ཐམས་ཅད་སེར་པོ་དང་བཅད་དང་མཚན་མ་ལི་ཁྲིས་བྱ། ཁ་ཁྱེར་རམ་མེ་རིའི་སྟེང་ནས་བུད་ཤིང་བརྩིགས་པའི་ནང་གི་འཇིག་རྟེན་པའི་ཤར་ལྷོར་ཏིང་ལོ་བཞག ཐབ་ཀྱི་ཤར་འཇིག་རྟེན་པའི་བྱང་དུ་བསྟན་པའི་ནུབ་ཏུ་རང་གི་སྟན་ཁ་དོག་སེར་པོའི་སྟེང་དུ་ས་འཇའ་ལི་ལྟ་བུ་བཞག«་་་་་ཐབ་དང་སྒྲུབ་པ་པོ་གཉིས་ཀ་ཕྱོགས་གཅིག་ཏུ་ལྟ་བ་གཞུང་ཕལ་མོ་ཆེའི་དགོངས་པ་ཡིན་པས་ཤིན་ཏུ་ལེགས། དེའི་ཚེ་རྫས་སོགས་མདུན་ནས་སྟོབ་པའི་དམིགས་པ་བྱ་གསུངས། འགའ་ཞིག་ཏུ་རང་ཉིད་ལས་བཞི་དང་མཐུན་པའི་ཕྱོགས་སུ་ལྟ་ཞིང༌། དཀྱིལ་འཁོར་གྱི་ཞལ་རང་ལ་བསྟན་པའང་གསུངས་པས་ཅི་བདེར་བྱ། »ཐབ་ཀྱི་མདུན་ངོས་སུ་མཎྜལ་བྱས་པའི་སྟེང་ངམ་མ་བདེ་ན་རང་གི་གཡས་སུ་སྟེགས་སེར་པོར་བསྒྱུར་བའི་སྟེང་དུ་སྣོད་སོ་སོར། དུག་རིགས་མ་ཡིན་པའི་མེ་ཏོག་སེར་ཞིང་དྲི་ཞིམ་པ། ཨ་རུ་ར། བདུག་སྤོས། མར་མེ་སྟེ་ཏིང་ལོ་ཆུང་ངུ་བརྒྱ་རྩ་བརྒྱད་དང༌། བདུན་ཚན་གཉིས་སོགས་གང་དགོས། བྱུགས་སྤོས་ཏེ་ག་བུར་སོགས་དྲི་ལྔའི་ཕྱེ་མ། བཤོས་གཙང་སྟེ་ལྷ་བཤོས་ཏིང་ལོ་དང་གྲངས་མཉམ་པའམ་ཟས་མཆོག་སྤྱི་ལྟར་ལ་ཁུར་བ་དང༌། ཤིང་ཏོག་སོགས་སྦགས་པ། བ་དམར་སེར་གྱི་མར་ཁུ། ཀུ་ཤའི་མྱུ་གུ། མངར་གསུམ། དཀར་གསུམ་རྣམས་རིམ་པ་བཞིན་དུ་བཤམ། བསྲེག་རྫས་རྒྱས་པར་སྤྲོ་ན། འདི་རྣམས་ཀྱི་གོང་དུ་ཡམ་ཤིང་ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་སེར་ཞིང༌། དྲི་ཞིམ་པ་ལ་ཚད་ཁྲུ་གང་པ་གྲངས་ཇི་ཙམ་དགོས་པ་དང༌། མར་ཁུ། འོག་ཏུ་ཏིལ་སོགས་སྤྱི་ལྟར་བཤམས་ཀྱང་ལེགས། རང་གི་གཡོན་ངོས་སུ་གཏོར་མ་གཉིས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། མདུན་དུ་མེ་ཡོལ། རྡོར་དྲིལ་གྱི་བར་དུ་དགང་བླུགས་ཁ་སྦྱར་བ། བསང་ཆུ། ཀུ་ཤའི་འཐོར་ཡབ། ཀུ་ཤའི་ཆུན་པོ་བརྒྱད་སོགས་སྟ་གོན་བྱ། དངོས་གཞིའི་ཆོས་ནི། སྔ་དྲོའི་དུས་སུ་རང་ཉིད་ཁྲུས་བྱ། གོས་རྒྱན་སེར་པོས་བརྒྱན་ནས་སྔར་བཤད་པའི་སྟན་ལ་བཟང་པོའི་འདུག་སྟངས་ཞེས་པ་ཁྱེལ་འདུག་གིས་བསྡད་དེ་བདག་གི་རྣལ་འབྱོར་བཟླས་པ་དང་བཅས་པ་ཚུལ་བཞིན་དུ་བྱ། དཔལ་འབར་དགེ་འདུན་
གྱི་རུང་ཁང་ངམ་རྒྱལ་པོའི་ཁྱིམ་ནས་བླངས་པའི་མེས་སྦར་ལ། ཐབ་ལ་གཡས་སུ་བསྐོར་ཞིང་རྩ་སྔགས་ལན་གསུམ་བརྗོད་པའི་མཐར་ཨོཾ་བཛྲ་ཛྭ་ལ་རཾ་ཞེས་པས་ཐབ་ནང་གི་ཏིང་ལོ་སྦར། སྔགས་དེ་ཉིད་དང་མར་དགང་བླུགས་གསུམ་བུད་ཤིང་ལ་ཁྱབ་པར་བྲན་ཅིང་རྩ་སྐམ་པོ་དང་བཅས་ཏེ་མེ་གསོ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པ་ཉེར་གཅིག་གིས་བསང་ཆུ་བྱིན་གྱིས་བརླབས་ནས། ཀུ་ཤས་ཐབ་དང་ཡོ་བྱད་རྣམས་ལ་གཏོར་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས་རོལ་མོ་ལ་སོགས་པའི་མཆོད་རྫས་དང༌། བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ཀྱིས་མཆོད་རྫས་རྣམས་དང༌། འབྲུ་གསུམ་མམ་ལས་སྔགས་ཀྱིས་བསྲེགས་རྫས་བྱིན་གྱིས་བརླབ། བསྲེག་རྫས་རྒྱས་པ་ཡོད་ན་སྔགས་རྒྱས་སྦྱང་བཀྲུ་བྱིན་རླབས་བྱ་བ་གཞན་དང་འདྲ།«་་་་་རྫས་སྔགས་སོ་སོའི་སྤེལ་ཚིག་དང་བཅས་པ་དང༌། དགང་བླུགས་འཛིན་ཚུལ་སོགས་ཁྱད་ཆོས་ཕྲ་མོ་རྣམས་རྒྱས་པའི་སྦྱིན་སྲེག་གཞན་ནས་ཀྱང་རྟོགས་པར་འགྱུར་མོད། ཁོ་བོས་བྱས་པའི་སྒྲོལ་དཀར་གྱི་ཡིག་སྐོར་ནས་བླངས་ན་ཤིན་ཏུ་བདེ་བར་སྣང་ངོ༌། །རྫས་སྤྱི་ལྟར་སྤྲོས་ཚེ་འདིའི་ཁྱད་པར་གྱི་རྫས་ཀྱི་གྲས་ནས་མར་ཁུ་ཡམ་ཤིང་གི་རྗེས་དང༌། ཟས་མཆོག་དང་ཀུ་ཤ་སོ་སོའི་གནས་སུ་སྤོ་བ་ལས་ཉིས་བལྡབས་ལྟ་བུ་མི་དགོས་སྙམ་དུ་སེམས་སོ།། »ཐབ་ཁུང་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ་དྭངས་ཤིང་ཐོགས་པ་མེད་པ། ཁ་སྒྱེར་ཕྱིར་གྱེད་པ་དང༌། གྱེན་དུ་བསླངས་པ་དང༌། བགས་ཀྱིས་གཞོལ་བ་སྟེ་རིམ་པ་གསུམ་ལ་པདྨའི་འདབ་མ་དང༌། རྡོ་རྗེ་རྩེ་གསུམ་པ་དང༌། མེ་རིས་བསྐོར་བ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བ་ལས་མེ་འབར་བ། ཕྱི་རོལ་ཏུ་སྟེགས་བུ་གྲུ་བཞི་པའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་
བྲིས་པ་དང་གཉིས་སུ་མེད་པར་གྱུར། མེ་འབར་བའི་དབུས་སུ་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་མེ་ལྷ་སྐུ་མདོག་སེར་པོ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ། གཡས་དབྱུ་གུ་དང་གཡོན་གནྡྷེ་འཛིན་པ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན་ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ་སོགས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲང༌། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ་བས་ཐབ་ཀྱི་ཤར་ལྷོར་བཞུགས་པ་ལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་བཅུག་པས་ཆུ་གཉིས་ཕུལ་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཨཱ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨཱི་ཀུ་རུ་སརྦ་དུཥྚཱ་ན་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ཞེས་པས་དམ་ལ་བཞག ཛཿཧཱུྃ་བཾ་ཧོཿས་བསྐྱེད་པ་ལ་བསྟིམ། སླར་ཡང་དབང་ལྷ་སྤྱན་དྲངས་ལ། གསོལ་བ་གདབ། དབང་བསྐུར་བ་རྣམས་བདག་བསྐྱེད་ལྟར་ལས་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། དེ་ནས་མཚན་སྔགས་རེ་རེའི་མགོར་སྦྱར་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་
ཅད་སེལ་བའི་ནུས་པ་དང་ལྡན་པར་བསམས་ཏེ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག ཨོཾ་བཛྲ་སཏྭ་ཨཱཿ ཞེས་བརྗོད་དེ་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་དགྲམ་མོ། །དེ་ནས་གཟར་བུ་གཉིས་རིན་ཆེན་ཁུ་ཚུར་གྱིས་བཟུང་སྟེ། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་དང༌། དགང་བླུགས་གཉིས་ཀྱི་ཁ་ལའང་རྃ། ཞལ་གྱི་རྃ་ལས་འོད་ཀྱི་སྦུ་གུ་བྱུང་བ་དགང་བླུགས་ཀྱི་རྃ་ལ་ཟུག་པས་མར་ཁུ་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་ལན་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་དཱི་བྱཱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཧྣཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་གཟར་བུ་གཉིས་ཁ་སྦྱར་ལ་དབུལ། དེ་ལྟ་བུ་ལན་གསུམ་བྱ་བ་ནི་བྱོན་སྐྱེམས་སོ། །སྐབས་འདིར་མེ་པྲ་བརྟགས་ཏེ་ངན་ན་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུ་ཕྱོགས་ཀུན་ཏུ་འཐོར་རོ། །དེ་ནས་མེ་ཏོག་སེར་པོ་ལ་སོགས་པའི་ཁྱད་པར་གྱི་རྫས་བཅུ་པོ་མེ་ལྷ་ལ་ཟུར་དུ་བཤམས་པ་ཡོད་ན་དེ་ཉིད། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་བདུན་ནམ་ཉེར་གཅིག་རེ་འབུལ། མེད་ན་རྫས་སོ་སོའི་ཕུད་ལོགས་སུ་ཕྲིས་པའི་བར་ཕུད་ནས་འབུལ་བར་མཛད་མོད་སྔ་མ་ལེགས་སོ། །གང་ལྟར་ཡང་སྡེ་ཚན་རེ་རེ་རྫོགས་པའི་མཐར། བདག་གི་བློ་དང༌། ཡེ་ཤེས་དང༌། ངག་གི་དཔལ་ཡོན་གཙོ་བོར་གྱུར་པའི་དགེ་ལེགས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་སྦྱར། རྫས་གཞན་ཡོད་ན་གོ་རིམ་གོང་དུ་སྨོས་པ་ལྟར་ལ་སོ་སོའི་སྤེལ་ཚིག་གཞན་ནས་འབྱུང་བ་ལྟར་རམ་འདི་ཉིད་ཀྱིས་ཀྱང་འཐུས་སོ། །སླར་ཡང་མཆོད་བསྟོད་གོང་ལྟར་དང༌། མར་དགང་བླུགས་གང་ཐབ་ཏུ་ཕུལ་ལ། ཨོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། མེ་འབར་བའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་
ལྟེ་བར་པྃ་ལས་པདྨ་སོགས་ནས་འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པ་ཞེས་པའི་བར་བདག་བསྐྱེད་ལྟར་དང༌། རྩིབས་བཞི་ལ་སོགས་ཀྱིས་རྒྱལ་ཆེན་བཞི་བསྐྱེད། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་ནས་རྗེ་བཙུན་ཡབ་ཡུམ་འཁོར་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ མཆོད་ཅིང་བསྟིམས་ལ། དབང་ལྷ་སྤྱན་དྲང༌། མཆོད་ཅིང་གསོལ་བ་གདབ་པ། དབང་བསྐུར་བ་རྣམས་འདྲ་བ་ལ་ཆུའི་ལྷག་མ་ཡར་ལུད་པ་ལས་ཐམས་ཅད་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། རྒྱལ་ཆེན་གྱི་ཚབ་ཏུ་སྒྲོལ་དཀར་སོགས་བསྐྱེད་ནའང་རིགས་བདག་སྤོ་བ་མ་གཏོགས་སྒྲུབ་པའི་དུས་དང་འདྲ། ལུགས་གཉིས་པོ་གང་ལྟར་ཡང་ལྷ་ཐམས་ཅད་འཛུམ་ཞིང་ཚིམས་པའི་ཉམས་ཅན། འོད་ཟེར་སེར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་དང༌། ཡེ་ཤེས་དང༌། ངག་གི་དཔལ་ཡོན་གཙོ་བོར་གྱུར་པའི་སྲིད་ཞིའི་ཕུན་ཚོགས་ཐམས་ཅད་རྒྱས་པའི་ལས་མཛད་པར་གྱུར་ཅེས་དང༌། དགང་བླུགས་བླངས་ཏེ་ལྷ་ཐམས་ཅད་ཀྱི་ཞལ་སོགས་ནས་གསོལ་བར་བསམས་ལ། རྩ་སྔགས་ལན་གསུམ་སྔོན་དུ་འགྲོ་བའི་ཨོཾ་ཨགྣ་ཡེ་སྭཱ་ཧཱ། བདུན་དང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྲཱ་སོགས་དང༌། བདག་གི་བློ་དང་སོགས་སྤེལ་ཚིག་སྦྱར། དེ་ལྟ་བུ་ལན་གསུམ་གྱིས་བྱོན་སྐྱེམས་འབུལ། མཆོད་པ་རྣམས་བྱིན་གྱིས་བརླབས་ལ་མཚན་སྔགས་རེ་རེའི་མགོར་སྦྱར་བས་མཆོད། གཞོན་ནུའི་སྐུ་ལུས་སོགས་དང༌། རྒྱལ་བ་ཀུན་གྱི་སོགས་དང༌། འཁོར་རྣམས་ལ། ཟབ་ཅིང་རྒྱ་ཆེར་གཟིགས་པ་པོ། །ཞེས་སོགས་ཀྱིས་བསྟོད། འཁོར་གྱི་བསྐྱེད་ཆོག་ཕྱི་མ་ལྟར་ཡིན་ན། མཁྱེན་དང་བརྩེ་བའི་སྣང་བ་དམ་པ་ཡིས། །སྒྲུབ་པ་པོ་ཡི་བློ་མུན་རབ་བསལ་ནས། །རྨད་བྱུང་ཕན་བདེའི་དཔལ་ལ་སྦྱོར་མཛད་པའི། །འདས་དང་མ་འདས་འཁོར་གྱི་ཚོགས་ལ་འདུད། །ཅེས་པས་བསྟོད། དེ་ནས་ཁྱད་པར་གྱི་རྫས་བཅུ་པོ་
རྩ་སྔགས་ཁོ་ནས་བརྒྱ་རྩ་བརྒྱད་རེ་ངེས་པར་འབུལ་ཞིང༌། སྡེ་ཚན་རེ་རེའི་མཐར་སྤེལ་ཚིག་གོང་ལྟར་སྦྱར། ཡམ་ཤིང་ལ་སོགས་པ་ཡོད་ན་རྩ་སྔགས་ལན་གསུམ་རེ་སྔོན་དུ་འགྲོ་བའི་རང་སྔགས་སྤེལ་ཚིག་དང་བཅས་པས་དབུལ་བ་མེ་ལྷ་དང་འདྲ། སླར་ཡང་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་བདུན་ཚན་གསུམ་གཤེགས་སྐྱེམས་སུ་ཕུལ་ལ། མཆོད་པ་རྣམས་ཁ་གསོས་ནས་བྱིན་གྱིས་བརླབས། ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཚིག་བཅད་གང་རིགས་དང་བཅས་པའི་སྔགས་རྒྱས་དབུལ། སྤྲོ་ན་གོས་ཟུང་དང༌། རིན་ཆེན་བདུན། བཀྲ་ཤིས་རྟགས་བརྒྱད། འདོད་ཡོན་ལྔ་རྣམས་སྤྱི་ལྟར་དབུལ། ཡིག་རྙིང་ནས་འབྱུང་བའི་བསྟོད་པ་རྒྱས་པས་བསྟོད། གཏོར་མ་བྱིན་གྱིས་བརླབས། ཐབ་ཀྱི་ལྷ་ལ་ཕུལ་བའི་མཐར་མཆོད་བསྟོད་བསྡུས་པ་ཞིག་བྱ། འདོད་པའི་དོན་གསོལ་ལ། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་གསོལ་དང༌། ཨོཾ་ཁྱོད་ཀྱིས་སོགས་དང༌། མཐེབ་སྲིན་གྱིས་སེ་གོལ་གཏོགས་ཤིང༌། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ་མཐེབ་སྲིན་གྱིས་ཐལ་བ་བླངས་ཏེ་དཔྲལ་བར་བྱུག་གོ །སླར་ཡང་མར་བླུགས་གཟར་གང་དགང་གཟར་ལ་རེག་ཅིང་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། བསྲེག་རྫས་རྣམས་ལྷག་མ་བདུན་ནམ་བཅུ་གཅིག་རེ་ཕུལ་བའི་མཐར། བྱོན་སྐྱེམས་ལྟར་མར་བདུན་ཚན་གསུམ་ཕུལ། མེ་ལྷའི་གཏོར་མ་བྱིན་གྱིས་བརླབས་ནས། ལག་པ་གཡས་ཀྱིས་མཆོག་སྦྱིན་དང༌། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་མམ་ལྔས་ཕུལ། མཚན་སྔགས་རེ་རེའི་མགོར་སྦྱར་བའི་མཆོད་པ་དང་བསྟོད་པ་གོང་བཞིན་བྱས་ལ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ལེགས་ཚོགས་
ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་དང༌། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ། མེ་ལྷ་རང་བཞིན་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་གི་གནས་གསུམ་བསྲུངས་ལ་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་བྱ། མེ་མནལ་བ་དང་ཐལ་བ་ཆུ་ཀླུང་ཆེན་པོར་དོར་ཏེ་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །དབང་གི་རིལ་བུ་སྒྲུབ་པ་དང་འབྲེལ་ན་འདི་ཉིད་ལ་དབང་གི་སྦྱིན་སྲེག་གཞན་ནས་ཅུང་ཟད་བཀབ་པས་འགྲུབ་བོ། །གཉིས་པ་བསྙེན་པ་རྐྱང་པའི་ཁ་སྐོང་གི་ཚུལ་ནི། སྦྱོར་བའི་སྐབས་སུ་ཐབ་ཀྱི་ཐིག་སོགས་སྔར་བཞིན་ལ་ནང་དུ་འཁོར་གྱི་མཚན་མ་འགོད་དུ་མེད་པས་འཁོར་ལོ་རྒྱས་པ་ཉིད་བྲི་བ་ལེགས་ཏེ། དེ་ཡང་རྩིབས་བརྒྱད་པ་མུ་ཁྱུད་ཆ་ཕྲན་གཅིག་གིས་བསྐོར་བ། ལྟེ་བར་རལ་གྲིའི་ཡུ་བར་དྷཱིཿ རྩིབས་བརྒྱད་ལ་གཡས་སྐོར་དུ་དབྱངས་ཡིག་གཉིས་གཉིས་དང༌། མུ་ཁྱུད་ལ་གསལ་བྱེད་རྣམས་གཡས་སྐོར་དུ་ཚོན་དམར་པོ་ལ་སོགས་པས་བྲི་བ་ནི་ཁྱད་པར་རོ། །རྫས་ནི་ཁྱད་པར་གྱི་རྫས་བཅུ་པོ་ཁོ་ནས་འཐུས། དངོས་གཞི་ལ་བདག་བསྐྱེད་ནས་མེ་ལྷ་འབར་བའི་རྣམ་པར་གྱུར་པའི་བར་འདྲ། མེ་འབར་བའི་དབུས་སུ་པྃ་ལས་པདྨ་སོགས་ཀྱིས་རྗེ་བཙུན་ཡབ་ཡུམ་བདག་བསྐྱེད་ལྟར་བསྐྱེད་ལ་རིགས་བདག་སྤོ། འཁོར་གྱི་བསྟོད་པ་དོར་ཞིང་ཚིག་གི་ཕྲད་བསྒྱུར་དགོས་པ་ནི་ཤེས་སླ། བསྲེག་རྫས་རྣམས་རྫོགས་པའི་རྗེས་སུ། མེ་ཏོག་སེར་པོའམ་མ་འབྱོར་ན་འབྲས་ཡུང་བས་ཁ་བསྒྱུར་བ་ལ་གྲངས་བཟུང་སྟེ་རྩ་སྔགས་ཁྲི་ཕྲག་བཞི་སོགས་འགྲོ་ངེས་བྱ། རྗེས་ཀྱི་ཆོས་ནི་འདྲ་བ་ཉིད་དོ། །ཉི་མ་གསུམ་སོགས་བྱེད་ན་སྔར་གྱི་ཐལ་བའི་སྟེང་དུ་བུད་ཤིང་བརྩིགས་པ་ཙམ་གྱིས་དོན་འགྲུབ་བོ། །ལས་ཕྲན་ཚེགས་གཞན་རྣམས་ནི་ཡིག་རྙིང་ན་གསལ་བར་བཞུགས་སོ། །དེ་ལྟ་བུའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་
གཞག་ལག་ལེན་དང་བཅས་པ་འདི་ནི་ཡིག་རྙིང་ས་འོག་གི་རོ་ལངས་པའམ། རྣམ་པ་གཅིག་ཏུ་ན། གྲུབ་པའི་ཞལ་ལུང་གི་ཉིན་བྱེད་ཡིག་གསར་རྒྱུ་སྐར་གྱི་གཟི་བརྗིད་ལ་གནོད་ཀྱི་དོགས་ནས་གླིང་གཞན་གྱི་མཁའ་དབྱིངས་སུ་བྱོལ་བ། དད་དང་བརྩོན་པའི་སྐྱ་རེངས་ཀྱིས་མཁས་པའི་པད་ཚལ་བཞད་པའི་གཉེན་དུ་དྲངས་པའོ། །འཁྱོགས་བཤད་མུན་པའི་གཡུལ་ལས་རྣམ་རྒྱལ་བའི། །གྲུབ་དབང་དགོངས་དོན་ཉིན་བྱེད་འདི་ཤར་ཚེ། །ཆོས་ཀུན་བདག་གིས་སྟོང་པའི་ཡེ་ཤེས་དང༌། །ཕུལ་བྱུང་སྤོབས་པ་འདོད་རྣམས་དབུ་ཐེགས་ཤིག །ལེགས་བྱས་རྫོགས་ལྡན་གསར་པའི་སྤྲིན་རུམ་ནས། །བདེ་དང་ཕན་པ་ནོར་བུའི་གྲུ་ཆར་གྱིས། །སྐྱེ་འགྲོའི་རེ་བ་འགེངས་ཤིང་མཁས་ཚུལ་གྱིས། །ཐུབ་བསྟན་སྐྱོང་བའི་འབྱོར་རྔ་བརྡུང་གྱུར་ཅིག །ཅེས་རྗེ་བཙུན་སྨྲ་བའི་སེང་གེའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ངག་འདོད་དང་བཅས་པ་རྨོངས་པའི་བདུད་ལས་རྣམ་རྒྱལ་ཡེ་ཤེས་མཆོག་གི་ཉི་མ་ཞེས་བྱ་བ་འདི་ནི་རྗེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་འདྲིར་འོས་སོ་ཞེས་གཟེངས་བསྟོད་ཀྱི་དབྱངས་སྙན་བསྒྲགས་པ་ལ་བརྟེན་ནས་རྒྱལ་ཁམས་པ་ངག་དབང་ལེགས་གྲུབ་ཀྱིས་རྒྱ་གཞུང་སོགས་ཡི་གེ་སྔ་ཕྱི་རྣམས་ལ་ཞིབ་ཏུ་དཔྱད་དེ་དཔལ་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ།། ༈ །འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཉུང་གསལ་སྙིང་པོའི་དྲིལ་བ་གྲུབ་པ་མཆོག་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་གོ་གུ་རུ་ཝཱ་དི་སིཾ་ཧཱ་ཡ། བློ་ལྡན་གང་ཞིག་ངེས་པར་འབྱུང་བ་དང་བྱང་ཆུབ་སེམས་གཉིས་ཀྱི་གཞན་དབང་དུ་གྱུར་པས་མྱུར་དུ་ཐམས་ཅད་གཟིགས་པའི་ཡེ་ཤེས་ལ་བསྙེན་པར་བྱ་བའི་སླད་དུ་འཇམ་དཔལ་སྨྲ་བའི་སེང་གེའི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་སྒྲུབ་པར་འདོད་པས། འདི་ཉིད་ཀྱི་རྗེས་སུ་གནང་བ་དང་གདམས་ངག་ལེགས་པར་ནོས་ཏེ་དམ་ཚིག་དང་སྡོམ་པར་ལྡན་པས་དབེན་ཞིང་ཉམས་དགའ་བའི་བསམ་གཏན་གྱི་ཁང་བུར་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་
བ་ནི། མདུན་གྱི་ནམ་མཁར་བླ་མ་འཇམ་པའི་དབྱངས་གཙོ་བོར་གྱུར་པའི་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་གསལ་བའི་སྤྱན་སྔར་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་ལྟར་བྱའོ། །གཉིས་པ་དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སེང་གེ་སྔོན་པོ་བསྣོལ་བའི་གདན་གྱི་སྟེང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་དྷཱིཿདམར་པོ་དང༌། མདུན་གྱི་ས་གཞིར་པད་ཟླའི་སྟེང་དུ་ཧྲཱིཿཡིག་མཐིང་ཞུན་གྱི་མདོག་ལྟ་བུ། དེ་གཉིས་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། ཚུར་འདུས་ཡི་གེ་གཉིས་ལ་ཐིམ་པས་དྷཱིཿཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་འཇམ་དཔལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་«་་་་་ཡིག་ཆ་ཕྱི་མ་རྣམས་སུ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱར་གསུངས་ཀྱང་རྩ་བའི་ཡིག་རྙིང་རྣམས་ཀྱི་དགོངས་པ་ནི་འདི་ཁོ་ན་སྟེ། དེས་མཚོན་གོང་འོག་རྣམས་སུ་ཡིག་ཆ་ཕྱི་མ་དང་མི་མཐུན་པ་རྣམས་ཡིག་རྙིང་སོར་བཞག་པའོ།། »ཤེས་རབ་ཀྱི་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞི་འཛུམ་སྒེག་པའི་ཆ་ལུགས་ཅན། རལ་པའི་ཐོར་ཚུགས་གྱེན་དུ་བསྒྲེངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་འབར་བས་མཚན་པའི་ལྷག་མ་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བཞི་པའི་ལྟེ་བར་རལ་གྲི་སོར་བཞི་པ་གྱེན་འགྲེང་དུ་འཁོད་པའི་ཆངས་ཟུང་ལ་དྷཱིཿདམར་པོའི་མཐར་རྩ་བའི་སྔགས་ཀྱིས་བསྐོར་བ། མདུན་གྱི་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་སྔོན་པོ་ཅུང་ཟད་ཁྲོ་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ། རལ་གྲི་དང་པུསྟི་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་མཐོན་
མཐིང་སྤྱི་བོར་བཅིངས་པའི་རྩེ་མོར་ནོར་བུས་མཚན་ཅིང་ལྷག་མ་ལྕང་ལོའི་ཚུལ་དུ་འཕྱང་བ། ཞབས་གཉིས་བཞེངས་པའི་སྟབས་ཀྱིས་སྐུ་འགྱིང་བག་དང་བཅས་ཏེ་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་རལ་གྲི་སོར་བཞི་པའི་ཆངས་ཟུང་ལ་ཧྲཱིཿཡིག་སྔོན་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། ཡབ་ཡུམ་གཉིས་ཀའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་བསམས་ལ། ལྷར་སྣང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་སེམས་འཛིན། དེས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འཇམ་དཔལ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། སླར་ཡང་ཐུགས་ཀའི་དྷཱིཿལས་དྷཱིཿཡིག་གི་ཕྲེང་བ་དཔག་ཏུ་མེད་པ་བྱུང༌། རང་གི་སྣ་བུག་གཡས་ནས་ཐོན། ཡུམ་གྱི་སྣ་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ལས་གྲོལ་བའི་ཚུལ་གྱིས་ཧྲཱིཿཡིག་གི་ཕྲེང་བ་སྣ་བུག་གཡས་ནས་བྱུང༌། རང་གི་སྣ་བུག་གཡོན་ནས་ཞུགས་པས་ཨཱ་ལི་ཀཱ་ལིའི་སྔགས་སུ་གྱུར་ཏེ་ལུས་ཀྱི་ནང་ཐམས་ཅད་གང༌། བ་སྤུའི་བུ་ག་ཚུན་ཆད་ཀྱང་སྔགས་ཀྱི་ཡི་གེས་གཏམས་པས་བློ་ཡི་མུན་པ་ཐམས་ཅད་བསལ་ནས། ཤེས་རབ་ཀྱི་སྣང་བ་རྒྱས། དེ་ལྟར་སྔགས་ཕྲེང་རྒྱུན་མི་ཆད་པར་འཁོར་བའི་བར་ནས་ཤེས་རབ་ཀྱི་བུང་བའི་ཚོགས་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བླ་མ་དམ་པ་རྣམས་ཀྱི་བྱིན་རླབས། ཉན་རང་གི་ཤེས་རབ། སོ་སོ་སྐྱེ་བོའི་ནུས་མཐུ་རྣམས་བསྡུས་ནས་རང་གི་སྤྱི་བོར་ཐིམ་པས་ལུས་ཡེ་ཤེས་དང་ལྡན་པར་བྱས། ཡང་འོད་ཟེར་འཕྲོས་པས་བཀའ་སྡེ་སྣོད་གསུམ་གྱི་བཅུད། གནས་ལྔ་རིག་པའི་པཎྜི་ཏའི་ཤེས་རབ། དགེ་
བའི་བཤེས་གཉེན་གྱི་ནུས་པ། སྨན་གྱི་ནུས་པ་རྣམས་བསྡུས་ནས་རང་གི་ལྕེ་ལ་ཐིམ་པས་ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ། སླར་ཡང་འོད་ཟེར་འཕྲོས་པས་རྩི་ཤིང་ནགས་ཚལ་གྱི་བཅུད། ཉི་ཟླའི་འོད་ཟེར། རྒྱ་མཚོའི་ནང་གི་ནོར་བུ་རིན་པོ་ཆེའི་འོད། ལྷ་ཀླུ་གཟའ་སྐར་རྣམས་ཀྱི་ཤེས་རབ་དང་ནུས་པ། རྒྱལ་པོ་དང་བཙུན་མོའི་སེམས་རྣམས་བསྡུས་ཏེ་རང་གི་ཐུགས་ཀར་ཐིམ་པས་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར། དེ་ལྟ་བུའི་དམིགས་པ་དང་མ་བྲལ་བའི་ངང༌། ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུྃ་ཧྲཱིཿཔྲ་ཛྙཱ་ཝརྡྷཱ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། ཞེས་ཇི་ཙམ་ནུས་པ་བཟླས་པའི་མཐར་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོར་སྔགས་ཀྱི་ནུས་པ་བརྟན་པར་བྱའོ། །གསུམ་པ་རྗེས་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་བསལ་ནས་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་རལ་གྲི་ལ་ཐིམ། དེ་དྷཱིཿལ་ཐིམ། དེ་ཐིག་ལེ་དམར་པོར་གྱུར་པ་འོད་དུ་ཞུ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་བྱས་པར་བསམས་ལ། འོད་གསལ་སྟོང་ཉིད་ཀྱི་ངང་དུ་བློ་བཞག དེ་ལས་ལྡང་བ་ན། སླར་ཡང་རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་ཡབ་ཡུམ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག ཐུན་མཚམས་སུ་ཅི་འབྱོར་པའི་གཏོར་མ་བྱིན་གྱིས་བརླབས་ཏེ། ཡེ་ཤེས་པ་སྤྱན་དྲངས་ལ། རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་འབུལ་ཞིང་མཆོད་བསྟོད་གསོལ་བ་
གདབ། ཉལ་བའི་ཚེ་འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཉལ། ལྡང་བ་ན་ནམ་མཁའ་སྟོང་པ་ལས་དབྱངས་ཅན་མའི་ཚོགས་དཔག་ཏུ་མེད་པས་དྷཱིཿཧྲཱིཿའི་སྔགས་ཀྱི་བསྐུལ་བར་བསམས་ལ་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལྡང༌། བསྙེན་པ་བྱེད་ན་གཙང་སྦྲ་དང་བཅས་ཐུན་གསུམ་མམ་བཞིའི་རིམ་པས་སྔགས་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པའམ། གཞུང་ནས་བཤད་པའི་རྟགས་རྣམས་དངོས་སམ་རྨི་ལམ་དུ་མཐོང་བའི་བར་བཟླ། དེ་ནས་ཁ་སྐོང་གི་སྦྱིན་སྲེག་དང༌། བོགས་འབྱིན་པའི་སླད་དུ་རིལ་བུ་སྒྲུབ་པ་དང༌། ལས་ཀྱི་ཚོགས་རབ་འབྱམས་ཀྱིས་རང་གཞན་ལ་ཕན་གདགས་པ་རྣམས་ནི་རྩ་བའི་ཡིག་རྙིང་གསལ་བྱེད་དང་བཅས་པ་རྣམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །ཚུལ་དེ་ལྟར་འབད་པས་གནས་སྐབས་སུ་ཤེས་རབ་ཕྱོགས་མེད་དུ་སྐྱེ་ཞིང་མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་ལ། མཐར་ཐུག་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུར་མངོན་པར་བྱང་ཆུབ་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་འཇ༷མ་དཔ༷ལ་སྨྲ༷་བ༷འི་སེ༷ང་གེ༷འི་སྒྲུ༷བ་ཐ༷བས་མདོ༷ར་བསྡུ༷ས་སྙི༷ང་པོ༷ར་དྲི༷ལ་བ༷་འདི་ནི་ཀུན་གཟིགས་སྤྲུལ་པའི་སྐུ་རིན་པོ་ཆེ་ཀརྨ་ངེས་དོན་དབང་པོའི་བཀའ་སྩལ་ནོར་བུའི་ཅོད་པན་སྤྱི་བོར་མཆོད་དེ། མང་དུ་ཐོས་པའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གྲུ༷བ་པ༷་མཆོ༷ག་གི་དེད་དཔོན་དམ་པ་སངས་རྒྱས་ཀྱི་ཞ༷ལ་ལུ༷ང་རྩ་བའི་ཡིག་རྙིང་དག་གི་དགོངས་པ་ཇི་ལྟ་བ་བཞིན་སྦྱར་བའི་དགེ་བས་འགྲོ་ཀུན་འཇམ་དཔལ་དཔའ་བོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
ངག་གི་དབང་ཕྱུག་སྨྲ་བའི་སེང་གེའི་སྒྲུབ་ཐབས་སྙན་པའི་རོལ་མོ་འཁྲོལ་བ་གཞོན་ནུ་རྣམ་པར་རོལ་པ།
ངག་གི་དབང་ཕྱུག་སྨྲ་བའི་སེང་གེའི་སྒྲུབ་ཐབས་སྙན་པའི་རོལ་མོ་འཁྲོལ་བ་གཞོན་ནུ་རྣམ་པར་རོལ་པ་ཞེས་བྱ་བ་བཞུགས་སོ།།
ངག་གི་དབང་ཕྱུག་སྨྲ་བའི་སེང་གེའི་སྒྲུབ་ཐབས་སྙན་པའི་རོལ་མོར་འཁྲོལ་བ་གཞོན་ནུ་རྣམ་པར་རོལ་པ་ཞེས་བྱ་བ། བླ་མ་དང་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀུན་གསལ་སྤྲིན་གྱི་རྡུལ་དང་རི་ཡི་ཕྲེང་བས་གོ་འགེབས་ལོ། །བསོད་ནམས་དྲི་མེད་སྣང་བ་ཕྱོགས་ཀྱི་མཐར་འགྲོ་ཀུན་མཁྱེན་མཁའ། །མི་ཤེས་རྡུལ་གྱིས་རབ་གཙང་འཇིག་ལྟ་རི་ཡི་རྩེ་མོ་བསྙིལ། །དེ་ལྟ་ན་ཡང་རྩུབ་རེག་སྤངས་པས་རྟག་ཏུ་འཇམ་པའི་དཔལ། །ཀུན་རྨོངས་ཤུགས་ཀྱིས་འཁོར་བའི་རྒྱ་མཚོ་རུ། །འཕངས་པ་སྒྲོལ་བའི་སྙིང་རྗེའི་གྲུ་ཞོན་པ། །རྒྱལ་བའི་ཡབ་སྟེ་སྲས་ཀྱི་ཐུ་བོ་ནི། །ལྟ་བའི་རིམས་ནད་འཇོམས་པའི་སྨན་ཆེན་པོ། །གང་གིས་ཅུང་ཟད་བསྟེན་པ་ཡང༌། །མུན་པ་འཇོམས་པའི་སྣང་བ་ཅན། །སྲིད་པའི་ཉི་མར་འཆར་བྱེད་པ། །དེ་སྒྲུབ་སྙན་པའི་གླིང་བུ་བསྒྱུར། །གང་འདོད་པ་དང༌། སྲེད་པ་དང༌། མ་རིག་པ་དང༌། ལྟ་བའི་ཆུ་བོ་བཞི་སྒྲོལ་ནས་རྣམ་མཁྱེན་ནོར་བུའི་གླིང་ལ་རིང་པོར་མི་ཐོགས་པ་རང་དབང་དུ་སྤྱོད་པར་འཚལ་བ་དེ་དག་ལ་འཕྲུལ་ཀྱི་ཐབས་ཆེན་པོ་འདི་ནི། གངས་རིའི་ཁྲོད་དུ། གསུང་རྡོ་རྗེ་པདྨ་སཾ་བྷ་ཝ་དང༌། གྲུབ་པའི་དེད་དཔོན་དམ་པ་སངས་རྒྱས་ཀྱི་ཞལ་སྒོ་ནས་བྱིན་པ་སྟེ། ཕྱི་མའི་
རྗེས་སུ་འབྲངས་པའི་ཡི་གེའི་ཕྲེང་བ་ལུ་གུ་བརྒྱུད་དུ་བསྟར་བ་ལས། ཡུལ་བྱང་ཕྱོགས་ཀྱི་སྨྲ་བའི་སེང་གེ་རྡོ་རྗེ་གཟི་བརྗིད་ཀྱིས། ལོ་རྒྱུས་རྗེས་གནང་སྒྲུབ་པ་དང༌། །སྤོགས་དང་ཁ་བསྒྱུར་སྦྱིན་སྲེག་དང༌། །ལས་ཚོགས་དང་ནི་རྣམ་བདུན་གྱིས། །འཇམ་དཔལ་སྒྲུབ་པའི་རིམ་པ་བཤད། །ཅེས་པའི་ལས་ཚོགས་ལ་ནང་གསེས་བརྒྱད་དང་བཅས་པས་འཆད་ཅིང༌། འཇིགས་བྲལ་གསུང་རབ་གཏེར་མཛོད་མང་ཐོས་སྦས་པའི་སྡེ་སོགས་ཀྱིས་རྗེས་གནང་སྒྲུབ་ཐབས་ལས་ཚོགས་གསུམ་དུ་བསྡུས་པ་རྣམས་ནི་རྩ་བའི་གཞུང་རང་སོར་བཞག སོ་སོའི་བརྒྱུད་པ་ལས་འོངས་པའི་མན་ངག་གིས་བརྒྱན་པའི་ལུགས་སུ་འདུག དཔལ་ལྡན་ཨེ་ཝཾ་པ་ཡབ་སྲས་ཀྱི་རྗེས་འབྲངས་ཐར་རྩེ་སྒྲུབ་ཁང་པ་ཆེན་པོ་དང༌། རྩོད་དུས་ཀྱི་རྡོ་རྗེ་འཆང་སྒྲོལ་བའི་མགོན་པོ་ལ་སོགས་པའི་ཡི་གེར་ལོ་རྒྱུས་རྗེས་གནང་སྔོན་དུ་འགྲོ་བའི་བསྙེན་སྒྲུབ་ལས་གསུམ་དང་ལྷ་སྐུ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་སོགས་རྡོ་རྗེ་ཐེག་པ་སྤྱིའི་ཚུལ་དུ་རྣམ་པར་བཞག་པ་དེ་དག་གི་དོན་རྒྱས་པ་སོ་སོའི་ཡིག་ཆ་བསྟེན་པས་ཁོང་དུ་ཆུད་པར་བྱ་འཚལ་ཞིང༌། ལྷག་པར་ཀུན་གཟིགས་འཇམ་པའི་རྡོ་རྗེས་བཀའ་བསྡུ་གནང་བ་སྔགས་ཀྱི་ཐེག་པ་ཡོངས་སུ་རྫོགས་པའི་གླེགས་བམ་སྒྲུབ་ཐབས་
ཀུན་བཏུས་ཀྱི་ཁྲོད་དུ་བཞུགས་པའི་ཡིག་རྙིང་རྣམས་ལས་རྟོགས་པར་བྱ་བ་ཁོ་ན་ཡིན་ལ། འདིར་མང་དུ་མ་ཐོས་པ་དག་ལ་རྣ་བའི་བདུད་རྩིར་སྦྱིན་པ་ནི། ལོ་རྒྱུས་རྗེས་གནང་བར་ཆད་སྲུང༌། །ཉེ་བར་བསྙེན་ཅིང་དངོས་གྲུབ་སྒྲུབ། །སྤོགས་ཆོག་ཁ་བསྒྱུར་བོགས་འདོན་ཏེ། །དམ་ཚིག་དང་ནི་རྟགས་དང་ཚད། །གཏོར་མ་སྦྱིན་སྲེག་ལས་སྦྱོར་ཏེ། །ཕྱོགས་ལ་རྩེ་མོས་ལྷག་པས་སྡོམ། །ཞེས་སོ། །དང་པོ་ཡིད་ཆེས་སྐྱེད་པའི་གཏམ། །སྔོན་བྱུང་བདེན་མཐོང་འཕགས་པ་ཡིས། །བློ་གྲོས་འཕེལ་བའི་སྒྲུབ་ཐབས་བྱས། །ལུགས་སྲོལ་ཆུ་བོ་འབབ་པའི་ཁུངས། །འོན་ཀྱང་འདི་ལྟར་རྗེས་སུ་ཐོས། །རྒྱལ་བ་འཇིག་རྟེན་ལས་འདས་ཏེ། །ཉིས་སྟོང་ལྔ་བརྒྱ་བརྒལ་བ་ན། །དབུས་འགྱུར་འཆང་དང་མི་རིང་བའི། །གཙུག་ལག་ཁང་གི་འདབས་སྐྱོང་བ། །བགྲང་བྱ་དགུ་བཅུས་དུབ་པ་ཡི། །མགོ་སྐྱེས་ཀུནྡའི་ཕུང་པོ་ཅན། །འཇིག་རྟེན་ཕ་རོལ་ཡོད་ཤེས་པས། །བློ་བཟང་ཞེས་བྱའི་སློབ་དཔོན་ལས། །ཡི་གེ་སློབ་པ་རྒྱལ་པོས་མཐོང༌། །ཀྱེ་མ་བྱིས་པའི་བློ་ཅན་མཚར། །ནམ་གཞུག་རྩ་བ་བཙུགས་པ་དང༌། །རྒས་ནས་རིག་པ་སློབ་པའི་འབྲས། །འབྱིན་པ་ཤེས་ལྡན་སུ་ཡིས་མཐོང༌། །བསྟིང་ཚིག་མདའ་ཡིས་ཟིན་པའི་སྙིང༌། །ཡུལ་ལ་སྤྲོ་བ་མེད་གྱུར་ནས། །སློབ་དཔོན་ལས་ནི་རིག་པ་བླངས། །བརྩེ་ལྡན་དེས་ཀྱང་དེ་བྱིན་ནས། །སྐལ་ལྡན་ཉིན་ཞག་གཅིག་གིས་ཏེ། །ཐོགས་ཀྱང་གསུམ་གྱི་ངེས་པ་འཆད། །ཇི་སྐད་སྨྲས་པ་དེ་བཞིན་ཏུ། །བྱེད་པའི་ཉིན་ཞག་ཕྱི་མ་ལ། །འཇམ་དཔལ་དོ་ནུབ་བདག་ལ་ཞལ། །མི་སྟོན་མགོ་བོའི་ཡལ་ག་ནི། །ཏཱ་ལ་བཞིན་དུ་བཅད་དོ་ཞེས། །སྤུ་གྲི་དྲངས་པའི་དམ་བཅས་བསྡིགས། །སྐྱ་རེངས་གསུམ་པའི་དམར་འོད་དང༌། །ལྷན་ཅིག་ཉིན་བྱེད་ལྟ་བུའི་ཞལ། །མིག་གི་ཆུ་སྐྱེས་ལ་འཕོས་གྱུར། །ལོ་བརྒྱད་ལང་ཚོའི་མེ་ཏོག་ནི། །བློ་གྲོས་ཟེའུ་འབྲུ་མཛེས་བྱིན་བརླབས། །རིག་བྱེད་གཞོན་ནུ་མཉྫུ་ཤྲཱི། །གྲགས་པ་རི་བོའི་
ཁོངས་སུ་རྒྱུ། །དངོས་པོའི་གནས་ལུགས་འཕགས་པའི་མཐུ། །རྫས་སྔགས་རྟེན་འབྲེལ་བསམ་མི་ཁྱབ། །ཆོས་ཀྱི་མཛོད་དེའི་དབྱིག་གི་ཤས། །རྒྱ་གར་ནག་པོའི་ཞལ་སྔ་ནས། །གྲུབ་པའི་སྐྱེ་བོ་རིམ་བརྒྱུད་དེ། །ད་ལྟའང་ཅུང་ཟད་སྤྱོད་པ་དག །བློ་ཡི་དབུལ་བ་སེལ་བྱེད་པའོ། །ལོ་རྒྱུས་ཀྱི་ལེའུ་སྟེ་དང་པོའོ། །གཉིས་པ་སྣོད་རུང་སྒྲུབ་པའི་ཐབས། །མཎྜལ་འདབ་བརྒྱད་དབུས་རིལ་བུ། །མཆོད་གཏོར་ལ་སོགས་སྒྲུབ་དུས་ལྟར། །བདག་བསྐྱེད་འཇམ་དཔལ་མདུན་རིལ་བུ། །དབྱངས་ཅན་པདྨ་འཇམ་དཔལ་བསྒོམ། །བཟླས་རིམ་གཏོར་འབུལ་བདག་ཉིད་འཇུག །ཁྲུས་དང་མཎྜལ་དགའ་ཆེན་གྱིས། །གསོལ་གདབ་རྒྱུན་བཤགས་རྗེས་གནང་ལྔར། །སོ་སོར་རྡོ་རྗེ་འཛིན་གསོལ་གདབ། །སློབ་དཔོན་འཇམ་དཔལ་གནས་གསུམ་ནས། །སྐུ་དང་སྔགས་ཕྲེང་རལ་གྲི་སྟེ། །གླེགས་བམ་ནས་ནི་དེ་ཉིད་སྤྲོ། །གནས་ལྔ་དབྱངས་ཅན་ཁ་དོག་ལྔ། །སློབ་མ་འཇམ་དཔལ་གནས་ལྔར་བསྟིམ། །ཚིགས་བཅད་བརྗོད་ལ་མེ་ཏོག་བཞག །སྐུ་སོགས་དབང་ཕྱུག་ཐོབ་བསམས་མཐར། །རིལ་བུ་ཟར་གཞུག་བཟླས་ལུང་སྦྱིན། །རྫོགས་རིམ་བསྒོམ་གཞུག་རྗེས་རིམ་གྱིས། །བསྡུས་འདི་རྩ་བའི་ཡི་གེའི་དོན། །རོང་སྟོན་ཀརྨ་ཕྲིན་ལས་སོགས། །བརྒྱུད་པའི་བཀའ་སྲོལ་དང་པོའོ། །རྟེན་མཆོད་བཤམས་ལ་སློབ་དཔོན་ཉིད། །འཇམ་དབྱངས་ཕྲག་པར་ཚངས་སྲས་མ། །ནམ་མཁར་རྒྱལ་བ་སྲས་བཅས་གསལ། །ཡན་ལག་བདུན་དང་གཏོར་མ་འབུལ། །སློབ་མས་ཡན་ལག་བདུན་པ་དང༌། །ཁྱད་པར་ལུས་འབུལ་འཇམ་དབྱངས་ཀྱི། །ཐུགས་ཀར་ཙཀྲ་སྔགས་བཅས་གསལ། །ཡེ་ཤེས་པ་བཅུག་སློབ་དཔོན་གྱི། །ཕྲག་པའི་དབྱངས་ཅན་ཐུགས་ཀ་ཡི། །སྔགས་འཁོར་དག་ལས་འོད་ཟེར་བྱུང༌། །སློབ་མའི་ཕྲག་པར་དབྱངས་ཅན་དང༌། །སྙིང་གའི་འཁོར་ལོ་སོ་སོར་ཐིམ། །འོད་ཀྱིས་ནམ་མཁའི་རྒྱལ་བ་བསྐུལ། །དེ་ལས་འོད་འཕྲོས་ཐིམ་བསམ་ཞིང༌། །ཕྲེང་བ་བཟུང་སྟེ་སྔགས་རྗེས་ཟློས། །གསུམ་
བྱས་སློབ་མ་འཇམ་དཔལ་དངོས། །འོད་ཀྱིས་འགྲོ་བའི་བློ་མུན་བསལ། །ཚུར་འདུས་ཤེས་རབ་བདུད་རྩིས་གང༌། །འཁོར་ལོར་སེམས་འཛིན་དགེ་བསྔོ་དང༌། །ཤིས་པས་བརྒྱན་འདི་ཐམས་ཅད་མཁྱེན། །ཀློང་ཆེན་རབ་འབྱམས་བཞེད་གཉིས་པ། །མཎྜལ་དབུས་སུ་བུམ་པ་སྟེ། །ཕྱོགས་བཞིར་སྐུ་བརྙན་རིལ་བུ་དང༌། །གླེགས་བམ་རལ་གྲི་མཐའ་མཆོད་གཏོར། །བདག་བསྐྱེད་བུམ་སྐུ་སྨྲ་བའི་སེང༌། །རིལ་བུ་དབྱངས་ཅན་ཕྱག་མཚན་གཉིས། །བསྐྱེད་བཟླས་གཏོར་འབུལ་བུམ་པ་དང༌། །རིལ་བུའི་ལྷ་བཞུ་སློབ་མར་ཁྲུས། །མཎྜལ་གསོལ་གདབ་རྒྱུན་བཤགས་དང༌། །ཁྱད་པར་གསོལ་གདབ་དཔོན་སློབ་གཉིས། །འཇམ་དཔལ་གསལ་ལ་ཡེ་ཤེས་གཞུག །ཚིགས་སུ་བཅད་དེ་བུམ་པ་སོགས། །རྫས་ལྔས་དབང་བསྐུར་གླེགས་བམ་མཐར། །བཟླས་ལུང་རིགས་ལྔའི་དབྱངས་ཅན་མ། །ཀུན་མཐར་གནས་ལྔ་ནས་སྤྲོ་བསྟིམ། །ས་བཟང་འཕགས་པ་ངོར་ཆེན་བརྒྱུད། །ཡོངས་གྲགས་བཀའ་སྲོལ་གསུམ་པའོ། །ཀར་འབྲུག་སྤྱི་འགྲོ་རྗེས་གནང་སོགས། །བོད་ཀྱི་སློབ་དཔོན་ཐ་དད་པས། །བཞེད་པའི་སྲོལ་ལམ་མང་མོད་ཀྱི། །རྩ་བའི་ལུགས་མིན་རང་དགར་ཟད། །རྗེས་གནང་གི་ལེའུ་སྟེ་གཉིས་པའོ། །གསུམ་པ་གེགས་སེལ་སཱཙྪའི་བཅས། །དཀྱིལ་འཁོར་འོག་ཏུ་དོང་གྲུ་གསུམ། །ནང་དུ་ཕུང་སའི་ཧོམ་ཁུང་བཅའ། །ཟུར་ནི་རྒྱབ་ཏུ་ཕྱོགས་པའི་ནང༌། །དུག་ཤོག་ངོས་སུ་གནོད་བྱེད་གཟུགས། །ལྕེ་ནི་བྲང་དུ་སླེབ་པའི་སྟེང༌། །རྒྱ་གྲམ་ལྟེ་བར་ཧཱུྃ་ནན་དང༌། །གཟུགས་མཐར་སྔགས་འདི་གཡོན་ཏུ་བསྐོར། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་གང་ཡིན་པའི་ལུས་ངག་ཡིད་གསུམ་སྟྭམྦྷ་ཡ་ནན། ཧཱུྃ་ནན། སུམ་ནན། ཅེས་བྲིས་གྲུ་གསུམ་ནང་དུ་བཅུག །བགེགས་ལ་སྙིང་རྗེའི་སེམས་བསྐྱེད་དེ། །དཔག་ཚད་བདུན་གྱི་ས་འོག་ན། །གཤིན་རྗེ་ཁང་སྒྲོམ་ནད་མཚོན་གྱི། །སྤྲིན་འཐིབས་མུན་ཁང་དགུ་རིམ་ནང༌། །ཏྲི་ལས་སྒྲུབ་ལ་བར་གཅོད་བགེགས། །
གན་རྐྱལ་ལྕེ་སྟེང་རྡོ་རྗེ་རིས། །མནན་པས་མཐུན་རྫས་སྣ་ཚོགས་བརྡལ། །རོ་གཡམ་ངོས་གཅིག་རྒྱ་གྲམ་ལྟེར། །ཧཱུྃ་ནན་ངོས་གཅིག་རི་རབ་དཀྱིལ། །ལཾ་སུཾ་ནན་ཞེས་བྲིས་པའི་བཀབ། །གུང་ལ་རྒྱུ་བླངས་སཱཙྪ་བྱ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། གྲོ་ཤོག་ལ་བྲིས་དར་སྐུད་ཀྱིས། །དཀྲིས་པ་སྙིང་པོར་བཅུག་དེ་དང༌། །ཧོམ་བཅས་རོ་སོལ་ནག་པོས་བྱུག །སེམས་བསྐྱེད་སྔགས་ཀྱིས་སྟོང་པར་སྦྱང༌། །རང་གི་ཐུགས་ལས་འོད་འཕྲོས་པ། །སཱཙྪ་ལ་ཕོག་དུར་ཁྲོད་ཀྱི། །གཞལ་ཡས་བུམ་དབུས་པད་ཉིའི་སྟེང༌། །ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར། །གཤིན་རྗེ་གཤེད་པོ་ཆར་སྤྲིན་མདོག །ཕྱག་གཡས་རལ་གྲི་གཡོན་སྡིགས་མཛུབ། །ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །ཛཿཧཱུྃ་བཾ་ཧོཿ གནས་གསུམ་ཨོཾ་ཨཱ་ཧཱུྃ་གིས་མཚན། །རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར། །ཡན་ལག་བདུན་འབུལ་བགེགས་ཐམས་ཅད། །མནན་བསམ་ཧོམ་ཁུང་སྟེང་དུ་བཞག །དེ་ནི་མནན་པའི་སྦྱོར་བའོ། །ཉི་ཤར་བཀྲ་ཤིས་ས་བླངས་ཏེ། །སཱཙྪ་དཀར་པོའི་སྙིང་པོ་རུ། །དངོས་གྲུབ་ཕྲེང་བ་ཉི་ཤུ་གཅིག །གཞུག་ལ་སེམས་བསྐྱེད་སྔགས་ཀྱིས་སྦྱང༌། །རང་ཉིད་འཇམ་དཔལ་ཐུགས་ཀའི་འོད། །སཱཙྪ་ལ་ཕོག་གཞལ་ཡས་ཁང༌། །བུམ་ནང་པདྨ་ཟླ་བའི་སྟེང༌། །འཇམ་དཔལ་དམར་པོ་གཞུང་བཞིན་བསྐྱེད། །ཡེ་ཤེས་པ་གཞུག་སྐུ་གསུང་ཐུགས། །བྱིན་རླབས་རྟེན་འབྲེལ་སྙིང་པོ་ཡིས། །མེ་ཏོག་འཐོར་ལ་ཡན་ལག་བདུན། །འབུལ་ཏེ་སྒྲུབ་ཁང་ཕྱོགས་མཚམས་བཞག །སླར་ཡང་སེམས་བསྐྱེད་སྟོང་པའི་ངང༌། །བུམ་ནང་ལྷ་བསྐྱེད་ཡེ་ཤེས་བཅུག །གནས་གསུམ་བྱིན་རླབས་ཚོགས་བསགས་བྱ། །སྔགས་མཐར་རཀྵ་བཏགས་པ་ནི། །བརྒྱ་རྩ་བརྒྱད་བཟླ་རང་ཐུགས་ལས། །འོད་དམར་འཕྲོས་པ་ཕྱོགས་མཚམས་ལྷར། །ཕོག་པས་རྒྱུད་བསྐུལ་དེ་དག་གིས། །སྔགས་བཟླས་འོད་འཕྲོས་སྟེང་འོག་ཀུན། །འཇམ་དཔལ་གུར་ཁང་མི་ཤིགས་པས། །
བར་ཆད་མཐའ་དག་སྲུང་བར་མོས། །དེ་ནི་སྲུང་བའི་རིམ་པའོ། །བར་ཆད་སྲུང་བའི་ལེའུ་སྟེ་གསུམ་པའོ། །བཞི་པར་སྒྲུབ་པོ་གནས་དང་དུས། །ཀུན་སློང་མངོན་པར་རྟོགས་པ་ལྔ། །དང་པོ་རིམ་པས་རྒྱུད་སྨིན་ཅིང༌། །བློ་ལྡན་དམ་ཚིག་ལ་གནས་པ། །གཉིས་པ་བསྙེན་སྒྲུབ་བརྩམ་པའི་གནས། །ཡིད་འོང་དབེན་ཅིང་ཉམས་དགའ་བ། །སྨན་ལྗོངས་ནགས་ཚལ་འབྲས་བུས་དུད། །དམེ་ཡུག་ཁྱི་དང་འཚེ་དོགས་བྲལ། །གོང་མས་བྱིན་གྱིས་བརླབས་པའོ། །གསུམ་པ་བྱད་བགྲོད་དཀར་པོའི་ཕྱོགས། །ཚེས་གཅིག་བརྒྱད་དང་བཅོ་ལྔ་སྟེ། །ཟླ་བ་ལྷག་ཕུར་པ་ཝ་སངས། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུའམ། །ལྷག་པར་ཡར་ངོའི་རྒྱལ་ཉིད་ལ། །འཇུག་དང་མཐའ་རྒྱས་ལས་སོགས་ཤིས། །བཞི་པ་མཁའ་མཉམ་ཕ་མ་ཀུན། །རབ་ཏུ་མི་གནས་ཡེ་ཤེས་ལ། །འགོད་འདོད་བཅོས་མིན་བློས་དྲངས་ཏེ། །ལྔ་པར་བསྐྱེད་དང་རྫོགས་པ་གཉིས། །བསྐྱེད་ལ་ཐུན་དང་ཐུན་མཚམས་ཏེ། །ཐུན་ལའང་སྦྱོར་དངོས་རྗེས་གསུམ་ལས། །སྦྱོར་བ་སྐྱབས་སེམས་ཚོགས་གསོག་གསུམ། །ཐོག་མར་སྐྱབས་སུ་འགྲོ་བ་ནི། །དཀོན་མཆོག་ཀུན་འབྱུང་འཇམ་དཔལ་ཡེ་ཤེས་སེམས། །དྲན་པས་སྲིད་པའི་འཇིགས་འཕྲོག་སྐྱབས་ཀྱི་མཆོག །ཞབས་ཀྱི་ཆུ་སྐྱེས་སྙིང་པོར་བགྲོད་ཀྱི་བར། །མི་འབྲལ་འགྲོ་ཀུན་གཙུག་གི་རྒྱན་དུ་བསྟི། །པདྨ་ཡངས་པའི་སྤྱན་གྱིས་དུས་དྲུག་ཏུ། །གཟིགས་ཀྱང་བདག་གིས་མ་འཚལ་མགོན་པོ་ཀྱེ། །ཉམ་ང་བདུད་བཞིའི་ཕྲུ་མས་གཡེངས་བ་རྣམས། །བདུད་དགྲ་བདུད་འདུལ་དཔའ་བོ་ཆེན་པོས་སྐྱོབས། །གཉིས་པ་སེམས་བསྐྱེད་པ་ནི། །སྲིད་ན་གཉིས་སུ་མེད་པའི་ཡེ་ཤེས་སྐུ། །གཞན་གྱི་དོན་དུ་བདག་གིས་མི་སྐྱོ་བསྒྲུབ། །ཡེ་ཤེས་རྒྱ་མཚོར་མཁའ་ཁྱབ་འགྲོ་ཞུགས་ནས། །བདག་ཉིད་འཇམ་དཔལ་མཚན་གྱི་ཅོད་པན་དཔྱངས། །ལྷག་བསམ་ཟླ་བའི་འཛུམ་གྱིས་ཡིད་ཅན་ཀུན། །མུན་པའི་རྒྱ་བཀྲོལ་ཡེ་ཤེས་དམིགས་བུ་སྦྱིན། །བྱམས་པའི་གོ་བགོ་སྙིང་རྗེའི་ཡ་ལད་ཐོགས། །སྲིད་པའི་འཇིགས་ལས་སྐྱེ་
དགུ་བསྲུང་བགྱིའོ། །གསུམ་པ་ཚོགས་བསགས་པ་ནི། བདག་ཉིད་འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་མཛོད། །པད་ཟླ་ལ་ཆགས་དྷཱིཿཡིག་འཆར་ཁའི་མདངས། །མར་མེ་དང་མཚུངས་འོད་ཟེར་ལྕགས་ཀྱུ་འབར། །རྡོ་རྗེ་རྣོན་པོ་བཙུན་མོ་སྲས་དང་བཅས། །ནམ་མཁའི་ངོས་སུ་བརྒྱ་བྱིན་ཚོན་རིས་བཞིན། །བསོད་ནམས་ཞིང་གི་མགྲོན་ཏུ་ཁུགས་པར་གྱུར། །ན་མོ་གུ་རུ་མཉྫུ་ཤྲཱི་སྭ་ར་སྭ་ཏི་ས་པ་རི་བཱ་རཱ་ཡེ། དབྱངས་ཅན་གཞོན་ནུའི་ཟུར་མིག་ལ་ཆགས་པས། །སྙིང་ལ་བདུད་རྩིར་བྱེད་པའི་མཚན་དཔེ་ནི། །ལྷ་བརྒྱའི་གཙུག་གི་ནོར་བུས་རབ་ཕྱིས་པ། །ཡེ་ཤེས་མེ་ལོང་ཁྱོད་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པས་སྒྲིབ་པའི་གོས་དང་བཅས། །ལུས་ཅན་ཀུན་གྱི་སྙིང་ལ་ཉལ་བ་དེ། །བསླངས་ནས་མཁྱེན་རབ་ལང་ཚོ་རྫོགས་མཛད་པ། །སྨྲ་བའི་སེང་གེ་ཁྱོད་ལ་ཕྱག་འཚལ་ལོ། །ཟུང་འཇུག་ནམ་མཁའི་ངོས་སུ་རྣམ་པར་རོལ། །སྣ་ཚོགས་གཟུགས་སུ་འབྲི་བས་འཁོར་འདས་ཀྱི། །ཁྱབ་བདག་སྒྱུ་མའི་གར་མཁན་ཉིད་གྱུར་པ། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཁུར་ཆེན་ཀུན་གྱིས་མི་གདུང་ཀུན་བཟོད་ཆོས། །རྣམ་འགྱུར་མེད་པར་བྱམས་པས་འཛིན་པ་དེ། །ཕྱོགས་བཅུ་དུས་གསུམ་དག་ཏུ་འབྱུང་མིན་པ། །ཨུ་དུམྦ་ར་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཉིད་ཞི་བའི་ཁྱིམ་དུ་མ་སོང་བར། །འཁོར་བ་སྡུག་བསྔལ་མཐའ་དག་གཉེན་ཏུ་སྐྱེས། །ནོར་བུ་ཟླ་བ་དཔག་བསམ་ལྗོན་པའི་ཤིང༌། །སེམས་ཅན་དོན་བྱེད་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཞེས་གྲགས་རྒྱལ་སྲས་དཔའ་བོའི་མཚན། །ཞིང་མང་རྒྱལ་བས་རབ་བསྐུལ་ལྷ་ཡི་རྔ། །ཐོས་པས་གོམ་སྟབས་ཕྱིར་མི་ལྡོག་པར་འཚལ། །འགྲོ་བའི་བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་འཛིན་པའི་ཡེ་ཤེས་སྐུ། །ཡང་དག་བརྗོད་པའི་མཚན་གྱི་དྲྭ་བས་འཁྱུད། །འཇིག་རྟེན་འཇིག་རྟེན་འདས་པའི་སྣང་འབྱེད་པ། །ཐམས་ཅད་ཐམས་ཅད་ཁྱོད་ལ་ཕྱག་འཚལ་ལོ། །ལྷག་བསམ་དྲི་མེད་གསེར་གྱི་ས་གཞི་བསྟར། །བྱང་ཆུབ་ཕྱོགས་ཆོས་ལྷུན་པོའི་མཆོད་སྡོང་བརྩེགས། །
ཕར་ཕྱིན་གླིང་གི་ཚོམ་བུ་ཚར་དུ་དངར། །ཟུང་འཇུག་ཉི་ཟླའི་སྒྲོན་མེ་སྦར་བས་མཆོད། །ཐོས་པ་རྒྱ་མཚོར་ཉེར་སྤྱོད་རླབས་ཕྲེང་འཕྱུར། །བསམ་བྱུང་འདོད་ཡོན་ཟག་མེད་དབང་པོ་ཚིམས། །སྒོམ་པའི་འོད་གསལ་གནང་བ་དགྱེས་པའི་མཛོད། །འཆད་རྩོད་རྩོམ་པའི་དཔལ་འབྱོར་དར་བས་མཆོད། །རྡུལ་སྙེད་ཞིང་དང་སྐུ་ཡང་ཁྱབ་བདག་གཅིག །དེ་སྙེད་འདུན་དང་སྨོན་ལམ་མཐུས་ཁེབས་པའི། །རིག་པ་མཐོ་རིས་མཛེས་མའི་སྙིམ་པ་ནས། །ཀུན་བཟང་མཆོད་པའི་མེ་ཏོག་ཆར་དུ་བསྙིལ། །རྟག་ཏུ་འདྲིས་ཀྱང་ལྷན་སྐྱེས་དགྲར་གྱུར་པས། །འཁོར་བའི་བཙོན་རར་འཆིངས་བྱེད་རྒྱུ་དང་བཅས། །རང་བཞིན་མ་མཐོང་ནོངས་པའི་བཞིན་དུད་དེ། །གདུང་བས་ཐུགས་རྗེ་ཅན་ལ་བཤགས་ཤིང་བསྡམ། །ཡི་རངས་གཅིག་གིས་སྲིད་ཞིའི་ལེགས་སྤྱད་ཀུན། །ཐུན་མོང་བྱེད་འགྱུར་ཉི་དང་རྒྱུ་སྐར་བཞིན། །རྨི་ལམ་གཏེར་ཆེན་ལེན་པ་མེད་པའི་བློས། །རྒྱལ་བའི་མྱུ་གུའི་རྗེས་སུ་རྐང་པ་བཀོད། །ཆོས་རྔ་དབྱངས་ཆེན་རྒྱུན་མི་འཆད་པར་ཡང༌། །ཚངས་ཆེན་མགྲིན་པས་བསྣུན་འདྲ་ཞིང་ཀུན་ན། །སྐུ་ལ་དབྱངས་སྙན་གྱི་པདྨོར་དེངས་པའི་མོད། །གསུང་གི་བདུད་རྩི་ཅི་ཡང་སྐྱུགས་པར་མཛོད། །དཔའ་བོས་གྲངས་མེད་འགྲོ་བ་བསྒྲལ་ལགས་གྲང༌། །ད་དུང་རྡུལ་སྙེད་ཆུ་བོར་བྱིང་བས་ན། །དེ་སྲིད་སྲིད་པར་གཡོ་མེད་གཟུགས་ཀྱི་སྐུ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་ཞུགས་གསོལ། །དམིགས་པའི་དུག་བཅས་རང་གཞན་དགེ་བའི་ཀླུང༌། །དམིགས་མེད་ཤེས་རབ་སྟོབས་ཀྱིས་གཙང་བྱས་པས། །བྱང་ཆུབ་རྒྱ་མཚོར་འགྲོ་ཀུན་གསོ་བའི་བཅུད། །ཡོངས་བསྔོ་འཕགས་པའི་སྤྱོད་ཚུལ་དང་མཚུངས་ཤོག །ཨོཾ་ཨཱཿཧཱུྃ་མུཿ ཚོགས་ཞིང་མི་དམིགས་པར་བཞག །བདེ་བས་ཀུན་ཁྱབ་དེ་རྒྱུ་དགེ་ལ་སྤྱོད། །སྡུག་བསྔལ་འཆིངས་གྲོལ་དེ་རྒྱུ་སྡིག་ལས་ཟློག །ལུས་སེམས་བདེས་གང་ཉེ་རིང་མེད་པའི་སེམས། །ནམ་མཁའ་ལྟ་བུས་འགྲོ་ཀུན་འཚོ་གྱུར་ཅིག །ཚོགས་བསགས་ཡིག་རྙིང་ལས་མ་བཤད་པས་སྐྱབས་སེམས་ནས་མངོན་རྟོགས་ལ་འཇུག་པས་ཆོག་ལ།
སྤྲོ་ན་དཀྱུས་ལྟར་སྦྱར་ཡང་འགལ་བ་མེད་དོ། །གཉིས་པ་དངོས་གཞི་ལྷ་བསྒོམ་ཞིང༌། སྔགས་བཟླས་གཉིས་ལས་དང་པོ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། མཚན་རྟོག་མཁའ་ལྟར་དག་པའི་འོད་གསལ་མདངས། །བྷྲཱུྃ་གྱི་རང་སྒྲས་བྱང་སེམས་ཡོངས་སྦྱོང་གི །རྣམ་འཕྲུལ་མཐུས་བཀོད་དག་པའི་ཞིང་གི་དབུས། །ས་ལས་ཤ་ཚུགས་རབ་བརླིངས་ཁ་ལྔ་པ། །ཨནྡ་རྙིལ་གྱི་ཁུ་བས་བྱུག་འདྲ་ཟུང༌། །གྱེན་མིག་མཚམས་སྤྲིན་རལ་པས་བཏེགས་པའི་སྟེང༌། །པྃ་ལས་འདབ་མ་སྟོང་ལྡན་ཆུ་སྐྱེས་སྟན། །ཨ་ལས་ཉ་རྒྱས་ག་པུར་འཛིན་པས་བཀབ། །དེ་དབུས་ལི་ཁྲིའི་མདངས་ལྡན་དྷཱིཿཡིག་གི །སྣང་བ་རྣོན་པོས་འཕགས་ཚོགས་དགྱེས་པ་བསྐུལ། །ཀུན་རྨོངས་མུན་ཁང་བརྟོལ་ནས་ཡོངས་གྱུར་པ། །བདག་ཉིད་སྨྲ་བའི་སེང་གེ་རྒྱལ་ཀུན་ཡབ། །གུར་གུམ་ཉིང་ཁུས་ཛམྦུ་ན་དའི་རིར། །བྱེད་པོས་ལན་སྟོང་བྱུགས་འདྲ་ཡེ་ཤེས་ཀྱི། །ཉི་འོད་བྱེ་བ་ཕྲག་བརྒྱའི་དྲྭ་བས་གཡོགས། །གཞོན་ནུའི་ལང་ཚོ་འཛུམ་པའི་ཞལ་གྱིས་སྒེག །ནོར་བུའི་ཅོད་པན་རབ་འབར་ཐོར་ཚུགས་ནི། །དབང་སྔོན་ཟུར་ཕུད་བཞི་ལས་འཕགས་པ་བཞིན། །སྙན་གོང་དྲི་ཞིམ་ཨུཏྤལ་སྔོན་པོའི་ཁ། །སྙན་ཤལ་ནོར་བུའི་འོད་ཀྱིས་ཕྱེ་བ་བཞིན། །སྡུག་བསྔལ་རྩད་གཅོད་ཤེས་རབ་མཚོན་ཆེན་པོ། །རལ་གྲིའི་ཟོལ་གྱིས་ཕྱག་གཡས་སྣ་ཞགས་བརྒྱན། །དོན་ཆེན་ཡི་གེ་མཆོག་སྟེ་རྡོ་རྗེ་ཆོས། །གཡོན་པའི་འཁྲི་ཤིང་ཨུཏྤལ་ཟེའུ་འབྲུར་ཆགས། །འཇམ་ཞིང་ཡང་བ་དབང་པོའི་གཞུ་ཡི་གོས། །ལྷ་ཡི་ཉེར་སྤྱད་རྩེ་དགས་འཁྱུད་པ་འདྲ། །གསར་དུ་ཁ་བྱེ་བུང་བ་འབོད་པའི་ཕྲེང༌། །མེ་ཏོག་ནོར་བུའི་ཆུན་པོ་སྤེལ་མ་ངོམས། །ཡིད་ལ་འདོད་པ་ཅི་ཡང་འཇོ་བ་ཡི། །དོ་ཤེལ་རིན་ཆེན་མཆོག་ལ་གཟུགས་བརྙན་འཛིན། །མཐོང་བ་མི་མཐུན་མེད་པའི་གཟུགས་ཀྱི་སྐུ། །མཚན་གྱི་མེ་ཏོག་དཔེ་བྱད་འབྲས་བུས་གཏམས། །ཞབས་ཟུང་རྡོ་རྗེ་མདུད་པ་གཅིག་ཏུ་བསྣོལ། །མིག་ལ་ཟླ་བ་ཡིད་ལ་བདུད་རྩིའི་རྒྱུན། །བློ་ལྡན་མོས་པའི་
བཞིན་གྱི་སྣོད་གྱུར་པ། །ཀུན་དབྱིབས་ཀུན་གྱི་རང་བཞིན་རྣམ་པར་སྣང༌། །ཐུགས་ཀར་བྷྲཱུྃ་ལས་རྣོ་ལྡན་རྩིབས་བཞིའི་ཕྲེང༌། །པདྨ་རཱ་གའི་ཙཀྲ་ལས་སྐྱེས་ལྟེར། །རབ་འབར་རལ་གྲི་སོར་བཞིའི་རྩེ་མོར་ཧྲཱིཿ། སྦལ་ལ་མུྃ་དང་ཆངས་ཟུང་དྷཱིཿཡིག་འབར། །མཐའ་སྐོར་དངོས་གྲུབ་ཕྲེང་བའི་མུ་ཁྱུད་བཅས། །དམར་སེར་མར་མེའི་ཕྲེང་ལྟར་འོད་གསལ་བས། །སྙིང་གི་མུན་པ་མ་ལུས་དག་པར་བྱེད། །འདིར་ཀུན་མཁྱེན་ཆེན་པོའི་གསུང་རབ་ཏུ་ཞབས་སེམས་སྐྱིལ་ལམ་སྐྱིལ་ཀྲུང་གང་བདེ། ཟླ་བའི་རྒྱབ་ཡོལ། གདན་པད་ཟླ་ཉི་མ་སུམ་བརྩེགས། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱིས་ཨུཏྤལ་འཛིན་པའི་གཡས་གཡོན་སྟེང་དུ་རལ་པོད་འཛིན་པ། ཐུགས་ཀར་པད་ཟླ་ལ་འཁོར་ལོ་སོགས་འབྱུང་ཡང་དམ་པའི་ཡིག་རྙིང་དང་མཐུན་པར་བྲིས་ཤིང༌། གཞན་ཡང༌། འདིར་བླ་མ་ཁ་ཅིག རལ་གྲིའི་ཆངས་ཟུང་གི་དྷཱིཿདང་རྩེ་མོའི་ཧྲཱིཿའི་བར་གྱི་སྦལ་ལ་རྩ་སྔགས། རྩིབས་ཀྱི་རྩེ་མོར་ཧྲཱིཿ རྩ་བར་དྷཱིཿ བར་དུ་རྩ་སྔགས་འགོད་པའང་བཞེད་ལ། ཁ་ཅིག་རལ་གྲི་ལ་ས་བོན་གཉིས་བཀོད་ནས། རྩིབས་ལ་དྷཱིཿརེ་རེ་སྒོམ་པ་ཡང་ཕྱག་བཞེས་སུ་མཛད་དོ། །གང་ལྟར་སྒོམ་ཡང་དམིགས་པ་གསལ་བ་རབ་ཏུ་གཅེས་སོ། །ཞེས་འབྱུང་ཞིང་ལུགས་འདིར་སྔགས་ཕྲེང་འཁོར་ལོའི་རྩིབས་ལ་འགོད་པར་བཞེད་དོ། །མདུན་ཏུ་མཚོ་སྐྱེས་བསིལ་བྱེད་དཀྱིལ་འཁོར་དབུས། །མཐིང་ཞུན་མདངས་ཅན་ཧྲཱིཿཡིག་འོད་ཟེར་འཕྲོ། །དོན་བྱས་ཡོངས་གྱུར་ཚངས་སྲས་རྒྱལ་བའི་ཡུམ། །དྲི་མེད་ཤིན་ཏུ་དྭངས་པའི་བཻ་ཌཱུརྻ། །གནམ་སྔོན་བཞུས་པའི་ཞུན་མ་ལས་ཕྱུང་བཞིན། །ལྟ་བས་མི་ངོམས་ལང་ཚོའི་མེ་ཏོག་ནི། །བརྗིད་ཅིང་འགྱིང་ཡང་མཉེན་ལྕུག་ཆུ་བ་ལྡེམ། །འཛུམ་མཛེས་སྟོན་ཀའི་ཟླ་འོད་འཐུང་འདོད་པས། །ནགས་ཀྱི་ཙ་ཀོ་ར་ཡི་འདྲེན་བྱེད་འཕྲུལ། །སྒྲ་དབྱངས་རྒྱ་མཚོ་བུང་བའི་གླུས་འཁྱུད་པ། །པདྨོའི་མཆུ་སྒྲོས་གེ་སར་ཚེམས་ཕྲེང་གསལ། །རྒྱལ་ཀུན་སྤྱན་རས་ལྷུང་བའི་ཞལ་གྱི་ཁྱིམ། །རྨོངས་ལ་ཁྲོ་ཞིང་མཁས་ལ་འཛུམ་པ་བཞིན། །ཡིད་འོང་ཟུར་ཕུད་ནོར་བུའི་རྒྱལ་པོ་དང༌། །ལན་བུའི་སྙེ་མ་
གསེར་གྱི་པདྨོས་ལྕི། །ཕྱག་གི་ལྕུག་ཕྲན་ལས་སྐྱེས་རལ་གྲི་དང༌། །གླེགས་བམ་ཀུན་དཀྲིས་གཅོད་ཅིང་སྨྲ་བ་འབྱེད། །སྐེད་སྐབས་ཕྲ་ཡང་ནུ་མའི་མྱོས་བུམ་མཐོ། །རེག་བྱ་བསིལ་ཡང་ཤེས་རབ་མེ་ལྕེ་འབར། །མི་ཟད་བདེ་སྐྱིད་གཞོན་ནུའི་འབྱོར་པའི་དཔྱིད། །རིན་ཆེན་ཨུཏྤལ་འདྲེས་པའི་ཁུར་གྱིས་བསྒྲིབས། །ལྷ་ཡི་གོས་བགོས་ནོར་བུའི་འོག་པགས་དང༌། །རྐང་གདུབ་དྲིལ་ཆུང་ངང་པའི་མགྲིན་རྔ་འཐབས། །ཟག་མེད་བདེ་བས་མྱོས་སམ་གོམ་ཚུགས་གཉིས། །ཕན་ཚུན་འགྲན་པ་བཞིན་དུ་ཅུང་ཟད་འཁྱོགས། །སྣང་བའི་གཟི་བརྗིད་ཅིས་ཀྱང་མི་འབྱེད་པའི། །དབང་སྔོན་འོད་ཀྱི་ཁྱིམ་ན་མཛེས་པར་རོལ། །ཐུགས་ཀར་ཟླ་བས་བརྒྱན་པའི་ཆུ་སྐྱེས་ནི། །འདབ་བཞིའི་མཛོད་ཁྱིམ་རལ་གྲིའི་ཟེའུ་འབྲུ་མཛེས། །རྩེ་སྦལ་ཆངས་ཟུང་དྷཱི་མུྃ་ཧྲཱིཿཡིས་མཚན། །སྔགས་ཕྲེང་གཡོན་སྐོར་སྣང་བས་སྒྲིབ་ཀུན་སྲེག །འདིར་ཡང་ཕྱག་རྒྱ་བཞུགས་ཚུལ་ཡབ་དང་མཐུན་པར་གསུངས་ཤིང༌། ཁ་ཅིག་ཙོག་པུའི་སྟབས་སུ་བཤད་པ་ནི་དཀར་མོའི་འགྲེས་སུ་དོགས། ཐུགས་ཀའི་འཁོར་ལོ་ཡབ་ལས་སོར་བཅུ་ཆས་དམའ་བ་ཁ་སྦྱར་གྱི་ཚོད་དུ་ཡོང་བ་དང་སྔགས་ཕྲེང་ཡབ་ཀྱིས་འགྲེ་བར་བཞེད། ཐབས་ཤེས་སྲོག་གི་ས་བོན་ལས་བྱུང་བའི། །གློག་འོད་ལྕགས་ཀྱུའི་ཕོ་ཉས་རང་བཞིན་གནས། །ཤར་ཕྱོགས་རྩེ་ལྔའི་རི་ནས་རྒྱལ་བ་དང༌། །རྒྱལ་བའི་མྱུ་གུའི་སྤྲིན་རུམ་ཡེ་ཤེས་པ། །རྒྱུ་སྐར་དབུས་སོན་ཉི་ཟླའི་ཤིང་རྟ་དག །མོས་པའི་མཁའ་ངོས་ལྷམ་མེར་དྲངས་པར་གྱུར། །ཐུགས་ཀའི་མཛོད་ལས་གྲོལ་བའི་རྣམ་སད་ཀྱི། །ན་ཆུང་ལག་མཐིལ་མཆོད་སྤྲིན་སྤྲོ་བས་མཆོད། །ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། «ནས། »ཤབྡའི་བར། ཛཿཧཱུྃ་བཾ་ཧོཿ བློས་བརྟགས་རང་བཞིན་གྲུབ་པའི་ཕྱག་རྒྱའི་རྒྱ། །ཆུ་དང་ཆུ་བཞིན་གཉིས་སུ་མེད་པར་བསྡམ། །ཏིལ་གང་སྨིན་པ་ཡོངས་སུ་བརྟོལ་འདྲ་བའི། །སངས་རྒྱས་སྲས་བཅས་དབུས་ན་མཛེས་པར་གྱུར། །ཅེས་མོས་ལ་ལུས་དྲང་པོར་བསྲང༌། མིག་སྣ་རྩེར་
གཏོད་ཅིང་མི་འགུལ་བས་སྟེང་འོག་གི་རླུང་དལ་བུས་ནང་དུ་ཐུབ་ཐང་དུ་བཟུང༌། ཕྱིར་འཕངས། བར་དུ་གནས་པར་བྱས། ཐུགས་ཀའི་འཁོར་ལོ་ལས་འོད་བྱུང༌། སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་མི་ཤེས་པའི་མུན་པ་ཐམས་ཅད་བསལ། ཡེ་ཤེས་ཀྱི་སྣང་བ་རྒྱས་པ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་ཡིག་འབྲུ་དང་རལ་གྲི་འབར་བའི་སྣང་བ་ལ་མཉམ་པར་བཞག་པ་ནི་མན་ངག་དམ་པའོ། །གཉིས་པ་བཟླས་དང་སྤྲོ་བསྡུ་ཡི། །རྣལ་འབྱོར་ལ་ནི་སེམས་འཛིན་པ། །བསྒོམས་པས་སྐྱོ་ན་བྱ་བ་སྟེ། །འཇམ་དཔལ་ཐུགས་ཀའི་སྔགས་ཀྱི་དཀྱིལ་འཁོར་འོད། །སྔགས་ཀྱི་རང་བཞིན་སྣ་སྦུག་གཡས་ནས་ཐོན། །ཡུམ་གྱི་གཡོན་ཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ། །དེ་ལས་སྔགས་ཕྲེང་གྲོལ་བ་དྲི་འཛིན་གྱི། །བུ་ག་གཡས་ནས་ཡབ་ཀྱི་གཡོན་དུ་ཞུགས། །འཆར་ཁའི་མདངས་ཅན་ལྕགས་ཐག་བསྒྲིལ་འདྲ་བ། །ཐུགས་སྲོག་པདྨའི་མཛོད་དུ་ཞུགས་པ་ལས། །ཕྱོགས་བཅུའི་འཇིག་རྟེན་འོད་ཟེར་ཕྲེང་བས་བརྒྱན། །ཤེས་རབ་བུང་བའི་འཕུར་ལྡིང་ཁྱབ་པ་ལས། །བླ་མ་སངས་རྒྱས་སྲས་བཅས་བྱིན་རླབས་དང༌། །ཉན་རང་ཤེས་རབ་སྐྱེ་འཕགས་ནུས་པའི་མཐུ། །སྤྱི་བོར་བསྡུས་པས་ཡེ་ཤེས་ལུས་སུ་གྱུར། །སླར་ཡང་བཀའ་དང་བསྟན་བཅོས་ལུང་རྟོག་བཅུད། །མཁས་པའི་ཤེས་རབ་གྲུབ་པའི་ཉམས་རྟོགས་དང༌། །དགེ་བའི་བཤེས་གཉེན་འབྲུ་སྨན་ནུས་བཅུད་སོགས། །ལྗགས་ལ་བསྡུས་པས་རང་ངག་ནུས་ལྡན་བྱས། །ཡང་འཕྲོས་རྩི་ཤིང་ནགས་ཚལ་འབྱུང་བའི་བཅུད། །ནོར་བུ་ཉི་ཟླའི་དཀྱིལ་འཁོར་གཟའ་སྐར་འོད། །ལྷ་ཀླུའི་བཅུད་ནུས་རྒྱལ་བློན་ཡིད་དབང་སོགས། །ཤེས་རབ་བུང་བས་ཐུགས་ཀའི་དཔལ་བེའུར་ཁྱེར། །བ་སྤུའི་མཐར་ཐུག་བདེ་སྟོང་སྦྲང་རྩིས་གཏམས། །ཆགས་ཐོགས་བྲལ་བའི་མཁྱེན་རབ་ལང་ཚོས་སྒེག །གཞན་ཡང་དམར་གསལ་འོད་ཀྱིས་སྣོད་བཅུད་སྦྱངས། །གཞལ་ཡས་ཁང་དང་ལྷ་ཡི་སྣང་བར་བསྒྱུར། །སྒྲ་སྐད་གཞོམ་མེད་སྔགས་ཀྱི་རྒྱལ་པོ་རུ། །ངེས་པའི་ཤེས་པས་སྐྱོན་བྲལ་བཟླས་པ་བྱ། །གསུམ་པ་ཐུན་ལས་ལྡང་
འདོད་མཇུག་གི་ཆོས། །ཐུགས་ཀའི་འོད་ཀྱིས་སྣོད་བཅུད་ལྷ་སྣང་ཀུན། །རང་ལ་ཐིམ་ཞིང་གདན་ཡང་བདག་ལ་བསྡུ། །ལེགས་སྤྱད་ཆུ་ཐིགས་དུས་བསུམ་གང་བསགས་པ། །ཡེ་ཤེས་རྒྱ་མཚོར་རྣམ་དབྱེར་མེད་གྱུར་ཏེ། །ནམ་མཁའ་མ་ཟད་བར་དུ་གཞན་ཕན་གྱི། །འབྲས་བུ་ནམ་མཁའ་མཛོད་ཀྱི་ཆར་འབབ་ཤོག །ཡེ་ཤེས་རྡོ་རྗེས་སྒྲིབ་པའི་བུམ་པ་བཅོམ། །སྙིང་གི་མུན་པ་སངས་ནས་འཇམ་པའི་དབྱངས། །ཆོས་དང་གཟུགས་སྐུ་སེམས་དང་མིག་ལམ་དུ། །འབྲལ་མེད་གསུང་གི་བདུད་རྩིས་འཚོ་བར་ཤོག །ཁྱོད་ཚུལ་དཔྱོད་པའི་ཆགས་བྲལ་བློ་ཆེན་ཀྱང༌། །བ་སྤུའི་འཁྲི་ཤིང་དུས་མིན་གཡོ་དེ་དང༌། །བཟང་པོར་མཚུངས་སྤྱོད་ཆུ་རྒྱུན་མི་ལྡོག་པས། །འགྲོ་ཀུན་རྣམ་ཐར་རྒྱ་མཚོ་གང་གྱུར་ཅིག །ཅེས་སོགས་ཚིག་གིས་མཚམས་སྦྱོར་ཞིང༌། རྣམ་པར་མི་རྟོག་པ་ཡི་རྒྱས། །འཁོར་གསུམ་ཡོངས་སུ་དག་པར་བཏབ། །གཉིས་པ་ཐུན་མཚམས་བྱ་བ་ནི། །འཆད་འགྱུར་གཏོར་མས་ཚིམ་པར་བྱ། །ཁྱད་པར་དཀོན་མཆོག་འཁོར་ལྡན་པའི། །འཇམ་པའི་རྡོ་རྗེ་མཚོ་བྱུང་མ། །མཎྜལ་ཁང་པར་སྤྱན་དྲངས་ཏེ། །བདོག་པ་ཀུན་ལས་ཁྱད་པར་དུ། །དད་དང་སྙིང་རྗེ་ཆེན་པོ་དང༌། །བསྟོད་དབྱངས་སྙན་པའི་གླིང་བུས་མཆོད། །འདོད་དོན་གསོལ་བ་དྲག་ཏུ་གདབ། །གཉིས་པ་རྫོགས་པའི་རིམ་ལ་ཡང༌། །མཚན་བཅས་མཚན་མ་མེད་པ་གཉིས། །དང་པོ་ལྟེ་དབུས་ཟླ་བ་ལ། །ཐིག་ལེ་དམར་པོ་འོད་འབར་བས། །སྤྱི་བོར་ཧཾ་གི་ཡི་གེ་བསྐུལ། །བདུད་རྩིའི་བ་ཐག་མེ་ལ་ཕོག །འཆི་ཁའི་མར་མེར་སྣུམ་ཟག་བཞིན། །རབ་གསལ་སྒོ་གསུམ་མུན་པ་བཅོམ། །ལུས་ནང་ཡེ་ཤེས་བདུད་རྩིས་ཁེངས། །དེ་ནས་སྙིང་གི་ཁོང་གསེང་དུ། །འཁོར་ལོ་འོད་ཞུ་འབར་བ་ཡི། །མར་མེས་སྙིང་གི་ཕྱོགས་མཚམས་བརྒྱད། །རྩེ་མོ་དགུ་རུ་བུག་པ་རེ། །བརྟོལ་ལས་འོད་སོང་ཧྃ་ཡིག་བཞུས། །བདུད་རྩིས་སྙིང་གི་བུམ་པ་གང༌། །དཔྱིད་དཔལ་རབ་རྒྱས་མཁྱེན་གཉིས་ཀྱི། །ཤེས་རབ་དྲི་མེད་འབར་བར་བསམ། །བདེ་གསལ་མི་རྟོག་
ངང་ལ་བཞག །གཉིས་པ་བདག་སྲོག་འོད་ཟེར་གྱིས། །ཕྱི་སྣོད་ནང་བཅུད་འཁོར་ལྷ་མོ། །རིམ་པར་ཞུ་ཐིམ་བདག་ཉིད་ཀྱི། །ཐུགས་ལ་ཞུགས་ཏེ་བདག་ཀྱང་ཞུ། །དྷཱིཿལ་ཐིམ་པས་ཐིག་ལེ་ནི། །དམར་སེར་འོད་འཕྲོར་མཉམ་པར་བཞག །དེ་ལས་ཐིག་ལེ་སྔོན་པོར་ཆད། །གཉིས་ལ་སེམས་གཏད་སླར་ཡང་སྔགས། །བརྗོད་པས་ཅུང་ཟད་འགུལ་བར་བསམ། །དེ་ནས་དེ་གཉིས་ཡར་མར་དང༌། །ཕན་ཚུན་འཕར་ཏེ་སེམས་ཅན་གྱིས། །གར་ཁྱབ་ཐལ་བྱུང་བརྟོལ་བསམ་ཞིང༌། །རྩ་སྔགས་བརྗོད་མཐར་གཅིག་ཏུ་འདྲེས། །འོད་ཞུ་ནམ་མཁའི་ཀློང་དུ་ཐིམ། །སྣང་བ་དམར་ལམ་གྱུར་པར་བསམ། །མི་རྟོག་ངང་ལ་ཅི་གནས་བཞག །ལྡང་ཚེ་སྔགས་སྒྲས་འཇམ་དཔལ་གྱི། །ང་རྒྱལ་ལྡན་པས་སྤྱོད་ལམ་བྱ། །བསྡུ་ན་ཡབ་ཡུམ་གང་རུང་གི །སྲོག་ལ་སེམས་སྦ་སྔགས་ཀྱང་བརྗོད། །བརྗོད་མེད་ངང་ལ་ཕྱམ་གྱིས་བཞག །ཐུན་བཞིའི་སྔ་གུང་ཕྱི་གསུམ་མཐར། །མཚན་བཅས་བསྒོམས་ལ་སྲོད་ཐུན་མཐར། །ཡུན་རིང་མཚན་མེད་རྫོགས་རིམ་བསྒོམ། །བསྙེན་པའི་ལེའུ་སྟེ་བཞི་པའོ།། །།ལྔ་པ་དངོས་གྲུབ་སྒྲུབ་པའི་ཐབས། །སྦྱོར་བ་དངོས་གཞི་རྗེས་ཀྱིས་བསྡུས། །དང་པོ་སྒྲུབ་རྫས་རིལ་བུ་ནི། །སྤང་རྒྱན་གླ་རྩི་མཚལ་དཀར་དང༌། །ཡུང་བ་སྤང་སྤོས་ཤུ་དག་དཀར། །ཤིང་མངར་རྒྱ་སྐྱེགས་ཨ་རུ་རྣམས། །རེ་རེ་བཞིན་དུ་ཞོ་ཕྱེད་ཕྱེད། །ཙནྡན་ཨར་ནག་ཞོ་རེ་སྟེ། །དབང་ལག་ཞོ་གསུམ་ཐམས་ཅད་ཀྱང༌། །མ་འཁྲུལ་གཙང་ལ་དུས་བཏུས་བཏགས། །བ་དམར་འོ་མ་འཇམ་པའི་མགོན། །ར་དཀར་འོ་མ་དབྱངས་ཅན་མ། །ཞུ་བའི་བདུད་རྩིས་སྦྲུས་པ་ཡི། །རིལ་བུ་ཉིས་བརྒྱ་བཅུ་དྲུག་ནི། །ཞི་ལ་ཟླུམ་པོ་རྒྱས་གྲུ་བཞི། །དཀར་སེར་ལས་མཐུན་དབྱིབས་མདོག་བསྒྱུར། །འོན་ཀྱང་བློ་འཕེལ་རྒྱས་པའི་ལས། །གཙོ་ཕྱིར་དེ་མཐུན་ལག་ཏུ་བསྟར། །ངོས་གཉིས་གི་ཝཾ་གུར་གུམ་དང༌། །རྒྱ་སྐྱེགས་ཁུ་བས་དྷཱིཿཧྲཱིཿབྲི། །རིལ་བུ་མང་དུ་བསྒྲུབ་ན་ཚད། །གོང་གི་རིགས་པས་གོང་དུ་དཔག །དར་དམར་ངོས་སུ་གསེར་
སྦྱངས་ཀྱིས། །གདན་གྱི་འཁོར་ལོ་རྩིབས་བཞི་ལ། །རྒྱལ་ཆེན་བསྐྱེད་ན་གཡས་བསྐོར་དྷྲྀ། །བི་བི་བཻ་བཀོད་སྒྲོལ་དཀར་སོགས། །འཁོར་དུ་བྱེད་ཚེ་ཏཱྃ་ཧྲཱིཿདྷཱིཿ །བྷེ་བཀོད་དེ་རྒྱབ་མུ་ཁྱུད་གསུམ། །དབྱངས་གསལ་རྟེན་སྙིང་གཡས་སུ་འཁྱིལ། །དེ་རྒྱབ་རྡོ་རྗེ་མེ་ཕྲེང་ངོ༌། །བསྡུ་ན་མུ་ཁྱུད་སྤངས་པ་ཡི། །རྩིབས་བཞི་ས་བོན་ཁོ་ན་འབྲི། །སྟེགས་བུ་ཁྲུ་གང་གྲུ་བཞི་གཙང༌། །འདབ་བརྒྱད་གསེར་མདོག་ལྟེ་བ་དམར། །གོང་རས་ལྗང་གུ་མུ་ཁྱུད་དཀར། །ལེགས་པར་བྲིས་དབུས་ལྷུང་བཟེད་ནང༌། །གདན་འཁོར་ཤར་དུ་ཕྱོགས་པའི་ལྟེར། །ཙནྡན་ཤུག་པའི་སྙིང་པོ་ལས། །རལ་གྲི་སོར་བཞི་སྔགས་འཁོར་ནི། །གསང་མཚན་སྤེལ་ཚིག་ལྡན་པ་བསྒྲེང༌། །མ་འཛོམ་གདན་ལྟེར་འབྲི་བའང་རུང༌། །དེ་མཐར་དངོས་གྲུབ་རིལ་བུའི་མགོ །ཕྱིར་བསྟན་ཤར་ནས་ཕྱོགས་བཞི་དང༌། །མཚམས་སུ་རྩ་སྔགས་བཟླ་བཞིན་བརྩེགས། །དར་དམར་ལོགས་སུ་རྒྱ་སྐྱེགས་མཚལ། །གུར་གུམ་གི་ཝཾ་སྣག་ཚ་ཡིས། །སྟེང་འཁོར་རྩིབས་བརྒྱད་མུ་ཁྱུད་གསུམ། །ལྟེ་བར་རལ་གྲིའི་ཆང་བཟུང་ལ། །དྷཱི་དང་རྩེ་མོར་ཧྲཱིཿཡིས་མཚན། །རྩིབས་བརྒྱད་རྩ་སྔགས་ཆ་བགོས་ལ། །རྩིབས་རྩེར་དྷཱི་ཡིག་མུ་ཁྱུད་གསལ། །དབྱངས་གསལ་རྟེན་འབྲེལ་སྙིང་པོའི་མཐར། །ཤེས་རབ་འཕེལ་བར་གྱུར་ཅིག་སོགས། །གང་འདོད་སྤེལ་ཚིག་སྦྱར་བས་བཀང༌། །འོག་འཁོར་འདབ་བརྒྱད་ལྟེར་རལ་གྲི། །ཆངས་ཟུང་ཧྲཱིཿལ་རྩེ་མོ་དྷཱིཿ །འདབ་བརྒྱད་དངོས་གྲུབ་ཕྲེང་བ་བགོ །འདབ་རྩེར་ཧྲཱིཿའོག་གཞན་གོང་མཚུངས། །སྟེང་མ་གཡས་སྐོར་འོག་གཡོན་དུ། །བསྐོར་བའི་དབུ་ནི་གཅིག་གྱུར་བྱ། །ཕོ་མོ་ཁ་སྦྱར་རིལ་བུ་དགབ། །དར་དམར་གུར་ཕུབ་རྒྱབ་ཀྱི་ཆར། །རྟེན་དང་མདུན་ཏུ་མཆོད་གཏོར་བཤམ། །སྦྱོང་བ་གསུམ་དང་བསྒྲུབས་པའི་ཆུས། །ཁྲུས་གསོལ་དྲི་མ་དག་པར་བྱ། །སྟེང་འོག་འཁོར་ལོར་བཞེད་མང་ཡང༌། །དྲི་མེད་འོད་ཟེར་ཕྲིན་ལས་པའི། །བཞེད་སྲོལ་དྲི་མེད་གུང་སྤྲོས་སོ། །གཉིས་པ་སྒྲུབ་པའི་དངོས་གཞི་ཡི། །ཐོག་མར་
མཆོད་པ་བྱིན་གྱིས་བརླབ། །བདུད་རྩི་ཐབ་སྦྱོར་རིག་པས་བསང༌། །ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱང༌། །སྟོང་པའི་ངང་ལས་དྲི་མེད་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་སུ་ཨོཾ་ཡིག་ཞུ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པའི་སྤོས། །སྣང་གསལ་དྲི་ཆབ་བཤོས་གཙང་རོལ་མོ་སོགས། །དྭངས་ཤིང་ཐོགས་མེད་དགྱེས་སྐྱེད་མཆོད་པའི་སྤྲིན། །ཀུན་བཟང་རྣམ་འཕྲུལ་མཁའ་དབྱིངས་ཀུན་ཁྱབ་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཞེས་པས་རིགས་བསྒྲེ་ཤབྡའི་བར། །སྔགས་རྒྱས་བྱིན་རླབས་སྐྱབས་སེམས་ནས། །བརྩམས་ཏེ་བདག་ཉིད་བསྐྱེད་པའི་མཐར། །ཐུགས་ཀའི་རལ་གྲིའི་འོད་ཀྱིས་མདུན་རྟེན་སྦྱངས། །རིལ་བུ་འོད་ཞུ་ཆུ་སྐྱེས་ཟླ་གདན་ལ། །མཐིང་ཤུན་མདངས་ལྡན་ཧྲཱིཿསོགས་སྦྲེལ། །མདུན་བསྐྱེད་གཙོ་མོ་གསལ་ཐེབས་ནས། །དཔྱོད་ལྡན་ཞལ་གྱི་ལུང་བཟང་པོ། །འཁོར་དུ་རྒྱལ་ཆེན་བསྐྱེད་འདོད་ན། །དེ་ཡི་ཕྱོགས་བཞིར་དྷཱྀ་སོགས་ས་བོན་ལས། །ཤར་དུ་ཡུལ་སྲུང་དུང་མདོག་རྒྱུད་མངས་སྦྲེང༌། །གཡས་སུ་འཕགས་སྐྱེས་གྲི་ཐོགས་ནཱི་ལའི་མདངས། །ནུབ་ཏུ་སྤྱན་མི་བཟང་དམར་སྦྲུལ་ཞགས་བསྡོགས། །གཡོན་དུ་གནས་སྲུང་གསེར་མདོག་རྒྱལ་མཚན་བསྣམས། །ཀུན་ཀྱང་ཞི་ཞིང་བརྗིད་ལ་དཔའ་བའི་ཉམས། །ལྷ་ཡི་གོ་དང་ཡ་ལད་འཛིན་པའོ། །ཞེས་སམ་འཁོར་ལྷ་གཞན་འདོད་ན། །རྩིབས་བཞིའི་གདན་སྟེང་ཤར་དུ་ཚེ་སྦྱིན་མ། །ཟླ་བའི་མདངས་ཅན་སྐྱབས་སྦྱིན་ཨུཏྤལ་འཆང༌། །ལྷོ་རུ་སྙིང་རྗེའི་དབང་ཕྱུག་ཆུ་ཤེལ་མདོག །བདུད་རྩིའི་བུམ་པ་ཆུ་སྐྱེས་སྡོང་བུ་འཁྲིལ། །ནུབ་ཏུ་སིནྡྷུ་བ་རའི་ལུས་འཆང་བའི། །ཚངས་པའི་སྲས་མོ་འཁོར་ལོ་པདྨས་སྒེག །བྱང་དུ་ལྷ་ཡི་བླ་མ་ཛ་བའི་མདངས། །ཕྱག་གཉིས་རིན་ཆེན་ལྗོན་པའི་འབྲས་བུས་ལྕི། །བཞི་ཀ་ལྷ་ཡི་གོས་དང་རཏྣས་བརྒྱན། །ཕྱེད་སྐྱིལ་སྟངས་སྟབས་འགྱིང་བག་ཆགས་པར་བཞུགས། །འགྲོ་ལ་མ་ལྟར་བརྩེ་བས་རྨོངས་པ་སེལ། །འཁོར་འདས་བཅུད་བསྡུས་སྒྲུབ་ལ་སྟེར་བ་ཡི། །སྲོག་ཁྱིམ་ཏཱྃ་ཧྲཱིཿདྷཱིཿདང་བཻ་ཡིག་མཐར། །ན་མོ་དྷཱིཿདྷཱ་རི་ཀཱ་སྭཱ་
ཧཱ། ན་མ་ཨཱརྻ་བ་ལོ་དྷཱ་ར་ཎི་པྲ་ཛྙཱ་ཝརྡྷཱ་ནི་སྭཱ་ཧཱ། ཨོཾ་ཨཱཿཔྲ་ཛྙཱ་བརྡྷཱ་ནི་སྭཱ་ཧཱ། ན་མོ་བཻ་ཡཱ་ཀ་ར་ཎ་པྲ་ཛྙཱ་བརྡྷཱ་ནི་སྭཱ་ཧཱ། སྔགས་བཞིས་གོ་རིམ་དང་མཚུངས་གཡས་སུ་བསྐོར། །ཐུགས་ཀའི་མཛོད་ལས་སོགས་སྦྲེལ་ཏེ། །དབུས་ན་མཛེས་པར་གྱུར་པའི་མཚམས། །མྱུར་མཛད་དཔའ་མོ་དཀར་སེར་དམར་སྔོ་བཞིས། །གེགས་སེལ་ཤེས་རབ་སྤེལ་ཞིང་དངོས་གྲུབ་སྟེར། །ཅེས་མོས་མཆོད་ཅིང་བསྟོད་སྤྲོ་ན། །བསྡུས་པ་སྔགས་དང་ཕྱག་རྒྱས་སྟོབ། །རྒྱས་འདོད་དབྱངས་ཀྱི་རྒྱུད་མངས་བཅས། །མུ་ཏིག་ཟེགས་ཕྲེང་ཕྱོགས་ཀྱི་མགུལ་པར་སྦྱིན། །གཙང་བྱེད་ཡན་ལག་བརྒྱད་ལྡན་གངྒཱའི་ཀླུང༌། །གསེར་གྱི་བྱ་མ་བུམ་པའི་ལྟོར་འཁྱིལ་བ། །མི་མཉེས་དག་བྱེད་གུས་པའི་ཆོ་གས་དབབ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་ཀྱི་པདྨོ་རྙོགས་ལྡན་འདམ་སྐྱེས་མིན། །བྱིས་བློའི་དྲི་མ་འཁྲུད་པའི་ཆོ་ག་རུ། །གཟུགས་གང་འཇའ་རིས་འཛིན་པའི་སྟོན་གྱི་མཁའ། །ལེགས་པར་བཞུས་འདྲས་ཆོལ་ཟངས་བཀང་སྟེ་འབུལ། །པཱ་དྱཾ། སྲིད་གསུམ་མཛེས་པའི་སྙིང་པོ་ཕྱོགས་གཅིག་ཏུ། །བྱེད་པོས་བསྡུས་ནས་ཆུན་པོར་བསྟར་འདྲ་བ། །ལྟ་བས་ངོམས་པ་མེད་པའི་མེ་ཏོག་གི །ཆར་པ་འབེབས་ཤིང་ལྡིང་ཁང་དབུབ་པར་བྱ། །པུཥྤཾ། ཡོངས་འདུའི་འཁྲི་ཤིང་ངད་ཀྱིས་མི་མཚོན་ཅིང༌། །རྣམ་དག་ཚུལ་ཁྲིམས་བསུང་ཞིམ་དང་འདྲེས་པ། །དབང་པོ་ཚིམས་བྱེད་སྤོས་སྤྲིན་བླ་རེ་ཡང༌། །རྒྱལ་བའི་ཞིང་ཁམས་ཀུན་ཏུ་བྲེ་བར་བྱ། །དྷཱུ་པཾ། ནོར་བུའི་སྒྲོན་མེ་སྟོང་གི་འོད་འབར་བས། །ཉི་ཟླའི་དཀྱིལ་འཁོར་བྱེ་བ་མོག་པོར་བྱེད། །ཞིང་ཀུན་འོད་གསལ་གཅིག་ཏུ་འདྲེས་པ་བཞིན། །ཡེ་ཤེས་སྣང་བ་སྦར་བའི་གཉེན་དུ་འབུལ། །ཨ་ལོ་ཀེ །ག་པུར་ཙནྡན་གུར་གུམ་ལྡེ་གུ་ཡིས། །མ་བགོས་ཚུལ་ཁྲིམས་དྲི་དང་བསིལ་བས་ཁྱབ། །རྣམ་གྲོལ་བྲལ་བས་ཉེན་ལ་དབུགས་དབྱུང་བརྡ། །ཅི་ཡང་སྟོན་སླད་དྲི་ཡི་བྱུགས་པ་འབུལ། །གནྡྷེ། བསམ་གཏན་ཟས་ཀྱིས་རིང་ནས་བཀྲེས་
པའི་ནད། །མཐའ་དག་འཚོ་བའི་ཆོ་ག་མཁས་གྱུར་ཀྱང༌། །ཁམས་ཀྱི་བཟའ་བར་སྤྱོད་རྣམས་བསམ་རྫོགས་སླད། །ཁ་ཟས་རོ་བརྒྱ་ལྡན་པས་བསྙེན་བཀུར་བགྱི། །ནཻ་ཝི་དྱ། དྲི་ཟའི་རྒྱུད་མངས་བྱེ་བ་སྦྲེང་བའམ། །མིའམ་ཅི་མོ་སྟོང་གི་ཟློས་གར་ཡང༌། །ཁེངས་པ་འགོག་བྱེད་ནམ་མཁའི་རྒྱ་རལ་ཞིང༌། །ཆགས་བྲལ་བརྟན་པ་འཕྲོག་པའི་སྒྲ་སྙན་འཁྲོལ། །ཤབྡ། ཞེས་པ་ཙམ་མམ། སྤྲོ་ན། མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་འབུལ་བར་བྱའོ། །བསྟོད་པ་ནི། རྨད་དུ་བྱུང་བའི་སློབ་དཔོན་སྙན་དངགས་མཁན་དགེ་བསྙེན་ཟླ་བས་མཛད་པ་སོགས་བྱིན་རླབས་ཆེ་ཞིང་ཚིག་གི་མེ་ཏོག་དོན་གྱི་འབྲས་བུས་ལྕི་བ་རྣམས་ཅི་ཙམ་ནུས་པར་དད་པས་བླངས་ཏེ་ཡོན་ཏན་རྒྱ་མཚོར་འབུལ་བས་སྨྲ་བ་ལ་ཐོགས་པ་མེད་པའི་མཐུ་སྩོལ་བ་སོགས་འདོད་པའི་དོན་ཐོབ་པ་ཡིན་ལ། དཀྱུས་ཙམ་དུ། ན་མོ་གུ་རུ་མཉྫུ་ཤྲཱི་སྭ་ར་སྭ་ཏྱཻ། ཡེ་ཤེས་མཁའ་ལ་ཉིན་བྱེད་སྣང་བས་འཁྱུད། །སྙིང་རྗེའི་ཆུར་རྒྱས་པདྨ་ཡངས་པའི་སྤྱན། །མི་ཟུམ་རྡོ་རྗེ་སེང་གེའི་ཁྲིར་བཞུགས་པ། །ཁྱབ་བདག་ངག་གི་དབང་ཕྱུག་ཁྱོད་ལ་འདུད། །ཞིང་སྐུ་མཚན་གྱི་སྤྲིང་ཡིག་རྣམ་པར་འཕྲུལ། །གུར་གུམ་གསར་པའི་ཆུ་ཡིས་མ་བྲིས་པ། །གངས་ཆེན་མཚོ་ཡི་མཁའ་ངོས་སྤྱན་ལྔ་ཡིས། །བཙལ་བས་མ་རྙེད་ཐུབ་རྣམས་ངལ་ལ་འདུད། །དེ་བཞིན་གཤེགས་པ་ཀུན་གྱིས་ཁྱོད་ཁོ་ན། །བསྐྲུན་ཅིང་ཁྱོད་ཉིད་གཅིག་པུས་དུས་གསུམ་གྱི། །འགྲོ་བའི་སྒྲོན་མེ་ཀུན་སྐྱེད་ཡབ་གྱུར་ཀྱང༌། །གཞོན་ནུའི་ལང་ཚོ་རྒུད་པ་མེད་ལ་འདུད། །ནམ་མཁའི་ཚལ་དུ་རྒྱུ་སྐར་གར་མཁན་མ། །ཟིལ་གནོན་ཉི་ཟླའི་ཁྱེའུ་མིག་གི་རྒྱན། །ཞིང་མང་མཛེས་བྱེད་སྲས་བཅས་རྣམ་འདྲེན་དབུས། །ཁྱོད་མཚན་ཡིད་ཀྱི་དཔལ་དུ་འབར་ལ་འདུད། །ཉི་འོད་མུན་པ་ལ་བཞིན་སྙིང་སྟོབས་གསལ། །སྐྱེ་ཚོགས་སྐྱེ་བའི་ཉོན་མོངས་ཞིག་པའི་རྒྱུ། །འཇིགས་རུང་འཁོར་བའི་རྒྱ་མཚོའི་ཟམ་སྟེགས་ནི། །སྨོན་ལམ་ཕ་རོལ་ཕྱིན་པས་བཙུགས་ལ་འདུད། །ཁྱོད་སྐུ་མཁའ་དང་མཉམ་ཡང་གཞོན་ནུའི་ཟོལ། །
དམར་སེར་འོད་ཀྱི་པ་ཏྲ་རབ་ཏུ་འཛིངས། །རྒྱལ་ཀུན་གསུང་ལམ་འབྱེད་ཀྱང་འགྲོ་མང་གི །སྐད་ཀྱི་རྗེས་སུ་བརྗོད་པ་ཞུགས་ལ་འདུད། །རྣམ་པར་མི་རྟོག་ཡེ་ཤེས་དངོས་མེད་མཛོད། །དངོས་པོའི་ཕྲིན་ལས་ཀུན་ཏུ་དབྱེ་བར་བཟོད། །སྤངས་རྟོགས་གཞལ་དུ་མེད་ཀྱང་འཁོར་བ་སྲིད། །རྒྱལ་བའི་མྱུ་གུའི་བརྫུ་བག་མཛད་ལ་འདུད། །ཡེ་ཤེས་ཕུང་པོ་གཅིག་གི་གཟུགས་བྱས་ན། །ནམ་མཁའི་སྣོད་དོགས་མཐའ་དག་སྨོས་ཅི་འཚལ། །མཁྱེན་བཟང་རལ་པའི་ཟུར་ཕུད་གང་གཡོ་བར། །ཞབས་སེན་ནོར་བུའི་ཅོད་པན་བཀོད་ལ་འདུད། །ཀུན་རྨོངས་རྩ་བ་གཅོད་ཅེས་དཔུང་པའི་ཚལ། །གླེགས་བམ་རལ་གྲིའི་མྱུ་གུས་གཏམས་ནས་ཅི། །སྐྱེ་དང་ལྷན་ཅིག་བསགས་བྱས་མུན་པའི་མཛོད། །ཡེ་ཤེས་སྣང་བའི་ཟེར་གྱིས་བཅོམ་ལ་འདུད། །སྨྲ་བའི་གླང་ཆེན་མྱོས་པའི་བག་མེད་སྒོ། །སྲུང་ཕྱིར་སེང་གེའི་ཁྲི་ལ་སེང་གེའི་སྒྲ། །བསྒྲགས་ཀྱང་འགྲོ་བ་རི་དྭགས་ཡིད་ཆགས་པ། །སངས་རྒྱས་རོལ་མོའི་གར་མཛད་དེ་ལ་འདུད། །བ་སྤུའི་ཁུང་བུ་གཅིག་ནས་མཐའ་ཡས་པའི། །སྒྱུ་མ་ཀུན་ཤོང་མཁའ་འདིས་ཁྱོད་ཐུགས་འགྲན། །སྙིང་རྗེ་རབ་ཏུ་སྲ་བ་རྡོ་རྗེའི་ལྕིད། །འདེགས་ནུས་ས་འདིས་དཔའ་བའི་རྗེས་སུ་བྱེད། །སྟོན་དང་ཀུན་མཁྱེན་གྲགས་པའི་དཀྱིལ་འཁོར་ན། །རྡོ་རྗེ་ཉི་མ་འབའ་ཞིག་སྣང་བ་ཆེ། །དེས་བྱིན་བློ་གྲོས་མིག་བུས་འཁོར་བ་པའི། །མ་མཐོང་གཡང་ལས་སྲུང་བའང་ཕྱག་གི་གནས། །རྒྱལ་བའི་རྒྱུད་སྐུལ་ཡིད་འོང་འཛུམ་ཞལ་ཅན། །སྟོང་ཉིད་ཞུན་མར་འཁྱིལ་འདྲ་དབང་སྔོན་མདངས། །དབྱངས་ཀྱི་རྒྱུད་མངས་སེམས་ཅན་སད་པར་མཛད། །རྒྱ་མཚོའི་ལྷ་མོ་སྒྲ་ལྡན་དེ་ལ་འདུད། །མི་འཚེ་དགའ་དང་དམ་བཅས་བདེན་རྣམས་ཀྱི། །སེམས་ཡིད་ཁ་ཡི་སྒོར་འཇུག་དེ་ཀུན་ཀྱང༌། །ངག་གི་བརྟུལ་ཞུགས་གྲུབ་པ་སོས་ཀའི་གླུ། །སྐྱེ་དགུའི་རྣ་བའི་བཅུད་དུ་ལེན་ལ་འདུད། །དཔྱིད་ཀྱི་ཨུཏྤལ་གཞོན་ནུའི་ཕོན་པོ་ལ། །བུང་བའི་ཕྲེང་བ་མགྲོན་ཏུ་འདུ་བ་བཞིན། །མི་ཤིགས་རྗེས་ཆགས་རོལ་པའི་འཛུམ་དཀར་མདའ། །ཟུར་
མིག་འཁྱོགས་པོའི་འབེན་ཏུ་སྡུད་ལ་འདུད། །མཐའ་ཡས་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་རྒྱུད། །རང་རང་སྐད་ཀྱི་རྗེས་སུ་རྡུང་བརྩོན་པས། །སྨྲ་བའི་ཁ་འབྱེད་འཕྲུལ་ཆེན་ཡི་གེའི་ལྗགས། །སྨྲ་བ་ཀུན་གྱིས་སྐྱོང་བར་མཛད་ལ་འདུད། །ཟབ་མོ་འཕགས་བཞི་འཁྲུངས་པའི་ཡུམ་གྱུར་ཅིང༌། །དེ་ཀུན་འབྲལ་བ་མེད་འཁྱུད་རྩེ་དགའི་གཉེན། །སྣ་ཚོགས་གཟུགས་ཅན་ལྷ་མོ་ཡིད་འཕྲོག་མ། །བདག་གི་སྙིང་གི་ཐེག་ལེ་མཛད་དུ་གསོལ། །བྱིས་པའི་སྐྱེ་བོ་བློ་དང་ཁྲིམས་ལྡན་པ། །འཇིག་རྟེན་ལྷ་དང་བཅས་པས་བསྔགས་འོས་ན། །རྣམ་དག་ཕུང་པོ་ལྔ་ཡི་མངལ་ལྕི་བ། །འགྲོ་བ་ཉེར་འཚོའི་མ་དེ་སུས་མི་བསྔགས། །རབ་ཏུ་གུས་པས་སྦྱར་བའི་སྙིམ་པའི་ལྟོ། །སྙན་ངག་མེ་ཏོག་གསར་པས་ལེགས་བཀང་སྟེ། །ཡོན་ཏན་རྒྱ་མཚོ་མཛེས་པའི་རྒྱན་ཕྲེང་དུ། །ཉིན་རེ་བཞིན་ཡང་མོས་པའི་བློ་ཡིས་འབུལ། །གདེངས་པ་ཙམ་གྱིས་ཉེས་བརྒྱའི་ཚང་ཚིང་ཀུན། །ཟ་བའི་ལྕེ་ལྡན་མཁྱེན་རབ་རལ་གྲི་ཡིས། །གཟུང་འཛིན་པདྨའི་སྣལ་མ་ཡུད་ཙམ་ལ། །མི་གཅོད་ཐུགས་ལས་ཆུང་ངུར་གཞོལ་ལམ་ཅི། །བདག་ཅག་འཇམ་མགོན་ཡབ་ཡུམ་ཞབས་མཐིལ་ལ། །སྤྱི་བོས་གཏུགས་ཏེ་དད་པས་ཆོས་ཉན་པར། །གདུང་བས་གཙེས་པོ་སྐྱེ་བར་ངལ་བ་བརྒྱས། །བསྒྲུབས་པའི་ཐུགས་རྗེའི་ཞོ་ཤས་འཚོ་བར་མཛོད། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་འོད། །དམར་སེར་གསེར་རིའི་ངོགས་སུ་ཆགས་པའི་མདངས། །སྒྲིབ་པའི་བརྟན་པ་འཕྲོག་པའི་དཔེ་བྲལ་དེ། །ད་ལྟ་མིག་གི་བདུད་རྩིར་སྩོལ་བར་འཚལ། །འཁོར་བ་པ་ནི་བུང་བ་ལྟ་བུར་འཁོར། །ཆགས་བྲལ་རྣམས་ཀྱང་མི་གསལ་སྲེད་པའི་ཆུ། །ཁ་མེད་ལྗོན་པ་བཞིན་འཐུང་རང་གི་གཡས། །རིན་ཆེན་རྒྱལ་བའི་སྙིང་པོར་གོས་འདི་སོལ། །ལྷན་སྐྱེས་མུན་པས་ལྡོངས་བའི་ཡེ་ཤེས་མིག །རྩོལ་བས་དུབ་མིན་ཉེ་རིང་མེད་པར་བྱེད། །སྐྱེ་དགུ་འདྲེན་བྱེད་བྱ་བ་མཛད་ལགས་ན། །རྒྱ་ཆེན་ལྟ་བའི་མཐོང་བ་དྲི་མེད་སྩོལ། །བློ་གྲོས་སྣོད་དུ་མ་བཟུང་ཤེས་བྱའི་དབྱིག །ཀུན་མཁྱེན་
མཛོད་དུ་ཡོད་མེད་སོམ་ཉིའི་རྒྱར། །རྒྱལ་སྲས་དཔའ་རྣམས་ཆུད་པ་དེ་ཙམ་དུ། །ཟབ་ཅིང་རྒྱ་ཆེའི་བློ་ཡི་འདོད་འཇོ་མཛོད། །གཟུངས་དང་ཏིང་འཛིན་ཆང་གིས་རྒྱུད་མྱོས་ཀྱང༌། །སྤོབས་པ་ཟླ་བ་ནོར་བུའི་རྡོ་ལེབ་ལ། །ངལ་གསོས་ཆོས་རབ་རྣམ་པར་འབྱེད་པའི་བློས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ། །ཉི་ལྟར་འབར་ཡང་ཐུགས་རྗེ་ཟླ་བའི་ཞལ། །བདུད་རྩིའི་དོ་ཤལ་དཀར་པོས་བཞད་པའི་དཔལ། །ངེས་ལེགས་སྦྲང་རྩིའི་རྡུལ་སྐྱུགས་མཐོ་རིས་ཀྱི། །ཡོན་ཏན་ཀུ་མུད་དགའ་ཚལ་དར་བར་མཛོད། །ཁྱོད་དང་དད་པའི་སེམས་འདི་ཡང་སྲིད་ཀུན། །མི་འབྲལ་བདག་ཉིད་གཞན་ཕན་དབང་སོང་སྟེ། །རྣམ་ཐར་ཚད་དཔག་མེད་ཅིང་བརྟག་དཀའ་བ། །བདེ་བླག་སྒྲུབ་ལ་ཕྱིར་མི་ལྡོག་གྱུར་ཅིག །བསྟོད་པའི་སིལ་སྙན་ལེགས་འཁྲོལ་ནས། །སྔགས་བཟླས་དམིགས་པ་བསྙེན་དུས་ལྟར། །བཅུད་རྣམས་གཙོ་བོར་སྒྲུབ་རྫས་ལ། །བསྟིམ་ཞིང་འཁོར་གྱི་ཐུགས་རྒྱུད་བསྐུལ། །རྒྱལ་བ་ཀུན་གྱི་མཁྱེན་དང་བརྩེ། །ཡོན་ཏན་དངོས་གྲུབ་རིལ་བུ་དང༌། །ཁ་སྦྱོར་ཙཀྲ་ལ་ཐིམ་བསམ། །འཁོར་སྔགས་རྣམས་ཀྱང་ཅུང་ཟད་བཟླ། །ཐུན་མཐར་མཆོད་ཅིང་བསྟོད་ནས་སུ། །གཏོར་བ་བདག་མདུན་ལྷན་ཅིག་འབུལ། །གཉིས་པ་ཡོད་ན་ཆོས་སྐྱོང་དང༌། །གཞི་བདག་ལ་སྦྱིན་ཕྲིན་ལས་གཞོལ། །མཆོད་བསྟོད་མདོར་བསྡུས་འདོད་དོན་གྱི། །གསོལ་གདབ་ཤེས་བྱའི་མཁའ་དབྱིངས་སམ། །གང་ཚེ་ལྟ་དང་བརྩེ་ལྡན་མས། །མཚོན་ཏེ་རྒྱ་གཞུང་གང་རུང་བྱ། །མདུན་བསྐྱེད་འཁོར་རྣམས་འོད་དུ་འདུས། །གཙོ་མོ་ལ་ཐིམ་དེ་ཉིད་ཀྱང༌། །འོད་ཞུ་རིལ་བུའི་རྣམ་པར་གྱུར། །བདག་བསྐྱེད་གདན་བསྡུ་གནས་གསུམ་བསྲུང༌། །བསྔོ་སྨོན་ཤིས་པའི་ཚིག་གིས་བརྒྱན། །བདུན་ཕྲག་གསུམ་མམ་ཟླ་གཅིག་སོགས། །རྩེ་གཅིག་ཐུན་བཞིའི་རིམ་པས་འབད། །གསུམ་པ་གྲུབ་པའི་རྟགས་མཐོང་ནས། །ཙཀྲར་འཇམ་དཔལ་དབྱངས་ཅན་མ། །རིགས་ལྔ་ཁ་དོག་ལྔ་བསྐྱེད་ཅིང༌། །ཡན་ལག་བཞི་རྫོགས་མཆོད་
བསྟོད་དང༌། །སྤྱན་དབྱེ་བརྟན་བཞུགས་ལྷ་ཞུ་བས། །དྲིས་པའི་འཁོར་ལོའི་རྣམ་པར་བསྒྱུར། །རྩ་སྔགས་དབྱངས་གསལ་རྟེན་འབྲེལ་སྙིང༌། །བརྒྱ་རྩ་བརྒྱད་བཟླས་མེ་ཏོག་འཐོར། །སླར་ཡང་མཆོད་བསྟོད་ཤིས་བརྗོད་བྱ། །དངོས་གྲུབ་སྒྲུབ་པའི་ལེའུ་སྟེ་ལྔ་པའོ། །གལ་ཏེ་འབད་ནས་བསྒྲུབས་ཀྱང་རྟགས། །མ་མཐོང་སྤོགས་པའི་ཆོ་ག་བྱ། །ཙཀྲ་གཉིས་པོ་སྟེང་འོག་བཟློག །རིལ་བུ་གུ་གུལ་དུད་པས་བདུག །རང་ཉིད་དབྱངས་ཅན་མ་རུ་བསྒོམ། །མདུན་བསྐྱེད་འཇམ་དཔལ་སྔགས་འོད་ཀྱི། །འཁོར་ལོ་རང་གི་སྣ་གཡོན་ནས། །ཐོན་ཏེ་མདུན་བསྐྱེད་གཡས་སུ་ཞུགས། །སྤྲོ་བསྡུ་གོང་དང་མཚུངས་པ་ཉིད། །ཁྱད་པར་འོད་ཕྲེང་དམར་པོ་ཡིས། །བརྟན་པའི་འཁོར་ལོའི་དམ་བཅའ་བསྐུལ། །ཞལ་སྟོན་རྗེས་འཛིན་སྔགས་ཀྱི་ཕྲེང༌། །གཡོན་ནས་གཡས་སུ་འཁོར་བསམ་ཞིང༌། །བཟླས་པ་ཐོག་མཐའི་དྷཱིཿཧྲཱིཿབཟློག །དེས་ཀྱང་མ་འགྲུབ་རལ་གྲི་དང༌། །འཁོར་ལོའི་ཡིག་འབྲུ་ཐུར་དུ་འཕྱངས། སེམས་བཟུང་བཟླས་པས་གཞུང་མཐུན་རྟགས། །མི་འབྱུང་མི་སྲིད་དེ་བྱུང་ནས། །དམིགས་བཟླས་དཀྱུས་ལ་འཇུག་པར་གཅེས། །སྤོགས་ཆོག་གི་ལེའུ་སྟེ་དྲུག་པའོ། །སྒྲུབ་དུས་ཇི་ལྟར་འདོད་པ་ཡི། །དངོས་གྲུབ་སྒྲུབ་པའི་ཁ་བསྒྱུར་ནི། །སངས་རྒྱས་བྱང་སེམས་ཉན་རང་དང༌། །མཁས་གྲུབ་འཇིག་རྟེན་ཆེ་སོགས་ཀྱི། །ཚེའམ་བསོད་ནམས་ཤེས་རབ་བམ། །འཆད་རྩོད་རྩོམ་པ་མི་བརྗེད་གཟུངས། །ངོ་བོ་འདོད་པའི་དངོས་གྲུབ་ཉིད། །རྣམ་པ་གཤམ་དུ་སྨོས་པའི་གཟུགས། །འོད་ཟེར་བུང་བའི་ལྕགས་ཀྱུས་བསྡུས། །བདག་དང་བསྒྲུབ་པའི་རྫས་ལ་བསྟིམ། །ལུས་ཁེངས་གང་འདོད་མཆོག་ཐོབ་བསམ། །དེ་བཞིན་དབང་དུ་བྱ་འདོད་ན། །ཕ་རོལ་སེམས་ཏེ་ངག་རྐུ་དང༌། །འཕྲོག་སོགས་དེ་དང་དེ་བཞིན་བསྒྲུབ། །ཁ་བསྒྱུར་གྱི་ལེའུ་སྟེ་བདུན་པའོ། །རྟགས་ཀྱི་འབྲས་བུའི་བོགས་འདོད་ན། །བདག་ཉིད་འཇམ་དབྱངས་ཐུགས་ཀར་དྷཱིཿ །ཐུན་མཚམས་ཆུ་འཛིན་གསར་པའི་འོད། །ལྕགས་ཀྱུའི་རྡུལ་
གྱིས་སངས་རྒྱས་དང༌། །བྱང་སེམས་ཉན་རང་བྱིན་རླབས་དང༌། །དབྱངས་གསལ་ཡི་གེའི་ནུས་པའི་མཐུ། །རིག་འཛིན་བློ་ལྡན་སྔགས་འཆང་བའི། །བློ་གྲོས་ཉི་ཟླ་ནོར་བུའི་འོད། །རྩི་དང་བཅུད་བསྡུས་དྷཱིཿལ་ཐིམ། །དེ་ལས་འོད་བྱུང་སྡིག་ཀུན་སྦྱངས། །ཡིག་འབྲུ་ཆེར་འཕེལ་མགྲིན་པར་ཞུགས། །དྷཱིཿཡིག་དམར་པོས་ལུས་ནང་གང༌། །འོད་ཟེར་མེ་ལྕེས་རང་གཞན་གྱི། །སྡིག་སྒྲིབ་བསྲེགས་བསམ་དྷཱིཿཁོ་ན། །འབུམ་ཕྲག་བཞི་ལ་སོགས་པ་བཟླ། །བསྙེན་སྒྲུབ་གཉིས་ཀའི་བོགས་འབྱིན་ནོ། །བོགས་འདོན་གྱི་ལེའུ་སྟེ་བརྒྱད་པའོ། །སྔགས་པ་དམ་ཚིག་མི་གཡོ་བས། །བསྒྲུབས་པའི་འབྲས་བུ་མྱུར་དུ་མཐོང༌། །ཞིང་ས་གཤིམས་པོར་སོ་ནམ་གྱི། །ཆོ་གས་ལོ་ཏོག་ལེགས་པར་འཁྲུངས། །འདི་ལ་གཉིས་ཏེ་དམ་ཚིག་དངོས། །ཡན་ལག་སྤྱོད་ལམ་བསྟན་པའོ། །དང་པོ་སྡིག་པའི་གྲོགས་མི་བསྟེན། །སྡིག་ལས་ཀུན་བཟློག་ཁྱད་པར་དུ། །རྫུན་སོགས་ངག་གི་མི་དགེ་དང༌། །འཁོན་དང་ཞེ་སྡང་དྲག་པོ་དང༌། །ཤ་ཆང་སྒོག་བཙོང་སྔོ་ངད་སྤང༌། །ཆགས་པས་འཁྲིག་དང་སྨྲེ་སྔགས་དང༌། །མྱ་ངན་བྱེད་སར་འགྲོ་མི་བྱ། །ཉམས་གྲིབ་འབགས་བཙོག་ཀུན་ལ་འཛེམ། །བྱང་སེམས་ཉམས་ན་ཤེས་རབ་འགྲིབ། །རྟོག་པ་མང་ན་ཤེས་རབ་འཆལ། །མཎྜལ་འབྲི་བ་ནས་བརྩམས་ཏེ། །རིལ་བུ་བཟའ་བའི་བར་དག་ཏུ། །བཅའ་གཞི་མི་ཡིས་མ་མཐོང་ཞིང༌། །ཁྱད་པར་དུད་འགྲོས་མ་མཐོང་གཅེས། །གལ་ཏེ་མཐོང་ཞིང་རྟགས་ལོག་ན། །བཅའ་གཞིར་བསྐྱར་ལ་བསྒྲུབ་པར་བྱ། །གཉིས་པ་སྤྱོད་ལམ་སྒོ་གསུམ་པོ། །བག་ཡོད་གཙང་སྦྲ་ལྡན་པར་སྤྱད། །ཡིག་བརྒྱ་བཟླ་ཞིང་ཁྲུས་ལ་བརྩོན། །དད་དང་སྙིང་རྗེ་ཆེན་པོ་དང༌། །སྲུང་བའི་འཁོར་ལོ་རྟག་ཏུ་བསྒོམ། །ཐུན་མཚམས་རྟག་ཏུ་ལྷག་པའི་ལྷ། །མཆོད་དང་བསྟོད་པས་མཉེས་པར་བྱ། །སྲོད་ལ་མཚན་མེད་རྫོགས་རིམ་བསྒོམ། །དམར་སྣང་རྟོག་མེད་ངང་དུ་ཉལ། །ཐོ་རེངས་མཁའ་ལ་མཚོ་ལྡན་མ། །བཀྲ་ཤིས་
ལྷ་མོས་བསྐོར་རྣམས་ཀྱིས། །ཚིགས་སུ་བཅད་དང་རྡོ་རྗེའི་གླུ། །ཧྲཱིཿདྷཱིཿའི་རིག་པའི་སྒྲས་བསྐུལ་བས། །འཇམ་པའི་རྡོ་རྗེར་བཞེངས་བསམ་ལྡང༌། །ཁྲུས་བྱས་རྣལ་འབྱོར་རིམ་ལ་འཇུག །ཁ་ཟས་ཡི་གེ་འབྲུ་གསུམ་གྱིས། །དྭངས་མའི་བདུད་རྩིར་སྦར་ནས་ལྷ། །མཆོད་པས་བློ་ཡི་དཔྱིད་རྒྱས་བསམ། །སྤང་དང་གླང་བའི་འཇུག་ངོགས་ཏེ། །ཉེས་པ་བཀྲུ་བའི་རྒྱུན་འདི་བསྟེན། །དམ་ཚིག་དང་སྤྱོད་ལམ་གྱི་ལེའུ་སྟེ་དགུ་པའོ།། །།བསྒྲུབས་པས་དངོས་གྲུབ་འགྲུབ་པ་ཡི། །མཚན་མ་རབ་འབྲིང་ཐ་མའི་བློར། །དངོས་ཉམས་རྨི་ལམ་གཟུགས་སུ་སྣང༌། །བསྙེན་དུས་འོད་དང་དུ་བ་གདུགས། །རོལ་མོའི་སྒྲ་དང་ཉི་ཟླ་ཤར། །མེ་ཏོག་ཐུ་འཛུག་ཞིང་ཆེན་རྨོ། །སྣག་ཚ་འཐུང་དང་གླུ་གར་བྱེད། །ཡི་གེ་འབྲི་དང་ཀློག་པ་སོགས། །ཤེས་རབ་འཕེལ་བའི་རྟགས་སུ་བཤད། །སྒྲུབ་དུས་དེ་ལས་ཁྱད་པར་དུ། །རིལ་བུ་རྒྱལ་ཆེན་བཞིར་མཐོང་ན། །མཁྱེན་རབ་འཇམ་པའི་རྡོ་རྗེར་མཚུངས། །གལ་ཏེ་དབྱངས་ཅན་མ་རུ་མཐོང༌། །སངས་རྒྱས་བཞུགས་པའི་ཞིང་དུ་འགྲོ། །ཉི་ཟླར་མཐོང་ན་སྐྱེ་བ་དྲན། །འོད་དུ་མཐོང་ན་སྒྲ་བཞིར་མཁས། །སྐལ་ལྡན་ཉིན་ཞག་གཅིག་གིས་ཏེ། །ལས་འཕྲོ་མེད་ཀྱང་ཞག་གསུམ་གྱིས། །འགྲུབ་ཅེས་མྱུར་བའི་ཚད་དུ་གསུངས། །འོན་ཀྱང་རྙོག་པ་ལྔས་རྙོགས་པའི། །བློ་དམན་རིག་པ་འགྲུབ་དཀའ་བས། །དྲོད་ཚད་གཏན་ལ་ཕེབས་ཀྱི་བར། །རྟག་གུས་སྦྱོར་བས་སྒྲུབ་པ་བརྩམ། །གལ་ཏེ་སྒྲུབ་ལ་འཇུག་འདོད་ཚེ། །རྟགས་མཐོང་ལས་ཀྱི་འཕྲོ་དང་ལྡན། །ཞུགས་ནས་མི་རིང་བྱུང་བ་ན། །རྗེས་བཟུང་རྟགས་ཏེ་དྲོད་ཚད་མིན། །བདུན་ཕྲག་གཅིག་སོང་ཕན་ཆད་རྟགས། །གོང་མཐོང་ཚད་ཀྱི་ངེས་པར་བཟུང༌། །འདི་ཡང་ངག་གི་དབང་པོས་བཞེད། །ཅིས་ཀྱང་ལས་ཀྱི་འཕྲོད་དམན་པས། །སྤོགས་ཆོག་སོགས་ཀྱིས་ངལ་བྱས་ཀྱང༌། །རྟགས་མེད་སྒྱིད་ལུག་མི་བྱ་སྟེ། །ཅུང་ཟད་བཟླས་པའི་ཡོན་ཏན་ཀྱང༌། །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་ཅིང༌། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཡིས་
མངོན་ཤེས་འཆར་བ་སོགས། །བསླུ་མེད་གསུངས་ལ་ཡིད་ཆེས་བྱ། །ཚེ་འདིར་མངོན་དུ་མ་གྱུར་ཀྱང༌། །ལས་ནི་སྐྱེ་བར་རྗེས་སུ་འབྲང༌། །རྟགས་ཚད་ཕན་ཡོན་བཤད་པའི་ལེའུ་སྟེ་བཅུ་པའོ།། །།བསྙེན་ཅིང་སྒྲུབ་པའི་ཐུན་མཚམས་དང༌། །ཉིན་རེ་བཞིན་ཀྱང་བྱ་དགོས་པའི། །གཏོར་མའི་ཆོ་ག་སྣོད་གཙང་མར། །ཁ་ཟས་དཀར་མངར་དྲི་བཟང་པོ། །སྨན་དང་འབྲུས་བཀང་བསངས་སྦྱངས་ལ། །བྷྲཱུྃ་ལས་རིན་ཆེན་གཞོང་པ་རབ་ཡངས་པར། །ཨོཾ་ཨཱཿཧཱུྃ་ལས་གཏོར་མ་བདུད་རྩིའི་མཚོ། །མཁའ་དང་མཉམ་འགྱུར་ལྷ་དང་མིའི་ཡོ་བྱད། །གང་འདོད་གཏེར་དང་ཡོངས་འདུ་ཤིང་བཞིན་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། མདུན་མཁར་པདྨའི་སྡོང་པོ་རིམ་པ་གསུམ། །ཡངས་པའི་དབུས་སུ་འཇམ་དཔལ་ཡབ་དང་ཡུམ། །ནམ་མཁར་བླ་མ་མཐའ་སྐོར་རྒྱལ་བའི་སྤྲིན། །བར་པར་བྱང་སེམས་འོག་མར་ཆོས་སྐྱོང་བ། །སྐྱེ་བ་བཞིས་བསྡུས་འགྲོ་བ་རྣམས་ཀྱང་འཁོད། །རང་སྲོག་འོད་ཀྱིས་ཡེ་ཤེས་འཁོར་ལ་བཀུག །ཆུ་ལ་ཆུ་བཞག་བཞིན་ཏུ་འདྲེས་པར་གྱུར། །སྒྲུབ་དུས་བསྐྱེད་དང་བསྟིམ་མི་དགོས། །བདག་མདུན་ལྷ་ལ་འབུལ་བར་དམིགས། །རྡོ་རྗེའི་སྦུ་གུ་ཅན་གྱི་ལྗགས་བརྐྱངས་ནས། །གཏོར་མའི་བཅུད་བཞེས་མཁོ་བའི་ཡོ་བྱད་བསྣམས། །ཟག་མེད་བདེ་བས་རབ་ཏུ་ཚིམས་པར་བསམ། །སྙིང་པོའི་གཤམ་དུ་སྔགས་འདི་བཏགས། །ཨི་དཾ་གྲྀཧྣ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་ལྔ་ཡིས་ཕུལ་བའི་མཐར། །ཀུན་བཟང་རྣམ་ཐར་ནམ་མཁའི་ཁང་བཟང་དུ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་སྤྲིན་གྱི་རྒྱན། །བཀོད་པའི་འོད་ཟེར་ཆོས་དབྱིངས་རྒྱས་པར་བགྱི། །ཉིན་རེ་བཞིན་ཡང་མོས་པས་སྤེལ་ཏེ་མཆོད། །ཨོཾ་ཨཱརྻ་མཉྫཱུ་ཤྲཱི་སྭ་ར་སྭ་ཏཱི་ས་པ་རི་བཱ་ར་ཨརྒྷཾ་«ནས།» ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨེ་ཡིག་དབྱངས་ཅན་དཔྱིད་ཀྱི་དཔལ་མོ་དང༌། །མཉམ་སྦྱོར་ཝཾ་ཡིག་ཐིག་ལེ་བཅུ་དྲུག་ཆ། །འཇམ་དཔལ་དཔའ་བོ་ལས་བྱུང་རིགས་ཀུན་གྱི། །རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་
བསྟོད། །དཀྱུས་རིང་ཐུགས་རྗེའི་སྤྱན་གྱིས་བྱང་ཆུབ་བར། །མི་འདོར་གཟིགས་ནས་སྙིང་ག་དྭངས་མའི་ཁྱིམ། །མགྲིན་པའི་པད་མཚོར་མི་འབྲལ་དགྱེས་རོལ་ཞིང༌། །ཚད་མེད་དངོས་གྲུབ་གཉིས་ཀྱི་འདོད་འཇོར་མཛོད། །འཆད་ལ་སྨྲ་བ་འབུམ་གྱི་ལྗགས་གཡོ་ཞིང༌། །རྩོད་པའི་ཕྱོགས་ལས་རྣམ་རྒྱལ་སྤོབས་པ་མཐོ། །རྩོམ་པ་ཐོགས་མེད་ལེགས་བཤད་བྱེ་བའི་གཏིང༌། །མི་བརྗེད་གཟུངས་ཀྱི་བློ་གྲོས་མཐའ་ཡས་སྩོལ། །ཁྱད་པར་གསུང་རབ་རྒྱ་མཚོས་མགྲིན་པ་བརྒྱན། །ཆོས་དོན་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས། །ཟབ་མོ་སྟོང་དང་རྟེན་འབྱུང་མ་ནོར་བར། །རྟོགས་ནས་ཀུན་མཁྱེན་ཀུན་གྱི་མགོན་གྱུར་མཛོད། །མཆོད་བསྟོད་གསོལ་བ་གདབ་བྱས་ནས། །བཟོད་གསོལ་ཡེ་ཤེས་རྟེན་ལ་གཞུག །ཡང་ན་འཇིག་རྟེན་པ་ཡི་འཁོར། །བཅས་ཏེ་རང་བཞིན་གནས་སུ་གཤེགས། །དམ་ཚིག་པ་རྣམས་བདག་ལ་བསྡུ། །འཁོར་གསུམ་ཡོངས་དག་ཀློང་དུ་སྦ། །གང་ཞིག་གཏོར་མའི་ལས་ལ་བརྩོན། །དངོས་གྲུབ་ཉེ་ཞིང་བར་ཆད་ཀྱིས། །མི་ཚུགས་འདོད་པ་ཀུན་འཇོ་བའི། །སྔགས་ཤེས་གཏེར་གྱི་མཛོད་འདིའོ། །གཏོར་མའི་ལེའུ་སྟེ་བཅུ་གཅིག་པའོ། །སྒྲུབ་རྟགས་མེ་ཏོག་འཁྲི་ཤིང་ནི། །སྲེག་བླུག་སྦྱོར་བས་འབྲས་བུ་འབྱིན། །མྱུར་ཞིང་བརྟན་པའི་བྱེད་པ་ཅན། །འདི་ལས་གཞན་དུ་མ་མཐོང་ངོ༌། །རྒྱས་པ་གཞན་དུ་ཤེས་པར་བྱ། །ཤིན་ཏུ་བསྡུས་ལ་དགའ་བ་རྣམས། །ཚུལ་འདིར་འབད་པའང་འབྲས་བུར་བཅས། །གནས་དེ་ཉིད་དུ་མཎྜལ་ནི། །འདབ་བརྒྱད་སྟེང་དུ་བུད་ཤིང་བརྩེགས། །རྒྱུ་ནི་ཞི་སོགས་ལས་དང་བསྟུན། །དག་བྱེད་བཀྲ་ཤིས་རྩ་ཡིས་གཡོགས། །མེ་ཏོག་ཨ་རུ་ར་དང་སྤོས། །མར་མེ་དྲི་ལྔ་བཤོས་གཙང་དང༌། །མར་ཁུ་ཀུ་ཤ་དཀར་མངར་གསུམ། །རྫས་བཅུ་བརྒྱ་རྩ་བརྒྱད་སོགས་བཤམ། །སྤྲོ་ན་ཀུན་ཤ་ཏིལ་ལ་སོགས། །སྤྱི་མཐུན་སོ་སོར་བཞག་པའམ། །བསྡུ་ན་ཕྱོགས་གཅིག་བསྲེས་པའང་རུང༌། །བསང་སྦྱང་ཐབ་ཏུ་མེ་སྦར་ལ། །
ཡབ་ཡུམ་ཡན་ལག་བཞི་རྫོགས་ཀྱི། །དབུ་རྒྱན་རིན་ཆེན་འགྱུར་དང་ལྡན། །ཕྱག་དང་མཆོད་པས་བཀུར་བྱས་ཏེ། །འབྲུ་གསུམ་སྔགས་ཀྱིས་བདུད་རྩི་རུ། །བྱིན་བརླབས་རྫས་བཅུ་རྩ་སྔགས་སམ། །ཨོཾ་ཧྲཱིཿདྷཱིཿམུྃ་ཡིག་འབྲུ་བཞིའི། །སྔགས་མཐར་ཕྲིན་ལས་སོ་སོའི་ཤམ། །གདགས་ཏེ་ཤེས་རབ་སྤེལ་མཚོན་ན། །མ་མ་པྲ་ཛྙཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་རྫས་བཅུ་རེ་རེ་བཞིན། །བརྒྱ་རྩ་བརྒྱད་སོགས་རྫོགས་པ་དང༌། །གཏོར་མ་འབུལ་ལ་འདོད་དོན་གསོལ། །ནོངས་བཤགས་ཡེ་ཤེས་རྟེན་ལ་གཤེགས། །དམ་ཚིག་བདག་བསྡུ་མེ་རང་ཞིའི། །ཐལ་བ་རི་རྩེ་ཆུ་ཀླུང་དུ། །དོར་བས་ཤེས་རབ་ཆེན་པོར་འགྱུར། །སྟོང་ཕྲག་བདུན་ནི་ཚད་དུ་བཤད། །གལ་ཏེ་བསྙེན་པའི་ཁ་སྐོང་ན། །རྫས་བཅུ་ལེགས་པར་ཕུལ་ནས་ནི། །མེ་ཏོག་སེར་པོས་གྲངས་སུ་བཟུང༌། །ཞི་རྒྱས་དབང་གི་བསྲེག་རྫས་རྒྱུ། །མདོག་དབྱིབས་ཆོ་གའི་སྤང་བླང་སོགས། །མ་བརྗོད་སྤྱི་དང་མཐུན་པར་སྤྱད། །སྦྱིན་སྲེག་ལེའུ་སྟེ་བཅུ་གཉིས་པའོ། །བཅུ་གསུམ་ལས་ལ་སྦྱོར་བའི་ཐབས། །དབྱེ་བ་མང་ཡང་བརྒྱད་དུ་སྡོམ། །རིལ་བུ་བཟའ་དང་ཚེ་དཔལ་སྤེལ། །འཆད་སོགས་ལས་དང་དབང་དུ་སྡུད། །ངག་བསྡུ་མངོན་ཤེས་རིག་པ་འཛིན། །ཞལ་ལ་ལྟ་བའི་ཐབས་རྣམས་སོ། །དང་པོ་རྟགས་རྫོགས་སྲེག་བླུགས་ཀྱིས། །མཉེས་བྱས་ལྷ་རྣམས་ཞུ་བ་ཡི། །རིལ་བུ་རྣམས་ལས་ཕྱོགས་བཅུར་འོད། །རབ་འཕྲོས་ཚེ་དཔལ་ཤེས་རབ་དང༌། །ཁྱད་པར་གང་འདོད་དངོས་གྲུབ་བསྡུས། །ཚེ་བཀྲག་གཟི་བརྗིད་རྒྱས་འདོད་ན། །རིལ་བུ་ཡེ་ཤེས་བདུད་རྩི་ནི། །ཁ་དོག་ལྔ་ལྡན་གྱུར་བསམས་ལ། །འཁོར་ལོས་དྲིལ་ནས་མགུལ་ཏུ་བཏགས། །ཉིན་ཞག་ཉི་ཤུ་རྩ་གཅིག་གི །ཐོ་རངས་ཁ་ཟས་མ་ཟོས་དུས། །བདག་ཉིད་སྨྲ་བའི་སེང་གེར་བསྒོམ། །རིལ་བུ་ལྔའམ་རེ་རེ་ནི། །དར་དམར་ལྕིབས་ཀྱིས་བླངས་ནས་ནི། །དབྱངས་ཅན་མར་བསྒོམ་བསྟོད་པ་བརྗོད། །འོད་ཞུ་འཆི་མེད་བདུད་རྩིར་མོས། །རིག་པ་བརྒྱ་རྩ་བརྒྱད་བཟླས་མེད། །ལྷག་མ་དྲོད་དང་མི་འབྲལ་
བཅང༌། །བརྒྱ་རྩ་བརྒྱད་ལས་གྲངས་མང་ན། །ཁ་སྦྱར་ཙཀྲ་མ་བྲལ་བར། །དར་དམར་སྣོད་བླུགས་རིན་པོ་ཆེའི། །པར་བུར་བཅུག་ལ་མཆོད་གྲལ་བཞག །རིང་དུ་འཚོ་ཞིང་བཅུད་ལེན་འགྱུར། །དེས་མཚོན་ལས་ཀྱི་ཁ་བསྒྱུར་ཏེ། །འཆད་ལ་དཔལ་བེའུ་རྩོད་རལ་གྲི། །རྩོམ་ལ་པད་དཀར་སྙན་གྲགས་དུར། །གཟུངས་ལ་གླེགས་བམ་འབྱོར་ནོར་བུ། །དབང་སྡུད་ལི་ཁྲི་བསམ་པ་ཀུན། །འགྲུབ་འདོད་བུམ་པ་བཟང་པོར་བསྒྱུར། །བཟའ་དུས་དམ་ཚིག་ལེགས་པར་བསྲུང༌། །ཚུལ་བཞིན་སྤྱད་ན་བསམ་པ་ཀུན། །རྫོགས་བྱེད་ཡིད་བཞིན་ནོར་བུར་མཚུངས། །ཁྱད་པར་ཤེས་རབ་འཕེལ་བར་འགྱུར། །ལྷག་མ་སླར་ཡང་སྒྲུབ་རྫས་ལ། །བསྲེས་པས་ཉིས་འགྱུར་འགྲུབ་ཐག་ཉེ། །གཉིས་པ་ཚེ་བསོད་སྤེལ་བ་ན། །རིལ་བུ་སེར་པོ་གྲུ་བཞིའི་དབྱིབས། །སྒྲུབ་དུས་ཚེ་བསོད་གཙོ་བོར་བསྡུ། །ཡབ་ཡུམ་གསེར་གྱི་མདོག་ཏུ་བསྒྱུར། །གྲུབ་ནས་གོང་སྨོས་ལྟར་སྤྱད་པས། །ཉི་ཟླ་དང་མཉམ་ཚེ་ཐོབ་ཅིང༌། །འབྱོར་པ་རྒྱལ་པོ་འདྲ་བར་འགྱུར། །གསུམ་པ་འཆད་རྩོད་རྩོམ་སོགས་དང༌། །འཛིན་ལ་འཇུག་ཚེ་ཡབ་ཡུམ་ལ། །བསྟོད་ཅིང་གསོལ་གདབ་འདོད་དོན་ཞུ། །ལྷ་ཡི་ང་རྒྱལ་ལྡན་པའི་ལྗགས། །དཔལ་གྱི་བེའུ་སོགས་སུ་བསྒྱུར། །ཁྱད་པར་རྩོམ་པའི་ཐོག་མ་རུ། །ཡབ་ཡུམ་གཉིས་ལ་མཆོད་པར་བརྗོད། །འཇམ་དཔལ་རྡོ་རྗེ་དབྱངས་ཅན་མར། །ཕྱག་འཚལ་བསྟོད་ཅིང་གསོལ་བ་འདེབས། །རྩོམ་པའི་བློ་གྲོས་སྣང་བ་ནི། །རབ་ཏུ་འཕེལ་བར་མཛད་དུ་གསོལ། །རྩོམ་པ་མཐར་ཕྱིན་གཞན་ཕན་ནི། །ནམ་མཁའ་མཉམ་པར་བྱིན་གྱིས་རློབས། །ཞེས་གསོལ་ལས་ལ་གང་འཇུག་པ། །སྤོབས་པ་འཇམ་པའི་དབྱངས་མཚུངས་འགྱུར། །རྩོད་ཚེ་བདག་ཉིད་འཇམ་དཔལ་གྱི། །དཔྲལ་བའི་དྷཱིཿལས་འོད་དམར་འཕྲོས། །ཁོ་ཡི་ཤེས་རབ་བཀུག་བསམས་ལ། །སྲིན་ལག་རྩེ་བླངས་དྷཱིཿལ་བསྟིམ། །ཨོཾ་ཧྲཱིཿདྷཱིཿཆེ་གེ་མོ་ཧ་ལ་ཧཱུྃ་ཕཊ། །བརྒྱ་བཟླས་སེང་གེ་ལྟ་བུར་བསྒྲིམ། །རྩོད་པའི་ཕྱོགས་ལས་རྣམ་པར་རྒྱལ། །བཞི་པ་དབང་དུ་བྱེད་པ་ལ། །ཕལ་པ་མཆོག་གི་
དབྱེ་བས་གཉིས། །ཕལ་ལ་སྤྱི་དང་ཁྱད་པར་རོ། །སྤྱི་ལ་དཔའ་བོ་བཅུ་གཉིས་སྟེང༌། །ལི་ཁྲི་སེང་ལྡེང་སིནྡྷཱུ་ར། །སྦྱར་ལ་རྒྱ་སྐྱེགས་ཁུ་བས་བསྐུ། །འཁོར་ལོ་དབང་སྡུད་སྤེལ་ཚིག་བྲི། །ལྷ་རྣམས་རཱ་གའི་མདོག་ཏུ་བསྒྱུར། །སྣོད་བཅུད་འོད་ཞུ་རིལ་བུར་བསྡུ། །ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཤྲཱི་སིཾ་ཧོ་ཥ་མུ་པ་ཏ་མཉྫུ་ཤྲཱི་ཡོ་ག་སརྦ་བ་ཤཾ་ཀུ་རུ་སྭཱ་ཧཱ། ཁྲི་བཟླས་འོད་རླངས་མེ་ཏོག་ཆར། །དངོས་རབ་རྨི་ལམ་བྱུང་ན་འབྲིང༌། །ཐ་མ་གཞན་ལ་ཡིད་ཆགས་ཚེ། །རིལ་བུ་བཟའ་དང་བཅང་བར་བྱ། །ཁ་ཅིག་བཞི་མདོ་ཕོ་བྲང་གླིང༌། །ཚོང་འདུས་སོགས་སུ་དམར་སེར་བའི། །ལྕི་བ་དང་བསྲེས་དུད་པ་བཏང༌། །ཚོར་ཚད་འགྲོ་བ་དབང་དུ་འགྱུར། །བྱེ་བྲག་ཕོ་མོ་དབང་སྡུད་ན། །སྐྱེས་པར་པདྨ་རཀྟ་སྟེ། །བུད་མེད་ཟླ་བའི་ཁུ་བ་དང༌། །གཉིས་ཀར་གུར་གུམ་གི་ཝཾ་བསྲེ། །བཅའ་གཞི་གཞན་པ་སྤྱི་དང་མཐུན། །ཕོ་ལ་རང་ཉིད་དབྱངས་ཅན་མ། །རིལ་བུ་འཇམ་དབྱངས་མོ་ལ་བཟློག །བསྒྲུབ་བྱའི་རྣམ་ཤེས་བཀུག་ནས་བསྟིམ། །རྩ་སྔགས་ཤམ་དུ་ཆེ་གེ་མོ། །བ་ཤཾ་ཀུ་རུ་ཧོཿཞེས་སྦྱར། །རྟགས་བྱུང་བཟའ་དང་བཅང་བ་དང༌། །གཞན་ལ་བྱུགས་སམ་ཁོང་དུ་བཏང༌། །དེ་བཞིན་འབངས་ལ་ཚ་བ་གསུམ། །ཕལ་པར་སེང་ལྡེང་སྦྱར་ལ་བསྒྲུབ། །མཆོག་ལ་རྒྱལ་པོ་དབང་སྡུད་ན། །དཔའ་བོ་བཅུ་གཉིས་ལྕགས་ཕྱེ་སྦྱར། །དེ་བཞིན་བཙུན་མོར་གི་ཝཾ་སྟེ། །བློན་ལ་འགྲོན་བུ་དགེ་བའི་བཤེས། །རིན་ཆེན་སྨན་པར་མཆུ་སྨྱུང་སྦྱར། །མིང་སྤེལ་བསྒྲུབ་ཚུལ་གོང་དང་མཚུངས། །དཔྲལ་བར་ཐིག་ལེ་སོགས་ཀྱིས་སྡུད། །དབང་བྱེད་རིལ་བུ་ཐམས་ཅད་ཀྱང༌། །སྦྲང་རྩིས་དྲིལ་ལ་ཙཀྲ་སོགས། །ཞིབ་པར་ཡིག་རྙིང་རྣམས་སུ་བལྟ། །ལྔ་པ་དབང་གི་ལས་བྱེ་བྲག །ངག་བསྡུ་བ་ལ་རྐུ་འཕྲོག་གཉིས། །རྐུ་བ་མཆོག་ལ་བྱ་བ་སྟེ། །བསྒྲུབ་བྱའི་ལྕེ་སྙིང་པདྨ་ནི། །དམར་པོ་འདབ་བརྒྱད་ཁ་སྦྱོར་བར། །རྣམ་ཤེས་ཤེས་རབ་ངོ་བོ་ནི། །དབྱངས་གསལ་དམར་དང་དཀར་པོས་ཁེངས། །བདག་སྲོག་འོད་ཀྱིས་འཕགས་
རྣམས་ཀྱི། །ཤེས་རབ་བསྡུས་ནས་བསྟིམས་པ་དེ། །མཁྱེན་པའི་གཟི་ལྡན་ཁོང་པ་རུ། །ཤེས་རབ་བུང་བ་ཞུགས་ནས་ཁྱེར། །རང་གི་སྙིང་དང་ལྕེ་ལ་བསགས། །སྔགས་མཐར་བསྒྲུབ་བྱ་ཆེ་གེ་མོའི། །ཝཱ་ཀ་བ་ཤཾ་ཀུ་རུ་ཧོཿ །བཟླས་མཐར་པདྨའང་རང་ལ་བསྟིམ། །སྙིང་ལ་འཇམ་དཔལ་ལྕེར་ལྷ་མོའི། །འཁོར་ལོ་གསལ་ནས་སྔགས་བཟླས་པས། །དེ་ཡི་བློ་གྲོས་དཔལ་ཐོབ་འགྱུར། །འཕྲོག་པ་དགྲ་ཟླར་རྩོད་ལ་སོགས། །དམན་པ་ལ་སྦྱར་ལུས་ཀྱི་ནང༌། །དྷཱུ་ཏི་སྨིན་མཚམས་གསང་བར་ཟུག །དེ་ནས་ཤེས་རབ་ཨ་དཀར་གང༌། །བདག་སྲོག་འོད་དམར་ལྕགས་ཀྱུ་ནི། །སྨིན་མཚམས་གྲུ་གསུམ་བུག་པར་ཞུགས། །ཨ་རྣམས་དྲངས་ཏེ་བདག་གི་རྒྱུད། །ཤེས་རབ་ཀྱིས་གང་ཕ་རོལ་སྟོང༌། །སྔགས་བཟླས་དམིགས་དང་མཚུངས་པར་འགྱུར། །སླར་ཡང་གྲུབ་པའི་མན་ངག་ནི། །བློ་ལྡན་སྙིང་གི་པདྨ་རྒྱས། །རྣམ་ཤེས་ཨཱ་ལི་ཀཱ་ལི་འཁྲིགས། །ཤེས་རབ་བུང་བས་བདག་ལ་བསྡུས། །སླར་ཞུགས་པདྨའི་བཀྲག་མདངས་འཇིབ། །འཕུར་ནས་དྷཱིཿལ་ཞུགས་པ་ཡིས། །ཤེས་རབ་གཟི་མདངས་རྒྱས་བསམ་མཐར། །པད་སྡོང་རྙིང་ཞིང་ཤེས་རབ་ཀྱི། །འཁོར་ལོ་ནུས་བཀྲག་མདངས་ལྡན་མོས། །གཉིས་ཀའི་ཆར་གཏོགས་ཟབ་མོའོ། །དྲུག་པ་མངོན་ཤེས་བསྒྲུབ་འདོད་ན། །མུ་ཏིག་དམར་པོ་ཀ་ར་སྦྱར། །ཝཱ་གི་ཤྭ་རི་མུཾ་སྭཱ་ཧཱ། །སྔགས་ཀྱི་ཤམ་གདགས་རྟགས་མཐོང་ནས། །ཉི་ཟླ་གཟའ་ཡིས་ཟིན་པའི་དུས། །བསྒྲུབ་ཟོས་མངོན་ཤེས་དྲུག་ཁྲི་ཐོབ། །ཁ་ཅིག་ཀ་ར་མུ་ཏིག་དམར། །ཨར་ནག་སྤང་སྤོས་སྦྱར་བར་བཞེད། །བདུན་པ་རིག་པ་བསྒྲུབ་འདོད་ན། །རྩ་བའི་སྔགས་བསྒྲུབ་སྔོན་སོང་ནས། །འཕྲོ་འདུ་སྤྱི་མཚུངས་རིག་པ་ནི། །ན་མོ་མཉྫུ་ཤྲཱི། ཀུ་མཱ་ར་བྷཱུ་ཏཱ་ཡ་ཏདྱ་ཐ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་ཤུདྡྷེ། བི་ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ཛ་ཡ་བ་ཏི། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཅིག་བཟླས་ན་མཁས་པར་འགྱུར་རོ། །
གཉིས་བཟླས་ན་རིག་པ་འཛིན་པར་འགྱུར་རོ། །གསུམ་བཟླས་ན་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པར་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལ་སྤྱོད་པ་ཡིན་ཡང་དེ་ལྟར་སྦྱོར་བ་ཉིད་གུས་པས་བསྒྲུབས་ན་དེ་དག་གི་རེ་བ་མཐའ་དག་བདག་གིས་རྫོགས་པར་བགྱིའོ། །གལ་ཏེ་དེ་ལྟར་མ་བགྱིས་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་འགྱུར་རོ། །ཞེས་པ་རྡོ་རྗེའི་བདེན་ཚིག་གིས། །ཞལ་འཆེས་ཐུགས་དམ་བཞེས་པ་ཉིད། །ཁ་ཅིག་བཀླགས་པས་འགྲུབ་བཤད་ཀྱང༌། །ལུགས་འདིར་སྒྲུབ་པ་འདིར་འབྲེལ་གསུངས། །གཞན་ཡང་རྟ་ཡི་མགྲིན་པ་བསྡེབ། །རྐང་མགྱོགས་འགྲུབ་ལ་འུག་པ་དང༌། །མཐིང་རིལ་མིག་བསྲེས་མིག་རྣོ་ཞིང༌། །ས་འོག་གཏེར་མཐོང་ཕུག་རོན་དང༌། །བྱ་རྒོད་མཁྲིས་པས་མངོན་ཤེས་འགྲུབ། །སྔགས་ཤམ་སྤྲོ་བསྡུ་འདོད་བཞིན་བསྒྱུར། །བརྒྱད་པ་རྗེ་བཙུན་ཞལ་ལྟ་བ། །རིལ་བུར་ག་བུར་གི་ཝཾ་བསྡེབ། །དངོས་གྲུབ་ཕྲེང་བ་ཉེར་གཅིག་དང༌། །ན་མོ་མཉྫུ་ཤྲཱི་སིཾ་ཧཾ་ནི་ཡ་མནྟ་ཀ་ནི་ཧཱུྃ་ཕཊ། སྦྲེལ་ནས་ཁྲི་བཟླས་ཆུ་གཙང་མར། །བསྲེས་ལ་ལག་མཐིལ་གཡོན་དུ་བླུགས། །བརྒྱ་རྩའི་སྔགས་བཟླས་མིག་ལ་བྱུགས། །མཐོང་བ་དོན་ཡོད་གཞོན་ནུའི་ལུས། །སྐལ་ལྡན་མིག་ལ་སྣང་བར་འགྱུར། །ཁ་ཅིག་རྫས་གཉིས་ཁོ་ནར་སྔགས། །བཏབ་ནས་མིག་ལ་བྱུགས་བཞེད་ཀྱང༌། །ལུགས་འདིར་གོང་སྨོས་ཆོ་ག་ཡིས། །ཞལ་རས་བརྒྱུད་མར་མཇལ་བར་སྣང༌། །དེ་ལྟར་བསྒྲུབས་དང་བསྒྲུབ་ལ་བསྐུལ་བའི་བསོད་ནམས་ཅུང་ཟད་ཐོབ་པ་དེས། །སྐྱེ་བ་བྱེ་བར་རྣ་བའི་སྣོད་དུ་རིན་ཐང་མེད་པའི་མཚན་གྱི་བཅུད། །ལེགས་བྱས་བརྒྱ་ཡི་རིན་ཏུ་མི་ཁུག་འཇམ་དཔལ་རྡོ་རྗེ་བཙུན་མོར་བཅས། །དགྱེས་པར་རོལ་བའི་སྙིང་གི་དཔལ་བེའུ་མཁྱེན་གཉིས་དཔྱིད་ཀྱིས་གང་བར་ཤོག །འཇམ་དཔལ་དཔའ་བོའི་སྤྱོད་ལས་མི་ལྡོག་པའི། །བློ་ལྡན་མཚན་གྱི་གདུགས་གཅིག་ཞིང་ཀུན་ཏུ། །ཁེབས་པས་རྒྱལ་རྣམས་བསྔགས་པའི་ལྗགས་རྐྱོང་བ། །
བདག་སོགས་སྐྱེ་བའི་ཕྲེང་བར་ཐོབ་གྱུར་ཅིག །དོན་ཆེན་བསྒྲུབ་ལ་མི་བརྩོན་ན། །དེ་ཡི་དལ་བའི་རྟེན་གྱིས་ཅི། །འདི་བསྒྲུབས་དེ་ལས་ཐམས་ཅད་མཁྱེན། །འཇིག་རྟེན་གསུམ་གྱི་བླ་མར་ཤོག །སྨྲ་བའི་སེང་གེ་སྒྲུབ་པའི་ཐབས། །དམ་པའི་རྗེས་འབྲང་སྲོལ་མང་ཡང༌། །རྡོ་རྗེའི་གཟི་བརྗིད་རབ་འབར་བ། །ངག་གི་དབང་ཕྱུག་བསམ་ཡས་པའི། །བཞེད་གཞུང་ཡི་གེ་རྙིང་པས་བརྒྱན། །དྲི་མེད་ཤེས་རབ་སྤྱན་སྒྲུབ་ན། །མིག་སྨན་ཐུར་མས་མི་མཚོན་པ། །གང་འདི་སྨྲ་བར་མགྲིན་པའི་རྔ། །འཇམ་པའི་དབྱངས་འཛིན་ཐམས་ཅད་མཁྱེན། །བརྩེ་ཆེན་དབང་ཕྱུག་བཀས་བསྐུལ་ཚེ། །འཇམ་དཔལ་ཐུགས་རྗེའི་གྲིབ་བསིལ་ལ། །སྐྱེ་བར་ངལ་འཚོ་ཐོབ་གྲགས་ཀྱང༌། །མི་བཟད་རྨོངས་སོགས་དུག་གསུམ་པོས། །རང་ཚུལ་ཀུན་ནས་དཀྲིས་གྱུར་པ། །བློ་གྲོས་མཐའ་ཡས་འདི་བསྙེན་ལ། །ཞུགས་ཚེ་རྟེན་འབྱུང་ཙམ་དུ་བྲིས། །དགེའོ།། ༈ །འཇམ་དཔལ་སྨྲ་བའི་སེང་གེ་ལ་རྩ་སྔགས་ཀྱི་སྒོ་ནས་བསྟོད་པ་མཚོ་བྱུང་བཞད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། །མཉྫུ་ཤྲཱི་བཱ་དི་སིཾ་ཧེ་སྟུ་ཏི་སྭ་ར་སྭ་ཏཱི་ཧ་ས་སྱ་སཾ་རཱ་བ་སཱནྟ་ནཱ་མཿ བོད་སྐད་དུ། འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་པ་མཚོ་བྱུང་བཞད་པའི་དབྱངས་སྙན་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨོཾ་གྱི་ངོ་བོ་སྲིད་ཞིའི་མཆོྃག་སྦྱིནྃ་མི་ཕྱེད་རྡོྃ་རྗེྃའི་བདག་ཉིད་མཆོྃག །ཧྲཱིཿཞེས་ཡྃང་དགྃ་ཤེས་རབ་མཐྃར་གྱུརྃ་རྣམ་མེད་དཔལ་མོར་སྙོམས་འཇུག་བཞིན། །དྷཱིཿཡིག་རྣམ་བཅས་སྟོངྃ་ཉིདྃ་ལྃས་བྱུངྃ་སྃངས་རྒྱསྃ་བྱངྃ་ཆུབྃ་ཆེན་པོའི་ཚུལ། །པྲ་ཕབས་ལྟ་བུའི་མེ་ལོང་ཡེ་ཤེས་འཇམ་པའི་རྡོ་རྗེར་ཕྱག་འཚལ་འདུད། །མ་མེ་ལྷག་པའི་མགོན་པོ་གཅིག་པུ་སྒྲིབ་གཉིས་མུན་སྃངས་མཁྱེན་པ་རྒྱསྃ། །དཱི་པཾ་ལྟ་བུར་ཤིན་ཏུ་འོད་གསལ་གཉུག་མའི་ཡུལ་ལ་མངོན་པར་ཆྃགས། །མཉྫུ་རྟོག་པའི་རྩུབ་རེག་སྤངས་བར་ཟག་མེད་འདོད་པས་དགྱེས་རོལ་པ། །རང་བཞིན་དག་པ་ཆོས་
དབྱིངས་ཡེ་ཤེས་འཇམ་པའི་དཔལ་ཁྱོད་ཕྱག་འཚལ་འདུད། །ཤྲཱི་ཞེས་གཉིས་མེད་གཟིགས་པའི་མཐར་སོན་སྃངས་རྒྱསྃ་ཀུན་དང་རོ་གཅིག་པས། །མུྃ་ཡིག་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་འཛུམ་ཞི་དགའ་བས་རབ་བཞད་པ། །ཧྲཱིཿསྒྲ་མི་འགྱུར་ནཱ་དའི་གསུངྃ་དང་དེ་ཁོ་ན་ཉིདྃ་རོ་གཅིག་ཐུགྃས། །འདུ་ཤེས་ཅན་མིན་སོར་རྟོགས་ཡེ་ཤེས་འཇམ་པའི་དབྱངས་ལ་ཕྱག་འཚལ་འདུད། །པྲ་ཛྙཱ་སྒྲིབ་བྲལ་མཚན་མ་མེདྃ་པྃ་མི་འགྱུར་སྟོང་ཉིད་ལྃས་བྱུང་བའི། །བརྡྷཱ་ནི་ཞེས་སྃངས་རྒྱསྃ་སྲས་བཅས་འབྱུང་དང་འཕེལ་བའི་གཞི་གཅིག་པུ། །ནམྃ་མཁྃའ་ལྃས་བྱུངྃ་སྟོང་པའི་གཟུགས་བརྙན་སློབ་པ་མིན་པའི་ཡེྃ་ཤེསྃ་ལྃས། །རང་བྱུང་དངོས་ཀུན་མཉམ་པ་ཉིད་གྱུར་འཇམ་དཔལ་གཞོན་ནུར་ཕྱག་འཚལ་འདུད། །ཧྲཱིཿཞེས་ཤེས་རབ་སྒྱུ་མྃའི་རྣམ་འཕྲུལ་སྤྲུལ་བའི་དྲྭྃ་བྃ་སྣ་ཚོགས་འཆང༌། །དྷཱིཿཡིག་དམར་སེར་སྣང་བ་ལས་འཁྲུངས་སྃངས་རྒྱསྃ་རོྃལ་མོ་ཅི་ཡང་སྟོན། །སྭཱ་ཧཱ་དགེ་ལེགས་ཐྃམས་ཅྃད་སྦྱིན་མཛད་དངོས་པོ་ཐྃམས་ཅྃད་རྗེས་འགྲོ་བ། །ཀུན་ཁྱབ་བྱ་གྲུབ་ཡེྃ་ཤེྃས་ྃསྐུ་ཉིདྃ་འཇམ་དཔལ་དཔའ་བོར་ཕྱག་འཚལ་འདུད། །ཨེ་མ་ཕྱོགས་བཅུའི་རྣམ་འདྲེན་ཡོངས་ཀྱི་མཁྱེན་རབ་ཕུང་པོ་གཅིག་བསྡུས་པར། །སྨྲ་བའི་སེང་གེ་འཇམ་པའི་དབྱངས་ཞེས་འཇིག་རྟེན་གསུམ་ན་གྲགས་འབར་གང༌། །དེང་འདིར་བདག་ལ་ཐུགས་བརྩེར་མཛད་ནས་རྡོ་རྗེའི་སྐུ་གསུང་ཐུགས་གསང་བས། །མངོན་སུམ་བྱིན་རླབས་ཟིལ་དངར་སྩལ་ནས་ཕན་བདེའི་པདྨོ་རྒྱས་མཛོད་ཀྱི། །ཤེས་པ་ཟབ་མོའི་ཚུལ་དང་མི་ཕྱེད་མཐའ་ཡས་ཤེས་བྱའི་དེ་ཉིད་མཐོང༌། །གཟུངས་དང་སྤོབས་པའི་ཆོས་ཀྱི་སྤྲིན་ལས་ཞི་བསིལ་བདུད་རྩིའི་ཆར་ཆེན་འབེབས། །མཐོང་ཐོས་དྲན་རེག་བྱང་ཆུབ་ལ་འགོད་རྒྱལ་དང་རྒྱལ་སྲས་བྱེ་བའི་གཙོ། །ཡེ་ཤེས་ལུས་ཅན་རྣམ་ཐར་རྒྱ་མཚོར་འགྲོ་ཀུན་རྟག་ཏུ་འཇུག་གྱུར་ཅིག །ཅེས་རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེ་ལ་རྩ་སྔགས་ཀྱི་ངེས་པ་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་
རྒྱལ་པོ་ཆེན་པོའི་བསྟོད་པའི་ལེའུའི་ངེས་དོན་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་དགོངས་པ་དང་མཐུན་པར་ཟུང་དུ་འབྲེལ་བའི་སྒོ་ནས་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་འདི་ཡང་གྲུབ་པ་མཆོག་གི་དེད་དཔོན་དམ་པ་སངས་རྒྱས་ཀྱི་གཞུང་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་མཐར་དངོས་གྲུབ་བླང་བའི་ཆེད་ཐུགས་དམ་བསྐུལ་བའི་ཚུལ་དུ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས་བཞུགས་སོ། །དཀོན་མཆོག་གསུམ་འདུས་བླ་མ་འཇམ་དབྱངས་ལ། །དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ། །སྟོང་པའི་ངང་ལས་པདྨ་ཟླ་བ་དང༌། །སེང་གེ་སྔོན་པོའི་སྟེང་དུ་དྷཱིཿཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །རང་ཉིད་འཇམ་དཔལ་དམར་པོ་ཞལ་གཅིག་པ། །རལ་གྲི་པུསྟི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་དམར། །དེ་སྟེང་རལ་གྲི་སོར་བཞི་སྔགས་ཀྱི་བསྐོར། །མདུན་དུ་ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོ། །བཞེངས་ཐབས་རལ་གྱི་པུསྟི་ཕྱག་ན་འཛིན། །གཉིས་ཀ་དར་དང་རིན་ཆེན་དུ་མས་བརྒྱན། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་སྟེང༌། །རལ་གྲི་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར་བའོ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང༌། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་དང༌། །ཉན་རང་སོ་སྐྱེའི་ཤེས་རབ་ཐམས་ཅད་རྣམས། །འོད་ཀྱི་རྣམ་པར་བསྡུས་ནས་སྤྱི་བོར་ཐིམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །ཆོས་རྣམས་བསྡུས་ནས་རང་གི་མགྲིན་པར་ཐིམ། །ཉི་ཟླ་ནོར་བུ་འབྱུང་བ་བཞི་ཡི་བཅུད། །བསྡུས་ནས་རང་གི་སྙིང་གར་ཐིམ་པར་གྱུར། །ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུྃ་ཧྲཱིཿདྷཱིཿསྭཱ་ཧཱ། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནི། །ནམ་མཁའ་གང་བར་སྤྲུལ་ཏེ་ལྷ་ལ་མཆོད། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་
རྟགས་བརྒྱད། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །བློ་ཡིས་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད། །བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ནི། །ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ། །སེང་གེ་པད་ཟླའི་གདན་སྟེང་ན། །རྒྱལ་བའི་སྲས་པོ་འཇམ་པའི་དབྱངས། །མདོག་དམར་རལ་གྲི་པུསྟི་འཛིན། །སྨྲ་བའི་སེང་གེ་ལ་ཕྱག་འཚལ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་ན། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཡུམ། །མདོག་སྔོན་རལ་གྱི་པུསྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད།། །།དེ་ལྟར་རྒྱུན་དུ་འདོན་རྒྱུ་དང༌། །སྔགས་དེ་བརྒྱ་ཕྲག་རེ་ཟུང་ཙམ། །རྒྱུན་དུ་ཐུགས་དམ་བྱེད་པར་གྱིས། །དེ་ཡི་ཕན་ཡོན་རྒྱ་གཞུང་ལས། །སྔགས་ཀྱི་ཕྲེང་བ་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཡིས་ཉིན་རེ་ཤློ་ཀ །ལྔ་སྟོང་རེ་རེ་འཛིན་པར་ནུས། །ཡི་གེ་ཐམས་ཅད་ཐོགས་མེད་ཤེས། །བཀའ་བཞིན་བསྟན་བཅོས་རྩོམ་པར་ནུས། །མངོན་པར་ཤེས་པ་འཆར་བ་དང༌། །ཕྱིས་ནི་ས་ཡི་དབང་ཕྱུག་ཐོབ། །གལ་ཏེ་ལས་འཕྲོ་ཡོད་པ་ན། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །འབྲིང་གིས་གཉིས་ཀྱིས་རྟོག་པ་སྟེ། །ཉི་མ་གསུམ་དུ་བསྒྲུབ་པ་ན། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །ཉི་མ་ཤར་དང་མེ་ཏོག་འཐུ། །ཞིང་རྨོ་སྣག་ཚ་འཐུང་བ་དང༌། །ཉམས་དགའ་ཡི་གེ་འབྲི་ཀློག་དང༌། །མཚོན་ཆ་པུསྟི་རྙེད་རྨི་ན། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །དེ་སྐད་རྒྱ་གར་པཎྜི་ཏ། །ཀ་མ་ཤཱི་ལས་གསུངས་པ་ཡིན། །རྒྱ་གར་ཡུལ་གྱི་མི་རྒན་ནི། །ལོ་ནི་དགུ་བཅུ་གོ་དགུ་ལོན། །ཡི་གེ་ཡང་ནི་མི་ཤེས་པས། །ཞག་གཅིག་བསྒྲུབས་པས་འཇམ་དཔལ་གྲུབ། །ལུས་ཀྱང་གཞོན་ནུ་ལོ་བརྒྱད་ཚུལ། །རིག་པའི་གནས་ལྔ་
ཐོགས་མེད་ཤེས། །པཎྜི་ཏ་ནི་ཆེན་པོར་གྱུར། །དེ་ལ་ཕ་གཅིག་དམ་པས་ཞུས། །རིམ་གྱིས་བརྒྱུད་དེ་ཀརྨ་པ། །དབང་ཕྱག་རྡོ་རྗེས་མཛད་པ་ཡི། །གཅིག་ཤེས་ཀུན་གྲོལ་ནང་དུ་བཞུགས། །འཇམ་དབྱངས་སྒྲུབ་ཐབས་ཐམས་ཅད་ལས། །འདི་ལས་འགྲུབ་ཐག་ཉེ་བ་མེད། །འདི་ཡི་ལས་ཚོགས་ཤེས་རབ་ཀྱི། །རིལ་བུ་སྔར་དུས་དག་གིས་བསྒྲུབས། །སུས་ཟོས་ཕལ་ཆེར་མཁས་པར་གྱུར། །དེ་ཕྱིར་ད་ལམ་སྙིང་གི་བུ། །པདྨ་ཕྲིན་ལས་ཐུགས་དམ་དུ། །རཱ་ག་ཨ་སྱས་བྲིས་པའོ། །སྔགས་འདི་བསྙེན་པ་ཅི་ལྕོགས་གྱིས། །ཡོན་ཏན་ཤུགས་ལ་མཁས་པར་གྱུར། །བསྟན་དང་འགྲོ་དོན་ནུས་པ་ཡི། །གེ་མོ་བླ་མ་ཞེས་བྱ་བ། །མཁས་པ་ཆེན་པོ་ཡོང་བར་ཤོག །དགེ་ལེགས་འཕེལ།། ༈ །འཇམ་དཔལ་དམར་པོ་སྨྲ་བའི་སེང་གེ་ཡབ་ཡུམ་ལ་གསོལ་བ་འདེབས་པ་བཞུགས་སོ། །ན་མོ་གུ་རུ་ཝཱ་གཱི་ཤྭ་རཱ་ཡ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་བཅོམ་ལྡན་འདས། །པདྨའི་རིགས་ཀྱི་བདག་པོ་སྟེ། །གསུང་གི་རྡོ་རྗེ་ཞེས་ཀྱང་བྱ། །འོད་དཔག་མེད་ལ་གསོལ་བ་འདེབས། །དེ་དང་ངོ་བོ་དབྱེར་མེད་པ། །སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འཇམ་དཔལ་དམར་པོ་རལ་གྲི་འཛིན། །སྨྲ་བའི་སེང་གེར་གསོལ་བ་འདེབས། །ཤེས་རབ་ཡུམ་གྱི་ཚུལ་བཟུང་བ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ལྷ་མོ་དབྱངས་ཅན་མ། །གངྒཱའི་ལྷ་མོ་ཞེས་ཀྱང་བྱ། །ངག་གི་ལྷ་མོར་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་བདག་གི་རྗེས་འཇུག་དང༌། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །མི་ཤེས་མུན་པ་རབ་བསལ་ནས། །ཤེས་རབ་རྩ་ཁ་བྱེ་བར་ཤོག །སྐྱེ་བ་འདི་ནས་ཚེ་རབས་ཀུན། ཤེས་རབ་འཆལ་བར་མི་འགྱུར་ཞིང༌། །
ཤེས་རབ་ཕུན་སུམ་ཚོགས་པར་ཤོག །རྒྱལ་བའི་གསུང་རབ་རྒྱ་མཚོ་ལ། །མི་བརྗེད་གཟུངས་ཡང་ཐོབ་པར་ཤོག །ཆོས་ཉིད་རྣམ་པར་དག་པ་དང༌། །རྟེན་འབྲེལ་བསླུ་བ་མེད་པ་དང༌། །འཇམ་དཔལ་ཡབ་ཡུམ་ཐུགས་རྗེ་ཡིས། །སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ནི་འཇམ་དབྱངས་དམར་པོའི་ཤེས་རབ་རིལ་བུ་རྫས་དང་འཁོར་ལོ་སོགས་རང་གིས་དཀའ་ཚེགས་ཆེན་པོས་བསྒྲུབས། གྲྭ་པ་རྣམས་ལ་ཞག་ཉེར་གསུམ་ལ་ཉིན་རེ་བཞིན་ཐུན་རེ་འུར་འདོན་བྱེད་བཅུག་པས། ཁོང་ཕལ་ཆེར་ལ་གཞུང་དང་ཆ་མཐུན་པའི་རྨི་ལྟས་ལེགས་པོ་བྱུང་འདུག་སྐབས། རྣམ་གསུམ་འཛོམ་པའི་དུས་ཆེན་ཉིན་དངོས་གྲུབ་ལེན་ཆོག་གི་ཚུལ་དུ་ཨ་རཱ་གས་གསོལ་བ་བཏབ་པའོ།། །།མངྒ་ལཾ།། །།
རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས།
རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་སྐུ་གཞོན་ནུའི་ཚུལ་འཆང་འཆར་ཀའི་ཉི་མ་ལྟར་དམར་བ། །མི་ཤེས་ལྡོངས་པའི་འགྲོ་བའི་རྩ་ལག་གཅིག་པུ་རབ་ཏུ་དཔའ། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ནས་ནི་མགོན་པོ་དེའི། །མཉེས་བྱའི་རིམ་པ་དང་པོར་ལྡན་པ་བདག་གིས་བྲི་བར་བྱ། །རིགས་པ་འཛིན་པས་ཡིད་འོང་ཤིན་ཏུ་དབེན་པའི་གནས། །གང་ཡང་རུང་བར་འཇམ་པའི་སྟན་ལ་རབ་འདུག་ལ། །འགྲོ་བའི་མི་ཤེས་བསལ་ཕྱིར་འཇམ་དབྱངས་ཉིད་བྱ་ཞེས། །མཉམ་མེད་བྱང་ཆུབ་སེམས་ནི་རྣམ་པར་བསྒོམ་པར་བྱ། །དེ་ཡི་རྗེས་སུ་སྙིང་ནང་པདྨ་ཟླ་དབུས་སུ། །བཞི་པའི་བཞི་པ་ང་རོ་བཞི་དང་བཅུ་དྲུག་ལྡན། །གུར་གུམ་མདོག་འདྲ་ཡིད་ཀྱི་སྒྲིབ་སེལ་བསམ་དེ་ཡི། །འོད་ཀྱིས་ལུས་ཀུན་རབ་གང་དག་པའི་ཤེལ་ལྟར་བསམ། །དེ་མ་ཐག་ཏུ་རང་ཉིད་མགོན་པོ་འཇམ་པའི་དབྱངས། །ལང་ཚོ་རྒྱས་ཤིང་བརྒྱད་གཉིས་ལོན་པའི་ཚུལ་འཆང་བ། །གསེར་བསྲེགས་མདོག་འདྲ་ཀུན་ནས་འོད་རབ་གསལ་བའི་སྐུ། །སྒེག་ཅིང་མཛེས་པའི་སྐུ་ནི་བརྗིད་ཅིང་འགྱིང་བག་ཅན། །སྤྱན་ཡངས་ཟུར་གྱིས་གཟིགས་ཤིང་ཅུང་ཟད་
བཞད་ཅིང་འཛུམ། །ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་དར་དཔྱངས་ཅན། །རིན་ཆེན་ཅོད་པན་འོད་གསལ་བདེ་བར་གཤེགས་པས་མཛེས། །དཔའ་བོ་ཐུགས་རྗེ་ལྡན་པའི་རྒྱབ་ཏུ་བསིལ་ཟེར་ཅན། །སྣ་ཚོགས་དར་བསྣམས་རིན་ཆེན་རྒྱན་ཀུན་འོད་འབར་བ། །ཨུཏྤལ་གླེགས་བམ་རལ་གྲི་རབ་ཏུ་འཛིན་པའི་ཕྱག །ཆུ་སྐྱེས་ཟླ་དབུས་སྐྱིལ་མོ་ཀྲུང་གིས་ལེགས་བཞུགས་ཤིང༌། །སྣ་ཚོགས་འོད་ཀྱིས་མཁའ་ཀུན་འགེངས་པར་བསམ་པར་བྱ། །དེ་ལས་སྔར་གསུངས་ཡི་གེས་དབུས་མཚན་རི་བོང་ཅན། །པདྨ་ལ་གནས་སྙིང་དབུས་ངེས་བསམ་ཡིག་འབྲུའི་མཐར། །སྔོན་དུ་ཨོཾ་སྔགས་ཨ་ར་པ་ཙ་ན་དྷཱིཿདགོད། །ལྕེ་ལ་ཡང་ནི་མཛེས་པའི་དྷཱིཿཡིག་གིས་མཚན་ཏེ། །དེ་ལྟར་ཡི་གེའི་ཚོགས་ཀུན་རིན་ཆེན་སྒྲོན་མེ་ལྟར། །རབ་ཏུ་གསལ་ཞིང་འབར་བལྟས་གཡེང་བ་བྲལ་བས་བཟླས། །དེ་མཐར་རང་ལུས་དམར་གསལ་རབ་ཏུ་བརྗིད་པའི་དྷཱིཿ། །དེར་གཏད་ཡིད་ཀྱིས་སྲོག་གཅིག་བརྒྱ་རྩ་བརྒྱད་དུ་བཟླས། །དགེ་བའི་རྩ་བ་སེམས་ཅན་རྣམས་ལ་རྒྱ་ཆེར་བསྔོ། །ལངས་ནས་འཇམ་དཔལ་ཉིད་ཡིན་བསམ་ནས་མཆོད་ཅིང་བསྟོད། །འཁྲིག་དང་བརྫུན་སོགས་མི་དགེ་ཀུན་དང་ཆང་ལ་སོགས། །
དམེ་བག་ཟས་ཀུན་སྤངས་ཏེ་རིག་པའི་རྒྱལ་པོ་བསྒྲུབ། །གནམ་ལྕགས་རླུང་དྲག་གཅན་ཟན་ལ་སོགས་མཚན་མ་ངན། །གལ་ཏེ་མཐོང་ན་ཁྲོ་བོའི་རྒྱལ་པོས་ཤིན་ཏུ་བསྲུང༌། །རལ་གྲི་ཨུཏྤལ་བསྲིལ་ཞིང་འབར་བའི་མེ་སོགས་མཚན། །མཐོང་ན་གྲུབ་ཉིའི་ལྟས་སུ་མཁས་པས་ཤེས་པར་བྱ། །བཟང་དང་བཟང་མིན་ངན་དང་ངན་མིན་ཀུན་སྤངས་ཏེ། །རྩེ་གཅིག་ཉིད་དུ་གཡེང་བྲལ་ཐུན་བཞིའི་རིམ་ངེས་པ། །གང་གིས་ལོ་ཕྱེད་རྒྱུན་མི་འཆད་པར་འབད་པའམ། །འབུམ་ཕྲག་བརྒྱད་བརྗོད་པས་ནི་ངེས་པར་འགྲུབ་པར་འགྱུར། །དེ་མ་ཐག་ཏུ་ཐུབ་དཀའི་རྩོད་ལས་རྒྱལ་འགྱུར་ཞིང༌། །འགྲན་ཟླ་མེད་པའི་སྙན་ངག་མཁན་ཏུ་ཡང་ནི་འགྱུར། །ཚིགས་བཅད་བརྒྱ་ནི་དེ་ཡི་མོད་ལ་བྱེད་ཅིང་སྨྲ། །གཞན་ཡང་ཡིད་ལ་འདོད་པ་མ་ལུས་ངེས་འགྲུབ་པའོ། །རྟོག་པའི་རླུང་སྤངས་བླ་མའི་ལུང་ཉིད་ལས། །བསྡེབས་ལེགས་ངག་གིས་བརྒྱན་པ་འདི་བྱས་པའི། །དགེ་བ་གང་ཐོབ་དེས་ནི་འགྲོ་བ་ཀུན། །མགོན་པོ་འཇམ་པའི་དབྱངས་ཉིད་འགྲུབ་པར་ཤོག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་«་་་་་དཔེ་ལ་ལར་བསོད་ནམས་རྩེ་མོས་མཛད་ཅེས་པའང་སྣང༌། »རྫོགས་སོ།། ༈ །འཇམ་དཔལ་ཨ་ར་པ་ཙ་ནའི་མངོན་རྟོགས་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིའི་བརྒྱུད་པ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ། དེའི་སློབ་མ་ནི་བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི། དེའི་སློབ་མ་རྡོ་རྗེ་གདན་པ་ཆེན་པོ། དེའི་སློབ་མ་རྡོ་རྗེ་གདན་པ་ཆུང་བ། དེ་ལ་བླ་མ་བ་རི་ལོ་ཙཱ་བས་གསན། དེ་ལ་བླ་མ་ཆེན་པོ་ས་སྐྱ་པས་གསན། དེ་ལ་ཆོས་རྗེ་རྒྱལ་མཚན་གྱི་མཐའ་ཅན་གྱིས་གསན། དེ་དག་ཐམས་ཅད་ཀྱིས་ནི་འཇམ་དཔལ་གྱི་ཞལ་གཟིགས་པ་ཡིན་ནོ་ཞེས་གྲགས་སོ། །ཡིད་ཆེས་པའི་གཏན་ཚིགས་དུ་མ་དག་ཀྱང་སྣང་ངོ༌། །དེ་ལྟར་གྲུབ་པའི་བརྒྱུད་པ་ལས་འོངས་པའི་འཇམ་པའི་དབྱངས་བསྒྲུབ་པར་འདོད་པའི་བསམ་པ་དང་ལྡན་པས་ཐོག་མར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་
གནས་པར་བྱས་ནས། ཤ་དང་ཆང་དང༌། བུད་མེད་དང༌། མི་གཙང་བ་དང༌། འབགས་པ་མ་ལུས་པ་སྤངས་ནས། ཡིད་དགའ་བའི་གནས་སུ་སྟན་བདེ་བ་ལ་བསྡད་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ལ། འཇམ་དཔལ་གྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེའི་རྗེས་ལ་རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བ་དེའི་སྟེང་དུ་དྷཱིཿདམར་སེར་གུར་གུམ་གྱི་མདོག་འདྲ་བ་དེ་ལས་འོད་བྱུང་ནས་ལུས་ཐམས་ཅད་ཁྱབ་པས། སྡིག་པ་དང་སྒྲིབ་པ་དང་མི་ཤེས་པའི་མུན་པ་ཐམས་ཅད་བཅོམ་སྟེ། དྲི་མ་མེད་པའི་ཤེལ་ལྟར་གྱུར་པའི་སྐད་ཅིག་ལས། རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་མི་ཤེས་པ་གཅོད་པའི་རལ་གྲི། གཡོན་ན་ཨུཏྤ་ལའི་རྩ་བ་ཐུགས་ཀར་བཟུང་ནས་རྣ་བའི་ཐད་ཀར་ཁ་བྱེ་བའི་སྟེང་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པའོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན་ལོ་བཅུ་དྲུག་ལོན་པ་ལྟ་བུ་ཟླ་བའི་རྒྱབ་ཡོལ་ཅན། རལ་པའི་ཅོད་པན་སྟེང་དུ་བཅིངས་པའམ་རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བའི་སྐུ་གསལ་བར་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་བར་གྱུར་ན། རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་དྷཱིཿདམར་སེར་གྱི་མཐའ་མ་ནས་ཕར་ཨོཾ་ཨ་ར་པ་ཙ་ན་ཞེས་པའི་སྔགས་ཀྱིས་བསྐོར། ལྕེའི་རྩ་བར་དྷཱིཿམགོ་ཕུགས་སུ་བསྟན། ཉལ་ཐབས་སུ་འདུག་པ་ལ་དམིགས་པ་གཏད་ནས། ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱའོ། །ཐུན་འཇོག་པའི་དུས་སུ་དབུགས་ཐོག་གཅིག་ལ། དྷཱིཿབརྒྱ་རྩ་བརྒྱད་བཟླ། དེ་ལྟར་མ་གྲུབ་ནའང་གཏམ་མི་བྱ་བར་བཟླའོ། །དེ་ནས་ལུས་དྷཱིཿར་གྱུར་པར་བསམ་མོ། །དུས་དང་གནས་སྐབས་ཐམས་ཅད་དུ་
འཇམ་དཔལ་གྱི་ང་རྒྱལ་དང་མ་བྲལ་བར་བྱའོ། །བར་ཆད་ཀྱི་རྟགས་ནི་ཐོག་སེར་འབབ་པ་དང༌། རླུང་དང་གཅན་གཟན་གྱིས་ཟོས་པ་ལ་སོགས་པ་བྱུང་ན་བར་ཆད་ཀྱི་རྟགས་ཡིན་པས་མི་གཡོ་བ་ལ་སོགས་པའི་ཁྲོ་བོའི་སྔགས་བཟླ་བར་བྱའོ། །རལ་གྲི་དང་ཨུཏྤལ་འཛིན་པ་དང༌། མེ་འབར་བ་ལ་སོགས་པ་བྱུང་ན་གྲུབ་པའི་རྟགས་སུ་ཤེས་པར་བྱའོ། །ཟླ་བ་དྲུག་གམ་འབུམ་ཕྲག་བརྒྱད་ཅུ་བཟླས་པས་ཐོག་མར་འཛིན་བློ་སྐྱེ་བར་འགྱུར་རོ། །དེ་ནས་སྙན་ངག་དང་རྡོ་རྗེའི་ངག་དང་ཕྱིན་ཅི་མ་ལོག་པའི་དོན་ཕུན་སུམ་ཚོགས་པར་སྐྱེ་བར་འགྱུར་རོ། །གཡེང་བས་མི་འགྲུབ་སྟེ། མདོར་ན་སེམས་རྩེ་གཅིག་པར་བསྒོམས་ན་འགྲུབ་པར་འགྱུར་རོ། །འཕགས་པ་འཇམ་དཔལ་སྒྲུབ་པའི་ཐབས་ཀྱི་གསལ་བྱེད་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་སྦྱར་བ་རྫོགས་སོ།། ༈ །འཇམ་པའི་རྡོ་རྗེ་ལ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བློ་གྲོས་དྷཱིཿལས་བྱུང་བ་གཞོན་ནུའི་ཚུལ་འཆང་མཛེས་པའི་སྐུ། །ཆུ་སྐྱེས་བསིལ་ཟེར་ཅན་དབུས་སྐྱིལ་མོ་ཀྲུང་བཅས་ཀུན་ནས་རོལ་པའི་འགྱིང་བག་ཅན། །གུར་གུམ་མདོག་ཅན་ཟུར་ཕུད་ལྔ་པ་སྙན་གོང་ཨུཏྤལ་གྱིས་མཛེས་ཤིང༌། །སྣ་ཚོགས་རིན་ཆེན་རབ་སྤྲས་ལྷ་ཡི་ན་བཟས་སྨད་གཡོགས་ལེགས་པར་བགོས། །ཕྱག་གཡས་མཁའ་ལྟར་སྔོ་བའི་རལ་གྲི་ཚ་ཟེར་ཅན་འོད་རབ་འཕྲོས་པས། །མུན་པའི་འཐིབས་པོ་དྲང་ཅིང་བདུད་བཅོམ་དེ་བཞིན་ཉིད་དོན་ཐུགས་ཆུད་ཅིང༌། །གཡོན་གྱི་ཨུཏྤལ་འདབ་བརྒྱད་རྣམ་རྒྱལ་མགུལ་པའི་ངོས་སུ་རབ་རྒྱས་པ། །གེ་སར་སྙིང་པོ་དྲི་མེད་སྟེང་ན་རྒྱལ་བའི་གསུང་རབ་གླེགས་བམ་བསྣམས། །ཁྱོད་གཙུག་མི་བསྐྱོད་སྐྱོབ་པས་རབ་མཚན་རྡོ་རྗེ་རྣོན་པོའི་ཡི་གེ་དྲུག །བཞད་པའི་གད་རྒྱངས་ཅན་གྱི་ཞབས་རྡུལ་ཡིད་འོང་ཁོ་བོའི་སྤྱི་བོར་ཞོག །ཁྱོད་སྐུ་བདག་ལུས་སྙིང་གི་འཁོར་ལོར་རྣམ་བསམས་གང་གི་ཆགས་སྡང་སོགས། །ངན་
སེམས་ཐ་ཆད་དམ་པས་སྨད་པ་དེ་ཀུན་མགོན་པོས་བཟོད་མཛོད་ཅིག །རྒྱལ་སྲས་ཐུ་བོའི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་བདག་ལ་ཉེར་སྩོལ་མཛོད། །ཡབ་གཅིག་ཉིད་ལས་ལྷ་གཞན་དག་ལ་རེ་བ་མ་མཆིས་སྐལ་ངན་བདག །ཉིན་མཚན་ཀུན་ཏུ་འཇམ་དབྱངས་གུས་པས་བསམས་ཀྱང་ཁྱེད་ཀྱི་ཐུགས་རྗེས་ཤུགས། །ཅུང་ཟད་མེད་སྙམ་འོན་ཀྱང་བྱུར་ངན་རང་གི་ཉེས་པས་བསླད་པར་ཟད། །ད་དུང་ཁྱོད་མཉེས་མ་གྱུར་བར་དུ་སྐྱབས་གཞན་འཚོལ་བར་མ་གྱུར་ཅིག །བཅོམ་ལྡན་འདས་མགོན་པོ་འཇམ་པའི་རྡོ་རྗེ་ལ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པ་ས་སྐྱ་པཎྜི་ཏས་སྦྱར་བའོ།། ༈ །རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་བློ་འཕེལ་གསེར་གྱི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ནཱ་ཐཱ་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཟླ་བའི་སྟེང་དུ་དྷཱིཿཡིག་ལས་འོད་འཕྲོས་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་མཛྙུ་གྷོ་ཥཱ་ཡ། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་དྱ། ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། ཚད་མེད་བཞི་བསྒོམ། རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་དྷཱིཿཡིག་ལས་འོད་འཕྲོས་ནང་གི་མུན་པ་དང༌། ཐ་མལ་གྱི་ལུས་བསྲེགས་སྦྱངས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྷཱིཿཡིག་གསེར་བཙོ་མའི་མདོག་ཅན། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་གསལ་ནས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ལ་བཀོད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་མཁྱེན་རབ་བྱིན་རླབས་ཐམས་ཅད་བསྡུས་ནས་རང་སེམས་དྷཱིཿཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་དམར་སེར་སྐུ་མདོག་གུར་གུམ་གཞོན་ནུའི་མདོག་ཅན་ཞལ་གཅིག་ཕྱག་
གཉིས་པ། གཡས་པས་མི་ཤེས་པ་གཅོད་པར་བྱེད་པའི་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང༌། དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ་གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ཉམས་ཅན། ཟླ་བའི་དཀྱིལ་འཁོར་ལ་རྒྱབ་བརྟེན་པ་འོད་ཀྱི་རང་བཞིན་ཅན། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བའི་སྟེང་དུ་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཞི་པ་སེར་པོ། ལྟེ་བར་གཡས་སུ་དྷཱིཿ གཡོན་དུ་ཨ། རྩིབས་ལ་མདུན་ནས་གཡས་སྐོར་དུ་ར་པ་ཙ་ན་གནས་པ། དྷཱིཿལས་འོད་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཨ་བྷི་ཥིཉྩ་ཏུ་མཱཾ། དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷཱི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། རང་གི་སྙིང་གའི་ཤེས་རབ་ཀྱི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ངན་གཏི་མུག་གི་དྲི་མ་སྦྱངས་ཏེ་འཇམ་དཔལ་གྱི་སྐུར་གྱུར། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་སྔགས་ཕྲེང་དང༌། འོད་ཟེར་སེར་པོའི་རྣམ་པར་བྱུང༌། ཤེས་རབ་ཀྱི་འཁོར་ལོའི་ཡིག་འབྲུ་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་མང་བཟླ། རང་གི་ལྕེའི་སྟེང་དུ་དྷཱིཿདམར་སེར་མགོ་གྲེ་ཕུགས་སུ་བསྟན་ནས་ཉལ་ཐབས་སུ་གནས་པ་ལས་འོད་ཟེར་
འཕྲོས། ངག་གི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་བསམས་ཏེ། དབུག་ཐོག་གཅིག་ལ་དྷཱིཿཐོན་ཚད་བརྗོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མི་ཤེས་པའི་མུན་པ་བསལ་ནས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུངས། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །གང་ཚེ་ལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་ཁྱེད་ཉིད་ནི། །གེགས་མེད་པར་ནི་མཐོང་བར་ཤོག །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་དབྱངས་ཐུགས་ལ་གསོལ་བ་འདེབས། །དུས་འདི་ནས་ནི་བཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་ཐོབ་བར། །བཅོམ་ལྡན་འཇམ་དབྱངས་ཁྱེད་ཉིད་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །གང་གི་མཁྱེན་རབ་ཉི་མ་སྟོང་བས་ཀྱང༌། །
ཆེས་ཆེར་གསལ་བས་འགྲོ་བའི་མ་རིག་པ། །དྲུངས་ནས་འབྱིན་མཛད་ལྷ་མཆོག་འཇམ་པའི་དབྱངས། །བདག་གི་སྙིང་ལ་རྒྱུན་དུ་འཇུག་གྱུར་ཅིག །གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་དེའང་ཁོ་བོ་ཡི། །ཡིད་ལ་རིང་དུ་རོལ་བར་མཛོད། །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །སྭ་ནཔྟཱ་ཝཱ་གིནྡྲ་སྱཱ་རྠེ་ཥུ་བྷཱུ་མི་པཎ་དུ་ཀ་ལོ་ཙཱ་སྱ་ལི་ཁི་ཏཾ།«་་་་་རང་གི་ཚ་བོ་ངག་གི་དབང་པོའི་དོན་དུ་ས་སྐྱ་ལོ་ཙཱ་བས་བྲིས»།། ༈ །རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་བྱེད་ཚུལ་གཅིག་ཤེས་ཀུན་ཁྱབ་བཞུགས། «རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་གཙོ་རྐྱང་གི་རྗེས་གནང་ལ། ཚོམ་བུ་དང་མཆོད་གཏོར་བཤམ་པ། སློབ་དཔོན་གྱི་བྱ་བ་བདག་བསྐྱེད་མདུན་བསྐྱེད། གཏོར་མ་འབུལ་བ་སོགས་སྤྱི་ལྟར་གྲུབ་ནས། སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་ལ་འཁོད་པ་དང་མེ་ཏོག་བཀྱེ་བསྡུ་བྱས་རྗེས། སློབ་དཔོན་གྱིས་་་་་་»སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ནའི་རྗེས་སུ་གནང་བ་ཟབ་མོ་གསན་ལ་ཐུགས་ཉམས་སུ་བཞེས་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་འདིར་དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ནས་བཤད་པའི་ཨ་ར་པ་ཙ་ན་ལ་རྒྱས་པར་ན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ། བསྡུས་པ་གཙོ་བོ་རྐྱང་པའི་རྗེས་སུ་གནང་བ་གཉིས་ལས། ད་རེས་རྗེ་བཙུན་ས་སྐྱ་པ་གོང་མ་རྣམས་ཀྱི་བཀའ་སྲོལ་བཞིན། རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བར་འོས་པ་འཁོར་དང་བཅས་པ་ད་རེས་ནས་ཀྱི་གནས་སྐབས་སུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ་བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་སུ་མེད་པར་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། དུས་གསུམ་
སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་དཔལ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ལྟར་རྒྱུད་དག་པར་བྱས་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་པས་གསོལ་བ་འདེབས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞིའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། རྗེས་གནང་གི་གཞི་དགོད་པ་དང༌། རྗེས་གནང་དངོས་གཉིས་ལས། ཐོག་མར་རྗེས་གནང་གི་གཞི་དགོད་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡིན་སྙམ་དུ་གུས་འདུད་དྲག་པོ་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུ་ཞིག་ཏུ་གྱུར་པ་ལ། སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་ནས་ཤུདྡྷོ྅ཧཾ། ཞེས་བརྗོད་པའི་རྐྱེན་གྱིས་ཐ་མལ་གྱི་སྣང་བ་མི་དམིགས་ཏེ་སྟོང་ཉིད་དུ་སྦྱངས་ནས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་དྷཱིཿཡིག་གསེར་བཙོ་མའི་མདོག་ཅན་དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་འཇམ་དཔལ་སོགས་ནས་ཐུགས་ཀར་ཧཱུྃ་ཞེས་
པའི་བར་སྒྲུབ་ཐབས་བཞིན་གསལ་བཏབ། སླར་ཡང་སློབ་དཔོན་ལ་གུས་འདུད་བྱས་པས། སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་གྱི་བར་བསམ་གྱིས་མི་ཁྱབ་པར་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་རྣམས་དང་བ་སྤུ་བུ་ག་རྣམས་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་ཨ་ར་པ་ཙ་ན་དྷཱིཿསོགས་དང༌། ཨཱ་བེ་ཤ་ལ་ཨཿཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་པ་ལན་གསུམ་ལ་སོགས་པ་བྱ། དེ་རྗེས་གནང་གི་གཞི་དགོད་པ་ཡིན། ད་རྗེས་གནང་དངོས་ལ་རྗེས་སུ་བཟླས་པའི་ལུང༌། དམ་བཅའ་བའི་ལུང༌། བྱིན་གྱིས་བརླབ་པའི་ལུང་རྣམས་སུ་ཡོད་པ་ལས། རྗེས་སུ་བཟླས་པའི་ལུང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་དང་སློབ་དཔོན་གཉིས་ཀ་རྗེ་བཙུན་འཇམ་དཔལ་དབྱངས་སུ་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་བཞི་པའི་ལྟེ་བར་གཡས་སུ་དྷཱིཿ གཡོན་དུ་ཨ། རྩིབས་བཞི་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ར་པ་ཙ་ན་ཞེས་པ་རྣམས་འཁོད་པར་མོས་ནས་སློབ་དཔོན་ལ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡིན་སྙམ་པའི་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་དྷཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་དྷཱིཿཡིག་སྔགས་ཕྲེང་དང་བཅས་པ་ལ། དང་པོས་ཐིམ། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛད་པར་ཞུ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་དང༌། སླར་ཡང་ཁྱེད་རང་རྣམས་དང༌། སློབ་དཔོན་གཉིས་ཀ་རྗེ་བཙུན་འཇམ་དཔལ་དབྱངས་སུ་གསལ་བའི་ལྕེ་སྟེང་དུ་དྷཱིཿཡིག་དམར་སེར་མགོ་གྲེ་ཕུགས་སུ་བསྟན་པ་རེ་རེ་ཡོད་པར་མོས་པ་མཛད་ནས། སློབ་
དཔོན་ལ་གུས་འདུད་བྱས་པས། སློབ་དཔོན་གྱི་དྷཱིཿཡིག་ལས་དྷཱི་ཡིག་དཔག་ཏུ་མེད་པར་བྱུང༌། ཁྱེད་རང་རྣམས་ཀྱི་དྷཱི་ཡིག་ལ་ཐིམ་པས། མི་ཤེས་པའི་མུན་པ་ཐམས་ཅད་བསལ་ནས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ནས་དབུགས་ཐོག་གཅིག་ལ་དྷཱིཿབརྒྱ་རྩ་བརྒྱད་གསུངས་མཛོད། དྷཱིཿདྷཱིཿདྷཱིཿསོགས་བརྗོད། ཁྱེད་རང་རྣམས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། དེ་ནས་སློབ་དཔོན་གྱི་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་ཁྱེད་རྣམས་ཀྱི་མགོ་ཐོག་ཏུ་བཞག་པར་མོས་པ་མཛོད། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ལན་གསུམ་ཙམ་བརྗོད་ནས་མེ་ཏོག་སློབ་མ་ལ་གཏོར་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །ཞེས་དང༌། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད། དམ་བཅའ་བའི་ལུང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ། རྗེ་བཙུན་འཇམ་དཔལ་དབྱངས་ཡི་དམ་ཀྱི་ལྷར་བཟུང་ཞིང༌། དེའི་གསང་སྔགས་ཀྱང་ཅི་ནུས་སུ་བཟླ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་ད་ནས་བཟུང་སྟེ། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ། རྗེ་བཙུན་འཇམ་དཔལ་དབྱངས་ཡི་དམ་གྱི་ལྷར་བཟུང་ཞིང༌། དེའི་གསང་སྔགས་ཀྱང་ཅི་ནུས་སུ་བཟླ་བར་བགྱིའོ། །ཞེས་ལན་གསུམ། ཡང་མེ་ཏོག་གཏོར་ལ། བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་
པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ནའི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད། བྱིན་གྱིས་བརླབས་པའི་ལུང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སླར་ཡང་སློབ་དཔོན་ལ་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག དེའི་ཐུགས་རྒྱུད་བསྐུལ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་མཐེབ་སོར་གྱི་ཚད་ཙམ་རེ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྙིང་གའི་དྷཱིཿཡིག་ལ་ཐིམ་པས་བྱིན་གྱིས་བརླབས་ཏེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མངོན་སུམ་དུ་རྟོགས་པའི་མོས་པ་མཛད་ནས་དེའི་ངང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། དེ་རྣམས་ཀྱིས་རྗེས་གནང་གི་དངོས་གཞི་སོང་ནས། དེ་དག་གི་སྐབས་སུ་ཁས་བླངས་པའི་དམ་ཚིག་ལ་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་སུ་གནང་བ་གསན་པའི་གཏང་རག་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། བླ་མ་ལ་ལུས་ལོངས་སྤྱོད་ལ་སོགས་པ་ཡོན་ཏུ་འབུལ་ཞིང༌། ཆ་ཤས་ཀྱིས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛད་པར་ཞུ། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་ལན་གསུམ། དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ནའི་རྗེས་སུ་གནང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེ་བར་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་སོགས་བྱ།«་་་་་སློབ་དཔོན་གྱིས་རྗེས་ཆོག་སྤྱི་ལྟར་བྱའོ།།» འདིའི་རྗེས་གནང་བྱེད་ཚུལ་འདི་ཉིད་ནི་སྭ་ནཔྟཱ་ཝཱ་གིནྡྲ་སྱཱ་རྠེ་ཥུ་བྷཱུ་མི་པཎྜུ་ག་ལོ་ཙཱ་ན་སྱ་ལི་ཁི་ཏཾ།«་་་་་རང་གི་ཚ་བོ་ངག་གི་དབང་པོའི་དོན་དུ་ས་སྐྱ་ལོ་ཙཱས་བྲིས། »།སརྦ་མངྒ་ལཾ།། ༈ །འཇམ་དབྱངས་ཨ་ར་པ་ཙ་ནའི་དཔའ་བོ་གཅིག་གྲུབ་
ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ན་མོ་བུདྡྷ་སིཾ་ཧཱ་ཡ། རྗེ་བཙུན་འཇམ་པའི་དབྱངས་བསྒོམ་པ་འདོད་པས། ངག་ཏུ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཉེར་གཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿལས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་མཉྫུ་ཤྲཱི་བྷྱཿཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝ་ར་ཨརྒྷཾ་ཨཱཿཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ཐལ་མོ་སྙིང་གར་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་གྱི་སྟེང་དུ་དྷཱིཿཡིག་གསེར་བཙོ་མའི་མདོག་ཅན་དེ་ལས་འོད་ཟེར་འཕྲོས་སེམས་
ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ་ནས། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ལ་བཀོད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་མཁྱེན་བརྩེ་སྤོབས་པ་གཟུངས་ལ་སོགས་པ་རྣམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་དྷཱིཿཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་གུར་གུམ་གཞོན་ནུའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་པས་མི་ཤེས་པ་གཅོད་པར་བྱེད་པའི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་སོར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། རིན་པོ་ཆེའི་དབུ་རྒྱན་དང༌། མགུལ་རྒྱན་ལ་སོགས་པས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ཉམས་ཅན་ཟླ་བའི་དཀྱིལ་འཁོར་ལ་རྒྱབ་བརྟེན་པ། འོད་ཀྱི་རང་བཞིན་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཞི་པ་སེར་པོའི་ལྟེ་བར་གཡས་སུ་དྷཱིཿ གཡོན་དུ་ཨ། རྩིབས་རྣམས་ལ་མདུན་ནས་གཡས་སྐོར་དུ་ར་པ་ཙ་ན་གནས་པའི། དྷཱི་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲོ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། སྙིང་གའི་ཤེས་རབ་ཀྱི་འཁོར་ལོ་སྔགས་ཕྲེང་དང་
བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ངན་གཏི་མུག་གི་དྲི་མ་སྦྱངས་ཏེ། འཇམ་དཔལ་གྱི་སྐུར་གྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་བྱུང་ནས་ཤེས་རབ་ཀྱི་འཁོར་ལོའི་ཡིག་འབྲུ་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་ནུས་བཟླ། རང་གི་ལྕེ་སྟེང་དུ་དྷཱིཿདམར་སེར་མགོ་གྲེ་ཕུགས་སུ་བསྟན་ལ་ཉལ་ཐབས་སུ་གནས་པ་ལས་འོད་ཟེར་འཕྲོས་པས་ངག་གི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་བསམ་སྟེ། དབུགས་ཐོག་གཅིག་ལ་དྷཱིཿབརྒྱ་རྩ་གཅིག་བཟླ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་མི་ཤེས་པའི་མུན་པ་ཐམས་ཅད་བསལ་ནས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་རྒྱས་ཤིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང༌། སྤྲོ་ན། གང་གི་བློ་གྲོས་སོགས་ཀྱིས་བསྟོད་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་ཀྱི་བསྔོ་བ་སྨོན་ལམ་ཅི་ཤེས་བྱའོ། །འདིའི་རྗེས་གནང་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟེགས་ཇི་ལྟར་རིགས་པའི་སྟེང་དུ་མཎྜལ་ལ་ཚོམ་བུ་གཅིག་བཀོད། དེའི་མཐར་མཚམས་འཛིན་གྱི་མེ་ཏོག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཕྱོགས་མཚམས་སུ་བཤམ། ཤར་མདུན་དུ་གཏོར་མ་ཟླུམ་པོ་གཅིག་དང༌། སློབ་དཔོན་གྱི་མདུན་དུ་སྟེགས་ལ་ཏིང་ཤག་མེ་ཏོག་གི་སྣོད། སློབ་མ་ལ་དགོས་པའི་མེ་ཏོག
མཎྜལ། དྲི་བཟང་པོ་སོགས་སྟ་གོན་བྱའོ། །གཉིས་པ་ནི་སློབ་དཔོན་གྱིས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། སྭ་བྷཱ་བ་སོགས་དང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། སོགས་ནས། ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་ལན་གསུམ་དང༌། སོ་སོའི་ཕྱག་རྒྱ་བྱ་ཞིང༌། མཐར་ཏིང་ཤག་དཀྲོལ་ཏེ་བྱིན་དབབ། བདག་བསྐྱེད་ནི། བདག་དང་འགྲོ་བ་སོགས་ནས་འགོད་པར་ཤོག་གི་བར་གོང་ལྟར་བྱའོ། །མདུན་བསྐྱེད་ནི། བསང་སྦྱངས་གོང་ལྟར་བྱ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་སོགས་ནས། ཐུགས་ཀར་ཧཱུྃ་གི་བར་གོང་བཞིན་ལས། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ། ཏིང་ཤག་རྡུང་ཞིང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་སྤྱན་དྲང༌། ཛཿཧཱུྃ་སོགས་ནས་དབུར་བརྒྱན་པར་གོང་བཞིན། མཆོད་པ་བྱིན་རླབས་བྱས་ལ། མཚན་སྔགས་རེ་རེ་སྦྱར་བའི། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གཞོན་ནུའི་སྐུ་ལུས་སོགས་གྱིས་བསྟོད། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ནམ་
མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། མཚན་སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ། མཆོད་བསྟོད་གོང་ལྟར་བྱ། མདུན་བསྐྱེད་ཀྱི་ཐུགས་ཀར་ས་བོན་གྱི་མཐར་སྔགས་ཕྲེང་བསམས་ལ། སྔགས་བརྒྱ་རྩ་བཟླས་གསོལ་གདབ་སྔ་མ་ལྟར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གསན་རྒྱུའི་དམ་པའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཡོན་ཏན་དང་ཐུགས་རྗེ་མངའ་བ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང༌། བསྡུ་ན། མངོན་པ་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་ཏེ། འདོད་ཆགས་ལ་སྤྱོད་པའི་གཉེན་པོ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་རྣམས་གསུངས། ཞེ་སྡང་ལ་སྤྱོད་པའི་གཉེན་པོར་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་རྣམས་གསུངས། གཏི་མུག་ལ་སྤྱོད་པའི་གཉེན་པོར་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་རྣམས་གསུངས་པ་ཡིན། འོ་ན་སྔགས་ཀྱི་ཐེག་པ་སྡེ་སྣོད་གསུམ་གང་དུ་འདུ་ཞེ་ན། སློབ་དཔོན་ཆེན་པོ་ཨ་བྷ་ཡ་ནི་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་བཞེད། སློབ་དཔོན་ཤཱནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའི་སྡེ་སྣོད་ཡིན་ནོ་གསུངས་ཤིང༌། སློབ་དཔོན་ཨཱརྻ་དེ་ཝས་རིག་པ་འཛིན་པའི་སྡེ་སྣོད་དང༌། ཞེས་
སྡེ་སྣོད་བཞི་པར་བཞེད་དོ། །ཡང་གདུལ་བྱ་དམན་པ་ལ་མོས་པར་ཉན་ཐོས་ཀྱི་སྡེ་སྣོད་དང༌། རྒྱ་ཆེན་པོ་ལ་མོས་པར་ཐེག་པ་ཆེན་པོའི་སྡེ་སྣོད་གསུངས་སོ། །དེ་གཉིས་ཀྱི་ཁྱད་པར་ནི། མདོ་སྡེ་ལ་སོགས་པ་ཆོས་རྒྱ་ཆེན་པོ་ལ་དམིགས་པས་དམིགས་པ་ཆེ་བ། རང་དང་གཞན་གྱི་དོན་སྒྲུབ་པས་སྒྲུབ་པ་ཆེ་བ། རྟོགས་པའི་དུས་ན་བདག་མེད་གཉིས་རྟོགས་པས་ཡེ་ཤེས་ཆེ་བ། གྲངས་མེད་གསུམ་དུ་གུས་པར་བྱས་ཏེ་སྦྱོར་བའི་བརྩོན་འགྲུས་རྩོམ་པས་བརྩོན་འགྲུས་ཆེ་བ། འཁོར་བ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པས་མི་གོས་པས་ཐབས་རྒྱ་ཆེ་བ་སྟེ་རྒྱུའི་ཁྱད་པར་ལྔ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་འགྲུབ་པས་ཡང་དག་གྲུབ་པ་ཆེ་བ་དང༌། ཡང་དང་ཡང་དུ་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་སྟོན་པས་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་སྟེ། འབྲས་བུའི་ཁྱད་པར་གཉིས་དང་བཅས་པའི་སྒོ་ནས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་པས། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོད་ལ་དབྱེ་ན། གདུལ་བྱ་དབང་པོ་རྟུལ་པོ་རྒྱུ་ལ་མོས་པའི་དབང་དུ་བྱས་ནས་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་དང༌། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པའི་དབང་དུ་བྱས་ནས་འབྲས་བུ་ལམ་དུ་བྱེད་པ་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ཏེ། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འགྱུར་བར་འགྱུར། །ཞེས་གསུངས་ལ། དེ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པའི་ཚུལ་ནི། ཚུལ་གསུམ་གྱི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །
ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པའི་དོན། རྟོགས་བྱ་ལྟ་བ་དོན་གཅིག་པ་དང༌། ཐོབ་བྱ་འབྲས་བུ་དོན་གཅིག་པས། ཉམས་ལེན་སྤྱོད་པ་དོན་གཅིག་ཏུ་ཟིན་ཀྱང༌། རྟོགས་པའི་ལྟ་བ་ལ་མ་རྨོངས་པ་དང༌། ཐབས་མང་བ་དང༌། དཀའ་བ་མེད་པས་བྱང་ཆུབ་སྒྲུབ་པ་དང༌། འབྲས་བུ་མྱུར་དུ་འགྲུབ་པ་སྟེ། དེ་རྣམས་ཀྱི་སྒོ་ནས་གསང་སྔགས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ས་སྐྱ་པཎ་ཆེན་གྱིས། སྟོང་ཉིད་སྙིང་རྗེ་སོགས་བསྒོམ་པ། །ཕ་རོལ་ཕྱིན་པའི་གཞུང་ལུགས་ཡིན། །དེ་ཡིས་ཇི་ལྟར་མྱུར་ན་ཡང༌། །གྲངས་མེད་གསུམ་གྱི་དཀའ་སྤྱད་དགོས། །ཞེས་དང༌། རྡོ་རྗེ་ཐེག་པའི་གནད་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས་པ་ལྟར་ཡིན། དེ་ལ་ཡང་རྒྱུད་སྡེ་གཉིས་སུ་འདོད་པ་དང༌། གསུམ་དུ་འདོད་པ་དང༌། བཞིར་འདོད་པ་དང༌། ལྔར་འདོད་པ་དང༌། དྲུག་ཏུ་འདོད་པ་རྣམས་ཡོད་པ་ལས། འདིར་རྒྱུད་སྡེ་བཞིར་འདོད་པ་ནི། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་པ་ལྟར། གང་ཟག་དམན་པ་ཕྱི་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྦྲ་ལ་དགའ་བ་ལ་བྱ་བའི་རྒྱུད་གསུངས། གང་ཟག་འབྲིང་ཕྱི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པ་ལ་སྤྱོད་པའི་རྒྱུད་གསུངས། གང་ཟག་མཆོག་ཏིང་ངེ་འཛིན་ཁོ་ན་ལ་གཙོ་བོར་སྤྱོད་པ་ལ་རྣལ་འབྱོར་གྱི་རྒྱུད་གསུངས། གང་ཟག་ཆེས་མཆོག་ཏུ་གྱུར་པ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པར་སྤྱོད་པ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པ་ལས་འདིར་སྤྱོད་པའི་རྒྱུད་ཡིན། དེ་ལ་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དང༌། པདྨའི་རིགས་ཀྱི་རྒྱུད་དང༌། རྡོ་རྗེའི་རིགས་ཀྱི་རྒྱུད་དང་གསུམ་ལས། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་
ཡིན། དེ་ལའང་དུ་མ་ཡོད་པའི་ནང་ནས་འདིར་འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། འཇམ་དཔལ་ཨ་ར་པ་ཙ་ན་དཔའ་བོ་གཅིག་པའི་རྗེས་སུ་གནང་བ་དང༌། འཇམ་དཔལ་ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་བཅས་པའི་ལུགས་སྲོལ་གཉིས་སུ་ཡོད་པ་ལས། འདིར་གྲུབ་ཆེན་ཛེ་ཏཱ་རི་ནས་བརྒྱུད། བླ་མ་བ་རི་ལོ་ཙཱ་བ་ནས་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པའི་རྗེ་བཙུན་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། དང་པོ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་ལེགས་པར་གྲུབ་ཟིན་ནས། གཉིས་པ་སློབ་མའི་བྱ་བ་ལ་རྗེས་སུ་གནང་བའི་སྔོན་དུ་འགྲོ་བ་མཎྜལ་འབུལ་བ། གསོལ་བ་འདེབས་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་རྣམས་དགོས་པ་ལས། ཐོག་མར་སློབ་དཔོན་ལ་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡིན་སྙམ་པས་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཆོད་གཡོག་པས་མཎྜལ་ཕུལ། ཕྱག་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་འཁྲིགས་པ་ལྟར་མངོན་སུམ་དུ་བཞུགས་པར་མོས་པ་བྱས་ནས། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་
སོགས་ནས། སངས་རྒྱས་འགྲུབ་པར་ཤོག །ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་འགོད་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་པར་མོས་ཏེ། དེ་ཉིད་ལ་སློབ་དཔོན་གྱིས་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། ཞེས་བརྗོད་པས་འཁོར་འདས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་གྱུར་པར་མོས་པ་མཛོད། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས། སོགས་ནས། ར་པ་ཙ་ན་གནས་པའི་འཁོར་ལོ་དང་བཅས་པ་གསལ་བཏབ་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཏིང་ཤག་དཀྲོལ་ཞིང༌། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་ཡང་ཡང་བརྗོད་དོ། །དེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་ནུས་པ་མཉམ་པར་བྱིན་
གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། རྗེས་གནང་དངོས་ལ་ཐོག་མར་རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་མོས་པ་བྱས་ཏེ། སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ལན་གསུམ། ཡང་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་ལྕེའི་སྟེང་དུ་དྷཱིཿདམར་སེར་སོགས་ནས། སྦྱངས་པར་མོས་ནས་དབུགས་ཐོག་གཅིག་ལ་འདིའི་རྗེས་ཟློས་བརྒྱ་རྩ་གཅིག་མཛོད། དྷཱིཿབརྒྱ་རྩ་གཅིག་བཟླས་ནས་ཞེས་བརྗོད་པས་ལུས་ཀྱི་ནང་ཐམས་ཅད་གང་ནས་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་པ་མཛོད། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་མེ་ཏོག་གཏོར་ཏེ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདག་གིས་བཟུང་ལགས་ཀྱི། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས། སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མའི་རྒྱུད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག གཉིས་པ་དམ་བཅའ་བའི་ལུང་གི་སླད་དུ་དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། རྗེ་བཙུན་འཇམ་པའི་དབྱངས་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། རང་རང་གི་མཚན་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བས་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་འཇམ་པའི་དབྱངས་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ་ལན་
གསུམ། དེ་ལྟར་བྱས་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་བྱིན་རླབས་ཞུགས། ངག་གི་འགལ་རྐྱེན་བར་ཆད༴ །ངག་རྗེ་བཙུན༴ །གསུམ་པ་བྱིན་གྱིས་བརླབ་པའི་ལུང་གི་སླད་དུ་དམིགས་པ༴ །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་རེ་ཐུགས་ཀ་ནས་རྒྱང་གིས་བྱེ་སྟེ་བྱོན་པ་ཁྱེད་རང་གྱི་སྤྱི་བོ་ནས་ཐིམ་སྟེ། ཐུགས་ཀའི་དྷཱིཿཡིག་དང་དབྱེར་མེད་དུ་གྱུར་པ་མོས་ནས། དེའི་ངང་ལས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་ཆེར་གྱིས་གཏད་པས་གདན་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་ཞིང༌། རང་ཉིད་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར་ཏེ་ཐུགས་ཀའི་ས་བོན་ལ་ཐིམ་ཞིང༌། དེ་ཡང་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པ་ལ་བརྟེན་ནས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་སྤྲོས་བྲལ་ནམ་མཁའ་ལྟ་བུ་རྒྱུད་ལ་སྐྱེས་པར་མོས་པ་བྱས་ཏེ་ཅུང་ཟད་ཅིག་ལ་མཉམ་པར་འཇོག་པར་ཞུ། དེ་ལྟར་བྱས་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་འགལ་རྐྱེན༴ སེམས་རྗེ་བཙུན༴ དེས་དངོས་གཞི་གྲུབ་ནས། མདོར་ན་དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་པས་ཁས་བླངས་ནས། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ལ་སོགས་པ་རྣམས་ཀྱང་དྲིན་ལན་དུ་འབུལ། ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་
བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེས་རྗེས་སུ་གནང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོར་མཛོད། བསོད་ནམས་འདི་ཡིས་སོགས་དང༌། སློབ་མ་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་ཁ་གསོས་ནས། བསང་སྦྱང་བྱིན་རླབས་ནས་བསྟོད་པའི་བར་གོང་ལྟར་བྱའོ། །བཅོམ་ལྡན་འདས་བདག་དང༌། སོགས་ནས། བརླབ་ཏུ་གསོལ། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ནས་མཛོད། ཨོཾ་བཛྲ་མུཿ མཐེབ་སྲིན་གྱིས་སེ་གོལ་དང༌། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བསྲུང༌། སྟོན་མཆོག་དམ་པ་སོགས། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་བརྗོད། ཅེས་པ་འདི་ནི་བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ་རྡོ་རྗེ་འཆང་བུདྡྷ་སིཾ་ཧའི་ཞབས་རྡུལ་སྤྱི་བོས་བླངས་པ་བྲང་ཏི་པའི་བྷིཀྵུ་ག་ག་ན་ཤྲཱི་བྷ་དྲས་སྐུལ་པ་པོའི་བཞེད་པ་ལྟར་རྩེ་གདོང་ཀླུ་སྡིངས་ཀྱི་གཟིམ་ཁང་ཁམས་གསུམ་རྣམ་རྒྱལ་དུ་མྱུར་བར་སྦྱར་བའོ།། །།མངྒ་ལཾ།། ༈ །འཇམ་དབྱངས་དམར་སེར་སྒྲུབ་ཐབས་གེགས་སེལ་དང་བཅས་པ་བཞུགས་སོ། །ན་མོ་མཉྫུ་གྷོ་ཥཱ་ཡ། ཤེས་བྱའི་ལྷ་ལམ་རབ་ཡངས་པར། །མཁྱེན་བརྩེ་འོད་སྟོང་རབ་འཕྲོ་བའི། །དཔལ་ལྡན་བླ་མ་ཉིན་བྱེད་ཀྱིས། །བདག་བློའི་པདྨོ་རྟག་སྐྱོང་འཚལ། །འདིར་མར་གྱུར་གྱི་འགྲོ་བ་མཐའ་དག་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་ལ་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་དགོས་པས། དེ་ཉིད་སྐྱེད་པར་བྱེད་པ་ལའང་ཡི་དམ་གྱི་ལྷ་རེ་བརྟེན་དགོས་སོ། །དེའང་དེ་བཞིན་གཤེགས་པས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་འཕགས་པ་འཇམ་དཔལ་དམར་སེར་གྱི་སྒོ་ནས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱས་ཏེ་རང་གཞན་གྱི་དོན་སྒྲུབ་པར་འདོད་པའི་གང་ཟག་གིས། སྟན་བདེ་བ་ལ་
འདུག་སྟེ། སྐྱབས་འགྲོ་ཅི་ནུས་བྱས་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ཏེ། བླ་ན་མེད་པའི་ཡེ་ཤེས་ལ་དགོད་པར་བྱ། དེའི་ཆེད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་ལ། རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་ཤེས་པ་དྷཱིཿཡིག་གུར་གུམ་གྱི་མདོག་འདྲ་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་རང་ལ་ཐིམ་པས། པདྨ་དང་ཟླ་བའི་གདན་ལ་བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས་གུར་གུམ་རྒྱས་པའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་པས་འགྱིང་བ་དང་བཅས་པའི་ཤེས་རབ་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་ཨུཏྤ་ལའི་རྩ་བ་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་ཤིང་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་ཤིང་ཟླ་བ་ལ་རྒྱབ་བརྟེན་ནས། མི་བསྐྱོད་པའི་ཅོད་པན་ཅན་སྣང་ལ་རང་བཞིན་མེད་པའི་སྐུར་གྱུར་པར་བསམས་ལ། ལྷ་སྐུ་སྒྱུ་མ་ལྟ་བུ་ལ་ཡིད་གཏད་དེ་ཡུན་རིང་བསྒོམ་པ་བྱའོ། །བསྒོམས་པས་སྐྱོ་ན་བཟླས་པ་བྱ་སྟེ། རང་གི་ལྕེའི་རྩ་བར་དྷཱིཿམགོ་ཕུགས་སུ་བསྟན་པ་དང༌། སྙིང་གར་པད་ཟླའི་སྟེང་དུ་དྷཱིཿཡིག་གི་མཐར་མདུན་ནས་གཡས་སྐོར་དུ་ཨ་ར་པ་ཙ་ནས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས། མི་ཤེས་པའི་མུན་པ་ཐམས་ཅད་བཅོམ་ཞིང་དགེ་བའི་རྩ་བ་རྣམས་གསོས་བཏབ་སྟེ། འཇམ་
པའི་དབྱངས་ཀྱི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་བསྐུལ་ཏེ་མཁྱེན་པའི་ཡེ་ཤེས་ཐམས་ཅད་འོད་ཀྱི་རྣམ་པས་ཚུར་འདུས་ནས་རང་ལ་ཐིམ་པས། སྐྱེ་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་མ་རིག་པའི་མུན་པ་ཐམས་ཅད་བཅོམ་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ཐོགས་པ་མེད་པར་བསམས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པ་ཅི་ནུས་བཟླས་པའི་མཐར་མགྲིན་པའི་དྷཱིཿལ་དམིགས་པ་གཏད་དེ། དབུགས་ཐོག་གཅིག་ལ་དྷཱིཿབརྒྱ་རྩའམ་མ་གྲུབ་ནའང་གཏམ་གྱིས་བར་མ་ཆོད་པར་བཟླས་ལ། མཆིལ་མ་ཅུང་ཟད་མིད་པའི་རྐྱེན་གྱིས་དྷཱིཿཡིག་ཁོང་པར་སོང་སྟེ་རང་གི་ལུས་དྷཱིཿར་གྱུར་པར་བསམ་མོ། །འདིས་ནི་གཙོ་ཆེར་ངག་གི་དྲི་མ་སྦྱོང་ངོ༌། །བསྙེན་པའི་ཚད་ནི་འབུམ་ཕྲག་བརྒྱད་ཁ་སྐོང་དང་བཅས་པའོ། །ཐུན་ལས་ལྡང་བའི་ཚེ།«་་་་་སྐད་ཅིག་གི་འཇམ་དཔལ་གྱི་སྐུར་གྱུར་པར་བསམ།» ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་སོགས་ནས། ཤབྡ་སྭཱ་ཧཱ། གཞོན་ནུའི་སྐུ་ལུས་སོགས་སམ། རྒྱས་པར་ན་མཚན་ཡང་དག་པར་བརྗོད་པས་ཀྱང་བསྟོད་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་སྟེ་དགེ་བའི་རྩ་བ་འགྲོ་བའི་དོན་དུ་«་་་་་སྤྱོད་ལམ་ཐམས་ཅད་དུ་འཇམ་དཔལ་གྱི་ང་རྒྱལ་དང་མ་བྲལ་བར་བྱའོ་གསུངས། »གོང་ལྟར་མཆོད་བསྟོད་བསྡུས་པ་དང་འདོད་དོན་གསོལ་གདབ་བྱས་ལ། ཨོཾ་བཛྲ་མུཿས་རང་གནས་སུ་གཤེགས་གསོལ་བྱའོ། །དེ་ལྟར་ཟླ་བ་དྲུག་གམ་འབུམ་ཕྲག་བརྒྱད་ལ་སོགས་པས་བསྒྲུབས་ན། ཉམས་སྣང་ངམ་རྨི་ལམ་དུ་རལ་གྲི་དང་ཨུཏྤལ་བཟུང་བ་དང༌། མེ་འབར་བ་དང་ཉི་ཟླ་ཤར་བ་ལ་སོགས་པ་
བྱུང་ན་གྲུབ་པའི་རྟགས་ཡིན་པས་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་རོ། །གལ་ཏེ་བར་ཆད་ཀྱང་འབྱུང་སྲིད་པས་དེའི་རྨི་ལམ་དུ་སྤྲིན་ནག་འཐིབས་པ་དང༌། ཐོག་སེར་འབབ་པ་དང༌། རླུང་ནག་འཚུབས་པ་དང༌། མུན་ཁུང་དུ་ཞུགས་པ་དང༌། ཁྱི་སོགས་གཅན་གཟན་གྱིས་ཟོས་པ་ལ་སོགས་པ་བྱུང་ན། དེ་ཉིད་སེལ་བར་བྱེད་པའི་ཐབས་ནི། རང་ཉིད་སྐད་ཅིག་གིས་པད་ཉིའི་གདན་ལ་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ཤིན་ཏུ་འཇིགས་པའི་སྐུར་བསྒོམས་ལ། ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་གི་མཐར་ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཁ་དོག་སྔོན་པོ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་པས་བར་ཆད་ཐམས་ཅད་བསྲེགས་པར་བསམས་ལ་སྔགས་དེ་ཉིད་བརྒྱ་རྩ་སོགས་བཟླས་པས་ངེས་པར་«་་་་་གེགས་སེལ་འདི་ནི་བསྙེན་པ་གང་ལའང་སྦྱར་རུང་བར་གསུངས་སོ།།» སེལ་ལོ། །དེ་ལྟར་ཡེ་ཤེས་སེམས་དཔའ་ཡི། །སྒྲུབ་ཐབས་གེགས་སེལ་བཅས་པ་འདི། །དཔལ་ལྡན་བླ་མའི་བྲན་གྱུར་པ། །བནྡེ་ཤྲཱི་མིང་ཅན་གྱིས་བྲིས། །དགེ་དེས་མ་གྱུར་འགྲོ་ཀུན་གྱི། །མི་ཤེས་མུན་པ་རབ་བསལ་ནས། །ཡང་དག་ཡེ་ཤེས་ལེགས་རྟོགས་ཏེ། །འཇམ་པའི་རྡོ་རྗེ་ཉིད་གྱུར་ཅིག །སརྦ་དཱ་མངྒ་ལཾ།། ༈ །འཇམ་དབྱངས་དམར་སེར་གྱི་བསྙེན་ཐབས་ཉུང་གསལ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། འཇམ་དབྱངས་དམར་སེར་དཔའ་བོ་གཅིག་པའི་བསྙེན་པ་བྱེད་ན། འདིའི་རྗེས་གནང་དང་མན་ངག་ལེགས་པར་ཐོབ་པས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་ཕྱག་དར་བྱ། འཇམ་དཔལ་གྱི་སྐུ་བརྙན་བྲིས་འབུར་ཡོད་ན་རང་ལ་ཞལ་ཕྱོགས་ནས་བཞུགས། མདུན་དུ་མཆོད་གཏོར་བཤམ། རང་ཉིད་ཀྱིས་ཁས་བླངས་པའི་ཚུལ་ཁྲིམས་དང༌། ཁྲུས་དང༌། གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ནས་བརྩམས་ཏེ་ཐུན་བཞིའི་རིམ་པས་ཉམས་ལེན་ལ་འཇུག སྒྲུབ་ཐབས་རྗེ་བཙུན་གོང་མས་མཛད་པའམ། གོང་མའི་གསུང་སོར་བཞག་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་སོགས་ཡིག་ཆ་ཁུངས་
ཐུབ་ལྟར་ཉམས་སུ་བླངས་ཏེ། རབ་མཚན་མའི་བསྙེན་པ་རྟགས་མཐོང་བ། འབྲིང་དུས་བསྙེན་ཟླ་བ་དྲུག ཐ་མ་གྲངས་བསྙེན་འབུམ་ཕྲག་བརྒྱད་ཁ་སྐོང་དང་བཅས་པ་བཟླ། སྦྱིན་སྲེག་དམིགས་བསལ་མ་བཤད་པས་མི་དགོས། ཐུན་ཐམས་ཅད་ལ་བཟླས་པའི་མཇུག་ཏུ། ན་མོ་མཉྫུ་ཤྲཱི་ཡེ་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷཱི་ས་ཏྭཱ་ཡ། མཧཱ་ས་ཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏཏྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཤེས་རབ་བློ་འཕེལ་གྱི་གཟུངས་འདིའང་ཅི་རིགས་པར་བཟླ་བར་འཕགས་པ་རིན་པོ་ཆེས་གསུངས་པས་བརྒྱ་རྩ་ནས་ཉེར་གཅིག་གི་བར་ཅི་ནུས་བཟླ། ཐུན་གཉིས་སམ། སྔ་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ། ཐུན་མཚམས་རྣམས་སུ་མཚན་བརྗོད་སོགས་འཇམ་དཔལ་གྱི་བསྟོད་པའི་རིགས་དང་མཎྜལ་ལ་འབད། བར་ཆད་ཀྱི་ལྟས་བྱུང་ན་མི་གཡོ་བའི་སྒོམ་བཟླས་ཀྱིས་བསྲུང༌། དེ་ལྟར་བརྩོན་པས་ཐོག་མར་འཛིན་བློ་སྐྱེ་ཞིང༌། རིམ་གྱིས་སྙན་ངག་སོགས་ལ་བློ་གྲོས་ཀྱི་མཐུ་ཕུན་སུམ་ཚོགས་པར་འགྱུར་བ་དེ་ངེས་པའོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། ༈ །འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་འཇམ་མགོན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཡེ་ཤེས་སྣང་བ་དམ་པ་བློ་གྲོས་ཀྱི། །པདྨོ་རྒྱས་མཛད་འཇམ་དབྱངས་ལྷག་པའི་ལྷར། །བཏུད་ནས་དེ་ཡི་སྒྲུབ་ཐབས་ཀུན་གྱི་ཕུལ། །འཇམ་མགོན་བླ་མ་དགྱེས་པའི་ཞལ་ལུང་སྤེལ། །གང་ཞིག་མཐའ་ཀླས་པའི་ཡིད་ཅན་ལ་རྗེས་སུ་བརྩེ་བའི་རིགས་སད་ཅིང་བརྩོན་འགྲུས་དང་སྐལ་བར་ལྡན་པ་དག་གིས་འདི་ལྟར་ངེས་པར་བྱ་སྟེ། རང་གཞན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཁྱམས་ཤིང་འཁྱམས་པར་གྱུར་པའི་རྒྱུའི་གཙོ་བོ་ནི་ཉེས་པ་མཐའ་དག་གི་འབྱུང་གནས་བདག་ཏུ་ལྟ་བ་ཆ་དང་
བཅས་པ་ཉིད་ཡིན་ལ། དེ་སྤོང་བར་བྱེད་པ་ལ་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཡན་ལག་དང་བཅས་པ་བསྐྱེད་པར་བྱ་བའི་སླད་དུ་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཟབ་མོ་བསྒྲུབ་པར་བགྱིའོ་སྙམ་པའི་བློས། འདི་ཉིད་ཀྱི་རྗེས་སུ་གནང་བ་ལེགས་པར་མནོས་ཤིང་དམ་ཚིག་ལ་གནས་པས། དབེན་ཞིང་ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་བུར་འཇམ་པའི་སྟན་ལ་ཉེ་བར་འཇུག་སྟེ། སྦྱོར་དངོས་རྗེས་གསུམ་གྱི་རིམ་པས་ཉམས་སུ་བླང་བར་བྱའོ། །དེ་ལ་དང་པོ་སྦྱོར་བ་ལ། ངེས་འབྱུང་དང༌། སྙིང་རྗེ་དང༌། བྱང་ཆུབ་སེམས་ཀྱི་དམིགས་པ་རྣམས་སྒོ་དུ་མ་ནས་ཡིད་ལ་བྱས་པའི་མཐར། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །དྲན་པས་སྲིད་ཞིའི་འཇིགས་པ་སེལ་མཛད་པའི། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །མི་ཕྱེད་རྩེ་གཅིག་གུས་པས་སྐྱབས་སུ་མཆི། །ཅི་ནུས་ཀྱི་མཐར་སྐྱབས་ཡུལ་རྣམས་རང་ལ་བསྟིམ། སེམས་བསྐྱེད་པ་ནི། མཁའ་ཁྱབ་ཡིད་ཅན་འཁོར་བར་འཆིང་བའི་རྒྱུ། །རྨོངས་དང་མ་རིག་འཐིབས་བུ་བསལ་བ་ལ། །ཀུན་གཟིགས་ཡེ་ཤེས་སྣང་བ་མཆོག་ཐོབ་ཕྱིར། །སྨྲ་བའི་ཉི་མའི་ཏིང་འཛིན་བསྒྲུབ་པར་བགྱི། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། །བདེ་དང་མི་འབྲལ་བཏང་སྙོམས་ངང་གནས་པའི། །ཚད་མེད་རྣམ་བཞིའི་བདུད་རྩིས་ཉེར་འཚོ་བས། །ཕན་བདེའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ལ། ཐོག་མར་མཚན་བཅས་ལྷའི་ཏིང་ངེ་འཛིན་བསྒོམ་པ་ནི། ཆོས་ཀུན་གཟོད་ནས་སྤྲོས་པའི་མཚན་མ་ལས་འདས་བཞིན། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུའི་རྣམ་རོལ་ལས། །རང་གི་སྙིང་ཉིད་སྟོང་གསལ་འོད་ཀྱི་གུར་ཁང་དབུས། །པྃ་ལས་པདྨ་ཨ་ལས་ཟླ་སྟེང་ཡི་གེ་དྷཱིཿ །གུར་གུམ་མདོག་འདྲ་
ཡིད་ཀྱི་སྒྲིབ་པ་རྣམ་སེལ་བའི། །འོད་ཀྱིས་ལུས་ཀུན་རབ་གང་དག་པའི་ཤེལ་ལྟར་གྱུར། །དེ་མ་ཐག་ཏུ་རང་ཉིད་མགོན་པོ་འཇམ་པའི་དབྱངས། །ལང་ཚོ་རྒྱས་ཤིང་བརྒྱད་གཉིས་ལོན་པའི་ཚུལ་འཆང་བ། །གསེར་བསྲེགས་མདོག་འདྲ་ཀུན་ནས་འོད་རབ་གསལ་བའི་སྐུ། །སྒེག་ཅིང་མཛེས་པའི་སྐུ་ནི་བརྗིད་ཅིང་འགྱིང་བག་ཅན། །སྤྱན་ཡང་ཟུར་གྱིས་གཟིགས་ཤིང་ཅུང་ཟད་བཞད་ཅིང་འཛུམ། །ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་དར་དཔྱངས་ཅན། །རིན་ཆེན་ཅོད་པན་འོད་གསལ་བདེ་བར་གཤེགས་པའི་མཛེས།«་་་་་རིགས་བདག་མི་བསྐྱོད་པ།» །དཔའ་བོ་ཐུགས་རྗེ་ལྡན་པའི་རྒྱབ་ཏུ་བསིལ་ཟེར་ཅན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་ཀུན་འོད་འབར་བ། །ཕྱག་གཡས་དབང་སྔོན་མདོག་མཚུངས་ཤེས་རབ་རལ་གྲི་འཕྱར། །གཡོན་པས་ཨུཏྤལ་ཟེའུ་འབྲུས་བརྟེན་པའི་གླེགས་བམ་བསྣམས། །ཆུ་སྐྱེས་ཟླ་དབུས་སྐྱིལ་མོ་ཀྲུང་གིས་ལེགས་བཞུགས་ཤིང༌། །སྣ་ཚོགས་འོད་ཀྱིས་མཁའ་ཀུན་འགེངས་པའི་ཡེ་ཤེས་སྐུ། །སྣང་སྟོང་ཟུང་འཇུག་དབང་པོའི་གཞུ་བཞིན་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམ་ལ་ལྷ་སྐུ་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་འཛིན། དེས་སྐྱོན་གཟུངས་ཀྱི་སྒོ་བསྒྲུབ་པའི་སླད་དུ་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པད་ཟླའི་དབུས་སུ་དྷཱིཿཡིག་མཐར། །སྔོན་དུ་ཨོཾ་སྔགས་ཨ་ར་པ་ཙ་ན་དྷཱིཿདང༌། །ལྕེ་ལ་ཡང་ནི་མཛེས་པའི་དྷཱིཿ«་་་་་ལྕེའི་རྩ་བར་གྲེ་ཕུགས་སུ་མགོ་བསྟན་པ། »ཡིག་གིས་མཚན་ཏེ། །དེ་ལྟར་ཡི་གེའི་ཚོགས་ཀུན་རིན་ཆེན་སྒྲོན་མེ་ལྟར། །རབ་ཏུ་གསལ་ཞིང་འབར་བ་ལས་བྱུང་འོད་ཟེར་གྱིས། །མཁའ་ཁྱབ་འགྲོ་བའི་ཡིད་ཀྱི་མུན་པ་ཀུན་བསལ་ཞིང༌། །ཚོགས་གཉིས་རབ་རྫོགས་འཇམ་དཔལ་གཞོན་ནུའི་གོ་འཕང་བཀོད། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་རྗེས་བསྐུལ་ནས། །མཁྱེན་པའི་ཡེ་ཤེས་འོད་ཟེར་རྣམ་པས་རང་ལ་ཐིམ། །ཐོག་མེད་སྒྲིབ་གཉིས་བག་ཆགས་བཅས་པ་སྦྱངས་བྱས་ཏེ། །ཇི་ལྟ་ཇི་སྙེད་ཤེས་བྱའི་ཡུལ་ལ་རབ་འཇུག་པའི། །གཟུངས་དང་བློ་གྲོས་སྤོབས་པའི་གཏེར་ཆེན་གྲོལ་བར་གྱུར། །ཅེས་བཟླས་དམིགས་དང་བཅས་
ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་གཡེང་བ་དང་བྲལ་བའི་ཡིད་ཀྱིས་ཅི་ཙམ་ནུས་པ་བཟླ། སྤྲོ་ན། ན་མོ་མཉྫུ་ཤྲཱི་ཡེ་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡཱ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏཏྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཤེས་རབ་བློ་འཕེལ་གྱི་གཟུངས་འདི་ཉིད་ཀྱང་ཅི་རིགས་པར་བཟླའོ། །ཐུན་འཇོག་པའི་དུས་སུ། ལྕེའི་རྩ་བའི་དྷཱི་ལ་དམིགས་ཏེ་དབུགས་ཐོག་གཅིག་ལ་དྷཱིཿབརྒྱ་རྩ་བརྒྱད་དམ། དེ་ལྟར་མ་གྲུབ་ནའང་གཏམ་གཞན་གྱིས་བར་མ་ཆོད་པར་བཟླས་པའི་མཐར་མཆིལ་མ་ཅུང་ཟད་མིད་པའི་རྐྱེན་གྱིས་དྷཱིཿཡིག་ཁོང་པར་སོང་བས་རང་གི་ལུས་དྷཱིཿདམར་སེར་འོད་འབར་བར་གྱུར་པ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཀྱང་བཟླ་བར་བྱའོ། །གསུམ་པ་རྗེས་ནི། ཐུན་ལས་ལྡང་བའི་ཚེ། སླར་ཡང་རང་སྐད་ཅིག་གིས་འཇམ་དཔལ་གཞོན་ནུའི་སྐུར་གྱུར་པར་བསམས་ལ་མཆོད་པ་ནི་སོ་སོའི་ཕྱག་རྒྱ་བཅས། ལེགས་བྲིས་བདག་པོའི་བཏུང་བ་ལ་སྦྱར་བའི། །ཡན་ལག་བརྒྱད་ལྡན་བདུད་རྩིའི་མཆོད་ཡོན་གྱིས། །འཕགས་མཆོག་ཞལ་གྱི་པདྨོར་བསྙེན་བཀུར་ན། །སྙིང་རྗེ་ལང་ཚོ་རྫོགས་པའི་བཀའ་དྲིན་སྩོལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྙོག་པའི་དྲི་མ་གཞར་ཡང་མི་མཛའ་བའི། །དག་བྱེད་གངྒཱའི་རྒྱུན་གྱི་རེག་བྱ་ཡིས། །ཞབས་མཐིལ་འཁོར་ལོའི་རེ་ཁཱ་བསིལ་བ་ལས། །སྟོང་ཉིད་ཟབ་མོའི་ངལ་འཚོ་ཐོབ་པར་མཛོད། །པཱ་དྱཾ། འཆི་མེད་བུ་མོའི་ཁེངས་པ་འཕྲོག་བྱེད་པའི། །སྣ་ཚོགས་མེ་ཏོག་གཞོན་ནུའི་གྲུ་ཆར་གྱིས། །ནོར་བུའི་ཟུར་ཕུད་མཛེས་པའི་སྐབས་སྟེར་བས། །མཐའ་ཡས་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་བའི་ཕུན་ཚོགས་ལས། །བྱུང་བའི་བསུང་ཞིམ་དངར་པོའི་སྤྲིན་ཕུང་གིས། །འཇམ་མགོན་དྲི་འཛིན་དགྱེས་པའི་ལེགས་བྱས་མཐུས། །
འཕགས་རྣམས་རབ་དགའི་ཚུལ་ཁྲིམས་དག་པར་ཤོག །དྷཱུ་པེ། མུན་པའི་འཐིབས་བུ་བསྙིལ་འོད་རྣོ་ལྡན་པ། །ཉི་ཟླ་ནོར་བུ་སྒྲོན་མེའི་སྣང་གསལ་གྱིས། །ཡེ་ཤེས་གཟིགས་པའི་མདུན་སར་མཛེས་སྟེར་བས། །མི་འཁྲུགས་བཟོད་པའི་གོ་ཆ་བརྟན་པར་ཤོག །ཨཱ་ལོ་ཀེ། གདུང་སེལ་ཟླ་བ་གཞོན་ནུའི་བསིལ་འོད་ཅན། །ག་བུར་ཙནྡན་གུར་གུམ་དྲི་ཡི་ཆུས། །བསོད་ནམས་བྱེ་བའི་ཕུང་པོར་བྱུགས་པའི་མཐུས། །ཚོགས་ཟུང་རྒྱ་མཚོའི་བརྩོན་འགྲུས་མཐར་ཕྱིན་ཤོག །གནྡྷེ། སྐབས་གསུམ་དབང་པོའི་བཏུང་བ་ལས་ལྷག་པའི། །བཟའ་བཅའ་བཏུང་བའི་ཁྱད་པར་རྣམ་མང་པོ། །ལྗགས་ཀྱི་པདྨར་སིམ་པའི་དགེ་མཚན་ལས། །འགྲོ་ཀུན་བསམ་གཏན་ཟས་ཀྱིས་འཚོ་བར་ཤོག །ནཻ་ཝི་དྱ། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒེག་འཆང་བ། །སྙན་འགྱུར་རོལ་མོའི་མཆོད་སྤྲིན་སྦྱར་བ་ལས། །ས་གསུམ་མ་རིག་གཉིད་ལས་སློང་བགྱིད་པའི། །ཤེས་རབ་མཆོག་གི་སྒྲ་དབྱངས་ལེན་པར་ཤོག །ཤབྡ། ཞེས་པའམ་བསྡུ་ན་སྔགས་ཙམ་གྱིས་མཆོད། རྒྱས་པར་ན་མཚན་ཡང་དག་པར་བརྗོད་པ་དང༌། སློབ་དཔོན་རྡོ་རྗེ་མཚོན་ཆ་དང༌། རྗེ་བཙུན་ས་སྐྱ་པཎྜི་ཏས་མཛད་པ་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་རྣམས་དང༌། གཞན་ཡང༌། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་བསྡུས་པར། །འཇམ་དཔལ་དབྱངས་ཞེས་མཚན་གསོལ་བར། །དད་པས་ཅུང་ཟད་བསྔགས་པར་བགྱི།༡ །གང་ཁྱོད་རིག་དང་བརྩེ་བ་ཡི། །ལེགས་སྤྱད་མཐའ་དག་རྫོགས་པའི་མཐུས། །སྲིད་ཞིའི་སྤྲོས་པ་བརྟུལ་མཛད་ནས། །བྱང་ཆུབ་སྙིང་པོའི་ཐིག་ལེར་མཛེས།༢ །གཞན་དུ་འགྲོ་བ་དྲང་བའི་སླད། །ཇི་སྙེད་རྒྱལ་རྣམས་མདུན་ས་རུ། །བྱང་སེམས་ཁྱུ་མཆོག་ཆེན་པོའི་ཚུལ། །སྨྲ་བའི་ཉི་མའང་དེ་སྙེད་སྣང༌།༣ །ཁྱོད་སྐུ་མཆོག་ཏུ་དྭངས་པའི་ཤེལ། །གུར་གུམ་སར་པས་མདངས་མཚུངས་ཀྱང༌། །མཚན་དཔེའི་ངོ་མཚར་མཐའ་ཡས་ཀྱིས། །སྲིད་ན་དཔེ་ཟླས་དབེན་པར་བྱས།
༤ །གསུང་གི་ནོར་བུའི་རྒྱུད་མངས་པོ། །ཡན་ལག་དྲུག་ཅུའི་ཉམས་འགྱུར་ཅན། །ཤེས་བྱ་ཀུན་དང་སྦྱོར་བ་ན། །ས་གསུམ་སྙན་པའི་ཁེངས་པ་འཕྲོག༥ །གཞར་ཡང་སྤྲོས་པ་ལས་འདས་པའི། །ཇི་ལྟའི་ཡེ་ཤེས་ཐུགས་ཆུད་བཞིན། །ཇི་སྙེད་མཁྱེན་པའི་སྒེག་འཆང་བས། །འཕགས་བཞིའི་འབྱུང་ནས་གཅིག་ཏུ་གྱུར།༦ །མདོར་ན་བྲལ་དང་སྨིན་པ་ཡི། །ཕུལ་བྱུང་ཡོན་ཏན་རྒྱ་མཚོའི་ཚུལ། །བློ་ལྡན་བྱེ་བས་བསྐལ་པ་བརྒྱར། །བསྔགས་ཀྱང་ཆ་ཙམ་མཚོན་ནུས་མིན།༧ །ཡིད་ཅན་ཀུན་ལ་མངོན་མཐོ་དང༌། །ངེས་ལེགས་རྣམ་མཁྱེན་ལམ་སྟོན་པའི། །ཕྲིན་ལས་མཁའ་དང་སྙོམས་འཇུག་པ། །འཁོར་བ་སྲིད་དུ་མཐོར་མི་མངོན།༨ །ཕྱོགས་བཅུའི་རྒྱལ་ཡང་ཉིན་བཞིན་དུ། །ཁྱེད་ལ་བསྟོད་པའི་ལྷུར་བྱེད་ན། །ཨེ་མ་གང་གི་རྣམ་ཐར་ལ། །སུ་ཞིག་གུས་པ་སྐྱེ་མི་འགྱུར།༩ །དེ་སླད་འདིར་ཡང་རྩེ་གཅིག་པའི། །དད་པས་མཆོད་ཅིང་གསོལ་འདེབས་ན། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཐུགས་རྗེ་འབབ་སྟེགས་ཉིད་དུ་མཛོད།༡༠ །ཚུལ་གནས་ཁྲིམས་ཀྱི་དགའ་ཚལ་དུ། །མང་དུ་ཐོས་པའི་པདྨོའི་རྫིང༌། །བསམ་བྱུང་མཚར་སྡུག་དར་བབས་ཤིང༌། །སྒོམ་པའི་འབྲས་བུ་དུད་གྱུར་ཅིག༡༡ །ཕྱི་ནང་རིག་གཞུང་ཆུ་གཏེར་ཆེ། །འཕེལ་བྱེད་འཆད་རྩོད་རྩོམ་པ་ཡི། །བདུད་རྩིའི་ཟེར་བརྒྱས་ཡོངས་གང་བ། །སྨྲ་བའི་ཟླ་བ་ཉིད་གྱུར་ཅིག༡༢ །ལྷག་པར་ཟབ་མོའི་རིག་སྔགས་གྲུབ་པས་འཇམ་མགོན་དགྱེས་པའི་ཞལ་མཐོང་ཞིང༌། །གསུང་གི་ཟིལ་དངར་ཡང་ཡང་སྩོལ་བས་བློ་གྲོས་ལང་ཚོ་རྫོགས་པའི་མཐུས། །བདག་དང་ཕུང་པོ་རྣམ་རིག་ལས་འདས་སྟོང་དང་རྟེན་འབྱུང་མི་ཕྱེད་པའི། །ཀུན་མཁྱེན་ཡེ་ཤེས་སྣང་བ་གསར་པས་ས་གསུམ་དགེ་ལེགས་སྦྱིན་གྱུར་ཅིག །ཅེས་བསྟོད་ཅིང་གསོལ་བ་གདབ་པའམ། བསྡུ་ན། གཞོན་ནུའི་སྐུ་ལུས་འཆང་བ་སོགས་ཀྱིས་བསྟོད་ཅིང་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་གཞོན་ནུ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་
མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག ཐུན་མཚམས་རྣམས་སུའང་འཇམ་དཔལ་གྱི་ང་རྒྱལ་དང་མ་བྲལ་བས་ཚོགས་གཉིས་ཟུང་དུ་འབྲེལ་བ་ལ་བསླབ་པར་བྱའོ། །བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་ལ་གནས་པས་ཐུན་བཞིའི་སྦྱོར་བས་རབ་མཚན་མའི་བསྙེན་པ་ཉམས་དང་རྨི་ལམ་དུ་རལ་གྲི་དང་ཨུཏྤལ་འཛིན་པ། མེ་འབར་བ། ཉི་ཟླ་ཤར་བ་སོགས་རྟགས་མ་བྱུང་གི་བར་དུ་འབད། འབྲིང་དུས་བསྙེན་ཟླ་བ་དྲུག ཐ་མ་གྲངས་བསྙེན་འབུམ་ཕྲག་བརྒྱད་ཁ་སྐོང་དང་བཅས་པ་བཟླའོ། །དེ་དག་གི་སྐབས་སུ་རྨི་ལམ་དུ་ཐོག་སེར་འབབ་པ་དང༌། རླུང་ནག་འཁྲུགས་པ་དང༌། གཅན་གཟན་གྱིས་ཟོས་པ་སོགས་བྱུང་ན་ཅུང་ཟད་བར་ཆད་ཀྱི་རྟགས་ཡིན་པས། ཐུན་མཚམས་རྣམས་སུ་ཁྲོ་རྒྱལ་མི་གཡོ་བའི་སྒོམ་བཟླས་ཉམས་སུ་བླང་བར་བྱ་སྟེ། སྟོང་པའི་ངང་ལས་པད་ཉིའི་གདན་ལ་སྐད་ཅིག་གིས། རང་ཉིད་ཁྲོ་རྒྱལ་མི་གཡོ་སྔོན་པོ་སྤྱན་གསུམ་འབར། །ཕྱག་གཡས་རལ་གྲི་གཡོན་པས་རྡོ་རྗེའི་ཞགས་པ་བསྣམས། །ཡེ་ཤེས་མེ་དབུས་པུས་གཡོན་བཙུགས་པའི་སྟབས་ཀྱིས་རོལ། །ཁྲོ་བོའི་ཆས་རྫོགས་ཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃ། །མཐའ་སྐོར་སྔགས་ཕྲེང་དབང་སྔོན་མདོག་མཚུངས་བསྐོར་བ་ལས། །རབ་འབར་མེ་འོད་ཚ་ཞིང་རྩུབ་པར་འཕྲོས་པ་ཡིས། །བར་ཆད་མི་མཐུན་ཕྱོགས་ཀུན་བསྲེགས་ཤིང་སྦྱངས་པར་གྱུར། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་བརྒྱ་སྟོང་སོགས་བཟླ། སྤྲོ་ན་ཆུ་སྲུང་གི་གདམས་པའང་ཉམས་སུ་བླངས་པས་འཕྲལ་དུ་ཞི་བར་འགྱུར་ལ། གེགས་སེལ་འདི་ལྷག་པའི་ལྷ་གང་ལའང་སྦྱར་དུ་རུང་ངོ༌། །དེ་ལྟར་རྩེ་གཅིག་ཏུ་འབད་པས་ཐོག་མར་འཛིན་པའི་བློ་སྐྱེ་ཞིང༌། དེ་ནས་སྙན་ངག་དང༌། རྡོ་རྗེའི་ངག་དང༌། ཕྱིན་ཅི་ལོག་པའི་དོན་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེས་ནས་གཟུངས་དང་སྤོབས་པའི་མཐུ་ཟླ་བས་རེག་པའི་ཆུ་གཏེར་བཞིན་དུ་འཕེལ་བར་འགྱུར་བ་ནི་ངེས་པའོ། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཕུལ། །ས་
སྐྱའི་འཇམ་མགོན་དགྱེས་པའི་ཞལ་ལུང་རྣམས། །ཤིན་ཏུ་གསལ་བར་བཀོད་འདིས་ཡིད་ཅན་ཀུན། །བློ་གྲོས་སྣང་བ་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་པའང་མངོན་རྟོགས་ཀྱི་དངོས་གཞི་རྗེ་བཙུན་གོང་མའི་གསུང་རབ་སོར་བཞག་ལ། ཚིག་གི་མཐའ་བསྐྱེད་ཚུལ་དང༌། སྦྱོར་རྗེས་ཀྱི་སྤྲོས་པ་ཅུང་ཟད་དང་བཅས་ཏེ་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་ཆོས་རབ་རྣམ་འབྱེད་ཀྱི་བློ་མཆོག་ཟབ་མོས་བྱང་ཆུབ་སྙིང་པོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་སིདྡྷི་རསྟུ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །འཇམ་དབྱངས་དམར་སེར་དཔའ་བོ་གཅིག་པའི་རྗེས་གནང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འཇམ་མགོན་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །བརྟན་པའི་འཁོར་ལོ་གྲུབ་ཆེན་ཛེ་ཏཱ་རི། །རོལ་པའི་རྡོ་རྗེ་དོན་ཡོད་རྡོ་རྗེ་དང༌། །བ་རི་ལོ་ཙཱ་འཇམ་མགོན་གྲུབ་པའི་དཔལ། །ཀུན་དགའ་སྙིང་པོ་རྣམས་ལ་གསོལ་བ་འདེབས། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞབས། །འཇམ་པའི་དབྱངས་དངོས་ས་སྐྱ་པཎྜི་ཏ། །སྨྲ་བའི་དབང་ཕྱུག་རྒྭ་ལོ་ཡབ་སྲས་དང༌། །གྲགས་པ་སེང་གེ་རྣམས་ལ་གསོལ་བ་འདེབས། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང༌། །ཡེ་ཤེས་རྒྱལ་མཚན་ངོར་ཆེན་རྡོ་རྗེ་འཆང༌། །རྒྱལ་ཚབ་ཀུན་དབང་ཡོངས་འཛིན་དཀོན་མཆོག་འཕེལ། །དཀོན་མཆོག་ལྷུན་གྲུབ་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་དཔལ་བཟང་བསོད་ནམས་ལྷུན་གྲུབ་དང༌། །ངག་དབང་བསྟན་རྡོར་བསོད་ནམས་བསྟན་འཛིན་དབང༌། །བཀྲ་ཤིས་དཔལ་ལྡན་ཀུན་དགའ་རིན་ཆེན་ཞབས། །སངས་རྒྱས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །བསོད་ནམས་དཔལ་ལྡན་དཔལ་ལྡན་ཆོས་སྐྱོང་དང༌། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་དཔལ། །ཐམས་ཅད་མཁྱེན་པ་ཀུན་དགའ་བསྟན་འཛིན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །
དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །བདག་གཞན་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར། །དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་ཀྱིས་བཟུང༌། །རྣམ་དག་བསྟན་ལ་འཇུག་པར་བྱིན་གྱིས་རློབས། །ཁྱད་པར་སྨིན་བྱེད་དབང་དང་རྗེས་གནང་གིས། །རྒྱུད་སྨིན་ཟབ་མོའི་སྔགས་རིག་གྲུབ་པ་ལས། །འཇམ་མགོན་དགྱེས་པའི་ཞལ་བཟང་མཐོང་བ་དང༌། །གསུང་གི་བདུད་རྩི་ཐོབ་པར་བྱིན་གྱིས་རློབས། །དེ་མཐུས་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །དད་དང་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོང༌། །ཕུལ་བྱུང་ཟབ་གསལ་མྱུར་བའི་བློ་གྲོས་དང༌། །སྤོབས་པའི་གཏེར་ཆེན་གྲོལ་བར་བྱིན་གྱིས་རློབས། །མང་དུ་ཐོས་པའི་དཔག་བསམ་རབ་རྒྱས་པར། །བསམ་བྱུང་དག་པའི་པདྨོ་མཛེས་འབར་ཞིང༌། །དོན་སྒོམ་ནོར་བུའི་སྙེ་མ་གཡུར་ཟ་བས། །ཕན་བདེའི་འདོད་པ་འཇོ་བར་བྱིན༴ །ཚིག་སྙན་སྡེབ་ལེགས་སྦྱོར་བས་རབ་བཅིངས་ཤིང༌། །དོན་བཟང་རིན་ཆེན་བྱེ་བའི་དཔལ་འཛིན་པ། །རྩོམ་ཕྲེང་ཐུབ་བསྟན་མཛེས་པའི་རྒྱན་གཅིག་པུ། །སྲིད་མཐའི་བར་དུ་འཕེལ་བར་བྱིན༴ །ཕྱི་ནང་རིག་གཞུང་མཐའ་དག་འཁྲུལ་མེད་པར། །དགོས་བསྡུས་ཚིག་དོན་མཚམས་སྦྱོར་བརྒལ་ལན་གྱིས། །འཆད་པས་བློ་གསལ་རྒྱ་མཚོའི་ཡིད་འཕྲོག་པའི། །སྨྲ་བའི་དབང་ཕྱུག་ཐོབ་པར་བྱིན༴ །གཞལ་བྱའི་གནས་ཀུན་མངོན་སུམ་རྗེས་དཔག་གིས། །བསྒྲུབ་དང་སུན་འབྱིན་ཚེར་མ་དབྱུང་མཁས་པའི། །རྩོད་པས་ཕས་རྒོལ་ཕྱོགས་ལས་རྣམ་རྒྱལ་པའི། །གྲགས་དཀར་ས་གསུམ་ཁྱབ་པར་བྱིན༴ །མཐར་ཐུག་ཤེས་བྱའི་ཆོས་ཀུན་ཇི་བཞིན་མཐོང༌། །ཤེས་པ་སྤྲོས་བྲལ་ཞི་བའི་དབྱིངས་སུ་སིམ། །ཤེས་དང་ཤེས་བྱ་རོ་གཅིག་འཇམ་པའི་དཔལ། །ཚེ་འདིར་མངོན་སུམ་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་རྣམས་ལས་ཆོས་ཚུལ་འདིའི་བཀའ་དྲིན་མང་དུ་ཐོབ་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མི་ཕྱེད་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།ཤུ་བྷཾ།།
ཆོས་རྗེ་ས་སྐྱ་པཎྜི་ཏ་དང་འཇམ་དབྱངས་དམར་སེར་སྦགས་ཏེ་སྒྲུབ་པའི་ཐབས་བྱིན་རླབས་དང་བཅས་པའི་སྐོར་རྣམས།
ཆོས་རྗེ་ས་སྐྱ་པཎྜི་ཏ་དང་འཇམ་དབྱངས་དམར་སེར་སྦགས་ཏེ་སྒྲུབ་པའི་ཐབས་བྱིན་རླབས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ཆོས་རྗེ་ཉིད་ཀྱིས་མཛད་པའི་རིག་གཏེར་རང་འགྲེལ་གྱི་མཆོད་བརྗོད་ལས་བྱུང༌།་་་་་»ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་ཤིང༌། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་འགྲོ་བ་དུ་མའི་མགོན། །གདུལ་བྱའི་དོན་དུ་དཔལ་ལྡན་ས་སྐྱ་རུ། །ཆུ་ཕོ་དགེ་བྱེད་དཔྱིད་ཟླ་ར་བ་ཡི། །ཉི་ཤུ་དྲུག་ལ་བལྟམས་པ་ནས་བཟུང་སྟེ། །སྤྲུལ་པའི་གནས་སུ་ལྕགས་ཕག་སྨལ་པོ་ཡི། །བཅུ་བཞིའི་ཐོ་རངས་ཞི་བར་གཤེགས་ཀྱི་བར། །རབ་ཏུ་ངོ་མཚར་རྣམ་ཐར་དཔག་མེད་རྣམས། །མདོར་བསྡུས་འཆད་ལ་གུས་པས་མཉན་པར་གྱིས། །བྱང་ཆུབ་སེམས་ཀྱི་ཀླུ་དབང་སྤྱི་བོའི་སྟེང༌། །ཡོན་ཏན་དཔག་མེད་རིན་ཆེན་རྒྱན་གྱིས་མཛེས། །ཤེས་རབ་ཟག་མེད་ཡུམ་གྱི་རྒྱ་མཚོར་ཞུགས། །དབང་འབྱོར་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བལྟམས་པའི་དུས་ན་འོད་ཀྱིས་འཇིག་རྟེན་ཁྱབ། །ཡུམ་ལ་མ་གནོད་བདེ་བའི་རྣམ་པ་རྒྱས། །མཁའ་འགྲོའི་དབང་
པོ་དཔག་ཡས་མཁའ་ལ་འདུས། །མི་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱི་མ་མོ་མ་བསླབས་ཁོང་དུ་ཆུད། །གཞོན་ནུའི་དུས་ནས་ཡོན་ཏན་ཐམས་ཅད་རྫོགས། །མཁས་པ་དུ་མས་ཚོགས་ཀྱི་དབུས་སུ་བསྟོད། །བློ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མི་ནས་མིར་གྱུར་སྐྱེ་བ་ཉི་ཤུ་ལྔར། །འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་གྱུར་པས། །བཟོ་དང་གསོ་བ་སྒྲ་ཚད་ནང་དོན་རིག །མཚུངས་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྲིད་པ་ཀུན་ཏུ་ལེགས་པར་སྦྱངས་པས་ན། །རྨི་ལམ་ན་ཡང་ཆོས་ཀྱི་སྒོ་རྣམས་ཀུན། །དགེ་བའི་བཤེས་ཀྱིས་དངོས་སུ་གདམས་པ་མཛད། །རྣམ་དག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟབ་མོའི་ལམ་གྱི་བྱིན་གྱིས་བརླབས་པའི་ཚེ། །རྗེ་བཙུན་བླ་མ་འཇམ་པའི་དབྱངས་སུ་གཟིགས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཐུགས་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཐབས་ཀྱི་ལམ་གྱིས་འབྱུང་བཞི་རབ་ཏུ་སྦྱངས། །ངག་གི་བཟླས་པས་ཁྲོ་རྒྱལ་དངོས་སུ་གཟིགས། །བླ་མའི་དྲིན་གྱིས་རྟོགས་པ་མཆོག་ཏུ་གྱུར། །སྐྱོན་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་
ལོ། །རྟོག་གེ་ངན་པའི་རྒོལ་བ་ཐམས་ཅད་བཟློག །རློམ་པས་ཁེངས་པའི་རྟོག་གེ་ཟིལ་གྱིས་གནོན། །མཁས་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ། །འཇིགས་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཡོངས་སུ་འཛིན་པའི་རྟོག་པ་ཀུན་ཏུ་སྤངས། །ཆོས་ཀྱི་སྦྱིན་པ་རྟག་ཏུ་ལྷུག་པར་གཏོང༌། །གཞན་གྱི་དོན་ལ་བསྙེལ་བ་མི་མངའ་བའི། །བརྩེ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གདུལ་བྱའི་དོན་དུ་སྙུང་བའི་ཚུལ་བསྟན་ཚེ། །འཇམ་པའི་དབྱངས་དང་བྱམས་མགོན་བློ་ལྡན་དང༌། །ཞི་བ་ལྷ་དང་འཕགས་པ་ཀླུ་སྒྲུབ་གྱིས། །བསྙུང་གསོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བསམ་པ་དག་པའི་གདུལ་བྱ་འགའ་ཞིག་གིས། །འཇམ་པའི་དབྱངས་སུ་མིག་གིས་མཐོང་གྱུར་ཅིང༌། །འཕགས་པའི་ཡུལ་ནའང་གཏམ་དུ་དེ་ལྟར་གྲགས། །ལྷུན་གྲུབ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཤིང་མོ་སྦྲུལ་གྱི་དབྱར་ཟླ་འབྲིང་པོ་དང༌། །ལྕགས་ཕོ་ཁྱི་ཡི་སྟོན་ཟླ་ཐ་ཆུང་ཚེ། །ལྕགས་མོ་ཕག་ལ་གཞན་དོན་འགྲོ་ཞེས་གསུངས། །དུས་མཁྱེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མིག་འཕྲུལ་ལྟ་བུའི་ཏིང་འཛིན་ལ་གནས་ནས། །བསྙུང་མི་མངའ་ཡང་གདུལ་བྱ་ཐམས་ཅད་ཀྱི། །སྒྲིབ་པ་སྦྱང་ཕྱིར་བསྙུང་བའི་ཚུལ་བསྟན་པའི། །བསམ་ཡས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་བརྩོན་པ་བསྐྱེད་པ་དང༌། །སྐལ་དམན་རྣམས་ལ་དགེ་བ་སྤེལ་བའི་ཕྱིར། །སྐུ་ཚེའི་འདུ་བྱེད་ཡང་ཡང་བྱིན་གྱིས་བརླབས། །མངའ་བརྙེས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གཞན་དོན་གཤེགས་པ་ཐུགས་ལ་འཁྲུངས་པའི་ཚེ། །སེམས་མེད་ས་ཡང་རྣམ་པ་དྲུག་ཏུ་གཡོས། །བྱ་རྣམས་ཀུན་ཀྱང་ཅ་ཅོ་དུ་མ་སྒྲོགས། །བྱམས་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དཀྱིལ་འཁོར་སྒྲུབ་པའི་ཆོ་ག་མཛད་པའི་ཚེ། །བླ་མ་རྣམས་དང་ཀྱེ་ཡི་རྡོ་རྗེ་ཡི། །དཀྱིལ་འཁོར་ལྷ་རྣམས་མངོན་སུམ་གཟིགས་པར་གྱུར། །དབང་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྤྱན་རས་གཟིགས་ཀྱིས་ཕྱག་གིས་དབུ་
ལ་བྱུགས། །རྗེ་བཙུན་སྒྲོལ་མ་ནམ་མཁའི་མཐོངས་སུ་བྱོན། །འཇམ་དབྱངས་མགོན་པོ་ཡང་དང་ཡང་དུ་གཟིགས། །ཁྱུ་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྒྲ་དབྱངས་མི་ཟད་སྒྲོགས་པའི་རྒྱལ་པོ་དང༌། །ཤཱཀྱ་སེང་གེ་སློབ་མར་བཅས་པ་སོགས། །སྤྲུལ་པའི་དཀྱིལ་འཁོར་དུ་མ་ཡང་ཡང་གཟིགས། །མི་ཕུལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྗེ་བཙུན་མཐུ་སྟོབས་ནག་པོའི་ཞལ་སྔ་ནས། །ཁྱོད་ནི་ཉི་མ་རྒྱལ་པོའི་བུར་གྱུར་ཚེ། །དྲི་མ་མེད་དཔལ་སངས་རྒྱས་ཉིད་འགྱུར་ཞེས། །ལུང་བསྟན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གསང་བའི་གནས་ནི་ལྟ་བས་མི་མངོན་ཞིང༌། །དབུ་ཡི་གཙུག་ཏོར་མཆོག་ཏུ་གསལ་པོར་འཕགས། །སྨིན་མཚམས་མཛོད་སྤུ་ཁ་བ་དུང་ལྟར་འཁྱིལ། །མཚན་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རོལ་མོའི་སྒྲ་རྣམས་མཁའ་ལས་ཡང་ཡང་གྲགས། །འཇའ་འོད་རྣམ་པའི་གདུགས་དང་བ་དན་འཕྱར། །ལྷ་རྣམས་ཤུགས་ཀྱིས་ས་ཡང་རབ་ཏུ་གཡོས། །ཉེར་ཞི་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བྱམས་པའི་སྟོབས་ཀྱིས་སྐྱེ་བོ་དཔག་མེད་འདུས། །ལྷ་མིའི་མཆོད་པ་ཕུལ་དུ་བྱུང་བ་བརྙེས། །སྐུ་གདུང་རིང་སྲེལ་དད་ལྡན་རྟེན་ཏུ་བཞག །ཕན་དགོངས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ།«་་་་་བར་འདིར་སྐྱེ་བ་སྐྱེ་བ་སོགས་འཇུག་པའི་སྲོལ་འདུག་ཀྱང༌། གཞུང་ཚིག་མིན་པས་དཀྱུས་སུ་མ་བྲིས།» །ཡོན་ཏན་ཚད་མེད་འོད་གསལ་ཆོས་ཀྱི་སྐུ། །མཚན་དཔེས་རབ་བརྒྱན་གསུང་དབྱངས་སེང་གེའི་སྒྲ། །ཡིད་བཞིན་ནོར་ལྟར་འགྲོ་བའི་དོན་མཛད་པའི། །འགྲོ་མགོན་བླ་མ་བརྒྱུད་པར་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པས་མཆོད། །ལུས་ངག་ཡིད་ཀྱི་སྡིག་པ་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོ༌། །ཆོས་འཁོར་བསྐོར་ཞིང་རྟག་ཏུ་བཞུགས་པར་གསོལ། །མགོན་པོ་ཁྱོད་ཀྱིས་བྱང་ཆུབ་ཚུལ་བསྟན་ཚེ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས་ནས་ཀྱང༌། །བདག་སོགས་གདུལ་བྱ་ཡལ་
བར་མི་འདོར་ཞིང༌། །ཐེག་མཆོག་བདུད་རྩིས་ཚིམ་པར་མཛད་དུ་གསོལ། །གཟུངས་དང་སྤོབས་པ་ཆོས་ཀྱི་གྲུ་སྦྱར་ཏེ། །ཉོན་མོངས་ལས་དང་སྐྱེ་བའི་ཆུ་བོ་ལས། །སེམས་ཅན་ཐམས་ཅད་ལེགས་པར་བསྒྲལ་ནས་ཀྱང༌། །མཐའ་གཉིས་ལས་གྲོལ་བདེ་ཆེན་སྩལ་དུ་གསོལ། །སེམས་ཅན་བུ་ཚའི་སྤྱོད་པ་ཅི་འདྲ་ཡང༌། །ཕ་མའི་བྱམས་པའི་འདོར་བར་མི་འགྱུར་ལྟར། །རྨོངས་པས་བསླུས་པ་བདག་སོགས་གདུལ་བྱ་ཡི། །སྤྱོད་པ་ཅི་འདྲ་དེ་འདྲར་ཐུགས་རྗེས་གཟིགས། །སྲིད་པ་ཀུན་ཏུ་བླ་མའི་ཞབས་བསྟེན་ཅིང༌། །རྙེད་དང་བཀུར་སྟི་བསྒྲུབས་པས་མཆོད་བྱས་ཏེ། །སྟོན་པའི་འདུ་ཤེས་སྐད་ཅིག་མི་འབྲལ་ཞིང༌། །སྐྱོན་གྱི་རྟོག་པས་གོས་པར་མ་གྱུར་ཅིག །བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང༌། །ངོ་མཚར་མོས་པ་རབ་ཏུ་འཕེལ་འགྱུར་ཞིང༌། །བྱ་བ་ཀུན་ལ་གཞན་དུའང་མི་རྟོག་པར། །ཕན་པའི་འདུ་ཤེས་རྟག་ཏུ་རྙེད་གྱུར་ཅིག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །སངས་རྒྱས་འཐོབ་ཕྱིར་རྣམ་ཐར་མདོར་བསྡུས་ནས། །ཡན་ལག་བདུན་པ་ལེགས་པར་བསྡེབས་པ་འདི། །ལྕགས་ཕག་རྒྱལ་ཟླར་ལིང་ཆུ་རྩེ་ཁབ་ཏུ། །རིག་པ་སྨྲ་བ་ཡར་ཀླུངས་པ་ཡིས་སྦྱར། །བླ་མ་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་པར་ཐར་པ་མདོར་བསྡུས་པ་སྟེ། རྒྱས་པར་རྣམ་ཐར་གྱི་ཡི་གེ་ཆེན་མོར་བལྟ་བར་བྱའོ། ༈ །སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང༌། །མཁས་པ་མཁས་པའི་ཚོགས་ལ་སྔོན་སྦྱངས་པས། །ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་ན། །གཞུང་ལུགས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། ༈ །ཆོས་རྗེ་ས་སྐྱ་པཎྜི་ཏའི་རྣམ་ཐར་སྒོམ་ཚུལ་བཞུགས། ཆོས་ཀུན་སྤྲིན་ལྟར་གཟིགས་པའི་མཁྱེན་པ་ཅན། །འགྲོ་ཀུན་བུ་ལྟར་སྐྱོང་བའི་བརྩེ་བ་ཅན། །གཞན་
དོན་བྲན་ལྟར་སྒྲུབ་པའི་ཕྲིན་ལས་ཅན། །འཇམ་དབྱངས་པཎ་ཆེན་ཞབས་ལ་ཕྱག་འཚལ་ནས། །སྐལ་ལྡན་གདུལ་བྱ་མཆོག་ལ་འགོད་ཕྱིར་དུ། །དེ་ཡི་རྣལ་འབྱོར་རིམ་པ་བསྒོམ་པའི་ཚུལ། །དད་དང་བརྩེ་བའི་བསམ་པས་བྲི་བར་བྱ། །དད་བརྩོན་ཤེས་རབ་ལྡན་རྣམས་གུས་པས་ལོངས། །ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར་བསྒོམ་པར་འདོད་པས། རིགས་དྲུག་ལ་བརྩེ་བ་དང༌། དཀོན་མཆོག་གསུམ་ལ་དད་པས་ཀུན་ནས་བསླངས་ཏེ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། ཚད་མེད་པ་བཞི་བསྒོམ་པས་བསོད་ནམས་ཀྱི་ཚོགས་དང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པ་ཉིད་བསྒོམ་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་སྔོན་དུ་སོང་བས། རང་གི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ། ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། ཆོས་ཀྱི་རྗེ་འཇམ་པའི་དབྱངས་ཀྱི་ངོ་བོ། སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཐུགས་ཀར་མཛད་པས་ཨུཏྤ་ལའི་ཡུ་བ་འཛིན་པ་སྙན་གཉིས་ཀྱི་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་སྟེང༌། གཡས་ན་ཤེས་རབ་ཀྱི་རལ་གྲི་མེ་འབར་བ། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་ཡོད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། ཆོས་གོས་སྣམ་སྦྱར་གསོལ་བ། དེའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་སྟེང་དུ་ཨཱཿདམར་པོ། ཐུགས་དཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བླ་མ་དང༌། སངས་རྒྱས་བྱང་སེམས། ཉན་ཐོས་རང་རྒྱལ། ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྱན་དྲངས། གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད། རང་གི་ལུས་ཀྱི་གསང་གནས་ནས་སྤྱི་བོའི་བར། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྦ་ལྕག་ཙམ་གྱི་ཁ་ཚད་བུག་ཏུ་བྱེ་བའི་ནང་དུ། གདན་གྱི་པདྨའི་ཡུ་བ་ཟུག་པ། སྤྱི་བོའི་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ།
མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམ། གང་དྲིན་མ་དང༌། སྐུའི་སྤྱོད་པ་རྣམ་དག་མ་དང༌། ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ཅི་ཤེས་པའི་སྒོ་ནས་བསྟོད་ཅིང༌། གསོལ་བ་བཏབ་པས། ཆོས་རྗེའི་སྤྱི་བོའི་ཨོཾ་ལས་བདུད་རྩི་དཀར་པོ་བབས་ཆོས་རྗེའི་སྐུ་བརྒྱུད། རང་གི་སྤྱི་བོའི་ཨོཾ་ལ་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་ཐོབ། ཆོས་རྗེའི་མགྲིན་པའི་ཨཱཿལས་བདུད་རྩི་དམར་པོ་བབས། རང་གི་མགྲིན་པའི་ཨཱཿལ་ཐིམ། གསང་བའི་དབང་ཐོབ། ངག་གི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཐོབ། ཆོས་རྗེའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩི་སྔོན་པོ་བབས། རང་གི་སྙིང་གའི་ཧཱུྃ་ལ་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་ཐོབ། ཆོས་རྗེའི་ཨོཾ་ཨཱཿཧཱུྃ་ལས་བདུད་རྩི་དཀར་དམར་སྔོ་གསུམ་འདྲེས་པ་འཇའ་ཚོན་གྱི་རྣམ་པ་ལྟ་བུར་བབས། རང་གི་རྐང་མཐིལ་ཡན་ཆད་གང༌། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་དག་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང༌། ཉིན་པར་སྤྱི་བོར་བསྒོམ། མཚན་མོ་རང་གི་ལུས་གཞལ་ཡས་ཁང༌། སྙིང་གར་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། འོད་ཁ་དོག་སྣ་ཚོགས་པའི་གུར་ཁང་ནང་དུ་བཞུགས་པ་ལ། ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཞེས་སོགས་ཀྱིས་མཆོད་བསྟོད་གསོལ་བ་བཏབ་ལ། རང་སེམས་ཆོས་རྗེའི་ཐུགས་ཀའི་ཧཱུྃ་ལ་བསྟིམས་ལ། མི་རྟོག་པའི་ངང་ལ་ཉལ་བར་བྱའོ། །ཐོ་རངས་ནས་ལངས་ལ། སྔར་བཞིན་སྤྱི་བོར་བསྒོམས་ལ། གསོལ་བ་དྲག་ཏུ་དུས་གསུམ་རྒྱུན་དུ་བཏབ་ན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་ངེས་སོ། །འཇམ་དབྱངས་ཀྱི་བསྙེན་པ་བྱེད་ན། སྔར་བཞིན་བསྒོམས་པའི་ཐུགས་
ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿདམར་སེར། དེའི་མཐའ་མར་གཡས་སྐོར་དུ་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་པ་དམར་སེར་གྱིས་བསྐོར་བ་ལ་དམིགས་ནས། སྔགས་དེ་བརྒྱ་སྟོང་ཁྲི་ལ་སོགས་པ་ཉིན་རེ་བཞིན་ཅི་ནུས་ཟླའོ། །མཇུག་ཏུ་བསྟོད་གསོལ་བྱས་ནས་དངོས་གྲུབ་བླང་ངོ༌། །ཞེས་པ་འདི་དེ་ཉིད་ལ་དད་པ་བརྟན་པོ་ཐོབ་པ་གཡག་གི་མིང་ཅན་སངས་རྒྱས་དཔལ་གྱིས་སྦྱར་བའོ།། ༈ །འཇམ་དབྱངས་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་བཞུགས་སོ། །དམར་སེར་དྷཱིཿཡིག་འོད་དུ་འཁྱིལ་བ་ལས། །རྒྱལ་བ་ཀུན་གྱི་མཁྱེན་པའི་ཡེ་ཤེས་སྐུ། །གདུལ་བྱའི་ཡིད་མཁར་བྷཱུ་མི་པཎྜི་ཏ། །ཀུན་དགའ་རྒྱལ་མཚན་ཞབས་ཀྱིས་བདག་སྐྱོངས་ཤིག །དེ་ལ་འདིར་འཇམ་དབྱངས་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་གཞན་ལ་འབོགས་པར་སྤྲོ་ན། ཡིད་དང་མཐུན་པའི་གནས་སུ་དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པ་བཟང་བར་བཤམ། རང་ཉིད་བདེ་བའི་སྟན་ལ་འཁོད་དེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝའི་སྔགས་བརྗོད། ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་བསྒོམ། རང་གི་སྤྱི་བོར་པད་ཟླའི་གདན་ལ། ས་སྐྱ་པཎྜི་ཏ་ཉིད་ངོ་བོ་འཇམ་པའི་དབྱངས་ལ། པཎྜི་ཏའི་རྣམ་པ་ཅན། ཆོས་འཆད་ཀྱི་ཕྱག་རྒྱས་སྙན་གཡས་གཡོན་གྱི་ཨུཏྤལའི་སྟེང་དུ་རལ་གྲི་དང་པུསྟི་འཛིན་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སྐྱབས་གནས་ཐམས་ཅད་བསྟིམ། གང་དྲིན་མ་དང་བསྟོད་པ་ཆོས་རྒྱལ་མ་ཚར་གཅིག་གམ་གསུམ་འདོན། དབང་བཞི་བླང༌། བླ་མ་རང་གི་སྤྱི་བོ་ནས་ཞུགས་སྙིང་གར་ཟླ་བའི་སྟེང་དུ་བཞུགས་པ་ལ། ཐོས་པ་རྒྱ་མཚོ་མས་གསོལ་བ་བཏབ་ལ། རང་སེམས་དང་བླ་མའི་ཐུགས་གཉིས་རོ་གཅིག་ཏུ་འདྲེས་པའི་ངང་ཅུང་ཟད་མཉམ་པར་བཞག སྐྱེ་བ་ཀུན་ཏུ་ཡང་དག་སོགས་བྱ། དེ་ནས་སློབ་མ་བོས་ལ་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་
ཆེད་དུ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་དང༌། འཇམ་དབྱངས་སྦགས་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་གསན་ནས་ཐུགས་ཉམས་སུ་བཞེས་སྙམ་པ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། ཆོས་འདིའི་བྱུང་ཚུལ་ནི། མགོན་པོ་བྱམས་པའི་རྣམ་འཕྲུལ་ཀུན་མཁྱེན་གཡག་སྟོན་མི་ཕམ་ཆོས་ཀྱི་བླ་མ་དེ་ཉིད་ཀྱི་འོད་གསལ་དག་པའི་སྣང་བ་ལ། ས་པཎ་ཉིད་པོད་རལ་འཛིན་པའི་སྐུའི་རྣམ་པ་ཅན་དུ་གསལ་བར་གཟིགས། དེའི་ཚེ་ཐུགས་དད་པ་ཆེན་པོས་བསྟོད་པ་མང་དུ་མཛད། ཁྱད་པར་བསྟོད་པ་ཆོས་རྒྱལ་མས་བསྟོད། བླ་མ་འཇམ་པའི་དབྱངས་རང་ལ་བསྟིམ་པ་སོགས་ཀྱི་ཉམས་བཞེས་མཛད་ཅིང༌། དེ་ལྟ་བུའི་ཉམས་ལེན་གྱི་རྒྱུན་དེ་ཉིད་ཀུན་མཁྱེན་རོང་སྟོན་ཆེན་པོ་ལ་གནང༌། དེས་ཞལ་སློབ་སོ་སོ་ལ་གནང་བ་ནས་བཟུང་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱུང་ཞིང་འདི་ལ་ཆོས་རྒྱལ་མའི་འདོན་ཐབས་སུ་ཡང་གྲགས་སོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་ཞུ་བའི་ཡོན་དུ་མཎྜལ་དང༌། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་སོགས་ཀྱིས་རྒྱུན་བཤགས་བྱ། དེ་ནས་ཐུགས་འདུན་དམིགས་པ་འདི་བཞིན་གནང་བར་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། ས་སྐྱ་པཎྜི་ཏ་དེ་ཉིད་ངོ་བོ་བླ་མ་འཇམ་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ།«་་་་་རྗེ་བཙུན་གྲགས་པའི་རིགས་བདག་མི་བསྐྱོད་པའི་རྣམ་པར་བཞུགས་པ་ཞེས་རྗེ་གྲོལ་མཆོག་གསུངས། »ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཐུགས་ཀར་མཛད་པས་ཨུཏྤལའི་ཡུ་བ་འཛིན་པ། དེའི་འདབ་མ་སྙན་གཡས་གཡོན་གྱི་ཐད་དཀར་ཁ་གྱེས་པའི་སྟེང་གི་གཡས་ན་ཤེས་རབ་ཀྱི་རལ་གྲི་མེ་འབར་བ། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་ཀ་ཡོད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། ཆོས་གོས་དང་སྣམ་སྦྱར་གསོལ་བ། དེའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀ་
ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བླ་མ་སངས་རྒྱས་བྱང་སེམས། ཉན་ཐོས་རང་རྒྱལ། ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ན་བཞུགས་པའི་བླ་མ་ཆོས་ཀྱི་རྗེ་ལ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་གསང་གནས་ནས་སྤྱི་བོའི་བར་དུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦ་ལྕག་ཙམ་གྱི་ཁ་ཚངས་བུག་ཏུ་བྱེ་བའི་ནང་དུ། བླ་མའི་གདན་པདྨའི་ཡུ་བ་ཟུག་པ། རང་གི་སྤྱི་བོ་ཡང་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམས་ལ། གུས་འདུད་དང་བཅས་ཏེ་བསྟོད་པ་འདི་གསུང་བར་ཞུ། གང་དྲིན་མ་ཚར་གསུམ་དང༌། སྤྲོ་ན། སྐུ་ཡི་སྤྱོད་པ་རྣམ་དག་པ་ཡང་བྱ། ཆོས་རྒྱལ་མ་ཚར་གཅིག་གམ་གསུམ་ལ་སོགས་པ་འདོན་དུ་བཅུག ཡང་དམིགས་པ་འདི་བཞིན་དུ་གནང་བར་ཞུ། ཆོས་ཀྱི་རྗེའི་སྤྱི་བོའི་ཨོཾ་ལས་བདུད་རྩི་དཀར་པོ་བབས། སྐུའི་ནང་བརྒྱུད་རང་གི་སྤྱི་བོའི་ཨོཾ་ལ་ཐིམ་པས་ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཡང་ཆོས་ཀྱི་རྗེའི་མགྲིན་པའི་ཨཱ་ལས་བདུད་རྩི་དམར་པོ་བབས། རང་གི་མགྲིན་པའི་ཨཱཿལ་ཐིམ་པས། ངག་གི་དྲི་མ་དག གསང་བའི་དབང་ཐོབ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཡང་ཆོས་ཀྱི་རྗེའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩི་སྔོན་པོ་བབས། རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པས། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཡང་ཆོས་ཀྱི་རྗེའི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་ལས་བདུད་རྩི་དཀར་དམར་སྔོ་གསུམ་འདྲེས་པ་འཇའ་ཚོན་གྱི་རྣམ་པ་ལྟ་བུ་བབས། རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག རྐང་མཐིལ་ཡན་ཆད་གང༌། དབང་བཞི་པ་ཐོབ། དུས་
གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཡང་དམིགས་པ་འདི་བཞིན་དུ་གནང་བར་ཞུ། ཆོས་ཀྱི་རྗེ་དེ་ཉིད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་རྩ་དབུ་མའི་ནང་ནས་ཞུགས། རང་རང་གི་ལུས་གཞལ་ཡས་ཁང་དུ་གྱུར་པའི་སྙིང་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། འོད་ཁ་དོག་སྣ་ཚོགས་པའི་གུར་ཁང་དུ་བཞུགས་པ་ལ། མོས་གུས་དུང་བ་བསྒོམས་ལ་འདི་གསུང་བར་ཞུ། ཐོས་པ་རྒྱ་མཚོ་མ་ཚར་གཅིག་བརྗོད་དུ་གཞུག ད་ཁྱེད་རང་རྣམས་ཀྱི་སེམས་ཆོས་རྗེའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམས་ལ། གང་དུའང་རྣམ་པར་མི་རྟོག་པའི་ངང་ལ་ཅུང་ཟད་རེ་འཇོག་པར་ཞུ། དེས་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་གྲུབ། ཡང་སྐབས་གཞན་དུ་འཇམ་དབྱངས་སྒེར་བསྙེན་བྱེད་པར་འདོད་ནའང་རང་གི་སྤྱི་བོར་སྔར་བཞིན་ཆོས་རྗེ་བསྒོམས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿདམར་སེར་དེའི་མཐར་གཡས་སྐོར་དུ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པ་དམར་སེར་གྱིས་བསྐོར་བ་ལ་དམིགས་ཏེ། སྔགས་བརྒྱ་སྟོང་ཁྲི་ལ་སོགས་པ་ཐུན་རེ་ལ་ཅི་ནུས་བཟླ། ཐུན་གྱི་མཇུག་ཏུ། བསྟོད་པ་དང་གསོལ་བཏབ་བྱས་ནས། དབང་བཞིའི་དངོས་གྲུབ་བླང༌། དགེ་བ་བསྔོ། ཐུན་མཚམས་ཀུན་དུའང༌། ཉིན་མོ་བླ་མ་སྤྱི་བོར་བསྒོམ། མཚན་མོ་རང་གི་སྙིང་གའི་སྟེང་པད་ཟླའི་གདན་ལ་བཞུགས་པར་བསམས་ལ། མོས་གུས་འདུ་འབྲལ་མེད་པར་བྱས་ན། བར་ཆད་གང་གིས་ཀྱང་མི་ཚུགས་ཤིང༌། བྱིན་རླབས་ཐམས་ཅད་འཇུག་ནུས་པ་ཡིན། དེ་ལྟར་གདམས་པའི་བླ་མའི་རྣལ་འབྱོར་ལ་ཉམས་ལེན་ཚུལ་བཞིན་དུ་བགྱི་སྙམ་པའི་སྒོ་ནས་འདི་གསུང་བར་ཞུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་དུ་སོགས། མཇུག་ཏུ་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། འཇམ་དབྱངས་དང་ཆོས་རྗེའི་སྐུ་ཡོད་ན་བརྟན་བཞུགས་བྱའོ། །ཟབ་ལས་ཆེས་ཟབ་བླ་མའི་རྣལ་
འབྱོར་འདིས། །བར་ཆད་ཀུན་སེལ་མི་བརྗེད་གཟུངས་དང་ནི། །རྣམ་དཔྱོད་སྤོབས་པ་ཡར་ངོའི་ཟླ་བ་བཞིན། །བསྟན་ལ་བྱ་བ་བྱེད་པའི་མཐུ་ལྡན་འགྱུར། །ཞེས་པ་འདི་ཡང་དགེ་སློང་སྡེ་སྣོད་འཛིན་པ་ངག་དབང་ཆོས་གྲགས་ཀྱིས། དགོན་གསར་བདེ་བ་ཅན་དུ་བསྒྲིགས་པའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ།། ༈ །འཇམ་དཔལ་དང་ས་པཎ་སྦགས་ཏེ་སྒྲུབ་པའི་ཉམས་ལེན་བཞུགས་སོ། །ཨོཾ་བདེ་ལེགས་སུ་གྱུར་ཅིག འཇམ་དཔལ་དང་ས་པཎ་སྦགས་ཏེ་སྒྲུབ་པར་འདོད་པས། སྟན་བདེ་བ་ལ་འདུག་སྟེ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། དེ་ནས་རང་གི་ལུས་འོད་ཀྱི་རང་བཞིན་དུ་གསལ་བའི་དབུས་དྲང་པོར་རྩ་དབུ་མ་ཁོག་སྟོང་མདའ་སྨྱུག་ཙམ་གྱི་ཡར་སྣེ་སྤྱི་བོར་ཟུག་པའི་ནང་ནས་ཐོན་པའི་པདྨ་འདབ་མ་འབུམ་ལྡན་གྱི་ཟེའུ་འབྲུ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དྷཱིཿཡིག་དམར་སེར་ཡོངས་སུ་གྱུར་པ་ལས། འཇམ་དབྱངས་ས་སྐྱ་པཎྜི་ཏ་སྐུ་མདོག་གུར་གུམ་གཞོན་ནུའི་མདོག་ཅན། ཞལ་འཛུམ་བག་དང་ལྡན་ཞིང༌། སྤྱན་གཉིས་སེམས་དཔའི་ལྟ་སྟངས་སུ་མཛད་པ། ཨུཏྤལ་ཟུང་གི་འདབ་མ་སྙན་གྱི་ཐད་ཀར་དགོད་པའི་ཟེ་བ་ལ། ཡེ་ཤེས་ཀྱི་རལ་གྲི་དང༌། ཤེར་ཕྱིན་གྱི་གླེགས་བམ་གྱིས་མཚན་པའི་ཡུ་བ་དང་བཅས་པའི་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཐུགས་ཀར་མཛད་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། སྐུ་ཆོས་གོས་གསུམ་གྱིས་མཛེས་པར་བཀླུབས་པ། མཚན་དཔེ་གསལ་བར་རྫོགས་ཤིང་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པའི་གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་གིས་མཚན་པའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཀོན་མཆོག་གསུམ་གྱི་ངོ་བོར་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ གང་གི་དྲིན་གྱིས་སོགས་དང༌། ཤེས་བྱ་ཐམས་ཅད་སོགས་ཅི་ནུས། ཉུང་ན་ཚར་གཅིག་གི་མཐར། འཇམ་དབྱངས་མཁྱེན་རབ་དབང་ཕྱུག་ཆོས་ཀྱི་རྗེ། །སྐྱབས་གནས་
ཀུན་འདུས་ཞབས་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །ལན་གསུམ། བླ་མའི་དཔྲལ་བའི་ཨོཾ་ལས་བདུད་རྩིའི་རྒྱུན། །དངུལ་ཆུའི་མདོག་ཅན་བབས་པ་སྐུའི་དབྱིབས་བརྒྱུད། །སྤྱི་བོར་ཐིམ་པས་སྨིན་མཚམས་ཡན་ཆད་གང༌། །སྐུ་ཡིས་བྱིན་བརླབས་ལུས་ཀྱི་དྲི་མ་དག །བླ་མའི་མགྲིན་པའི་ཨཱཿལས་བདུད་རྩིའི་རྒྱུན། །པདྨ་རཱ་གའི་མདོག་ཅན་དཔག་མེད་བབས། །སྤྱི་བོའི་ལམ་བརྒྱུད་མགྲིན་པ་ཡན་ཆད་གང༌། །གསུང་གིས་བྱིན་བརླབས་ངག་གི་དྲི་མ་དག །བླ་མའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩིའི་རྒྱུན། །ཨིནྡྲ་ནཱི་ལའི་མདོག་ཅན་དཔག་མེད་བབས། །སྤྱི་བོ་ནས་བརྒྱུད་སྙིང་ག་ཡན་ཆད་གང༌། །ཐུགས་ཀྱིས་བྱིན་བརླབས་སེམས་ཀྱི་དྲི་མ་དག །བླ་མའི་ཡི་གེ་གསུམ་ལས་བདུད་རྩིའི་རྒྱུན། །སྣ་ཚོགས་དབང་གཞུའི་མདོག་ཅན་དཔག་མེད་བབས། །སྤྱི་བོ་ནས་བརྒྱུད་ལུས་ཀུན་བདུད་རྩིས་གང༌། །བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་གིས་ཐོབ། །སྣང་གྲགས་ཆོས་ཀུན་སེམས་ཀྱི་རོལ་པ་སྟེ། །སེམས་སྣང་སྒྱུ་མ་སྤྲུལ་པའི་རྟ་གླང་བཞིན། །བདེན་པ་མེད་བཞིན་སྣང་བ་རྟེན་འབྲེལ་ཆེ། །བརྗོད་བྲལ་འཛིན་མེད་ཆོས་སྐུའི་རང་ཞལ་བལྟ། །ཞེས་ཅུང་ཟད་མཉམ་གཞག་བྱ། དེ་ནས། བླ་མ་དམ་པ་འོད་ཀྱི་གོང་བུར་བཅས། །རང་ལ་ཐིམ་པས་སྙིང་གར་པད་ཟླའི་སྟེང༌། །ལྷ་མཆོག་འཇམ་པའི་དབྱངས་ཀྱི་རྣམ་པ་ཅན། །འོད་ཀྱི་དྲྭ་བ་འཕྲོ་བཞིན་བཞུགས་པ་ཡི། །ཐུགས་ཀར་མཚན་མོའི་མགོན་སྟེང་དྷཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས། །བདག་དང་སྐྱེ་འགྲོ་ཡོངས་ཀྱི་རྨོངས་མུན་བཅོམ། །ཡེ་ཤེས་སྣང་བ་ཚད་མེད་བསྐྱེད་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་ནུས་བཟླས་པའི་མཐར། ཐོས་པ་རྒྱ་མཚོ་ནས། མཉེས་གྱུར་ཅིག་ཅེས་པའི་བར་བརྗོད་ནས། སྐྱབས་གནས་དམ་པའི་ཞབས་ལ་ཕྱག་འཚལ་ཞིང༌། །ཀུན་བཟང་རྣམ་
འཕྲུལ་མཆོད་པའི་སྤྲིན་གྱིས་མཆོད། །ཐོག་མེད་འཁོར་བར་བསགས་པའི་སྡིག་པ་བཤགས། །ལེགས་བྱས་བསོད་ནམས་ཀུན་ལ་རྗེས་ཡི་རང༌། །སྲས་བཅས་རྒྱལ་བས་ཆོས་འཁོར་བསྐོར་བར་བསྐུལ། །དེ་དག་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་ཚོགས་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་སམ། མི་ནུས་ན། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །ཞེས་སོགས་བྱ། དེ་ནས། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོག་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །རིག་པའི་གནས་ལྔར་སྦྱངས་པའི་ཕུལ་ཕྱིན་ནས། །གཞན་ལ་འཆད་པའི་སྤོབས་པ་བདག་ལ་སྩོལ། །མཁས་པའི་མདུན་སར་རྩོད་པའི་གྲར་ཞུགས་ནས། །སྨྲ་ངན་ཕམ་བྱེད་སྤོབས་པ་བདག་ལ་སྩོལ། །དཔྱོད་ལྡན་མཁས་པ་ཀུན་གྱིས་ཡིད་རྟོན་པའི། །སྡེབ་ལེགས་རྩོམ་པའི་སྤོབས་པ་བདག་ལ་སྩོལ། །གཉིས་འཛིན་མུན་པ་འཐིབས་པོ་མཐར་བྱེད་པའི། །སྤྲོས་བྲལ་འོད་བརྒྱའི་སྣང་བ་བདག་ལ་སྩོལ། །དེ་བཞིན་གཤེགས་པ་མི་འཁྲུགས་རྒྱལ་པོའི་ཞིང༌། །ཞེས་སོགས་སྨོན་ལམ་བྱ། གནས་སྐབས་ཐམས་ཅད་དུ་ས་སྐྱ་པཎྜི་ཏ་སྤྱི་གཙུག་གམ་སྙིང་གར་གང་བདེར་བསྒོམ་ཞིང་ཆོས་མཐུན་གྱི་བྱ་བས་གནས་པར་བྱའོ། །ཅེས་པ་འདི་ནི་འཇམ་དབྱངས་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་བཞིན་ཀུན་དགའ་ཚུལ་ཁྲིམས་གྱིས་བྲིས་པ་དགེ་བར་གྱུར་ཅིག། ༈ །འཇམ་མགོན་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་མཁྱེན་བརྩེ་ནུས་མཐུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འདིར་འཇམ་མགོན་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་
འདུག་ལ། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་ས་སྐྱ་པཎྜི་ཏའི་ངོ་བོར་གྱུར་པའི་འཇམ་དབྱངས་དམར་སེར་ཆོས་འཆད་ཨུཏྤལ་གླེགས་རལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ་རྡོར་སྐྱིལ་གྱིས་བཞུགས་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་བླ་མ་དང་སངས་རྒྱས་སུ་མོས་པའི་དྲུང་དུ་བདག་དང་མར་གྱུར་སེམས་ཅན་ཐམས་ཅད་འཁོད་ནས་འཇིགས་དད་སྙིང་རྗེ་གསུམ་གྱིས་ཀུན་ནས་བསླངས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བསམ་པས། ངག་ཏུ། བདག་དང་འགྲོ་བ་སོགས་ནས། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའི་བར་གསུམ་སོགས་ཅི་ནུས་བརྗོད། ཐལ་མོ་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་བརྗོད་པས། སྐྱབས་ཡུལ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྐྱབས་སུ་འགྲོ་བ་པོ་རྣམས་ལ་ཕོག་པས། སྡིག་སྒྲིབ་དག་སངས་རྒྱས་སུ་གྱུར་ནས་རང་རང་གི་ཞིང་དུ་གཤེགས། སྐྱབས་ཡུལ་རང་ལ་ཐིམ་པའམ་མི་དམིགས་པའི་ངང་དུ་བཞག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དབྱངས་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །ལན་གསུམ་སོགས་ཀྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་སྦྱང༌། སྟོང་པའི་ངང་ལས་རང་གི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ། ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ངོ་བོ་འཇམ་དབྱངས་ལ་རྣམ་པ་པཎྜི་ཏ་སྐུ་མདོག་དམར་སེར་ཞག་གཅིག་ཕྱག་གཉིས་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ནས་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་མེ་ཏོག་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་གཡས་ཀྱི་སྟེང་ན་རལ་གྲི་མེ་འབར་བ་དང༌། གཡོན་གྱི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་ཡོད་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་
བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། དབུ་ལ་ས་ཞུ་དང༌། སྐུ་ལ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གསོལ་བ། དེའི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲང༌། སྤྱི་བོ་ན་བཞུགས་པའི་ཆོས་རྗེ་ལ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པས་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ། དེ་ནས་རང་གི་ལུས་ཀྱི་གསང་གནས་ནས་སྤྱི་བོའི་བར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྦོམ་ཕྲ་སྦ་ལྕག་ཙམ་གྱི་ཁ་ཚངས་བུག་ཏུ་ཕྱེ་བའི་ནང་དུ་ཆོས་ཀྱི་རྗེའི་གདན་པདྨའི་ཡུ་བ་ཟུག་པ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་གསལ་བར་གྱུར་པར་བསམས་ལ་ངག་ཏུ་བརྗོད་ཅིང་གསལ་བཏབ། དེ་ནས་བདག་ལ་སྐྱིད་སྡུག་ལེགས་ཉེས་མཐོ་དམའ་ཅི་བྱུང་ཡང་ཆོས་རྗེ་ཉིད་ལས་རེ་ས་གཞན་ན་མེད་པས་ཐུགས་རྗེས་གཟིགས་ཤིག་སྙམ་པའི་མོས་གུས་དྲག་པོ་སྙིང་གི་དཀྱིལ་ནས་དུང་ལྷང་ལྷང་པ་དང་བཅས། ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་ཤིང༌། །སོགས་ཤློ་ཀ་གཅིག་བརྒྱ་སྟོང་ནས་བདུན་གྱི་བར་བརྗོད། ཤེས་ན་ཆོས་རྒྱལ་མ་རྒྱས་བསྡུས་གང་རིགས་ཚར་གསུམ་མམ་གཅིག་བརྗོད་ལ་བཟླས་པ་བྱ་བ་ནི། ཆོས་རྗེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿདམར་སེར་གྱི་མཐར་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་ཨོཾ་ཨ་ར་པ་ཙ་ན་ཞེས་པ་ཁ་དོག་དམར་སེར་གྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲང༌། ཆོས་རྗེའི་ཐུགས་ཀའི་དྷཱིཿཡིག་
སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་འོད་ཟེར་དམར་སེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་མི་ཤེས་པའི་མུན་པ་ཐམས་ཅད་སྦྱངས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར། ཅེས་དང་སྤྲོ་བསྡུའི་དམིགས་པ་དེ་ཡང་ཡང་གསལ་འདེབས་པ་དང་མ་བྲལ་བའི་ངང་ནས། ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་ཐུན་རེ་ལ་བརྒྱ་སྟོང་ཁྲི་སོགས་ཅི་འགྲུབ་དང༌། བསྙེན་པ་བྱེད་ན་འབུམ་ཕྲག་བརྒྱད་ཅུ་ཙམ་བཟླའོ། །གང་ལྟར་ཡང་ཐུན་གྱི་རྗེས་སུ། འཇམ་མགོན་བླ་མ་ཉིད་ལ་མོས་གུས་དུང་པ་དང་བཅས་ཕྱོགས་བཅུ་དུས་གསུམ་མ་ཚིག་ལྷུག་གི་སྒོ་ནས་གསོལ་བ་འདེབས་པའམ། ཡང་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དང་དབྱེར་མ་མཆིས་པའི་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་སོགས་ཀྱིས་གསོལ་བ་བཏབ་པས། ཆོས་རྗེའི་དཔྲལ་བའི་ཨོཾ་ལས་བདུད་རྩི་དཀར་པོ་བབས། སྐུའི་ནང་བརྒྱུད་གདན་པདྨའི་ཡུ་བ་ལ་འཁྲིལ་ནས་རང་གི་དཔྲལ་བའི་ཨོཾ་ལ་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་ཐོབ། ཆོས་རྗེའི་མགྲིན་པའི་ཨཱཿལས་བདུད་རྩི་དམར་པོ་བབས། རང་གི་མགྲིན་པའི་ཨཱཿལ་ཐིམ། གསང་བའི་དབང་ཐོབ། ངག་གི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཐོབ། ཆོས་རྗེའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩི་སྔོན་པོ་བབས། རང་གི་སྙིང་གའི་ཧཱུྃ་ལ་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་ཐོབ། ཆོས་རྗེའི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་
གསུམ་ལས། བདུད་རྩི་དཀར་དམར་སྔོ་གསུམ་འདྲེས་པ་འཇའ་ཚོན་གྱི་རྣམ་པ་ལྟ་བུ་བབས། རང་གི་སྒོ་གསུམ་ལ་ཐིམ། ལུས་ཀྱི་ནང་གང༌། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཆོས་རྗེ་དེ་རང་གི་སྤྱི་བོའི་རྩ་དབུ་མའི་ནང་ནས་ཞུགས། དེ་མ་ཐག་ཚངས་བུག་གི་སྒོ་འགྲིགས། ལུས་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་སྙིང་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་འཇའ་འོད་ཁ་དོག་སྣ་ཚོགས་པའི་གུར་གྱི་ནང་ན་དུས་རྟག་ཏུ་འབྲལ་བ་མེད་པར་བཞུགས་པར་གྱུར། ཅེས་དང༌། ནང་གི་མཆོད་པ་ཕུལ་བར་བསམས་ལ། ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཞེས་སོགས་ནས། འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །གི་བར་དང༌། ས་སྐྱ་པཎ་ཆེན་རྟག་ཏུ་མཉེས་གྱུར་ཅིག །ཅེས་བརྗོད་པ་ཡང་དག་པའི་དོན་ལ་བློ་གཞག་པ་ནི་ལུས་གནད་དང་ལྡན་པས། ཆོས་རྗེའི་ཐུགས་དྷཱིཿཡིག་ཉི་མའི་མདོག་ཅན་དེ་ལ་ཤེས་པ་གཏད་ནས། ཆོས་རྗེའི་ཐུགས་དང༌། རང་སེམས་དབྱེར་མེད་རོ་གཅིག་ཏུ་འདྲེས་པ་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་ལ་རྟོག་པའི་བསྲེ་ལྷད་ཅིའང་མི་བྱ་བར་ཅི་ཙམ་གནས་གྱི་བར་དུ་མཉམ་པར་བཞག ཐུན་ལས་ལྡང་བར་འདོད་ན། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །སོགས་ཤློ་ཀ་གཅིག་དང༌། དེ་བཞིན་གཤེགས་པ་མི་འཁྲུགས་རྒྱལ་པོའི་ཞིང༌། །སོགས་ཤློ་ཀ་གཉིས་དང༌། སེམས་ཅན་ནད་པ་ཇི་སྙེད་པ་སོགས་དང༌། ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སོགས་དང༌། ཕྱོགས་བཅུའི་སེམས་ཅན་གང་དག་ཇི་སྙེད་སོགས་དང༌། བྱང་ཕྱོགས་སྐྱོང་བའི་སོགས་དང༌། གངས་ཅན་བོད་ཀྱི་སོགས་དང༌། འགྲོ་བའི་བླ་མ་སོགས་ཀྱིས་བཀྲ་ཤིས་བྱའོ། །ཞེས་འཇམ་མགོན་ས་སྐྱ་པཎྜི་ཏ་ལ་བརྟེན་པའི་འཇམ་དབྱངས་བླ་མའི་རྣལ་འབྱོར་ཉམས་སུ་ལེན་
ཚུལ་འདིའང༌། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བླ་མ་གོང་མ་རྣམས་ཀྱི་གསུང་རབ་ནས་བྱུང་བ་བཞིན་ལ། རང་གི་རྒྱུན་དུ་ཉམས་སུ་ལེན་ཚུལ་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྦྱར་བ་འདི་ཡི་གསོལ་འདེབས་དང༌། སྨོན་ལམ་རྣམས་འདི་དང་འབྲེལ་ཆགས་གང་ཡིན་རང་གི་བློས་བཅད་ནས་བྱ་བ་ཡིན་ལ་ངེས་སྦྱར་མི་དགོས་ཤིང༌། ཡིག་རྙིང་རྣམས་ལས་ཉིན་མོ་སྤྱི་བོ་དང་མཚན་མོ་སྙིང་གར་བསྒོམས་ནས་བཟླས་པ་བྱེད་མི་བྱེད་འདམ་ཀ་མཛད་ཀྱང་གོང་གི་དེས་མ་འཐུས་པ་ཅིའང་མེད་པས་འདི་བཞིན་ཉམས་སུ་བླངས་ན་གནས་སྐབས་སུ་ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་ཅིང་མཐར་ཐུག་ཆོས་རྗེ་ཉིད་ཀྱི་གོ་འཕང་ཐོབ་པར་གདོན་མི་ཟའོ། །ཞེས་པའི་ཡི་གེ་པ་ནི་གཞུ་ལུང་པའོ།། ༈ །འཇམ་དབྱངས་བླ་མ་མཆོད་པའི་ཆོ་ག་ཚོགས་གཉིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཁ་བྷཱུ་མི་པཎྜ་ར་མ་ཧཱ་པཎྜི་ཏ་སྱ་པཏྤ་དྨཱ་བྷྱཱཾ། འཇམ་དབྱངས་བླ་མའི་ཞབས་པདྨོར། །རབ་ཏུ་གུས་པས་ཕྱག་བཙལ་ནས། །གང་དེ་མཆོད་པའི་ཆོ་ག་ནི། །ཚོགས་གཉིས་ཆར་འབེབས་བཤད་ཀྱིས་ཉོན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང༌། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་དང་འདི་ཉིད་ཀྱི་བྱིན་རླབས་ཟབ་མོས་རྒྱུད་སྨིན་པ། དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང༌། འཇམ་མགོན་བླ་མའི་རྣམ་ཐར་ལ་མི་འཕྲོག་པའི་མོས་གུས་དང་ལྡན་པའི་སྒྲུབ་པ་པོས། དབེན་ཞིང་ཉམས་དགའ་བའི་གནས་ཁང་བྱི་དོར་བྱས་པའི་ཕུགས་སུ་སྟེགས་མཐོ་བར་རྗེ་བཙུན་ས་སྐྱ་པཎྜི་ཏའི་སྐུའི་སྣང་བརྙན་བྲིས་འབུར་གང་རིགས་ཀྱིས་གཙོས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞུགས་སུ་གསོལ་བའི་སྤྱན་སྔར། མཆོད་སྟེགས་བང་རིམ་ཅན་ལྟ་བུར་ཅི་འབྱོར་བའི་མཆོད་པ་སྤྱི་དང༌། བྱེ་བྲག་ཏུ་སྤོས། མར་རེ། ཞལ་ཟས་རྣམས་བརྒྱ་རྩ་སོགས་གཙང་ཞིང་བཀོད་པས་མཛེས་
པར་བཤམ། བླ་རེ་དང་གདུགས་རྒྱལ་མཚན་བ་དན་ལ་སོགས་པས་བརྒྱན། རང་གི་མདུན་དུ་མཆོད་པའི་མཎྜལ་མཐོ་གང་ལས་མི་ཆུང་བ། དྲི་བཟང་གི་ཆུ། ཚོམ་བུའི་རྒྱུ་འབྲུ་གཙང་མ། རོལ་མོའི་བྱེ་བྲག་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ་གསུམ། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ། སྐྱབས་འགྲོ་སེམས་བསྐྱེད་ཀྱིས་རྒྱུད་སྦྱང་བ། ཚོགས་ཀྱི་ཞིང་གསལ་གདབ་པའོ། །དང་པོ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་གི་བར་བརྗོད་ཅིང་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་རོལ་མོ་དང་བཅས་པས་བྱིན་དབབ། གཉིས་པ་ནི། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་
ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་མང་དང༌། ཐལ་མོ་སྙིང་གར་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱི་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྐྱབས་གསོལ་བྱས་ནས་སྐྱབས་ཡུལ་རང་ལ་བསྟིམ། སྨོན་འཇུག་གི་དོན་དྲན་བཞིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྤྱི་ལྟར་བསྒོམ། གསུམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷོཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ། ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ངོ་བོ་འཇམ་དབྱངས་ལ་རྣམ་པ་པཎྜི་ཏ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ནས་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་མེ་ཏོག་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་གཡས་ཀྱི་སྟེང་ན་རལ་གྲི་མེ་འབར་བ་དང༌། གཡོན་གྱི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་ཡོད་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། དབུ་ལ་ས་ཞུ་དང༌། སྐུ་ལ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གསོལ་བ། དེའི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། སྤྱི་བོ་ན་བཞུགས་པའི་ཆོས་རྗེ་ལ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་
མེད་པར་ཐིམ་པས་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ། དེ་ནས། རང་གི་ལུས་ཀྱི་གསང་གནས་ནས་སྤྱི་བོའི་བར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྦོམ་ཕྲ་སྦ་ལྕག་ཙམ་གྱི་ཁ་ཚངས་བུག་ཏུ་ཕྱེ་བའི་ནང་དུ་ཆོས་ཀྱི་རྗེའི་གདན་པདྨའི་ཡུ་བ་ཟུག་པ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་གསལ་བར་གྱུར་པར་བསམས་ལ་ངག་ཏུ་བརྗོད་ཅིང་གསལ་གདབ་བོ། །གཉིས་པ་དངོས་གཞི་ལ་གསུམ། བསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ། བྱིན་རླབས་འཇུག་པའི་ཕྱིར་ཕུར་ཚུགས་སུ་གསོལ་བ་གདབ་པ། ཐུགས་རྒྱུད་བསྐུལ་བའི་ཕྱིར་བཟླས་པ་བྱ་བའོ། །དང་པོ་ལའང་བདུན་ལས། དང་པོ་ཕྱག་འཚལ་བ་ནི། རང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་མཆོད་པའི་ལས་ལ་འཇུག་པར་མོས་པ་དང་བཅས། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ། དམ་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བླ་མ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རང་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་འགྱུར། །དེས་ན་ཁྱོད་ཉིད་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དཀོན་མཆོག་གསུམ་པོ་
གཅིག་བསྡུས་པའི། །བླ་མ་ཁྱོད་ལ་བདག་སྐྱབས་མཆི། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་རྣམས་ཀུན་གྱི་རིན་ཆེན་གཏེར། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །དཔལ་ལྡན་བླ་མ་དེ་ལ་འདུད། །ཁྱོད་ནི་གདུལ་བྱ་སྨིན་པའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམ་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཆང༌། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། བྱམས་པ་ཀུན་ཏུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཉོན་མོངས་ཡེ་ཤེས་གནས་གྱུར་པ། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་མཁྱེན། །ཐམས་ཅད་སྤྲོ་བའི་ཕྲིན་ལས་ཀྱིས། །རྫོགས་པའི་སངས་རྒྱས་ཐམས་ཅད་སྤྲུལ། །གཅིག་ཏུ་བསྡུས་པའི་སྦྱོར་བ་ནི། །སངས་རྒྱས་ཀུན་བདག་རྡོ་རྗེ་འཆང༌། །བག་ཆགས་བཅས་པའི་སྒྲིབ་ཀུན་སྤངས། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱོད་ཀྱི་ཕྲིན་ལས་ངོ་མཚར་རྨད། །གང་གིས་གཡོ་མེད་ཁྱོད་བསྟེན་པ། །དེ་ལ་དེ་མ་ཐག་བྱིན་རློབས། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། །ཡང་ན་ཕུན་ཚོགས་ཐམས་ཅད་འགྲུབ། །དེས་ན་རྡོ་རྗེ་སློབ་དཔོན་མཆོག །དངོས་པོ་ཀུན་གྱིས་དེ་ལ་འདུད། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །ཕྱི་ནང་གསང་བ་དེ་ཁོ་ན། །ལུས་དང་ལོངས་སྤྱོད་འབྲེལ་པ་ཀུན། །སྲོག་གི་བར་གྱིས་ཁྱོད་མཉེས་བགྱི། །ཇི་སྲིད་རྣམ་པར་གྲོལ་བའི་ས། །བདག་གཞན་ཀུན་གྱིས་མ་ཐོབ་བར། །དེ་སྲིད་མཆོད་པ་མཆོག་གི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས། །ཆེས་ལྷག་གྱུར་པས་ཁྱོད་མཆོད་དོ། །ཁྱོད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་སྒྲུབ་པར་ཤོག །མི་མཉེས་བྱེད་པ་རྣམ་སྤངས་ཏེ། །རྣམ་པ་ཀུན་ཏུ་ཁྱོད་བསྟེན་ནོ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་སླད་དུ། །མགོན་པོ་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་
བགྱི། །དགེ་བ་འདི་ཡིས་བདག་གཞན་ཀུན། །ཁྱོད་མཉེས་བགྱིས་པའང་ཐོབ་པར་ཤོག། །།སྐུ་ཡི་སྤྱོད་པ་རྣམ་དག་པ། །སངས་རྒྱས་དགྱེས་པའི་ཚུལ་ཁྲིམས་ལྡན། །གསུང་གི་ཕྲིན་ལས་ཕུན་སུམ་ཚོགས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །མཁས་པ་ཐམས་ཅད་དགའ་མཛད་པའི། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་མངའ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བསྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བ་འབྱུང༌། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང༌། །དམ་ཆོས་རྟག་ཏུ་ཉན་པ་དང༌། །བཀའ་བཞིན་སྒྲུབ་པར་བྱེད་པར་ཤོག །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་བསྡུས་པ། །འཇམ་མགོན་ས་སྐྱ་པཎྜི་ཏའི། །ཞབས་ཀྱི་པདྨོར་གུས་པས་འདུད། །ཁྱེད་ཀྱིས་བསོད་ནམས་ཡེ་ཤེས་ཚོགས། །བསྐལ་པ་དུ་མར་རབ་བསྒྲུབས་པས། །བཞེད་པའི་དོན་རྣམས་ཡོངས་རྫོགས་པའི། །དཔལ་ལྡན་དོན་གྲུབ་«་་་་་དཔལ་ལྡན་དོན་གྲུབ་ཅེས་པ་འཇམ་མགོན་ས་སྐྱ་པཎྜི་ཏ་སྐུ་ཆུང་ངུའི་དུས་ཀྱི་མཚན་ནོ།།» ལ་ཕྱག་འཚལ། །འཁྲུལ་པ་མི་མངའ་ཉེས་མི་མངའ། །ཚུལ་ཁྲིམས་ཕུང་པོས་བརྒྱན་པའི་སྐུ། །མཐོང་བ་ཙམ་གྱིས་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅ་ཅོ་མི་
མངའ་རྣམ་དག་གསུང༌། །ཐ་དད་སྐད་ཀྱིས་མཐའ་ཡས་པའི། །གདུལ་བྱའི་དབང་པོ་ཚིམ་མཛད་པའི། །གསུང་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་པར་གཞག་ཅིང་རྟོག་མི་མངའ། །འགྲོ་བའི་ཡིད་ལ་མཉམ་པར་འཇུག །ཏིང་ངེ་འཛིན་དང་གཟུངས་ཀྱི་གཏེར། རྣམ་གྲོལ་ཐུགས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཤེས་བྱའི་དཀྱིལ་འཁོར་འདི། །མ་ལུས་ཐུགས་སུ་ཆུབ་གྱུར་པས། །འཆད་རྩོད་རྩོམ་པའི་བྱ་བ་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །དམིགས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །གཞན་དོན་དུས་ལས་མི་འདའ་བའི། །བརྩེ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །མཁྱེན་བརྩེ་བརྩོན་པའི་སྟོབས་ཆེན་གྱིས། །བདུད་ཀྱི་སྟོབས་རྣམས་འཇོམས་མཛད་ཅིང༌། །ཉོན་མོངས་བྱང་ཆུབ་ལམ་སྒྱུར་པའི། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །དེ་སྲིད་དེ་ཡི་དོན་མཛད་པའི། །ཕྲིན་ལས་དབང་ཕྱུག་ལ་ཕྱག་འཚལ། །ཀུན་དགའི་དགོས་འདོད་མ་ལུས་པ། །རིན་ཆེན་རྒྱལ་མཚན་ལས་བྱུང་བའི། །དཔལ་འབྱོར་བཟང་པོའི་འབྲས་སྩོལ་བའི། །དབང་གི་རྒྱལ་པོ་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་གཞན་དོན་ཕྱིར། །སོ་སོ་སྐྱེ་བོའི་སྐུར་སྟོན་པ། །མཚུངས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་ཁྱོད་ཉིད་དེ། །ཁྱོད་ཉིད་དཀོན་མཆོག་གསུམ་ཡང་ལགས། །དེ་བས་རྣམ་པ་ཐམས་ཅད་དུ། །ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །སྟོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྐྱབས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །འདྲེན་པ་མཆོག་ལ་ཕྱག་འཚལ་ལོ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །གང་ལ་ཁྱོད་ཀྱི་སྐུས་རེག་ཅིང༌། །ཁྱོད་གསུང་ཐོས་ཤིང་འཛིན་པ་དང༌། །ཁྱོད་ཀྱི་ཐུགས་རྗེས་རྗེས་བཟུང་བ། །དེ་དག་ཀུན་ལའང་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །འགྲོ་བའི་དོན་དུ་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །
ཐོག་མ་བར་དང་མཐར་དགེ་ཞིང༌། །རྣམ་པར་དཀར་ལ་མ་འདྲེས་པ། །ངེས་པར་འབྱུང་བ་མཆོག་གི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་ཞིང༌། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་ལེགས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །མཆོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་ལ། སྤྱིར་མཆོད་པ་ནི། མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ནས་དབུལ་བར་བགྱི། །རབ་དང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོ་བརྙེས་གྱུར་ཅིག །བྱེ་བྲག་ཉེར་སྤྱོད། རིན་ཆེན་བདུན། འདོད་ཡོན་ལྔ་རྣམས་འབུལ་བ་ནི། ཐལ་མོ་སྙིང་གར་སྦྱར་ལ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མར་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་མེ་ཏོག་
དང༌། པུཥྤེ། བདུག་སྤོས་དང༌། དྷཱུ་པེ། སྣང་གསལ་དང༌། ཨཱ་ལོ་ཀེ། དྲི་མཆོག་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་དྱ། སིལ་སྙན་དང༌། ཤབྡ་རྣམས་སྦྱར་བའི་མཐར། དྷརྨཱ་ར་ཎི་ཏ་བརྗོད་ཅིང་རོལ་མོ་བྱ། ཨོཾ་སརྦ་བིཏྲ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ཞེས་བརྗོད་ཅིང༌། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ༴ བཙུན་མོ་རིན་ཆེན་འདི་ཕུལ་བས། མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝ་སྟི་རཏྣ༴ བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མཧཱ་ཏ་རཏྣ༴ གླང་པོ་རིན་ཆེན༴ །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ༴ རྟ་མཆོག་རིན་ཆེན༴ །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨ་ཤྭ་རཏྣ༴ དམག་དཔོན་རིན་ཆེན༴ །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ༴ ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་སོགས༴ ཤབྡ༴ ཕྱོགས་དུས་ཀུན་ན་ཙན་དན་
སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །གནྡྷེ༴ །ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །རཱ་ས༴ །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །སྤརྵེ༴ །ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ལེགས་པར་བཤམས་པའི་མཎྜལ་ཕྱག་ལེན་ལྟར་དབུལ་ཞིང༌། སྤྲོ་ན་ཚོམ་བུ་སོ་བདུན་མ། མཇུག་ཏུ་གང་གི་མཆོད་རྫས་མ་དང་བཅས་པ་བྱ། གང་ལྟར་ཡང༌། ཞིང་ཁམས་རྣམ་པར་དག་པ་འདིར། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་སྐོར་བ་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང༌། །མ་རྨོས་ལོ་ཏོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་རྩ་སོགས་ཅི་ནུས་དབུལ། གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་ལྔ་ནི། བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང༌། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླད་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང༌། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་
འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང༌། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཡེ་ཤེས་གསལ་བའི་སྤྱན་ལྡན་པའི། །བརྩེ་ལྡན་བླ་མའི་ཚོགས་རྣམས་དང༌། །རྒྱལ་བ་སྲས་དང་བཅས་པ་ཀུན། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །མ་རིག་པ་ཡིས་ལྡོངས་གྱུར་ཅིང༌། །ལས་ཀྱི་ཆུ་ཀླུང་གིས་འཕངས་པས། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཏེ། །ཉོན་མོངས་ཆུ་སྲིན་དབང་གྱུར་པས། །མི་བཟད་སྡུག་བསྔལ་གྱིས་གཟིར་བའི། །ཉམ་ཆུང་བློ་གྲོས་རབ་དམན་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐྱོབ་པ་མཛད་པར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱིས་རབ་འབད་ཀྱང༌། །ཐར་པའི་གོ་སྐབས་རྙེད་པར་དཀའ། །ཁྱེད་ཀྱིས་ཐུགས་རྗེའི་ཕྱག་བརྐྱངས་ནས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །མངོན་པར་འདུ་བྱེད་ཀུན་གྱི་གཞི། །ཚུལ་མིན་ཡིད་ལ་བྱེད་པའི་རྒྱུ། །མ་རིག་མུན་པ་ཐིབས་པོ་ཆེ། །ཡེ་ཤེས་ཟེར་གྱིས་བསལ་དུ་གསོལ། །སྲིད་པའི་ཉེས་ཀུན་འབྱུང་བའི་གཞི། །རྟོག་པ་ཐམས་ཅད་སྐྱེད་བྱེད་པ། །བདག་ཏུ་འཛིན་པའི་འཁྲི་ཤིང་ནི། །ཤེས་རབ་རལ་གྲིས་གཅད་དུ་གསོལ། །ཀུན་རྨོངས་ཀུན་འཁྲུགས་ཀུན་ནས་དཀྲིས། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །མགོན་པོ་ཁྱོད་ཀྱི་མཐུ་ཆེན་གྱིས། །ཡེ་ཤེས་ཆེན་པོར་བསྒྱུར་དུ་གསོལ། །སྲིད་པ་ཐོགས་མེད་དུས་ནས་སུ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བག་ཆགས་དྲི་མ་གང་བསགས་པ། །ཡེ་ཤེས་ཆུ་ཡིས་སྦྱང་དུ་གསོལ། །རང་གིས་མངོན་པར་སྤྱད་པའི་མཐུས། །རང་ལ་རང་དབང་མེད་པར་ནི། །སྡུག་བསྔལ་རྒྱ་མཚོར་འཕེན་བྱེད་པའི། །ལས་ཀྱི་རླུང་ཤུགས་བཟློག་ཏུ་གསོལ། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །སྐྱེ་རྒ་ན་དང་འཆི་བ་སོགས། །སྡུག་བསྔལ་འདུ་བྱེད་འགྱུར་བ་ཡི། །སྡུག་བསྔལ་ཞི་བར་མཛད་དུ་གསོལ། །
ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །འཇིག་རྟེན་པ་ཡི་དོན་གཉེར་བའི། །རྙེད་དང་བཀུར་སྟི་ལ་སོགས་པ། །སྙིང་པོ་མེད་པའི་བྱ་བ་ལས། །ཡིད་ནི་རབ་ཏུ་བཟློག་ཏུ་གསོལ། །ཀུན་གཞིའི་ལྟེ་བ་རབ་བརྟན་ཅིང༌། །རྟེན་འབྲེལ་ཡན་ལག་རྩིབས་བཅུ་གཉིས། །སྡུག་བསྔལ་མུ་ཁྱུད་ཀྱིས་བསྐོར་བའི། །སྲིད་པའི་འཁོར་ལོ་གཞིག་ཏུ་གསོལ། །གཞན་དོན་ལ་སྐྱོ་བདག་ཆགས་པས། །རང་ཉིད་ཞི་བ་དོན་གཉེར་བ། །ཉན་ཐོས་ཐེག་པ་དམན་པའི་སེམས། །རྣམ་པ་ཀུན་ཏུ་དགག་ཏུ་གསོལ། །བདག་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་སྒོ་ནས་ཀྱང༌། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཕན་པ་རྒྱ་ཆེན་འབྱུང་བར་ཤོག །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བཤེས་གཉེན་གྲོགས་མཆོག་དམ་ཆོས་དང༌། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང༌། །འགྲོ་ཀུན་རྟག་ཏུ་འདུན་པ་དང༌། །ཇི་ལྟར་བསམས་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །བླ་མ་མཆོག་དང་ཧེ་རུ་ཀཿ །མཁའ་འགྲོའི་དབང་པོ་དཔག་ཡས་ཀྱིས། །མཁའ་སྤྱོད་གནས་སུ་བཀྲི་བར་མཛོད། །མང་དུ་སྨྲོས་ཀྱང་ཅི་འཚལ་ཏེ། །དབང་བཅུ་ལྡན་པ་ཁྱེད་རྣམས་ཀྱིས། །ཇི་ལྟར་གོ་འཕང་མཆོག་བརྙེས་པ། །དེ་ལྟར་བདག་གིས་ཐོབ་པར་མཛོད། །བདག་གཞན་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པ་ཀུན་ཏུ་ཉམ་ཐག་པས། །མི་ཤེས་བཞིན་དུ་གསོལ་བ་ལ། །ཉེས་པ་སྣང་གང་བཟོད་པར་གསོལ། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདག་གི་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་ཤེས་
རབ་དང༌། །དབང་ཕྱུག་ཕུན་སུམ་ཚོགས་གྱུར་ཅིང༌། །ནད་མེད་ཚེ་དང་ལྡན་གྱུར་ཅིག །སངས་རྒྱས་འབྱུང་བ་མཉེས་བྱེད་ཅིང༌། །དམ་ཆོས་རྟག་ཏུ་སྤྱོད་པ་དང༌། །འཕགས་པའི་དགེ་འདུན་རྒྱ་མཚོའི་ཚོགས། །རྣམ་པ་ཀུན་ཏུ་མཆོད་པར་ཤོག །ཀུན་དགའི་གསུང་རབ་རྟག་ཉན་ཅིང༌། །སྐུ་ཡི་རྒྱལ་མཚན་བལྟ་བ་དང༌། །དེ་ཡི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་བདག་ནི་སྤྱོད་པར་ཤོག །དད་དང་བརྩེ་དང་བརྩོན་པའི་མཐུས། །བྱང་ཆུབ་ལམ་རྣམས་རྫོགས་བྱེད་ཅིང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །སེམས་ཅན་སྨིན་པར་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བདག་ལས་སེམས་ཅན་ཐམས་ཅད་ཀྱི། །ཡིད་ལ་འདོད་དགུ་འབྱུང་འགྱུར་ཞིང༌། །འགྲོ་ཀུན་ཚིམ་པར་བྱེད་པར་ཤོག །བདག་ལ་བརྟེན་ནས་འགྲོ་བ་ཀུན། །ཟབ་མོའི་ལམ་ལ་རབ་ཞུགས་ནས། །སྲིད་དང་ཞི་ལ་མི་གནས་པའི། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །བློ་གྲོས་སྒྲིབ་གཉིས་རྣམ་དག་པས། །ཤིན་ཏུ་ཟབ་པའི་བློ་གྲོས་དང༌། །རྒྱ་ཆེའི་བློ་གྲོས་དང་ལྡན་པའི། །བློ་གྲོས་ཆེན་པོར་བདག་གྱུར་ཅིག །ཚུལ་ཁྲིམས་རྒྱལ་མཚན་དང་ལྡན་ཞིང༌། །ཆོས་ཀྱི་རྒྱལ་མཚན་ལེགས་བཟུང་བས། །བསྟན་པའི་རྒྱལ་མཚན་བརྟན་བྱས་ནས། །ཐར་པའི་རྒྱལ་མཚན་སློང་བར་ཤོག །ཚོགས་གཉིས་དཔལ་རབ་རྫོགས་གྱུར་ནས། །འགྲོ་བའི་དཔལ་མགོན་འབྱུང་བའི་གཞི། །སྐུ་གསུམ་དཔལ་འབྱོར་ལྷུན་གྲུབ་སྟེ། །སྲིད་ཞིའི་དཔལ་དུ་བདག་གྱུར་ཅིག །སྨོན་ལམ་བཟང་པོ་ལས་བྱུང་བའི། །ཕྲིན་ལས་བཟང་པོས་འགྲོ་བ་ཀུན། །སྐལ་བ་བཟང་པོའི་ལེགས་སྒྲུབ་པའི། །བརྟུལ་ཞུགས་བཟང་པོར་བདག་གྱུར་ཅིག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་
ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཅེས་དོན་ཡིད་ལ་དྲན་བཞིན་དུ་འདུན་པ་རྩེ་གཅིག་པས་བརྗོད་དོ། །གཉིས་པ་ནི། བདག་ལ་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་ཆོས་རྗེ་ཉིད་ལས་རེ་ས་གཞན་མེད་པས་ཐུགས་རྗེས་གཟིགས་ཤིག་སྙམ་པའི་མོས་གུས་སྙིང་གི་དཀྱིལ་ནས་དུང་དུང་ལྷང་ལྷང་བ་དང་བཅས། ཤེས་བྱ་ཐམས་ཅད་གཟིགས་པའི་སོགས་དང༌། ཆོས་གྱི་རྒྱལ་པོ་སོགས་རྣམ་ཐར་གསོལ་འདེབས་ཚར་ཅི་ནུས་རྗེས། ཤེས་བྱ་མ་ཤློ་ཀ་གཅིག་པུ་བརྒྱ་སྟོང་སོགས་གྲངས་བསག དེའི་ཚེ་རྣམ་པར་ཐར་པའི་དོན་རྗེས་སུ་དྲན་པས་མོས་གུས་ཤུགས་དྲག་ཏུ་བསྒོམ་པར་བྱ་སྟེ། ཚུལ་འདི་ལ་ཆོས་རྗེ་ས་སྐྱ་པཎྜི་ཏའི་རྣམ་ཐར་བསྒོམ་ཚུལ་ཞེས་ཀྱང་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཆོས་རྗེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿདམར་སེར་གྱི་མཐར་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨོཾ་ཨ་ར་པ་ཙ་ན་ཞེས་པ་ཁ་དོག་དམར་སེར་གྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ཆོས་རྗེའི་ཐུགས་ཀའི་དྷཱིཿཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་འོད་ཟེར་དམར་སེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་མི་ཤེས་པའི་མུན་པ་ཐམས་ཅད་སྦྱངས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར། ཅེས་དང་སྤྲོ་བསྡུའི་དམིགས་པ་དེ་ཡང་ཡང་གསལ་འདེབས་པ་དང་མ་བྲལ་བའི་ངང་ནས། ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་ཅི་ནུས་བཟླ། གསུམ་པ་རྗེས་ལ་གསུམ། འདོད་པའི་དོན་ལ་གསོལ་བ་གདབ་པ། དབང་དང་དངོས་གྲུབ་བླངས་ཤིང་དེ་ཁོ་ན་ཉིད་ལ་མཉམ་པར་གཞག་པ། བསྔོ་སྨོན་བཀྲ་ཤིས་ཀྱིས་མཇུག་བསྡུ་བའོ། །དང་པོ་ནི། ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས། ཕྱོགས་བཅུ་དུས་གསུམ་གྱི་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང༌། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང༌། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང༌། འབྱུང་པོའི་གནོད་པ་དང༌། ཉེ་བར་འཚེ་བ་དང༌། བྱུར་དང་སྐལ་བ་ངན་པ་དང༌། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པར་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང༌། གཞན་གྱི་དོན་ལ་སྐྱོ་བ་དང༌། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང༌། བག་ཡོད་པ་དང༌། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང་སྡིག་པ་དང༌། སྒྲིབ་པ་དང༌། ལྟུང་བ་དང་ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས། ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོག་པ་དགེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་
ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང༌། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང༌། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང༌། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད། གཉིས་པ་ནི། སླར་ཡང་མོས་གུས་གདུང་ཤུགས་དྲག་པོ་དང་བཅས་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དང་དབྱེར་མ་མཆིས་པའི་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་སོགས་ཀྱིས་གསོལ་བ་བཏབ་པས། ཆོས་རྗེའི་དཔྲལ་བའི་ཨོཾ་ལས་བདུད་རྩི་དཀར་པོ་བབས། སྐུའི་ནང་བརྒྱུད་གདན་པདྨའི་ཡུ་བ་ལ་འཁྲིལ་ནས་རང་གི་དཔྲལ་བའི་ཨོཾ་ལ་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་ཐོབ། ཆོས་རྗེའི་མགྲིན་པའི་ཨཱཿལས་བདུད་
རྩི་དམར་པོ་བབས། རང་གི་མགྲིན་པའི་ཨཱཿལ་ཐིམ། གསང་བའི་དབང་ཐོབ། ངག་གི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཐོབ། ཆོས་རྗེའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩི་སྔོན་པོ་བབས། རང་གི་སྙིང་གའི་ཧཱུྃ་ལ་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་ཐོབ། ཆོས་རྗེའི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་གསུམ་ལས། བདུད་རྩི་དཀར་དམར་སྔོ་གསུམ་འདྲེས་པ་འཇའ་ཚོན་གྱི་རྣམ་པ་ལྟ་བུ་བབས། རང་གི་སྒོ་གསུམ་ལ་ཐིམ། ལུས་ཀྱི་ནང་གང༌། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཆོས་རྗེ་དེ་རང་གི་སྤྱི་བོའི་རྩ་དབུ་མའི་ནང་ནས་ཞུགས། དེ་མ་ཐག་ཚངས་བུག་གི་སྒོ་འགྲིགས། ལུས་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་སྙིང་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་འཇའ་འོད་ཁ་དོག་སྣ་ཚོགས་པའི་གུར་གྱི་ནང་ན་དུས་རྟག་ཏུ་འབྲལ་བ་མེད་པར་བཞུགས་པར་གྱུར་ཅེས་དང༌། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དྭང་བ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང༌། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང༌། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང་བ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང༌། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་བཏབ་པས། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །ས་སྐྱ་པཎ་ཆེན་རྟག་ཏུ་མཉེས་གྱུར་ཅིག །ཅེས་བརྗོད་པས་ཁྱད་པར་གྱི་མཆོད་པ་དབུལ། དེ་ནས་ཡང་དག་པའི་དོན་
ལ་བློ་གཞག་པ་ནི་ལུས་གནད་དང་ལྡན་པས། ཆོས་རྗེའི་ཐུགས་དྷཱིཿཡིག་ཉི་མའི་མདོག་ཅན་དེ་ལ་ཤེས་པ་གཏད་ནས་ཆོས་རྗེའི་ཐུགས་དང་རང་སེམས་དབྱེར་མེད་རོ་གཅིག་ཏུ་འདྲེས་པ་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་ལ་རྟོག་པའི་བསྲེ་ལྷད་ཅི་ཡང་མི་བྱ་བར་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་གཞག གསུམ་པ་ནི། ཐུན་ལས་ལྡང་བར་འདོད་ན། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་བགྲོད་པར་ཤོག །དེ་བཞིན་གཤེགས་པ་མི་འཁྲུགས་རྒྱལ་པོའི་ཞིང༌། །ས་སྐྱ་པཎ་ཆེན་བྱང་ཆུབ་བརྙེས་པའི་གནས། །མངོན་དགའི་ཞིང་དུ་བདག་ཅག་དཔོན་སློབ་རྣམས། །ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །དེ་ནས་བདེ་བ་ཅན་སོགས་ས་སྐྱ་པའི། །རྗེ་བཙུན་གོང་མ་བཞུགས་པ་དག་པའི་ཞིང༌། །མང་དུ་བགྲོད་ནས་སྤང་རྟོགས་མྱུར་རྫོགས་ཏེ། །སྤྲུལ་པས་ས་སྐྱའི་བསྟན་པ་རྒྱས་བྱེད་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིང༌། །སྤྲུལ་པའི་གདུང་བརྒྱུད་རྒྱུན་ཆད་མེད་པ་དང༌། །ཀུན་ཀྱང་ཕྲིན་ལས་ནམ་མཁའ་མཉམ་པར་ཤོག །འགྲོ་བའི་བླ་མ་ཆོས་རྗེ་པཎྜི་ཏ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི། །བསྟན་པ་ཡུན་རིང་གནས་པའི་
བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །འཇམ་དབྱངས་བླ་མ་མཆོད་པའི་ཚུལ། །ཚོགས་གཉིས་ཆར་འབེབས་རྫོགས་ལྡན་སྤྲིན། །འདི་སྦྱར་དགེ་བས་འགྲོ་བ་ཀུན། །ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་བླ་མའི་རྣལ་འབྱོར་དང༌། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་ལམ་འབྲས་ཕྱག་མཆོད་སོགས་བླ་མ་གོང་མའི་གསུང་བྱིན་རླབས་ཅན་ཕྱག་ལེན་ལྟར་ཁྲིགས་སུ་བསྡེབས་པ་འདིའང༌། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སུ་ཤྲེ་ཡོ་ལཀྵྨཱིཾ་བྷ་བ་ཏུ།། །།
མཎྜལ་ཚོམ་བུ་སོ་བདུན་མ།
མཎྜལ་ཚོམ་བུ་སོ་བདུན་མ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཐོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།ཚོམ་བུ་བདུན་མ་ནི། ཨོཾ་བཛྲ་བྷཱུ་མི་སོགས་ནས། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་སོགས་ནས་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ལ་ཅི་ནུས་ཕུལ་མཐར་གདངས་དང་བཅས། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་
རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱ་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་དོ།། །།
པཎྜི་ཏ་གསེར་གདུགས་ཅན་ནས་བརྒྱུད་པའི་འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
པཎྜི་ཏ་གསེར་གདུགས་ཅན་ནས་བརྒྱུད་པའི་འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། མཉྫུ་ཤྲཱི་པྲཛྙཱ་ཙཀྲ་སྱ་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྙིང་གི་མུན་སེལ་འཇམ་པའི་དཔལ། །ཤེས་རབ་འཁོར་ལོ་ལ་བཏུད་ནས། །གང་དེའི་བསྙེན་པའི་མན་ངག་ནི། །ཟླ་འབྱུང་སྦས་པའི་ལུགས་བཞིན་བཤད། །ཚུལ་འདིའི་རྗེས་གནང་ལེགས་ཐོབ་པའི། །སྔགས་པས་རྗེས་སུ་མཐུན་པའི་གནས། །བྱི་དོར་བྱུགས་པ་བཟང་བྱས་ལ། །མདུན་མཁར་སྐྱབས་ཡུལ་གསལ་བར་བལྟ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །རང་ཉིད་སྐད་ཅིག་འཇམ་པའི་དབྱངས། །ཤེས་རབ་འཁོར་ལོའི་སྐུར་གསལ་བའི། །སྙིང་དབུས་ཟླ་སྟེང་དྷཱིཿཡིག་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །བླ་མ་སངས་རྒྱས་ཆོས་ཚོགས་ལ། །དངོས་དང་ཡིད་ལས་བྱུང་དང་གཞན། །ཡང་དག་དོན་
ཤེས་མཆོད་པས་མཆོད། །སྒོ་གསུམ་གུས་པའི་ཕྱག་གིས་འདུད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །འགྲོ་བ་སྨིན་བྱེད་བློ་གྲོས་ཅན། །བྱམས་དང་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་ཚངས་པའི་གནས་བཞི་ཡིས། །ཡིད་ཅན་ཕན་བདེ་བསྒྲུབ་པར་བགྱི། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཟུང་བའི་ཡུལ་དང་འཛིན་པའི་ཡུལ་ཅན་གཉིས་སྣང་ཀུན། །འོད་གསལ་སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་རྣམ་དག་དང༌། །པྃ་ལས་ཆུ་སྐྱེས་ཨ་ལས་ཟླ་བ་རྒྱས་པའི་སྟེང༌། །རང་སེམས་དྷཱིཿལས་ཤེས་རབ་རལ་གྲི་དྷཱིཿཡིས་མཚན། །དཀར་བསིལ་ཟླ་བ་བྱེ་བའི་འོད་ཟེར་ལས་ལྷག་པའི། །དཔལ་གྱིས་ས་གསུམ་ཤེས་
རབ་སྣང་བ་བསྐྱེད་བྱས་ནས། །དུས་གསུམ་གཤེགས་དང་ཕྱོགས་བཅུའི་ཆར་བཞུགས་སངས་རྒྱས་དང༌། །དེ་སྲས་དེ་བཞིན་དྲང་སྲོང་དང་ནི་རིག་འཛིན་ཚོགས། །མ་ལུས་ཡོན་ཏན་བློ་གྲོས་སྣང་བ་བསྡུས་ནས་ཀྱང༌། །སྐད་ཅིག་རྣམ་པས་འཇིག་རྟེན་གསུམ་མགོན་འཇམ་པའི་དབྱངས། །གཞོན་ནུའི་ངང་ཚུལ་ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར། །གཡོན་པས་ཨུཏྤ་ལར་གནས་འཁོར་ལོ་པུསྟི་འཛིན། །གངས་རིའི་མདོག་ཅན་སྣ་ཚོགས་དར་དང་ནོར་བུས་བརྒྱན། །རབ་སྒེག་སྙན་འཇེབས་དུལ་བའི་རང་བཞིན་བློ་བཟང་པོ། །སྐྱིལ་ཀྲུང་རབ་གསལ་རིན་ཆེན་དཔག་མེད་འོད་འཕྲོ་བ། །བློ་ངན་སེལ་མཁས་སངས་རྒྱས་སྲས་སུ་བདག་གྱུར་པའི། །སྙིང་ཉིད་ཟླ་བའི་རང་བཞིན་འཁོར་ལོ་རྩིབས་བརྒྱད་པ། །ལྟེ་བར་དྷཱིཿདང་རྩིབས་བརྒྱད་རིག་པ་འབྲུ་བརྒྱད་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །དྷཱིཿཡིག་ལ་ཐིམ་རང་འདྲའི་འཇམ་དཔལ་ཚོན་གང་གྱུར། །དེ་ཡི་ཐུགས་ཀར་ཟླ་བའི་འཁོར་ལོ་རྩིབས་བརྒྱད་པ། །རྩེ་མོ་རབ་རྣོ་རྩིབས་བརྒྱད་ཡི་གེ་འབྲུ་བརྒྱད་དང༌། །དབུས་སུ་ཏིང་འཛིན་སེམས་དཔའ་དྷཱིཿཡིག་འབར་བས་མཚན། །དྲི་མེད་དཀར་གསལ་འོད་ཚོགས་ཕྲེང་བས་རབ་ཏུ་བརྒྱན། །རྩིབས་རྣམས་གཡས་དང་ཡིག་འབྲུ་གཡོན་དང་དེ་བཟློག་པར། །ཤུགས་དྲག་འཁོར་ལས་རབ་དཀར་བདུད་རྩིའི་འོད་སྣང་གིས། །ཐོག་མེད་ཡིད་ཀྱི་མུན་པ་མ་ལུས་བསལ་བྱས་ནས། །སོ་སོར་རིག་བཞིའི་བློ་མཆོག་ཀུ་མུད་རྒྱས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ། གཟུགས་སྣང་འཇམ་དཔལ་གཞོན་ནུའི་སྐུ། །སྣང་སྟོང་གཟུགས་བརྙན་ལྟ་བུར་གསལ། །སྒྲ་ཀུན་འཇམ་པའི་དབྱངས་ཀྱི་གསུང༌། །གྲགས་སྟོང་བྲག་ཅའི་དབྱངས་སུ་བཟླ། །དྲན་རྟོག་འཇམ་པའི་རྡོ་རྗེའི་ཐུགས། །རིག་སྟོང་འཇའ་ཚོན་ལྟ་བུའི་ངང༌། །མ་ཡེངས་རྩེ་གཅིག་ཡིད་ཀྱིས་བསྒྲུབ། །ཐུན་ལས་ལྡང་བར་བརྩམ་པ་ན། །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །ཐུགས་ཀའི་དྷཱིཿལས་འོད་འཕྲོས་པས། །ཁམས་
གསུམ་འོད་ཞུ་རང་ཉིད་དང༌། །རང་ཡང་ཏིང་འཛིན་སེམས་དཔར་ཐིམ། །སླར་ཡང་འཇམ་དཔལ་གཞོན་ནུར་གྱུར། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །བསོད་ནམས་འགྲོ་བ་ཀུན་ལ་སྦྱིན། །དེས་ནི་འགྲོ་བ་མ་ལུས་ཀུན། །འཇམ་དབྱངས་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་རྒྱས་བཏབ་ནས། །ཐུན་མཚམས་ཀུན་ཏུ་སྣང་གྲགས་རྟོག །འཇམ་པའི་དབྱངས་ཀྱི་གསང་གསུམ་དང༌། །དབྱེར་མེད་ངང་ནས་ཚོགས་གཉིས་བསྒྲུབ། །གྲངས་བསྙེན་འབུམ་ཕྲག་ཉེར་བཞི་སྟེ། །དུས་ཀྱི་བསྙེན་པ་ཟླ་དྲུག་གོ །མཚན་མ་རབ་དངོས་འབྲིང་རྨི་ལམ། །འཕགས་པ་དགྱེས་པའི་ཞལ་མཐོང་ཞིང༌། །ཐ་མའང་ཉི་ཟླ་ཤར་བ་སོགས། །དགེ་བའི་ལྟས་བཟང་ཅི་རིགས་འབྱུང༌། །ཁྱད་པར་པ་ཝ་སངས་མཐོང་ན། །འགྲན་མེད་སྙན་ངག་མཁན་དུ་འགྱུར། །དེ་ལྟར་ཤེས་རབ་འཁོར་ལོ་ཡི། །སྒྲུབ་ཐབས་འདི་བྱས་བསོད་ནམས་ཀྱིས། །ས་གསུམ་ཡིད་ཀྱི་མུན་སེལ་བའི། །འཇམ་དཔལ་གཞོན་ནུ་ཉིད་གྱུར་ཅིག །ཅེས་པའང་དོན་གཉེར་ཅན་དག་གི་ཆེད་དུ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་མངོན་རྟོགས་ཀྱི་དངོས་གཞི་རྒྱ་གཞུང་སོར་བཞག་ལ། ཡིག་རྙིང་གི་དགོངས་པ་ལྟར་ཚིག་གི་མཐའ་བསྐྱེད་ཚུལ་ཅུང་ཟད་ཀྱིས་མཚམས་སྦྱར་ཏེ་བྲིས་པ་སརྦ་དཱ་ཤྲེ་ཡཏྣུ།། ༈ །འཇམ་དབྱངས་ཤེས་རབ་འཁོར་ལོའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བློ་གྲོས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །འཇམ་དཔལ་གཞོན་ནུ་ཟླ་འབྱུང་སྦས་པའི་ཞབས། །སྒྲ་གཅན་འཛིན་དཔལ་དྲི་མ་མེད་པའི་དཔལ། །རྣམ་པར་བཤད་པའི་ལྷ་དང་ཤཱཀྱ་དཔལ། །བྱམས་དཔལ་ལོ་ཙཱ་རྣམས་ལ་གསོལ་བ་འདེབས། །བསོད་ནམས་རིན་ཆེན་དབང་ཕྱུག་ཆོས་རྒྱལ་དཔལ། །ཆོས་གྲགས་དཔལ་བཟང་ཁྲོ་ཕུ་རིན་ཆེན་འབུམ། །བསོད་ནམས་བཟང་པོ་སེང་གེ་དཔལ་བ་དང༌། །རིན་ཆེན་བཟང་པོ་རྣམས་ལ་གསོལ་བ་འདེབས། །ཆོས་གྲུབ་སེང་གེ་རཏྣ་བྷ་དྲའི་ཞབས། །འགྱུར་མེད་བདེ་ཆེན་ཆོས་གཏེར་དཀོན་མཆོག་ལེགས། །དཔལ་ལྡན་དོན་གྲུབ་བསོད་ནམས་མཆོག་གྲུབ་དང༌། །བློ་བཟང་
རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་བསོད་ནམས་རྨོར་ཆེན་ཐམས་ཅད་མཁྱེན། །ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་དང༌། །བསྟན་འཛིན་ཕྲིན་ལས་ཕྲིན་ལས་ཡོན་ཏན་ཞབས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་ཅིང༌། །ཚོགས་གཉིས་ལས་འཁྲུངས་འཇམ་དཔལ་གཞོན་ནུ་ཡི། །ཟབ་གསལ་དབྱེར་མེད་ཏིང་འཛིན་བསྒོམས་པའི་མཐུས། །སྤོབས་པའི་གཏེར་མཛོད་གྲོལ་བར་བྱིན་གྱིས་རློབས། །ཞེས་པའང་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བཤད་སྒྲུབ་བྱེ་བའི་འབྱུང་གནས་དཔལ་ན་ལེནྡྲའི་ཆོས་གྲྭར་འདི་ཉིད་ཀྱི་རྗེས་སུ་གནང་བ་ནོས་པའི་སྐབས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །འཇམ་དཔལ་དབྱངས་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་མ་ནོར་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། མི་ཤེས་མུན་པ་སེལ་མཛད་ཅིང༌། །ཤེས་རབ་སྣང་བ་རྒྱས་བྱེད་པའི། །ཡི་དམ་ལྷ་ལ་གུས་བཏུད་ནས། །དེ་ཡི་སྒྲུབ་ཐབས་རྗེས་གནང་བྲི། །འདིར་པཎྜི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་འཇམ་དཔལ་ཤེས་རབ་འཁོར་ལོའི་རྗེས་གནང་བྱ་བའི་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི་སྟེགས་མཐོ་བ་སྟན་ཁེབས་ཀྱིས་བཀབ་པ། དེའི་སྟེང་དུ་མཎྜལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཚོན་ཕུང་དཀར་པོ་བཀོད་པའམ། མ་འབྱོར་ན་འབྲས་ཀྱི་ཚོམ་བུ་གཅིག་བཀོད། དེའི་མདུན་དུ་དཀར་གཏོར་ཟླུམ་པོ་ཐེབ་ཀྱུ་བཞིས་བསྐོར་བ་རྒྱན་ཅི་མཛེས་ཀྱིས་སྤྲས་པ་དང༌། དེ་དག་གི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཀོད་པ་ཅི་མཛེས་སུ་བཤམ། རང་གི་མདུན་དུ་རྡོར་དྲིལ། མེ་ཏོག་གི་སྣོད། ལོགས་ཤིག་ཏུ་སློབ་མ་ལ་བཀྱེ་རྒྱུའི་མཎྜལ་དྲི་བཟང་གི་ཆུ་རྣམས་སྟ་གོན་བྱ། གཉིས་པ་དངོས་གཞི་ནི། རང་ཉིད་སྟན་བདེ་བ་ལ་འདུག ཁ་བཤལ། མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་
ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ནས། ཤབྡའི་བར། དྲིལ་བུ་དཀྲོལ། དྷརྨཱ་ར་ཎི་ཏའི་སྔགས་བརྗོད་པས་བྱིན་གྱིས་བརླབ། སྐྱབས་འགྲོ་སྤྱི་ལྟར་ལན་བདུན་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ཤེས་རབ་འཁོར་ལོ་བསྒོམ་པར་བགྱིའོ། །ལན་གསུམ། རང་གི་སྙིང་འོད་ཀྱི་གུར་ཁང་དུ་གྱུར་པའི་དབུས་སུ་ཟླ་བ་ལ་དྷཱིཿདེའི་འོད་ཀྱིས་མཆོད་འོས་རྒྱ་མཚོའི་ཚོགས་རྣམས་ཨོཾ་བཛྲ་ས་མཱ་ཛ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿལས་རལ་གྲིའི་ཡུ་བ་དང་རྩེ་མོར་རྡོ་རྗེས་མཚན་པ་དྷཱིཿས་བརྒྱན་པ། དེའི་འོད་ཀྱིས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་འཇམ་དཔལ་དུ་གྱུར། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་དཀར་པོ་ཕྱག་གཡས་རལ་གྲི་འཕྱར་ཞིང༌། གཡོན་ཐུགས་ཀར་གཏད་པས་པུསྟི་དང་འཁོར་ལོས་མཚན་པའི་ཨུཏྤལ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཞི་བའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཐུགས་ཀར་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཡང་དྷཱིཿ རྩིབས་བརྒྱད་ལ་ཡིག་འབྲུ་བརྒྱད་དང་བཅས་པ་དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་
ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བཅོམ་ལྡན་འདས་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་ཏུ་གསོལ། ཛཿཧཱུྃ་བཾ་ཧོཿ སྙིང་གའི་དྷཱིཿལ་ཐིམ་པས་རང་འདྲའི་ཡེ་ཤེས་པར་གྱུར། དེའི་ཐུགས་ཀར་ཡང་ཟླ་བ་ལ་ཏིང་འཛིན་སེམས་དཔའ་དྷཱིཿཡིག་གིས་མཚན་པར་གྱུར། ཅེས་བརྗོད། འདི་ལ་ཡན་ལག་བཞི་རྫོགས་མ་བཤད་པས། སྔགས་བཟླ་བའི་དམིགས་པ་ནི། རང་གི་སྙིང་གའི་འཁོར་ལོ་ལྟེ་བ་མི་འཁོར་རྩིབས་རྣམས་གཡས་སྐོར་དུ་ཁྱི་རི་རི་འཁོར། ཡིག་འབྲུ་རྣམས་གཡོན་དུ་འཁོར་བར་བསམས་ལ་སྔགས་བཟླ། རེས་འཁོར་ལོ་གཡོན་སྐོར་ཡིག་འབྲུ་གཡས་སྐོར་ཏེ་གང་བྱེད་ཀྱང་འཁོར་ལོ་དང་ཡིག་འབྲུ་རྣམས་ཐམས་ཅད་ཁ་དོག་དཀར་ཞིང་གསལ་བ་རྣོ་བ་དྲག་ཏུ་འཁོར་བ་བསམ་པ་གནད་དོ། །བཟླ་བྱའི་སྔགས་ནི། ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ། ཞེས་བསྙེན་པ་བྱེད་ན་འབུམ་ཕྲག་བརྒྱད་བཟླའོ། །ཐུན་བསྡུ་བ་ན། རང་གི་སྙིང་ག་ནས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་དམ་ཚིག་སེམས་དཔར་གསལ་བའི་སྙིང་གར་ཐིམ། དེ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། སླར་ཡང་ལྷའི་སྐུར་ལྡང་ངོ༌། །དེ་ནས་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་ཞེས་པ་ནས། དྷཱིཿཡིག་གིས་མཚན་པར་གྱུར་གྱི་བར་བདག་བསྐྱེད་ལྟར་ལས་རང་ཉིད་ཅེས་པ་དོར། མཆོད་པ་བྱིན་རླབས་གོང་ལྟར་བྱ། ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར། གཞོན་ནུའི་སྐུ་ལུས་འཆང་བ་སོགས་ཀྱི་བསྟོད་པའམ། སྤྲོ་ན། ཟབ་ཡངས་རབ་འབྱམས་ཆོས་སྐུའི་མཁའ་དབྱིངས་ལ། །གསལ་མཛེས་ཡིད་འོང་ཟླ་རྒྱས་ལོངས་སྤྱོད་རྫོགས། །དཀར་བསིལ་སྤྲུལ་པའི་འོད་ཟེར་སྟོང་འགྱེད་པ། །འཇམ་དབྱངས་རི་བོང་འཛིན་ལ་ཕྱག་འཚལ་ལོ། །ཞེས་ཁྲོ་ཕུ་ལོ་ཙཱ་བས་མཛད་པས་བསྟོད། གཏོར་མ་བསང་སྦྱང༌། འབྲུ་གསུམ་གྱི་བྱིན་གྱིས་བརླབ། མཚན་སྔགས་ལ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། གོང་ལྟར་མཆོད་བསྟོད་བྱ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ་བ་
རྣམས་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་ཁྲུས་བྱས། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་ནས། འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སོགས་སེམས་བསྐྱེད་གསལ་བཏབ། ཆོས་བཤད་རྒྱས་བསྡུས་སྐབས་དང་སྦྱར་ནས། གསན་པར་བྱ་བའི་ཆོས་ནི་འཇམ་དཔལ་དབྱངས་ཡིན། དེ་ལ་ལུགས་སྲོལ་མི་འདྲ་བ་དུ་མ་ཡོད་པ་ལས། འདིར་སྐབས་སུ་བབས་པ་པཎྜི་ཏ་ཟླ་འབྱུང་སྦས་པའམ་གསེར་གདུགས་ཅན་ནས་ཉེ་བར་བརྒྱུད་པའི་འཇམ་དབྱངས་ཤེས་རབ་འཁོར་ལོའི་རྗེས་སུ་གནང་བ་སྒྲུབ་པའི་སྐབས་སུ་བབས་པ་ཡིན་ཏེ། དེ་ལ་ལོ་རྒྱུས་ཅུང་ཟད་བསྙད་ན། སྔོན་གྱི་དུས་སུ་སློབ་དཔོན་ཟླ་བ་འབྱུང་གནས་སྦས་པ་དང༌། བྲམ་ཟེ་ཞིག་སློབ་གཉེར་ལ་མཉམ་དུ་ཕྱིན་པས། བྲམ་ཟེ་དེ་ཤེས་བྱའི་རིག་གནས་ལྔ་ལ་མཁས་པར་གྱུར། སློབ་དཔོན་གྱིས་ཅི་མང་མ་མཁྱེན་པས་ཐུགས་མུག་ནས་ལྕེབ་ལ་འཆི་སྙམ་སྟེ། ཆུ་བོ་གངྒཱའི་འགྲམ་དུ་ཤིང་ཕུང་ཞིག་ལ་ན་བཟའ་བཀལ་ནས་ཆུར་མཆོངས་སྙམ་ཙ་ན། མདུན་དུ་རྣལ་འབྱོར་པ་ཞིག་གློ་བུར་དུ་བྱུང་ནས། ཁྱོད་ཅིའི་ཕྱིར་ཆུར་མཆོངས་པ་ཡིན་གསུངས་པ་ལ། སྔར་གྱི་བྱུང་ཚུལ་བརྗོད་པས། དེ་ན་རེ། དེ་ཙམ་དུ་ཡི་མུག་པ་མི་དགོས། ཟླ་བ་དྲུག་བསྒོམས་པས་མ་བསླབ་པར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏར་འགྱུར་བའི་གདམས་ངག་གཅིག་ངས་བཤད་ཀྱིས་གསུངས་པས། སློབ་དཔོན་གྱིས་དེ་ཅང་སྲིད་དམ་གསུངས་པས། བསྒྲུབས་པས་མ་འགྲུབ་ན་སྔར་བཞིན་བྱས་པས་ཆོག་མོད། ཅེས་སྨྲས་པས། བདེན་པ་སྲིད་སྙམ་ནས། མན་ངག་ཞུས་ནས་བསྒྲུབས་པས་ཟླ་བ་དྲུག་ནས་འཇམ་དཔལ་གྱི་ཞལ་གཟིགས། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་འགྲན་ཟླ་མེད་པར་གྱུར། དེ་ནས་ཤྲཱི་ན་ལེནྡྲར་རྒྱལ་པོའི་མཆོད་གནས་མཛད་པས་རྒྱལ་པོ་ཤིན་ཏུ་དད་པར་གྱུར་ནས། པཎྜི་ཏ་གཞན་རྣམས་ལ་རྨ་བྱའི་གདུགས་ཕུབ་པ་ལ། སློབ་དཔོན་འགྲན་གྱི་ཟླ་མེད་དུ་བྱས་ཏེ་གསེར་གྱི་གདུགས་ཕུབ་པས། པཎྜི་ཏ་གསེར་གདུགས་ཅན་དུ་གྲགས་སྐད། སློབ་དཔོན་དེས་རཱ་
ཧུ་ལ་ཤྲཱི་ལ་བཤད། དེས་བི་མ་ལ་ཤྲཱི་ལ། དེས་བི་ཁྱཱ་ཏ་དེ་ཝ། དེས་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལ། དེས་ལོ་ཙཱ་བ་བྱམས་པའི་དཔལ་ལ་གདམས་ཤིང༌། དེ་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད་པ་ལས་བྱོན་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་འབུལ་དུ་གཞུག དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱོད་ལ་སྐྱབས་སུ་མཆི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ་མངོན་སུམ་བཞུགས་པའི་སྤྱན་སྔར་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཤེས་རབ་འཁོར་ལོའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་མི་ཤེས་པའི་མུན་པ་ཐམས་ཅད་བསལ། ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ། སྭ་བྷཱ་ཝའི་སྔགས་བརྗོད་པས་སྟོང་པར་སྦྱངས་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་ཞེས་པ་ནས། དྷཱིཿཡིག་གིས་མཚན་པར་གྱུར་གྱི་བར། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཇམ་དབྱངས་ཀྱི་སྐུ་
བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམས་རྗེ་བཙུན་འཇམ་དབྱངས་སུ་གསལ་བའི་སྐུ་ལ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། སྤོས་རོལ་དང་བཅས་སྔགས་མང་དུ་བརྗོད་པའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ཡང་ཡང་བརྗོད། དེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུའི་རྗེས་སུ་གནང་བ་ལེགས་པར་ཐོབ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་མི་ཤེས་པའི་མུན་པ་ཐམས་ཅད་བསལ། ལུས་འཇམ་དཔལ་དབྱངས་ཀྱི་སྐུའི་ངོ་བོར་བྱིན་གྱིས་བརླབས་པའི་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་སེམས་དཔའ་སུམ་བརྩེགས་སུ་བསྒོམས་པའི་སྙིང་གར་དྷཱིཿཡིག་གི་མཐར་སྔགས་ཕྲེང༌། དེའི་ཕྱི་རོལ་དུ་ཨཱ་ལི་དཀར་པོ་གཡོན་སྐོར། དེའི་ཕྱི་རོལ་དུ་ཀཱ་ལི་དམར་པོ་གཡས་སྐོར་དུ་ཡོད་པར་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀར་ཡང་དེ་ལྟ་བུའི་སྔགས་ཕྲེང་གསལ་བར་བསྒོམས་པ་ལས་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་བྱུང་བ་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་འཇམ་དཔལ་དུ་གསལ་བའི་སྙིང་གའི་སྔགས་ཀྱི་ཕྲེང་བ་ལ་ཐིམ་པར་མོས་ནས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད་བྱས་ལ་རྩ་སྔགས་ཡི་གེ་བརྒྱད་པ་དང༌། ཨཱ་ལི་ཀཱ་ལིའི་རྗེས་ཟློས་ཀྱང་ཡིག་རྙིང་དུ་བཤད་པས་བྱ། སློབ་མས་མེ་ཏོག་གཏོར། བཅོམ་ལྡན་བདག་གིས་སོགས། སློབ་དཔོན་གྱིས་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་སོགས། དེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གསུང་གི་རྗེས་སུ་གནང་བ་ལེགས་པར་ཐོབ། ཅེས་སོགས་གོང་སྐུའི་རིགས་འགྲེ་སྦྱར། ཐུགས་ཀྱི་རྗེས་གནང་གི་སླད་དུ་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་དང་མདུན་བསྐྱེད་ཀྱི་ཐུགས་
ཀ་ནས་ཀྱང་འཇམ་དབྱངས་ཀྱི་སྐུ་མཐེབ་སོར་ཙམ་རྒྱང་གིས་བྱེ་ནས་བྱོན་པ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། དེ་ལ་ཡིད་ཞུགས་པ་བཞིན་ཆེར་གཏད་པས་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེའང་དམིགས་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་འཇོག་པར་ཞུ། དེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ། ཅེས་སོགས་རིགས་འགྲེ་སྦྱར། རྗེས་གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་དང་འདྲ། གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས། བསང་སྦྱང་བྱིན་གྱིས་བརླབ། མཚན་སྔགས་སྔོན་འགྲོའི་ཉེར་སྤྱོད་དང༌། བསྟོད་པ་གོང་ལྟར་བྱ། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་གཤེགས་སུ་གསོལ། རང་གི་གནས་གསུམ་བསྲུང༌། དགེ་བ་བསྔོ་བ་དང་བཀྲ་ཤིས་རྒྱས་པར་བྱ། འདིའི་ལས་ཚོགས་རྒྱས་པ་ཡི་གེ་རྙིང་པ་ལས་རྟོགས་པར་བྱའོ། །དེ་ལྟར་པཎ་ཆེན་ཟླ་འབྱུང་སྦས་པ་ཡི། །བཞེད་སྲོལ་ཤེས་རབ་འཁོར་ལོ་སྒྲུབ་པའི་ཐབས། །རྗེས་གནང་དང་བཅས་གསལ་བར་བཀོད་པའི་དགེས། །འགྲོ་བའི་བློ་མུན་མ་ལུས་སེལ་གྱུར་ཅིག །ཅེས་པཎྜི་ཏ་གསེར་གདུགས་ཅན་ནམ་ཟླ་འབྱུང་སྦས་པའི་ལུགས་འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གསལ་བར་བཀོད་པ་མ་ནོར་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདིའང་ཤཱཀྱའི་བཙུན་པ་ཀུན་དགའ་ལྷུན་གྲུབ་ཀྱིས་འདིའི་ཡི་གེ་རྙིང་པ་རྣམས་དང༌། བླ་མའི་གསུང་རྒྱུན་ལྟར་དབེན་གནས་རྨོར་དགོན་རང་གི་བསམ་གཏན་ཁང་བུར་སུག་བྲིས་སུ་བཏབ་པའི་ཡི་
གེའི་འདུ་བྱེད་ཤིང་མང་བ་བཀའ་བཅུ་ཀུན་དགའ་བསམ་འགྲུབ་ཀྱིས་བགྱིས་པ་འདིས་ཀྱང་འདིའི་བཀའ་མི་ནུབ་པའི་རྒྱུར་གྱུར་ཅིག། ༈ །འཇམ་དབྱངས་ཤེས་རབ་འཁོར་ལོའི་གདམས་པའི་སྙིང་པོ་མདོར་བསྡུས་པ་བློ་གྲོས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཤིན་ཏུ་ཞི་བའི་ཡེ་ཤེས་མེ་ལོང་རྣམ་པ་དུ་མར་འཆར་བའི་གཟུགས། །སྲས་བཅས་རྒྱལ་བའི་ཡབ་ཏུ་གྱུར་ཀྱང་གསུང་གི་གསང་བ་འཛིན་པའི་ཚུལ། །ཤེས་རབ་འཁོར་ལོས་ཉོན་མོངས་གཅོད་མཛད་བླ་མ་འཇམ་དཔལ་གཞོན་ནུའི་ཞབས། །སྙིང་དབུས་པད་མཚོར་གུས་པས་བསྟན་ནས་གདམས་པའི་སྙིང་པོ་ཅུང་ཟད་འབྲི། །འདི་ལ་གསུམ། ལོ་རྒྱུས་དང༌། བསྙེན་པ་དང༌། མན་ངག་གི་ངེས་པའོ། །དང་པོ་ནི། རྗེས་གནང་གི་ཆོ་གར་གསལ། གཉིས་པ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གོ །དང་པོ་ནི། བྱ་བ་སྤྱིའི་རྒྱུད་དུ་དབང་བསྐུར་བ་དང༌། འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་པ། དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང་གཞན་དོན་དུ་བྱང་ཆུབ་ལ་དམིགས་པས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དཀའ་བ་མེད་པར་ཐོབ་པར་འདོད་པས། བྲག་རི་དཀར་པོའམ། རལ་གྲིའི་སོ་ལྟ་བུའི་བྲག་གི་བྱ་སྐྱིབས་མེ་ཏོག་དཀར་པོས་བརྒྱན་པ་སོགས་གནས་དབེན་ཞིང་ཡིད་དང་མཐུན་པར་བྱི་དོར་བྱ། དྲི་བཟང་གི་ཆུས་ཆག་ཆག་གདབ། མདུན་དུ་འདིའི་བྲིས་འབུར་གྱི་སྐུ་གང་འབྱོར་བཀྲམ་པའི་སྤྱན་སྔར་གཏོར་མ་དང་མཆོད་པ་བཤམ། ཁྲུས་དང༌། གཙང་སྦྲ་དང༌། ཚངས་པར་སྤྱོད་པའི་བརྟུལ་ཞུགས་ལ་མཆོག་ཏུ་གཞོལ་བས། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་བསག་པ་རྣམས་སྒྲུབ་ཐབས་ནས་ཇི་སྐད་འབྱུང་བ་བཞིན་ཉམས་སུ་བླང་ངོ༌། །གཉིས་པ་ནི། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ། རང་གི་སེམས་དྷཱིཿདཀར་པོ་ལས་འོད་ཟེར་འཕྲོས།
ཁམས་གསུམ་རྣམས་སྣང་བར་བྱས། ཤེས་རབ་ཀྱི་མཐུ་བསྐྱེད། ཚུར་འདུས་པ་ལས་རལ་གྲི་དྷཱིཿས་མཚན་པའི་འོད་ཀྱིས་སྣོད་གཞལ་ཡས་ཁང་དང༌། བཅུད་འཇམ་པའི་དབྱངས་ཀྱི་སྐུར་གྱུར། འཕགས་པ་རྣམས་མཆོད་ཅིང་དེ་དག་གི་ཤེས་རབ་ཉི་མ་ཆར་ཁའི་འོད་ལྟར་བསྡུས་ནས་ཐིམ་པས་རང་འཇམ་དཔལ་དུ་བསྐྱེད་པ་ནི་དམ་ཚིག་སེམས་དཔའོ། །དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་གསལ་བཏབ་ནས། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་པས་སྙིང་གའི་དྷཱིཿདང་དབྱེར་མེད་པ་ལས་རང་ཇི་ལྟ་བའི་འཇམ་དཔལ་ཚོན་གང་པའི་སྐུར་བསྐྱེད་པ་ནི་ཡེ་ཤེས་སེམས་དཔའོ། །དེའི་ཐུགས་ཀར་ཟླ་དཀྱིལ་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ་དྷཱིཿདཀར་པོ་སྤུས་བྲིས་པ་ལྟ་བུ་གསལ་བཏབ་པ་ནི་ཏིང་ངེ་འཛིན་སེམས་དཔའོ། །དེ་རྣམས་ཀྱིས་སྐུ་གསུམ་མཚོན་ཏེ། ཡེ་ཤེས་ཚོགས་བསག་གིས་ཆོས་སྐུ། སྣོད་བཅུད་རྣམ་པར་དག་པའི་དབུས་སུ་རང་སེམས་དཔའ་སུམ་བརྩེགས་སུ་གསལ་བ་ལོངས་སྐུ། སྐུའི་ཆ་ཐམས་ཅད་ནས་འཇམ་དཔལ་གྱི་སྐུ་མཐའ་ཡས་པ་སྤྲོས་ཏེ་སེམས་ཅན་གྱི་དོན་མཛད་པར་བསམ་པ་ནི་སྤྲུལ་སྐུ། དེ་ལ་སེམས་བཟུང་ཞིང་གསལ་སྣང་བསྒྲུབ་པ་ནི་མཚན་བཅས་ཀྱི་རྣལ་འབྱོར་རོ། །ལུས་སྣང་སྟོང་གཟུགས་བརྙན་ལྟ་བུའི་ལྷའི་སྐུ་དང༌། ངག་གྲག་སྟོང་བྲག་ཅ་ལྟ་བུའི་རྡོ་རྗེའི་སྔགས་དང༌། ཡིད་སྟོང་གསལ་འཇའ་ཚོན་ལྟ་བུའི་ཡེ་ཤེས་སུ་ལམ་དུ་ཁྱེར་བ་ནི་མཚན་མེད་ཀྱི་རྣལ་འབྱོར་རོ། །དེས་སྐྱོ་ན་སྙིང་གའི་འཁོར་ལོ་ཤུགས་དྲག་ཏུ་འཁོར་བ་ལ་ཡིད་གཏད་ནས་བཟླས་བརྗོད་བྱའོ། །དེ་ལྟ་བུའི་རིམ་པས་ཟླ་བ་དྲུག་གམ་འབུམ་ཕྲག་ཉི་ཤུ་རྩ་བཞིར་བཟླས་པས། རབ་དངོས་དང༌། འབྲིང་རྨི་ལམ་དུ་ཞལ་མཐོང་བ། ཐ་མའང་ཁོངས་པ་ནས་ཉི་མ་ཤར་བ་དང༌། སྐར་མ་པ་ཝ་སངས་ཤར་བར་རྨི་ན་ངག་གི་དབང་ཕྱུག་ཏུ་འགྱུར་རོ། །གསུམ་པ་ནི། ཐུན་ལས་ལྡང་བ་ན། རང་གི་ཐུགས་ཀའི་
དྷཱིཿལས་འཕྲོས་པའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་རང་དམ་ཚིག་པ། དེ་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའི་བར་དུ་བསྡུས་ཏེ་མི་དམིགས་པའི་ངང་འོད་གསལ་བའི་ཡེ་ཤེས་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་འགྱུར་ཞིང༌། ཐུན་མཚམས་ལ་འཇུག་པའི་ཚེ་སླར་ཡང་འཇམ་དཔལ་གྱི་སྐུར་ལྡང་སྟེ་བསྔོ་སྨོན་གྱིས་མཚམས་སྦྱར། སྤྱོད་ལམ་ཀུན་ཏུ་དག་པས་དུས་འདའ་བར་བྱ། ཐུན་གཉིས་སམ་སྔ་ཐུན་གྱི་མཇུག་ཏུ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཤེས་རབ་ཐམས་ཅད་འོད་ཀྱི་རྣམ་པས་རང་ལ་ཐིམ་པར་བསམ། དེ་ནས་གཏོར་མ་བསང་སྦྱང༌། འབྲུ་གསུམ་གྱིས་བརླབ། སྙིང་གའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བྱོན་པས་གཏོར་མ་གསོལ་བར་གྱུར་པར་མོས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི་བ་ལིཾ་ཏ་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ཅི་ཤེས་པས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་འོག་མིན་དུ་གཤེགས། རང་དམ་ཚིག་པའི་ང་རྒྱལ་དང་མ་བྲལ་བས་བསྔོ་སྨོན་བྱས་ནས་སྤྱོད་ལམ་ལ་འཇུག་གོ །གསུམ་པ་ལ་གསུམ། བློ་གྲོས་འཕེལ་བའི་གནད། གཞུང་ལུགས་སྐྱོང་བའི་གནད། བླ་མེད་མཆོག་གི་གནད་དོ། །དང་པོ་ལ་བཞི་ལས། དང་པོ་ནི། བསྙེན་པ་ལས་སུ་རུང་བས། བློ་གྲོས་གོང་ནས་གོང་དུ་འཕེལ་བའི་སླད། རབ་དཀར་སྣང་བས་མུན་སེལ་བྱེད། །ཅེས་པས་རང་འཇམ་དབྱངས་སུ་བསྒོམས་པའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་དམིགས་པའི་མུན་པ་སེལ། ནང་ཟླ་བའི་འཁོར་ལོ་ཡིག་འབྲུ་བརྒྱད་དང་བཅས་པས་ནང་ལུས་ངག་ཡིད་གསུམ་ལ་དམིགས་པའི་མུན་པ་སེལ། གསང་བ་ཡེ་ཤེས་ཀྱི་ཡི་གེ་དྷཱིཿདཀར་པོས་གསང་བ་ཡིད་ཀྱི་མུན་པ་སེལ་
ལོ། །གཉིས་པ་ནི། རྣོན་པོས་མི་ཤེས་བྲག་རི་འཇོམས། །ཞེས་པས་ཐུགས་ཀའི་འཁོར་ལོའི་རྩེ་མོ་སྤུ་གྲི་ལྟར་རྣོ་བས་ཚིག་ལ་རྨོངས་པའི་བྲག་རུམ་དྲལ་ཏེ། ཚིག་འཛིན་པའི་ཤེས་རབ་གློག་བས་མྱུར་བ་བསྐྱེད། གཤོག་པ་སྤུ་གྲི་ལྟར་རྣོ་བས་དོན་ལ་རྨོངས་པའི་བྲག་རུམ་བྲལ་ཏེ་དོན་དཔྱོད་པའི་ཤེས་རབ་ཉི་མའི་དཀྱིལ་འཁོར་ལྟར་གསལ་ཞིང་གཏིང་ཚུགས་པར་བསྐྱེད། འཁོར་ལོའི་འོད་ཟེར་མེ་ལྟར་རྣོ་བས་བརྗེད་ངས་དང་རྨོངས་པའི་བྲག་རུམ་དྲལ་ཏེ། རྒྱུན་ཆགས་དྲན་པའི་ཤེས་རབ་གཟེར་གཟུངས་ལྟར་མི་འབྲལ་བའི་རྟོགས་པ་གཞུང་ཚུགས་པར་བསྐྱེད་དོ། །གསུམ་པ་ནི། ཤུགས་དྲག་ལས་དང་ཉོན་མོངས་གཅོད། །ཅེས་པས་འཁོར་ལོ་འཁོར་བའི་ཤུགས་མྱུར་བ་རྫ་མཁན་གྱི་འཁོར་ལོ་ལྟ་བུས་སྣང་བ་གློ་བུར་དུ་འབྱུང་བའི་ཐབས་དང༌། འཁོར་ལོ་འཁོར་བའི་ཤུགས་དག་པ་གནམ་ལྕགས་ཀྱི་ཤུགས་ལྟ་བུས་སྣང་བ་རྩལ་ཆོད་དུ་འབྱུང་བའི་ཐབས་དང༌། འཁོར་ལོ་འཁོར་བའི་ཤུགས་གཡོ་བ་བརྒྱ་བྱིན་གྱི་རྡོ་རྗེ་ལྟ་བུས་སྣང་བ་ཧུར་བྱུང་དུ་འབྱུང་བའི་ཐབས་སོ། །བཞི་པ་ནི། ཕན་ཚུན་ལྡོག་པས་འཁྲུགས་པ་འཇོམས། །ཞེས་པས་འཁོར་ལོ་ཕར་ལྡོག་པས་སྙིང་རླུང་དང་འཕྱོ་སངས་སུ་གྱུར་པའི་འཁྲུགས་པ་འཇོམས། འཁོར་ལོ་ཚུར་ལྡོག་པས་ཕྱི་ནང་གི་རྣམ་གཡེང་གིས་སེམས་རྣལ་དུ་མི་གནས་པའི་འཁྲུགས་པ་འཇོམས། ཡང་ཕར་ལྡོག་ཚུར་ལྡོག་ངེས་མེད་དུ་བསྒོམས་པས་བློ་བྱིང་རྒོད་དང་ཐོད་རྒལ་གྱི་སྐྱོན་དུ་གྱུར་པའི་འཁྲུགས་པ་འཇོམས་པ་ཡིན་ནོ། །ཐུན་མོང་གི་གདམས་པ་བཞིའོ། །གཉིས་པ་ལའང་བཞི་ལས། དང་པོ་ནི། དེ་ལྟར་བློ་གྲོས་ཀྱི་མཐུ་ཐོབ་པས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཕྱིར། འཆད་ན་མགྲིན་པར་དུང་དཀར་བསྒོམ། །ཞེས་པས་རང་འཇམ་དབྱངས་སུ་གསལ་བའི་མགྲིན་པར་ཡི་གེ་བྃ་དཀར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འགྲོ་བ་ཐམས་ཅད་ཀྱི་ངག་གི་
སྐྱོན་ཐམས་ཅད་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གསུང་དབྱངས་དྲུག་ཅུ་ལ་སོགས་པའི་ཡོན་ཏན་ཚུར་འདུས་ཏེ། བྃ་ལ་ཐིམ་པས་དུང་དཀར་གཡས་སུ་འཁྱིལ་བ་ཚངས་པའི་ང་རོ་ཅན་དུ་གྱུར་པར་བསམས། དུང་གི་ནང་གི་སྦུབས་ཁྲེམ་གཉེར་འཁྱིལ་པར་དབྱངས་ཡིག་བཅུ་དྲུག་རིམ་པ་ལྟར་བསྐོར་བ་ལས། ཆོས་གང་དང་གང་འཆད་འདོད་པ་དེ་དང་དེའི་སྒྲ་དབྱངས་འབད་པ་མེད་པར་སྙན་ཅིང་འཇེབས་པར་བྱུང་ནས་ནམ་མཁའི་མཐས་ཁྱབ་པར་ཡོངས་སུ་གྲགས་པར་བསྒོམ་མོ། །གཉིས་པ་ནི། རྩོད་ན་ལྕེ་ལ་རལ་གྲི་དགོད། །ཅེས་པས། རང་འཇམ་དབྱངས་སུ་གསལ་བའི་སྟེང་དུ། ཁྃ་ལས་འོད་ཟེར་ཁམས་གསུམ་དུ་འཕྲོས་པས། སེམས་ཅན་གྱི་རྩོད་པ་ཐམས་ཅད་ཀྱི་སྐྱོན་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བཀའ་བགོ་བ་ཕུན་སུམ་ཚོགས་པ་དུ་མའི་ཡོན་ཏན་བསྡུས་ནས་ཁྃ་ལ་ཐིམ་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་རལ་གྲིར་གྱུར་ཏེ། དེས་ཕས་རྒོལ་གྱི་ལྕེ་བཀུམ་པར་བསམས་ནས་འཇིགས་པ་མེད་པའི་གདིང་དང་ལྡན་པར་སྨྲ་བར་བྱའོ། །གསུམ་པ་ནི། གཞུང་རྩོམ་སྙིང་གར་དཔལ་བེའུ་སྟེ། །ཞེས་པས། རང་འཇམ་དབྱངས་སུ་གསལ་བའི་སྙིང་གར་དཔལ་བེའུ་ལ་ནྃ་ཁ་དོག་སྣ་ཚོགས་པས་འོད་ཟེར་འཕྲོས། སྐྱེ་བོ་མ་ལུས་པའི་གྲུབ་མཐའ་ངན་པའི་དྲི་མ་ཐམས་ཅད་སྦྱངས། མཁས་གྲུབ་མཐའ་དག་གི་གཞུང་ལུགས་དྲི་མ་མེད་པའི་ཡོན་ཏན་ཚུར་འདུས་ཏེ། ནྃ་ལ་ཐིམ་པས་གཞུང་ལུགས་ཐམས་ཅད་ལ་དབང་ཐོབ་པའི་བསམ་པས་བརྩམ་ན་མཁས་པར་འགྱུར་རོ། །བཞི་པ་ནི། མཉམ་པར་འཇོག་ན་རྡོ་རྗེའོ། །ཞེས་པས། རང་འཇམ་དབྱངས་སུ་གསལ་བའི་སྙིང་གར་ཟླ་བ་ཉ་གང་བ་ལ། ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སྲིད་པ་གསུམ་གྱི་སྡིག་སྒྲིབ་སྦྱངས། ཐུབ་པའི་དབང་པོ་རྗེས་འཇུག་བརྒྱུད་པ་དང་བཅས་
པའི་ཤེས་རབ་དང་ཏིང་ངེ་འཛིན་ཕུལ་དུ་གྱུར་པའི་ཡོན་ཏན་ཐམས་ཅད་ཚུར་བསྡུས་ནས་ཧཱུྃ་ལ་ཐིམ། དེ་རྣམས་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྡོ་རྗེར་གྱུར་ཏེ། དེ་ལས་རྡོ་རྗེའི་གཟི་འོད་ཆེན་པོ་འབར་བར་བསམ་ཞིང་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་འགྱུར་རོ། །དེ་རྣམས་ནི་ཁྱད་པར་གྱི་གདམས་པ་བཞིའོ། །གསུམ་པ་ལའང་བཞི་ལས། དང་པོ་ནི། ཐུན་མོང་གི་བློ་གྲོས་དང་འཆད་རྩོད་རྩོམ་གསུམ་ལ་དབང་བསྒྱུར་བས། མཐར་ཐུག་མཆོག་གི་གོ་འཕང་མངོན་དུ་བྱ་བའི་སླད། གཞོན་ནུའི་སྐུ་ཡིས་ལུས་སྦྱང་ཞིང༌། །ཞེས་པས་རང་འཇམ་དབྱངས་སུ་བསྐྱེད་ནས་སྐུ་བླ་ན་མེད་པ་མ་དག་པར་བསྒྱུར་ཏེ་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པར་གསལ་གདབ། དག་པ་དྲི་མ་མེད་པར་བསྒྱུར་ཏེ། སྐུ་དེའང་སྣང་ལ་སྟོང་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་ཤེས་པར་བྱ། དྲི་མེད་ཡེ་ཤེས་སུ་བསྒྱུར་ཏེ། སྐུའི་སྣང་སྟོང་དེ་ཉིད་ཀྱང་འཇམ་དབྱངས་ཀྱི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལྔའི་ངོ་བོར་གྱུར། ཡེ་ཤེས་དེ་རང་གི་སེམས་ཉིད་དུ་གྱུར་ཏེ། སེམས་ཉིད་གདོད་མ་ནས་འོད་གསལ་བ། ཧྲིག་གེ ཡེར་རེ། རྗེན་ནེ། པྲ་ཀྲྀ་ཏི་བི་ཤུདྡྷོ྅ཧཾ་ཞེས་པས་རང་བཞིན་རྣམ་པར་དག་པའི་ངོ་བོར་བསྒོམ་མོ། །དེས་ནི་ལུས་སྦྱངས་ཏེ་དག་པ་ཡེ་ཤེས་ཀྱི་སྐུ་འགྲུབ་པའོ། །གཉིས་པ་ནི། འོད་འབར་ཡིག་འབྲུས་ངག་རྣམས་སྦྱང༌། །ཞེས་པས་རང་འཇམ་དབྱངས་སུ་གསལ་བས་གསུང་བླ་ན་མེད་པ་མ་དག་པ་དག་པར་གྱུར་པ་ཚངས་པའི་དབྱངས་སུ་གསལ་གདབ། དག་པ་དྲི་མ་མེད་པར་གྱུར་ཏེ་གསུང་དེའང་གྲག་སྟོང་སྒྲ་བརྙན་གྱི་གླུ་དབྱངས་ལྟ་བུར་ཤེས་པར་བྱ། གསུང་གི་གྲག་སྟོང་དེ་ཡང་འཇམ་དབྱངས་ཀྱི་གསུང་དབྱངས་དྲུག་ཅུ་དང་ལྡན་པར་གྱུར། གསུང་དེའི་རྣམ་པ་ལྕེ་སྟེང་ནས་བཟུང་སྟེ་མགྲིན་པའི་སྦུབས་ཐམས་ཅད་དུང་
དཀར་གྱི་ཁྲེམ་གཉེར་འཁྱིལ་བ་ལྟར་ཡོད་པའི་ནང་དུ། ཨ་ཨཱ་ལ་སོགས་དབྱངས་ཡིག་གི་ཡིག་འབྲུ་དཀར་པོ་གཡས་ཕྱོགས་སུ་འཁྱིལ་བ་དང༌། ཀ་ཁ་ག་གྷ་ང་ལ་སོགས་ཀཱ་ལིའི་ཡིག་འབྲུ་དམར་པོ་གཡོན་སྐོར་དུ་འཁྱིལ་བར་གྱུར་པར་བསམ། དེ་ནས་སྔགས་དེ་རྣམས་ལན་གསུམ་དུ་བརྗོད་པས་ཁམས་གསུམ་ཐམས་ཅད་དུ་འབྲུག་གི་སྒྲ་གྲག་པ་ལྟ་བུས་རྒྱུན་མི་ཆད་པར་གྲགས་པར་བསམ་མོ། །གསུང་དེ་ཉིད་ཀྱང་རང་གི་སེམས་ཉིད་ཀྱི་ངོ་བོ་གདོད་མ་ནས་འོད་གསལ་བ་པྲ་ཀྲྀ་ཏི་བི་ཤུདྡྷོ྅ཧཾ་ཞེས་བྱ་བའི་དོན་དྲན་པར་བྱའོ། །དེས་ནི་ངག་སྦྱངས་ཏེ་དག་པ་གསུང་གི་ངོ་བོར་བསྒྲུབ་པའོ། །གསུམ་པ་ནི། དྲི་མེད་ཕྱག་མཚན་ཡིད་སྦྱང་ངོ༌། །ཞེས་པས་རང་འཇམ་དབྱངས་སུ་བསྐྱེད་ནས། ཐུགས་བླ་ན་མེད་པ་མ་དག་པ་དག་པར་བསྒྱུར་ཏེ་ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་རྣམ་དག་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་བརྒྱད་ཁྲི་བཞི་སྟོང་དང་ལྡན་པར་གསལ་གདབ། དག་པ་དྲི་མ་མེད་པར་གྱུར་ཏེ། ཐུགས་དེ་འོད་གསལ་ཞིང་སྟོང་པ་ནམ་མཁའི་འཇའ་ཚོན་ལྟ་བུར་ཤེས་པར་བྱ། དྲི་མེད་ཡེ་ཤེས་སུ་གྱུར་ཏེ། ཐུགས་ཀྱི་གསལ་སྟོང་དེ་ཉིད་ཀྱང་འཇམ་དབྱངས་ཀྱི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལྔའི་ངོ་བོར་གྱུར། ཡེ་ཤེས་ཀྱང་རང་གི་སེམས་ཉིད་ངོ་བོར་གྱུར་ཏེ་སེམས་ཉིད་གདོད་མ་ནས་འོད་གསལ་བ། པྲ་ཀྲྀ་ཏི་བི་ཤུདྡྷོ྅ཧཾ་ཞེས་པའི་དོན་དུ་བསྒོམ་མོ། །དེས་ནི་ཡིད་སྦྱངས་ཏེ་དག་པ་ཡེ་ཤེས་ཀྱི་ཐུགས་སུ་གྲུབ་པ་ཡིན་ནོ། །བཞི་པ་ནི། རང་བཞིན་འོད་གསལ་མཐར་ཐུག་ཉིད། །ཅེས་པས་རང་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བའི་སྐུ་གསུང་ཐུགས་ཀྱི་ངོ་བོར་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། པྲ་ཀྲྀ་ཏི་བི་ཤུདྡྷོ྅ཧཾ་ཞེས་པའི་སྒྲ་ལས་དྲངས་ན་རང་བཞིན་གྱིས་རྣམ་པར་དག་པ་ངའོ་ཞེས་པ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་
གདོད་མ་ནས་སྤྲོས་པའི་མཐའ་མ་ལུས་པ་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་བཟུང་ཞིང༌། རང་གི་སེམས་དེ་ཁོ་ན་ཉིད་དུ་རྣམ་པར་དག་པའི་དབྱིངས་སུ་ལྷུག་པར་འཇོག་གོ །དེས་ནི་སྒོ་གསུམ་ཐ་དད་དུ་འཛིན་པའི་བག་ཆགས་ཐམས་ཅད་སྦྱངས་ཤིང༌། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་མཐར་ཐུག་དོན་གྱི་འཇམ་དབྱངས་སུ་བསྒྲུབ་པའོ། །དེ་རྣམས་ནི་ཁྱད་པར་བླ་ན་མེད་པའི་ཞལ་གདམས་བཞིའོ། །དེ་ལྟར་མན་ངག་གི་གནད་དང་ལྡན་པའི་སྒྲུབ་པོས་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པ་རྒྱུན་མི་ཆད་པས་འཕགས་པ་འཇམ་དཔལ་ཤེས་རབ་འཁོར་ལོ་གཡར་དམ་དུ་བགྱིས་ན་རིང་པོར་མི་ཐོག་པར་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་ཅིང༌། ཡི་དམ་གྱི་ལྷའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རིག་པ་འཛིན་པའི་གཟུགས་སུ་གྱུར་ཏེ། ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་དེ་འཇམ་པའི་རྡོ་རྗེ་གོ་འཕང་མྱུར་བ་ཉིད་དུ་ཐོབ་པ་ནི་ངེས་པའོ། །འཕགས་པས་རྗེས་བཟུང་ཟླ་འབྱུང་སྦས་པའི་མན་ངག་བདུད་རྩིའི་སྙིང་པོ་ནི། །ཤཱཀྱ་ཤྲཱིའི་ཐུགས་མཚོ་ལས་འོང་བྱམས་པའི་དཔལ་ལ་རྗེས་སྩལ་བའི། །འཇམ་དཔལ་གཞོན་ནུ་ཤེས་རབ་འཁོར་ལོའི་གདམས་ངག་སྙིང་པོ་འདི་སྦྱར་བའི། །ལེགས་བྱས་སྣང་བས་ས་གསུམ་ཀུན་ཁྱབ་མཁྱེན་གཉིས་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་ཁྲོ་ཕུ་ལཱོ་ཙཱ་བ་ཆེན་པོ་བྱམས་པའི་དཔལ་གྱིས་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར་ཉུང་གསལ་སྙིང་པོར་དྲིལ་ཏེ། མང་དུ་ཐོས་པའི་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས།
འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སྟུ་ཏིཿ བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་དཔལ་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུངས། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །གང་དག་ལྷག་པའི་བསམ་པ་རྣམ་པར་དག་པས་གཅིག་དང་བདུན་དང་ཉི་ཤུ་རྩ་གཅིག་དང༌། །བརྒྱ་དང་སྟོང་ལ་སོགས་པ་དག་ཉིན་རེ་བཞིན་དུ་སྒྲོགས་པ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་ཏུ་
སྒྲིབ་པ་དག་པ་དང༌། ཐོས་པ་འཛིན་པ་དང༌། སྤོབས་པ་སྐྱེ་བ་དང༌། མི་བརྗེད་པའི་གཟུངས་ཐོབ་པ་དང༌། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང༌། སྟོབས་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས་ཤེས་རབ་དང༌། སྙིང་རྗེས་ལམ་དང་ས་རིམ་གྱིས་བགྲོད་དེ་གོང་དུ་ཆེས་ཆེར་འཕར་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆ་ལ་ཞལ་གཟིགས་པའི་ཚེ་ཡོན་ཏན་ཇི་ལྟ་བར་བསྟོད་པ་རྫོགས་སོ། །སྒྱུར་བྱེད་དམ་པ་རིན་ཆེན་བཟང་པོས་བསྒྱུར་བའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པ་དང༌། ཙནྡྲ་གོ་མཱི་ལ་སོགས་པ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་ཡན་ཆད་དུ། ཉི་ཤུ་རྩ་གཅིག་པོ་ཀུན་གྱིས་ཞལ་གཟིགས་ཤིང་དངོས་གྲུབ་བརྙེས་པ་ཡིན་གསུངས། འདི་དང་འགྲེལ་པ་སུམ་ཅུ་
པ་གཉིས་རྔོག་བློ་ལྡན་ཤིན་ཏུ་རྩིས་ཆེ་ཞིང་ཕལ་དང་ཕལ་ལ་མི་གནང་བར་མཛད་དོ།། ༈ །འཇམ་དབྱངས་གང་བློ་མའི་རྗེས་གནང་གི་ཐོ་བཞུགས་སོ། །སྭ་སྟི། འཇམ་དབྱངས་ཀྱི་བསྟོད་པ་གང་བློ་མ་དང་རྗེས་སུ་འབྲེལ་བའི་བྱིན་རླབས་ནི། མདུན་དུ་མཎྜལ་ལ་ཚོམ་བུ་གཅིག་བཀོད། མཆོད་པ་འཁོར་མོར་བྱ། གཏོར་མ་གཅིག་བཤམ། ཚོམ་བུའི་སྟེང་དུ་འཇམ་དཔལ་བསྐྱེད་ལ་མཆོད་བསྟོད་བྱ། གཏོར་མ་འབུལ།«་་་་་འདི་ལ་སློབ་དཔོན་རང་གིས་སྐྱབས་འགྲོ་སེམས་བསྐྱེད་ཆོས་ཀྱི་བདག་མེད་བསྒོམ། གནས་གསུམ་ཡི་གེ་གསུམ་དང༌། སྙིང་གར་ཟླ་བ་ལ་དྷཱིཿཡིག་བཀོད་ལ་སྔགས་བཟླ། མདུན་དུ་སྟོང་པའི་ངང་ལས་པད་མ་དང་ཟླ་བའི་གདན་བསྐྱེད་པ་རང་བཞིན་གྱི་གནས་ནས། མ་ལུས་སེམས་ཅན་སོགས་ཀྱིས་འཇམ་དཔལ་ཡེ་ཤེས་པ་སྤྱན་དྲངས་གདན་ཕུལ་ཞལ་ཕྱག་གསལ་གདབ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ། རིགས་བདག་གིས་རྒྱས་གདབ་གསུངས། རྗེས་གནང་གི་སྔོན་འགྲོ་རྣམས་སྤྱི་དང་མཐུན་པར་མཛད།» དེ་ནས་མེ་ཏོག་བཀྱེ་བསྡུ་བྱས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སོགས་ལན་གསུམ་གྱིས་གསོལ་བ་བཏབ།«་་་་་རྒྱུན་བཤགས་ཀྱང་མཛད།» སློབ་དཔོན་ལ་མོས་གུས་དྲག་ཏུ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ནས་དེའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་སྩལ་དུ་གསོལ་སྙམ་པས། བརྩེ་ལྡན་ཁྱོད་ཀྱི་ཤེས་རབ་འོད་ཟེར་གྱིས་སོགས་ཀྱིས་གསོལ་བ་ལན་གཅིག་བཏབ། བཅོམ་ལྡན་འདས་ཀྱི་ཞལ་ནས་བསྟོད་པའི་ཚིག་དང་བྱིན་རླབས་མ་ལུས་པ་བྱུང་ནས་རང་ལ་ཐིམ་པར་བསམས་ལ། གང་གི་བློ་གྲོས་ཚར་གཅིག ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཚར་བདུན་གྱི་རྗེས་ཟློས་བྱ།«་་་་་ཉེར་གཅིག་ཀྱང་བཤད།» སླར་ཡང་དེ་བཞིན་ཏེ་གསུམ་བྱའོ། །རྗེས་ལ། གཙོ་བོས་སོགས་དང༌། མཎྜལ། དེང་ནས་སོགས་བྱ། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་བསགས་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །
ཅེས་སོགས་བསྔོ་སྨོན་བྱའོ། །རྗེ་བླ་མ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའོ། །མངྒ་ལཾ།། ༈ །འཇམ་དབྱངས་གང་བློ་མའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ། །མ་རིག་མུན་པ་སེལ་བ་དང༌། །ཤེས་རབ་སྣང་བ་རྒྱས་པའི་ཕྱིར། །བླ་མ་རྗེ་བཙུན་འཇམ་དབྱངས་ལ། །བཏུད་ནས་དེ་ཡི་རྗེས་གནང་བྲི། །འཇམ་དབྱངས་གང་བློ་མའི་རྗེས་གནང་བྱ་བའི་ཚུལ་ནི། མདུན་དུ་སྟེགས་ཀྱི་སྟེང་མཎྜལ་ལ་ཚོམ་བུ་གཅིག་བཀོད། དེའི་མདུན་དུ་གཏོར་མ་གཅིག་དང༌། ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་བཀོད་མཛེས་སུ་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་གི་སྣོད། སློབ་མ་ལ་བཀྱེ་རྒྱུའི་མཎྜལ་ནས་དང་བཅས་པ་བཤམས་ནས། སྟན་བདེ་བ་ལ་འཁོད་དེ་ཁྲུས་དང་གཙང་སྦྲ་དང་ལྡན་པས། མཆོད་པ་རྣམས་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་དྲིལ་བུ་དཀྲོལ་ཏེ་བྱིན་དབབ། བདག་དང་འགྲོ་བ་སོགས་སྐྱབས་འགྲོ་ཅི་ནུས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་སྒྲུབ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། ཨོཾ་སྭ་བྷཱ་བ་ཞེས་སོགས་ཀྱིས་ཆོས་ཀྱི་བདག་མེད་བསྒོམ་པ་སྔོན་དུ་འགྲོ་བས། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་
གའི་སྟོད་དུ་ཧཱུྃ། དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་གསལ་བར་དམིགས་ཏེ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ«་་་་་དཔེ་ལ་ལར་ཧཱུྃ་སྭཱ་ཧཱ་ཞེས་པའང་སྣང༌།» ཞེས་བརྒྱ་རྩ་སོགས་བཟླས་མཐར་གསོལ་བ་གདབ། དེ་ནས་མདུན་གྱི་ཚོམ་བུ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཚོམ་བུའི་སྟེང་པདྨ་དང་ཟླ་བའི་སྟེང་དུ་རང་བཞིན་གྱི་གནས་ནས་འཇམ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་པ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། པད་ཟླའི་སྟེང་དུ་བཞུགས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་འཕྱར་ཞིང༌། གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃཿ ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་སོགས་ཤློ་ཀ་གཅིག་གིས་བསྟོད། དེ་ནས་གཏོར་མ་ཆུ་གཙང་གིས་བྲན། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་རིན་
པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པ་བསམ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་ཕུལ། གོང་ལྟར་མཆོད་བསྟོད་བྱ། དེ་ནས་འཇམ་དཔལ་དེའི་ཐུགས་ཀའི་དྷཱིཿལས་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་སྩོལ་བར་བསམ་པའི་མོས་གུས་དྲག་པོས་ཐལ་མོ་སྦྱར་ཏེ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུངས། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌། །མ་མིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དབྱངས་ཁྱོད་ལ་འདུད། །ཅེས་ཚར་གསུམ་བརྗོད། ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ་སྭཱ་ཧཱ། ཉེར་གཅིག དམིགས་པ་དེ་དང་མ་བྲལ་བས་བསྟོད་པ་ཚར་གསུམ། སྔགས་ཉེར་གཅིག ཡང་བསྟོད་པ་ཚར་གསུམ། སྔགས་ཉེར་གཅིག ཡང་བསྟོད་པ་ཚར་གསུམ་གྱི་མཐར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བདག་ལ་བློ་གྲོས་ཀྱི་སྣང་བ་དཔག་ཏུ་མེད་པ་སྩལ་དུ་གསོལ། ཞེས་གསོལ་བ་འདེབས་པ་རྣམས་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཞེས་སོགས་སེམས་བསྐྱེད་གསལ་བཏབ། ཆོས་བཤད་རྒྱས་བསྡུས་ཇི་རིགས་སྔོན་དུ་བཏང་ནས། དེ་ལ་འདིར་སྐབས་སུ་བབས་པ་ནི། གང་བློ་མའི་བསྟོད་
སྒྲུབ་ལ་རྟེན་ནས་འཇམ་དཔལ་དབྱངས་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བསྙད་ན། སྔོན་དུས་སུ་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་རྡོ་རྗེ་མཚོན་ཆས་མཁན་པོ་མཛད་ཅིང་བསྟན་པ་སྐྱོང་བའི་དུས་ན། གནས་དེར་འཇམ་དཔལ་དབྱངས་ཀྱི་ལྷ་ཁང་ཞིག་གསར་དུ་བཞེངས་པ་ལ་སང་ཉིན་རབ་གནས་ཞལ་བསྲོ་མཛད་རྒྱུའི་ནུབ་མོ་མཁན་པོས་པཎྜི་ཏ་ལྔ་བརྒྱ་ལ་སང་ཉིན་འཇམ་དཔལ་གྱི་སྟོད་པ་རེ་བརྩམས་ལ་ཁྱེར་ཤོག་གསུངས་པ་ན། དེ་ནུབ་པཎྜི་ཏ་རྣམས་ཀྱིས་མཁན་པོའི་བཀའ་བཞིན་སོ་སོར་འཇམ་དཔལ་ལ་བསྟོད་པ་རེ་བརྩམས་ཏེ་ཕུལ་བ་ན། ཐམས་ཅད་གྲོས་བཏབ་པ་ལྟར་བསྟོད་པ་འདི་ཁོ་ན་བྱུང་བས། འཇམ་དཔལ་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་གསུངས་པར་ཡིད་ཆེས་པས་བསྟོད་པ་ཡོན་ཏན་བཟང་པོ་ཞེས་བྱ་བར་མཁན་པོ་ཉིད་ཀྱིས་མཚན་བྱང་བཏབ་ནས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་པ་དང་རྗེས་སུ་འབྲེལ་བའི་རྗེས་སུ་གནང་བ་བསྒྲུབ་པ་ལ། བྱ་རྒྱུད་རང་རྐང་གི་ལུགས་ལྟར་མདུན་གྱི་ཚོམ་བུའི་སྟེང་དུ་ལྷ་བསྐྱེད་དེ། དེ་ལ་མཆོད་བསྟོད་དངོས་གྲུབ་ཞུ་བ། གཏོར་མ་འབུལ་བ་རྣམས་སྔོན་དུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་སློབ་དཔོན་འཇམ་དཔལ་དབྱངས་སུ་མོས་པ་མཛད་ནས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་འབུལ་དུ་གཞུག དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། རྒྱུད་དག་པའི་སླད་དུ་མདུན་དུ་རྗེ་བཙུན་འཇམ་དཔལ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་རྒྱུན་བཤགས་བྱ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་
མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་མདུན་གྱི་འཇམ་དཔལ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ་ནས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏུ་གསོལ། སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བརྩེ་ལྡན་ཁྱོད་ཀྱི་ཤེས་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། ཁྱེད་རང་རྣམས་འཇམ་དཔལ་ཞལ་གཅིག་ཕྱག་གཉིས་པ་རལ་གྲི་དང་པུསྟི་འཛིན་པ་དྲན་ཙམ་མཛོད། མདུན་གྱི་འཇམ་དཔལ་གྱི་ཐུགས་ཀ་ནས་བསྟོད་པ་སྔགས་དང་བཅས་པ་འོད་ཟེར་གྱི་རྣམ་པར་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ཞུགས། བློ་གྲོས་ཕུན་སུམ་ཚོགས་པར་གྱུར་པར་བསམ་ནས་འདིའི་རྗེས་ཟློས་མཛོད། གང་གི་བློ་གྲོས་ནས་འདུད་ཀྱི་བར། མདུན་གྱི་རྗེ་བཙུན་གྱི་ཐུགས་ཀའི་དྷཱིཿཡིག་ལས་སྔགས་ཕྲེང་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་དྷཱིཿབཀོད་པ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ནས་སྔགས་འདིའི་རྗེས་ཟློས་ལན་ཉེར་གཅིག་མཛད་པར་ཞུ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ་སྭཱ་ཧཱ། དེ་འདྲ་བ་ལན་གསུམ་དུ་བྱ་དགོས་པས་སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བརྩེ་ལྡན་ཁྱོད་ཀྱི་སོགས་ནས་སྔགས་ཀྱི་རྗེས་ཟློས་བར་སྔར་བཞིན་དང༌། སླར་ཡང་དེ་འདྲ་བ་ཚར་གཅིག་སྟེ་ལན་གསུམ་བྱ། མཐར་རྗེ་བཙུན་འཇམ་དཔལ་དབྱངས་ལ་མེ་ཏོག་ཕུལ་བར་མོས་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བརྗོད། མདུན་གྱི་འཇམ་དཔལ་དབྱངས་ཀྱི་ཕྱག་གི་མེ་ཏོག་ཁྱེད་རང་རྣམས་ཀྱི་མགོ་ཐོག་ཏུ་བཞག་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་སོགས་
ཚར་གསུམ་བརྗོད། དེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། དེ་ལྟར་འཇམ་དཔལ་དབྱངས་ཀྱི་དྲུང་དུ་བྱིན་རླབས་བསྟོད་བསྒྲུབས་བགྱིས་པའི་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བགྱིའོ། །སྙམ་པས་འདིའི་རྗེས་ཟློས་མཛོད། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་བསགས་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་བརྗོད། གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་སོགས་བརྗོད། དེས་འཇམ་དཔལ་གང་བློ་མར་གྲགས་པའི་རྗེས་གནང་བྱ་རྒྱུད་རང་རྐང་གི་ལུགས་ལྟར་གསན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས། དགེ་བ་བསྔོ། འདི་ནི་རིག་པ་མཆོག་གི་རྒྱུད་ལས། གསུང་རབ་ཀྱི་གདོད་དུ་བཟླས་ལུང་གསུམ་བྱ། ཞེས་སོགས་ཀྱི་དོན་ཡིན་པས་གཞན་གྱིས་བསྲེ་སླད་མི་བྱ། བླ་མ་སློབ་མ་གཉིས་ཀ་ལྷར་དྲན་ཙམ་ལས་ལྷར་བསྐྱེད་མི་དགོས་གསུངས་སོ། །རྗེས་མདུན་བསྐྱེད་ལ་མཆོད་བསྟོད་གོང་བཞིན་བྱ། ཚོམ་བུའི་སྟེང་གི་ལྷ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ། །དེ་ལྟར་རྗེ་བཙུན་འཇམ་དབྱངས་གང་བློ་མའི། །རྗེས་གནང་བྱ་ཚུལ་བྱ་རྒྱུད་རང་རྐང་ལྟར། །ལེགས་པར་བཤད་པས་རྒྱུད་སྡེར་སྤྱན་ཡངས་པའི། །མཁས་པའི་ཚོགས་རྣམས་དགྱེས་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཟིན་ཐོ་དང༌། ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་མཛད་པའི་ཟིན་ཐོ་གཉིས་གུང་བསྒྲིགས་ནས་ལག་ལེན་ཤིན་ཏུ་བདེ་བར། ན་ཚོད་རྒན་ཡང་བློ་གྲོས་གཞོན་ནུར་གྱུར་པ་ཤཱཀ་བཙུན་ལྷུན་གྲུབ་ཀྱིས་དབེན་གནས་རྨོར་དགོན་པར་བསྒྲིགས་པའི་ཡི་གེ་
པ་ནི་ལྷོ་བྲག་པ་བཀའ་བཅུ་ཀུན་བསམ་གྱིས་བགྱིས་པ་འདིས་ཀྱང་ཆོས་ཚུལ་འདིའི་བཀའ་མི་ནུབ་པའི་རྒྱུར་གྱུར་ཅིག །མ་མ་པྲ་ཛྙཱ་ཝརྡྷ་སིདྡྷིམྨེ་པྲ་ཡཙྪནྟུ་མངྒ་ལཾ།། ༈ །རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོ་ཉམས་སུ་ལེན་ཚུལ་འཇམ་མགོན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བློ་ལྡན་གང་ཞིག་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་མཐའ་དག་གི་རྩ་བར་གྱུར་པ་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པར་བྱ་བའི་སླད་དུ། གྲུབ་པའི་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པའི་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པའི་སྒྲུབ་ཐབས་ཉམས་སུ་བླང་བར་འདོད་པས། སྔོན་དུ་བརྒྱུད་ལྡན་གྱི་བླ་མ་ལས་འདིའི་རིག་གཏད་ལེགས་པར་ནོས་ཏེ། ངེས་འབྱུང་དང་སྙིང་རྗེ་ཆེན་པོའི་བློ་ཤུགས་དྲག་ཏུ་སྐྱེད་བཞིན་པའི་ངང་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱའོ། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་བར་དུ་བླ་མ་མཆོག་གསུམ་སྐྱབས་སུ་བསྙེན། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་འཇམ་དཔལ་བསྟོད་སྒྲུབ་ཉམས་བླངས་མཐུས། །ཡིད་ཅན་བདེ་བ་རྒྱུར་བཅས་དང་ལྡན་སྡུག་བསྔལ་རྒྱུར་བཅས་ཀུན་དང་བྲལ། །སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་བཏང་སྙོམས་ངང་ལ་གནས་གྱུར་ཅིག །ལན་གསུམ། དངོས་གཞི་སྒོམ་བཟླས་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། འདི་ལྟར་དངོས་ཀུན་བདག་དང་ཕུང་པོ་རྣམ་རིག་སྤྲོས་པ་ལས་འདས་ཀྱང༌། །རྟེན་ཅིང་འབྲེལ་འབྱུང་སྣང་ཆ་འགག་མེད་སྒྱུ་མའི་ཚུལ་ལ་སྙོམས་འཇུག་བཞིན། །རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ་དང་སྙིང་དབུས་ཟླ་སྟེང་དྷཱིཿཡིག་ལས། །འཕྲོས་པའི་འོད་ཀྱིས་འཇམ་དཔལ་གཞོན་ནུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁར་པད་ཟླའི་
གདན་ལ་དགྱེས་པའི་ཚུལ་གྱིས་བཞུགས་པ་ནི། །གུར་གུམ་མདངས་ཅན་བརྒྱད་གཉིས་ལང་ཚོར་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར། །གནག་སྣུམ་དབུ་སྐྲ་ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་ཆུན་པོས་མཛེས། །ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར་ཞིང་གཡོན་པས་ཤེར་ཕྱིན་གླེགས་བམ་བསྣམས། །སྣ་ཚོགས་དར་དང་རིན་ཆེན་རྒྱན་སྤྲས་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་ཐུགས་དབུས་ཟླ་སྟེང་དྷཱིཿཡིག་དམར་སེར་འབར་བས་མཚན། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ཡེ་ཤེས་བདུད་རྩིའི་དབང་བསྐུར་བས། །སྐུ་གང་སྒྲིབ་དག་མི་བསྐྱོད་དབུར་བརྒྱན་གུས་པས་བསྟོད་ཅིང་གསོལ་བཏབ་མཐུས། །ཐུགས་སྲོག་ཉིད་ལས་བསྟོད་པའི་ཚིག་དང་སྔགས་ཀྱི་ཕྲེང་བ་བར་མེད་འཕྲོས། །ཉིན་མོར་བྱེད་པས་འོད་ལྟར་གསལ་བ་བདག་གི་སྙིང་དབུས་ཐིམ་པའི་མོད། །མི་ཤེས་མུན་པ་མཐའ་དག་བསལ་ནས་མཁྱེན་བརྩེ་ནུས་པའི་སྣང་བ་ཡིས། །རིག་དང་བརྩེ་བའི་པདྨོ་རབ་རྒྱས་འཇམ་མགོན་གོ་འཕང་ཐོབ་པར་གྱུར། །ཅེས་བརྗོད་ཅིང་བསམ་ལ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུངས། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌། །མ་མིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །ལན་གསུམ། ཨོཾ་ཨ་ར་
པ་ཙ་ན་དྷཱིཿ«་་་་་དཔེ་ལ་ལར་ཧཱུྃ་སྭཱ་ཧཱ་ཞེས་སྣང་ནའང་དཔེ་རྙིང་ཕལ་ཆེར་དུ་དཀྱུས་སུ་བཀོད་པ་བཞིན་ནོ།།» ཉེར་གཅིག སླར་ཡང་དེ་འདྲ་ཚར་གཉིས་ཏེ་བསྟོད་པ་དགུ་ཕྲུགས་སུ་བྱ་བའམ། བསྟོད་པ་བདུན་ནམ་ཉེར་གཅིག་སོགས་ཀྱི་མཐར་བཟླས་པ་ཅི་ནུས་སུ་བྱ་སྟེ། རྒྱུན་དུ་འདི་ཙམ་གྱིས་དོན་འགྲུབ་ལ། བསྟོད་སྒྲུབ་དམིགས་བསལ་བྱེད་ན། ཇི་སྐད་བཤད་པའི་རིམ་པས་བསྟོད་པ་ཁྲི་ཕྲག་བདུན་བཟླ་བར་ཕན་ཡོན་གྱི་མཆན་རྙིང་ལས་བཤད་ལ། སྔགས་འབུམ་ཕྲག་ལྔའམ་བདུན་བཟླའོ། །གསུམ་པ་རྗེས་ནི། བསྟོད་པ་ལན་གསུམ་གྱི་མཐར། བརྩེ་ལྡན་སྨྲ་བའི་ཉི་མ་ཁྱོད་ཀྱི་མཁྱེན་རབ་ཐུགས་རྗེའི་འོད་ཟེར་གྱིས། །བདག་བློའི་ཉོན་མོངས་ཤེས་བྱ་སྙོམས་འཇུག་གཏི་མུག་མུན་པ་རབ་གསལ་ནས། །ལེགས་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་གཞུང་ལུགས་ཇི་བཞིན་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་ནས་ཀུན་མཁྱེན་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ། མདུན་གྱི་ལྷ་རང་ལ་བསྟིམ་པའམ་མི་དམིགས་པར་བསམས་ནས་བདག་མེད་གཉིས་ཀྱི་ངེས་པས་དྲངས་པའི་ཞི་ལྷག་ཟུང་འཇུག་གི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་ཚོགས་གཉིས་སྦྱོར་བས་བདག་མེད་དོན་ལ་གསལ་སྣང་ཐོབ། །དེ་མཐུས་སྤྲོས་བྲལ་འཇམ་དཔལ་ཡེ་ཤེས་འཕགས་བློས་མངོན་སུམ་ཉིད་དུ་མཐོང༌། །ཀུན་བརྟག་ལྷན་སྐྱེས་ཉོན་མོངས་རྣམ་སྤངས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་ཆ་བཅས་མཐར་བྱས་བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག ཐུན་མཚམས་རྣམས་སུའང་སྟོང་ཉིད་སྙིང་རྗེའི་སྙིང་པོ་དང་མ་བྲལ་བའི་སྒོ་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱ་སྟེ། དེ་ལྟར་འབད་པས་རིང་པོར་མི་ཐོགས་པར་སྲིད་ཞིའི་མཐའ་ལས་འདས་པའི་འཇམ་དཔལ་
ཡེ་ཤེས་སེམས་དཔའི་གོ་འཕང་ཐོབ་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་མང་དུ་ཐོས་པའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་གཞན་རྣམས་ལ་ཕན་པའི་བསམ་པས་ཡིག་རྙིང་མཐའ་དག་གི་དོན་གྱི་བཅུད་ཕྱུང་སྟེ་སྦྱར་བའི་ཡི་གེ་པ་ནི་ཆོས་རྗེ་བླ་མ་ཨཱ་ནནྡ་མཉྫུ་གྷོ་ཥས་མཛད་པ་སྟེ། འདིས་ཀྱང་འགྲོ་ཀུན་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག། ༈ །རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བློ་གྲོས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །འཇམ་པའི་དབྱངས་དང་རྡོ་རྗེ་མཚོན་ཆ་འབུམ་ཕྲག་གསུམ་པ་རྔོག་ལོ་ཆེ། །རིན་ཆེན་གྲགས་དང་བྱང་ཆུབ་གྲགས་པ་ཆོས་སེང་བརྩོན་འགྲུས་སེང་གེའི་ཞབས། །དར་མ་སེང་གེ་འཇམ་དཔལ་རྡོ་རྗེ་དར་ཚུལ་བསོད་ནམས་རྒྱལ་མཚན་དཔལ། །རིན་ཆེན་སེང་གེ་བུ་སྟོན་ཡབ་སྲས་བཀྲ་ཤིས་རིན་ཆེན་ངོར་ཆེན་རྗེ། །གྲགས་རྒྱལ་ལེགས་འབྱུང་ཀུན་དགའ་བསོད་ནམས་དཀོན་མཆོག་ལྷུན་གྲུབ་བུདྡྷའི་མཚན།«་་་་་སངས་རྒྱས་སེང་གེ» །ནམ་མཁའ་དཔལ་བཟང་ནམ་མཁའ་སངས་རྒྱས་བསོད་མཆོག་«་་་་་བཀའ་འགྱུར་བ། »རིན་ཆེན་རྒྱ་མཚོ་དང༌། །ཕྱོགས་ལས་རྣམ་རྒྱལ་ཀུན་དགའ་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཀུན་བློའི་ཞབས། །བསྟན་པའི་ཉི་མ་འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན་སོགས། །དངོས་བརྒྱུད་དཔལ་ལྡན་བླ་མའི་ཚོགས་ལ་མི་ཕྱེད་གུས་པས་གསོལ་འདེབས་ཤིང༌། །འཇམ་མགོན་བསྔགས་པའི་ནོར་བུའི་རྒྱུད་མངས་དད་གསུམ་སོར་མོས་བསྐུལ་བ་ལས། །གནས་སྐབས་ཕྱི་ནང་རིག་གཞུང་རྒྱ་མཚོར་བློ་གྲོས་སྣང་བ་རྒྱས་པ་དང༌། །མཐར་ཐུག་སྲིད་ཞིའི་མཐའ་ལས་འདས་པའི་ཀུན་མཁྱེན་ཡེ་ཤེས་ཐོབ་བྱིན་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ། །མངྒ་ལཾ་བྷ་བ་ཏུ།། །།
མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས།
མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ནཱ་མ་སཾ་གཱི་ཏི་སཱ་དྷཱ་ནཾ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པ་སྒྲུབ་པའི་ཐབས། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྒྲུབ་པ་པོ་སྔ་བར་ལངས་ཏེ། ཁ་ལ་སོགས་པ་དག་པར་བྱས་ལ། བསམ་གཏན་གྱི་ཁང་པར་རབ་ཏུ་ཞུགས་ནས། བདེ་བའི་སྟན་ལ་སྤྱིལ་མོ་ཀྲུང་གིས་ཉེ་བར་གནས་ལ། སྙིང་གར་པདྨ་དང་ཟླ་བ་ལ་དམར་ཞིང་དཀར་བའི་མུཿསྒོམ་པར་བྱའོ། །དེ་ནས་དེའི་འོད་ཟེར་གྱི་་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བཀུག་སྟེ། བཅོམ་ལྡན་འདས་འོག་ནས་འབྱུང་བའི་མདོག་དང༌། ཞལ་དང༌། ཕྱག་མཚན་དང༌། གདན་དང་ཉེ་བར་ལྡན་པ་མདུན་དུ་རྣམ་པར་བསྒོམས་ལ། ཡིད་ཀྱི་རང་བཞིན་གྱིས་མེ་ཏོག་དང་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་ཐམས་ཅད་བྱས་ཤིང༌། བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་རྣམ་པར་བསྒོམས་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་དུ་བྱས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱའོ། །
དེ་ནས་ནམ་མཁའ་ལ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ས་བོན་དང་བཅས་པ་རྣམ་པར་བསྒོམས་ནས། དེའི་འོད་ཟེར་རྣམས་ཀྱིས་ཇི་ལྟ་བའི་སྦྱོར་བས་རྡོ་རྗེའི་རྭ་བ་དང༌། རྡོ་རྗེའི་གུར་དང༌། ས་འོག་ཀུན་རྡོ་རྗེའི་ས་གཞིར་དམིགས་ལ། རྡོ་རྗེ་ཡང་འོད་ཟེར་དུ་གྱུར་ནས་རྡོ་རྗེའི་རྭ་བ་ལས་ཕྱི་རོལ་དུ་ཕྱོགས་བཅིང་བ་ལ་སོགས་པའི་གཟུགས་ཀྱིས་ཉེ་བར་གནས་པར་བལྟའོ། །དེའི་རྗེས་སུ་རྡོ་རྗེའི་རྭ་བའི་ནང་དུ་ཧྲཱིཿཡོངས་སུ་གྱུར་པ་ལས་པདྨའོ། །པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་དམར་ཞིང་དཀར་བའི་མུཿསངས་རྒྱས་མང་པོ་སྤྲོ་བ་དང་བསྡུ་བའི་རྣམ་པར་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་པའི་དབྱངས་དམར་ཞིང་དཀར་བ་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་དང་པོ་དམར་པོ། གཡས་སྔོན་པོ། གཡོན་དཀར་པོ་ཞེས་བྱ་བ་ཞལ་གསུམ་པ་བསྒོམ་པར་བྱའོ། །ཕྱག་བཞི་ན་ཇི་ལྟ་བའི་སྦྱོར་བས། ཤེས་རབ་ཀྱི་པུསྟི་དང༌། རལ་གྲི་དང༌། གཞུ་དང༌། མདའ་དང་ལྡན་པས་སོ། །རིན་པོ་ཆེའི་དབུ་རྒྱན་ཅན། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་
བརྒྱད་ཅུས་རྣམ་པར་མཛེས་པ། གཞོན་ནུ་གཞོན་ནུའི་རྒྱན་གྱིས་བརྒྱན་པར་བདག་ཉིད་བསྒོམ་པར་བྱའོ། །སྙིང་གར་པདྨ་དང་ཟླ་བའི་སྟེང་དུ། རྡོ་རྗེ་སེམས་མ་དཀར་མོ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡོན་པ་དྲིལ་བུ་དཀུར་བརྟེན་ཅིང་འཆང་བ། གཡས་པ་ནི་རང་གི་སྙིང་གར་རྡོ་རྗེ་འདེགས་པར་བྱེད་པའི་སྦྱོར་བ་རྡོ་རྗེ་འཆང་བ། སྨིན་མཚམས་སུ་དེ་བཞིན་དུ་རྡོ་རྗེ་རིན་ཆེན་མ་སེར་མོ་ཕྱག་གཉིས་ཀྱིས་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཆིང་ཞིང་ཉེ་བར་གནས་པའོ། །མགྲིན་པར་པདྨ་རྡོ་རྗེ་མ་དམར་སེར་གཡོན་པ་པདྨའི་སྡོང་བུ་འགྱིང་བག་དང་བཅས་པས་བཟུང་བ། གཡས་པ་དེའི་འདབ་མ་ཁ་འབྱེད་ཅིང་སྔོན་བཞིན་དུ་དེ་ཉིད་ཉེ་བར་གནས་པའོ། །སྤྱི་བོར་ལས་ཀྱི་རྡོ་རྗེ་མ་མདོག་ལྗང་གུ། རྡོ་རྗེ་རྩེ་གསུམ་པ་དང་ལྡན་པའི་ཕྱག་གཉིས་བདག་ཉིད་ཀྱི་སྤྱི་བོར་འཆིང་ཞིང་དེ་ཁོ་ན་བཞིན་དུ་ཉེ་བར་གནས་པ་བསྒོམ་པར་བྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོ། ཞེས་བྱ་བའི་སྔགས་ཀྱིས་པདྨ་དང་ཟླ་བའི་སྟེང་དུ་གོ་རིམ་ཇི་ལྟ་བས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། སྡིགས་མཛུབ་དང་མཐེའུ་ཆུང་ལྕགས་སྒྲོག་ཏུ་བྱས་ཤིང་སྤྲད་པ་བཀན་ཏེ་རང་གི་ཁ་རུ་ཉེ་བར་བཞག་པ་ནི་རྡོ་རྗེའི་འཁོར་ལོའི་ཕྱག་རྒྱའོ། །ཨརྒྷཾ་དང༌། ཞབས་བསིལ་དང༌། མེ་ཏོག་དང༌། བདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ནས། སྐད་ཅིག་གིས་རང་གི་ལུས་ལ་གཞུག་པར་བྱའོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བ་སྔོན་དུ་འགྲོ་བས། མི་བསྐྱོད་པས་རང་གི་དབུར་བརྒྱན་པར་བསམས་ལ། ཨོཾ་སརྦ་དྷརྨ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷཿ བཛྲ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿ སརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ།
མཉྫུ་ཤྲཱི་པ་རི་ཤུདྡྷི་ཧཱ་མུ་པ་དཱ་ཡ་ཏི། ཨ་ཨཱཿ«་་་་་འདི་དཔེ་ལ་ལར་ཨཾ་ཨ་ཞེས་དང༌། ལ་ལར་ཨཱཿརྐྱང་པ་ལས་མེད་པའང་སྣང༌། »སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝཱན་ཛྙཱ་ན་མཱུརྟྟི། ཝཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ། སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷ་ཏུ་ཛྙ་ན་གརྦྷ་ཨཱཿ ཞེས་བྱ་བའི་སྔགས་ཀྱིས་དང་པོ་དང་བར་དང་མཐར་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་རྗེ་བཙུན་གྱི་མཚན་ཡང་དག་པར་བརྗོད་པ་ཉི་མ་རེ་རེ་ཞིང་སོ་སོའི་ཐུན་མཚམས་སུ་ལན་གསུམ་མམ་ལན་གཅིག་ཏུ་སྐྱིལ་མོ་ཀྲུང་མ་བཤིགས་པར་མཉམ་པར་བཞག་པས་བཀླག་པར་བྱའོ། །དེ་ལྟར་ཇི་སྲིད་དུ་གྲུབ་པའི་མཚན་མ་མཐོང་གི་བར་དེ་སྲིད་དུ་བཀླག་པར་བྱའོ། །དེའི་རྗེས་སུ་རྒྱུད་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཀྱི་ཐབས་ལ་རྗེས་སུ་གནས་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་རིན་ཆེན་གྲགས་པས་བསྒྱུར་བའོ།། ༈ །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་སྟོན་པའི་རྒྱུད་ལས། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་གསུངས་པའི་སྒྲུབ་ཐབས་སོ། །འདི་ལའང་སྒྲུབ་པ་པོས་སེམས་བསྐྱེད། སྙིང་གར་པད་ཟླའི་སྟེང་དུ་མུཿདམར་ཞིང་དཀར་བ་བསྒོམས་ལ་དེའི་འོད་ཀྱིས་ཅི་འདྲ་བའི་སྐུ་དང་བླ་མ་ལ་སོགས་པ་སྤྱན་དྲངས་ལ་ཚོགས་བསག་གོ །དེ་ནས་ཆོས་ཐམས་ཅད་ཡོད་པར་བསྒོམ་ཞིང་སྔགས་ཀྱིས་བསྟན་པར་བྱའོ། །སྟོང་པའི་ངང་ལས་ནམ་མཁར་པད་ཟླའི་སྟེང་དུ་ཧཱུྃ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན་པ། རྡོ་རྗེ་ལས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་དང་རྡོ་རྗེ་འོད་དུ་ཞུ་བ་ལས་འདམ་བག་གི་ཞལ་ཞལ་ལྟར་བྱས་ཏེ་སྲུང་བའི་འཁོར་ལོ་བྱའོ། །དེའི་ནང་དུ་ཧྲཱིཿདམར་པོ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་དམར་ཞིང་དཀར་བའི་མུཿལས་སྤྲོ་བསྡུ་བསྐུལ་སྦྱངས་བྱས་ཏེ། དེ་གྱུར་པ་ལས་འཇམ་དཔལ་དུ་བསམ།
དེ་དང་དུས་མཉམ་དུ་ལྷ་མོ་གཞན་བཞི་རྫོགས་པའམ། ཡང་ན་ཡིག་འབྲུ་ལས་བསྐྱེད་དོ། །སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་མའོ། །གཡོན་པས་དྲིལ་བུ་དཀུར་བརྟེན་ཅིང་གཡས་པས་རྡོ་རྗེ་སྙིང་གར་གཏོད་པའི་ཚུལ་དུའོ། །སྨིན་མཚམས་སུ་པད་ཟླ་ལ་ཏྲཱྃ་གིས་མཚན་པ་ལས་རཏྣ་སེམས་མའོ། །གཡོན་པས་སྐྲ་བཟུང་ནས་གཡས་པས་མགོ་ལ་མེ་ཏོག་འཆིང་བའོ། །མགྲིན་པར་པད་ཟླའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་པདྨ་རྡོ་རྗེའོ། །གཡས་པའི་མཐེབ་མཛུབ་རྩེ་སྤྲད་ནས་གཡོན་པས་པདྨ་ཁ་འབྱེད་པའི་ཚུལ་དུའོ། །སྤྱི་བོར་པད་ཟླ་ལ་ཧ་ལས་སྣ་ཚོགས་རྡོ་རྗེ་ཧས་མཚན་པ་ལས་ལས་ཀྱི་རྡོ་རྗེ་མའོ། །ཕྱག་རྒྱ་ནི་མཐེ་བོང་གཉིས་རྩེ་སྤྲད་དེ་སྤྱི་བོར་བཞག་ནས་མཛུབ་མོ་གཉིས་རྩེ་སྤྲད་དེ་བསླངས་ནས་སོར་མོ་རྣམས་དཀྲི་བའོ། །དེ་ནས་སྙིང་གར་པད་ཟླའི་སྟེང་དུ་མུཿདེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་ལ། ཡི་གེ་བཞིས་དགུག་པ་ལ་སོགས་པ་བྱའོ། །དེའི་དུས་སུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྙིང་གར་བཞག་པར་བྱའོ། །དེ་ནས་སྙིང་གའི་མུཿའི་འོད་ཀྱིས་རིགས་ལྔ་དང་ལྷ་མོ་སྤྱན་དྲངས་ཏེ་མཆོད་ལ། དེ་དག་ལ་གསོལ་བ་བཏབ་སྟེ་དབང་བསྐུར་ཆུ་ཞབས་ལ་མི་བསྐྱོད་པའོ། །འདིའི་སྔགས་དང་པོ་སྟན་ལ་བསྡད་མ་ཐག་ཏུ་ལན་གཅིག དེ་ནས་དམ་ཚིག་སེམས་དཔའ་བསྒོམས་པའི་རྗེས་ལ་ལན་གཅིག་བརྗོད་པ་དང༌། ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་རྫོགས་ནས་མདོ་ཀློག་ཁར་བརྗོད་དེ་བྱིན་གྱིས་བརླབས་པའོ། །ཐུན་གསུམ་ལ་སོགས་པ་གྲུབ་པའི་མཚན་མ་བྱུང་གི་བར་དུ་མདོ་སྡེ་ཀློག་ཅིང་བྱའོ། །མཚན་མ་ནི་ཉིད་ནས་ཁྱོད་ཀྱིས་སྒྲུབས་ཤིག་དངོས་གྲུབ་གང་འདོད་པ་འགྲུབ་བོ་ཞེས་རྨི་ལམ་དུ་བྱུང་ན། འཇམ་དཔལ་གྱི་རྒྱུད་ཆེན་པོ་«་་་་་འཇམ་དཔལ་རྩ་རྒྱུད་དོ།། »ནས་དངོས་གྲུབ་སྒྲུབ་པའི་ཐབས་ཇི་ལྟ་བ་བཞིན་འགྲུབ་
པའོ། །ཡང་ན་མཚན་མ་ནི་དང་པོ་སྨིག་རྒྱུ་ལྟ་བུ་དང༌། དུ་བ་དང༌། སྲིན་བུ་མེ་ཁྱེར་དང༌། མར་མེ་འབར་བ་དང༌། སྤྲིན་མེད་ནམ་མཁའ་ལྟ་བུ་སྟེ་ལྔ་ལ་བྱའོ། །རྫོགས་སོ།། ༈ །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ལ་གཉིས་ཏེ། རྒྱུ་དང་འབྲས་བུའོ། །དང་པོ་ལ་གཉིས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །གཉིས་པ་ལ་བཞི་སྟེ། ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། དབང་བསྐུར་བ་དང༌། རྒྱུད་བཀླག་པའོ། །རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ས་བཅད་དང་བཅས་པ་ས་མཱ་པྟ་མི་ཐི།། ༈ །མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རིན་པོ་ཆེའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ སྟོབས་བཅུ་མངའ་བ་ཀུན་གྱི་ཡེ་ཤེས་ནི། །སྨོན་ལམ་སྒྱུ་མའི་བྱེད་པོས་མཚན་བཟང་དང༌། །དཔེ་བྱད་འོད་དུ་འབར་བར་སྤྲུལ་པའི་གཟུགས། །དྲན་པས་རྨོངས་པའི་སྒྲིབ་སེལ་འཇམ་པའི་དབྱངས། །དེ་དང་ཐ་དད་མིན་པར་གྱུར་པའི་ཞལ། །སྲིད་གསུམ་འགྲོ་ལ་དགྱེས་པའི་འཛུམ་སྤྲོས་ནས། །རྣམ་པར་སྤྲོས་པའི་ཆོས་ཀྱི་བཀྲ་ཤིས་དབྱངས། །འགག་མེད་ལྷུན་གྲུབ་སྨྲ་བའི་དབང་པོས་སྲུངས། །འཕགས་ཡུལ་མཁས་པའི་གསེར་གྱི་མངལ་ཅན་གྱི། །ཐོད་ལས་བབས་པའི་སྒྲུབ་ཐབས་མཐོ་རིས་ཀླུང༌། །བསྟན་འཛིན་སྐལ་ལྡན་ཤིང་རྟས་སྤེལ་བའི་རྒྱུན། །དོན་གཉེར་ལྷ་བུའི་སྒྲིབ་པ་སྦྱོང་ཕྱིར་སྤྲོ། །དེ་ལ་འདིར་གང་བཤད་པར་བྱ་བའི་སྒྲུབ་ཐབས་ཉིད་ནི། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པའི་ཐབས་མཁས་གྲུབ་ཀྱི་སློབ་དཔོན་ཆེན་པོ་རྣམས་ཀྱིས་མཛད་པ། ད་ལྟ་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོར་གྲགས་པའི་རྒྱ་བོད་ཀྱི་བསྟན་བཅོས་ཆེན་པོ་རྣམས་ནས་འབྱུང་བ། དེའི་སྤྱི་འགྲོས་མི་ཤེས་པའི་ལས་དང་པོ་པ་དག་གི་དོན་དུ་
ཅུང་ཟད་སྤེལ་བའི་སྒོ་ནས་ཉམས་སུ་བླང་བདེ་བ་ཟུར་དུ་བཀོལ་བ་ལ་གཉིས་ཏེ་རྒྱུ་ཚོགས་གཉིས་བསགས་པ་དང༌། འབྲས་བུ་ལྷར་བསྐྱེད་པའོ། །དང་པོ་ལའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས། དང་པོ་ནི་དུས་གང་ཡང་རུང་བར་སྒྲུབ་པ་པོ་ཁ་ལ་སོགས་པ་དག་པར་བྱས་ཏེ། བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་བསྡད་དེ། སྤྲོ་ན་འོག་ནས་འབྱུང་བའི་སྔགས་ཚར་གཅིག་བརྗོད་པས་བྱིན་གྱིས་བརླབ་པར་བྱ་སྟེ། རྒྱ་གཞུང་རྣམས་དང་ས་ཆེན་གྱིས་སྒྲུབ་ཐབས་འགྲེལ་པ་རྣམས་སུ་དེ་ལྟར་བཤད་དོ། །དེ་ནས་སྐྱབས་ཡུལ་རྣམས་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པར་དམིགས་ལ། ངག་ཏུ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམ་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ཅི་ནུས་དང༌། མཐར་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱི་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་ཀྱི་བྱིན་རླབས་རང་གཞན་གྱི་རྒྱུད་ལ་ཞུགས་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །ཞེས་པ་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་མུྃ་ཡིག་དཀར་ལ་དམར་བའི་མདངས་
ཅན། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་འཇམ་དཔལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ནས། ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་ལན་གསུམ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་ནི། ངག་ཏུ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་སྔགས་བརྗོད་དེ་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་བསམ་མོ། །གཉིས་པ་འབྲས་བུ་ལྷར་བསྐྱེད་པ་ལ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། དབང་བསྐུར་བ་དང༌། རྒྱུད་བཀླག་པ་སྟེ་བཞི་ལས། དང་པོ་ནི། སྟོང་པའི་ངང་ལས་ནམ་མཁར་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ་གུར། རྡོ་རྗེ་དེ་ཉིད་ཞུ་བ་ལས་བྱུང་བའི་འོད་ཟེར་གྱི་དྲྭ་བས་ཕྱི་རོལ་ནས་ཡོངས་སུ་བསྐོར་བ། དེའི་ནང་དུ་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མུྃ་ཡིག་དཀར་དམར། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་པ་དང༌། བརྩེ་བ་དང༌། སྤོབས་པ་དང་གཟུངས་ལ་སོགས་པའི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་མུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཞལ་གསུམ་ཕྱག་བཞི་པ། སྐུ་དང་རྩ་ཞལ་དཀར་ལ་དམར་བའི་མདངས་ཅན། གཡས་ཞལ་སྔོ་ཞིང་གཡོན་ཞལ་དཀར་བ། ཕྱག་དང་པོ་གཉིས་ཀྱིས་རལ་གྲི་དང་པུསྟི་འཛིན་པ།
འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། ཤིན་ཏུ་གཞོན་ཞིང་ཞི་བའི་ཉམས་དང་ལྡན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། རལ་པའི་ཐོར་ཚུགས་ཅན་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་སེམས་མ་རྡོ་རྗེ་མ་དཀར་མོ་གཡས་རྡོ་རྗེ་སྙིང་གར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དཔྲལ་བར་རིན་ཆེན་རྡོ་རྗེ་མ་སེར་མོ་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཛིན་པ། མགྲིན་པར་པདྨ་རྡོ་རྗེ་མ་དམར་སེར་གཡོན་པདྨ་འཛིན་ཅིང་གཡས་པས་དེའི་ཁ་འབྱེད་པ། སྤྱི་བོར་ལས་ཀྱི་རྡོ་རྗེ་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་འཚིར་བའི་ཚུལ་གྱིས་སྤྱི་བོར་འཛིན་པ། ཐམས་ཅད་ཀྱང་པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ། དེ་ལྟར་དམ་ཚིག་པ་བསྐྱེད་པའི་རྗེས་སུའང་འོག་གི་སྔགས་ཚར་གཅིག་བརྗོད་པས་བྱིན་གྱིས་བརླབ་པར་བཤད། གཉིས་པ་ནི། རང་གི་ཐུགས་ཀའི་མུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ གོང་བཞིན་མཚན་སྔགས་སྔོན་དུ་འགྲོ་བའི་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ལ། ཛཿཧཱུྃ་བཾ་ཧོཿ ཞེས་པའམ་སྤྲོ་ན། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཡ་ཧོཿ ཞེས་པས་བསྟིམ། དེའི་དུས་སུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅའ་བར་གསུངས་ཏེ། དེའང་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅིངས་ཏེ། སྡིགས་མཛུབ་དང་མཐེའུ་ཆུང་ལྕགས་སྒྲོག་ཏུ་བྱས་ཤིང་སྤྲད་པ་བཀན་ཏེ་རང་གི་ཁ་རུ་ཉེ་བར་བཞག་པའོ། །གསུམ་པ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་
བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། དེ་ལ། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝ་ར་ཨརྒྷཾ་ལ་སོགས་པའི་མཆོད་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོར་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས། ཨོཾ་སརྦ་དྷརྨཱ་བྷ་ཝ་སྭ་བྷཱ་ཝ། བི་ཤུདྡྷ་བཛྲ་ཙཀྵུཿཨ་ཨ་ཨཾ་ཨཿ པྲ་ཀྲི་ཏི་པ་རི་ཤུདྡྷ་སརྦ་དྷརྨཱ་ཡ་དུ་ཏཿ སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི། ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར་ཨོཾ་ཧཱུྃ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ། སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷཿདྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿ ཞེས་པའི་སྔགས་ཚར་གཅིག་བརྗོད་པས་འདིར་ཡང་བྱིན་གྱིས་བརླབ་བོ། །དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མུྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ་པར་བསམས་ལ། ཨོཾ་སརྦ་དྷརྨཱ་བྷ་ཝ་སོགས་སྔགས་ཀྱི་བཟླས་པ་ཅུང་ཟད་བྱའོ། །བཞི་པ་ནི་དེ་དག་སྔོན་དུ་སོང་བས་མཚན་ཡང་དག་པར་བརྗོད་པ་ཉི་མ་རེ་རེ་བཞིན་ལན་གཅིག་གམ་གསུམ་ལ་སོགས་པར་སྐྱིལ་མོ་ཀྲུང་མ་བཤིགས་པར་མཉམ་པར་བཞག་པས་བཀླག་པར་བྱ་སྟེ། དེ་ཡང་རང་གི་སྙིང་གར་ཟླ་བ་ལ་གནས་པའི་མུྃ་ཡིག་གམ་ཨ་ཡིག་ལས་ཚིགས་ཐམས་ཅད་སྐྱེས་ཤིང་མི་དམིགས་པར་བསམ་ལ་གདོན་པར་བྱའོ།«་་་་་འདིར་སྔ་མ་ནི་ལྷ་འདི་ཉིད་ཀྱི་ས་བོན་ཡིན་པས་མི་འགལ་བར་སེམས་ཤིང་ཕྱི་མ་ནི་རྗེ་
བཙུན་གྲགས་པས། འཇམ་དཔལ་གྱི་རྣལ་འབྱོར་གྱིས་འདོན་པ་དང་ལྷ་གཞན་གྱི་རྣལ་འབྱོར་གྱི་འདོན་པ་གཉིས་ཀར་ཨ་ཡིག་བསྒོམ་པར་གསུངས་ཏེ། དེ་ཡང་རྒྱུད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་སོགས་ཀྱི་དོན་དུ་དགོངས་པའི་མན་ངག་གོ» །ཐུན་བསྡུ་བ་ནི། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། དགེ་བ་འདི་ཡིས་སོགས་དང༌། དུས་འདི་ནས་བཟུང་ནས་སོགས་ཀྱིས་དགེ་བ་བསྔོ་བ་དང་སྨོན་ལམ་གང་ཤེས་བཏབ་སྟེ་རྟག་ཏུ་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །ཐུན་མཚམས་སོགས་སུ་གཏོར་མ་འབུལ་བར་སྤྲོ་ན། དགེ་བ་བསྔོ་བའི་གོང་དེར་དཀར་གཏོར་ཆུ་གཙང་གིས་བྲན་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། གཏོར་མགྲོན་རྒྱས་པ་ནི། གཏོར་མའི་སྟེང་གི་ནམ་མཁར་ཧྲཱིཿལས་པདྨ་སོགས་ནས། བདག་ཉིད་ཅེས་པ་དོར་བ་མ་གཏོགས་གོང་ལྟར་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ནས། ཡི་གེ་བཞིས་བསྟིམ། སླར་ཡང་སོགས་ཀྱིས་དབང་ལྷ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་སོགས་ནས། དབང་བསྐུར་རྒྱས་གདབ་སྔར་བཞིན་བྱ། བསྡུ་ན་སྐད་ཅིག་གིས་སྤྱན་དྲང་བ་གང་མོས་བྱ། དེ་ནས་གཏོར་མ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་མམ་བདུན་གྱིས་ཕུལ། མཚན་སྔགས་སྔོན་དུ་འགྲོ་བས་མཆོད་དེ། གཞོན་ནུའི་སྐུ་ལུས་སོགས་
ཀྱིས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ་ཅིང་ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་དང༌། ཨོཾ་བཛྲ་མུཿཞེས་པས་གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས་སུ་གསོལ། བསྐྱེད་ཆོག་རྒྱས་པ་ལྟར་ན་དམ་ཚིག་པ་རང་ལ་བསྡུ། རྗེས་དགེ་བ་བསྔོ་བ་སོགས་གོང་ལྟར་བྱའོ། །དེ་ལྟ་བུའི་ངང་ནས་ཇི་སྲིད་དུ་གྲུབ་པའི་མཚན་མ་མ་བྱུང་བ་དེ་སྲིད་དུ་འབད་པར་བྱ་སྟེ། དེ་ཡང་ལྷ་དངོས་སུ་བྱོན་ནས་ཁྱོད་ཀྱིས་དངོས་གྲུབ་སྒྲུབས་ཤིག་དང་གང་འདོད་པ་འགྲུབ་བོ་ཞེས་བྱ་བ་ལ་སོགས་པ་རྨི་ལམ་སོགས་སུ་འབྱུང་བར་འགྱུར་ལ། དེ་བྱུང་བ་ན་རྒྱུད་ནས་ཇི་སྐད་བཤད་པའི་དངོས་གྲུབ་གང་སྒྲུབ་ཀྱང་འགྲུབ་བོ། །ཡང་ན་མཚན་མ་ནི་སྨིག་རྒྱུ་དང༌། དུ་བ་ལ་སོགས་པའི་རྟགས་ལྔ་མཐོང་ནས་རིང་པོར་མི་ཐོགས་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གོ་འཕང་ཐོབ་པ་ལ་སོགས་པ་སྟེ། རྒྱས་པ་ནི་རྒྱུད་ཀྱི་ཕན་ཡོན་གྱི་སྟེང་དུ་རྟོགས་པར་བྱའོ། །སྨྲས་པ། ཐར་པ་ཐམས་ཅད་མཁྱེན་པའི་གྲོང་མཆོག་ཏུ། །འཇུག་པ་བར་དུ་གཅོད་པའི་སྒྲིབ་པ་དག །ཤེས་རབ་རལ་གྲི་མདའ་གཞུའི་ཏིང་འཛིན་གྱིས། །དྲངས་ནས་འབྱིན་པའི་ཐབས་ལ་འདི་རྨད་བྱུང༌། །དེ་མཐོང་ཚེ་ན་སྔོན་བྱུང་ར་མཱ་ཎས། །མདའ་དང་གནམ་རུ་ཕལ་པའི་འཁྲུལ་འཁོར་གྱིས། །ལངྐའི་དབང་ཕྱུག་གནད་ལ་ཕུག་པའི་གཏམ། །བརྩེ་དང་བྱང་སེམས་མེད་ཕྱིར་འདི་བས་དམན། །འཇམ་དཔལ་གོ་འཕང་བླ་མེད་ཁང་བཟང་རྩེར། །མངོན་པར་འཛེགས་ལ་དཀའ་བ་མེད་པའི་འཕྲུལ། །མཚན་ནས་ཡང་དག་བརྗོད་པའི་འཇམ་དཔལ་གྱི། །སྒྲུབ་ཐབས་རིན་པོ་ཆེ་ཡི་ཐེམ་སྐས་གང༌། །རྣམ་གཞག་སྤྱི་ཡི་ཁོང་ནས་ཁྱད་པར་ཆོས། །འཕགས་བོད་མཁས་པའི་གཞུང་དོན་མ་འཕྱུགས་གཏམ། །སྨྲས་འདི་སྙིང་ལ་མི་
འབབ་མེད་གྱུར་ནི། །སྒོ་གསུམ་དགེ་བར་སྦྱོར་བའི་གསོས་སུ་ལོངས། །ཚུལ་འདིར་འབད་པའི་བསོད་ནམས་གཡབ་མོ་ཡིས། །བྱང་ཆུབ་བར་གྱི་སྐྱེ་ནས་སྐྱེ་བའི་ཕྲེང༌། །འཇམ་དཔལ་དགེ་བའི་བཤེས་སུ་ཁུར་དང་མཉམ། །འཆད་རྩོད་རྩོམ་པས་བསྟན་པ་རྒྱས་བྱེད་ཤོག །དེ་ལྟར་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས་རིན་པོ་ཆེའི་ཐེམ་སྐས་ཞེས་བྱ་བ་འདི་ནི། ལམ་འདི་ལ་མོས་པའི་གང་ཟག་ལས་དང་པོ་པ་ཨ་ཡིག་སྐྱེ་བ་མེད་པ་ངག་ཏུ་གདོན་པར་བྱ་བའི་མིང་ཅན་ལ་ཕན་པའི་ཆེད་དུ། རྗེ་ངོར་ཆེན་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ཐོ་ཡིག་མུན་སེལ་སྒྲོན་མེ་ལ་གཞི་བྱས། དེར་མི་གསལ་བའི་ཁྱད་པར་རྣམས་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོའི་རྒྱ་གཞུང༌། རྗེ་ས་ཆེན་གྱིས་མཛད་པའི་ཡིག་སྣ་དང་བསྡུས་དོན། རྗེ་བཙུན་གྱིས་མཛད་པའི་སྒྲུབ་ཐབས་སྤྱི་ཡི་རྣམ་གཞག་སོགས་བོད་གཞུང་ཚད་ལྡན་རྣམས་དང་མི་འགལ་བར་ཅུང་ཟད་སྤྲོས་ཏེ། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་གསུང་གི་བདུད་རྩིས་སྐལ་བ་སྦོམ་པོར་གྱུར་པའི་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་བགྱི་བས་ལྕགས་སྤྲེལ་གྱི་ལོའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་ལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག འདིའི་ཐོག་མཐའ་བར་གསུམ་གྱི་བྱིན་གྱིས་རློབ་པའི་སྔགས་དང༌། ཡེ་ཤེས་པ་དང་དབང་ལྷའི་མཆོད་པ་གཉིས། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་རྣམས་དོར་བ་ཙམ་གྱིས་སྒྲུབ་ཐབས་བརྒྱ་རྩའི་ཐུན་མོང་བའི་འགྲོས་ཀྱང་ཇི་ལྟ་བ་བཞིན་དུ་རྟོགས་པར་ནུས་སོ། །མངྒ་ལཾ།། ༈ །མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་རྗེས་གནང་བྱ་ཚུལ་རིན་པོ་ཆེའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ངག་གི་དབང་ཕྱུག་བླ་མ་ལ་
བཏུད་ནས། །གང་དེའི་རྡོ་རྗེའི་མཚན་དོན་ཡང་དག་པར། །བརྗོད་པའི་རྒྱུད་ལས་ལེགས་གསུང་འཇམ་དཔལ་གྱི། །རྗེས་གནང་རིན་ཆེན་མཛེས་པའི་རྣ་རྒྱན་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་ཀྱི་དབུས་སུ་མཉྫིའི་ཁར་མཎྜལ་ལ་དྲི་བཟང་གི་ཐིག་ལེ་བྱས་ཏེ་ཚོམ་བུ་གཅིག་བཀོད། མདུན་དུ་ཟླུམ་གཏོར་དཀར་པོ་གཅིག བྱང་ཤར་ནས་བརྩམས་ཏེ་མཚམས་འཛིན་གྱི་མེ་ཏོག་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཀོད་མཛེས་སུ་བཤམ། སློབ་དཔོན་གྱི་མདུན་དུ་ཏིང་ཤག་དང༌། མེ་ཏོག ཉེ་ལོགས་སུ་ཅི་བདེ་བར་མཎྜལ་ལ་སོགས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད་བསྒོམས་པ། མདུན་སྐྱེད་བསྒྲུབ་པ། རྗེས་གནང་དངོས་སོ། །དང་པོ་ནི། ཐོག་མར་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཞེས་སོགས་ནས། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་དང་སོ་སོའི་ཕྱག་རྒྱ་བྱ་ཞིང༌། མཐར་རོལ་མོ་དཀྲོལ་ཏེ་བྱིན་དབབ། དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར་ཞུ་ཆེན་པཎྜི་ཏས་མཛད་པའི་སྒྲུབ་ཐབས་ཀྱི་དཀྱུས་བཞིན་ནམ། སྒྲུབ་ཐབས་བརྒྱ་རྩའི་ཐུན་མོང་བའི་འགྲོས་སྦྱར་ཚུལ་ཡིག་ཆ་དེའི་གཤམ་ནས་འབྱུང་བ་བཞིན་ཉམས་སུ་བླངས་ལ་བཟླས་པ་བརྒྱ་རྩ་སོགས་ཅི་ནུས་ཀྱི་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་
བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ། གཉིས་པ་མདུན་བསྐྱེད་བསྒྲུབ་པ་ནི། ཚོམ་བུ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ནམ་མཁར་ཧཱུྃ་ཡིག་སོགས་ནས། མི་བསྐྱོད་པས་དབུར་བརྒྱན། ཞེས་པའི་བར་བདག་བསྐྱེད་བཞིན་ལ་བདག་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར། མཆོད་པ་བྱིན་རླབས་བྱས་ལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷ྄ཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། དྷརྨཱ་ར་ཎི་ཏ་སོགས་ཀྱིས་རོལ་མོ་དབུལ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོལ་མེ་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། མཆོད་བསྟོད་བསྡུས་པ་བྱ། འདས་གཏོར་གྱི་ལྷག་མ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། གཡས་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་མགྲོན་བཀུག་ལ། སྔགས་དེ་ཉིད་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ་ལ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ནས། །ཞི་ཞིང་དུལ་བའི་སེམས་སུ་མཛོད། །བདག་ཀྱང་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང༌། །
དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །ཅེས་པས་ཕྲིན་ལས་གཞོལ། ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ། ཞེས་པས་འཇིག་རྟེན་པའི་མགྲོན་གཤེགས་སུ་གསོལ་ལ། མདུན་བསྐྱེད་ཀྱི་ཐུགས་ཀར་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པར་བསམས་ལ་བཟླས་པ་ཅི་རིགས་བྱ། གསུམ་པ་རྗེས་གནང་དངོས་ནི། སློབ་མ་རྣམས་ཁྲུས་དང་ཕྱག་བྱས་ལ། སྙིམ་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང༌། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཉམས་སུ་བླང་བར་བགྱི་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་འཇུག་སྒོ་མང་དུ་ཡོད་པ་ལས་འདིར་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ལྷའི་རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས། འཕགས་ཡུལ་གྱི་སློབ་དཔོན་སོ་སོས་ཐུགས་ཉམས་སུ་བཞེས་ཤིང་སྒྲུབ་པའི་ཐབས་རྒྱས་བསྡུས་སྣ་ཚོགས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་པའི་ཐབས་ཀུན་ལས་བཏུས་པའམ། སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་བསྟན་བཅོས་ཆེན་པོ་ནས་འབྱུང་བའི་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་རྗེས་སུ་གནང་བ་ཟབ་མོ་གྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ནས། ཁྱོད་རང་གི་ངོ་སྐལ་དུ་གྱུར་པ་ལ། མཎྜལ་འབུལ་བ། གསོལ་བ་འདེབས་པ། རྒྱུད་ཡོངས་སུ་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་དགོས་པས། སློབ་དཔོན་ལ་ལྷག་པའི་ལྷ་དང་ཐ་མི་དད་སྙམ་པའི་མོས་གུས་དང་
ལྡན་པས། རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་པའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པར་མོས་པ་བྱས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས། སངས་རྒྱས་འགྲུབ་པར་ཤོག་ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསོལ་བ་འདེབས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ། ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་བ་སོགས་ནས་ཧྃ་ཞེས་བརྗོད་པས་ཁྱེད་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་ཞེས་པ་ནས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཞེས་པའི་བར་བདག་ཉིད་ཅེས་པའི་ཚབ་ཏུ་ཁྱེད་རང་ཞེས་སྦྱར་བ་མ་གཏོགས་བདག་བསྐྱེད་བཞིན་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་ཐམས་
ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ཚད་མེད་གྲངས་མེད། བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་མོས་པ་མཛོད། ཅེས་པ་དང་རོལ་མོ་བྱ་ཞིང༌། ཛཿཧཱུྃ་བཾ་ཧོཿཨོཾ་བཛྲ་ཨ་བེ་ཤ་ཡ་ཨཿཨཱཿཞེས་ཡང་ཡང་བརྗོད་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ལུས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབ་སྙམ་དུ་མོས་པ་མཛོད། རྗེས་སུ་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱོད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་མཐར་འཁོད་པའི་མོས་པ་བྱས་ཏེ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཅེས་དང༌། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག དེ་ལྟར་ལན་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མའི་རྒྱུད་ལ་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག་ཅེས་བརྗོད་ཅིང་མེ་ཏོག་གཏོར། དམ་བཅའི་ལུང་གི་སླད་དུ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་འཇམ་པའི་དབྱངས་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད།
སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྗེ་བཙུན་འཇམ་པའི་དབྱངས་ཡི་དམ་ཀྱི་ལྷར་བཟུང་བར་བགྱིའོ་ལན་གསུམ། དེ་ལྟར་བྱས་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ངག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། བྱིན་གྱིས་བརླབས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་རེ་ཐུགས་ཀ་ནས་རྒྱང་གིས་བྱེ་ནས་བྱོན་པ་ཁྱེད་རང་གི་སྤྱི་བོ་ནས་ཐིམ་སྟེ་ཐུགས་ཀའི་ས་བོན་དང་དབྱེར་མེད་དུ་གྱུར་པ་མོས་པ་བྱས། དེའི་ངང་ནས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་ཆེར་གྱིས་གཏད་པས་རང་ཉིད་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར་ཏེ་ཐུགས་ཀའི་ས་བོན་ལ་ཐིམ། ས་བོན་དེའང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པ་ལ་བརྟེན་ནས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱུད་ལ་སྐྱེས་པར་མོས་པ་བྱས་ཏེ། ཅུང་ཟད་ཅིག་མཉམ་པར་ཞོག་མཛོད། དེ་ལྟར་བྱས་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། སེམས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས་དེ་དག་གི་གནས་སྐབས་སུ་ཐོབ་ཅིང་
ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། ཞེས་དམ་ཚིག་འཛིན་པར་ཁས་བླངས་ནས། རྗེས་སུ་གནང་བ་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་རྣམས་ཀྱང་སློབ་དཔོན་ལ་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བའི་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་ནས་ལེགས་པར་བརྒྱུད་ཅིང༌། དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བའི་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་རྗེས་སུ་གནང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བྱང་ཆུབ་དུ་བསྔོ་བ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ནས་བྱིན་གྱིས་བརླབ། གོང་ལྟར་མཆོད་བསྟོད་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿ ཞེས་མཐེབ་སྲིན་གྱིས་སེ་གོལ་དང་བཅས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས་སོགས་ཀྱིས་བསྔོ་སྨོན་དང༌། སྟོན་མཆོག་དམ་པ་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡི། །རྒྱུད་དོན་ཆུ་གཏེར་ལས་བྱུང་སྒྲུབ་ཐབས་ཀྱི། །རྗེས་གནང་ཆོ་ག་རིན་ཆེན་ཆུན་འཕྱང་འདིས། །བློ་གསལ་རྣ་ལུང་མཛེས་པའི་རྒྱན་གྱུར་ཅིག །མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་རྗེས་སུ་གནང་བ་འདི་ཉིད་ཉེ་བར་མཁོ་བའི་དབང་གིས་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ཇི་ལྟ་བ་བཞིན་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བའི་ལྷག་པའི་ལྷ་ཐམས་ཅད་ལ་རྗེས་གནང་གི་ཆིངས་འདི་ཉིད་སྦྱར་བར་བྱ་བ་ཡིན་ནོ། །ཤུ་བྷཾ།།
མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་རྗེས་སུ་གནང་བའི་བླ་མ་བརྒྱུད་པའི་གསོལ་འདེབས་རིན་ཆེན་ཕྲེང་མཛེས།
མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་རྗེས་སུ་གནང་བའི་བླ་མ་བརྒྱུད་པའི་གསོལ་འདེབས་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །རྫོགས་པའི་སངས་རྒྱས་གསང་བདག་ཛེ་ཏཱ་རི། །རྡོ་རྗེ་གདན་པ་ཆེ་ཆུང་བ་རི་བ། །ས་ཆེན་རྩེ་མོ་གྲགས་པ་ས་པཎ་དང་། །ཀུན་དགའ་དཔལ་བ་རྣམས་ལ་གསོལ་བ་འདེབས། །ཉན་ཆེན་བསོད་ནམས་བརྟན་པ་བསོད་ནམས་སྐྱབས། །གཟུངས་ཀྱི་དཔལ་བ་དཔལ་ལྡན་ཚུལ་ཁྲིམས་དང་། །ཡེ་ཤེས་རྒྱལ་མཚན་ངོར་ཆེན་རྡོ་རྗེ་འཆང་། །ཀུན་དགའ་བཟང་པོ་རྣམ་ལ༴ རྒྱལ་ཚབ་ཀུན་དབང་ཡོངས་འཛིན་དཀོན་མཆོག་འཕེལ། །དཀོན་མཆོག་ལྷུན་གྲུབ་དཀོན་མཆོག་དཔལ་ལྡན་དང་། །ཤར་ཆེན་ཀུན་བཀྲ་ཤེས་རབ་འབྱུང་གནས་དཔལ། །བསོད་ནམས་རྒྱ་མཚོ་རྣམས་ལ༴ ལྷུན་གྲུབ་དཔལ་ལྡན་ཀུན་དགའ་བཀྲ་ཤིས་དང་། །བསོད་ནམས་རིན་ཆེན་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་སྐྱབས་གནས་ཀུན་འདུས་པ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་དང་ཚོགས་གཉིས་མཐུས། །མཚན་བཅས་མཚན་མེད་ཏིང་འཛིན་མཐར་ཕྱིན་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱིས། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། །སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ཐམས་ཅད་ཀྱི་བརྒྱུད་འདེབས་ལ་འདི་སྦྱར་དུ་རུང་ངོ། །ཤུ་བྷཾ། །
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འདོན་ཐབས་གསལ་བྱེད་དང་བཅས་པ།
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འདོན་ཐབས་གསལ་བྱེད་དང་བཅས་པ་བཞུགས་སོ།།
བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པ་འདོན་པའི་གདམས་ངག་ལ་གསུམ། གསང་སྔགས་སུ་གདོན་པ་དང༌། བདག་མེད་པའི་ངང་ལས་གདོན་པ་དང༌། ཆེ་བའི་ཡོན་ཏན་དུ་གདོན་པའོ། །དང་པོ་ལ་གཉིས། འཇམ་དཔལ་གྱི་རྣལ་འབྱོར་གྱིས་གདོན་པ་དང༌། ཡི་དམ་ལྷའི་ང་རྒྱལ་གྱིས་གདོན་པའོ། །དང་པོ་ནི་སེམས་བསྐྱེད་པ་དང༌། སྐབས་སུ་འགྲོ་བ་སྔོན་དུ་སོང་ནས། རང་སྐད་ཅིག་གིས་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་ན་རལ་གྲི་དང༌། གཉིས་པ་ན་མདའ། གཡོན་དང་པོ་ན་པུསྟི་དང༌། གཉིས་པ་ན་གཞུ་འཛིན་པ། ཟླ་བའི་རྒྱབ་ཡོལ་ཅན། པདྨའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། མི་བསྐྱོད་པས་དབུར་བརྒྱན་པ་བསྒོམས་པའི་ཐུགས་ཀར་ཨ་བསམ། ཚིག་ཐམས་ཅད་ཨ་ལས་སྐྱེས་ཤིང་མི་དམིགས་པར་བསམ་ལ་གདོན། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་པའི་གདམས་ངག་གོ །ཡི་དམ་ལྷའི་ང་རྒྱལ་གྱིས་འདོན་ན།
ཁྲོ་བོ་ཡིན་ན་སྙིང་གར་ཉི་མའི་སྟེང་དུ་ཨ་བསམ། ཞི་བ་ཡིན་ན་ཟླ་བའི་སྟེང་དུ་བསམ། ཚིག་ཐམས་ཅད་ཨ་ལས་སྐྱེས་ཤིང་མི་དམིགས་པར་བསམས་ལ་གདོན། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པའི་གདམས་ངག་གོ །བདག་མེད་པའི་ངང་དུ་འདོན་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྲ་བརྙན་དང་བྲག་ཆ་ལྟ་བུར་ཤེས་པར་བྱས་ལ་གདོན་ཏོ། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་པའི་གདམས་ངག་གོ །ཆེ་བའི་ཡོན་ཏན་དུ་འདོན་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། མདུན་གྱི་ནམ་མཁར་འཕགས་པ་འཇམ་དཔལ་བསམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཚངས་པ་དང་དབང་ཕྱུག་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་འཕགས་པ་འཇམ་དཔལ་ཡིན་པར་བསམས་ལ་གདོན་ཏོ། །འཇོག་པའི་དུས་སུ་མཆོད་པ་བྱས་ལ་རང་བཞིན་མེད་པར་གཤེགས་སུ་གསོལ། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་
གདམས་ངག་གོ །མདོ་བཏོན་པའི་དགེ་བའི་རྩ་བ་སངས་རྒྱས་སུ་བསྔོ། ཐུན་མོང་བ་ཆེ་བའི་ཡོན་ཏན་དུ་དམིགས་ལ་གདོན་པར་བྱའོ། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས་མཛད་པའོ།། ༈ །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་བཀླག་ཐབས་ཡེ་ཤེས་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཀཱ་ཡཱ་ཡ། འདིར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདོན་པའི་གདམས་ངག་ལ་རྣམ་པ་བཞིར་གསུངས་པ་ལས། ཟབ་མོའི་རྣལ་འབྱོར་ལ་གཞོལ་བར་མི་ནུས་པའི་ལས་དང་པོ་པའམ། རྣལ་འབྱོར་ཟབ་མོ་ལ་འཇུག་པས་ཀྱང་ཐུན་མཚམས་རྣམས་སུ་ཆེ་བའི་ཡོན་ཏན་ལ་བསྔགས་པའི་ཚུལ་གྱིས་གདོན་པར་འདོད་པས་དད་པ་དང༌། ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་གཉིས་ཡིད་ལ་བྱས་ཏེ། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླག་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་བྱ། རང་མདུན་ནམ་མཁར་ཡིད་འཕྲོག་པའི། །མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་ཟླའི་གདན་ལ་སྐད་ཅིག་གིས། །རྗེ་བཙུན་འཕགས་པ་འཇམ་པའི་དབྱངས། །སྐུ་མདོག་གསེར་གྱི་ལྷུན་པོ་ནི། །མཚམས་སྤྲིན་གསར་པས་འཁྱུད་བཞིན་མཛེས། །ཞི་འཛུམ་བརྒྱད་གཉིས་ལང་ཚོའི་དཔལ། །ངོ་མཚར་མཚན་དཔེའི་ཕུང་པོར་འབར། །ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། །ཤེས་རབ་རལ་གྲི་གླེགས་བམ་དང༌། །འོག་མས་ཐབས་ཤེས་མདའ་གཞུ་བསྣམས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྣ་ཚོགས་དར་གྱི་ཤམ་ཐབས་དང༌། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །ཟུར་ཕུད་ཨུཏྤལ་ལ་གནས་པའི། །མི་བསྐྱོད་རིགས་ཀྱི་བདག་པོར་བཅས། །མཁའ་ལམ་དབང་པོའི་གཞུ་
ལྟ་བུ། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །མངོན་སུམ་བཞིན་དུ་གསལ་བར་གྱུར། །ཨེ་མ་སངས་རྒྱས་བྱང་སེམས་དང༌། །ཉན་ཐོས་རང་རྒྱལ་ཚངས་དབང་སོགས། །སྲིད་ཞིའི་ཉམས་འགྱུར་ཇི་སྙེད་ཀུན། །འཇམ་པའི་དཔལ་ལས་གཞན་ཕན་ཕྱིར། །མཐའ་ཡས་ཤེས་བྱའི་རྗེས་སོང་བའི། །མཚན་དང་སྐུ་ཡི་བཀོད་པ་དང༌། །ཡོན་ཏན་མཁའ་དང་སྙོམས་འཇུག་པར། །མི་ཕྱེད་མཆོག་ཏུ་གུས་པའི་བློས། །ངག་གི་ནོར་བུའི་ཏམྦུ་ར། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །རྡོ་རྗེའི་མཚན་དོན་ཡང་དག་པར། །བརྗོད་པའི་གདངས་སུ་འཕོས་པ་ཡིས། །མཁྱེན་བརྩེ་ནུས་པའི་རྒྱུད་བསྐུལ་བས། །ཐུགས་རྗེའི་འོད་ཟེར་དཔག་ཡས་པ། །ས་གསུམ་ཁྱབ་པར་རབ་ཏུ་འཕྲོས། །བདག་དང་ཡིད་ཅན་ཐམས་ཅད་ཀྱི། །ཐོག་མེད་ནས་བསགས་སྡིག་ལྟུང་དང༌། །སྒྲིབ་གཉིས་མུན་པ་ཀུན་བསལ་ནས། །ཇི་ལྟ་ཇི་སྙེད་ཤེས་བྱ་ལ། །བློ་མཆོག་པདྨོ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ་མོས་གུས་རྩེ་གཅིག་པས་མཚན་ཡང་དག་པར་བརྗོད་པ་ལན་གསུམ་སོགས་ཅི་ནུས་སུ་འདོན། སྤྲོ་ན། ཨོཾ་སརྦ་དྷརྨཱ་བྷ་བ་སོགས་ཀྱི་སྔགས་ཅི་རིགས་པར་བཟླ་ཞིང་ཕན་ཡོན་ཀྱང་འདོན་པར་གསུངས། གང་ལྟར་ཡང་མཐར། དངོས་དང་ཡིད་ལས་བྱུང་བ་ཡི། །ཀུན་བཟང་མཆོད་པའི་སྤྲིན་རྒྱ་མཚོས། །སྲིད་པ་མཐར་བྱས་དེ་སྲིད་དུ། །འཇམ་དཔལ་གཞོན་ནུ་མཉེས་གྱུར་ཅིག །ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་བསྡུས་པ། །སྲིད་ཞི་ཀུན་གྱི་དཔལ་གྱུར་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་རྡོ་རྗེའི་མཚན། །ཡང་དག་བརྗོད་པས་རབ་བསྔགས་བདག །དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་བཞིན་རྗེས་སུ་བཟུང་བར་མཛོད། །གནས་སྐབས་ཚུལ་གནས་ཐོས་བསམ་དང༌། །
སྒོམ་པའི་བློ་གྲོས་རབ་རྒྱས་ཤིང༌། །འཆད་རྩོད་རྩོམ་ལ་མཚུངས་མེད་པའི། །སྨྲ་བའི་ཉི་མར་བྱིན་གྱིས་རློབས། །མཐར་ཐུག་ཤེས་དང་ཤེས་བྱ་ཀུན། །མི་ཕྱེད་ཡེ་ཤེས་སྐུ་ཐོབ་ནས། །འགྲོ་རྣམས་འཇམ་དཔལ་གཞོན་ནུ་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག །ཅེས་གསོལ་བ་གདབ། གཟོད་ནས་སྤྲོས་བྲལ་འཇམ་པའི་དཔལ། །རྟེན་འབྱུང་སྒྱུ་མའི་ངང་ཚུལ་གྱིས། །སྣང་ཆར་ཤར་བའི་ཡེ་ཤེས་པ། །རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །ཡང་མཚན་བཅས་ཀྱི་རྣལ་འབྱོར་ལ་གཙོ་བོར་གཞོལ་བས་འཇམ་དཔལ་གྱི་རྣལ་འབྱོར་གྱིས་འདོན་ན། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་ནི། །པད་ཟླའི་གདན་ལ་སྐད་ཅིག་གིས། །ཞེས་པ་ནས། མངོན་སུམ་བཞིན་དུ་གསལ་བར་གྱུར། །ཅེས་པའི་བར་གོང་བཞིན་ལ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༌། །སྐྱེ་མེད་དོན་མཚོན་ཨ་དཀར་པོ། །དེ་ལས་རྡོ་རྗེའི་ཚིག་གི་རྒྱུད། །རྟེན་འབྱུང་སྒྲ་བརྙན་ལྟ་བུའི་ཚུལ། །སྐྱེས་ཙམ་ཉིད་ནས་སྐྱེ་འགགས་སོགས། །སྤྲོས་པའི་མཚན་མ་མ་དམིགས་པ། །ཟབ་གསལ་གཉིས་མེད་ཡེ་ཤེས་སྐུ། །རྗེས་སུ་དྲན་པའི་ངང་ནས་བཀླག །ཅེས་གསལ་བཏབ་ནས་རྒྱུད་ཅི་ནུས་སུ་འདོན་མཐར། འདི་བསྒྲུབས་པ་ལས་བྱུང་བ་ཡི། །ཞེས་སོགས་བསྔོ་སྨོན་གྱི་རྒྱས་གདབ་སྟེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །ཡང་ན་ཡི་དམ་ལྷའི་ང་རྒྱལ་གྱིས་འདོན་པ་ནི། རང་གི་རྒྱུན་གྱི་ཡི་དམ་གང་ལ་ཡང་སྦྱར་དུ་རུང་བས། དེའི་བདག་བསྐྱེད་གསལ་བཏབ་པའི་རྗེས། ཁྲོ་བོ་ཡིན་ན། ཐུགས་ཀར་ཉི་མའི་དཀྱིལ་
འཁོར་སྟེང༌། །ཞེས་བསྒྱུར་བ་མ་གཏོགས་དམིགས་པ་སོགས་སྔར་བཞིན་ནོ། །ཡང་མཚན་མེད་ཀྱི་རྣལ་འབྱོར་ལ་གཙོ་བོར་གཞོལ་བས་བདག་མེད་པའི་ངང་ནས་འདོན་པ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་རྨི་ལམ་དང་སྒྲ་བརྙན་དང་བྲག་ཅ་ལྟ་བུར་ཤེས་པར་བྱས་ལ་མ་ཡེངས་པའི་ངང་ནས་འདོན་ཅིང་དགེ་བ་བསྔོ་བ་སོགས་བྱའོ། །དེ་ཐམས་ཅད་ཀྱི་དོན་མདོར་བསྡུས་པའི་ཚུལ་གྱིས་འདོན་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། ཐོག་མར་འཇམ་དཔལ་གྱི་རྣལ་འབྱོར་གྱིས་འདོན་པའི་སྐབས་ལྟར་བདག་ཉིད་ལྷར་གསལ་གདབ། དེ་ནས་མདུན་དུ་ལྷ་གསལ་གདབ་པ་སོགས་ཆེ་བའི་ཡོན་ཏན་ལ་བསྔགས་པའི་ཚུལ་གྱིས་རྒྱུད་འདོན་པ་ལ་འཇུག དེ་དག་གི་གནས་སྐབས་ཐམས་ཅད་དུ་ལུས་འཇའ་ཚོན། ངག་བྲག་ཅ། སེམས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ཤེས་པར་བྱ། མཐར་མཆོད་བསྟོད་གསོལ་བ་གདབ་པ་སོགས་སྦྱར་རོ། །འདི་རྣམས་ཀྱི་ཁུངས་ནི་རྗེ་བཙུན་རིན་པོ་ཆེས་རྒྱུད་ཀྱི་ལུང་སྦྱོར་མཛད་པ་ལྟར་དང༌། དེར་མ་ཟད་འཁོར་ལོ་བཞི་པའི་རྗེས་སུ་བསྔགས་པ་ལས། མཚན་གྱི་དོན་ཕན་ཚུན་རེ་རེ་ཞིང་ཡང་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱས་ཏེ། རྩེ་གཅིག་པའི་ཡིད་ཀྱིས་«བདག་ཉིད་ལྷར་་་་་»སྒོམ་པར་བྱེད་པ་དང༌། «ཆེ་བའི་ཡོན་ཏན་ལ་་་་་་»ལྷག་པར་མོས་པ་དང༌། དེ་ཁོ་ན་«་་་་་བདག་མེད་པའི།» ཉིད་ཡིད་ལ་བྱེད་པ་དག་གིས་ཞེས་གསུངས་པས་ཀྱང་རིམ་བཞིན་དུ་བསྟན་པར་བཞེད་དོ། །དེ་ལྟར་དུས་གསུམ་དུ་བརྩོན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ་དང༌། སྤོབས་པ་སྒྲུབ་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱིས་བསྲུང་ཞིང་བསྒྲུབ་པ་དང༌། ཚེ་རབས་ཀུན་ཏུ་མི་ཁོམ་པར་མི་སྐྱེ་ཞིང་འཇིགས་པ་ཐམས་ཅད་
མི་འབྱུང་བ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་འབྱོར་པར་འགྱུར་བ་དང༌། གཟུངས་དང༌། བློ་གྲོས་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་མཐའ་ཡས་པ་དང་ལྡན་ཅིང་མི་ཉམས་པ་དང༌། གོང་ནས་གོང་དུ་འཕེལ་བ་ལ་བརྟེན་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཚུལ་རྒྱ་ཆེར་ཕན་ཡོན་གྱི་རྗེས་སུ་བསྔགས་པའི་སྐབས་རྣམས་ལས་འབྱུང་བ་ལྟར་ཤེས་པར་བྱས་ནས་བློ་ལྡན་རྣམས་ཀྱིས་འདི་ཁོ་ན་ལ་གཅིག་ཏུ་བརྩོན་པར་བྱའོ། །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་ཕྱིར་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལ་གཞི་བྱས། འཇམ་མགོན་ས་སྐྱ་པཎྜི་ཏའི་གསུང་སྒྲོས་ཟིན་བྲིས་སོགས་ལས་ཀྱང་ཅུང་ཟད་བསྣན་ཏེ་ཤིན་དུ་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།
བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཝཱ་ཀ྄་པྲ་བྷཱ། བོད་སྐད་དུ། ངག་གི་འོད་ཟེར། ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་གའི་སྲོག་ཡིག་འོད་ཟེར་གྱིས། །དབྱངས་ཅན་མ་ཡི་འཁོར་ལོ་མདུན་དུ་དགུག །མེ་ཏོག་བདུག་པ་མར་མེ་བྱུག་པས་མཆོད། །འཇུག་པའི་རླུང་གིས་སྲོག་གི་སྙིང་ལ་ཞུགས། །དབུས་སུ་ཧྲཱིཾཿགིས་རྣམ་བརྒྱན་ལྟེ་བར་ཟླ་བས་རྣམ་པར་མཛེས། །མཆོག་ཏུ་དཀར་ཞིང་འོད་གསལ་སྒྲོལ་མ་ལྟ་བུའི་བཅུ་དྲུག་ཆ། །ཉི་མའི་འོད་ཟེར་ཟེའུ་འབྲུའི་མཚམས་ནས་ཤིན་ཏུ་རྒྱས་པ་ཡི། །དྲི་མེད་འཇམ་ཞིང་དཀར་བའི་པད་འདབ་རེ་རེར་གཉིས་གཉིས་གནས། །འོད་ཟེར་དཀར་པོ་རྣམ་འཕྲོས་པས། །སྙིང་གི་མུན་པ་སེལ་བ་པོ། །སྔོན་དུ་རིག་པ་འབུམ་ཕྲག་«་་་་་སྔོན་དུ་རིག་པ་འབྲུ་གཅིག་པ། །ཉི་ཁྲི་ལྔ་སྟོང་བསྙེན་པར་བྱ། །ཟེར་བའང་འདུག »གཅིག །ཉི་ཁྲི་ལྔ་སྟོང་བསྙེན་པར་བྱ། །གཞན་དང་རྩོད་པ་སྨྲ་བ་ན། །འཁོར་ལོ་ལྕེ་ལ་གསལ་བར་བཀོད། །བསྒྲུབ་བྱའི་དཔྲལ་བར་འཁོར་ལོ་མཆོག །བཀོད་ན་དབང་དུ་བྱེད་པར་འགྱུར། །ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ངག་གི་འོད་ཟེར་ཞེས་བྱ་བ། བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ། །པཎྜི་ཏ་ཇོ་བོ་རྒྱ་
མཚོ་ཆེན་པོ་དང༌། སུམ་པ་ལོ་ཙཱ་བས་ལེགས་པར་བསྒྱུར་བའོ།། ༈ །ལས་སྦྱོར་གྱི་རྩ་བ་དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ་བཞུགས་སོ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལྕེ་བདེ་མགྲིན་པ་བདེ་བ་དང༌། །དབྱངས་སྙན་དྲན་པ་གསལ་བ་ལ། །ཨ་རུ་སྐྱུ་རུ་པི་པི་ལིང༌། །ཤིང་དམར་དུག་ཉུང་སྒྲོན་ཤིང་དང༌། །གོ་སྙོད་ལ་སོགས་རྩི་བཞིན་བཏགས། །དར་གྱི་ཚགས་མ་ལ་བཙགས་ཏེ། །ཀ་ར་སྦྲང་རྩིས་རིལ་བུ་བྱ། །ཚ་གོང་མུར་བར་བྱ་བ་ནི། །ཞག་བདུན་ཟོས་པས་དིག་པ་འདག །རྨུགས་ཤིང་གླེན་པ་རྣམས་ཀྱང་འཚོ། །བཅུ་གཅིག་སྐད་གདངས་ཁྱུང་བཞིན་འགྱུར། །བཅུ་གཉིས་མི་བརྗེད་གཟུངས་ཐོབ་ཅིང༌། །བློ་ནི་མེ་དང་འདྲ་བར་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །ཤ་རུས་རྡོ་ལྟར་མཁྲེགས་པར་འགྱུར། །རྒས་པ་མེད་ཅིང་ལོ་བརྒྱ་ཐུབ། །སྨན་འདི་སྦྱར་བའི་དུས་ཚོད་ནི། །དྲང་སྲོང་ཕུར་བུ་དག་ལ་སྦྱར། །མགྲིན་པ་བདེ་ཞིང་བློ་རྣོ་འགྱུར། །དྲང་སོང་མངོན་ཤེས་ཅན་གྱིས་མཛད་པ་རྫོགས་སོ།། ༈ །དབྱངས་ཅན་མའི་བསྟོད་པ་བྲམ་ཟེ་ཕུར་བུས་
མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། བྲཧྨ་པུ་ཏཱི་སྭ་ར་སྭ་ཏྱཻ་སྟོ་ཏྲེ་ཎ་སིདྡྷཾ་ཝཱཀ་པྲ་བྷཱ་ནཱ་མཿ བོད་སྐད་དུ། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང༌། །ཐུགས་རྗེའི་རྣམ་སྤྲུལ་མཐའ་ཡས་ཕ་རོལ་རྗེས་སུ་བཟུང་བའི་ཕྱིར། །ཚངས་པའི་བུ་མོ་མཛེས་མ་ཁྱོད་སྐུ་རྣམ་པར་གསལ་བའི་རྣམ་འགྱུར་ཅན། །བིཥྞུའི་གཟུགས་ཅན་ཏམྦུ་ར་ལ་དགའ་སྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས་རོལ་པའི་ལོ་ནི་བཅུ་དྲུག་ལོན་པའི་ཉམས། །ཆུ་གཏེར་འགྲམ་ངོགས་ལྦུ་བའི་ཕྲེང་བས་རྩེ་བར་དགའ་བ་ཅན། །དྲི་ཟའི་བུ་མོས་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །གང་གིས་ཡིད་ལ་དྲན་བྱེད་དེ་ལ་ངག་གི་དབང་ཕྱུག་སྩོལ། །ཁོ་བོས་ཁྱོད་དྲན་བ་སྤུ་ཤས་ཆེར་གཡོ་བའི་ལག་པ་གཉིས། །ཐལ་སྦྱར་མེ་ཏོག་གཞོན་ནུ་ཁ་འབུས་ལྟ་བུ་སྤྱི་བོའི་སྟེང༌། །རབ་བཞག་སྙིང་ནས་རབ་ཏུ་གུས་པ་ལྷུར་བྱེད་ཁྱོད་ཀྱི་ཡོན་ཏན་ནི། །མཐའ་དག་རྟོགས་མིན་ཅུང་ཟད་རྙེད་འདི་སྡེབ་ལེགས་ཕྲེང་བས་མཆོད། །ཁྱོད་སྐུ་འོ་མའི་མཚོ་འདྲ་ཀུནྡ་ཀུ་མུད་ཟླ་ཚེས་མཚུངས། །རབ་དཀར་འོད་ཀྱི་ཕྲེང་བས་ཀུན་ནས་བསྐོར་བའི་གཟི་བརྗིད་ཀྱིས། །ལྷ་དབང་ཡིད་འཕྲོག་དགའ་བའི་ང་རོས་རྟག་ཏུ་ཁྱོད་ལ་བསྟོད་བྱེད་ན། །བློ་གྲོས་དོན་གསལ་དོན་གཉེར་ལྷ་ལ་གུས་པ་སྨོས་ཅི་དགོས། །ཆུ་སྐྱེས་དཀར་པོ་དྲི་མེད་སྟེང་གནས་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་སྟེང་ཙོག་པུའི་ཚུལ་བཞུགས་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་དྲི་ཟའི་པི་ཝང་སྦྲེང་བའི་སྒྲ་དབྱངས་དང༌། །རྗེས་མཐུན་གསུང་གིས་ས་གསུམ་སྐྱེ་དགུའི་བསམ་པ་ཚིམས་མཛད་མ། །འཇམ་མཉེན་འཁྲིལ་ཤིང་རིང་བ་བུང་བ་ལྟ་བུར་གནག་པའི་སྐྲ། །གཡས་གཡོན་རྒྱབ་ཏུ་འཕྱར་ཞིང་
ཅུང་ཟད་ལི་བའི་ཐོར་ཅོག་ལ། །མེ་ཏོག་དཀར་པོའི་ཕྲེང་བའི་ཐོད་བཅིངས་སྤྱི་གཙུག་ཟླ་བས་སྤུད། །གསེར་གྱི་རྣ་ཆ་འཕྱང་ཞིང་མཁུར་ཚོས་མཛེས་པ་འཛུམ་པའི་ཞལ། །ཀ་ཙ་ལིནྡྷའི་སྨད་གཡོགས་ཚོམ་བུས་སྤྲས་པས་སྒེག་པའི་ཉམས། །པུཎྜ་རཱི་ཀའི་ཕྲེང་བ་ཆུན་འཕྱངས་མགུལ་རྒྱན་དོ་ཤལ་ཅན། །ཕྱག་ཞབས་རིན་ཆེན་ཕྲེང་བ་སིལ་སིལ་སྒྲ་ལྡན་བརྒྱུས་པ་ཡིས། །ཁྱེད་སྐུ་ལྷ་དང་རིག་འཛིན་བུ་མོའི་ཚོགས་ཀུན་ངོ་མཚར་གྱུར། །ལྷ་མོ་གཞོན་སྒེག་ལང་ཚོ་ལྡན་པ་སྐྱེ་དགུའི་ཡིད་འཕྲོག་མ། །ཡིད་འོང་འཛུམ་པའི་བཞིན་ཅན་མིག་དཀྱུས་རིང་པོའི་ཟུར་གྱིས་ནི། །སྨིན་མ་གཡོ་བའི་གར་ཅན་ཁྱོད་སྐུ་རྟག་ཏུ་དྲན་བྱེད་ལ། །རབ་ཏུ་དགྱེས་པའི་ཉམས་ཀྱིས་གཟིགས་ཤིང་ཁོ་བོ་རྗེས་སུ་ཟུངས། །མཛད་སྤྱོད་བགས་ཀྱིས་དལ་ཞིང་གསོང་པོར་སྨྲ་བའི་ངང་ཚུལ་ཅན། །མཱ་ལི་སར་པའི་དྲི་ལྡན་ནུ་ཞོ་ནུ་བར་འདོད་པ་ལ། །རིག་པས་དགའ་བའི་ནུ་ཞོ་སྟོབ་བྱེད་ཁྱོད་ལ་རྟག་ཏུ་བསྟོད་པའི་བུ། །སྙིང་ནས་ཡུས་ཆེ་ཤས་ཆེར་ངུ་བའི་གདུང་བ་ཚིམས་མཛད་མ། །དེ་ཡི་ཡིད་ལ་བསྟོད་པའི་ཟོལ་ཚིག་ཅ་ཅོར་མ་ངེས་པ་ཡི་སྒྲ། །སྨྲ་བའི་ག་ཞས་འདི་སྤེལ་ཉིད་ཀྱི་ཐུགས་ལ་བས་གྱུར་མོད། །འོན་ཀྱང་ཁོ་བོའི་བློ་ནི་འདིར་ཟད་བུ་ཡི་ཉེས་པ་རྣམས། །མ་ཡིས་བཟོད་མཛོད་བརྩེ་བས་སླར་ཡང་བུ་ནི་རབ་ཏུ་སྦྱོངས། །སྙིང་གའི་ཆུ་སྐྱེས་འདབ་བརྒྱད་དཀར་པོ་ཟེའུ་འབྲུའི་ཕྲེང་བ་ཅན། །དམར་སེར་མཛེས་པའི་མཚམས་ནས་འོད་ཀྱི་དྲྭ་བ་རབ་ཏུ་དགྱེ། །གེ་སར་འཇམ་པོའི་རྩེ་མོར་བསིལ་ཟེར་ཅན་ནི་རབ་གནས་པའི། །དབུས་སུ་ཆུ་ཤེལ་མདོག་འཛིན་ཧྲཱིཾཿགི་ཕྲེང་བས་སྒྲིབ་གཉིས་འཇོམས། །འདབ་མ་རེ་རེར་གཉིས་གཉིས་བཞུགས་པའི་ཨ་ཨཱ་ལ་སོགས་དབྱངས་ཡིག་རྣམས། །གཡས་སུ་བསྐོར་བའི་རིམ་པས་མར་མེའི་ཕྲེང་བ་འབར་བ་ལྟར། །ཀུན་ནས་འོད་ཟེར་འཕྲོ་བའི་རྒྱན་ལྡན་རྩེ་མོའི་རང་བཞིན་གྱིས། །ཡིད་
ཀྱི་དྲི་མའི་མུན་ནག་རྣམ་བསལ་བློ་གྲོས་མཆོག་སྩོལ་མཛོད། །སྲོག་གི་འོད་ཟེར་སྐྲ་ཡི་ཁྱོན་ཙམ་ཕྲ་བའི་ཆ་ཤས་ཀྱིས། །རྩོལ་བའི་སྒོ་ནས་མྱུར་བར་ལྷ་མོའི་ཐུགས་ལ་རེག་གྱུར་པས། །འཁོར་ལོ་གཉིས་པ་བསྐོར་བས་རྣམ་པ་བདུན་པའི་མཆོད་སྤྲིན་ཅན། །འཇུག་པའི་རླུང་ཞོན་རང་སེམས་ཡེ་ཤེས་རྒྱས་མཛད་དེ་ལ་འདུད། །དེ་རྗེས་ཧྲཱིཾཿགི་ཕྲེང་བ་མུ་ཏིག་དོ་ཤལ་མགལ་མེ་ཡི། །འཁོར་ལོའི་ཚུལ་དུ་འཁོར་བ་ཞལ་གྱི་སྒོ་ནས་ཐོན་གྱུར་ཅིང༌། །ལྟེ་བའི་དཀྱིལ་འཁོར་ནས་ཞུགས་སླར་ཡང་ས་བོན་ཚ་ཟེར་རྩེར། །འབར་བའི་མོད་ལ་དབྱངས་ཅན་ངག་སྟེར་ཁྱོད་ཞབས་སྤྱི་བོས་བླངས། །ལྷ་མོ་གཙང་སྦྲ་ལ་དགའ་རྫུན་སྤངས་འབྱུང་པོའི་ཟས་དོར་ཞིང༌། །ཚངས་སྤྱོད་བརྟུལ་ཞུགས་ཅན་གྱིས་ཉིན་རེ་དྲན་བྱས་ཡུམ་བོས་ན། །སླར་ཡང་ངག་གི་དབང་ཕྱུག་ཅི་བཞེད་གསུངས་པའི་གད་མོ་ཡིས། །དཀར་གསུམ་ཟས་ཀྱི་དགའ་སྟོན་ཚུལ་གྱིས་དངོས་གྲུབ་སྩོལ་ལ་འདུད། །དེ་ལྟར་ཁྱོད་བསྟོད་ལྷུར་ལེན་གང་ཡིན་དེ་ནི་ཡོན་ཏན་གྱིས། །དབུལ་གྱུར་སྣ་ཚོགས་རིག་པའི་གཞུང་ལུགས་རྣམས་ལས་ངེས་པའི་དོན། །མྱུར་རྟོགས་ས་གསུམ་སྐྱེ་བོའི་གཞུང་སྒྲོན་གཏི་མུག་མུན་པ་རྣམས། །རབ་གསལ་རྒྱལ་བའི་དབང་པོ་འོད་དཔག་མེད་འདྲ་ཐོབ་པར་ཤོག །འདི་ནི་འཕགས་དང་མཁས་པའི་སྐྱེ་བོ་ཕུལ་བྱུང་ཚོགས་རྣམས་སྟོན། །བདག་འདྲ་ཁུམས་ཤིང་མུ་ཅོར་སྒྲོག་པ་ངང་ཚུལ་མི་ཤེས་མོད། །ཁྱོད་ཀྱི་རྗེས་ཞུགས་ལན་ཅིག་མ་ཡིན་ཚིག་དོན་གོམས་བྱའི་ཕྱིར། །སྡེབ་སྦྱོར་གཙོར་བྱས་བྲག་ཅའི་སྒྲ་མཚུངས་འདིས་ནི་བསྟོད་པར་རིགས། །ཚིག་འདི་གང་གིས་མཐོང་ངམ་ཐོས་སམ་རྟག་ཏུ་དྲན་བྱེད་དམ། །ཀློག་དང་ཁ་ཏོན་བྱེད་དམ་བསམ་དོན་ཆུབ་བྱེད་པ། །ཡི་གེར་འབྲིའམ་གཞན་ལ་རྒྱ་ཆེར་རབ་ཏུ་སྟོན་ཀྱང་རུང༌། །དེ་ཡི་སེམས་དང་ངག་ལ་དཔལ་ལྡན་ལྷ་མོ་དབྱངས་ཅན་མྱུར་འཇུག་ཤོག །ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་
པས་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ། ལྷ་མོ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ།། ༈ །སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཀུན་མཁྱེན་དྲི་མེད་པས་མཛད་པ་བཞུགས་སོ། །ཨོཾ་སྭ་སྟི། འཕགས་མ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་ཡོད་མེད་སྣ་ཚོགས་རྐྱེན་བྲལ་ཐུགས་རྗེའི་ནམ་མཁའ་ཡངས་པ་ལ། །བློ་གྲོས་སྒྲིབ་བྲལ་ཉིན་མོར་བྱེད་ཀུན་ཕྲིན་ལས་འོད་ཟེར་དྲྭ་བ་ཅན། །སྐལ་བཟང་འགྲོ་བློའི་མཚོ་སྐྱེས་འཛུམ་མཛད་དབྱངས་ཅན་ཞབས་རྡུལ་གུས་མཆོད་དེ། །ཤེས་རབ་དོན་གཉེར་སྐྱེ་བོའི་དོན་སླད་དེ་མཉེས་བགྱིད་པའི་རིམ་པ་བཤད། །སྡོམ་ནི། རྗེས་གནང་སྒྲུབ་ཐབས་གེགས་སེལ་དང༌། །ལས་ལ་སྦྱར་དང་རྣམ་པ་བཞི། །ལྷ་མོ་སྐལ་བཟང་དབྱངས་ཅན་གྱི། །ཡོངས་སུ་སྒྲུབ་པར་བསྟན་པ་ཡིན། །དེ་ལ་བློ་གྲོས་ཀྱི་མཆོག་སྟེར་འཕགས་མ་དབྱངས་ཅན་གྱི་རྗེས་སུ་གནང་བའི་ཆོ་ག་ནི། གནས་དབེན་པར་མཎྜལ་ལེགས་པར་བྲིས་ཏེ་མཆོད་པ་བཤམས་ལ། སློབ་དཔོན་ལྷ་མོའི་སྐུར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ལྷོ་ཕྱོགས་རྒྱ་མཚོའི་ནང་ནས་དབྱངས་ཅན་མའི་འཁོར་ལོ་སྤྱན་དྲངས་ལ། མདུན་གྱི་འཁོར་ལོ་ལ་བསྟིམས་ཏེ་མཆོད་ནས་སློབ་མའི་གྲངས་དང་མཉམ་པའི་མར་མེ་འཁོར་ལོའི་སྟེང་དུ་བཀོད་པའི་འོག་ཏུ་སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་ལ་འཁོད། བགེགས་བསྐྲད། ལྷ་མོ་འཁོར་དང་བཅས་པར་བསྒོམ་དུ་བཅུག་སྟེ། མདུན་གྱི་མར་མེ་དབྱངས་ཅན་མའི་འཁོར་ལོར་བསམས་ལ། དབྱངས་ཡིག་བརྗོད་ཅིང་ཟར་བཅུག་པས་ངག་གི་དངོས་གྲུབ་ཐོབ་པར་བསམ། དེ་ནས་རྡུལ་ཚོན་རྣམས་གཡོན་པའི་སྲིན་ལག་གིས་གང་ལ་རེག་པའི་ཡི་གེ་དེའི་མིང་ནས་བརྗོད་ཅིང༌། སློབ་མའི་དཔྲལ་བ། མགྲིན་པ། སྙིང་ག་
རྣམས་སུ་བྱུགས་པས། ལུས་ངག་ཡིད་གསུམ་ནུས་པ་དང་ལྡན་ཞིང་དབྱངས་ཅན་མར་དངོས་སུ་བསམས་ལ་གསལ་བཏབ་པས་ཡེ་ཤེས་ཕེབས་པར་འགྱུར་རོ། །གལ་ཏེ་ཡེ་ཤེས་མ་ཕེབས་ན་སྙིང་གའི་ཡི་གེ་རྣམས་འདར་ཞིང་གཡོ་བ་ལ་སེམས་འཛིན་དུ་བཅུག་པས་མི་ཕེབས་མི་སྲིད་དོ། །ཡེ་ཤེས་ཕེབས་པའི་རྟགས་གསུམ་ལས། ལུས་བདེ་ཞིང་འཕར་བ་ལ་སོགས་དང༌། ངག་དགོད་ཅིང་སྨྲ་བ་ལ་སོགས་དང༌། ཡིད་གསལ་ཞིང་དྭངས་པ་ལ་སོགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་ཞུགས་པའི་རྟགས་ཡིན་ནོ། །རྗེས་གནང་གི་ལེའུ་སྟེ་དང་པོའོ། །དེ་ནས་སྒྲུབ་པ་ལ་འཇུག་པར་བྱ་སྟེ། དེ་ལྟར་རྗེས་སུ་གནང་བ་ཐོབ་པའི་རྣལ་འབྱོར་པས། གནས་དབེན་ཞིང་ཉམས་དགའ་བ། ཕྱི་ནང་གི་གནོད་པ་མེད་པར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྟོང་པར་བསམས་པའི་ངང་ནས། པདྨ་དཀར་པོ་དང༌། ཟླ་བའི་སྟེང་དུ་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ། ཕྱག་གཉིས་ཀྱིས་པི་ཝང་སྒྲེང་ཞིང༌། ཞལ་འཛུམ་པ་དང་བཅས་པ། སྐུ་སྨད་ལ་ལྷའི་གོས་ཀ་ཙ་ལིནྡྷ་གསོལ་ཞིང༌། སྐུ་སྟོད་ནོར་བུ་དང་མེ་ཏོག་གི་དྲྭ་བས་གཡོགས་པས་ཁེབས་ཤིང༌། དབུ་སྐྲ་སིལ་བུ་གཡོན་དུ་འཕྱང་ཞིང་ཟླ་བ་ཚེས་པས་སྤྱི་གཙུག་བརྒྱན་པ། འོད་ཟེར་མུ་མེད་པར་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ཅན་སྣང་ལ་རང་བཞིན་མེད་པར་བསྒོམ་པར་བྱའོ། །དེ་ནས་སྙིང་མགོ་མཐུར་དུ་འཕྱང་བ་བློས་གྱེན་དུ་བསླངས་པའི་ནང་ན་ཟླ་བའི་སྟེང་དུ། ཨོཾ་དཀར་པོ་ནཱ་ད་དང་བཅས་པ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་བསིལ་ཟེར་ལྟ་བུ་སྣ་བུག་གཡས་ནས་ཕྱིར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་ནང་ན་རིན་པོ་ཆེའི་ཁང་བཟང་ནས་རང་གིས་བསྒོམས་པ་ལྟ་བུའི་འཕགས་མ་དབྱངས་ཅན་གྱི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་འཁོར་ལོར་རེག་
པས་འཁོར་ལོ་ཤངས་བུག་གཡས་ནས་ཕྱིར་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་ནམ་མཁར་བྱོན་པ་ལ་མེ་ཏོག་ལ་སོགས་པས་མཆོད་དེ། ཨོཾ་པྲྀ་ཏཱི་དེ་ཝཱི་མེ་ཧྲཱིཿཥྚི་ཏིཥྚ་ཧྲཱིཾཿ ཞེས་བརྗོད་པས་འཁོར་ལོ་འོད་དུ་ཞུ་བ་རང་གི་སྣ་བུག་གཡོན་དུ་ཞུགས། ཐུགས་ཀའི་ཨོཾ་དང་འདྲེས་པའི་སྙིང་པདྨ་འདབ་བརྒྱད་མཆོག་ཏུ་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བའི་སྟེང་དུ་ཧྲཱིཾཿ འདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོཾ་ཨཽ། ཨཾ་ཨཿ ཞེས་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འོད་འབར་བའི་འོད་ཀྱིས་མི་ཤེས་པའི་སྙིང་གི་མུན་པ་ཐམས་ཅད་བསལ། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཡེ་ཤེས་ཀྱི་བདུད་རྩི་དཀར་པོས་མེར་གྱིས་ཁེངས་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོས་ཁྲིལ་གྱིས་ཁྱབ་པར་བསམ་ལ་ཡུན་རིང་དུ་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། ཧྲཱིཾ་ལས་ཧྲཱིཾཿམར་མེ་ལས་མར་མེ་མཆེད་པ་ལྟར་ཁ་ནས་ལྟེ་བར་ཧྲཱིཾ་གི་ཕྲེང་བ་འཁོར་བའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས། པཎྜི་ཏ་དང་ཉི་ཟླ་རྩི་ཤིང་ནགས་ཚལ། ཚངས་པ་བརྒྱ་བྱིན། མདོར་ན་སེམས་ཅན་ཆེན་པོ་དང༌། ཆུང་ངུ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། བདེ་ལེགས་ཐམས་ཅད་བསྡུས་སྔགས་ཕྲེང་ལ་ཐིམ་པ་དེ་ཉིད་ཧྲཱིཾཿལ་ཐིམ་པས་བདག་ཉིད་ནུས་པ་དེ་ལྟ་བུ་དང་ལྡན་པར་བསམ་ཞིང༌། ཁྱད་པར་དུ་འཆད་རྩོད་རྩོམ་པ་འཛིན་པ་ལ་སོགས་གང་འདོད་པའི་ཤེས་རབ་དེ་ཉིད་བསྡུས་ཏེ། སྙིང་གའི་ཧྲཱིཾཿལ་ཐིམ་པས་བདག་ཉིད་གང་འདོད་པའི་ཤེས་རབ་དེས་ལུས་ངག་ཡིད་གསུམ་ཁེངས་པར་བསམ་པ་ནི་གནད་དོ། །དེ་ལྟར་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་སྙིང་གི་མུན་པ་ཐམས་ཅད་སེལ་བར་བསམ་ཞིང་ཧྲཱིཾཿཞེས་འབུམ་ཉི་ཁྲི་ལྔ་སྟོང་བཟླས་ཤིང་ཐུན་འཇོག་ཁར་སྔགས་ཕྲེང་
སྙིང་གའི་ཧྲཱིཾཿལ་ཐིམ་ཞིང་འོད་ཀྱིས་སྔ་མ་ལྟར་བསམ་ཞིང་གང་འདོད་པའི་ཤེས་རབ་དེ་ཉིད་ལན་གསུམ་དུ་བསྡུས་པས་ལུས་ཁེངས་པ་ལ་དམིགས་པ་གཏད། སྐད་ཅིག་གིས་འཇམ་དབྱངས་སམ་མི་གཡོ་བར་ཀྲོང་གིས་བསྐྱེད་ལ་བསྔོ་བ་བྱའོ། །དེ་ནས་དངོས་སུ་སྔར་བས་དྲན་པ་གསལ་བ། ལོག་པོས་བློ་རྣོ་བ་འོང་ཞིང༌། རྨི་ལམ་དུ་བུ་མོ་གཞོན་ནུ་མས་བཟའ་བཏུང་སྦྱིན་པ་དང༌། ཤེལ་དང་མེ་ཏོག་གི་ཕྲེང་བ་རྙེད་པ་དང༌། ནམ་ལངས་པ་དང༌། ཉི་མ་ཤར་བ་དང༌། ཆུ་གཙང་མའི་རྒྱུན་འཐུང་ཞིང་ཁྲུས་བྱེད་པ་དང༌། མེ་ཏོག་གི་ཚལ་ན་མེ་ཏོག་ལ་རྩེ་བ་དང༌། འཇའ་དང་འོད་ཁྱིམ་གྱིས་གནམ་ས་ཟ་འོག་གི་གུར་ཁྱིམ་ལྟར་ཁེབས་པ་དང༌། བྱ་དང་རི་དྭགས་སྔོན་མ་མཐོང་བ་རྨིས་པ་དང༌། ནམ་མཁའ་ལ་འཕུར་བ་དང༌། ཞིང་རྨོ་བ་དང༌། སྣག་ཚ་འཐུང་བ་དང༌། རི་མཐོན་པོའི་རྩེ་ལ་ཕྱིན་པ་དང༌། མཚོན་ཆ་དང༌། པི་ཝང་དང༌། མེ་ལོང་རྙེད་པ་དང༌། མཐོང་བ་ལ་སོགས་རྨིའོ། །དེ་ཡང་སྒྲུབ་པ་ལ་བརྩོན་པ་ན་འདི་རྣམས་རྨིས་པ་ནི་སྤྲོ་བ་བསྐྱེད་པ་དང༌། བསྒྲུབས་ནས་ཞག་བདུན་ནམ་བཅུ་གཅིག་ནས་བྱུང་ན་རྗེས་སུ་བཟུང་བ་དང༌། ཞག་བཅུ་གཉིས་གམ་བཅོ་ལྔའི་དུས་སུ་བྱུང་ན་གྲུབ་པའི་མཚན་མ་སྟེ། མཚན་མ་གསུམ་འབྱུང་སྟེ། དེ་ལྟར་སྒྲུབ་པའི་ཚེ་ཐུན་མཚམས་སུ། ཁྲོ་བོ་གང་རུང་གི་བསྙེན་པ་དང༌། གཏོར་མ་ལ་བརྩོན་པར་བྱའོ། །དེ་ཡང་གཏོར་མ་ལེགས་པར་བཤམས་ལ། དབྱངས་ཅན་མ་མདུན་དུ་དམིགས་ཏེ། ཧྲཱིཾཿབ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ་ལ་བསྟོད་དེ་སླར་རང་ལ་བསྡུའོ། །འདིར་རང་ཉིད་ཐ་མལ་དུ་གནས་པའི་སྙིང་ནང་དུ་འཁོར་ལོ་སྒོམ་པ་དང༌། ལྷ་གཞན་མར་བསྒོམས་པའི་སྙིང་གར་འཁོར་ལོ་སྒོམ་པ་དང༌། དབྱངས་ཅན་མར་བསྒོམས་པའི་ཐུགས་ཀར་འཁོར་ལོ་སྒོམ་པ་གསུམ་གང་མོས་སུ་བྱ་བར་
གསུངས་ཀྱང༌། རང་ཐ་མལ་དུ་སྒོམ་པ་ཆགས་པའི་སྐྱོན་དུ་འགྱུར་ཞིང༌། ལྷ་གཞན་དུ་བསྒོམས་པའི་སྙིང་གར་འཁོར་ལོ་བསྒོམས་པས་སྙིང་རླུང་དུ་འགྱུར་རོ། །འདིས་ནོར་འགྲིབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་གེགས་སེལ་གནད་ཀྱི་ཟླ་འོད་ལས། རང་ཉིད་ཡི་དམ་ལྷ་མོར་ལེགས་བསྒོམས་པས། །ཕྱི་རོལ་བུད་མེད་ཡུལ་ལ་ཆགས་མི་འགྱུར། །ཆགས་སྐྱེས་རྒྱུད་རྩུབ་དབུལ་པོར་མི་འགྱུར་ཞེས། །བྲམ་ཟེ་ཕུར་བུས་གཏུམ་པའི་སྡེ་ལ་བཤད། །ཅེས་སོ། །འོན་ཀྱང་ནོར་འགྲིབ་དོགས་ན་འོག་ཏུ་འཆད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ལྟར་རྟགས་རྣམ་པ་གཉིས་པོ་གང་རུང་བྱུང་ན་བསྒྲུབ་པ་བྱ་བའི་གནས་དེ་ཉིད་དུ་སྦྱིན་སྲེག་བྱ་སྟེ། མཎྜལ་ལ་བ་ཡི་རྣམ་ལྔ་བྱུགས་པ་ལ་དབྱངས་ཅན་མའི་འཁོར་ལོ་བྲིས་ལ། ཤིང་འབྲས་བུ་ཅན་ནམ་སྐམ་པོ་ལ་སོགས་པ་གང་རུང་གིས་གྲུ་བཞིར་བརྩིགས་ཏེ་མེ་སྦར་ལ། མེ་ནང་དུ་ལྷ་མོ་དབྱངས་ཅན་མ་བསྐྱེད་ལ། རང་གི་སྙིང་གའི་འོད་ཟེར་གྱིས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་སྤྱན་དྲངས་ཏེ་ཐབ་ཀྱི་ལྷ་མོ་ལ་བསྟིམས་ལ་དེ་ལ་བསྲེག་རྫས་རིམ་པར་བཤམས་པ་རྣམས་འབུལ་ཏེ། ཡམ་ཤིང་སོར་བརྒྱད། མེ་ཏོག་དཀར་སེར། མར་ཁུ། ཞོ་ཟན། དཱུརྦ། ཀུ་ཤའི་མྱུ་གུ་རྣམས་རིམ་པར་འབུལ་ཞིང༌། ཧྲཱིཾཿམེ་པྲ་ཛྙཱ་བརྡྷ་མཱ་ནཱ་ཡ་ཨོཾ། ལྷ་མོ་བདག་གི་མཆོད་པ་འདི་བཞེས་ལ་བདག་གི་ཤེས་རབ་སྤེལ་བར་མཛད་དུ་གསོལ། ཞེས་པས་རེ་རེ་བཞིན་དབུལ་ལོ། །དེ་ལྟར་ལན་ཅིག་ཚར་བ་ལ་སྦྱིན་སྲེག་ཚར་གཅིག་ཏུ་བྱས་པའི་ཉི་ཁྲི་ལྔ་སྟོང་བྱའོ། །དེ་ནས་ཐབ་ཀྱི་ལྷ་མོར་བསྟོད་དེ་མཆོད་ནས་རང་ལ་ཐིམ་པར་བསམས་ལ། སོལ་བ་ཆུས་བྲན་ཏེ་དམ་ཚིག་པའི་འཁོར་ལོ་བསྡུ་བའི་ཕྱིར། སོལ་བའི་ཕྱོགས་གཅིག་ནས་སྣ་བུག་ཏུ་བཏུང་སྟེ་བྲིས་པའི་འཁོར་ལོ་འཇུག་པའི་རླུང་དང་ལྷན་ཅིག་ཏུ་སྙིང་གར་ཐིམ་པར་བསམས་ལ་ལས་ཀྱི་རྗེས་མི་མངོན་
པ་བྱ་སྟེ། ཐལ་བ་རི་རྩེའམ་ཆུ་ཆེན་པོ་ལ་བསྐྱལ་བས་གྲགས་པ་ཆེན་པོར་འགྱུར་རོ། །དེ་བསྒོམས་པས་ནི་ཤེས་རབ་བརྟན་ཞིང་སྒྲུབ་པའི་བོགས་དངོས་སུ་འབྱིན་པ་ཡིན་ནོ། །སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ལྟར་སྒྲུབ་པ་བྱེད་ན་གེགས་སེལ་བ་ཤེས་དགོས་པས་ན། དེ་ལ་གཉིས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ནི། སྤྱིར་གྲགས་པ་འདི་སྐད་ཐོས་སོ། །སྙིང་རླུང་གི་གེགས་བསལ་བ་དང༌། ཆགས་པའི་གེགས་བསལ་བ་དང༌། ནོར་འགྲིབ་པའི་གེགས་བསལ་བའོ། །དང་པོ་ནི། དེ་ལྟར་བསྒོམས་པས་ཤེས་པ་འཕྲོ་ཞིང་རྒོད་པ་དང༌། ས་གཅིག་ཏུ་མི་ཚུགས་པ་སོགས་བྱུང་ན། སྙིང་གའི་པདྨ་ཅུང་ཟད་ཟུམ་པ་ལ་དམིགས་པ་གཏད་པས་སེལ་ལོ། །དེས་མ་སེལ་ན་པདྨ་ཟུམ་པའི་ནང་ན་འཁོར་ལོ་ཡོད་པའི་ཕྱི་ནས་ཁྲོ་བོ་གང་རུང་གི་སྔགས་ཀྱིས་དཀྲིས་ཏེ་བུམ་སྐུ་བསྡུས་པ་ལྟ་བུ་ལ་དམིགས་པ་གཏད་པས་སེལ་ལོ། །དེས་ཀྱང་མ་སེལ་ན་འཁོར་ལོ་མི་བསྒོམ་པར་སྙིང་མགོ་བོ་ཐུར་དུ་ལྟ་བ་ལ་དམིགས་ཏེ། སྙིང་ནང་དུ་བདུད་རྩིས་ཁེངས་པ་ལ་ཤེས་པ་གཏད་པར་བྱའོ། །དེས་ནི་ཞི་ངེས་སོ། །དེ་ནས་སྔ་མ་བཞིན་བསྒོམ་མོ། །གཉིས་པ་ནི། དེ་ལྟར་བསྒོམས་པས་ཆགས་པའི་གེགས་བྱུང་ན། མེ་ཏོག་ལུག་རུ་དམར་པོའམ་སེར་པོ་བུད་མེད་ཀྱིས་མ་རེག་པ་གྲིབ་སྐམ་བྱས་ལ་ལྔའམ་བདུན་དགུ་ཚུན་ཆད་ཆུ་གྲང་དུ་བཅུག་པའི་ཁུ་བ་ལྟོ་སྟོང་ལ་ལན་གསུམ་མམ་ལྔའམ་བདུན་བཏང་བས་སེལ་ལོ། །དེས་མ་སེལ་ན་བདུད་རྩི་གྲང་མོ་འཁོར་ལོ་ལས་བབས་པས་ལུས་ཁེངས་པར་བསམས་པས་ངེས་པར་སེལ་ལོ། །གསུམ་པ་ནི། དེའི་ཚེ་ནོར་འགྲིབ་པའམ་འགྲིབ་རྟགས་བྱུང་ན། ཐུན་མཚམས་སུ་ནོར་རྒྱུན་མ་སེར་མོ་བུམ་པ་བསྣོལ་མའི་སྟེང་ན་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་ཞིང་ཕྱག་གཡས་པས་འབྲས་ཀྱི་སྙེ་མ་
ཐུགས་ཀར་འཛིན་ཞིང༌། གཡོན་པས་བུམ་པ་རིན་པོ་ཆེས་གང་བ་པུས་མོའི་སྟེང་དུ་བརྐྱངས་པས་འཛིན་པར་བསམས་ཏེ། གཏོར་མ་བཤམས་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་བསམས་ལ། ཨོཾ་བཱ་སུ་དྷཱ་རི་བཾ་སྭཱ་ཧཱ། ཞེས་སྔགས་ལྔའམ་བདུན་གྱིས་དབུལ་བས་མཉེས་པར་བསམ་ཞིང༌། ཟས་ནོར་གྱི་དངོས་གྲུབ་སྩོལ་ཅིག ཅེས་བརྗོད་པས་བར་ཆད་སེལ་ལོ། །དེས་མ་སེལ་ན་རང་ཉིད་ནོར་རྒྱུན་མར་བསམས་པའི་སྙིང་གར་དབྱངས་ཅན་མའི་འཁོར་ལོ་བསྒོམ། དེས་ཀྱང་མ་ཞི་ན་འཁོར་ལོ་ཡང་མི་བསྒོམ་པར་སྙིང་གར། བཾ་ཨོཾ་བཱ་སུ་དྷཱ་རི་སྭཱ་ཧཱས་བསྐོར་བ་ལ་དམིགས་པ་གཏད་པས་སེལ་ལོ། །གཉིས་པ་ཐུན་མོང་མ་ཡིན་པའི་གེགས་སེལ་ནི། བླ་མའི་མན་ངག་བརྒྱུད་པ་ལས་འོངས་ཏེ། དེའང་དང་པོ་ཉིད་ནས་སྒྲུབ་པའི་ཚེ། ཉི་མ་དྲོས་པ་ནས་ནམ་ལངས་པ་དང༌། ཐོ་རེངས་ཀྱི་བར་དུ་ཞི་བའི་དུས་ཏེ་སྙིང་གའི་འཁོར་ལོ་ལས་བདུད་རྩི་དཀར་པོ་དངུལ་ཆུའི་རང་བཞིན་དུ་བབས་པས་སྒྲིབ་པའི་དངོས་པོ་ཀུན་བསལ་བ་ལ་དམིགས་པ་གཏད་དེ་བསྒོམས་པས་སེལ་ལ། དེ་མེད་ན་ཅི་ཙམ་བསྒྲུབ་ཀྱང་ཤེས་རབ་ཆེར་མི་འཕེལ་བར་གྲིབ་ཅུང་ཟད་བྱུང་བ་དང༌། སྔར་གྱི་ཤེས་རབ་ཅུང་ཟད་ཡོད་པའང་འགྲིབ་པ་འབྱུང་སྟེ། གེགས་འདི་སེལ་བ་ལ་མན་ངག་འདི་མཆོག་ཏུ་བཤད་དོ། །ཉི་མ་དྲོས་ཆེན་ནས་གུང་སྨད་ཀྱི་བར་རྒྱས་པའི་དུས་ཏེ་དུས་དེར་རང་གི་འཁོར་ལོ་ལས་འོད་ཟེར་སེར་པོ་འཕྲོས། འཇིག་རྟེན་གྱི་ཟས་ནོར་བསྡུས་པས། རང་གི་སྒྲུབ་ཁང་ཁེངས་པའི་གཟི་བརྗེད་ཀྱིས་ནང་ཁེངས་པ་ལ་སེམས་བཟུང་བས་ནོར་འགྲིབ་པའི་སྐྱོན་གཏན་ནས་མི་འབྱུང་ངོ༌། །ཉི་མ་གུང་སྨད་ནས་ནུབ་ཀྱི་བར་དབང་གི་དུས་ཏེ། རང་གི་འཁོར་ལོའི་འོད་ཟེར་དམར་པོ་ལས་བདུད་རྩི་དམར་པོ་བབས་པས། ནང་གི་
ཉོན་མོངས་པ་ཐམས་ཅད་བསྲེགས་ཤིང་བཤལ་ཏེ། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བསམས་པ་ལ་སེམས་བཟུང་ངོ༌། །ཉི་མ་ནུབ་ནས་ནམ་གུང་གི་བར། དྲག་པོའི་དུས་ཏེ་རང་གི་འཁོར་ལོ་ལས་བདུད་རྩི་སྔོན་པོ་བབས་ལུས་ཁེངས་སྙིང་རླུང་ལ་སོགས་པའི་སྐྱོན་བསལ་ཞིང་སྙིང་ནང་བདུད་རྩིས་ཁེངས་པས་ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པའི་ཤེས་རབ་ཀྱིས་ལུས་ངག་ཡིད་གསུམ་རྒྱས་པར་བསམས་པས་སྐྱོན་གང་ཡང་མི་འབྱུང་བ་ཉིད་དོ། །མན་ངག་འདི་ནི་བླ་མ་ལས་བརྒྱུད་པ་མ་ཉམས་ཤིང༌། རང་གིས་ཉམས་སུ་མྱོང་བའི་སྟོབས་ཀྱིས་ཤིན་ཏུ་བརྗོད་པར་ཕངས་ནའང༌། བློ་དམན་པ་དག་ལ་ཕན་ཕྱིར་གབ་པ་རྣམས་མངོན་དུ་ཕྱུང་ནས་ཕྱིན་ཅི་མ་ལོག་པར་བཀོད་པ་ཡིན་ནོ། །གཞན་མ་དག་ལ་སྦས་ཏེ་བསྟན་པའི་གནས་མེད་པས་སྙིང་གི་གཏེར་དུ་སྦོས་ཤིག ས་མ་ཡ། ཞེས་གདམས་པའོ། །གེགས་བསལ་བའི་ལེའུ་སྟེ་གསུམ་པའོ། །དེ་ལྟར་གེགས་སྤངས་ཏེ་བསྒྲུབས་པས་གྲུབ་པའི་རྣལ་འབྱོར་པ་དག་གིས། གྲུབ་པའི་རྟགས་དངོས་སུ་བསྟན་པའི་ཕྱིར་ལས་སྦྱོར་གྱི་རིམ་པ་བཤད་པར་བྱའོ། །དེའང་རྣམ་པ་བཞི་སྟེ། དུག་གཞིལ་བ་དང་ཕྲན་ཚེགས་བསྟན། །དབང་དུ་བྱ་དང་རྩོད་པ་ཟློག །དེ་ལྟར་རྣམ་བཞིའི་རིམ་པ་བཞིན། །ཞི་རྒྱས་དབང་དང་དྲག་པོར་བཤད། །ཅེས་པས། དེའང་ཞི་བའི་ཆོ་གས་དུག་ལ་སོགས་པ་ཞི་བར་བྱ་བ་ནི། ནད་པ་དེའི་དཔྲལ་བའི་དཀྱིལ་དུ་པདྨ་འདབ་བརྒྱད་མཆོག་ཏུ་དཀར་བའི་ལྟེ་བར་ཧྲཱིཾཿལས་བདུད་རྩི་དཀར་པོ་བབས་པས་ནད་ཐམས་ཅད་དང་གདོན་རིགས་ཐམས་ཅད་བཤལ་ཏེ་ནད་གདོན་ལས་ཐར་བར་བསམ་ཞིང་ཧྲཱིཾཿཞེས་འབུམ་ཉི་ཁྲི་ལྔ་སྟོང་བཟླས་པས་ནད་ཐམས་ཅད་དང་ཁྱད་པར་དུ་དུག་ནད་རབ་ཏུ་ཞི་བར་བྱེད་པའོ། །གཉིས་པ་རྒྱས་པའི་ཆོ་གའི་ལས་ཕྲན་ཚེགས་བསྟན་
པ་ནི། བྱིས་པ་བཙས་མ་ཐག་པའི་ལྕེ་ལ་ཙནྡན་ག་བུར་གུར་གུམ་གི་ཝང་བཞི་སྦྱར་བས་ཧྲཱིཾཿབྲིས་པ་ལ་དབྱངས་ཅན་མའི་འཁོར་ལོ་དགུག་གཞུག་བྱས་པས་བློ་རྣོ་བ་དག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །ཡང་འཆད་པ་ན་ལྕེ་ལ་འཁོར་ལོ་གསལ་བཏབ་ནས་བཤད་ན་ཉན་པ་པོའི་རྣ་བར་སྙན་ཅིང་ཆོས་ཀྱི་ཚུལ་སྔོན་མི་ཤེས་པའི་ལེགས་བཤད་འཆད་ནུས་པའོ། །ཡང་འཕེལ་གཏམ་དང་གླེང་སློང་ལ་སོགས་ཆོས་ཀྱི་ཚིག་དོན་བྱེད་པ་ན་དབྱངས་ཅན་མའི་འཁོར་ལོར་གསལ་བཏབ་ནས་བཤད་ན་སྤོབས་པ་ཐོག་པ་མེད་ཅིང་ཀུན་གྱི་རྣ་བར་སྙན་པར་འགྱུར་རོ། །དེ་དག་གི་འཁོར་ལོ་ཁ་དོག་སེར་པོ་འོད་དང་བཅས་པ་བསམ་པར་བྱའོ། །གསུམ་པ་དབང་གི་ཆོ་གས་འགུགས་པའི་ལས་རྩོམ་པ་ནི། གང་ལ་བྱ་བའི་བསྒྲུབ་བྱ་དེ་ཡི་རྣམ་ཤེས་ཀྱི་ངོ་བོ། ཨཿཐུང་ཚེག་དྲག་ཅན་དོང་རྩེ་བརྩེགས་པ་ལྟ་བུའི་དཀྱིལ་ན་བུག་པ་གྲུ་གསུམ་པདྨ་འདབ་བཞི་པའི་ལྟེ་བར་གཏད་པའི་ཧྲཱིཾཿདམར་པོ་ཚེག་དྲག་ཅན་བསམས་ལ་རང་གི་སྙིང་གའི་འཁོར་ལོ་དམར་པོ་བསམས་པའི་འོད་ཟེར་ཧྲཱིཾཿདང་ཨཿཐུང་ལ་ཕོག་པས་ཚུར་གཅིག་ལ་གཅིག་མཐུད་དེ་རང་གི་སྙིང་གའི་ཧྲཱིཾཿལ་ཐིམ་པར་བསམ་ལ་ཧྲཱིཾཿཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲཱིཾཿཛཿ ཞེས་བཟླས་ཏེ་བསམས་པས་ཕོ་མོ་གང་ཡང་ཞག་བདུན་གྱིས་འགུགས་པར་ནུས་པ་ཉིད་དོ། །བཞི་པ་དྲག་པོའི་ཆོ་གས་རྩོད་པ་སྨྲ་བ་ཚར་གཅད་པ་ནི། རང་གི་ལྕེ་འཁོར་ལོ་མཐིང་གར་གསལ་བཏབ་ནས། ཕ་རོལ་པོའི་ཡ་རྐན་ལ་ཟངས། མ་རྐན་ལ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། ལྕེ་སྟེང་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེ་གསུམ་གྱི་ལྟེ་བར་ཧྲཱིཾཿནག་པོ་གཅིག་གིས་མི་འགྱུར་བར་བསྡམས་པར་བསམས་པའི་གྲེ་བར་ཁྲོ་ཆུའི་མཆོད་རྟེན་ནག་པོ་གདུགས་ཆོས་འཁོར་དང་བཅས་པ་མགོ་མཇུག་ལོག་པས་བཀབ་
པར་བསམས་ཏེ། ཆེ་གེ་མོའི་ངག་སྟྭམ་བྷ་ཡ་ནན། ཞེས་བརྒྱ་ལ་སོགས་པ་བཟླས་ནས། རྩོད་དུས་དམིགས་པ་གསལ་བཏབ་ན་རྩོད་པ་རྒྱལ་བར་ངེས་སོ། །དེ་ཤིན་ཏུ་རྒྱས་པའི་དབང་དུ་བྱས་པའོ། །རྩོད་པ་ཕལ་པ་དང་ཤག་འདྲེན་པ་ལ། རང་གི་ལྕེ་འཁོར་ལོར་གསལ་བཏབ་པས་རྒྱལ་ངེས་སོ། །ལས་སྦྱར་བའི་ལེའུ་སྟེ་བཞི་པའོ། །དེ་ནས་མཐའ་རྟེན་གྱི་དམ་ཚིག་གི་རིམ་པ་ནི། རྟག་ཏུ་གཙང་སྦྲ་ལ་གནས་ཤིང་རྫུན་མི་སྨྲ། ཤ་ཆང་སྒོག་གཙོང་སྤང༌། ཤེས་རབ་ཀྱི་རློམས་པས་གཞན་ལ་མི་དམད། བླ་མ་དང་ཆོས་ལ་སོགས་པ་མཆོད་པར་འོས་པ་རྣམས་ལ་མི་དམད། རྟག་པར་འཕགས་མའི་བསྙེན་སྒྲུབ་ཀྱི་དམ་བཅའ་སྔགས་རྒྱ་རྩ་རེ་མ་ཆག་པར་ཞག་རེ་བཞིན་བཟླ་བར་བྱའོ། །དེ་ལྟར་བྱས་པས་མཚུངས་པ་མེད་པའི་སྙན་ངག་དང༌། འཆད་པ་དང༌། འཛིན་པ་ལ་སོགས་པ་གང་འདོད་པའི་ཤེས་རབ་མཁའ་ལྟར་རྒྱ་ཆེ་ཞིང་ཉི་ཟླ་ལྟར་གྲགས་པས་འཇིག་རྟེན་ཀུན་ཏུ་མཛེས་ཤིང་ནད་དང་གནོད་པ་མ་ལུས་པ་ཞི་ནས། གནས་སྐབས་མཐར་ཐུག་གི་གོ་འཕང་ཐོབ་སྟེ། རྣམ་པ་ཀུན་མཁྱེན་པའི་ཤེས་རབ་ཐོབ་པར་འགྱུར་རོ། །དེ་ལྟར་དོན་གཉེར་སྐྱེ་བོའི་ཚོགས་ཀུན་གྱི། །བློ་གྲོས་པདྨོ་རྒྱས་བྱེད་མཆོག་གི་ལམ། །འོད་ཀྱི་དྲྭ་བ་བཤད་པས་གང་ཐོབ་པའི། །དགེ་དེས་འགྲོ་ཀུན་རྣམ་མཁྱེན་ཐོབ་པར་ཤོག །ཚུལ་འདི་གངས་རིའི་ཁྲོད་ཀྱི་སྙན་ངག་མཁན། །བསམ་ཡས་ཞེས་བྱས་དཔལ་ལྡན་གསང་བུའི་གནས། །བློ་གསལ་དགའ་བ་བསྐྱེད་པའི་བསྟི་གནས་སུ། །ལེགས་བཤད་སྙིང་པོའི་བཅུད་རྣམས་བསྡུས་ཏེ་བསྟན། །འཕགས་མ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཞེས་བྱ་བ། རིག་པ་དང་མན་ངག་གི་དོན་ལ་བློའི་པདྨོ་ཁ་འཛུམ་ཞིང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། མངོན་བརྗོད་ལ་སོགས་པའི་ཚུལ་མང་དུ་
ཐོས་པའི་སྙན་ངག་མཁན་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས། དཔལ་གསང་ཕུའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །ཤུ་བྷཾ་མངྒ་ལཾ།། ༈ །འཕགས་མ་ངག་གི་དབང་ཕྱུག་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ་བཞུགས་སོ། །སྙན་ངག་གི་ལྷ་ལ་ཕྱག་འཚལ་ལོ། །མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་གངས་རི་ཞུ་བ་ལས། །གསར་དུ་འཁྲུངས་པའི་ལྷ་མོ་ནི། །སྙན་ངག་ཆུ་ཀླུང་དལ་གྱིས་འབབ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །བཅོ་ལྔའི་ཟླ་བ་ལྟར་མཛེས་ཤིང༌། །བཅུ་དྲུག་ལོ་ལོན་འཛུམ་པའི་ཞལ། །སིལ་ཁྲོལ་རྒྱན་གྱི་ཕྲེང་བས་བཀླུབས། །དབྱངས་ཅན༴ །ཟླ་བའི་འོད་ལྟར་དཀར་བའི་ཞལ། །ཟླ་བ་རྒྱས་པའི་གདན་སྟེང་ན། །ཟླ་བའི་རྒྱབ་ཡོལ་མཛད་པ་མོ། །དབྱངས་ཅན༴ །གླང་པོ་ཟླ་བ་མཚོ་སྐྱེས་ཀྱི། །སྟོབས་དང་འོད་ཟེར་མདངས་འཕྲོག་ཅིང༌། །ཀུན་ཏུ་ཉི་མ་ལྟ་བུར་མཛེས། །དབྱངས་ཅན༴ །གངས་རི་འདི་ནི་པདྨོ་ཡི། །སྤྱན་དང་ལྡན་ན་ཁྱོད་ཞལ་མཚུངས། །ཁྱོད་སྐུ་གངས་རིའི་རྩེ་མོ་བཞིན། །དབྱངས་ཅན༴ །ཡང་ཡང་ཁྱེད་སྐུ་དྲན་བྱེད་ཅིང༌། །ཨ་ཨཱའི་དབྱངས་ཡིག་ལ་དམིགས་ནས། །ཧྲཱིཾཿཧྲཱིཾཿབཟླས་པས་མུན་སེལ་བའི། །དབྱངས་ཅན༴ །ཨེ་མ་དཔའ་མོ་རྣལ་འབྱོར་མཛེས། །དེ་རིང་མཁའ་ལ་འཇའ་ཚོན་བཞིན། །སྣང་དང་མི་སྣང་གཟུགས་བརྙན་བཞིན། །དབྱངས་ཅན༴ །ཁྱོད་སྐུ་འོད་ཀྱི་ཕུང་པོའི་ནང༌། །དཀར་སེར་དམར་དང་ལྗང་གུ་སྟེ། །འདྲེས་དང་མ་འདྲེས་འོད་ཟེར་འཁྲུགས། །དབྱངས་ཅན༴ །ལ་ལ་སྤྲིན་གྱི་བླ་བྲེའི་ནང༌། །ལུས་ཕྱེད་དཀར་གསལ་མདངས་གསལ་མཐིང༌། །བརྩེ་དང་མཆོག་དང་ཞི་སྐུར་སྣང༌། །
དབྱངས་ཅན༴ །ལ་ལ་ཉི་འོད་པད་ཟླའི་ནང༌། །འོད་ལྔའི་ཕུང་པོ་འོད་འབར་ཞིང༌། །རྔ་ཡབ་པི་ཝང་གླིང་བུ་སྒྲོགས། །དབྱངས་ཅན༴ །ལ་ལ་ཟླ་འོད་སྐར་མའི་ནང༌། །སྐད་ཅིག་སྐད་ཅིག་རྣམ་སྤྲུལ་ཏེ། །སྣང་དང་མི་སྣང་ཆོ་འཕྲུལ་འགྱེད། །དབྱངས་ཅན༴ །ལ་ལ་འོད་ཀྱི་གུར་ཁྱིམ་ནང༌། །འཛུམ་མཛེས་འོད་ཟེར་སྣ་ཚོགས་སྟོན། །སྤྲུལ་དང་ཡོངས་སུ་སྤྲུལ་པ་ཡི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨེ་མ་ལྷ་མོ་སྐལ་བཟང་མ། །ཡུན་རིང་སྨོན་པས་དེ་རིང་འགྲུབ། །སླར་ཡང་མཐོང་ཐོས་དྲི་བར་འདོད། །དེ་ཚེ་ཁྱོད་སྐུ་སྣང་བར་མཛོད། །གང་ཞིག་ཁྱོད་དང་ཁྱོད་ཀྱི་སྲས། །ཀུན་ལ་དད་པ་དེ་དག་ལ། །ཁྱེད་ཐུགས་མཁྱེན་རབ་ཟླ་བ་ནི། །མཆོག་ཏུ་དཀར་བས་དགོངས་སུ་གསོལ། །དེང་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་མོ་ཁྱོད་ཀྱིས་རྗེས་བཟུང་སྟེ། །བློ་གྲོས་ཐོགས་པ་མི་མངའ་བའི། །ཤེས་རབ་ཆེན་པོ་ཉིད་གྱུར་ཅིག །སྐྱེ་བ་པདྨའི་ནགས་ཚལ་དུ། །རིགས་གཟུགས་ཡོན་ཏན་སྦྲང་རྩི་ཅན། །གྲགས་པའི་འདབ་བརྒྱ་དངར་བ་ཡིས། །རྟག་པར་བདག་ནི་སྐྱོང་བར་ཤོག །ཁྱོད་དང་ཁྱོད་ཀྱི་སྲས་ཀུན་གྱིས། །རྟག་ཏུ་བདག་རྗེས་འཛིན་པ་དང༌། །གྲགས་པ་དཔལ་ཆེ་མཐའ་ཡས་ཀྱིས། །རྟག་པར་བདག་ནི་སྐྱོང་བར་ཤོག །གཞོན་ནུ་རབ་དགའི་རོལ་དབྱངས་མཆོག །གང་གིས་མཐོང་ཐོས་ཁ་ཏོན་བྱེད། །ཀུན་ཀྱང་དབྱངས་ཅན་ཞལ་མཐོང་ཞིང༌། །ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །དེ་ལྟར་བསྟོད་པའི་དགེ་ཚོགས་ཀྱིས། །འགྲོ་ཀུན་བློ་གྲོས་ཕུན་ཚོགས་ཤིང༌། །དབྱངས་ཅན་གོ་འཕང་མཆོག་ཐོབ་ནས། །འགྲོ་བའི་དོན་ཀུན་འབྱུང་བར་ཤོག །ཚུལ་ཁྲིམས་པད་རྫིང་བཟང་པོ་ནས། །བློ་གྲོས་ངུར་པ་སྒྲ་འབྱིན་ཅིང༌། །བསླབ་གསུམ་གཤོག་ཡངས་དཀར་བ་ཡིས། །བློ་གསལ་འགྲོ་ཀུན་དགའ་སྐྱེད་དོན། །འདི་ནི་སྔོན་གོམས་རྒྱ་མཚོའི་ཁྱོན། །དཔལ་མོའི་དངོས་གྲུབ་ཆེར་རྩེན་པའི། །
བསམ་ཡས་བློ་གྲོས་དང་ལྡན་པ། །སྙན་དངགས་འབྱུང་གནས་བདག་གིས་སྦྱར། །ས་སྐྱོང་སྲིད་པ་གསུམ་གྱི་མཐར། །བདེ་ལེགས་བཀྲ་ཤིས་བྱེད་པར་ཤོག །འཕགས་མ་ངག་གི་དབང་ཕྱུག་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ། མང་དུ་ཐོས་པའི་སྙན་དངགས་མཁན་བསམ་ཡས་པས་ལྷུན་གྱིས་གྲུབ་པ་རིན་པོ་ཆེ་འབྱུང་བའི་གནས་སུ་སྦྱར་བའོ། །སརྦ་མངྒ་ལཾ།། ༈ །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ཨོཾ་སྭ་སྟི། འཇིག་རྟེན་མགོན་པོའི་ཐུགས་མཚོ་ལས། །རབ་འཁྲུངས་དབྱངས་ཅན་ཟླ་བ་ནི། །འགྲོ་བའི་རྨོངས་མུན་བསལ་མཛད་དེར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཤད། །འདིར་འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས་དང༌། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་དུས་ཚེས་བཟང་པོ་ལ་སྟེགས་བུ་གྲུ་བཞི་ཁྲུ་དོ་པ་བ་བྱུང་ལྔས་བྱུགས། གུར་གུམ། གླ་རྩི། གིའུ་ཝང༌། ཙནྡན་བཞི་མཉམ་པར་སྦྱར་བར་གཏོར། དེའི་སྟེང་དུ་མཎྜལ་ལྟ་བུའི་གཞི་ལ་བ་དཀར་དམར་གང་རུང་གི་དཀར་གསུམ་དང་སྦྲང་རྩི་བཞི་མཉམ་རྣམས་སྦྱར་བས་པདྨ་འདབ་མ་བརྒྱད་པ་དབུས་སུ་ཧྲཱིཾཿདང་འདབ་མ་བརྒྱད་ལ་དབྱངས་ཡིག་བཅུ་དྲུག་བཀོད་པ་དྲི། འབྲས་དཀར་གྱི་ཕྱེ་མས་རི་མོའི་སྟེང་ནས་མནན་ཏེ་འཁོར་ལོའི་རྣམ་པ་གསལ་པོར་འོང་བར་བྱ། དཀར་གསུམ་མངར་གསུམ་བཞི་མཉམ་སྦྱར་བའི་ཟན་གྱི་ཏེང་ལོ་བ་མར་སྦྲང་རྩི་དང་སྦྱར་བས་བཀང་བ་སྡོང་བུ་དང་བཅས་པ་དགུའམ་སློབ་མའི་གྲངས་མཉམ་དབུས་དང་འདབ་མ་བརྒྱད་ལ་བཀོད། མདུན་དུ་དཀར་གཏོར་ཆེ་ཆུང་གཉིས་དང་ཆངས་བུའི་
གཏོར་མའང་བཤམ། མཆོད་པ་གཙང་ཞིང་བཟང་བ་རྒྱ་ཆེར་བཤམ་མོ། །གཉིས་པ་སྒྲུབ་པའི་ཐབས་ལ། གཙང་སྦྲ་ལ་གནས་ཤིང་ཁྲུས་བྱས་ནས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་དང་ཚད་མེད་བཞི་རྣམས་བསྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བསྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས། འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ་པྃ་ལས་པདྨ་དཀར་པོའི་སྡོང་པོ་འདབ་མ་རྒྱས་པ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿདཀར་པོ་ལས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཞི་འཛུམ་མཛེས་པའི་ཉམས་ཅན། བཅུ་དྲུག་ལོན་པའི་ལང་ཚོས་སྒེག་པ། ནུ་འབུར་མཐོ་ཞིང་སྐེད་སྐབས་ཕྲ་བ། ཙོག་པུའི་འདུག་སྟངས་ཅན། ཕྱག་གཡོན་པས་བཻ་ཌཱུརྻའི་རྒྱུད་མངས་འཛིན་ཅིང༌། གཡས་པའི་ཕྱག་སོར་གྱིས་བསྐུལ་བས་སྒྲ་དབྱངས་རྒྱ་མཚོ་སྒྲོགས་པ། གནག་སྣུམ་ལི་པའི་དབུ་སྐྲ་ཕྱེད་ལྟག་པར་བཅིངས་ཤིང་ལྷག་མ་ཐུར་དུ་གྲོལ་བ། ཟླ་ཚེས་ཀྱིས་གཙུག་ན་མཛེས་ཤིང་པད་དཀར་ཕྲེང་བའི་ཐོད་བཅིངས་དང་རིན་པོ་ཆེ་སྣ་ཚོགས་པས་སྐྲའི་ཟར་བུ་མཛེས་པ། དར་དཀར་པོའི་སྟོད་གཡོགས་དང་དབང་པོའི་གཞུ་ལྟར་བཀྲ་བའི་སྨད་དཀྲིས་ཅན། ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་ཕྲེང་དང་གཡེར་ཁའི་དྲྭ་བ་ལ་སོགས་པས་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ཅན་སྣང་ལ་རང་བཞིན་མེད་པའི་སྐུར་གྱུར། རང་གི་སྙིང་ཆུ་ཞིང་གི་མེ་ཏོག་ལྟར་མགོ་ཐུར་དུ་འཕྱངས་པ་དེ་ཉིད་གྱེན་དུ་ལངས་པ་ཨུཏྤལ་དམར་པོ་ཁ་འབུས་པའི་རྣམ་པ་ཅན་དུ་གྱུར་པའི་ནང་དུ་ཟླ་བ་ལ་ཨོཾ་དཀར་པོ། རླུང་ཅུང་ཟད་ཕྱིར་བསལ་ཨོཾ་གྱི་ནཱ་ད་ལས་འོད་ཟེར་དཀར་པོ་འཕྲོས་སྣ་བུག་གཡས་ནས་ཐོན།
ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་བསྒོམས་པ་དང་འདྲ་བའི་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས་ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་འབར་བ་སྤྱན་དྲངས་ཏེ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་བྱོན་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས་མཆོད་པར་བསམས་ལ། ཨོཾ་པྲྀ་ཏཱི་དེ་ཝཱི་དཱི་བྱ་པུཥྤེ་ཧཱུྃཿདེ་བཞིན་དུ་སྦྱར་བས། དྷཱུ་པེ། གནྡྷེ། ནཻ་ཝི་དྱ། ཨ་ལོ་ཀེ། བི་ལེ་པ་ནི་ཧཱུྃ། ཞེས་པས་མཆོད། ཨོཾ་པྲཱི་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྚྀ་ཏིཥྛ་ཧྲཱིཾཿཞེས་ཤུབ་བུར་བརྗོད་ནས་དབུགས་ནང་དུ་རྔུབ། འཁོར་ལོ་འོད་དུ་གྱུར་པ་སྣ་བུག་གཡོན་ནས་ཞུགས་སྙིང་གའི་ཨོཾ་ལ་ཐིམ་ཨོཾ་ཡོངས་སུ་གྱུར་པ་ལས། དབྱངས་ཅན་གྱི་འཁོར་ལོ་པདྨ་འདབ་བརྒྱད་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿའདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ་དབྱངས་ཀྱི་ཡི་གེ་གཉིས་གཉིས་འཁོད་པ་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། མི་ཤེས་པའི་མུན་པ་བསལ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར། ཅེས་བརྗོད་ཅིང་ཡུན་རིང་དུ་བསྒོམ། བཟླས་པ་ནི། འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཾཿམཆེད་ཞལ་ནས་ཐོན་དེའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཧྲཱིཾཿལ་འདྲེས་ལྟེ་བ་ནས་ཞུགས་ཏེ་འཁོར་ལོའི་དབུས་ཀྱི་ཧྲཱིཾཿལ་ཐིམ་པས་བདག་ཉིད་གང་འདོད་པའི་ཡུལ་དེས་ལུས་གང་བར་བསམ་ཞིང་སྔགས་ཕྲེང་མགལ་མེ་ལྟར་འཁོར་བ་ལ་དམིགས་ཏེ་ཧྲཱིཾཿགི་བཟླས་པ་རྩེ་གཅིག་ཏུ་བྱ་ཞིང༌། ཐུན་འཇོག་ཁར། སྔགས་ཕྲེང་སྙིང་གའི་ཧྲཱིཾཿལ་ཐིམ། ཧྲཱིཾ་གི་འོད་ཀྱིས་གང་འདོད་པའི་ཤེས་རབ་དེ་ཉིད་ལན་གསུམ་དུ་བསྡུས་པས་ལུས་ཁེངས་པར་དམིགས། ཐུན་མཚམས་སུ་འོག་ནས་འབྱུང་བ་ལྟར་གཏོར་མ་འབུལ། ཕྱོགས་ཐམས་
ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པ་སོགས་རྗེས་ཀྱི་བྱ་བ་རྣམས་བྱས་ལ་ཐུན་མཚམས་ལ་འཇུག ཐུན་མཚམས་སུ་ཡི་དམ་ཁྲོ་བོ་འཇམ་དཔལ་དང་མི་གཡོ་བ་ལྟ་བུའི་བསྙེན་པ་དང༌། ཛཾ་བྷ་ལའི་ཆུ་སྦྱིན་ཡང་མ་ཆག་པར་བྱ། དེ་ལྟར་ཐུན་བཞིར་བརྩོན་པ་ཆེན་པོས་མི་ཚིག་གིས་བར་མ་ཆོད་པར་བཟླས་པ་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་བཟླ་བར་བཤད་པ། ད་ལྟ་བཞི་འགྱུར་དུ་བྱེད་དགོས་པས་འབུམ་ཕྲག་ལྔའོ། །དེ་ཉིད་ལན་གསུམ་དུ་བསྐྱར་བས་གྲངས་བསྙེན་རྫོགས་པ་ཡིན་ནོ། །དེ་ལས་གྲུབ་པའི་མཚན་མ་རྣམས་ཀྱང་རིམ་བཞིན་མཐོང་བར་འགྱུར་རོ། །གསུམ་པ་རྗེས་གནང་གི་ཆོ་ག་ནི། ཐོག་མར་བགེགས་བསྐྲད། བདག་བསྐྱེད་བཟླས་པའི་མཐར་ཐུག་བར་སྔར་བཞིན་བྱས་ནས་མདུན་གྱི་དཀྱིལ་འཁོར། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཨོཾ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ། ཞེས་པ་ནས། མར་མེའི་ཕྲེང་བ་ལྟར་འབར་བའོ། །ཞེས་པའི་བར་ཚིག་ཟུར་བསྒྱུར་བས་བསྒོམས་ལ་འཁོར་ལོའི་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི། ཞེས་པ་ནས། བི་ལེ་པ་ནི་ཧཱུྃ་གི་བར་གོང་བཞིན། ཛཿཧཱུྃ་བཾ་ཧོཿ འཁོར་ལོ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་པྲྀ་ཏཱི་དེ་ཝི་ཧཱིཾཿཨ་ཨཱ་ཨི་ཨི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཞེས་བརྒྱ་རྩ་བརྒྱད་བཟླ། འཁོར་ལོ་དེ་ཉིད་གཞལ་ཡས་ཁང་དང་བཅས་པའི་ལྷ་མོའི་སྐུར་གྱུར། མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭ་ཏཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་མཆོད་ཅིང༌། སྤྲོ་ན་རིན་ཆེན་བདུན་འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་ལ་སོགས་པས་ཀྱང་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་
དབང་མཆེ་བའི་རྩེ་མོ་ལས་ནི་མངོན་སྤྲུལ་ཞིང༌། །ཞེས་སོགས་བྲམ་ཟེ་ཕུར་བུས་བསྟོད་པ་དང༌། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་དང༌། མཁྱེན་བཟང་རབ་ཏུ་རྒྱས་པའི་པདྨ་དང༌། །ཐུགས་རྗེ་དྲི་མེད་ཟླ་བའི་གདན་ལ་འགྱིང༌། །སྒྲ་དབྱངས་རྒྱ་མཚོའི་པི་ཝང་གསུང་སྙན་གྱིས། །ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་བསྟོད། །ཅེས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད་དོ། །གཏོར་མ་བསང་སྦྱང་འབྲུ་གསུམ་ཉེར་གཅིག་གི་བྱིན་གྱིས་རླབས་ལ། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་དང༌། ཁ་འབར་མའི་སྔགས་ལན་བདུན་གྱིས་ལྷ་མོ་དབྱངས་ཅན་མ་ལ་ཕུལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྔར་བཞིན་བསྟོད་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་དང༌། འཕགས་མ་དབྱངས་ཅན་མས་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་དང་བློ་གྲོས་སྤོབས་པ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། གཏོར་མ་གཉིས་པའང་སྔར་བཞིན་བྱིན་གྱིས་བརླབས་ཏེ། ནོར་རྒྱུན་མ་འཁོར་བཅས་སྤྱན་དྲངས། ཨོཾ་བཱ་སུ་དྷཱ་རི་ཧཱུྃ་སྭཱ་ཧཱ། ཨོཾ་པྲ་ཀ་ར་ཛ་མེ་སྭཱ་ཧཱ། ཞེས་བདུན་གྱིས་ཕུལ། བདག་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་དང་བར་ཆད་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཆངས་བུའི་གཏོར་མ་གོང་བཞིན་བྱིན་གྱིས་བརླབ། ཁ་འབར་མའི་སྔགས་བདུན་གྱིས་འབྱུང་པོ་ཐམས་ཅད་ལ་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། སྲིད་གསུམ་འབྱུང་པོའི་ཚོགས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ།
སྒྲུབ་པ་ལ་བར་གཅོད་མ་མཛད་ཅིག དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བར་ཆད་བསྲུང་ཞིང་དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིག་ཅེས་འདོད་དོན་གསོལ། དེ་ནས་སློབ་མ་རྣམས་ཁྲུས་བྱས། སྟན་གཙང་མ་ལ་ཙོག་པུར་འདུག་ཏུ་བཅུག་ལ། བགེགས་བསྐྲད་པ་རྣམས་བྱ། མཚམས་སྦྱོར་གྱི་ཁྱད་པར། འདིར་འཕགས་མ་ངག་གི་དབང་ཕྱུག་དབྱངས་ཅན་མ་ཞེས་བྱ་བ་འདི་ཉིད་ནང་གསང་བ་སྔགས་ཀྱི་ཚུལ་དང་སྦྱར་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསང་བའི་ཡུམ་སྟེ། གཤིན་རྗེ་གཤེད་སྐོར་གྱི་གཞུང་དུ་མར། རྡོ་རྗེ་དབྱངས་ཅན་མ་ཡིས་འཁྱུད། །ཅེས་སོགས་གསུངས་ཤིང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འཇམ་དཔལ་དབྱངས་དང་འཕགས་མ་ཞལ་སྦྱོར་གྱི་སྒྲུབ་ཐབས་བློ་གྲོས་འཕེལ་བ་ཞེས་བྱ་བ་མཛད་པ་སོགས་རྒྱུ་མཚན་མང་དུ་སྣང་ཞིང༌། ཕྱི་ལྟར་ན་ཕྱི་རོལ་མུ་སྟེགས་ཀྱི་ལྷར་གྲགས་པའང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་བདོ་བའི་སེམས་ཅན་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མི་འདུལ་བར། ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུ་བར་གཟིགས་ནས། ལྷ་སརྦ་ཛྙཱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཕགས་པའི་སྐུའི་ཆ་ཤས་ལས་འཇིག་རྟེན་གྱི་ལྷ་ཆེན་པོ་གསུམ་དང་ཉི་ཟླ་ལ་སོགས་པ་རྣམས་སྤྲུལ་ཞིང་ཁྱད་པར་མཆེ་བའི་རྩེ་ནས་ལྷ་མོ་འདི་བྱུང་ངོ༌། །ཞེས་ཟ་མ་ཏོག་བཀོད་པའི་མདོ་ལས་བྱུང་ཞིང༌། ལྷ་མོ་འདིས་རྗེས་སུ་བཟུང་བའི་གྲུབ་ཆེན་བྲམ་ཟེ་ཕུར་བུས་མཛད་པའི་བསྟོད་པ་ལས་ཀྱང༌། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་མོ་ལས་ནི་མངོན་སྤྲུལ་ཞིང༌། །ཞེས་སོགས་གསལ་བར་འབྱུང་བས། རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཆ་ཤས་ཡིན་ཅིང༌། ཕྱི་རོལ་པ་རྣམས་ཚངས་པའི་བུ་མོར་འདོད་པ་སོགས་ནི་གང་ལ་གང་འདུལ་གྱི་
སྤྲུལ་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་ངོ༌། །དེའང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་འཕགས་པ་ཀླུ་སྒྲུབ་བྱོན། དེས་དབུ་སྦྱིན་པར་གཏོང་བའི་འོག་ཏུ། རྒྱ་གར་གྱི་ཡུལ་དབུས་སུ་རྒྱལ་པོ་ཉི་མ་རྣམ་པར་གནོན་པ་ཞེས་བྱ་བ་ས་ཐམས་ཅད་ལ་དབང་བྱེད་པ་ཞིག་བྱུང༌། དེ་ཉིད་རྒྱལ་པོར་དབང་སྐུར་བ་པོ་བྲམ་ཟེ་མདུན་ན་འདོན་ནི་བྲམ་ཟེ་ཤཾ་ཀུ་ཡིན་ལ། སློབ་དཔོན་འདི་ཕྱི་རོལ་གྱི་རིག་བྱེད་ཀྱི་མཐའ་གསང་བ་སྨྲ་བའི་གྲུབ་མཐའ་འཛིན་པ་ཡིན་སྐད། དེ་རྒྱལ་པོའི་མཆོད་གནས་མཛད་ཅིང་ལྷན་དུ་གནས་སོ། །སྐབས་དེར་ལོ་བཅུ་གཉིས་ཆར་མ་བབས་པས་མུ་གེས་ཉེན་པ་ན། དེ་དང་མི་རིང་བའི་ས་ཞིག་ན་སོ་ན་རི་ཞེས་བའི་མཚོ་མེ་ཏོག་སྣ་ཚོགས་བཀྲ་བ་ཀླུ་ནོར་རྒྱས་ཀྱི་བུ་གནས་པ་ཞིག་ཡོད་པ་ལས། མི་རྣམས་ཀྱིས་མཚོ་དེའི་པདྨའི་རྩ་བ་བླངས་ནས་ཟོས་པས་མུ་གེ་ཐུབ་བོ། །དེའི་ཚེ་རྒྱལ་པོ་འཁོར་བཅས་ཀྱིས་མཚོ་དེ་ལྟ་བར་བྱོན་ནས་རྒྱལ་པོས་སློབ་དཔོན་ལ་མཚོ་ལ་གནས་པའི་ཀླུ་དེ་སྟོན་པར་བསྐུལ་བ་ལས། སློབ་དཔོན་གྱིས་དེ་མཐོང་བའི་དུག་ཅན་ཡིན་པས་བསྟན་པ་མི་ལེགས་ཞེས་གསུངས་ཀྱང་ནན་གྱིས་བསྐུལ་ལོ༌། །དེར་སློབ་དཔོན་གྱིས་ཀུ་རུ་ཀུལླེའི་རིགས་སྔགས་ཀྱིས་བཀུག་པས་མཚོ་ནང་ནས་རིན་པོ་ཆེའི་གདུགས་ཀྱིས་མཚོན་པའི་ནོར་རྒྱས་ཀྱི་བུ་མངོན་དུ་སྣང་བར་གྱུར་པ་ལས་ཀླུའི་གཟི་བརྗིད་དང་མཐོང་བའི་དུག་གིས་མི་དང་དུད་འགྲོ་རྣམས་བརྒྱལ་ཞིང་མྱོས་རྒྱལ་པོའང་སྐྲག་སྟེ་ཀླུ་གཏོང་བར་ཞུས་པས། སློབ་དཔོན་གྱིས་སྐྲོད་པའི་སྔགས་དང་ཕྱག་རྒྱ་བསྟན་པས་སླར་རང་གི་གནས་སུ་སོང་ངོ༌། །དེ་ནས་དུག་གཞིལ་བའི་ཆོ་ག་མཛད་པས་སེམས་ཅན་བརྒྱལ་བ་ཐམས་ཅད་སྔར་བཞིན་སོས་སོ། །དེ་ལྟ་བུའི་ནུས་པ་ཕུན་སུམ་ཚོགས་པའི་སློབ་དཔོན་དེས་བྱང་ཕྱོགས་ཀྱི་རྒྱུད་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བརྩམས་པའི་བསྟན་བཅོས་གཉིས་ཡོད་པ་ལས་འདིའི་སྒྲུབ་སྐོར་ནི་སྔ་མ་ལ་དོན་
དང་ཕྱི་མ་ན་ཚིག་དོན་གཉིས་ཀ་གནས་པར་གྲགས་སོ། །དེ་ལྟ་བུའི་བྲམ་ཟེ་ཕུར་བུ་ནི་འཕགས་པ་ཉིད་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང་ངག་གི་དབང་ཕྱུག་གྲུབ་པ་ཡིན་ལ། དེ་ནས་སློབ་དཔོན་གཏུམ་པོའི་སྡེ། མཆོད་སྡོང་སེང་གེ་སོགས་རིམ་བཞིན་བརྒྱུད་པ་ལས་ཀུན་མཁྱེན་ཆེན་པོ་ངག་གི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་ལ་བཀའ་བབས་པ་སོགས་རིང་བརྒྱུད་རྣམ་པར་དག་པ་མང་དུ་འདུས་ཤིང༌། ཉེ་བརྒྱུད་ནི་འཕགས་མ་ཉིད་ན་ཀུན་མཁྱེན་ཆེན་པོ་ཉིད་ལ་བརྒྱུད་པ་སྟེ། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པའི་འཕགས་མ་དབྱངས་ཅན་མའི་རྗེས་གནང་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་སོགས་སྦྲེལ་ལ། མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །རྗེས་སུ་གནང་བ་བདག་ལ་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་ལན་གསུམ། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་བཞུགས་པའི་འཕགས་མའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་འབར་བ་སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་བྱོན་ཏེ་སློབ་མའི་ལུས་ལ་ཐིམ་པར་བསམ་ཞིང༌། ཨོཾ་པྲི་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྚྀ་ཏིཥྛ་ཧྲཱིཾཿ ཞེས་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོ་བྱ། སྐུའི་རྗེས་གནང་ངོ༌། །མགྲིན་པར་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་པའི་ལྟེ་བར་ཧྲཱིཾཿདཀར་པོ་རྩིབས་
རྣམས་ལ་ཨཱ་ལི་བཅུ་དྲུག དེ་ལས་དེ་འདྲ་བ་རང་སྒྲ་སྒྲོག་པ་ཞིག་ཆད། འོད་ཟེར་གྱིས་སློབ་མའི་ལུས་ཐམས་ཅད་གང༌། འཁོར་ལོ་མགྲིན་པར་ཐིམ་པར་བསམ་ཞིང༌། ཧྲཱིཾཿ ཉེར་གཅིག་དང་དབྱངས་ཡིག་གི་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་སྟེ། གསུང་གི་རྗེས་གནང་ངོ༌། །མདུན་གྱི་འཁོར་ལོའི་མར་མེ་དབྱངས་ཅན་མར་གསལ་བ་ལ་ཡིད་གཏོད་དུ་བཅུག མར་མེ་ལྷ་མོའི་རྣམ་པར་བྱོན་ནས་སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ཏེ། དབྱངས་ཡིག་བརྗོད་ཅིང་ཏིང་ལོ་སྤར་བ་མིད་དུ་གཞུག ཐུགས་ཀྱི་རྗེས་གནང་ངོ༌། །མདུན་གྱི་མཎྜལ་བླངས་ལ། གཡོན་པའི་སྲིན་ལག་གིས། གང་ལ་རེག་པའི་དབྱངས་ཀྱི་ཡི་གེ་བརྗོད་བཞིན་དུ་བླངས་ནས་སློབ་མའི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་བྱུགས་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག དབྱངས་ཅན་མ་དངོས་སུ་གྱུར་ཅིང་ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམ་མོ། །ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ངོ༌། །གལ་ཏེ་ཡེ་ཤེས་མ་ཕེབས་ན་རླུང་བཟུང་སྟེ་སྙིང་གའི་འཁོར་ལོའི་ཡི་གེ་རྣམས་མགོ་ཞབས་ལྡོག་པའམ་འདར་ཞིང་གཡོ་བ་ལ་སེམས་འཛིན་དུ་བཅུག་པས་ཕེབས་པར་འགྱུར་རོ། །རྟགས་ནི་ལུས་བདེ་ཞིང་འཕར་གཡོ། ངག་སྨྲ་རྒོད། སེམས་གསལ་ཞིང་དྭངས་པ་སོགས་འབྱུང༌། རྗེས་དམ་ཚིག་ཁས་བླང༌། མཎྜལ་ཡོན་འབུལ་རྣམས་དང༌། རྗེས་མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས་ལ་ཕུལ། བསྟོད་པ་བཟོད་གསོལ་རྣམས་བྱས་ལ། ལྷ་མོ་འོད་དུ་ཞུ་འཁོར་ལོར་གྱུར། སླར་ཡང་མཆོད་ནས་བྲིས་སྐུ་སོགས་ལ་བརྟན་བཞུགས་དང༌། རྟེན་མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་དང༌། བཛྲ་མུཿས་མགྲོན་རྣམས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤེས་ཇི་ལྟར་རིགས་པར་བྱའོ། །ཆོ་ག་བསྡུ་བ་ལ་དགའ་ན། གསོལ་
བཏབ་རྒྱུན་བཤགས་ཙམ་སྔོན་དུ་བཏང་ནས། མདུན་གྱི་འཁོར་ལོའི་མར་མེ་དབྱངས་ཅན་མར་གསལ་གཏོད་དུ་འཇུག་པ་མན་ཆད་དེ། ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ཞེས་སྨོས་པ་གཉིས་པོ་ལོགས་སུ་ཕྱུང་སྟེ་བྱས་པས་ཀྱང་འཐུས་སོ། །ཚུལ་འདིའི་མན་ངག་ནི། རྗེས་གནང་སྒྲུབ་དང་གེགས་སེལ་དང༌། །ལས་ལ་སྦྱར་དང་རྣམ་པ་བཞིས། །ལྷ་མོ་སྐལ་བཟང་དབྱངས་ཅན་གྱི། །ཡོངས་སུ་སྒྲུབ་པ་བསྟན་པ་ཡིན། །ཅེས་གསུངས་པ་ལས་སྒྲུབ་ཐབས་དང༌། རྗེས་གནང་གི་ཆོ་ག་རྩ་བའི་ཡིག་རྙིང་གཞིར་བཞག་ལ། ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བར་བརྒྱན་ཏེ་བཀོད་ཅིང༌། གེགས་སེལ་དང་ལས་སྦྱོར་སོགས་ནི་ཀུན་མཁྱེན་ཆེན་པོའི་གསུང་ལས་ཤེས་པར་བྱའོ། །རྣམ་འགྱུར་ཡིད་འོང་ལྷ་མོའི་ཚུལ། །ཐོག་མེད་བློ་གཏེར་མཁྱེན་བརྩེའི་བདག །རྡོ་རྗེའི་ལྷ་མོ་དབྱངས་ཅན་མའི། །སྒྲུབ་ཐབས་འཇུག་བདེ་རབ་དགའི་ཚུལ། །འཕགས་མ་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ། །ཤུ་བྷཾ།། ༈ །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྦྱིན་སྲེག་གི་ཆོ་ག་སྙིང་པོར་དྲིལ་བ་བཞུགས་སོ། །ཨོཾ་སྭ་སྟི། ཚངས་སྲས་ལྷ་མོ་ངག་གི་དབང༌། །བློ་སྟེར་དེ་ལ་གུས་བཏུས་ནས། །གང་དེ་མཉེས་བྱེད་ཕྲིན་ལས་ཀྱི། །མྱུར་ལམ་སྦྱིན་སྲེག་ཆོ་ག་བཤད། །དེ་ལ་སྦྱོར་བ་དང་དངོས་གཞི་གཉིས་ལས། དང་པོ་ནི། དུས་བཟང་པོ་ལ་གང་དུ་བྱ་བའི་སར། གཞི་བགེགས་ལ་གཏོར་མ་བཏང༌། ཐབ་ཀྱི་གཞིར་སྟེགས་བུ་ཁྲུ་དོ་གྲུ་བཞི་བརྩིགས་པའམ། དེ་དང་རྒྱ་མཉམ་པའི་གཞི་ལ་བ་བྱུང་དང་དྲི་བཟང་གིས་བྱུག དེར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞིས་ཉིས་རིམ་དུ་བསྐོར་བ་ནི་ཐབ་དང་ཁ་ཁྱེར་མུ་རན་རྣམས་ལས་དབུས་སུ་དབྱངས་ཅན་གྱི་འཁོར་ལོ་དང་ཁ་ཁྱེར་ལ་པད་འདབ་བཅུ་དྲུག་མུ་རན་རྡོ་རྗེའི་ཕྲེང་བར་བྱས་པའི་ཕྱིའི་གྲ་
བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་རྡུལ་ཚོན་དཀར་པོས་དགང་ཞིང་དམར་པོའི་བཅད་ཀྱིས་དབྱེ། ཐབ་ཀྱི་ཁར་སྲོག་ཆགས་མེད་པའི་ལྕི་བས་ཟླུམ་པོར་བརྩིགས་པའི་ནང་དྲི་ཞིམ་པོའི་ཤིང་གྲུ་བཞི་བསྣོལ་མས་བཀང་བའི་དབུས་སུ་མེ་ཚང་ཏིང་ལོ་དང་བཅས་པ་བྱ། གཡས་སུ་བ་བྱུང་གི་མཎྜལ་གྱི་ཁར་བསྲེག་རྫས་ཙནྡན་དཀར་དམར་སོགས་སྤོས་སྣ་ཚོགས་དང༌། མེ་ཏོག་དཀར་པོ་དང་སེར་པོ། ཏིང་ལོ་གྲངས་ལྡན། བཞི་མཉམ་སོགས་ལྡེ་གུ་དང་ཕྱེ་མ། མངར་གསུམ་མར་དང་སྦྱར་བའི་ཟས་མཆོག་གི་རིལ་བུ་གྲངས་ལྡན། བཞི་མཉམ་དང་མངར་གསུམ་གྱིས་སྦགས་པའི་ཀུ་ཤ། ནས་གྲོ་འབྲས་སྲན་མ་ཏིལ་དཀར་ནག་སོགས་འབྲུ་སྣ་ཚོགས་བསྲེས་པ་དང༌། བ་དམར་སེར་གྱི་མར་ཁུ་རྣམས་བཞག གཡོན་དུ་བསྙེན་པའི་སྐབས་བཞིན་མཆོད་པ་ལྔ་དང་གཏོར་མ་རྣམས་བཤམས་ལ། གཞན་ཡང་བསང་ཆུ་དང༌། མེ་ལྷའི་མཆོད་པ་བྱེད་ན་དེའི་མཆོད་རྫས་དང་བསྲེག་རྫས་ཀྱང་ཚོགས་པར་བྱའོ། །གཉིས་པ་ནི་སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས། བསང་ཆུ་ཨ་མྲྀ་ཏ་བརྒྱའམ་ཉེར་གཅིག་གིས་བསྔགས། དེས་བསངས་ནས། མཆོད་རྫས་རྣམས་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབ། ཐབ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་ཐབས་ཁུང་གསེར་བཙོ་མ་ལྟར་འབར་བ། ཁ་ཁྱེར་མུ་རན་དང་བཅས་པ་དྭངས་གསལ་ཐོགས་མེད་ལྷ་རྫས་ཀྱི་བུད་ཤིང་གིས་གང་བར་བསམས་ནས། དགེ་འདུན་གྱི་ཚང་མང་ངམ། རྒྱལ་པོའི་ཕོ་བྲང་གི་མེས། ཨོཾ་ཨགྣི་ཛྭ་ལ་རྃ། ཞེས་སྦར། དེར་རཾ་ལས་དྲང་སྲོང་མེ་ལྷའི་ངོ་བོ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་མེ་ལྷ་འཁོར་བཅས་བཛྲ་ས་མཱ་ཛཿས་«་་་་་དབྱུ་གུ་རྩེ་གསུམ་པའི་རྒྱ་རྣ་བར་གཡོབ། »སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿའབར་བའི་རྣམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་ཨ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་ཧ་བྱ་ཀ་བྱ་བ་ཧྣཱ་ཡ་
སྭཱ་ཧཱ། ཞེས་དང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་དགང་བླུགས་ཕུལ། སླར་ཡང་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་ཙམ་ཕུལ། དེ་ནས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་སྣ་བུག་གཡས་ནས་ཐོན་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་འབར་བ་སྤྱན་དྲངས་ཏེ་ཤངས་བུག་གཡས་ནས་ཐོན་སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པ་ལ་མཆོད་པས་མཆོད། ཐབ་ཀྱི་བྲིས་པའི་འཁོར་ལོ་ལ་གཉིས་སུ་མེད་པར་ཐིམ་པ་ལས་ལྷ་མོའི་སྐུར་གྱུར་པར་མོས་ལ། ཨོཾ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿཨ་ཨཱ་སོགས་ལན་བདུན་དུ་བཟླ། མཚན་སྔགས་ཀྱི་མཐར། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནས། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཅི་ཤེས་པས་བསྟོད་ནས། ཨོཾ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿདཱི་བྱ་དྷཱུ་པེ་ཧཱུྃ་མེ་པྲཛྙཱ་ཝརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པས་བདུག་སྤོས་དང༌། ཨོཾ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿདཱི་བྱ་པུཥྤེ་ཧཱུྃ་མེ་པྲཛྙཱ་ཝརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པས་མེ་ཏོག་དང་དེ་བཞིན་དུ་སྔགས་ཐོག་མཐའ་འདྲ་བས། དཱི་པེ། ཞེས་ཏིང་ལོ་དང༌། བི་ལེ་པ་ནི་ཞེས་པས་ལྡེ་གུ་དང༌། ནཻ་ཝི་དྱས་ཟས་མཆོག་དང༌། ཨགྣ་ཡེས་མར་ཁུ་དང༌། ཨ་པྲ་ཏི་ཧ་ཏ། ཞེས་པས་ཀུ་ཤ་དང༌། བཱི་ཛཱ་ཡེས་འབྲུ་སྣ་ཚོགས། ཤྲཱི་ཕ་ལཱ་ཡས་ཤིང་ཐོག་སྣ་ཚོགས་རྣམས་འབུལ་བ་ལ་ཟས་མཆོག་གིས་གྲངས་འཛིན་ཅིང༌། ཐུན་རེ་བརྒྱ་རྩ་སོགས་འབུལ་ལོ། །སླར་གཏོར་མ་གཏོར་ཆོག་བཞིན་ཕུལ་ནས། མགྲོན་རྣམས་བཛྲ་མུཿཞེས་གཤེགས། ཨོཾ་པྲྀ་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྚྀ་ཏིཥྚྀ་ཧྲཱིཾཿ
ཞེས་བཟླས་ནས་ཐབ་ནང་གི་འཁོར་ལོ་འཇུག་པའི་རླུང་དང་ལྷན་ཅིག་སྣ་བུག་གཡོན་ནས་སྙིང་གའི་འཁོར་ལོ་ལ་ཐིམ་པར་བསམ། སླར་ཡང་མེ་ལ་མར་ཁུ་དང་བསྲེག་རྫས་ལྷག་མ། ཨགྣའི་སྔགས་ཀྱིས་ཕུལ་ལ། ཨགྣི་གཙྪ། ཞེས་དབྱུ་གུའི་ཕྱག་རྒྱ་ཕྱིར་བསྟན་ནས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །དེ་ནི་རྒྱས་པའི་ཚུལ་ལོ། །དེ་ལས་མཆོད་པའི་སྐབས་རྣམས་བོར་བས་འབྲིང་པོའོ། །ཁ་ཁྱེར་མུ་རན་སྟེགས་བུ་རྣམས་ནི་འབྲི་བ་དང༌། བསྲེག་རྫས་རྣམས། ཧྲཱིཾཿམེ་པྲཛྙཱ་ཝརྡྷ་མཱ་ནཱ་ཡ་ཨོཾ་ཞེས་པ་ཁོ་ནས་འབུལ་བ་ནི་བསྡུས་པ་དང༌། ཤིན་ཏུ་བསྡུས་པ་ནི། ཧྲཱིཾཿཞེས་པ་ཁོ་ནས་བསྲེག་རྫས་རྣམས་འབུལ་བའོ། །གཞན་ནི་སྔར་ལྟར་རོ། །ཚུལ་འདི་ནི་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་མཁོ་ཞིང་སྡིག་སྒྲིབ་སྦྱོང་བ། བར་ཆད་ཞི་བ། ཚོགས་རྫོགས་པ་སོགས་ལྷ་དགྱེས་པའི་ཐབས་བླ་ན་མེད་པ་ཡིན་ཕྱིར་སྒྲུབ་ཐབས་འདི་ལ་བརྟེན་ཏེ་ཤེས་རབ་མཆོག་ཏུ་སྐྱེས་པའི་མྱུར་ལམ་ཁྱད་པར་ཅན་ཡིན་ནོ། །འཕགས་མ་དབྱངས་ཅན་མའི་སྦྱིན་སྲེག་གི་ཆོ་ག་སྙིང་པོར་དྲིལ་བ་འདི་ནི་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་མཐུ་ཅན་ངག་དབང་འཇིགས་མེད་ཀྱིས་གསུང་ངོར་འགྱུར་མེད་རྡོ་རྗེས་བརྗོད་པའོ། །མངྒ་ལཾ།། ༈ །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ལམ་སྲོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ངག་གི་དཔལ་མོ་དབྱངས་ཅན་མ། །དེ་དང་གཉིས་མིན་བླ་མའི་ཞབས། །སྙིང་དབུས་ཐིག་ལེར་མཆོད་བྱས་ནས། །སྒྲུབ་ཐབས་སྙིང་པོ་ཉུང་གསལ་སྤེལ། །འདི་ལྟར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་བསྒྲུབ་པར་འདོད་པ་དག་གིས་ངག་གི་དཔལ་མོ་དབྱངས་ཅན་མའི་
རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱ་སྟེ། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་དང་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷ྅ཧཾ། སྟོང་པའི་ངང་ལས་གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བསྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས་སུ་འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ་པྃ་ལས་པདྨ་དཀར་པོ་སྡོང་བུ་དང་བཅས་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཾཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཉིས་བཻ་ཌཱུརྻའི་པི་ཝང་རྒྱུད་སྟོང་དང་ལྡན་པ་སྒྲེང་ཞིང་ཞལ་འཛུམ་པའི་མདངས་དང་ལྡན་པ། སྐུ་སྨད་ལ་ལྷའི་གོས་ཁ་དོག་སྣ་ཚོགས་པ་གསོལ་ཞིང༌། སྐུ་སྟོད་ལ་དར་དཀར་པོའི་ན་བཟའ་ནོར་བུ་དང་མེ་ཏོག་གི་དྲྭ་བས་གཡོགས་པས་ཁེབས་པ། དབུ་སྐྲ་སིལ་བུ་གཡོན་དུ་འཕྱང་ཞིང་ཟླ་བ་ཚེས་པས་སྤྱི་གཙུག་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས་ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་སྙིང་མགོ་ཐུར་དུ་འཕྱངས་པ་བློས་གྱེན་དུ་བསླངས་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་ཨོཾ་དཀར་པོ་ནཱ་ད་དང་བཅས་པ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་བསིལ་ཟེར་ལྟ་བུ་སྣ་བུག་གཡས་ནས་རླུང་ཕྱིར་ལྡང་བ་དང་ལྷན་ཅིག་ཏུ་ཐོན། ལྷོ་ཕྱོགས་ཡིད་ཀྱི་རོལ་མཚོའི་རིན་པོ་ཆེའི་ཁང་བཟང་ན་རང་གིས་བསྒོམས་པ་ལྟ་བུའི་འཕགས་མ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་འཁོར་ལོ་ལ་རེག་པས་ཡེ་ཤེས་སེམས་དཔའི་ངོ་བོ་འཁོར་ལོ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་གྱུར་པ་ལ། ཨོཾ་པྲྀ་ཏཱི་དེ་བཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་
དུ། དྷཱུ་པེ། གནྡྷེ། ནཻ་ཝི་དྱ། ཨཱ་ལོ་ཀེ། བི་ལེ་པ་ནི་རྣམས་སྦྱར་བས་མཆོད། ཨོཾ་པྲྀ་ཏཱི་དེ་བཱི་མེ་ཧྲཱིཾཿཥྚྀ་ཏིཥྚ་ཧྲཱིཾཿ ཞེས་ཤུབ་བུར་བརྗོད་ཅིང་སྣ་བུག་གི་རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་ཏུ། འཁོར་ལོ་འོད་དུ་ཞུ་བ་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀའི་ཨྃ་དང་འདྲེས། དེ་ཡོངས་སུ་གྱུར་པ་ལས་སྙིང་པདྨ་འདབ་བརྒྱད་མཆོག་ཏུ་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿ པད་འདབ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པའི་དབྱངས་ཡིག་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་མི་ཤེས་པའི་མུན་པ་ཐམས་ཅད་བསལ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་འཁོར་ལོ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་ཁེངས་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོས་ཁྱབ་པར་བསམས་ལ་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན། དེས་སྐྱོ་ན་བཟླས་པ་བྱ་བ་ནི། འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཾཿཡིག་གི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ལྟེ་བ་ནས་ཞུགས་ཏེ་ཧྲཱིཾ་ལ་ཐིམ། སླར་ཡང་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་སྙིང་གི་མུན་པ་ཐམས་ཅད་བསལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས། མཁས་པ་པཎྜི་ཏ། ཉི་མ་ཟླ་བ། སྨན་དང་ནགས་ཚལ། ཚངས་པ་དང་བརྒྱ་བྱིན་འཁོར་ལོས་སྒྱུར་བ་སོགས་མདོར་ན་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༌། ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་ལས་བྱུང་བའི་འོད་ཟེར་གྱི་དྭངས་མ་ཧྲཱིཾཿཡིག་ལ་ཐིམ་པས་བདག་ཉིད་སྲིད་པ་དང་ཞི་བའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་
ལྡན་ཅིང༌། ཁྱད་པར་འཆད་རྩོད་རྩོམ་གསུམ་དང་གཟུངས་དང་སྤོབས་པ་སོགས་ཡིད་ལ་ཇི་ལྟར་འདོད་པའི་ཤེས་རབ། དེ་ཉིད་བསྡུས་ཏེ་སྙིང་གའི་ཧྲཱིཾཿལ་ཐིམ་པས་གང་འདོད་པའི་ཤེས་རབ་ཀྱི་མཐུ་ཕུལ་དུ་བྱུང་བས་ལུས་ངག་ཡིད་གསུམ་གྱི་རྒྱུད་ཡོངས་སུ་གང་བར་བསམས་ལ། ཧྲཱིཾཿ ཞེས་པའི་རིག་པ་འབྲུ་གཅིག་པ་ཉིད་བཟླས་པའི་སྐྱོན་རྣམས་སྤངས་ཏེ་རྩེ་གཅིག་ཏུ་བཟླའོ། །ཐུན་འཇོག་པ་ན། སྔགས་ཕྲེང་སྙིང་གའི་ཧྲཱིཾཿལ་ཐིམ་པས་མཆོག་ཏུ་འབར་བའི་འོད་ཟེར་གྱིས་གང་འདོད་པའི་ཤེས་རབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས། ལུས་ཀྱི་ནང་ཐམས་ཅད་གང༌། མི་ཤེས་པའི་མུན་པ་བསལ། ཤེས་བྱ་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་གསལ་ཞིང་བརྟན་པར་བསམས་ལ་དམིགས་པ་གསལ་ངེས་པ་ལན་གསུམ་དུ་བསྒོམ། དེ་ནས་གོང་ལྟར་མཆོད་ཅིང་བསྟོད་པ་རྒྱས་པའམ། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དེང་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་མོ་ཁྱོད་ཀྱིས་རྗེས་བཟུང་ནས། །བློ་གྲོས་ཐོགས་པ་མི་མངའ་བའི། །ཤེས་རབ་ཆེན་པོ་ཉིད་གྱུར་ཅིག །ཅེས་བསྟོད་ཅིང་གསོལ་བ་གདབ། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་ཨུཏྤ་ལར་གནས་པའི་ཤེར་ཕྱིན་གྱི་པུསྟི་འཛིན་པ། རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་ཞིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམས་ལ། ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་འཛིན་ཏེ། འདི་ནི་ཤེས་རབ་འགྲིབ་པའི་གེགས་སེལ་བ་དང༌། བློ་གྲོས་ཀྱི་མཐུ་བརྟན་ཅིང་ནུས་པ་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ཁྱད་པར་ཅན་ཡིན་ནོ། །སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་ཀྱང་
ཅི་རིགས་པ་བཟླ། གང་ལྟར་ཡང༌། དགེ་བ་འདི་ཡི་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་སྟེ། ཆོས་དང་མཐུན་པའི་སྤྱོད་ལམ་གྱིས་གནས་པར་བྱའོ། །ཡང་བསྙེན་པ་སོགས་ཀྱི་ཚེ་ལྟས་འཚུབས་པར་བྱུང་ན། གོང་གི་འཇམ་དབྱངས་བསྒོམ་པའི་ཚབ་ཏུ་སྐད་ཅིག་གིས་མི་གཡོ་བར་གསལ་བཏབ་ལ་བཟླས་པ་ཇི་ལྟར་རིགས་པར་བྱ་བ་ཉིད་དོ། །སྒྲ་དབྱངས་ལྷ་མོ་སྒྲུབ་པའི་ཐབས། །ཀུན་མཁྱེན་དགྱེས་པའི་ལམ་གྱི་སྲོལ། །གསལ་བར་ཕྱེ་འདིས་ས་གསུམ་ན། །ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཅེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་འཕགས་མ་ཉིད་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ཇི་ལྟ་བ་ལས། ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་གསལ་བྱེད་ཀྱི་མཚམས་སྦྱོར་ཅུང་ཟད་དང་བཅས་བྲིས་པ་ཡིན་ལ། བསྙེན་སྒྲུབ་ལས་སྦྱོར་སོགས་ནི་རྩ་བའི་ཡི་གེ་ལས་རྟོགས་པར་བྱ་བ་ཁོ་ནའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
༼རི་མོ་ཡོད།༽
སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ།
སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བཞུགས་སོ།། རིང་བརྒྱུད་བྲམ་ཟེ་ཕུར་བུའི་ལུགས།།
སྭ་ར་སྭ་ཏཱི། སྟོང་པའི་ངང་ལས་པདྨ་དང༌། །དྲི་མེད་ཟླ་བའི་དཀྱིལ་འཁོར་དབུས། །རང་ཉིད་ལྷ་མོ་སྐུ་མདོག་དཀར། །ཕྱག་གཉིས་དྲི་ཟའི་པི་ཝང་སྦྲེང༌། །ཞབས་གཉིས་ཙོག་པུར་མཉམ་པར་བཞུགས། །སྟོད་སྨད་དར་དཀར་ན་བཟའ་གསོལ། །རིན་ཆེན་རྒྱན་གྱིས་སིལ་ཁྲོལ་ཅན། །ཆགས་པའི་ཉམས་དང་ལྡན་པ་ཡི། །སྙིང་ནི་པདྨ་འདབ་བརྒྱད་པ། །ལྟེ་བར་ལྗང་སེར་ཟེའུ་འབྲུ་དམར། །བསིལ་ཟེར་ཅན་གྱིས་མནན་པ་ནི། །འཇམ་ཞིང་དཀར་ལ་རྒྱས་པ་ཡི། །དབུས་སུ་ཧྲཱིཾཿདང་འདབ་རེ་ལ། །དབྱངས་ཀྱི་ཡི་གེ་གཉིས་གཉིས་གནས། །དཀར་ཞིང་འཚེར་བའི་འོད་ཟེར་འཕྲོ། །དེ་ཡི་འོད་ཀྱིས་འཇིག་རྟེན་གང༌། །ལྷ་མོའི་ཐུགས་ལ་རེག་གྱུར་ཏེ། །འཁོར་ལོ་མདུན་གྱི་ནམ་མཁར་བྱོན། །སྭ་ར་སྭ་ཏཱི་ཨརྒྷཾ་སོགས། །མཆོད་པས་མཆོད་ཅིང་བསྟོད་པས་བསྟོད། །སྭ་ར་སྭ་ཏཱི་ཏིཥྛ་ཧྲཱིཾཿ། །ངག་ཏུ་བརྗོད་པས་འཁོར་ལོ་དེ། །འོད་དུ་གྱུར་ནས་རང་ཉིད་ཀྱི། །སྣ་ནས་ཞུགས་ནས་སྙིང་ལ་ཐིམ། །རང་དང་ལྷ་མོ་དབྱངས་ཅན་མ། །གཉིས་སུ་མེད་པར་གྱུར་པ་ཡིས། །ཤེས་བྱ་ཀུན་ལ་ཐོགས་མེད་པའི། །བློ་གྲོས་རབ་ཏུ་རྒྱས་པར་བསམ། །དེ་ནས་ཧྲཱིཾཿགི་རྩེ་མོ་ལས། །ཧྲཱིཾཿགི་ཕྲེང་བ་ཁ་ནས་ཐོན། །ལྟེ་བར་ཞུགས་ཏེ་འཁོར་བ་ཡི། །འོད་ཀྱིས་མུན་པ་སེལ་བར་བསམ། །
ཡང་ན་དམིགས་པ་འདི་བཞིན་བྱ། །ཡི་གེ་ཐམས་ཅད་མགོ་མཇུག་བཟློག །འདར་ཞིང་འཁྲབ་ལས་ཧྲཱིཾཿའཕྲོས་ཏེ། །ལྟེ་བ་ནས་བུད་ཁར་འཇུག་གོ །ཧྲཱིཾཿགི་ཕྲེང་བའི་འོད་ཟེར་གྱིས། །འཕགས་དང་མཁས་པ་ནོར་བུའི་རིགས། །རྒྱལ་པོ་བློན་པོ་བཅས་པ་དང༌། །གཞོན་ནུ་མ་ལ་སོགས་པ་ཡི། །མཐུ་དང་ནུས་པ་གཟི་བརྗིད་དང༌། །ཚེ་དང་བསོད་ནམས་པྲཛྙཱ་སོགས། །རང་དབང་མེད་པར་དབང་བསྡུས་ཏེ། །རང་གི་སྙིང་ལ་ཐིམ་པར་བསམ། །དེ་ལྟའི་སེམས་དང་མ་བྲལ་བས། །འབུམ་ཕྲག་ལྔ་ཡི་བསྙེན་པ་བྱ། །དེ་ནས་གནས་ཁང་གཙང་མ་རུ། །ཁྲུས་བྱས་གསར་པའི་གོས་གྱོན་ཏེ། །དཀར་ཞིང་འཇམ་པའི་སྟན་ལ་འདུག །དམིགས་པ་གོང་བཞིན་རྩེ་གཅིག་བསྒོམ། །སྐྱོ་ན་ཧྲཱིཾཿཞེས་མི་ཚིག་གིས། །བར་མ་ཆད་དུ་འབུམ་ཕྲག་ལྔས། །དངོས་སུའམ་བརྒྱུད་པས་འགྲུབ་པར་འགྱུར། །བུ་མོས་དཀར་གསུམ་བྱིན་པ་དང༌། ཤེལ་ཕྲེང་འདོགས་དང་མེ་ཏོག་ཐུ། །རི་ལ་འཛེགས་དང་ཆུ་ལ་བརྒལ། །ཉི་ཟླ་ཤར་དང་དཀར་དུང་འབུད། །དེ་སོགས་རྨི་ལམ་བྱུང་གྱུར་ན། །རིང་པོར་མི་ཐོགས་འགྲུབ་འགྱུར་ཅིང༌། །བློ་གྲོས་འཕེལ་བར་ཐེ་ཚོམ་མེད། །དེ་ནས་ལས་ལ་སྦྱར་བའི་ཚེ། །ཤགས་འགྱེད་རྩོད་པ་གལ་ཆེ་ན། །འདི་
བཞིན་བྱེད་ཀྱིས་གཞན་དུ་སྡིག །རང་ལྕེ་འཁོར་ལོར་བསྒོམ་པས་ཆོག །འགྲན་ཟླ་དེ་ཡི་ཡར་རྐན་ལ། །ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། །མར་རྐན་ཟངས་ཀྱི་འཁོར་ལོ་བསྒོམ། །ལྕེ་ལ་གསེར་གྱི་རྡོ་རྗེ་འབར། །རྒྱ་གྲམ་ཆེན་པོས་མནན་པར་བསྒོམ། །དེ་རྣམས་ལྟེ་བར་ཡི་གེ་ཧྲཱིཾཿ། །ནག་པོས་མི་འགྱུར་བསྡམས་པར་བསམ། །དེ་ཡི་ཁོང་པར་གསེར་གྱི་ནི། །མཆོད་རྟེན་ཆེན་པོ་བང་རིམ་ལྡན། །ཆར་ཁེབས་ཏོག་དང་ལྡན་པ་ཡི། །རྩེ་མོས་གྲེ་ཕུག་ཁེངས་པར་བསམ། །རང་གི་ལྕེ་ལ་དབྱངས་ཅན་མའི། །འཁོར་ལོ་ཤིན་ཏུ་གསལ་བར་བསྒོམ། །ངག་ཏུ་མིང་རུས་ཆེ་གེ་མོའི། །ཝཱཀ྄་སྟམྦྷ་ཡ་ནན། །ཞེས་པའི་སྔགས་འདི་བཟླས་བྱས་ན། །སྨྲ་མཁས་ལྕེ་བདེ་དྲན་གསལ་བ། །ཐམས་ཅད་བདག་གི་དབང་དུ་འགྱུར། །མཁས་པ་རྣམས་དང་རྒྱལ་པོ་དང༌། །དེ་བཞིན་བློན་པོ་བུ་མོ་སོགས། །བདག་གི་དབང་དུ་བྱེད་འདོད་ན། །བསྒྲུབ་བྱ་མངོན་སུམ་མཐོང་བ་ལ། །དེ་ཡི་དཔྲལ་བར་པདྨ་དམར། །ལྟེ་བར་ཟླ་བར་ཟུར་གསུམ་པ། །དམར་ལ་ཚ་བའི་རེག་བྱར་ལྡན། །དེ་ཡི་དབུས་སུ་ཡི་གེ་ཧྲཱིཾཿ། །ཟླ་ཚེས་ནཱ་ད་ལྡན་པ་དགོད། །རང་གི་ཧྲཱིཾཿལས་ཧྲཱིཾཿའཕྲོས་ཏེ། །དཔྲལ་བའི་ཧྲཱིཾཿདང་དབྱེར་མེད་འདྲེས། །འོད་ཟེར་དམར་པོའི་ཁོངས་སུ་བཅུག །དེ་ཡི་ལུས་སེམས་དབང་དུ་བསྡུས། །ཡི་གེ་ཧྲཱིཾཿགི་རྣམ་པར་གྱུར། །ཚུར་འདུས་རང་གི་ཧྲཱིཾཿལ་འདྲེས། །ངག་ཏུ་མིང་རུས་ཆེ་གེ་མོ། །ཨཱ་ཀརྵ་ཡ་ཛ་བྷཥྨི་ཀུ་རུ་ཧོཿ ཞེས་པའི་གསང་སྔགས་བཟླས་གྱུར་ན། །དགེ་སྦྱོང་དག་དང་བྲམ་ཟེ་དང༌། །རྒྱལ་པོ་ལ་སོགས་ལྟ་ཅི་སྨོས། །དབང་པོ་དཔལ་མོར་བཅས་པ་ཡང༌། །བྲན་བཞིན་དབང་དུ་བྱེད་འགྱུར་ཞིང༌། །བསྒོ་བའི་ངག་ལ་ཉན་པར་འགྱུར། །དུག་གིས་ཟིན་པའི་སྐྱེས་བུ་ཡི། །སྤྱི་བོར་པདྨ་འདབ་བརྒྱད་དཀར། །དེ་སྟེང་ཟླ་བ་ཆ་གཉིས་རྫོགས། །དབུས་སུ་དབྱངས་ཡིག་མེད་པ་ཡི། །ཧྲཱིཾཿདཀར་ཟླ་ཚེས་ནཱ་ད་བྲལ། །ཐིག་ལེ་དངུལ་ཆུ་ལྟ་བུ་བསྒོམ། །དེ་ལས་བདུད་རྩིའི་རྒྱུན་བབས་ཏེ། །སྤྱི་བོ་ནས་ཞུགས་རྩ་
རྣམས་གང༌། །དུག་རྣམས་སྒོ་ནས་བུད་པར་བསམ། །ངག་ཏུ་མིང་རུས་ཆེ་གེ་མོའི། །བི་ཥ་ཤཱནྟིངྐུ་རུ་སྭཱ་ཧཱ། །ཞེས་པའི་གསང་སྔགས་བཟླས་གྱུར་ན། །དུག་གིས་ཟིན་ནས་ཤི་ལ་ཐུག །ཐམས་ཅད་སོས་པར་ཐེ་ཚོམ་མེད། །གཞན་ཡང་བྱིས་པ་བཙས་མ་ཐག །རྐེད་པ་ཉི་གྲིབ་ཕྱེད་མར་བྱ། །གི་ཧཾ་རྒྱ་སྐྱེགས་འདྲེས་པ་ཡིས། །ལྕེ་ལ་དབྱངས་ཅན་འཁོར་ལོ་དགོད། །དགུག་གཞུག་བཅིངས་པས་དབྱེར་མེད་བྱ། །ཧྲཱིཾཿཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཞེས་པའི་སྔགས་ཀྱིས་བརྟན་པར་བྱ། །རིག་པ་འདི་ཡིས་བྱིས་པ་རྣམས། །དབྱངས་ཅན་ཉིད་དང་མཚུངས་པར་འགྱུར། །རང་དང་གཞན་གྱི་དོན་གྱི་ཕྱིར། །སྦྱིན་སྲེག་བྱས་ན་ལྐུགས་པ་ཡང༌། །སྙན་དངགས་མཁན་ཏུ་འགྱུར་བར་གསུངས། །དེ་ཡི་སྒྲུབ་བྱེད་གཞན་དུ་བསྟན། །རང་ཉིད་ལྷ་མོར་རབ་བསྒོམ་ན། །ཆགས་པ་དྲག་པོ་སྐྱེ་མི་འགྱུར། །སྙིང་ནི་འཁོར་ལོར་བསྒོམ་གྱུར་ན། །ཁམས་འདུས་རྣ་བས་ཐོས་པ་ཙམ། །རང་ཉིད་ལྷ་མོ་ནོར་རྒྱུན་མར། །བསྒོམ་སྟེ་བཱ་སུ་དྷ་རའི་གཟུངས། །བཟླས་ན་ནོར་རྫས་འཕེལ་བར་འགྱུར། །དཔལ་མོ་བསྒོམ་པའང་མན་ངག་ཡིན། །སྐབས་སུ་གསང་སྔགས་དྲག་པོའང་བགྲང༌། །གཏོར་མ་དུས་ལ་བཏང་བར་བྱ། །སྲུང་འཁོར་འདོགས་དང་ལུག་རུ་བསྟེན། །དེ་སོགས་རྣམས་ལའང་འགལ་བ་མེད། །བུད་མེད་བྲལ་བའི་ས་ཕྱོགས་སུ། །གཙང་སྦྲ་གནས་པ་ཤིན་ཏུ་གཅེས། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང༌། །མཇུག་ཏུ་བསྔོ་བ་ཡང་བྱས་ན། །བར་ཆད་མིང་ཡང་མི་འབྱུང་ངོ༌། །འདི་ནི་རིང་དུ་གསང་བར་བྱ། །ཕྱི་ནང་གཉིས་ཀྱི་ཐུན་མོང་བ། །བློ་གྲོས་སྤེལ་བའི་མན་ངག་འདི། །ཞག་བདུན་ཙམ་གྱིས་འགྲུབ་འགྱུར་བས། །གཞན་ལས་ལྷག་པའི་ཁྱད་པར་ཡོད། །རང་ཉིད་ཉམས་སུ་མི་ལེན་ན། །བརྒྱུད་པ་མང་པོས་ཅི་ཞིག་བྱ། །རང་ཉིད་ཉམས་སུ་ལེན་གྱུར་ན། །བརྒྱུད་པ་མེད་ཀྱང་ལྷ་མོས་སྐྱོང༌། །འོན་ཀྱང་ཉི་
མ་རྒྱལ་མཚན་དང༌། །རྡོ་རྗེ་རྒྱལ་མཚན་ཞེས་པར་ཡང༌། །ཁོ་བོའི་བླ་མ་དག་གིས་གསན། །དེ་ལས་ཐོས་ཏེ་ཡི་གེར་བྲིས། །འདི་ནི་ལྷ་མོ་དེ་ཉིད་ཀྱིས། །རྗེས་སུ་བཟུང་བའི་བློ་གྲོས་ཅན། །བི་ཛ་ཞེས་པའི་མིང་ཅན་གྱིས། །མ་སྦས་གསལ་བར་བཀོད་པའོ། །ཞལ་ནས་ཞལ་དང་སྙན་ནས་སྙན། །ཐུགས་ནས་ཐུགས་སུ་བརྒྱུད་པ་འདི། །ཡི་གེར་བཀོད་པ་བཟོད་གསོལ་ཞིང༌། །འགྲོ་རྣམས་བློ་གྲོས་འཕེལ་གྱུར་ཅིག །གཞན་གྱིས་མ་ཚོར་བར་གསང་ནས་ཉམས་སུ་ལེན་པ་གལ་ཆེའོ།། །།སརྦ་མངྒ་ལཾ།། །།
དབྱངས་ཅན་དཀར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཤེས་རབ་ཀྱི་སྣང་བ་རྒྱས་བྱེད།
དབྱངས་ཅན་དཀར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཤེས་རབ་ཀྱི་སྣང་བ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ།།
འཇིག་རྟེན་མེས་པོའི་ཞལ་གྱི་ཆུ་སྐྱེས་ལས། །ལེགས་འཁྲུངས་ངང་པའི་བུ་མོ་དབྱངས་ཅན་མ། །བདག་གི་ཡིད་མཚོར་རྟག་ཏུ་རོལ་ཅིག་དང༌། །ཁྱོད་ཉིད་སྒྲུབ་པའི་རིམ་པ་བདག་གིས་བཤད། །དེ་ཡང་ལྷ་མོ་དབྱངས་ཅན་མ་དཀར་མོ་སྒྲུབ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། རང་སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་མོས་ལ། ཨོཾ་སྭ་ར་སྭ་ཏཱི་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས་ཀྱིས་སྡོམ་པ་བཟུང༌། ཚད་མེད་བཞི་བསྒོམ་པ་སོགས་བསོད་ནམས་ཀྱི་ཚོགས་བསགས་པ་སྔོན་དུ་འགྲོ་བས། ཡེ་ཤེས་ཀྱི་ཚོགས་བསག་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱི་དོན་དྲན་པའི་སྒོ་ནས་ངག་དུ་བརྗོད་པས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་
ཏུ་གྱུར་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བའི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཾཿདཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་པས་དྲི་ཟའི་པི་ཝང་རྒྱུད་སྟོང་དང་ལྡན་པ་དཀུ་གཡོན་པའི་ཕྱོགས་སུ་བརྟེན་ནས་འཛིན་ཅིང་སོར་གདུབ་ཀྱི་ཕྲེང་བས་མཛེས་པའི་ཕྱག་གཡས་པའི་སོར་མོའི་ཆ་ཤས་ཀྱིས་པི་ཝང་རྡུང་བ་ལ་བརྩོན་པ། ཞབས་གཉིས་ཙོག་པུར་བཞུགས་ཤིང༌། དར་སྣ་ཚོགས་ཀྱི་སྨད་གཡོགས་དང་སྟོད་གཡོགས་ཅན། རིན་པོ་ཆེའི་དབུ་རྒྱན། མགུལ་རྒྱན། དོ་ཤལ། གདུ་བུ། སྐ་རགས་སོགས་ཀྱིས་མཛེས་པ། དབུ་སྐྲ་མཐོན་མཐིང་ལྟར་མཛེས་པའི་ཕྱེད་ཐུར་དུ་གྲོལ་བའི་ཟར་བུས་སྐུ་སྟོད་ཁེབས་ཤིང༌། ཕྱེད་གྱེན་དུ་བཅིངས་པའི་ཐོར་ཚུགས་ལ་མེ་ཏོག་གི་ཕྲེང་བ་བཅིངས་ཤིང༌། རིན་པོ་ཆེའི་གཙུག་རྒྱན་དང་ཟླ་བ་ཕྱེད་པས་མཛེས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ
དམར་པོ། ཐུགས་ཀར་ཧཱུྃ་མཐིང་གིས་མཚན་པ། རང་གི་སྙིང་གྱེན་དུ་བསླངས་པའི་ནང་དུ་སྲོག་གི་ངོ་བོ་ཡི་གེ་ཨོཾ་དཀར་པོའི་ནཱ་ད་ལས་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་དབུགས་ཕྱིར་རྒྱུ་བ་དང་ལྷན་ཅིག་ཏུ་སྣ་བུག་གཡས་པ་ནས་འཕྲོས་ཏེ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་འགྲམ་དྲི་ཟ་དགའ་བའི་ཚལ་ཞེས་བྱ་བ་ན་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་པ་ནས་ཞུགས་པ་ཤེས་རབ་ཀྱི་འཁོར་ལོ་ལ་ལྕགས་ཀྱུས་འཐེན་པ་བཞིན་དུ་རེག ཤངས་བུག་གཡས་ནས་ཐོན། སྐར་མདའ་འཕངས་པ་བཞིན་དུ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿཔུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ་གིས་མཆོད་ནས། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དེ། དབུགས་རྔུབ་པ་དང་ལྷན་ཅིག་ཏུ་འཁོར་ལོ་འོད་ཀྱི་རྣམ་པར་རང་གི་སྣ་བུག་གཡོན་ནས་ཞུགས། ཐུགས་ཀའི་ཨཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་གི་སྙིང་གར་དབྱངས་ཅན་མའི་ཤེས་རབ་ཀྱི་འཁོར་ལོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཡི་གེ་ཧྲཱིཾཿདཀར་པོ་ནཱ་ད་དང་བཅས་པ་གྱེན་དུ་ལངས་པའི་རྣམ་པ་ཅན། མདུན་ནས་བརྩམས་ཏེ་འདབ་མ་བརྒྱད་ལ་གཡས་སྐོར་གྱིས་རིམ་པ་བཞིན། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿརྣམས་འདབ་མ་རེ་རེ་ལ་ཡི་གེ་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་དཀར་ཞིང་འོད་གསལ་བའི་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་བུམ་ནང་གི་མར་མེའི་འོད་ལྟར་དཀར་མེར་གྱིས་ཁེངས། མི་ཤེས་པའི་མུན་པ་ཐམས་ཅད་སངས། ཤེས་བྱ་ཐམས་ཅད་དང་ཁྱད་པར་འཆད་རྩོད་རྩོམ་གསུམ་ལ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོའི་ཁྱབ་པར་བསྒོམ། དེ་ལྟར་བསྒོམས་པས་སྐྱོ་ན་བཟླས་པ་བྱ་བ་ནི། ཧྲཱིཾཿཞེས་བརྗོད་པས་ཐུགས་ཀའི་ཧྲཱིཾཿགི་ནཱ་ད་ལས་མར་མེ་ལས་མར་མེ་མཆེད་པ་ལྟར་ཧྲཱིཾཿཡིག་གི་ཕྲེང་བ་རང་གི་ཞལ་ནས་ཐོན། ལྟེ་བར་ཞུགས། སྙིང་གའི་ཧྲཱིཾ་ལ་ཐིམ་པར་
བསམ་ཞིང༌། ཧྲཱིཾཿརེ་རེ་བརྗོད་པའི་རིང་ལ་བསྐོར་བ་རེ་འཁོར་བ་འགལ་མེའི་འཁོར་ལོ་ལྟ་བུར་མྱུར་དུ་འཁོར་བའི་འོད་ཟེར་གྱིས་ཐོགས་མེད་ནས་ཀྱི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་མི་ཤེས་པའི་མུན་པ་ཐམས་ཅད་བསལ། བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་པར་བསམས་ནས་བཟླ། ཡང་འཁོར་ལོའི་ལྟེ་བའི་ཧྲཱིཾ་ཡིག་ལས་འོད་ཟེར་དཔག་ཏུ་མེད་པར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་དང༌། ཚངས་པ་དང་བརྒྱ་བྱིན་དང་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་དང༌། ཉི་མ་དང་ཟླ་བ་དང༌། གཟའ་དང་རྒྱུ་སྐར། ནོར་བུ་དང་སྨན་རྩི་བཅུད་དང་ལོ་ཏོག་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་སྟོབས་དང་གཟི་བརྗིད་ལ་སོགས་པ་རྣམས་འོད་ཀྱི་རྣམ་པར་བསྡུས་ཏེ་ཧྲཱིཾཿཡིག་ལ་ཐིམ་པས་ལུས་ཐམས་ཅད་འོད་ཀྱིས་གང༌། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བདག་ཉིད་ལ་མངོན་དུ་གྱུར་པར་བསམས་ལ། ཚིག་གཞན་གྱིས་བར་མ་ཆད་པ་ཧ་ཅང་མྱུར་བ་དང་བུལ་བ་སོགས་ཀྱི་སྐྱོན་དང་བྲལ་བར་འབུམ་ཕྲག་ཉི་ཁྲི་ལྔ་སྟོང་ལ་སོགས་པ་བཟླ་བར་གསུངས་ཀྱང་འབུམ་ཕྲག་ལྔའམ། རྟགས་མ་བྱུང་གི་བར་དུ་བཟླ་བར་བྱ་ཞིང༌། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་རང་ཉིད་ལྟ་བུའི་ལྷ་མོ་འཁོར་དང་བཅས་པར་གྱུར་ཏེ་རང་དང་མཉམ་དུ་སྔགས་ཀྱི་སྒྲ་དི་རི་རི་བསྒྲགས་པས་དེ་རྣམས་ཀྱང་སྡིག་སྒྲིབ་ཐམས་ཅད་དག་ནས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་པར་བསམས་པས་མྱུར་དུ་འགྲུབ་པར་འགྱུར་རོ། །ཐུན་འཇོག་ཁར་སྔགས་ཕྲེང་དང་རང་གི་སྙིང་གའི་ཧྲཱིཾཿཡིག་གི་འོད་ཀྱིས་སྔར་བཞིན་ཡོན་ཏན་ཐམས་ཅད་བསྡུས་པར་བསམ་པ་དང༌། ཁྱད་པར་འཆད་རྩོད་རྩོམ་པའི་ཤེས་རབ་གང་ཤེས་འདོད་ཆེ་བ་ལན་གསུམ་དུ་བསྡུས་པས་ལུས་ཀྱི་ནང་ཐམས་ཅད་དཀར་མེར་གྱིས་གང་བ་ལ་དམིགས་པ་གཏད་ཏེ་སྐད་ཅིག་གིས་མི་གཡོ་བར་ཀྲོང་གིས་བསྒོམས་ལ་བསྔོ་བ་དང་སྨོན་ལམ་བྱ། དེ་ལྟར་
བསྒྲུབས་པས་རྟགས་འབྱུང་སྟེ། དངོས་སུ་སྔར་བས་དྲན་པ་གསལ་ཞིང་ལྕེ་བདེ་བ་དང༌། གཞུང་མང་དུ་འཛིན་ནུས་པ་དང༌། སྙན་ངག་རྩོམ་འདོད་པ་སོགས་དང༌། རྨི་ལམ་དུ་བུ་མོ་ཡིད་དུ་འོང་བ་རྒྱན་གྱིས་བརྒྱན་པས་དཀར་གསུམ་གྱི་ཟས་བྱིན་པ་དང༌། ཤིང་ཐོག་དང་རྩི་སྨན་སོགས་བྱིན་པ་ཟོས་པ་དང༌། ཐོད་ལེ་ཀོར་དང་ཤིང་བཟང་པོ་ལ་སོགས་པའམ། རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་བྱིན་པ་དང༌། ཉི་ཟླ་ཤར་བ་དང༌། མེ་ཏོག་འཐུ་བ་དང༌། ཆུ་གཙང་མའི་རྒྱུ་ལ་ཁྲུས་བྱེད་པ་སོགས་འབྱུང་ངོ༌། །དེ་ལྟར་བསྒྲུབས་ཀྱང་རྟག་མ་བྱུང་ཞིང་དམིགས་པ་མི་གསལ་ན། ཐུགས་ཀའི་དབྱངས་ཡིག་རྣམས་མགོ་ནང་དུ་བསྟན་ནས་ཧྲཱིཾཿཡིག་གི་མགོ་ཐུར་དུ་བསྟན་པ་ལྟེ་བ་ནས་ཐོན། ཁར་ཞུགས་ཧྲཱིཾཿལ་ཐིམ་པ་སོགས་སྔར་བཞིན་བསྒོམ་པའམ། ཡང་ན་ཡིག་འབྲུ་རྣམས་འཁྲབ་པ་ལ་དམིགས་པས་བཏུད་དེ་བསྒོམ་པར་བྱ་སྟེ་སྤོགས་ཆོག་གི་དམིགས་པའོ། །སྒྲུབ་པ་བྱེད་པའི་ཚེ་བགེགས་ཀྱི་བར་ཆད་སྲུང་བའི་ཕྱིར་རྟ་མགྲིན་ལ་སོགས་པ་ཁྲོ་བོ་གང་ཡང་རུང་བའི་སྒོམ་བཟླས་ཅུང་ཟད་བྱ་ཞིང༌། གནས་སྐབས་སུ་དབུལ་བའི་སྡུག་བསྔལ་བསལ་བའི་ཕྱིར་ནོར་ལྷ་གང་ཡང་རུང་བ་དེ་ལ་གཏོར་མ་འབུལ་བ་སོགས་ཀྱང་བྱའོ། །ཐུན་མཚམས་སུ་གཏོར་མ་བྱ་བའི་ཚུལ་ནི། སྣོད་གཙང་མར་དཀར་གསུམ་གྱི་གཏོར་མ་ཆབ་ཀྱིས་བྲན། སྭཱ་བྷཱ་ཝས་སྟོང་པར་སྦྱང༌། ཨོཾ་ཨཱ་ཧཱུྃ་གིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ཏེ། མདུན་དུ་རང་འདྲའི་དབྱངས་ཅན་མ་སྤྱན་དྲང༌། ཨོཾ་སྭ་ར་སྭ་ཏཱི་ཧྲཱིཾཿཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱཏ྄་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལྔའམ་བདུན་གྱིས་ཕུལ་བས་ལྗགས་ནས་འོད་ཀྱི་སྦུ་གུ་བྱུང་སྟེ་གཏོར་མའི་བཅུད་ཐམས་ཅད་གསོལ་བས་མཉེས་པར་བསམ་ཞིང་སྔར་བཞིན་ཨརྒྷཾ་སོགས་ཀྱིས་མཆོད། མ་ལུས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར། །ཕྱག་ན་པདྨོའི་ཚེམས་དཀར་ཟེའུ་འབྲུ་ལས། །ཡིད་འཕྲོག་འཇོ་སྒེག་ལྷ་མོའི་སྐུར་བསྟན་པ། །ངག་དབང་ལྷ་མོའི་ཞབས་ལ་ཕྱག་འཚལ་ལོ། །ཀཻ་ལ་ཤ་ཡི་
ཕུང་པོ་ལྟར་མཛེས་སྐུ། །སྟོན་ཀའི་ཟླ་བ་ལན་བརྒྱར་ཕྱིས་པའི་ཞལ། །ཨུཏྤལ་ནགས་ཚལ་ཉེ་བར་འཕོས་པའི་སྤྱན། །བཅུ་དྲུག་ལང་ཚོའི་དཔལ་མངའ་ཁྱོད་ལ་འདུད། །ཞལ་ནས་དབྱངས་གསལ་ཕྲེང་བའི་གླུ་དབྱངས་དང༌། །ཕྱག་གཉིས་དྲི་ཟའི་ཕང་འགྲོའི་སྒྲ་སྙན་གྱིས། །ཀུན་གྱི་རྣ་བའི་བཅུད་ལེན་རྒྱས་མཛད་མ། །ཞབས་གཉིས་ཙོག་པུའི་ཚུལ་གྱིས་འགྱིང་ལ་འདུད། །ཧྲཱིཾཿཡིག་དབྱངས་གསལ་ཕྲེང་བའི་འོད་རིས་ཅན། །ཤེས་རབ་འཁོར་ལོ་སྙིང་ལ་དྲན་པས་ཀྱང༌། །འཆད་རྩོད་རྩོམ་ལ་ཐོག་པ་མེད་པའི་བློ། །སྟེར་མཛད་ངག་དབང་ལྷ་མོ་ཁྱོད་ལ་འདུད། །བཤད་པས་བློ་གསལ་ཚོགས་རྣམས་དགའ་བྱེད་ཅིང༌། །རྩོད་པས་ཕལ་རྒོལ་མ་ལུས་ཟིལ་གྱིས་གནོན། །སྡེབ་ལེགས་རྩོམ་པས་མཁས་རྣམས་མགུ་བྱེད་པའི། །འཆད་རྩོད་རྩོམ་པའི་ཤེས་རབ་བདག་ལ་སྩོལ། །ཞེས་པས་བསྟོད། འདོད་དོན་ལ་གསོལ་བ་གདབ་ཅིང་དབུགས་ནང་དུ་རྒྱུ་བ་དང་ལྷན་ཅིག་ཏུ་མདུན་བསྐྱེད་ཀྱི་ལྷ་མོ་རང་ལ་ཐིམ་པར་བསམ། བཀྲ་ཤིས་ཀྱི་ཚིགས་བཅད་དག་ཀྱང་བྱའོ། །ངག་དབང་ལྷ་མོ་དབྱངས་ཅན་མ་སྒྲུབ་པའི་ཐབས་ཀྱི་རིམ་པ་ཞལ་ཤེས་མན་ངག་གི་གནད་ཡོངས་སུ་རྫོགས་པར་བཀོད་པ་ཤེས་རབ་ཀྱི་སྣང་བ་རྒྱས་བྱེད་ཅེས་བྱ་བ་འདི་ནི་རིག་གནས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་རབ་ཀྱི་དབང་ཕྱུག་ཆོས་རྒྱལ་ཆེན་པོ་རིན་ཆེན་ཀུན་དགའ་ཆོས་སྐྱོང་གྲགས་པ་རྣམ་རྒྱལ་དཔལ་བཟང་པོའི་བཀས་ཉེ་བར་བསྐུལ་བ་ལ་བརྟེན་ནས། བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་དགའ་ལྡན་ཕོ་བྲང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་ཡོན་ཏན་མཆོག་གིས་བགྱིས་པའོ།། །།
བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནས་བརྒྱུད་པའི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་གེགས་སེལ་རྗེས་གནང་བསྟོད་པ་དང་བཅས་པའི་སྐོར་རྣམས།
བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནས་བརྒྱུད་པའི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་གེགས་སེལ་རྗེས་གནང་བསྟོད་པ་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དབྱངས་ཅན་མ་སྒྲུབ་པར་འདོད་པས་སྡིག་ཏོ་མི་དགེ་བ་སྤང༌། ཚངས་པར་སྤྱད། ཁྱད་པར་རྫུན་མི་སྨྲ། ཤ་ཆང་སྒོག་བཙོང་ལ་སོགས་པའི་བཟའ་བཏུང་སྤང༌། ཁྲུས་དང་གཙང་སྦྲ་བྱ། ཟས་དང་སྐོམ་དང་གནས་གཙང་བ་ལྟ་བུར་བླང་ངོ༌། །དེ་ལྟ་བུའི་གང་ཟག་དེས་ཐོ་རངས་ཀྱི་དུས་སྔ་བ་ལ་སོགས་པར་བདེ་བའི་སྟན་ལ་མཉམ་གཞག་གི་སྤྱོད་ལམ་གྱིས་འདུག་ལ་རང་གི་སྙིང་ཆུ་ཤིང་གི་མེ་ཏོག་ལྟར་མགོ་ཐུར་དུ་བསྟན་ལ་གནས་པ། རེ་ཞིག་བློས་གྱེན་དུ་བསླངས་ཏེ་ནང་སྟོང་པར་སྲོག་གིས་ཟིན་པའི་རླུང་ཞེས་བྱ་བའི་ཡི་གེ་ཨཾ་དཀར་པོ་གྱེན་དུ་ལངས་པ་ཞིག་བསམ་མོ། །དབུགས་ཕྱིར་དབྱུང་བ་དང་ལྷན་ཅིག་ཏུ་ཨཾ་གི་ནཱ་ད་ལས་འོད་ཟེར་དཀར་པོ་སྣ་བུག་གཡས་ནས་ཕྱིར་འཕྲོས། ཕྱིའི་རྒྱ་མཚོའི་འགྲམ་ནས་ལྷ་ཁྱབ་འཇུག་གི་སྤྲུལ་པ་དྲི་ཟ་ཏམྦུ་རའི་ཆུང་མ་རྒྱ་མཚོའི་ལྷ་མོ་དབྱངས་ཅན་མའི་སྙིང་ག་ན་གནས་པ་ཕྱིས་འཆད་པར་འགྱུར་བའི་དབྱངས་ཅན་མའི་འཁོར་ལོ་དེ་ཉིད་ལ་རེག་སྟེ། འཁོར་ལོ་དེ་སྙིང་ག་ནས་ཕྱུང་སྟེ་སྐད་ཅིག་ལ་རང་གི་མདུན་གྱི་ནམ་མཁའ་ལ་དགུག་གོ །དེ་ནས་མདུན་གྱི་ནམ་མཁའ་ལ་གློ་
བུར་དུ་བྱུང་བའི་ལྷ་མོ་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། བྱུག་སྤོས་ཐོགས་པ་རྣམས་ཀྱིས་གང་བར་བསྒོམ་ཞིང༌། ཨོཾ་པྲྀ་ཏཱི་དེ་ཝཱི་ཧྲཱིཿདེ་བྱ་པུཥྤེ་ཧཱུྃ། ནས་བི་ལེ་པ་ནི་ཧཱུྃ། ཞེས་པའི་བར་སྔགས་རྣམས་རིམ་པ་བཞིན་དུ་ཤིབ་བུར་བརྗོད་དོ། །མེ་ཏོག་གི་ཆར་དབབ། བདུག་སྤོས་ཀྱིས་བདུག མར་མེས་སྣང་བ་གསལ་བར་བྱས། བྱུག་སྤོས་ཀྱིས་བྱུགས་པས་འཁོར་ལོ་དེ་ཚིམས་པར་བསམ་ཞིང་མཆོད་དོ། །མཆོད་པས་མཉེས་པར་གྱུར་ཏེ། ཨོཾ་པྲྀ་ཏཱི་དེ་ཝཱི་ཧྲཱིཿདེ་བྱ་ཏིཥྛ་ཧྲཱིཾཿ། ཞེས་པའི་སྔགས་རྣམས་ཤུབ་ཤུབ་པོར་བརྗོད་ཅིང༌། མདུན་གྱི་འཁོར་ལོ་དེ་དབུགས་རྔུབ་པ་དང་ལྷན་ཅིག་ཏུ་འོད་དུ་ཞུ་སྟེ་དཀར་ནར་གྱིས་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གའི་ནང་ལ་ཐིམ། ཨཾ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་མའི་འཁོར་ལོ་པདྨ་དཀར་པོ་འདབ་མ་བརྒྱད་པ་ཤིན་ཏུ་རྒྱས་པ་འདབ་མ་འཇམ་པ་ལྟེ་བ་ལྗང་སེར་ཟེའུ་འབྲུ་དམར་སེར་གྱིས་ཡོངས་སུ་བསྐོར་བ། ལྟེ་བའི་སྟེང་ན་ཟླ་བ་ཉ་གང་བ་དྲི་མ་མེད་པའི་དབུས་ན་ཧྲཱིཾཿདཀར་པོ་མགོ་གྱེན་དུ་ལངས་པ་ནཱ་ད་དང་བཅས་པ། པད་འདབ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ།
ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་བྱ་བའི་དབྱངས་ཡིག་བཅུ་དྲུག་མཆོག་ཏུ་དཀར་བའི་རིན་པོ་ཆེའི་སྒྲོན་མ་ལྟར་འོད་གསལ་བ། པད་འདབ་རེ་ལ་གཉིས་གཉིས་གནས་པ་སྟེ། པདྨ་དང་ཟླ་བ་དང་ཡིག་འབྲུ་རྣམས་ཀྱི་འོད་ཟེར་དཀར་པོས་བདག་གི་མུན་པ་མ་ལུས་པ་སེལ་བར་བསམ་མོ། །དེ་ལྟར་ཐ་མལ་པའི་ལུས་ཀྱི་ནང་དུ་བསྒོམ་པའམ། ལྷ་ཞི་བ་གང་ཡང་རུང་བའི་ཐུགས་ཀྱི་ནང་དུ་བསྒོམ་པའང་རུང༌། གཞིའི་ལྷ་མོ་དབྱངས་ཅན་མ་བསྐྱེད་པར་མོས་ན་སྙིང་གི་དཀྱིལ་དུ་འཁོར་ལོ་གྲུབ་པ་དང༌། རང་གི་ལུས་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་པདྨ་དཀར་པོ་དང་ཟླ་བའི་སྟེང་ན་འགྱིང་བག་ཅན་ཙོག་པུར་འདུག་པ། ཕྱག་གཉིས་དྲི་ཟའི་རྒྱུད་མངས་སྒྲེང་བར་བརྩོན་པ། མེ་ཏོག་ཅོད་པན་ལ་སོགས་པ་ལྷ་མོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྷའི་གོས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་ཅན། ལང་ཚོ་དར་ལ་བབས་པ། ནུ་མ་མཁྲང་ཞིང་རྒྱས་པ། སྒེག་པའི་ཉམས་དང་ལྡན་པ་ཟླ་བའི་ཅོད་པན་ཅན་བསམས་ཏེ། དེ་ནས་ཇི་སྲིད་མི་སྐྱོ་བའི་བར་དུ། འཁོར་ལོ་བསྒོམ་ཞིང༌། སྐྱོ་བར་གྱུར་ན་སྔགས་ཡིག་འབྲུ་གཅིག་པུ་ལ་བཟླས་པ་བྱ་སྟེ། ཧྲཱིཾཿ ཞེས་བརྗོད་པ་དང་འཁོར་ལོའི་དབུས་ཀྱི་ཧྲཱིཾཿགི་ནཱ་ད་ལས་ཧྲཱིཾཿསྤྲོས་ཐོགས་པ་མེད་པར་ཁ་ནས་འཐོན་ལྟེ་བ་ནས་ཞུགས་ཐོགས་པ་མེད་པར་གྱེན་དུ་སོང་སྟེ་ཧྲཱིཾཿགི་ཞབས་ལ་ཐིམ་པར་བསམས་ལ་བརྗོད་པའི་ཡུན་ཙམ་ལ་རྫོགས་པར་བྱ་སྟེ། འགལ་དུམ་གྱི་རྩེ་མོ་ལ་མེ་སྟག་གཅིག་ལས་ཀྱང་མྱུར་དུ་བསྐོར་བས་ཟླུམ་པོར་སྣང་བ་ལྟར་ཧྲཱིཾཿརེ་རེ་ནས་འཁོར་ཀྱང་བར་མ་ཆད་ཟླུམ་པོར་སྣང་བར་བསྒོམ་སྟེ་འགལ་མེའི་འཁོར་ལོ་ཇི་ལྟ་བའོ། །སྔགས་ཀྱི་ཕྲེང་བའང་འཁོར་ལོ་ལྟར་ཟླུམ་པོའམ། མུ་ཏིག་གི་དོ་ཤལ་ལྟར་འཕྱང་བའང་རུང་ངོ༌། །དེ་ལས་བྱུང་
བའི་འོད་ཟེར་དཀར་པོས་ཀྱང་རང་དང་བསྒྲུབ་བྱ་གཞན་གྱིའང་ལུས་ཀྱི་ནང་ཐམས་ཅད་གང་ཞིང་སེམས་ཀྱི་མི་ཤེས་པའི་མུན་པ་སེལ་བར་བྱེད་པ་བསྒོམ། དེ་ལྟར་བསྒོམས་པས་གྲུབ་པའི་རྟགས་གཉིས་འབྱུང་སྟེ། དངོས་སུ་འབྱུང་བ་ནི་སྔར་བས་ལྕེ་བདེ་བ་དང༌། དྲན་པ་གསལ་བ་དང་གཞུང་མང་དུ་འཛིན་པར་ནུས་པ་འབྱུང་ངོ༌། །རྨི་ལམ་དུ་འབྱུང་བའི་རྟགས་ནི་གཞོན་ནུ་གཙང་མས་གོས་དཀར་པོ་གྱོན་ནས་དཀར་གསུམ་གྱི་ཟས་སྟེར་བ་ཟོས་པ་དང༌། ཤེལ་དང་ཐོད་ལེ་ཀོར་གྱི་ཕྲེང་བ་གཏོད་པ་དང༌། ཆུ་གཙང་མའི་རྒྱུན་ལ་འཐུང་བ་རྨི་བའོ། །གཞན་དོན་བསྙེན་པའི་རྟགས་གཉིས་པོ་བྱུང་ནས་བྱས་ན་འགྲུབ། རྟགས་མ་བྱུང་བར་བྱས་ན་བག་ཙམ་འགྱངས། གྲངས་མ་ཚང་བར་རྟགས་བྱུང་ནའང་གྲངས་ཚར་བར་བྱེད་པ་ནི་གྲངས་གཙོ་བ་ཡིན་ནོ། །རྟགས་གཉིས་པོ་མ་བྱུང་ན་ལན་གསུམ་མམ་བདུན་དུ་སྤོགས་པས་མི་འབྱུང་མི་སྲིད་དོ། །སྔོན་དུ་བསྙེན་པའི་ཆོ་གའོ། །བཟླས་པའི་གྲངས་ནི་མི་ཚིག་གིས་བར་མ་ཆོད་པར་འབུམ་ཁྲི་ལྔ་སྟོང་བཟླས་པར་བྱའོ།«་་་་་ལག་ལེན་ལ་བཞི་འགྱུར་དུ་བཟླ་དགོས་པས་འབུམ་ཕྲག་ལྔ་དང༌། ཡང་དེ་ཉིད་ལན་གསུམ་དུ་བསྐྱར་བས་འབུམ་ཕྲག་བཅོ་ལྔ་སྟེ། དེ་ཙམ་གྱིས་གྲངས་བསྙེན་ཚར་གཅིག་རྫོགས་པར་འགྱུར་རོ།།» ༈ །ན་མསྶྭ་ར་སྭ་ཏྱཻ། ཟབ་མོའི་གདམས་པ་མཆོག་ཏུ་གྱུར་པའི་དངོས་གྲུབ་ཀྱི་གེགས་སེལ་འདི་ལ་དོན་གསུམ་སྟེ། དམིགས་པ་དང་རྗེས་སུ་མཐུན་པའི་གདམས་པ་དང༌། རླུང་གི་གནད་དང་འབྲེལ་བའི་གདམས་པ་དང༌། སྤྱོད་ལམ་ཇི་ལྟར་བསྐྱང་བའོ། །དང་པོ་ལ་གསུམ་སྟེ། དང་པོ་སྤོབས་པ་བཟང་ཞིང་མྱུར་བའི་གེགས་ནི། བློ་རྒོད་ཅིང་འདྲོག་ལ་འཕྲོ་བའི་རྐྱེན་འབྱུང་སྟེ། དེའི་གཉེན་པོར་ཐུན་འཇོག་ཁར་རང་གི་སྙིང་གི་པདྨ་བསྡུས་ཏེ་དཔེར་ན་བུམ་སྐུ་བསྡུས་པ་བཞིན་དུ་བསམས་ནས་མཐའ་ནས་ཕར་བཅོམ་ལྡན་འདས་གཤིན་རྗེའི་
གཤེད་དམ། རྟ་མགྲིན་ནམ། ཕྱག་རྡོར་ལ་སོགས་པ་ཁྲོ་བོའི་སྙིང་པོའི་སྔགས་ཀྱི་ཕྲེང་བས་དམ་དུ་དཀྲིས་པས་ཁ་མི་ཕྱེད་པར་བསམ། འདི་ཡིས་སྙིང་རླུང་གིས་ནོན་པ་ལའང་ཆེས་ཕན་ནོ། །གཉིས་པ་ནི། བློ་གསལ་བ་དང༌། སྤོབས་པ་བརྟན་པ་དང༌། བརྗེད་མི་ངེས་པའི་དངོས་གྲུབ་འབྱུང་ཁར་ཀུན་ནས་དཀྲིས་པ་སྐྱེ་བའི་སྐྱོན་འབྱུང་སྟེ། དེའི་གཉེན་པོར་ཐུན་འཇོག་ཁར་རང་ཉིད་འཇམ་དཔལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པད་ཟླའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་རལ་གྲི་གདེངས་ཤིང་གཡོན་ཨུཏྤ་ལའི་སྟེང་ན་པུསྟི་ཀ་གནས་པའི་ཡུ་བ་ཐུགས་ཀར་བཟུང་བ། རིན་པོ་ཆེའི་རྒྱན་ཅན། དར་གྱི་ཤམ་ཐབས་བཅིངས་པ། ཅུང་ཟད་ཁྲོས་པར་བསམ་སྟེ་དབུགས་ཐུབ་ཚད་ནང་དུ་བཟུང་ལ་ལན་གསུམ་བསྒོམ་མོ། །འདིས་ཤེས་རབ་ཀྱང་སྐྱེ་བར་འདུག་གསུངས་སོ། །གསུམ་པ་ནི། རྩོད་པའི་ངག་དང༌། སྙན་ངག་སྡེབ་སྦྱོར་ལ་སོགས་པའི་དངོས་གྲུབ་འབྱུང་ཁར་དེའི་གེགས་ནི། དྲི་ཟ་ཏམྦུ་ར་ལ་ཆུང་མ་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཡོད་པ་ལས་དེ་གཉིས་ཕན་ཚུན་ཕྲག་དོག་བྱེད་པས་གཅིག་མཆོད་ན་གཅིག་ཁྲོ་བས། དེས་ན་དབྱངས་ཅན་མ་བསྒྲུབ་ན་ནོར་རྒྱུན་མ་ཁྲོས་ཏེ་ལོངས་སྤྱོད་ལ་གནོད་པས་ན། མཁས་པ་ཕལ་ཆེར་དབུལ་པོར་གནས། །ཞེས་འབྱུང་བས། དེ་བསལ་བ་ནི། ཐུན་མཚམས་ཐམས་ཅད་དུ་སྣོད་གཙང་མ་རེ་བཞག དེ་ལ་ཆུ་བླུགས་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཨོཾ་བཱ་སུ་དྷ་རི་ཧཱུྃ་སྭཱ་ཧཱ། ཞེས་པ་ལན་ཉེར་གཅིག་གིས་དབུལ་ལོ། །བརྩེགས་གཏོར་གྱི་ཆོ་གའོ། །འདི་ནི་ནོར་སྒྲུབ་ཏུའང་འགྱུར་རོ། །སྤྱི་དོན་གཉིས་པ་རླུང་དང་འབྲེལ་བའི་གནད་ནི། ཤེས་པ་རྒོད་ན་ཐུན་འཇོག་ཁར་འཁོར་ལོའི་ཧྲཱིཾཿདེ་ལྕེ་རྩ་ནས་སླར་ལོག་ནས་སྙིང་གའི་ཧཱུྃཿལ་ཐིམ། རླུང་མནན་ལ་ཤེས་པ་ཧྲཱིཾཿལ་གཏད་ལ་བསྒོམ། ཆགས་པ་སྐྱེ་ཞིང་ཐིག་ལེ་འཛག་ན་འཁོར་
ལོའི་ཧྲཱིཾཿདེ་སྙིང་གའི་ཧྲཱིཾཿགི་ཞབས་ལ་ཐིམ་པར་བསམ་ཞིང༌། འོག་རླུང་བསྡམས་ཏེ་ཤེས་པ་ཧྲཱིཾཿལ་གཏད་དེ་བསྒོམ། བར་ཆད་སྲུང་ཞིང་དངོས་གྲུབ་ཉེ་བར་འདོད་ན་སྒྲུབ་པ་ལ་འཇུག་ཁར། བླ་མ་དཀོན་མཆོག་དང༌། དགེ་འདུན་ལ་མཆོད་པ་ཅི་འབྱོར་པ་བྱ་བ་དང༌། བདག་སྒྲུབ་པ་ཞིག་བགྱིད་པས་དེ་ལ་བར་གཅོད་མི་འབྱུང་ཞིང༌། དངོས་གྲུབ་མྱུར་དུ་འགྲུབ་པའི་སྨོན་ལམ་གདབ་པར་ཞུ་ཞེས་བརྗོད་ལ་གཏོར་མ་དང་བྱིན་རླབས་ཞུ། སྔགས་མདུད་ལ་སོགས་པ་གདགས་སོ། །སྤྱི་དོན་གསུམ་པ་སྤྱོད་ལམ་ཇི་ལྟར་བསྐྱང་བ་ནི། དུས་དང་སྤྱོད་ལམ་ཐམས་ཅད་དུ་གཙང་སྦྲ་ལྷུར་བྱ། ལྷྭམ་དང༌། སྟན་དང༌། སྒ་སྔས་སུ་མི་བཞག རང་ཉལ་སྟེང་དུ་ལྷྭམ་བཀལ་བ་དང༌། སྐྲད་པ་བཏགས་པའི་འོག་ཏུ་མི་ཉལ་བ་ཤེས་རབ་ཀྱི་ལྷ་སྒྲུབ་པ་ཐམས་ཅད་ཀྱི་དམ་ཚིག་ཡིན། དེ་རྣམས་མ་བསྲུངས་ན་བསོད་ནམས་ལ་ཡང་གནོད་དོ། །སྤྱིར་སྡིག་ཏོ་མི་དགེ་བ་སྤང༌། ཁྱད་པར་རྫུན་སྤང༌། ཆོས་ཡིག་འབྲུ་གཅིག་ལའང་གུས་པར་བྱའོ། །དུང་ལ་སོགས་པ་དེ་བཞིན་གཤེགས་པའི་ཕྱག་མཚན་ལའང་མི་འགོམ་མོ། །ཤངྐུའི་རྗེས་འབྲང་སུམ་པ་ལོ་ཙཱ་བ། །དབྱངས་ཅན་ཞལ་གཟིགས་ཚིག་གི་གཏེར་མངའ་བའི། །རྩོད་པའི་དག་གྲུབ་དེ་ལས་བརྒྱུད་པའི་སྲོལ། །བཞི་ལ་གཏུགས་ཤིང་ཞལ་གདམས་ཐོབ་པ་དམར། །རང་གཞན་དོན་དུ་རྒྱ་སྟོན་གྲུབ་པ་རྒྱལ། །བློ་གསལ་དེ་ཡིས་བསྐུལ་ནས་ཡི་གེར་བཀོད། །དགེ་དེས་འགྲོ་ཀུན་ཕྱོགས་ལས་རྒྱལ་བའི་ངག །དྲི་མེད་དབང་ཕྱུག་ཐོབ་ནས་བརྟན་གྱུར་ཅིག །གེགས་སེལ་ཟབ་མོ། ༈ ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷ་མོ་དབྱངས་ཅན་མ་སྒྲུབ་པའི་སྐབས། དངོས་གྲུབ་ཆེན་པོ་བཞི་འབྱུང་ཁར་གེགས་བཞི་འབྱུང་བས་དེ་བསལ་བ་ནི། དེ་ལ་ཐོག་མར་ལྕེ་བདེ་བའི་དངོས་གྲུབ་འབྱུང་བ་
ཡིན་ལ། སྐབས་དེར་གྲིབ་ཀྱིས་ཕོག་ན་གེགས་སུ་འགྱུར་བས། དེ་བསལ་བ་ནི། དང་པོ་སྒྲུབ་པ་ལ་འཇུག་པ་མན་ཆད་རང་གནས་ཀྱི་གཞི་བདག་དང༌། ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ལ་གཏོར་མ་བྱིན་ཏེ་གྲོགས་གཞོལ། དེ་ནས་སྙན་ངག་དང་སྨྲ་སྤོབས་ཀྱི་དངོས་གྲུབ་འབྱུང་ཁར་ལྕེ་དིག་པའམ་ལྕི་བ་ཡོང་བས། ནུས་པ་ཅན་གྱི་སྔགས་ཆུའམ། རྡོ་རྗེ་རྣམ་འཇོམས་ལ་སོགས་པའི་བུམ་ཆུའམ། རྟེན་བྱིན་རླབས་ཅན་ལ་སྐུ་ཁྲུས་གསོལ་བའི་ཆུས་ཁ་བཤལ་ཞིང་གདོང་ཡང་བཀྲུའོ། །འཛིན་བློ་བཟང་བའི་དངོས་གྲུབ་འབྱུང་ཁར། བུད་མེད་ལ་ཆགས་པས་ཉོན་མོངས་པ་དྲག་པོ་སྐྱེས་ནས་དབང་པོ་མི་ཐུལ་བའི་སྐྱོན་འབྱུང་བས་དེ་བསལ་བ་ནི། དབང་པོ་ལྔ་ཡི་སྒོ་ཀུན་ནས་སྙིང་ལ་ཐུག་གི་བར་དུ་རྒྱུ་མའི་ནང་ཙམ་རེ་སྟོང་སང་ངེ་བར་བསམ་མོ། །དེ་གཅིག་ཅར་བྱ་མི་རུང༌། དེས་སེལ་བ་ལ་ཐེ་ཚོམ་མེད་དོ། །རྩོད་པ་དང་གྲགས་པ་བཟང་པོའི་དངོས་གྲུབ་འབྱུང་ཁར་ཤེས་པ་སྨྱོ་འབོག་གི་ཚུལ་སྟོན་ཏེ། དེ་བསལ་བ་ནི། རང་གི་སྙིང་ཆུ་ཤིང་གི་ཡལ་ག་ལྟར་མགོ་ཐུར་དུ་བལྟས་ཏེ་གནས་པ་ལ་རེ་ཞིག་བློས་གྱེན་དུ་བསླངས་ཏེ། གསེར་གྱི་རྡོ་རྗེ་རྒྱ་གྲམ་སྲ་ཞིང་ལྕི་བས་མནན་པར་བསྒོམ། ཤེས་པ་ཡུལ་ལ་མི་འཕྲོ་བར་འཇོག་པ་ནི། གདམས་ངག་གི་གནད་ཡིན་ནོ། །ཡང་ན་ཁྲོ་བོ་གང་ཡང་རུང་བའི་སྙིང་པོའམ་རྩ་སྔགས་ཀྱིས་རང་གི་སྙིང་ཁ་ཟུམ་པ་ཐག་པས་བཅིངས་བ་བཞིན་བསམས་ནས་དེའི་སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་དེས་མི་གཡོ་བར་མནན་པར་བསྒོམ་མོ། །སྒྲུབ་ཐབས་འདི་ལ་གེགས་སེལ་འདི་ལས་ཟབ་པ་མེད་དོ། །གེགས་མྱུར་བ་ལྟར་འགྲུབ་པའང་མྱུར་ལ། གེགས་མེད་པར་འགྲུབ་པ་ཡོང་མི་སྲིད་གསུངས། དབྱངས་ཅན་མའི་གེགས་སེལ་ཁྱད་པར་ཅན༌།། ༈ །དབྱངས་ཅན་མའི་སྒྲུབ་ཐབས་གེགས་སེལ་སྤོགས་ཆོག་དང་བཅས་པ་བཞུགས་སོ། །ངག་དབང་ལྷ་མོ་
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ། དེ་ནས་སྐད་ཅིག་གིས་ལྷ་མོར་གསལ་བའི་སྙིང་གའི་ཧྲཱིཾཿཡིག་ལས་འོད་ཟེར་ཟླ་འོད་ཤར་བ་ལྟ་བུར་འཕྲོས་རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་མོ་དབྱངས་ཅན་མ་འཁོར་བཅས་ཀྱི་རྣམ་པར་སྤྱན་དྲངས། སྭ་ར་སྭ་ཏཱི་ས་པ་རི་ཝཱ་རེ་ན་མཱ་མི། ཞེས་པས་ཕྱག་འཚལ། ཨརྒྷཾ་ལ་སོགས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་སྡོམ་པ་བཟུང་ནས། ཨོཾ་སྭ་བྷཱ་ཝས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་ནམ་མཁའི་དབྱིངས་ལྟར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པས་མཛེས་པ། གསེར་དང་དངུལ་ལ་སོགས་པའི་མེ་ཏོག་དུ་མ་འབར་བ། བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། རི་དྭགས་སྣ་ཚོགས་རྒྱུག་ཅིང་འཕྱོ་བ། དྲང་སྲོང་དུ་མ་བསམ་གཏན་མཛད་པ། ལྷ་ཕྲུག་སྣ་ཚོགས་རྩེ་ཞིང་འཕྱོ་བའི་གནས། རིན་པོ་ཆེའི་ནེའུ་གསེང་ན་ཟླ་བ་ནོར་བུའི་རྡོ་ལེབ་ཕྱོགས་བཅུར་བཀྲམ་པ། ནོར་བུའི་རྒྱ་མཚོ་དྲི་མ་མེད་པའི་འཇུག་ངོགས་སུ་པྃ་ལས་པདྨ་འདབ་མ་དུ་མ་རྒྱས་པའི་ལྟེ་བར་ཨ་ལས་ཟླ་བ་ཉ་གང་བའི་དཀྱིལ་འཁོར་དྲི་མ་མེད་པ། དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཾཿདཀར་པོ་རྟག་ཏུ་འཆར་བའི་རང་བཞིན་ཅན། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་མ་ཆགས་པའི་འདུག་སྟངས་ཅན། ཞལ་རས་ཟླ་བ་ཤར་བ་འདྲ་བ། སྨིན་འཁྱུག་རི་མོ་བྲིས་པ་འདྲ་བ། སྤྱན་གཉིས་ཨུཏྤལ་ལྟར་བཀྲ་བ། ཟུར་མིག་གི་སྐར་མདའ་གཡོ་བ། མཁུར་ཚོས་
དཀར་དམར་མདངས་གསལ་ཞིང་སྙིང་དུ་སྡུག་པ། མགྲིན་པ་སྒེག་ཆགས་ཤིང་དལ་གྱིས་འདུད་པ། ནུ་མ་དཀར་ཟླུམ་མཁྲང་ཞིང་མཐོ་ལ་རྒྱས་པ། ཕྱག་གཡོན་དྲི་ཟའི་པི་ཝང་རིན་པོ་ཆེས་སྤྲས་པ་འཛིན་པ། གཡས་སོར་གདུབ་ཀྱི་སྒྲ་དང་ལྡན་པའི་སོར་མོའི་ཆ་ཤས་ཀྱིས་པི་ཝང་རྡུང་བ་ལ་བརྩོན་པ། རབ་ཏུ་ཕྲ་ཞིང་སྟ་ཟུར་ལྡེམ་པའི་སྐེད་སྐབས་ཅན། སྐུ་ལུས་རིམ་པར་འཚམ་ཞིང་དཀར་འཇམ་གཞོན་ཤ་རྒྱས་ལ་འཁྲིལ་བག་ཆགས་པ། དཀར་འཇམ་བདེ་བའི་འདུ་བྱེད་ཆགས་པའི་ཞབས་གཉིས་ཅུང་ཟད་ཙོག་པུའི་ཚུལ་གྱིས་བཞུགས་པ། ཡིད་འཕྲོག་པའི་ལྷས་མ་རིང་ཞིང་རྒྱས་པ་ཕྱེད་གྲོལ་བའི་ཟར་བུས་སྐུ་སྟོད་ཁེབས་ཤིང༌། ཕྱེད་གྱེན་དུ་བཅིངས་པའི་ཐོར་ཅོག་ལ་ཡིད་བཞིན་གྱི་ནོར་བུ་འབར་བ། གསེར་གྱི་ཉག་ཐག་ལ་མངོན་པར་བརྒྱུས་པའི་མེ་ཏོག་སྔོ་དམར་སོགས་ཀྱིས་སྐྲ་མཚམས་མཛེས་པར་སྤྲས་པ། སྙན་གོང་ལ་གསེར་གྱི་མེ་ཏོག་དང༌། ཨུཏྤ་ལས་སྤྲས་ཤིང༌། སྙན་ལྟག་ཏུ་དར་གྱི་ཅོད་པན་གཡོ་བ། གཞན་ཡང་རིན་པོ་ཆེའི་རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་ལ་སོགས་པའི་རྒྱན་དུ་མས་བརྒྱན་པ། རས་དཀར་པོ་ཡིད་འཕྲོག་པའི་སྟོད་གཡོགས་དང༌། དབང་པོའི་གཞུ་ལྟ་བུའི་སྨད་གཡོགས་ཀྱིས་སྤྲས་པ། མཚར་སྡུག་འོད་ཆགས་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་དུ་གྱུར་པའི་དཔྲལ་བར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པའི་ཨོཾ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་ངོ་བོ་ཧཱུྃ་སྔོན་པོ། ཧཱུྃ་གི་ནཱ་དའི་རྩེར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿཡིག་དཀར་པོ་ལས་འོད་ཟེར་དཀར་པོ་སྣ་བུག་ནས་ཐོན་ཏེ་སྐར་མདའ་འཕངས་པ་བཞིན་སོང་ནས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ། དྲི་ཟའི་བུ་མོའི་གནས། རིག་འཛིན་དགའ་བའི་ཚལ་ན་ལྷ་མོ་དབྱངས་ཅན་མ་རྩེ་འཕྱོ་ལ་ཡེངས་པའི་
སྐུ་ལ་ཕོག་པས། ཡིད་འགུགས་ཤིང༌། ལྕགས་ཀྱུས་དྲངས་པ་ལྟར་ལྷ་མོ་འཁོར་བཅས་གནས་དེ་ནས་འཕུར་ཏེ། དགེས་པ་དང་བཅས་པས་རང་གི་སྟེང་གི་བར་སྣང་ལ་བཞུགས་པར་གྱུར། སྔར་ལྟར་ཕྱག་འཚལ་ཞིང་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པས་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྟེང་གི་བར་སྣང་ནས་མེ་ཏོག་གི་ཆར་འབེབས་རོལ་མོའི་སྒྲ་སྒྲོག ཡེ་ཤེས་ཀྱི་བདུད་རྩིས་སྐུ་ཁྲུས་གསོལ། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་སྤྱི་བོར་འཁྱིལ་བ་ལས་འོད་ཟེར་གྱི་ཆ་ལས་གྲུབ་པའི་འོད་དཔག་མེད་ཀྱི་ངོ་བོ་པདྨ་དཀར་དམར་གྱིས་དབུར་བརྒྱན་པར་གྱུར། དེ་ནས་ཡུན་རིང་དུ་བསྐྱེད་རིམ་གསལ་བར་བསྒོམ། སྐྱོ་བར་གྱུར་ན། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཧྲཱི་ཡིག་དཀར་པོ་ལས་འོད་ཟེར་དཀར་པོ་མཐའ་ཡས་པ་ཞལ་ནས་འཕྲོས་ཏེ། ཕྱོགས་བཅུ་ཐམས་ཅད་དུ་སོང་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཉན་ཐོས་རང་རྒྱལ། མཁས་པ། གྲུབ་ཐོབ། ལྷ་དང༌། མི་སོགས་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁྱེན་བརྩེ་ནུས་མཐུ་ལ་སོགས་དངོས་གྲུབ་ཐམས་ཅད་དང༌། ཁྱད་པར་དུ་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་འདུས་ནས་རང་གི་ལྟེ་བར་ཐིམ་སྟེ། སྙིང་གར་འཁོར་ལོ་འཁོར་བ་ལྟ་བུའི་རྣམ་པ་ལ་ཡིད་གཏན་ནས་ཧྲཱིཾཿཞེས་པ་ཡང་དང་ཡང་དུ་བཟླ་བར་བྱའོ།«་་་་་བསྙེན་པའི་ཚད་ནི། གཞུང་དུ་ཡི་གེ་འབྲུ་གཅིག་པ་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་བཟླ་བར་གསུངས་ཀྱང༌། དེང་སང་དུས་དབང་གིས་དེ་བཞི་འགྱུར་ཟླ་དགོས་པས་འབུམ་ཕྲག་ལྔ་དང༌། དེའང་ངེས་པར་རྟགས་དོན་དུ་གཉེར་ན་ལན་གསུམ་དུ་བསྐྱར་བས་
འབུམ་ཕྲག་བཅོ་ལྔ་སྟེ། དེས་གྲངས་བསྙེན་མཚན་ཉིད་པ་ཚར་གཅིག་འགྲུབ་པ་ཡིན་ནོ། །རྟགས་ནི་དངོས་སུ་ལྕེ་བདེ་བ་དང༌། དྲན་པ་གསལ་བ་དང༌། གཞུང་མང་དུ་འཛིན་ནུས་པ་དང༌། སྙན་ངག་རྩོམ་པ་ལ་ཐོགས་པ་མེད་པ་རྣམས་རིམ་བཞིན་དུ་འགྱུར་ཞིང་རྨི་ལམ་དུ་བུ་མོ་གཙང་མ་གོས་དཀར་ཅན་གྱིས་ཤེལ་དང་ཐོད་ལེ་ཀོར་གྱི་ཕྲེང་བ་གཏོད་པ། དཀར་གསུམ་གྱི་ཟས་སྟེར་བ་ཟོས་པ། མེ་ཏོག་དཀར་པོའི་ཚུལ་དུ་རྩེ་བ། ཆུ་གཙང་མའི་རྒྱུན་ལས་འཐུང་བ་སོགས་འབྱུང་ངོ་གསུང༌། »།ཐུན་འཇོག་ཁར་གཏོར་མ་དབུལ་ཞིང༌། སྔར་བཤད་པའི་མཆོད་པ་དང༌། བསྟོད་པས་བསྟོད་ནས། ཕྱོགས་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཁྱད་པར་ཅན་སྩལ་དུ་གསོལ། ཞེས་པ་ལ་སོགས་པ་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་ཅིང༌། ཡི་གེ་བརྒྱ་པ་དང༌། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་པ་མང་དུ་བཟླས་ནས། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །ཞེས་སོགས་ཀྱིས་བསྔོ་བ་དང༌། སྨོན་ལམ་རྒྱ་ཆེར་གདབ། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། ཨོཾ་ཨཱཿཧཱུྃ་ཞེས་པ་གསུམ་གྱིས་གནས་གསུམ་བྱིན་གྱིན་བརླབ་ཅིང༌། ཐུན་མཚམས་ཀུན་ཏུ་ལྷའི་ང་རྒྱལ་དང་མི་འབྲལ་བར་བྱའོ། །ཉལ་བ་དང་ལྡང་བ་དང༌། བཟའ་བ་སོགས་ཀྱི་རྣལ་འབྱོར་ཞལ་ལས་«་་་་་ཉལ་བ་ན། གནས་གསུམ་བྱིན་གྱིས་བརླབས་ནས་སྙིང་དབུས་ཀྱི་ཧྲཱིཾཿལ་ཡིད་གཏད་དེ་ཉལ་བས་དེ་ལས་བྱུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང༌། གཏི་མུག་གི་མུན་པ་ཐམས་ཅད་བསལ་བར་བསམས་ལ་སྣང་བའི་འདུ་ཤེས་ཀྱིས་གཉིད་ལོག ལྡང་བ་ན་ལྷ་དང༌། དྲང་སྲོང་དང༌། དྲི་ཟའི་བུ་མོའི་ཚོགས་ཀྱིས་ཡིད་འཕྲོག་པའི་བསྟོད་པ་དང༌། པི་ཝང་གི་སྒྲས་བསྐུལ་ནས་སད་པར་བསམས་ལ་རྣལ་འབྱོར་ལ་འཇུག བཟའ་བཏུང་གི་ཚེ་ཐུགས་ཀའི་ཧྲཱིཾཿལས་སྤྲོས་པའི་འོད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁྱེན་བརྩེ་ནུས་པ་དང༌། བརྟན་གཡོའི་དྭངས་བཅུད་མཐའ་དག་བསྡུས་ཏེ་ཐིམ་པས་དངོས་གྲུབ་ཐམས་ཅད་སྟེར་བའི་རྫས་སུ་བསམས་
ལ་རོལ། སྤྱོད་ལམ་ཀུན་ཏུ་ལྷོ་ཕྱོགས་རིག་པ་འཛིན་པའི་དགའ་བའི་ཚལ་ཆེན་པོར་འཁོད་པར་བསམས་ལ་ལྷ་མོའི་སྐུ་ལ་ཕྱག་དང་བསྟོད་པ་སོགས་ཅི་འགྲུབ་ཏུ་བྱའོ་གསུངས། »ཤེས་པར་བྱའོ། །«གེགས་སེལ་གྱི་རིམ་པ་་་་་»གཞན་ཡང་ལྷ་མོ་སྒྲུབ་པའི་དུས་སུ་བྱིང་ན་རང་ལུས་གངས་རི་ལྟར་དཀར་བ། ཆུ་ཤེལ་ལྟར་གསལ་བ། དབང་པོའི་གཞུ་ལྟར་དྭངས་པ། འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་བ། ཡང་དང་ཡང་དུ་བསྒོམ་པར་བྱའོ། །རབ་ཏུ་རྒོད་ན་སྙིང་གའི་ཆུ་ཤེལ་གྱི་སྟེང་གི་ཧྲཱིཾཿཡིག་ལ་དམིགས་པ་གཏད་དེ་བསྒོམ་པར་བྱའོ། །ཡང་ན་སྣ་རྩེའི་རླུང་འགྲོ་འོང་ལ་སེམས་གཏད་དེ་འབད་རྩོལ་མེད་པར་ལྷན་ནེར་བཞག་པར་བྱའོ། །གཞན་ཡང་བླ་མའི་མན་ངག་ལྟར་བྱིང་རྒོད་ཀྱི་རྒྱུ་བརྒྱད་བསལ་བར་བྱའོ། །དེའི་ཚེ་འདོད་ཆགས་ཀྱི་གེགས་བྱུང་ན། གང་ལ་ཆགས་པའི་བུ་མོ་དེ་ཆགས་པ་ཐམས་ཅད་དང་བྲལ་བའི་ལྷ་མོ་དབྱངས་ཅན་མའི་སྐུར་བསྒོམས་ལ། སྲིད་པ་གསུམ་པོ་མ་ལུས་པ་དེ་ལ་བཅུག་སྟེ། དེའང་རང་གི་སྙིང་གའི་དབུས་སུ་བསྟིམས་ནས་ཧྲཱིཾཿཡིག་འབར་བ་ཆེན་པོ་ལ་སེམས་བཞག་སྟེ། མཐར་གྱིས་དེའང་སྟོང་པར་བྱས་ནས་འོད་གསལ་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ལ་སེམས་བཞག་པར་བྱའོ། །ཡང་ན་སྣ་རྩེའི་རླུང་འགྲོ་འོང་ལ་སེམས་བསྡུས་ནས་རླུང་དེའང་རྩ་བ་ཐམས་ཅད་དང་བྲལ་བའི་ནམ་མཁའི་ངོ་བོ་ལྟ་བུར་བསྒོམ་པར་བྱའོ། །ཡང་ན་བུད་མེད་ཀྱི་གཟུགས་དེ་དག་དབྱངས་ཅན་མའི་སྐུར་བསམ། རང་གི་ལུས་ཀྱི་བད་ཀན་གྱི་ཁམས་ལ་མངོན་པར་བཅུག་སྟེ། བད་ཀན་ཡང་ཆུའི་འབྱུང་བ་ལ་ཐིམ། ཆུའི་འབྱུང་བའང་དབྱངས་ཅན་མ་དམར་མོའི་རྣམ་པ་ཅན་ཤིན་ཏུ་དྭངས་པར་བསྒོམས་ནས་མཐར་གྱིས་སྣང་བ་མ་ལུས་པ་ཉི་མའི་སྣང་བ་ཤར་བ་ལྟ་བུར་གྱུར་ཏེ། དེའང་སྐད་ཅིག་གིས་ཤིན་ཏུ་མྱུར་བ། ནམ་མཁའ་ལྟར་སྣང་བ་མེད་པའི་འོད་གསལ་ལ་བཞག་པར་བྱའོ། །ཡང་ན་ཆགས་པ་ཡུལ་དང་བཅས་པ་འོད་དཔག་མེད་ཀྱི་རྣམ་པར་བསྒོམ། སྤྱི་བོར་བསྟིམས་ལ་འོད་ཟེར་གྱི་ཆ་ལས་ཐོབ་པའི་པད་མས་སྤྱི་བོར་མངོན་པར་བརྒྱན་པའི་ལྷ་མོ་དབྱངས་ཅན་མ་དཀར་ལ་དམར་བའི་མདངས་ཆགས་པ་ཅན་དུ་བསྒོམས་ཏེ། པདྨའི་འདུག་སྟངས་དང་
བཅས་པའི་རྒྱུད་མངས་སྒྲེང་བའི་སྒྲ་ལས་འདོད་ཆགས་ཀྱི་ངོ་བོ་ནམ་མཁའ་ལྟར་རང་བཞིན་མེད་པར་སྟོན་པའི་གསུང་གིས་སེམས་ཅན་རྣམས་ཡང་དག་པའི་ནུས་མཐུ་ལ་སྦྱར་ཏེ། དེའི་རྗེས་སུ་འདོད་ཆགས་རང་གྲོལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་བཞིན་དུ་ཞེ་སྡང་དང༌། མངོན་པར་མི་དགའ་བ་དང༌། མཁྲིས་པ་དང༌། མེའི་ཁམས་དང་སྣང་བ་ཟླ་བ་ཤར་བ་ལྟ་བུ་དང༌། དཀར་ལ་སྔོ་བ་དང༌། ལྷ་མི་བསྐྱོད་པ་བསྒོམ་པ་ལ་སྦྱོར་བ་དང༌། གཏི་མུག་དང༌། བརྗེད་ངས་པ་དང༌། ཤེས་པ་མི་གསལ་བ་སོགས་བྱུང་ན། སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དྭངས་པ་ལྟ་བུ་དང༌། དཀར་ཞིང་འཚེར་བ་དང༌། ལྷ་རྣམ་སྣང་རྒྱལ་བའི་འདུག་སྟངས་ཅན་དང༌། གཏི་མུག་གི་ངོ་བོ་སྟོང་པ་དང༌། གཏི་མུག་ཅན་ཡང་དག་པའི་མཁྱེན་པ་ལ་སྦྱོར་བ་དང༌། གཏི་མུག་རང་གྲོལ་བ་བསྒོམ་པ་ལ་སྦྱོར་བར་བྱའོ། །གནས་སྐབས་སུ་རྒུད་པ་སྤང་བའི་ཕྱིར་ཛམྦྷ་ལའི་ཆུ་སྦྱིན་པ་ཆག་པར་བྱའོ། །ཡུན་རིང་བསྒྲུབས་ཀྱང་མ་གྲུབ་ན།«་་་་་བོགས་འདོན་གྱི་རིམ་པ། »བླ་མའི་མན་ངག་«་་་་་ཐུན་བཞིའམ་དྲུག་གི་རིམ་པས་ལྷ་མོའི་རྣལ་འབྱོར་ལ་འཇུག སྐུའི་རྣམ་འགྱུར་རེ་རེ་དང་རྫོགས་པར་གསལ་བཏབ་ནས་རྩ་བའི་སེམས་འཛིན་བྱ། མདུན་དུ་བྲིས་སྐུ་མཚར་ཞིང་ཡིད་དུ་འོང་བ་དགྲམ་པ་ལ་བལྟས་ནས་གསལ་སྣང་བསྒྲུབས་པས་བོགས་འདོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་འཁོར་བཅས་བྱོན་ཏེ་མདུན་དུ་བཞུགས་པར་བསམས་ནས་མངོན་སུམ་ལྟ་བུའི་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ། དེ་ཉིད་རང་ལ་བསྟིམ་ནས་རང་ལྷ་མོ་དངོས་སུ་གྱུར་པར་བསམས་ལ་བྱིན་རླབས་ཀྱི་སྟོབས་ལ་སེམས་འཛིན། དེ་འདྲ་ཡང་དང་ཡང་དུ་བྱས་ནས་གསལ་སྣང་རགས་ཕྲ་མཐར་ཕྱིན་པ་ན་ལྷ་མོ་དབང་པོའི་མངོན་སུམ་དུ་མཐོང་བར་འགྱུར་རོ་གསུང༌། »ལྟར་བསྐྱེད་རིམ་གྱི་ཁྲིད་ལ་གནས་པར་བྱའོ། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལྷ་མོ་གནས་པའི་ས་ནས་ཡང་དང་ཡང་དུ་ལྷ་མོ་སྤྱན་དྲངས་ནས་རང་ལུས་ལ་བསྟིམ་མོ། །སྒྲུབ་ཁང་གི་ཕྱོགས་ཐམས་ཅད་དྲི་ཟའི་བུ་མོ་«་་་་་དཀར་ཞིང་མཛེས་ལ་འོད་ཆགས་པ་རས་དཀར་པོའི་
གོས་ཅན་པི་ཝང་སྒྱུར་ཞིང་ཟློས་གར་རྩེ་བ་»རྣམས་ཀྱིས་བསྐོར་བ་བསྒོམ་པར་བྱའོ། །མེ་ཏོག་དཀར་པོའི་ཚལ་དང༌། བྱ་ངང་པའི་རྒྱལ་པོ་དང༌། ངང་པའི་བུ་མོ་རྣམས་སྐད་སྙན་པར་སྒྲོག་པ་དང༌། གླང་པོ་ཆེ་དཀར་པོ་འགྱིང་བ་དང༌། དྲང་སྲོང་དུ་མ་བསམ་གཏན་མཛད་པ་དང༌། རབ་ཏུ་ཞི་བའི་སྦྱིན་སྲེག་ལ་གནས་པའི་ཚལ་དུ་ལྷ་མོ་མངོན་སུམ་དུ་མཐོང་ནས་ཞབས་ལ་འཇུས་ཏེ་ཕྱག་བྱས་པར་མོས་ནས་དད་པ་དང་གུས་པ་ལ་ཉིན་མཚན་དུ་བསྒོམ་པར་བྱའོ། །དེས་ཀྱང་མ་འགྲུབ་ན་ཧྲཱིཾཿཡིག་དཀར་པོའི་མགོ་ཐུར་ལ་བསྟན་པ་ལ་དམིགས་ནས་ཆོས་ཐམས་ཅད་ཀྱི་སྤྲོས་པ་ལྡོག་སྟེ། མཚན་ཐོག་ཐག་ཏུ་བཟླས་བརྗོད་ལ་གནས་ནས། ཐོ་རངས་ཀྱི་ཚེ་ཞི་བའི་སྦྱིན་སྲེག་བླ་མའི་མན་ངག་གིས་བརྒྱན་པར་བྱ་སྟེ། མ་གྲུབ་ན་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་དུ་བྱའོ། །གྲུབ་པའི་དུས་སུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཞུ་བར་བྱ་ཞིང༌། ལས་སྦྱོར་ལ་སོགས་པ་གཞན་དུ་ཤེས་པར་བྱའོ།«་་་་་འདི་ལ་རྩོད་པ་ལས་རྒྱལ་བ་དང༌། དབང་དུ་བྱ་བ། དུག་གཞིལ་བ། བྱིས་པ་བློ་རྣོ་བའི་ཆོ་ག་སོགས་ཡོད་པ་དང༌། གོང་དུ་བཤད་པའི་སྦྱིན་སྲེག་གི་མན་ངག་དང་བཅས་པ་རྣམས་རིང་བརྒྱུད་དང་ཐུན་མོང་བའི་མན་ངག་ཁོ་ན་ཡིན་པས་དེའི་ཡིག་ཆ་ལྟར་ཤེས་པར་བྱའོ་གསུངས་སོ། »།སྒྲུབ་པ་བྱེད་དུས་སུ་གཙང་སྦྲ་ལ་གནས་པ་གལ་ཆེའོ། །ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་མདོར་བསྡུས་པ་འདི་ནི། ཐ་སྙད་ཀྱི་གཙུག་ལག་མཐའ་དག་ལ། བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པའི་པཎྜི་ཏ་ཆེན་པོ་དབྱངས་ཅན་དགའ་བས་སྦྱར་བའོ།«་་་་་མཆན་བུ་འདི་རྣམས་རྗེ་འཆི་མེད་པའི་གསུང་རྒྱུན་ལྟར་བྲིས་པའོ། །ཞེས་སྣང༌།། » ༈ །དབྱངས་ཅན་མའི་རིལ་བུ་སྒྲུབ་ཐབས་བཞུགས་སོ། །ན་མཿསྭ་ར་སྭ་ཏྱཻ། ལྕེ་དང་མགྲིན་པ་བདེ་བ་དང༌། །བློ་རྣོ་དྲན་པ་གསལ་བའི་ཐབས། །ཨ་རུ་བ་རུ་སྐྱུ་རུ་ར། །སྒྲོན་ཤིང་གོ་སྙོད་དུག་མོ་ཉུང༌། །ལུག་རུ་གསུམ་དང་སྤང་རྒྱན་དཀར། །
མཉམ་པར་བཏགས་ལ་ཚགས་སུ་བཙགས། །ཀ་ར་སྦྲང་རྩི་རིལ་བུ་བྱ། །ལྟོ་སྟོང་རྣམས་སུ་ལེགས་པར་བསྟེན། །ཞག་བདུན་ཟོས་པས་དིག་པ་དང༌། །ལྐུགས་པ་གླེན་པ་དག་ཀྱང་འཚོ། །བཅུ་གཅིག་སྐད་བཟང་མགྲིན་པ་བདེ། །ཉི་ཤུས་མི་བརྗེད་གཟུངས་ཐོབ་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །བློ་ནི་མེ་དང་འདྲ་བར་འགྱུར། །རབ་ཏུ་བསྟེན་ན་ཚེ་རིང་ཞིང༌། །རྒས་པའི་སྐྱོན་གྱིས་གཡོ་བ་མེད། །རེས་གཟའ་ཕུར་བུ་དར་ཚེ་སྦྱར། །རིལ་བུ་ཟ་དུས་རང་ཉིད་ནི། །དབྱངས་ཅན་མ་ནི་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །བདུད་རྩིའི་བུམ་པ་ཐུགས་ཀར་འཛིན། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །དེ་ལྟ་བུར་ནི་བསྒོམས་ནས་ཀྱང༌། །རིག་པ་དག་ལ་སྔགས་བདུན་བཟླ། །དེ་ནས་ཚུལ་བཞིན་བཟའ་བར་བྱ། །སྔགས་ནི། ཨོཾ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། འདི་ནི་ཤིན་ཏུ་གསང་བའི་མན་ངག་སྟེ། པཎྜི་ཏ་འཇིགས་མེད་གྲགས་པས་དཔེ་མཁྱུད་མེད་པར་བཀོད་པའོ།། ༈ །ན་མཿསྭ་ར་སྭ་ཏྱཻ། ལྷ་མོ་དབྱངས་ཅན་མའི་རྗེས་སུ་གནང་བའི་རིམ་པ་ནི།«་་་་་སྐྱབས་འགྲོ་སེམས་བསྐྱེད་སྲུང་བའི་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་གི་ལྟེ་བར་ཧྲཱིཾཿགི་དབུས་སུ་བདག་སྐྱེད་དཀྱུས་བཞིན་ཧྲཱིཾཿདང་ཨཱ་ལི་བཟླ། མདུན་བསྐྱེད་བསྒྲུབ། མཆོད་བསྟོད་གཏོར་མ་འབུལ། འདིར་འདབ་བརྒྱད་ཡིག་འབྲུ་སོགས་ལས་ཚོམ་བུ་མི་དགོས། »མཎྜལ་སྔོན་དུ་འགྲོ་བའི་སྒོ་ནས། སློབ་དཔོན་བདག་ལ་དགོངས་སུ་གསོལ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །རྗེས་སུ་གནང་བ་བདག་ལ་སྩོལ། །ཞེས་པ་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་གསུམ་གྱིས་ཡན་ལག་བདུན་པ་ཕུལ་ཏེ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །ཞེས་སོགས་གསུམ་གྱིས་ཐུན་མོང་གི་སེམས་བསྐྱེད་སྡོམ་པ་
བཟུང༌། དེ་ནས་བླ་མ་དང་སྒྲ་དབྱངས་ལྷ་མོ་གཉིས་སུ་མེད་པའི་ཐུགས་ཀའི་ཧྲཱིཾཿཡིག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སློབ་མའི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་ཁྱབ་པར་བྱས། སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་དག«་་་་་སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སློབ་མ་ལྷ་མོར་བསྐྱེད།» སླར་ཡང་ཐུགས་ཀའི་ཧྲཱིཾཿཡིག་ལས་འོད་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་སྒྲ་དབྱངས་ལྷ་མོ་དབྱངས་ཅན་བཞུགས་པ་ཡིད་འགུགས་པའི་ལྕགས་ཀྱུའི་རྣམ་པས་སྤྱན་དྲངས། ངང་པ་ལ་རྡོ་བརྒྱབ་པའི་ཚུལ་གྱིས་འཕུར་ཏེ། སློབ་མའི་ལུས་ལ་བབས་ཏེ་ཐིམ་པས་སྐུའི་རྗེས་སུ་གནང་བ་ཐོབ།«་་་་་ཧྲཱིཾཿདང་ཨཱ་བེ་ཤ་སོགས་འདོན་པ་དང་ཕྱག་དྲིལ་གསིལ་བར་མཛད། »མགྲིན་པར་འཁོར་ལོ་དཀར་པོའི་རྩིབས་བཅུ་དྲུག་པའི་ལྟེ་བ་ལ་ཧྲཱིཾཿདང་རྩིབས་རྣམས་ལ་ཨཱ་ལི་«་་་་་པདྨ་འདབ་མ་བརྒྱད་པ་ལ་ཨཱ་ལིའི་ཡིག་འབྲུ་འདབ་མ་རེ་རེ་ལ་གཉིས་རེ་བཀོད་པ་ཕྱག་ལེན་ཡིན་ནོ། »བཅུ་དྲུག་དང༌། དེ་དག་རང་སྒྲ་སྒྲོག་ཅིང་འོད་ཟེར་འཕྲོས། སློབ་མའི་ལུས་ཐམས་ཅད་ལའང་ཁྱབ་པར་བྱས། གཙོ་བོར་མགྲིན་པར་ཐིམ་པས། གསུང་གི་རྗེས་སུ་གནང་བ་ཐོབ།«་་་་་ཧྲཱིཾཿབཟླ་བ་སོགས་གོང་དང་འདྲ།» ངག་ཏུའང་ཨཱ་ལི་བགྲང་ཞིང་རྗེས་ཟློས་བྱེད་དུ་གཞུག་གོ །ཡང་བླ་མའི་ཐུགས་ཀའི་ཧྲཱིཾཿཡིག་ལས་འོད་ཟེར་འཕྲོས། སློབ་མའི་སྙིང་གར་ཐིམ་པས། ཐུགས་ཀྱི་རྗེས་སུ་གནང་བ་ཐོབ།«་་་་་གོང་དང་འདྲ།» དཀར་གསུམ་ལ་སྦྱར་བའི་ཟན་གྱི་མར་མེ་ཤིན་ཏུ་གསལ་བའང་མིད་དུ་གཞུག་གོ«་་་་་ཧྲཱིཾཿདང་ཨཱ་ལི་བཟླ་ཞིང་ལག་པར་གཏད་ཙམ་བྱེད་དམ་མདུན་དུ་བཞག» །དེའི་རྗེས་སུ་མཎྜལ་ལ་བཀོད་པའི་ཡིག་འབྲུ་རྣམས། སྦྲང་དང་བ་དམར་གྱི་འོ་ཞོ་མར་གསུམ་སྦྱར་བའི་ཁུ་བས་བཀྲུས་ལ་དེ་ཉིད་སློབ་མ་ལ་བྱིན་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དག ཤེས་རབ་ཀྱི་སྣང་བ་དཔག་ཏུ་མེད་པ་སྐྱེས་པར་བསམ་མོ། །དེ་ནས་མཎྜལ་ཕུལ་ཞིང་རྗེས་ཀྱི་མཆོད་
པ་ལ་སོགས་པ་བྱ་བ་རྣམས་སྒྲུབ་ཐབས་ལྟར་བྱའོ། །འདིའི་ལག་ལེན་དང་རྫས་ནི་བ་དཀར་དམར་གང་རུང་ལས་བྱུང་བའི་དཀར་གསུམ་སྦྲང་དཀར་ནས་དཀར་ལ་བཙོས་པའམ། འབག་མ་ཤོར་བའི་ཕྱེ་ཕུད་རྣམས་བསགས་ཤིང་མཆོད་བཤམ་ལག་ལེན་ལྟར་བྱས་ཏེ། ཁྱད་པར་མཎྜལ་གྱི་སྟེང་དུ་སྦྲང་གིས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་བྲིས་ལ། དེ་དག་གི་ངོས་ལ་འབྲས་དཀར་སྦྱར་ནས། དེའི་ལྟེ་བར་ཧྲཱིཾཿ འདབ་མ་རྣམས་ལ་ཨཱ་ལི་ལྷག་ཆད་མེད་པར་གཉིས་གཉིས་སྦྲང་གིས་བཀོད་དེ། མཉྫིའམ་མཆོད་སྟེགས་སུ་བཞག སློབ་མ་དུ་ཡོད་ཀྱི་འོག་ཏུ་ནས་དཀར་པོའི་པདྨ་འདབ་བརྒྱད་བཀོད། རས་དཀར་པོའི་སྟོད་གཡོགས་སྨད་གཡོགས་ཐོད་དང་བཅས་ཏེ་གྲལ་རིམ་གྱིས་ཙོག་པུར་འདུག་ནས་ཡིད་མ་ཡེངས་པར་གནས་པར་བྱའོ། །ལྷ་མོ་དབྱངས་ཅན་མའི་རྗེས་གནང་ལག་ལེན་དང་བཅས་པ་དབྱངས་ཅན་དགའ་བས་སྦྱར་བའོ། །སརྦ་དཱ་མངྒ་ལཾ།། ༈ །རྒྱ་གར་སྐད་དུ། སྭ་ར་སྭ་ཏཱི་སྟོ་ཏཱཾ། བོད་སྐད་དུ། དབྱངས་ཅན་གྱི་བསྟོད་པ། སྟོན་ཟླ་རབ་རྒྱས་ཀུ་མུད་དང་མཚུངས་ཆུ་ཤེལ་གངས་རི་ལྟར་དཀར་བས། །རབ་དཀར་དཀར་གསལ་གཟི་ལྡན་ཡིད་འཕྲོག་ལྷ་མོ་དབྱངས་ཅན་ལ་ཕྱག་འཚལ། །མི་ཤེས་གཏི་མུག་རྨོངས་པའི་མུན་པའི་ཚོགས་ཀུན་རྣམ་པར་བཅོམ་གྱུར་པ། །སྒྲིབ་གཉིས་སྤྲིན་བྲལ་བློ་གྲོས་འོད་ཟེར་སྟོང་ལྡན་རབ་ཏུ་འཆར་ཀ་ཡི། །ཉི་མའི་ཟེར་གྱིས་ཤེས་བྱའི་པདྨ་རབ་ཏུ་ཁ་ཕྱེ་རྣམ་རྒྱས་པ། །རབ་ཏུ་དྲི་ཞིམ་བསིལ་མངར་དང་ལྡན་པདྨའི་ཟེའུ་འབྲུའི་ངོས་དག་ལ། །བདག་བློ་བུང་བས་འཐུངས་པའི་བློ་གྲོས་ཆེར་རྒྱས་སྦྲང་རྩིས་འགྲོ་རྣམས་སྐྱོངས། །གསེར་གྱི་རི་དང་ཀུན་མཁྱེན་ཆུ་གཏེར་ལྟ་བུར་ཀུན་ནས་ལྷུན་ཆགས་པ། །རྩོད་པ་ཕྱེ་མ་ལེབ་དང་བདུད་སྡེ་དུས་ཀྱི་རླུང་གིས་
བསྐྱོད་མ་ཡིན། །བཅུ་དྲུག་ན་ཚོད་ལྟ་བུའི་བུ་མོ་རབ་མཛེས་སྒེག་པའི་ཉམས་དང་ལྡན། །ལྷ་ཡི་རྒྱན་རྣམས་དུ་མས་ཁྱེད་ཀྱི་ལུས་དང་ཡན་ལག་མཛེས་པ་ཡིས། །ཆུ་གཏེར་གནས་ནས་མགྲིན་སྔོན་དགའ་སྐྱེད་རྒྱ་མཚོའི་ལྷ་མོ་དབྱངས་ཅན་མ། །ཁྱོད་ལ་ཕྱག་འཚལ་བརྩེ་བས་བདག་བློའི་མི་ཤེས་མུན་པ་རབ་ཏུ་སོལ། །རབ་ཏུ་སྙན་པའི་དབྱངས་ཅན་དྲི་ཟའི་བུ་མོ་རབ་མཛེས་ཡིད་འཕྲོག་མ། །ལག་གི་འདུ་བྱེད་རབ་ཏུ་བསྒྱུར་བས་ཚངས་པའི་གསུང་དབྱངས་རྣམ་འབྱུང་བས། །སྒྲ་དང་ཚད་མ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་ལེགས་བཤད་ཆོས་རྣམས་ཀུན། །ཁྱོད་ལ་ཕྱག་འཚལ་སྙན་པའི་གསུང་གིས་བདག་ལ་བློ་གྲོས་མཆོག་སོགས་སྩོལ། །རབ་ཏུ་སིལ་སིལ་སྙན་པ་ཡན་ལག་དྲུག་ཅུའི་དབྱངས་དང་རབ་ལྡན་པས། །སྙན་པར་བསྒྲགས་པས་འཇིགས་བྱེད་ཀྱང་ནི་དགའ་བ་རབ་ཏུ་སྐྱེད་མཛད་མ། །རྣ་བ་རབ་ཏུ་ཚིམས་པའི་དབྱངས་དང་རིག་བྱེད་སྙན་པའི་གླུ་རྣམས་ཀུན། །ཕ་རོལ་ཡིད་འཕྲོག་འཛིན་པར་ནུས་པ་ཅི་ཕྱིར་བདག་ལ་མི་སྩལ་ལགས། །ཁྱོད་ཀྱི་ཐུགས་ནི་ཀུན་ནས་མི་གཡོ་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། །ཐུགས་རྗེའི་རྦ་རླབས་ཤུག་དྲགས་བསྐྱོད་པས་འགྲོ་བའི་གདུང་བ་རབ་ཏུ་སེལ། །དབང་གི་རྒྱལ་པོའི་འབྱུང་གནས་ཡིད་བཞིན་རེ་སྐོང་དབྱངས་ཅན་རྒྱ་མཚོ་ཡིས། །རྨོངས་པས་གདུངས་པའི་སྐྱེ་བོ་རྣམས་ནི་ཁྱེད་ཀྱིས་རིང་པོར་སྐྱོང་བ་དང༌། །གཏི་མུག་དག་གིས་བཀྲེས་གྱུར་བློ་དམན་སྐྱེ་བོའི་རེ་བ་མྱུར་དུ་སྐོངས། །བདག་བློའི་ཀུ་མུད་ད་ནི་རབ་ཏུ་ཁ་ཟུམ་རྣམ་པར་གནག་པ་ལ། །བསིལ་ཟེར་བྱེད་པ་རབ་ཏུ་སྤྲིན་བྲལ་དཀྱིལ་འཁོར་རྣམ་པར་རྒྱས་པ་ཡིས། །ཀུ་མུད་ཁ་ཕྱེ་རབ་རྒྱས་ཟེར་འབྲུའི་ཟིལ་དངར་རྣམ་པར་འཕེལ་བར་མཛོད། །རབ་ཏུ་དྲི་བྲལ་སྐྱོན་གྱིས་མ་སྦགས་མཚན་དཔེས་རབ་སྤྲས་ཁྱེད་ཀྱི་སྐུ། །ཀུན་ཏུ་ཚངས་པའི་དབྱངས་
ལྡན་ཅ་ཅོའི་དྲི་བྲལ་འགགས་མེད་ཁྱེད་ཀྱི་གསུང༌། །ཤེས་བྱ་ཀུན་ལ་ཐོགས་མེད་ཡེ་ཤེས་ཆེན་པོ་དང་ལྡན་ཁྱོད་ཀྱི་ཐུགས། །བསྟོད་པ་འདི་ཡིས་བསྟོད་ལ་དབྱངས་ཅན་མ་ཡིས་བློ་གྲོས་མཆོག་རབ་སྩོལ། །དབྱངས་ཅན་གྱི་བསྟོད་པ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་མཁས་པ་ཆེན་པོ་པཎྜི་ཏ་ནག་མོའི་ཁོལ་གྱིས་དབྱངས་ཅན་ཞལ་གཟིགས་དུས་སུ་བསྟོད་པའོ། །གང་གིས་གདོན་པ་དེ་ལ་ཤེས་རབ་སྩོལ་བར་ཁས་བླངས་སོ། །རྒྱ་གར་གྱི་མཁན་པོ་ཛ་ཡ་སེ་ནཱ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་བའོ།། ༈ །ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་དབྱངས་ཅན་གྱི་མགུལ་རྒྱན་ཞེས་བྱ་བ། ངག་དབང་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །པདྨ་དཀར་དང་ཟླ་དཀར་གདན་ལ་རབ་དཀར་ལྷ་མོ་སྤྲིན་དཀར་ལྟ་བུར་དཀར་བའི་གོས་ཅན་ངང་པའི་བུ་མོ་ཡིད་འཕྲོག་མ། །ལྷས་མ་མཛེས་ལྡན་རྨ་བྱའི་མདོངས་མཛེས་ལྟ་བུའི་དབྱིབས་མཛེས་སྐུ་སྟོད་མཛེས་པར་ཁེབས་པའི་བུ་མོ་སྒེག་པའི་རྣམ་པ་ནི། །གཙུག་རྒྱན་འོད་ཀྱིས་ཟླ་འོད་འཕྲོག་ཅིང་ཉི་འོད་སྐྱེངས་བྱས་མདངས་འོད་གཞན་ནི་འོད་མེད་མཛད་པའི་ན་ཆུང་ཟུར་ཕུད་ལྔ་པ་ཅན། །སྐྲ་མཚམས་ཕྲེང་བ་གསེར་ཕྲེང་ནོར་བུའི་འོད་ཕྲེང་ཅན་ཁྱོད་གང་ན་བཞུགས་ལགས་རིང་ནས་འབོད་དོ་བདག་ལ་ཞལ་རས་བསྟན་དུ་གསོལ། །ཨུཏྤལ་ལྟར་བཀྲ་བཀྲ་བའི་དར་དང་དྭངས་པའི་ནོར་བུས་སྙན་གྱི་གོང་བརྒྱན་རྒྱན་གྱི་མཆོག་གྱུར་གསེར་མཆོག་སྙན་ཆས་ལེགས་པར་མཛེས། །ཟླ་ལྟར་བཞིན་ལེགས་ལེགས་པའི་སྨིན་དཀྱུས་དཀྱུས་རིང་སྤྱན་གཉིས་རི་མོ་འཛུམ་བྱེད་བྱེད་པོའི་བུ་མོ་ཟུར་མིག་མདའ་ནི་འཕེན་ལ་མཁས། །དཀར་དམར་མཁུར་འཛུམ་འཛུམ་པའི་མདངས་གསལ་གསལ་བའི་ཚེམས་དཀར་དཀར་བའི་ཐགས་བཟང་བཟང་བའི་ཡིད་ཅན་དྲང་སྲོང་རྣམས་ཀྱང་ཆགས་བྱེད་མ། །
བཞིན་སྡུག་བུ་མོ་མོ་མཆོག་དཔལ་འཛིན་འཛིན་མའི་རྒྱན་ཁྱོད་གང་ན་བཞུགས་ལགས་རིང་ནས་འབོད་དོ་བདག་ལ་ཞལ་རས་བསྟན་དུ་གསོལ། །དུང་ལྟར་འཁྱིལ་བའི་མགུལ་མཛེས་རྣམ་སྒེག་འབར་བའི་རིན་ཆེན་ཕྲེང་བས་སྤྲས་ཤིང་རྣམ་དཀར་དཔུང་པ་གསེར་གྱི་གདུ་བུས་ཅི་ཡང་མཛེས། །མཛེས་ཤིང་དཀར་ཟླུམ་མངོན་པར་དར་བའི་ནུ་འབུར་རྒྱས་པ་མངོན་པར་མཐོང་ན་ཐུབ་པ་རྣམས་ཀྱང་སེན་མོ་འགུལ་བ་རྩོམ་བྱེད་ན། །ན་ཆུང་ཤ་འཇམ་ཡིད་འོང་མ་ཁྱོད་སུ་ཡི་སྙིང་སྡུག་ཡིད་མཛེས་མ་ལགས་འོན་ཀྱང་སྲིད་ལྡན་བྱིས་པ་འཁོར་བའི་ཡུལ་ཡིན་མ། །མ་ལུས་ལུས་ཅན་དགའ་བའི་ཉམས་ལྡན་མངོན་དགའ་མ་ཁྱོད་གང་ན་བཞུགས་ལགས་རིང་ནས་འབོད་དོ་བདག་ལ་ཟུར་མིག་མཛད་དུ་གསོལ། །དཀར་འཇམ་ཡིད་འོང་གཞོན་ཤ་ཆགས་པའི་ཕྱག་ནི་ཕྱག་གདུབ་འོད་ཀྱིས་སྤྲས་ཤིང་སོར་མོ་རྣམས་ནི་སོར་གདུབ་དཔལ་གྱིས་རྣམ་པར་བཀྲ། །རྣམ་བཀྲའི་པི་ཝང་ཅུང་ཟད་སྒྱུར་དུས་དགའ་མ་ཐམས་ཅད་དུས་དགའ་འདེབས་ཤིང་མཆོད་སྦྱིན་བརྒྱ་པའང་ཁྱོད་ཉིད་མཆོད་ཕྱིར་ཡིད་ཀྱིས་འོང༌། །ཡིད་འོང་དོ་ཤལ་སིལ་སིལ་སྒྲོགས་བྱེད་ནོར་བུའི་སྐེ་རགས་རིན་ཆེན་རྒྱན་ཆ་ཆ་ཤས་ཕྲ་བཀོད་བཀོད་ལེགས་རྣམས་ནི་མདངས་མཛེས་གསོལ། །མདངས་གསལ་གསེར་གྱི་ཞབས་གདུབ་འཁྲོལ་བའི་ཞབས་པད་ཅན་ཁྱོད་གང་ན་བཞུགས་ལགས་རིང་ནས་འབོད་དོ་ཞབས་གཉིས་སྤྱི་བོར་བཞག་ཏུ་གསོལ། །འཚེར་འཚེར་འཕྲོ་བའི་ནོར་བུའི་གདེངས་ཅན་ཀླུ་ཡི་མཛེས་པས་འོག་གི་ཕྱོགས་ནས་ནོར་བུའི་སྣོད་བཟུང་ཆུ་ཐིགས་ཟེགས་མའི་མཆོད་ཡོན་འབུལ། །ཁྲོལ་ཁྲོལ་རིན་ཆེན་གདུ་བུའི་སྒྲ་འབྱིན་ལྷ་མིན་བུ་མོས་རྒྱབ་ཀྱི་ཕྱོགས་ནས་བུང་བའི་སྒྲ་སྒྲོགས་རིན་ཆེན་མེ་ཏོག་ཆར་ལྟར་འབེབས། །ཐུལ་ཐུལ་འབྱུང་བའི་བདུག་པའི་སྤྲིན་
སྤུངས་མཛེས་པ་ཐོགས་ནས་གློག་ཕྲེང་ལྟར་མཛེས་རིག་འཛིན་དགའ་མ་ཁྱོད་ཀྱི་གཡས་ནས་ལྷས་མ་ལྷ། །ལྷག་ལྷག་འབར་བའི་ཉི་ཟླ་ལ་སོགས་སྣང་བ་བཟུང་སྟེ་མཁའ་སྤྱོད་ན་ཆུང་ཟླ་བཞིན་མ་རྣམས་ཁྱོད་ཀྱི་གཡོན་ནས་ཟུར་མིག་གཡོ། །ཆིལ་ཆིལ་ངད་ཀྱིས་སྟོང་གསུམ་ཁྱབ་པའི་དྲི་བཟུང་སྤྲོ་ལྡན་དྲི་ཟའི་སྒེག་མོ་དྲི་ཞིམ་མ་རྣམས་ཁྱོད་ཀྱི་མདུན་ན་འཛུམ་དཀར་སྟོན། །ཡང་ཡང་པུས་བཙུགས་གསེར་གྱི་སྣོད་ནས་བཟའ་བཏུང་མཆོག་འདྲེན་འདོད་ལྷའི་གཞོན་མ་གསེར་མདོག་ཅན་རྣམས་གསེར་གཡུའི་རྒྱན་ཆ་སིལ་སིལ་སྒྲོག ཀྱུར་ཀྱུར་གླུ་སྐད་མགྲིན་པར་བསྡེབས་ནས་སྙན་པ་སྒྱུར་བྱེད་ཚངས་པའི་བུ་མོ་མགྲིན་སྙན་མ་རྣམས་ཁྱོད་ཀྱི་ཟུར་ནས་འགྱིང་ཞིང་ལྡེམ། །འདར་འདར་བུང་བ་ལྟ་བུའི་གར་བྱེད་སིལ་སྙན་རྡུང་བའི་གནོད་སྦྱིན་འཛངས་མ་རོལ་གར་རྩེ་བས་ཁྱོད་ཀྱི་ཕྱོགས་རྣམས་ཀུན་ནས་མཛེས། །རབ་ཆགས་སྒེག་པའི་གོས་ཚུགས་ཀྱིས་འགྲོ་ནུ་འབུར་སྟོན་པའི་རྔ་ཡབ་མ་སོགས་མཛེས་མ་མཐའ་དག་ཁྱོད་དྲུང་འཁོད་ཕྱིར་བུན་ནུར་ནུར། །གཞན་ཡང་ལྷ་དང་ལྷ་མིན་དབང་སོགས་ཆེ་བའི་ཆེ་བར་གྲགས་པ་མཐའ་ཡས་ཁྱོད་ཉིད་མཆོད་དང་བསྟོད་པའི་སྒྲ་དབྱངས་འུ་རུ་རུ། །དེ་དབུས་ཁྱོད་ནི་སེང་གེའི་སྒྲ་དང་འབྲུག་གི་སྒྲ་ཆེན་བུང་བའི་འགྱུར་དང་ཚངས་པའི་དབྱངས་སྟོན་པི་ཝང་སྒྱུར་བ་ལྷང་ལྷང་ལྷང༌། །དེ་སླད་བདག་ཀྱང་ཕྱོགས་ལས་རྣམ་རྒྱལ་སྨྲ་མཁས་འདོད་པས་སྨྲ་བའི་དབང་ཕྱུག་ཡི་དམ་ལྷ་མོ་སྙིང་པོས་འབོད་དོ་ཧྲིཾཿཧྲིཾཿཧྲིཾཿ དེ་ལྟར་ཀུན་ཏུ་ལྷ་མོ་ཁྱོད་བསྟོད་ན། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་དགོངས་པར་ངེས། །དེ་ཕྱིར་ཀུན་ཏུ་སྨྲ་མཁས་འདོད་པ་ཡིས། །དུས་རྣམས་ཀུན་ཏུ་ཁྱོད་ཉིད་བསྟོད་པར་བྱ། །ལྷའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པ་དབྱངས་ཅན་གྱི་མགུལ་རྒྱན་ཞེས་བྱ་བ་ཕྱོགས་ལས་རྣམ་པར་རྒྱལ་བས་སྦྱར་བའོ།། ༈ །རྒྱ་གར་སྐད་དུ། བྲཧྨ་སྭ་ར་སྭ་ཏཱིསྟུ་ཏི་
ཨཱ་ལངྐ་ར་མཱ་ལ་ནཱ་མ། བོད་སྐད་དུ། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པ་རྒྱན་གྱི་ཕྲེང་བ་ཞེས་བྱ་བ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རིན་ཆེན་སྐྱེད་མོས་ཚལ་གྱི་མཚོ་འགྲམ་གང༌། །དྲི་མེད་ནོར་བུའི་ལྗོན་ཤིང་ཕྲེང་བ་ཅན། །ཤེལ་གྱི་ལྕུག་ཕྲན་འཁྲི་ཤིང་གཞོན་ནུས་འཁྱུད། །ཕན་ཚུན་ཡལ་ག་ལག་པས་འཐེན་པ་འདྲ། །གསེར་གྱི་མེ་ཏོག་རྣམས་ནི་མགོ་ལྕོག་ལྡེམ། །གཡུ་ཡི་བུང་བ་གླུ་ལེན་འཕུར་ཞིང་ལྡིང༌། །ངང་པའི་རྒྱལ་པོ་མཐའ་ཡས་རྫ་རྔ་རྡུང༌། །བཞད་དཀར་མགྲིན་རིང་རྣམས་ནི་སིལ་སྙན་འཁྲོལ། །མྱོས་པའི་ཁུ་བྱུག་ཟབ་མོའི་གླིང་བུ་བསྒྱུར། །ནགས་ཀྱི་བྱིའུ་སྣ་ཚོགས་པི་ཝང་སྒྲོག །ཆུ་བྱ་མཐའ་དག་དགའ་ཞིང་རྣམ་པར་འཕྱོ། །སྤུ་སྡུག་རི་དྭགས་རྣམས་ནི་རྒྱུག་ཅིང་འཕྱོ། །དྲེགས་པའི་གླང་ཆེན་ཕྱོགས་རྣམས་ཀུན་ཏུ་འགྱིང༌། །ལྷ་ཕྲུག་གཞོན་ནུའི་ཚོགས་རྣམས་སྒྱུ་རྩལ་རྩེ། །རི་དྭགས་མིག་ཅན་རྩེ་འཇོ་གླུ་གར་བྱེད། །དྲང་སྲོང་རིག་འཛིན་དུ་མ་བསམ་གཏན་མཛད། །ཧ་རི་ཙནྡན་ལྗོན་པའི་གྲིབ་བསིལ་དང༌། །ལི་ཤིའི་མེ་ཏོག་གུར་གྱི་ལྡིང་ཁང་ཅན། །རིན་ཆེན་ནེའུ་གསེང་མཐིང་གའི་དབུས་མཐོ་བར། །ཟླ་བ་ནོར་བུའི་རྡོ་ལེབ་ཕྱོགས་བཅུར་བཀྲམ། །པདྨ་དཀར་པོའི་ཕྲེང་བ་འཁྲིགས་པའི་གཞིར། པྃ་ཡིག་ལས་བྱུང་ཆུ་སྐྱེས་སྡོང་པོ་ནི། །དཀར་འཇམ་ཡངས་པའི་འདབ་མ་འབུམ་ཕྲག་ཅན། །གེ་སར་རྒྱས་པའི་འོད་ཟེར་ཕྱོགས་བཅུར་དགོད། །དེ་དབུས་ཨ་དཀར་ལས་བྱུང་རི་བོང་ཅན། །དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྟེང་ཉིད་དུ། །རང་སེམས་ཧྲཱིཾཿདཀར་ཡོངས་སུ་གྱུར་པ་ལས། །སྐད་ཅིག་ཚངས་པའི་བུ་མོར་གྱུར་ལ་འདུད། །སྐུ་མདོག་ངང་པའི་བུ་མོ་ལྟ་བུར་དཀར། །ཞལ་རས་དྲི་མེད་ཟླ་བ་ཤར་བ་བཞིན། །སྨིན་འཁྱུག་རི་མོ་བྲིས་པའི་རྣམ་པ་ཅན། །དབྱངས་ཅན་
ལྷ་མོ་བདག་གིས་འགྲུབ་པར་མཛོད། །སྤྱན་གཉིས་ཨུཏྤལ་མཐོང་མཐིང་རྣམ་པར་བཀྲ། །ཟུར་མིག་སྐར་མདའ་གཡོ་བས་ཐམས་ཅད་འགུགས། །མཁུར་ཚོས་དཀར་དམར་མདངས་གསལ་སྙིང་དུ་སྡུག །དབྱངས་ཅན་ལྷ་མོ་བདག་གིས་འགྲུབ་པར་མཛོད། །མགུལ་བའི་འགྱིང་བག་མཐོ་རིས་སྒེག་མོ་བཞིན། །དཀར་འཇམ་གཞོན་ཤ་རྒྱས་པའི་ཕྱག་གཡོན་ན། །རབ་མཛེས་དྲི་ཟའི་པི་ཝང་རིན་ཆེན་འཛིན། །དབྱངས་ཅན༴ །ལྷུན་གྲུབ་བདེ་བའི་འདུ་བྱེད་ཆགས་པ་ཡི། །ཕྱག་གཡས་རིན་ཆེན་གདུ་བུའི་སྒྲ་ལྡན་པའི། །སོར་མོའི་ཆ་ཡིས་རྒྱུད་མངས་འགྱིང་ཞིང་སྒྱུར། །དབྱངས་ཅན༴ །ནུ་མ་དཀར་ཟླུམ་མཁྲང་ཞིང་མཐོ་ལ་རྒྱས། །གང་གིས་རེག་ན་བདེ་བ་ཐམས་ཅད་སྟེར། །ཕྲ་ཞིང་སྟ་ཟུར་ལྡན་པའི་སྐེད་སྐབས་ཅན། །དབྱངས་ཅན༴ །དཀར་འཇམ་བདེ་བའི་འདུ་བྱེད་ཆགས་པའི་ཞབས། །ཞོ་འཐུང་བྱིས་པ་དྲེགས་པའི་རྣམ་པ་ཅན། །ཅུང་ཟད་ཙོག་པུར་ཆགས་པའི་འདུག་སྟངས་ཅན། །དབྱངས་ཅན༴ །རིང་རྒྱས་ཡིད་འཕྲོག་ལྷས་མའི་མེ་ཏོག་ཅན། །མིག་སྨན་རི་ལ་ཟླ་བ་འཛེགས་པ་བཞིན། །ཐོར་ཅོག་ནོར་བུའི་མཛེས་སོ་ཟུར་ཕུད་མ། །དབྱངས་ཅན༴ །སྙན་གོང་ཨུཏྤལ་རྨ་བྱ་ལྟ་བུར་མཛེས། །སྙན་ལྟག་ཅོད་པན་མདོངས་སྒྲོ་ལྟ་བུར་སྤྲས། །ཉི་ཟླའི་འོད་འཕྲོག་ཡུ་རྣའི་འོད་འཆང་མ། །དབྱངས་ཅན༴ །ནོར་བུའི་འགུལ་རྒྱན་རྒྱུ་སྐར་བཀྲམ་པ་བཞིན། །གདུ་བུ་ཕན་ཚུན་འཐབས་པའི་འཆར་འོད་ཅན། །དོ་ཤལ་ངང་པའི་ཕྲེང་བ་འཕུར་ལྡིང་བྱེད། །དབྱངས་ཅན༴ །རྒོལ་བས་འཇིགས་མེད་སེང་གེའི་ང་རོ་སྒྲོག །གཞན་སྡེ་ཕམ་བྱེད་འབྲུག་གི་གད་རྒྱངས་ཅན། །ནམ་མཁར་མི་ཤོང་དྲིལ་ཆེན་སྒྲ་དབྱངས་མ། །དབྱངས་ཅན༴ །ཤེས་བྱའི་དཀྱིལ་འཁོར་མཐའ་དག་ཐུགས་སུ་ཆུད། །ཚད་མེད་སྙིང་རྗེའི་དབང་གིས་ཀུན་
ལ་བརྩེ། །སྨྲ་མཁས་འདོད་པ་རྣམས་ཀྱི་ལྷ་ཡི་ལྷ། །དབྱངས་ཅན༴ །འཇིག་རྟེན་དབང་ཕྱུག་ཚེམས་དཀར་མྱུ་གུ་ལས། །རྟག་ཏུ་འཐོན་པའི་ན་ཆུང་པད་དཀར་ཅན། །སྙིང་རྗེའི་ཆུ་སྐྱེས་རྒྱས་པའི་བདག་ཉིད་མ། །དབྱངས་ཅན་ལྷ་མོ་བདག་གིས་འགྲུབ་པར་མཛོད། །བློ་གསལ་ཀུན་དགའ་འཆད་པའི་ཤེས་རབ་བདག་ལ་སྩོལ། །རྒོལ་བ་ཀུན་འཇོམས་རྩོད་པའི་ཤེས་རབ་བདག་ལ་སྩོལ། །སྙན་ངག་ཀུན་ཤེས་རྩོམ་པའི་ཤེས་རབ་བདག་ལ་སྩོལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཤེས་རབ་བདག་ལ་སྩོལ། །དེ་ལྟར་བདག་གིས་ལྷ་མོ་ཁྱོད་ལ་གསོལ་བ་ཡིས། །རབ་དཀར་དགེ་བས་ཚེ་རབས་ཀུན་ཏུ་བདག་ཅག་རྣམས། །ལྟ་བས་མི་ངོམས་དབྱངས་ཅན་བུ་མོའི་ཞབས་པད་ལ། །གུས་པས་བཏུད་ནས་དགྱེས་པའི་ཕྱག་གིས་འཛིན་པར་ཤོག །ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པ་རྒྱན་གྱི་ཕྲེང་བ་ཞེས་བྱ་བ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་སྙན་ངག་མཁན་དབྱངས་ཅན་དགའ་བས་སྦྱར་བ་དགེའོ།། ༈ །དབྱངས་ཅན་ལྷ་མོའི་བསྟོད་པ་བྱིན་རླབས་ཀྱི་སྣང་བ་ཞེས་བྱ་བ། མཁྱེན་བཟང་རབ་ཏུ་རྒྱས་པའི་པདྨ་དང༌། །ཐུགས་རྗེ་དྲི་མེད་ཟླ་བའི་གདན་ལ་འགྱིང༌། །སྒྲ་དབྱངས་རྒྱ་མཚོའི་པི་ཝང་གསུང་སྙན་གྱིས། །ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་འདུད། །རབ་མཛེས་བུ་མོ་གངས་རིའི་མདངས་འཕྲོག་མ། །ཞལ་གཅིག་ཕྱག་གཉིས་དྲི་ཟའི་པི་ཝང་སྒྲེང༌། །བུང་བ་གཞོན་ནུ་གཡོ་བའི་པད་ཚལ་གྱི། །ངང་པའི་བུ་མོ་དང་འདྲ་ཁྱོད་ལ་འདུད། །ཤེལ་གྱི་འཁྲི་ཤིང་རླུང་གིས་སྐྱོད་འདྲ་མ། །མཐོ་རིས་མཛེས་མ་སྟོང་ཕྲག་འཚོགས་ན་ཡང༌། །གང་གི་མདུན་ན་བྲན་མོ་ལྟར་སྤྱོད་པའི། །ཡིད་འོང་མིག་གི་བདུད་རྩི་ཁྱོད་ལ་འདུད། །དྲི་མེད་ཟླ་ཞལ་འཛུམ་པའི་མདངས་དཀར་ཅན། །མཁུར་ཚོས་ཉི་མ་འཆར་ཀའི་མདངས་དམར་ཞིང༌། །
མཐོན་མཐིང་མིག་གི་ཨུཏྤལ་དཀྱུས་རིང་མ། །རབ་བཀྲའི་ཟུར་མིག་གཡོ་མཛད་ཁྱོད་ལ༴ །རིན་ཆེན་ཟུར་ཕུད་རྣ་རྒྱན་རབ་འབར་ཞིང༌། །དྲི་ཞིམ་མེ་ཏོག་ཕྲེང་བས་མཛེས་བྱས་པས། །ཡིད་འོང་མིག་སྨན་མདོག་ཅན་ལྷས་མ་ནི། །འོད་གསལ་རྨ་བྱའི་མདོག་མཛེས་ཁྱོད་ལ༴ །ཡོངས་འདུའི་ཚལ་ནས་དེ་རིང་འོངས་གྱུར་པའི། །ཨུཏྤལ་སྔོན་པོས་སྙན་གོང་བརྒྱན་པ་ནི། །ཆུ་ཤེལ་ལྗོན་པའི་ཡལ་འདབས་ཁུ་བྱུག་གི །གཤོག་པ་བརྐྱངས་པས་མཛེས་འདྲ་ཁྱོད་ལ༴ །རིན་ཆེན་རྣ་ཆ་མ་ལུས་གྲོས་བྱས་ནས། །ཁྱོད་ཀྱི་སྙན་གྱི་དྲུང་དུ་འཁོད་པ་ན། །མགུལ་པ་དང་ནི་མགྲིན་པའི་རྒྱན་རྣམས་ཀྱི། །ལག་སྦྲེལ་ཕྲེང་བས་རབ་བསྐོར་ཁྱོད་ལ༴ །ནུ་འབུར་ཟླུམ་རྒྱས་གངས་རི་རྣམ་གཉིས་ཀྱི། །སྟེང་ནས་སྟོད་གཡོགས་རབ་དཀར་ཆུ་འཛིན་གཡོ། །ངོས་ནས་མུ་ཏིག་དོ་ཤལ་ཆུན་པོ་འབབ། །རྔ་ཡབ་དང་བས་རབ་བསྟེན་ཁྱོད་ལ༴ །ཨུཏྤལ་དྲི་ལྡན་ལྟེ་བའི་རྫིང་བུའི་འགྲམ། །གསེར་གྱི་སྐ་རགས་ནོར་བུའི་ཕྲེང་བས་མཛེས། །རབ་བཀྲ་ནོར་བུས་མཚན་པའི་ཤམ་ཐབས་ནི། །དལ་བར་འཛིན་མཛད་མཛེས་མ་ཁྱོད་ལ༴ །འོག་ནས་ཀླུ་མོས་ཆབ་ཀྱི་རྒྱ་མཚོས་མཆོད། །ངོས་ནས་གྲུབ་པས་མཛེས་པའི་རྔ་ཡབ་གཡོབ། །མདུན་ནས་རིག་འཛིན་བུ་མོས་སིལ་སྙན་འཁྲོལ། །སྨིན་ལེགས་ཀུན་གྱི་གཙོ་མོ་ཁྱོད་ལ་བསྟོད། །གཡས་ནས་མིའམ་ཅི་ཡིས་གླུ་དབྱངས་ལེན། །གཡོན་ནས་དྲི་ཟའི་དགའ་མས་པི་ཝང་སྒྲེང༌། །རྒྱབ་ནས་འཆི་མེད་བུ་མོས་གདུགས་དཀར་འཛིན། །ནུས་ལྡན་ཀུན་གྱི་གཙོ་མོ་ཁྱོད་ལ་བསྟོད། །བཅུ་དྲུག་ལང་འཚོ་ཆགས་པའི་ཉམས་ལྡན་མ། །ལྟ་བས་མི་ངོམས་ཡེ་ཤེས་སྒྱུ་མའི་སྐུ། །དྲན་པ་ཙམ་གྱིས་བདེ་བ་ཀུན་སྟེར་མ། །ལྷག་པའི་ལྷ་མོ་དབྱངས་ཅན་མ་ལ་འདུད། །འགྲོ་བ་ཀུན་ལ་གསུང་རབ་མ་ལུས་པ། །གསལ་བར་འཆད་པའི་སྤོབས་པ་བདག་ལ་སྩོལ། །མཁས་པའི་མདུན་
སར་ཕྱིར་རྒོལ་ཕམ་བྱེད་པའི། །རྣམ་རྒྱལ་རྩོད་པའི་སྤོབས་པ་བདག་ལ་སྩོལ། །ཚིག་དང་ངག་གི་སྦྱོར་བ་དྲི་མེད་པའི། །གཞུང་བརྒྱ་རྩོམ་པའི་སྤོབས་པ་བདག་ལ་སྩོལ། །དེ་ལྟར་བསྟོད་པའི་དགེ་བ་གང་ཡིན་པས། །བདག་ནི་ཕྱོགས་ལས་རྣམ་པར་རྒྱལ་བར་ཤོག །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་ནས། །འཇམ་དཔལ་དབྱངས་ཀྱི་གོ་འཕང་མྱུར་ཐོབ་ཤོག །འདི་ནི་འཛིན་ནམ་འཆང་ངམ་ཀློག་ཀྱང་རུང༌། །དགེ་ལེགས་ཡར་ངོའི་ཟླ་ལྟར་རྒྱས་བྱེད་ཤོག །ཅེས་པ་འདིའང་དཔལ་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་དབྱངས་ཅན་དགའ་བས་མཛད་པའོ།། ༈ །བོ་དོང་པཎ་ཆེན་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་རྗེས་གནང་བསྙེན་སྒྲུབ་ལས་གསུམ་དང་བཅས་པའི་ཡི་གེ་མཚོ་བྱུང་དགྱེས་པའི་ལམ་སྲོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷིཾ། ཡེ་ཤེས་བདུད་རྩིས་ས་གསུམ་གྱི། །གདུང་སེལ་ཕན་བདེའི་བཅུད་འཇོ་བ། །མཚོ་བྱུང་ཟླ་བ་སྐལ་བཟང་གི །ཡིད་མཁར་རྟག་ཏུ་རོལ་པར་མཛོད། །དེ་ལ་འཕགས་མ་ངག་གི་དབང་ཕྱུག་མས་མངོན་སུམ་དུ་རྗེས་སུ་བཟུང་ཞིང༌། གསུང་གི་བདུད་རྩི་མཐའ་ཡས་པ་སྩལ་བའི་འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དབྱངས་ཅན་དགའ་བའི་ཞལ་སྔ་ནས་འོངས་པའི་བཅོམ་ལྡན་འདས་མའི་གདམས་སྐོར་ལ། སྣོད་དུ་བྱ་ཕྱིར་རྗེས་གནང་དང༌། །བསྙེན་པས་དངོས་གྲུབ་སྒྲུབ་པ་དང༌། །རྫས་དང་ལས་ཀྱི་སྦྱོར་བ་ཡིས། །གྲུབ་པའི་དགའ་སྟོན་སྤེལ་བའོ། །ཞེས་དོན་རྣམ་པ་བཞིའི་སྒོ་ནས་རྟོགས་པར་བྱ་བ་ལས། དང་པོ་རྗེས་སུ་གནང་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་གཙང་ལ་ཡིད་དང་མཐུན་པར། འཛོམ་ན་ཚེས་གྲངས་ཡར་ངོའི་བརྒྱད་དང༌། གཟའ་སྐར་རྒྱལ་ཕུར་འཕྲད་པ་སོགས་གྲུབ་
པའི་སྦྱོར་བ་ཁྱད་པར་ཅན་འཆར་བའི་དུས་ཀྱི་སྔ་དྲོའི་ཆར་ཁྲུས་དང་གཙང་སྦྲ་ལ་གནས་པས། མཎྜལ་གྱི་ངོས་སུ་བ་དམར་མོའི་མར་དང༌། སྦྲང་རྩི་སྦྱར་བས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ། ལྟེ་བར་ཧྲཱིཾཿ འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་དབྱངས་ཡིག་གཉིས་རེ་བྲི། དེ་སྟེང་འབྲས་དཀར་གྱི་ཕྱེ་མ་དར་ཚགས་ལ་དྲངས་པ་བཀྲམ་ནས་རི་མོ་ཤིན་ཏུ་གསལ་བར་བྱས་པ་སྟེགས་གཙང་མའི་དབུས་སུ་མཉྫིའི་ཁར་བཞག མདུན་དུ་བ་དཀར་དམར་གང་རུང་གི་དཀར་གསུམ་དང༌། སྦྲང་རྩི་བཅས་ནས་དཀར་གྱི་ཕྱེ་དང་སྦྱར་བ་སྦྲུས་པའི་གཏོར་མ་དཀར་ཟླུམ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། མཎྜལ་གྱི་པད་འདབ་སོ་སོའི་ཕྱི་ནས་བསྐོར་བའམ། ཉེ་ལོགས་ཅི་བདེ་བར་བཞག་ཀྱང་རུང་སྟེ། རྒྱུ་གཏོར་མ་ལྟར་ལས་བཅོས་པའི་ཟན་གྱི་ཏིང་ལོ་སློབ་མའི་གྲང་དང་མཉམ་པ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ།། །།གཉིས་པ་དངོས་གཞི་ལ། མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ཏེ་བདག་བསྐྱེད་བཟླས་པ་བཅས་གྲུབ་རྗེས། མདུན་གྱི་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་མདུན་དུ་རིན་པོ་ཆེའི་ས་གཞི་སོགས་ནས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿཡིག་དཀར་པོ། མདུན་བསྐྱེད་དང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་སོགས་ནས། འོད་དཔག་
མེད་ཀྱི་ངོ་བོ་པདྨ་དཀར་དམར་གྱིས་དབུར་བརྒྱན་པར་གྱུར། ཞེས་པའི་བར། རང་གི་སེམས་ཉིད་ཀྱི་ངོ་བོ་དང༌། རང་ཉིད་ཅེས་པའི་ཚིག་དོར། འདི་ལ་མངོན་པར་དབང་བསྐུར་བ་ཞེས་བསྒྱུར་བ་ཙམ་མ་གཏོགས་བདག་བསྐྱེད་ལྟར་གསལ་གདབ། དེ་ནས་མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། སྤྲོ་ན་ཚིགས་བཅད་ཇི་ལྟར་རིགས་པའམ། བསྡུ་ན། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། མཁྱེན་བཟང་རབ་ཏུ་རྒྱས་པའི་པདྨ་དང༌། །ཐུགས་རྗེ་དྲི་མེད་ཟླ་བའི་གདན་ལ་འགྱིང༌། །སྒྲ་དབྱངས་རྒྱ་མཚོའི་པི་ཝང་གསུང་སྙན་གྱིས། །ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་འདུད། །ཅེས་སམ། རྒྱས་པར་ན་བསྟོད་པ་དེ་ཉིད་ཚང་མ་དང༌། གཞན་ཡང་བསྟོད་པ་ཇི་ལྟར་རིགས་པས་བསྟོད་ཅིང་གསོལ་བ་གདབ། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བརླབ། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། མཆོད་བསྟོད་གོང་ལྟར་བྱ། མདུན་བསྐྱེད་ཀྱི་ལྷ་མོའི་སྐུ་གསལ་བར་སྣང་བ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་ཐུགས་རྒྱུད་བསྐུལ་བའི་ཚུལ་གྱིས་ཧྲཱིཾཿདང༌། ཨཱ་ལི་ཅི་ནུས་བཟླས་པའི་མཐར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མས་བདག་དང་རྡོ་རྗེ་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། མ་རིག་པའི་མུན་པ་བསལ་དུ་གསོལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཁྱད་པར་ཅན་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་དེ་བཞིན་དུ་བགྱིའོ་ཞེས་ཞལ་གྱིས་བཞེས་པར་བསམ། དེ་ནས་སློབ་མ་རྣམས་ཕྱི་རོལ་དུ་དྲི་བཟང་པོའི་ཆུས་ཁྲུས་བྱས། ནང་
དུ་འོངས་པ་ན་གདན་དཀར་པོ་འབྲུ་དཀར་གྱིས་པདྨ་འདབ་བརྒྱད་བཀོད་པའི་སྟེང་དུ། རས་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་དང་ལ་ཐོད་བཅས་ཀྱིས་མཛེས་པར་བཀླུབས་ནས་གྲལ་རིམ་བཞིན་ཙོག་པུར་འཁོད་དུ་གཞུག་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་སོགས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ཡོན་ཏན་མཐའ་དག་གི་རྩ་བ་ནི་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་རག་ལས་ཤིང༌། སྤྱིར་ཤེས་རབ་ཀྱི་ངོ་བོ་ནི། བརྟག་བྱའི་དངོས་པོ་ལ་རྗེས་སུ་དམིགས་ནས་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་སེམས་པ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། པྲ་ཛྙཱ་ཞེས་པའི་སྒྲ་ལས་དྲངས་ན། ལེགས་པར་ཤེས་པ་སྟེ་གང་ལ་དམིགས་པའི་ཡུལ་གྱི་མཚན་ཉིད་མ་ནོར་བར་ཁོང་དུ་ཆུད་པའོ། །དབྱེ་ན་ཡུལ་དང་ཡུལ་ཅན་གྱི་སྒོ་ནས་རྣམ་པ་དུ་མར་འགྱུར་བ་ལས། རེ་ཞིག་ཕྱི་ཐུན་མོང་གི་རིག་པའི་གནས་གཏན་ལ་འབེབས་པ་དང༌། ནང་ཐུན་མོང་མ་ཡིན་པ་སྡེ་སྣོད་དང་རྒྱུད་སྡེའི་གནས་གཏན་ལ་འབེབས་པའི་ཤེས་རབ་རྣམ་པ་གཉིས་སུ་འདུ་ཞིང༌། དེ་དག་སྐྱེད་པར་བྱེད་པའི་ཐབས་ཀྱང་ཕྱི་ནང་གི་རིག་པ་དང་གཙུག་ལག་གི་གནས་རྒྱ་ཆེར་ཐོས་པ་དང༌། ཚུལ་བཞིན་དུ་བསམ་པ་དང༌། རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དང༌། ཐོས་པ་འཛིན་པ་དང༌། གཞན་ལ་སྟོན་པ་དང༌། གླེགས་བམ་དང་དེ་ལ་ཉེ་བར་མཁོ་བའི་ཡོ་བྱད་སྦྱིན་པ་སོགས་ཐུན་མོང་བའི་ཐབས་རྒྱ་ཆེར་གསུངས་པ་རྣམས་ལས་མཆོག་ཏུ་གྱུར་བ་ནི། ཤེས་བྱ་ཐམས་ཅད་ལ་དབང་འབྱོར་བར་བྱེད་པ་ལ་གཟུངས་ཀྱི་སྒོ་སྒྲུབ་དགོས་ཤིང༌། དེ་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཨ་ར་པ་ཙ་ན་ལ་སོགས་པ་བསྒོམས་པས་དེའི་དོན་ལ་བཟོད་པ་སྐྱེ་བ་ནི་བཟོད་པའི་གཟུངས་སོ། །དེ་ལ་བརྟེན་ནས་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུར་འགྱུར་བ་ནི་ཆོས་ཀྱི་གཟུངས་སོ། །དེའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་དོན་རྟོགས་པ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་ཡོངས་སུ་བསྡུ་བའི་ཕྱིར་ཆོས་ཐམས་ཅད་སྟོན་པ་དང་སྔགས་སྦྱོར་བ་དོན་ཡོད་པ་ལ་དབང་བ་ནི་སྔགས་ཀྱི་གཟུངས་སོ། །ཞེས་རྣམ་པ་བཞིར་གསུངས་པ་ཇི་བཞིན་དུ་འགྲུབ་པ་ནི་འཕགས་པ་ས་ཆེན་པོ་ལ་གཏོགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཀྱང༌། དེའི་ཉེར་ལེན་དུ་གྱུར་པ་དང༌། ཆ་ཤས་ཅི་རིགས་པ་ཟབ་མོའི་རྣལ་འབྱོར་དང་རིག་སྔགས་ཀྱི་མཐུ་ལ་བརྟེན་ནས་ལས་དང་པོ་པས་ཀྱང་དཀའ་བ་མེད་པར་བདེ་བླག་ཏུ་སྒྲུབ་ནུས་པ་ལ་དགོངས་ནས། སྟོན་པ་བླ་ན་མེད་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཤེས་རབ་རྒྱས་པར་བྱེད་པའི་ལྷ་སྔགས་ཀྱི་རིམ་པ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱི་ནང་ནས་ཆེས་ཆེར་བསྔགས་པ་རྗེ་བཙུན་འཇམ་པའི་དབྱངས་དང༌། འཕགས་མ་དབྱངས་ཅན་མ་གཉིས་སུ་ངེས་ཤིང༌། ཕྱི་མ་ལའང་སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་མང་དུ་བྱུང་བ་ལས་ད་ལམ་འདིར་སྐབས་སུ་བབས་པ་ནི། བཅོམ་ལྡན་འདས་མ་ཉིད་ཀྱིས་དུས་རྟག་ཏུ་ཡོངས་སུ་འཛིན་པར་མཛད་ནས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་དངོས་སུ་སྩལ་བའི་འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མ་ཧཱ་པཎྜི་ཏ་དབྱངས་ཅན་དགའ་བའི་ཞལ་སྔ་ནས་འོངས་པའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ། ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན། རྗེ་བཙུན་ཆེན་པོ་དེ་ཉིད་སྐུ་ན་ཕྲ་མོའི་དུས་དཔལ་ཨེ་ཆོས་འབྱུང་བའི་ལྕགས་རི་མུ་ཁྱུད་ཀྱི་བྱང་ཤར་གྱི་ལྕོག་གཅིག་ཏུ་སྐུ་མཚམས་དམ་པར་བཅད་དེ། འཕགས་མ་སྒྲ་དབྱངས་ལྷ་མོའི་རྣལ་འབྱོར་ཟབ་མོ་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་འཇུག་
ཅིང་ལྡང་བའི་ཚེ། ཡུན་མི་རིང་བ་ཞིག་གི་དུས་སྲོད་ཀྱི་ཐུན་རྫོགས་ཏེ། ནམ་གྱི་གུང་ལ་སྐུ་ཁམས་གསོ་བའི་ཕྱིར་ཅུང་ཟད་མནལ་བའི་ཚུལ་བསྟན་པ་ན་མཆོག་གི་ལྷ་མོས་བྱིན་གྱིས་བརླབས་ཤིང༌། པི་ཝང་གི་སྒྲ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རོལ་མོ་ཆེན་པོས་ཕྱི་ནང་གི་གཉིད་མ་ལུས་པ་སད་པར་མཛད་ནས་ཞལ་མངོན་སུམ་དུ་གཟིགས། དུས་དེ་ཉིད་ནས་བརྩམས་ཏེ་བཅོམ་ལྡན་འདས་མ་ཉིད་ཀྱིས་ཡང་དང་ཡང་དུ་ཞལ་ཉེ་བར་བསྟན་པ་དང༌། ཆོས་ཀྱི་རྣམ་གྲངས་དུ་མའི་ལུང་མཐའ་དག་སྩལ་ཞིང༌། དེ་དག་གི་དུས་ན་རྗེ་བཙུན་ལྷ་མོ་ལ་བསྟོད་པའི་ཚིག་སྦྱོར་ཡིད་འཕྲོག་པ་དུ་མ་མཛད་པ་དག་གི་གཤམ་དུ་དབྱངས་ཅན་དགའ་བའི་པཎྜི་ཏས་སྦྱར་བའོ་ཞེས་འཇིགས་པ་མེད་པའི་སེང་གེའི་སྒྲས་ཞལ་གྱིས་འཆེས་པ་ལྟར་འཇིག་རྟེན་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང༌། བསྟོད་པ་དེ་དག་ཁ་ཏོན་དུ་བྱེད་པ་ཙམ་ལའང་འཕྲལ་དུ་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེས་པའི་གཏམ་རྒྱུད་ངོ་མཚར་ཅན་འབྱུང་བ་དང༌། དཔལ་དེ་ཁོ་ན་ཉིད་འདུས་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་གླེགས་བམ་གྱི་ཕྲེང་བ་བརྒྱ་ཕྲག་བརྒལ་བའི་ལེགས་བཤད་ཐོགས་པ་མེད་པར་རྩོམ་པའང་འཕགས་མ་འདི་ཉིད་ཀྱི་བྱིན་གྱིས་བརླབས་པའི་མཐུ་ཁོ་ན་ལས་བྱུང་བས་ན་བཀའ་བབས་ཀྱི་ཁྱད་པར་གཞན་ལས་རྣམ་པ་དུ་མའི་སྒོ་ནས་འཕགས་ཤིང༌། བརྒྱུད་པ་བར་མ་ཆད་པ་ལས་རིམ་པར་བྱོན་པ་ལགས་པས་དད་པ་དང་ངེས་ཤེས་རྩེ་གཅིག་པས་དྲངས་ཏེ་སློབ་དཔོན་སྒྲ་དབྱངས་ལྷ་མོ་དངོས་སུ་གསལ་བ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །རྗེས་སུ་གནང་བ་སྩལ་དུ་གསོལ། །རྒྱུད་དག་པར་བྱ་
བའི་སླད་དུ་བླ་མ་དང་གཉིས་སུ་མེད་པའི་འཕགས་མ་སྒྲ་དབྱངས་ལྷ་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་ཐུན་མོང་གི་སྐྱབས་སེམས་དང་རྒྱུན་བཤགས་སྔོན་དུ་འགྲོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། འགྲོ་རྣམས་བསྒྲལ་འདོད་སོགས་དང༌། ཤེས་རབ་སྙིང་བརྩེ་སོགས་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། དེ་ནས་རྗེས་གནང་གི་དངོས་གཞིའི་སླད་དུ་ཐུགས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་སྒྲ་དབྱངས་ལྷ་མོ་གཉིས་སུ་མེད་པའི་ཐུགས་ཀའི་ཧྲཱིཾཿཡིག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་ཞུགས། རྐང་མཐིལ་གྱི་བར་ལུས་ཀྱི་ནང་ཐམས་ཅད་ཁྱབ། སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སྦྱངས་ཏེ་ལུས་ཤིན་ཏུ་དག་པའི་ཤེལ་ལྟར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས། ཞེས་བརྗོད་པས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་ས་གཞི་སོགས་ནས། སྙིང་གར་ཐུགས་ཀྱི་ངོ་བོ་ཧཱུྃ་སྔོན་པོ་ཞེས་པའི་བར་མདུན་བསྐྱེད་ལྟར་གསལ་བཏབ། ཧཱུྃ་གི་ནཱ་དའི་རྩེ་མོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾ་དཀར་པོ། སླར་ཡང་སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་བཞུགས་པའི་སྐུ་ལུས་ལ་ཕོག ཡིད་འགུགས་པའི་ལྕགས་ཀྱུའི་རྣམ་པས་སྤྱན་དྲངས། ངང་པའི་རྒྱལ་པོ་ནམ་མཁའ་ལ་གཤེགས་པ་ལྟར་
ཐོགས་པ་མེད་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་སྐུའི་རྗེས་སུ་གནང་བ་ཐོབ། སྐུའི་བྱིན་རླབས་ལུས་ལ་བཅུགས་པའི་མོས་པ་མཛོད། ཅེས་བརྡའ་སྦྱར་ནས། གུ་གུལ་དཀར་པོ་སོགས་དྲི་ཞིམ་པའི་སྤོས་སྦྱར་བས་བདུག་དྲིལ་དུ་གསིལ་ཞིང༌། ཧྲཱིཾཿཨཱ་བེ་ཤ་ཀ་ཨཿཨཱཿ ཞེས་བཟླ། ཡང་སློབ་དཔོན་དང་ཁྱེད་རང་རྣམས་དབྱངས་ཅན་མར་གསལ་བཞིན་པའི་མགྲིན་པར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཾཿ འདབ་མ་རྣམས་ལ་དབྱངས་ཡིག་གཉིས་གཉིས་མར་མེ་ལྟར་འབར་བས་གསལ་གདབ་ནས། སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་མགྲིན་པའི་སྔགས་ཕྲེང་རང་སྒྲ་སྒྲོགས་པ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང༌། ཁྱད་པར་མགྲིན་པའི་འཁོར་ལོ་ལ་ཐིམ་པས་གསུང་གི་རྗེས་སུ་གནང་བ་ཐོབ། གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་མོས་པ་མཛོད། སྤོས་རོལ་དང་སྔགས་བཟླ། རྗེས་འབྲེལ་དུ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛད་པས་སྒྲ་དབྱངས་ལྷ་མོའི་རིག་པའི་བྱིན་རླབས་མ་ལུས་པ་སྩལ་ཞིང་བརྟན་པའི་མོས་པ་མཛོད། ཧྲཱིཾཿཨ་ཨཱ་སོགས། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཾ་ཡིག་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་ལ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང༌། ཐུགས་ཀྱི་རྗེས་གནང་ཐོབ། ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པའི་མོས་པ་མཛོད། སྤོས་རོལ་དང་སྔགས་བཟླ་བ་གོང་ལྟར་བྱ། རྗེས་འབྲེལ་དུ་མར་མེ་འདི་ཉིད་སྒྲ་དབྱངས་ལྷ་མོའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བསྒོམས་ནས་བཞེས་པས་མི་ཤེས་པའི་མུན་པ་ཐམས་ཅད་བསལ། ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད་ཅེས་བརྡའ་སྦྱར་ལ་ཏིང་ལོ་སྦར་བ་མིད་དུ་གཞུག མདུན་གྱི་
མཎྜལ་བླངས་ལ། སྦྲང་རྩི་དང་བ་དམར་མོའི་དཀར་གསུམ་ཅུང་ཟད་སྦྱར་བའི་དྲི་བཟང་པོའི་ཆུས་ཡིག་འབྲུ་རྣམས་མ་ཟུམ་པར་ཧྲཱིཾཿདང་དབྱངས་ཡིག་བཟླ་བཞིན་དུ་ཁྲུས་བགྱིས་པའི་ཁུ་བ་རིན་པོ་ཆེའི་སྣོད་དུ་བླུགས། མཎྜལ་སྔར་བཞིན་དུ་བཀོད། སློབ་མ་ལ་འདི་སྐད་ཅེས་བརྡའ་སྦྱར་ཏེ། དེ་ནས་མཐར་མདུན་བསྐྱེད་ཀྱི་སྒྲ་དབྱངས་ལྷ་མོའི་བྱིན་རླབས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བྱུང༌། ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྗེས་སུ་གནང་བ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་དང་བྲལ་བའི་གཟུངས་ཀྱི་སྒོ་དང་བློ་གྲོས་ཀྱི་སྣང་བ་དཔག་ཏུ་མེད་པ་སྐྱེས་པའི་མོས་པ་མཛོད་ཅེས་བརྗོད་ལ་ཁྲུས་ཆུ་སློབ་མ་རྣམས་ལ་སྦྱིན། མཇུག་གི་ཆོས་དམ་ཚིག་ཁས་བླངས་པ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་ཁ་གསོས་བསང་སྦྱང་བྱིན་རླབས་མཆོད་བསྟོད་གསོལ་གདབ་གོང་ལྟར་བྱ། ཡི་གེ་བརྒྱ་པ་ལན་གསུམ་དང༌། ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་མང་དུ་བརྗོད་ལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿམདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་རྒྱས་པར་སྤེལ་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་ཐབས་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། དང་པོ་སྦྱོར་བ་ནི། ཇི་སྐད་བཤད་པའི་རྗེས་གནང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པས། ར་བ་བཞིའི་ཡང་ངོའི་ཚེས་བརྒྱད་སོགས་ཚེས་གྲངས་གཟའ་སྐར་སྦྱོར་བྱེད་དེ་ཡན་ལག་ལྔའི་འབྲས་བུ་མཆོག་ཏུ་དགེ་བའི་སྔ་དྲོའི་ཆར་གནས་ཁང་གཙང་ཞིང་དབེན་པར་ཕྱག་དར་ལེགས་པར་བྱས།
འཕགས་མའི་བྲིས་སྐུ་ཡོད་ན་དགྲམ། གཏོར་མ་དཀར་ཟླུམ་གཉིས་དང་མཆོད་པ། ཉེ་ལོགས་ཅི་བདེ་བར་ཆངས་བུའི་གཏོར་མ་དང༌། ཆ་གསུམ་བཅས་བཤམ། ཁྲུས་དང་གཙང་སྦྲ་ལ་གནས་པས་ཆ་གསུམ་བཏང་ལ་མཚམས་བཅད། གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བར་དམིགས་ཏེ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་མང་དུ་བརྗོད་ལ་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་མོ་དབྱངས་ཅན་མ་འཁོར་དང་བཅས་པའི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མ་ཛཿས་ཚོགས་ཞིང་སྤྱན་དྲང༌། སྭ་ར་སྭ་ཏཱི་ས་པ་རི་ཝཱ་རེ་ན་མཱ་མི་ཞེས་པས་ཕྱག་བྱ། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་སྡོམ་པ་བཟུང་བ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ལ་ཚོགས་ཞིང་རང་ལ་བསྟིམ། ཡེ་ཤེས་ཀྱི་ཚོགས་བསགས་པའི་སླད་དུ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུར་གྱུར་པར་བསམ་ལ་ཅུང་ཟད་མཉམ་པར་བཞག དེ་ནས་ཚོགས་གཉིས་ཀྱི་རང་
འབྲས་སྒྱུ་མ་ལྟ་བུའི་ལྷའི་འཁོར་ལོ་བསྒོམ་པ་ནི། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པས་མཛེས་པ། གསེར་དང་དངུལ་ལ་སོགས་པའི་མེ་ཏོག་དུ་མ་འབར་བ། བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། རི་དྭགས་སྣ་ཚོགས་རྒྱུག་ཅིང་འཕྱོ་བ། དྲང་སྲོང་དུ་མ་བསམ་གཏན་མཛད་པ། ལྷ་ཕྲུག་སྣ་ཚོགས་རྩེ་ཞིང་འཕྱོ་བའི་གནས། རིན་པོ་ཆེའི་ནེའུ་གསེང་ན་ཟླ་བ་ནོར་བུའི་རྡོ་ལེབ་ཕྱོགས་བཅུར་བཀྲམ་པ། ནོར་བུའི་རྒྱ་མཚོ་དྲི་མ་མེད་པའི་འཇུག་ངོགས་སུ་པྃ་ལས་པདྨ་འདབ་མ་དུ་མ་རྒྱས་པའི་ལྟེ་བར་ཨ་ལས་ཟླ་བ་ཉ་གང་བའི་དཀྱིལ་འཁོར་དྲི་མ་མེད་པ། དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཾཿདཀར་པོ་རྟག་ཏུ་འཆར་བའི་རང་བཞིན་ཅན། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་མ་ཆགས་པའི་འདུག་སྟངས་ཅན། ཞལ་རས་ཟླ་བ་ཤར་བ་འདྲ་བ། སྨིན་འཁྱུག་རི་མོ་བྲིས་པ་འདྲ་བ། སྤྱན་གཉིས་ཨུཏྤལ་ལྟར་བཀྲ་བ། ཟུར་མིག་གི་སྐར་མདའ་གཡོ་བ། མཁུར་ཚོས་དཀར་དམར་མདངས་གསལ་ཞིང་སྙིང་དུ་སྡུག་པ། མགྲིན་པ་སྒེག་ཆགས་ཤིང་དལ་གྱིས་འདུད་པ། ནུ་མ་དཀར་ཟླུམ་འཕྲང་ཞིང་མཐོ་ལ་རྒྱས་པ། ཕྱག་གཡོན་དྲི་ཟའི་པི་ཝང་རིན་པོ་ཆེའི་སྤྲས་པ་འཛིན་པ། གཡས་སོར་གདུབ་ཀྱི་སྒྲ་དང་ལྡན་པའི་སོར་མོའི་ཆ་ཤས་ཀྱིས་པི་ཝང་ཟུང་བ་ལ་བརྩོན་པ། རབ་ཏུ་ཕྲ་ཞིང་སྟ་ཟུར་ལྡེམ་པའི་སྐེད་སྐབས་ཅན། སྐུ་ལུས་རིམ་པར་འཚམ་ཞིང་དཀར་འཇམ་གཞོན་ཤ་རྒྱས་ལ་འཁྲིལ་བག་ཆགས་པ། དཀར་འཇམ་བདེ་བའི་འདུ་བྱེད་ཆགས་པའི་ཞབས་གཉིས་ཅུང་ཟད་ཙོག་པུའི་ཚུལ་གྱིས་བཞུགས་པ། ཡིད་འཕྲོག་པའི་ལྷས་
མ་རིང་ཞིང་རྒྱས་པ་ཕྱེད་གྲོལ་བའི་ཟར་བུས་སྐུ་སྟོད་ཁེབས་ཤིང༌། ཕྱེད་གྱེན་དུ་བཅིངས་པའི་ཐོར་ཅོག་ལ་ཡིད་བཞིན་གྱི་ནོར་བུ་འབར་བ། གསེར་གྱི་ཉག་ཐག་ལ་མངོན་པར་བརྒྱུས་པའི་མེ་ཏོག་སྔོ་དམར་སོགས་ཀྱིས་སྐྲ་མཚམས་མཛེས་པར་སྤྲས་པ། སྙན་གོང་ལ་གསེར་གྱི་མེ་ཏོག་དང༌། ཨུཏྤལ་ལས་སྤྲས་ཤིང༌། སྙན་ལྟག་ཏུ་དར་གྱི་ཅོད་པན་གཡོ་བ། གཞན་ཡང་རིན་པོ་ཆེའི་རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་ལ་སོགས་པའི་རྒྱན་དུ་མས་བརྒྱན་པ། རས་དཀར་པོ་ཡིད་འཕྲོག་པའི་སྟོད་གཡོགས་དང༌། དབང་པོའི་གཞུ་ལྟ་བུའི་སྨད་གཡོགས་ཀྱིས་སྤྲས་པ། མཚར་སྡུག་འོད་ཆགས་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་དུ་གྱུར་པའི་དཔྲལ་བར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པའི་ཨོཾ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་ངོ་བོ་ཧཱུྃ་སྔོན་པོ། ཧཱུྃ་གི་ནཱ་དའི་རྩེར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿཡིག་དཀར་པོ་«་་་་་འདིར་ཡིག་ཆ་ཕྱི་མར་སྙིང་གར་དབྱངས་ཅན་གྱི་འཁོར་ལོ་གསལ་གདབ་པར་གསུངས་ཀྱང༌། རྩ་བའི་ཡི་གེའི་དགོངས་པ་ནི་འདི་ཁོ་ནའོ།། »ལས་འོད་ཟེར་དཀར་པོ་སྣ་བུག་ནས་ཐོན་ཏེ་སྐར་མདའ་འཕངས་པ་བཞིན་སོང་ནས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ། དྲི་ཟའི་བུ་མོའི་གནས། རིག་འཛིན་དགའ་བའི་ཚལ་ན་ལྷ་མོ་དབྱངས་ཅན་མ་རྩེ་འཕྱོལ་ཡེངས་པའི་སྐུ་ལ་ཕོག་པས། ཡིད་འགུགས་ཤིང་ལྕགས་ཀྱུས་དྲངས་པ་ལྟར་ལྷ་མོ་འཁོར་བཅས་གནས་དེ་ནས་འཕུར་ཏེ། དགེས་པ་དང་བཅས་པས་རང་གི་སྟེང་གི་བར་སྣང་ལ་བཞུགས་པར་གྱུར། སྔར་ལྟར་ཕྱག་འཚལ་ཞིང་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པས་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྟེང་གི་བར་སྣང་ནས་མེ་ཏོག་གི་ཆར་
འབེབས། རོལ་མོའི་སྒྲ་སྒྲོག ཡེ་ཤེས་ཀྱི་བདུད་རྩིས་སྐུ་ཁྲུས་གསོལ། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་སྤྱི་བོར་འཁྱིལ་བ་ལས་འོད་ཟེར་གྱི་ཆ་ལས་གྲུབ་པའི་འོད་དཔག་མེད་ཀྱི་ངོ་བོ་པདྨ་དཀར་དམར་གྱིས་དབུར་བརྒྱན་པར་གྱུར། ཅེས་ཡན་ལག་བཞི་རྫོགས་ཀྱི་ཚུལ་དུ་གསལ་བཏབ་ལ་ལྷའི་གསལ་སྣང་ལ་ཡུན་རིང་དུ་མཉམ་པར་བཞག དེས་སྐྱོ་བར་གྱུར་ན་བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཧྲཱིཾཿཡིག་དཀར་པོ་ལས་འོད་ཟེར་དཀར་པོ་མཐའ་ཡས་པ་ཞལ་ནས་འཕྲོས་ཏེ། ཕྱོགས་བཅུ་ཐམས་ཅད་དུ་སོང་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཉན་ཐོས་རང་རྒྱལ། མཁས་པ། གྲུབ་ཐོབ། ལྷ་དང༌། མི་སོགས་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁྱེན་བརྩེ་ནུས་མཐུ་ལ་སོགས་དངོས་གྲུབ་ཐམས་ཅད་དང༌། ཁྱད་པར་དུ་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་འདུས་ནས་རང་གི་ལྟེ་བར་ཐིམ་པའི་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་གང༌། མ་རིག་པའི་མུན་པ་ཐམས་ཅད་བསལ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་དང་བྲལ་བའི་བློ་གྲོས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བསམས་ལ། ཧྲཱིཾཿཡིག་གི་ཕྲེང་བ་ལྟེ་བ་ནས་སྙིང་གའི་བར་དུ་གཡོན་སྐོར་གྱིས་རང་སྒྲ་དང་བཅས་འགལ་མེ་འཁོར་བའི་རྣམ་པ་ལྟ་བུ་ལ་ཡིད་གཏད་ནས། ཧྲཱིཾཿཞེས་པའི་རིག་པ་འབྲུ་གཅིག་པ་ཉིད་བཟླས་པའི་སྐྱོན་རྣམས་སྤངས་ལ་རྩེ་གཅིག་ཏུ་བཟླ། ཐུན་འཇོག་ཁར་གཏོར་མ་འབུལ་བ་ནི། གཏོར་མ་ལ་ཆབ་གཙང་མས་བྲན་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་
གསུམ་གྱིས་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཚོགས་ཞིང་གི་སྐབས་ལྟར་མཆོད། བསྟོད་པ་རྒྱས་བསྡུས་གང་ཤེས་ཀྱིས་བསྟོད། སྒྲ་དབྱངས་ལྷ་མོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་དང༌། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཁྱད་པར་ཅན་སྩལ་དུ་གསོལ། ཞེས་སོགས་ཇི་ལྟར་རིགས་པས་འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མ་གཉིས་པ་བསང་སྦྱང་བྱིན་རླབས་གོང་བཞིན་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཕགས་མ་ནོར་རྒྱུན་མ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཱ་སུ་དྷཱ་རི་ཧཱུྃ་ཛཿ ཨོཾ་པྲ་ཀ་ར་ཛ་མེ་སྭཱ་ཧཱ། ཞེས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གིས་འབུལ། བདག་མིང་འདི་ཞེས་བགྱི་བ་དཔལ་ལྷ་མོ་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ་ཞེས་འདོད་དོན་གསོལ། ཆངས་བུའི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་མདུན་དུ་འཁོད་པར་བསམས་ལ། ན་མསྶརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སྒྲུབ་པ་ལ་བར་དུ་གཅོད་པ་མ་མཛད་ཅིག དཀར་ཕྱོགས་སྐྱོང་བ་མཐུ་དང་ལྡན་པ་རྣམས་ཀྱིས་བར་ཆད་སྲུང་ཞིང༌། དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིག ཅེས་ཕྲིན་ལས་གསོལ། ཡི་གེ་བརྒྱ་པ་དང༌།
ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་མང་དུ་བཟླ། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། གཏོར་མགྲོན་རྟེན་ཡོད་པ་རྣམས་ལ་བརྟན་བཞུགས་དང༌། མེད་པ་རྣམས་བཛྲ་མུཿས་གཤེགས་སུ་གསོལ། སརྦ་བྷཱུ་ཏ་གཙྪས་འཇིག་རྟེན་པ་རྣམས་རང་གི་གནས་སུ་བཏང༌། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་མོས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས་སོགས་ཀྱིས་བསྔོ་སྨོན་དང༌། ཤིས་པ་བརྗོད། ཐུན་མཚམས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བས་སྤྱོད་ལམ་དགེ་བའི་ཕྱོགས་ལ་བརྩོན་པས་སྒོ་གསུམ་དོན་ཡོད་པར་བྱ། ཁྱད་པར་འཕགས་མའི་བྲིས་སྐུའི་མདུན་དུ་ཡན་ལག་བདུན་པ་དང༌། མཎྜལ་དང༌། བསྟོད་པ་བྱིན་རླབས་ཅན་རྣམས་ཀྱིས་བསྟོད་ཅིང་གསོལ་བ་གདབ། བཟའ་བཏུང་ལ་ལོངས་སྤྱོད་པའི་ཚེ་སྙིང་གའི་ཧྲཱིཾཿལས་འོད་ཟེར་འཕྲོས། བརྟན་གཡོ་སྲིད་ཞིའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་དངོས་གྲུབ་མཐའ་དག་སྩོལ་བའི་རྫས་སུ་བསམས་ལ་རོལ། ཉལ་བའི་ཚེ་སྙིང་གའི་ཧྲཱིཾ་ལས་བྱུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང༌། གཏི་མུག་གི་མུན་པ་བསལ་བར་བསམས་ལ་སྣང་བའི་འདུ་ཤེས་ཀྱིས་གཉིད་ལོག ལྡང་བ་ན་འཁོར་གྱི་ལྷ་དང༌། དྲང་སྲོང་དང༌། དྲི་ཟའི་བུ་མོའི་ཚོགས་ཀྱིས་པི་ཝང་གི་སྒྲ་དང་བསྟོད་པའི་གླུས་བསྐུལ་ནས་སད་པར་བསམས་ལ་ཁྲུས་བྱས་ཏེ་རྣལ་འབྱོར་ལ་འཇུག དེ་ལྟ་བུའི་རྣལ་འབྱོར་ཐུན་བཞིའི་རིམ་པས་སྔགས་ཡི་གེ་གཅིག་པ་ཉིད་འབུམ་ཕྲག་ལྔ་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་བསྙེན་ལས་རུང་ཙམ་ཡིན་ལ། ངེས་པར་མཚན་མ་མཐོང་བ་དོན་དུ་གཉེར་ན་འབུམ་ཕྲག་བཅོ་ལྔ་བཟླས་པས། དངོས་སུ་ལྕེ་བདེ་བློ་གསལ་ཐོས་པ་འཛིན་པ་དང༌། རྨི་ལམ་དུ་
བུ་མོ་གཙང་མ་གོས་དཀར་ཅན་གྱིས་ཤེལ་དང་ཐོད་ལེ་ཀོར་གྱི་ཕྲེང་བ་གཏོད་པ། དཀར་གསུམ་སྟེར་བ། མེ་ཏོག་དཀར་པོའི་ཚལ་དུ་རྩེ་བ། ཆུ་གཙང་གི་རྒྱུན་ལས་འཐུང་བ་སོགས་དགེ་བའི་རྟགས་ཅི་རིགས་པ་འབྱུང་ཞིང༌། རིམ་གྱིས་སྨྲ་བའི་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་འགྱུར་རོ། །དེ་དག་གི་སྐབས་སུ་མེ་འབར་བའི་སྔོན་དུ་དུ་བ་འབྱུང་བ་ལྟར། ཡོན་ཏན་སྐྱེ་བའི་སྔ་ལྟས་སུ་བྱིང་རྒོད་དང་ཆགས་པ་ལ་སོགས་པའི་གེགས་ཀྱི་རིམ་པའང་ཅི་རིགས་པ་འབྱུང་སྲིད་པས་གེགས་སེལ་གྱི་གདམས་པ་དང༌། ཡོན་ཏན་སྐྱེས་པ་འཕེལ་ཞིང་བརྟན་པ་དང༌། མ་གྲུབ་པ་གྲུབ་པར་བྱ་བའི་སླད་དུ་བོགས་འདོན་སྤོགས་ཆོག་གི་རིམ་པ་ནི་རྩ་བའི་ཡི་གེ་ལས་ཤེས་པར་བྱས་ལ་ཉམས་སུ་བླང་ངོ༌།«་་་་་སྒྲུབ་ཐབས་འདི་ལ་རྩ་བའི་ཡི་གེ་ལེ་ཚན་གཉིས་སྣང་བའི་སྔ་མ་ནི་རིང་བརྒྱུད་ཐུན་མོང་བ་དང༌། ཕྱི་མ་འདིར་བཤད་པ་ཉིད་པཎ་ཆེན་རང་གི་བཞེད་པ་ཐུན་མོང་མ་ཡིན་པར་སྣང་ལ། སྤྱིར་གཉིས་ཀ་གང་ཉམས་སུ་བླང་ནའང་རུང་བ་ཉིད་དོ། »།གསུམ་པ་རྗེས་ནི། རྟགས་མཐོང་བའམ་གྲངས་རྫོགས་པ་ན་འོག་ནས་འབྱུང་བ་ལྟར་སྦྱིན་སྲེག་བསྙེན་པའི་བཅུ་ཆ་སོགས་ཅི་ནུས་འབུལ། གྲུབ་ན་རྗེས་གནང་གི་སྐབས་ལྟར་མདུན་བསྐྱེད་ཀྱི་མཎྜལ་བཤམས་ལ་སྒྲུབ་མཆོད་བཟླས་པ་དང་བཅས་པ་ཅི་འགྲུབ་བྱས་ལ། མཐར་འཁོར་ལོ་སྦྲང་རྩི་དང་བ་དམར་མོའི་དཀར་གསུམ་སྦྱར་བའི་དྲི་བཟང་གི་ཆུས་ཁྲུས་བགྱིས་པ་དངོས་གྲུབ་ཀྱི་ཚུལ་དུ་ལོངས་སྤྱོད། གང་ལྟར་ཡང་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ལ་མཚམས་གྲོལ་ནས། རྒྱུན་དུའང་ལྷ་མོའི་དམ་ཚིག་ལ་གནས་པས་རྣལ་འབྱོར་ལ་བརྩོན་པར་བྱ། དེ་ལ་རྒྱུན་ཁྱེར་གྱི་བདག་བསྐྱེད་ནི་སྐྱབས་འགྲོ་ནས་བཟླས་པའི་བར་གོང་ལྟར་དང༌། བཟླས་པའི་མཇུག་ཏུ་མཆོད་བསྟོད་འདོད་དོན་གསོལ། ཡི་གེ་བརྒྱ་པ་དང་བཛྲ་ས་ཏྭའི་སྔགས་ཀྱིས་ལྷག་ཆད་ཁ་བསྐང༌། བཟོད་གསོལ། གནས་གསུམ་སྲུང་བ་བསྔོ་སྨོན་ཤིས་བརྗོད་བཅས་
བྱའོ།། །།གསུམ་པ་གྲུབ་པའི་དགའ་སྟོན་སྤེལ་བའི་སླད་དུ་རྫས་ཀྱི་སྦྱོར་བ་སྒྲུབ་པའི་ཚུལ་ལ་གསུམ་ལས། དང་པོ་སྦྱོར་བ་ནི། སྤྱིར་འདི་ལ་རྒྱ་གཞུང་དང་མན་ངག་གི་ཡི་གེ་གཞན་ལས་སྨན་མང་ཉུང་ཅི་རིགས་འབྱུང་ནའང་འདིར་བཤད་པ་ནི། རབ་རྒྱལ་ཕུར་འཛོམ་པའམ། དེ་མིན་རེས་གཟའ་ཕུར་བུ་དར་བའི་ཉིན་ཨ་རུ་ར་གསེར་མདོག«༡» །བ་རུ་ར།«༢» སྐྱུ་རུ་ར།«༣» སྒྲོན་ཤིང་«༤»། གོ་སྙོད་ཀྱི་འབྲས་«༥»བུ། དུག་མོ་ཉུང་གི་འབྲས་«༦»བུ། ལུག་ར་དཀར«༧»་དམར«༨»་སེར་«༩»གསུམ། སྤང་རྒྱན་དཀར་པོ་«་་་་་འདིའི་སྟེང་དུ་པི་པི་ལིང་དང༌། ཤིང་མངར་གཉིས་བསྣན་ན་རྒྱ་གཞུང་ལས་གསུངས་པའི་སྨན་རྣམས་ཀྱང་ཚང་བ་ཡིན་ནོ།། »རྣམས་ཆ་མཉམ་པར་བྱས་ལ། ཞིབ་ཏུ་བཏགས་ནས་དར་ཚགས་ལ་དྲངས་པ་ཚིལ་གྱིས་བཞུས་པ་མ་ཡིན་པའི་ཀ་ར་དང༌། སྦྲང་རྩི་གཙང་མ། བ་དམར་མོའི་འོ་མ་བཅས་སྦྱར་«་་་་་གོང་དུ་བཤད་པ་ལྟར་དངོས་གྲུབ་བླངས་པའི་འཁོར་ལོའི་བདུད་རྩི་དང་སྦྱར་ནའང་ཤིན་ཏུ་ལེགས་པར་སེམས། »ལ་རིལ་བུ་སྲན་སྤོས་ཙམ་དུ་དྲིལ་ནས་གྲིབ་སྐམ་བྱ། གཉིས་པ་དངོས་གཞི་ནི། སྨན་སྦྱོར་རྐྱང་པ་བསྟེན་པས་ཀྱང་ཕན་ཡོན་ཅི་རིགས་པ་འབྱུང་མོད། ལྷ་སྔགས་ཀྱི་མཐུས་བྱིན་གྱིས་བརླབས་ན་རྣོ་ལ་ངར་གྱིས་གདགས་པ་ལྟར་ནུས་པ་མཆོག་དང་ལྡན་པའི་ཕྱིར་སྒྲུབ་པའི་སྦྱོར་བ་བརྩམ་པར་བྱ་སྟེ། རིལ་བུ་རྣམས་རིན་པོ་ཆེའི་སྣོད་དུ་བླུགས་ལ་སྟེགས་བུའི་དབུས་སུ་བཀོད། མཆོད་གཏོར་བཤམ། མཆོད་པ་བྱིན་བརླབ་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་མདུན་རྟེན་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་ས་གཞི་སོགས་ནས། དྲི་མ་མེད་པ། དེའི་སྟེང་དུ་རིལ་བུ་རྣམས་ཧྲཱིཾཿདཀར་པོ་འོད་ཟེར་འབར་བ་དང་བཅས་པ་གྱུར། དེ་ལས་འོད་ཟེར་འཕྲོས་སོགས་ནས། པདྨ་དཀར་དམར་གྱིས་དབུར་བརྒྱན་པར་གྱུར། ཅེས་པའི་བར་གྱིས་ཡན་ལག་བཞི་རྫོགས་སུ་བསྐྱེད།
མཆོད་པ་བསང་སྦྱང་བྱིན་བརླབ། ཐལ་མོ་སྦྱར་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་འཁོར་དང་བཅས་ལ་འབུལ། །བློ་དང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བས་རོལ་མོའི་བར་དུ་དབུལ། བསྟོད་པ་ཅི་རིགས་པས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ། མཁྱེན་བརྩེ་ནུས་པའི་ཡེ་ཤེས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས་ལ་ཧྲཱིཾཿཞེས་ཅི་ནུས་དང༌། ཐུན་མཐར་དབྱངས་གསལ་དང༌། ཨོཾ་ཧྲཱིཾཿམ་ཧཱ་མཱ་ཡཱངྒཻ་མཧཱ་སྭ་ར་སྭ་ཏྱཻ་ན་མཿ ཞེས་དང༌། ཨོཾ་བཱ་གྷཱ་དི་ནི་བཱ་ཙརྨ་ནི་ཡཙྪ་སྭ་ར་སྭ་ཏཱི་མཧཱ་ཤྭ་ཏེ་སྭཱ་ཧཱ། ཞེས་དང༌། ཨོཾ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་བཟླ། སྒྲུབ་ཐབས་ལྟར་གཏོར་མ་གསུམ་ཕུལ། ལྷག་ཆད་ཁ་བསྐང༌། བཟོད་གསོལ། གནས་གསུམ་སྲུང་བ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། ཐུན་ཕྱི་མ་རྣམས་ལ་མདུན་བསྐྱེད་སྔར་ཡོད་གསལ་གདབ་ཀྱི་ཚུལ་དུ་བསྐྱེད་ལ་ཇི་ལྟར་བཤད་པ་བཞིན་ཉམས་སུ་བླངས་ཏེ། དེ་ལྟར་རྨི་ལམ་སོགས་རྟགས་མཚན་དགེ་བ་མཐོང་བའི་བར་དུ་བསྒྲུབ། ཐུན་ཐ་མ་གཏོར་མ་ཕུལ་བའི་རྗེས་སུ། དབྱངས་ཅན་མ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་སྨན་གྱི་རིལ་བུ་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པ་སྟེར་བའི་ནུས་བྱིན་དང་ལྡན་པར་བསམས་ལ། རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ་ཤིས་པ་བརྗོད། གཏོར་མགྲོན་རྟེན་མེད་པ་གཤེགས་སུ་གསོལ་
བ་སོགས་སྐབས་དང་སྦྱར། གནས་གསུམ་བསྲུང༌། བསྔོ་སྨོན་ཤེས་བརྗོད་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་བསྒྲུབས་པའི་རིལ་བུ་ཉིད་རིན་པོ་ཆེ་སོགས་སྣོད་གཙང་མར་རླུང་མི་འཆོར་བར་བྱས་ལ་བཅང༌། ཟླ་བ་གང་ཡང་རུང་བའི་ཡར་ངོའི་ཚེས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་ལྟོ་སྟོང་གི་དུས་སུ་ཁྲུས་བྱས་ལ། རིལ་བུ་ལག་མཐིལ་དུ་བཞག སྟོང་པའི་ངང་ལས་རང་ཉིད་ནི། །སྒྲ་དབྱངས་ལྷ་མོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །བདུད་རྩིས་གང་བའི་བུམ་པ་འཛིན། །ལྷ་རྫས་དར་གྱི་ན་བཟའ་དང༌། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །རིལ་བུ་སྲིད་དང་ཞི་བ་ཡི། །དྭངས་བཅུད་འདུས་པའི་ངོ་བོ་ཉིད། །ཟོས་པས་རྨོངས་པའི་མུན་པ་བསལ། །ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ལ་མིད། དེ་ལྟར་ཚུལ་བཞིན་དུ་བསྟེན་པའི་ཕན་ཡོན་ནི། ཞག་བདུན་ཟོས་པས་དིག་པ་དང༌། །ལྐུགས་པ་གླེན་པ་དག་ཀྱང་འཚོ། །བཅུ་གཅིག་སྐད་བཟང་མགྲིན་པ་བདེ། །ཉི་ཤུས་མི་བརྗེད་གཟུངས་ཐོབ་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །བློ་ནི་མེ་དང་འདྲ་བར་འགྱུར། །རབ་ཏུ་བསྟན་ན་ཚེ་རིང་ཞིང༌། །རྒས་པའི་སྐྱོན་གྱིས་གོས་པ་མེད། །ཅེས་སོ། །གཞན་ཡང་འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས་གསུངས་པའི་དབྱངས་ཅན་གྱི་སྨན་མར་ཚུལ་བཞིན་སྦྱར་བའང་རིག་པ་འདི་ཉིད་ཀྱི་སྒོ་ནས་སྒྲུབ་ན་ཤིན་ཏུ་ལེགས་པར་འགྱུར་རོ། །བཞི་པ་རང་གཞན་ལ་ཕན་པ་སྒྲུབ་པའི་ལས་སྣ་ཚོགས་པའི་རིམ་པ་ནི། རིང་བརྒྱུད་བྲམ་ཟེ་ཕུར་བུའི་མན་ངག་དང་ཐུན་མོང་དུ་གྱུར་པའི་དུག་གཞིལ་
བ་དང༌། བྱིས་པའི་བློ་གྲོས་རྒྱས་པར་སྤེལ་བ་དང༌། དབང་དུ་བྱ་བ་དང༌། ཆོས་པ་ངན་པ་ཚར་བཅད་པ་སྟེ་ལས་བཞི་དང་རྗེས་སུ་འབྲེལ་བའི་མན་ངག་དང༌། སྦྱིན་སྲེག་གི་ཆོ་ག་རྣམས་ལས། སྔ་མ་རྣམས་ནི་ཡིག་རྙིང་གསལ་བྱེད་དང་བཅས་པ་ལས་རྟོགས་པར་བྱ་ཞིང༌། འདིར་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་ཉེ་བར་མཁོ་བའི་སྦྱིན་སྲེག་གི་ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། དུས་བཟང་པོ་ལ་གང་དུ་བྱ་བའི་སར། གཞི་བགེགས་ལ་གཏོར་མ་བཏང༌། ཐབ་ཀྱི་གཞིར་སྟེགས་བུ་ཁྲུ་དོ་གྲུ་བཞིར་བརྩིགས་པའམ། དེ་དང་རྒྱ་མཉམ་པའི་གཞི་ལ་བ་བྱུང་དང་དྲི་བཟང་གིས་བྱུགས། དེར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པ་ཉིས་རིམ་དུ་བསྐོར་བ་ནི་ཐབ་དང་ཁ་ཁྱེར་མུ་རན་ནོ། །དབུས་སུ་དབྱངས་ཅན་གྱི་འཁོར་ལོ་འོག་ཏུ་འཆད་པར་འགྱུར་བ་ལྟར་དང༌། ཁ་ཁྱེར་ལ་པད་འདབ་བཅུ་དྲུག མུ་རན་ལ་རྡོ་རྗེའི་ཕྲེང་བ་བྱས་པའི་ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་རྡུལ་ཚོན་དཀར་པོས་དགང་ཞིང༌། དམར་པོའི་བཅད་ཀྱིས་ཕྱེ། ཐབ་ཀྱི་ཁར་སྲོག་ཆགས་མེད་པའི་ལྕི་བས་ཟླུམ་པོར་བརྩིགས་པའི་ནང་དྲི་ཞིམ་པོའི་ཤིང་གྲུ་བཞི་བསྣོལ་མས་བཀང་བའི་དབུས་སུ། མེ་ཚང་ཏིང་ལོ་དང་བཅས་པ་བྱ། རང་གི་གཡས་སུ་བ་བྱུང་གི་མཎྜལ་གྱི་སྟེང་དུ། བསྲེག་རྫས་ཙནྡན་དཀར་དམར་སོགས་སྤོས་སྣ་ཚོགས་དང༌། མེ་ཏོག་དཀར་སེར། ཏིང་ལོ་གྲངས་ལྡན། ཙནྡན་དཀར་པོ། གླ་རྩི། གུར་གུམ། གི་ཝང་བཞི་ཆ་མཉམ་དུ་སྦྱར་བའི་བཞི་མཉམ་གྱི་ལྡེ་གུ། མངར་གསུམ་མར་དང་སྦྱར་བའི་ཟས་མཆོག་གི་རིལ་བུ་གྲངས་ལྡན། བཞི་མཉམ་དང་མངར་གསུམ་གྱིས་སྦགས་པའི་ཀུ་ཤ། ནས་གྲོ་འབྲས་སྲན་མ་ཏིལ་དཀར་ནག་སོགས་འབྲུ་སྣ་ཚོགས་བསྲེས་པ་དང༌། བ་དམར་
སེར་གྱི་མར་ཁུ་དང༌། ཤིང་ཐོག་སྣ་ཚོགས་རྣམས་བཞག རང་གི་གཡོན་དུ་སྒྲུབ་ཐབས་ལྟར་གཏོར་མ་གསུམ། མེ་ཏོག་ལ་སོགས་པའི་མཆོད་པ། ཉེ་ལོགས་ཅི་བདེ་བར་ཆངས་བུའི་གཏོར་མ། གཞན་ཡང་གསང་ཆུ་དང་མེ་ལྷའི་བསྲེག་རྫས་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་ནི། སྐྱབས་འགྲོ་ནས་བརྩམས་ཏེ། བདག་བསྐྱེད་བཟླས་པར་མཐར་ཐུག་པ་སྔོན་དུ་འགྲོ་བས། བསང་ཆུ་ཨ་མྲྀ་ཏ་བརྒྱའམ་ཉེར་གཅིག་གིས་བསྔགས། རྫས་རྣམས་ལ་གཏོར་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་དང་བསྲེག་རྫས་ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཨརྒྷཾ་ནས་ཤབྡའི་བར་དང༌། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། དེ་ནས་ཐབ་བསང་སྦྱངས་ལ། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་ཐབ་ཁུང་གསེར་བཙོ་མ་ལྟར་འབར་བ། ཁ་ཁྱེར་མུ་རན་དང་བཅས་པ་དངས་གསལ་ཐོགས་པ་མེད་པའི་ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བར་བསམས་ནས། དགེ་འདུན་གྱི་ཚང་མང་ངམ་རྒྱལ་པོའི་ཕོ་བྲང་གི་མེས། ཨོཾ་ཨགྣི་ཛྭ་ལ་རྃ། ཞེས་བརྗོད་ཅིང་སྦར། དེར་རྃ་ལས་དྲང་སྲོང་མེ་ལྷའི་ངོ་བོ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས།«་་་་་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡོབ་ཅིང༌།» ཛཿཧཱུྃ་བཾ་ཧོཿའབར་བའི་རྣམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་ཧ་བྱ་ཀ་བྱ་བ་ཧཱ་ནཱ་ཡ་སྭཱ་ཧཱ། ཞེས་དང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ཕུལ། སླར་ཡང་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་ཙམ་ཕུལ། དེ་ནས་མེ་བསང་སྦྱང༌།
སྟོང་པའི་ངང་ལས་མེ་འབར་བའི་དབུས་སུ། བྲིས་པའི་འཁོར་ལོ་ཉིད་དབྱངས་ཅན་གྱི་འཁོར་ལོ་པདྨ་དཀར་པོ་འདབ་མ་བརྒྱད་པ་ཤིན་ཏུ་རྒྱས་ཤིང་འདབ་མ་འཇམ་པ། ལྟེ་བ་ལྗང་སེར་ཟེའུ་འབྲུ་དམར་སེར་གྱིས་ཡོངས་སུ་བསྐོར་བ། ལྟེ་བའི་སྟེང་ན་ཟླ་བ་ཉ་གང་བ་དྲི་མ་མེད་པའི་དབུས་སུ་ཧྲཱིཾཿདཀར་པོ་མགོ་གྱེན་དུ་བསྟན་པ་ནཱ་ད་དང་བཅས་པ། པད་འདབ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཨཱ་ནས། ཨཾ་ཨཿཞེས་པའི་དབྱངས་ཡིག་བཅུ་དྲུག་མཆོག་ཏུ་དཀར་བ་རིན་པོ་ཆེའི་སྒྲོན་མེ་ལྟར་འོད་གསལ་བ། པད་འདབ་རེ་ལ་གཉིས་གཉིས་གནས་པ་སྟེ། པདྨ་དང་ཟླ་བ་ཡིག་འབྲུ་རྣམས་ཀྱི་འོད་ཟེར་དཀར་པོས་ས་གསུམ་གྱི་མུན་པ་མ་ལུས་པ་སེལ་བར་གྱུར། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་སྣ་བུག་གཡས་ནས་ཕྱིར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་སེམས་དཔའ་ལ། རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་འབར་བ་དང་བཅས་པ་སྤྱན་དྲངས་ཏེ་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། ཨོཾ་པྲི་ཏཱི་དེ་བཱི་ཏཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། དྷཱུ་པེ། གནྡྷེ། ཨཱ་ལོ་ཀེ། བི་ལེ་བ་ནི། ཞེས་པས་མཆོད། ཨོཾ་པྲྀ་ཏཱི་དེ་བཱི་མེ་ཧྲཱིཾཿཏིཥྛ་ཧྲཱིཾཿ མདུན་གྱི་འཁོར་ལོ་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པས་འཁོར་ལོའི་འོད་ལས་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་མོ་སོགས་ནས། ལང་ཚོ་ཅན་དུ་གྱུར་པར་སྒྲུབ་ཐབས་ལྟར་བརྗོད་ལ་གསལ་བཏབ། ཨོཾ་པྲྀ་ཏཱི་དེ་བཱི་ཧྲཱིཾཿཨ་ཨཱ་ནས། ཨཾ་ཨཿལན་བདུན་བརྗོད་པས་བརྟན་པར་བྱ། དེ་ནས་བསྲེག་རྫས་འབུལ་བ་ནི། ཨོཾ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿདཱི་བྱ་དྷཱུ་པེ་ཧཱུྃ་མེ་པྲཛྙཱ་ཝརྡྷ་
མཱ་ནཱ་ཡ་ཨོཾ། ཞེས་པས་བདུག་སྤོས་དང༌། ཨོཾ་པྲྀ་ཏཱི་དེ་བཱི་ཧྲཱིཾཿདཱི་བྱ་པུཥྤེ་ཧཱུྃ་མེ་པྲཛྙཱ་ཝརྡྷ་མཱ་ནཱ་ཡ་ཨོཾ། ཞེས་པས་མེ་ཏོག་དང༌། དེ་བཞིན་དུ་སྔགས་ཐོག་མཐའ་འདྲ་བ་ལས། དཱི་པེ། ཞེས་པས་ཏིང་ལོ་དང༌། པི་ལི་པ་ནི། ཞེས་པས་ལྡེ་གུ་དང༌། ནཻ་ཝི་དྱས་ཟས་མཆོག་དང༌། ཨགྣ་ཡེས་མར་ཁུ་དང༌། ཨ་པྲ་ཏི་ཧ་ཏས་ཀུ་ཤ་དང༌། བཱི་ཛཱ་ཡས་འབྲུ་སྣ་ཚོགས། ཤྲཱི་ཕ་ལཱ་ཡས་ཤིང་ཐོག་སྣ་ཚོགས་རྣམས་འབུལ། གྲངས་ཟས་མཆོག་ལ་འཛིན་ཅིང་ཐུན་རེ་ལ་སྟོང་རྩ་སོགས་འབུལ་ལོ། །མཇུག་ཏུ་སྒྲུབ་ཐབས་ལྟར་གཏོར་མ་གསུམ་ཕུལ་ནས། གཤེགས་གསོལ་གྱི་བར་བྱས་ལ། ཨོཾ་པྲྀ་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྛི་ཏིཥྛ་ཧྲཱིཾཿ ཞེས་བཟླས་པས་དམ་ཚིག་པའི་འཁོར་ལོ་རང་གི་སྙིང་གར་ཐིམ་པར་བསམ། གསུམ་པ་ནི། སླར་ཡང་མེ་ལྷ་ལ་མར་ཁུ་དང་བསྲེག་རྫས་ལྷག་མ་རྣམས་ཨགྣའི་སྔགས་ཀྱིས་ཕུལ། ཨགྣ་ཡེ་གཙྪ། ཞེས་དབྱུ་གུའི་ཕྱག་རྒྱ་ཕྱིར་བསྟན་ནས་གཤེགས་སུ་གསོལ། གནས་གསུམ་བསྲུང༌། བསྔོ་སྨོན་དང་བཀྲ་ཤིས་བྱའོ། །དེ་ནི་རྒྱས་པའི་ཚུལ་ལོ། །དེ་ལས་མཆོད་པའི་སྐབས་རྣམས་བོར་བས་འབྲིང་པོའོ། །ཁ་ཁྱེར་མུ་རན་སྟེགས་བུ་རྣམས་མི་འབྲི་བ་དང༌། བསྲེག་རྫས་རྣམས། ཧྲཱིཾཿམེ་པྲཛྙཱ་ཝརྡྷ་མཱ་ན་ཡ་ཨོཾ། ཞེས་པ་ཁོ་ནས་འབུལ་བ་ནི་བསྡུས་པ་དང༌། ཤིན་ཏུ་བསྡུས་པ་ནི། ཧྲཱིཾཿཞེས་པ་ཁོ་ནས་བསྲེག་རྫས་རྣམས་འབུལ། གཞན་སྔར་ལྟར་རོ། །ཚུལ་འདི་ནི་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་མཁོ་ཆེ་ཞིང༌། སྡིག་སྒྲིབ་ཞི་བ་དང༌། སྒྲུབ་པའི་བོགས་དངོས་སུ་འབྱིན་ཅིང༌། བར་ཆད་ཐམས་ཅད་ཞི་བ་དང༌། ཚོགས་རྫོགས་པ་སོགས་ལྷ་དགྱེས་པའི་ཐབས་བླ་ན་མེད་པ་ཡིན་ཏེ། སྒྲུབ་སྐོར་ཚིགས་བཅད་མ་ལས། རང་དང་གཞན་གྱི་དོན་གྱི་ཕྱིར། །སྦྱིན་སྲེག་བྱས་ན་ལྐུགས་པ་ཡང༌། །སྙན་དངགས་མཁན་དུ་འགྱུར་བར་གསུང༌། །ཞེས་པ་ལྟར་རོ། །འདིའི་བསྙེན་སྒྲུབ་སོགས་ཀྱི་ཚེ་དམ་ཚིག་ནི། སྤྱིར་རང་གིས་ཇི་ཙམ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་
གཞིར་བཞག་ནས། བྱེ་བྲག་ཏུ་སྡིག་པ་སྤང༌། ཚངས་པར་སྤྱོད། རྫུན་མི་སྨྲ། ཤ་ཆང་སྒོག་བཙོང་སོགས་མི་གཙང་བའི་ཟས་དང༌། གདན་དང་སྒ་སྔས་སུ་འཇུག་པ། ལྷྭམ་དང་གོས་རྙིང་སྐྲད་སྙིང་གི་འོག་ཏུ་ཉལ་བ་སོགས་མི་གཙང་བའི་སྤྱོད་ལམ་སྤང༌། གོས་གཙང་མ་གྱོན་ཅིང་ཁྲུས་དང་གཙང་སྦྲ་སོགས་ལ་འབད་པར་བྱའོ། །དེ་ལྟར་ཇི་སྐད་བཤད་པའི་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དང་བཅས་པ་ལ་རྩེ་གཅིག་ཏུ་འབད་པས་ཐོས་པ་འཛིན་པ་དང༌། འཆད་རྩོད་རྩོམ་གསུམ་གྱི་གནས་ལ་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པའི་སྨྲ་བའི་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་འགྱུར་ཞིང༌། མཐར་ཐུག་ཆོས་དང༌། དོན་དང་ངེས་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང་འབྱོར་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་འགྱུར་བ་ཉིད་དོ། །འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་བ། །མཚོ་བྱུང་དགྱེས་པའི་ལམ་གྱི་སྲོལ། །ཤིན་ཏུ་གསལ་བར་ཕྱེ་བའི་དགེས། །འགྲོ་རྣམས་ཀུན་མཁྱེན་ཉིད་གྱུར་ཅིག །ཅེས་པའང་རྩ་བའི་གཞུང་གསལ་བྱེད་དང་བཅས་པའི་དགོངས་དོན་དང་འབྲེལ་བར། རང་གཞན་རྣམས་འཇུག་པ་བདེ་བའི་སླད་འཕགས་མ་འདི་ཉིད་ཀྱི་ཆོས་སྐོར་མང་དུ་ཐོས་ཤིང་མཐོང་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །།
དབྱངས་ཅན་མའི་སྒོམ་བཟླས་ཏམྦུ་རའི་དབྱངས་སྙན།
དབྱངས་ཅན་མའི་སྒོམ་བཟླས་ཏམྦུ་རའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།
ན་མཿསྭ་ར་སྭ་ཏྱཻ། ངག་ལ་དབང་སྒྱུར་ངག་གི་ལྷ། །སྭ་ར་སྭ་ཏཱིའི་སྒྲ་དབྱངས་ལས། །འཁྲུངས་པ་ལེགས་བཤད་སྟོང་གི་གནས། །ཏམྦུ་ར་ཅན་དེས་སྐྱོངས་ཤིག །འདིར་ཐར་པ་མཆོག་གི་གྲོང་དུ་རྩེན་པའི་ཕྱིར་ཡང་དག་པའི་བློ་གྲོས་དང་ངག་སྙིང་ལ་འདོད་པས་རྡོ་རྗེའི་ལྷ་མོ་དབྱངས་ཅན་མ་བསྒྲུབ་པར་སྤྲོ་བའི་གང་ཟག་གིས། གནས་ཤིན་ཏུ་དབེན་པར་གོས་དང་བཟའ་བཏུང་ལ་སོགས་པ་འཚོ་བའི་ཆས་ཐམས་ཅད་གཙང་སྦྲ་དང་ལྡན་པར་བྱས་ལ་དཀར་གསུམ་ལ་སོགས་པའི་མཆོད་གཏོར་བཤམས་ཏེ་ཐོ་རངས་སྔ་བར་ལངས་ནས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་ནས། བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །སྐུ་གཉིས་བདག་ཉིད་སངས་རྒྱས་དང༌། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཡོན་ཏན་བརྒྱད་ལྡན་དགེ་འདུན་ལའང༌། །བྱང་ཆུབ་བར་དུ་སྐྱབས་གསོལ་བས། །ཐུགས་བརྩེས་རྗེས་སུ་སྐྱོང་བར་མཛོད། །སྐྱེ་རྒ་ན་འཆིའི་ཆུ་ཀླུང་ལས། །འགྲོ་བ་འདོན་པར་དམ་བཅའོ། །དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སོང་ནས་ཚོགས་བསགས་པ་ནི། སྐད་ཅིག་ཙམ་གྱིས་རང་ཉིད་ལྷར། །གསལ་བའི་ཐུགས་ཀའི་ས་བོན་གྱི། །འོད་ཟེར་ཀུ་མུད་ལྟ་བུ་སྤྲོས། །ཕྱོགས་བཅུའི་
རྒྱལ་བ་སྲས་བཅས་ཀུན། །སྒྲ་དབྱངས་ལྷ་མོའི་རྣམ་པ་རུ། །མངོན་པར་སྤྱན་དྲངས་མདུན་གྱི་མཁར། །པདྨ་རྒྱས་པའི་སྙིང་པོ་ལ། །དགྱེས་བཞིན་དུ་ནི་བཞུགས་པར་གྱུར། །ན་མཿཤྲཱི་སྭ་ར་སྭ་ཏྱཻ། ན་མཿསརྦཱ་སྥ་ར་དེ་ཝཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་འཚལ་ཞིང༌། འཇིག་རྟེན་ཀུན་ཏུ་རྒྱས་འགེངས་པའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྒྲོན་མེ་དྲི་མཆོག་ཞལ་ཟས་བཟང༌། །སིལ་སྙན་ལ་སོགས་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ཕུལ། །ཇི་ལྟ་ཉིད་དུ་རྣམ་འཕྲུལ་བས། །ངག་དབང་ལྷ་མོ་འཁོར་བཅས་མཆོད། །དགྱེས་པས་ངག་གི་དབང་ཕྱུག་སྩོལ། །ཨོཾ་ཤྲཱི་སྭ་ར་སྭ་ཏི་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་དི་བི་བི་དྷཱ་རྩ་ནཱ་ནི་ཨུཏྐྵེ་པ་ཎཾ་ཀ་རོ་མི། དེ་ནས་རྒྱུན་བཤགས་ལན་གསུམ་བྱ། བཛྲ་མུཿས་ཚོགས་ཞིང་གཤེགས། སྒོམ་བཟླས་དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་སོགས། དངོས་པོའི་རང་བཞིན་རྣམ་དག་པའི། །སྟོང་ཉིད་ངང་ལས་སྒྱུ་མ་བཞིན། །པྃ་ཡིག་ལས་འཁྲུངས་ཆུ་སྐྱེས་དཀར། །འདབ་བ་འབུམ་ཕྲག་བཞད་པའི་སྟེང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་དབུས། །རང་ཉིད་བཅོམ་ལྡན་དབྱངས་ཅན་མ། །
ཡིད་འོང་མཛེས་པའི་སྙིང་པོ་ཀུན། །གཅིག་ཏུ་བྱས་པའི་གཟུགས་འཆང་བ། །སྟོན་མཚན་ཟླ་བ་ལྟ་བུའི་མདོག །བཅུ་དྲུག་ལང་ཚོ་བདོ་བའི་རྩེར། །ཆ་གང་ཞལ་གྱི་དཀྱིལ་འཁོར་དུ། །དཀྱུས་རིང་འཛུམ་པའི་སྤྱན་ཟུང་ལྡན། །དབུ་སྐྱེས་ནག་ལ་སྣུམ་པ་ཡི། །ཐོར་ཚུགས་བཅིངས་ལྷག་ལན་བུ་མཛེས། །གསེར་གྱི་སྐུད་པས་བརྒྱུས་པ་ཡི། །སྔོ་དམར་མེ་ཏོག་ཕྲེང་བ་དང༌། །སྙན་གོང་གསེར་གྱི་པདྨས་བརྒྱན། །ནུ་འབུར་རྒྱས་ཤིང་སྐེད་སྐབས་ཕྲ། །ལྕུག་ཕྲན་ལྟ་བུའི་ཕྱག་གཡས་ཀྱི། །ཕྱག་སོར་རིན་ཆེན་གདུབ་ཀོར་གྱི། །སྒྲ་ལྡན་གྱིས་འཁྲོལ་ཏམྦུ་ར། །རིན་ཆེན་མང་པོའི་ཕྲ་ཚོམ་ཅན། །གཡོན་པའི་ཕྱག་གིས་ཉེ་བར་བརྟེན། །རེག་ན་བདེ་བའི་ལྷ་རྫས་ཀྱི། །སྟོད་གཡོགས་སྨད་གཡོགས་མཛེས་པར་ཀླུབས། །རིན་ཆེན་རིན་ཐང་བྲལ་བ་ཡི། །སྙན་རྒྱན་མགུལ་རྒྱན་དཔུང་གདུབ་དང༌། །ཕྱག་གདུབ་ཞབས་གདུབ་གཡེར་ཁའི་ཕྲེང༌། །དོ་ཤལ་འོག་པགས་ལ་སོགས་པ། །ཀུན་ནས་ཡིད་འཕྲོག་རྒྱན་དང་ལྡན། །ཤེལ་ལྟར་འཚེར་བའི་འོད་དབུས་སུ། །ཞབས་གཉིས་ཙོག་པུས་བཞུགས་པ་ཡི། །ཐུགས་མཆོག་པདྨའི་འདབ་མ་ལྟར། །གྲོལ་བའི་དབུས་སུ་ཨྃ་ཡིག་ལས། །འོད་འཕྲོས་སྣ་བུག་གཡས་ནས་ཐོན། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དག་ནས། །རིན་ཆེན་ཁང་བཟང་ཉམས་དགའ་བར། །བཞུགས་པའི་བཅོམ་ལྡན་འདས་མ་ཡི། །ཤངས་བུག་གཡོན་དུ་ཉེ་བར་ཞུགས། །ཐུགས་ཀའི་འཁོར་ལོར་རེག་མ་ཐག །དེ་ཉིད་ཟླ་བའི་དཀྱིལ་འཁོར་ལྟར། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེ། དཱི་པེ། གནྡྷེ། ནཻ་ཝི་དྱ་རྣམས་ལའང་སྦྱར་ནས་མཆོད། པྲྀ་ཏཱི་དེ་ཝཱི་མེ་ཏིཥྛ་ཧྲཱིཾཿ དེ་ལྟར་བསྐུལ་བས་འཁོར་ལོ་ཆེ། །འོད་དུ་གྱུར་ནས་སྣ་བུག་གཡོན། །བརྒྱུད་དེ་སྙིང་གི་པདྨོའི་དབུས། །ཨོཾ་དང་དབྱེར་མེད་གནས་པར་གྱུར། །ཅེས་ལྷ་སྐུ་བདེ་བ་ཆེན་པོ་དང་ཐུགས་ཀའི་འཁོར་ལོ་ལ་སེམས་རྩེ་གཅིག་
ཏུ་མཉམ་པར་བཞག དེ་ཡང་རང་གི་སྙིང་པདྨ་འདབ་བརྒྱད་ཁ་བྱེ་བ་ཁ་དོག་དཀར་པོ་ཟེའུ་འབྲུ་དམར་སེར་ཉི་འོད་འཕྲོ་བ་འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་དང་ཟེའུ་འབྲུའི་དབུས་སུ་ཧྲཱིཾཿཤེལ་ལྟར་དངས་པ་ཟླ་བ་ལ་གནས་པའི་འཁོར་ལོ་ཉིད་ལ་དམིགས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་སྐྱོ་ན་བཟླས་པ་བྱ་སྟེ། ཐུགས་ཀའི་ཧྲཱིཾཿལས་ཧྲཱིཾཿཡིག་བར་མེད་འཕྲོས། །མུ་ཏིག་ཕྲེང་བ་ལྟ་བུར་ཞལ་ནས་ཐོན། །བདེ་གཤེགས་སྲས་དང་བཅས་པའི་བྱིན་རླབས་དང༌། །བློ་གྲོས་ཆེན་པོ་རྣམས་ཀྱི་ཤེས་རབ་རྩལ། །དྲེགས་ལྡན་དབང་པོ་རྣམས་ཀྱི་གཟི་བྱིན་མཐུ། །རྩི་སྨན་རིན་པོ་ཆེ་ཡི་ནུས་པར་བཅས། །འོད་ཀྱི་རྣམ་པར་བསྡུས་ནས་ས་བོན་རྒྱུན། །ལྟེ་བ་ལ་ཞུགས་རྩ་བའི་ས་བོན་ལ། །ཐིམ་པས་ཆོས་རྣམས་ཀུན་གྱི་དོན་དཔྱོད་པའི། །ཤེས་རབ་ཟབ་བརྟན་མྱུར་ཞིང་གསལ་བ་དང༌། །སྡེ་སྣོད་བསྟན་བཅོས་འཛིན་ཅིང་འཆད་པ་དང༌། །རྩོད་དང་རྩོམ་སོགས་ཁྱད་པར་འཕགས་པ་ཡི། །ངག་དང་བློ་གྲོས་ཐོགས་པ་མེད་པར་གྱུར། །དེ་ལྟར་བསྒོམས་ལ་ཧྲཱིཾཿཞེས་པའི་སྙིང་པོ་ཤུབ་བུའི་ཚུལ་གྱིས་བཟླ་བར་བྱའོ། །དེ་ནས་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། དཀར་གསུམ་གྱི་བཟའ་བཏུང་གཙང་སྦྲ་དང་བཅས་པས་རིན་པོ་ཆེའི་སྣོད་དུ་བཤམས་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་ཆེན་སྣོད་ཀྱི་ནང༌། །འབྲུ་གསུམ་ལས་བྱུང་བདུད་རྩིའི་རྒྱ་མཚོ་ཆེ། །ཟག་པ་མེད་པའི་རོ་མཆོག་སྐྱེད་ནུས་པ། །དཔག་ཡས་མཆོད་པའི་སྤྲིན་ཕུང་འཕྲོ་བར་གྱུར། །རང་ཉིད་འཕགས་མའི་ཐུགས་ཀ་ནས། །འོད་འཕྲོས་སྒྲ་དབྱངས་ལྷ་མོ་ཉིད། །འཁོར་གྱི་དཀྱིལ་འཁོར་དང་བཅས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། །པད་ཟླའི་གདན་ལ་དགྱེས་རོལ་པའི། །ལྗགས་ཀྱི་པདྨའི་འོད་ཟེར་གྱིས། །བདུད་རྩི་དྲངས་
ནས་གསོལ་གྱུར་པས། །སྐུ་གསུང་ཐུགས་མཆོག་མཉེས་པར་གྱུར། །སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། མཆོད་པ་རྣམས། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ཏེ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །ཞེས་སོགས་ཀྱི་མཐར། ངག་དབང་ལྷ་མོ་འཁོར་དང་བཅས་རྣམས་མཆོད་ཅེས་དང༌། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་སོགས་སྦྱར་ཏེ་མཆོད། གཞན་ཡང༌། རབ་འབྱམས་རྒྱ་མཚོ་མུ་མཐའ་མེད་པའི་དཀྱིལ་འཁོར་དུ། །མངོན་པར་འདོད་པའི་གཟུགས་མང་ལྡན་པའི་མཆོད་པའི་དཔྱ། །མཁོ་རྒུའི་འབྱོར་པ་མ་ཚང་མེད་པའི་འདོད་ཡོན་གང༌། །ཚངས་སྲས་ལྷ་མོ་དགྱེས་པ་སྐྱེད་ཕྱིར་དབུལ་བར་བགྱི། །བི་པུ་ལ་ཀཱ་མ་གུ་ཎ་ཞེས་སྦྱར་བས་ཀྱང་མཆོད་དོ། །བསྟོད་པ་དྲང་སྲོང་ཕུར་བུས་མཛད་པ་དེའམ་ཡང་ན། ཤྲཱི་ཛ་ཡནྟུ། བཅོམ་ལྡན་ངག་གི་དབང་ཕྱུག་མར། །བདག་གི་སྙིང་ལ་དད་པའི་ཤུགས། །རྣམ་པར་རྒྱས་པའི་ས་བོན་ལས། །འཁྲུངས་པའི་བསྟོད་དབྱངས་སྙེ་མས་མཆོད། །སྙན་དངགས་མཁན་དབང་བྱེ་བ་ཡིས། །བསྟོད་པའི་ཆུ་ཀླུང་བར་མེད་དུ། །འཐུངས་བའི་ལང་ཚོའི་རྦ་རླབས་ཅན། །ཁྱོད་ཀྱི་རྒྱ་མཚོའི་རྗེས་སུ་འགྲོ། །མཐའ་ཀླས་རྒྱལ་བའི་མཁྱེན་རབ་གང༌། །གཅིག་ཏུ་བསྡུས་པ་ལས་སྐྱེས་པའི། །སྐྱེ་དགུའི་ལེགས་བྱས་མཁའ་ལམ་དུ། །ཟླ་བའི་སྣང་བརྙན་ཁྱོད་ཀྱིས་བཟུང༌། །དུང་དང་ཀུནྡ་ཟླ་འོད་ཀྱིས། །ལན་བརྒྱར་བྱུགས་པའི་བཞིན་རས་ལས། །ཀུན་དགའི་བདུད་རྩི་འབུམ་འཕྲོ་བ། །སྲིད་པའི་རིམས་ནད་སེལ་བའི་སྨན། །ཨུཏྤལ་འདབ་མ་ལྟར་མཛེས་པའི། །ཟུར་མིག་གློག་གི་རྩེ་དགའ་ཡིས། །དད་པས་མྱོས་ལྡན་མཁུར་ཚོས་ལ། །བློ་གྲོས་ཆགས་ཚོན་ཅི་ཡང་གསལ། །བིམྦའི་ཡལ་འདབ་མཆུ་ཉིད་ལ། །ཚེམས་དཀར་ཟླ་བའི་ཕྲེང་བ་སྟེ། །རོལ་པའི་གར་མཁན་སྨིན་ཁྱུད་ཀྱི། །དཔལ་འདི་ལ་ནི་ཉེ་བར་བརྟེན། །
མིག་སྨན་ལྟར་གནག་འོད་ཆགས་པའི། །ཐོར་ཚུགས་མཚན་མོ་ཟླ་ཚེས་དང༌། །འགྲོགས་པའི་ཆུ་སྐྱེས་རྒྱན་ཕྲེང་གི །ཟློས་གར་ཉིན་བཞིན་རབ་ཏུ་རྒོད། །ཟུར་མདས་བརྟན་པ་འཕྲོག་པའི་སྙན། །རིན་ཆེན་རྣ་རྒྱན་འོད་འབར་བ། །ལྟོ་འགྲོའི་དབང་པོ་ལྟར་འཁྱིལ་བའི། །ལྕིད་ཀྱིས་བརླིང་པར་བྱས་པ་བཞིན། །འདོད་པའི་མྱོས་བུམ་གཟེངས་མཐོ་བ། །ཕན་བདེའི་འདོད་འཇོ་བུམ་པ་བཟང༌། །ཟུང་གིས་མངོན་པར་རྟེན་བྱས་པའི། །མགྲིན་པ་བཀྲ་ཤིས་དུང་དང་མཚུངས། །དབང་པོའི་གཞུ་ལྟར་འཁྱོག་པ་ཡི། །སྐེད་སྐབས་ཕྲ་མོ་མཁའ་དབྱིངས་སུ། །སྦེད་པར་བཞེད་ན་ནི་ཏམྦ། །རྣམ་པར་རྒྱས་འདིས་ཅི་ཞིག་བྱ། །ཀུན་ནས་ལང་ཚོའི་ཆ་གང་བའི། །སྣང་བརྙན་འཁྱིལ་བག་ཆགས་པ་དང༌། །རིམ་པར་འཚམ་པ་འདི་ཡིས་ཀྱང༌། །སྲེད་པའི་དངོས་པོ་འཇོམས་པར་བྱེད། །གཡོན་པའི་ཕྱག་གིས་ཏམྦུ་ར། །གླང་པོའི་སྣ་ཞགས་ལྟ་བུ་ཡི། །ཕྱག་གཡས་རིན་ཆེན་གདུབ་ཀོར་གྱི། །སྒྲ་ལྡན་སོར་མོས་ཉེ་བར་སྐུལ། །སྟོང་ཉིད་རྒྱུད་ལས་དྲངས་པའི་སྒྲ། །དབྱངས་བདུན་རྫོགས་པའི་གླུ་སྙན་གྱིས། །གྲོང་ཚིག་སྨྲ་བྱེད་ཕང་འགྲོའི་ཁྱུ། །ཁེངས་པའི་དངོས་པོ་མ་བསྡུས་སམ། །སྤྲིན་དཀར་གཞོན་ནུའི་དགྲ་ཟླ་ཡི། །སྟོད་གཡོགས་ཕང་ཕུང་གཡོ་བ་ལས། །ནོར་བུ་མང་པོའི་དོ་ཤལ་དང༌། །དཔུང་རྒྱན་སྐ་རགས་ཆར་དུ་བསྙིལ། །འཇའ་ལྟར་བཀྲ་བའི་སྨད་གཡོགས་ཀྱིས། །བཀླུབས་པའི་ཞབས་ཟུང་ཆགས་པའི་སྟབས། །ཟླ་བའི་དཀྱིལ་འཁོར་ལ་བཀོད་པ། །འཇིག་རྟེན་གསུམ་གྱི་བླ་ན་མཛེས། །གསེར་མངལ་ཅན་དང་མིག་སྟོང་ལྡན། །ཁྱབ་འཇུག་དྲག་པོ་ཆུ་ལྷ་སོགས། །མཆོད་འོས་རྣམས་ཀྱང་ཁྱོད་ཞབས་ཀྱི། །རྡུལ་ཕྲན་མཆོད་པས་དག་པར་འགྱུར། །ཁྱོད་ནི་སྣ་ཚོགས་གཟུགས་ཅན་ཏེ། །སྭ་ར་སྭ་ཏཱིའི་སྒྲ་ལྡན་མཚོར། །ཚངས་པའི་སེམས་ཀྱང་གཡོ་བྱེད་པའོ། །རབ་སྙན་དབྱངས་ཀྱི་གཟུགས་མང་འཛིན། །མེས་
པོའི་ཞལ་གྱི་པད་ཚལ་དུ། །པུཎྜ་རཱི་ཀ་ཁྱོད་འཁྲུངས་ཚེ། །ཕྱོགས་ཀྱི་སྒེག་མོའི་རྣ་བ་ལ། །སྙན་དངགས་མེ་ཏོག་ཅི་ཡང་དར། །གསུང་གི་དབང་ཕྱུག་པདྨ་ཅན། །ཞལ་གྱི་མཆེ་བ་ལས་ཐོན་པས། །སྲིད་ཞིའི་སྒྲ་ལ་དབང་སྒྱུར་སླད། །ངག་གི་དབང་ཕྱུག་ཁྱོད་ཁོ་ན། །མཁའ་ལྟར་ཟབ་ཅིང་སྤྲོས་པ་ལས། །བརྒལ་ཡང་སྤྲོས་པ་སྣ་ཚོགས་ལྡན། །སྙིང་བརྩེའི་བདག་ཉིད་ལྷ་མོ་ལ། །མི་ཕྱེད་ཡིད་ཀྱི་འདབ་བརྒྱ་གྲོལ། །ཡོན་ཏན་མ་ཤེས་འདི་བསྔགས་པའི། །མཐུ་ལས་སྐྱེ་དང་ཚེ་རབས་སུ། །ཁྱོད་ཉིད་བསྔགས་པའི་སྙན་དངགས་མཁན། །སྨྲ་བའི་དབང་ཕྱུག་ཉིད་གྱུར་ཅིག །ཅེས་པས་བསྟོད། དེ་ནས་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། ཐུགས་རྗེའི་དབང་ཕྱུག་འཕགས་མ་འཁོར་དང་བཅས་རྣམས་ཀྱིས། །བདག་ལ་བྱང་ཆུབ་སྙིང་པོའི་བར་དུ་རྗེས་དགོངས་ནས། །ངག་དང་ཡིད་ལ་གཉིས་སུ་མེད་པར་དགྱེས་རོལ་ཞིང༌། །དངོས་གྲུབ་རྣམ་གཉིས་འབད་པ་མེད་པར་སྩལ་དུ་གསོལ། །ཁྱད་པར་མཁས་པ་དགའ་སྐྱེད་འཆད་པའི་བློ་གྲོས་དང༌། །ཕྱོགས་ལས་རྣམ་རྒྱལ་རྩོད་པའི་བློ་གྲོས་འཇིགས་མེད་དང༌། །སྙན་དངགས་ཕུན་ཚོགས་ཐོག་མེད་རྩོམ་པའི་བློ་གྲོས་དང༌། །མྱུར་བདེ་མི་བརྗེད་འཛིན་པའི་བློ་གྲོས་བདག་ལ་སྩོལ། །ཆོས་རྣམས་མ་ལུས་སྐྱེ་སོགས་མཐའ་བརྒྱད་རྣམ་སེལ་ཞིང༌། །གང་དུ་མིག་གནས་གནས་པ་མེད་པར་གྱུར་པའང་མིན། །རྟེན་ཅིང་འབྲེལ་འབྱུང་དངོས་པོའི་སྣང་ཚུལ་འགགས་མེད་པ། །རྣམ་པར་འབྱེད་པའི་ཤེས་རབ་སྩལ་ཞིང་གེགས་མེད་མཛོད། །དེ་ནས་ཉེས་ལྟུང་གི་ཚོགས་རྣམས་ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་པྲྀ་ཏཱི་དེ་ཝཱི་མུཿཞེས་པས་གཏོར་མགྲོན་གཤེགས། བདག་གི་ལེགས་བྱས་འདི་ཡི་མཐུས། །ཆོས་རྣམས་ཀུན་ལ་ཐོགས་མེད་ཀྱི། །བློ་གྲོས་ཕུན་ཚོགས་
སྤོབས་པ་མྱུར། །ངག་དབང་ལྷ་མོ་མྱུར་འགྲུབ་ཤོག །ཅེས་དགེ་བ་བསྔོ། །ཐུན་མཚམས་སུ་ལྷ་མོའི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས་སྤྱོད་ལམ་བསྐྱང་བར་བྱའོ། །འདིར་བཟླས་པའི་གྲངས་དང་མཚན་མའི་ངེས་པ། གེགས་སེལ་སྤོགས་ཆོག་ཁ་སྐོང་སྦྱིན་སྲེག་སོགས་ནི་བྲི་བར་མ་ལྕོགས་པས། ཡིག་ཆ་གཞན་ལས་ཤེས་པར་བྱོས་ཤིག ཅེས་པ་འདི་གཏེར་ཆེན་རོལ་པའི་རྡོ་རྗེའི་དབོན་པོ་ཨོ་རྒྱན་ལྷུན་གྲུབ་ཀྱི་བཞེད་པ་བཞིན་དུ། ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བསྟན་པའི་ཉིན་བྱེད་ཀྱིས་མཚོ་གཞུང་སྒར་ཆེན་དུ་སྦྱར་བའོ། །སརྦ་མངྒ་ལཾ།། །།
དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས།
དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ན་མོ་གུ་རུ་སྭ་ར་སྭ་ཏྱཻ། རྒྱལ་ཀུན་«་་་་་ཤློ་ཀ་འདི་གསར་བྲིས། »གསང་གསུམ་ཡེ་ཤེས་སྒྱུ་མའི་འཕྲུལ། །མཛེས་སྡུག་ཉམས་བརྒྱ་རྫོགས་པའི་སྨིན་ལེགས་མར། །ཡོངས་ཤར་བློ་གྲོས་བྱེ་བའི་གཏེར་མཛོད་མཆོག །རང་བྱུང་དབྱངས་ཀྱི་རྒྱལ་མོར་གསོལ་བ་འདེབས། །སྒྲ་དབྱངས་ལྷ་མོ་གསུང་གི་དབང་ཕྱུག་མས། །དངོས་སུ་རྗེས་བཟུང་བིཀྵ་པ་ར་མ། །བདེ་གཤེགས་སྲུང་བའི་དཔལ་དང་ཛ་ཡ་ཀ །འོད་བྱེད་འབྱུང་གནས་རྣམས་ལ༴ །ཁ་ཆེ་པཎ་ཆེན་དཱ་ན་ཤཱི་ལ་དང༌། །ས་སྐྱ་པཎ་ཆེན་རྒྱལ་ཚ་ལུང་མང་པོ། །ཡོན་ཏན་ཁྲི་དང་སིཾ་ཧ་བྷཱ་དྲའི་ཞབས། །སེང་གེ་རྒྱལ་མཚན་རྣམས་ལ༴ །རྒྱལ་བ་མཆོག་དབྱངས་ནམ་མཁའ་བསོད་ནམས་དང༌། །བྱམས་བརྩེའི་མངའ་བདག་ཆོས་ཀྱི་རྒྱལ་མཚན་དཔལ། །དྭགས་སྟོན་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཞབས། །བློ་གསལ་རྒྱ་མཚོ་རྣམས་ལ༴ །བོད་མཁར་«་་་་་འདི་ནས་ཚིག་རྐང་བདུན་རྨོར་ཆེན་གྱི་གསུང༌། »ཆོས་རྗེ་རྗེ་བཙུན་མཻ་ཏྲི་པ། །གཞོན་ནུ་ཆོས་དཔལ་དཔལ་འབྱོར་ལྷུན་གྲུབ་རྗེ། །ཆོས་དབྱིངས་རང་གྲོལ་རྒྱལ་དབང་རྡོ་རྗེ་འཆང༌། །བློ་བཟང་རྒྱ་མཚོ་རྣམས་ལ༴ །མཚུངས་མེད་ཆོས་རྗེ་དགེ་བའི་དབང་པོའི་ཞབས། །ངག་དབང་སྦྱིན་པ་བློ་གྲོས་དབང་ཕྱུག་དང༌། །
རྗེ་དཔོན་བློ་གསལ་འཇམ་དབྱངས་ཕུན་ཚོགས་རྗེ། །ཀུན་དགའ་«་་་་་འདི་ནས་ཚིག་རྐང་ལྔ་གསར་བྲིས་»ལྷུན་གྲུབ་རྣམས་ལ༴ །སློབ་བཤད་བསྟན་པའི་བདག་པོ་གནས་གསར་པ། །ངག་གི་དབང་ཕྱུག་ཀུན་དགའ་བློ་གྲོས་ཞབས། །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །ངག་དབང་ལྷ་མོ་མཆོག་གི་མཁྱེན་བརྩེ་ཡིས། །བདག་བློའི་མུན་ནག་ཐམས་ཅད་རབ་བཅོམ་ནས། །བློ་གྲོས་སྣང་བ་རྒྱས་པར་བྱིན་གྱིས་རློབས། །ཞེས་སྒྲ་དབྱངས་ལྷ་མོ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་འདི་ནི་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཀུན་དགའ་ལེགས་གྲུབ་ཀྱི་ངོར་བློ་གསལ་དབང་པོས་གནས་གསར་བོ་དོང་ཨེའི་གཙུག་ལག་ཁང་དུ་སྦྱར་བའོ། །ཞེས་པ་འདི་ལ་ཁ་སྐོང་སོགས་དགོས་ངེས་ཁ་ཤས་མཆན་གསལ་ལྟར་གུ་ཎ་པས་གསར་དུ་བྲིས་པ་དགེ་ཞིང་བཀྲ་ཤིས། །སརྦ་དཱ་མངྒ་ལཾ།། ༈ །རྗེ་བཙུན་ལྷ་མོ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས། བླ་མ་དང་རྗེ་བཙུན་དབྱངས་ཅན་མ་
ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་དབྱངས་ཅན་བསྒྲུབ་པར་འདོད་པའི་གང་ཟག་གིས། འོག་ནས་འབྱུང་བའི་རྗེས་གནང་ནོད་པར་བྱ་སྟེ། གནས་ཡིད་དང་མཐུན་པར་བའི་ལྕི་བ་ས་ལ་མ་ལྷུངས་བས་ལེགས་པར་བྱུག མཎྜལ་མདའ་གང་གྲུ་བཞི་པ་བྱས་རང་ཉིད་ལུས་དྲི་བཟང་གིས་བྱུག རིན་པོ་ཆེའམ་རྫའི་བུམ་པར་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་ཆུ་བླངས་ལ་བླུག རིན་ཆེན་ལྔ། འབྲུ་ལྔ། བཟང་པོ་དྲུག སིནྡྷཱུ་ར་རྣམས་མེ་ལོང་གི་ནང་དུ་ལེགས་པར་སྦྱར་ལ་བུམ་པར་བླུགས། དར་ལེ་བརྒན་ཁ་གང་གིས་ཁ་གཅོད་པར་བྱའོ། །དེ་ནས་ཐོག་མར་སྐྱབས་འགྲོ་ལན་གསུམ་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཤེས་རབ་ཕུན་སུམ་ཚོགས་པ་རྒྱས་པར་བྱ། དེའི་ཆེད་དུ་ལྷ་མོ་དབྱངས་ཅན་བསྒོམ་སྙམ་དུ་སེམས་བསྐྱེད། མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། མཆོད་པ་རྒྱ་ཆེན་པོ་དངོས་བཤམས་ཡིད་ཀྱིས་སྤྲུལ་པས་མཆོད། ཡན་ལག་བདུན་པ་ཚར་གསུམ་བྱ། ཚད་མེད་བཞི་བསྒོམ། དེའི་རྗེས་ལ། སྭ་བྷཱ་ཝ་བརྗོད་དེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསམ། སྟོང་པའི་ངང་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་རང་སེམས་ཧྲཱིཾ་དམར་པོ་ཞིག་ཏུ་གྱུར་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་གསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མེ་ལོང་ཞིག་ཏུ་གྱུར། དེ་འོད་དུ་ཞུ་བ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་བྱེ་རུའི་མདོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་པས་ཡེ་ཤེས་ཀྱི་མེ་ལོང་བསྣམས་པ། ཞབས་གཡས་བརྐྱངས་གཡོན་བསྐུམས་པ། ནུ་མ་འབུར་ཞིང་རྒྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། མགུལ་རྒྱན། ཕྱག་གདུབ། སྐ་རགས་དོ་ཤལ་ལ་
སོགས་པས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ལྷབ་ལྷུབ་ཏུ་གསོལ་བ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ། ཞི་བ་དང༌། འཛུམ་པ་དང་སྒེག་པའི་ཉམས་དང་ལྡན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་བསམ། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་རང་གིས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པས་མཆོད་ནས། ཛཿཧཱུྃ་བཾ་ཧོཿཞེས་པས་རང་ལ་གཉིས་སུ་མེད་པར་བསྟིམ། དེའི་རྗེས་ལ་མདུན་གྱི་བུམ་པའི་ནང་དུའང༌། ལྷ་མོ་བདག་བསྐྱེད་བཞིན་དུ་བསྐྱེད་ནས། ཡེ་ཤེས་སྤྱན་དྲངས་པ་སྔར་བཞིན་བྱ། དེ་ནས་མདུན་གྱི་ལྷ་མོ་ལ་མཆོད་པ་བཤམ་པའམ། མེད་ན་ཡིད་ཀྱིས་བསམས་ལ་ཨརྒྷཾ་ལ་སོགས་པས་མཆོད་ནས། རང་དང་མདུན་གྱི་ལྷ་མོ་གཉིས་ཀའི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾ་དམར་པོ། དེའི་མཐར། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿསྭཱ་ཧཱ། ཞེས་པས་བསྐོར་བ། དེ་ཀློག་པའི་ཚུལ་དུ་སྔགས་བཟླ་ཞིང༌། དེའི་ཚེ་ཡིག་འབྲུ་དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་མ་རིག་པའི་མུན་པ་ཐམས་ཅད་སངས་ཀྱིས་དག་ཅིང༌། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱ་ཆེན་པོ་རྒྱས་པར་བསམ་ཞིང་བསྙེན་པ་འདི་འབུམ་བྱ། དེ་ནས་ཐུན་འཇོག་ཁར་ལྷ་མོ་བུམ་པ་ལ་བསྟིམ། ཐུན་མཚམས་སུ་ལྷ་མོའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་ཐམས་ཅད་དུ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་རང་རྒྱལ་པཎྜི་ཏ། གཞན་ཡང་ཡུལ་ཕྱོགས་ཀྱི་ཤེས་རབ་ཆེ་ཟེར་བ་དང༌། ཆོས་མཁས་ཟེར་བ་
ཐམས་ཅད་ཀྱི་ཤེས་རབ་ཐམས་ཅད་ཧྲཱིཾཿཡིག་གི་རྣམ་པར་བསྡུས། རང་གི་སྙིང་གར་ཐིམ་པས་ལུས་ཐམས་ཅད་འོད་ཀྱིས་གང་བར་བསམ་ཞིང་ཤེས་རབ་ཕུན་སུམ་ཚོགས་པ་དེ་དག་དང་ལྡན་པར་བསམ་མོ། །ཡང་དང་ཡང་དུ་བྱའོ། །མཚམས་ཞག་བདུན་པོ་དེ་ལས་མི་དགོས་སོ། །འདི་ནི་གཞན་དང་ཁྱད་པར་ཡོད་པའོ། །གཞན་དང་འདྲ་ན་ཁྱད་པར་ཆུང༌། །ཀུན་ལ་ཡོད་ན་ཁྱད་ཆོས་མིན། །མང་ན་གསེར་ཡང་བྲིན་རྒྱུ་མེད། །ལྐུགས་པ་ལ་བསྟན་ན་སྨྲ་ཤེས་པར་འགྱུར་རོ། །ཞག་བདུན་གྱི་བར་དུ་བསྒོམས་ན་རྩོམ་བློ། གོ་བློ། བཤད་བློ། བློ་གྲོས་ཐམས་ཅད་ལ་ཐོགས་པ་མེད་དོ། །བློ་འཕེལ་འདི་ལས་ཟབ་པ་རྒྱ་བོད་གཉིས་ལ་མེད། ཡོད་རེ་ཀན་ནོ། །སློབ་དཔོན་ཕྱ་པ་ལ་གཙང་ནག་པས་ཞུས་པས། ང་ལ་ནོར་འདི་ལས་མེད་གསུངས་ནས་རྩིག་པར་བྱུང་བས། གཙང་ནག་པས་གྲྭ་བསྐོར་ལ་ཕྱིན་པའི་རྙེད་པ་གསེར་ཞོ་བདུན། དར་ཁ་བཅོ་ལྔ་ཡོད་པ་ཕུལ་ནས་ཞུས་པས། རྩིག་གེ་པ་ཞིག་ལ་གནང་བྱུང་བར་བསྒྲུབས་པས་བློ་མཆོག་ཏུ་གྱུར་པར་ངེས་སོ། །བུའི་དམ་པ་སྙིང་འདྲ་བ་ལ་བསྟན་པར་བྱ་ཞིང་མང་ན་རང་ཉིད་ལ་གནོད། འདིའི་ཁུངས་ཆོད་པ་བྱུང་ནའང་རང་ལ་ཕན་ཨེ་ཐོགས་བལྟའོ་གསུངས། དེ་ལས་གཞན་ན་ལྷ་མོས་ཆད་པ་ཆོད་ཅིག་གསུངས། བྱིན་ནས་མནལ་དམ་དུ་དགག་པར་བྱའོ། །འདི་ལས་ཟབ་པ་ཡོད་རེ་ཀན་གསུངས་པར་གདའོ། །བསྙེན་པ་སོང་ན་བུམ་པའི་ཆུས་ཁྲུས་བྱའོ། །གྲིབ་ལ་གཟབ་པ་གལ་ཆེ། བསྙེན་པའི་དུས་ནག་མོ་དང་མི་འགྲོགས། གཙང་སྦྲ་གལ་ཆེ། །། ༈ །ཐུན་མཇུག་ཏུ་གཏོར་མ་འབུལ་བ་ནི། གཏོར་མ་མར་ལ་སོགས་པ་དཀར་གསུམ་གྱིས་བརྒྱན་པ་ཅིག་བཤམ། བསང་སྦྱང་འབྲུ་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འོ་མ་ལྟ་བུས་གང་བར་བསམ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿབ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ་ཞེས་ལན་གསུམ་བརྗོད་པས་མདུན་གྱི་ལྷ་མོའི་ཞལ་ནས་འོད་
ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བས་མཉེས་པར་བསམ། སྔར་བཞིན་མཆོད། བཅོམ་ལྡན་འདས་མས་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་ལ་ཐོག་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱ་ཆེན་པོ་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། དགེ་བ་བསྔོ། མཐར་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་ཆུ་དམར་ཁྲུག་གེར་སོང་བར་བསམས་ལ་ཁྲུས་བྱ། གཞན་རྣམས་གསུང་བཞིན་བྱའོ། །པཎྜི་ཏའི་གསུང་གིས་དབྱངས་ཅན་མའི་གསང་སྒྲུབ་འདི་གཤིན་རྗེ་གཤེད་ཀྱི་མན་ངག་«་་་་་རྒྱུད་འཐུས་བོད་དུ་མ་འགྱུར་བའི་»གཞུང་དུ་གཏོགས་པ་ཡིན་ནོ་གསུངས་སོ། །དབྱངས་ཅན་མ་དཀར་མོའི་བསྙེན་པ་ཅུང་ཟད་སོང་ནས་འདི་སྒྲུབ་ན་བར་ཆད་གང་གིས་ཀྱང་མི་ཚུགས་སོ། །གང་གིས་སྲིད་པའི་འཆིང་བ་ཀུན། །ལྷ་མོ་ཁྱོད་དྲན་གུས་བཟླས་པས། །སྐད་ཅིག་ཉིད་ལ་འཇོམས་མཛད་པའི། །རྒྱལ་བ་ཀུན་གྱི་ཡུམ་ལ་འདུད། །མ་རིག་མ་རིག་ལས་བྱུང་བ། །ཡེ་ཤེས་ཡེ་ཤེས་མཆོག་མངའ་བས། །མྱུར་བ་མྱུར་བར་གཅོད་མཛད་པའི། །ལྷ་མོའི་ལྷ་མོ་ཁྱོད་ལ་འདུད། །བློ་གྲོས་མཆོག་ཀུན་སྩོལ་མཛད་ཅིང༌། །བློ་གྲོས་མཐའ་ཡས་སྟེར་མཛད་པ། །བློ་གྲོས་ཤེས་རབ་ཕ་རོལ་ཕྱིན། །བློ་གྲོས་མི་ཟད་གཏེར་གྱུར་འདུད། །ཅེས་པའི་རྗེ་བཙུན་མའི་བསྟོད་པ་འདི་ལོ་པཎ་གང་རུང་གིས་མཛད་པར་ངེས་སོ།། ༈ །རྟེན་གྱི་གང་ཟག་ཤེས་བྱ་ལ་བློ་གཞོལ་བར་འདོད་པས། རྗེ་བཙུན་མ་སྒྲུབ་པ་ལ་ཐོག་མར་བླ་མ་ལ་རྗེས་གནང་ནོད་པར་བྱ་དགོས་པས་དེའི་ཚུལ་ནི། དེའང་དུས་བཟང་པོ་ལ་གནས་ཁང་བྱི་དོར་སོགས་སྒྲུབ་པའི་དུས་ལྟར་བྱས་ལ། མཎྜལ་པདྨ་འདབ་བརྒྱད་རེ་ཁཱ་དཀར་པོས་བྲིས། ཚོན་དམར་པོས་བྱུག་པའི་དབུས་སུ་བུམ་པ་བཅུད་ཀྱིས་གང་བ་སྒྲུབ་ཐབས་ཀྱི་སྐབས་ལྟར་བཤམ། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་ཅི་འགྲུབ་བྱ། བུམ་པར་སྔར་བཞིན་ལྷ་མོ་
བསྐྱེད་ལ་མཆོད་བསྟོད་བྱ། སློབ་མའི་དོན་དུ་གསོལ་བ་གདབ་པས་ལྷ་མོའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བས་བུམ་པ་གང་བར་བསམ། དེ་ནས་སློབ་མས་ཡོན་དང་མཎྜལ་ཕུལ། ཕྱག་འཚལ་ཡན་ལག་བདུན་པ་ཚར་གསུམ་བྱ། སེམས་བསྐྱེད་ཆོ་ག་རྒྱས་བསྡུས་བླང༌། བཤགས་པ་བྱ། སངས་རྒྱས་ཀུན་གྱི་རང་བཞིན་དངོས། །སློབ་དཔོན་གྱིས་ནི་ལྷ་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་བདག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དབྱངས་ཅན་མ་དམར་མོའི་རྗེས་སུ་གནང་བ་མཛད་དུ་གསོལ། དངོས་གཞི་ལྷ་བསྐྱེད་པའི་བྱིན་རླབས་ནི། སློབ་མ་འཇམ་དབྱངས་དམར་སེར་སྐྱིལ་ཀྲུང་ཅན་གཡས་རལ་གྲི་དང༌། གཡོན་གླེགས་བམ་དང་ཨུཏྤལ་ཅན་དུ་བསྐྱེད། དེ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བྱོན་ལྷ་མོའི་རྣམ་པར་ཐིམ་པས། ལྷ་མོའི་རྣམ་པར་གྱུར་པར་མོས་ལ། མངོན་རྟོགས་ལྟར་ངོ་སྤྲོད་ལ་བསྒོམ་དུ་གཞུག ཡང་སློབ་དཔོན་དང་བུམ་པའི་ལྷ་ལས་ལྷ་མོ་བསྟིམས་ཤིང་བུམ་ཆུས་དབང་བསྐུར་ལ་སྤྱི་བོ་དང༌། ལུས་ལ་འཐོར་ཁར་འཐུང་ཞིང་ཁྲུས་བྱེད་དུ་གཞུག་གོ །ཇི་ལྟར་བལྟམས་པ་ཞེས་སོགས་སྔགས་དང་བཅས་པའི་མཐར། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ། ཞེས་སྐུའི་རྗེས་གནང་ངོ༌། །གསུང་བཟླས་པའི་བྱིན་རླབས་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་མོའི་སྔགས་ཀྱི་རྣམ་པར་བྱུང༌། སློབ་མའི་ལུས་དང་ཁྱད་པར་མགྲིན་པར་ཐིམ་པར་གྱུར། སླར་ཡང་སློབ་དཔོན་དང་བུམ་པའི་ལྷ་ཡི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་སློབ་མའི་ཁར་ཞུགས། སྙིང་གར་ཟླ་བ་ལ་ཧྲཱིཾཿགནས་པ་ལ་ཐིམ་པར་བསམ་ཞིང༌། ཧྲཱིཾཿགི་མཐར་སྔགས་ཕྲེང་རྣམས་འཁོད་པ་ལ་སྔགས་ཕྱི་མ་རྣམས་རིམ་པར་བསམ་ཞིང༌། ཨོཾ་སྭ་ར་ཞེས་པའི་སྔགས་རྗེས་ཟློས་བདུན་ནམ་ཉེར་གཅིག་གི་བར་བྱ། བཅོམ་ལྡན་
བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ་ཞུ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་ཞེས་སོགས་བྱ། མེ་ཏོག་སྤྱི་བོར་བཞག སྔར་བཞིན་བུམ་དབང་བསྐུར། བུམ་ཆུས་ཁྲུས་བྱའོ། །གསུང་གི་རྗེས་གནང་ངོ༌། །ཐུགས་རྣམ་པར་མི་རྟོག་པའི་རྗེས་གནང་ནི། སློབ་མ་ལྷ་མོའི་སྐུར་གནས་པ་དེ་སྟོད་སྨད་ནས་རིམ་གྱིས་ཕྱག་གཡོན་པའི་མེ་ལོང་ལ་བསྡུ། ཡང་མེ་ལོང་ལ་ལྷའི་སྐུ་གསལ་བར་བསྒོམ། དེ་ཡང་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་སྤྲོས་བྲལ་ངང་དུ་ལྷན་ནེར་བཞག་གོ །རྗེས་ཡོན་ཅི་འབྱོར་དང་མཎྜལ་ཕུལ། དགའ་སྟོན་སོགས་ལ་ལོངས་སྤྱོད། མཆོད་བསྟོད་བཟོད་གསོལ་སོགས་མཇུག་ཆོག་སྤྱི་དང་མཐུན། སློབ་མ་ལ་སྒྲུབ་ཐབས་ཀྱི་མན་ངག་དང་བཅས་པ་སྦྱིན། ཤིན་ཏུ་ཟབ་པའི་གསང་སྒྲུབ་ཡིན་པས་དམ་ཚིག་དང་ལྡན་པའི་སློབ་མ་མ་གཏོགས་གཞན་ལ་སྦྱིན་པར་མི་བྱའོ། །འདི་བྲིས་དགེ་བ་གང་ཡོད་དེས། །འགྲོ་བ་རྣམས་ཀྱི་བློ་མུན་རྣམས། །བསལ་ནས་ལྷ་མོ་དབྱངས་ཅན་མའི། །གོ་འཕང་ཉིད་ལ་འགོད་པར་ཤོག །ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ། སྔགས་ཀྱི་དག་ཡིག་གོ །ཧྲཱིཾ་ས་བོན་གྱི་དག་ཡིག་གོ། ༈ །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་ཉམས་ལེན་བྱ་ཚུལ་བཞུགས་སོ། །ཨོཾ་སྭ་སྟི། ཡིད་འོང་ངག་གི་བདུད་རྩི་འཇོམས་བའི་དཔལ། །པདྨ་རཱ་གའི་མདངས་ལྡན་རྗེ་བཙུན་མ། །བློ་གྲོས་མིག་གི་གཏེར་གྱུར་ལྷག་པའི་ལྷ། །དབྱངས་ཅན་ལྷ་མོ་སྙིང་དབུས་པདྨོར་བྱོན། །དེ་ལ་འདིར་ཤིན་ཏུ་ཟབ་པའི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་ཀྲུང་བཅས། ཁྲུས་དང་གཙང་སྦྲ་སྔོན་དུ་སོང་ནས། བདག་དང་མར་གྱུར་འགྲོ་བ་མ་ལུས་པ། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །ལུས་ངག་ཡིད་གསུམ་རྩེ་
གཅིག་གུས་པ་ཡིས། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཤེས་རབ་ཕུན་སུམ་ཚོགས་པར་བྱ། དེའི་ཆེད་དུ་ལྷ་མོ་དབྱངས་ཅན་མ་བསྒོམ་པར་བགྱིའོ། །ལན་གསུམ། རང་གི་མདུན་གྱི་ནམ་མཁར་བླ་མ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། བཛྲ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག་བར་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ནས། བཏང་སྙོམས་ལ་གནས་པར་གྱུར་ཅིག་གི་བར་ལན་གཅིག ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་འདབ་མ་བརྒྱད་པ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས་ཡི་གེ་ཧྲཱིཾཿདམར་པོ་ཅིག་ཏུ་གྱུར་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མེ་ལོང་གཅིག་ཏུ་གྱུར། དེ་འོད་དུ་ཞུ་བ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་བྱེ་རུའི་མདོག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་པས་ཡེ་ཤེས་ཀྱི་མེ་ལོང་བསྣམས་པ། ཞབས་གཡས་བརྐྱང་གཡོན་བསྐུམས་པ། ནུ་མ་འབུར་ཞིང་རྒྱས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས་དོ་ཤལ་ལ་སོགས་པའི་རྒྱན་གྱིས་བརྒྱན་ཅིང་དར་སྣ་ཚོགས་ཀྱི་ཤམ་ཐབས་ལྷབ་ལྷུབ་ཏུ་གསོལ་བ། གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞི་བ་དང་འཛུམ་པ་དང་སྒེག་པའི་ཉམས་དང་ལྡན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྣང་
ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་མཐིང་ག རང་གི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། རང་གི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿདམར་པོའི་མཐར། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭ་ཧཱ། ཞེས་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བདག་གི་ཚེ་འཁོར་བ་ཐོགས་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་མ་རིག་པའི་མུན་པ་ཐམས་ཅད་སངས་ཀྱིས་དག་ཅིང༌། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱ་ཆེན་པོ་རྒྱས་པར་གྱུར། ཅེས་བརྗོད་ཅིང་སྔགས་ཕྲེང་ཀློག་པའི་ཚུལ་གྱིས་བརྒྱ་སྟོང་ལ་སོགས་པ་བཟླ། མཐར་ཐུན་འཇོག་ཁར་རང་ལྷ་མོར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་ཐམས་ཅད་དུ་བུན་གྱིས་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས། རང་སངས་རྒྱས། པཎྜི་ཏ། གཞན་ཡང་ཡུལ་ཕྱོགས་ཀྱི་ཤེས་རབ་ཆེ་བ་དང༌། ཆོས་མཁས་པར་བྱེད་པ་ཐམས་ཅད་ཀྱི་ཤེས་རབ་ཐམས་ཅད་ཧྲཱིཾཿཡིག་གི་རྣམ་པར་བསྡུས་ནས་རང་གི་སྙིང་གར་ཐིམ་པས་ཁོང་པ་ཐམས་ཅད་འོད་ཀྱིས་གང་བས་ཤེས་རབ་ཕུན་སུམ་ཚོགས་པར་བསམ་པ་ཡང་ཡང་བྱའོ། །རྒྱུན་གྱི་ཉམས་ལེན་ལ་འདིའི་འཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས་ཞེས་པ་ནས། འགོད་པར་ཤོག་ཅེས་སོགས་ཀྱིས་དགེ་བ་བསྔོ་བར་བྱའོ། །
འདིའི་བསྙེན་སྒྲུབ་སྦྲགས་མ་བྱ་བར་འདོད་པས། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། གནས་ཁང་ཡིད་དང་མཐུན་པར་བའི་ལྕི་བ་ས་ལ་མ་ལྷུངས་བས་ལེགས་པར་བྱུག མཎྜལ་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ལྟེ་བ་དཀར་པོའི་སྟེང་དུ་རིན་པོ་ཆེའམ། རྫའི་བུམ་པའི་ནང་དུ་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་ཆུ་གཙང་མ་བླངས་པའི་ནང་དུ་རིན་པོ་ཆེ་ལྔ། འབྲུ་ལྔ། བཟང་པོ་དྲུག སིནྡྷཱུ་ར་རྣམས་མེ་ལོང་དུ་སྦྱར་ལ་བླུགས། དར་ལེ་བརྒན་ཁ་གང་གིས་ཁ་བཅད་གཏོར་མ་ཟླུམ་པོ་པད་འདབ་བཞིས་བསྐོར་བ་མར་གྱི་རྒྱན་ཅི་མཛེས་ཀྱིས་སྤྲས་པ་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ། མདུན་དུ་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་ལྔ་བཤམ། རང་ཉིད་ཁྲུས་དང་གཙང་སྦྲ་བྱ། ལུས་དྲི་བཟང་གིས་བྱུག གཉིས་པ་དངོས་གཞི་ནི། སྟན་ནང་ཚང་ཅན་གྱི་མདུན་དུ་དྲིལ་བུ་མེ་ཏོག་གི་སྣོད་སོགས་སྟ་གོན་བྱ། ཡར་ངོའི་ཚེས་གྲངས་བཟང་བའི་ཕྱི་དྲོ་ནས་ཤ་ཆང་སྒོག་བཙོང་སོགས་སྤངས་ལ་བདེ་བའི་སྟན་ལ་འདུག་སྟེ། ཐོག་མར་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། དྲིལ་བུ་དཀྲོལ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ནས་ཨཱ་ཁཾ་སྭཱ་ཧཱ་ཞེས་བྱིན་དབབ། སྐྱབས་འགྲོ་ནས་བཟུང་རང་ལ་གཉིས་སུ་མེད་པར་ཐིམ་གྱི་བར་བདག་བསྐྱེད་ལྟར་བྱ། དེ་ནས་བུམ་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་ཟླ་བའི་
དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿདམར་པོ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་མ་རིག་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མེ་ལོང་ཅིག་ཏུ་གྱུར། དེ་འོད་དུ་ཞུ་བ་ལས་ལྷ་མོ་དབྱངས་ཅན་མ་ཞེས་པ་ནས། གཉིས་སུ་མེད་པར་ཐིམ་གྱི་བར་བདག་བསྐྱེད་ལྟར་བརྗོད། མདུན་གྱི་མཆོད་པ་རྣམས་ལ་དམིགས་ཏེ། ཨོཾ་སྭ་ར་སྭ་ཏྱཻ་ཨརྒྷཾ་ཨཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། གང་གིས་སྲིད་པའི་འཆིང་བ་ཀུན། །ལྷ་མོ་ཁྱོད་དྲན་གུས་བཟླས་པས། །སྐད་ཅིག་ཉིད་ལ་འཇོམས་མཛད་པའི། །རྒྱལ་བ་ཀུན་གྱི་ཡུམ་ལ་འདུད། །མ་རིག་མ་རིག་ལས་བྱུང་བ། །ཡེ་ཤེས་ཡེ་ཤེས་མཆོག་མངའ་བས། །མྱུར་བར་མྱུར་བར་གཅོད་མཛད་པའི། །ལྷ་མོའི་ལྷ་མོ་ཁྱོད་ལ་འདུད། །བློ་གྲོས་མཆོག་ཏུ་སྩོལ་མཛད་པའི། །བློ་གྲོས་མཐའ་ཡས་སྟེར་མཛད་པ། །བློ་གྲོས་ཤེས་རབ་ཕ་རོལ་ཕྱིན། །བློ་གྲོས་མི་ཟད་གཏེར་གྱུར་འདུད། །ཅེས་བསྟོད། རང་དང་བུམ་པའི་ནང་གི་ལྷ་མོ་གཉིས་ཀའི་སྙིང་གི་ནང་དུ་ཞེས་པ་ནས། བློ་གྲོས་རྒྱས་པར་གྱུར་པར་བདག་བསྐྱེད་ལྟར་བསམ་ཞིང་བརྗོད་པ་སྔགས་ཐུན་རེ་ལ་ཇི་ཙམ་འགྲོ་བར་བཟླ། ཐུན་མཇུག་ཏུ་བདག་མདུན་གཉིས་ཀའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་དམར་པོ་འཕྲོས་པའི་སྤྲོ་བསྡུ་དམིགས་པ་ཡང་ཡང་བྱའོ། །གཏོར་མ་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འོ་མ་ལྟ་བུས་གང་བར་བསམས་ལ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿབ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་བས། ལྷ་མོའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམ། གོང་ལྟར་མཆོད་པ་བྱ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ལྟ་བུ་ཞག་བདུན་
གྱི་བར་ཐུན་བཞིར་བཅད་དེ་ཉམས་སུ་བླང༌། ཞག་བདུན་གྱི་ཐུན་ཐ་མ་ལ་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་ཆུ་དམར་ཁྲུག་གེར་སོང་བར་བསམས་ལ་ཁྲུས་བྱ། འདི་བསྙེན་སྒྲུབ་སྦགས་པར་ཞག་བདུན་པོ་དེས་ཆོག་ཅིང༌། རྒྱུན་དུ་བདག་བསྐྱེད་ཁོ་ན་མ་ཆགས་པས་དོན་འགྲུབ་བོ། །གཞན་ཕན་ཡོན་སོགས་ཡིག་རྙིང་ལས་ཤེས་པར་བྱའོ། །བློ་གྲོས་ཐོགས་མེད་སྩོལ་བའི་ལྷ། །བློ་འཕེལ་དམར་མོ་སྒྲུབ་པའི་ཐབས། །བློ་ལྡན་དམ་པའི་གསུང་གི་ངོར། །བློ་གསལ་སྲོལ་འཛིན་དེས་སྨྲས་སོ། །ཞེས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཉམས་སུ་ལེན་ཚུལ་གསལ་བའི་སྒྲོན་མེ་ཞེས་པ་འདིའང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་གསང་བ་སྔགས་ཀྱི་རབ་འབྱམས་པ་པདྨ་ཆོས་འཕེལ་གྱིས་བཀའ་གནང་ལྟར་རིས་མེད་པའི་གྲུབ་པའི་མཐའ་ལ་བློ་གྲོས་ཀྱི་སྦྱང་བ་དཀར་བའི་བྱ་བྲལ་ལྷུན་གྲུབ་ཀྱིས་ར་ས་འཁྲུལ་སྣང་གི་གནྡྷོ་ལ་དང་འདབ་འབྱོར་བའི་གནས་སུ་སུག་བྲིས་སུ་བཏབ་པ་དགེ་ཞིང་བཀྲ་ཤིས། མངྒ་ལཾ།། ༈ །དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་གནང་བྱ་ཚུལ་གསལ་བའི་སྒྲོན་མེ་བཞུགས་སོ། །ཨོཾ་སྭ་སྟི། བློ་གྲོས་སྤོབས་པ་མ་ལུས་པ། །སྩོལ་མཛད་ཡི་དམ་ལྷ་མོ་ལ། །བཏུད་ནས་དེ་ཡི་རྗེས་གནང་བ། །དམ་པའི་གསུང་བཞིན་བྲི་བར་བྱ། །འདིར་ཤིན་ཏུ་ཟབ་པ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་སུ་གནང་བ་བྱ་བའི་ཚུལ་ལ། སྦྱོར་བ་གནས་ཁང་ཡིད་དུ་འོང་བར་སྟེགས་བུའི་ཁར་མཎྜལ་གྱི་སྟེང་དུ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་རིན་པོ་ཆེའི་བུམ་པར་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བླངས་པའི་ཆུས་གང་བའི་ནང་དུ་རིན་པོ་ཆེ་ལྔ། བཟང་པོ་དྲུག སིནྡྷཱུ་ར་རྣམས་མེ་ལོང་གི་ནང་དུ་སྦྱར་བ་བླུགས། དར་ལེ་བརྒན་ཁ་གང་གིས་ཁ་བཅད། དེའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གཡས་གཡོན་གང་བདེར་གཏོར་མ་ཟླུམ་པོ་ཐེབ་ཀྱུས་བསྐོར་བ་མངར་གསུམ་དང་དཀར་གསུམ་གྱིས་བརྒྱན་པ་བཤམ། རང་གི་
མདུན་དུ་རྡོར་དྲིལ་མེ་ཏོག་གི་སྣོད་སོགས་སྟ་གོ་བྱ། སྟན་བདེ་བ་ལ་འདུག་མཆོད་པ་བྱིན་རླབས་ནས་བཟུང༌། བདག་བསྐྱེད་མདུན་བསྐྱེད། མཆོད་བསྟོད་བྱ། གཏོར་མ་འབུལ། བཅོམ་ལྡན་འདས་མས་བདག་དང་རྡོ་རྗེ་སློབ་མ་རྣམས་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ལྷ་མོའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བས་བུམ་པ་གང་བར་བསམས་ལ། བཟླས་པ་ཅི་འགྲུབ་བྱ། དེ་ནས་སློབ་མ་བོས་ལ་མེ་ཏོག་བཀྱེ་བསྡུ་དང་ཁྲུས་སོགས་བྱ། སློབ་དཔོན་གྱིས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སྒོ་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ་ཞེས་སོགས་རྒྱས་བསྡུས་སྐབས་དང་སྦྱར། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། བླ་མེད་ཀྱི་ཕྱོགས་སུ་གཏོགས་པ་ཡིན་ཞིང༌། དེ་ལ་རྒྱུད་སྡེ་མང་དུ་ཡོད་པ་དང༌། འདིར་གཤིན་རྗེ་གཤེད་ཀྱི་རྒྱུད་འབུམ་པ་ནས་བཤད་པའི་ཤེས་རབ་སྐྱེད་པའི་ལྷ་ཤིན་ཏུ་ཟབ་པ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཏུ་གྲགས་པ་སྒྲ་དབྱངས་ལྷ་མོས་རྗེས་སུ་བཟུང་བའི་པཎྜི་ཏ་ཆེན་པོ་བིཀྵ་པ་ར་མ་ནས་བརྒྱུད་པའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་ལ་བྱ་བའི་རིམ་པ་ལ་སློབ་དཔོན་ལ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་མཛད་པར་ཞུ། དེ་ལྟར་མཎྜལ་ཕུལ་ནས་སྙིམས་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། །སངས་རྒྱས་ཀུན་གྱི་རང་
བཞིན་དངོས། །སློབ་དཔོན་ཁྱོད་ཀྱིས་ལྷ་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པའི་འདིའི་རྗེས་ཟློས་ལན་གསུམ་གྱི་བར་མཛད་པར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་མཛད་པར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་བདག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དབྱངས་ཅན་མ་དམར་མོའི་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ། དེ་རྣམས་ཀྱི་སྔོན་འགྲོ་རིམ་པ་རྣམས་གྲུབ་ནས། དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གསུམ་ཡོད་པས། དང་པོ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛད་པར་ཞུ། སློབ་དཔོན་ལ་རྗེ་བཙུན་མ་དངོས་ཡིན་སྙམ་དུ་མོས་གུས་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་ནང་གི་ལྷ་མོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་རྣམ་སྨིན་མ་དག་པའི་ཕུང་ཁམས་ཐམས་ཅད་སྦྱངས། དག་པ་འོད་ཀྱི་གོང་བུར་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་དྷཱིཿཡིག་དམར་སེར་འོད་ཟེར་འཕྲོ་བ་ཞིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་འཕགས་པ་འཇམ་དཔལ་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་དང༌། གཡོན་ཨུཏྤལ་བསྣམས་པ།
ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྐུ་ཅན་དུ་གསལ་ལམ་སྟེ་གྱུར་པའི་མོས་པ་མཛོད། སླར་ཡང་སློབ་དཔོན་དང་བུམ་ནང་གི་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དམར་མོའི་རྣམ་པས་ནམ་མཁའ་གང་བར་ཐིབ་ཐིབ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་རྐྱེན་གྱིས་ཁྱེད་རང་རྣམས་རྗེ་བཙུན་འཇམ་དཔལ་དབྱངས་སུ་གསལ་བ་དེ་ཉིད་སྐད་ཅིག་གིས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྐུར་གྱུར་པ་ནི་སྐུ་མདོག་དམར་པོ་བྱི་རུའི་མདོག་ལྟར་དམར་བ་ཞག་གཅིག་ཕྱག་གཉིས་མ་ཕྱག་གཡས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་པས་ཡེ་ཤེས་ཀྱི་མེ་ལོང་བསྣམས་པ། ཞབས་གཡས་བརྐྱངས་གཡོན་བསྐུམས་པ། ནུ་མ་འབུར་ཞིང་རྒྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་ཕྱག་གདུབ་ཞབས་གདུབ་ལ་སོགས་པས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ལྷབ་ལྷུབ་ཏུ་གསོལ་བ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་བ་དང་སྒེག་པའི་ཉམས་དང་ལྡན་པ་དང༌། འོད་ཟེར་དཔག་མེད་འཕྲོ་བ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསྒོམས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་སྟོད་དུ་ཟླ་བ་ལ་གནས་པའི་ཧྲཱིཾཿཡིག་དམར་པོ་དང་བཅས་པ་གསལ་ལམ་སྟེ་ཡོད་པའི་མོས་པ་མཛོད། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་བུམ་པའི་ལྷ་མོ་དབྱངས་ཅན་མ་དཔག་ཏུ་མེད་པ་ཆར་བབས་པ་ལྟར་བྱོན་པས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛད་པར་ཞུ། ཞེས་བརྗོད་ལ་དྲིལ་བུ་གསིལ་ཞིང༌། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ། ཨཱ་བེ་ཤ་ཡ་ཛཿ ཞེས་ཡང་ཡང་བརྗོད། བུམ་པ་མགོར་བཞག ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་བརྗོད་ཅིང་བུམ་ཆུ་བླུད།
གཉིས་པ་གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་ལྷ་མོའི་སྔགས་ཀྱི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་དང་ཁྱད་པར་མགྲིན་པའི་གནས་སུ་ཐིམ། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་ཀྱང་སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཾཿཡིག་གི་མཐར་དང་པོས་འཁོད། གཉིས་པ་མན་ཆད་ཀྱིས་བརྟན་པར་བྱས་པར་མོས་པ་བྱས་ནས་འདིའི་རྗེས་ཟློས་ལན་ཉེར་གཅིག་གི་བར་དུ་མཛད་པར་ཞུ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ་ཉེར་གཅིག དེ་ལྟར་བཟླས་ལུང་ཐོབ་པའི་བཀའ་དྲིན་དྲན་པའི་སྒོ་ནས་མེ་ཏོག་འཐོར་བཞིན་པ་དང་བཅས་པས་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། སློབ་དཔོན་གྱིས་ཀྱང་ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ནུས་ལྡན་དུ་གྱུར་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་ལན་གསུམ། དེ་བརྟན་པའི་ཕྱིར་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ཅེས་སྔར་ལྟར་ཆུ་དབང་བསྐུར། གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག་པའི་རྐྱེན་གྱིས་ཁྱེད་རང་རྣམས་ལྷ་མོ་དབྱངས་ཅན་མར་གསལ་བ་དེ་ཉིད་སྟོད་སྨད་ནས་འོད་དུ་ལྟེམ་གྱིས་ཞུ་ནས་མཐར་ཕྱག་གཡོན་གྱི་མེ་ལོང་ལ་བསྡུས་ཏེ་གསལ་བ་དྭངས་པ་མི་རྟོག་པའི་ངང་དུ་ཅུང་ཟད་ཅིག་མཉམ་པར་འཇོག་པ་ཞུ། སླར་ཡང་དེའི་ངང་ལས་ལྷ་མོའི་སྐུར་ལམ་
གྱིས་གྱུར་པ་དེ་ཡང་སྣང་ལ་རང་བཞིན་མེད་པ་མི་ལོང་ནང་གི་གཟུགས་བརྙན་ལྟར་གསལ་ཞིང་དྭངས་ལ་མི་རྟོག་པའི་ངང་ལ་ལྷོད་ཀྱིས་ཀློད་ནས་ཅི་ནུས་སུ་མཉམ་པར་འཇོག་པར་ཞུ། དེ་བརྟན་བྱེད་བུམ་པའི་ཆུས་སྔར་བཞིན་དབང་བསྐུར། དེས་རྗེས་གནང་གི་དངོས་གཞི་གྲུབ་པས། འདིའི་སྒོམ་ཐབས་ཀྱི་ལུང་བཀླག གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་འཛིན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་དུ་མཛད་པར་ཞུ། གཙོ་བོས་ཇི་ལྟར་སོགས། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་སོགས། དེང་ནས་སོགས། ཟབ་པ་ལས་ཀྱང་ཆེས་ཟབ་པ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་སཱ་ལའི་ཕོ་ཉར་གྲགས་པའི་རྗེས་སུ་གནང་བ་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོར་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས། རྗེས་མཆོད་པ་རྣམས་ཁ་གསོ། བྱིན་རླབས་མཆོད་བསྟོད་འདོད་དོན་གསོལ་བ་བཏབ་པ་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་སཱ་ལའི་ཕོ་ཉ་དབྱངས་ཅན་མའི། །རྗེས་གནང་བྱ་ཚུལ་གསལ་བའི་སྒྲོན་མེ་འདི། །གོང་མའི་གསུང་དང་བླ་མའི་མན་ངག་ལྟར། །གསལ་བར་བཀོད་འདིས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་སཱ་ལའི་ཕོ་ཉ་དབྱངས་ཅན་མ་གསང་སྒྲུབ་ཀྱི་རྗེས་གནང་བྱ་ཚུལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདིའང་རྣམ་པར་རྒྱས་པའི་ཕན་བདེ་ལེགས་བཤད་གླིང་གི་གསང་སྔགས་ཀྱི་རབ་འབྱམས་པ་པདྨ་ཆོས་འཕེལ་གྱིས་སྔ་མོ་ནས་བསྐུལ་ཞིང༌། ཉེ་ཆར་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་སྐུལ་མ་གནང་བའི་ཞལ་ངོ་མ་མཆོག་པར་རིས་སུ་མ་ཆད་པའི་གྲུབ་མཐའ་ལ་བློ་གྲོས་ཀྱི་སྣང་བ་དཀར་བ་བྱ་བྲལ་རྒན་པོ་ལྷུན་གྲུབ་ཀྱིས་རང་གནས་རྨོར་དགོན་པར་སུག་བྲིས་སུ་བཏབ་པ་མངྒ་ལཾ། དགེའོ།། ༈ །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་བསྙེན་སྒྲུབ་བྱ་ཚུལ་བློ་གྲོས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་སྭ་ར་སྭ་ཏྱཻ།
སྐལ་བཟང་ཨུཏྤལ་རྒྱས་པའི་མཚོ་གླིང་དུ། །དྲི་མེད་ཐུགས་རྗེའི་ངང་མོ་རོལ་པའི་མོད། །ལེགས་བཤད་མགྲིན་པའི་རྫ་རྔ་བཞད་པའི་སྒྲས། །ཐུབ་བསྟན་ཀུན་དགར་འགྱིད་པ་དེ་ལ་འདུད། །གང་ཞིག་ཟབ་ཅིང་རྒྱ་ཆེའི་གཏིང༌། །ཤིན་ཏུ་རྟོགས་དཀའི་རིགས་གནས་མཚོ། །རྒལ་འདོད་སྐལ་བཟང་དོན་མཐུན་རྣམས། །སྒྲུབ་ཐབས་གྲུ་ཆེན་འདི་ལོངས་ཤིག །དེ་ལ་འདིར་གཤིན་རྗེའི་གཤེད་དགྲ་ནག་གི་རྒྱུད་ནས་བཤད་པའི་དབྱངས་ཅན་མ་དམར་པོ་གསང་སྒྲུབ་བསྒོམ་པར་འདོད་པའི་གང་ཟག་གིས་འདིའི་རྗེས་སུ་གནང་བ་ལེགས་པར་ནོས་ཏེ། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཁོད་ནས་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྐྱབས་སུ་འགྲོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་དོན་དུ། དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་རྒྱས་པར་བྱ། དེའི་ཕྱིར་དུ་ལྷ་མོ་དབྱངས་ཅན་མ་བསྒོམ་པར་བགྱིའོ། །ལན་གསུམ་གྱིས་སེམས་བསྐྱེད། རང་གི་མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་བྱང་སེམས་ཀྱི་ཚོགས་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། བཛྲ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་བར་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ལན་གཅིག་གིས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་
ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཾཿདམར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མེ་ལོང་གཅིག་ཏུ་གྱུར། དེ་འོད་དུ་ཞུ་བ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་བྱེ་རུའི་མདོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་པས་ཡེ་ཤེས་ཀྱི་མེ་ལོང་བསྣམས་པ། ཞབས་གཡས་བརྐྱངས་གཡོན་བསྐུམས་པ། ནུ་མ་འབུར་ཞིང་རྒྱས་པ། རིན་པོ་ཆེའི་དབུ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ་ལ་སོགས་པས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ལྷབ་ལྷུབ་ཏུ་གསོལ་བ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་བ་དང༌། འཛུམ་པ་དང༌། སྒེག་པའི་ཉམས་དང་ལྡན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་མོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿརང་དང་གཉིས་སུ་མེད་པར་གྱུར། རང་གི་སྙིང་གའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾ་ཡིག་དམར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། མ་རིག་པའི་མུན་པ་སངས་ཀྱིས་དག ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་པར་གྱུར་པར་བསམས་ལ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ།
ཞེས་སྔགས་ཕྲེང་ཀློག་པའི་ཚུལ་དུ་བརྒྱ་སྟོང་ཁྲི་འབུམ་སོགས་བཟླའོ། །ཐུན་འཇོག་ཁར། རང་གི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་ཐམས་ཅད་དུ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས། རང་རྒྱལ། པཎྜི་ཏ། གཞན་ཡང་ཡུལ་ཕྱོགས་ཐམས་ཅད་ཀྱི་ཤེས་རབ་ཆེ་བ་དང༌། ཆོས་ལ་མཁས་ཟེར་བ་ཐམས་ཅད་ཀྱི་ཤེས་རབ་ཧྲཱིཾཿཡིག་གི་རྣམ་པར་བསྡུས་ནས། རང་གི་སྙིང་གར་ཐིམ་པས་ཁོང་པ་ཐམས་ཅད་འོད་ཀྱིས་གང་ཞིང་ཤེས་རབ་ཕུན་སུམ་ཚོགས་པར་བསམ་པ་ཡང་ཡང་བྱའོ། །བསྙེན་པ་འབུམ་ཕྲག་གཅིག མཚམས་ཞག་བདུན་ལས་ལྷག་མི་དགོས། ཡིད་ཆེས་ཀྱི་དད་པ་དང་བརྩོན་པ་རྣམ་པར་དག་པས་ཞག་བདུན་དུ་བསྒྲུབས་ན། རྩོམ་བློ། གོ་བློ། བཤད་བློ། རྩོད་བློ་སོགས་བློ་གྲོས་ཐོགས་པ་མེད་པར་རྒྱས་པར་འགྱུར་རོ་ཞེས་ཡིག་རྙིང་ལས་འབྱུང་ངོ༌། །མཇུག་ཏུ། དགེ་བ་འདི་ཡི་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་འགོད་པར་ཤོག །རིན་པོ་ཆེའམ་རྫའི་བུམ་པར་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བླངས་པའི་ཆུ་གཙང་མའི་ནང་དུ་རིན་པོ་ཆེ་ལྔ། འབྲུ་ལྔ། བཟང་པོ་དྲུག སིནྡྷཱུ་ར་རྣམས་མེ་ལོང་གི་ནང་དུ་སྦྱར་ལ་བླུགས། དར་ལེ་བརྒན་ཁ་གང་གིས་ཁ་བཅད། མཆོད་གཏོར་སོགས་བཀོད་པས་མཛེས་པར་བཤམ། དྲི་བཟང་གི་ཆུས་དག་པར་བྱས་ལ་གཟའ་སྐར་ཚེས་གྲངས་བཟང་པོར་སྟན་བདེ་བར་འཁོད་ལ་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ
སྭ་བྷཱ་ཝཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱི་བྱིན་གྱིས་བརླབ། སྐྱབས་འགྲོ་ནས་བཟུང་སྟེ་རང་དང་གཉིས་སུ་མེད་པར་གྱུར་གྱི་བར་བདག་བསྐྱེད་ལྟར་བྱ། དེ་ནས་བུམ་པ། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧྲཱིཾཿདམར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མེ་ལོང་ཅིག་ཏུ་གྱུར། དེ་འོད་དུ་ཞུ་བ་ལས་ལྷ་མོ་དབྱངས་ཅན་མ་ཞེས་པ་ནས་གཉིས་སུ་མེད་པར་གྱུར་གྱི་བར་བདག་བསྐྱེད་ལྟར་བྱ། ཨོཾ་སྭ་ར་སྭ་ཏྱཻ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གང་གིས་སྲིད་པའི་འཆིང་བ་ཀུན། །ལྷ་མོ་ཁྱོད་དྲན་གུས་བཟླས་པས། །སྐད་ཅིག་ཉིད་ལ་འཇོམས་མཛད་པའི། །རྒྱལ་བ་ཀུན་གྱི་ཡུམ་ལ་འདུད། །མ་རིག་མ་རིག་ལས་བྱུང་བ། །ཡེ་ཤེས་ཡེ་ཤེས་མཆོག་མངའ་བས། །མྱུར་བ་མྱུར་བར་གཅོད་མཛད་པའི། །ལྷ་མོའི་ལྷ་མོ་ཁྱོད་ལ་འདུད། །བློ་གྲོས་མཆོག་ཀུན་སྩོལ་མཛད་ཅིང༌། །བློ་གྲོས་མཐའ་ཡས་སྟེར་མཛད་པའི། །བློ་གྲོས་ཤེས་རབ་ཕ་རོལ་ཕྱིན། །བློ་གྲོས་མི་ཟད་གཏེར་གྱུར་འདུད། །ཞེས་བསྟོད། དེ་ནས་རང་དང་བུམ་པའི་ནང་གི་ལྷ་མོ་གཉིས་ཀའི་སྙིང་གི་ནང་དུ་
ཞེས་པ་ནས། བློ་གྲོས་ཆེན་པོ་རྒྱས་པར་གྱུར་གྱི་བར་བདག་བསྐྱེད་ལྟར་བྱ། ཐུན་རེ་ལའང་སྔགས་ཇི་ཙམ་འགྲོ་བར་བཟླ། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་ཕུལ། མཆོད་བསྟོད་གོང་བཞིན་བྱ། དེ་ནས། ཟླ་ཤར་མཁའ་ལ་རྒྱུ་སྐར་ཚོགས་བཞིན་དུ། །བཀའ་དང་བསྟན་བཅོས་ཀུན་གྱི་ཚིག་དང་དོན། །མ་ལུས་བདག་གི་ཡིད་ལ་རབ་བཀྲ་བའི། །གཟུངས་ཀྱི་དངོས་གྲུབ་སྩོལ་ཅིག་དབྱངས་ཅན་མ། །དབྱངས་ཅན་སྔོན་གྱི་ཐུགས་དམ་ལྟར་བྱོན་ཏེ། །བདག་གི་ལུས་ངག་ཡིད་ལ་མྱུར་ཞུགས་ལ། །ལྕེ་ལ་རྒྱལ་བའི་སྤོབས་པ་ཡིད་ལ་ནི། ཆོས་ཀུན་སོ་སོར་རྟོག་པའི་ཀུན་མཁྱེན་སྩོལ། །སྔ་ཕྱི་འབྲེལ་ཆགས་མི་ཟློས་དངོས་ཤུགས་གསལ། །མི་འགལ་ངོ་བོ་དབྱེ་སོགས་གནད་དོན་ཚང༌། །མ་ཚང་སྐོང་སོགས་ཚིག་དོན་ཀུན་འབྱེད་པའི། །འཆད་ལ་ཀུན་གཟིགས་ལྟར་མཛོད་དབྱངས་ཅན་མ། །ཚིག་ལ་སྒྲ་དང་དོན་ལ་གཏན་ཚིགས་ཀྱིས། །ཕས་རྒོལ་འཁྲུལ་པ་བཟློག་ཕྱིར་ཕྲ་ཞིབ་ཀྱི། །རྣམ་དཔྱོད་འགྱེད་ལ་སྲིད་ཞིར་ཟླ་མེད་པ། །རྩོད་ལ་འཇམ་དབྱངས་དངོས་མཛོད་དབྱངས་ཅན་མ། །སྙན་འཇེབས་ཚིག་དོན་ཉམས་རྫོགས་སྡེབ་སྦྱོར་མཁས། །བཅད་ལྷུག་སྤེལ་དང་ཟབ་གསལ་ཟུར་ཕྱིན་ཅིང༌། །རོ་འཛིན་དབྱངས་ཅན་བྱེ་བས་མངོན་རོལ་པའི། །རྩོམ་པའི་ངོ་མཚར་སྒོ་ཕྱེས་དབྱངས་ཅན་མ། །དེ་ལྟར་དད་གདུང་དྲག་པོས་མངོན་བསྟོད་པས། །ཚེ་རབས་ཀུན་ཏུ་སྙིང་གི་པདྨོ་རུ། །ལྷན་སྐྱེས་བཞིན་དུ་དབྱངས་ཅན་ཉེར་བཞུགས་ཏེ། །རྨོངས་བྲལ་མཁས་པའི་ཡང་རྩེ་ཐོབ་པར་ཤོག །རྒྱལ་བ་སྲས་བཅས་ཐུགས་རྗེ་སྨོན་ལམ་དང༌། །དབྱངས་ཅན་ལྷ་མོའི་སྒྱུ་འཕྲུལ་བདེན་ཚིག་མཐུས། །བདག་གིས་བསྒོམ་བཟླས་དད་པས་དུས་ཀུན་ཏུ། །དབྱངས་ཅན་
ལྷ་མོས་མངོན་སུམ་རྗེས་འཛིན་ཤོག །ཅེས་པ་དང༌། བཅོམ་ལྡན་འདས་མས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་དུ་གསོལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། སྒྲུབ་པའི་མཐར་བུམ་པའི་ཡེ་ཤེས་པ་བཛྲ་མུཿཞེས་པས་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་དམར་ཁྲུག་གེར་སོང་བར་བསམས་ལ་ཁྲུས་བྱས་པས་དྲི་མ་དག་པར་བྱེད་དོ། །དབྱངས་ཅན་མ་དཀར་མོ་ལ་བསྙེན་པ་སོང་ནས་འདི་ཉིད་སྒྲུབ་ན་བར་ཆད་ཆུང་བར་བཤད་ལ། རྣལ་འབྱོར་བླ་མེད་ནས་བཤད་པའི་ལྷ་ཡིན་ཀྱང་ཀུན་སྤྱོད་རྒྱུད་སྡེ་འོག་མ་ལྟར་ཤ་ཆང་སྒོག་བཙོང་གྲིབ་ཀྱི་རིགས་ལ་འཛེམ་ཞིང་གཙང་སྦྲ་གང་ཆེ་བྱེད་པ་དང༌། བསྙེན་པའི་དུས་སུ་བུད་མེད་མི་བསྟེན་པ་སོགས་དམ་ཚིག་དང་ལྡན་པའི་སྒོ་ནས་ཉམས་སུ་བླངས་ན་ཤིན་ཏུ་མྱུར་བར་བཤད་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་གུས་པས་བསྙེན་པར་བྱའོ། །འདིར་སྨྲས་པ། གང་ཞིག་སྙིང་གི་མེ་ལོང་གསལ་བའི་ངོགས། །མཐའ་དག་ཤེས་བྱའི་སྣང་བརྙན་ལྟ་འདོད་རྣམས། །སྒྲ་དབྱངས་ལྷ་མོ་འདི་ཉིད་སྟེན་ཅིག་ཅེས། །རྡོ་རྗེ་འཆང་གིས་དྲི་མེད་རྒྱུད་སྡེར་གསུངས། །དེ་སླད་དད་དང་བརྩོན་པས་ཉེར་དྲངས་ཏེ། །འཁྲུལ་བྲལ་རྒྱུད་ལས་གསུངས་པའི་ཆོ་ག་བཞིན། །རྨད་བྱུང་ལྷ་མོ་བསྙེན་པའི་ཐབས་ཚུལ་ལ། །ཞུགས་པའི་སྐྱེ་བོ་འདི་དག་སྐལ་བ་བཟང༌། །འདིར་འབད་དགེ་བ་ཉིན་མོར་བྱེད་པའི་ཁམས། །རྣམ་མང་བློ་གསལ་གླེང་བཞིའི་མཁར་འཕགས་ནས། །ལེགས་བཤད་འོད་སྟོང་བཞད་པའི་འཛུམ་ཕྲེང་གིས། །ཐུབ་བསྟན་པདྨོ་རྟག་ཏུ་འབྱེད་གྱུར་ཅིག །ཅེས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་བསྙེན་སྒྲུབ་བྱ་ཚུལ་བློ་གྲོས་ཉིན་བྱེད་འདྲེན་པའི་ཤིང་
རྟ་ཞེས་བྱ་བ་འདི་ནི། དད་ལྡན་དགེ་སློང་བསམ་གཏན་རྒྱ་མཚོས་ཤེལ་གྱི་ཕྲེང་བ་དང་བཅས་གསོལ་བ་བཏབ་པ་དང༌། སླད་ནས་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་ཐོའུ་ཀྭན་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་གསུང་གིས་ཡང་ཡང་བསྐུལ་ངོར་ཞྭ་སེར་ཅོད་པན་འཛིན་པའི་པཎྜི་ཏ་དཀོན་མཆོག་འཇིགས་མེད་དབང་པོས་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའོ།། ༈ །དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་གནང་བྱེད་ཚུལ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །གང་ཞིག་དྲན་པའི་མོད་ལ་ནང་གི་མུན། །སེལ་བྱེད་ཡེ་ཤེས་འོད་ཟེར་སྟོང་འབར་བས། །སྐལ་བཟང་སྙིང་གི་ཆུ་སྐྱེས་རྒྱས་མཛད་པ། །རྒྱལ་ཡུམ་ཤེས་རབ་ལྷ་མོར་གུས་ཕྱག་འཚལ། །དེ་ལ་དབྱངས་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་སུ་གནང་བ་བྱ་བའི་ཚུལ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ནི། བྱི་དོར་ལེགས་པར་བགྱིས་པའི་གནས་ཁང་ཡིད་དུ་འོང་བར་མཎྜལ་གྱི་ཁར་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་རིན་པོ་ཆེའི་བུམ་པ་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བླངས་པའི་ཆུས་གང་བའི་ནང་དུ། རིན་པོ་ཆེ་ལྔ། འབྲུ་ལྔ། བཟང་པོ་དྲུག སིནྡྷཱུ་ར་རྣམས་མེ་ལོང་གི་ནང་དུ་ལེགས་པར་སྦྱར་ལ་བུམ་པར་བླུགས། དར་ལེ་བརྒན་ཁ་གང་གིས་ཁ་བཅད། མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། འབུལ་གཏོར་ཟླུམ་པོ་དཀར་པོ་ཐེབ་ཀྱུས་བསྐོར་བ། གཞི་བདག་གཏོར་མ་དང་བཅས་པ་བཤམ། རྡོར་དྲིལ། མེ་ཏོག་སོགས་སྟ་གོན་བྱས་ཏེ། མཆོད་པ་བྱིན་རླབས་ནས་བཟུང༌། བདག་བསྐྱེད་མདུན་བསྐྱེད། མཆོད་བསྟོད་གཏོར་མ་འབུལ་བ་རྣམས་སྒྲུབ་ཐབས་ཀྱི་ནང་བཞིན་བཏང་ནས། རྗེ་བཙུན་བཅོམ་ལྡན་འདས་མས་བདག་དང་རྡོ་རྗེ་སློབ་མ་རྣམས་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ལྷ་མོས་སྐུ་ལས་ཡེ་ཤེས་ཀྱི་
བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་བཟླས་པ་ཅི་འགྲུབ་ཏུ་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱས་ཏེ། སློབ་དཔོན་གྱིས་བྱམས་དང་སྙིང་རྗེའི་སེམས་སྔོན་དུ་འགྲོ་བས་ཀུན་སློང་གསལ་འདེབས་ཚུལ་རྒྱས་བསྡུས་སྐབས་དང་སྦྱར་ཏེ་བྱས་ལ། འདིར་གང་གསན་པར་བྱ་བའི་ཆོས་ནི། ཇི་སྐད་དུ། ཤེས་རབ་བརྒྱ་པ་ལས། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་སྒྲུབ་པའི་ཕྱིར། །དང་པོ་འབད་དེ་ཤེས་རབ་སྐྱེད། །ཅེས་གསུངས་པ་ལྟར། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་རྩ་བ་ཡིན་ཅིང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་བྱེད་པ་ལའང་ཇི་ལྟ་ཇི་སྙེད་རྟོགས་པའི་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་པ་གལ་ཤིན་ཏུ་ཆེ་བས་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་དེ་ལྟ་བུའི་ཤེས་རབ་ཁྱད་པར་ཅན་སྐྱེད་པའི་ཐབས་ལ་འབད་དགོས་ཤིང༌། ཤེས་རབ་གོང་འཕེལ་དུ་བྱེད་པའི་ཐབས་ཀྱང་མང་དུ་ཡོད་ནའང་མཆོག་ཏུ་གྱུར་པ་ནི་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་རྟེན་ནས་འཆད་རྩོད་རྩོམ་གསུམ་སོགས་ཀྱི་ཤེས་རབ་སྒྲུབ་པ་འདི་ཡིན་ལ། དེའི་གནད་ཀྱིས་རྒྱ་བོད་ཀྱི་མཁས་གྲུབ་དུ་མས་འདི་ཉིད་ལྷག་པའི་ལྷར་བཟུང་ཞིང་ཐུགས་དམ་དུ་མཛད་པའི་མཐུ་ལས་ཤེས་པར་བྱ་བའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་དྲི་མ་མེད་པ་བརྙེས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་ཤ་སྟག་བྱུང་ཞིང༌། ཁྱད་པར་དུ་དབྱངས་ཅན་མ་དམར་པོ་གསང་སྒྲུབ་ཏུ་གྲགས་པ་འདི་ནི་ཁ་ཆེའི་པཎྜི་ཏ་ཆེན་པོ་བིཀྵ་པ་ར་མ་ནས་ཉེ་བར་བརྒྱུད་དེ་བོད་གངས་ཅན་གྱི་རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཕྱ་པ་ཆོས་ཀྱི་སེང་གེས་འདི་ཉིད་ཀྱི་བྱིན་རླབས་དང་མན་ངག་གི་སྐོར་རྣམས་ལེགས་པར་གསན་ཞིང་དེ་ལ་རང་གི་སློབ་མ་མཁས་པ་སེང་ཆེན་བརྒྱད་དུ་གྲགས་པའི་ནང་ཚན་གཙང་ནག་པ་
བརྩོན་འགྲུས་སེང་གེས་ཞུས་པས། ང་ལ་ནོར་འདི་ལས་ལྷག་པ་མེད་གསུངས་ནས་མ་གནང༌། སླར་གཙང་ནག་པ་གྲྭ་སྐོར་ལ་བྱོན་ནས་གསེར་ཞོ་བདུན་དང་དར་ཁ་བཅོ་ལྔ་ཡོད་པ་ཕུན་ནས་ནན་ཏན་དུ་གསོལ་བ་བཏབ་པས་ཙེག་གེ་པ་ཞིག་ལ་གནང་ནས་ཁོང་གིས་བསྒྲུབས་པས་བློ་མཆོག་ཏུ་གྱུར་ཏེ་སུས་ཀྱང་བསྒྲུན་དུ་མེད་པས་མཁས་པར་གྱུར་པ་ཡིན་ལ། གསུང་རྒྱུན་ལས་ཀྱང་འདི་ཉིད་ཞག་བདུན་གྱི་བར་དུ་བསྒོམས་ན། རྩོམ་བློ། གོ་བློ། བཤད་བློ། རྩོད་བློ་སོགས་བློ་གྲོས་ཐམས་ཅད་ལ་ཐོགས་པ་མི་མངའོ་ཞེས་ཕན་ཡོན་དཔག་ཏུ་མེད་པ་གསུངས་པས་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་དུ་གྱུར་པ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་སུ་གནང་བ་འབུལ་བ་ལ་སློབ་དཔོན་གྱིས་བྱ་བའི་རིམ་པ་ཐམས་ཅད་གྲུབ་ནས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཡོན་དབུལ་བ་དང༌། རྗེས་གནང་དངོས་གཞིའི་དམིགས་པ་ཡིད་ལ་བྱ་བ་སོགས་ཡོད་པས། སློབ་དཔོན་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མར་འདུ་ཤེས་བསྐྱེད་དེ་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་ཡོན་དབུལ་དུ་གཞུག སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་དངོས། །སློབ་དཔོན་ཁྱོད་ཀྱིས་ལྷ་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །བྱིན་གྱིས་བརླབ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པར་མོས་ཏེ། དེའི་སྤྱན་སྔར་ཚོགས་བསགས་སྒྲིབ་སྦྱོང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཛད་པར་ཞུ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན་ཞེས་པ་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོའི་
བར་ལན་གསུམ་དཔོན་སློབ་མཉམ་དུ་བརྗོད། དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ལ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེའི་བསླབ་བྱ་རྣམས་ཚུལ་བཞིན་དུ་བསླབ་པར་བྱའོ་སྙམ་པའི་སྒོ་ནས་བྱང་སྡོམ་འཛིན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ་བརྗོད། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་བདག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དབྱངས་ཅན་མ་དམར་མོའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ་ལན་གསུམ། དེ་དག་གིས་སྔོན་འགྲོའི་རིམ་པ་གྲུབ་ནས་དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གསུམ་ཡོད་པས། དང་པོ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་ནང་གི་ལྷ་མོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་རྣམ་སྨིན་གྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས། དག་པ་འོད་ཀྱི་གོང་བུར་གྱུར་པ་ལས། པད་ཟླའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་དྷཱིཿདམར་སེར་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་འཕྱར་ཞིང༌། གཡོན་ཨུཏྤལ་གྱི་སྟེང་དུ་གླེགས་བམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། སློབ་དཔོན་དང་བུམ་ནང་གི་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ལྷ་མོ་དབྱངས་ཅན་མ་དམར་མོའི་རྣམ་
པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སིབ་སིབ་ཐིམ་པའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མའི་སྐུར་གྱུར་པ་ནི། སྐུ་མདོག་དམར་མོ་ཞག་གཅིག་ཕྱག་གཉིས་ཀྱི་གཡས་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་ཡེ་ཤེས་ཀྱི་མེ་ལོང་བསྣམས་པ། ཞབས་གཡས་བརྐྱངས་གཡོན་བསྐུམས་པ། ནུ་མ་འབུར་ཞིང་རྒྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། དར་གྱི་ཤམ་ཐབས་ལྷབ་ལྷུབ་ཏུ་གསོལ་བ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྣང་ལ་རང་བཞིན་མེད་པ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་སྟེང་དུ་ཟླ་བའི་གདན་ལ་ཧྲཱིཾཿཡིག་དམར་པོ་དང་བཅས་པས་མཚན་པའི་མོས་པ་མཛོད། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་དཔག་ཏུ་མེད་པ་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བདག་མདུན་གཉིས་ལས་ཀྱང་རང་འདྲ་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད་ལ་དྲིལ་བུ་གསིལ། ཨོཾ་སྭ་ར་སྭ་ཏྱཻ་ཨཱ་བེ་ཤ་ཡ་ཛཿ ཞེས་བརྗོད་བུམ་པ་མགོར་བཞག་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་ཨཱཿཨ་བྷི་ཥིཉྩ་ཏུ་མཱཾ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ། ཞེས་བརྗོད་ཅིང་བུམ་ཆུ་བླུད། དེས་སྐུའི་རྗེས་སུ་གནང་བ་སོང༌། གཉིས་པ་གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་
གསུང་གི་བྱིན་རླབས་མ་ལུས་པ་ལྷ་མོའི་སྔགས་ཀྱི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་དང༌། ཁྱད་པར་མགྲིན་པའི་གནས་སུ་ཐིམ། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་སྙིང་གར་ཟླ་བ་ལ་ཧྲཱིཾ་ཡིག་གི་མཐར་དང་པོས་འཁོད། གཉིས་པ་མན་ཆད་ཀྱིས་བརྟན་པར་གྱུར་པའི་མོས་པ་བྱས་ནས་འདིའི་རྗེས་ཟློས་ལན་ཉེར་གཅིག་གི་བར་དུ་མཛོད། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ། ཞེས་ཉེར་གཅིག་རྗེས་ཟློས་བྱེད་དུ་གཞུག དེ་ནས་སློབ་དཔོན་ལ་མེ་ཏོག་གཏོར་བཞིན་དུ་འདིའི་རྗེས་ཟློས་མཛད་པར་ཞུ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ནུས་ལྡན་དུ་གྱུར་པའི་མོས་པ་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །ཅེས་བརྗོད་ཅིང་མེ་ཏོག་སྤྱི་བོར་འཐོར། སྔར་ལྟར་ཆུ་དབང་བསྐུར། དེས་གསུང་གི་རྗེས་གནང་སོང་ངོ༌། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པའི་རྐྱེན་གྱིས་ཁྱེད་རང་རྣམས་ལྷ་མོར་གསལ་བ་སྟོད་སྨད་རིམ་གྱིས་འོད་དུ་ཞུ་ནས་མཐར་ཕྱག་གཡོན་པའི་མེ་ལོང་ལ་ཐིམ། དེས་མཚོན་ཏེ་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པའི་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། སླར་ཡང་དེའི་ངང་ལས་ལྷ་མོའི་སྐུར་ལམ་གྱིས་གྱུར་པ་དེ་ཡང་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་ངང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། འདི་ལ་ཆུ་དབང་བསྐུར་བ་ཡིག་རྙིང་དུ་མི་གསལ་ཡང་ཕྱག་ལེན་མཛད་པས་སྔར་བཞིན་དུ་ཆུ་དབང་
བྱ། དེས་རྗེས་གནང་གི་དངོས་གཞི་གྲུབ། སྒྲུབ་ཐབས་ཀྱི་ལུང་ཡང་བར་འདིར་བཀླག དེའི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་ལན་གསུམ། རྗེས་སུ་གནང་བ་ཐོབ་པའི་བཀའ་དྲིན་བཏང་རག་གི་ཡོན་ཏུ་མཎྜལ་འབུལ་བར་ཞུ་བྱས་ནས་མཎྜལ་འབུལ་དུ་གཞུག དེ་ལྟར་ན་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་དུ་གྱུར་པ་ལྷ་མོ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཅེས་ཟབ་པ་ལས་ཀྱང་ཆེས་ཟབ་པ་དེ་ཉིད་ཀྱི་རྗེས་སུ་གནང་བ་ཕུལ་གྲུབ་པ་ཡིན་པས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་བསྔོ་སྨོན་གྱིས་རྒྱས་གདབ། དེ་ནས་རྗེས་ཀྱི་བྱ་བ་ལ་མཆོད་པ་རྣམས་ཁ་གསོ། བྱིན་རླབས་བྱས་ཏེ་མཆོད་བསྟོད་འདོད་དོན་གསོལ་བ་སོགས་སྤྱི་དང་མཐུན་པར་བྱའོ། །སྨྲས་པ། འཕགས་བོད་མཁས་གྲུབ་ཀླུ་དབང་སྟོང་ཕྲག་རྩེ་བའི་གནས། །ཟབ་ཅིང་རྒྱ་ཆེ་ལྷ་མོའི་ཕྲིན་ལས་ཆུ་གཏེར་ལ། །འཇུག་འདོད་སྐལ་བཟང་དོན་མཐུན་གང་དག་བྱིན་རླབས་ཀྱི། །གྲུ་ཆེན་འདིར་ཞུགས་དངོས་གྲུབ་ནོར་བུའི་ཅོད་ཅན་ལོངས། །ཞེས་ལྷ་མོ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་གནང་བྱ་ཚུལ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་འདི་ནི། ཡོངས་རྫོགས་བསྟན་པའི་མངའ་བདག་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོའི་གསུང་གི་མེ་ཏོག་སྤྱི་བོར་ལྷུངས་པ་ལ་བརྟེན་ནས་མང་དུ་ཐོས་པའི་དགེ་སློང་ཞྭ་སེར་ཅོད་པན་འཛིན་པ་དཀོན་མཆོག་འཇིགས་མེད་དབང་པོས་སྦྱར་བའོ། །སརྦ་མངྒ་ལཾ།། ༈ །དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་གནང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བློ་གྲོས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་སྭ་ར་སྭ་ཏྱཻ། སྒྲ་དབྱངས་ལྷ་མོ་གསུང་གི་དབང་ཕྱུག་མས། །མངོན་སུམ་རྗེས་བཟུང་བིཀྵ་པ་ར་མ། །བདེ་གཤེགས་སྲུང་བའི་
དཔལ་དང་ཛ་ཡ་ཀ །འོད་བྱེད་འབྱུང་གནས་རྣམས་ལ་གསོལ་བ་འདེབས། །ཁ་ཆེ་པཎ་ཆེན་དཱ་ན་ཤཱི་ལ་དང༌། །ས་སྐྱ་པཎ་ཆེན་རྒྱལ་ཚ་ལུང་མང་པོ། །ཡོན་ཏན་ཁྲི་དང་སིཾ་ཧ་བྷ་དྲའི་ཞབས། །སེང་གེ་རྒྱལ་མཚན་རྣམས་ལ༴ །རྒྱལ་བ་མཆོག་དབྱངས་བླ་མ་བསོད་ནམས་དང༌། །ཆོས་ཀྱི་རྒྱལ་མཚན་ཀརྨ་འཕྲིན་ལས་པ། །ཚར་ཆེན་རྗེ་དང་བྱམས་པ་དོན་གྲུབ་ཞབས། །གཞོན་ནུ་ཆོས་དཔལ་རྣམས་ལ༴ །དཔལ་འབྱོར་ལྷུན་གྲུབ་ཟུར་ཆེན་ཐམས་ཅད་མཁྱེན། །བློ་བཟང་རྒྱ་མཚོ་དགེ་བའི་དབང་པོའི་ཞབས། །ངག་དབང་སྦྱིན་པ་བློ་གྲོས་དབང་ཕྱུག་དང༌། །བློ་གསལ་ཕུན་ཚོགས་རྣམས་ལ༴ །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་པ། །ཀུན་དགའ་བློ་གྲོས་བསྟན་པའི་ཉི་མ་དང༌། །བསྟན་པའི་སྒྲོན་མེ་ཕྲིན་ལས་ཡོན་ཏན་ཞབས། །རྩ་བའི་བླ་མ་«་་་་་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། »རྣམས་ལ༴ །ཞེས་སམ། ཡང་ན། དཔལ་འབྱོར་ལྷུན་གྲུབ་ཟུར་ཆེན་ཐམས་ཅད་མཁྱེན། །ཞེས་པ་ཡན་སྔར་ལྟར་ལ། དེ་ནས། བློ་བཟང་རྒྱ་མཚོ་ཐུགས་སྲས་འཇམ་དབྱངས་གྲགས། །བདེ་བའི་རྡོ་རྗེ་བསྟན་པའི་རྒྱལ་མཚན་དང༌། །འཇིགས་མེད་དབང་པོ་རྣམས་ལ༴ །འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེ་དང༌། །རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཞབས། །རིགས་ཀུན་ཁྱབ་བདག་བསྟན་པ་རབ་རྒྱས་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སྦྱར། དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྲིད་དང་ངེས་འབྱུང་ཆུ་ཡིས་རབ་བརླན་པའི། །བྱང་ཆུབ་སེམས་གཉིས་ཨུཏྤལ་འཛུམ་པའི་རྩེར། །ཡང་དག་ལྟ་བའི་འབྲས་བུས་ཕྱུག་པར་ཤོག །ཁྱད་པར་ཁྱབ་བདག་དཔལ་ལྡན་བླ་མ་དང༌། །དབྱེར་མེད་སྒྲ་དབྱངས་རྒྱ་མཚོའི་ལྷ་མོ་ཡིས། །མངོན་སུམ་ཉིད་དུ་རྗེས་སུ་བཟུང་བའི་མཐུས། །སོ་སོར་རྟོག་པའི་སྣང་བ་རྒྱས་གྱུར་ཅིག །དེ་མཐུས་ཟབ་དང་རྒྱ་ཆེའི་གཞུང་ལུགས་ལ། །ཇི་བཞིན་དཔྱོད་པའི་བློ་གྲོས་རབ་གསལ་ཞིང༌། །ཐོས་བསམ་སྒོམ་པའི་ཕ་རོལ་ལེགས་སོན་
ནས། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། །མངྒ་ལཾ།། ༈ །དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་ཉམས་སུ་ལེན་ཚུལ་མདོར་བསྡུས་པ་བློ་གྲོས་ཨུཏྤལ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །ན་མཿཤྲཱི་མཱཾ་གུ་རུ་སྭ་ར་སྭ་ཏྱཻ། དེ་ལ་འདིར་ཤིན་ཏུ་ཟབ་པའི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ལ་བརྟེན་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་འདོད་པས། རྗེས་སུ་གནང་བ་ལེགས་པར་མནོས་ཏེ། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཁོད་ནས། ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཡིད་ཅན་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། །རྡོ་རྗེ་སྒྲ་དབྱངས་ལྷ་མོ་བསྒོམ་པར་བགྱི། །ལན་གསུམ། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཀུན། །མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ །དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་ཡན་ལག་བདུན་པ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །པྃ་ཡིག་ལས་འཁྲུངས་པད་དཀར་འདབ་བརྒྱད་དང༌། །ཨ་ལས་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟེང༌། །རང་སེམས་ངོ་བོ་ཧྲཱིཾཿཡིག་དམར་པོ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཚུར་འདུས་ཡེ་ཤེས་མེ་ལོང་གཅིག་ཏུ་གྱུར། །དེ་ཉིད་ཡོངས་གྱུར་སྒྲ་དབྱངས་ལྷ་མོ་ནི། །སྐུ་མདོག་བྱེ་རུའི་རྡུལ་བརྩེགས་ལྷུན་པོ་ལ། །ཉི་གཞོན་སྟོང་གིས་འཁྱུད་པའི་གཟི་བྱིན་འབར། །རབ་མཛེས་ཞི་
འཛུམ་བརྒྱད་གཉིས་ལང་ཚོས་སྒེག །ཕྱག་གཡས་འདོད་འབྱུང་ཡིད་བཞིན་ནོར་བུ་དང༌། །གཡོན་པས་དྭངས་གསལ་ཡེ་ཤེས་མེ་ལོང་བསྣམས། །ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་པད་ཟླར་རོལ། །ཡིད་འཕྲོག་དར་དང་རིན་ཆེན་རྒྱན་གྱིས་མཛེས། །སྣང་སྟོང་ཟུང་འཇུག་ཆུ་ཟླའི་གཟུགས་བརྙན་ལྟར། །གསལ་བའི་གནས་གསུམ་ཡི་གེ་འབྲུ་གསུམ་དང༌། །ཐུགས་དབུས་ཧྲཱིཾཿལས་བྱུང་བའི་འཛུམ་ཟེར་གྱིས། །ལྷོ་ཕྱོགས་རིག་འཛིན་དགྱེས་པའི་དགའ་ཚལ་ནས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། །ཨོཾ་ཤྲཱི་སྭ་ར་སྭ་ཏྱཻ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡའི་བར་དང༌། ཛཿཧཱུྃ་བཾ་ཧོཿ ཐུགས་ཀར་ཟླ་སྟེང་ཧྲཱིཾ་ཡིག་དམར་པོའི་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བའི་འོད་ཟེར་གྱིས། །སྡིག་སྒྲིབ་ཀུན་སྦྱངས་ཤེས་བྱ་ཐམས་ཅད་ལ། །ཐོགས་པ་མེད་པའི་བློ་གྲོས་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། །ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱ། ཞེས་སྔགས་ཕྲེང་ཀློག་པའི་ཚུལ་དུ་ཅི་ནུས་སུ་བཟླ། བསྙེན་པའི་ཚད་ནི་བདུན་ཕྲག་གཅིག་ཏུ་བཟླས་ན་བློ་གྲོས་ཀྱི་མཐུ་ཆེན་པོ་ཐོབ་པར་བཤད་དོ། །ཐུན་མཐར། ཐུགས་སྲོག་འོད་ཀྱིས་རྒྱལ་བ་སྲས་བཅས་དང༌། །མཁས་རྣམས་མཁྱེན་རབ་ཧྲཱིཾཿཡིག་རྣམ་པར་བསྡུས། །སྙིང་གར་ཐིམ་པས་འོད་ཀྱིས་ལུས་ཀུན་ཁྱབ། །བློ་གྲོས་པདྨོ་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་བརྗོད་ཅིང་ཡང་ཡང་བསམ། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །སྒྲ་དབྱངས་ལྷ་མོ་གསུང་གི་དབང་ཕྱུག་མས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པར་བྱའོ། །ཡང་འདིའི་བསྙེན་སྒྲུབ་སྦྲགས་མ་བྱ་བར་འདོད་ན་གནས་དབེན་ཞིང་ཡིད་དང་མཐུན་པར་བའི་ལྕི་བ་ས་ལ་མ་ལྷུངས་པས་བྱུགས། མཎྜལ་གྲུ་བཞི་པའི་ངོས་སུ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ་ཅན་བྲིས་པའི་སྟེང་དུ་རིན་པོ་ཆེའམ།
རྫའི་བུམ་པར་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བླངས་པའི་ཆུ་གཙང་མར་རིན་པོ་ཆེ་ལྔ། འབྲུ་ལྔ། བཟང་པོ་དྲུག སིནྡྷཱུ་ར་རྣམས་མེ་ལོང་གི་ནང་དུ་སྦྱར་བ་བླུགས། དར་ལེ་བརྒན་ཁ་གང་གིས་ཁ་བཅད། མཆོད་གཏོར་སོགས་མཛེས་པར་བཤམས་ལ། ཐོག་མར་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེར་ཨོཾ་ཡིག་ཞུ་བ་ལས། །བྱུང་བའི་ལྷ་རྫས་ལས་གྲུབ་མཆོད་པའི་སྤྲིན། །དྭངས་ཤིང་ཐོགས་མེད་ནམ་མཁའི་ཁམས་གང་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། དེ་ནས་སྐྱབས་སེམས་ནས་བཟུང༌། ཡེ་ཤེས་པ་རང་ལ་བསྟིམས་པའི་བར་བདག་བསྐྱེད་ལྟར་སྔོན་དུ་སོང་ནས། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས་བྱུང་བའི། །རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་དབུས། །པྃ་ལས་པད་དཀར་ཨ་ལས་ཟླ་བའི་སྟེང༌། །ཐུགས་སྲོག་ངོ་བོ་ཧྲཱིཾ་ཡིག་དམར་པོ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཞེས་པ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པའི་བར་བདག་བསྐྱེད་ལྟར་བྱ། མདུན་གྱི་མཆོད་པ་རྣམས་ལ་དམིགས་ཏེ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་སྭ་ར་སྭ་ཏྱཻ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད། མཐའ་ཀླས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས། །དྲན་པ་ཙམ་གྱིས་བློ་གྲོས་མཆོག་སྩོལ་བའི། །རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་མདུན་ཐུགས་ཀར་ཟླ་སྟེང་ཧྲཱིཾཿདམར་མཐར། །ཞེས་སོགས་བཟླས་དམིགས་གསལ་བཏབ་ལ་བཟླས་པ་ཅི་ནུས་སུ་བྱ། ཐུན་མཐར་བདག་མདུན་གཉིས་ཀ་ལ་དམིགས་ནས། ཐུགས་སྲོག་འོད་ཀྱིས་རྒྱལ་བ་སྲས་བཅས་དང༌། །ཞེས་སོགས་བརྗོད་ཅིང་
བསམ། ཐུན་མཚམས་སུ། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །འབྲུ་གསུམ་འོད་དུ་ཞུ་བ་ལས། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་ཕུལ། མཆོད་བསྟོད་གོང་བཞིན་གྱི་མཐར། བཅོམ་ལྡན་འདས་མས་བདག་སོགས་སེམས་ཅན་ཀུན། །མ་རིག་མུན་པའི་འཆིང་བ་རབ་བསལ་ནས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་ཡི། །བློ་གྲོས་སྣང་བ་རྒྱས་པར་མཛད་དུ་གསོལ། །ཞེས་པས་འདོད་དོན་གསོལ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་གྱི་བར་དུ་ཐུན་བཞིར་མ་ཆག་པར་ཉམས་སུ་བླངས་མཐར། བཛྲ་མུཿས་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བུམ་ཆུར་དམར་ལྟེམ་གྱིས་སོང་བར་བསམས་ལ་ཁྲུས་བྱ། འདིའི་བསྙེན་སྒྲུབ་སྦགས་པར་ཞག་བདུན་པོ་དེས་ཆོག་ཅིང༌། རྒྱུན་དུ་བདག་བསྐྱེད་ཁོ་ན་མ་ཆགས་པས་དོན་འགྲུབ་བོ། །ཞེས་པའང་རང་སློབ་མཉྫུའི་མིང་ཅན་གྱི་སྐྱེས་ཐོབ་ཀྱི་ལང་ཚོ་སྒེག་པའི་ཆ་རྐྱེན་དུ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ། དགེའོ།། ༈ །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་དམར་མོ་ལ་གསོལ་བ་འདེབས་པ་བློ་གྲོས་མཆོག་སྦྱིན་ཞེས་བྱ་བ། ན་མཿཤྲཱི་མཱཾ་གུ་རུ་སྭ་ར་སྭ་ཏྱཻ། ཕུལ་བྱུང་ལེགས་བྱས་བྱེ་བའི་ཚོན་རིས་ཀྱིས། །ཚོགས་གསུམ་ལང་ཚོའི་མཚར་སྡུག་ཡོངས་གང་བ། །བཅོམ་ལྡན་འདས་མ་སྭ་ར་སྭ་ཏཱི་ཡིས། །བདག་གི་ཡིད་ལ་བློ་ཡི་མཆོག་སྦྱིན་མཛོད། །རྣམ་པ་ཀུན་ལྡན་འཆི་མེད་ལམ་ཡངས་པོར། །ཟུང་འཇུག་བརྒྱ་བྱིན་མཛུབ་རྗེས་བྲིས་པ་ཡི། །མཚན་བཟང་བྱེ་རུའི་རྡུལ་མང་བརྩེགས་པའི་གཟུགས། །བདག་གི་མིག་ལ་མངོན་སུམ་
བསྟན་དུ་གསོལ། །རྟག་ཏུ་བརྗོད་པའི་ཕ་རོལ་ལས་བརྒལ་ཀྱང༌། །རིག་སྔགས་ནོར་བུའི་རྒྱུད་མང་རྡུང་བའི་སྒྲས། །འགྲོ་མང་མ་རིག་གཉིད་ལས་སློང་བའི་དབྱངས། །བདག་གི་ངག་ལ་མངོན་སུམ་ཞུགས་པར་མཛོད། །སྤྲོས་བྲལ་འཆི་མེད་ལམ་གྱི་ཕ་མཐའ་ཡིས། །མཚོན་མིན་མཁྱེན་བརྩེའི་ཉམས་བརྒྱས་རོལ་པ་མོ། །དོན་དམ་རྡོ་རྗེ་སྒྲ་དབྱངས་ལྷ་མོའི་ཞལ། །བདག་གི་སྙིང་ལ་མངོན་སུམ་ཤར་བར་མཛོད། །དེ་ལྟར་ཐ་མལ་འཁྲུལ་བའི་སྒོ་གསུམ་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་བརླབས་པས། །རིག་བྱེད་འཛིན་དབང་བྱེ་བའི་གཙུག་ཏོར་རྩེར། །རྐང་སེན་ཨུཏྤལ་དལ་གྱིས་འགོད་མཁས་ཤོག །ཅེས་པའང་བསིལ་ལྡན་ལྗོངས་ཀྱི་སྙན་ངག་སྨྲ་བ་སྒྲ་དབྱངས་ལྷ་མོ་དགྱེས་པའི་འབངས་ཀྱིས་གང་ཤར་ཡུད་ཙམ་ལ་བརྗོད་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།ཤུབྷཾ།། །།
བོ་དོང་ལུགས་ཀྱི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་འཇིགས་བྲལ་དགྱེས་པའི་ལམ་སྲོལ།
བོ་དོང་ལུགས་ཀྱི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་འཇིགས་བྲལ་དགྱེས་པའི་ལམ་སྲོལ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། སྲས་བཅས་རྒྱལ་ཀུན་སྐྱེད་པའི་ཡུམ། །རྡོ་རྗེ་སྒྲ་དབྱངས་ལྷ་མོ་དང༌། །དབྱེར་མེད་བླ་མ་ལ་བཏུད་ནས། །ཟབ་མོའི་གདམས་པ་ཅུང་ཟད་དབྱེ། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་ག ལས་སྦྱོར་གྱི་རིམ་པའོ། །དང་པོ་ནི། སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང༌། གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྱིལ་ཞིང་ནོར་བུ་སྣ་ཚོགས་ཀྱིས་བལྟམས་པའི་དབུས་ན། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་དམར་ལ་དཀར་བའི་མདངས་ཆགས་པ་ཟེའུ་འབྲུ་དམར་སེར་དྲི་ངད་ཕྱོགས་བཅུར་འཕྲོ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་གསལ་ཞིང་དྭངས་པའི་གདན་ལ། ཧྲཱིཾཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ། དེ་ལས་འོད་ཟེར་ཚད་མེད་གཞལ་དུ་མེད་པ་འཕྲོས།
འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲཱིཾ་ཡིག་འབྲུ་གསུམ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་སྐད་ཅིག་གིས་རྡོ་རྗེ་ལྷ་མོ་ངག་གི་དབང་ཕྱུག་རྗེ་བཙུན་དབྱངས་ཅན་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་བཞིའི་རྩ་ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་པ། ལྷག་མ་གཉིས་ཀྱི་གཡོན་ན་རིན་པོ་ཆེའི་རྒྱུད་མངས་དཀུ་གཡོན་དུ་བརྟེན་ནས་འཛིན་པ་ལ། གཡས་པའི་སོར་མོས་དལ་གྱིས་རྡུང་ཞིང་སྒྱུར་བས་སངས་རྒྱས་ཐམས་ཅད་ཀུན་ནས་མཉེས་ཏེ་གསུང་དབྱངས་ཡན་ལག་རྒྱ་མཚོའི་སྒྲ་སྙན་འབྱུང་བ། ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡབ་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞིའི་རྩ་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། ལྷག་མ་གཉིས་ཀྱི་གཡས་ན་རལ་གྲི་འོད་ཟེར་དཔག་ཏུ་མེད་པ་འབར་བ་དང༌། གཡོན་ན་ཨུཏྤལ་སྔོན་པོ་ཤིན་ཏུ་གསལ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ། གཉིས་ཀའང་སྐུ་བལྟ་བས་ཆོག་མི་ཤེས་པ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་ཀུན་ཏུ་སྣང་བ་འཁྲུགས་པའི་དབུས་ན་བཞུགས་པ། དེའི་ཤར་གྱི་འདམ་མ་ལ་ཤེས་རབ་མ། ལྷོར་
བློ་གྲོས་མ། ནུབ་ཏུ་དྲན་པ་མ། བྱང་དུ་ཡིད་གཞུང་མ་སྟེ་དེ་རྣམས་ཐམས་ཅད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་དང༌། གཡོན་པད་དཀར་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་ཤིང་ཡིད་དུ་འོང་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། གཙོ་འཁོར་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། ཨོཾ་བཛྲ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །ཤེས་རབ་ལྷ་མོའི་སྐུར་སྟོན་པ། །དྲན་པས་བློ་གྲོས་མཆོག་སྩོལ་བའི། །རྡོ་རྗེ་དབྱངས་ཅན་མ་ལ་འདུད། །ཅེས་བསྟོད། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་ཧྲཱིཾཿཡིག་དཀར་ལ་དམར་བའི་མདངས་ཆགས་པ། དེའི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་རྡོ་རྗེ་དབྱངས་ཅན་མའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༌། བརྟན་གཡོའི་དྭངས་བཅུད་ཐམས་ཅད་འོད་ཟེར་དང༌། ཧྲཱིཾཿཡིག་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དང༌། མི་ཤེས་པའི་མུན་པ་ཐམས་ཅད་བསལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས། རྡོ་རྗེ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། ཨོཾ་ཨཱཿཧྲཱིཾཿཧཱུྃ་སྭཱ་ཧཱ། ཞེས་གཙོ་བོར་བཟླ། ཐུན་མཐར། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷཱ་ནི།
ཛྭ་ལ་ཛྭ་ལ་མེ་དྷཱ་ཝརྡྷཱ་ནི། དྷི་རི་དྷི་རི་བུདྡྷི་བརྡྷཱ་ནི་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླས་ལ་མཆོད་ཅིང་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མ་འབུལ་བར་འདོད་ན་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་སུ་བཤད་པ་ལྟར་འབུལ། ཡི་གེ་བརྒྱ་པ་དང༌། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་མང་དུ་བཟླས་ལ་ནོངས་པ་བཟོད་པར་གསོལ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་བྱའོ། །བསྙེན་པ་བྱེད་ན་རྩ་བའི་སྔགས་འབུམ་ཕྲག་བདུན་དང༌། ལས་སྦྱོར་གྱི་སྔགས་དེའི་བཅུ་ཆ་ཙམ་བཟླ། འདི་ཉིད་བླ་མེད་ཀྱི་ཕྱོགས་སུ་གཏོགས་ཀྱང་ཀུན་སྤྱོད་རྒྱུད་སྡེ་འོག་མ་ལྟར་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱ་ཞིང༌། ཐུན་མཚམས་ཀྱི་རྣལ་འབྱོར་སོགས་ཀྱང་དབྱངས་ཅན་མ་དཀར་མོའི་སྐབས་སུ་བཤད་པ་ལྟར་སྦྱར་ལ་ཉམས་སུ་བླང་ངོ༌།། ༈ །གཉིས་པ་རྗེས་གནང་ནི། སྦྱོར་བའི་སྐབས་མཎྜལ་གྱི་འཁོར་ལོའི་སྟེང་དུ་འབྲས་དཀར་གྱི་ཕྱེ་མའི་ཚབ་སིནྡྷཱུ་རའི་ཕྱེ་མ་དར་ཚགས་ལ་དྲངས་པས་མནན་ཏེ་འཁོར་ལོའི་རི་མོ་དམར་སེར་གསལ་བར་བྱ། གཏོར་མའང་དམར་པོ་མཛད་པ་ཕྱག་ལེན་དུ་སྣང༌། གཞན་འདྲ། དངོས་གཞི་བདག་མདུན་སྒྲུབ་ཚུལ་ལྷ་སྔགས་ཀྱི་ཁྱད་པར་མ་གཏོགས་ཆོ་གའི་ཆིངས་དབྱངས་ཅན་མ་དཀར་མོའི་སྐབས་ཇི་ལྟ་བ་དང༌། རྗེས་གནང་གི་ཚེ་རས་དཀར་པོའི་སྟོད་གཡོགས་སོགས་ཆས་ཞུགས་མི་དགོས། གསུང་གི་རྗེས་གནང་ལ་བཟླས་ལུང་སྤྱི་འགྲེ་ལྟར་མཛད། གཞན་ལྷ་སྔགས་རྗེ་བ་མ་གཏོགས་འདྲའོ། །གསུམ་པ་ལས་སྦྱོར་ལ་གསུམ། རྫས་ཀྱི་སྦྱོར་བ་དང༌། འཕྲུལ་འཁོར་དང༌། བུམ་པའི་ཆོ་གའོ། །དང་པོ་ནི། རྒྱལ་ཕུར་འགྲུབ་སྦྱོར་སོགས་གཟའ་སྐར་ཤིས་པའི་ཉིན་སིནྡྷཱུ་ར། ཤུ་དག་དཀར་པོ། ཡུར་བ། གི་ཧཾ། ཤིང་མངར་རྣམས་སོ་སོར་ཞིབ་ཏུ་བཏགས་པའི་ཕྱེ་མ་རིན་པོ་ཆེའི་སྣོད་དུ་དབུས་དང་ཕྱོགས་བཞིར་ཚོམ་བུ་བྱས་ལ་སྤུངས། དེ་རྣམས་ཀྱི་སྟེང་དུ་རྡོ་རྗེ་དབྱངས་ཅན་མ་གཙོ་འཁོར་སོ་སོར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་སྨན་གྱི་ཉེས་སྐྱོན་ཐམས་ཅད་སྤུངས། ནུས་པ་མཆོག་ཏུ་བསྐྱེད་
པར་བསམས་ལ་རྩ་སྔགས་ཅི་ནུས་བཟླ། མཐར་ལྷ་རྣམས་འོད་དུ་ཞུ་བ་སྨན་སོ་སོ་ལ་བསྟིམ་ནས་གཅིག་ཏུ་བསྲེས་ལ་སྦྲང་རྩི་དང༌། བ་དམར་མོ་དང༌། ར་དཀར་མོའི་འོ་མ་བཅས་སྦྱར་བས་རིལ་བུར་དྲིལ། སླར་ཡང་རིལ་བུ་ཉིད་ལྷར་བསྐྱེད་བསྟིམ་བཟླས་པ་བྱ་བ་དང༌། དབྱངས་ཅན་མ་དཀར་མོའི་སྐབས་སུ་བཤད་པའི་རིལ་བུའི་སྔགས་རྣམས་ཀྱང་ཇི་ལྟར་རིགས་པ་བཟླས་ལ་ཚུལ་བཞིན་དུ་བསྒྲུབས་པ་ཉིད་ཐོ་རངས་ཀྱི་དུས་སུ་བསྟེན་པས་བཅུད་ལེན་གྱི་མཆོག་ཏུ་འགྱུར་བ་དང༌། ཐོས་པ་འཛིན་པ་དང༌། སྨྲ་མཁས་ཤིང་དབྱངས་སྙན་པ་སོགས་བློ་དང་ངག་གི་དངོས་གྲུབ་ལ་དབང་འབྱོར་པར་འགྱུར་རོ། །གཉིས་པ་རིག་པའི་འཕྲུལ་འཁོར་ནི། རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་གྲོ་གའམ་ཤོག་བུ་གཙང་མ་ལ་གུར་གུམ་དང༌། གི་ཧཾ་སྦྱར་བའི་སྣག་ཚས་འཁོར་ལོ་མུ་ཁྱུད་རིམ་པ་ལྔ་ལྟེ་བ་དང་བཅས་པའི་དབུས་སུ་ཧྲཱིཾཿ དེའི་མཐར་རྩ་སྔགས་དང་ལས་སྔགས་ཀྱི་གཤམ་དུ། མ་མ་པྲཛྙཱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ་ཞེས་བྲི། མུ་ཁྱུད་དང་པོ་ལ་པདྨ་འདབ་མ་བཞི་པའི་དབུས་སུ་ཧྲཱིཾཿ མཐར་ཤར་དུ། ཨོཾ་པྲཛྙཱ་སྭཱ་ཧཱ། ལྷོར། ཨོཾ་མ་ཏཱི་སྭཱ་ཧཱ། ནུབ་ཏུ། ཨོཾ་སྨྲྀ་ཏཱི་སྭཱ་ཧཱ། བྱང་དུ། ཨོཾ་པེདྷཱ་སྭཱ་ཧཱ། ཞེས་སོ་སོའི་མཐར་སྤེལ་ཚིག་སྦྱར་བས་བསྐོར། གཉིས་པ་ལ་དབྱངས། གསུམ་པ་ལ་གསལ་བྱེད། བཞི་པ་ལ་རྟེན་སྙིང་རྣམས་ཀྱི་མཐར་སྤེལ་ཚིག་སྦྱར་བ་སྟེ། ཐམས་ཅད་གཡས་སྐོར་དུ་བཀོད། ལྔ་པ་ལ་རྡོ་རྗེའི་ཕྲེང་བ་དང༌། ཕྱི་རོལ་དུ་མེ་འབར་བས་ཁྱབ་པར་འབྲིའོ། །དེ་ནས་སྔགས་བཏབ་པའི་སིནྡྷཱུ་ར། གུར་གུམ། གི་ཧཾ་རྣམས་ཀྱིས་ཁྱབ་པར་བྱུགས། ཡིག་འབྲུ་རྣམས་ལྷ་མོ་འཁོར་བཅས་དང༌། མིང་སྤེལ་བསྒྲུབ་བྱར་གསལ་གདབ་ལ་རབ་གནས་སྤྱི་ལྟར་བྱས་མཐར་ལྷ་རྣམས་ཡིག་འབྲུ་དང༌། བསྒྲུབ་བྱའི་མིང་སྤེལ་དུ་བསྒྱུར་ལ་ཤིས་པ་བརྗོད། གྲུ་བཞིར་ལྟེ་བ་མ་ཉམས་པར་བལྟབ། ཚོན་སྐུད་སྣ་ལྔས་དཀྲིས་ལ་མགུལ་ལམ་དཔུང་པར་བཏགས་ན་རིག་པའི་ལྷ་མོས་དུས་རྟག་ཏུ་བྱིན་གྱིས་རློབ་ཅིང༌། ནད་དང་གནོད་པ་ལས་སྲུང་བ་དང༌། ཕས་རྒོལ་གྱི་ཕྱོགས་ལས་རྣམ་
པར་རྒྱལ་བའི་ཤེས་རབ་ཐོབ་པར་འགྱུར་རོ། །གསུམ་པ་བུམ་པ་སྒྲུབ་པའི་ཆོ་ག་ནི། བུམ་རྫས་ཉེར་ལྔ། བཟང་པོ་དྲུག སིནྡྷཱུ་ར་རྣམས་སྦྱར་བའི་དྲི་ཞིམ་པོའི་ཆུས་བུམ་པ་དགང་ལ་མཎྜལ་གྱི་དབུས་སུ་བཞག གཞན་ཡང་མཆོད་གཏོར་སོགས་ཚོགས་པར་བྱ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བུམ་ནང་ལྷ་མོ་གཙོ་འཁོར་ལྔ་བསྐྱེད་ལ་ཆོ་ག་སྤྱི་དང་མཐུན་པས་ཞག་བདུན་སོགས་སུ་ཐུན་དུ་བཅད་ལ་བསྒྲུབ། མཐར་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བའི་ཆུ་བདུད་རྩིར་བསམ་ལ་རང་གཞན་གྱི་དོན་བྱས་པས། ཤེས་རབ་འགྲིབ་པའི་གེགས་སེལ་དང༌། རྣོ་མྱུར་ཟབ་ཅིང་རྒྱ་ཆེའི་ཤེས་རབ་འཕེལ་བའི་བོགས་འདོན་དུ་འགྱུར་བར་གསུངས་ཤིང༌། གཞན་ཡང་སྦྱིན་སྲེག་དང༌། གེགས་སེལ་སྤོགས་ཆོག་སོགས་ཀྱང་དབྱངས་ཅན་མ་དཀར་མོའི་སྐབས་སུ་བཤད་པ་རྣམས་འདིར་ཡང་སྦྱར་དུ་རུང་བར་གསུངས་སོ། །རྡོ་༵རྗེ་༵དབྱང༵ས་ཅན༵་སྒྲུབ༵་པའི་ཐབ༵ས། །འཇིག༵ས་བྲལ༵་སློབ་དཔོན་རབ་དགྱེས༵་པའི༵། །ལ༵མ་སྲོལ༵་བདུད་རྩིའི་ཟླ་སྣང་གིས། །ས་གསུམ་ཤིས་པ་སྦྱིན་གྱུར་ཅིག །ཅེས་པའང་གྲུབ་ཆེན་པདྨ་གར་དབང་གིས་མཛད་པའི་སྒྲུབ་རྗེས་དང༌། ལས་ཚོགས་ཡིག་རྙིང་ཐོར་བུ་ལས་བཤད་པ་ལྟར་ཆོ་གའི་ཆིངས་སྦྱར་ཚུལ་སོགས་བླ་མ་དམ་པའི་ཕྱག་བཞེས་ཇི་ལྟ་བར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤར་མར་སྤེལ་བ་སརྦ་ས་ཏྭཱ་ཝ་གི་ཤྭ་ར་སིདྡྷི་རསྟུ།། །།
པཎྜི་ཏ་དཱ་ན་ཤཱི་ལ་ནས་བརྒྱུད་པའི་མི་གཡོ་བ་དཀར་པོའི་སྒྲུབ་སྐོར་རྣམས།
པཎྜི་ཏ་དཱ་ན་ཤཱི་ལ་ནས་བརྒྱུད་པའི་མི་གཡོ་བ་དཀར་པོའི་སྒྲུབ་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻ་ཨ་ཙ་ལ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས། འཕགས་པ་མི་གཡོ་བ་ལ་ཕྱག་འཚལ་ལོ། །ཐོག་མར་སྔགས་པས་གསུམ་ལ་སྐྱབས་སོང་ཞིང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱས་རྗེས་སུ། །སྐད་ཅིག་ཙམ་གྱིས་སྟོང་པར་རབ་དམིགས་ནས། །རབ་དཀར་པདྨ་ཉི་མའི་དཀྱིལ་འཁོར་བལྟ། །དེ་ལྟར་མགོན་པོ་མི་འཁྲུགས་སྐུ་མདོག་དཀར། །གཡས་གཡོན་ཕྱག་གིས་རལ་གྲི་སྡིགས་མཛུབ་མཛད། །ཞབས་གཉིས་«་་་་་གཡོན་བཙུགས་»པུས་མོའི་མཐིལ་གྱིས་རབ་བཞུགས་པ། །རིན་ཆེན་དར་གྱིས་བརྒྱན་པ་བསྒོམ་པར་བྱ། །ལྷག་པའི་ཁྲོ་རྒྱལ་དེ་ཡི་མདུན་དུ་ཡང༌། །དེ་ཉིད་ཇི་ལྟའི་བཅོམ་ལྡན་འདས་བསམ་བྱ།«་་་་་ཡེ་ཤེས་སེམས་དཔའ།» །དེ་དག་ཐུགས་ཀར་པདྨ་ཉི་མ་ལ། །ཧཱུྃ་«་་་་་དགུ་»ལས་གཞན་གྱིས་བསྐོར་བའི་«་་་་་འོད་ཟེར་»འབར་བ་བལྟ། །དེ་ནས་ཡི་གེ་འབྲུ་བཅུ་བཟླས་བྱས་ཏེ། །སྔགས་ཕྲེང་ཁ་ནས་ཁར་«་་་་་རང་གི་མདུན་གྱི་»ཞུགས་ཡེ་ཤེས་དགུག །ལྟེ་བ་ནས་འཐོན་སླར་ཞུགས་བདག་ཉིད་ཀྱི། །སྙིང་གར་བསླན་པ་འཁོར་ལོ་བཞིན་དུ་བསམ། །དེ་ལྟར་ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །ཐུན་གསུམ་ཉིད་དུ་སྒོམ་པ་གང་ཡིན་དེ། །བཀའ་དང་བསྟན་བཅོས་ཀུན་གྱི་ཚིག་དང་དོན། །
བལྟས་པ་ཙམ་གྱིས་ཁོང་དུ་ཆུད་པར་འགྱུར། །གཞན་ཡང་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །སྙན་དངགས་བསྟན་བཅོས་ཐོགས་མེད་རྩོམ་ནུས་ཤིང༌། །དེ་ཡི་སྨྲ་བ་སུས་ཀྱང་ཟློག་མི་ནུས། །དེ་ཕྱིར་འདི་འདྲ་གང་དུའང་རྙེད་པར་དཀའ། །འཕགས་པ་མི་གཡོ་བའི་སྒྲུབ་ཐབས་རྫོགས་སོ།«་་་་་འདི་ལ་ལྷུག་པ་ཞིག་ཀྱང་སྣང༌།» །རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་རང་འགྱུར་མཛད་པའོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། བླ་མ་ཡི་དམ་དཀོན་མཆོག་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་སྣང་བ་སྐྱེད་པའི་ཕྱིར། །ཤེས་རབ་བློ་འཕེལ་གསལ་བར་བརྗོད། །འདིར་འཁོར་བའི་རྒྱུ་མ་རིག་པའི་མུན་པ་བསལ་ནས་ཐར་པའི་རྒྱུ་ཡང་དག་པའི་ཡེ་ཤེས་བསྐྱེད་པར་འདོད་པས། བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་ལ་འཇུག་ཅིང༌། དེ་ཉིད་མྱུར་དུ་མཐར་ཕྱིན་པར་བྱེད་པའི་རྒྱུ་ཤེས་རབ་ཡིན་ཞིང༌། དེ་དག་སྒྲུབ་པའི་ཚུལ་ཡང་མང་དུ་གསུངས་པ་ལས། སྐབས་འདིར་ནི་བཅོམ་ལྡན་འདས་གཏུམ་པོ་དཀར་པོའི་བློ་འཕེལ་ཤིན་ཏུ་ཟབ་ཅིང་ཚེགས་ཆུང་བའི་གདམས་ངག་བཤད་པ་ལ་ཚུལ་གསུམ་སྟེ། བཀའ་བབས་བརྒྱུད་པའི་རིམ་པ་དང༌། ཉམས་ལེན་གདམས་པའི་གནད་དངོས་དང༌། དེ་ཉིད་བསྒྲུབས་པའི་ཕན་ཡོན་བསྟན་པའོ། །
དང་པོ་ནི། བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཁྲོ་རྒྱལ་མི་གཡོ་དཀར། །གྲུབ་ཐོབ་འོད་བྱེད་འབྱུང་གནས་པཎ་ཆེན་ཤཱཀྱ་ཤྲཱི། །མཁས་པ་དཱ་ན་ཤཱི་ལ་འདུལ་འཛིན་བྱང་ཆུབ་སེམས། །རྒྱལ་ཚ་ལུང་གི་དབང་ཕྱུག་མཁས་པ་ཡོན་ཏན་ཁྲི། བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་པ་སྟེ། བཅོམ་ལྡན་མི་བསྐྱོད་རྡོ་རྗེས་ཐུགས་ཀྱི་སྤྲུལ་པའི་གཙོ་བོ་ཁྲོ་རྒྱལ་མི་གཡོ་བའི་ལྷ་ཚོགས་བཀྱེ་ཞིང༌། དེ་ཡང་ཞི་བས་འདུལ་བའི་སྣང་ངོར་མི་གཡོ་བ་དཀར་པོའི་རྣམ་པར་སྣང་ལ། དེ་ཉིད་པཎྜི་ཏ་ཆེན་པོ་གྲུབ་ཐོབ་འོད་བྱེད་འབྱུང་གནས་ཞེས་བྱ་བས་དངོས་སུ་གཟིགས་ཏེ། བྱིན་གྱིས་བརླབས། གསུང་ཕྱུང༌། ལུང་བསྟན་པར་གྱུར་ཏོ། །དེས་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལ་གནང༌། དེས་ཤར་ཕྱོགས་ཛ་ག་ཏའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལ་ལ་གནང༌། དེས་ཡར་ལུང་གི་བླ་མ་འདུལ་འཛིན་བྱང་ཆུབ་སེམས་དཔའ་དང༌། ལུང་གི་དབང་ཕྱུག་དྷརྨེ་ཤྭ་ར་གཉིས་ལ་གནང༌། དེ་གཉིས་ཀྱིས་མཁས་པ་ཡོན་ཏན་ཁྲི་བདག་ལ་གནང་སྟེ། ཁོ་བོས་ནི་འདི་ཉིད་ཚུལ་བཞིན་དུ་བསྒྲུབས་པས། དངོས་སམ་རྨི་ལམ་དུ་སྐུ་སྣ་ཚོགས་བསྟན་ཅིང༌། གསུང་ཕྱུང་ནས་ཤིན་ཏུ་རྗེས་སུ་བཟུང་བ་ཡིད་ཆེས་པར་གྱུར་ཏེ། དེ་ལྟར་ན་རིང་བརྒྱུད་ཀྱི་ལྔའམ་དྲུག ཉེ་བརྒྱུད་ནི་གཉིས་ཀྱང་ཡིན་ལ། བདག་གིས་ནི་བླ་མ་ས་སྐྱ་པ་ལས་བརྒྱུད་པའང་ཐོས་སོ། །གཉིས་པ་ཉམས་ལེན་གདམས་པ་དངོས་ནི། འདི་ཉམས་སུ་ལེན་པའི་རྣལ་འབྱོར་པས། བྱ་བ་གསུམ་ལ་བསླབ་པར་བྱ་བ་ལས། དང་པོ་སྦྱོར་བ་ནི། བླ་མ་ལས་འདིའི་ལུང་གི་རྗེས་གནང་དང་མན་ངག་ཐོབ་ཅིང༌། རྗེས་སུ་བརྩོན་པའི་གང་ཟག་གིས། རྣལ་འབྱོར་དང་མཐུན་པའི་གནས་སུ། གནས་དང་གོས་ལ་སོགས་པ་ཤིན་ཏུ་གཙང་བར་བྱས་ནས་སྟན་བདེ་བ་ལ་འདུག་སྟེ། ཐོག་མར་བླ་མ་དང་དཀོན་མཆོག་དང་ཡི་དམ་ལ་ཤིན་ཏུ་གུས་པའི་ཚུལ་གྱིས་སྐྱབས་འགྲོ་མང་དུ་བྱའོ། །གཉིས་པ་བསམ་པ་ཁྱད་པར་ཅན་བྱང་ཆུབ་ཏུ་སེམས་
བསྐྱེད་པ་ནི། དེ་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་མ་རིག་པའི་མུན་པ་བསལ་ཞིང༌། རིག་པའི་ཡེ་ཤེས་ཆེན་པོ་བསྐྱེད་པའི་དོན་དུ་བཅོམ་ལྡན་འདས་མི་གཡོ་བ་དཀར་པོའི་ཤེས་རབ་བློ་འཕེལ་འདི་སྒྲུབ་ཅིང་སྒོམ་བཟླས་བྱ་སྙམ་དུ་སེམས་བསྐྱེད་བྱའོ། །གསུམ་པ་དངོས་གཞི་ལ་གཉིས་ཏེ། སྟོང་པའི་ངང་ལས་སེམས་དཔའ་སུམ་བརྩེགས་བསྒོམ་པ་དང༌། དེའི་ངང་ལས་སྔགས་བཟླ་ཞིང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བའོ། །དང་པོ་ནི། རྣལ་འབྱོར་པས་ངག་ཏུ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་གཞི་མ་གྲུབ་པའི་རང་བཞིན་ཏེ། སྟོང་ཉིད་ཡིན་སྙམ་དུ་བློ་བརྟན་པར་བྱས་པའི་ངང་ལས། བྷྲཱུྃ་ཞེས་བརྗོད་པས། རང་ཉིད་གནས་པའི་ས་ཕྱོགས་དེ་ཉིད་བཅོམ་ལྡན་འདས་མི་གཡོ་བའི་ཞིང་ཁམས་ཤར་ཕྱོགས་མངོན་པར་དགའ་བ་ཡིན་སྙམ་དུ་བསམས་ལ། དེའི་དཀྱིལ་དུ་སྐད་ཅིག་གིས་པྃ་ལས་པདྨ་དཀར་པོ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རང་གི་རྣམ་ཤེས་ཡེ་ཤེས་ལྔའི་རང་བཞིན་ཡི་གེ་ཧཱུྃ་དཀར་པོ་ཞིག་ཏུ་བསམ་ཞིང་དེ་ལས་འོད་འཕྲོས་པས། སྣོད་བཅུད་ཀྱི་མ་དག་པ་ཐམས་ཅད་མ་ལུས་པར་སྦྱངས་ནས་སླར་འདུས་པ་ལས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མི་གཡོ་བ་དཀར་པོ། སྐུ་མདོག་གངས་རིའི་ཕྲེང་བ་ལ་ཉི་མ་ཤར་བ་ལྟར་ཤིན་ཏུ་དཀར་ཞིང༌། འོད་ཟེར་དུ་མ་རབ་ཏུ་འཕྲོ་བ་ཞལ་གཅིག་པ། ལྗགས་རྣམ་པར་འགྱུར་བ་ཅན། མཆེ་བ་བཞི་རབ་ཏུ་གཙིགས་པས་ཅུང་ཟད་འཛུམ་ལ་ཁྲོ་བ། དབུ་སྐྲ་ཁམ་པ་གྱེན་དུ་སྐྱོད་པ། རིན་པོ་ཆེའི་ཅོད་པན་དང་སྦྲུལ་ལྗང་སྔོན་བཅིངས་ཤིང༌། མི་བསྐྱོད་རྡོ་རྗེས་དབུ་ལ་བརྒྱན་པ། སྤྱན་གསུམ་རབ་ཏུ་གཡོ་བ་དང་ལྡན་ཞིང༌། སྨིན་མ་དང་སྨྲ་ར་ཁམ་པ་གྱེན་དུ་གཟིངས་པ། ཕྱག་གཉིས་ཀྱི་གཡས་པས་ཡེ་ཤེས་ཀྱི་
རལ་གྲི་འཕྱར་ཞིང༌། གཡོན་པས་སྡིག་མཛུབ་མཛད་པའི་རྩེ་ལ་རྡོ་རྗེའི་ཞགས་པ་ལན་གསུམ་དཀྲིས་པའི་རྩེ་མོར་གསེར་གྱི་རྡོ་རྗེ་ཕྱེད་པ་རེ་འཛིན་ཅིང་ཕྲག་གོང་དུ་ལྡིང་བ། ཞབས་གཉིས་ཀྱི་གཡས་པ་པད་ཉིའི་གདན་ལ་ཅུང་ཟད་ཙོག་པུར་བཞུགས་ཤིང་གཡོན་པའི་པུས་མོའི་ལྷ་ང་སྟན་ལ་བགྲད་པར་བཅུགས་པ། སྐུ་ལ་རིན་ཆེན་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ཞིང༌། དར་ལྗང་སྔོན་གྱི་ཅོད་པན་མཛེས་པར་འཕུར་བ། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ཤམ་ཐབས་ཀྱིས་དཀྲིས་པའི་སྐུ་རགས་སྦྲུལ་དཀར་པོ་སྟ་ཟུར་ཕྱེད་པར་བྱས་པ། སྐུ་ཤིན་ཏུ་ལང་ཚོ་དང་ལྡན་ཞིང༌། སྒེག་ཅིང་དཔའ་བའི་ཆ་བྱད་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ་གཅིག་ཅར་ཀྲོང་གིས་བསྒོམ་པར་བྱ་གསུངས། གཉིས་པ་མདུན་དུ་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། དེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་གྱི་གནས་ནས་རང་གི་བསྒོམས་པ་ཅི་འདྲ་བའི་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་མདུན་དུ། པད་ཉིའི་གདན་ལ་ཅུང་ཟད་ཙམ་ཚུར་ལ་ཞལ་ལྟ་བའི་ཚུལ་དུ་བཞུགས་པར་བསྒོམ་གསུངས། གསུམ་པ་ཐུན་མོང་དུ་ཏིང་ངེ་འཛིན་སེམས་དཔའ་གསལ་གདབ་པ་ནི། དེ་གཉིས་ཀའི་ཐུགས་ཀར་པད་ཉིའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་པའི་ལྟེ་བར་ཧཱུྃ་དཀར་པོ། དེའི་འདབ་མ་རྩིབས་བཅུ་པར་ཡི་གེ་བཅུའི་སྔགས་ཕྲེང་འོད་ཟེར་རབ་ཏུ་འབར་བ་རེས་བསྐོར་བ་བསྒོམས་ཏེ། དེའི་མན་ངག་ཅུང་ཟད་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་ནི། དེ་ནས་སྔགས་ཕྲེང་འབར་བ་རང་བཅོམ་ལྡན་འདས་སུ་བསྒོམས་པའི་ཞལ་ནས་ཐོན། མདུན་གྱི་དེའི་ཞལ་དུ་ཞུགས་ཐུགས་ཀར་ཐིམ། ཡང་མདུན་གྱི་དེ་ཡི་ལྟེ་བ་ནས་ཐོན་ནས་རང་གི་ལྟེ་བར་ཞུགས་ཤིང༌། ཐུགས་ཀར་ཐིམ་པའི་ཚུལ་འཁོར་ལོ་བཞིན་དུ་ཡང་ཡང་དུ་འཁོར་བར་བསམ་ཞིང༌། དེའི་ཚེ་སྔགས་ཀྱི་འོད་ཟེར་གྱི་ཕྲེང་བ་དེས་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ནུས་མཐུ་ཇི་སྙེད་ཡོད་པ་ཐམས་ཅད་ཁྱེར་ནས་ཐུགས་ཀའི་ཧཱུྃ་ལ་སིབ་ཀྱིས་ཐིམ་པས་བདག་གི་ཤེས་བྱའི་གནས་མ་ལུས་པ་ལ་མཁས་པའི་ཤེས་རབ་དང༌། སྤོབས་པ་དང༌། མི་བརྗེད་པའི་གཟུངས་དང༌། ཁྲོ་བོ་ཐམས་ཅད་ཟིལ་གྱིས་གནོན་པའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསྒོམ་ཞིང༌། ང་རྒྱལ་བསྐྱེད་པའི་ངང་ལས་སྔགས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པ་དེ་བརྒྱ་རྩ་ལ་སོགས་པ་ཇི་སྙེད་ནུས་པ་བཟླ་བར་བྱ་སྟེ། དཔུང་བཟང་གི་རྒྱུད་ལས། བཟླས་བརྗོད་བྱས་ཚེ་མི་མྱུར་མི་དལ་ཞིང༌། །སྒྲ་ཆེར་མི་འགྱུར་ཧ་ཅང་ཆུང་བའང་མིན། །གུག་ཀྱེད་ཀླད་ཀོར་ཚོགས་རྣམས་ཉམས་པར་མིན། །སྨྲ་གཞན་མ་ཡིན་གཞན་དུ་ཡེངས་པ་མིན། །ཞེས་འབྱུང་བ་ལྟར་བྱ་ཞིང་མཐར་འཕྲོ་གཅོད་པ་ན་ཡེ་ཤེས་པ་ཧཱུྃ་དུ་གྱུར་པར་བསམས་ལ། ཧཱུྃ་རང་གི་ཐུགས་ཀར་བསྡུ། སྐབས་འདིར་བོགས་འབྱིན་སྡིགས་མཛུབ་ཀྱི་སྦྱོར་བའང་བྱ་ཞིང༌། མཚན་མོ་ཉལ་ཁར་ལེ་བརྒན་དར་གྱི་སྦྱོར་བའང་བྱ་སྟེ། བླ་མའི་ཞལ་ལས་ཤེས་སོ། །ཡང་གྲངས་ཀྱི་བསྙེན་པ་ནི། འབུམ་ཕྲག་བཅུའི་བར་དུ་བཟླས་པས་རྫོགས། དུས་ཀྱི་བསྙེན་པ་ཞག་ཉི་ཤུ་རྩ་གཅིག་ཡིན་ལ། རྟགས་དང་མཚན་མའི་བསྙེན་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཏེ། བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་དང༌། ཐུན་མཚམས་ཀྱི་རྣལ་འབྱོར་བསྟན་པའོ། །དང་པོ་ནི། འདིའི་ཐུན་འཕྲོ་གཅོད་པ་ན། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་མོས་པའི་ངང་ནས། གནས་སྐབས་སུ་རང་ཉིད་ཅི་འདོད་པའི་སྨོན་ལམ་བཏབ་སྟེ། མཐར་ཐུག་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གཉིས་པ་ནི། ཐུན་མཚམས་ཀྱི་སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་བྱ་ཞིང་ཁོ་བོས་བྱས་པའི་ཡན་ལག་བདུན་གྱི་མཆོད་བསྟོད་རྒྱས་བསྡུས་ཡང་ཡང་བྱས་ལ་འདོད་དོན་ལ་གསོལ་བ་
གདབ། ཁྱད་པར་དུ་གཏོར་མ་འབུལ་བར་འདོད་ན་དཀུ་བག་དང་མ་འདྲེས་པའི་གཏོར་མ་མདུན་དུ་བཤམས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས་ངག་ཏུ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཅེས་བརྗོད་པས་མ་དག་པ་ཐམས་ཅད་བསང༌། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཡི་གེ་གསུམ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ཀྱི་བདུད་རྩིས་གང་བར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིའི་རྒྱ་མཚོ་ཚད་མེད་པར་བྱིན་གྱིས་བརླབ། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་རྗེ་བཙུན་མི་གཡོ་བའི་ལྷ་ཚོགས་པདྨ་ཉི་མའི་སྟེང་དུ་སྤྱན་དྲངས་ནས་གཏོར་མ་ཕུལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཅུང་ཟད་ཕྱེ་ལ། ངག་ཏུ་ཡི་གེ་བཅུ་པ་གསུམ་མམ། བདུན་བརྗོད་པ་ཕུལ་ནས་གསོལ་བར་བསམས་ཏེ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔས་མཆོད་ཅིང༌། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ལ་དགྱེས་པའི་གར་མཛད་དེ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེ་མི་གཡོ་མགོན། །རབ་བརྗིད་མི་གཡོ་མགོན་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད་ཅིང༌། བཅོམ་ལྡན་འདས་མི་གཡོ་བ་འཁོར་བཅས་ཀྱིས་བདག་ཅག་དཔོན་སློབ་འཁོར་བཅས་ཐམས་ཅད་ལ། རྐྱེན་ཕྱི་ནང་གི་འགལ་རྐྱེན་བར་ཅད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཐམས་ཅད་གྲུབ་ཅིང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་མི་བརྗེད་པའི་གཟུངས་ཐོབ་པ་དང༌། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་སྩལ་དུ་གསོལ། ཞེས་པས་འདོད་པའི་དོན་ལ་གསོལ་བ་གདབ་ཅིང༌། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། སྤྲུལ་པ་བདག་ལ་བསྡུས་ཏེ། གཏོར་མ་ས་གཙང་སར་གཏོར་རོ། །གསུམ་པ་ནི། འདི་ཉིད་བསྒྲུབས་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཚིགས་བཅད་དྲུག་པའི་གཞུང་ལས། དེ་ལྟར་ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །ཐུན་གསུམ་ཉིད་དུ་བསྒྲུབ་པ་གང་ཡིན་དེས། །བཀའ་དང་བསྟན་བཅོས་རྣམས་ཀྱི་ཚིག་དང་དོན། །བལྟས་པ་ཙམ་གྱིས་ཁོང་དུ་ཆུད་པར་འགྱུར། །གཞན་ཡང་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །བསྟན་བཅོས་སྙན་ངག་ཐོགས་མེད་རྩོམ་ནུས་ཤིང༌། །དེ་ཡིས་སྨྲ་བ་སུས་ཀྱང་ཟློག་མི་ནུས། །དེ་ཕྱིར་འདི་འདྲ་ཤིན་ཏུ་རྙེད་པར་དཀའ། །ཞེས་བཤད་པ་ལྟར་གནས་སྐབས་སུ་འབྱུང་ཞིང༌། མཐར་ཐུགས་ལམ་རིམ་གྱིས་བགྲོད་ནས། བཅོམ་ལྡན་འདས་མི་འཁྲུགས་པའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ལྟར་ཁྲོ་རྒྱལ་མི་གཡོ་བའི། །ཡེ་ཤེས་སྒྲུབ་པའི་གདམས་ངག་འདི། །གཞུང་དང་མན་ངག་ལ་བརྟེན་ནས། །མཁས་པ་ཡོན་ཏན་ཁྲི་ཡིས་སྦྱར། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་ཀུན་དཔལ་ལྡན་བགྲོད་པར་ཤོག །བཅོམ་ལྡན་འདས་མི་གཡོ་བ་དཀར་པོའི་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་བཅུད་ཀྱི་སྙིང་པོ་བཀོད་པ་ཞེས་བྱ་བ་བོད་ཡུལ་དབུས་ཀྱི་རྣལ་འབྱོར་པ་ཡར་ལུང་གི་མཁས་པ་ཡོན་ཏན་ཁྲིས་སྦྱར་བ་ཡོངས་སུ་རྫོགས་སོ། །ཤུ་བྷཾ།། ༈ །མི་གཡོ་བ་དཀར་པོའི་ཞལ་གདམས་གསུམ་གྱི་དང་པོ་ནི། རང་དམ་ཚིག་པར་བསྐྱེད། མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ནས་བཞུགས་པའི། རང་གི་སྙིང་པདྨ་ཅུང་ཟད་ཁ་བྱེ་བ་ལྟ་བུའི་ནང་དུ། པདྨ་ཉིད་ལ་འཁོར་ལོ་རྩིབས་བཅུ་པ་དཀར་པོའི་མདུན་གྱི་རྩིབས་ནས་གཡོན་སྐོར་དུ་རྩིབས་རེ་ལ་ཡི་གེ་བཅུ་པ་རེ་རེ། མགོ་གྱེན་བསྟན་དུ་བཀོད་པའི་འཁོར་ལོའི་ལྟེ་བ་ལ་མ་འབྱར་བའི་པད་ཉི་
ལ་མི་གཡོ་བ་ཚོན་གང་པའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་ཁ་དོག་མར་མེ་རབ་ཏུ་འབར་བ་མི་གཡོ་བ་ལྟ་བུའི་ཏིང་ངེ་འཛིན་སེམས་དཔའ་བསྒོམ། རང་གི་ཇི་ལྟ་བ་བཞིན་མདུན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང་གོང་བཞིན་དུ་བསམ། སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་འཁོར་ལོ་གཡས་སྐོར་དུ་འཁོར་བ་དང་ཨོཾ་ནས་སྔགས་འབྲུ་རེ་བཟླ། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྔགས་ཕྲེང་འཕྲོས། རང་གི་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ཐུགས་ཀའི་མི་གཡོ་བའི་ཞལ་ནས། ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཡང་དེ་ལས་སྔགས་བྱུང་བས་འཁོར་ལོའི་ཡི་གེ་སོ་སོ་ལ་ཐིམ། ཡང་དེ་སོ་སོ་ལས་སྔགས་ཕྲེང་བྱུང་ནས། ལྟེ་བ་ནས་ཐོན། རང་གི་ལྟེ་བར་ཞུགས་ཏེ། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པར་བསམས་ལ། སྤྲོ་བསྡུ་ལ་སོགས་མངོན་རྟོགས་བཞིན་དུ་བསམ་མོ། །བོགས་འབྱིན་སྡིགས་མཛུབ་ཀྱི་སྦྱོར་བ་ནི། ཐུན་འཕྲོ་བཅད་ནས་མདུན་གྱི་མི་གཡོ་བ་རང་ལ་ཐིམ་པའི་རྗེས་ལ། ཕྲེང་བ་ལག་རྩེ་སྐོར་ཉི་ཤུ་རྩ་གཅིག ལག་པ་གཡས་པའི་མཛུབ་མོ་སྡིགས་མཛུབ་བྱས་པའི་གུང་མཐེབ་ཀྱིས་བཟུང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྡིགས་མཛུབ་གཡས་པའི་གུང་མཐེབ་ཀྱི་སྦུ་གུར་བཅུག་པ་ལྟེ་བའི་ཐད་དུ་བཟུང་ནས་ལུས་བསྲངས་ཏེ་སྔགས་རེ་དང་ཕྲེང་བ་རེ་བསྐྱུར་བ་བསྟུན་ནས། ལག་པ་རིམ་གྱིས་ཁའི་ཐད་དུ་སླེབ་པ་དང་ཉེར་གཅིག་གི་ཐ་མ་ཕཊ་ལ་སྒྲ་ཆེར་བྱ་ཞིང༌། མིག་གྱེན་དུ་འབྲུ་ཚུགས་སུ་བལྟ། ལག་པ་གཉིས་སྡིགས་མཛུབ་བྱས་ལ་ལག་རྩེ་སྐོར་བསྐྱུར་ནས། སྡིགས་མཛུབ་ལུས་ཀྱི་གཡས་གཡོན་ཐད་སོར་རྒྱང་གིས་བཏང་བས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་ཡིན་ནོ། །ལེ་བརྒན་དར་གྱི་སྦྱོར་བའི་ཞལ་ཤེས་ནི། བསྙེན་པ་ཐེམས་ནས་དུས་ཀྱི་བསྙེན་པ་ཞག་ཉི་ཤུ་རྩ་གཅིག་གི་དུས་སུ། དར་དམར་པོ་ཁ་གང་ལ། དྲི་བཟང་གི་ཆུས་སྦགས་པ་སྲོད་ཐུན་ཚར་ནས་ཉལ་
བའི་དུས་སུ། གཞོགས་གཡས་པ་ཕབ་པའི་ལག་པ་སྔས་ཀྱི་སྟེང་དུ་ཁ་གྱེན་བསྟན་བྱས་པ་ལ་དར་དེ་བཀབ་ནས། འདུན་པ་ལ་ད་ལན་ཞལ་མཐོང་ངེས་པས་ཉིན་མོ་བྱོན་ན་དངོས་སུ་དངོས་གྲུབ་ལེན་ནའང༌། མཚན་མོ་གཉིད་ཀྱི་བར་དུ་བྱོན་ན་ལག་པའི་སྟེང་འདིར་འབྱོན་པར་མཛོད་ཅིག་བསམས་ནས་ལག་པའི་སྟེང་དུ་ནམ་བྱོན་དུས་གཉིད་སད་ཡོང་བས་དེ་དུས་དངོས་གྲུབ་ཞུ་སྙམ་པའི་འདུན་པའི་ངང་ལ་གཉིད་པ་ཡིན། ཞལ་གདམས་གསུམ་ལ་སྔར་ཡི་གེ་བྱས་པ་མེད་དོ། །ཤུ་བྷཾ།། ༈ །རྗེས་གནང་ནི། མགོན་པོ་མི་འཁྲུགས་པ་ལ་གུས་པས་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་མི་གཡོ་བ་དཀར་པོའི་ཤེས་རབ་བློ་འཕེལ་གྱི་བྱིན་རླབས་ཀྱི་རྗེས་སུ་གནང་བའི་མན་ངག་ནི། སྦྱོར་དངོས་རྗེས་གསུམ་ལས། ཐོག་མར་སྔོན་འགྲོ་སྦྱོར་བ་ནི། འདིའི་བྱིན་རླབས་དང་མན་ངག་གི་ལུང་དང་ལྡན་པའི་བླ་མ་ལས། སློབ་མ་དད་མོས་དང་ལྡན་ཞིང༌། ཡང་དག་པའི་ཤེས་རབ་འཕེལ་བར་འདོད་པས། གནས་ཁང་གཙང་ཞིང་དབེན་པར་རྟེན་མཆོད་བཤམས་པའི་མདུན་དུ་མཆོད་གཏོར་ཅི་འབྱོར་ལེགས་པར་བཤམས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། མཆོད་ཡུལ་«་་་་་སློབ་དཔོན་ལྷར་བསྐྱེད་ནས་བཟླས་པ་ཅི་འགྲུབ་བྱ། མདུན་དུ་ཡི་དམ་གྱི་ལྷ་བསྐྱེད་ལ། »ཁྱད་པར་ཅན་ལ་དཔོན་སློབ་གཉིས་ཆར་གྱིས། མཆོད་གཏོར་གུས་པས་འབུལ་ཞིང་བསྔོ། སློབ་མས་བླ་མ་ཡི་དམ་དབྱེར་མེད་དུ་བསྒོམས་པ་ལ། གུས་པས་ཕྱག་དང་མཎྜལ་ཕུལ་ཏེ་«་་་་་གང་གི་དྲིན་གྱིས་སོགས་ཤློ་ཀ་གཅིག་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་དངོས། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པའང་མཛད། »ཐོག་མར་བླ་མའི་རྗེས་སུ་ཐལ་མོ་སྦྱར་ནས། ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སོགས་ནས། འགྲུབ་པར་ཤོག་གི་བར། ཞེས་ལན་གསུམ་བརྗོད་པས་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་ཞིག་བླང་གསུངས།«་་་་་ཡང་ན་གུར་ནས་
བྱུང་བའི་རྒྱུན་བཤགས་ལན་གསུམ་མཛད། »གཉིས་པ་དངོས་གཞི་ལ། རྒྱུད་ལ་བྱིན་རླབས་འཇུག་པའི་རྟེན་འབྲེལ་དུ་ལུང་ནོད་པའི་མན་ངག་གསུམ་བྱ་སྟེ། ཐོག་མར་བྱིན་གྱིས་བརླབ་པའི་ལུང་ནི། དཔོན་སློབ་གཉིས་ཆར་གྱི་ལག་ཏུ་མེ་ཏོག་བཟུང་བས་ཐལ་མོ་སྦྱར་རོ། །ཐོག་མར་སློབ་མས་བླ་མའི་གསུང་གི་རྗེས་སུ་གསོལ་བ་གདབ་པ་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེན་ལན་གསུམ་བརྗོད་དེ། མེ་ཏོག་བླ་མ་ཡི་དམ་དབྱེར་མེད་བསམས་ལ་གུས་པས་གཏོར་«་་་་་དེ་ནས་སློབ་མ་ལྷར་བསྐྱེད་པ་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མི་གཡོ་བའི་རྣམ་པར་བསྟིམས་པས་སྐུར་བྱིན་གྱིས་བརླབ། ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རིག་སྔགས་རྣམས་ཡི་གེ་བཅུ་པར་སྤྱན་དྲངས་ནས་སློབ་མའི་མགྲིན་པར་བསྟིམས་པར་གསུང་དུ་བྱིན་གྱིས་བརླབ། ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་རལ་གྲི་ལ་སོགས་པ་ཕྱག་མཚན་སྤྱན་དྲངས་ནས། སློབ་མའི་ཐུགས་ཀར་ཐིམ་པས་ཐུགས་སུ་བྱིན་གྱིས་བརླབས་པ་རྣམས་ཕྱག་ལེན་ལ་མཛད་དོ།། »གསུངས། ཡང་བླ་མས་ཀྱང༌། དེའི་རྗེས་སུ་བླ་མ་དང་ཡི་དམ་དབྱེར་མེད་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐམས་ཅད་སློབ་མའི་རྒྱུད་ལ་ཞུགས་པར་བསམས་ཏེ་སློབ་མའི་སྤྱི་བོར་མེ་ཏོག་འཐོར་ཞིང༌། ངག་ཏུ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་གསུངས། གཉིས་པ་རྗེས་སུ་བཟླས་ལུང་ནི། ཡང་བླ་མ་དང་ཡི་དམ་དབྱེར་མེད་ཀྱི་གསུང་སྔགས་གྲགས་སྟོང་གི་རྗེས་སུ་སློབ་མས་བཟླས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐམས་ཅད་རྗེས་སུ་ཞུགས་པར་བསམས་ཏེ། སྙིང་པོ་སྔགས་ཡི་གེ་བཅུ་པ་ཉིད། གུས་པས་ལན་གསུམ་བཟླས་པར་བྱའོ་གསུངས། གསུམ་པ་དམ་བཅའ་བའི་ལུང་ནི། ཡང་སློབ་མས་བདག་གིས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ། བཅོམ་ལྡན་འདས་མི་གཡོ་བའི་སྒོམ་བཟླས་འདི་ཉིད་ཅི་འགྲུབ་ཏུ་བྱ་སྙམ་དུ་སེམས་བསྐྱེད་དེ། བླ་མའི་གསུངས་
རྗེས་སུ་གུས་པས་ཐལ་མོ་སྦྱར་ནས། ངག་ཏུ། བླ་མ་དམ་པ་རྗེ་བཙུན་རིན་པོ་ཆེས། བདག་ཅག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། བདག་ཅག་རྣལ་འབྱོར་པ་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་མི་གཡོ་བའི་སྙིང་པོ་སྔགས་ཡི་གེ་བཅུ་པ་ཉིད་ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། རྒྱ་རྩ་བརྒྱད་ལ་སོགས་པ་ཅི་ནུས་སུ་འདོན་ཟློས་བྱེད་པར་དམ་འཆའ་བ་ལགས་སོ། །ཞེས་ལན་གསུམ་བཟླས་ཏེ། དོན་ལའང་དེ་ལྟར་ཅི་འགྲུབ་ཏུ་བྱས་པས་རྒྱུད་ལ་ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན་འབྲེལ་ཡོད་གསུངས་ཏེ། དེའི་རྗེས་ལ་བླ་མས། སློབ་མའི་སྤྱི་བོར་གཏོར་མ་བྱིན་གྱིས་བརླབས་པ་དེ་ཉིད་བཞག་ནས། ངག་ཏུ། བཅོམ་ལྡན་འདས་མི་གཡོ་བའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་གདུལ་བྱ་སློབ་མའི་ཚོགས་འདི་དག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། འདི་དག་གི་ནད་གདོན་དགྲ་བགེགས་དང་བདུད་དང་ལོག་འདྲེན་གྱི་ཚོགས་ཐམས་ཅད་མྱུར་དུ་ཞི་ཞིང་བཟློག་པར་བྱིན་གྱིས་བརླབ་ཏུ་གསོལ། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་དང་དབང་ཐང་དང་ནུས་མཐུ་བློ་དང་རིག་པ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང༌། གཟུགས་དང་ཏིང་ངེ་འཛིན་དང་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་མྱུར་དུ་སྩལ་དུ་གསོལ། ཞེས་ལན་གཅིག་བརྗོད་པས། དེ་ལྟར་འབྱུང་བའི་ནུས་པ་རྒྱུད་ལ་བཞག་པར་བསམ་གསུངས། གསུམ་པ་རྗེས་མཇུག་གི་བྱ་བ་ནི། བླ་མའི་རྗེས་སུ་སློབ་མས། གཙོ་བོའི་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་ཁྱོད་བྲན་དུ། །ཁྱེད་ལ་བདག་ནི་
འབུལ་ལགས་ཀྱི། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་ནས། རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཡིད་ཀྱིས་བླ་མ་ཡི་དམ་དབྱེར་མི་ཕྱེད་པ་ལ་ཕུལ་བར་བསམས་ཏེ། སྒོ་གསུམ་གུས་པས་ཕྱག་བྱས་ནས། སྐབས་འདིར་འདི་ཡི་ཆོས་ལུང་རྒྱས་བསྡུས་བྱ། མཐར་གཏོར་མ་ས་གཙང་སར་བཏང་ལ་བསྔོ་བ་སྨོན་ལམ་རྒྱས་པར་བྱ། ལས་ཀྱི་རྗེས་མི་མངོན་པར་བསྡུ་གསུངས། བཅོམ་ལྡན་འདས་མི་གཡོ་བ་དཀར་པོའི་བྱིན་རླབས་ཀྱི་རྗེས་གནང་བྱ་ཚུལ་གྱི་མན་ངག བླ་མ་དམ་པ་རྣམས་ཀྱི་གསུང་ངག་རིན་པོ་ཆེ་སྙན་ནས་སྙན་དུ་བརྒྱུད་པའི་ཡི་གེ་མེད་པ་ལས། དད་ལྡན་སློབ་མ་འགའ་ཞིག་གིས་བསྐུལ་བའི་ངོར། གཞན་ཕན་བརྩེ་བའི་ཡིད་ཀྱིས་ཚིག་གི་བརྗེད་བྱང་ཙམ་དུ་ཡང་དབེན་ཆོས་ཀྱི་ཁང་པར་མཁས་པ་ཡོན་ཏན་ཁྲིས་བཀོད་པ་རྫོགས་སོ། །མངྒ་ལཾ།། ༈ །མི་གཡོ་བ་དཀར་པོའི་བྱིན་རླབས་ལས་བྱུང་བའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱའི་ཉམས་ལེན་གནད་དང་བཅས་པ་བཞུགས་སོ། །ན་མོ། ཤཱཀྱའི་དགེ་སྦྱོང་ཡོན་ཏན་ཁྲི་བདག་གིས། དཔལ་སྐྱོར་མོ་ལུང་གི་ཆོས་གྲྭ་ཆེན་པོར་ཤེས་བྱའི་གནས་ལ་ཡིད་ཀུན་ཏུ་རྨོངས་པ་སྤངས་པའི་ཕྱིར། ཁྲོ་རྒྱལ་མི་གཡོ་བ་དཀར་པོའི་ཤེས་རབ་བློ་འཕེལ་སྟོན་ཟླ་ར་བའི་ཟླ་བ་ལ། ཚེས་གཅིག་ནས་བརྩམས་ཏེ་ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབས་པའི་ཚེ་དེ་ཉིད་ཀྱི་ཚེས་བཅུའི་སྔ་དྲོའི་ཆ་ལ་སྒྲུབ་པ་ལ་རྩེ་གཅིག་ཏུ་སྒོམ་བཟླས་བྱེད་ཅིང་མདུན་གྱི་ནམ་མཁར་ཅུང་ཟད་བལྟས་པའི་ཚེ། ནམ་མཁའ་ཤིན་ཏུ་དྭངས་ཤིང་སྔོན་པོར་སྣང་བའི་དཀྱིལ་ན་འོད་ཀྱི་རྣམ་པ་རྒྱ་གྲམ་འཇའ་ཚོན་རིས་སུ་འཁོར་བའི་ཐིག་ལེ་དུ་མར་སྣང་བའི་དཀྱིལ་སོ་སོ་ན། བཅོམ་ལྡན་འདས་མི་གཡོ་བ་དཀར་པོའི་ལྷ་ཚོགས་དཔག་མེད་གཙོ་བོ་རིགས་ལྔའི་སྐུ་མདོག་ཅན་གྱི་རོལ་པས་བཞུགས་པ་འོལ་སྤྱི་ཙམ་དུ་མཐོང་བ་ན། ཀྱེ་མ་འདི་ལྟ་བུའི་རྣམ་འཕྲུལ་ཁྱད་པར་ཅན་འབྱུང་བ་ཅི་ཞིག་ཡིན་ཏེ། ཡ་མཚན་ཆེ་སྙམ་ནས། སླར་མིག་བཙུམས་
ནས་མོས་པ་བསྒོམ་ཞིང་སྔགས་བཟླས་པའི་ཚེ། རེ་ཞིག་ཁོ་བོའི་ཡིད་ལ་འདི་དག་ཀྱང་ཡ་མཚན་ཆེ་མོད་ཀྱི་འོན་ཀྱང་མདུན་གྱི་སྐུར་སྣང་བ་འདི་རྣམས་རྒྱུན་དུ་རྟག་གམ་མི་རྟག་སྙམ་ནས་ནམ་མཁར་བལྟས་པའི་ཚེ། ཤར་གྱི་གཙོ་བོ་དཀར་པོར་སྣང་བས་གསུངས་པ་«་་་་་འདུས་བྱས་ཐམས་ཅད་མི་རྟག་པ། »ནི། ཀྱཻ་སྐལ་ལྡན་རིགས་ཀྱི་བུ་དག་འདི་ལྟར་ཉོན། །ཕྱི་ནང་འདུས་བྱས་ཐམས་ཅད་གཞན་དུ་འགྱུར་ཞིང་འཕོ། །གཅིག་ཏུ་ངེས་པ་མེད་ཅིང་སྣ་ཚོགས་སོ་སོར་སྣང༌། །འདི་ལ་རྟག་པར་མ་འཛིན་བར་སྣང་གློག་ལྟར་ལྟོས། །ཞེས་གསུངས་སོ། །ཡང་ཁོ་བོའི་ཤེས་པ་ལ་དགའ་བདེ་ཅུང་ཟད་སྐྱེས་པས། ཟག་བཅས་འཁོར་བའི་ནང་ནའང་འདི་ལྟ་བུའི་བདེ་བའི་ཚད་བྱུང་བ་ངོ་མཚར་ཆེ་སྙམ་པ་ན། ལྷོ་ཕྱོགས་ཀྱི་གཙོ་བོ་སེར་པོར་སྣང་བས་གསུངས་པ་«་་་་་ཟག་བཅས་ཐམས་ཅད་སྡུག་བསྔལ་བ། »ནི། ཀྱེ་ཧོ། ཤེས་ལྡན་རིགས་ཀྱི་བུ་དག་འདི་ལྟར་ལྟོས། །ཚུ་རོལ་འཁོར་བའི་མཐོ་དམན་ཐམས་ཅད་ཟག་བཅས་ཡིན། །གང་ལ་བདེ་བར་བཏགས་ཀྱང་སྡུག་བསྔལ་མི་ཟད་རྒྱུ། །འདི་ལ་བདེ་བར་མ་ཞེན་དུག་ཅན་ཁ་ཟས་ལྟོས། །ཞེས་གསུངས་སོ། །ཡང་ཁོ་བོའི་བསམ་པ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་སྡུག་སོ་སོར་གྲུབ་པ་བདེན་པ་ཡིན་སྙམ་དུ་སེམས་པ་ན། ནུབ་ཀྱི་གཙོ་བོ་དམར་པོར་སྣང་བས་གསུངས་པ་«་་་་་ཆོས་ཐམས་ཅད་བདག་མེད་པ། »ནི། ཨེ་མ་ཧོ། བློ་ལྡན་རིགས་ཀྱི་བུ་དག་འདི་ལྟར་གསོན། །འཁོར་འདས་སྣང་སྲིད་ཆོས་རྣམས་ཐམས་ཅད་ཀྱང༌། །ང་དང་བདག་ཏུ་བཟུང་བས་འཁོར་བའི་རྒྱ་མཚོར་འཁྱམས། །འདི་ལ་བདག་ཏུ་མ་འཛིན་སྒྱུ་མ་ལྟ་བུར་ལྟོས། །ཞེས་གསུངས་སོ། །ཡང་ཁོ་བོའི་སེམས་ལ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་འདི་སྤངས་ནས་འབྲས་བུ་ཐར་པ་མྱང་འདས་ཞིག་ཐོབ་པར་བྱ་སྙམ་པ་ན། བྱང་གི་གཙོ་བོ་ལྗང་གུར་སྣང་བས་གསུངས་པ་«་་་་་མྱང་འདས་ཐམས་ཅད་ཞི་བ། »ནི། ཨེ་མ། ལས་ཅན་རིགས་ཀྱི་བུ་དག་འདི་ལྟར་གཟིགས། །འབྲས་བུ་མྱང་འདས་ཆོས་རྣམས་སྤྲོས་
པའི་མཚན་མ་ཞི། །གང་ལ་རྟོག་པས་བརྟགས་ན་ཐར་མཆོག་མི་འགྲུབ་པས། །འདི་ལ་མཚན་མར་མ་ཞེན་ནམ་མཁའི་དབྱིངས་ལྟར་ལྟོས། །ཞེས་གསུངས་སོ། །ཡང་ཁོ་བོའི་སེམས་ལ་ཆོས་ཐམས་ཅད་དོན་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིར་འདུས་པར་གསུངས་ཀྱང་དེ་ཉིད་གང་ཟག་གི་རྒྱུད་ལ་དོན་བསྡུས་ནས་ཉམས་ལེན་ཇི་ལྟར་བྱེད་སྙམ་དུ་སེམས་པ་ན། དབུས་ཀྱི་གཙོ་བོ་དཀར་པོར་སྣང་བའི་ཞལ་ནས་གསུངས་པ་«་་་་་ཐབས་ཤེས་ཟུང་དུ་འཇུག་པར། »ནི། ཨེ་མ་ཧོ། རིག་འཛིན་རིགས་ཀྱི་བུ་དག་འདི་ལྟར་སོམས། །གཞི་ལམ་འབྲས་བུའི་ཆོས་ཀུན་སྣང་སྟོང་ཟུང་འཇུག་ཡིན། །གང་ལ་ཕྱོགས་འཛིན་ཞུགས་ན་ཕ་རོལ་མི་ཕྱིན་པས། །འདི་ལ་རྟག་ཆད་མ་ལྷུང་སྟོང་ཉིད་སྙིང་རྗེའི་སྙིང་པོར་ལྟོས། །ཞེས་གསུངས་པ་ན། དེ་ཉིད་དུ་ཕྱི་ནང་ཤེས་བྱའི་དོན་ཐམས་ཅད་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་སྒྲོ་འདོགས་ཐམས་ཅད་ཆོད་ནས་ནང་དུ་ངེས་པའི་ཤེས་པ་ཏིང་ངེ་འཛིན་གྱི་རྣམ་པར་སྐྱེས་ཤིང༌། ལུས་སེམས་ལ་དགའ་བདེ་ཕུན་སུམ་ཚོགས་པས་ཀྱང་ཚིམས་པར་གྱུར་ཏོ། །ཡི་དམ་གྱི་ལྷ་བཅོམ་ལྡན་འདས་མི་གཡོ་བ་དཀར་པོས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཅུང་ཟད་སྣང་བ། ཚིག་གི་བརྗེད་བྱང་ཙམ་དུ་དཔལ་སྐྱོར་མོ་ལུང་གི་ཆོས་གྲྭ་ཆེན་པོར་ཡི་གེར་བཏབ་པ་གུ་ཧྱ། །མངྒ་ལཾ།། ༈ །བསྟོད་པ་ཡན་ལག་བདུན་ལྡན། རྒྱ་གར་སྐད་དུ། བྷ་ག་ཝཱན་ཨ་ཙ་ལ་ཤུཀླཱ་ཡ་ཨ་བྷི་ས་མ་ཡ་གུ་ཎ་མུ་ཁཱ་ཏ་སྟོཏྟྲ་སཔྟཱངྒ་བ་ཏཱི་ནཱ་མཿ བོད་སྐད་དུ། བཅོམ་ལྡན་འདས་མི་གཡོ་བ་དཀར་པོ་ལ་མངོན་པར་རྟོགས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡན་ལག་བདུན་ལྡན་ཞེ་བྱ་བ། མགོན་པོ་མི་འཁྲུགས་པ་ལ་གུས་པས་ཕྱག་འཚལ་ལོ། །ཧཱུྃ། ཆོས་དབྱིངས་རྣམ་དག་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྣ་ཚོགས་ཐབས་ཀྱིས་གདུགས་པ་འདུལ་མཛད་ཁྲོ་རྒྱལ་གྱི། །བཅོམ་ལྡན་ཁྱེད་ལ་དད་མོས་བློ་ཡི་སེམས་ཆགས་ཀྱི། །དབང་པོ་རྡོ་རྗེའི་དབྱངས་ཀྱིས་ཡང་དག་བསྟོད་པར་བགྱི། །པད་དཀར་འདབ་བརྒྱད་རབ་མཛེས་དྲི་བསུང་ཕུན་
ཚོགས་ལྡན། །མེ་ཤེལ་དཀྱིལ་འཁོར་རྣམ་དག་འབར་བའི་གདན་སྟེང་དུ། །སྲིད་གསུམ་སྐྱོན་གྱིས་མ་གོས་སྤྲུལ་པའི་གཟུགས་ཀྱིས་བརྗིད། །གདུལ་བྱ་སྨིན་མཛད་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །རིག་པ་ཧཱུྃ་མཆོག་ལས་འཁྲུངས་གངས་རིའི་ཕྲེང་ལྟར་དཀར། །འབར་བའི་འོད་ཟེར་སྟོང་འཕྲོ་ལྷང་ངེ་ལྷམ་མེར་འཚེར། །ཀུན་རྟོག་བློ་བུར་རྣམ་དག་ཇི་བཞིན་བརྙེས་པའི་སྐུ། །ཐུགས་རྗེས་ཀུན་གཟིགས་ཁྱེད་ལ་གུས་པས་ཕྱག་འཚལ་ལོ། །ཞབས་གཉིས་གཡས་བསྐུམས་ཉི་མའི་གདན་ལ་བཞེངས་པའི་ཚུལ། །གཡོན་བརྐྱངས་བགྲད་པའི་པུས་བཙུགས་གར་གྱིས་རྣམ་པར་རོལ། །སྟོང་དང་སྙིང་རྗེ་དབྱེར་མེད་སྲིད་ཞིའི་མཐར་ཕྱིན་པའི། །མི་གནས་ཚུལ་འཆང་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །སྐུ་ལ་སྲབ་འཇམ་སྣ་ཚོགས་དར་གྱི་ན་བཟའ་གསོལ། །རིགས་ལྡན་དཀར་པོའི་སྐུ་རགས་སྟ་ཟུར་འཕྱང་བ་དཀྲིས། །ཁྲེལ་ཡོད་ངོ་ཚའི་གཞི་འཛིན་ཡེ་ཤེས་མདངས་ཀྱིས་མཛེས། །གསང་བའི་དམ་ཚིག་སྡོམ་མཛད་ཁྱེད་ལ་གུས་པས་ཕྱག་འཚལ་ལོ། །ཞལ་གཅིག་རྣམ་གཡོ་ཧ་ཧ་བཞད་པའི་སྒྲ་ཆེན་སྒྲོགས། །དམར་ཞིང་འཁྲུགས་པའི་ལྗགས་ཀྱིས་སྟོང་གསུམ་མ་ལུས་འགེངས། །ཡང་དག་དབྱིངས་ལས་མི་འགྱུར་འགྲོ་བའི་དོན་ལ་དགྱེས། །སྲིད་པའི་མུན་སེལ་ཁྱེད་ལ་གུས་པས་ཕྱག༴ །རྣོ་དཀར་མཆེ་བ་བཞི་ནི་ཅུང་ཟད་རབ་གཙིགས་ཤིང༌། །སྤྱན་གསུམ་དམར་ཟླུམ་གཡོ་བའི་སྡང་མིག་ཕྱོགས་བཅུར་གཟིགས། །བྱམས་དང་སྙིང་རྗེའི་སྤྱན་གྱིས་ཁམས་གསུམ་དོན་མཛད་ཅིང༌། །བདུད་དཔུང་སྐྲག་མཛད་ཁྱོད་ལ་གུས་པས་ཕྱག༴ །དབུ་སྐྱེས་སྨིན་མ་ཞལ་ཚོམ་དམར་སེར་གྱེན་དུ་འབར། །སྦྲུལ་ཆེན་སྣ་ཚོགས་གཟུགས་ཀྱིས་དབུ་ལ་གདེངས་ཀར་དཀྲིས། །རང་རིག་ཡེ་ཤེས་མཆོག་རྒྱལ་ཆུ་བདག་དབང་སྡུད་ཅིང༌། །ཐར་མཆོག་དཀྲི་མཛད་ཁྱོད་ལ་གུས་པས་ཕྱག༴ །རིན་ཆེན་དབུ་རྒྱན་ལྔས་སྤྲས་མི་བསྐྱོད་རིགས་ཀྱིས་མཚན། །སྐུ་ལ་ལྗང་སྔོན་རབ་མཛེས་དར་གྱི་ཅོད་པན་འཕུར། །སྲིད་གསུམ་རླུང་གིས་མི་གཡོ་
སྐུ་མཆོག་ཡེ་ཤེས་ལྡན། །སྙན་པའི་བ་དན་རབ་སྒྲོགས་ཁྱོད་ལ་གུས་པས་ཕྱག༴ །ཕྱག་གཉིས་གཡས་ཀྱིས་འབར་བའི་རལ་གྲི་གྱེན་དུ་གདེངས། །གཡོན་པས་ཐུགས་ཀར་སྡིགས་མཛུབ་རྡོ་རྗེའི་ཞགས་པར་དཀྲིས། །བདེན་གཉིས་རྣམ་དག་བློ་ཡིས་མི་ཤེས་གཅོད་མཛད་ཅིང༌། །དགྲ་བགེགས་ཚར་གཅོད་ཁྱོད་ལ་གུས་པས་ཕྱག༴ །སྐུ་དང་ཡན་ལག་མཆོག་རྒྱས་གཞོན་ནུའི་ལང་ཚོར་ལྡན། །རིན་ཆེན་མཛེས་པའི་རྒྱན་སྤྲས་འོད་ཟེར་སྣ་ཚོགས་འཕྲོ། །རྣམ་དག་མཚན་དཔེ་རབ་འབར་དགོས་འདོད་ཡིད་བཞིན་སྩོལ། །སྲིད་གསུམ་དབང་མཛད་ཁྱོད་ལ་གུས་པས༴ །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ཆེན་པོ་ན། །དཔའ་བོ་སྒེག་ཅིང་མི་སྡུག་འཇིགས་བྱེད་ཆེན་པོས་རོལ། །མ་རིག་འཐིབས་པོའི་ཚོགས་རྣམས་མ་ལུས་སྲེག་མཛད་ཅིང༌། །རྒྱལ་བའི་ཕྲིན་ལས་སྒྲུབ་མཛད་ཁྱོད་ལ་གུས་པས༴ །དམ་ཚིག་སེམས་དང་ཡེ་ཤེས་སྐུ་གཉིས་དབྱེར་མེད་པའི། །ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ཡིག་ས་བོན་ལ། །རིག་སྔགས་རྒྱལ་པོས་བསྐོར་ལས་འོད་ཟེར་རབ་འཕྲོས་པས། །འཁོར་བ་རབ་འཇོམས་ཁྱོད་ལ་གུས་པས༴ །ཁྲོ་བོའི་ཏིང་འཛིན་རབ་ཟབ་སྔགས་ཕྲེང་འབར་བའི་མཐུས། །འཇིག་རྟེན་འདས་པའི་ཡོན་ཏན་ཇི་སྙེད་ཀུན་འདུས་ནས། །ཐུགས་མཆོག་རྡོ་རྗེ་ལ་ཞུགས་སྦས་པའི་མཐུ་སྟོབས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་ཁྱོད་ལ་གུས་པས༴ །ཐུགས་ཀར་འཁོར་ལོ་རྩིབས་བཅུ་གསང་སྔགས་སྙིང་པོ་ལས། །རྣོ་གསལ་རྒྱ་ཆེན་བརྟན་དང་ཐོགས་མེད་འོད་འབར་བས། །བློ་རིག་ཡེ་ཤེས་སྤྱན་དང་ཡེ་ཤེས་གཟུངས་ཐོབ་ཅིང༌། །སྤོབས་པ་སྐྱེད་མཛད་ཁྱོད་ལ་གུས་པས༴ །དྲག་ཆེན་ཁྱོད་ཀྱི་གསང་སྤྱོད་ཟབ་མོ་བསྟེན་པའི་མཐུས། །བཀའ་དང་བསྟན་བཅོས་ལུང་རིག་མན་ངག་རྣམ་དག་རྣམས། །ཚིག་དོན་ཇི་བཞིན་མྱུར་དུ་བློ་ཡིས་ལེགས་རྟོགས་ཤིང༌། །མི་བརྗེད་གཟུངས་སྟེར་ཁྱོད་ལ་གུས་པས༴ །གཏུམ་ཆེན་ཁྱོད་ཀྱི་བྱིན་རླབས་མྱུར་མགྱོགས་རྒྱ་ཆེན་གྱིས། །སྙན་
ངག་སྡེབ་སྦྱོར་ཚིག་གི་གནས་ལ་མ་རྨོངས་ཤིང༌། །འཆད་རྩོད་རྩོམ་པའི་ཚུལ་ལ་རྣམ་དཔྱོད་ཐོགས་མེད་པས། །རྒོལ་བས་མི་བརྫི་ཁྱོད་ལ་གུས་པས༴ །བརྩོན་པས་སྒྲུབ་པའི་དུས་སུ་ངེས་པར་དམ་ཚིག་བསྟེན་པ་སྟེ། །སྡིགས་མཛུབ་ལས་སྦྱོར་དང་ནི་ཐུན་མཚམས་རྣལ་འབྱོར་མཐུས། །གསང་གསུམ་ཕྲིན་ལས་རྒྱ་ཆེན་མྱུར་སྒྲུབ་མཛད་པ་ཡི། །མཐུ་སྟོབས་དབང་ཕྱུག་ཁྱོད་ལ་གུས་པས་ཕྱག་འཚལ་བསྟོད། །ཨེ་མ་ཧོ། །འགྲོ་བས་«་་་་་མཆོད་པ་འབུལ་བ། »བདག་ཏུ་བཟུང་དང་མ་བཟུང་བློ་ཡིས་སྡུས། །ཏིང་འཛིན་རྣམ་འཕྲུལ་ལས་བྱུང་མཆོད་རྫས་ཇི་སྙེད་རྣམས། །ཁྱོད་ལ་གུས་པས་འབུལ་གྱིས་ཐུགས་རྗེས་བཞེས་སུ་གསོལ། «སྡིག་པ་བཤགས་པ་་་་་»།བདག་གཞན་འགྲོ་བའི་ཚོགས་ཀྱིས་དུས་གསུམ་མཐའ་ཡས་སུ། །མི་ཤེས་རྨོངས་པའི་དབང་གིས་ཉེས་པ་ཅི་བགྱིས་རྣམས། །ཐུགས་རྗེ་མཆོག་ལྡན་ཁྱེད་ལ་སྙིང་ནས་མཐོལ་བཤགས་བགྱི། «རྗེས་སུ་ཡི་རང་བ་་་་་»།རང་གཞན་སྐྱེ་འཕགས་རྒྱུད་ཀྱིས་ཀུན་ནས་རབ་བསྡུས་པའི། །ཟག་བཅས་ཟག་མེད་དགེ་བ་མ་ལུས་ཐམས་ཅད་ལ། །ཤིན་ཏུ་དགའ་བའི་སེམས་ཀྱིས་རྗེས་སུ་ཡི་རང་བགྱི། «ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་བ།་་་་་»།ཕྱོགས་བཅུའི་རྒྱལ་སྲས་ཉན་རང་མ་ལུས་ཇི་སྙེད་པ། །བཏང་སྙོམས་ཆེན་པོའི་ཚུལ་གྱིས་ཞི་བར་བཞུགས་རྣམས་ལའང༌། །འགྲོ་བའི་དོན་དུ་མི་ཟད་འཁོར་ལོ་བསྐོར་བར་བསྐུལ། «མྱ་ངན་མི་འདའ་བར་བཞུགས་པ་་་་་»།དུས་གསུམ་འགྲོ་བའི་དོན་ལ་ཀུན་ནས་རབ་བརྩོན་པའི། །སྐྱེས་མཆོག་མྱ་ངན་འདའ་ཚུལ་བསྟན་པར་མཛད་རྣམས་ལའང༌། །རྟག་པར་གཞན་དོན་མཛད་ཅིང་བཞུགས་པར་གསོལ་བ་འདེབས། །འཇིག་རྟེན་«་་་་་དགེ་བ་བསྔོ་བ། »འགྲོ་བ་ཀུན་གྱིས་དུས་གསུམ་ལེགས་བསགས་པའི། །དགེ་བ་མ་ལུས་བསྡུས་ནས་སེམས་ཅན་ཐམས་ཅད་ཀྱིས། །བྱང་ཆུབ་མྱུར་དུ་ཐོབ་ཕྱིར་ཡོངས་སུ་བསྔོ་བར་བགྱི། །ཨེ་མ་ཧོ། བཅོམ་ལྡན་ཁྲོ་རྒྱལ་ཁྱོད་ཉིད་གུས་པས་མཆོད་བསྟོད་ཅིང༌། །བསྒོམས་བཟླས་མངོན་པར་བགྱིས་པའི་དགེ་བ་གང་ཡོད་དེས། །ཁམས་གསུམ་
འགྲོ་བའི་ཉོན་མོངས་སྤྲིན་ཚོགས་རབ་བཅོམ་ཞིང༌། །སྣང་དང་སྟོང་པའི་རང་བཞིན་ཚོགས་གཉིས་རབ་རྫོགས་ཏེ། །ཟག་བཅས་ཟག་པ་མེད་བསྡུས་ལམ་དང་འབྲས་བུའི་ཆོས། །བདག་སོགས་རྨོངས་པའི་བུ་ལ་ཉེ་བར་སྩལ་ནས་ཀྱང༌། །གདུག་སེམས་གནོད་འཚེ་མ་རུངས་ཀུན་ནས་ཉེར་ཞི་སྟེ། །མཐར་འཛིན་རླུང་གིས་མི་བསྐྱོད་བརྟན་པའི་དངོས་གྲུབ་སྩོལ། །དུས་གསུམ་རྒྱལ་བ་མི་བསྐྱོད་ཐུགས་ཀྱི་སྤྲུལ་པ་མཆོག །ཁྲོ་རྒྱལ་མི་གཡོ་མགོན་ལ་གུས་པས་ལེགས་བསྟོད་པའི། །དགེ་ཆེན་རྣམ་པར་མི་ཟད་རྒྱ་མཚོ་ལྟ་བུ་ཡིས། །སྲིད་པར་འཁྱམས་པའི་འགྲོ་རྣམས་བྱང་ཆུབ་མྱུར་ཐོབ་ཤོག །བཅོམ་ལྡན་འདས་མི་གཡོ་བ་དཀར་པོ་ལ་མངོན་པར་རྟོགས་པ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡན་ལག་བདུན་ལྡན་ཞེས་བྱ་བ་མཁས་པ་ཡོན་ཏན་ཁྲིས་སྦྱར་བ་རྫོགས་སོ། །སརྦ་དཱ་མངྒ་ལཾ།། ༈ །མི་གཡོ་བ་དཀར་པོའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། སྐྱབས་སུ་འགྲོ་བ་ཅི་ནུས་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ཏེ་ཡེ་ཤེས་ཀྱི་སྣང་བ་ཁྱད་པར་ཅན་ལ་འགོད་པར་བྱ། དེའི་ཆེད་དུ་རྗེ་བཙུན་མི་གཡོ་བ་དཀར་པོ་བསྒོམ་པར་བགྱིའོ། །ཞེས་ཞེ་ཐག་པ་ནས་ལན་གསུམ་བརྗོད། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝའི་སྔགས་ཀྱིས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་གྱུར། དེའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཡི་གེ་ཧཱུྃ་དཀར་པོ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས་ནས་སླར་འདུས་ཏེ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་གངས་རིའི་ཕུང་པོ་ལ་ཉི་མ་ཤར་བ་ལྟར་དཀར་ཞིང་འོད་ཟེར་དུ་
མ་འཕྲོ་བ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་ཡེ་ཤེས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་སྡིག་མཛུབ་དང་བཅས་པའི་རྡོ་རྗེའི་ཞགས་པ་ཐུགས་ཀར་འཛིན་ཅིང་རྩེ་མོ་ཕྲག་གོང་དུ་ལྡིང་བ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ་ཅུང་ཟད་འཛུམ་ཞིང་ཁྲོ་བ་སྤྱན་གསུམ་རབ་ཏུ་གཡོ་བ། སྨ་ར་དང་སྨིན་མ་འཁྱུག་ཅིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་ལྗང་སྔོན་གྱིས་བཅིངས་པ། མི་བསྐྱོད་པའི་ཅོད་པན་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་པའི་རྟིང་པ་དང་གཡོན་པའི་པུས་མོ་སྙན་ལ་བཙུགས་ཏེ་བཞེངས་མ་སྟབས་སུ་མཛད་པ། སྒེག་ཅིང་དཔའི་བའི་ཆ་བྱད་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་དུ་སྤྱན་དྲངས་པ་པད་ཉིའི་སྟེང་དུ་རང་ཉིད་ལ་ཞལ་ཕྱོགས་ཏེ་བཞུགས་པར་གྱུར། དེ་གཉིས་ཀའི་ཐུགས་ཀར་པད་ཉིའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་པ། དེའི་ལྟེ་བ་ན་རེག་ལ་མ་འབྱར་བའི་པད་ཉི་ལ་མི་གཡོ་བ་ཚོན་གང་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་མར་མེ་ལྟར་འབར་བ། འཁོར་ལོའི་རྩིབས་བཅུ་ལ་སྔགས་ཕྲེང་ཡིག་འབྲུ་བཅུ་བསམ། རང་གི་སྙིང་གའི་མི་གཡོ་བའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་གཉིས་ཀའི་ཞལ་ནས་ཐོན། མདུན་གྱི་མི་གཡོ་བ་ཕྱི་ནང་གཉིས་ཀྱི་ཞལ་ནས་ཞུགས་ཐུགས་ཀར་ཐིམ། དེ་གཉིས་ཀྱི་ལྟེ་བ་ནས་ཐོན། རང་དང་སྙིང་གའི་མི་གཡོ་བའི་ལྟེ་བ་ནས་ཞུགས། ཐུགས་ཀར་ཐིམ་ཞིང་འཁོར་ལོ་གཡས་སུ་འཁོར་བ་རྒྱུན་མི་ཆད་པ་ལ་སེམས་གཏད། སྔགས་ཀྱི་འོད་ཟེར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ་པར་བསམས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཅི་ནུས་པའམ། གྲངས་ཀྱི་བསྙེན་པ་བྱེད་ན་
འབུམ་ཕྲག་བཅུ་བཟླ། ཐུན་འཇོག་པ་ན་མདུན་གྱི་ཡེ་ཤེས་སེམས་དཔའ་ཧཱུྃ་གི་རྣམ་པར་གྱུར་ནས་རང་གི་ཐུགས་ཀར་ཐིམ་པར་བསམས་ལ་དགེ་བ་བསྔོའོ། །རྗེས་གནང་བྱེད་ན། མདུན་དུ་མི་གཡོ་བའི་བྲིས་སྐུའམ། མ་འབྱོར་ན་ཚོམ་བུ་བཀོད། མཆོད་གཏོར་གཤམ། མཆོད་པ་བསང་སྦྱང་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ་བདག་བསྐྱེད་བསྒོམ། མདུན་གྱི་དམིགས་རྟེན་བསང་སྦྱངས་སྟོང་པའི་ངང་ལས་མི་གཡོ་བ་སེམས་དཔའ་སུམ་བརྩེགས་སུ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཨོཾ་ཨཱརྻ་ཨ་ཙ་ལ་ཞེས་པ་རེ་རེའི་མགོར་སྦྱར་བའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། རབ་དཀར་གངས་རིའི་མདོག་ཅན་བརྗིད་མཛེས་སྐུ། །ཞལ་གཅིག་ཕྱག་གཉིས་རལ་གྲི་ཞགས་པ་འཛིན། །པུས་བཙུགས་འགྱིང་ཞིང་སྒེག་པའི་ཆ་ལུགས་ཅན། །བློ་སྟེར་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བསང་སྦྱང༌། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ་ཡི་གེ་བཅུ་པས་ཕུལ། མཆོད་བསྟོད་འདོད་དོན་ཞུས་ལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། སློབ་མས་ཕྱག་དང་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པའི་སླད་དུ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ། རྒྱུད་དག་པའི་སླད་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ། ཐུན་མོང་མ་ཡིན་པའི་གསོལ་བ་བཏབ་པའི་སླད་དུ། སློབ་མས་སློབ་དཔོན་ལ་མེ་ཏོག་གཏོར་ཏེ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད། རྗེས་གནང་དངོས་ལ་བྱིན་གྱིས་བརླབ་པའི་ལུང་ནི།
སློབ་མ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་མི་གཡོ་བ་སེམས་དཔའ་སུམ་བརྩེགས་སུ་བསྐྱེད། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ལ་ཕོག མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་གཡོ་བའི་རྣམ་པར་སྤྱན་དྲངས་ནས་སློབ་མའི་ལུས་ལ་ཐིམ་པས་ལུས་ལྷར་བྱིན་གྱིས་བརླབས་པར་བསམ། ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རིག་སྔགས་ཐམས་ཅད་ཡི་གེ་བཅུ་པའི་རྣམ་པས་སློབ་མའི་མགྲིན་པར་ཐིམ་པས་ངག་སྔགས་སུ་བྱིན་གྱིས་བརླབས་པར་བསམ། ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་ཕྱག་མཚན་རལ་གྲི་དང་ཞགས་པའི་རྣམ་པར་སྤྱན་དྲངས་ནས་མཐར་འོད་ཟེར་དུ་ཞུ་སྟེ་སློབ་མའི་སྙིང་གར་ཐིམ་པས་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབས་པར་བསམ་ཞིང༌། མེ་ཏོག་གཏོར་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད། རྗེས་སུ་བཟླས་པའི་ལུང་ནི། སློབ་དཔོན་མི་གཡོ་བར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་བ་ཞལ་ནས་ཐོན་སློབ་མ་མི་གཡོ་བར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་དུ་འཁོད་པར་བསམས་ལ། ཡི་གེ་བཅུ་པའི་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག གསང་སྔགས་དང་རིག་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་རྒྱུད་ལ་ཞུགས་པར་བསམ་མོ། །དམ་བཅའ་བའི་ལུང་ནི། སློབ་མས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་མི་གཡོ་བ་ཡི་དམ་གྱི་ལྷར་འཛིན་ཞིང་སྒོམ་བཟླས་ཅི་ནུས་བགྱིད་སྙམ་པའི་བསམ་པས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། བླ་མ་རྗེ་བཙུན་རིན་པོ་ཆེ་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་
འདི་ཞེས་བགྱི་བས། དུས་ད་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་མི་གཡོ་བ་ཡི་དམ་གྱི་ལྷར་འཛིན་ཅིང༌། དེའི་སྒོམ་བཟླས་ཅི་ནུས་བགྱིད་པར་དམ་འཆའ་ལགས་སོ། །ཞེས་ལན་གསུམ་བརྗོད་ཅིང་དེ་ལྟར་ཅི་འགྲུབ་བྱ། ལུས་ལྷ་དང༌། ངག་སྔགས་དང༌། སེམས་ཡེ་ཤེས་སུ་ཤེས་པར་བྱའོ། །དེ་ནས་གཏོར་མ་མི་གཡོ་བར་བསམས་ལ། ཡི་གེ་བཅུ་པའི་མཐར་བཅོམ་ལྡན་འདས་མི་གཡོ་བའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས་གདུལ་བྱ་སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདི་རྣམས་ཀྱི་འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐུན་རྐྱེན་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད། བློ་དང་རིག་པ། གཟུངས་དང་ཏིང་ངེ་འཛིན་དང་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ། མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། རྗེས་གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་དང་མཐུན་པར་བྱ། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་འདོད་དོན་ཞུས་ལ། ནོངས་པ་བཟོད་པར་གསོལ་ཏེ། བྲིས་སྐུ་ཡིན་ན་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ཏེ། གནས་གསུམ་བསྲུང་ཞིང་དགེ་བ་བསྔོའོ། །མི་གཡོ་བ་དཀར་པོའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་འདི་ནི། དོན་གཉེར་གྱི་སློབ་མ་རྣམས་ལ་ཕན་པའི་ཆེད་དུ་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་སྦྱར་བའོ། །སརྦ་མངྒ་ལཾ།། ༈ །མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་བློ་གྲོས་གྲུབ་སྟེར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎཱ་ཡ། ངེས་པར་འབྱུང་བ་དང་བྱང་ཆུབ་སེམས་གཉིས་ཀྱིས་རྒྱུད་སྦྱངས་ཤིང་དབང་དང་རྗེས་སུ་གནང་བ་ལེགས་པར་ཐོབ་པ་དམ་ཚིག་དང་སྡོམ་པར་ལྡན་
པའི་རྣལ་འབྱོར་པས་བློ་གྲོས་ཀྱི་མཐུ་ཕུན་སུམ་ཚོགས་པར་བྱ་བའི་སླད་དུ་དཔལ་གཏུམ་པོ་དཀར་པོའི་སྒོམ་བཟླས་ཉམས་སུ་བླང་བ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྐད་ཅིག་ཙམ་གྱིས་སྟོང་པར་གྱུར་པའི་ངང༌། །བྷྲཱུྃ་ཞེས་བརྗོད་པའི་སྔགས་ཀྱི་སྒྲ་གདངས་ལས། །ས་ཕྱོགས་ཐམས་ཅད་མངོན་པར་དགའ་བའི་ཞིང༌། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །པྃ་ལས་པད་དཀར་རྃ་ལས་ཉི་མའི་སྟེང༌། །སེམས་ཉིད་ཧཱུྃ་ཡིག་དཀར་པོའི་འོད་ཟེར་གྱིས། །སྣོད་བཅུད་དངོས་འཛིན་སྦྱངས་ཏེ་རང་ལ་ཐིམ། །དེ་ལས་རང་ཉིད་བཅོམ་ལྡན་མི་གཡོ་མགོན། །རབ་དཀར་སྟོན་ཟླ་གསར་པའི་ལང་ཚོ་ལ། །ཁྲོ་ཞིང་འཛུམ་ལ་སྒེག་པའི་ཉམས་འགྱུར་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་གཡས་ཀྱིས། །ཡེ་ཤེས་རལ་གྲི་འབར་བ་མཁའ་ལ་འཕྱར། །གཡོན་པས་སྡིགས་མཛུབ་དང་བཅས་རྡོ་རྗེའི་ཞགས། །ཐུགས་ཀར་འཆང་བའི་སྣེ་མོ་ཕྲག་གོང་ལྡིང༌། །ཞབས་གཡས་རྟིང་དང་གཡོན་པའི་པུས་མོ་དག །གདན་ལ་བཙུགས་ཏེ་བཞེངས་པའི་སྟབས་སུ་བཞུགས། །རིན་ཆེན་སྦྲུལ་རྒྱན་དར་གྱི་ན་བཟས་བཀླུབས། །མི་བསྐྱོད་རིགས་ཀྱི་བདག་པོ་དང་བཅས་ཏེ། །སྣང་སྟོང་དབང་པོའི་གཞུ་བཞིན་གསལ་བ་ཡི། །ཐུགས་སྲོག་ཧཱུྃ་ཡིག་ལས་བྱུང་འོད་ཟེར་གྱིས། །རང་ཉིད་ཇི་ལྟའི་བཅོམ་ལྡན་མི་གཡོ་བ། །སྤྱན་དྲངས་མདུན་དུ་པད་ཉིའི་གདན་ལ་བཞུགས། །བདག་མདུན་ཐུགས་ཀར་པདྨ་དམར་པོ་ནི། །ཅུང་ཟད་ཁ་བྱེ་གེ་སར་རྒྱས་པའི་དབུས། །འཁོར་ལོ་དཀར་པོ་རྩིབས་བཅུའི་ལྟེ་བ་རུ། །རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ། །རབ་འབར་སྣང་བས་རྨོངས་པའི་མུན་པ་འཇོམས། །རྩིབས་བཅུར་རིག་པའི་རྒྱལ་པོ་འབྲུ་རེས་མཚན། །བཟླས་པའི་རྐྱེན་གྱིས་འཁོར་ལོ་གཡས་འཁོར་ཞིང༌། །ས་བོན་འཁོར་ལོའི་ཡི་གེ་ལས་བྱུང་
བའི། །སྔགས་ཕྲེང་བདག་གི་ཞལ་ནས་མདུན་བསྐྱེད་ཀྱི། །ཞལ་དུ་ཞུགས་ནས་ཐུགས་སྲོག་ནཱ་དར་ཐིམ། །དེ་ལས་སྔགས་ཀྱི་ཕྲེང་བ་རབ་འཕྲོས་པ། །འཁོར་ལོའི་ཡི་གེ་སོ་སོར་ཐིམ་པ་ལས། །སོ་སོའི་སྔགས་ཀྱི་གཟུགས་བྱུང་ལྟེ་བ་ནས། །རང་གི་ལྟེ་བའི་ལམ་བརྒྱུད་ཧཱུྃ་ཡིག་ལ། །ཐིམ་སྟེ་གཟི་བྱིན་མཆོག་ཏུ་འབར་བ་ཡིས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །བསྡུས་ནས་སྙིང་གའི་ས་བོན་གསོས་བཏབ་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཤེས་རབ་དང༌། །ཕུན་སུམ་ཚོགས་པའི་མཐུ་སྟོབས་རྒྱས་པར་གྱུར། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པའི་དམིགས་པ་རྩེ་གཅིག་པས་ཇི་ལྟར་ནུས་པ་བཟླས་མཐར་ཐུན་བསྡུ་བ་ན། མདུན་གྱི་ལྷ་ཧཱུྃ་གི་རྣམ་པར་གྱུར་ནས་རང་གི་ཐུགས་ཀར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །བཅོམ་ལྡན་མི་གཡོ་མགོན་པོས་རྗེས་བཟུང་ནས། །རིག་དང་བརྩེ་བ་ནུས་པ་རྨད་བྱུང་བའི། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་ལྷར་སྣང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད་ལམ་ལ་འཇུག བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་ལ་གནས་པའི་གྲངས་འབུམ་ཕྲག་བཅུ་ཁ་སྐོང་དང་བཅས་པ་དང༌། དུས་ཞག་ཉེར་གཅིག་གི་བར་དུ་ཐུན་གསུམ་གྱི་རིམ་པས་ཉམས་སུ་བླངས་པ་ན་ལྷའི་གསལ་སྣང་སོགས་རྟགས་ཁྱད་པར་ཅན་བྱུང་བའི་ཚེ་བོགས་འབྱིན་སྡིགས་མཛུབ་ཀྱི་སྦྱོར་བ་དང༌། ལེ་བརྒན་དར་གྱི་སྦྱོར་བས་ལྷ་མངོན་སུམ་དུ་བསྙེན་པ་ནི་ཡིག་རྙིང་ལྟར་ཤེས་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་ཤེས་བྱ་ཀུན་ལ་འཇིགས་པ་མེད་པའི་འཆད་པ་དང༌། སྙན་ངག་སྨྲ་བ་ལ་ཐོགས་པ་མེད་པའི་རྩོམ་པ་དང༌། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྩོད་པའི་མཐུ་ཕུན་སུམ་ཚོགས་པ་ཐོབ་ཅིང༌། ཁྱད་པར་ཤེས་རབ་འཆལ་བའི་གེགས་ཐམས་ཅད་སྲུང་བ་དང༌། མཐར་ཐུགས་ལམ་རིམ་གྱིས་བགྲོད་ནས་བཅོམ་ལྡན་འདས་ཀྱི་
གོ་འཕང་ཐོབ་པ་ནི་ངེས་པའོ། །ཞེས་པའང་དཔལ་ལྡན་བླ་མ་དམ་པ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་ངེས་དོན་དབང་པོས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་བསྐུལ་བ་ལྟར་མང་དུ་ཐོས་པའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་པཎྜི་ཏ་དཱ་ན་ཤཱི་ལའི་རྒྱ་གཞུང་དང༌། ཚུལ་འདིའི་སྒོ་ནས་དངོས་གྲུབ་བརྙེས་པ་མཁས་པ་ཡོན་ཏན་ཁྲིའི་གསུང་རབ་ལས་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་ཐམས་ཅད་གཟིགས་པའི་གོ་འཕང་ལ་འདོད་སྒུར་རྩེན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༈ །མི་གཡོ་བ་དཀར་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ཡེ་ཤེས་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །མི་བསྐྱོད་རྡོ་རྗེ་ཁྲོ་རྒྱལ་མི་གཡོ་མགོན། །འོད་བྱེད་འབྱུང་གནས་པཎ་ཆེན་ཤཱཀྱ་ཤྲཱི། །དཱ་ན་ཤཱི་ལ་འདུལ་འཛིན་བྱང་ཆུབ་སེམས། །ཆོས་ཀྱི་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །དངོས་གྲུབ་མཆོག་བརྙེས་མཁས་པ་ཡོན་ཏན་ཁྲི། །སེང་གེ་བཟང་པོ་སེང་གེ་རྒྱལ་མཚན་དང༌། །བསོད་ནམས་རྒྱལ་མཆོག་འཇམ་དབྱངས་ནམ་མཁའི་མཚན། །བདག་ཆེན་ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །ཀུན་སྤངས་ཆེན་པོ་ཚར་ཆེན་རྡོ་རྗེ་འཆང༌། །འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་རབ་བརྟན་ཞབས། །ངག་གི་དབང་པོ་ཀུན་དགའ་བསོད་ནམས་དང༌། །བསོད་ནམས་དབང་ཕྱུག་རྣམས་ལ༴ །བརྒྱུད་སྲོལ་ཀུན་འདུས་རྨོར་ཆེན་ཆོས་ཀྱི་རྗེ། །ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་དང༌། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་དཔལ། །རྩ་བའི་བླ་མ་རྣམས་ལ༴ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་དང༌། །བསྙེན་སྒྲུབ་བོགས་འབྱིན་སྦྱོར་བ་ལ་བརྟེན་ནས། །ཁྲོ་རྒྱལ་དབང་པོས་མངོན་སུམ་རྗེས་བཟུང་མཐུས། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་མཐར་སོན་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའི་སིདྡྷི་རསྟུ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་སྐོར་རྣམས།
རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། པྲཛྙཱ་ལོ་ཀ་སཱ་དྷ་ན་བི་དྷི། བོད་སྐད་དུ། ཤེས་རབ་ཀྱི་སྣང་བ་སྒྲུབ་པའི་ཆོ་ག རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །བློ་ངན་སྲེག་མཁན་སྨྲ་བ་ངན་པའི་ཕྱོགས་འཇིག་ཅིང༌། །དུག་འཇོམས་སྐྱེ་བོའི་ཚོགས་རྣམས་ཐར་ལ་བདེ་བར་སྐྱོང༌། །རབ་ཞི་བདེ་བ་འཕེལ་མཛད་རྡོ་རྗེ་ཕག་མོ་ལ། །ཀོངྐ་བྱིན་ནི་ཕྱག་འཚལ་ལྷ་མོའི་ཚོགས་པ་བྲི། །དེ་ལ་མཚན་མོ་ནམ་ཕྱེད་ཀྱི་ཐུན་གྱི་ལྷག་མ་ལ་ཆོ་ག་བཞིན་དུ་ལངས་ནས་དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས་འགའ་ཞིག་ཏུ་ཙནྡན་བཟང་པོ་ལ་སོགས་པས་བྱུགས་ཏེ་མེ་ཏོག་སྣ་ཚོགས་པ་གཅལ་དུ་བཀྲམ་པས་ཉེ་བར་མཛེས་པ་ལ། མངོན་སུམ་དུ་རོའི་གདན་ནམ། ཡང་ན་ཇི་ལྟ་བའི་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བྱམས་པ་ལ་སོགས་པ་བསྒོམ་པ་སྔོན་དུ་འགྲོ་བས་རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿཡིག་དཀར་པོ་ལས་སྐྱེས་པའི་འོད་ཟེར་གྱི་དྲྭ་བ་རབ་ཏུ་གསལ་བར་མཛད་ནས། རྡོ་རྗེ་ཕག་མོ་ལ་སོགས་པའི་བླ་མ་དང་རྣལ་འབྱོར་མ་རྣམས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ཇི་ལྟ་བ་བཞིན་དུ་མདུན་དུ་མངོན་སུམ་དུ་ཡང་དག་པར་བལྟས་ནས་སྙིང་གའི་ས་
བོན་ལས་བྱུང་བའི་རབ་ཏུ་གཏུམ་མོ་དང༌། དྲག་མིག་མ་དང༌། འོད་ལྡན་མ་དང༌། སྣ་ཆེན་མ་དང༌། དཔའ་བོའི་བློ་གྲོས་མ་དང༌། མིའུ་ཐུང་མ་དང༌། ལངྐའི་དབང་ཕྱུག་མ་དང༌། ཤིང་གྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་དང༌། ས་སྲུང་མ་དང༌། འཇིགས་བྱེད་ཆེན་མོ་དང༌། རླུང་ཤུགས་མ་དང༌། ཆང་འཐུང་མ་དང༌། ལྷ་མོ་སྔོ་བསངས་མ་དང༌། ཤིན་ཏུ་བཟང་མོ་དང༌། རྟ་རྣ་མ་དང༌། བྱ་གདོང་མ་སྟེ། གསུང་གི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་དང༌། འཁོར་ལོའི་ཤུགས་ཅན་མ་དང༌། དུམ་སྐྱེས་མ་དང༌། ཆང་འཚོང་མ་དང༌། འཁོར་ལོའི་གོ་ཆ་མ་དང༌། ཤིན་ཏུ་དཔའ་མོ་དང༌། སྟོབས་ཆེན་མ་དང༌། འཁོར་ལོས་སྒྱུར་མ་དང༌། བརྩོན་འགྲུས་ཆེན་མོ་སྟེ། སྐུའི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་ཏེ་ནག་པོ་དང་དམར་པོ་དང་དཀར་པོའི་ཁ་དོག་རྣམས་སོ། །མི་བསྐྱོད་པ་དང་འོད་དཔག་མེད་དང་རྣམ་པར་སྣང་མཛད་རྣམས་ཀྱིས་དབུར་བརྒྱན་པ། ཟླ་བའི་གདན་ལ་བཞུགས་པ། སྤྱན་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། རྡོ་རྗེ་དང་པདྨ་དང་འཁོར་ལོ་དང་ཐོད་པའི་ཕྲེང་བ་དང་ཟུར་ཕུད་གསུམ་གྱིས་དབུར་བརྒྱན་པ། གྲི་གུག་དང༌། ཐོད་པ་དང༌། ཁ་
ཊྭཱཾ་ག་དང༌། ལག་པའི་འདབ་མས་མཆོད་པ་ཐོགས་པ་རྣམས་ཀྱིས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས་ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་དང༌། ཕྱིན་ཆད་མི་བྱེད་པའི་སྡོམ་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལམ་ལ་བསྟེན་པ་དང༌། བདག་ཉིད་དབུལ་བ་དང༌། སྐུལ་མ་འདེབས་པ་དང༌། གསོལ་བ་འདེབས་པ་རྣམས་ཆོ་ག་བཞིན་དུ་བསྒྲུབས་ནས་བསོད་ནམས་ཡོངས་སུ་བསྔོ་བར་བྱའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒྲུབས་ལ་སྤྱི་བོར་ཐལ་མོ་ཡང་དག་པར་སྦྱར་ནས་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས། དེ་བཞིན་གཤེགས་པ་རྣམས་ལ་བསྐུལ་མ་གདབ་པར་བྱའོ། །དེ་ལ་ཚིག་སུ་བཅད་པ་འདིའོ། །ཨོཾ་དེ་བཞིན་གཤེགས་པ་ཀུན་གྱི་སྔགས། །སེམས་ཅན་ཀུན་གྱི་དངོས་གྲུབ་ཀུན། །ཕུན་སུམ་ཚོགས་པ་ཀུན་འབྱུང་བར། །དེ་བཞིན་གཤེགས་རྣམས་བཞུགས་སུ་གསོལ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་སོ། །དེའི་རྗེས་ལ་མཆོད་པར་བྱ་བ་དང་མཆོད་པ་དང་མཆོད་པར་བྱེད་པ་པོའི་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པས་རྨི་ལམ་གྱི་རྐྱེན་བཞིན་དུ་བདག་ཉིད་སོ་སོར་རིག་པས་ལྷུག་པར་གྲོལ་བར་བྱའོ། །སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་དྲྭ་བས་རང་བཞིན་མེད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་ང་རྒྱལ་བྱའོ། །དེ་ནས་རང་གི་སེམས་བྃ་ཡིག་དམར་པོའི་ཚུལ་གྱིས་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའི་སྟེང་དུ་ཨྃ་ཡིག་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ཡིག་དཀར་པོ་ལས་ཉི་མ་དང་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྒོམས་པར་བྱའོ། །སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་བཅུ་དྲུག་གི་རྣམ་པ་སྟོན་ཀའི་ཟླ་བ་ལྟར་དཀར་བ་སྤྱན་གསུམ་དམར་ཞིང་ཟླུམ་པ། ཅུང་ཟད་མཆེ་བ་གཙིགས་པའི་
ཞལ་མངའ་བ་སྣ་ཚོགས་པའི་མེ་ཏོག་གིས་རྣམ་པར་མཛེས་པ། དབུ་སྐྲ་གྲོལ་བ་ཕྱེད་བཅིངས་བས་རྣམ་པར་མཛེས་པ། རྡོ་རྗེ་ནག་པོའི་ཕྲེང་བ་གཉིས་ཀྱི་དབུས་སུ་ཐོད་པའི་ཕྲེང་བ་དང་ཟུར་ཕུད་གསུམ་བཅིངས་པ། འཁོར་ལོ་དང་རྣ་རྒྱན་དང་མགུལ་རྒྱན་དང་ལག་གདུབ་དང་སྐ་རགས་ཀྱིས་བརྒྱན་པ། འགྱིང་བཞིན་པའི་བ་དན་གསུམ་འཕྱར་བ་ཕྱག་གཡས་ཀྱི་འདབ་མ་ན་གནས་པ་སྔོན་དུ་གསུངས་པའི་རྡོ་རྗེའི་སྐྱེས་བུའི་མི་ཤེས་པའི་འཇིགས་པ་རྣམ་པར་འཇོམས་པ། ཕྱག་གཡོན་པ་ན་དབྱུག་པ་དཀར་པོའི་སྟེང་གི་རྩེ་མོ་ན་རྡོ་རྗེ་རྩེ་མོ་ལྔ་པ། འོག་ཏུ་མི་མགོ་སྐམ་པོ་དང༌། མགོ་བོ་རློན་པ་རང་སྣ་ཚོགས་རྡོ་རྗེ་གསེར་གྱི་བུམ་པའི་རྩ་བ་ལས་བྱུང་བ་སྒྲ་དང་བཅས་པའི་དྲིལ་བུ་གཡེར་ཁ་ཕྲ་མོས་བརྒྱན་པ། བ་དན་སྣ་ཚོགས་པས་རྣམ་པར་མཛེས་པའི་དབྱུག་པ་དཔུང་པ་ལ་རེག་པའི་ཁ་ཊྭཱཾ་ག་དང༌། བདུད་བཞིའི་ཁྲག་གིས་བཀང་བའི་པདྨའི་སྣོད་བསྣམས་པ། ཁྲག་འཛག་བཞིན་པའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་མགུལ་དུ་འཕྱང་བ། པདྨ་དམར་པོའི་སྟེང་དུ་ཉི་མ་ལ་གནས་པའི་ཤེས་པ་མེད་པའི་སྐྱེས་བུ་ཞབས་གཡས་བརྐྱང་གིས་བཞུགས་པ་གཅེར་བུ་རབ་ཏུ་གཏུམ་པ་ཉི་མའི་འོད་ལྟ་བུ་རབ་ཏུ་འཕྲོ་བའི་བ་སྤུའི་ཕྲེང་བ་ཅན། གཟུགས་བརྙན་དང་མཚུངས་པ། སྒེག་པ་ལ་སོགས་པའི་ཉམས་དགུ་དང་ལྡན་པ། སྤྲུལ་པ་སྣ་ཚོགས་པས་ཕྱོགས་བཅུར་འགྲོ་བའི་དོན་མཛད་པ། གཞན་ཉི་མ་ལ་གནས་པའི་ཧྲཱིཿཡིག་གི་བྱིན་གྱིས་བརླབས་པའམ། ཉི་མ་ལ་གནས་པའི་རྡོ་རྗེ་སྙིང་པོ་ལ་བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ་པར་བྱའོ། །དེ་ལས་སྙིང་གའི་ས་བོན་གྱི་འོད་ཀྱི་དྲྭ་བས་སེམས་ཅན་ཐམས་ཅད་དེའི་གཟུགས་སུ་གྱུར་པར་བསྐྱེད་ནས་བདག་ལ་རབ་ཏུ་ཞུགས་ཏེ། བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་ཞེས་པའི་ང་རྒྱལ་བསྐྱེད་པར་བྱའོ། །དེའི་རྗེས་ལ་རང་གི་ལྟེ་བར་སྣ་ཚོགས་པདྨ་ལ་ཉི་མ་དཀར་དམར་ལ་ཧྲཱིཿཡིག་དཀར་པོ་བལྟས་ལ། དེ་ལ་སྔགས་ནི་ཕྲེང་བའི་རྣམ་པར་དཀར་པོ་འཁོར་ལོ་འཁོར་བཞིན་
པ་བཞིན་དུ་སྦྱོང་བས་ཞལ་གྱི་སྒོ་ནས་ཐོན་ཏེ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་དང༌། ནོར་བུ་དང་སྔགས་དང་སྨན་དང་ཟླ་བ་དང་སྐར་མ་དང་རི་མོ་དང་བསྟན་བཅོས་དང་སྒྱུ་རྩལ་ལ་སོགས་པའི་མཐུ་རྣམས་བཀུག་ནས་ལྟེ་བའི་བུ་ག་ནས་རབ་ཏུ་ཞུགས་ཏེ་རང་དང་གཞན་གྱི་མི་ཤེས་པ་ཐམས་ཅད་བསྲེག་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས་ནམ་མཁའ་ལ་བཞུགས་པའི་ཡེ་ཤེས་པའི་ལྷ་མོ་མདུན་དུ་བལྟས་ནས། སྔོན་དུ་གསུངས་པའི་ལྷ་མོའི་ཚོགས་རྣམས་ཀྱིས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས་ཕཻཾ་ཡིག་གི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་འབར་བའི་ཕྱག་རྒྱ་དཔྲལ་བར་བཅིངས་ཏེ། གཡོན་དུ་འཁོར་བཞིན་པས་སྤྱན་དྲང་བར་བྱའོ། །དེ་དག་གཅིག་ཏུ་གྱུར་པར་བསྒོམ་ཞིང་སྔགས་ཀྱི་ང་རྒྱལ་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། དེ་ལ་དེའི་ས་བོན་གྱིས་ཡང་དག་པར་བསྐུལ་ནས་ནམ་མཁའ་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་གདན་དྲངས་ཏེ། དེ་རྣམས་ཀྱི་བདུད་རྩི་ལྔར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བུམ་པ་རྣམས་དང༌། དེར་སྤྲུལ་པ་སྣ་ཚོགས་པའི་རོལ་མོ་དང་རྔ་དང་དུང་དང་རྫ་རྔ་དང་འཁར་རྔ་དང་པི་ཝང་དང་གླིང་བུ་དང་གླུ་དབྱངས་རྣམས་དང༌། ལྷ་དང་ལྷ་མ་ཡིན་རྣམས་ཀྱང་ཅ་ཅོའི་དཔུང་གཉེན་རྣམས་དང་གུར་གུམ་དང་ག་བུར་གླ་རྩི་དང་དྲི་བཟང་མེ་ཏོག་གི་ཆར་འབབ་པ་དང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ཀྱང་ཁྲུས་བྱའོ། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་པས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པ་འདིས་བྱིན་གྱིས་བརླབ་ཅིང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པའི་མི་བསྐྱོད་པ་དབུ་ལ་བཞུགས་པར་བསམ་པར་བྱའོ། །དེ་ནས་དེའི་སྤྲུལ་པ་རབ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དེ་ལ་སྤྲུལ་
པ་རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ནས་འཆད་པར་འགྱུར་བའི་རིམ་པས་བདུད་རྩི་མྱང་བ་ལ་སོགས་པ་བྱས་ནས་ཇི་སྲིད་འདོད་ཀྱི་བར་དུ་བསམ་གཏན་བྱས་ནས་སྤྲོ་བ་དང་བསྡུ་བ་ལ་སོགས་པ་སྔོན་དུ་འགྲོ་བས་མྱུར་བས་སོགས་པའི་ཉེས་པ་དང་བྲལ་བས་སྔགས་བཟླ་བར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཧྲཱིཿ གང་གི་ཚེ་ལྡང་བར་འདོད་ན། དེའི་སྔགས་ཀྱི་ཕྲེང་བ་ལྟེ་བ་ལ་གནས་པའི་ཧྲཱིཿཡིག་ལ་བསྒོམ་པར་བྱའོ། །མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྨོན་ལམ་བཏབ་སྟེ་ཡོངས་སུ་བསྔོ་བ་བྱས་ནས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དེ་ལྷ་མོའི་ང་རྒྱལ་གྱིས་བྱ་བ་བྱའོ། །ཆོས་ཐམས་ཅད་ཀྱང་དེ་ལ་གཉིས་སུ་མེད་པར་བལྟ་ཞིང་སྤྱོད་ལམ་ཅི་བདེ་བར་བྱའོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ལྟ་སྟེ། ཨོཾ་ཨཱཿ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཿ ཧཱུཾ་ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿཧཱུྃ། ཞེས་སོ། །ཐུན་མཚམས་རྣམས་སུ་ཡང་སྐད་ཅིག་གིས་ལྷ་མོའི་རྣམ་པ་མངོན་དུ་བྱས་ཏེ་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་སྟེ་སྔོན་བཞིན་དུ་སྔགས་བཟླས་ནས་སྔོན་མ་བཞིན་དུ་ཐམས་ཅད་བྱའོ། །མཚན་ཕྱེད་ཀྱི་ཐུན་མཚམས་སུའང་ཐམས་ཅད་བྱས་ནས་ཉལ་བའི་དུས་སུ་སྤྱི་བོར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་བལྟས་ནས་ཡང་དག་པར་མཆོད་པར་བྱའོ། །ཡན་ལག་བརྒྱད་ཀྱིས་ཕྱག་བྱས་ཏེ་ཉལ་བ་ནི་སེང་གེའི་ཉལ་སྟབས་ཀྱིས་ཉལ་བར་བྱའོ། །དེ་ནས་སྔ་དྲོའི་ཐུན་ལ་ལྷ་མོས་གཉིད་རབ་ཏུ་བསླངས་ནས་སྔོན་བཞིན་དུ་ཐམས་ཅད་བྱའོ། །ཞེས་སོ། །ཡང་ན་གང་ཞིག་རིམ་པ་འདིས་ས་ཕྱོགས་འགའ་ཞིག་ཏུ་རོའི་གདན་ལ་སྐྱིལ་ཀྲུང་གིས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ།
སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དམིགས་ནས། སྡིག་པ་བཤགས་པ་ནས་བརྩམས་ཏེ་ཇི་སྲིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་སྔོན་དུ་འགྲོ་བས་ཨཱཿཡིག་ཡོངས་སུ་གྱུར་པ་ལས་རང་གི་ལྕེ་པདྨའི་རྣམ་པ་ལ་ཧྲཱིཿཡིག་འབར་ཞིང་འོད་གསལ་བ་ཇི་སྲིད་འདོད་པར་བསྒོམ་ཞིང་བརྟན་པར་བྱས་ནས་བརྒྱ་ཕྱེད་ཀྱི་ཕྲེང་བའི་རྡོག་པོ་སྲད་བུ་ལ་བརྒྱུས་ནས་ཐུན་གསུམ་མམ་ཐུན་བཞིར་རྣལ་འབྱོར་པས་བཟླ་བར་བྱའོ། །གཉིད་ལོག་པ་ན་སྔོན་གྱི་ཆོ་ག་བཞིན་དུ་ཉལ་བར་བྱའོ། །དེ་བཞིན་དུ་བཟླས་པ་དང་བསྒོམ་པ་ཆོ་ག་གཅིག་བཞིན་དུ་རྗེས་སུ་གནང་བས་འཇིག་རྟེན་པའི་ཆོས་བརྒྱད་ལས་ངེས་པར་གྲོལ་བ་ནས་དད་པ་དང་དམ་ཚིག་དང་སྡོམ་པ་ལ་གནས་ཤིང་བརྩེ་བ་དང་ལྡན་པས་དགེ་བའི་བཤེས་གཉེན་ལ་གུས་པར་བྱས་ནས། དེའི་ཕྱི་ནས་རྣལ་འབྱོར་པས་འབུམ་ཕྲག་བདུན་བཟླས་པས་བསྟན་བཅོས་དང་སྒྱུ་རྩལ་གྱི་ཆོས་ཐམས་ཅད་ལ་ངང་གིས་མངོན་པར་ཤེས་པར་འགྱུར་རོ། །ཤེས་རབ་དང་ལྡན་པ་དང་དཔའ་བ་དང་འཇིགས་པ་མེད་པ་དང༌། འཁོར་གྱི་ཟིལ་གྱིས་གནོན་པར་འགྱུར་རོ། །རྒོལ་བ་པོར་ཡང་འགྱུར་རོ། །རིམས་དང༌། ངན་ཐབས་དང༌། དུག་དང༌། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་བར་དུ་གཅོད་པར་མི་འགྱུར་རོ། །གང་ཟོས་པ་དེ་དག་ཐམས་ཅད་ཀྱང་བདུད་རྩིར་འགྱུར་རོ། །འདིའི་སྔགས་བཟླས་པས་དངོས་གྲུབ་ཏུ་འགྱུར་རོ། །འདིའི་སྔགས་ཀྱིས་ཐོད་ལེ་ཀོར་ལ་མངོན་པར་བསྔགས་ནས་གང་གི་ལག་ཏུ་བྱིན་ན་བླུན་པོ་ཡང་སྙན་ངག་མཁན་དུ་འགྱུར་རོ། །འདིའི་དྲི་ཙམ་གྱིས་ཀྱང་སྦྲུལ་ལ་སོགས་པ་རྣམས་ཉེ་ནུས་པ་མ་ཡིན་ནོ། །འདི་རྣམས་ཀྱིས་བར་དུ་གཅོད་པས་བར་ཆད་བྱེད་པ་རྣམས་དང་གཞན་རྣམས་ཀྱིའང་ཐམས་ཅད་ལ་ཕན་པར་བྱེད་ནུས་པར་འགྱུར་རོ། །བདག་གིས་མང་པོ་སྨྲོས་པས་ཅི་ཞིག་བྱ་སྟེ་བེམ་པོའི་བློ་ཡང་བསྟན་བཅོས་ལ་ཉོན་མོངས་པར་བྱ་མི་དགོས་ཏེ་མི་གཡོ་བའི་སེམས་ཀྱིས་སོ། །སྔགས་འདི་འབུམ་ཕྲག་གཉིས་བཟླས་ན་འདིས་ཤེས་རབ་ཀྱི་སྣང་བ་སྒྲུབ་པར་བྱེད་དོ། །འདིར་ཡང་གང་ཞིག་གནས་ཀྱི་སེམས་
བརྟན་པར་གྱུར་པས་ཡོན་ཏན་མཐའ་ཡས་པ་གསུངས་པ་དང་ལྡན་པར་འགྱུར་རོ། །དེ་རྣམས་ཀྱིས་ཤིན་ཏུ་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ། །ཞེས་སོ། །ཤེས་རབ་ཀྱི་སྣང་བ་སྒྲུབ་པའི་ཆོ་ག་རྫོགས་སོ། །སློབ་དཔོན་ཆེན་པོ་ཀོངྐ་དཱཏྟས་མཛད་པ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའོ།། ༈ །།རྡོ་རྗེ་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་བཞུགས་སོ། །ན་མསྶངྒུ་རུ་པཱ་དཱ་ཡ། གང་ལ་སྤྲོས་པའི་དྲི་མ་མི་མངའ་ཡང༌། །གང་གིས་ཡིད་ལ་དྲན་པས་གུས་བསྟོད་ན། །གང་དག་མི་ཤེས་ཚ་གདུང་ཀུན་སེལ་བའི། །གངས་རིའི་མདོག་ཅན་རྗེ་བཙུན་མ་ལ་འདུད། །དེ་ཡི་སྒྲུབ་ཐབས་རིམ་པ་རབ་གསལ་བ། །ཀོངྐ་དཱ་ཡི་མན་ངག་ཇི་བཞིན་ཏུ། །བདག་དང་སྐལ་མཉམ་གཞན་ལ་ཕན་བྱའི་ཕྱིར། །རྒྱས་མིན་ངག་འདོན་ཕྲེང་བ་འདི་བཀོད་དོ། །དེ་ལ་རྗེ་བཙུན་མ་འདིའི་བྱིན་རླབས་ལེགས་པར་ཐོབ་པའི་རྣལ་འབྱོར་པས། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོར་གསལ་བའི་ཐུགས་ཀར། ཨྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དབུ་ལ་བཞུགས་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ། ཞེས་པས་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿ ཞེས་པས་བླ་མ་དང༌། ན་མོ་བྷ་ག་ཝ་ཏཱི་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་བཅོམ་ལྡན་འདས་མ་འཁོར་དང་བཅས་པ་ལ་ཕྱག་བྱས་ཏེ། རང་གི་སྙིང་གའི་ཧྲཱིཿལས་སྤྲོས་པའི་རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་ཉེར་བཞི། རང་རང་གི་ཕྱག་མཚན་གྲི་གུག་དང་ཐོད་པ་འཛིན་ཅིང༌། གཞན་ཡང་མཆོད་ཡོན་ལ་སོགས་པའི་མཆོད་རྫས་དུ་མ་ཐོགས་པ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་བྷ་ག་ཝ་ཏཱི་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་
ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་སམ། རྣམ་དག་ལམ་བསྟེན་བདག་ཉིད་ངེས་པར་འབུལ། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་ཡུན་རིང་བཞུགས་སུ་གསོལ། །བསོད་ནམས་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱ། ཨོཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕུན་སུམ་ཚོགས་པའི་བདེ་བ་རྣམས། །དེ་བཞིན་གཤེགས་ཀུན་བྱིན་རླབས་ཀྱིས། །སེམས་ཅན་རྣམས་ལ་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ་སྟེ། དེ་ལྟར་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསམས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད། དེ་ནས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་བསྒོམས་ལ། ཨོཾ་ཤཱུ་ནྱཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། ཞེས་བརྗོད། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ཨྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་རྗེ་བཙུན་མའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་བ་དན་རྩེ་གསུམ་པས་བརྒྱན་པའི་རྡོ་རྗེ་རྩེ་ལྔ་པ་བསྣུན་པའི་ཚུལ་གྱིས་འཛིན་ཅིང༌། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། མཆན་ཁུངས་གཡོན་ན་རྡོ་རྗེ་ནག་པོ་རྩེ་ལྔ་པས་མཚན་པའི་ཁ་ཊྭཱྃ་ག་བསྣམས་པ། ཞལ་མཆེ་བ་གཙིགས་ཤིང་ཅུང་ཟད་བཞད་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཕྱེད་གྲོལ་བ་ལ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། རྡོ་རྗེ་ནག་པོ་རྩེ་ལྔ་པས་མཚན་པའི་མི་མགོ་
སྐམ་པོ་ལྔས་དབུ་རྒྱན་དང༌། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་ལྔས་བརྒྱན་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་ཞིང༌། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་གར་སྟབས་ཀྱིས་མི་རོའི་གདན་ལ་བཞུགས་པ། སྤྲུལ་པ་དུ་མ་འཕྲོ་བས་སེམས་ཅན་གྱི་དོན་མཛད་པ། སྣང་ལ་རང་བཞིན་མེད་པའི་སྐུར་གྱུར་པའི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་ཧྲཱིཿདཀར་པོ་བསྒོམས་ལ། འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་བསྐོར་ཞིང༌། ཕཻཾ། ཞེས་དང༌། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་པར་བསམ། དེ་ལ་མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད་དེ། ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པས་ང་རྒྱལ་བཟུང༌། སླར་ཡང་གོང་གི་སྔགས་རྒྱས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་པཉྫ་ཀུ་ལ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས་སྔར་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་ནང་མཆོད་སུམྦྷ་སོགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ །
ཞེས་པ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས་མཐེབ་སྲིན་གྱིས་བླངས་ཏེ་འབྲུ་གསུམ་བརྗོད་ཅིང་མྱང༌། དེ་ནས་སྙིང་གའི་ཧྲཱིཿལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས། སེམས་ཅན་ཐམས་ཅད་རྗེ་བཙུན་མའི་གོ་འཕང་ལ་བཀོད་ནས་ཚུར་འདུས་ཏེ་རང་ལ་ཐིམ་པར་བསམ། ཡང་ལྟེ་བར་པད་ཉི་ལ་གནས་པའི་ཧྲཱིཿལས་ཧྲཱིཿའི་ཡི་གེའི་ཕྲེང་བ་སྤྲོས་པ་དབུ་མ་ནས་བརྒྱུད་དེ་ཞལ་ནས་ཐོན། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཡོན་ཏན་དང༌། ཁྱད་པར་མཁྱེན་པའི་ཡེ་ཤེས་ཐམས་ཅད་སྤྱན་དྲངས་ནས་རང་གི་ལྟེ་བར་ཞུགས་པས་མི་ཤེས་པའི་མུན་པ་ཐམས་ཅད་སྦྱངས་ཏེ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱས་པར་བསམ། སླར་ཡང་དེ་བཞིན་དུ་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་ཅི་ནུས་སུ་མཉམ་པར་བཞག་གོ །དེས་སྐྱོན་བཟླས་པ་བྱ་སྟེ། དམིགས་པ་ནི། སྔགས་འཁོར་བ་དེ་ཉིད་ཡིན་ལ་སྔགས་ནི་ཧྲཱིཿརིང་པོ་ཚེག་དྲག་དང་བཅས་པ་འདི་ཁོ་ནའོ། །ཐུན་ལས་ལྡང་བའི་ཚེ། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་ཞེས་བརྗོད་ཅིང༌། དགེ་བ་བྱང་ཆུབ་ཆེན་པོར་བསྔོས་ནས་སྤྱོད་ལམ་ལ་འཇུག་གོ །གཏོར་མ་འབུལ་བར་འདོད་ན་ནང་མཆོད་ཆུ་ཆང་གིས་བྲན་ལ་བདུད་རྩི་ལྟར་བྱིན་གྱིས་བརླབས་ཏེ། རྗེ་བཙུན་མ་མདུན་དུ་སྤྱན་དྲངས་ནས། མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ལ་སོགས་པས་འབུལ། མཚན་སྔགས་སྔོན་དུ་འགྲོ་བའི་ཕྱི་མཆོད་ནང་མཆོད་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། དེ་ལྟ་བུའི་ཉམས་ལེན་ལ་དུས་ཀུན་ཏུ་འབད་པ་དྲག་པོས་བྱས་ན། གནས་སྐབས་སུ་འཇིག་རྟེན་ཆོས་བརྒྱད་ལས་གྲོལ་བ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་དང་མཐར་ཐུག་རྗེ་བཙུན་མའི་གོ་འཕང་ཐོབ་
པར་འགྱུར་བ་སོགས་གཞུང་ནས་བཤད་པའི་ཕན་ཡོན་རྣམས་འབྱུང་བ་ནི་ངེས་པའོ། །དེ་ལྟར་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་མ་ལུས་གཅིག་བསྡུས་པ། །རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་ཅེས་བྱའི་མཚན་ལྡན་པའི། །སྒྲུབ་ཐབས་ངག་འདོན་གསལ་རབ་བཀོད་འདི་དད་ལྡན་གྱི། །སློབ་མས་བསྐུལ་ཕྱིར་དགེ་སློང་ཤྲཱི་མཱ་ན་མིང་ཅན་བདག་གིས་བྲིས། །དེ་ལས་བྱུང་དང་དུས་གསུམ་དགེ་བའི་མཐུས། །འགྲོ་བའི་མ་རིག་མུན་པ་དྲུངས་ཕྱུང་སྟེ། །གནས་ལུགས་ཇི་བཞིན་རྟོགས་པའི་བློ་རྒྱས་ནས། །རྡོ་རྗེ་ཕག་མོའི་གོ་འཕང་ཐོབ་གྱུར་ཅིག། ༈ །།རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་རླབས་ཀྱི་ཆོ་ག་བཞུགས་སོ། །ན་མསྶངྒུ་རུ་པཱ་དཱ་ཡ། འདིར་རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་གྱིས་བརླབ་པའི་ཆོ་ག་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ། དང་པོ་ནི། གནས་དབེན་པར་ཕྱགས་དར་ལེགས་པར་བྱས་ཏེ། མཎྜལ་དྲི་བཟང་གིས་བྱུགས་པ་ལ་རྡུལ་ཚོན་དམར་པོའི་ཆོས་འབྱུང་གྲུ་གསུམ་པ་བྱས་པའི་ནང་དུ། པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧྲཱིཿཡིག་དཀར་པོ་བྲི། དེའི་སྟེང་དུ་མཉྫི་ལ་སོགས་པའི་ཁར་ཀ་པ་ལ་ཆང་དང་བདུད་རྩི་སྦྱར་བས་བཀང་བ་བཞག དེའི་ཁར་མེ་ལོང་ལ་སིནྡྷཱུ་རའི་ཆོས་འབྱུང་གི་དབུས་སུ་ཧྲཱིཿབྲིས་པ་བཞག་སྟེ། དེ་དག་གི་སྟེང་དུ་དར་དམར་པོའི་གུར་ཕུབ། མཐའ་བསྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང༌། མདུན་དུ་གཏོར་མ་བཤམ། རང་གི་མདུན་དུ་ཡང་རྡོ་རྗེ་དྲིལ་བུ། ཌཱ་མ་རུ། ནང་མཆོད། བུམ་པ་རྡོ་རྗེ་གཟུངས་ཐག་དང་བཅས་པ་རྣམས་སྟ་གོན་བྱའོ། །གཉིས་པ་ནི། མཆོད་པ་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་
མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟའི་བར་དང༌། གྷཎྜེ་ར་ཎི་ཏ་སོགས་བརྗོད་ཅིང་རོལ་མོ་བྱས་ལ་བྱིན་གྱིས་བརླབ། སྐྱབས་འགྲོ་ནས་བཟུང་སྟེ་གདན་བསྡུ་བའི་བར་མངོན་རྟོགས་ཇི་ལྟ་བ་བཞིན་བསྒོམ། དེ་ནས་མདུན་གྱི་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་ཨེ་ལས་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ། དེའི་དབུས་སུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཞེས་པ་ནས། ཧྲཱིཿཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་ཕག་མོ་སོགས་ནས་མི་བསྐྱོད་པས་དབུར་བརྒྱན་ཞེས་པའི་བར་མངོན་རྟོགས་བཞིན་ལ། ཡེ་ཤེས་པ་བཅུག་པའི་རྗེས་སུ་ང་རྒྱལ་འཛིན་པའི་སྔགས་དོར། དབང་བསྐུར་གྱི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་སོགས་བརྗོད། སླར་ཡང་མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ་མཚན་སྔགས་རེ་རེ་ནས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་དབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། གཏོར་མ་འབུལ་བ་སྒྲུབ་ཐབས་ལྟར་བྱས་ལ། ཐུགས་རྒྱུད་བསྐུལ་བའི་ཕྱིར་ཐུགས་ཀའི་རྡོ་རྗེའི་ལྟེ་བར་ཧྲཱིཿལ་དམིགས་ཏེ་བཟླས་པ་ཅི་མང་བྱ། དེ་ནས་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་གསུང་གི་གསང་བ་ཐམས་ཅད་ཧྲཱིཿཡིག་གི་རྣམ་པར་བསྡུས་ནས་ཐོད་པའི་བདུད་རྩི་ལ་ཐིམ་ཞེས་བརྗོད་ཅིང༌། ཧྲཱིཿཅི་མང་དུ་བཟླ། ཡང་འོད་ཟེར་སྤྲོ་བསྡུ་དེ་བཞིན་དུ་བྱས་ལ། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀྱི་གསང་བ་ཐམས་ཅད་ཅེས་དང༌། སིནྡྷཱུ་རའི་ཆོས་འབྱུང་གི་ཧྲཱིཿལ་ཐིམ་ཞེས་འདོན་པ་བསྒྱུར་ནས་ཧྲཱིཿབཟླའོ། །དེ་ནས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱངས་པ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་དཀྲིས་པ།
དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་དབུས་སུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཞེས་པ་ནས་མི་བསྐྱོད་པའི་རྒྱས་འདེབས་པར་མདུན་བསྐྱེད་ལྟར་བྱས་ནས་མཚན་སྔགས་སྔོན་དུ་འགྲོ་བའི་ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་བྱས་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། བུམ་ནང་གི་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམ་ལ་བཟླས་པ་བྱ། སླར་ཡང་མཆོད་བསྟོད་བྱས་ཏེ་འདོད་པའི་དོན་ལ་གསོལ་བ་གདབ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་བཅོམ་ལྡན་འདས་མ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར་ཞེས་བརྗོད་དོ། །དེ་ནས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བཞི་ལ་སོགས་པ་ཐོབ་པའི་སློབ་མ་ཉེར་ལྔ་མན་ཁ་ཡར་ལ་ཁྲུས་བྱས། གྲལ་ལ་འཁོད་པ་ལ་སེམས་བསྐྱེད་གསལ་འདེབས་རྒྱས་བསྡུས་ཅི་རིགས་པ་བྱས་ལ། སློབ་མས་ཅི་འབྱོར་བའི་ཡོན་དང་མཎྜལ་ཕུལ་ནས་ཐལ་མོ་སྦྱར་ཏེ། གང་གི་དྲིན་གྱིས་བདེ་ཆེན་སོགས་ནས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱི་རྗེས་སུ། གནས་དང་ཉེ་གནས་ཞིང་དང་ནི། །ཉེ་ཞིང་འདུན་ས་ཉེ་འདུན་དང༌། །འདུ་བ་ཉེ་འདུ་ཚནྡོ་དང༌། །ཉེ་ཚན་དུར་ཁྲོད་ཉེ་དུར་ཁྲོད། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །ཕག་མོ་ཧེ་རུ་ཀ་དཔལ་ཉིད། །གསང་བའི་གནས་ནི་རྣམ་དག་པས། །བདག་ལུས་གནས་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྒྲུབ་ཐབས་ལྟར་རྒྱུན་བཤགས་ལན་གསུམ་བྱ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །སོགས་ལན་གསུམ་གྱིས་སྡོམ་པ་བཟུང་བ་རྣམས་སྔོན་དུ་བཏང་ནས། དངོས་གཞི་ལ། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿ
ཡིག་གི་འོད་ཟེར་དང༌། ཤཱུ་ནྱ་ཏཱས་སློབ་མ་སྟོང་པར་སྦྱངས་པའི་ངང་ལས་པྃ་ལས་པདྨ་དམར་པོ་ཞེས་པ་ནས། རྡོ་རྗེའི་ལྟེ་བར་ཉི་མ་ལ་ཧྲཱིཿཡིག་གིས་གསལ་འདེབས་པའི་བར་གྱིས་རྗེ་བཙུན་མར་བསྐྱེད། དེ་ལ་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿཡིག་གི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་རྗེ་བཙུན་མའི་རྣམ་པར་སྤྱན་དྲངས་ནས་ཐིམ་པར་མོས་པ་མཛོད་ཅེས་དང༌། གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲ་དྲག་ཏུ་བྱས་ལ། ཧྲཱིཿབཛྲ་ཝཱ་ར་ཧཱི་ཨཱ་བེ་ཤ་ཨཿཨཱཿ ཞེས་མང་དུ་བརྗོད། དེ་ནས་སློབ་དཔོན་གྱིས་གོང་གི་སྔགས་རྒྱས་དབང་ལྷ་སྤྱན་དྲངས་མཆོད་ཅིང་གསོལ་བ་བཏབ་ནས་བུམ་པ་བདུད་རྩིས་གང་བ་སློབ་མའི་མགོ་ཐོག་ཏུ་བཞག་སྟེ། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ། དེ་ལྟར་ན་ཁྱེད་རྣམས་ཀྱིས་རྗེ་བཙུན་མའི་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་དྲི་མ་དག རྗེ་བཙུན་མའི་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་ངོ་སྤྲད། ཡང་སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་ཀ་པཱ་ལའི་བདུད་རྩི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་གསང་བར་བྱིན་གྱིས་བརླབས་པ་ཐོགས་ཏེ། ཁྱེད་རྣམས་ལ་བྱིན་པས་གསུང་གི་བྱིན་རླབས་ཐོབ་པར་མོས་པ་མཛོད་བྱས་ལ་ཀ་པཱ་ལ་མགྲིན་པར་རེག་ཅིང་ཧྲཱིཿབཟླས་ཏེ། བདུད་རྩི་བྱིན་ལ་འཐུང་དུ་གཞུག དེ་ལྟར་ན། ཁྱེད་ཀྱིས་རྗེ་བཙུན་མའི་གསུང་གི་བྱིན་རླབས་ཐོབ། ངག་གི་དྲི་མ་དག རྗེ་བཙུན་མའི་གསུང་བཟླས་པ་ལ་སོགས་འདྲ། དེ་བཞིན་དུ་མདུན་བསྐྱེད་ཀྱི་སིནྡྷཱུ་རའི་ཆོས་འབྱུང་གི་ཧྲཱིཿསངས་རྒྱས་ཐམས་ཅད་ཀྱི་གསང་བར་བྱིན་གྱིས་བརླབས་པ་ཐོགས་ཏེ་ཁྱེད་རྣམས་ཀྱི་སྙིང་ག་དང་ལྟེ་བར་རེག་པས་ཐུགས་ཀྱི་བྱིན་རླབས་སོགས་འགྲེ། ཧྲཱིཿཟླས་ཞིང་ཆོས་འབྱུང་གནས་གཉིས་སུ་གཏུགས། དེ་དང་རྗེས་སུ་འབྲེལ་བར་བཟླས་ལུང་བྱ་བ་ནི། སློབ་དཔོན་གྱི་ཐུགས་ཀའི་ཧྲཱི་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་
རྣམས་ཀྱི་མཁྱེན་པའི་ཡེ་ཤེས་ཐམས་ཅད་ཧྲཱིཿཡིག་གི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་གི་ལྟེ་བར་ཞུགས་པས་དབུ་མ་ནས་བརྒྱུད་དེ་སྙིང་གའི་ཧྲཱིཿལ་ཐིམ་པས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱས་པར་མོས་པ་མཛོད། ཅེས་དང༌། ཧྲཱིཿཡིག་བརྒྱ་རྩ་རྗེས་ཟློས་བྱེད་དུ་གཞུག སློབ་མས། བཅོམ་ལྡན་བདག་གིས་སོགས་དང་མེ་ཏོག་འཐོར། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སོགས་མེ་ཏོག་གཏོར། བཟླས་ལུང་འདི་གསུང་གི་བྱིན་རླབས་ཀྱི་སྐབས་སུ་བྱེད་ན་ལེགས་པར་བསམ་མོ། །དེས་ཁྱེད་རྣམས་ཀྱིས་རྗེ་བཙུན་མའི་ཐུགས་ཀྱི༴ ཡིད་ཀྱི༴ རྗེ་བཙུན་མའི་ཐུགས་རྣམ་པར་མི་རྟོག་པ་བསྒོམ་པ་ལ་སོགས། དེ་ནས་ཁྱེད་རང་རྣམས་ལུས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་ཚིགས་བཅད་འདིའི་དོན་ལ་ཐུགས་གཏོད་པར་ཞུ་བྱས་ཏེ། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་ནི་རྣམ་བསྒོམ་བྱ། །ཞེས་གསུངས་ཏེ། ཕྱི་ནང་གི་དངོས་པོར་སྣང་བའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ནམ་མཁའ་དྲི་མ་མེད་པ་ལྟར་ཤེས་པར་བྱས་ཏེ། མཚན་འཛིན་རྟོགས་པས་མི་ཕྱེད་པའི་སྟོང་ཉིད་ཡེ་ཤེས་རྡོ་རྗེ་དེ་ཉིད་རྒྱུན་དུ་བསྒོམ་པར་གྱིས་ཤིག ཅེས་པའི་དོན་ཡིན་པས་དམིགས་པ་འདི་བཞིན་མཛོད། ཕྱི་ནང་གི་ཆོས་ཐམས་ཅད་ནི་རང་གི་སེམས། སེམས་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེའི་དཔེ་ནམ་མཁས་མཚོན་པ་ཡིན་ཏེ། ནམ་མཁའ་ལ་ཐོག་མཐའ་མེད་པ་བཞིན་དུ་རང་གི་སེམས་ལ་ཐོག་མཐའ་མེད། ནམ་མཁའ་ལ་འགྲོ་འོང་མེད་པ་བཞིན་དུ་རང་གི་སེམས་ལ་འགྲོ་འོང་མེད། ནམ་མཁའ་ལ་སྐྱེ་འཇིག་མེད་པ་བཞིན་དུ་རང་གི་སེམས་ལ་སྐྱེ་འཇིག་མེད། ནམ་མཁས་ཆོས་ཐམས་ཅད་ལ་ཁྱབ་པ་ལྟར་རང་གི་སེམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་ཁྱབ་པས་ན། སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུ་དེའི་ངང་ལ་ཅུང་ཟད་མཉམ་པར་འཇོག་པར་ཞུ། ཞེས་དང༌། མཉམ་བཞག་བྱེད་དུ་
གཞུག དེ་ལྟར་ན་ཁྱེད་རྣམས་ཀྱིས་རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི༴ ལུས་ངག་ཡིད་གསུམ་གྱི༴ བཞི་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད་དེ། རྗེས་གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་དང་འདྲ་བར་བྱའོ། །གསུམ་པ་ནི། མཆོད་པ་རྣམས་ཁ་གསོས་ཏེ་བསང་སྦྱང་བྱིན་བརླབས་ནས། མཆོད་བསྟོད་འདོད་དོན་གསོལ་བཏབ་ལྷག་ཆད་བསྐོང་བ། བཟོད་པར་གསོལ་བ་རྣམས་བུམ་བསྐྱེད་ལྟར་བྱས་པའི་མཐར། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང༌། ཨོཾ་ཨཱཿཧཱུྃ་བཛྲ་མཱུཾཿ མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་དང༌། དགེ་བ་བསྔོ་བ་སོགས་བྱའོ། །དེ་ལྟར་རྡོ་རྗེ་ཕག་མོ་ཡི། །བྱིན་རླབས་ཆོ་གས་སྐལ་ལྡན་གྱི། །སློབ་མ་རྗེས་སུ་བཟུང་བའི་ཚུལ། །སྦྱར་བའི་དགེ་བས་སངས་རྒྱས་ཤོག །ཅེས་པ་འདིའང་དགེ་སློང་དཔལ་ལྡན་དོན་གྲུབ་ཀྱིས་ཨེ་ཝཾ་ཆོས་འཁོར་རྩེར་བྲིས་པའོ། །མངྒ་ལཾ།། ༈ །།བཅོམ་ལྡན་འདས་མ་ཕག་མོ་དཀར་མོ་ལ་བསྟོད་ཚིག་ཤེས་བྱ་རབ་གསལ་ཞེས་བྱ་བ་བཞུགས་སོ། །སྭ་སྟི་པྲ་ཛྙཱ་བྷྱཿ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་བསྟོད་པ་ཤེས་བྱ་རབ་གསལ་ཞེས་བྱ་བ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །གང་གི་རབ་ཡངས་མཁྱེན་པའི་ཕ་མཐའ་ཀུན་མཁྱེན་གྱིས་ཀྱང་རྟོགས་དཀའ་ན། །རབ་རྨོངས་མུན་པས་བློ་མིག་བསྒྲིབས་པའི་བྱིས་པ་རྣམས་ཀྱིས་ག་ལ་ཞིག །དེ་ལྟ་ན་ཡང་འཁོར་བའི་འབྲོག་དགོན་འཐིབས་པོར་འཁོར་ཞིང་ལམ་སྟོར་བདག །ཡེ་ཤེས་སྒྲོན་མེ་འཕགས་མ་ཁྱོད་དྲན་མུ་ཅོར་སྨྲས་འདི་བཟོད་མཛད་རིགས། །སྲེད་ལྡན་མཛེས་མའི་གཟུགས་ཀྱིས་ཡིད་དྲངས་ཚུལ་མིན་ལམ་དུ་ཞུགས་པ་རྣམས། །བཻ་རོ་ཙ་ནས་བུད་མེད་སྒྱུ་མའི་གར་གྱིས་རྣམ་རོལ་མཛེས་པའི་སྐུ། །འཇམ་མཉེན་འཁྲིལ་ཆགས་རིན་ཆེན་རྒྱན་སྤྲས་དྲན་པ་ཙམ་གྱིས་བ་སྤུ་གཡོ། །ཆགས་པའི་ཉམས་ལྡན་སྒེག་ཅིང་ཞི་ལ་མི་ཤེས་པ་ལ་
ཅུང་ཟད་ཁྲོ། །དེ་ལྟའི་གཟུགས་ཀྱིས་འགྲོ་བ་འདུལ་ཞིང་ལྷ་དབང་རྣམས་ཀྱང་ཡིད་འཕྲོག་ན། །བློ་གྲོས་དོན་གཉེར་ཤེས་བྱ་དོན་གསལ་ཡིད་ལ་འདོད་རྣམས་སྨོས་ཅི་དགོས། །དཀར་གསལ་ཀུནྡ་རྒྱས་པའི་ཚལ་དུ་བསིལ་ཟེར་བྱེད་པས་ཕྱོགས་པ་ལྟར། །རབ་དཀར་སྙིང་གི་པདྨོའི་ཚལ་དུ་བརྩེ་བའི་ཚ་ཟེར་འཕྲོ་བར་མཛད། །འཁོར་བའི་སྐྱོན་བྲལ་གསལ་བའི་མདངས་ལྡན་དམར་བའི་ཆུ་སྐྱེས་རྒྱས་པའི་སྟེང༌། །མི་ཤེས་མུན་འཇོམས་ཉོན་མོངས་སེག་བྱེད་འོད་ཟེར་སྟོང་འབར་རྒྱས་པའི་དབུས། །མ་རིག་མཚོན་པའི་དབུགས་བྲལ་སྟེང་གནས་ཧྲཱིཿཡིག་ལས་བྱུང་མཛེས་མའི་སྐུ། །རབ་དཀར་གངས་རིའི་ཕྲེང་བའི་ཚལ་དུ་ཉི་མའི་ཟེར་གྱིས་ཕོག་པ་བཞིན། །གཡས་བརྐྱངས་གར་གྱིས་རྣམ་པར་རོལ་ཞིང་རིན་ཆེན་རུས་རྒྱན་སིལ་ཁྲོལ་ཅན། །འཛུམ་པའི་མདངས་གསལ་རྒྱས་པའི་ནུ་འབུར་མཛེས་པའི་སྤྱན་མིག་ཟུར་གྱིས་གཟིགས། །ཁ་བའི་རི་ལ་མཚམས་སྤྲིན་ཇི་བཞིན་དཀར་ལ་དམར་བའི་མདངས་གསལ་བ། །དྲི་ཞིམ་ཡིད་འཕྲོག་བུང་བ་ལྟར་གནག་དབུ་སྐྲའི་ཟར་བུ་ཅུང་ཟད་ལི། །ལྷག་མའི་ཟར་བུ་རིན་ཆེན་ཕྲ་བཀོད་ཐུར་དུ་འཕྱངས་པས་སྐུ་སྟོད་ཁེབས། །རྡོ་རྗེས་བརྒྱུས་པའི་དཀར་གསལ་ཐོད་པ་ཡེ་ཤེས་ལྔ་ཡིས་མཛེས་པར་བརྒྱན། །མ་རིག་བཅོམ་པའི་མགོ་རློན་ལྔ་བཅུ་ཕྲག་པར་འཕྱང་ཞིང་འགྱིང་བའི་གཟུགས། །སྒེག་ཅིང་རོལ་པའི་ཕྱག་རྒྱ་དང་ལྡན་ཤིན་ཏུ་འགྱིང་ཞིང་མཛེས་པས་རོལ། །བྱི་རུའི་མདངས་ལྡན་ཡེ་ཤེས་ལྔ་མཚོན་རྡོ་རྗེ་གཡས་པའི་ཕྱག་གིས་བསྣམས། །མི་ཤེས་པ་ལ་སྡིགས་པའི་ཚུལ་གྱིས་ཐུར་དུ་བརྒྱངས་ནས་ལེགས་པར་འཛིན། །བདུད་རྩིའི་ཚོགས་ཀྱིས་ཡོངས་སུ་གང་བའི་བདེ་བ་སྐྱོང་བ་གཡོན་པའི་ཕྱག །འགྱིང་བའི་ཚུལ་གྱིས་ཐུགས་ཀར་བསྣམས་ནས་འགྲོ་ལ་དངོས་གྲུབ་སྩོལ་བར་མཛད། །རི་བོང་ཅན་ཞལ་སྨིན་མ་གཡོ་ཞིང་ཨུཏྤལ་རྣམ་པར་རྒྱས་འདྲའི་སྤྱན། །གཡོན་གྱི་མཆན་ན་ཡན་ལག་དྲུག་ལྡན་དར་དཔྱངས་དྲིལ་བུ་འཕུར་ལྡིང་སྙན། །དགྱེས་པས་བལྟ་ཞིང་བཅུ་དྲུག་དར་བབས་ལང་ཚོའི་དཔལ་གྱིས་ཡིད་རབ་
འཕྲོག །འོད་ཟེར་དཀར་པོའི་དྲྭ་བས་ཁེབས་པས་ཕྱི་ནང་མུན་པའི་ཚོགས་རྣམས་སེལ། །དབང་པོའི་གཞུ་ལྟར་དྭངས་ཤིང་གསལ་ལ་ཐོགས་མེད་མ་འདྲེས་ཡན་ལག་རྫོགས། །ལྟ་བས་མི་ངོམས་ལྷ་དབང་རྣམས་ཀྱང་ཡིད་རབ་འཕྲོག་ན་གཞན་ལྟ་ཅི། །དེ་འདྲ་གང་ཡིན་རྗེ་བཙུན་མ་དེས་འཇིག་རྟེན་འདི་དག་སྐྱོང་བྱེད་ཅིང༌། །ཁྱད་པར་བདག་གི་སྙིང་ལ་ཞུགས་ནས་བློ་གྲོས་རབ་ཏུ་རྒྱས་པར་མཛོད། །ཡོན་ཏན་སྣ་ཚོགས་ཁམས་ལས་ལེགས་གྲུབ་ཁྱོད་སྐུ་ས་འཛིན་རི་བོ་ལས། །ལེགས་བཤད་དུ་མའི་ལྷུང་ལྷུང་སྒྲ་སྒྲོག་རབ་དཀར་ཕན་བདེའི་དབུ་བས་དཀྲིགས། །རྒྱུན་མི་འཆད་པར་དམའ་བའི་ས་གཞིར་འབེབས་མཛད་གང་དེས་བདག་ཡིད་ཀྱི། །དྲི་མ་འཁྲུད་ཅིང་ཉོན་མོངས་སྐོམ་ཚད་གདུངས་པ་དག་ནི་བསིལ་བར་མཛོད། །ཚངས་དབྱངས་བསེར་བུ་དམ་པའི་དྲི་བསུང་ཕྱོགས་རྣམས་ཀུན་ནས་ལྡང་པ་ཡིས། །རྣ་བའི་དཔལ་སྐྱེད་འདོད་པའི་ཡིད་ཚིམས་ཕན་བདེའི་ལུས་ནི་རྒྱས་བྱེད་ཅིང༌། །སྙན་ཅིང་འཇེབས་པའི་གྲགས་པའི་དཔལ་གྱིས་འཛིན་མའི་ཁྱོན་འདིར་ཁྱབ་པ་དང༌། །ཕུན་སུམ་ཚོགས་དཔལ་སྐྱེད་འཕགས་མ་ཁྱེད་ཀྱིས་བདག་ལ་ངག་གི་དབང་ཕྱུག་སྩོལ། །ཉི་མའི་སྟེང་གནས་ཤེལ་དཀར་མདོག་མཚུངས་ཧྲཱིཿཡིག་འོད་དཀར་འཕྲོ་འདུ་ལས། །སྐྱེ་རྒུའི་ཡིད་ཀྱི་མུན་པ་རྣམ་སེལ་ཤེས་བྱའི་དགའ་ཚལ་རྒྱས་པར་མཛོད། །ཀུན་མཁྱེན་ཀུན་གྱི་མཁྱེན་རབ་ཀུན་བསྡུས་རྗེ་བཙུན་མ་དེས་བདག་ཅག་རྣམས། །བརྩེ་བའི་ཐུགས་རྗེས་རྗེས་སུ་འཛིན་ཅིང་སྙིང་མུན་མ་ལུས་བསལ་དུ་གསོལ། །མཐའ་ཡས་ཡོན་ཏན་ཡོངས་སུ་རྫོགས་པའི་བཅོམ་ལྡན་ཐུགས་རྗེའི་རྟ་ལྗང་ཅན། །མཁྱེན་རབ་འོད་སྟོང་ཕྱོགས་བཅུར་གསལ་བས་བསྟན་པའི་པད་ཚལ་རྒྱས་བྱེད་ཅིང༌། །བསྟན་འཛིན་བུང་བ་ལེགས་བཤད་དར་དིར་རྒྱུན་མི་ཆད་པར་སྒྲོགས་པ་དང༌། །བདག་སྙིང་པདྨོ་ལེགས་པར་ཁ་ཕྱེ་དགའ་བདེའི་དཔལ་ལ་རོལ་པར་མཛོད། །བཅོམ་ལྡན་མ་ཁྱོད་ཐུགས་རྗེའི་གངས་རི་མཁྱེན་པའི་ཟེར་གྱིས་བཞུ་བའི་རྒྱུན། །རབ་དཀར་ཕན་བདེའི་དབུ་བའི་ཕྲེང་མཛེས་ལེགས་
བཤད་ཆིལ་ཆིལ་སྒྲོག་པའི་གསུང༌། །རྒྱུན་དུ་སྒྲོགས་ཤིང་འགྲོ་ཀུན་ཉོན་མོངས་ཚ་བས་གདུངས་ལས་སྐྱོབ་པ་དང༌། །བདག་གི་ཡིད་ཀྱི་དྲི་མ་བཀྲུས་ནས་བློ་གྲོས་ཕུན་ཚོགས་རྒྱས་པར་མཛོད། །འདི་ན་བུ་གཅིག་འཕགས་མ་དྲན་ན་ལྷང་ལྷང་འབོད་ཚིགས་གསན་ལགས་སམ། །མ་རིག་མུན་འཐུམས་འཁོར་བའི་གཅོང་རོང་གཡང་སར་འགྲིམ་པ་གཟིགས་ལགས་སམ། །ལྟོས་པའི་རེ་གནས་ཁྱོད་ལས་གཞན་མེད་ཁྱོད་ཀྱི་ཐུགས་ཀྱི་ཕོད་ལགས་སམ། །བདག་ཅག་རང་གི་ལས་དབང་བཙན་ན་འཕགས་མའི་ཐུགས་རྗེས་ཅི་ཞིག་འཚལ། །དེ་ལྟར་རྗེ་བཙུན་རྡོ་རྗེ་ཕག་མོ་སྙིང་གི་མུན་པ་རྣམ་སེལ་བར། །ཤེས་བྱ་རབ་གསལ་བསྟོད་ཚིག་ཕྲེང་འདི་ཡིད་རབ་དང་བའི་ལག་པ་ཡི། །སོར་མོའི་འདབ་མ་སེན་མོའི་ཟེའུ་འབྲུ་སྤྱི་བོར་ཟུམ་པའི་ཕྱག་བྱས་ཏེ། །བསྟོད་པའི་དགེ་དེས་ཤེས་བྱའི་གནས་ལ་བློ་གྲོས་རབ་ཏུ་རྒྱས་གྱུར་ཅིག །བཅོམ་ལྡན་འདས་མ་ཕག་མོ་དཀར་མོ་ལ་བསྟོད་ཚིག་ཤེས་བྱ་རབ་གསལ་ཞེས་བྱ་བ་འདི་ནི། ཆུ་བོ་ཆེན་པོ་འབྲི་ཀླུང་དང་ཉེ་བར་འཁྲུངས་པ། ལུང་རིགས་ཀྱི་དབང་ཕྱུག་དགེ་བའི་བཤེས་གཉེན་ཡོན་ཏན་དཔལ་བཟང་པོས་བསྐུལ་བའི་ངོར། དགེ་སློང་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་རིན་ཆེན་དཔལ་བཟང་པོའོ།། ༈ །།རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་མའི་བརྒྱུད་འདེབས་ཡེ་ཤེས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །རྒྱལ་བ་ཀུན་ཡུམ་བཛྲ་ཝཱ་ར་ཧཱིས། །མངོན་སུམ་རྗེས་བཟུང་ཀོངྐ་དཱཏྟ་དང༌། །འཇིག་མེད་འབྱུང་གནས་ལེགས་སྤྱོད་རིན་ཆེན་སྲུང༌། །མ་ན་ཀ་ཤྲཱི་རྣམས་ལ་གསོལ་བ་འདེབས། །ཆག་ལོ་ཆོས་རྗེ་དཔལ་དང་མདོ་སྡེ་དཔལ། །ཤོང་སྟོན་ལོ་ཆེན་མཆོག་ལྡན་ལེགས་པའི་བློ། །བློ་གྲོས་བརྟན་པ་མ་ཏི་པན་ཆེན་དང༌། །ས་བཟང་འཕགས་པ་རྣམས་ལ་གསོལ་བ་འདེབས། །ངོར་ཆེན་རྡོ་རྗེ་འཆང་དབང་གྲགས་རྒྱལ་ཞབས། །མཁན་ཆེན་ལེགས་འབྱུང་དཀོན་མཆོག་ལྷུན་གྲུབ་དང༌། །ཀུན་
དགའ་མཆོག་ལྡན་མུས་ཆེན་ནམ་མཁའི་མཚན། །མཆོག་ལེགས་རྡོ་རྗེ་རྣམ་ལ༴ །བསྟན་འཛིན་བཟང་པོ་མཁྱེན་རབ་བྱམས་པའི་དཔལ། །རྨོར་ཆེན་རྗེ་དང་འཇམ་མགོན་གནས་གསར་པ། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གུས་པས་གསོལ་བ་བཏབ་པ་དང༌། །རྡོ་རྗེ་བཙུན་མའི་བསྒོམས་བཟླས་རྣལ་འབྱོར་མཐུས། །ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་བྱང་ནས། །ཡེ་ཤེས་སྣང་བ་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཆོས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་མའི་སྒྲུབ་ཐབས་མདོར་བསྡུས་ཡེ་ཤེས་སྣང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཝཱ་ར་ཧཱི་པཱ་དཱ་ཡ། རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མ་བསྒོམ་པར་འདོད་ན། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་ཕག་མོར་གསལ་བ་ཡི། །སྙིང་གར་ཨོཾ་ལས་ཉི་སྟེང་ཧྲཱིཿདཀར་པོ། །དེ་ལས་འོད་འཕྲོས་བླ་མ་ཝཱ་ར་ཧཱི། །འཁོར་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །སྙིང་དབུས་ས་བོན་འོད་ཟེར་ཕྲེང་བ་ལས། །ཡོངས་ཤར་ཉེར་བཞིའི་ཡུལ་གྱི་རྣལ་འབྱོར་མ། །གྲི་ཐོད་ཁ་ཊཱཾ་མཆོད་སྤྲིན་ཐོགས་པའི་ཚོགས། །དཔག་མེད་ནམ་མཁའ་ཁྱབ་པས་རབ་ཏུ་མཆོད། །ཨོཾ་བྷ་ག་ཝ་ཏི་བཛྲ་ཝཱ་ར་ཧཱི་ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ཞིང༌། །སྡིག་སྒྲིབ་ཉེས་ལྟུང་ཚོགས་རྣམས་བཤགས་ཤིང་བསྡམ། །ལེགས་སྤྱད་ཀུན་ལ་ཡི་རང་དཀོན་མཆོག་གསུམ། །སྐྱབས་སུ་གསོལ་ཞིང་སྨོན་འཇུག་མཆོག་སེམས་བསྐྱེད། །རྣམ་དག་ལམ་བསྟེན་བདག་ཉིད་ངེས་པར་འབུལ། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་
བསག་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒྲུབ་པའི་ཕྱིར་ཐལ་མོ་སྤྱི་བོར་སྦྱར་ཏེ། ཨོཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕུན་སུམ་ཚོགས་པའི་བདེ་བ་རྣམས། །དེ་བཞིན་གཤེགས་ཀུན་བྱིན་རླབས་ཀྱིས། །སེམས་ཅན་རྣམས་ལ་འགྲུབ་པར་ཤོག །ཅེས་བསྐུལ་ནས། སྭ་བྷཱ་ཝའི་སྔགས་ཀྱིས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས་ཀྱི་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་དང་དབྱེར་མེད་པའི་སྟོང་ཉིད་དུ་རྗེས་སུ་དྲན་པས། སྙིང་གའི་ཧྲཱིཿལས་བྱུང་བའི་འོད་ཀྱིས་སྣང་བའི་དངོས་པོ་ཀུན་འོད་གསལ་དུ་སྦྱང༌། ཤཱུནྱ་ཏཱས་དེའི་དོན་ལ་རྩེ་གཅིག་ཏུ་བློ་གཞག་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། འོད་གསལ་གྱི་རང་གཟུགས་ལྷར་བསྒོམ་པ་ནི། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨོཾ་ལས་ཉི་སྟེང་རང་སེམས་ཧཱུྃ་ཡིག་ལས། །རྡོ་རྗེ་དཀར་པོ་རྩེ་ལྔའི་ལྟེ་བ་རུ། །ཉི་མ་ལ་གནས་ཧྲཱིཿཡིག་ཆུ་ཤེལ་མདོག །དེ་ལས་འོད་ཕྲོས་དོན་གཉིས་མཛད་པ་བསྒྲུབས། །ཚུར་འདུས་རང་ཉིད་བཛྲ་ཝཱ་ར་ཧཱི། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་གཡས་རྡོ་རྗེ་བ་དན་བཅས་པ་འཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་བཟུང༌། །མཆན་ཁུང་གཡོན་ན་རྡོ་རྗེའི་ཁ་ཊཱཾ་བསྣམས། །ཐོད་སྐམ་དབུར་བརྒྱན་ཐོད་རློན་དོ་ཤལ་འཕྱང༌། །ཕྱག་རྒྱ་ལྔ་དང་མེ་ཏོག་ཕྲེང་བས་མཛེས། །གར་དགུའི་ཉམས་ལྡན་གཟི་བྱིན་མཆོག་ཏུ་འབར། །མི་རོའི་གདན་ལ་གཡས་བརྐྱངས་སྟབས་ཀྱིས་རོལ། །ཐུགས་ཀར་པདྨ་ཉི་མའི་དཀྱིལ་འཁོར་སྟེང༌། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཉི་སྟེང་ཧྲཱིཿ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས། །འགྲོ་ཀུན་ཕག་མོའི་སྐུར་གྱུར་རང་ལ་ཐིམ། །ལྟེ་བའི་པད་ཉིར་གནས་པའི་ཧྲཱིཿཡིག་ལས། །ཡི་གེའི་ཕྲེང་བ་དབུ་མའི་ལམ་ནས་སྤྲོས། །སྲིད་ཞིའི་དྭངས་བཅུད་བསྡུས་ཏེ་ཧྲཱིཿལ་ཐིམ། །ཡེ་ཤེས་མཆོག་གི་སྣང་བ་རབ་ཏུ་རྒྱས། །བླ་མ་རྒྱལ་བ་སྲས་དང་བཅས་པ་ཀུན། །རྡོ་རྗེ་བཙུན་མོའི་རྣམ་པར་སྤྱན་དྲངས་གྱུར། །ཕེཾ་ཞེས་འབར་བའི་རྒྱ་
དང་བཅས་ཏེ་ཡེ་ཤེས་པ་སྤྱན་དྲངས་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིངས་ཤིང་མཉེས་པར་བསམས་ལ་པད་ཀོར་གྱི་མཐར་འཁྱུད་རྒྱ་དང་བཅས་ཏེ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཞེས་པས་ང་རྒྱལ་བཟུང༌། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །རོལ་མོའི་སྒྲ་སྒྲོགས་མེ་ཏོག་ཆར་འབེབས་བཞིན། །ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་མི་བསྐྱོད་དབུར་བརྒྱན་གྱུར། །ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་མྱང༌། ལྷ་སྐུའི་གསལ་སྣང་ལ་ཡུན་རིང་དུ་སེམས་འཛིན། དེས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་ལྕེ་ཨྃ་ལས་བྱུང་བའི་པདྨ་དམར་པོ་འོད་གསལ་ཞིང་འབར་བ་ཧྲཱིཿཡིག་གིས་མཚན་པར་བསམས་ལ། གོང་གི་ལྟེ་བའི་ཧྲཱིཿལས་ཡི་གེའི་ཕྲེང་བ་སྤྲོ་བསྡུའི་དམིགས་པ་དང་བཅས་ཏེ། ཧྲཱིཿཞེས་ཅི་ནུས་སུ་བཟླ། ཐུན་ལས་ལྡང་བ་ན་གོང་བཞིན་མཆོད། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ནད་གདོན་བར་ཆད་སྒྲིབ་གཉིས་ཀུན་ཞི་ཞིང༌། །ཡེ་ཤེས་སྣང་བ་རྒྱས་པར་མཛད་དུ་གསོལ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེ་ཡིས་ལྷ་མོ་དེ་རྣམས་ཀྱིས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་བཏབ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །སོགས་ཀྱིས་བསོད་ནམས་བྱང་ཆུབ་ཀྱི་རྒྱུར་བསྔོས་ལ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བདག་དང་སྣང་བ་ཐམས་ཅད་རྗེ་བཙུན་མའི་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་བརྟན་པར་བྱས་ཏེ་སྤྱོད་ལམ་ལ་འཇུག ནུབ་མོ་སྔས་མགོར་ཚོགས་ཞིང་རྣམས་བཞུགས་པར་བསམས་ལ་དངོས་སམ་ཡིད་ཀྱིས་མཆོད་པ་དང་ཕྱག་འཚལ་བ་སོགས་བྱས་ཏེ་ལྷར་སྣང་སྒྱུ་མ་ལྟ་བུའི་ངང་དུ་
སེང་གེའི་ཉལ་སྟབས་ཀྱིས་གཉིད་ལོག ཐོ་རངས་ལྷ་མོས་སྔགས་ཀྱི་གླུས་བསྐུལ་བར་བསམས་ལ་ལྡང༌། བསྙེན་པ་བྱེད་ན། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་ཇི་སྐད་བཤད་པའི་རྣལ་འབྱོར་ཐུན་གསུམ་མམ་བཞིར་བསྒོམས་ལ། ཡི་གེ་གཅིག་པ་འབུམ་ཕྲག་བདུན་ལ་སོགས་པར་བཟླས་ན་གཙུག་ལག་ཀུན་དང་ཁྱད་པར་ཟབ་མོའི་དོན་ལ་འཇིགས་པ་མེད་པའི་བློ་གྲོས་ཀྱི་མཐུ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བར་གསུངས་སོ། །ཞེས་པའང་དོན་གཉེར་ཅན་དག་གི་ཤེས་རབ་གསུམ་གྱི་ཨུཏྤལ་ཁ་ཡོངས་སུ་བྱེ་བས་བློ་ལྡན་བྱེ་བའི་ཁེངས་པ་འཕྲོག་པའི་སླད་དུ། མང་དུ་ཐོས་པའི་བསམ་གཏན་པ་མཉྫུ་གྷོ་ཥས་གྲུབ་པའི་སློབ་དཔོན་ཆེན་པོ་ཀོངྐ་དཱ་ཏྟའི་གཞུང་ལས་ཉེ་བར་བསྡུས་པའི་ཟབ་དོན་བདུད་རྩིའི་སྙིང་པོ་སྟེ། འདིས་ཀྱང་ཡིད་ཅན་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། ༈ །།ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བསྙེན་ཐབས་ཉུང་གསལ་ཡེ་ཤེས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཝཱ་ར་ཧཱི་པཱ་དཱ་ཡ། རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་མའི་བསྙེན་པ་བྱ་བའི་ཚུལ་ནི། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འདི་ཉིད་ཀྱི་བྱིན་རླབས་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལྡན་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ། མར་ངོའི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་གྱི་སྔ་དྲོར་གནས་ཁང་བྱི་དོར་བྱ། མདུན་དུ་འདིའི་བྲིས་སྐུ་ཡོད་ན་དགྲམ་པའི་སྤྱན་སྔར་གཏོར་མ་དཀར་ཟླུམ་གཉིས་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཤམ། གཞན་ཡང་ཉེར་མཁོའི་ཡོ་བྱེད་རྣམས་ཚགས་སུ་ཚུད་པར་བྱ། ཕྱི་དྲོའི་ཆ་ལ་བབས་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གཟུངས་དང༌། བློ་གྲོས་དང༌། སྤོབས་པ་ཕུན་སུམ་
ཚོགས་པར་བྱ་བའི་སླད་དུ་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་བློས་མཚམས་སྦྱར་ཏེ་སྐྱབས་སེམས་དང་བརྒྱུད་འདེབས་སོགས་བྱས་རྗེས། མཁའ་གྲོ་སྤྱི་གཏོར་གྱི་ཆོ་གས་སྔོན་གཏོར་བཏང་ལ་བར་ཆད་ཞི་བའི་ཕྲིན་ལས་བཅོལ། སྲུང་འཁོར་སྤྱི་ལྟར་བསྒོམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟླས་པའི་བར་མཁས་གྲུབ་དཔལ་ལྡན་དོན་འགྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་«་་་་་ཁོ་བོས་བྱས་པའི་སྒྲུབ་ཐབས་ཚིགས་བཅད་མ་བཏང་ཡང་རུང༌། »ལྟར་ཉམས་སུ་བླང༌། བཟླས་པའི་སྐབས། རང་གི་ལྕེ་ཨྃ་ལས་བྱུང་བའི་པདྨ་དམར་པོ་གསལ་ཞིང་འོད་འབར་བ་ཧྲཱིཿས་མཚན་པར་བསམས་ལ་བཟླ། དམིགས་པ་གཞན་གཞུང་གསལ་ལྟར་དང༌། སྐབས་སུ་ལྟེ་བའི་ཧྲཱིཿལས་འོད་ཟེར་ཧྲཱིཿཡིག་གི་རྣམ་པ་དབུ་མའི་ལམ་བརྒྱུད་དེ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེ་དག་ན་གནས་པའི་ནོར་བུ་དང༌། སྔགས་དང༌། སྨན་དང༌། ཟླ་བ་དང༌། སྐར་མ་དང༌། རི་མོ་དང༌། བསྟན་བཅོས་དང༌། སྒྱུ་རྩལ་ལ་སོགས་པའི་བརྟན་གཡོའི་ཕུན་ཚོགས་དང་དྭངས་བཅུད་ཐམས་ཅད་བཀུག་སྟེ་ལྟེ་བའི་བུ་ག་ནས་ཞུགས། ཧྲཱིཿལ་ཐིམ་པས་ཤེས་རབ་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བསམས་ལ་བཟླ། ཡང་སྐབས་འགར་སྣོད་བཅུད་ཐམས་ཅད་རྡོ་རྗེ་ཕག་མོའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་སེམས་འཛིན་ཅིང་བཟླས་པས་མཚོན་རྩེ་གཅིག་པའི་ཡིད་ཀྱིས་ཁྲི་ཕྲག་སོགས་ཇི་ཙམ་ནུས་པར་བཟླའོ། །ཐུན་ལས་ལྡང་བ་ན་ཐལ་མོ་སྦྱར་ཏེ། རྒྱལ་བ་ཀུན་ཡུམ་བཛྲ་ཝཱ་ར་ཧཱིས། །བདག་ལ་གཞུང་མང་འཛིན་དང་འཆད་རྩོད་རྩོམ། །བཅུ་ཕྲག་རིག་གནས་ཤེས་པའི་བློ་གྲོས་དང༌། །ལེགས་བཤད་འཛད་མེད་ངག་གི་དངོས་གྲུབ་སྩོལ། །ཅེས་པ་ལྟ་བུས་འདོད་དོན་ལ་གསོལ་བ་གདབ། །རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་ཞེས་བརྗོད། གཏོར་མ་དང་པོ་སྒྲུབ་ཐབས་ལྟར་བཅོམ་ལྡན་འདས་མ་ལ་འབུལ། གཉིས་པ་
མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བཏང༌། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་ཨོཾ་བཛྲ་མུཿས་འཇིག་རྟེན་པ་དང་བཅས་ཏེ་གཤེགས་སུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱ། སླར་ཡང་སྲོད་ཐུན་ལ་གཏོར་མ་འབུལ་བ་མ་གཏོགས་གོང་བཞིན་བྱས་ནས། རང་ཐུན་མཚམས་ཀྱི་ལྷ་སྐུའི་ང་རྒྱལ་དང་བཅས་སྔས་འགོར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་མངོན་སུམ་ལྟ་བུར་བཞུགས་པ་ལ་མཆོད་ཅིང་ཕྱག་འཚལ་བར་བསམ་ལ། ལྷར་སྣང་གི་ངང་དུ་སེང་གེའི་ཉལ་སྟབས་ཀྱིས་ཉལ། ཐོ་རངས་ཀྱི་དུས་སུ་ནམ་མཁའ་ནས་རྡོ་རྗེ་ཕག་མོ་མཁའ་འགྲོའི་ཚོགས་དང་བཅས་པས་སྔགས་ཀྱི་གླུས་བསྐུལ་བར་མོས་པས་ལྷར་གསལ་བཞིན་པའི་ངང་ནས་ལྡངས་ཏེ་ཐུན་གསུམ་མམ་བཞིའི་རིམ་པས་རྣལ་འབྱོར་ལ་འཇུག ཕྱི་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ། བསྙེན་ཚད་ནི་ཧྲཱིཿརིང་པོ་ཚེག་དྲག་ཅན་ཁོ་ན་འབུམ་ཕྲག་བདུན་བཟླ། དེས་ཀྱང་རྟགས་མ་མཐོང་ན་ལན་གསུམ་ལ་སོགས་པར་བསྐྱར་བས་འོག་ནས་འབྱུང་བའི་རྟགས་རྣམས་མཐོང་བར་འགྱུར་རོ། །རྟགས་མཐོང་བའམ་བསྙེན་པའི་གྲངས་ཐིམ་པ་ན་ཡར་ངོའི་གཟའ་སྐར་བཟང་པོའི་སྔ་དྲོ་ལ་གྲོལ། གཞན་མཚམས་ཀྱི་སྤང་བླང་སོགས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱའོ། །བསྙེན་པ་མཐར་ཕྱིན་པས་བོགས་འདོན་གྱི་ཆེད་དུ་སྲན་མ་མཱ་ཤཱ་ལ་བརྟེན་པའི་ལས་སྦྱོར་ཀྱང་བྱ་བར་བླ་མ་རྣམས་བཞེད། ཇི་ལྟར་བྱ་བའི་ཚུལ་ནི་འཇམ་དབྱངས་དཀར་པོ་སོགས་དང་ཚུལ་མཚུངས་ཤིང༌། ཁོང་དུ་ཕུལ་བའི་རྟ་སིང་པོ་གཙང་མས་བྱ་བ་ཙམ་ཁྱད་པར་རོ། །དེ་ལྟར་རྩེ་གཅིག་ཏུ་བརྩོན་པ་ན། ཇི་སྐད་བཤད་པའི་ཡོན་ཏན་སྤྱི་དང༌། ཁྱད་པར་གཙུག་ལག་ཀུན་ལ་མཁས་པ་དང༌། རྒོལ་བས་མི་འཇིགས་པའི་སྤོབས་པ་ཚད་མེད་པ་དང༌། བར་དུ་གཅོད་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང༌། བྱེ་བྲག་ཏུ་གསང་སྔགས་ནང་གི་དོན་ལ་བློ་གྲོས་ཀྱི་མཐུ་ཆེན་པོ་ཐོབ་པར་བླ་མ་
རྣམས་ཀྱི་གསུངས་སོ། །གྲུབ་པའི་མཚན་མ་བརྟན་པའི་རྣལ་འབྱོར་པས་ཞག་བདུན་དུ་ཐོད་ལེ་ཀོར་ལ་སྔགས་ཀྱིས་བཏབ་པས་གང་གི་ལག་ཏུ་བྱིན་པའི་མོད་ལ་རྨོངས་པ་ཡིན་ཀྱང་སྙན་ངག་མཁན་དུ་འགྱུར་བ་དང༌། གི་ཝཾ་ལ་མངོན་པར་བསྔགས་ཏེ་བྱིས་པ་སྐྱེས་མ་ཐག་པའི་ལྕེ་ལ་ཧྲཱིཿཡིག་བྲིས་ན་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་བ་དང༌། ཞུན་མར་དང༌། ཤ་ཁར་སོགས་བཟའ་བཏུང་ལ་བསྔགས་ཏེ་བྱིན་ན་བཅུད་ལེན་འགྲུབ་པར་འགྱུར་བས་མཚོན་ཕན་ཡོན་མཐའ་ཡས་པ་ཐོབ་པ་ནི་ངེས་པའོ། །ཞེས་པའང་ལྷག་པའི་ལྷ་འདི་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་འཁོས་མེད་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྒྱ་གཞུང་དང༌། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་རབ་སོགས་ཡིག་རྙིང་འགའ་ཞིག་གི་སྙིང་པོ་མདོར་བསྡུས་ཏེ་སྦྱར་བ་དགེ་ལེགས་ཀྱི་སྣང་བས་འཇིག་རྟེན་གསུམ་ན་ཡོངས་སུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་རླབས་ཀྱི་མཚམས་སྦྱོར་ཉུང་གསལ་ངག་གི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཝཱ་ར་ཧཱི་པཱ་དཱ་ཡ། རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་རླབས་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་དང༌། དངོས་གཞི་བདག་མདུན་བུམ་པ་བསྒྲུབ་པ་རྣམས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱི་གསུང་རབ་ལྟར་བྱ། གྲུབ་ན་བྱིན་རླབས་ཀྱི་ཆོས་རྣམས་བདག་འཇུག་གི་ཚུལ་དུ་བླང༌། དེ་ནས་འཁོར་ལོ་སྡོམ་པའང་མ་རྒྱུད་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་གིས་སྨིན་པའི་སློབ་མ་ཉེར་ལྔ་མན་གྲངས་ཁ་ཡར་བ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་དང༌། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་གདུལ་བྱ་དབང་པོ་རྣོན་པོའི་རིགས་ཅན་རྣམས་ཀྱི་དབང་དུ་མཛད་དེ། གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་མ་རྨོངས་པ་དང༌། ཐབས་མང་བ་དང༌། དཀའ་བ་མེད་པར་བྱང་ཆུབ་སྒྲུབ་པའི་ལམ་གྱི་རིམ་པ་ཇི་སྙེད་ཅིག་བཀའ་སྩལ་པ་ལས་ཁྱད་པར་དུ་གྱུར་པ་ནི་
ཤེས་རབ་ཀྱི་ལྷའི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས་ཏིང་ངེ་འཛིན་དང༌། མངོན་པར་ཤེས་པ་དང༌། གཟུངས་ཀྱི་སྒོ་སྒྲུབ་པའི་ཐབས་ཚུལ་རྣམས་ཡིན་ལ། དེ་ལའང་རྒྱུད་སྡེ་བཞིར་བསྒྲུབ་བྱའི་ལྷ་དང༌། སྒྲུབ་བྱེད་ཀྱི་ཐབས་མི་འདྲ་བ་དུ་མ་ཞིག་གསུངས་པ་ལས། འདིར་རྣལ་འབྱོར་བླ་མེད་མ་རྒྱུད་སྒོ་དྲུག་གི་ཡ་གྱལ། ཧེ་རུ་ཀའི་རིགས་དཔལ་འཁོར་ལོ་བདེ་མཆོག་གི་ཡུམ་བཀའི་རྡོ་རྗེ་ཕག་མོའི་སྐོར་ལ། གྲུབ་པའི་དབང་ཕྱུག་ཀོངྐ་དཱཏྟ་དང༌། པཎ་ཆེན་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་ཕག་མོ་དཀར་མོ། གྲུབ་ཆེན་ཤ་བ་རིའི་ལུགས་ཀྱི་ཕག་མོ་སེར་མོ། འཕགས་ཡུལ་གྱི་པཎ་གྲུབ་ཕལ་ཆེར་ལ་ཡོངས་སུ་གྲགས་པའི་ཕག་མོ་དམར་མོ་སོགས་རིགས་ཀྱི་བྱེ་བྲག་ནང་གསེས་དང་བཅས་ཏེ་བཞུགས་པ་ལས། འདིར་སྐབས་སུ་བབས་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་དུ་རྗེས་སུ་བཟུང་བས་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་སློབ་དཔོན་ཀོངྐ་དཱཏྟས་ལེགས་པར་བཀྲལ་ཞིང༌། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་པཎ་གྲུབ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པ་སོགས་ལས་རིམ་པར་བརྒྱུད་དེ། གངས་ཅན་གྱི་ལྗོངས་འདིར་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་དར་རྒྱས་སུ་མཛད་པའི་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཅེས་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་དེ་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་རྗེ་བཙུན་རྡོ་རྗེ་ཕག་མོ་ཐ་མི་དད་པ་ལ་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱི་རྗེས་སུ། གནས་དང་ཉེ་གནས་སོགས་ནས། མཛད་དུ་གསོལ། ཞེས་པས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་གཞན་ཡང་ཕྱོགས་བཅུའི་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། སླར་ཡང་རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་སོགས། དེ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་བྱིན་རླབས་ཀྱི་གཞི་སྒྲུབ་པའི་སླད་དུ། སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་ཤཱུནྱ་ཏཱ་སོགས་ནས་ཀོ྅ཧཾ། ཞེས་བརྗོད་པས་སྟོང་པར་སྦྱངས་ཏེ། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་ཞེས་པ་ནས། ཉི་མ་ལ་གནས་པའི་ཧྲཱིཿཡིག་དཀར་པོ་རེ་རེས་མཚན་པར་གསལ་བཏབ་ནས། སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་པོ་མཛད་པས། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་རྗེ་བཙུན་རྡོ་རྗེ་ཕག་མོའི་རྣམ་པ་ནམ་མཁའ་གང་བར་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། གུ་གུལ་གྱིས་བདུག རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང༌། ཧྲཱིཿབཛྲ་ཝཱ་ར་ཧཱི་ཨཱ་ཝེ་ཤ་ཡ་ཨཿཨཱཿ ཛཿཧཱུྃ་བྃ་ཧོཿ ཞེས་མང་དུ་བརྗོད། དེ་ནས་བུམ་དབང་གི་སླད་དུ། འབར་བའི་ཕྱག་རྒྱ་དཔྲལ་
བར་གཡོན་དུ་བསྐོར་ཞིང༌། ཕཻཾ། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས། ཤྲཱི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཛཿཧཱུྃ་བྃ་ཧོཿ ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་ལྟར་ན་ཁྱེད་རྣམས་ཀྱིས་རྗེ་བཙུན་མའི་སྐུའི་སོགས། གསང་དབང་གི་སླད་དུ། སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་ཀཱ་པ་ལ་སོགས་ནས། བདུད་རྩི་བྱིན་ལ་འཐུང་དུ་གཞུག་པའི་བར། དེ་དང་དེ་རྗེས་སུ་འབྲེལ་བར་བཟླས་ལུང་ནས། བཅོམ་ལྡན་འདི་ལ་སོགས་མེ་ཏོག་གཏོར་བའི་བར། དེ་ལྟར་ན་ཁྱེད་རྣམས་ཀྱིས་རྗེ་བཙུན་མའི་གསུང་གི་སོགས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། མདུན་བསྐྱེད་ཀྱི་སིནྡྷཱུ་རའི་ནས། ཆོས་འབྱུང་གནས་གཉིས་སུ་གཏུགས་པའི་བར། དེ་ལྟར་ན་ཁྱེད་རྣམས་ཀྱིས་རྗེ་བཙུན་མའི་ཐུགས་ཀྱི་སོགས། དབང་བཞི་པའི་སླད་དུ། ཁྱེད་རང་རྣམས་ལུས་བསམ་གཏན་གྱི་སྤྱོད་ལམ་སོགས་མན་དཀྱུས་ལྟར་རོ། །ཞེས་པའང་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་དོན་གྲུབ་པས་མཛད་པའི་བྱིན་རླབས་ཀྱི་ཡི་གེའི་ཞབས་ཏོག་ཏུ་དམིགས་ཏེ། རང་འདྲའི་བློ་དམན་རྣམས་ལ་ཕན་
པའི་ཕྱིར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཨརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་སྱ་ཥཱ་ཌཱ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས། འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པ་བདེ་བའི་གདན་ལ་འདུག་སྟེ། ཁ་དག་པ་ལ་སོགས་བྱས་ནས་སངས་རྒྱས་ལ་སོགས་པ་བལྟས་ཏེ་ཡང་དག་པར་མཆོད་ནས། གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པ་བྱའོ། །ཇི་སྲིད་སེམས་ཅན་ཐམས་ཅད་ཀྱི་གྲངས་སུ་གཏོགས་པ། སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་མེད་པའམ། འདུ་ཤེས་ཅན་ནམ། ཡོད་མིན་མེད་མིན་གྱི་འདུ་ཤེས་ལ་སོགས་པ་ཇི་སྲིད་སེམས་ཅན་གྱི་ཁམས་སུ་གཏོགས་པ་བརྗོད་པ་དེ་ཐམས་ཅད་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཞག་པར་བྱའོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བ་ལན་གསུམ་བརྗོད་ལ། ཡུད་
ཙམ་གྱིས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་བརྒྱ་སྟོང་ཕྲག་མང་པོ་བྱུང་བར་བསམས་ལ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པའི་དུས་ནས་བསགས་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཁམས་གསུམ་དུ་གཏོགས་པ་དག་པར་བྱས་ནས། ཡི་གེ་དེ་ཉིད་རང་གི་སྙིང་གར་བཅུག་པས། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་བ། ཕྱག་བཞི་པ། རལ་པའི་ཅོད་ཅན་འཆང་བ། གཡོན་པས་པདྨ་བསྣམས་པ། གཡས་ཀྱིས་བགྲང་ཕྲེང་འཛིན་པ། ཕྱི་མའི་ཕྱག་གཉིས་ཀྱིས་ཐལ་མོ་སྦྱར་བ། གཡས་ཕྱོགས་སུ་ནོར་བུ་འཛིན་པ། དེ་དང་འདྲ་བའི་མདོག་དང་ཕྱག་དང་མཚན་མ་ཅན་ཏེ། ཕྱི་མའི་ཕྱག་གིས་ཐལ་མོ་སྦྱར་བའོ། །གཡོན་ཕྱོགས་སུ་ཡི་གེ་དྲུག་པའི་རིག་པ་འཇིག་རྟེན་དབང་ཕྱུག་དང་འདྲ་བའི་སྐུ་མདོག་དང་ཕྱག་མཚན་ཅན་བསྒོམ་པར་བྱའོ། །དེ་ནས། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བཾ་ཧོཿསུ་ར་ཏ་སྟྭཱཾ་ཨ་
ལ་ལ་ལ་ཧོཿ ཨཿཨཿཨཿཨཿ ཞེས་བྱ་བའི་བྱིན་གྱིས་རློབ་པའི་སྔགས་བརྗོད་པར་བྱའོ། །དེ་ལྟར་བསྒོམས་ནས་འཇིག་རྟེན་མགོན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལས་རིག་སྔགས་ཕྲེང་བའི་རྣམ་པ་ལྟ་བུ་ཞལ་ནས་བྱུང་སྟེ། ལྟེ་བར་འཇུག་ཅིང་འཁོར་ལོ་འཁོར་བའི་སྦྱོར་བར་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིད་བཞིན་ནོར་བུའི་རྟོག་པ་སྔགས་ཀྱི་རྒྱལ་པོ་འདི་བཟླ་བར་བྱའོ། །དེ་ནས་འཁོར་ཞིང་འཇུག་པ་ལ་སོགས་པ་ཐོབ་ནས། དད་པ་དང་སྙིང་རྗེ་དང་ལྡན་པ་བླ་མ་ལ་གུས་པའི་རྣལ་འབྱོར་པས་དུས་མི་རིང་བར་འགྲུབ་པར་འགྱུར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བྱ་བའི་སྔགས་བཟླ་བར་བྱའོ། །དེ་ནས་ལྡང་བའི་དུས་སུ་སྔགས་འདི་བརྗོད་དེ་གནས་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷཱ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་བརྗོད་ལ་ཇི་ལྟར་བདེ་བས་གནས་པར་བྱའོ། །ཡི་གེ་དྲུག་པའི་སྒྲུབ་ཐབས་དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།། ༈ །ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་བཞུགས། །བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཐུགས་རྗེ་ཆེན་པོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྙིང་གའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿདཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྤྱི་གཙུག་ནས་རྐང་པའི་མཐིལ་གྱི་བར་གྱི་ལུས་ཐམས་ཅད་ཡོངས་སུ་གང༌།
སྡིག་པ་དང་སྒྲིབ་པ་དང༌། ནད་དང༌། སྡུག་བསྔལ་ཐམས་ཅད་སྦྱངས། ཕར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ནས་རང་ལ་ཐིམ་པས། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར་པ་ནི། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་སངས་རྒྱས་ཐམས་ཅད་ལ་ཐལ་མོ་སྦྱར་ནས། སེམས་ཅན་གྱི་དོན་ལ་སྐུལ་བ། གཡས་ཀྱི་གཉིས་པས་ཕྲེང་བ་དཀར་པོ་དང༌། གཡོན་གྱི་གཉིས་པས་རིན་པོ་ཆེ་དང་བཅས་པའི་པདྨ་དཀར་པོ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་པའི་ན་བཟས་བཀླུབས་པ། རབ་ཏུ་ཞི་ཞིང་གཟི་བརྗིད་མཐའ་ཡས་པ། སྤྱི་བོར་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམས་པ་ལ་ཡིད་གཏད་དེ་མཉམ་པར་བཞག་གོ །དེ་ནས་སྔགས་ཟློ་བར་འདོད་ན། སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧྲཱིཿབསྒོམས་པའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས། བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། ནད་དང༌། སྡུག་བསྔལ་ཐམས་ཅད་སྦྱངས། ཕྱིར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་རང་ལ་འཇུག་པར་བསམ་ཞིང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱའོ། །ཕྲེང་བའི་མདོ་འཛིན་ནས་མདོ་འཛིན་ལ་མ་སླེབ་ཀྱི་བར་ཚིག་གཞན་གྱིས་བར་མ་ཆོད་པར་བཟླ། གྲངས་ཀྱི་བསྙེན་པའི་ཚད་ནི་འབུམ་ཕྲག་དྲུག་ཅུ་སྟེ། དེས་ལས་ཀྱི་ཚོགས་ཇི་སྐད་བཤད་པ་རྣམས་འགྲུབ་ལ། བྱང་ཆུབ་སྒྲུབ་པ་ལ་ནི་ཚད་མེད་དོ། །དེ་ནས་བཟླས་པ་ཚར་བ་དང༌། དགེ་བའི་རྩ་བ་སངས་རྒྱས་སུ་བསྔོས་ནས། སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་བྱའོ། །རང་དང་གཞན་གྱི་ནད་ཀྱི་ཟུག་རྔུ་སེལ་བར་འདོད་
པས། གང་ན་བའི་སར། ཟླ་བ་ལ་གནས་པའི་ཧྲཱིཿའི་ཡི་གེ་ལས་བདུད་རྩིའི་རྒྱུན་བབས་པས། ཟུག་རྔུ་ཐམས་ཅད་བསལ་ཞིང༌། བདེ་བས་གང་བའི་ཏིང་ངེ་འཛིན་དང་ལྡན་པས། ཡི་གེ་དྲུག་པའི་སྔགས་ཀྱིས་མངོན་པར་བསྔགས་པར་བྱའོ། །སྔགས་ཀྱི་ཆུས་བདག་དང་གཞན་ལ་ཕན་གདགས་པར་འདོད་ན། ཆུ་གཙང་མའི་ནང་དུ། པདྨ་འདབ་མ་དྲུག་པའི་ལྟེ་བར་ཧྲཱིཿ འདབ་མ་རྣམས་ལ་རིམ་པ་བཞིན་ཡི་གེ་དྲུག་པ་བཀོད་ནས། དེ་རྣམས་ལས་བདུད་རྩིའི་རྒྱུན་བབས་པས། སྣོད་ཡོངས་སུ་གང་བར་བསམ་ཞིང༌། ཡི་གེ་དྲུག་པས་མངོན་པར་བསྔགས་པའི་ཆུ་འཐུངས་པ་དང༌། བཀྲུས་པས་ནད་དང་ཟུག་རྔུ་སེལ་བར་བྱེད་དོ། །ཉལ་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ཞིང༌། ལྡང་བའི་ཚེ་ལྷའི་ང་རྒྱལ་གྱིས་ལྡང་བར་བྱའོ། །འདིའི་རྣལ་འབྱོར་གྱིས་རྟག་ཏུ་གནས་ན་གནས་སྐབས་སུ་ནད་དང་སྡུག་བསྔལ་ཞི་ཞིང༌། སྡིག་པ་དང་སྒྲིབ་པ་བྱང་ནས་མཐར་ཐུག་བྱང་ཆུབ་འགྲུབ་པ་ཉིད་དོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྒྲུབ་པའི་ཐབས། ཆོས་རྗེ་ས་སྐྱ་པའི་གསུང་བཞིན། འཕགས་པས་རྒྱའི་ཡུལ་དུ་ཡི་གེར་བཀོད་པའོ།། ༈ །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་བཞུགས་སོ། །འགྲོ་སྐྱོབ་ཡིད་འོང་སྙིང་རྗེ་ཆེན་པོའི་སྐུ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཉིད་སྒྲུབ་ཐབས་བླ་མའི་གསུང་བཞིན་དུ། །གཞན་ལ་ཕན་ཕྱིར་བདག་གིས་བཤད་པར་བྱ། །དེ་ལ་འདིར་ལས་དང་པོ་པས། ཇོ་བོ་ཆེན་པོ་རྗེའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་བྱེད་པར་འདོད་པས་རང་གི་གནས་སུ་སྟན་བདེ་བ་ལ་སྐྱིལ་ཀྲུང་ལ་སོགས་པའི་སྤྱོད་ལམ་དང་ལྡན་པས། ཐོག་མར་སྐྱབས་འགྲོ་བྱ་བ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་
ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བསམ་པ་ཐག་པས་སྐྱབས་འགྲོ་ཅི་ནུས་སུ་བྱའོ། །དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གིས་ངོ་བོ་ཐུགས་རྗེ་ཆེན་པོ་བསྒོམ་པར་བྱའོ། །སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཀྱི་ཆེ་བ། ཐ་མ་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་བཅས་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། དབུ་སྐྲ་ཕྱེད་རལ་པའི་ཐོར་ཅོག་གྱེན་དུ་བསྒྲེངས་པ་ལ། དར་དམར་པོའི་ཅོད་པན་ཡོད་པ། ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ་ནི་རླུང་གིས་སྐྱོད་པ་ལྟར་བུན་ནེ་ཡོད་པའོ། །ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་མུ་ཏིག་གི་ཕྲེང་བ་བགྲང་ཞིང༌། གཡོན་གྱི་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གྱི་
གཉིས་པས་རིན་པོ་ཆེ་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་འབྲུ་དྲུག་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་མུ་ཏིག་གི་ཕྲེང་བ་བགྲང་ཞིང༌། གཡོན་གྱི་གཉིས་པས་ཨུཏྤལ་འཛིན་པ། རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟས་མཛེས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་པ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀེ་ཤྭ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། བཛྲ་ཤབྡ་ཨཱཿཧཱུྃ། ཞེས་མཆོད་ནས། ཐལ་མོ་སྦྱར་ཏེ། ངག་ཏུ་ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས། མདུན་གྱི་ལྷ་གསུམ་པོ་སྤྱི་བོར་བྱོན་ནས་སོ་སོ་ལ་ཐིམ་པར་བསམ་མོ། །དེ་ནས་གཙོ་བོའི་ཐུགས་ཀར་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལ་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་ཆོས་སྐོར་དུ་བསྐོར་ནས་ཡོད་པ་ལ་དམིགས་ནས་བཟླས་པ་བྱས་པས་སྒྲ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་གྲགས་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་སངས་སངས་དག་པར་བསམ་ཞིང༌། མ་ཎི་པདྨེ་ཅི་ནུས་བཟླའོ། །མཇུག་ཏུ་སྔར་བཞིན་མཆོད་ནས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་
ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །ཞེས་སོགས་དང༌། བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཞེས་སོགས་ཀྱིས་སྨོན་ལམ་རྣམ་པར་དག་པར་བཏབ། ཐུན་མཚམས་ཐམས་ཅད་དུ་འཁོར་གཉིས་པོ་རང་ལ་བསྡུས་ལ། རང་ཇོ་བོའི་ང་རྒྱལ་གྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པ་དང༌། སེམས་ཅན་གྱི་དོན་ཅི་ནུས་སུ་བྱའོ། །འདིས་སེམས་ཅན་མང་པོའི་དོན་བྱེད་པར་གྱུར་ཅིག མཁས་གྲུབ་ཆེན་པོའི་དབེན་གནས་དམ་པ་བདེ་བ་ཅན་དུ་བྱ་བྲལ་བ་དཀོན་མཆོག་རྒྱལ་མཚན་གྱིས་སྦྱར་བའོ།། ༈ །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པས་ལུགས་ཀྱི་ཆོ་ག་འཕགས་པ་མཉེས་བྱེད་བཞུགས་སོ། །ན་མསྶངྒུ་རུ་པཱ་དཱ་ཡ། གྲངས་མེད་བསྐལ་པར་ཚོགས་གཉིས་རབ་བསགས་ཤིང༌། །དཔག་མེད་ཡོན་ཏན་མ་ལུས་མངོན་གྱུར་ནས། །ཚད་མེད་ཐུགས་རྗེས་འགྲོ་ཀུན་རྗེས་འཛིན་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །ལྷག་པའི་ལྷ་དེ་ཚུལ་བཞིན་མཉེས་བྱེད་པའི། །སྒྲུབ་ཐབས་རིམ་པ་ཕྱི་རོལ་ཚོགས་གསོག་དང༌། །གཟུངས་སྒྲུབ་ཆོ་ག་རྗེས་གནང་བྱ་ཚུལ་རྣམས། །ལེགས་པར་བཤད་ཀྱིས་དད་ལྡན་སྤྲོ་བས་ཉོན། །འདིར་ཐུགས་རྗེ་ཆེན་པོ་བསྒོམ་པར་འདོད་པའི་གང་ཟག་གིས་གནས་དབེན་པར་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། སྟན་བདེ་བ་ལ་འདུག་ནས་སྐྱབས་འགྲོ་སྤྱི་དང་མཐུན་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་ནས། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཨོཾ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཞེས་མཚན་སྔགས་
ལན་གཅིག་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷྭ་ཝ་སོགས་བརྗོད་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་གངས་རིའི་ཕུང་པོ་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་རིན་པོ་ཆེའི་ཕྲེང་བ་དང༌། གཡོན་འོག་མས་པདྨ་དཀར་པོ་འཛིན་པ། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་དཀར་པོའི་ཕྲེང་བས་བསྐོར་བ། དེའི་གཡས་སུ་ནོར་བུ་འཛིན་པ། གཡོན་དུ་ཡི་གེ་དྲུག་མ་གཉིས་སྐུ་མདོག་རབ་ཏུ་དཀར་པོ་ཞལ་གཅིག་ཕྱག་བཞི་དང་ལྡན་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང་དང༌། གཡོན་གྱི་གཉིས་པས་པདྨ་དཀར་པོ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་སྟོད་དུ་ཟླ་བ་ལ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་
ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས་ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས། ཨོཾ་པཉྫ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གསུམ་ཀ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་ནས་ཡུན་རིང་དུ་བསྒོམ། བསྒོམས་པས་སྐྱོ་ན་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་དང་དེའི་མདུན་ནས་གཡས་སྐོར་དུ་ཡི་གེ་དྲུག་པ་མགོ་གྱེན་བསྟན་དུ་གནས་པ་དེ་དག་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་རྣམས་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཡོན་ཏན་རྣམས་འཕེལ་ཞིང་རྒྱས་པར་གྱུར་ཅེས་བརྗོད་ཅིང་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཅི་ནུས་བཟླ་བར་བྱའོ། །གྲངས་ཀྱི་བསྙེན་པའི་ཚད་ནི་འབུམ་ཕྲག་དྲུག་ཁ་སྐོང་དང་བཅས་པ་ཡིན་ནོ། །ཐུན་ལས་ལྡང་བའི་ཚེ་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་པས་འདོད་པའི་དོན་ཞུས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་སོགས་དང༌།
བྱང་ཆུབ་སེམས་ནི་རིན་པོ་ཆེ་སོགས་དང༌། བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །སོགས་བསྔོ་བ་སྨོན་ལམ་ཅི་ཤེས་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། དཀར་གཏོར་གཙང་མ་ཆབ་ཀྱིས་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷྭ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཅེས་དང༌། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་ནས་གཏོར་མ་གསོལ་བར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ཏེ་མཚན་སྔགས་སྔོན་འགྲོའི་ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ་ནས་སྔར་བཞིན་མཆོད། སྐྱོན་གྱིས་མ་གོས་སོགས་ཚིགས་བཅད་གཅིག་གིས་བསྟོད་ཅིང༌། འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཁྱེད་ཀྱིས་སེམས་ཅན་དོན་སོགས་ཀྱི་མཐར་ཨོཾ་བཛྲ་མུཿ ཞེས་པས་གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ནས་སྤྱོད་ལམ་ཐམས་ཅད་དུ་ཐུགས་རྗེ་ཆེན་པོའི་ང་རྒྱལ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་སེམས་ཅན་གྱི་དོན་ལ་བརྩོན་པར་བྱའོ། །མདུན་བསྐྱེད་ལ་བརྟེན་ནས་ཚོགས་བསག་བྱ་བར་འདོད་ན། གཙང་ཞིང་ཡིད་དུ་འོང་བའི་གནས་སུ་སྟེགས་ཇི་ལྟར་རིགས་པའི་སྟེང་དུ་མཎྜལ་དྲི་བཟང་གིས་བྱུགས་པ་ལ་འབྲུ་གཙང་མའི་ཚོམ་བུ་དབུས་སུ་ཆེ་བ་དང་གཡས་གཡོན་དུ་ཅུང་ཟད་ཆུང་བ་རེ་བཀོད། དེའི་མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར་དང༌། མདུན་དུ་གཏོར་མ་གཅིག་དང༌། གཞན་ཡང་སྤོས་མར་མེ་ཞལ་ཟས་ལ་སོགས་པའི་མཆོད་པ་ཅི་འབྱོར་པ་བཤམ། རང་གི་མདུན་དུ་རོལ་མོའི་ཆས་དང་མཎྜལ་གྱི་ཡོ་བྱད་རྣམས་སྟ་གོན་བྱའོ། །དེ་ནས་མཆོད་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་
པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་ནས། ཤབྡའི་བར་སོ་སོའི་ཕྱག་རྒྱ་དང་བཅས་པའི་མཐར་དྷརྨཱ་ར་ཎི་ཏ་སོགས་ལན་གསུམ་གྱིས་བྱིན་དབབ་བོ། །དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་གདན་བསྡུ་བའི་བར་བདག་བསྐྱེད་བཞིན་བྱས་ལ། མདུན་བསྐྱེད་བསང་སྦྱང་སྟོང་པའི་ངང་ལས་པྃ་ལས་པདྨ་ཞེས་སོགས་ནས། གནས་གསུམ་བྱིན་རླབས་ཀྱི་བར་སྔ་མ་ལྟར་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ། མ་ལུས་སེམས་ཅན་སོགས་ཚིགས་བཅད་གསུམ་དང༌། མཚན་སྔགས་ཀྱི་མཐར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། སྔར་བཞིན་མཆོད་ནས། ཛཿཧཱུྃ་བཾ་ཧོཿས་བསྟིམ། དབང་ལྷ་སྤྱན་འདྲེན་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན་པའི་བར་བྱ། སླར་ཡང་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ཏེ། བླ་མ་དང་གཙོ་བོ་ཐ་མི་དད་པར་མོས་ནས་ཐལ་མོ་སྦྱར་ཏེ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་སྤྱན་རས་གཟིགས་དབང་མཆོད། །ཅེས་དང༌། མཚན་སྔགས་ཀྱི་མཐར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཕྱག་རྒྱ་དང་བཅས་པས་མཆོད་ཡོན་འབུལ། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་ཚིགས་བཅད་དང་སྔགས་འདོན་པ་བསྒྱུར་ཞིང་དྷརྨཱ་ར་ཎི་ཏ་སོགས་ཀྱིས་རོལ་མོ་དབུལ། གང་ཡང་བདག་གིས་དུས་ཀུན་ཏུ་ཞེས་སོགས་སམ། མི་ཤེས་ན་བཟང་སྤྱོད་ཀྱི་དབུ་ནས་འབྱུང་བའི་ཡན་ལག་བདུན་པ་བྱ། སྔར་གྱི་བསྟོད་པ་དང༌། གཏོར་མ་སྔོན་བཞིན་དབུལ་ལོ། །དེ་ནས་མཎྜལ་དབུལ་ཏེ། ཨོཾ་བཛྲ་བྷཱུ་མི་སོགས་ནས། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་གཉིས་སུ་མེད་པའི་ཡི་དམ་ཐུགས་རྗེ་ཆེན་པོ་ལ་དབུལ་
བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་སོགས་སྤྱི་དང་མཐུན་པར་བརྗོད། དེ་ལྟ་བུ་བརྒྱ་ཕྲག་རེའི་མཚམས་སུ། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། དེ་ལྟ་བུ་ལན་མང་དུ་ཕུལ་བའི་མཐར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་སྤྲིན་ལྟ་བུ་ཡིད་ལས་བྱུང་བའི་མཆོད་པ་དཔག་ཏུ་མེད་པ་ཕུལ་བར་བསམས་ལ། ཕལ་པོ་ཆེའི་མདོའི་དོན་བསྡུས་པའི་ཚིགས་སུ་བཅད་པ་གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་ཞེས་པ་ལ་སོགས་པ་བརྗོད། དེའི་རྗེས་སུ་ཤེས་ཤིང་ནུས་པ་ཟླ་བ་གྲགས་པས་མཛད་པའི་སྨྲེ་ངག་བརྗོད་པས་གསོལ་བ་གདབ། དེ་ནས་གཙོ་བོའི་ཐུགས་ཀར་ཟླ་བ་ལ་ཧྲཱིཿདང་སྔགས་བཀོད་ནས་དེ་ལས་བྱུང་བའི་འོད་ཟེར་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བར་བསམས་ལ་ཡི་གེ་དྲུག་པ་སྟོང་ཕྲག་ལ་སོགས་པ་བཟླའོ། །དེ་ནས་སླར་ཡང་མཆོད་པ་ཁ་གསོས་ཏེ་བྱིན་གྱིས་བརླབ། མཚན་སྔགས་རེ་རེའི་མགོར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་བསྡུས་པ་དང༌། འདོད་དོན་ཞུས་ལ་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱི་རྗེས་སུ་ཨོཾ་བཛྲ་མུཿ ཚོམ་བུའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་དང༌། རང་གི་དཔྲལ་བར་ཨོཾ་ལ་སོགས་པས་གནས་གསུམ་བསྲུང༌། སྟོན་མཆོག་དམ་པ་ལ་སོགས་པའི་བཀྲ་ཤིས་བྱའོ།། ༈ །བུམ་པ་ལ་
བརྟེན་ནས་གཟུངས་སྒྲུབ་བྱ་བར་འདོད་ན། མཚན་ཉིད་དང་ལྡན་པའི་བུམ་པ་ནང་རྫས་རྡོར་གཟུངས་དང་བཅས་པ་སྤྱི་དང་མཐུན་པའི་མཐར་མཆོད་གཏོར་གོང་ལྟར་བཤམས་ལ། བྱིན་གྱིས་བརླབས་ནས་བདག་བསྐྱེད་བསྒོམ། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱངས་པ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པྃ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་སོགས་ཀྱིས་ལྷ་གསུམ་ཡན་ལག་བཞི་རྫོགས་སུ་བསྐྱེད། དེ་ལ་མཆོད་པ་ནས་གསོལ་བ་གདབ་པའི་བར་ཚོགས་གསོག་གི་སྐབས་བཞིན་རྒྱས་པར་བྱ། བཟླས་པའི་ཚེ་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་ལྷ་རྣམས་ཀྱི་རྒྱུད་བསྐུལ་ཏེ་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་གཟུངས་ཐག་ནས་བཟུང་ལ་ཡི་གེ་དྲུག་པ་ཁྲི་ཕྲག་ལ་སོགས་པ་བཟླའོ། །མཇུག་ཏུ་མཆོད་བསྟོད་བསྡུས་པ། འདོད་དོན་ཞུ་བ། ལྷག་ཆད་སྐོང་བ། བཟོད་པར་གསོལ་བ་རྣམས་གོང་བཞིན་བྱས་པའི་མཐར་དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ལ། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར་པར་བསམ་མོ། །དེ་ལྟ་བུ་ཐུན་དུ་བཅད་པའི་སྒོ་ནས་ཞག་མང་དུ་བྱ་བ་ནི། གཟུངས་སྒྲུབ་རྒྱས་པར་བྱ་བའི་ཚུལ་ཡིན་ལ། གནས་སྐབས་གཞན་དུ་ཁྲུས་ཆོག་ཙམ་དོན་དུ་གཉེར་ན། གཞན་རྣམས་སྔ་མ་ལྟར་ལས་བུམ་པར་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་ལ་མཆོད་བསྟོད་བསྡུས་པ་བྱས། བཟླས་པ་ལ་སོགས་པ་བྱའོ། །
གང་ལྟར་ཡང་ཁྲུས་བྱ་ཚུལ་དངོས་ནི། མདུན་བསྐྱེད་དང་འབྲེལ་ན་དེ་ཉིད་དང༌། མ་འབྲེལ་ན་ཐུགས་རྗེ་ཆེན་པོའི་སྐུ་གཟུགས་གཞན་མེ་ལོང་གི་ནང་དུ་འཆར་བ་བྱས་པའམ། དེ་ཡང་མ་འབྱོར་ན་ཡི་དམ་གཙོ་འཁོར་གསུམ་སྤྱན་དྲངས་ནས་དེ་རྣམས་ལ་སྐུ་ཁྲུས་གསོལ་བར་བསམས་ལ་མེ་ལོང་ངོས་ལ་བུམ་པའི་ཆུ་བླུགས་ཤིང༌། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་རྣམ་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཏྟ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད། འདི་ནི་ཁྲུས་མཆོག་སོགས་དང༌། ཁྱེད་ནི་རང་བཞིན་ཡོངས་དག་སོགས་དང༌། རྒྱལ་བའི་སྐུ་གསུང་ཐུགས་ལ་སོགས་དང༌། ཁྲུས་ཀྱི་ཁང་པ་སོགས་ཚིགས་བཅད་རྣམས་ཀྱི་རྗེས་སུ་སྔར་གྱི་སྔགས་བརྗོད་པས་བཀྲུའོ། །དེ་ནས་གོས་གཙང་མས་སྐུ་ཕྱི་བའི་ཚུལ་བྱས་ལ། དེ་དག་སྐུ་ལ་སོགས་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད། ཆུ་དེ་བུམ་པར་བླུགས་ནས་ནམ་མཁར་བཞུགས་པའི་ཡི་གེ་དྲུག་མའི་ཕྱག་ནས་བདུད་རྩིའི་རྒྱུན་བབས་པ་རང་གི་སྤྱི་བོ་ནས་ཐིམ་པར་བསམ་ཞིང༌། ཡི་གེ་དྲུག་པ་བརྗོད་ནས་ལན་གསུམ་འཐུང་ཞིང་བཀྲུས་པས་དང་པོས་ཉོན་མོངས་པའི་སྒྲིབ་པ་དང༌། གཉིས་པས་ཤེས་བྱའི་སྒྲིབ་པ་དག གསུམ་པས་སྐྱེ་མེད་ཆོས་སྐུ་ཐོབ་པར་བསྒོམས་ལ་ནམ་མཁའི་གཙོ་འཁོར་གསུམ་རང་ལ་ཐིམ་པར་བསམ་མོ། །སྤྲོ་ན་བཀྲུ་བྱབས་སྲུང་གསུམ་གཞན་ནས་འབྱུང་བ་ལྟར་བྱས་ཀྱང་རུང་ངོ༌། །རྗེས་གནང་བྱེད་ན་ཚོམ་བུ་དང་མཆོད་གཏོར་སྔར་བཞིན་བཤམས་ལ་བྱིན་གྱིས་བརླབ། བདག་བསྐྱེད་གོང་ལྟར་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་གཏོར་བསྡུས་པ་དང་ཐུགས་རྒྱུད་སྐུལ་བའི་བཟླས་པ་བྱ། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། འཁོར་བའི་ཉེས་དམིགས་དང༌། ཐར་པའི་ཕན་
ཡོན་རྣམས་ཞིབ་ཏུ་བཤད་ལ། ཕན་ཡོན་ཅན་དེ་ཐོབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། འདིར་གསང་སྔགས་ཡིན། དེ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམ་བཞིར་ཡོད་པ་ལས། རིགས་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལ་བྱ་བ་སྤྱིའི་རྒྱུད་དང་སོ་སོའི་རྒྱུད་གཉིས་ལས། སོ་སོའི་རྒྱུད་ཡིན་ཞིང་དེ་ལ་རྣམ་པ་དྲུག་ཡོད་པ་ལས་པདྨའི་རིགས་ཡིན། དེ་ལ་ཡང་རིགས་ཀྱི་གཙོ་བོ་དང༌། བདག་པོ་དང༌། ཡུམ་དང༌། ཁྲོ་བོ་དང༌། ཁྲོ་མོ་དང༌། བཀའ་ཉན་ཕོ་མོའི་རྒྱུད་རྣམས་སུ་ཡོད་པ་ལས། འདིར་རིགས་ཀྱི་བདག་པོའི་རྒྱུད་ཡིན། དེ་ལ་རྣམ་གྲངས་མང་དུ་ཡོད་པ་ལས་ཟ་མ་ཏོག་བཀོད་པ་ལ་སོགས་པའི་རྗེས་སུ་འབྲངས་ནས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་ཆོ་གའི་ཡན་ལག་འགའ་ཞིག་རྒྱུད་སྡེ་གོང་མ་དང་མཐུན་པར་བཀྲལ་བ་བླ་མ་རྡོ་རྗེ་གདན་པ་ལས་བརྒྱུད་དེ། རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སློབ་དཔོན་གྱིས་བྱ་བར་འོས་པ་རྣམས་ལེགས་པར་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཡོད་པ་ལས། ཐོག་མར་སློབ་དཔོན་ལ་འཇིག་རྟེན་དབང་ཕྱུག་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་སོགས་ལན་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པའི་མོས་པ་བྱས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིའོ་སྙམ་
པས་འདིའི་རྗེས་ཟློས་ལན་གསུམ་མཛོད། །དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་འཕགས་པ་འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་པའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། དེ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས། སྭཱ་བྷཱ་ཝ་སོགས་ནས་ཧཾ། ཞེས་བརྗོད་པས་ཁྱེད་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་གཟུང་འཛིན་ཐ་མལ་དུ་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པར་མོས་པ་མཛོད། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་སོགས་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་བར་གྱིས་སློབ་མ་གཙོ་འཁོར་གསུམ་དུ་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་གྱི་སྐུ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་དང་རོལ་མོ་བྱ་ཞིང༌། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿཨཱཿ ཞེས་ཡང་ཡང་བརྗོད། དེ་ལྟར་བྱས་པས་ཐུགས་རྗེ་ཆེན་པོའི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ལུས་ཐུགས་རྗེ་ཆེན་པོའི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། རྗེས་གནང་དངོས་ལ་ལུང་གསུམ་གྱིས་བསྡུས་པ་ལས། ཐོག་མར་རྗེས་སུ་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཐུགས་རྗེ་ཆེན་པོར་
གསལ་བའི་ཐུགས་ཀར་ཧྲཱིཿཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ནས། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་དང༌། ཡི་གེ་དྲུག་པ་གསུམ་མམ་བརྒྱ་ལ་སོགས་པ་རྗེས་ཟློས་བྱར་གཞུག དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ནས་སློབ་དཔོན་ལ་མེ་ཏོག་གཏོར་ཏེ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་ལན་གསུམ་དང༌། སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ནས་ཁྱེད་རང་གི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་རྐང་པ་གཉིས་དང༌། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་དེ་མེ་ཏོག་གཏོར་རོ། །དམ་བཅའ་བའི་ལུང་གི་སླད་དུ། དུས་དེ་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་ནས་དེའི་གསང་སྔགས་ཅི་ནུས་སུ་བཟླ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་དེ་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་འཛིན་ཅིང་དེའི་གསང་སྔགས་ཅི་ནུས་སུ་བཟླ་བར་བགྱིའོ། །ཞེས་ལན་གསུམ་བརྗོད། དེ་ལྟར་བྱས་པས་ཐུགས་རྗེ་ཆེན་པོའི་གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ངག་
ཐུགས་རྗེ་ཆེན་པོའི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། བྱིན་གྱིས་བརླབ་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གྱི་སྐུ་མཐེབ་སོར་གྱི་ཚད་ཙམ་པར་ཐུགས་ཀ་ནས་རྒྱང་གིས་བྱོན་པ་ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཐིམ་སྟེ་ཐུགས་ཀའི་ཧྲཱིཿཡིག་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་བྱ། དེའི་ངང་ལས་ཁྱེད་རང་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་ཆེར་གཏད་པས་འཁོར་རྣམས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་ཞིང༌། རང་ཉིད་ཀྱང་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར་ཏེ་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། དེའང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པ་ལ་བརྟེན་ནས་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་འོད་གསལ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ཏེ་ཅུང་ཟད་ཅིག་མཉམ་པར་ཞོག་མཛོད། དེ་ལྟར་བྱས་པས་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། སེམས་ཐུགས་རྗེ་ཆེན་པོའི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་དང་གཙོ་བོས་སོགས་བརྗོད། དེ་ལྟར་དམ་ཚིག་འཛིན་པར་ཁས་བླངས་ནས་རྗེས་གནང་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་རྣམས་ཀྱང་སློབ་དཔོན་ལ་འབུལ། ཆ་ཤས་ནས་བཞེས་སུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་དང༌། དེང་ནས་སོགས་བརྗོད་དོ། །རྗེས་མཆོད་བསྟོད་ནས་བཀྲ་
ཤིས་ཀྱི་བར་སྔར་བཞིན་བྱའོ། །ཞེས་པ་འདི་ནི་ཆོས་ཚུལ་འདི་ལ་བརྟེན་ནས་བྱང་ཆུབ་ཐོབ་པར་འདོད་པའི་བློ་གྲོས་ཅན་སྒོམ་སྡེ་ཀུན་དགའ་རྡོ་རྗེས་རྒྱང་རིང་མོ་ནས་བསྐུལ་བའི་ངོར་བྱ་བྲལ་བ་དཔལ་ལྡན་དོན་གྲུབ་ཀྱིས་སློབ་དཔོན་ལྷན་སྐྱེས་རོལ་པའི་གཞུང་དང༌། བླ་མ་གོང་མའི་གསུང་རབ་ལ་གཞི་བྱས། ཆོ་གའི་ཡན་ལག་ཐུན་མོང་བ་སྦྱར་དུ་རུང་བ་རྣམས་སྐབས་སུ་བབས་པར་སྦྱར་ནས་ཨེ་ཝཾ་ཆོས་འཁོར་རྩེར་བྲིས་པ་འདིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་མྱུར་དུ་སྐེམས་པར་གྱུར་ཅིག། ༈ །སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་འཇིག་རྟེན་དབང་ཕྱུག་ལ་སྨྲེ་སྔགས་ཀྱི་སྒོ་ནས་གསོལ་བ་བཏབ་པ་བྱིན་རླབས་ཅན་བཞུགས་སོ། །རྒྱ་གར་སྐད་དུ། མཧཱ་ཀཱ་རུ་ཎི་ཀཱ་ཀུ་བཱ་ཀྱ་སྟོ་ཏྲཾ་ཨ་དྷིཥྛི་ཏ་ནཱ་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱི་བསྟོད་པ་བྱིན་རླབས་ཅན་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ལྟར་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་བདག་ལ་དགོངས། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རང་ནོངས་འགྱོད། །དར་ཞིང་དྲག་པོའི་ལས་དེ་དབང་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིངས་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིངས། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་
རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་འདྲ་བའི་འོབས་སུ་ལྷུངས། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་བབས། །མེ་ཁམས་ཉི་མའི་གདུགས་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་རླན་ནི་འོག་ནས་གྲང༌། །ཕྱི་ཡི་སེར་བུའི་ངད་ནི་ཐད་ཀར་ཚ། །ཀུན་ནས་འཁྲུགས་པའི་རླུང་ནི་ཁོང་ནས་ལྡངས། །དེ་ལྟའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང༌། །སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང༌། །སྡུག་བསྔལ་ཀུན་དང་བསྡོས་ནས་སྡོམ་བསྲུངས་ཤིང༌། །མོས་པའི་དད་པས་འཕགས་མཆོག་མི་གཏོང་ན། །འཕགས་མགོན་འགྲོ་དོན་མི་མཛད་ཅི་ལ་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །བདག་འདྲའི་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་ཟློག་པར་རབ་ཏུ་དཀའ། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་གྱུར། །སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་འདིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་མཐོང་བར་འཚལ་ལགས་ཀྱང༌། །ཐོག་མ་མེད་ནས་མ་རིག་ལིང་ཐོག་གིས། །ལྡོང་བའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས། །སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟོད་པས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང༌། །ཉམ་ཐག་ཕོངས་པའི་ང་རོས་འབོད་ལགས་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ནམ་ཞིག་འཆི་འཕོས་ལུས་བརྗེས་གྱུར་པའི་
ཚེ། །གཉེན་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་འཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་བསྟོངས་ཏེ། །ལས་ཀྱི་དབང་གིས་བདག་འདྲ་གཅིག་པུར་འཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱེད་ཀྱིས་འཁོར་བར་བདག་གཏོང་ངམ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས། །ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ། །བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །སྔོན་ཆད་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལངས། །ཁམས་གསུམ་བགྲངས་ཤིང་སྐྱེ་བ་ཀུན་བརྒྱུད་ཀྱང༌། །བྱས་པའི་ལས་རྣམས་དོན་མེད་ཆུད་ཟོས་ཏེ། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ། །སྐྱེ་བ་གཅིག་ཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་དོན་དུ་སྦྱངས་གྱུར་ཇི་ཙམ་ན། །དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོས་སྲིད་པའི་བཙོན་རར་ཚུད། །མི་ཟད་སྡུག་བསྔལ་དྲག་པོ་འདི་འདྲ་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༌། །ཐུགས་རྗེ་ཆེན་པོས་ལས་རྣམས་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་རྣམས་བཟློག་ཏུ་གསོལ། །ཉོན་མོངས་ལས་ཀྱི་རླུང་འདི་དབང་བཙན་པས། །མ་རིག་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་ཟད་ན། །ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐུགས་རྗེས་ཐབས་མཁས་སྨན་གྱིས་མི་གསོའམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུངས་ལགས་ན། །ཐུགས་རྗེས་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །སྡུག་བསྔལ་དྲག་པོའི་ལས་ཀྱི་མེ་འབར་ན། །ཐུགས་རྗེས་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །ཁམས་གསུམ་འཁོར་བའི་གནས་
སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་བཙན་པར་བཞག་ན་ཀྭ །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །འཕགས་མཆོག་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་བས། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་གཟིགས་ཤིག་ཐུགས་རྗེ་རྒྱལ་བའི་ལྷ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་བྱིན་རླབས་ཅན་འདི་ཉིད་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། མཐོང་ལམ་རྒྱུད་ལ་སྐྱེས་པའི་གང་ཟག སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༈ །འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བློ་དམན་གོ་བདེ་བཞུགས་སོ། །ན་མོ་གུ་རུ་ལོ་ཀི་ཤྭ་རཱ་ཡ། འགྲོ་སྐྱོབས་ཡིད་འོང་སྙིང་རྗེའི་སྐུ། །སྤྱན་རས་གཟིགས་དབང་ལ་བཏུད་ནས། །གང་གི་སྒྲུབ་ཐབས་རྗེས་གནང་བཅས། །བློ་དམན་གོ་བདེ་བཤད་ཀྱིས་ཉོན། །གནས་དབེན་པར་སྟེགས་བུ་ཁེབས་ལྡན་ལ་མཎྜལ་གྱི་ཁར་ཚོམ་བུ་དབུས་སུ་ཆེ་བ་གཅིག་དང༌། གཡས་གཡོན་དུ་ཆུང་བ་རེ་བཀོད། དེའི་མདུན་དུ་ཟླུམ་གཏོར་གཅིག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་བཤམ། བུམ་པ་དྲི་བཟང་གི་ཆུ་དང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་སྟེགས་བུ་ཇི་ལྟར་འོས་པར་བཞག དུང་ཆོས་རྡོར་གཟུངས་མི་དགོས། དེ་ནས་མཆོད་པ་རྣམས་ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ལས་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཱ་དྱཾ་པྲ་ཏཱིཙྪ་
སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་རིགས་འགྲེ། དྲིལ་གསིལ་དང་དྷརྨཱ་ར་ཎི་ལན་གསུམ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེ་ཐག་པ་ནས་སྐྱབས་འགྲོ་ཅི་ནུས་བྱའོ། །བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབས་ཏུ་གསོལ་ལན་གཅིག དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ཇོ་བོ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ་ལན་གསུམ། རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས་སྤྱན་རས་གཟིགས་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཐལ་མོ་སྦྱར་ལ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་གཟིགས་གཙོ་འཁོར་རྣམས་ལ་འདུད། །ཅེས་པས་ཕྱག་བྱ། རང་གི་སྙིང་ག་ནས་མཆོད་ཡོན་མེ་ཏོག་ལ་སོགས་པ་ཐོགས་པའི་མཆོད་པའི་ལྷ་མོ་སྤྲོས་ནས་མཆོད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ་ནས། བཛྲ་ཤབྡ་ཨཱཿཧཱུྃ་ཞེས་མཆོད། ཐལ་མོ་སྦྱར་ནས་ངག་ཏུ། དཀོན་མཆོག་གསུམ་ལ་ནས། སངས་རྒྱས་འགྲུབ་པར་ཤོག་བར་ལན་གསུམ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ནས། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་
ཅིག་ཅེས་ཚད་མེད་བཞི་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གསུམ་གྱི་དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེ་ཡང་དབུས་ཆེ་བ་ཐ་མ་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་བཅས་པ། ཞལ་གཅིག་ཕྱག་བཞི་པ་ཞལ་འཛུམ་པའི་མདངས་དང་ལྡན་པ། དབུ་སྐྲ་ཕྱེད་རལ་པའི་ཐོར་ཅོག་གྱེན་དུ་བསྒྲེངས་པ་ལ། དར་དམར་པོའི་ཅོད་པན་ཡོད་པ། ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ་ནི་རླུང་གིས་སྐྱོད་པ་ལྟར་བུན་ནེ་ཡོད་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་མུ་ཏིག་གི་ཕྲེང་བ་བགྲང་ཞིང༌། གཡོན་གྱི་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གྱི་གཉིས་པས་རིན་པོ་ཆེ་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་འབྲུ་དྲུག་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་མུ་ཏིག་གི་ཕྲེང་བ་བགྲང་ཞིང༌། གཡོན་གྱི་གཉིས་པས་ཨུཏྤལ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། པུས་མོ་བཙུགས་ཤིང༌། སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པ། གཙོ་འཁོར་གསུམ་གྱི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཇོ་བོ་
གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་ནས། ཤབྡའི་བར་གྱིས་མཆོད་ནས། ཐལ་མོ་སྦྱར་ཏེ་ངག་ཏུ། ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས། མདུན་གྱི་ལྷ་གསུམ་སྤྱི་བོར་བྱོན་ནས་སོ་སོ་ལ་ཐིམ། གཙོ་བོའི་ཐུགས་ཀར་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པས་ཆོས་སྐོར་དུ་བསྐོར་ནས་ཡོད་པ་ལ་དམིགས་ནས་བཟླས་པ་བྱས་པས། སྒྲ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་གྲགས་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་སངས་སངས་དག་པར་བསམས་ལ། མ་ཎི་པདྨེ་ཅི་ནུས་བཟླའོ། །མཇུག་ཏུ་སྔར་བཞིན་མཆོད་ནས། སྐྱོན་གྱིས་མ་གོས་སོགས་གོང་བཞིན་གྱི་མཐར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། མདུན་གྱི་ཚོམ་བུ་ལ་དམིགས་ཏེ། བཛྲ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གསུམ་གྱི་དབུས་ཀྱི་གདན་གྱི་སྟེང་དུ་ཧྲཱིཿདཀར་པོ་ཞེས་པ་ནས་གསུམ་དུ་གྱུར་པ་ཞེས་པའི་བར་གོང་བཞིན། དབུས་སུ་ཐུགས་རྗེ་ཆེན་པོ་ཞེས་པ་ནས་ཐུགས་ཀར་གཟིགས་པ་ཞེས་པའི་བར་ཀྱང་གོང་བཞིན། གཙོ་འཁོར་གསུམ་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ བདག་བསྐྱེད་བཞིན་མཆོད། ཛཿཧཱུྃ་བཾ་ཧོཿ དམ་
ཚིག་པ་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས། པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིའི་ཕྱག་ཏུ་བུམ་པ་བདུད་རྩིས་གང་བ་རེ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང༌། ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་དང་འཁོར་གཉིས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། མཆོད་པ་བྱིན་རླབས་གོང་བཞིན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་ནས། ཤབྡའི་བར་ལ་མཆོད་སྔགས་བསྒྱུར་བ་མ་གཏོགས་འདྲ་ཞིང༌། མཐར་དྲིལ་གསིལ་དང་དྷརྨཱ་ར་ཎི་བརྗོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། གཏོར་མ་ཆབ་ཀྱིས་བྲན། ཨོཾ་བཛྲ་ཡཀྵས་བསང་བ་ནས་ནང་དུ་ཞེས་པའི་བར་མཆོད་པ་བྱིན་རླབས་ལྟར་གོང་བཞིན་ལ། གཏོར་མ་ཁ་དོག་དྲི་མོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཐལ་མོ་ཁོང་སྟོང་གི་མཐར་སེ་གོལ་གཏོགས་པ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། མཆོད་བསྟོད་གོང་བཞིན་མཐར། བཅོམ་ལྡན་འདས་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱིན་གྱིས་བརླབ་ཏུ་གསོལ། །མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཇི་ལྟར་རིགས་པ་བྱ། དེ་ནས་བུམ་པ། བཛྲ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ།
མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱངས་པ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་བཅུད་ཀྱིས་གང་བ། བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩིའི་རྒྱུན་བྱུང་བ་བུམ་ནང་ལ་བབས་པར་གྱུར། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཇི་ལྟར་རིགས་པ་བཟླ། འདི་ལ་ལྷ་བསྐྱེད་པ་མེད་དེ་བཅུ་གཅིག་ཞལ་གྱི་བུམ་སྒྲུབ་དང་འདྲ་བར་འདུག་གོ །དེ་ནས་སློབ་མ་བོས་ལ་ཁྲུས་བྱས། གྲལ་ལ་འཁོད་པ་ན་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་འདིར་བདག་ཅག་གི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཅན་དེས་གསུངས་པའི་དམ་པའི་ཆོས་རྣམས་བསྡུ་ན་མདོ་སྔགས་གཉིས་ལས། སྔགས་ཀྱི་ཐེག་པར་རྒྱུད་སྡེ་བཞིར་བཞུགས་པ་ལས། འདིར་བྱ་རྒྱུད་པདྨའི་རིགས་ཀྱི་ཁོངས་སུ་གཏོགས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྒྱུད་སྡེ་རྣམས་ལས་འབྱུང་བ་ལྟར་ཐུགས་རྗེའི་དབང་ཕྱུག་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་ལ། ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་སླད་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་རཱ་ཧཱུ་ལ་གུཔྟ་སྟེ་བོད་སྐད་དུ་སྒྲ་གཅན་འཛིན་སྦས་པར་གྲགས་པ་དེ་ཉིད་ལ་གནང༌། དེས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ལ་
གནང༌། དེས་ཇོ་བོ་ཆེན་པོ་ཉིད་ལོ་བཅུ་དགུའི་བར་དུ་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་པའི་གུང་ཐང་པ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་གནང༌། དེ་ལ་རོང་པ་ཕྱག་སོར་པ་ཤེས་རབ་འབར་གྱིས་ལོ་གསུམ་དུ་བསྟེན་ནས། སྤྱིར་ཇོ་བོ་ནས་བརྒྱུད་པའི་གདམས་པ་མཐའ་དག་དང༌། ལྷག་པར་སྤྱན་རས་གཟིགས་ཀྱི་ཆོས་སྐོར་རྣམས་ཞུས་ཤིང༌། ལོ་ཙཱ་བ་ཆེན་པོས་ཀྱང༌། ཁྱོད་ཀྱིས་སྒྲུབ་པའི་གནས་འདི་ལྟ་བུ་ཞིག་ཏུ་སྒྲུབས་ཤིག འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་རོ་ཞེས་ལག་སོར་དགོན་པའི་ལུང་བསྟན་ཡང་མཛད་པ་བཞིན། ཚེ་འདིའི་བྱ་བ་ཐམས་ཅད་ལིང་གིས་བསྐྱུར་ནས་བླ་མས་ལུང་བསྟན་པའི་ལག་སོར་དགོན་པར་བཞུགས་ཏེ། ཉེ་གནས་དང་ཡང་མི་མཇལ་བར་གསོལ་པ་བུག་སྒོ་ནས་བླངས་ཏེ། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ལོ་གསུམ་ནས་ཐུགས་རྗེ་ཆེན་པོའི་ཞལ་མཐོང༌། ལུང་བསྟན་ཏེ། ཁྱོད་ཀྱིས་ཚེ་འདི་ཉིད་དུ་མཐོང་ལམ་ཐོབ་ནས་སློབ་མ་ཡང་སུམ་ཅུས་ཞལ་མཐོང་བར་འགྱུར་གསུངས། དེ་ལ་རོང་པའི་བུ་བཞིར་གྲགས་པ་སོགས་སློབ་མ་མང་དུ་བྱོན་པའི་ནང་ནས། ཝ་ཡུ་བ་ཤེས་རབ་ཚུལ་ཁྲིམས་ཀྱིས་ཕྱག་སོར་བ་ཡུན་རིང་དུ་བསྟེན། ཇོ་བོ་ནས་བརྒྱུད་པའི་ཆོས་སྐོར་དང༌། ཁྱད་པར་སྤྱན་རས་གཟིགས་ཀྱི་གདམས་ངག་མ་ལུས་པ་གསན། ལུང་བསྟན་གནང་བ་བཞིན་ཐུགས་རྗེ་ཆེན་པོ་བསྒྲུབས་པས་ལོ་ལྔ་ནས་ཐུགས་རྗེ་ཆེན་པོའི་ཞལ་མཐོང༌། ཐེག་པ་ཆེན་པོའི་སྦྱོར་ལམ་གྱི་རྟོགས་པ་བརྙེས་པ་དེས་འཕགས་པ་ལྕེ་སྒོམ་ཤེས་རབ་རྡོ་རྗེ་དང༌། མངའ་རིས་པ་ཤེས་རབ་རྒྱལ་མཚན་གཉིས་ལ་གསུངས། དེ་གཉིས་ཀ་ཚོགས་ལམ་ཆེན་པོའི་སར་བཞུགས་པ་ཡིན་ཞིང༌། ལྕེ་སྒོམ་གྱིས་ཐོག་མར་ལྷ་ས་བྲག་ལྷ་ཀླུ་ཕུག་ཏུ་ལོ་བརྒྱད་སྒྲུབ་པ་མཛད་པས། འཕགས་པ་གཙོ་འཁོར་གསུམ་ཞལ་མཐོང་ཞིང༌། དེ་ནས་བཟུང་གཏན་དུ་ཞལ་མཐོང་བ་ཡིན་གསུངས། བླ་མ་མངའ་རིས་པས་རུ་མཚམས་ཀྱི་བྲག་ཕུག་ཏུ་བསྒྲུབས་པས་ལོ་བཞི་ནས་ཞལ་མཐོང༌། འཚོ་བ་མི་མ་ཡིན་གྱིས་སྦྱོར་བ་སོགས་ཡོན་ཏན་དཔག་
ཏུ་མེད་པ་མངའ། དེ་གཉིས་ཀ་ལ་གྲུབ་ཆེན་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེས་གསན་ནས། ཞག་རེར་སྐྱོ་ཚ་ཕོར་པ་རེ་རེས་མྱོང༌། རེས་མ་མྱོང་བར་ཐལ་བ་དང་ཆུ་བསྲེས་ནས་བཏུང་བ་མཛད། ཉིན་མཚན་ཁོར་ཡུག་ཏུ་སྒྲུབ་པ་མཛད་པས། ལོ་ཕྱེད་དང་བཞི་སོང་བ་ན། མདུན་གྱི་ནམ་མཁར་འཇའ་ཚོན་གྱི་དཀྱིལ་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་འཛུམ་པའི་མདངས་ཡེ་རེ་བཞུགས་པ་མཇལ་བས། ཇོ་བོ་ཐུགས་རྗེ་རེ་ཆུང་ན། ངས་ལོ་ཕྱེད་དང་བཞིར་ཞག་རེར་སྐྱོ་ཚ་ཕོར་པ་རེ་ཡང་མ་མྱོང་བར་འབད་པ་ལ། དེ་བས་སྔ་བར་ཞལ་མི་སྟོན་པར་བྱས་པ། ཇོ་བོའི་ཞལ་ནས་བུ་ཁྱོད་ཀྱིས་སྒྲུབ་པ་བྱས་པ་ཞག་གསུམ་ནས་ང་དང་འདུ་འབྲལ་མེད་པར་ཡོད་པ་ཡིན་ཏེ། ཁྱོད་རང་གི་ལས་མ་དག་པ་དང་མཐོང་ན་དགའ་བའི་རེ་བས་བཀག་པ་ཡིན་གསུངས། དེ་ནས་བཟུང་དངོས་ཉམས་རྨི་ལམ་དུ་ཞལ་ཡང་ཡང་གཟིགས་ཤིང༌། ལྷག་པར་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་དང་མཇལ་བས། ང་དང་ཁྱོད་ནི་དབྱེར་མེད་དེ། །སྐྱེར་པ་སྒང་འདི་པོ་ཏ་ལ། །ཞེས་འཕགས་པ་རང་ཉིད་དང་དབྱེར་མེད་པར་བྱིན་གྱིས་བརླབས། སྙིགས་མའི་དུས་སུ་ཞལ་མཐོང་གི་བརྒྱུད་པ་མང་དུ་འབྱུང་བར་ལུང་བསྟན་པ་བཞིན་སློབ་མ་ཡང་ལྔ་བཅུས་ཞལ་མཐོང༌། དེས་འགྲོ་མགོན་སངས་རྒྱས་གཉན་སྟོན་ལ་གསུངས་ཏེ། སྐྱེར་སྒང་དུ་དབྱར་ཐོག་དགུན་ཐོག་བཅུ་གསུམ་བཞུགས། གདམས་ངག་ཆིག་བརྒྱུད་མ་ལུས་པ་གནང༌། ལོ་གསུམ་བསྒྲུབས་པས། ཕྱག་བཞི་པ། ཁ་སརྤ་ཎི། བཅུ་གཅིག་ཞལ། ཕྱག་སྟོང་སྤྱན་སྟོང་རྣམས་མཐོང༌། སློབ་མ་བཅུ་གཅིག་གིས་ཞལ་མཐོང་བའི་ལུང་བསྟན་མཛད་པ་བཞིན་བྱུང་གསུངས། དེ་ནས་རྗེ་སེམས་དཔའ་ཆེན་པོའི་བར་ལ་བརྒྱུད་པ་ཐམས་ཅད་ལ་ཞལ་གཟིགས་པ་རྐྱང་བྱུང༌། སེམས་དཔའ་ཆེན་པོའི་ཞལ་སྔ་ནས་ཀུན་མཁྱེན་རིན་པོ་ཆེ་ལ་འདི་གནང་དུས་མ་ཎི་བྱེ་ཆེན་བདུན་སོང་ཞིང་རྗེས་ལ་སོང་བ་དང་བྱས་ན་དུང་ལྷག་པ་སོང་ཡོད་ཚོད་ཡིན་གསུངས། ཀུན་མཁྱེན་རིན་པོ་ཆེ་ནས་རྡོ་རིང་རིན་པོ་ཆེ་
ལ་འདིའི་རྗེས་གནང་མཛད་དུས། སེམས་དཔའ་ཆེན་པོ་ཡན་ལ་ཞལ་གཟིགས་པ་རྐྱང་བྱུང་འདུག་ནའང་ང་ཁྱེར་ཁ་ཆུང་བས་ཞལ་མ་གཟིགས། ཁྱེད་སྐྱེས་བུ་དམ་པ་གཅིག་འདུག་པས་སྒྲུབ་ན་ཞལ་གཟིགས་ཡོང་གསུངས་པ་བཞིན་རྡོ་རིང་རིན་པོ་ཆེ་ལ་རྡོ་རིང་རང་དུའང་གཙོ་འཁོར་གསུམ་གྱི་ཞལ་གཟིགས། རྗེས་ནས་ཚ་མོ་རང་དུའང་ཞལ་གཟིགས་པ་སོགས་ཞལ་གཟིགས་ཀྱི་ལོ་རྒྱུས་མང་ཞིང༌། ཁོ་བོས་ཐོབ་པའི་བརྒྱུད་པ་ནི་སྐྱེར་སྒང་པའི་ལུགས་ལྟར་ན། སྐྱེར་སྒང་པ་ནས། གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ ཤངས་སྟོན་ཚུལ་ཁྲིམས་འབུམ། གཉན་སྟོན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་བུདྡྷ་སིཾ་ཧ། མུས་ཆེན་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། བདག་གི་དྲིན་ཅན་རྩ་བའི་བླ་མ་དམ་པ་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོའམ། ཡང་ན་འཇམ་མགོན་ཀུན་དགའ་བློ་གྲོས་ནས། མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཀྱི་བར་དུ་བྱོན་པ་དང༌། ས་ལུགས་ཀྱི་བརྒྱུད་པ་ལྟར་ན། ཡང་དག་པར་རྫོགས་པའི་སངས་རྒྱས། ཛེ་ཏཱ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། སྤྱན་རས་གཟིགས་དངོས་དཔལ་ས་སྐྱ་པ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་
གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། དེ་ལ་རྗེ་སེམས་དཔའ་ཆེན་པོས་གསན་པ་ནས་བཟུང་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་ཤིང༌། ཉེ་བརྒྱུད་ལྟར་ན་འཕགས་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མུས་ཆེན་སེམས་དཔའ་ཆེན་པོ་ལ་དངོས་སུ་གནང་བ་སོགས་བརྒྱུད་སྲོལ་རྣམ་པར་དག་པ་དེ་དག་ལས་རིམ་པར་འོངས་པའི་འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཨོཾ་བཛྲ་བྷཱུ་མི་སོགས། ཚོམ་བུ་བདུན་མ་ཚིག་ལྷུག་གམ། ཡང་ན་ས་གཞི་སྤོས་ཆུས་སོགས་གང་རིགས། ཚིག་ལྷུག་ལྟར་ན་ཞུ་བའི་ཡོན་དུ་ཞེས་དང༌། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་ཕྱིར་མདུན་གྱི་མཎྜལ་གྱི་ཚོམ་བུ་འདི་སྤྱན་རས་གཟིགས་གཙོ་འཁོར་གསུམ་དུ་བསྐྱེད་པ་སྐྱབས་གནས་དམ་པ་ཐམས་ཅད་ཀྱིས་བསྐོར་བའི་དྲུང་དུ་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་བར། ཞེས་པས་རྒྱུད་དག་པར་བྱས་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ།
བདག་ལ་འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་ནས། དེ་ནས་རྗེས་གནང་གི་གཞི་ལུས་བསྒྲུབ་པའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མའི་ལུས་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས་ཧཾ། ཞེས་བརྗོད་པས་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སོགས་ནས་གནས་གསུམ་བྱིན་རླབས་ཀྱི་བར་མདུན་བསྐྱེད་བཞིན་ལ། དབུས་ཀྱི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདཀར་པོ་ཞེས་དང༌། དབུས་སུ་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་ཞེས་པ་ཙམ་ཁྱད་པར་རོ། །གཞན་འདྲ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སློབ་དཔོན་གྱིས་དྲིལ་བུ་དཀྲོལ་ཞིང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཨ་བེ་ཤ་ཡ་ཨཿཨཱཿ ལན་ཁ་ཡར་བརྗོད་ཅིང༌། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་ལྷ་འཁོར་བཅས་སྤྱན་དྲངས་ནས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པ་བརྗོད་ལ་བུམ་ཆུ་ཁྱོར་བར་སྦྱིན། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་བདག་གི་རྒྱས་འདེབས་སྒྲུབ་ཐབས་བཞིན་བྱ། དེས་ལུས་ཀྱི་སྒྲིབ་པ་དག་ནས་སྐུའི་བྱིན་རླབས་ཞུགས་ཏེ་སྐུའི་རྗེས་གནང་ཐོབ་པ་ཡིན། གསུང་གི་རྗེས་སུ་གནང་བ་ནི་སློབ་དཔོན་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་
ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པའི་མོས་པ་མཛོད་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ལན་གསུམ། སློབ་མས་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་བདག་ལ་སོགས་བྱ། སློབ་དཔོན་གྱིས་སློབ་མའི་མགོར་མེ་ཏོག་གཏོར་ལ། བཅོམ་ལྡན་འདི་ལ་སོགས་དང༌། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །དེས་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན། ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་གཙོ་འཁོར་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་ནས་ལྷག་པའི་ལྷའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པར་བསམས་ལ། སྤྲོས་མེད་རྣམ་པར་མི་རྟོག་པའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་རྗེས་གནང་གི་དངོས་གཞི་གསན་པ་ཡིན་པས་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། རྗེས་གནང་ཐོབ་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཚིག་ལྷུག་བཅད་གང་རུང་གོང་བཞིན་ལ། ལྷུག་པ་ལྟར་ན་ཐོབ་པའི་ཡོན་དུ་དབུལ་བར་བགྱིའོ་ཞེས་སོགས་དང༌། དེ་ལྟར་མཎྜལ་ཕུལ་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་ནས། སྤྱད་དུ་གསོལ། དེས་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་ཟབ་མོ་ལེགས་པར་གསན་པ་ཡིན་པས་འདིའི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་རེ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རང་གནས་སུ་བཏང༌། མདུན་བསྐྱེད་ལ་མཆོད་བསྟོད་གོང་བཞིན། རྡོར་སེམས་ཡིག་བརྒྱ་བཟླ་མིན་སྐབས་སྦྱར། མ་འབྱོར་པ་དང་ནས། དེ་ཀུན་
འཕགས་པས་བཟོད་པར་གསོལ། །ཨོཾ་ཁྱོད་ཀྱིས་སོགས་ནས་གསོལ། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས་སོགས་དང༌། འགོད་པར་ཤོག སྐྱོན་གྱིས་མ་གོས་སོགས་ནས། སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག་ཅེས་སོགས་ཅི་ཤེས་བྱའོ། །ཞེས་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་རྗེས་གནང་འདི་ལ་བརྒྱུད་པའི་རྣམ་གྲངས་ཇོ་ལུགས། ས་ལུགས། སྐྱེར་སྒང་པ་ནས་བཟུང་ཞལ་གཟིགས་ཀྱི་བརྒྱུད་པ་སོགས་མི་འདྲ་བ་གསུམ་ཙམ་འདུག་ཀྱང་ངོ་བོ་གཅིག་པས་འདིར་བདག་བསྐྱེད་མུས་ཆེན་སེམས་དཔའ་ཆེན་པོའི་གསུང་རབ་སོར་བཞག་དང༌། རྗེས་གནང་གི་ཆིངས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བཀའ་གདམས་ལྷ་བཞིའི་གྲས་ཀྱི་སྤྱན་རས་གཟིགས་ཀྱི་སྐབས་སུ་གསུངས་པ་དེ་སོར་བཞག་པ་ནི་ཆིངས་རྒྱས་པའི་ལུགས་ཡིན་ཞིང༌། བསྡུ་ན་བདག་མདུན་ལུང་གསུམ་གྱི་ཆིངས་ལྡན་གྱིས་ཀྱང་དོན་འགྲུབ་པའི་ནག་འགྲོས་རྣམ་གཞག་ཅུང་ཟད་དང་བཅས་པ་འདིའང༌། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ལ་འབྲུག་ཆོས་རྗེ་ཀུན་དགའ་རྒྱ་མཚོ་ཞེས་བྱ་བས་ཡི་གེའི་ལམ་ནས་བསྐུལ་བ་བཞིན་སྦྱར་བའོ། །འཕགས་མཆོག་ཕྱག་ན་པདྨོ་ཡི། །ཡེ་ཤེས་གཟིགས་པས་ཡིད་ཅན་ཀུན། །གྲུ་འཛིན་རི་བོའི་དགའ་ཚལ་དུ། །དེང་ནས་བཟུང་སྟེ་འཇུག་གྱུར་ཅིག །ཅེས་དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་གསུང་རབ་འདི་ཉིད་ལ་བརྒྱུད་པའི་ལོ་རྒྱུས་དང་ཁ་སྐོང་སོགས་སྐབས་སུ་བབས་པའི་གསལ་བྱེད་ཅུང་ཟད་ཅིག ཡོངས་འཛིན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་གྱི་ཆོས་སྐོར་མང་དུ་ཐོས་པའི་སྐལ་བ་ཅན་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེས་བགྱིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །འཕགས་པ་ཐུགས་རྗེ་ཆེན་པོ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་བརྒྱུད་འདེབས་བྱིན་རླབས་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །སྙིང་རྗེའི་དབང་
ཕྱུག་གྲུབ་ཆེན་སྒྲ་གཅན་འཛིན། །མར་མེ་མཛད་དཔལ་ཚུལ་ཁྲིམས་རྒྱལ་བའི་ཞབས། །ཤེས་རབ་འབར་དང་ཤེས་རབ་ཚུལ་ཁྲིམས་དང༌། །ཤེས་རབ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །སྐྱེར་སྒང་ཆོས་ཀྱི་སེང་གེ་གཉན་སྟོན་ཆེ། །བརྩོན་འགྲུས་སེང་གེ་ཤངས་སྟོན་ཚུལ་ཁྲིམས་འབུམ། །རྒྱལ་མཚན་དཔལ་བཟང་རྡོ་རྗེ་གཞོན་ནུ་དང༌། །ནམ་མཁའི་རྣལ་འབྱོར་རྣམས་ལ༴ །གཞན་ཡང་སྟོན་མཆོག་སློབ་དཔོན་ཛེ་ཏཱ་རི། །རྡོ་རྗེ་གདན་པ་བ་རི་ལོ་ཙཱ་བ། །བརྩེ་ཆེན་སྙིང་པོའི་གདམས་པའི་བཀའ་བབས་པ། །ངོར་ཆེན་རྡོ་རྗེ་འཆང་ལ་གསོལ་བ༴ །རྒྱུད་སྲོལ་ཀུན་འདུས་དཀོན་མཆོག་རྒྱལ་མཚན་དཔལ། །རཏྣ་ཝརྡྷ་ལྷ་མཆོག་སེང་གེ་དང༌། །སངས་རྒྱས་སེང་གེ་མུས་ཆེན་ནམ་མཁའི་མཚན། །མཆོག་ལེགས་རྡོ་རྗེ་རྣམས་ལ༴ །བསྟན་འཛིན་བཟང་པོ་མཁྱེན་རབ་བྱམས་པའི་དཔལ། །ཀུན་དགའ་ལྷུན་གྲུབ་ལེགས་འབྱུང་ཀུན་བློའི་ཞབས། །བསྟན་འཛིན་ཕྲིན་ལས་ཕྲིན་ལས་ཡོན་ཏན་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་མཐུས་བདག་གཞན་ཀུན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །འཕགས་པའི་གསང་གསུམ་རྣལ་འབྱོར་མཐར་ཕྱིན་ནས། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །ཐུགས་རྗེ་ཆེན་པོ་ལྷ་གསུམ་པའི་བསྙེན་ཐབས་ཞར་བྱུང་དང་བཅས་པ་གཞན་ཕན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། འདིར་ས་ལུགས་དང་སྐྱེར་སྒང་ལུགས་ཟུང་དུ་འབྲེལ་བའི་འཕགས་པ་ཐུགས་རྗེ་ཆེན་པོའི་བསྙེན་པ་གཏོང་བར་འདོད་ན། རྗེས་གནང་དང་གདམས་ངག་གི་ལུང་ལེགས་པར་ཐོབ་པས་གནས་དབེན་ཞིང་རང་དབང་འདུས་པའི་སར། འབྱོར་ན་བྲིས་འབུར་གྱི་སྐུ་གང་ཡང་རུང་བའི་མདུན་དུ་གཏོར་མ་དཀར་ཟླུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། གཟའ་སྐར་སྦྱོར་བྱེད་བཟང་པོའི་ཡར་ངོའི་དགོངས་ཐུན་
ནས་བརྩམས་ཏེ་ཐུན་བཞིའི་རིམ་པས་ཉམས་ལེན་ལ་འཇུག སྒྲུབ་ཐབས་མཁས་གྲུབ་གོང་མས་མཛད་པ་ཁུངས་ལྡན་གང་གི་སྟེང་ནས་ཉམས་སུ་བླང་ཡང་རུང་མོད། འོན་ཀྱང་མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ་འདི་རྒྱ་གཞུང་དང་ཤིན་ཏུ་མཐུན་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་ལེགས། གལ་ཏེ་གཙོ་འཁོར་གསུམ་གསལ་མི་ཐེབ་ན་བདག་བསྐྱེད་གཙོ་རྐྱང་ཁོ་ནས་འཐུས་པར་གསུངས་པས། དེ་ལྟར་ན་འཕགས་པ་རིན་པོ་ཆེའི་ཡིག་ཆ་ལྟར་ཉམས་སུ་བླང་ངོ༌། །འདིའི་ཆོ་གའི་ཡན་ལག་ཕལ་ཆེར་བླ་མེད་དང་མཐུན་ནའང༌། ཀུན་སྤྱོད་རྒྱུད་སྡེ་འོག་མ་ལྟར་མཛད་པ་བརྒྱུད་པའི་བླ་མ་རྣམས་ཀྱི་གསུང་སྒྲོས་ལས་འབྱུང་བས་ཁྲུས་དང་གཙང་སྦྲ་ལ་གནས་པས་ཤ་ཆང་སྒོག་བཙོང་ཕྱི་དྲོའི་ཁ་ཟས་སོགས་སྤང༌། གྲུབ་ན་ཟས་དཀར་གསུམ་ལ་བསྟེན་པའི་གདན་གཅིག་བྱ། གཏོར་མ་འབུལ་བར་སྤྲོ་ན། ཐུན་གཉིས་སམ། སྔ་ཐུན་གྱི་མགོར་མཆོད་པ་བྱིན་རླབས་དང༌། མཇུག་ཏུ་གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཐལ་མོ་ཁོང་སྟོང་གི་མཐར་སེ་གོལ་གཏོགས་པ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་ཨོཾ་བཛྲ་
མུཿས་གཤེགས་སུ་གསོལ། བསྔོ་སྨོན་ཤིས་བརྗོད་བྱའོ། །ཐུན་དང་ཐུན་མཚམས་རྣམས་སུ་སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་གྱི་ང་རྒྱལ་དང་མ་བྲལ་བའི་ངང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་ལ་རྩལ་དུ་འདོན། དེ་ལྟ་བུའི་རིམ་པས་གྲངས་བསྙེན་གྱི་ཚད་ནི། རབ་འབུམ་ཕྲག་སོ་གཉིས། འབྲིང་འབུམ་ཕྲག་བདུན། ཐ་མ་འབུམ་ཕྲག་གསུམ་ཞེས་དང༌། ཡང་འབུམ་ཕྲག་བཅོ་བརྒྱད་དང་དྲུག་ཅུ་བཟླ་བ་སོགས་གསུངས་ཀྱང༌། འབུམ་ཕྲག་དྲུག་ཅུའམ། སོ་གཉིས་ངེས་པར་བཟླ། དུས་བསྙེན་ཟླ་བ་གསུམ། མཚན་མའི་བསྙེན་པ་རབ་དངོས་དང༌། འབྲིང་ཉམས་སམ་རྨི་ལམ་དུ་ཞལ་མཐོང་བ། ཡི་གེ་དྲུག་པའི་སྒྲ་ཐོས་པ། ཐ་མ་རྨི་ལམ་དུ་མེ་ཏོག་དཀར་པོ་དང༌། ཤེལ་དཀར་གྱི་ཕྲེང་བ་རྙེད་པ། ཉི་མ་ཤར་བ། ཁྲུས་བྱས་པ། གོས་དཀར་པོ་གྱོན་པ་སོགས་དགེ་བའི་མཚན་མ་ཅི་རིགས་པ་མཐོང་བའོ། །བསྙེན་པ་གྲུབ་ནས་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པ་ལྟར་བྱ། སྒྲུབ་པ་དམིགས་བསལ་མ་བཤད་ཀྱང༌། མདུན་བསྐྱེད་རྗེས་གནང་གི་སྐབས་ལྟར་གསལ་བཏབ་ནས། མཆོད་ཕྲེང༌། མཎྜལ། བསྟོད་པ། གསོལ་འདེབས་སོགས་རྒྱས་པར་བྱ་བ་ཕྱི་རོལ་ཚོགས་བསག་གི་རིམ་པ་དང༌། བུམ་པ་ལ་བརྟེན་པའི་གཟུངས་སྒྲུབ་བྱ་ཚུལ་འཇམ་མགོན་དཔལ་ལྡན་དོན་གྲུབ་པའི་ཡིག་ཆར་ཤེས་ཤིང༌། གཟུངས་སྒྲུབ་བྱས་པའི་བུམ་ཆུ་བླ་མ་གོང་མའི་བྱིན་རླབས་རྟེན་སེལ་མེད་ཀྱི་ཕབས་གཏའ་དང་བཅས་རིལ་བུར་དྲིལ་བ་དང༌། སླར་རིལ་བུའི་སྟེང་དུ་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་གཟུངས་སྒྲུབ་དང་ཚུལ་མཚུངས་པའི་བུམ་སྒྲུབ་བྱ་ཚུལ་གྱི་མན་ངག་ཀྱང་གཞན་དོན་གཉེར་བ་རྣམས་ཀྱིས་ལྷག་པའི་བསམ་པ་རྣམ་པར་དག་པས་བསྒྲུབས་ཏེ་མི་དང་དུད་འགྲོ་སོགས་ལ་སྦྱིན་པ་དང༌། རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོར་སྨོན་ལམ་དང་བཅས་ཏེ་དོར་བ་སོགས་བགྱིས་ན་ཕན་ཡོན་ཚད་མེད་པ་
འབྱུང་བར་གསུངས། འདི་དང་འབྲེལ་བར་སྨྱུང་གནས་ཀྱི་ཆོ་ག་བཏང་ཚུལ་ཀྱང་གསུངས་ཏེ། དེ་ཡང་སྦྱོར་བ་སྡོམ་པ་བླང་པ་སྔོན་དུ་འགྲོ་བས། དངོས་གཞི་འདི་ཉིད་ཀྱི་བདག་མདུན་བུམ་པ་སྒྲུབ་པ་ཁྲུས་ཀྱི་ཆོ་ག་རྗེས་ཆོག་དང་བཅས་པ་བཏང༌། རྐྱང་ཁུག་རྗེས་གསུམ་ལ་སྡོམ་པའི་སྤང་བླང་རྣམས་སྨྱུང་གནས་ཀྱི་ཆོ་ག་སྤྱི་ལྟར་དང༌། ཐུན་མཚམས་རྣམས་སུ་ཐུགས་རྗེ་ཆེན་པོའི་སྣང་བརྙན་སོགས་རྟེན་གསུམ་ལ་ཕྱག་དང་མཆོད་པ་ཅི་འགྲུབ་ཏུ་བྱའོ། །བསྙེན་པ་མཐར་ཕྱིན་ནས་ལས་ཀྱི་ཚོགས་ལ། ཞི་རྒྱས་དབང་དྲག་གི་ལས་སྦྱིན་སྲེག་གིས་སྒྲུབ་པའི་ཚུལ་དང༌། ཡིག་རྙིང་ལས་ལས་ཚོགས་ཐོར་བུ་རྒྱ་ཆེར་བཤད་པའི་ཉེར་མཁོ་བསྡུས་པ་མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་གསུང་རབ་ལས་འབྱུང་བ་དང༌། འཕགས་པ་རིན་པོ་ཆེའི་གསུང་རབ་ལས་ཅུང་ཟད་འབྱུང་བ་དག་ཉམས་སུ་བླངས་པས་རང་གཞན་ལ་ཕན་བདེའི་འབྲས་བུ་འཕྲལ་དུ་སྟེར་བ་ནི་ངེས་པའོ། །ཞེས་པའང་མང་དུ་ཐོས་པའི་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཞན་ཕན་གྱི་ལྷག་བསམ་ཁོ་ནས་ཡིག་ཆ་སྔ་མ་རྣམས་ཀྱི་སྙིང་པོ་མདོར་བསྡུས་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། ༈ །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་རབ་རྒྱས་ཞེས་བྱ་བ་བཞུགས་སོ། །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཟུགས། །སྤྱན་རས་གཟིགས་དབང་གདུགས་དཀར་སྲིད་ན་གསལ། །བླ་མ་མཆོག་དང་དབྱེར་མེད་ལ་བཏུད་དེ། །བཟླས་བརྗོད་ནུས་འབྱིན་སྦྱིན་སྲེག་འཆད་ལ་སྤྲོ། །ཐུགས་རྗེ་ཆེན་པོའི་བསྙེན་པ་རྫོགས་པའི་རྣལ་འབྱོར་པས། སྦྱིན་སྲེག་ལ་བཞི་སྟེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དོ། །ཕྱིའི་སྦྱིན་སྲེག་ལ་བཞི་ལས། དང་པོ་ཞི་བའི་སྦྱིན་སྲེག་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ཐབ་ནི་སྔར་ས་ཆོག་མ་བྱས་པའི་ས་ཕྱོགས་ཡིན་ན་གང་དུ་བྱ་བའི་གནས་སུ་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་གཏོར་མ་ཆ་གསུམ་ཆོ་ག་བཞིན་བཏང་ལ། དང་པོ་གཉིས་ཀྱི་ཕྲིན་
བཅོལ་གྱི་རྗེས་སུ། ས་ཕྱོགས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་ཏེ། ལྷ་མཆོད་པ་དང་སེམས་ཅན་གྱི་དོན་བགྱིད་བར་འཚལ་ན་སའི་ཕྱོགས་འདི་བདག་ལ་སྩལ་ཞིང་སྦྱིན་སྲེག་གི་ཆོ་ག་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་ཞི་བའི་སྟོང་གྲོགས་མཛད་དུ་གསོལ། ཞེས་བརྗོད་དེ་གཤེགས་གསོལ་སོགས་བྱ། བགེགས་གཏོར་གྱི་རྗེས་སུ་སའི་ཕྱོགས་འདིར་སོགས་གོང་ལྟར་ལས་འཚལ་ན་ཞེས་པའི་མཐར་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་གཏོར་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཅེས་དང་ཁྲོ་བོའི་སྔགས་བརྗོད་ཅིང་རོལ་མོ་བྱ། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་ཕྱོགས་ཀུན་ཏུ་བྲབས་པས་བགེགས་ཐམས་ཅད་བྱེར་བར་བསམ་པ་ནི་ས་བསླང་བའོ། །དེ་ནས་ལྷའི་ང་རྒྱལ་བརྟན་པོས་ཨོཾ་བྷཱུ་ཁཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ས་ཕྱོགས་ལག་པས་བཅགས་ལ་ས་ཕྱོགས་ནམ་མཁའི་རང་བཞིན་དུ་བསམ། དེ་བཞིན་དུ་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་མང་དུ་བརྗོད་པས་ས་ཕྱོགས་སྐྱོན་ཐམས་ཅད་དང་བྲལ་བར་བསམས་པ་ནི་ས་སྦྱང་བའོ། །དེར་ཞི་བའི་ཐབ་ཁུང་བྲུས་པའམ། བརྩིགས་པའམ། བྲིས་ཐབ་སྟབས་གང་བདེ་ལག་ལེན་ལྟར་བྱ། ཐབ་ཀྱི་དབུས་སུ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རང་གང་བྱེད་ཀྱི་ལྷ་ཚོགས་ཀྱི་མཚན་མ་འགོད་དགོས་ལ། འདིར་གཙོ་འཁོར་གསུམ་པའི་དབང་དུ་བྱས་ནས། དེའི་མཚན་མ་མེ་ཏོག་གི་ཚོམ་བུའམ་རྡུལ་ཚོན་སོགས་ཀྱིས་ཚོམ་བུ་དགོད། ཞལ་འཇིག་རྟེན་པའི་ནུབ་ཏུ་ཕྱོགས་བའི་དབང་དུ་བྱས། བུད་ཤིང་ནི་ཚེར་མ་ཅན་མ་ཡིན་པ་འོ་མ་ཅན་གྱི་ཤིང་སོར་«་་་་་ཡམ་ཤིང་གི་ཚད་ཀྱང་འདི་ཉིད་དོ། »བརྒྱད་པ་ཡན་ཆད་ཁྲུ་གང་ཙམ་བརྩིག དེ་མ་འབྱོར་ན་སྲོག་ཆགས་མེད་པའི་བ་ལང་སོགས་ཀྱི་ལྕི་བས་ཐབ་ཀྱི་ཁ་སྦྱོར་གྱི་སྟེང་ནས་ཟླུམ་པོར་བརྩིགས་ལ་ནང་གི་ཤར་ལྷོར་ཏིང་ལོ་ཆེ་བ་ཞིག་ཀྱང་བཞག་གོ །མེ་ནི་རྡོ་དང་ལྕགས་གཙུབས་པ་ལས་བྱུང་
བ་མ་ཡིན་པ་རྒྱུན་བཞག་གི་མེའམ་འོ་མ་ཅན་གཙུབས་པ་སོགས་ལས་བྱུང་བའོ། །རྫས་ནི་བསྲེག་རྫས་དང་མཆོད་རྫས་དང་གཏོར་མ་དང་ཀུ་ཤའི་ཆུན་པོ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་རྣམས་གཙང་ཞིང་གྱ་ནོམ་པ་སྟ་གོན་བྱའོ། །བཤམ་ཐབས་ནི་ཐབ་ཀྱི་མཐའ་སྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་པོས་བྱུགས། ཐབ་ཀྱི་ནུབ་ཏུ་སྒྲུབ་པ་པོའི་སྟན་ནང་ཚང་ཅན་སོགས་ཤར་དུ་ཕྱོགས་པར་བྱ། མདུན་དུ་རྡོར་དྲིལ་གྱི་བར་དུ་དགང་གཟར་བླུགས་ཁ་སྦྱར་ལ་བཞག དྲི་བཟང་གི་ཆུ་ཀུ་ཤའི་འཐོར་ཡབ་དང་བཅས་པ་དང༌། གྲུབ་ན་ཐབ་དང་སྒྲུབ་པ་པོའི་བར་དུ་འཇིམ་པ་ལས་བྱས་པའི་མེ་ཡོལ་དཀར་ཞལ་གྱིས་བྱུགས་པ་ལ་ཝྃ་ཡིག་དཀར་པོ་བྲིས་པའང་བཤམ། རང་གི་གཡོན་ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། འཕགས་པ་དང༌། མེ་ལྷ་ལ་ཟླུམ་གཏོར་རེ་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ཕྱོགས་སུ་རང་ངོས་ནས་བརྩམས་ཏེ་ཐབ་ཀྱི་གཡོན་ནས། ཡམ་ཤིང་མར་ཏིལ་ཟས་མཆོག་དང༌། །འབྲས་དང་སོ་བ་ནས་སྲན་མ། །གྲོ་དང་དཱུརྺ་ཀུ་ཤུ་རྣམས། །ལག་ལེན་ཇི་བཞིན་ལེགས་པར་བཤམ། །རྫས་རྣམས་བསྡུ་ན་ཡམ་ཤིང༌། ཏིལ་དཀར་ནག མར་དང་གསུམ་མོ། །ཀུ་ཤའི་ཆུན་པོ་བརྒྱད་དང་དཔལ་འབར་རྣམས་སྟབས་གང་བདེར་བཞག ཡོ་བྱད་ཐམས་ཅད་དྲི་བཟང་གི་ཆུ་གཏོར་ཏེ་བཞག་གོ །དེ་ནས་སྔ་དྲོའི་དུས་སུ་རང་ཉིད་ཁྲུས་བྱ། འབྱོར་ན་གོས་རྒྱན་དཀར་པོས་བརྒྱན་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ཉིད་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་དབྱུང་བ་དང་སྡིག་པ་དང་བར་ཆད་ཞི་བའི་ཕྱིར་སྦྱིན་སྲེག་གི་ཆོ་ག་ལ་འཇུག་སྙམ་པའི་བསམ་པ་བརྟན་པོས་སྔར་བཤམས་པའི་སྟན་ལ་ཁ་ཤར་དུ་བལྟ། སྐྱིལ་ཀྲུང་ངམ་པུས་འཁྱུད་དང་བཅས་པས་ཙོག་པུར་རྐང་པ་གཉིས་ཅུང་ཟད་བསྣོལ་བ་རིག་
བྱེད་འདོན་པ་ལྟ་བུའི་སྤྱོད་ལམ་གྱིས་འདུག་གོ །དངོས་གཞི་ལ་བདག་གི་རྣལ་འབྱོར་ནི། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཚིགས་བཅད་མའམ། རྗེ་མུས་ཆེན་ནམ། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པ་ལྟ་བུ་རང་སྟབས་གང་བདེའི་བདག་བསྐྱེད་བྱ། སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་ལ་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བ་ལ་བསླབ། དཔལ་འབར་ལ་གོང་དུ་བཤད་པའི་མེ་སྦར་ཏེ་ལག་པ་གཉིས་ཀྱིས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང་མ་ཎི་ལན་གསུམ་བརྗོད་ལ། ཨོཾ་ཛྭ་ལ་ཛྭ་ལ་རྃ་ཞེས་བརྗོད་དེ། ཐབ་ཀྱི་ནང་གི་ཏིང་ལོ་སྦར་ལ་མེ་གསོ། དེ་ནས་ཁུ་ཚུར་བཅངས་པའི་མཐེ་བོང་བརྐྱངས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་གཟར་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་བླུགས་གཟར་གྱིས་མར་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རྃ་ཞེས་བརྗོད། ཐབ་དང་ཡོ་བྱད་བསང་བ་ནི། རང་ལྷའི་ང་རྒྱལ་གྱིས་བསང་ཆུ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ཉེར་གཅིག་ལ་སོགས་པ་བཟླས་པས་བྱིན་གྱིས་བརླབས་ནས་སྔགས་དེ་ཉིད་བརྗོད་ཅིང་ཀུ་ཤའི་འཐོར་ཡབ་ཀྱིས་ཐབ་དང་ཡོ་བྱད་རྣམས་ལ་གཏོར། མཆོད་རྫས་དང་བསྲེག་རྫས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་རྣམས་དང༌། ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པ་བདུད་རྩིའི་རང་བཞིན་ཅན་ས་དང་ནམ་མཁའ་
བར་སྣང་ཐམས་ཅད་ཁྱབ་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། ཅེས་བརྗོད་ལ་མཆོད་རྫས་རྣམས་རང་རང་གི་སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས། བསྲེག་རྫས་རྣམས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱིཾ་སྭཱ་ཧཱས་མར། ཨོཾ་ཛྲིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱང༌། ཨོཾ་བོ་དྷི་བྲིཀྵཱ་ཡ་སྭཱ་ཧཱ་ཞེས་སོགས་རྫས་སྔགས་རྣམས་ཀྱི་བྱིན་གྱིས་བརླབ་བོ། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་དྭངས་ཤིང་ཐོགས་པ་མེད་པ། རྒྱར་ཁྲུ་གང་བ། དཔངས་སུ་ཁྲུ་ཕྱེད་པ་ཁ་སྒྱེར་དང་མུ་རན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར། ཐབ་ཀྱི་ནང་དུ་རྃ་ལས་མེ་དཀར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། མེ་ལྷ་ར་སྐྱེས་དཀར་པོ་ལ་ཆིབས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང༌། གཡོན་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། སྨ་ར་དང་སྨིན་མ་དཀར་སེར་འབར་བ། ཨག་ཚོམ་འཕྱངས་པ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམ། དེའི་ཐུགས་ཀའི་རྃ་དང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཱཿཞེས་དང༌། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩེར་བཞག མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་
བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་ཨོཾ་ཨགྣི་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེའི་མགོར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་ལྔ་གཎྜེ་ར་ཎི་རོལ་མོ་དང་བཅས་པས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོར་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་བསམ་སྟེ། ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད། །ཨོཾ་བཛྲ་སཏྭ་ཨ་ཞེས་བརྗོད་ཅིང་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་
རིམ་པས་ཕྱོགས་མཚམས་བརྒྱད་དུ་དགྲམ་མོ། །དེ་ནས་བསང་ཆུ་ཕྱོགས་ཀུན་ཏུ་གཏོར་ཏེ། ཨ་མྲྀ་ཏའམ། ཡཀྵ་བརྗོད་པས་བགེགས་བསལ་ལོ། །དེ་ནས་གཟར་བུ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་སྟེ། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་བསམ། དགང་བླུགས་གཉིས་ཀྱི་གཟར་བུའི་ཁ་ལའང་རྃ་བསམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་དཱི་བྱཱ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཧྣཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ཏེ་མེ་ལྷའི་ཞལ་དུ་ཕུལ། དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ། དེ་ནས་བསྲེག་རྫས་རྣམས་ལག་པ་གཡས་པའི་མཐེབ་སྲིན་གྱིས་བླངས་ལ། མཆོག་སྦྱིན་ཕྱག་རྒྱས་དབུལ་ཏེ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཡམ་ཤིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར། ཨོཾ་སརྦ་པཱ་པྃ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཏིལ་ལམ་ཡུངས་ཀར། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་སྦྱར་བའི་ཟས་མཆོག ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བ། ཨོཾ་མཧཱ་བེ་གཱ་ཡ་སྭཱ་ཧཱ། ནས། ཨོཾ་མཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་བཛྲ་གྷསྨ་རྻཻ་སྭཱ་ཧཱ། གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཞེས་པས་ཀུ་ཤ་རྣམས་འབུལ་བའམ། ཡང་ན་སྔགས་དེ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ཨགྣ་ཡེ་འབའ་ཞིག་གིས་ཕུལ། གང་ལྟར་ཡང་ཉེར་གཅིག་ལ་སོགས་པ་ཅི་འབྱོར་བའི་མཐར། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེར་འཚེ་དུས་མ་ཡིན་པའི་འཆི་བ་གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་ལས་སྔགས་ཀྱི་སྤེལ་ཚིག་སྡེ་ཚན་རེ་རེའི་མཐར་བརྗོད་དོ། །དེ་ནས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། བསྟོད་པ་སྔར་ལྟར་བྱས་ཏེ། མར་དགང་གཟར་གང་ཐབ་ཏུ་བླུགས་
ཏེ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་འོད་དུ་ཞུ་བ་ལས་བྱུང་བའི་ཐིག་ལེ་གསུམ་དུ་གྱུར་པ་ལས་དབུས་ཀྱི་ཆེ་བ། གཡས་གཡོན་དུ་ཆུང་བ་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོ་བ། སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་གཟིགས་པ་དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་དཔུང་པའི་སྟེང་ནས་མར་ཅུང་ཟད་འཕྱངས་པ། དར་དམར་པོའི་ཅོད་པན་ཅན། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་གི་ཕྲེང་བ་བགྲང་བ། གཡོན་འོག་མས་པདྨ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་དང༌། གཡོན་འོག་མས་རིན་པོ་ཆེ་འབྲས་ཀྱི་སྙེ་མ་བསྣམས་པ་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་གཙུག་ནས་སྤྱན་གཉིས་ཇོ་བོའི་སྨིག་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་འབྲུ་དྲུག་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་བགྲང་བ། གཡོན་འོག་མས་ཨུཏྤ་ལ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །དེ་ཐམས་
ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཙོ་འཁོར་གསུམ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་སྤོས་དང་བཅས་པས། མ་ལུས་སེམས་ཅན་སོགས་ནས། ཡང་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་པས་སྤྱན་དྲངས་ཏེ། ཨོཾ་ཨཱརྻ་ཨ་ཝ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྔགས་རྒྱས་སྤྱན་དྲང༌། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་དང་འཁོར་གཉིས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། དེའི་མཐའ་བསྐོར་དུ་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བར་གྱུར། ཅེས་བརྗོད་ཅིང་བསམ། ལྷ་ཐམས་ཅད་འཛུམ་ཞིང་ཞི་བ་འོད་ཟེར་དཀར་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ལས་མཛད་པར་བསམས་ལ། དེ་ནས་གཟར་བུ་གཉིས་བླངས་ཏེ་ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པ་སོགས་སྔར་ལྟར་གསལ་བཏབ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ལན་འགའ་ཞིག་བརྗོད་པས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་དཱི་བྱ་ཞེས་སོགས་སྭཱ་ཧཱའི་གོང་དུ་བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཞེས་སོགས་སྤེལ་ཚིག་གོང་ལྟར་
བརྗོད་དེ། གཟར་བུ་གཉིས་ཁ་སྦྱར་ལ་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམ། དེ་ལྟ་བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་ཕུལ། དེ་ནས་ཡོ་ག་ལྟར་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ནས། རབ་འབྱམས་རྒྱ་མཚོ་སོགས་ནས་རོལ་མོའི་བར་དང༌། སྤྲོ་ན་རྒྱལ་སྲིད་སྣ་བདུན་འདོད་ཡོན་ལྔ་རྣམས་ཀུན་རིག་ལྟར་རོ། །བསྟོད་པ་ནི། སྐྱོན་གྱིས་མ་གོས་སོགས་ཅི་ཤེས་པས་བསྟོད། དེ་ནས་ཡམ་ཤིང་ནས་བརྩམས་ཏེ་བསྲེག་རྫས་རྣམས་སྡེ་ཚན་རེ་རེའི་ཐོག་མར་སོ་སོའི་སྔགས་«་་་་་»བོ་དྷི་བྲྀཀྵ་སོགས། གསུམ་མམ་ལྔ་ལ་སོགས་པ་དང༌། མཇུག་ཏུ་སྤེལ་ཚིག་གོང་ལྟར་བརྗོད་ཅིང་བརྒྱ་རྩ་ལ་སོགས་པ་ཇི་ཙམ་འབྱོར་པ་འབུལ། རྫས་ཐམས་ཅད་མ་ཎི་འབའ་ཞིག་གིས་ཕུལ། དེ་ནས་ཏིལ་དཀར་ནག་མདུན་དུ་འདུ་བྱས་ལ་བདག་གཞན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཏིལ་ནག་ལ་ཐིམ། དཀར་པོ་ལ་ཤེས་བྱའི་སྒྲིབ་པ་ཐིམ། མར་ལ་དེ་མ་ཡིན་པའི་སྒྲིབ་པ་རྣམས་ཐིམ་ཞེས་བརྗོད་ཅིང་བསམས་ལ། མ་ཎི་ཟློས་ཤིང་ཕུལ་བས་སྡིག་སྒྲིབ་ཐམས་ཅད་ཚིག་ནས་བདེ་བ་ཆེན་པོའི་ངོ་བོར་བསམ། བསྙེན་པ་ཁ་སྐོང་ལ་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་གྲངས་འབུལ་དགོས་པས་བརྒྱ་ཕྲག་རེའི་མཚམས་སུ་གོང་གི་སྤེལ་ཚིག་སྦྱར་ཏེ་ཏིལ་འབའ་ཞིག་དབུལ། བསྙེན་པ་དུང་སོང་ན་ཟླ་བའི་བར་དུ་དགོས་པ་སོགས་རིག་པས་དཔྱད་དོ། །རྫས་རྣམས་ཀྱི་གྲངས་དང་ཡམ་ཤིང་དང་མར་ནི་ཚོད་དང་སྦྱར་ཏེ་སྒྲུབ་གཡོག་གིས་ལོགས་ནས་འབུལ། བསྲེག་རྫས་རྣམས་རྫོགས་པ་དང་གོང་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་དགང་བླུགས་གསུམ་འབུལ། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ། མཚན་སྔགས་རེ་རེའི་མགོར་སྦྱར་བ་རོལ་མོའི་བར་དང་བསྟོད་པ་བྱ། འདས་པའི་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། མཚན་
སྔགས་ཀྱི་མཐར་ཨོཾ་ཨ་ཀཱ་རོ་ལན་གསུམ། མཆོད་བསྟོད་བྱ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་དང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་བོ། །ཡིག་བརྒྱ་ཅི་ནུས་དང་མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་རྡུལ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ནི། ཐབ་ཏུ་མར་བླུགས་གཟར་གང་དགང་གཟར་ལ་རེག་པ་དང་བཅས་པས་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ། མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། སྲེག་རྫས་རྣམས་ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་གམ་ཉེར་གཅིག་ལ་སོགས་པ་ཅི་འབྱོར་པ་ཕུལ། མཐར་བྱོན་ཟན་གྱི་སྐབས་ལྟར་མར་དགང་བླུགས་གསུམ་གང་བའི་སྦྱིན་སྲེག་ཏུ་ཕུལ། མེ་ལྷ་འཁོར་བཅས་ལ་གཏོར་མ་ཅིག་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣི་ས་པ་རི་ཝཱ་ར་ཨཱོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་ཕུལ། མཚན་སྔགས་རེ་རེ་ནས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། འཇིག་རྟེན་དབང་ཕྱུག་སོགས་དང༌། སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །སོགས་ཀྱིས་ཀྱང་བསྟོད་ལ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བར་ཆད་དང་སྔགས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཉེ་
བར་ཞི་བར་མཛད་དུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣི་གཙྪ་ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་སྐྱེ་བོ་སོགས་སྨོན་ལམ་ཅི་ཤེས་དང༌། ཆེ་བའི་ཆེ་མཆོག་སོགས་ཀྱིས་བཀྲ་ཤིས་བྱའོ། །མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས། ཐལ་བ་འདོད་པ་རྣམས་ལའང་སྦྱིན་ཞིང་ལྷག་མ་འབབ་ཆུ་ལ་སོགས་པར་དོར། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་པས་རུང་ངོ༌། །ཐབ་ཀྱི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་བྱའོ། །རྒྱས་པའི་སྦྱིན་སྲེག་ནི། རྒྱས་པའི་ཐབ་ལག་ལེན་ལྟར་བྱ། དུས་སྔ་དྲོ་ས་འཇའ་ལི་སོགས་ལ་བཟང་པོའི་འདུག་སྟངས་ཀྱིས་འདུག ཡམ་ཤིང་ཚེར་མ་ཅན་མ་ཡིན་པའི་འབྲས་བུ་ཅན་གྱི་ཤིང་ཁྲུ་གང་བའོ། །བསྲེག་རྫས་གཙོ་བོ་ཟས་མཆོག་དང༌། ཚེ་རྒྱས་པ་ལ་དཱུརྦའོ། །རྫས་གཞན་རྣམས་འདྲ། བཤམ་གྱི་གོ་རིམ། ཡམ་ཤིང་མར་དང་ཟས་མཆོག་ཏིལ་སོགས། རྒྱན་གོས་སེར་པོ་བྱ། དགང་བླུགས་རིན་ཆེན་ཁུ་ཚུར་གྱིས་བཟུང༌། འཇིག་རྟེན་པའི་མེ་ལྷ་ཞལ་གྱི་དཀྱིལ་འཁོར་སེར་པོ་ལས་འོད་ཟེར་སེར་པོ་འཕྲོ་བ་རིགས་བདག་རིན་འབྱུང༌། སྤེལ་ཚིག་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། འདས་པའི་ལྷ་ལ་གཙོ་བོ་ལ་རིགས་བདག་རིན་འབྱུང༌། ལྷ་རྣམས་འཛུམ་ཞིང་མདངས་དང་འོད་ཟེར་སེར་པོ་འཕྲོ་
བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ལ་སོགས་པ་རྒྱས་པའི་ལས་མཛད་པར་བསམ། བསྲེག་རྫས་རྣམས་གྲངས་བརྒྱ་དང་བརྒྱད་རེའི་མཚམས་སུ་སྤེལ་ཚིག་བྱ། རྫས་གཙོ་བོ་ཟས་མཆོག་གམ། དཱུརྦ་ལ་གྲངས་བཟུང༌། ཆོ་གའི་ཆིངས་སྔར་ཞི་བ་དང་འདྲའོ། །དབང་གི་སྦྱིན་སྲེག་ནི། དབང་གི་ཐབ་ལག་ལེན་ལྟར་བྱ། རྒྱན་གོས་དམར། ཡམ་ཤིང་ཤིང་སྐྱུར་པོ་སོར་བརྒྱད་པ་བྱ། བསྲེག་རྫས་གཙོ་བོ་མེ་ཏོག་དམར་པོའམ་འབྲས་དམར་པོར་བསྒྱུར་བ། བཤམ་གྱི་གོ་རིམ། ཡམ་ཤིང་མར་དང་མེ་ཏོག་དམར། ཟས་མཆོག་ཏིལ་སོ་ནས་དང་གྲོ་སོགས། དུས་དགོང་མོ་པདྨའི་འདུག་སྟངས་བྱ། པདྨའི་ཁུ་ཚུར་གྱིས་དགང་བླུགས་བཟུང༌། འཇིག་རྟེན་པའི་མེ་ལྷ་ཞལ་གྱི་དཀྱིལ་འཁོར་དམར་པོ་ལས་འོད་ཟེར་དམར་པོ་འཕྲོ་བ་རིགས་བདག་འོད་དཔག་མེད། བསྲེག་རྫས་མེ་ཏོག་དམར་པོ་སོགས་ལ་གྲངས་བཟུང༌། ལྔ་བཅུ་རེའི་མཚམས་སུ་སྤེལ་ཚིག རྒྱལ་པོ་ཡུལ་འཁོར་གྲོང་ཁྱེར་པ་ལ་སོགས་པ་ཝཱ་ཤཾ་ཀུ་རུ་ཧོཿ འདས་པའི་མེ་ལྷ་གཙོ་བོ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། ལྷ་རྣམས་འོད་ཟེར་དམར་པོ་འཕྲོ་ཞིང་སྡུད་པས་འགྲོ་བ་དབང་དུ་སྡུད་པའི་ལས་མཛད། ཆོ་གའི་ཆིངས་སྔ་མའི་རིགས་པས་ཤེས་སོ། །དྲག་པོའི་སྦྱིན་སྲེག་ནི། དྲག་པོའི་ཐབ་ལག་ལེན་ལྟར་དང༌། ཡམ་ཤིང་ཚེར་མ་ཅན་གྱི་ཤིང་སོར་བཅུ་པ། ཁྱད་པར་གྱི་རྫས་ཤ་ཁྲག་དུག་ལ་སོགས་པ། གོ་རིམ་མཆོད་རྫས་གཡས། བསྲེག་རྫས་གཡོན་ནས་ཡམ་ཤིང་དང༌། ཤ་ཁྲག་ལ་སོགས་པ་དང་ཏིལ་ཟས་མཆོག་སོགས། སྟན་མེད་པའམ་སྲབ་པ། ཁ་ལྷོར་བལྟ། དུས་ཉིན་ཕྱེད་དམ་ནམ་ཕྱེད། གོས་རྒྱན་ནག གཡས་བསྐུམས་གཡོན་བརྐྱང༌། རྡོ་རྗེ་ཁུ་ཚུར་གྱིས་དགང་བླུགས་བཟུང༌། འཇིག་རྟེན་པའི་མེ་ལྷ་ཞལ་གྱི་དཀྱིལ་འཁོར་ནག་པོ་ལས་འོད་ཟེར་ནག་པོ་འཕྲོ་བ་མི་བསྐྱོད་པས་དབུར་བརྒྱན། སྤེལ་ཚིག་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་
ར་ཡ་ཕཊ། འདས་པའི་མེ་ལྷ་གཙོ་བོ་ལ་མི་བསྐྱོད་པས་དབུར་བརྒྱན། མདངས་དང་འོད་ཟེར་ནག་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དགྲ་བགེགས་ལ་སོགས་པ་ཚར་བཅད་པའི་ལས་མཛད། གྲངས་དྲུག་ཅུའི་མཚམས་སུ་སྤེལ་ཚིག རྫས་རྣམས་ལག་པ་གཡོན་པས་དབུལ། ཁྱད་པར་གྱི་རྫས་སྟོང་ལ་སོགས་པ་དབུལ། གཞན་ཕལ་ཆེར་སྔ་མའི་རིགས་པས་ཤེས་སོ། །དེ་ལྟར་རྒྱས་དང་དབང་དྲག་གི །མེ་དང་ཐབ་ཀྱི་དབྱིབས་ལ་སོགས། །རྒྱས་པར་སྔགས་གཞུང་རྒྱ་མཚོ་དང༌། །མཐོང་བརྒྱུད་ལག་ལེན་ལས་ཤེས་གྱིས། །སྡིག་སྦྱོང་གི་སྦྱིན་སྲེག་ཆེན་མོ་སོགས་གཞན་དུ་ཤེས་པར་བྱའོ། །ནང་གི་སྦྱིན་སྲེག་ནི། རང་ལྷར་གསལ་བའི་ཐུགས་ཀར་ཐུགས་རྗེ་ཆེན་པོ་ཚོན་གང་པ་ཞིག་བསམ། ཟས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསྡུས་ལ། ལག་པ་དགང་གཟར། ཁ་ཧོམ་ཁུང་དུ་བསམས་ལ་གསོལ་བས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཚིག་ནས་ཡེ་ཤེས་པའི་ཞལ་དུ་བདེ་བའི་ངོ་བོར་གསོལ་བར་བསམ། དེ་ནས་ཡེ་ཤེས་པ་རང་ལ་བསྡུ། དམ་ཚིག་པ་མི་དམིགས་པར་བསམ། གསང་བའི་སྦྱིན་སྲེག་ནི། རང་བྱུང་ལྟེ་བའི་དཀྱིལ་འཁོར་ནི། །རྣམ་པ་ཨའམ་ཧཱུྃ་ཞིག་བཞུགས། །འཕྲོ་འདུ་གཉིས་མེད་མེ་ཞིག་སྦར། །ཟག་བཅས་ཉོན་མོངས་ཐམས་ཅད་སྲེག །ཚིག་པ་མེད་ན་བདེ་བ་ཡིན། །མེ་དང་བསྲེག་རྫས་གཉིས་སུ་མེད། །སྲེག་མཁན་མེད་ན་ཚིག་པ་ཡིན། །དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ནི། །མཐའ་བྲལ་སྟོང་པའི་ཧོམ་ཁུང་དུ། །རང་རིག་རང་གསལ་མེ་ཞིག་སྦར། །ཐེ་ཚོམ་ཡིད་གཉིས་གཉིས་ཀ་སྲེག །བསྒྲུབ་བྱ་སྒྲུབ་བྱེད་གཉིས་པ་ཚིག །ཞར་བྱུང་གི་སྦྱིན་སྲེག་ནི། ནང་ནུབ་ཀྱི་ལྟོ་གཡོ་བས་དུས་སུ། མེ་འབར་བའི་ནང་དུ་མ་ལས་ཉི་མ་བསམ། དེའི་སྟེང་དུ་ཧྲཱིཿལས་ཐུགས་རྗེ་ཆེན་པོ་བསྐྱེད། བུད་ཤིང་ལ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསྡུས་
ལ་མེ་བཏང་བས་ཡེ་ཤེས་པའི་ཞལ་དུ་སྡིག་སྒྲིབ་ཚིག་ནས། བདེ་བའི་ངོ་བོར་གསོལ་བར་བསམ། དེ་ནི་ཞར་བྱུང་གི་སྦྱིན་སྲེག་གོ །དེ་ལྟར་ཐུགས་རྗེ་ཆེན་པོ་ཡི། །སྦྱིན་སྲེག་ཆོ་ག་སྦྱར་བའི་དགེས། །བསྟན་དང་འགྲོ་བའི་དོན་དུ་ནི། །ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ཤོག །ཅེས་པ་འདི་ནི་དོན་གཉེར་མང་པོས་ཡུན་རིང་པོར་བསྐུལ་ཞིང༌། ཉེ་ཆར་བླ་མ་རིན་ཆེན་གྲགས་པས་གསེར་གྱི་མེ་ཏོག་དང་བཅས་བསྐུལ་ནས། མ་ཎི་བ་སངས་རྒྱས་ཕུན་ཚོགས་ཀྱིས་སྦྱར་བའི་ཡི་གེ་པ་ནི་འཚོ་བྱེད་རིན་ཆེན་ཕུན་ཚོགས་ཀྱིས་བགྱིས་སོ།། ༈ །སྐྱེར་སྒང་ལུགས་ཀྱི་ཡི་གེ་དྲུག་པའི་ཉེར་མཁོ་ཅུང་ཟད་ཅིག་བཞུགས། །ཨོཾ་སྭ་སྟི། སྐྱེར་སྒང་པས་མཛད་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་ཉེར་མཁོ་བཏུས་པ། ཐོག་མར་གཟུངས་ཆུ་བྱེད་པར་འདོད་ན། སྣོད་གས་ཆག་མེད་པ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ། ཆུ་སྲོག་ཆགས་ཅན་ལ་སོགས་པ་མ་ཡིན་པ་གཙང་མ་བླུགས་ལ་མདུན་དུ་བཞག རང་ཡི་གེ་དྲུག་པར་བསྒོམ། མདུན་དུ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་རང་གི་ཐུགས་ཀའི་ཧྲཱིཿའི་འོད་ཟེར་གྱིས་སྤྱན་དྲངས་ལ། ཇོ་བོའི་ཡི་གེ་དྲུག་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་རྣམ་པ་ལྔ་འཕྲོས་པའི་སྣ་ལས་མེ་ཏོག་ལ་སོགས་པ་ཇོ་བོ་ལ་ཕུལ་བར་བསམ། ངག་ཏུ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་པུཥྤེ་ཨཱ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ལ་མཆོད་པ་འབུལ། དེ་ནས་རང་གི་བྱེད་ན་རང་གི་མིང་གཞུག གཞན་གྱི་བྱེད་ན་ཆེ་གེ་མོའི་ནད་དང་གདོན་དང་གནོད་པ་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གཡོན་གྱི་བུམ་པ་ན་རིལ་བ་སྤྱི་བླུགས་ཡོད་པ། དེ་ཡོ་བར་བྱས་ནས་དེའི་ནང་ནས་བདུད་རྩི་དཀར་མེ་
རེ་རེ་ཆུའི་ནང་དུ་བླུགས་པར་བསམ་ཞིང་ཡི་གེ་དྲུག་པ་སུམ་བརྒྱའམ་བརྒྱ་རྩ་བརྒྱད་བཟླ། དེ་ནས་ཇོ་བོ་ལ་མཆོད་པ་རྣམས་སྔ་མ་བཞིན་ཕུལ་ལ་གཤེགས་སུ་གསོལ། དེ་ནས་ཁྲུས་བྱེད་ཁར་རང་སྲུང་བ་ལ་ཡི་གེ་དྲུག་པ་ལན་བདུན་བཟླས་ལ། སྔར་གྱི་སྤྱན་རས་གཟིགས་སྤྱན་དྲངས་ལ་སྔར་གྱི་སྤྱི་བླུགས་ནས་བདུད་རྩི་བྱུང་བས་སྡིག་སྒྲིབ་དང་ནད་དང་གདོན་ལ་སོགས་པ་ཐམས་ཅད་ནག་ཉིལ་ཉིལ་སོང་བར་བསམ། གཞན་ལ་བླུགས་ནའང་དེ་བཞིན་དུ་བྱས་ལ་མགོ་ནས་མར་བླུགས། འབར་བ་ལ་སོགས་པ་འོང་ན་རང་གི་སྙིང་གར། ཧཱུྃ་ལྗང་གུ་ལས་རྡོ་རྗེ་རྒྱ་གྲམ་ལྗང་གུ་བསྐྱེད་ལ། མི་དེའི་མགོ་ཐོག་ན་མར་སོང་བར་བསམས་ལ། དེའི་སྟེང་དུ་བླུག་གོ །དགེ་བ་བསྔོའོ། །སྲུང་སྐུད་བྱེད་ན། ཤི་བའི་བལ་མ་ཡིན་པ་ལ། བསྒྲིལ་དུས་སུ་འཇུར་བུ་མེད་པ་དང༌། མ་ཆད་པ་དང༌། མ་ཤོར་བ་བྱ། མདུད་པ་གསུམ་ལ། ཨོཾ་ཨཱཿཧཱུྃ་གསུམ་བསམ་མོ། །སྲུང་སྐུད་ལ་ཡི་གེ་དྲུག་པ་འཁྲིལ་བར་བསམ། དེ་ནས་སྲུང་སྐུད་སྙིམ་པར་བཅུག་ལ་སྔགས་བརྒྱ་རྩ་བརྒྱད་བརྗོད་པས་རྡོ་རྗེའི་ཐག་པར་གྱུར་པར་བསམ། རང་གི་བྱེད་ན་མདུད་པ་བྱེད་དུས་སུ་སྔགས་བདུན་བཟླའོ། །སྙིང་རྗེས་སྲུང་བ་ལ་གནད་བློ་སྦྱོང་དང་འདྲ་བར་འདུག སྟོང་ཉིད་ཀྱིས་སྲུང་བ་ལ། རང་གི་ལུས་གྲུབ་ཕུང་པོའི་བདུད། །དེ་ལ་དབུགས་འགྲོ་འཆི་བདག་བདུད། །ཉོན་མོངས་གནས་པ་ཉོན་མོངས་བདུད། །ཡུལ་རྟེན་དགའ་སྐྱེད་ལྷ་བུའི་བདུད། །དེ་རྣམས་རང་སེམས་རྣམ་པ་ཙམ། །ལུས་གྲུབ་ན་ཡང་ཨ་ནས་གྲུབ། །ཞིག་པ་ན་ཡང་ཨ་ནས་འཇིག །རང་གི་ལྟེ་བར་ཨ་དཀར་བསམ། །དེ་ལས་འོད་བྱུང་ལུས་གང་ནས། །ཕྱིར་འཕྲོས་སྣོད་བཅུད་ཀུན་ལ་ཕོག །སྡིག་སྒྲིབ་སྦྱངས་ནས་འོད་དུ་ཡལ། །སྟོང་ཉིད་ངང་དུ་ཅི་གནས་བཞག །ལྡང་ན་ཨ་ནས་སྣོད་བཅུད་ཀུན། །ལྷ་ཡི་དཀྱིལ་འཁོར་ཉིད་དུའོ། །གནས་སྲུང་བ་ནི། མལ་གྱི་ཟུར་བཞིར་ཧྲཱིཿབཞི་བསམ། འོག་ཏུ་ཧྲཱིཿམགོ་ཐུར་བསྟན་ཞིག སྟེང་དུའང་འོག་གི་དེ་འདྲ་ཞིག ཧྲཱིཿབཞི་འོད་
དམར་ཁྲུག་གིས་འདྲེས། །འོག་ཧྲཱིཿམེ་ནི་ཟུར་གསུམ་འབར། །སྟེང་དུའང་ཟུར་གསུམ་འབར་བར་བསམ། །སྟེང་མས་ལྷ་བུའི་བདུད་ལས་སྲུང༌། །ཕྱོགས་བཞིའི་མེས་ནི་རྒྱལ་ཆེན་བཞིའི། །འཁོར་དུ་གནས་པའི་གནོད་སྦྱིན་སྲུང༌། །འོག་གི་དེས་ནི་གནོད་སྦྱིན་སྲུང༌། །གཞི་ལ་སྡོད་དུས་མི་བསྡུ་བར། །སྲོད་ལ་གསལ་གདབ་འགྲོ་ན་བསྡུ། །དྲག་པོའི་སྲུང་བ་རྟ་མགྲིན་ནོ། །ས་གཉན་སར་སྡོད་ན་ཐུགས་ཀའི་ཧྲཱིཿའི་འོད་ཀྱིས་དམྱལ་བའི་བར་གྱི་ཉེས་སྐྱོན་སྦྱངས་བར་བསམས་ནས་བཟླ་བར་བྱའོ། །བསྡུས་པའོ། །གཏོར་མ་བརྒྱ་རྩ་དང་བྲུལ་གཏོར་འདྲ། སྡིག་སྦྱོང་སྡིག་པ་གང་ཡིད་ལ་གཅགས་པ་དེའི་ནང་དུ་སྡིག་པ་ཐམས་ཅད་བསྡུས་ལ་ལྕེ་ཐོག་ཏུ་ནག་བུན་ནེ་བསམ། དེ་ནས་ཡི་གེ་དྲུག་པ་བཟླས་པས་ཕུ་ཆུ་དྲག་པོས་བྱེ་མ་ལ་རྒྱབ་པ་ལྟར་ཧར་ཧར་ཟད་པར་བསམ། འཇོག་ཁར་སངས་ཀྱིས་དག་པར་བསམ། སྟོང་པས་རྒྱས་བཏབ། དགེ་བ་བསྔོ། སྟོབས་བཞི་སྦྱོར་ཚུལ་གཞུང་ན་གསལ། སཱཙྪ་ལ། འཇིམ་སྟེང་ཧྲཱིཿམཐར་ཡིག་དྲུག་བསམ། །དེ་ཞུ་ཤེལ་གྱི་ཕུང་པོར་མོས། །མ་ཎི་བརྗོད་ནས་ལས་ཀུན་བྱ། །རབ་གནས་རྒྱས་བསྡུས་སྐབས་དང་སྦྱར། །ཆུ་སྦྱིན་གཞན་འདྲ། མདོར་བསྡུས་ནི། སྙིང་རྗེས་མ་ཎི་བརྗོད་ཅིང་ཆུ་གཏོར་ཀྱང་ཆུ་མིག་འབབ་ཆུ་སོགས་བདུད་རྩིར་བྱིན་གྱིས་བརླབས་པས་ཆོག སྦྱིན་སྲེག་ཞི་རྒྱས་དབང་དྲག་ཐབ། །དབྱིབས་ནི་སྤྱི་དང་མཐུན་པར་བསམ། །ཟངས་གཞོང་ནང་དུ་མར་མེ་བཞག །ལྷར་བསྐྱེད་རྫས་ནི་འབྲུ་སྣ་ཚོགས། །ཤིང་བལ་མེ་ཏོག་གཟུགས་བྱས་པ། །འབུལ་སྔགས་ཡི་གེ་དྲུག་པ་ལ། །ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་སྦྱར། དེ་བཞིན་དུ་རྒྱས་པ་ལ། པུཥྚིཾ་ཀུ་རུ་ཨོཾ། དབང་ལ། ཝཱ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། མཱ་ར་ཡ་ཕཊ། སྡིག་སྦྱོར་སྦྱིན་སྲེག་ཆེན་པོ་ནི། །མེ་ཏོག་མང་བཏུས་གྲིབ་སྐམ་བྱ། །ལས་སྦྱོར་ས་དཀར་ཙནྡན་དཀར་པོའི་ཆུས་ཆག་ཆག་བཏབ། དེའི་དཀྱིལ་དུ་དོང་ཟླུམ་པོ། ཟབས་སུ་ཁྲུ་གང་ཁ་སྐོར་
ཁྲུ་ཕྱེད་བྲུས་ལ་དེའི་ཁ་རས་ཀྱིས་བཅད། དེའི་སྟེང་དུ་མཉྫི་བཞག དེའི་ཁར་ཟངས་ལ་སོགས་པའི་སྣོད་ཀྱི་སྟེང་དུ་ཡི་གེ་དྲུག་པའི་སྐུ་རབ་གནས་ཅན་བཞུགས། མདུན་དུ་མཆོད་པ་བཤམ། གསོལ་བ་གདབ་པ་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་སྡིག་པ་ཐམས་ཅད་སྦྱང་དུ་གསོལ། སྡིག་པ་ལྕི་བ་ཡོད་ན་དེའི་མིང་འདོན། ལན་གསུམ། ལག་པ་གཡས་པས་མེ་ཏོག་བླངས་ནས་ཇོ་བོའི་ཐུགས་ཀར་དབུལ། གཡོན་པས་ཕྲེང་བ་བགྲང༌། བསྙེན་པའི་གྲངས་ཀྱི་བཅུ་ཆ་ཕུལ། དགེ་རྩ་བསྔོ། རྟེན་ཕྱིར་གཤེགས་དོང་ཞབས་སུ་སྤྲ་བ་དཀར་པོ་བླུགས། དེ་ནས་མེ་ཏོག་རྣམས་བླུགས། དེའི་ཁར་ཤིང་ཤུག་པ་ཟླུམ་པོར་བརྩིག དབུལ་བའི་རྫས་ནི་ཤུག་པ་ལེགས་པར་གཤགས་པ་ཁྲི་ཚོ་གཅིག་ལ་སྣུམ་བྱུགས་པ་གཡས་སུ་བཞག དོང་གི་ཕྱོགས་བཞིར་མཆོད་པ་ཚར་རེ་རེ་བཤམ། ནང་དུ་ཧྲཱིཿལས་ཡི་གེ་དྲུག་པ་བསྐྱེད། སངས་རྒྱས་བྱང་སེམས་ཀྱིས་མདུན་གྱི་ནམ་མཁའ་གང་བར་བསམ། དེ་རྣམས་ལ་དམིགས་པ་མདུན་གྱི་མཆོད་པ་ཕུལ། ཡན་ལག་བདུན་པ་བྱ། ཕྱོགས་བཅུ་ན་སོགས་ནས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་སྡིག་པ་ཐམས་ཅད་མྱུར་དུ་ཟད་པར་མཛད་དུ་གསོལ། ཚོགས་ཐམས་ཅད་མྱུར་དུ་རྫོགས་པར་མཛད་དུ་གསོལ་གསུམ། གཡོན་གྱི་མཆོད་པ་ཚར་གཅིག་ཡི་གེ་དྲུག་པ་ལ་དབུལ། གསོལ་བ་སྔར་ལྟར་རོ། །དེ་ནས་མེ་སྦར་ལ་ཤུག་པ་འགའ་རེ་ཇོ་བོའི་ཞལ་དུ་ཕུལ་བས་བདེ་སྟོང་གི་རང་བཞིན་དུ་ལྟེམ་ལྟེམ་སོང་བདག་གི་སྡིག་པ་ཐམས་ཅད་སངས་ཀྱིས་དག་པར་བསམ། རྫས་རེ་རེའི་གཤམ་དུ་ཤཱནྟིཾ་ཀུ་རུ་བཏགས། རྫས་ཟད་ནས་རྒྱབ་ཀྱི་མཆོད་པ་ཕུལ། གསོལ་བ་ལན་གསུམ་བཏབ། ཚོགས་ཡོད་ན་བཟའ། ཡང་གཡས་ཀྱི་མཆོད་པ་ཕུལ། ཨོཾ་མ་ཎི་པདྨེ་ཧཱུྃ་བདག་གི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲི་ཚོ་གཅིག་བཟླའོ། །དེ་ནས་བསྲེག་སྤོས་ལག་ཏུ་ཐོགས་ལ། ཇོ་བོ་ལ་གསོལ་བ་གདབ་པ་ནི། ཇོ་བོ་
ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ་གསུམ། དགེ་རྩ་བསྔོ། ཐལ་བ་རླུང་ལ་བསྐུར། གྲུལ་གཏོར་བཏང༌། བསྙེན་པ་བྱེད་ན་དགེ་འདུན་གྱི་ཚོགས་གསོག་དང་དཀོན་མཆོག་ལ་མཆོད། མེ་ཏོག་དཀར་པོ་སྤུངས་པའི་ཁར་ཇོ་བོའི་སྐུ་རབ་གནས་ཅན་བཞག་ལ་མེ་ཏོག་སྙིམ་པ་གསུམ་ཕུལ་ལ་གསོལ་བ་གདབ་པ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་གསུམ། གྲངས་བསྙེན་རབ་འབུམ་ཚོ་སུམ་ཅུ་རྩ་གཉིས། འབྲིང་འབུམ་ཕྲག་བདུན། ཐ་མ་གསུམ། ཡང་ཇོ་བོ་ནས་བརྒྱུད་པའི་ཡིག་རྙིང་གཞན་ལས། དུས་བསྙེན་ཟླ་བ་གསུམ། གྲངས་བསྙེན་འབུམ་ཚོ་བཅོ་བརྒྱད་ཅེས་གསུངས། ཡང་ཡི་གེ་ལ་ལར་འབུམ་ཕྲག་དྲུག་ཅུའང་བཤད་དོ། །བསྙེན་པ་མ་སོང་བར་ལས་སྦྱོར་མི་རུང༌། ཝ་རུ་ཎའི་གཏོར་མ་གཞུང་དུའོ། །གཙང་སྦྲ་གཙོ་ཆེ། སྒྲུབ་ཐབས་ལ་རྒྱས་པ་གཙོ་འཁོར་གསུམ། བསྡུ་ན་གཙོ་བོ་གཅིག་པུ་བསྙེན་པ་ལ་བསྐྱེད་རིམ་གཙོ་ཆེ། རིག་གཏད་གཞུང་ནའོ། །རྫོགས་རིམ་ནི་ལྷ་བསྡུ་བ་སོགས་སྟོང་ཉིད་བསྒོམ་པ་དེ་ཀའོ། །སྙིང་རྗེ་གཙོ་ཆེ། ཉལ་ལྡང་ཁྲུས་གསུམ་ཟས་གོས་སོགས་འདྲ། ཞེ་སྡང་སྐྱེས་ན་སྙིང་གི་དཀྱིལ་དུ་ཡི་གེ་མ་ཞིག་བསམ། དེ་ལས་འོད་འཕྲོས་ལུས་ཁེངས་པས་ཉོན་མོངས་ཞི་བར་བསམ། འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ཞི་བར་བསམས་ལ། མ་ཎི་སྟོང་ཚོ་རེ་རེ་བཟླ། འདོད་ཆགས་སྐྱེས་ན་ལྟེ་བར་འོད་དམར་པོ་བསམ་པ་སོགས་དང༌། གཏི་མུག་སྐྱེས་ན་སྤྱི་བོར་ཏིལ་ནག་པོ་བསམ་པ་སོགས་གོང་གིས་རིགས་འགྲེ། དུག་གསུམ་ཤད་སྦྱངས་འདི་མ་ཆག་ན་ཉོན་མོངས་ཀྱིས་མི་གོས་ཚོགས་མྱུར་དུ་རྫོགས་སོ། །
ཉལ་ཁར་བཅུ་གཅིག་ཞལ་གྱི་བྲིས་སྐུ་སོགས་ཡོད་ན་རབ། མེད་ཀྱང་བསམས་ལ། ངག་ཏུ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་བདག་ལུས་འབུལ་གྱིས་ཐམས་ཅད་དུ་རྣམ་པ་ཐམས་ཅད་སོ་སོར་བཞེས་སུ་གསོལ་གསུམ། ཇོ་བོའི་ཐུགས་ཀར་བདག་ལུས་སིབ་ཀྱིས་ཐིམ་པར་བསམ། མཉམ་པར་བཞག སྙིང་རྗེ་ཆེན་པོ་ལས་མི་འདའ་སྙམ་པས་ངག་ཏུ་ཇོ་བོ་ཐུགས་རྗེ་ཆེན་པོས་བདག་དམ་ཚིག་ཆེན་པོ་ལས་མི་འདའ་བའི་དངོས་གྲུབ་སྩལ་དུ་གསོལ་གསུམ། དགེ་བ་བསྔོ། ཚོགས་འཁོར་བྱེད་ན་ཤ་ཁྲག་དང་ཆང་འདིར་མི་རུང༌། དཀར་གསུམ་སོགས་དགོས། ཞིབ་པར་ཡི་གེ་རྙིང་པར་བཙལ་ལོ། །ཞེས་པ་འདི་བྱ་བྲལ་བ་སངས་རྒྱས་ཕུན་ཚོགས་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ།། །།
ཤེས་རབ་ཀྱི་ལྷ་རྣམས་ཀྱི་རྗེས་གནང་སྐབས་སུ་གླེང་བར་འོས་པའི་གཏམ་ཉུང་ངུ་བདུད་རྩིའི་དབྱངས་སྙན།
ཤེས་རབ་ཀྱི་ལྷ་རྣམས་ཀྱི་རྗེས་གནང་སྐབས་སུ་གླེང་བར་འོས་པའི་གཏམ་ཉུང་ངུ་བདུད་རྩིའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷི། གཟུངས་དང་སྤོབས་པའི་དངོས་གྲུབ་ཀྱིས། །སྲིད་ཞིའི་ཕན་བདེ་རྒྱས་མཛད་པ། །བློ་གྲོས་མཆོག་སྩོལ་ལྷག་པའི་ལྷར། །བཏུད་ནས་བདུད་རྩིའི་དབྱངས་སྙན་ལེན། །དེ་ལ་རྗེ་བཙུན་འཇམ་པའི་དབྱངས་དང༌། ལྷ་མོ་དབྱངས་ཅན་མའི་སྐོར་གྱི་རྗེས་སུ་གནང་བའི་སྐབས་མཚམས་སྦྱོར་གྱི་བཤད་པ་ཅུང་ཟད་སྤྲོ་ན། ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་གསལ་གདབ་པ་རྒྱས་བསྡུས་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས་འདི་ལྟར་གླེང་བར་བྱ་སྟེ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བའི་གཞན་དབང་འཇིགས་འགྱུར་བ། །དེ་ལ་ཕྱི་ནས་གང་གིས་བསླང་བར་འགྱུར། །ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱིས་རྙེད་པར་དཀའ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་
ཆེ་དང་མཇལ། ཡང་དག་པའི་བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ཞིང༌། བསྟན་པའི་འཇུག་སྒོ་ཚང་ལ་མ་ནོར་བར་ཡོད་པའི་སྐབས་འདིར། རང་གིས་རང་མ་བསླུས་པར་དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་དམ་པའི་ཆོས་རྣམ་པར་དག་པ་རེ་ལ་ཅི་ནས་ཀྱང་འབད་དགོས། དེ་ལྟ་བུའི་ཆོས་རྣམ་པར་དག་པ་བསྒྲུབ་པ་ལའང༌། རྒྱུ་མཚན་ཤེས་པའི་དད་པ་དང་བཅས་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་སྔོན་འགྲོ་བ་དད་པ་ཡིན། །ཅེས་གསུངས་པའི་ཕྱིར། དེ་ཡང་འདི་ལྟར་སྐྱེས་བུ་ཆུང་ངུའི་དབང་དུ་བྱས་ན། རྙེད་པར་དཀའ་བའི་དལ་བ་ལོང་མེད་པས་མྱུར་དུ་འཇིག་ཅིང༌། ཤི་ནས་ཅང་མེད་དུ་མི་འགྲོ་བར་ལས་ཀྱི་དབང་གིས་འཁོར་བར་འཁྱམས་ལ། དེའི་ཚེ་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་བཟོད་བླགས་མེད་པ་མྱོང་བའི་ཚུལ་ལེགས་པར་རྟོགས་ཏེ། མངོན་མཐོ་ལྷ་མིའི་བདེ་
བ་ཙམ་དོན་དུ་གཉེར་བའི་སྒོ་ནས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའང་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་ལ་རགས་ལས། སྐྱེས་བུ་འབྲིང་གི་དབང་དུ་བྱས་ན། ཁམས་གསུམ་གྱི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་མེ་འོབས་ལྟ་བུར་ཤེས་ནས། རང་ཉིད་ཁོ་ན་ཞི་བདེ་དོན་དུ་གཉེར་བའི་བསམ་པས། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལ་ཐུག་ཅིང༌། དེ་ལའང་ལས་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ལས། ལས་ཀྱི་ཀུན་འབྱུང་རྐྱང་པ་ཙམ་གྱིས་འཁོར་བར་འཕེན་མི་ནུས་ཏེ། ཚད་མ་རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་འཁོར་བར་འཁྱམས་པའི་རྩ་བ་ནི་ཉོན་མོངས་པའི་ཀུན་འབྱུང་དང༌། དེའི་རྩ་བའང་བདག་ཏུ་འཛིན་པའི་མ་རིག་པ་ཁོ་ན་ཡིན་ལ། དེ་དང་འཛིན་སྟངས་དངོས་སུ་འགལ་བ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་ནས་སྲིད་པའི་རྩ་བ་གཅོད་དགོས་པའང་ཤེས་རབ་ཕུན་སུམ་ཚོགས་པ་ལ་རགས་ལས། སྐྱེས་བུ་ཆེན་པོའི་དབང་དུ་བྱས་ན། སྤྱིར་སྐྱེ་བ་སྔ་མ་ཡོད་པར་བསྒྲུབ་པའི་རིག་པས་སེམས་ཅན་ཐམས་ཅད་མར་ཤེས་པ་དང༌། དྲིན་དྲན་པ་དང༌། དྲིན་བཟོ་བ་དང༌། ཡིད་འོང་གི་བྱམས་པ་དང༌། སྙིང་རྗེ་རྣམས་ཀྱི་རྒྱུ་ལ་བརྟེན་ནས། ལྷག་པའི་བསམ་པ་རྣམ་པར་དག་པས་དྲངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་སྨོན་པ་དང༌། དེའི་ཆེད་དུ་ཕྱིན་དྲུག་གི་བྱ་བ་ལ་དངོས་སུ་སྦྱོར་བ་འཇུག་པ་སེམས་བསྐྱེད་དེ། དེ་ལྟ་བུའི་རྒྱུ་འབྲས་འབྲེལ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བའང་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་ལ་རགས་ལས།
བྱེ་བྲག་ཏུ་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་གཅིག་ཏུ་བསྡོམས་ནས་ཕར་ཕྱིན་དྲུག་གི་ཉམས་ལེན་གྱི་ནང་དུ་འདུ་བས། སྦྱིན་སོགས་ཐབས་ཀྱི་ཕྱོགས་བཞི་དང༌། གཉིས་ཀའི་གྲོགས་སུ་གཅེས་པ་བརྩོན་འགྲུས་ཏེ་ལྔ་པོའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྱུར་བ་ཡིན་ཏེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པར་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་དགེ་བའི་རྩ་བ་ཆེ་ཆུང་ཇི་ལྟ་བུ་ཞིག་ཡིན་ཀྱང་རུང་སྟེ་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བ་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཁོ་ན་ལ་ལྟོས་དགོས་ཏེ། སློབ་དཔོན་ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་གསུངས་པའི་ཕྱིར། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་ལ་སློབ་པའི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་ཀྲྀ་པི་ཏ་ཀ་མ་ལས་ཁྱད་ཆོས་བཞི་གསུངས་པའི་ནང་ཚན། དབང་པོ་རྣོན་པོའི་དབང་བྱས་ཏེ། །ཞེས་གསུངས་པ་ལྟར་རིག་པ་འཛིན་པ་སྔགས་ཀྱི་ཐེག་པ་ནི། མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པའི་གསང་བ་ཆེན་པོའི་གནས་རྣམས་ལ་ཇི་བཞིན་དཔྱོད་པར་ནུས་པའི་དབང་པོ་རྣོན་པོ་ཁོ་ནའི་ངོ་སྐལ་དུ་བསྟན་པའི་ཕྱིར་ན་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་ལ་རགས་ལས་པས་མཚོན། མདོར་ན་སློབ་དཔོན་འཕགས་པ་ལྷས་དབུ་མ་བཞི་བརྒྱ་པ་ལས། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་སྟེ། །ཞེས་གསུངས་པ་ལྟར་མངོན་སུམ་ཚད་མའི་ཡུལ་དུ་གྱུར་པ་
མཐོང་བ་སྟེ་ཤེས་བྱ་མངོན་གྱུར་དང༌། རྗེས་སུ་དཔག་པ་དང༌། ལུང་ཚད་མའི་ཡུལ་དུ་གྱུར་པ་མ་མཐོང་བ་སྟེ་ཤེས་བྱ་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གྱི་ཡོན་ཏན་མཐའ་དག་གི་རྩ་བ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་ལ་རགས་ལས་ཤིང༌། དེ་ལྟ་བུའི་ཤེས་རབ་ཀྱི་ཉེར་ལེན་ཙམ་རང་གི་སྟེང་ནས་གྲུབ་པ་ཞིག་ཡིན་མོད་ཀྱང༌། དེ་མྱུར་དུ་སད་པར་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ནི་ལྷག་པའི་ལྷ་ཁྱད་པར་ཅན་གྱི་བྱིན་རླབས་ཞིག་ལ་ངེས་པར་བརྟེན་དགོས་ཤིང༌། དེ་ལའང་རྒྱུད་སྡེ་ཆེན་པོ་རྣམ་པ་བཞི་ནས་ཤེས་རབ་ཀྱི་ལྷའི་སྒྲུབ་ཐབས་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང༌། འཕགས་བོད་ཀྱི་མཁས་གྲུབ་ཐམས་ཅད་ལ་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་པ་ནི་རྗེ་བཙུན་འཇམ་པའི་དབྱངས་དང༌། ལྷ་མོ་དབྱངས་ཅན་མ་གཉིས་ཡིན་ལ། དེ་ལས་ཀྱང་འདིར་སྐབས་སུ་བབས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྐུ་ཅན་རྗེ་བཙུན་འཇམ་པའི་དབྱངས་ལ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་ལས་དཀྱིལ་འཁོར་ཡི་གཙོ་བོ་དང༌། འཁོར་གྱི་ཚུལ་དུ་བསྟན་པའི་བསྒྲུབ་བྱའི་ལྷ་དང༌། སྒྲུབ་བྱེད་ཀྱི་ཐབས་དང༌། རིག་པའི་སྔགས་ཀྱི་ཁྱད་པར་མི་འདྲ་བ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཀླས་པ་ཞིག་གསུངས་པ་ལ་བརྟེན་ནས་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་རྣམས་ཀྱིས་ལེགས་པར་བཀྲལ་བའི་བཀའ་སྲོལ་ཟབ་ཅིང་རྒྱ་ཆེ་བ་དུ་མ་ཞིག་བཞུགས་པའི་ནང་ཚན། ཞེས་པའི་མཚམས་སོ་སོའི་ལོ་རྒྱུས་ཀྱི་ཁྱད་པར་སྦྱར་ཏེ། འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་ལ་མཚོན་ན། ཁྱད་པར་དུ་གྱུར་པ་རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་རྗེས་སུ་གནང་བ་ལ། ཐོག་མར་ཡིད་ཆེས་ཤིང་
ཁུངས་བཙུན་པའི་ཕྱིར་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་འབུལ་ན། རྒྱ་གར་འཕགས་པའི་ཡུལ་དུ་པཎ་གྲུབ་དབང་པོ་ཛཻ་ཏཱ་རི་ཞེས་གྲགས་པའི་མཚན་གྱི་ཟླ་སྣང་འཇིག་རྟེན་ན་ཆེས་ཆེར་གསལ་བ་དེས་རྗེ་བཙུན་འཇམ་པའི་དབྱངས་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་མངོན་སུམ་དུ་བཞེས་ཏེ་རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ་ལ་གནང༌། དེས་རྡོ་རྗེ་གདན་པ་ཆུང་བ་དོན་ཡོད་རྡོ་རྗེ་ལ་གནང༌། དེ་ལས་གསན་ཏེ་གངས་ཅན་གྱི་ལྗོངས་འདིར་སྙིང་རྗེ་ཆེན་པོ་བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་སྤྱན་དྲངས་ཤིང༌། འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་གནང་བ་ཡིན་ཏེ། དེའང་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཉིད་དགུང་ལོ་བཅུ་གཉིས་བཞེས་པའི་དུས། བླ་མ་བ་རི་ལོ་ཙཱ་བའི་གསུང་གིས། ཉིད་ཕ་ཇོ་སྲས་ས་སྐྱ་པ་དཀོན་མཆོག་རྒྱལ་པོ་ཞེས་བྱ་བ། འགྲན་ཟླ་དང་བྲལ་བ་དེ་ཙམ་གྱི་བུ་ཡིན་པས་སློབ་གཉེར་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་བྱེད་དགོས། སློབ་གཉེར་བྱེད་པ་ལ་ཤེས་རབ་ཐོགས་པ་མེད་པ་ཞིག་དགོས། ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས་ཡིན་པས་འདི་སྒྲུབས་ཤིག་གསུངས་ནས་འདིའི་རྗེས་སུ་གནང་བ་དང་གདམས་ངག་གི་སྐོར་ཐམས་ཅད་གནང་ཞིང༌། བླ་མས་ཀྱང་སྒྲུབ་གྲོགས་མཛད་དེ་བསྒྲུབས་པས། ཐོག་མར་བར་ཆད་ཀྱི་ལྟས་ཅུང་ཟད་བྱུང་བ་ལ། མི་གཡོ་བ་སྔོན་པོའི་སྲུང་བ་ལ་སོགས་པ་མཛད་པས་མི་གཡོ་བའི་ཞལ་གཟིགས་ཤིང་བར་ཆད་བཟློག དེ་ནས་ཟླ་བ་དྲུག་སོང་བའི་ཚེ། རྗེ་བཙུན་འཇམ་པའི་དབྱངས་འགྲུབ་ནས་ཞལ་མངོན་སུམ་དུ་གཟིགས་ཏེ། དེའང་མདུན་གྱི་ནམ་མཁར་ཡིད་འཕྲོག་པའི་མཆོད་པ་སྣ་ཚོགས་པ་ཉེ་བར་བཀོད་པའི་
དབུས་སུ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲིའི་སྟེང་ན། རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་གུར་གུམ་གཞོན་ནུའི་མདོག་ལྟ་བུ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེ་མཛུབ་ཀྱིས་ཡུ་བ་བཟུང་ནས་གཡས་གཡོན་དུ་གྱེས་ཏེ་སྙན་གྱི་ཐད་དུ་ཁ་བྱེ་བའི་ཨུཏྤལའི་སྟེང་ན་རལ་གྲི་དང་པུསྟི་འཛིན་པ། ཞབས་གཉིས་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པའི་གཡོན་པའི་སོར་མོས་གཡས་པའི་སོར་མོ་ཅུང་ཟད་མནན་པ། ཞལ་འཛུམ་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་བཀླུབས་པ། འོད་ཀྱི་དཀྱིལ་འཁོར་ཤིན་ཏུ་བཀྲ་བའི་དབུས་ན་བཞུགས་ཤིང༌། འོད་ཟེར་གྱི་དྲྭ་བ་ཕྱོགས་བཅུར་བྲེས་པ། གཡས་སུ་བློ་གྲོས་མི་ཟད་པ། གཡོན་དུ་སྤོབས་པ་བརྩེགས་པ་སྟེ་འཁོར་བྱང་ཆུབ་སེམས་དཔའ་གཉིས་དང་བཅས་པ་མངོན་སུམ་དུ་བྱོན་ཏེ་གཙོ་བོ་འཇམ་དབྱངས་ཀྱི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་ཞེན་པ་བཞི་བྲལ་གྱི་གདམས་པ་གནང་ཞིང་བྱིན་གྱིས་བརླབས་པས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་གནད་ཐམས་ཅད་རྫོགས་པར་ཐུགས་ལ་འཁྲུངས། ཤེས་བྱ་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ཆོས་ཐམས་ཅད་ཐུགས་སུ་ཆུད། མི་བརྗེད་པའི་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་བརྙེས། དེ་ཕྱིན་ཆད་མཇལ་ནམ་བཞེད་པའི་དུས་སུ་གསོལ་བ་བཏབ་པ་ཙམ་གྱིས་ཞལ་སྟོན་ཅིང་ཆོས་གསུང་བ་དང་ཐེ་ཚོམ་གཅོད་པ་ཡིན་གསུངས། དེས་རིགས་ཀྱི་སྲས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གཉིས་ལ་གནང་སྟེ། དེ་གཉིས་ཀྱིས་ཀྱང་ཡང་དང་ཡང་དུ་ཞལ་གཟིགས། རྗེ་བཙུན་རིན་པོ་ཆེའི་དྲུང་དུ་ཆོས་
རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་གསན་ཏེ། དེས་ཀྱང་འབྲལ་མེད་དུ་ཞལ་གཟིགས། དེའི་དྲུང་དུ་འཕགས་པ་རིན་པོ་ཆེས་གསན་ཏེ། དེས་ཀྱང་ཡང་ཡང་ཞལ་གཟིགས། ཡང་ཆོས་རྗེ་ས་སྐྱ་པཎྜི་ཏའི་དྲུང་དུ་རོང་པ་ཨཱ་ཀ་རས་གསན་པ་སོགས་ནས་རིམ་པར་བརྒྱུད་དེ་བྱོན་པའི་བླ་མ་རྣམས་ཀྱིས་དངོས་དང༌། ཉམས་དང༌། མནལ་ལམ་གྱི་ཚུལ་དུ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པས་རྗེ་བཙུན་ས་སྐྱ་པའི་རིང་ལུགས་འཛིན་པ་མཐའ་དག་གིས་ལྷག་པའི་ལྷ་མཆོག་ཏུ་བཟུང་བའི་ཡི་དམ་ཁྱད་པར་ཅན་འདིའི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཞེས་སོགས་རྗེས་གནང་གི་དཀྱུས་ལྟར་རོ།། ༈ །ཡང་འཇམ་དབྱངས་སྨྲ་སེང་སྐབས། བཞུགས་པའི་ནང་ཚན་ཞེས་པ་ཡན་གོང་ལྟར་ལ། ཁྱད་པར་དུ་གྱུར་པ་འཇམ་དབྱངས་སྨྲ་བའི་སེང་གེའི་རྗེས་སུ་གནང་བ་ལ། ཐོག་མར་ངེས་ཤེས་བསྐྱེད་པའི་ཕྱིར་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན། འདི་ལྟ་བུའི་གདམས་པ་ཟབ་མོ་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དྲང་སྲོང་ཉི་མའི་ཤིང་རྟ་ཞེས་པ་ལ་གནང༌། དེས་བྲམ་ཟེ་རིག་བྱེད་གཞོན་ནུ་ལ་གནང་སྟེ། དེའང་རྒྱ་གར་འཕགས་པའི་ཡུལ་དབུས་སུ་བྲམ་ཟེ་སྭ་སྟི་བྷ་དྲ་སྟེ་བདེ་ལེགས་བཟང་པོ་ཞེས་པ་ལོ་དགུ་བཅུ་རྩ་དགུ་ལོན་པ་ཞིག འཁོར་བ་ལ་ཡིད་སྐྱོ་ཞིང་སངས་རྒྱས་པ་ལ་དད་པ་སྐྱེས་ཏེ། སུ་མ་ཏི་ཀཱིརྟི་ཞེས་པ་ལེགས་པའི་བློ་གྲོས་གྲགས་པའི་རྩར་ཡི་གེ་སློབ་ཏུ་སོང་བས། ཡོན་བདག་རྒྱལ་པོ་ཀུ་མཱ་ར་དེ་བ་ན་རེ། ལོ་དགུ་བཅུ་ལོན་པའི་ཡི་གེ་མི་ལོབ་ཟེར་བས། དེ་བདེན་ཡི་གེ་མ་ལོབ་ན་ཆོས་ཀློག་མི་ཤེས། ཆོས་མ་ཀློག་ན་ཆོས་བྱེད་མི་ཤེས། ཆོས་བྱེད་མ་ཤེས་ན་འཁོར་བར་མི་སྤོང་ཞིང་སངས་རྒྱས་མི་ཐོབ། དེ་བས་ན་འཕགས་པ་འཇམ་དཔལ་ལ་
གསོལ་བ་གདབ་དགོས་སྙམ་ནས། སྒྲུབ་ཐབས་འདི་ཉིད་དྲང་སྲོང་ཉི་མའི་ཤིང་རྟ་ལས་ནོད་དེ། དུས་ཇི་ཙམ་ཞིག་གིས་འགྲུབ་ཞུས་པས། ལས་འཕྲོ་ཡོད་ན་ཉི་མ་གཅིག་གིས་ཀྱང་འགྲུབ་གསུང༌། དེར་སྭ་སྟི་བྷ་དྲས་འཕགས་པའི་སྐུ་ཞིག་གི་མདུན་དུ་རལ་གྲི་དྲངས་ཏེ། འཕགས་པ། དོ་ནུབ་ཆོས་མི་གསུང༌། ཞལ་མི་སྟོན་ན་སྐེ་བཅད་དེ་འཆི་བྱས་ནས་ས་རྡེ་བཙུགས་པས་ནམ་ལངས་པ་ན་འཕགས་པ་བྱོན་ནས་ཆོས་གསུངས་ཤིང་བྱིན་གྱིས་བརླབས་པས་ལོ་བརྒྱད་ལོན་པ་ཙམ་དུ་གྱུར་ཏེ་བྲམ་ཟེའི་པཎྜི་ཏ་ཆེན་པོ་རིག་བྱེད་གཞོན་ནུ་ཞེས་གྲགས་སོ། །དེས་«་་་་་གསན་ཡིག་ཕལ་ཆེར་དུ་བར་འདིར་དབྱངས་ཅན་བཟང་པོ་ཞེས་བྱུང་ནའང༌། ལོ་རྒྱུས་ཡིག་རྙིང་རྣམས་ལས་དམ་པས་རིག་བྱེད་གཞོན་ནུ་དངོས་ལས་གསན་པར་བཤད་དོ།། »རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་མཆོག་གི་དེད་དཔོན་དམ་པ་སངས་རྒྱས་ཞེས་བྱ་བ། རྒྱ་གར་གྱི་ཡུལ་ལྷོ་ཕྱོགས་བཻ་ཏའི་གླིང་ཙ་ར་སིཾ་ཧར་སྐུ་འཁྲུངས། ཐུགས་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་ཞལ་གཟིགས། གྲུབ་ཐོབ་ཐམས་ཅད་ཀྱིས་གདམས་པའི་མཛོད་བྱིན། རྟེན་འབྲེལ་དང༌། རྫུ་འཕྲུལ་དང༌། མངོན་ཤེས་མཐའ་ཡས་པ་ལ་དབང་འབྱོར། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་བརྙེས་པ་རྗེ་བཙུན་དམ་པ་རྒྱ་གར་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་དེ་ལ་གནང་བ་དང༌། ཉེ་བརྒྱུད་ཕ་དམ་པ་སངས་རྒྱས་ཉིད་ཀྱིས་རྗེ་བཙུན་སྨྲ་བའི་སེང་གེ་ལས་དངོས་སུ་གསན་པས་ན་ཐུགས་དམ་རྒྱུན་འཁྱེར་བདེ་གཤེགས་བཅུ་གཉིས་ཀྱི་ནང་ནས་ཀྱང་ངོ་མཚར་ཆེ་ཤོས་ཤིག་ཏུ་སྣང་ངོ་ཞེས་བླ་མ་གོང་མ་དག་གིས་གསུངས་སོ། །དེ་ལྟར་ན་གྲུབ་ཆེན་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་ལམ་འགྲོ་བའི་མགོན་པོ་དམ་པ་སངས་རྒྱས་ནས་བཟུང་བདག་ཅག་གི་ཡོངས་སུ་འཛིན་པ་ཆེན་པོའི་བར་ལམ་འདི་ལས་དངོས་གྲུབ་བརྙེས་པའི་བརྒྱུད་པ་བར་མ་ཆད་པར་བྱོན་པའི་རྗེས་སུ་གནང་བ་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་
གྲུབ་ནས་སོགས་སྦྲེལ། དེས་མཚོན་འཇམ་དབྱངས་དཀར་པོ་མ་ཏི་ལུགས་དང༌། ཤེས་རབ་འཁོར་ལོ་སོགས་ཀྱི་ལོ་རྒྱུས་སོ་སོའི་རྗེས་གནང་ལས་འབྱུང་བ་ལྟར་སྦྲེལ་ལོ།། ༈ །ལྷ་མོ་དབྱངས་ཅན་མའི་སྐབས། པཎྜི་ཏ་ས་མནྟ་ཤྲཱིའི་ལུགས་ཀྱི་དབྱངས་ཅན་དཀར་མོ་ལ་མཚོན་ན། ལྷ་མོ་དབྱངས་ཅན་མ་གཉིས་ཡིན་ལ། ཞེས་པའི་བར་གོང་ལྟར་ལ། དེ་ལ་འདིར་སྐབས་སུ་བབས་པ། ཕྱི་ནང་གཉིས་ཀའི་ཤེས་རབ་ཀྱི་ལྷ་ཐུན་མོང་དུ་གྱུར་པ་ལྷ་མོ་དབྱངས་ཅན་མ་སྟེ། དེ་ལའང་རིག་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ་ལྟར་ན། སྔོན་གྱི་ཚེ་ཚངས་པ་ཆེན་པོའི་ཞལ་ལས་ཆུའི་ཕུང་པོ་ཞིག་བྱུང་བ་འཛམ་གླིང་གི་ལྷོ་ཕྱོགས་སུ་འཁྱིལ་པ་ལ་ཡིད་ཀྱི་རོལ་མཚོ་ཞེས་གྲགས་ཤིང༌། དེ་ལས་རྦ་རླབས་ཀྱི་གདངས་ལས་སྭ་ར་སྭ་ཏཱི་ཞེས་པའི་དབྱངས་སྙན་ཕུན་སུམ་ཚོགས་པ་ཞིག་བྱུང་བ་ནི་ཡུམ་དང༌། ཚངས་པ་ཆེན་པོ་དེ་ལ་ཆགས་པའི་ཐུགས་ཀྱིས་གསན་པ་ཡབ་ཀྱི་དོད་དུ་བྱས་ཏེ། རྒྱ་མཚོ་དེ་ལོ་སྟོང་དུ་བསྲུབས་པའི་སྙིང་པོ་ལས་ལྷ་མོ་མཚར་སྡུག་དང་ལྡན་པ་ཞིག་བྱུང་བ་ན་ལྷ་མོ་དབྱངས་ཅན་མ་ཞེས་གྲགས་ལ། དེང་སང་ཡང་གནས་དེར་དྲི་ཟ་ཏུམྦུ་རུའི་ཆུང་མའི་ཚུལ་དུ་མཛད་ནས་བཞུགས་པར་བཤད་དེ། བྲམ་ཟེ་ཕུར་བུས། བིཥྞུའི་གཟུགས་ཅན་ཏུམྦུ་རུ་ལ་དགའ་བསྐྱེད་ཚུལ་འཛིན་མ། ཞེས་གསུངས། ནང་པ་སངས་རྒྱས་པའི་དབང་དུ་བྱས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་གྱི་མཆེ་བའི་རྩེ་ལས་སྤྲུལ་པར་བཤད་ཅིང༌། དེ་དང་མཐུན་པར་བྲམ་ཟེ་ཕུར་བུས་ཀྱང༌། སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང༌། །ཞེས་གསུངས། དོན་དམ་པར་སྲས་དང་བཅས་པའི་རྒྱལ་བ་ཐམས་ཅད་ཀྱི་ཤེས་རབ་སྟོང་པ་ཉིད་བཞིན་ལག་མཚན་དཔེའི་རྣམ་རོལ་དུ་
ཤར་བ་སྟེ། དེ་ལྟ་བུའི་ལྷག་པའི་ལྷ་ཁྱད་པར་ཅན་འདི་ཉིད་ལའང་སྒྲུབ་སྐོར་མི་འདྲ་བ་དུ་མ་ཞིག་ཡོད་དེ། བྲམ་ཟེ་ཕུར་བུ་ནས་རིམ་པར་བརྒྱུད་དེ་སུམ་པ་ལོ་ཙཱ་བས་བོད་དུ་དར་བར་མཛད་པའི་དབྱངས་ཅན་མ་དཀར་མོ་བྲམ་ཟེ་ཕུར་བུའི་ལུགས་དང༌། བོ་དོང་པཎྜི་ཏ་ཕྱོགས་ལས་རྣམ་རྒྱལ་ཞེས་ལྷ་མོ་ཉིད་ཀྱིས་དངོས་སུ་ཞལ་གཟིགས་ཏེ་སྤོབས་པའི་གཏེར་མཛོད་ཆེན་པོ་གྲོལ་ནས་དེ་ཉིད་འདུས་པ་ལ་སོགས་པའི་བསྟན་བཅོས་པུསྟི་བརྒྱ་ཕྲག་ཐལ་བ་གསུང་རྩོམ་གནང་བ་དེ་ལས་བརྒྱུད་པའི་དབྱངས་ཅན་མ་དཀར་མོ་བོ་དོང་ལུགས་དང༌། གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཁ་ཆེ་པཎྜི་ཏ་ཆེན་པོ་བིཀྵ་པར་མ་སོགས་ནས་ཉེ་བར་བརྒྱུད་ཅིང་ཞལ་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པ་ཤིན་ཏུ་ཟབ་པ་དབྱངས་ཅན་དམར་མོ་གསང་སྒྲུབ་ཀྱི་སྐོར་དང༌། གཞན་ཡང་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་སོགས་ནས་འབྱུང་བས་མཚོན་གདམས་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པའི་ནང་ནས་ད་ལན་གྱི་སྐབས་སུ་བབས་པ་ནི། འཕགས་མ་ཉིད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ལ་གནང༌། དེས་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་ཛྙཱ་ན་བྷ་དྲ་མུ་ནཱིནྡྲ་ལ་གནང༌། དེ་ཉིད་ཆེན་པོ་ཧོར་གྱིས་གདན་དྲངས་ཏེ་བོད་དུ་བྱོན་ནས་ཞྭ་ལུ་ཚོང་དུས་ཕེབས་པ་ན། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་སྤྱན་འདྲེན་པ་ལ་ཆེད་གཏད་དུ་མངགས་ཀྱང་ཧོར་གྱིས་བཀག་ནས་ཕེབས་མ་ཐུབ། དེའི་ཚེ་བུ་སྟོན་རིན་པོ་ཆེས་སླར་ཡང་ཐུགས་སྲས་ལོ་ཙཱ་བ་ལ་སྒྲ་ཚད་དང་རྒྱུད་སྡེའི་སྐོར་གྱི་དྲི་བ་འགའ་དང་བཅས་ཏེ། གདམས་པ་ཟབ་མོ་འདྲ་འདུག་ནའང་ཉོན་ཤོག་ཅེས་བཀའ་བསྒོས་ཏེ་ཆེད་དུ་མངགས། ཐུགས་སྲས་ལོ་ཙཱ་བ་ཆེན་པོས་ཀྱང་དོགས་པ་གཅོད་པའི་དྲི་བ་ཐམས་
ཅད་མཐིལ་ཕྱིན་པར་མཛད་ཅིང༌། ཁྱད་པར་དུ་དབྱངས་ཅན་མའི་སྒྲུབ་སྐོར་འདི་ཉིད་ཀྱི་རྗེས་གནང་མན་ངག་དང་བཅས་པ་གསན་ཏེ། ཞག་ཉེར་གཅིག་ཙམ་བསྒྲུབས་པས་པི་ཝང་གི་སྒྲ་དངོས་སུ་གསན་ནས་མཁྱེན་རབ་ཀྱི་ཀློང་བརྡོལ། གཞན་ཡང་ཕྱིས་སུ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཞག་བདུན་དུ་སྒྲུབ་པ་མཛད་པས་མེ་ཏོག་དཀར་པོའི་ཆར་བབས་ཤིང་དངོས་སུ་ཞལ་གཟིགས་ཏེ་སྙན་དངགས་ཀྱི་རྩོམ་པ་ཐོགས་མེད་དུ་གྱུར། རྒྱལ་བ་དགེ་འདུན་རྒྱ་མཚོས་བསྒྲུབས་པས་ཀྱང་ཞལ་དངོས་སུ་བསྟན་ཏེ་ཇ་སྦྱོར་རེའི་ཡུན་ལ་ཤློ་ཀ་བརྒྱ་རེ་ཙམ་ཟིན་པའི་ཐུགས་རབ་ཕུན་སུམ་ཚོགས་པར་བྱུང་ཞིང༌། རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆད་ལ་འགྲན་ཟླ་སྤངས་པའི་སྙན་དངགས་མཁན་ཆེན་པོར་གྱུར་པ་སོགས་རང་གཞན་གྱི་བླ་མ་གོང་མ་ཐམས་ཅད་ཀྱི་ཐུགས་ཉམས་སུ་བཞེས་ཤིང༌། གྲུབ་པ་བརྙེས་པ་ཤ་སྟག་བྱུང་བའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པའི་རྗེས་གནང་ཟབ་མོ་འབུལ་བ་ལ། སློབ་དཔོན་གྱིས་བྱ་བ་དང་སོགས་དཀྱུས་བཞིན་སྤེལ་བས་མཚོན་རང་རང་གི་ལོ་རྒྱུས་སྦྱར་རོ། །དཔྱིད་ཀྱིས་བཟུང་བའི་གཞན་གསོས་གླུས། །ཡིད་ཅན་སྙིང་ལ་དགའ་སྟེར་བཞིན། །མཁས་པའི་ལེགས་གསུང་བདུད་རྩིའི་དབྱངས། །ཐར་འདོད་རྣ་བར་སྙན་གྱུར་ཅིག །ཅེས་པའང་རྗེ་བླ་མ་བཅུ་ཕྲག་རིག་པའི་མཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོས་འོག་མིན་གཉིས་པ་ཤྲཱི་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་གསུང་བཤད་ཇི་ལྟར་གནང་བ་བཞིན་ཡི་གེར་བྲིས་ཤིག་ཅེས་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཞལ་སྔ་ནས་བཀའ་སྩལ་རིན་པོ་ཆེའི་མེ་ཏོག་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་ཟིན་བྲིས་སུ་བཏབ་པ་ལས། སླར་ཡང་
ཡིག་རྙིང་ལས་འབྱུང་བའི་ལོ་རྒྱུས་ལེ་ཚན་ཀྱང་བསྣན་ཏེ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་དཱ་པྲ་ཛྙཱ་ལཀྵྨཱིཾ་པྲ་བརྡྷནྟུ།། །