སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་རྗེས་གནང་དང་བཅས་པ།
མཧཱཀཱརུཎིཀཤྩམཧཱམུདྲྭདྭཡྻཱསྠིཏིཀྲྀཡཱཡཱཏྲཱསཱནུཛྙཱཤྩབིཧརཏིསྨ།།
ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་རྗེས་གནང་དང་བཅས་པ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་བསྡད་ལ། བླ་མ་ལ་སྐྱབས་སུ་མཆི། །སངས་རྒྱས་ལ་སྐྱབས་སུ་མཆི། །ཆོས་ལ་སྐྱབས་སུ་མཆི། །དགེ་འདུན་ལ་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཏིང་ངེ་འཛིན་ཟབ་མོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་རང་གི་ལུས་མི་དམིགས་པ་སྟོང་པ་ཉིད་དུ་སངས་ཀྱིས་བསྒོམ། དེ་ནས་རང་ཉིད་སྐད་ཅིག་གིས་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ནས། སངས་རྒྱས་ཐམས་ཅད་ལ་སེམས་ཅན་གྱི་དོན་མཛད་པར་སྐུལ་བ། གཡས་ཀྱི་འོག་མས་ཕྲེང་བ་དཀར་པོ་དང༌། གཡོན་གྱི་འོག་མས་རིན་པོ་ཆེ་དང་བཅས་པའི་པདྨ་འཛིན་པ།
རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟའ་མནབས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་སེམས་ཅན་གྱི་དོན་མཛད་པ། སྤྱི་བོ་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམས་ལ་ཡིད་ཅུང་ཟད་གཟུང༌། དེ་ནས་སྤྱི་བོའི་འོད་དཔག་ཏུ་མེད་པ་ལ་དམིགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྒྱས་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་ལན་གསུམ་གསོལ་བ་གདབ། དེ་ནས་བདེ་བ་དང་
སྡུག་བསྔལ་དང་འཁོར་བ་དང་མྱ་ངན་ལས་འདས་པའི་རྩ་བ་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་དེའང་བརྟགས་ན་ཁ་དོག་དང་དབྱིབས་སུ་མ་གྲུབ། གཅིག་དང་དུ་མ་ཡང་མ་ཡིན་པས་རང་གི་ངོ་བོས་སྟོང༌། ངོ་བོ་མེད་པའི་དབང་གིས་གདོད་མ་ནས་སྐྱེ་བ་མེད་པས་དང་པོ་རྒྱུས་སྟོང༌། སྐྱེ་བ་མེད་པའི་ཕྱིར་སྡོད་པ་མེད་པས་བར་དུ་གནས་པས་སྟོང༌། གནས་རྒྱུ་མེད་པའི་ཕྱིར་འཇིག་པ་མེད་པས་ཐ་མ་འགགས་པས་སྟོང་པས་གཞི་དང་རྩ་བ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའོ་ཞེས་སྤྲོས་པ་བཅད་ལ། མཚན་མ་དང་རྣམ་པར་རྟོག་པ་གང་ཡང་མི་བསྒོམ་ཞིང་ཡིད་ལ་མི་བྱེད་པར་སྤྲོས་བྲལ་གྱི་ངང་ལ་ཡིད་ལྷོད་དེ་མཉམ་པར་བཞག ཕྱིས་ནས་གོམས་པ་དང༌། སེམས་མི་འཕྲོ་ཞིང་ནང་དུ་གནས་པ་ཡུན་རིང་དུ་འབྱུང༌། དེ་ནས་རང་གི་སྙིང་གར་ཧྲཱིཿབསྒོམ་པ་ལས་སྔགས་ཀྱི་ཕྲེང་བ་འོད་ཀྱི་ཚུལ་དུ་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བསྐུལ་ནས་བདག་ལ་བྱིན་གྱིས་རློབ་ཅིང་སེམས་ཅན་གྱི་དོན་མཛད་པར་བསྒོམས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་པ་བཟླ། བཟླས་པ་ཚར་བ་དང༌། དགེ་བའི་རྩ་བ་དེས་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་བསྔོའོ། །སྤྱོད་ལམ་གྱི་ཚེ་རང་འདུག་པའི་གནས་བདེ་བ་ཅན་ཡིན་ལ། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ཞབས་དྲུང་ན་ཇོ་བོ་ཐུགས་རྗེ་ཆེན་པོའི་ང་རྒྱལ་དང་ལྡན་པས་གནས་ཡིན་སྙམ་པའི་བསམ་པ་དང་མི་འབྲལ་བར་བྱའོ། །དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱས་ན་ཚེ་འདིར་ཚེ་རིང་ཞིང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། སྐྱེ་བ་ཕྱི་མར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇོ་བོ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་ཚུལ། རྗེ་ས་སྐྱ་པའི་མན་ངག་ཟབ་མོ་འདི་རང་གི་སློབ་མ་མོ་སྟོན་ཙ་གེ་ཇུ་འཕུར་ཞེས་བྱ་བས་གསོལ་བ་བཏབ་པའི་ངོར། འཕགས་
པས་མེ་ཕོ་བྱི་བའི་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ལ་སྐྱེ་རྒུ་མདོར་ཡི་གེར་བཀོད་པའོ།། ༈ །ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་སྔོན་འགྲོའི་རྗེས་གནང་ཐུགས་རྗེའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་ཐུགས་རྗེ་གཅིག་གྱུར་སེམས་དཔའི་ཚུལ། །ཐུགས་རྗེ་ཆེ་དང་ཕྱག་རྒྱ་ཆེན་པོ་དག །ཟུང་འཇུག་ཉམས་སུ་ལེན་ཚུལ་རྗེས་གནང་བཅས། །ས་སྐྱའི་འཇམ་མགོན་ལས་བྱུང་དེང་འདིར་སྤེལ། །འདིར་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་གཙོ་རྐྱང་དཔལ་ལྡན་ས་སྐྱ་པ་ནས་བརྒྱུད་པའི་རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ལ། གནས་དབེན་པར་མཎྜལ་ལ་དྲི་བཟང་གིས་ཐིག་ལེ་བྱས་ལ་ཚོམ་བུ་གཅིག་བཀོད། མཐའ་སྐོར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་གཏོར་མ་གཅིག་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་རྣམས་ཉེར་བསྡོགས་བྱ། སློབ་དཔོན་གྱིས་མཆོད་པ་རྣམས་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་སོགས་ནས་རོལ་མོ་དྷརྨཱ་ར་ཎི་དང་བཅས་པས་བྱིན་བརླབས་ནས། སྐྱབས་འགྲོ་དང་སེམས་བསྐྱེད་སྤྱི་ལྟར་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་རང་གི་ལུས་མི་དམིགས་པ་སྟོང་པ་ཉིད་དུ་སངས་ཀྱིས་དག་པར་བསྒོམ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ནས་སངས་རྒྱས་ཐམས་ཅད་ལ་སེམས་ཅན་གྱི་དོན་མཛད་པར་སྐུལ་བ། གཡས་འོག་མས་ཕྲེང་བ་དཀར་པོ་དང༌། གཡོན་འོག་མས་རིན་པོ་ཆེ་དང་བཅས་པའི་པདྨ་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན་ལ་སོགས་པའི་རིན་
པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་སེམས་ཅན་གྱི་དོན་མཛད་པ། སྤྱི་བོ་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུར་གྱུར་པར་བསྒོམས་ལ་ཡིད་ཅུང་ཟད་གཟུང༌། དེ་ནས་སྤྱི་བོའི་འོད་དཔག་མེད་ལ་དམིགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱོང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མྱུར་དུ་རྫོགས་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྙིང་ཐག་པ་ནས་གསོལ་བ་ལན་གསུམ་གདབ། དེ་ནས་འདི་ལྟར་བསམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཡིན་ལ། སེམས་དེའང་བརྟགས་ན་ཁ་དོག་དང་དབྱིབས་སུ་མ་གྲུབ། གཅིག་དང་དུ་མའང་མ་ཡིན་པས་རང་གི་ངོ་བོས་སྟོང༌། ངོ་བོ་མེད་པའི་དབང་གིས་གདོད་མ་ནས་སྐྱེ་བ་མེད་པས་དང་པོ་རྒྱུས་སྟོང༌། སྐྱེ་བ་མེད་པའི་ཕྱིར་སྡོད་པ་མེད་པས་བར་དུ་གནས་པས་སྟོང༌། གནས་རྒྱུ་མེད་པའི་ཕྱིར་འཇིག་པ་མེད་པས་ཐ་མ་འགགས་པས་སྟོང་སྟེ། གཞི་དང་རྩ་བ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའོ་ཞེས་སྤྲོས་པ་བཅད་ལ་མཚན་མ་དང་རྣམ་པར་རྟོག་པ་གང་ཡང་མི་བསྒོམ་ཞིང་ཡིད་ལ་མི་བྱེད་པར་སྤྲོས་བྲལ་གྱི་ངང་ལ་ཡིད་ལྷོད་དེ་མཉམ་པར་བཞག དེས་སྐྱོ་བར་གྱུར་པ་ན་སྔགས་བཟླ་སྟེ། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་སྔགས་ཀྱི་ཚུལ་དུ་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བསྐུལ་ནས་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་
བསྔལ་ཐམས་ཅད་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཏེ་བདག་གི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཅི་ནུས་བཟླ། བཟླས་པ་ཚར་བ་དང༌། འཕགས་པ་ཐུགས་རྗེ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དམ་པ་རྒྱུད་ལ་སྐྱེས་ནས་མྱུར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོའོ། །ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་ཚུལ་ལོ། །མདུན་གྱི་མཎྜལ་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿདཀར་པོ་ལས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་སོགས་ནས། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་སེམས་ཅན་གྱི་དོན་མཛད་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཧྲཱིཿ ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཞེས་པས་དམ་ཚིག་པར་བསྟིམ་སླར་ཡང་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་ནས་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམ། མཆོད་པ་བྱིན་གྱིས་བརླབས་ནས། ཨོཾ་
སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེ་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་དྷརྨཱ་ར་ཎི་དང་བཅས་པས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། འབྲུ་གསུམ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ལ་སོགས་པས་ཕུལ། མཆོད་བསྟོད་བསྡུས་པ་བྱས་ལ། འདོད་དོན་དངོས་གྲུབ་ཞུ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་རྒྱས་བསྡུས་གང་རུང་བྱས། འདིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པ་ནས་བརྒྱུད་པའི་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་གཙོ་རྐྱང་གི་རྗེས་སུ་གནང་བ་སྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བ་ཐམས་ཅད་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ་མཎྜལ་འབུལ་བ། གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་དགོས་པས། སློབ་དཔོན་འཕགས་པ་ཐུགས་རྗེ་ཆེན་པོ་དང་ཐ་མི་དད་སྙམ་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ། ཕྱག་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་དང༌། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཕགས་པ་ཐུགས་རྗེ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས་ཁྱེད་རང་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿལས་ཐུགས་རྗེ་ཆེན་པོ་སོགས་ནས་སེམས་ཅན་གྱི་དོན་མཛད་པའི་སྐུ་ཅན་རེར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ལ། རྣམ་པ་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཚད་མེད་གྲངས་མེད་པ་སྤྱན་དྲངས་ནས་ཁྱེད་རྣམས་ཀྱི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཞེས་དང༌། འབྲུ་དྲུག་དང༌། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་ཡང་ཡང་བརྗོད། དེས་ཐུགས་རྗེ་ཆེན་པོའི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ལུས་ཐུགས་རྗེ་ཆེན་པོའི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། རྗེས་གནང་དངོས་ལ་ལུང་གསུམ་ལས། རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས། སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས
ཐོན་ཁྱེད་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ནས་འདིའི་རྗེས་ཟློས་བརྒྱ་རྩ་གཅིག་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་སོགས་རྗེས་ཟློས་བྱར་གཞུག དེ་ལྟར་ལན་བརྒྱ་རྩ་གཅིག་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པ་མན་ཆད་ཀྱིས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་མེ་ཏོག་འཐོར་ཞིང་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་དཔོན་གྱིས་ཀྱང༌། མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་པ་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མའི་རྒྱུད་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་གསང་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་གཏོར། དམ་བཅའ་བའི་ལུང་གི་སླད་དུ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐུགས་རྗེ་ཆེན་པོ་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་འཕགས་པ་ཐུགས་རྗེ་ཆེན་པོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ཞེས་ལན་གསུམ། དེས་ཐུགས་རྗེ་ཆེན་པོའི་གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ངག་ཐུགས་རྗེ་ཆེན་པོའི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། བྱིན་གྱིས་བརླབ་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་
ཤེས་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོའི་སྐུ་མཐེབ་སོར་གྱི་ཚད་ཙམ་རེ་ཐུགས་ཀ་ནས་བྱེ་སྟེ་བྱོན་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས། ཐུགས་ཀའི་ཧྲཱིཿཡིག་དང་དབྱེར་མེད་དུ་གྱུར་པར་མོས། དེའི་ངང་ལས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་ཆེར་གྱིས་གཏད་པས་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར་ཏེ་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ཡང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ། མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ཏེ། བདེ་བ་དང༌། སྡུག་བསྔལ་བ་དང༌། འཁོར་བ་དང༌། མྱ་ངན་ལས་འདས་པ་སོགས་གོང་ལྟར་བརྗོད་ནས་གཞི་དང་རྩ་བ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ནས། མཚན་མ་དང་རྣམ་པར་རྟོག་པ་གང་ཡང་མི་བསྒོམ་ཞིང་ཡིད་ལ་མི་བྱེད་པ་སྤྲོས་བྲལ་གྱི་ངང་དུ་ཅུང་ཟད་མཉམ་པར་འཇོག་མཛོད། དེས་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག སེམས་ཐུགས་རྗེ་ཆེན་པོའི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། གཙོ་བོས་སོགས་དང༌། མཎྜལ། དེང་ནས་བརྩམས་ཏེ་སོགས་སྤྱི་ལྟར་བྱས་ནས་སློབ་མ་རྣམས་རང་གནས་སུ་གཏང་བར་བྱའོ། །ཚོམ་བུའི་ལྷ་ལ་མཆོད་བསྟོད་བྱས་ནས་དངོས་གྲུབ་གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད་ཅིང་ནོངས་པ་བཟོད་པར་གསོལ་ནས། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ཏེ་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་ཀྱིས་མཐའ་བརྒྱན་པར་བྱའོ། །དུས་གསུམ་རྒྱལ་བ་ཀུན་དངོས་ཐུགས་རྗེའི་གཏེར། །འཕགས་མཆོག་གྲུ་འཛིན་དབང་པོ་སྒྲུབ་པའི་ཐབས། །བགྱིས་པའི་དགེ་བས་འགྲོ་ཚོགས་སྲིད་པ་ལས། །གདོན་པའི་གཡར་དམ་མཐར་རུ་ཕྱིན་པར་ཤོག །ཅེས་དཔལ་ས་སྐྱ་པ་ནས་བརྒྱུད་པའི་འཕགས་པ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་
ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་སྔོན་འགྲོའི་རྗེས་གནང་ཐུགས་རྗེའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི་བླ་མ་གོང་མ་རྣམས་འཕགས་པ་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་ལ་བརྟེན་ནས་རྗེས་གནང་སྙན་བརྒྱུད་ཀྱི་ཚུལ་དུ་འབོགས་པ་ལས་སྔོན་ཆད་ཡི་གེར་བཀོད་པ་མེད་མོད། ཕྱི་ནས་དེ་ལྟར་ཡོད་པ་མི་ཤེས་པའི་རྒྱུས་རྒྱུན་ནུབ་པར་འགྱུར་དུ་དོགས་ནས་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་བགྱི་བས་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བགྱིས་པ་དགེའོ། །མངྒ་ལཾ།། ༈ །ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་ཡི། །མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ། །དུས་འདི་ནས་ནི་བྱང་ཆུབ་མ་ཐོབ་བར། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །གཅིག་ཏུ་བསྡུས་པ་སངས་རྒྱས་ཀུན་གྱི་དངོས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་མངའ་བདག་ཆེ། །ཞེས་པའི་མཐར། དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །སྤངས་རྟོགས་མཐར་ཕྱིན་སྟོན་པ་སངས་རྒྱས་ལ། །སྒོ་གསུམ་གུས་པ༴ །ལུང་རྟོགས་བདག་ཉིད་བསྟན་པ་དམ་ཆོས་ལ། །སྒོ་གསུམ་གུས༴ །རྒྱལ་སྲས་བསྟན་འཛིན་འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་ཅི་ནུས་བརྗོད་པའི་མཐར། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་གསོལ་བ་འདེབས། །ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་ལོངས་པར༴ ལམ་གྱི་འཁྲུལ་པ་ཞི་བར༴ འཁྲུལ་སྣང་དབྱིངས་སུ་འཆར་བར༴
ཆོས་མིན་རྣམ་རྟོག་འགག་པར༴ བྱམས་དང་སྙིང་རྗེ་སྐྱེ་བར༴ བྱང་ཆུབ་སེམས་གཉིས་འབྱོངས་པར༴ མྱུར་དུ་རྣམ་མཁྱེན་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ལ། མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །དོན་དུ་བླ་མེད་བྱང་ཆུབ་ཐོབ་པར་བྱ། །དེ་ཡི་ཆེད་དུ་སངས་རྒྱས་ཀུན་གྱི་ལམ། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ཞེས་ལན་གསུམ་བརྗོད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་དབྱིངས་མཐའ་བྲལ་ཆེན་པོའི་ངང་ཉིད་ལས། །དགོས་འདོད་སྣ་ཚོགས་སྩལ་བའི་རིན་ཆེན་ཁྲི། །འཁོར་བའི་ཉེས་པས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཟླ་བའི་དཀྱིལ་འཁོར་སྟེང༌། །བདག་ཉིད་སངས་རྒྱས་ཀུན་དངོས་སྤྱན་རས་གཟིགས། །དྲི་མེད་དུང་དང་ཆུ་ཤེལ་ལྟ་བུའི་མདོག །ཤིན་ཏུ་ཡིད་འོང་འཛུམ་ཞལ་ཞི་ཞིང་སྒེག །ཕྱག་བཞིའི་དང་པོ་ཐུགས་ཀར་ཐལ་མོ་སྦྱར། །འོག་མ་ཤེལ་ཕྲེང་ནོར་བུ་པདྨ་འཛིན། །རབ་མཛེས་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཡིད་འཕྲོག་དར་དང་རིན་ཆེན་དུ་མས་སྤྲས། །མཐོན་མཐིང་རལ་པའི་ཐོར་ཚུགས་ལྕང་ལོས་མཛེས། །གང་དེའི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་གཅིག་བསྡུས་སྐྱབས་གནས་ཀུན་གྱི་གཙོ། །ངོ་བོ་བླ་མ་རྣམ་པ་འོད་དཔག་མེད། །རིགས་བདག་ཚུལ་དུ་དགེས་བཞིན་བཞུགས་པར་གྱུར། །རང་ཉིད་ལྷ་སྐུ་མེ་ལོང་གཟུགས་བཞིན་སྣང༌། །སྣང་སྟོང་ཟུང་དུ་འཇུག་པ་སྒྱུ་མའི་གར། །གར་མཁན་བཟང་ལྟར་ཆ་ལུགས་དུ་མས་མཛེས། །མཛེས་ཤིང་ཡིད་འོང་ཡིད་ཀྱི་སྣང་བརྙན་ནོ། །ཞེས་ལྷ་ལ་ཡིད་ཅུང་ཟད་བཟུང་ནས། སྤྱི་བོའི་བླ་མ་ལ་མོས་པ་རྩེ་གཅིག་ཏུ་བྱས་ཏེ། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བདག་ལ་བརྩེ་བའི་ཐུགས་ཀྱིས་དགོངས་སུ་གསོལ། །ལས་ངན་སྡིག་སྒྲིབ་འདག་པར་བྱིན་གྱིས་རློབས། །ཚོགས་གཉིས་མྱུར་དུ་རྫོགས་པར༴ ཡང་དག་ཏིང་འཛིན་
སྐྱེ་བར༴ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་སྙིང་ཐག་པ་ནས་གསོལ་བ་ལན་གསུམ་ལ་སོགས་པ་བཏབ་ལ། འཁོར་འདས་བདེ་སྡུག་ཀུན་ལ་ཁྱབ་པའི་ཆོས། །ཆོས་རྣམས་ཀུན་གྱི་རྩ་བ་རང་གི་སེམས། །སེམས་ཉིད་བརྟགས་ན་ཁ་དོག་དབྱིབས་སུ་མེད། །མེད་ཕྱིར་གཅིག་དང་དུ་མའི་ངོ་བོས་སྟོང༌། །སྟོང་པའི་དབང་གིས་སྐྱེ་འགགས་གནས་གསུམ་བྲལ། །བྲལ་ཡང་གསལ་སྣང་མ་འགགས་སྤྲོས་ཀུན་ཞི། །ཞི་བའི་སེམས་ཉིད་མཐའ་བྲལ་ཆེན་པོའོ། །ཞེས་ཡིད་བྱེད་ཐམས་ཅད་དང་བྲལ་བའི་ངང་ལ་ལྷོད་དེ་བཞག སྙིང་དབུས་པད་ཟླའི་སྟེང་དུ་ཧྲཱིཿཡིག་མཐར། །ཡིག་དྲུག་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །རྒྱལ་བའི་ཐུགས་རྗེ་བསྐུལ་ནས་བདག་བྱིན་བརླབས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་དོན་མཛད་གྱུར། །པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ལྔ་བརྒྱ་ལ་སོགས་པ་བཟླས་ཏེ། ཐུན་འཇོག་པ་ན་གདན་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །སྤྱན་རས་གཟིགས་དབང་གོ་འཕང་མྱུར་ཐོབ་ཤོག །ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་ཀྱི། །ཁྱེར་སོ་གསུམ་དང་ནམ་ཡང་མི་འབྲལ་བར། །སྙིང་རྗེའི་དབང་གིས་སེམས་ཅན་དོན་སྤྱོད་ཅིང༌། །རྒྱལ་བའི་སྲས་ཀྱི་སྤྱོད་པ་སྒྲུབ་པར་ཤོག །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །འདྲེན་མཆོག་བླ་མ་འོད་དཔག་མེད་མགོན་གྱི། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་གཏོང་བར། །སྲིད་ཞིའི་རྒུད་པ་ཀུན་ལས་སྐྱོབ་གྱུར་ཅིག །ཅེས་སོགས་ཅི་ཤེས་པའི་བསྔོ་བ་དང་སྨོན་ལམ་བཏབ། དུས་ཐམས་ཅད་དུ་གནས་ཁང་བདེ་བ་ཅན་གྱི་ཞིང་དུ་བསམས་ལ་རང་སྤྱན་རས་གཟིགས་ཀྱི་ང་རྒྱལ་གྱིས་བླ་མ་འོད་དཔག་ཏུ་མེད་པའི་ཞབས་འབྲེང་པ་བྱེད་པར་བསམ་ཞིང་སྐུ་གསུང་ཐུགས་ཀྱི་ཁྱེར་སོ་གསུམ་དང་མ་
བྲལ་བའི་སྒོ་ནས་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་བསྒྲུབ་པ་ལ་བསླབ་པར་བྱའོ། །ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་བླང་བ་དཔལ་ས་སྐྱ་པ་ཡབ་སྲས་ཀྱི་གདམས་པ་འདི་ནི། རང་གི་སློབ་མ་གྲགས་པ་རྒྱལ་མཚན་གྱིས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཚིགས་སུ་བཅད་པར་བྱས་པ་ཞིག་དགོས་སོ་ཞེས་རྒྱང་རིང་མོ་ནས་བསྐུལ་བའི་ངོར། བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་ཤིན་ཏུ་མྱུར་བར་བྲིས་ནས་མདོ་ཁམས་ཤར་གྱི་ཕྱོགས་སུ་བསྐུར་བའོ། །སརྦ་མངྒ་ལཾ།། ༈ །ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་བརྒྱུད་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། རྣམ་འདྲེན་སྟོབས་བཅུའི་དབང་ཕྱུག་ཤཱཀྱའི་ཏོག །དགྲ་ལས་རྣམ་རྒྱལ་རྡོ་རྗེ་གདན་པ་དང༌། །བ་རི་ལོ་ཙཱ་ས་ཆེན་བསོད་ནམས་རྩེ། །རྗེ་བཙུན་གྲགས་པ་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་ཚོགས་སྒོམ་ཉན་ཆེན་པ། །བསོད་ནམས་སྐྱབས་དང་གཟུངས་དཔལ་དཔལ་ཚུལ་བ། །ཤར་ཆེན་ཆོས་རྗེ་ངོར་ཆེན་རྡོ་རྗེ་འཆང༌། །སེམས་དཔའ་ཆེན་པོ་རྣམས་ལ༴ ཀུན་མཁྱེན་ཆེན་པོ་ཡོངས་འཛིན་དཀོན་མཆོག་འཕེལ། །ལྷ་མཆོག་སངས་རྒྱས་སེང་གེ་ནམ་མཁའི་མཚན། །དཔལ་ལྡན་དོན་གྲུབ་ཤེས་རབ་འབྱུང་གནས་དང༌། །ཀུན་དགའ་ལེགས་པ་རྣམས་ལ༴ སངས་རྒྱས་ཕུན་ཚོགས་བསྟན་འཛིན་ལྷུན་གྲུབ་ཞབས། །ནམ་མཁའ་བསམ་འགྲུབ་ས་ཆེན་ཀུན་དགའི་མཚན། །ངག་དབང་ཤེས་རབ་རིན་ཆེན་གྲགས་པ་དང༌། །ཆོས་ཀྱི་རྒྱལ་མཚན་རྣམས་ལ༴ རབ་འབྱམས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །སྙིང་རྗེའི་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས། །འཕགས་མཆོག་ཕྱག་ན་པདྨོའི་རྣམ་རོལ་ཅན། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྐྱེ་ཀུན་བཤེས་
གཉེན་མཆོག་གིས་རྗེས་བཟུང་ནས། །བཅོས་མིན་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ། །སྨོན་འཇུག་སེམས་བསྐྱེད་འབྱོངས་པར་བྱིས་གྱིས་རློབས། །ཁྱད་པར་ཚོགས་གཉིས་ལས་འཁྲུངས་འཕགས་པའི་སྐུ། །སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟར་གསལ་ཞིང༌། །རིགས་བདག་བླ་མ་འོད་དཔག་མེད་མགོན་གྱི། །བྱིན་རླབས་བདུད་རྩི་སྙིང་དབུས་འཇུག་པར་ཤོག །དེ་མཐུས་ཆོས་ཀུན་རྩ་བ་རང་གི་སེམས། །སྐྱེ་འགག་གནས་གསུམ་སྤྲོས་པ་ལས་འདས་པའི། །བརྗོད་བྲལ་གཉུག་མ་དོན་གྱི་འཕགས་པ་མཆོག །མངོན་སུམ་མཐོང་ནས་རྟག་ཏུ་སྐྱོང་གྱུར་ཅིག །དེ་ལས་ལྡང་ཚེ་ཐུགས་སྲོག་ཧྲཱིཿཡིག་མཐར། །སྔགས་ཕྲེང་འཁོར་བའི་འོད་ཀྱིས་དོན་གཉིས་བྱས། །སྙིང་གར་ཐིམ་པས་བདག་རྒྱུད་བྱིན་བརླབས་ནས། །གྲགས་སྟོང་བཟླས་པའི་རྣལ་འབྱོར་མཐར་ཕྱིན་ཤོག །མདོར་ན་བླ་མ་འོད་དཔག་མེད་མགོན་ཞབས། །སྤྱི་བོའི་པདྨོར་འབྲལ་མེད་རྟག་བསྒོམས་ཤིང༌། །སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི། །དག་པའི་རྣམ་རོལ་གཅིག་ཏུ་འཆར་གྱུར་ཅིག །དེ་ལྟར་བསགས་ལས་བྱུང་བའི་དགེ་ཚོགས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས། །སྤྱན་རས་གཟིགས་དབང་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་སྲོག་ཤིང་རྡོ་རྗེ་འཛིན་པ་ངག་དབང་ལེགས་གྲུབ་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་ལ།
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་ལ་བཞུགས་སོ།།
ཨོཾ་མ་ཎི་པདྨེ་ཧཱུྃ། འདིར་ཡི་དམ་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གྲུབ་ཐོབ་ཆེན་པོ་ལ་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་མ། ཆོས་ཐམས་ཅད་ཀྱིས་གསང་མཛོད་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་པའི་ཚུལ་ཀུན་གྱི་འགོར་མ་ནམ་མཁའ་མའི་གསོལ་འདེབས་ཅི་ནུས་བྱ། ཁ་ནང་ལོག་གི་དྲན་པའི་ཞལ་ལྕེ་བས། ལས་སྣང་འགྲོ་དྲུག་གི་རྒྱལ་ཁམས་ལ་ལེགས་པར་བརྟགས་དུས། ཕ་མ་རིགས་དྲུག་གི་འཆར་སྒོ་ཐམས་ཅད་མི་བདེན་རྫུན་པའི་རང་བཞིན། སྐྱོ་ཤས་སྡུག་བསྔལ་གྱི་འདམ་རྫབ་ལས་མ་འདས་པར་ཤེས་པའི་ངེས་འབྱུང་ཁ་གང་པོ་དེ་ལ་དང་པོར་དཔྱད། ཡང་ནང་གསེས་རེ་རེ་ནས་བལྟས་དུས། དམྱལ་བ་ལ་ཚ་གྲང་བཙོ་སྲེག ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གསོད་བཀོལ། ལྷ་ལ་འཆི་འཕོ། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་མྱོང་བས་གྲུབ་པ་འདིར་འདུག་སྙམ་དུ་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་དྲན་པ་ཉག་གཅིག་གིས་རང་ངོ་ལ་ཆེར་རེ་སྦྱར། ཡང་འགྱུ་བའི་རང་ཞལ་དྲན་པའི་ཞལ་ལྕེ་བས། སྒོས་རང་སྣང་མིའི་གནས་ཚུལ་ལ་བརྟགས་པས། སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཁོངས་སུ་
ཚུད། སྒོས་རང་རང་གིས་ཉོས་པའི་དབང་གིས་འདུས་བྱས་མཐའ་བཞིའི་སོ་འཕྲང་ལ་ཐུག་ནས་འདུས་པའི་མཐའ་འབྲལ། བསགས་པའི་མཐའ་འཛད། མཐོ་བའི་མཐའ་དམའ། སྐྱེས་པའི་མཐའ་མ་ངེས་པར་འཆི་སྙམ་དུ་བློ་ཐག་ཆོད་ཀྱི་ངེས་ཤེས་རྟག་ཏུ་བསྐྱེད་དོ། །དེ་ལྟར་མི་རྟག་དྲན་ཤེས་ཀྱི་ལྕག་འདེབས་སྙིང་ལ་ཐེབས་ན། ངེས་འབྱུང་དང་དད་པ་ཀོག་ལང་དུ་སྐྱེ་བས་ཨ་ཙ་མ། ངས་མི་ལུས་ཉིན་སྐར་དང་འདྲ་བའི་སྣང་བ་ཡུད་ཙམ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དགེ་བ་ལ་འཁུལ། སེམས་ཀྱི་སྒོ་ནས་ཇི་ལྟར་བསམ་ན་སེམས་ཅན་ཡོངས་ལ་ཁྱབ་པའི་དགེ་བར་འགྱུར་སྙམ་དུ་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་འཁོལ་བའི་བསམ་སྦྱོར་རྒྱ་ཆེན་པོ་བསྐྱེད་དོ། །དོན་དེ་དག་འགྲུབ་པའི་ཕྱིར་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་སྟེ། བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿལས་འཁྲུངས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་
སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་པའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨུཏྤ་ལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་སྐུལ་བར་མཛད་པས། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཐུགས་རྗེ་རྒྱུན་མི་ཆད་པས་གཡས་ཀྱི་གཉིས་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ། རང་དོན་ཡིད་བྱེད་ཀྱི་འདམ་གྱིས་མ་གོས་པས། གཡོན་གྱི་གཉིས་པས་པདྨ་དཀར་པོ་ཡུ་བ་དང་བཅས་པ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའི་ཤམ་ཐབས་ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་གྱི་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའི་ཉམས་དང་ལྡན་པས་རི་དྭགས་ལྤགས་པས་སྟོད་གཡོགས་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་མཛེས་པར་བྱས་པ། ཐུགས་རྗེ་ཆེན་པོའི་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུང་ཞི་བར་མཛད་པས་དྲི་མེད་ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན་ནོ། །བསམ་གཏན་གྱི་སྤྱོད་ལམ་དག་དང་འབྲེལ་བས་བསྐྱེད་རིམ་ལེགས་པར་གསལ་བཏབ་ནས། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པའི་རྐྱེན་གྱིས་འཕགས་པའི་སྐུ་ལས་འོད་ཟེར་བྱུང༌། སྣོད་བཅུད་ཐམས་ཅད་ལ་ཕོག་པས། མ་དག་པ་ལས་
སྣང་གི་འཆར་སྒོ་སྦྱངས་ནས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང༌། བཅུད་ཀྱི་ཆ་ཤས་ཐམས་ཅད་སྣང་སྟོང་སྐུའི་དཀྱིལ་འཁོར། གྲགས་སྟོང་གསུང་གི་དཀྱིལ་འཁོར། གསལ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ་གནས་འགྱུར་བའི་ཏིང་ངེ་འཛིན་རྒྱ་འབྱམས་དང་འབྲེལ་བར་ཡི་གེ་དྲུག་པ་ལོང་སྐབས་དང་སྦྱར་ཞིང༌། ཐུན་མཐར་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ལྷ་བདེ་གཤེགས་སྙིང་པོའི་རང་ངོ་ལ། གཅེར་མཐོང་རིག་པའི་བརྡ་སྦྱོར་གྱིས་ཡིད་ཟོས་བདེ་ཉམས་མེད་པར་གཟུང་འཛིན་གྱི་རྒྱུ་ལམ་རྦད་ཀྱིས་བཅད་ལ་རང་གྲོལ་ཆེན་པོའི་ངང་དུ་ལིངས་ཀྱིས་ཅི་ནུས་མཉམ་པར་བཞག་གོ །ཐུན་མཚམས་སུ་སྙིང་རྗེས་ཀུན་ནས་བླངས་པའི་ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་བརྩོན་པར་བྱ་ཞིང༌། བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་བྱ། བརྒྱུད་པའི་རིམ་པའང༌། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཀུན་སྤངས་རྗེ། དེས་བདག་ལའོ«་་་་༌།འཇམ་དབྱངས་ཀུན་དགའ་གྲོལ་མཆོག» །དགེའོ།། ༈ །གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཡི་གེ་དྲུག་པའི་སྒོམ་ལུང་འབོགས་ཚུལ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། སྙིགས་འགྲོ་ཉམ་ཐག་སྐྱོང་བའི་ཡབ། །འཇིག་རྟེན་དབང་ཕྱུག་བརྩོན་འགྲུས་མཚན། །གང་གི་གདམས་པའི་མཛོད་འཛིན་པ། །འགྲོ་མགོན་བླ་མར་ཕྱག་བྱས་ནས། །སྤྱན་རས་གཟིགས་དབང་ཞལ་གྱི་ལུང༌། །གྲུབ་ཐོབ་ཆེན་པོའི་ཁྱད་པར་ཆོས། །འཁོར་བ་དོང་སྤྲུགས་གདམས་པའི་བཅུད། །ཆོས་སྒོ་བརྒྱད་ཁྲིའི་སྙིང་པོ་འཆད། །འདིར་འབྲེལ་ཚད་དོན་ལྡན་གྱི་བཟང་པོ་སྤྱོད་པ་ལ་ཞུགས་པའི་དགེ་བའི་བཤེས་གཉེན་དག་གིས་སྐལ་བ་མཆོག་དམན་མ་བརྟགས་པར་ཐོས་པ་ཙམ་གྱི་ཕན་ཡོན་སྙིང་ལ་བཞག་ནས། རེ་བ་དང་ཟང་ཟིང་མེད་པའི་ཆོས་སྦྱིན་སྩལ་བར་འདོད་པས། འདུས་པའི་དབུས་སུ་སེམས་བསྐྱེད་བཟང་པོ་དང་ལྡན་པས་ཆོས་ཀྱི་ཁྲི་ལ་འཁོད་དེ་«་་་་་གྲུབ་ན་རང་ཉིད་ཀྱིས་སྒོམ་
བཟླས་མདོར་བསྡུས་བྱས་རྗེས།» འདི་སྐད་ཅེས། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཡི་གེ་དྲུག་པའི་སྒོམ་ལུང་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པའི་ངང་ནས། ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་བདེ་བ་ཅན། སློབ་དཔོན་ཡང་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་སྙམ་པའི་འདུ་ཤེས་དང་ལྡན་པས། ལུས་ཀྱིས་ཐལ་སྦྱར་སོགས་གུས་པའི་ཚུལ། ངག་གིས་ཅ་ཅོ་སྤང་ཞིང་སེམས་གཞན་དུ་མི་གཡེང་བར་མཉན་བྱ་དམ་པའི་ཆོས་དང༌། དེ་སྟོན་བྱེད་དགེ་བའི་བཤེས་གཉེན་ལ་གུས་པ་རྩེ་གཅིག་པས་གསན་པར་ཞུ། དེའང་འཕགས་མཆོག་སྤྱན་རས་གཟིགས་དང་པདྨ་འབྱུང་གནས་དབྱེར་མེད་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་སྐུར་བསྟན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད། སྐུ་གཞོན་ནུའི་ཚེ་ཡིག་དྲུག་དུང་ཕྱུར་གྱི་ཚོགས་དཔོན་མཛད་པའི་དུས་ན། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རེངས་ཀྱི་ཆ་ལ། སྐུ་མདུན་གྱི་བུམ་པའི་ཁ་རྒྱན་དེ་དཔག་བསམ་གྱི་སྡོང་པོ་ཆེན་པོར་གྱུར་པའི་ཡལ་འདབ་ཀྱི་ཁྲོད་དུ་པད་ཟླའི་གདན་བཞི་བརྩེགས་པའི་འོག་ནས་ཡར་རིམ་བཞིན། འཕགས་པ་སྤྱན་རས་གཟིགས་ཁ་སརྤ་ཎི། རྩ་ཕྱག་བཞི་པ། བརྒྱད་པ། ཕྱག་སྟོང་སྤྱན་སྟོང་གི་སྐུ་མཚན་དཔེས་བརྒྱན་པ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞེངས་སྟབས་སུ་བཞུགས་པའི་མཐའ་སྐོར་དུ། རྟ་མགྲིན། བདུད་རྩི་འཁྱིལ་བ། སྒྲོལ་མ། རྣམ་པར་རྒྱལ་མ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། འོག་གི་ཆ་ལ་ཕྱོགས་སྐྱོང་བཅུ་དང༌། གནོད་སྦྱིན་བཅུ་གཉིས། རྒྱལ་ཆེན་བཞིས་བསྐོར་བ་མངོན་སུམ་དུ་གཟིགས་པས། ཡན་ལག་བདུན་པའི་མཆོད་པ་དང་གསོལ་འདེབས་མཛད་པས། རིགས་ཀྱི་བུ་ཁྱོད་
ནམ་བྱང་ཆུབ་མ་ཐོབ་བར་གྱི་དགེ་བའི་བཤེས་གཉེན་ང་ཡིན་པས་ཡི་གེ་དྲུག་པའི་སྒོ་ནས་ཕྲིན་ལས་རྒྱ་ཆེན་པོ་སྒྲུབ་ཅིང༌། འགྲོ་བ་རྣམས་འདྲེན་པར་གྱིས་ཤིག ཅེས་དང་གདམས་པ་མང་དུ་གསུངས་ཤིང༌། གཞན་ཡང་ལན་དུ་མར་ཞལ་དངོས་སུ་བསྟན་ནས་སྩལ་བའི་གདམས་པའི་སྙིང་པོ། ཟབ་ལ་ཁྱེར་བདེ་བ་ཡི་གེ་དྲུག་པའི་སྒོམ་བཟླས་ཀྱི་ལུང་འབོགས་ཤིང་ཉམས་སུ་ལེན་པར་བྱེད་པ་ལ་གསུམ། སྔོན་འགྲོ་སྐྱབས་སེམས་དང་ལྡན་པས་བློ་ཆོས་ལ་སྐུལ་བ། དངོས་གཞི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་དང་འབྲེལ་བར་བསྐྱེད་བཟླས་རྫོགས་གསུམ་བྱ་བ། རྗེས་ལམ་ཁྱེར་གསུམ་དང་ལྡན་པས་དགེ་རྩ་གཞན་དོན་དུ་བསྔོ་བའོ། །དང་པོ་ནི། རང་ཉིད་གང་དུ་གནས་པའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པའི་སྐུར་གསལ་བའི་འཁོར་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པའི་མདུན་དུ། བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང༌། རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་སྙམ་པའི་བློ་རྩེ་གཅིག་པས། སྐྱབས་འགྲོའི་ཚིག་ལྕགས་ཟམ་པའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དགུ་སྐོར་དུ་གྲགས་པ་ཐུགས་རྗེ་ཆེན་པོས་ཀ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་གསུངས་ནས་གྲུབ་ཆེན་ལ་གནང་བར་བཀའ་བསྒོས་པ་ལྟར་བསྩལ་བའི་བྱིན་རླབས་མྱོང་གྲུབ་ཀྱིས་ཆེ་བ་འདི་ལ་བྱ་སྟེ། གོང་དུ་ཇི་སྐད་བཤད་པ་ལྟར་དམིགས་པ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་འདི་ལྷན་ཅིག་ཏུ་གནང་བར་ཞུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་རྩ་ཉེར་
གཅིག་«་་་་་སྒོམ་ལུང་འབོགས་སྐབས་ཚར་གསུམ་བདུན་གང་རུང་ལྷན་ཅིག་ཏུ་བརྗོད་པའམ་རྗེས་ཟློས་བྱ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ།། »བདུན་ལ་སོགས་པ་ལོང་སྐབས་དང་སྦྱར་ཏེ་བརྗོད་པའི་རྗེས་སུ། སྐྱབས་ཡུལ་འོད་དུ་ཞུ། རང་ལ་ཐིམ་པས་ཐུགས་རྗེའི་བྱིན་རླབས་ཞུགས། བློ་ཆོས་སུ་ངང་གིས་འགྲོ་ཞིང་བར་ཆད་མེད་པར་བསམ། དེའི་རྗེས་ཐོག་ཏུ། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་དུས་རྟག་ཏུ་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་ཐམས་ཅད་བདག་ཁོ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ནུས་པ་བདག་ལ་མེད་པས་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་པའི་སྒོམ་བཟླས་ཉམས་སུ་བླངས་ལ་མྱུར་བ་ཉིད་དུ་སེམས་ཅན་རྣམས་དགྲོལ་བར་བྱ་སྙམ་པ་མཉན་པའམ་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དང་ལྡན་པས། ངག་ཏུ་འདི་གསུང་བར་ཞུ། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་གྲངས་སུ་བརྗོད་ཅིང་ལྷག་བསམ་བཟང་པོ་རྒྱུད་ལ་འགྲོ་ངེས་བྱ། སྐྱབས་འགྲོ་ཐོག་མར་བྱས་པས་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར། བློ་ཆོས་སུ་འགྲོ། ལམ་སྒྲུབ་པ་ལ་བར་ཆད་མི་འབྱུང༌། སེམས་བསྐྱེད་པས་དེ་ཕྱིན་ཆད་བསམ་སྦྱོར་ཅི་བྱས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་བས་ཆོས་ལམ་དུ་འགྲོ་བའི་དགོས་པ་ཡོད་དོ། །དེ་ནས་ཁ་ནང་དུ་ལོག་པའི་དྲན་པས་བློ་ཆོས་ལ་བསྐུལ་བ་ལ་གསུམ། ངེས་འབྱུང་གི་གཞི་འདིང་བ། བརྩོན་འགྲུས་ཀྱི་ལྕག་སྐུལ་བ། ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་ཀྱིས་མཚམས་སྦྱར་བའོ། །དང་པོ་ལ་སྤྱི་དང་བྱེ་བྲག་ཏུ་དཔྱད་པ་གཉིས་ལས། སྤྱིར་ཐོག་མ་མེད་པ་ནས་བདག་མེད་པ་ལ་བདག་ཏུ་བཟུང་སྟེ་རྒྱུ་མ་རིག་པ། རྐྱེན་ལས་དང་ཉོན་མོངས་པས་བསྐྱེད་པའི་འགྲོ་བ་རིགས་དྲུག་གི་སྣང་
བ་སོ་སོར་སྣང་བ་འདི་རྣམས་ལ་དཔྱད་པས། རྨི་ལམ་གྱི་དགྲ་གཉེན་ནམ་སྒྱུ་མའི་རྒྱལ་སྲིད་ལྟར་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཕྲ་མོ་ཙམ་མེད་ཀྱང༌། འཁྲུལ་སྣང་མི་བདེན་པ་ལ་བདེན་པར་བཟུང་སྟེ། ཉོན་མོངས་པ་བག་ཉལ་གྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། བདེ་བ་ལྟར་སྣང་ཡང་མྱུར་དུ་མི་རྟག་པ་འགྱུར་བའི་སྡུག་བསྔལ། ལས་ངན་པའི་འབྲས་བུ་ལ་མངོན་དུ་སྤྱོད་པ་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། དཔེར་ན་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་དུ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་སྡུག་བསྔལ་ཆེན་པོ་དེ་གསུམ་ལས་མ་འདས་པས་འཁོར་བ་འདིར་བདེ་བ་སྐྲ་རྩེའི་ཆ་ཤས་ཙམ་ཡང་མེད་པ་ལ་བསམས་ཏེ་ངེས་འབྱུང་དྲག་ཏུ་བསྐྱེད། བྱེ་བྲག་རིགས་དྲུག་རེ་རེ་ནས་དཔྱད་དེ། དེའང་མདོ་སྡེ་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྲིད་རྩེ་ནས་མནར་མེད་བར་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན་དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ལ་རྣམ་པ་བཟང་ངན་གྱི་ཁྱད་པར་མེད་པས་སྤང་བར་བྱ་བ་བཞིན་དུ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བརྟན་པོར་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་དག་ལས་ཀྱང་ཁྱད་པར་དུ་རང་རེ་མིའི་གནས་སྣང་འདི་ལ་དཔྱད་པས། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པས་དལ་བ་བརྒྱད། རང་འབྱོར་ལྔ་གཞན་འབྱོར་ལྔ་སྟེ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས། རྙེད་པ་ཤིན་ཏུ་དཀའ་ཞིང་རྙེད་ན་ཕན་ཐོགས་ཆེ་བས་རིན་པོ་ཆེ་དང་ཆོས་མཚུངས་པ་འདི་ཉིད་རྒྱུ་དང་དཔེ་དང་གྲངས་སོགས་ཀྱི་སྒོ་ནས་ཐོབ་པ་དཀའ་སྟེ། ངན་
སོང་གི་འགྲོ་བ་ས་ཆེན་པོའི་རྡུལ་ཙམ་ཡོད་ལ་མི་ལུས་ཙམ་པོ་པའང་སེན་མོའི་སྟེང་གི་རྡུལ་དང་འདྲ་བར་ཡོད་པ་ལས། ཆོས་ལྡན་གྱི་མི་ལུས་ནི་ཉིན་མོའི་སྐར་མ་ལྟར་དཀོན་ཏེ། སྙིང་རྗེ་པད་དཀར་ལས། མིར་སྐྱེ་བ་ནི་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་ཏུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ་བ་ལགས་སོ། །ཞེས་སོགས་མཐའ་ཡས་པར་གསུངས་ལ། དེ་ལྟ་བུའི་མི་ལུས་ཐོབ་ཀྱང་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་མ་འདས་པས་རྟག་པ་དང་བདེ་བ་སྐད་ཅིག་ཀྱང་མེད། དེའང་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པའི་མཐའ་བཞིས་དབང་དུ་བྱས་པ་སྟེ། འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། མཐོ་བའི་མཐར་དམའ། སྐྱེས་པའི་མཐར་ངེས་པར་འཆི། སྒོས་མིའི་ལུས་ནམ་འཆི་ཆ་མེད་ཅིང་འཆི་རྐྱེན་གང་གིས་བྱེད་ངེས་པ་མེད། གསོད་སར་ཁྲིད་པའི་བཙོན་བཞིན་ཞག་རེ་སོང་བ་དང་འཆི་བ་ལ་ཇེ་ཉེར་འགྲོ། ཆུའི་ཆུ་བུར། རི་གཟར་གྱི་རྦབ། ནམ་མཁའི་གློག་ལྟར་གློ་བུར་མྱུར་བ་ཁོ་ནར་འཆི་བ་ཐོག་ཏུ་འོང༌། མཁས་བཙུན་བཙན་ཕྱུག་དཔའ་རྩལ་མོ་གཏོ་སྨན་དཔྱད་གང་གིས་ཀྱང་བཟློག་ཏུ་མེད། ལོངས་སྤྱོད་དབང་ཐང་སྙན་གྲགས་གང་ཡང་རྗེས་སུ་མི་འབྲང་བས་དགེ་སྡིག་གི་ལས་ཁོ་ན་རྣམ་པར་ཤེས་པ་དང་འགྲོགས་ནས་ཚེ་ཕྱི་མའི་གནས་སུ་འགྲོ་བའི་ཚེ། སྡིག་པས་ངན་སོང་དུ་ལྷུང༌། དགེ་བས་མཐོ་རིས་དང་ཐར་པ་ཐོབ་པ་ཡིན་པས་དེས་ན་ཚེ་ཕྱི་མ་ཕན་ཆད་ལ་ཕན་པ་དམ་པའི་ཆོས་མ་གཏོགས་གཅིག་ཀྱང་མེད། ཚེ་ཕྱི་མ་ལྟ་ཅི་སྨོས། ཚེ་འདི་ལའང་འཕྲལ་ཡུན་གཉིས་ཀར་ཕན་པ་ཆེ་བ་དམ་པའི་ཆོས་ཁོ་ན་ཡིན་ཅིང༌། སང་བྱེད་གནང་བྱེད་ཀྱི་ལོང་སྐབས་མེད་པས་ད་ལྟ་ཉིད་ནས་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། བླ་མ་དཀོན་མཆོག་ལ་སེམས་དང་བའི་དད་པ་དང༌། བྱང་ཆུབ་བསྒྲུབ་པ་ལ་འདོད་པའི་དད་པ་
སྟེ། དེ་གསུམ་དང་ལྡན་པས་ལུས་ལ་གཡོག་དང་གྲུའི་འདུ་ཤེས་བཞག་སྟེ་དམ་པའི་ཆོས་ཁོ་ན་ལ་མི་འབུང་རེ་སྙམ་པའི་དམ་བཅའ་བརྟན་པར་བྱའོ། །གསུམ་པ་ནི། ཡང་འདི་སྙམ་དུ་བསམས་ཏེ། ཨ་ཙ་མ། བདག་གིས་མི་ལུས་ཉིན་མོའི་སྣང་བ་དང་འདྲ་བ་ཡུད་ཙམ་པ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དགེ་བ་ལ་འཁུལ། ཡིད་ཀྱི་སྒོ་ནས་ཇི་ལྟར་བསམ་ན་སེམས་ཅན་ཡོངས་ལ་ཁྱབ་པའི་དགེ་བར་འགྱུར་སྙམ་དུ་མདོར་ན་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བཀོལ་བའི་ལྷག་བསམ་རྒྱ་ཆེན་པོར་བསྐྱེད། དོན་དེ་དག་འགྲུབ་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས། བོད་ཁ་བ་ཅན་པའི་ལྷ་སྐལ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་གོ །གཉིས་པ་དངོས་གཞི་ལ་གསུམ། བསྐྱེད་རིམ་བསྒོམ་པ། བཟླས་པ་བྱ་བ། རྫོགས་རིམ་བསྒོམ་པའོ། །དང་པོ་ནི། བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿལས་འཁྲུངས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་པའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨུཏྤ་ལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་སྐུལ་བར་མཛད་པས་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཐུགས་རྗེ་རྒྱུན་མི་ཆད་པའི་བརྡར་གཡས་ཀྱི་གཉིས་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ། རང་དོན་ཡིད་བྱེད་
ཀྱི་འདམ་གྱིས་མ་གོས་པས་གཡོན་གྱི་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའི་ཤམ་ཐབས་ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའི་ཉམས་དང་ལྡན་པས་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་ཀྱི་ངོས་ལ་མཛེས་པར་བརྒྱན་པ། ཐུགས་རྗེ་ཆེན་པོའི་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུང་ཞི་བར་མཛད་པས་དྲི་མེད་ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན། རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་གསོལ་བ་འདེབས་པར་མོས་ལ་འདི་གསུང་བར་ཞུ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པའི་གསོལ་འདེབས་ཅི་ནུས་དང༌། སྤྲོ་ན། གྲུབ་ཐོབ་ཉིད་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་དང༌། བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། གཉིས་པ་ནི། དེ་ལྟར་གསོལ་བ་བཏབ་པས་སྤྱི་བོའི་འཕགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས། མ་དག་ལས་སྣང་གི་འཆར་སྒོ་སྦྱངས་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་ལུས་སྣང་སྟོང་དབྱེར་མེད་འཕགས་པའི་སྐུའི་རང་བཞིན། ངག་གྲགས་
སྟོང་དབྱེར་མེད་ཡི་གེ་དྲུག་མའི་རང་སྒྲ། ཡིད་རིག་སྟོང་དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་སྟེ་སྣང་གྲགས་རྟོག་གསུམ་དཀྱིལ་འཁོར་གསུམ་དུ་གནས་བསྒྱུར་པའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་རྒྱ་འབྱམས་ཀྱི་ངང་དུ་ཡིད་རྩེ་གཅིག་པས་ཡི་གེ་དྲུག་པའི་བཟླས་པ་ལྷན་ཅིག་ཏུ་གནང་བར་ཞུ། ཨོཾ་མ་ཎི་པདྨེ་ཧཱུྃ། བཟླས་ལུང་སྐབས་འདིར་ཡིག་དྲུག་བརྒྱ་རྩ་སོགས་གང་འོང་གསུངས་སྲོལ་ཡོད་གསུངས། ཞེས་ཡི་གེ་དྲུག་པའི་བཟླས་བརྗོད་ཇི་ཙམ་ནུས་པ་བྱ། གསུམ་པ་ནི། སྒོམ་བཟླས་གྲུབ་པའི་མཐར། རང་སེམས་གསལ་སྟོང་རིག་པའི་སྙིང་པོ་ཅན་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་སྐུ་གསུམ་གདོད་ནས་རང་ཆས་སུ་གྲུབ་པ། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཁྱབ་བདེ་གཤེགས་སྙིང་པོའི་རང་ཞལ་ལ། གཉུག་མའི་རིག་པས་བལྟ་བྱ་ལྟ་བྱེད་མ་གྲུབ་པའི་ངང་དུ་གཅེར་གྱིས་བལྟ། བཟོ་བཅོས་དགག་སྒྲུབ་ཀྱི་ཡིད་དཔྱོད་དང་ཕྲལ། བདེ་གསལ་མི་རྟོག་པ་སོགས་ཉམས་ཀྱི་འཛིན་སྟངས་ལ་མ་ཞེན། རྣམ་རྟོག་གཟུང་འཛིན་གྱི་འགྱུ་ལམ་རྦད་ཀྱིས་བཅད་དེ། རྟོག་པའི་འཕྲོ་འདུ་བྱུང་ཡང་ཆོས་ཉིད་གཉུག་མའི་ངང་དུ་རང་ཞི་རང་གྲོལ་དུ་བཏང་ནས་སྤྲོས་བྲལ་གྱི་གནས་ལུགས་ལ་ཅི་གནས་སུ་མཉམ་པར་བཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ནི། མཉམ་བཞག་དེ་ལས་ལྡང་བར་འདོད་ན། སླར་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་གྱུར་པར་མོས་ལ། དགྲ་གཉེན་བར་མས་བསྡུས་པའི་འགྲོ་བ་ཐམས་ཅད་ལ་ཆགས་སྡང་རྨོངས་གསུམ་གྱིས་འདོར་ལེན་མི་བྱ་བར། གཟུགས་སུ་སྣང་བ་ཐམས་ཅད་འཕགས་པའི་སྐུའི་རང་བཞིན། སྒྲ་སྐད་གྲགས་ཚད་ཡི་གེ་དྲུག་པའི་རང་སྒྲ། བཟང་ངན་གྱི་དྲན་རྟོག་ཅི་ཤར་ཡེ་ཤེས་ཆེན་པོར་ཐག་བཅད་དེ་རྟོག་པའི་རོ་མི་མྱོང་བ་གང་ཤར་དེ་ཀའི་ངོ་བོ་ལ་ཧད་དེ་འཇོག་པ་སྟེ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བའི་ངོས། འཁྲུལ་སྣང་ལ་བདེན་པར་བཟུང་བའི་ཕ་མ་སེམས་ཅན་རིས་སུ་
མ་ཆད་པ་ལ་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། བདེན་ཞེན་བྲལ་བ་སྒྱུ་མའི་ཚུལ་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་བྱ་བ་ཅི་ནུས་སུ་འབད། དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་རབ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་འབྲིང་བདེན་མེད་སྒྱུ་མའི་བློ། ཐ་མ་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་སློབ་པའི་བསམ་པས་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། དེ་ལྟར་དུ་བགྱིས་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་ཕ་མ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག ཅེས་པ་དང༌། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་རྣམ་པར་དག་པའི་རྒྱས་འདེབས་པར་བྱའོ། །དེས་སྒོམ་ལུང་གི་རིམ་པ་ཟབ་མོ་ལེགས་པར་གསན་པ་ཡིན་པས། ཇི་ལྟར་ཕོག་པའི་དམིགས་བཟླས་དེ་ལྟ་བུ་རབ་ཐུན་བཞིའི་རིམ་པས་ཁོར་ཡུག འབྲིང་སྒོམ་བཟླས་ཐུན་རེ་ཆག་མེད། ཐ་མས་ཀྱང་ཞག་བདུན་གྱིས་མཐའ་བརྟེན་པའི་ཉམས་ལེན་བྱས་པའི་ཕན་ཡོན་ནི། སྡིག་སྒྲིབ་ཉོན་མོངས་དག སྙིང་རྗེ་དང་རྟོགས་པ་འཆར། གཞན་དོན་རྒྱ་ཆེན་པོ་འགྲུབ། ཕྱི་མ་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་འཚང་རྒྱ་བ་སོགས་སྨོས་ཀྱིས་མི་ལངས་པ་མདོ་རྒྱུད་བསྟན་བཅོས་མཐའ་དག་ནས་གསུངས་པས་ཚེགས་ཆུང་ལ་དོན་ཆེ་བའི་གདམས་པ་འདི་ཉིད་རང་དོན་དུ་རྩེ་གཅིག་ཉམས་སུ་ལེན་པ་དང༌། གཞན་ལ་འཆད་ཅིང་སྤེལ་བ་དང༌། ཐ་ན་སྲོག་ཆགས་གྲོགས་སྦུར་ཚུན་ཆད་ཀྱི་རྣ་བར་ཐུགས་རྗེ་ཆེན་པོའི་མཚན་དང་ཡིག་དྲུག་སྒྲོགས་ལ་འཁོར་བ་དོང་སྤྲུགས་འབྲེལ་ཚད་དོན་ལྡན་དོན་གཉིས་ལྷུན་གྱིས་གྲུབ་པའི་ལམ་བཟང་མཐར་དབྱུང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་ཀྱིས་བསྔོ་སྨོན་བྱས་ལ་འདུས་པ་གྱེས་སོ། །སྒོམ་བཟླས་ཡིད་ལ་དྲན་ཙམ་གྱིས། །མཚམས་མེད་སྒྲིབ་པ་ཟད་བྱེད་ཅིང༌། །ཁྱད་པར་གངས་ཅན་མགོན་གཅིག་པུ། །དེ་སྒྲུབ་གདམས་ངག་གསལ་བཤད་པས། །
མཐོང་ཐོས་དྲན་རེག་སྐྱེ་དགུ་ཀུན། །འོད་སྣང་མཐའ་ཡས་ཞིང་ཁམས་སུ། །འཇིག་རྟེན་མགོན་པོས་དབུགས་དབྱུང་སྟེ། །གང་གི་རྣམ་ཐར་ཀུན་འགྲུབ་ཤོག །ཅེས་པའང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྗེ་བཙུན་མཉྫུ་གྷོ་ཥའི་གསུང་ཟེར་བདུད་རྩི་སྙིང་གི་པདྨོར་བྲན་པས། ཡིག་དྲུག་པ་བློ་གྲོས་མཐའ་ཡས་ཀྱིས་རྩ་བའི་ཡིག་རྙིང་གི་དགོངས་པ་གསལ་བར་ཕྱེས། ལྕགས་ཟམ་པའི་ཁྲིད་ཡིག་མ་བུའི་བཅུད་བསྡུས་ཏེ། ལྷག་པའི་བསམ་པས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བ་གཞན་ཕན་ནམ་མཁའ་དང་མཉམ་པར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡོངས་བཅུད་ཅེས་བྱ་བ་བཞུགས་སོ། །བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་གྲུབ་ཆེན་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། རང་མདུན་ནམ་མཁར་རིན་ཆེན་ཁྲི། །པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ཉིད། །རྣམ་པ་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་ཅི་ནུས་བསགས་ལ། མཐར། སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ། །སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་
ལན་གསུམ། དེ་ནས་བློ་ཆོས་སུ་སྐུལ་བ་ནི། འདི་ལྟར་འཇིགས་པ་ཐམས་ཅད་དང༌། །སྡུག་བསྔལ་དཔག་ཏུ་མེད་པ་ཡང༌། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུངས་པ་ཉིད་ཀྱིས་བསྟན། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང༌། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་ཐ་མ་འབྲལ་བ་སྟེ། །གསོན་པའི་ཐ་མ་འཆི་བར་འགྱུར། །དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་པས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །བདག་ཉིད་སྐྱོན་བཅས་གཞན་དག་རྣམས། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །འགྲོ་བ་ཐམས་ཅད་སྲུང་སེམས་དང༌། །སྙིང་རྗེའི་སེམས་ནི་གོམས་པར་བྱ། །དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་གྱི་འཇིགས་པའང་བསལ་བྱའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་
རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །བསྒོམས་དང་ཡིད་ལ་དྲན་པས་ཀྱང༌། །མཚམས་མེད་སྒྲིབ་པ་འདག་པར་བྱེད། །དེས་ན་རྩེ་གཅིག་བསྒོམ་བཟླས་བྱ། །ཞེས་པའི་ཚིག་རྣམས་ངག་ཏུ་བརྗོད་པའམ། མི་སྤྲོ་ན་དོན་ཡིད་ལ་བསམ། དེ་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་གཙུག་པད་དཀར་ཟླ་བའི་སྟེང༌། །ཧྲཱིཿལས་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །འཛུམ་ལྡན་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་ལྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་ཅི་ནུས་བསགས། སྤྲོ་ན། དགེ་སློང་པདྨ་དཀར་པོའི་ཐུགས་དམ་སྤྱན་རས་གཟིགས་ཀྱི་གསོལ་འདེབས་དང་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱང་གསུང་རྒྱུན་ལ་ཁ་སྐོང་བར་བྱ་སྟེ། གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཞབས། །རྡོ་རྗེ་འཛིན་པ་ཀུན་སྤངས་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་ཡི་དམ་ཐུགས་རྗེ་ཅན། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཀུན་དགའི་རྩལ་རྫོགས་སེམས་ཀྱི་མདུད་གྲོལ་མཆོག །བསྟན་འཛིན་ཉི་ཟླ་མཁས་བཙུན་བཟང་པོའི་ཕུལ། །གྲུབ་
པའི་རིགས་འཆང་ངག་དབང་ཉི་མའི་མཚན། །གསོལ་བ་འདེབས་སོ་སོགས་ཚིག་རྐང་གསུམ་སྔགས་བཅས་འགྲེ། བཤད་སྒྲུབ་བསྟན་འཛིན་བསོད་ནམས་དབང་ཕྱུག་དང༌། །མཁས་ཤིང་དངོས་གྲུབ་མཆོག་བརྙེས་རྨོར་ཆེན་རྗེ། །བསོད་ནམས་ཡེ་ཤེས་མཆོག་ཏུ་གྲུབ་པའི་དཔལ། །གསོལ་བ་འདེབས་སོ༴ །ཡོངས་རྫོགས་བསྟན་འཛིན་ཡེ་ཤེས་ལྷུན་གྱིས་གྲུབ། །བློ་བཟང་རྒྱལ་སྲས་ལུང་རྟོགས་བསྟན་པ་འཕེལ། །ཐུབ་བསྟན་འཛིན་མཆོག་མཁྱེན་རབ་མཐུ་སྟོབས་བདག །གསོལ་བ་འདེབས་སོ༴ །འཇམ་དབྱངས་གཞོན་ནུ་བཤེས་གཉེན་མཆོག་གི་ཚུལ། །མཁྱེན་བརྩེའི་དབང་ཕྱུག་བདག་ཉིད་ཆེན་པོ་དང༌། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །གསོལ་བ་འདེབས་སོ༴ །བྱིན་གྱིས་རློབས༴ །བྱམས་དང་སྙིང་རྗེ༴ །མཁའ་ཁྱབ་རིག་འཛིན་བརྙེས་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན༴ །དོན་གཉིས་མཐའ་རུ་ཕྱིན་པར༴ །ཨོཾ་མ་ཎི་པདྨེ་ཧཱུྃ། དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང༌། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲགས་རིག་སྟོང་དབྱེར་མེད་གྱུར། །ཞེས་པའི་དོན་ལ་མཉམ་པར་བཞག་བཞིན་ཏུ་ཡི་གེ་དྲུག་པ་བཟླ་བ་ནི་མཁའ་ཁྱབ་ཀྱི་རྣལ་འབྱོར་དངོས་ཡིན་པས། འདིའི་མཐར་རྫོགས་རིམ་ལ་འཇུག་པ་ནི་རྩ་བའི་དགོངས་པ་ཡིན་ལ། གལ་ཏེ་ཀུན་སྤངས་ཡབ་སྲས་ཀྱི་གསུང་རྒྱུན་ལྟར་བཟླས་དམིགས་སྤྱི་མཐུན་སྦྱར་བ་སྤྲོ་ན། སྤྱི་བོའི་འགྲོ་མགོན་འོད་དུ་ཞུ། །རང་གཞན་ལ་ཐིམ་ཐུགས་ཀ་རུ། །པད་དཀར་འདབ་དྲུག་ལྟེ་བར་ཧྲཱིཿ། །ཡིག་དྲུག་ནང་བསྟན་གཡས་བསྐོར་ལས། །འོད་འཕྲོས་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེས། །སླར་འདུས་བདག་རྒྱུད་བྱིན་བརླབས་གྱུར། །ཞེས་མོས་ལ་ཡིག་དྲུག་བཟླ། ཐུན་མཐར་རྫོགས་རིམ་ནི། བསྒོམ་མེད་སྒོམ་
པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་སོར་བཞག་ན། །དེ་ཤར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་པའི་ཚིག་ངག་ཏུ་བརྗོད་པའམ་དོན་བསམས་ལ་གནས་ལུགས་གཉུག་མའི་ངང་དུ་མཉམ་པར་བཞག དེ་ལས་ལྡང་བར་འདོད་ན། བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲགས་ཡི་གེ་དྲུག་པའི་དབྱངས། །དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང༌། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་སོགས་དང༌། །འདི་ལྟར་བསྒོམས་བཟླས་བགྱིས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་དང༌། སངས་རྒྱས་སྐུ་གསུམ་སོགས་བསྔོ་སྨོན་རྣམ་པར་དག་པའི་རྒྱས་གདབ་པར་བྱའོ། །ཞེས་པའང་ཐར་འདོད་ཡོངས་ལ་སྨན་པའི་བསམ་པ་རྒྱུར་བྱས་ཏེ། བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བཞུགས་སོ། །གསོལ་བ་འདེབས་སོ་བླ་མ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཡི་དམ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་སྐྱབས་མགོན་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་བྱམས་མགོན་སྤྱན་རས་གཟིགས། །ཐུགས་རྗེས་ཟུངས་ཤིག་རྒྱལ་བ་ཐུགས་རྗེ་ཅན། །མཐའ་མེད་འཁོར་བར་གྲངས་མེད་འཁྱམས་གྱུར་ཅིང༌། །བཟོད་མེད་
སྡུག་བསྔལ་མྱོང་བའི་འགྲོ་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཞེ་སྡང་དབང་གིས་དམྱལ་བར་སྐྱེས་གྱུར་ཏེ། །ཚ་གྲང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ལྷ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །སེར་སྣའི་དབང་གིས་ཡི་དྭགས་གནས་སུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །གཏི་མུག་དབང་གིས་དུད་འགྲོར་སྐྱེས་གྱུར་ཏེ། །གླེན་ལྐུགས་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །མགོན་པོ་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཕྲག་དོག་དབང་གིས་ལྷ་མིན་གནས་སུ་སྐྱེས། །འཐབ་རྩོད་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ང་རྒྱལ་དབང་གིས་ལྷ་ཡི་གནས་སུ་སྐྱེས། །འཕོ་ལྟུང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྤྱན་རས་གཟིགས་དང་མཛད་པ་མཚུངས་པ་ཡིས། །མ་དག་ཞིང་གི་འགྲོ་རྣམས་སྒྲོལ་བ་དང༌། །གསུང་མཆོག་ཡིག་དྲུག་ཕྱོགས་བཅུར་རྒྱས་བྱེད་ཤོག །འཕགས་མཆོག་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་གི་གདུལ་བྱར་གྱུར་བའི་འགྲོ་བ་རྣམས། །ལས་འབྲས་ལྷུར་ལེན་དགེ་བའི་ལས་ལ་བརྩོན། །འགྲོ་བའི་དོན་དུ་ཆོས་དང་ལྡན་པར་ཤོག །ཞེས་པ་
འདི་ནི། གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་པའི་སྐབས། དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་པས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚིག་འདི་སྔོན་གནས་རྗེས་དྲན་ཏུ་གསུངས་པ་སྟེ། བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་ལགས་སོ། །མངྒ་ལཾ།། །།
འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས།
འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། བྷཊྚ་ར་ཀ་ཨཱརྻཱ་བ་ལོ་ཀི་ཏེ་ཤྭ་རི་ཀ་ད་ཤ་མུ་ཁ་སྱ་སཱ་དྷ་ནཾ། བོད་སྐད་དུ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྟེ་བ་ཟླ་བས་རྣམ་བརྒྱན་པདྨ་ལ། །འབར་བའི་རྒྱན་མངའ་ཀུན་ནས་མུན་སེལ་ཅིང༌། །ཁ་བའི་རི་འདྲ་རི་དྭགས་ལྤགས་འཛིན་པ། །འཛུམ་བཅས་བཞུགས་ལ་སྤྱི་བོས་བཏུད་བྱས་ཏེ། །འགྲོ་བ་དེ་ཡི་གནས་ཐོབ་འདོད་པས་འདིར། །སྒྲུབ་ཐབས་ཆོ་ག་བདག་གིས་དྲན་པར་བྱ། །དང་པོར་རེ་ཞིག་གང་ཡང་རུང་བའི་ཡིད་དང་རྗེས་སུ་མཐུན་པའི་གནས་ལེགས་པར་བྱུགས་པར་དྲི་ཞིམ་པོའི་མེ་ཏོག་ཀུན་ཏུ་གཏོར་བ། དེའི་དབུས་སུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་ཞིང༌། དེའི་སྟེང་དུ་དྲོ་བ་རྣམས་ཀྱི་བཞི་པ་མེའི་བུ་ལ་བརྟེན་པ་ང་རོ་བཞི་པས་ཀུན་ནས་མནན་ཞིང་གཞོན་ནུ་མ་ཡི་ནུ་མས་བརྒྱན་པར་བལྟའོ། །དེ་ནས་ས་བོན་གྱི་ཡི་གེ་ལས་འོད་ཟེར་རྣམས་བྱུང་བས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས་ཏེ། དེ་དག་གི་མདུན་ཉིད་དུ་ཕྱག་འཚལ་བ་སྔོན་དུ་སོང་བས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ།
ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གཱི་ཏི་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་པའི་མཆོད་པའི་ཚོགས་ཕུལ་ལ། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པར་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང༌། །དམ་པའི་སྐྱབས་ལ་སྐྱབས་སུ་མཆི། །དེ་ནས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་རིམ་གྱིས་མངོན་དུ་བྱས་ལ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རང་རང་གི་དེ་བཞིན་ཉིད་ལས་མི་འདའ་བས་རྣམ་པར་དག་པར་བསམས་ཏེ། བདག་ཀྱང་རྣམ་པར་དག་པར་བསམས་ལ། ཡང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ཀུན་ནས་སྟོང་པ་ཉིད་དུ་བདག་ཉིད་ཀྱང་བསམ་མོ། །དེའི་རྗེས་ལ་མདུན་དུ་པྃ་ལས་པདྨ་འདབ་མ་སྣ་ཚོགས་པ་བསམ་ཞིང༌། དེའི་སྟེང་དུ་
ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡང་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ནས་ཡང་དེ་ལས་འོད་ཟེར་བྱུང་བ་རྣམས་ཀྱིས་འགྲོ་བ་རྣམས་རྣམ་པར་དག་པར་བྱས་ནས་འོངས་པ་དང༌། དེ་ཉིད་ལ་ཞུགས་པས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟ་བུར་གྱུར་པར་བསམ་པར་བྱའོ། །དེའི་དབུས་སུ་ཡང་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ནས་ཡང་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང༌། ཞགས་པ་ལྟ་བུ་བྱུང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཀུག་སྟེ། བདག་ཉིད་དང་གཅིག་པས་དེ་ལ་ཐིམ་པར་བལྟའོ། །དེ་མ་ཐག་ཏུ་པདྨ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་གངས་རིའི་རྩེ་མོ་ལ་ཉི་མས་བརྒྱན་པ་ལྟར་དཀར་བ་སྐུའི་ཡན་ལག་རྒྱན་ཐམས་ཅད་ཀྱིས་སྤྲས་པ་ནོར་བུས་སྤྲས་པའི་གསེར་མདོག་འོག་པགས་ཅན། རས་བཟང་པོས་སྐུའི་སྨད་གཡོགས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རལ་པ་དམར་སེར་འཁྱུགས་པས་མཛེས་པ། ཕྱག་གདུབ་དང༌། ཞབས་གདུབ་དང༌། རྣ་ཆ་གདུབ་ཀོར་དང༌། མགུལ་གདུབ་དང༌། ཅོད་པན་དང༌། དཔུང་རྒྱན་དང༌། དབུ་རྒྱན་རྩེ་ཕྲན་གྱིས་གསལ་བར་བྱས་པ། འོད་ཟེར་དཀར་པོས་ཀུན་ནས་བསྐོར་བ། ལང་ཚོ་ལ་བབས་པ། སྤྱན་དཀྱུས་རིང་ཞིང་དཔྲལ་བ་ཡངས་པ། ཞལ་བཅུ་གཅིག་པ། རྩ་བའི་ཞལ་ཀུན་ནས་དཀར་བ། གཡས་པ་ལྗང་གུ། གཡོན་པ་དམར་བ། ཞལ་ཐམས་ཅད་ཀུན་ནས་འཛུམ་པའི་ཉམས་ཅན། དེའི་དབུས་ལྗང་གུ། གཡས་དམར་པོ། གཡོན་དཀར་པོ། དེའི་དབུས་དམར་པོ། གཡས་དཀར་པོ། གཡོན་ལྗང་གུའི་བྱེ་བྲག་རྣམས་སོ། །དེའི་སྟེང་དུ་ཞལ་རྣམ་པར་གཙིགས་ཤིང་འཇིགས་པ། ནག་པོ་མཆེ་བ་སྣང་བ། ཀུན་ཏུ་ཁྲོས་པ། སྤྱན་གསུམ་པ་རལ་པ་བསྒྲེང་བའོ། །དེའི་སྤྱི་བོར་བནྡཱུ་ཀའི་མེ་ཏོག་དང༌། བྱུ་རུ་བཅག་པའི་མཚམས་ལྟར་གསལ་བ། གཙུག་ཏོར་དང་བཅས་པ། རྒྱན་སྤངས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མགུལ་པ་དང་བཅས་པར་
བྱུང་བ། ཞི་བའི་གཟིགས་པས་འཛུམ་པའོ། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་དང་པོས་ཕྲེང་བ་འཛིན་པ། གཡོན་པ་ན་གསེར་གྱི་པདྨ་རྩ་བ་དང་བཅས་པ་འཛིན་པ། གཡས་གསུམ་པས་ཡི་དྭགས་སྐོམ་པ་སེལ་པ། གཡོན་གསུམ་པས་རིལ་བ་སྤྱི་བླུགས་འཛིན་པ། གཡས་བཞི་པས་འཁོར་ལོ་འཛིན་པ། གཡོན་བཞི་པས་མདའ་དང་གཞུ་འཛིན་པ། ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ་རྣམས་ཀྱིས་མཆོག་སྦྱིན་པ་ཕྱག་པདྨའི་འདབ་མ་ལྟར་འཇམ་པ་འདི་ལྟ་བུ་རྣམ་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་པདྨ་དང་ཟླ་བ་ལ་གནས་པའི་ས་བོན་གྱི་ཡི་གེ་གནས་པ་ལས་བྱུང་བའི་འོད་ཀྱིས་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས་ཏེ། ཡང་དག་པར་མཆོད་ལ་བདག་གི་ནང་དུ་བཞུགས་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་ལེགས་པར་གནས་པས་དབང་བསྐུར་བའི་མཐར་ཐུག་པར་བསྒྲུབ་བོ། །དེའི་རྗེས་ལ་རང་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་ས་བོན་ཀུན་ནས་དཀར་པོ་འོད་དང་བཅས་པ་མགོ་གྱེན་དུ་འགྲེངས་པ་བསམས་ཏེ། དེ་ལས་བྱུང་བའི་སྐུ་རྣམས་འཕྲོས་པས་འཁོར་ལོའི་རྣམ་པར་བྱུང་བར་བསམ་ཞིང་བསྒོམ་མོ། །གང་གི་ཚེ་སྐྱོ་བ་ན་ས་བོན་གྱི་ཡི་གེ་ཡིད་ལ་འཛིན་པས་ནོར་བུའི་མཚམས་སུ་ཕྱག་འཚལ་བ་དང་བཅས་པའི་མངོན་དུ་གྱུར་པའི་ཚིག་སྤངས་ཏེ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷཱུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཞེས་བྱ་བ་འདོད་པ་བཞིན་བཟླའོ། །སྐྱོ་བར་གྱུར་ན་ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་ལ་མཆོད་དོ། །གསོལ་བ་གདབ་པ་དང༌། བཟོད་པར་གསོལ་བ་དང༌། གཤེགས་པར་མཁྱེན་པར་བྱ་བའི་ཕྱིར་ཛ་ཧི་ཞེས་ལན་གསུམ་བརྗོད་དོ། །ལངས་ནས་མཆོད་བསྟོད་ལ་སོགས་པ་བྱའོ། །འདིར་གང་དག་དེ་སྙེད་ཀྱི་ཕྱག་རྒྱ་དག་དམིགས་པར་མི་ནུས་པས་ཕྱག་བརྒྱད་པའམ། ཞལ་གཅིག་ཕྱག་བཞི་པའམ།
ཞལ་གཅིག་ཕྱག་གཉིས་པ་ཡང་བསམ་ཞིང་ཕྱག་གཉིས་པ་པདྨ་དང་མཆོག་སྦྱིན་པར་བལྟའོ། །སྒྲུབ་ཐབས་ཆོ་ག་བཀོད་པ་ཡི། །དགེ་བ་གང་ཞིག་དྲི་མེད་ནི། །བདག་གིས་བསགས་དེས་འགྲོ་བ་ཀུན། །སྲིད་མཚོའི་ཕ་རོལ་འགྲོ་བར་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱེ་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ༈ །འཇིག་རྟེན་དབང་ཕྱུག་གི་གཞུང་བཞི་ཉམས་སུ་ལེན་ཚུལ་བཞུགས་སོ། །ཡང་དག་ལམ་སྟོན་དགེ་བའི་བཤེས་གཉེན་དང༌། །ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས་མགོན་ལ། །རྙོག་མེད་དང་བའི་ཡིད་ཀྱིས་ཕྱག་འཚལ་ནས། །རྨད་བྱུང་གནད་ཀྱི་གདམས་པ་འདི་བཤད་བྱ། །དེ་ལ་འདིར་ཡང་དག་པའི་སྒྲུབ་པ་ལ་བརྩོན་པས། ས་དང་པོའི་རྟོགས་པ་བརྙེས་པ་དགེ་སློང་མ་དཔལ་མོས་ཨོ་རྒྱན་གྱི་ཡུལ་གྱི་རྒྱུད་རྒྱས་པ་ལས་ཕྱུང་ནས་སྡིག་པ་བཤགས་པའི་ཆོ་ག་དང༌། བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ཕྱག་སྟོང་སྤྱན་སྟོང་པའི་གཟུངས་དང༌། ཞལ་བཅུ་གཅིག་པའི་གཟུངས་ལ་སོགས་པ་རྣམས་ལ་བརྟེན་ནས་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། གཏོར་མའི་ཆོ་ག བསྟོད་པ་སྟེ། སྤྱན་རས་གཟིགས་ལ་བརྟེན་པའི་གཞུང་བཞི་མཛད་པའི་དོན་ཉམས་སུ་ལེན་པ་ལ། སྡིག་པ་བཤགས་པའི་ཆོ་ག་ཉམས་སུ་ལེན་པའི་ཚུལ་དང༌། གཞུང་ཕྱི་མ་གསུམ་ཉམས་སུ་ལེན་པའི་ཚུལ་ཏེ་གཉིས་ལས། དང་པོ་ལ་བཞི་སྟེ། རྟེན་གྱི་གང་ཟག དུས་ཀྱི་ཁྱད་པར། ཆོ་གའི་ཁྱད་པར། དཀའ་ཐུབ་ཀྱི་ཁྱད་པར་རོ། །དང་པོ་ལ། ཐ་མལ་པ་སྡིག་པོ་ཆེ་དང༌། ཐུགས་རྗེ་ཆེན་པོ་ལ་ཡི་དམ་བྱེད་པ་དང༌། གསང་སྔགས་གཞན་ཉམས་སུ་ལེན་པ་དང་གསུམ་ལས། དང་པོས་ནི་ཐ་མལ་པའི་གཟུགས་དང༌། གཉིས་པས་ནི་ཐུགས་རྗེ་ཆེན་པོའི་ང་རྒྱལ་དང༌། གསུམ་པས་ནི་ཡི་དམ་གྱི་ལྷ་གང་ཡིན་པའི་ང་རྒྱལ་གྱིས་བཤགས་པ་
བྱེད་དོ། །གཉིས་པ་ནི། ཟླ་བ་གང་ཡང་རུང་བའི་ཚེས་བདུན་ནས་དགུའི་བར་རམ། བཅུ་བཞི་ནས་བཅུ་དྲུག་བར་རམ། ཉི་ཤུ་ནས་ཚེས་གཅིག་གི་བར་ཏེ་ཉིན་ཞག་དགུ་ནི་བཤགས་པའི་དུས་ཡིན་ལ། ཞག་རེ་རེ་ལའང་བརྩོན་བའི་བྱེ་བྲག་གིས་ཐུན་གསུམ་མམ་བཞིའམ། ལྔའམ་དྲུག་ཏུ་བྱའོ། །གསུམ་པ་ནི། གནས་དབེན་པར་སྐྱང་ནུལ་ལ་སོགས་པ་བྱས་ནས་མཎྜལ་ཁྲུ་གང་པ་ལ། བའི་རྣམ་ལྔའམ། དྲི་བཟང་གི་ཆུས་བྱུགས་ཏེ། མེ་ཏོག་དཀར་པོ་སིལ་མ་དགྲམ། ཅེས་པ་ཙམ་ལས་མི་འབྱུང་ཡང༌། དམིགས་པ་གསལ་བའི་ཆེད་དུ་དབུས་དང་གཡས་གཡོན་གཉིས་མདུན་རྣམས་སུ་མེ་ཏོག་གི་ཚོམ་བུ་བཞི་བྱའོ། །དེའི་མཐའ་སྐོར་དུ་མཆོད་པ་རྣམ་པ་ལྔ་ཅི་འབྱོར་པ་བཤམ་མོ། །དེ་ནས། མཎྜལ་གྱི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་ཕར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ལྷ་གསུམ་ཐོད་པ་དང་བཞི་ཅིག་ཅར་དུ་བསྐྱེད་དེ། དབུས་སུ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན། གཡོན་པདྨའི་སྡོང་བུ་བསྣམས་པ། སྐུ་མདོག་གསེར་དང་འདྲ་བ། འཇམ་པ། སྣུམ་པ། དབུ་རྒྱན་དུ་འོད་དཔག་མེད་བཞུགས་པ། གཡོན་ན་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་ལྗང་གུ། གཡོན་ན་ཨུཏྤལ་འཛིན་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡས་ཕྱོགས་སུ་སྦྲུལ་དཀར་པོ་འཁྱིལ་ནས་ཞལ་ནམ་མཁའ་ལ་གདངས་པ། མདུན་ན་ཐོད་པ་དཀར་པོ་མེ་ཏོག་སྣ་ཚོགས་ཀྱིས་བཀང་བའོ། །ཐུགས་རྗེ་ཆེན་པོའི་ཐུགས་ཀར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐོད་པ་དཀར་པོའི་ནང་ཧྲཱིཿའི་མཐའ་མར་གཟུངས་ཀྱི་ཡི་གེས་བསྐོར་བ། རང་གི་སྙིང་གར་ཡང་དེ་བཞིན་བསྒོམས་ལ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་དང༌། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་བསྐྱེད་དེ། རང་གི་ལུས་ཀྱང་མང་པོར་སྤྲུལ། སེམས་ཅན་ཐམས་ཅད་
ཀྱིས་ཀྱང་སྡིག་པ་བཤགས་པར་བསམས་ལ། ཐུགས་རྗེ་ཆེན་པོའི་ཐུགས་ཀའི་ཡི་གེ་རྣམས་ལས་འོད་ཟེར་ཤངས་བུག་གཡས་ནས་བྱུང༌། རང་གི་གཡོན་ནས་ཞུགས་ཏེ་ཡིག་འབྲུ་ལ་ཐིམ་པར་བསམ་ཞིང་གཟུངས་རིང་གཅིག་གིས་ཐོག་དྲངས་པའི་གཟུངས་ཐུང་བདུན་ནམ་ཉེར་གཅིག་གམ། བརྒྱ་རྩ་བརྒྱད་ལ་སོགས་པ་ནུས་ཚད་བཟླ། མཇུག་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། བཞི་པ་ནི། མཚམས་མེད་པ་ལ་སོགས་པའི་སྡིག་པ་བྱས་ན། དངོས་གཞིའི་དུས་སུ་སྨྱུང་གནས་བྱ། ཟླ་བ་ཉ་གསུམ་ལ་སྨྱུང་བར་བྱས་ནས། བཅུ་དྲུག་གི་ཉི་མ་རྩེ་ཤར་ལ་བཟའ། རྩ་བའི་ལྟུང་བ་བྱུང་བ་ལ་ནི་ཟས་དཀར་གསུམ་བཟའ་ཞིང་ཞག་གསུམ་བཟླ། ཡང་ན་ཟས་གཅིག་པ་ཞག་གསུམ་བྱའོ། །སྦོམ་པོ་ཡན་ཆད་ལ་ཤ་ཆང་སྤངས་པ་ཙམ་གྱིས་བྱའོ། །ཁྱད་པར་དུ་སྔགས་པའི་སྡིག་པ་བཤགས་ན་མདུན་གྱི་ཐོད་པའི་མེ་ཏོག་ཡིད་ཀྱིས་བསལ་ལ། རང་གི་རྣམ་སྨིན་གྱི་ལུས་པོ་དེར་བཅུག་སྟེ་འཁྱགས་པ་ཞུ་བ་ལྟར་བདུད་རྩིར་གྱུར་པར་བསམ། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ་རྗེ་བཙུན་མ་སྒྲོལ་མས་ཕྱག་ཚད་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དྲང་བར་བསམ་མོ། །དེ་ལྟར་གང་ཟག་བཞི་ལས། དང་པོ་ནི། ཐ་མལ་པ་སྡིག་པོ་ཆེ་དང༌། བར་པ་གཉིས་ནི། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཐ་མ་ནི། སྔགས་ཀྱི་སྒོར་ཞུགས་པའི་དབང་དུ་བྱས་སོ། །གཉིས་པ་ནི། འདིའི་རྗེས་སུ་གནང་བ་ཐོབ་པའི་གང་ཟག་གིས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྤྱན་
དྲངས་པར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དཱི་པཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མཆོད་པ་འབུལ་ལོ། །དེ་ནས། གང་ཡང་བདག་གིས་དུས་ཀུན་དུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང༌། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །ཞེས་ལན་གསུམ་བརྗོད་ལ། དེ་ནས་ཚད་མེད་པ་བཞི་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བསམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ནས། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་དེ་ཉིད་ལ་ཞུགས་
པས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟ་བུར་འབར་བ། ལྟེ་བར་ཧྲཱིཿཡིག་གིས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུག་ནས་ཧྲཱིཿལ་ཐིམ། དེ་མ་ཐག་ཏུ་པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་སྐུ་མདོག་དཀར་པོ་ལང་ཚོ་དར་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་པའི་རྩ་ཞལ་དཀར་བ། གཡས་ལྗང་བ། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང༌། གཡས་དམར། གཡོན་དཀར་བ། དེའི་སྟེང་དུ་དབུས་དམར་བ། གཡས་དཀར་བ། གཡོན་ལྗང་བ། དེ་རྣམས་འཛུམ་པའི་ཉམས་ཅན། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་ལ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ། རྒྱན་སྤངས་པ། ཚངས་པར་སྤྱོད་པའི་ཆ་ལུགས་འཛིན་ཞིང་འཛུམ་པ་མགུལ་པ་དང་བཅས་པའོ། །ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་བགྲང་ཕྲེང༌། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་འཛག་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པ་ན་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པ་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང༌། མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་འཁྱུག་པས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན།
དར་གྱི་ཅོད་པན་ལ་སོགས་པས་བརྒྱན་ཅིང༌། འོད་ཟེར་དཀར་པོ་འཕྲོ་བར་བསམ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས། མཆོད་པ་ལྔས་མཆོད་ནས་ཛཿཧཱུྃ་བཾ་ཧོཿ ཞེས་པས་གཉིས་སུ་མེད་པར་བསྟིམ་མོ། །རང་གི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་མོས་པར་བྱའོ། །སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་འོད་དཔག་མེད་ཀྱིས་གཙོར་བྱས་པའི་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་མཆོད་པ་ལྔས་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་རྣམ་པ་ལྔས་དབུར་བརྒྱན། རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ་དེ་ལས་ཐུགས་རྗེ་ཆེན་པོའི་སྐུ་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པར་ཡུན་རིང་དུ་བསམ་མོ། །བསྒོམས་པས་སྐྱོ་ན། ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་བཀོད་ལ་སྤྲོ་བསྡུ་སྔ་མ་བཞིན་དུ་བསམ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་དྡྷྱཿ སམྱ་ཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་
སཏྭཱ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷཱུ་རུ། ཨིཊྚེ། བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ། པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ་བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཞེས་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་པའི་སྙིང་པོ་ཅི་ནུས་བཟླ། སླར་ཡང་མདོ་འཛིན་གྱི་རྩར་སླེབས་པའི་ཚེ་གཟུངས་རིང་རེ་རེས་སྣ་དྲངས་པར་བྱའོ། །མཇུག་ཏུ་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་མཆོད་པ་ལྔས་མཆོད། གསོལ་བ་བཏབ། ནོངས་པ་བཟོད་པར་གསོལ་ཏེ། ཛ་ཧི་ཞེས་ལན་གསུམ་བརྗོད་ནས་གཤེགས་སུ་གསོལ་ཏེ། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །ཐུན་མཚམས་སུ་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པར་འདོད་ན། རིན་པོ་ཆེ་ལ་སོགས་པའི་སྣོད་དུ་དཀར་གཏོར་བཤམས་ཏེ། སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་སྦྱངས་ནས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། བྃ་ལས་ཆུ། ལྃ་ལས་སའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ལས་པདྨ་དང༌། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁྃ་ལས་ཁ་ཟས་རོ་བརྒྱ་དང་ལྡན་པ་ནམ་མཁའ་དང་མཉམ་པར་དམིགས་ལ། རང་ཉིད་དམ་ཚིག་སེམས་དཔའི་ངོ་བོར་གནས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་དེ་ལ་བསྟིམ་པར་བྱའོ། །དེ་ནས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་མི་ཟད་པར་སྤེལ་ནས། ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་རྣམས་ཀྱིས་མཚོན་པའི་འབྱུང་པོ་རྣམས་བཀུག་ཅིང༌། སྤྱན་རས་གཟིགས་ཀྱི་ངོ་བོར་བྱས་ཏེ། ལྗགས་ལ་ཧྲཱིཿས་མཚན་པའི་འོད་ཀྱི་སྦུ་གུས་གྱ་ནོམ་པའི་ཞལ་ཟས་དེ་དག་དྲངས་ནས་གསོལ་བར་བསམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱཏཱ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ་གཞན་ཡང༌། ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །མིའམ་ལྟོ་འཕྱེ་མཁའ་ལྡིང་དང༌། །ཡི་དྭགས་ཤ་ཟ་གྲུལ་བུམ་སོགས། །འབྱུང་པོའི་ཚོགས་
ཀུན་འདིར་བྱོན་ལ། །ལེགས་སྦྱར་ཟས་འདི་བཞེས་ནས་ཀྱང༌། །མི་མཐུན་རྐྱེན་ལས་བྱུང་བ་ཡི། །བར་ཆད་ཐམས་ཅད་ཞི་བ་དང༌། །ཚེ་དང་བསོད་ནམས་འཕེལ་བ་དང༌། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་ཟང་ཟིང་གི་དངོས་པོ་བྱིན་ལ། ཆོས་ཀྱི་སྦྱིན་པ་ནི། ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝ་བཱ་དྷི་མཧཱ་ཤྲ་མ་ཎཿ ཞེས་བརྗོད་པར་བྱའོ། །བསྟོད་པ་ཡང་ཐུན་མཚམས་སུ་མདུན་དུ་ཐུགས་རྗེ་ཆེན་པོ་མངོན་སུམ་ལྟར་དམིགས་ནས་བསྟོད་པ་ཡིན་གྱི། སྔར་གྱི་ཆོ་གའི་ཡན་ལག་ཏུ་སྦྱར་བ་ནི་མི་སྣང་ངོ༌། །དེ་ལྟར་ན་བཤགས་པའི་ཆོ་ག་ནི། ལམ་དུ་མ་ཞུགས་པའི་ཐ་མལ་པ་དང༌། བྱ་རྒྱུད་རང་ལུགས་ལྟར་ཉམས་སུ་ལེན་པ་དང༌། རྒྱུད་སྡེ་གོང་མ་ལྟར་ཉམས་སུ་ལེན་པ་ཐམས་ཅད་ལ་སྦྱར་དུ་རུང་ལ། སྒྲུབ་པའི་ཐབས་ནི། རྣལ་འབྱོར་རྒྱུད་ཀྱི་ལུགས་ལྟར་མཛད་པ་སྟེ། བདག་ཉིད་སྤྱན་རས་གཟིགས་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས། ཆོ་ག་ཚར་བའི་ཚེ་ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་རྐྱང་པའི་ང་རྒྱལ་གྱིས་གནས་པར་བཤད་པའི་ཕྱིར་རོ། །ཉམས་སུ་ལེན་པའི་ཚུལ་ཡང་ཐ་མལ་པ་སྡིག་པོ་ཆེ་ཡིན་ན། སྔར་གྱི་བཤགས་པའི་ཆོ་ག་སྡིག་པ་དག་པའི་མཚན་མ་བྱུང་བྱུང་གི་བར་དུ་ཉམས་སུ་བླངས་ནས་དེའི་འོག་ཏུ་འདིའི་རྗེས་སུ་གནང་བ་ཞུས་ཏེ་སྒོམ་བཟླས་ལ་འཇུག་ཅིང༌། གཞན་དག་གིས་ནི་དང་པོ་ཉིད་ནས་རྗེས་གནང་ཞུས་ཏེ་སྒོམ་བཟླས་ལ་འཇུག་པའི་དབང་དུ་བྱས་པ་ཡིན་གྱི། གཞུང་འདིས་སྨྱུང་གནས་ཀྱི་དུས་ཀྱི་བདག་བསྐྱེད་བསྟན་པ་ནི་གཏན་མ་ཡིན་ཏེ། སྨྱུང་གནས་ནི་བྱ་རྒྱུད་ཀྱི་ལུགས་ཡིན་ལ། བྱ་རྒྱུད་ལ་བདག་བསྐྱེད་མེད་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་བཤད་ཅིང༌། རྒྱུད་སྡེ་རང་ཉིད་ནས་ཀྱང་བདག་བསྐྱེད་མ་བཤད་ལ་དོན་ཐོབ་ལའང་མེད་པའི་ཕྱིར་དང༌། གཞུང་ལས་ཀྱང་མཚམས་མེད་བྱས་པ་ལ་སོགས་པས་ཀྱང་བཤགས་པའི་ཆོ་ག་བྱེད་པའི་ཚེ་ཉི་མ་བར་པ་ལ་ཟས་མི་བཟའ་བ་ཁོ་ན་ལ་སྨྱུང་གནས་སུ་བཤད་ཀྱི་གཞན་
རྣམས་ལ་ནི་སྨྱུང་གནས་ཀྱི་ཐ་སྙད་བྱས་པའང་མི་སྣང་བའི་ཕྱིར། དེའི་ཚེ་སང་ནངས་པར་ཐོ་རངས་ཟས་བཟའ་བའང་མི་འཐད་དེ། བཤགས་པའི་གཞུང་ལས། བཅུ་དྲུག་གི་ཉི་མ་རྩེ་ཤར་ལ་བཟའ་ཞེས་གསུངས་པའི་ཕྱིར་རོ། །བྱ་རྒྱུད་ཀྱི་ལྷ་ལ་བདག་བསྐྱེད་སྦྱར་བ་ནི། རྒྱུད་སྡེ་གོང་མའི་ཆོ་ག་ལྟར་ཉམས་སུ་ལེན་པ་ཡིན་ལ། དེའི་ཚེ་ལུས་སྡུག་བསྔལ་བའི་ཆེད་དུ་སྨྱུང་གནས་བྱེད་པ་མི་འཐད་དེ། གསང་འདུས་རྩ་རྒྱུད་ལས། དཀའ་ཐུབ་དཀའ་སྤྱད་མི་བཟད་པས། །བསྒྲུབས་ན་འགྲུབ་པར་མི་འགྱུར་ཞིང༌། །ཞེས་སོགས་མང་དུ་གསུངས་ལ། དེ་དག་གི་དོན་བསྡུས་ནས། དཔལ་ལྡན་ས་སྐྱ་པཎྜི་ཏས། བྱ་བའི་རྒྱུད་ལ་བདག་བསྐྱེད་མེད། །བྲིས་སྐུ་མཆོད་ནས་དངོས་གྲུབ་ལེན། །བདག་བསྐྱེད་སྒྲུབ་ཐབས་ཡོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡི་ལུགས་བཞིན་མཛད་པ་ཡིན། །དེ་ལྟར་བྱེད་ན་སྨྱུང་གནས་མེད། །བདག་ཉིད་ལྷ་རུ་བསྐྱེད་པ་ལ། །མཆོད་ན་བསོད་ནམས་བརྙེས་ན་སྡིག །ཞེས་སོགས་གསུངས་སོ། །འོན་ཀྱང་ལུས་སྡུག་བསྔལ་བའི་ཆེད་དུ་མ་ཡིན་པར་དེ་བཞིན་གཤེགས་པས་གསུངས་པའི་ཆོ་ག་རྣམ་པར་དག་པ་ཡིན་པས་ཉམས་སུ་བླང་བར་བྱའོ། །སྙམ་པའི་བསམ་པས་ནི་རྒྱུད་སྡེ་གོང་མའི་རྣལ་འབྱོར་པས་ཀྱང་ཉམས་སུ་བླང་དུ་རུང་བར་རྗེ་བཙུན་གྱིས་གསུངས་སོ། །བོད་ཀྱི་སྨྱུང་གནས་པ་དག་གིས་བདག་ཉིད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡན་ལག་བཞི་རྫོགས་སུ་བསྐྱེད། མདུན་དུ་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དང༌། བུམ་པ་དང་གཏོར་མ་གསུམ་བཤམས་ནས། མཎྜལ་ལ་དབུས་སུ་ཞལ་བཅུ་གཅིག་པ། ཕྱོགས་བཞིར་མི་བསྐྱོད་པ། རིན་འབྱུང༌། རྣམ་སྣང༌། དོན་གྲུབ་རྣམས་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་བདག་བསྐྱེད་དང་མདུན་བསྐྱེད་ཀྱི་ཕྱག་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་གཟུངས་བཟླ། མཇུག་ཏུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་
བསྐྱེད་ལ་བསྟིམས་ནས་པོ་བསྟོད་མང་དུ་འདོན། བུམ་པའི་ཆུས་དང་པོར་མདུན་བསྐྱེད་ལ་ཁྲུས་གསོལ་ནས་ཕྱིས་རང་ཉིད་ལ་ཁྲུས་བྱེད་པ་ནི་སྔར་གྱི་གཞུང་བཞི་པོ་དེ་དག་གི་དངོས་བསྟན་གྱི་དོན་དུ་མི་སྣང་ཡང༌། ལུགས་འདི་ལ་བརྟེན་ནས་དངོས་གྲུབ་བརྙེས་པ་མང་དུ་བྱུང་འདུག་པས་བརྒྱུད་པའི་མན་ངག་གམ་དགེ་སློང་མ་དཔལ་མོའི་གཞུང་གཞན་ལ་བརྟེན་པར་སྣང་ངོ༌། །རྒྱུད་དང་རྒྱ་གར་འཕགས་མའི་གཞུང་བཞིན་དུ། །སྡིག་པ་བཤགས་དང་སྒོམ་བཟླས་གཏོར་མ་དང༌། །བསྟོད་པའི་ཚོགས་རྣམས་ཉམས་སུ་ལེན་ཚུལ་ཏེ། །འཇིག་རྟེན་མགོན་པོའི་གཞུང་བཞི་བདག་གིས་བཤད། །རྣམ་དག་དགེ་ཚོགས་ཀུནྡའི་ཕྲེང་བ་ལྟར། །རྣམ་པར་དཀར་བ་གང་ཞིག་ཐོབ་པ་དེས། །རྣམ་མང་འགྲོ་བ་སྲིད་པའི་མཚོར་ལྷུངས་རྣམས། །རྣམ་མཁྱེན་ཆོས་ཀྱི་རྒྱལ་པོའི་གནས་ཐོབ་ཤོག །དགེ་སློང་མ་དཔལ་མོས་མཛད་པའི་ཐུགས་རྗེ་ཆེན་པོའི་གཞུང་བཞི་ཉམས་སུ་ལེན་པའི་ཚུལ་འདི་ནི་རྒྱུད་སྡེ་བཞིའི་ལམ་གྱི་བབས་དང་མཐུན་པར་གཞུང་བཞིའི་དགོངས་པ་ཇི་ལྟ་བ་བཞིན་དུ། ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་གསུང་ལ་བརྟེན་ནས། རྒྱལ་ཁམས་པ་བསོད་ནམས་སེང་གེས་གླིང་ཁ་བདེ་བ་ཅན་དུ་སྦྱར་བའོ།། ༈ །འཕགས་པ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། འདིའི་རྗེས་སུ་གནང་བ་ཐོབ་པའི་གང་ཟག་གིས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྔོན་དུ་སོང་ནས། རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྗེ་བཙུན་སྤྱན་རས་གཟིགས་
དབང་ཕྱུག་སྤྱན་དྲངས་པར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང༌། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །ཞེས་ལན་གསུམ་བརྗོད། ཚད་མེད་བཞི་བསྒོམས་ལ། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། ཞེས་པས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བསམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་དེ་ཐམས་ཅད་སྟོང་པ་ཉིད་དུ་བསམས་ལ། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་དེ་ཉིད་ལ་ཞུགས་པས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟ་བུར་འབར་བ། ལྟེ་བར་ཧྲཱིཿ
ཡིག་གིས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུག་ནས་ཧྲཱིཿལ་ཐིམ། དེ་མ་ཐག་ཏུ་པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་སྐུ་མདོག་དཀར་པོ་ལང་ཚོ་དར་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་པའི་རྩ་ཞལ་དཀར་བ། གཡས་ཞལ་ལྗང་བ། གཡོན་ཞལ་དམར་བ། དེའི་སྟེང་མ་གསུམ་དབུས་ལྗང༌། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་གསུམ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་འཛུམ་པའི་ཉམས་ཅན། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ། རལ་པ་དམར་སེར་གྱེན་ལ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་ཤིང་རྒྱན་སྤངས་པ། ཚངས་པར་སྤྱོད་པའི་ཆ་ལུགས་འཛིན་ཞིང་འཛུམ་པ་མགུལ་པ་དང་བཅས་པའོ། །ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་འབེབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང༌། མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་འཁྱུག་པས་མཛེས་ཤིང༌། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ།
ཞབས་གདུབ། དཔུང་རྒྱན། དར་གྱི་ཅོད་པན་ལ་སོགས་པས་བརྒྱན་ཅིང༌། འོད་ཟེར་དཀར་པོ་འཕྲོ་བར་བསམ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས། མཆོད་པ་ལྔས་མཆོད་ནས། ཛཿཧཱུྃ་བཾ་ཧོཿཞེས་པས་གཉིས་སུ་མེད་པར་བསྟིམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་མོས་པ་བྱས། སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་འོད་དཔག་མེད་ཀྱིས་གཙོར་བྱས་པའི་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་པ་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་གཙོ་བོར་གྱུར་བའི་རིགས་རྣམ་པ་ལྔས་དབུར་བརྒྱན། རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་པ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ། དེ་ལས་ཐུགས་རྗེ་ཆེན་པོའི་སྐུ་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པར་ཡུན་རིང་དུ་བསམ་མོ། །བསྒོམས་པས་སྐྱོ་ན། ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་བཀོད་ལ་སྤྲོ་བསྡུ་སྔ་མ་བཞིན་དུ་བསམས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷདྡྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་ས་
ཏྭཱ་ཡ། མཧཱ་ཀཱ་ར་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཞེས་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་པའི་སྙིང་པོ་ཅི་ནུས་བཟླ། སླར་ཡང་མདོ་འཛིན་གྱི་རྩར་སླེབས་པའི་ཚེ་གཟུངས་རིང་རེ་རེས་སྣ་དྲངས་པར་བྱའོ། །མཇུག་ཏུ་ཡེ་ཤེས་པ་མདུན་དུ་ཕྱུང་པ་ལ་མཆོད་པ་ལྔས་མཆོད་གསོལ་བ་བཏབ། ནོངས་པ་བཟོད་པར་གསོལ་ལ། ཛ་ཧི་ཞེས་ལན་གསུམ་བརྗོད་ནས། གཤེགས་སུ་གསོལ་ཏེ། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །ཐུན་མཚམས་སུ་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པར་འདོད་ན། རིན་པོ་ཆེ་ལ་སོགས་པའི་སྣོད་དུ་དཀར་གཏོར་བཤམས་ཏེ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་ནས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། པྃ་ལས་ཆུ། ཡྃ་ལས་སའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ལས་པདྨ་དང༌། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁྃ་ལས་ཁ་ཟས་རོ་བརྒྱ་དང་ལྡན་པ་ནམ་མཁའ་དང་མཉམ་པར་དམིགས་ལ། རང་ཉིད་དམ་ཚིག་སེམས་དཔའི་ངོ་བོར་གནས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་དེ་ལ་ཐིམ་པར་བསམ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་མི་ཟད་པར་སྤེལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་རྣམས་ཀྱིས་གཙོར་བྱས་པའི་འབྱུང་པོ་རྣམས་བཀུག་སྟེ། སྤྱན་རས་གཟིགས་ཀྱི་ངོ་བོར་གྱུར་པར་བསམ། ལྗགས་ལ་ཧྲཱིཿས་མཚན་པའི་འོད་ཀྱི་སྤུ་གུས་གྱ་ནོམ་པའི་ཞལ་ཟས་དེ་དག་དྲངས་ནས་གསོལ་བར་བསམ་ཞིང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏཱ་ཨོཾ་ཨཱཿཧཱུྃ་ཕཊཿསྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ། ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །མིའམ་ལྟོ་འཕྱེ་མཁའ་ལྡིང་དང༌། །ཡི་དྭགས་ཤ་ཟ་གྲུལ་བུམ་
སོགས། །འབྱུང་པོའི་ཚོགས་ཀུན་འདིར་བྱོན་ལ། །ལེགས་སྦྱར་ཟས་འདི་བཞེས་ནས་ཀྱང༌། །མི་མཐུན་རྐྱེན་ལས་བྱུང་བ་ཡི། །བར་ཆད་ཐམས་ཅད་ཞི་བ་དང༌། །ཚེ་དང་བསོད་ནམས་འཕེལ་བ་དང༌། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་ཟང་ཟིང་གི་དངོས་པོ་བྱིན་ལ། ཆོས་ཀྱི་སྦྱིན་པ་ནི། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎཿ ཞེས་བརྗོད་དོ། །རྗེས་གནང་བྱེད་ན། མཆོད་པ་བྱིན་གྱིས་བརླབས་ལ། བདག་བསྐྱེད་གོང་བཞིན་བྱ། ཚོམ་བུ་ལྷར་བསྐྱེད། མཆོད་བསྟོད་གཏོར་མ་ཨ་ཀཱ་རོའི་སྔགས་ཀྱིས་ཕུལ་ཏེ་བཟླས་པ་བྱ། སློབ་མས་མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སོགས་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག་པའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པ་རྣམས་ལན་གསུམ་གསུམ་དང༌། གཞི་འགོད་པའི་ཕྱིར་སློབ་མ་བསྐྱེད་བསྟིམ་བྱ། རྗེས་སུ་བཟླས་པ་ལན་གསུམ་དང༌། བཅོམ་ལྡན་འདི་ལ་སོགས་བརྗོད། དམ་བཅའ་བ་སྤྱི་དང་མཐུན། བྱིན་གྱིས་བརླབ་པའི་ཕྱིར་རིགས་འདྲ་བསྟིམ། གཙོ་བོས་སོགས་འདྲ། རྗེས་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བསྡུས་ལ་བཀྲ་ཤིས་བྱའོ། །ཞེས་པ་འདི་དོན་དུ་གཉེར་བ་འགའ་ལ་ཕན་པའི་ཕྱིར་དུ་ཤཱཀྱའི་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས་སྦྱར་བའོ།། ༈ །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་བསྙེན་ཐབས་དྲི་མེད་ཕྲེང་བ་བཞུགས། །ན་མ་ཨཱརྻ་ལོ་ཀེ་ཤྭ་རཱ་ཡ། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཟུགས། །གངས་ཅན་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས། །ཉམ་ཐག་འགྲོ་བའི་སྐྱབས་གཅིག་ཁྱོད་མཆོད་ནས། །བསྙེན་སྒྲུབ་ལག་ལེན་ཐོ་ཡིག་འདིར་སྤེལ་ལོ། །འདི་ལ་དོན་གསུམ་སྟེ། རྟེན་གྱི་གང་ཟག དེས་ཇི་ལྟར་ཉམས་སུ་བླང་བའི་ཚུལ། ཕན་ཡོན་བསྟན་པའོ།
དང་པོ་ནི། འདིའི་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ་ཁྱད་པར་སྙིང་རྗེས་རྒྱུད་བརླན་པའི་གང་ཟག་གོ །གཉིས་པ་ནི། བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་བསྙེན་སྒྲུབ་ལ། དབེན་པའི་གནས་སུ་མཚམས་ཀྱི་བཅད་རྒྱ་བྱ་ཞིང་ཐུགས་རྗེ་ཆེན་པོའི་སྐུ་བྲིས་འབུར་ལ་སོགས་རྟེན་གང་འབྱོར་གྱི་མདུན་དུ། གཏོར་མ་གཅིག་གམ་སྤྲོ་ན་སྨྱུང་ཆོག་ཆེན་མོ་ལྟར་འདས་གཏོར་ནས་བགེགས་གཏོར་གྱི་བར་དུ་བཤམས་ཀྱང་རུང༌། ཆུ་གཉིས་སྔོན་འགྲོའི་མཆོད་པ་སོགས་ཡོ་བྱད་ཐམས་ཅད་ཚང་བར་བྱ། གྲུབ་ན་གསོ་སྦྱོང་བླང༌། དེ་མ་བྱུང་ནའང་ཤ་ཆང་སྒོག་བཙོང་སོགས་སྤངས་ཤིང་གཙང་སྦྲ་ལ་གནས་པ་གལ་ཆེ། ཐུགས་དམ་དངོས་ནི། སྐྱབས་འགྲོ་སེམས་བསྐྱེད་ནས་ཡེ་ཤེས་པ་གཤེགས་སུ་གསོལ་བའི་བར་གྲུབ་ནས། རང་དམ་ཚིག་པའི་ང་རྒྱལ་གྱིས་སྔ་ཐུན་གྱི་མཚམས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བཏང་བ་སོགས་དཀོན་མཆོག་ལྷུན་གྲུབ་པའི་སྒྲུབ་ཐབས་ལྟར་བྱ། གང་ལྟར་ཡང་གནས་གསུམ་བསྲུང་བ་དང་བསྔོ་སྨོན་སྤྱི་ལྟར་བྱའོ། །གཏོར་མ་རྒྱས་པ་ལ་མོས་ན་སྨྱུང་ཆོག་ལྟར་རུང་མོད། འདིར་སྔ་མ་ལྟར་ལེགས་སོ། །བསྙེན་པའི་གྲངས་ནི་སྙིང་པོ་«་་་་་»ཏདྱཐཱ་ཞེས་པ་མན། འབུམ་ཕྲག་དྲུག སྨྱུང་བར་གནས་པ་ལན་བདུན་«་་་་་»འིད་སྒྲུབ་བསྙེན་ཏེ་ཞག་ཉེར་གཅིག་གོ། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་གཟུངས་སྟོང་ཕྲག་གཅིག ཕར་ཕྱིན་དྲུག་དང༌། ས་བཅུ་པ་དང༌། སྒོ་མཐའ་ཡས་པའི་གཟུངས་རྣམས་ཀྱང་ཅི་རིགས་པ་འདོན་ནོ། །ཞེས་གསུངས་པའི་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་གཟུངས་ལ་འགྱུར་ཁྱད་མང་དུ་འདུག་ནའང་འདིར་བཀོད་པ་བཀའ་བཙན་པའི་དབང་དུ་བྱས་པ་འདི་ལྟ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱཐཱ། ཨོཾ་ཙཀྲ་བརྟི་ཙིནྟཱ་མ་ཎི་མཧཱ་པདྨེ་རུ་རུ་ཏིཥྛ་ཏེ། ཛྭ་ལ་ཨཱ་ཀརྵ་ཡ་ཧཱུྃ་ཕཊ། ཡིད་བཞིན་འཁོར་ལོའི་གཟུངས་རྫོགས་སོ། །ལོ་ཙཱ་བ་རིན་ཆེན་བཟང་པོའི་བསྒྱུར་ཅེས་བྱ་བ་ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་འབྱུང་ན་འདུག དེ་ནི་རྩ་བའི་སྔགས་སོ། ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཛྭ་ལ་ཧཱུྃ། སྙིང་པོའོ། །
ཨོཾ་ཝར་ཏ་པདྨ་ནི་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་མ་ཎི་བཛྲཱི་ཎི་ཧཱུྃ། སྙིང་པོའོ། །སྔགས་ཕྱི་མ་རྣམས་ནི་ཇི་ལྟར་རིགས་པ་བཟླ། ༈ །ཕར་ཕྱིན་དྲུག་ནི་གཟུངས་ནི། རྒྱུད་འབུམ་གྱི་སྤྱན་རས་གཟིགས་ཀྱི་སྐོར་གྱི་གླེགས་བམ་དུ་འབྱུང་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།«་་་་་འདི་ནི་གཟུངས་བོད་སྐད་དུ་བསྒྱུར་བ་སྟེ་ངག་འདོན་ཡིན་ནོ།» །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་བཱ་ཤ་མཧཱ་དཱ་ན་པཱ་ར་མི་ཏཱ་པཱ་རི་པཱུ་རཱ་ཡ་ཧཱུྃ། ད་ར་ད་ར། པི་བི་དྷ། ཙི་ཙི་ཏཱི། སརྦ་སཏྭཱཿ ཨུ་པ་བྷོ་ག སརྦ་ཏ་ཐཱ་ག་ཏ་མཧཱ་དཱ་ན། པཱུ་ཛ་མེ་གྷ། པྲ་བརྟ་ཡ། ཏ་ར་ཏ་ར། ཏཱ་ར་ཡ། ཏཱ་ར་ཡ། མཧཱ་པདྨ་པཱ་ཎི་ཧཱུྃ་ཕཊ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཞགས་པ་ཆེན་པོའི་སྙིང་པོ་སྟེ། གང་གིས་ཡུངས་འབྲུ་ཙམ་གྱི་སྦྱིན་པ་བྱིན་ཏེ་དྲན་པ་ཙམ་གྱིས་ལན་བདུན་བཟླས་བརྗོད་བྱས་ན་མཆོད་སྦྱིན་སྦྱིན་པ་རྣམ་པར་འཕྲུལ་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཤཱི་ལ་སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ་པདྨ་བི་བྷཱུ་ཥི་ཏ། བྷུ་ཛ་དྷ་ར་དྷ་ར་ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདིས་སྨྱུང་བར་གནས་ཏེ་གསོ་སྦྱོང་གི་ཡན་ལག་བརྒྱད་བཟུང་ནས་མི་སྨྲ་བར་ལན་ཉི་ཤུ་རྩ་གཅིག་དྲན་པར་བྱའོ། །དེ་ནས་ཨ་མོ་གྷ་པཱ་ཤའི་སྙིང་པོ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱས་པ་ཙམ་གྱི་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དྲི་མང་པོ་ལུས་ལས་འབྱུང་ཞིང་ཕྱོགས་བཅུའི་འཇིག་རྟེན་དུ་གྲགས་པར་འགྱུར་རོ། །གང་གིས་ཉི་མ་རེ་རེ་ཞིང་དྲན་པ་དེ་ནི་རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །དགེ་སློང་གང་ཞིག་ཚུལ་ཁྲིམས་
ཉམས་པས་སྨྱུང་བར་གནས་ཏེ་འདི་བཟླས་བརྗོད་བྱས་ན་བཟླས་བརྗོད་བྱས་པའི་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང༌། ཚུལ་ཁྲིམས་མང་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཀྵཱནྟི། སརྦ་བོ་དྷི་སཏྭ་ཀྵ་མི་ཎི། ཀྵ་ཎ་ཀྵ་ཎ། མཧཱ་མཻ་ཏྲཱི་ཀཱ་རུ་ཎི་ཀ སརྦ་སཏྭ་པཏྶ་ལ། མཧཱ་ཀཱ་རུ་ཎི་ཀ སརྦ་སཏྭ་ཀྵ་མི་ཎི་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདིས་སེམས་ཅན་དུ་གྱུར་པ་ཐམས་ཅད་ལ་བཟོད་པ་ཆེན་པོ་དང་བརྩེ་བའི་སེམས་ཀྱིས་དམྱལ་བར་གནས་པ་དང༌། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་དང༌། རི་དྭགས་དང༌། བྱ་གང་དག་འདས་པ་གང་ཡིན་པ་དང༌། གནས་པ་གང་ཡིན་པ་དང༌། སྐྱེ་བ་གང་ཡིན་པ་དེ་རྣམས་ལ་སྙིང་རྗེའི་ཕྱིར་གང་ཞིག་གིས་གཟུངས་ཀྱི་ཚིག་དྲན་པར་བྱེད་ན་དམྱལ་བའི་སེམས་ཅན་ལས་ཐར་བར་འགྱུར་ཞིང་སྐྱེ་བོ་མང་པོ་གནས་གང་ཡིན་པ་རྣམས་གྲོལ་བར་འགྱུར་རོ། །ནམ་སངས་རྒྱས་ཀྱི་ཞིང་ལ་གནས་ཀྱི་བར་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་མཧཱ་བཱིརྻ་ཨ་མོ་གྷ་བི་ལོ་ཀི་ཏེ་བ་ར་བ་ར་དྲྀ་ཌྷ་བཱིརྻ། མཧཱ་བ་ལ། པ་ལ་བ་ལ། མ་ཧཱ་བོ་དྷྱཾ་ག བ་ལ་བོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་དུས་རྟག་ཏུ་ཡོངས་སུ་དག་པའི་ཡིད་ཀྱིས་དྲན་པར་བྱས་ན་དྲན་པ་ཙམ་ལ་སོགས་པའི་མོད་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ནམ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་མོ་གྷ་ཀཱ་རུ་ཎ། དྷྱ་ན་ས་མཱ་དྷི། སརྦ་བི་མོ་ཀྵ། ཨ་པྲ་ཀམྱ་ཀ ཙུ་རུ་ཙུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དམིགས་ནས་ཡིད་རྩེ་གཅིག་ཏུ་བྱས་ཏེ་དྲན་པར་བྱས་ན་དྲན་པ་ཙམ་གྱི་མོད་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་ཡང་ཏིང་ངེ་འཛིན་སྟོང་ཕྲག་བརྒྱ་སོ་སོར་ཐོབ་པར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱིས་ཏིང་ངེ་འཛིན་ཐམས་ཅད་དབང་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་མཧཱ་པྲཛྙཱ་པཱ་ར་མི་ཏཱ་ཨ་བ་བྷཱ་ས་ས་མནྟ་སྥ་ར་ཎ་བུ་དྷི། པྲ་ས་ར་པྲ་ས་ར། ས་མནྟ་བུ་དྷི། ཨ་ཝ་ལོ་ཀི་ཏེ་བྷ་ག་ཝཱན། པྲཛྙཱ་ཨ་ཝ་ལོ་ཀི་ཏེ་ཙཀྵུཥཱཾ་མཧཱ་པྲཛྙཱ་པ་ར་མ་ཎི་མཧཱ་པྲཛྙཱ། པདྨ་དྷཱ་རི་ཎི་བྷཱུ་ཛཾ་ཧཱུྃ་ཕཊ་སྭཱ་ཧཱ། གཟུངས་འདི་དྲན་པ་ཙམ་གྱི་མོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཐབས་དང་ཤེས་རབ་ཀྱི་དགེ་བ་ཆེན་པོའི་བློ་འཕེལ་བར་འགྱུར་རོ། །རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུའི་བློ་དང་ལྡན་པར་འགྱུར་རོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྗེས་སུ་དྲན་པའི་ཤེས་རབ་དང་བློར་འགྱུར་རོ། །ལན་འགའ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་རོ། །དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཟུངས་ཆེན་པོ་རྫོགས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གཟུངས་འདི་གང་ཞིག་སེམས་བསྐྱེད་པ་གཅིག་གིས་བཟླས་ན་དགེ་བའི་རྩ་བ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་བྱས་པ་དང་བསོད་ནམས་མཉམ་མོ། །དེ་བས་ལུང་བླངས་པ་གཅིག་གིས་སེམས་བསྐྱེད་ནས་འདི་བརྗོད་ན་སྔར་གྱི་དེས་ཕན་ཡོན་བྱེ་བ་སྟོང་གི་ཆར་ཡང་མི་ཕོད་པ་འདི་གདམས་ངག་ཆེའོ་ཞེས་འབྱུང་ངོ༌།། ༈ །ས་བཅུ་
པའི་གཟུངས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ།༡ ཨོཾ་བྷུཿ༢ ཨོཾ་པདྨེ།༣ ཨོཾ་པདྨེ་ཧྲཱིཿ༤ ཨོཾ་པདྨ་བྷུ་ཛེ།༥ ཨོཾ་པདྨ་ཨ་ཝ་ལོ་ཀི་ཏེ།༦ ཨོཾ་པདྨ་ཛྭ་ལ་ཧཱུྃ་དྷྲིཀ༧ ཨོཾ་ཨ་མོ་གྷ་མ་ཎི་པདྨེ།༨ ཨོཾ་པདྨོ་ལ་ཙ་ནི་ཧུ་རུ་ཧཱུྃ།༩ ཨོཾ་པདྨོ་ཥ་ཥྞཱི་བི་མ་ལེ་ཧཱུྃ་ཕཊ།༡༠ ས་བཅུ་པའི་གཟུངས་རྫོགས་སོ། །འདི་སྟོང་ཕྲག་བཟླས་པས་ས་སོ་སོ་ཐོབ་པའི་ཐུན་མོང་མ་ཡིན་པའི་རྒྱུར་འགྱུར་བའོ། །ཞེས་སོ།། ༈ །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱཐཱ། ཨོཾ་ཨ་ཎེ་མཧཱ་ར་ཎེ། ཨ་ཁེ་མུ་ཁེ་མུ་ཁེ། ས་མནྟ་མུ་ཁེ། སཽ་མེ་ས། སཽརྻཱ་ར་མེ། སཽ་ཏི་ཡུ་ག་མེ། ནི་རུཀྟེ། ནཾ་རུཀྟེ། པྲ་བྷེ། ཧི་ལི་ཧི་ལི། ཀལྤ་ཀལྤ། སི་སཱ་རེ། སཱ་ར་བ་ཏི། ཧི་ལེ་ཧི་ལེ། ཧི་ལེ་ཧི་ལེ། ཧི་ལེ་ཧི་ལེ། ཧི་ལེ་ཧི་ལེ། ཧི་ཧི་ལེ། མཧཱ་ཧི་ཧི་ལེ། ཧི་ལེ་ཏུཎྜེ། ཙཎྜེ་ཙ་བ་ཎེ། ཙ་ར་ཙ་ར་ཎི། ཨ་ཙ་ལེ། མ་ཙ་ལེ། ཨ་ནནྟེ། ཨ་ནནྟ་མུ་ཁེ། ཨ་ནངྒ་ཏེ། ཨ་ར་ཎེ། ནིརྨ་མ་ཌེ། ནིརྺ་པ་ནི། ནིརྦརྟ་ནི། ནི་དྷཱ་ན་ཏེ། དྷརྨ་དྷཱ་རེ། ནི་ཧཱ་རེ། ནི་ཧཱ་ར། བི་མ་ལེ། བི་ཤོ་དྷ་ནེ། ཤཱི་ལ་བི་ཤོ་དྷ་ནི། པྲ་ཀྲྀ་ཏི་དཱི་པ་ནེ། བྷ་བ་ནི་བྷ་བ། བི་བྷཱ་བ་ནེ། ཨ་སངྒེ་ཨ་སངྒེ། བིཧཱ་རེ། དྷ་མེ་ཤ་མེ། བི་མ་ལེ། བི་མ་ལ་པྲ་བྷེ། སཾ་ཀརྵཱ་ཎི། དྷི་རི་དྷི་དྷི་རེ། མཧཱ་དྷི་དྷི་རེ། ཡ་ཤོ་ཡ་ཤོ་བ་ཏི། ཙ་ལེ་ཨ་ཙ་ལེ། མ་ཙ་ལེ། སྃ་ཙ་ལེ། ཏྲི་དྷ་སནྡྷི། སུ་སྠེ་རེ། ཨ་སངྒེ། ཨ་སངྒེ་བི་ཧཱ་རེ། ཨ་སངྒ་ནི་ར་ཧཱ་རེ། ནི་ཧཱ་ར། བི་མ་ལེ། ནི་ཧཱ་ར། བི་ཤོ་དྷ་ནེ། ཏྲི་དྷཱ་སོ་མེ། སྠི་ར་སྠི་མེ། སྠཱི་མ་བ་ཏི། མཧཱ་པྲ་བྷེ། ས་མནྟ་པྲ་བྷེ། བི་མ་ལ་པྲ་བྷེ། བི་པཱུ་ལ་རསྨི། སཾ་བྷ་ཝེ། ས་མནྟ་མུ་ཁེ། སརྦ་ཏྲ་ཨ་ནུ་ག་ཏེ། ཨཱ་ནཱ་ཚེ་དྱ་པྲ་ཏི་བྷ་ནེ། དྷཱ་ར་ཎཱི་ནི་དྷཱ་ནི། དྷརྨཱ་ནི་དྷཱ་ནི་གོ་ཏྲི། ས་མནྟ་བྷ་དྲེ། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཥྛ་ན་ཨ་དྷི་ཥྛི་ཏེ་སྭཱ་ཧཱ།«་་་་་འདི་བྲིས་པ་དང་སྒྲོགས་པས་པོ་ཏ་ལའི་སྒོ་འབྱེད།» སྒོ་མཐའ་ཡས་པའི་གཟུངས་སོ། །དེ་རྣམས་ནི་གྲངས་བསྙེན་ཡིན་ལ།
གསུམ་པ་ཕན་ཡོན་ནི། ཞལ་བཅུ་གཅིག་པའི་གཟུངས་ལས། གཟུངས་འདི་ལན་གཅིག་བཟླས་པས་ཀྱང༌། ཉན་ཐོས་ཀྱི་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར་ལ། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་འབྱང་བར་འགྱུར་ན། ཇི་སྐད་བཤད་པ་བཞིན་དུ་ནན་ཏན་བགྱིད་ན་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་གིས་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིས་པ་དང༌། བསྒྲུབས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་རྫོགས་པར་བགྱིའོ་ཞེས་གསུངས་པ་དང༌། སྨྱུང་གནས་ལན་གཅིག་གིས་ཀྱང་བསྐལ་པ་བཞི་ཁྲིར་འཁོར་བ་ཕྱིར་བསྙིལ་བར་འགྱུར་ཏེ། གཟུངས་དེ་ཉིད་ལས། སུ་ཞིག་བདག་གི་སླད་དུ། ཚེས་བཅུ་བཞིའམ། བཅོ་ལྔ་སྨྱུང་བར་གནས་པར་བགྱིས་ན། དེས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་བ་ལགས། བཅོམ་ལྡན་འདས་བདག་གི་མིང་འཛིན་པ་ནི་དོན་ཆེ་སྟེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་པས་ཀྱང་ལྷག་ལགས་སོ། །ཞེས་གསུངས་པ་དང༌། གཞན་ཡང་ལུང་ལས་སྐྱེ་བ་དམན་པ་བུད་མེད་ཀྱིས་ཀྱང་སྨྱུང་བར་གནས་པ་ལན་གཅིག་བྱས་པ་ན། ཤི་འཕོས་ན་བྱང་ཆུབ་སེམས་དཔའ་སྐྱེས་པའི་ལུས་ཅན་ཐོབ་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ་དང༌། དུད་འགྲོ་ཕོ་འཆི་བའི་ཚེ་གཟུངས་འདི་ལན་གཅིག་བཟླས་ནས་རྣ་བར་བཏབ་ན་ངེས་པར་བདེ་བ་ཅན་དུ་སྐྱེ་བ་དང༌། དུད་འགྲོ་མོ་འཆི་བའི་ཚེ་གཟུངས་འདི་རྣ་བར་བཏབ་ན། མིའི་འཇིག་རྟེན་དུ་སྐྱེ་བའི་ལུས་བླངས་ནས། བྱང་ཆུབ་ཀྱི་སེམས་ཀྱི་བག་ཆགས་འཇོག་པར་གསུངས་ལ། དེ་བཞིན་དུ་ལུས་སྨྱུང་བར་གནས་པས་ལུས་ཀྱི་སྒྲིབ་པ་འདག ངག་སྨྲ་བ་བཅད་པས་ངག་གི་སྒྲིབ་པ་འདག གཟུངས་ཡིད་ཀྱིས་བཟླས་པས་ཡིད་ཀྱི་སྒྲིབ་པ་འདག དེས་ན་འདི་ལྟ་བུའི་ཆོས་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་ཞིང༌། དལ་འབྱོར་ཐོབ་པ་དོན་ཡོད་པར་བྱ་བར་
འདོད་ན། བླ་མ་མཚན་ཉིད་དང་ལྡན་པ་ལ། འདིའི་རྗེས་གནང་རྣམ་པར་དག་པ་ཞུས་ནས་སྒོམ་བཟླས་ཚུལ་བཞིན་དུ་བྱ་སྟེ། ཉིན་རེ་བཞིན་གཟུངས་བརྒྱ་རྩ་རེ་མ་ཆག་པར་བརྗོད་ན། ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། གཟུངས་དེ་ཉིད་ལས། ནངས་པར་ལངས་ནས་བརྒྱ་རྩ་བརྒྱད་བཏོན་ན། ཚེ་འདི་ཉིད་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེ་ན། རྟག་པར་ལུས་ལ་བྲོ་ནད་མ་མཆིས་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འགྱུར་བ་དང༌། དེས་བསྒྲིམ་མི་འཚལ་བར་ནོར་དང་འབྲུ་དང་དབྱིག་རྣམས་རྙེད་པར་འགྱུར་པ་དང༌། དགྲ་ཐམས་ཅད་ཁུགས་ཤིང་ཐུལ་པར་འགྱུར་བ་དང༌། རྒྱལ་པོའི་ཚོགས་རྣམས་གསོང་པོར་སྨྲ་བར་སེམས་པར་འགྱུར་བ་དང༌། ལུས་ལ་དུག་གིས་མི་ཚུགས་པ་དང༌། དབྱིག་དུག་གིས་མི་ཚུགས་པ་དང༌། རིམས་ཀྱིས་མི་ཚུགས་པར་འགྱུར་བ་དང༌། མཚོན་ཆས་མི་ཚུགས་པར་འགྱུར་བ་དང༌། ཆབ་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང༌། ཞུགས་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང༌། དུས་མ་ལགས་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་ལགས་སོ། །གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། དེའང་འགུམ་པའི་ཚེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང༌། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང༌། ཡ་ང་བ་མ་སྤངས་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང༌། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ལགས་སོ། །ཞེས་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་སོ། །གཞན་ཡང་སྨྱུང་བར་གནས་པར་བྱེད་པའི་སྦྱིན་བདག་བྱས་ཏེ། སྨྱུང་གནས་ཀྱི་ལས་པ་བྱེད་པ་རྣམས་ཀྱང་བསོད་ནམས་ཤིན་ཏུ་ཆེ་སྟེ། སྨྱུང་གནས་བྱས་པའི་ནངས་པར་སྔ་དྲོ་དེ་ལ་བཤོས་དྲངས་ན། ས་བརྒྱད་པ་ལ་
གནས་པའི་བྱང་ཆུབ་སེམས་དཔའ་ལ་དྲངས་པ་དང་བསོད་ནམས་མཉམ་པ་དང༌། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པ་དང་བསོད་ནམས་མཉམ་པས། དེས་ན་སྦྱིན་པའི་བདག་པོ་དེ་ཡང་ངན་སོང་དུ་མི་སྐྱེ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་བ་དང༌། སྐྱེ་བ་ཐམས་ཅད་དུ་མི་ཟད་པའི་གཏེར་དང་ཕྲད་ཅིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གསུངས་ལ། དེ་དང་མཐུན་པར་བྱང་ཆུབ་སེམས་དཔའ་ཆུ་བཟང་པ་ཆེན་པོའི་ཞལ་ཆེམས་ལས་ཀྱང༌། ང་རང་གི་བརྒྱགས་ལྷག་མ་གང་འདུག་རྣམས་དགེ་རྩ་གཞན་བྱ་མི་དགོས་ཀྱི་སྨྱུང་གནས་ལ་འཚོགས་པའི་མི་རྣམས་ལ་འབྱོར་ན་གདན་ནོན་རེ་གྱིས། དེ་མ་འབྱོར་ན་ཐུག་པ་རེ་དྲོངས། དེ་ཡང་མ་འབྱོར་ན་ཚ་དང་འོ་མ་རེ་ཐོབ། དེ་ཡང་མ་འབྱོར་ན་མེ་ཤིང་གི་ཀ་རུ་མ་རེ་གྱིས། འཕགས་པས་ང་ལ་མངོན་སུམ་དུ་ལུང་བསྟན་པ་ཡིན་གྱིས་བསོད་ནམས་དཔག་ཏུ་མེད་པ་ཡོང་གསུངས། འཕགས་པ་ཁོང་རྫུན་མི་གསུང་གི མིའི་ཟེར་ལོ་ཡིན་ལོ་ལ་མ་ཉན། ང་རང་ལ་དགེ་རྩ་གཞན་མི་དགོས་ཀྱི། མ་ཇོ་ཆོས་སྐྱིད་ཀྱིས་སྨྱུང་གནས་པ་རྣམས་ལ་གདན་ནོན་མང་དུ་བྱས་པས། མོ་ཤི་བའི་དུས་དུར་ཁྲོད་དུ་རུས་པ་བསྐྱལ་བས། བྱ་རོག་གིས་རུས་པ་ཁྱེར་བྱུང་བ་རིང་བསྲེལ་དུ་སོང་བ་འདི་མཐོང་ངམ་གསུངས་སོ། །དེ་ལ་སོགས་པ་ཕན་ཡོན་བསམ་གྱིས་མི་ཁྱབ། དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་མི་ཟབ་པ་ཅུང་ཟད་མེད་ཅིང༌། གསང་སྔགས་བླ་མེད་ཀྱི་ལམ་ནི་ཆེས་ཟབ་ནའང༌། ཉམས་སུ་ལེན་པའི་གང་ཟག་དབང་པོ་རྣོན་པོ་འཁོར་བ་ལས་བློ་ལོག་པ། ལས་རྒྱུ་འབྲས་ལ་ཕྲ་ཞིང་ཕྲ་བ་ནས་འཛེམ་པ། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ཤེས་ནས་དེའི་ཆེད་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་ཆེས་རིངས་པའི་གང་ཟག་ལ་རྣལ་འབྱོར་བླ་མེད་ཀྱི་ལམ་སྟོན་པ་ཡིན་ལ། དེ་ལས་གཞན་པ་ལ་ཉེས་པར་འགྱུར་
དོགས་ཀྱང་ཡོད་མོད། ཆོས་འདི་ནི་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གྱིས་ཉམས་སུ་བླངས་པས་ཕན་ཡོན་ཆེན་པོ་དང་ལྡན་པ་ཞིག་སྟེ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ཞལ་ནས། དམ་པའི་ཆོས་འདི་ནི་མཐོང་བ་དང༌། ཐོས་པ་དང༌། རེག་པ་དང༌། སྒོར་ཞུགས་པ་ཐམས་ཅད་ངན་སོང་ལས་གྲོལ་བའི་རྒྱུ་བྱེད་པར་འདུག ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་ཐབས་ཡིན་པས། ཐམས་ཅད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པས། སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ་སེམས་ཅན་ཐམས་ཅད་ལ་ཆོས་འདི་སྟོན་གང་ཐུབ་བྱ་སྟེ། དེ་ཡང་འདིའི་གྲངས་བསྙེན་དང༌། སྒྲུབ་བསྙེན་ཚད་དུ་འཁྱོལ་བའི་གང་ཟག་གིས་ཆོས་འདི་གཞན་ལ་བསྟན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། བསྙེན་པ་འཁྱོལ་བ་ཙམ་གྱིས། མི་དེ་རི་མཐོན་པོའི་རྩེར་ཕྱིན་ན་དེས་མཐོང་བའི་སེམས་ཅན་ཐམས་ཅད་ངན་སོང་དུ་མི་སྐྱེ། དེས་ཆུ་ལས་བརྒལ་ན་ཆུ་དེ་ལ་གནས་པའི་སེམས་ཅན་ཐམས་ཅད་དང༌། ཆུ་དེ་འཐུང་བ་ཐམས་ཅད་ཀྱང་ངན་སོང་དུ་མི་སྐྱེ། དེའི་གྲིབ་མ་ཕོག་པ་དང༌། ལུས་ལ་རེག་པ་དང༌། མིག་གིས་མཐོང་བ་རྣམས་ཀྱང་ངན་སོང་དུ་མི་སྐྱེ་བར་གསུངས་ན། དེས་ཆོས་བསྟན་ན་ཕན་ཡོན་ཆེན་པོ་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་མདོ་ལས། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་བ་བས་ཀྱང༌། སངས་རྒྱས་ཀྱི་ཆོས་ཚིག་བཞི་པ་གཅིག་སེམས་ཅན་ལ་བསྟན་པ་བསོད་ནམས་ཆེ་བ་སོགས་ཆོས་བཤད་པའི་ཕན་ཡོན་རྣམས་ཀྱང་དྲན་པར་བྱས་ནས། འདི་ལྟ་བུའི་ཆོས་ཟབ་མོ་སེམས་ཅན་ལ་སྟོན་པ་ལ་བརྩོན་པ་མི་ལྷོད་པར་བྱའོ། །དོན་ཞགས་ཆོ་ག་ཞིབ་མོ་སོགས། །དྲི་མེད་གསུང་རབ་ཆུ་གཏེར་ལས། །བསྙེན་ཐབས་ནོར་བུའི་ཕྲེང་བླངས་པས། །དོན་གཉིས་དཔལ་
གྱིས་འབྱོར་གྱུར་ཅིག །ཅེས་པ་འདི་ནི་རང་གཞན་ལ་ཕན་པའི་ཆེད་དུ་བྱ་བྲལ་བ་སངས་རྒྱས་ཕུན་ཚོགས་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ།«་་་་་འདིའི་གཟུངས་སྔགས་དང་ལུང་འདྲེན་རིགས་ད་ལྟ་བཀའ་འགྱུར་རྒྱུད་འབུམ་ན་བཞུགས་པ་དང་ཅུང་ཟད་མི་མཐུན་ཙམ་སྣང་ནའང༌། འདི་ཉིད་ཀྱི་སྟེང་ནས་དེང་སང་བར་བསྙེན་པ་མཛད་པའི་ཕྱག་གཞེས་བར་མ་ཆད་པར་བྱུང་བས་ན། སྒོ་མཐའ་ཡས་པའི་གཟུངས་ལ་དཔེ་དག་པ་དང་བསྟུན་པའི་ཞུ་དག་ཅུང་ཟད་ལས། གཞན་རང་གཞུང་སོར་བཞག་ཏུ་བྲིས་པ་དགེ།» མངྒ་ལཾ།། ༈ །སྭ་སྟི། བཅུ་གཅིག་ཞལ་གྱི་བསྙེན་སྒྲུབ་ཀྱི་ཡི་གེ་མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་གསུང་རབ་སོར་བཞག་ལ། དེང་སང་ཕལ་ཆེར་ཟླ་བ་དྲུག་ཙམ་རེ་ཕྱག་ལེན་དུ་མཛད་པས། ཐོག་མར་སྐྱབས་འགྲོ་ཞག་གསུམ་དང་བདུན་སོགས་ཅི་རིགས། དངོས་གཞིར་གཟུངས་ཕྲེང་སྐོར་རེ་རེའི་མཚམས། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་རྒྱས་པ་ཚར་རེ་དང༌། གསོག་རྒྱུ། ཏདྱཐཱ། ཨོཾ་དྷ་ར་དྷ་ར་མན་ཆད་ལ་གྲངས་བཟུང་ནས་འབུམ་ཕྲག་ཁ་སྐོང་བཅས་འགྲོ་ངེས། དེ་ནས་སྒྲུབ་བསྙེན་གྱི་ཚུལ་དུ་སྨྱུང་གནས་ཀྱི་ཆོ་ག་རྐྱང༌། ཁུག རྗེས་གསུམ་ལ་ཉིན་གསུམ་རེའི་བརྩིས་ཀྱིས། སྨྱུང་གནས་ཚར་བདུན་ལ་ཉིན་ཉེར་གཅིག དེ་རྗེས་ལས་སྦྱོར་གྱི་ཚུལ་དུ། བསམ་པའི་དོན་ཐམས་ཅད་ཡོངས་སུ་གྲུབ་པར་བྱེད་པ་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་རྩ་སྔགས་སྟོང་ཕྲག་གཅིག སྙིང་པོ། ཉེ་སྙིང༌། གསང་བའི་སྙིང་པོ་རྣམས་ཅི་འགྲུབ། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ས་བཅུ་ཡོངས་སུ་རྫོགས་པའི་ཕྱིར་སོ་སོའི་གཟུངས་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ཞིང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང༌། སྒོ་གསུམ་སྐྱེ་བ་དང་བཅས་པ་ཡིད་དུ་འོང་བ་དང༌། གཟུངས་ཀྱི་སྒོ་ཟབ་མོ་ལ་འཇུག་པ་དང༌། ཁྱད་པར་འཕགས་པའི་ཞིང་ཁམས་གྲུ་འཛིན་གྱི་གཞལ་མེད་ཁང་ཆེན་པོར་འཇུག་པ་ན་སྒོ་སྟོང་ཕྲག་ཡོངས་སུ་བྱེ་ཞིང༌། དེ་སྙེད་ཀྱི་ཏིང་ངེ་འཛིན་ཐོབ་པ་སོགས་ཀྱི་ཆེད་སྒོ་མཐའ་ཡས་པའི་གཟུངས་
བཅས་སྟོང་ཕྲག་སོགས་ཇི་ཙམ་ནུས་པ་བཟླ་སྟེ། དེའང་སྨྱུང་གནས་གྲུབ་རྗེས་ཉིན་གསུམ་སོགས་སུ་བདག་བསྐྱེད་དང༌། བཅུ་གཅིག་ཞལ་གྱི་གཟུངས་ཕྲེང་སྐོར་ཙམ་སྔོན་དུ་འགྲོ་བས། གོང་དུ་སྨོས་པའི་གཟུངས་རྣམས་སོ་སོའམ། ཐམས་ཅད་སྦྲེལ་ནས་བཟླ་བ་གང་རུང་དང༌། ཐུན་གྱི་མཇུག་ཏུ་གཏོར་འབུལ་སོགས་དཀྱུས་ལྟར་བྱ། དེ་ནས་གྲུབ་ན་རིགས་གསུམ་སྤྱིའམ། ཚེ་དཔག་མེད་ལྟ་བུ་བྱ་རྒྱུད་ལུགས་ཀྱི་སྦྱིན་སྲེག་གང་རུང་ལ་ལྷ་སྔགས་ཁ་བསྒྱུར་བས་ཞི་བའི་སྦྱིན་སྲེག་ཀྱང་ཉིན་གསུམ་ཙམ་གྲུབ་ན་ལེགས། དེ་ལྟ་བུའི་བསྙེན་སྒྲུབ་མཐར་ཕྱིན་པས་ཇི་སྐད་གསུངས་པའི་ཕན་ཡོན་ཐམས་ཅད་འབྱུང་བར་འགྱུར་བ་དང༌། གཟུངས་ལས་གསུངས་པའི་ལས་ཚོགས། རིམས་དང༌། དུག་དང༌། རྨའི་རིགས་སོགས་ནད་དང༌། གདོན་གྱི་གནོད་པ་ལ་འཇིམ་པ་གཙང་མ་དང༌། བྱིས་པ་གདོན་གྱིས་ཟིན་པ་ལ་འབྲུ་མར་དང༌། རྣ་བ་ན་བ་ལ་རྟ་དང་བཅས་པའི་འབྲུ་མར་ལ་བཏབ་ནས་བྱུགས་ན་ཕན་པ་དང༌། སྣ་ན་བ་ལ་གྲོ་ག་ལ་བསྔགས་ཏེ་བདུག་པས་མཚོན་ཕྱག་སྟོང་སྤྱན་སྟོང་གི་གཟུངས་སོགས་ལས་ཇི་སྐད་གསུངས་པའི་ལས་ཀྱི་ཚོགས་རྣམས་ཐོགས་པ་མེད་པར་འགྲུབ་པ་དང༌། གཟུངས་སྒྲུབ་བགྱིས་པའི་བུམ་ཆུའམ། བུམ་ཆུ་རིལ་བུར་བྱས་པ་མྱང་བ་དང༌། གཟུངས་སྔགས་ཀྱིས་བཏབ་པའི་བྱེ་མས་རེག་པས་ཀྱང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་དང༌། གཟུངས་སྒྲུབ་ཀྱི་བུམ་ཆུས་སྤགས་པའི་རྡེའུ་རི་མཐོན་པོའི་རྩེར་བསྐྱལ་བས་ཀྱང༌། རི་དེ་མཐོང་བ་ཐམས་ཅད་ངན་སོང་ལས་ཐར་བ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །།མངྒ་ལཾ་བྷ་བ་ཏུ།། །།
བཅུ་གཅིག་ཞལ་དཔལ་མོ་ལུགས་རིགས་བཞིས་བསྐོར་བའི་རྗེས་གནང་གི་ཆོ་ག་གཞན་ཕན་ཟླ་སྣང་།
བཅུ་གཅིག་ཞལ་དཔལ་མོ་ལུགས་རིགས་བཞིས་བསྐོར་བའི་རྗེས་གནང་གི་ཆོ་ག་གཞན་ཕན་ཟླ་སྣང་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔལ་མོ་ལུགས་རིགས་བཞིས་བསྐོར་བའི་རྗེས་གནང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་གཙང་ཞིང་ཡིད་དང་མཐུན་པར་སྟེགས་བུའི་དབུས་སུ་མཎྜལ་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ། ཤར་སྔོ་སོགས་ཕྱོགས་མདོག མཚམས་བཞི་མཛེས་ཚོན། དབུས་དང་ཕྱོགས་བཞིར་ལྷ་ལྔ་རང་རང་གི་སྐུ་མདོག་དང་མཐུན་པའི་ཚོན་སྤུངས་སམ་མེ་ཏོག་གི་ཚོམ་བུ་རེ་བཀོད། མདུན་དུ་གཏོར་མ་གསུམ། མཐའ་སྐོར་དུ་ཉེར་སྤྱོད་བཅས་བཤམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནས་བཟླས་པའི་བར་བདག་བསྐྱེད་བཅུ་གཅིག་ཞལ་གཙོ་རྐྱང་གི་སྒོམ་བཟླས་སྤྱི་ལྟར་བྱ། མདུན་གྱི་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་རང་གི་སྙིང་གའི་ཧྲཱིཿལས་བྷྲཱུྃ་དཀར་པོ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ཞིག་ཆད། མདུན་བསྐྱེད་ཀྱི་གནས་སུ་བབས། དེ་ཉིད་འོད་དུ་ཞུ་བ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་ཧྲཱིཿ
ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་ནས། འོད་ཟེར་དཀར་པོ་འཕྲོ་བ་ཞེས་པའི་བར་བདག་བསྐྱེད་ལྟར་དང༌། ཤར་དུ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་གཡོས་མཉམ་གཞག་གི་ཕྱག་རྒྱ་ཅན། ལྷོར་ཏྲཱྃ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་ཨྃ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨ་ལས་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང༌། པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་གྱུར་པར་བསམ། སླར་ཡང་
རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་འོད་དཔག་མེད་གཙོ་བོར་གྱུར་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་ཡུམ་བཞི་བུམ་པ་བདུད་རྩིས་གང་བ་ཐོགས་པ་རེ་སྤྲོས་ཏེ། ཇི་ལྟར་བལྟམས་པ་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་བདུད་རྩིས་དབང་བསྐུར་བས། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་རྣམ་པ་ལྔ་དང༌། རིགས་བཞི་ལ་རང་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ། མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་སྦྱར་བས་མཆོད། སྐྱོན་གྱིས་མ་གོས་སོགས་དང༌། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །སོགས་ཀྱིས་བསྟོད། གཏོར་མ་དང་པོ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་སོགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་ཀྱི་མཐར་འདོད་དོན་གསོལ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨ་ཀཱ་རོ་གསུམ་གྱིས་བསྔོ། ཨརྒྷཾ་སོགས། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བསྟན་སྲུང་དམ་ཚིག་ཅན་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་འབྱུང་བ་དང༌། ཆོས་སྒྲུབ་པ་རྣམས་ཀྱི་བར་ཆད་ཐམས་ཅད་ཞི་ཞིང་བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། གཏོར་མ་གསུམ་པའང་སྔར་བཞིན་བྱིན་གྱིས་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོ།
མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི། ལྷ་ཀླུ་ཁྱད་པར་ཅན་རྣམས་ཀྱིས་གཙོར་བྱས་པའི་གཞི་བདག གནས་བདག གཉུག་མར་གནས་པ་རྣམས་ལ་འབུལ་ལོ་སོགས་ཕྲིན་ལས་བཅོལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅི་ནུས་བྱའོ། །གཉིས་པ་རྗེས་གནང་དངོས་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་པ་སོགས་སྔོན་དུ་འགྲོ་བས། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཐུགས་རྗེ་དང་ཡོན་ཏན་མངའ་བ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང༌། དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཐམས་ཅད་ཀྱང་བསྡུ་ན་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུས་པ་ལས་འདིར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་ཡོད་པ་ལས། རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལའང་བྱ་བ་སྤྱིའི་རྒྱུད་དང༌། སོ་སོའི་རྒྱུད་གཉིས་སུ་ཡོད་པ་ལས་སོ་སོའི་རྒྱུད་ཡིན། སོ་སོའི་རྒྱུད་ལའང་རྣམ་པ་དྲུག་ཏུ་ཡོད་པ་ལས་པདྨའི་རིགས་ཡིན། དེ་ལའང་རིགས་ཀྱི་གཙོ་བོ། བདག་པོ། ཡུམ། ཁྲོ་བོ་ཁྲོ་མོ། བཀའ་ཉན་ཕོ་མོའི་རྒྱུད་རྣམས་སུ་ཡོད་པ་ལས། འདིར་རིགས་ཀྱི་བདག་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐོར་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། ད་ལམ་འདིར་ནི་འཕགས་པ་ཞལ་བཅུ་གཅིག་པའི་གཟུངས་ཀྱི་རྗེས་སུ་འབྲངས་ནས། མཁས་ཤིང་དངོས་གྲུབ་བརྙེས་པའི་དགེ་སློང་མ་དཔལ་མོས་ལེགས་པར་བཀྲལ་ཞིང༌། གངས་ཅན་གྱི་ལྗོངས་འདིར་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་སོགས་ལ་བཀའ་བབས་པའི་འཕགས་པ་བཅུ་གཅིག་ཞལ་ལྷ་ལྔའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་
གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་བ། གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་སློབ་དཔོན་ལ་འཕགས་པ་ཞལ་བཅུ་གཅིག་པ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་མོས་པ་བྱས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས།«་་་་་འདིར་ཐུན་མོང་མ་ཡིན་པའི་གསོལ་འདེབས་རྗེས་གནང་གི་ཡི་གེ་སྔ་མར་མི་གསལ། »དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གསུམ་ལས། ཐོག་མར་སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་གྱིས། སྭ་བྷཱ་ཝ་སོགས་དང༌། ཤཱུ་ནྱ་ཏཱ་སོགས། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་དེ་ཉིད་ལ་ཞུགས་པས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟ་བུར་འབར་བ། ལྟེ་བར་ཧྲཱིཿཡིག་གིས་
མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུག་ནས་ཧྲཱིཿལ་ཐིམ། དེ་མ་ཐག་ཏུ་པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་ནས། འོད་ཟེར་དཀར་པོ་འཕྲོ་བ་ཞེས་པའི་བར་བདག་བསྐྱེད་ལྟར་བརྗོད། མདུན་དུ་ཧཱུྃ་ལས་མི་བསྐྱོད་པ་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་ཀ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལྷ་ལྔ་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ལྷར་གསལ་བ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་སོགས་དང༌། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཛཿཧཱུྃ་བཾ་ཧོཿ མང་དུ་བརྗོད་ཅིང་རྔ་རོལ་བྱ། དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་ལས་ཀྱི་སྡིག་སྒྲིབ་དག སྐུའི་དངོས་གྲུབ་ཐོབ། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ། །གསུང་གི་རྗེས་གནང་གི་སླད་དུ་ཁྱེད་རང་རྣམས་འཕགས་པ་བཅུ་གཅིག་ཞལ་གཙོ་འཁོར་དུ་གསལ་བའི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོས་མཚན་པར་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ལན་གསུམ་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿཡིག་གི་མཐར་དང་པོས་འཁོད། གཉིས་པས་བརྟན་པར་བྱས། གསུམ་པས་བྱིན་གྱིས་བརླབ་པར་མོས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཟུངས་རིང་ལན་གསུམ། སློབ་དཔོན་ལ་དྲིན་ལན་
གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ཏེ་སྤྱི་བོར་གཏོར་བས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་དང༌། བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སླར་ཡང་དམ་བཅའ་བའི་སླད་དུ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་འཁོར་རྣམས་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡི་དམ་དུ་བཟུང་བར་བགྱིའོ། །དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་ངག་གི་སྡིག་སྒྲིབ་དག གསུང་གི་དངོས་གྲུབ་ཐོབ། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གསུང་གཟུངས་སྔགས་ཟབ་མོ་བཟླ་བ་ལ་དབང་བ་ཡིན་ནོ། །ཐུགས་ཀྱི་རྗེས་གནང་གི་སླད་དུ་འདི་ལ་གསན་པས་ཁྱབ་སྟེ། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ལ། ལུས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་རང་སོར་བཞག སེམས་གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ལ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། སླར་ཡང་སློབ་དཔོན་གྱིས་མེ་ཏོག་གཏོར་ལ། བཅོམ་ལྡན་འདི་ལ་སོགས་
དང༌། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་སེམས་ཀྱི་སྡིག་སྒྲིབ་དག ཐུགས་ཀྱི་དངོས་གྲུབ་ཐོབ། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཐུགས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་ནོ། །རྗེས་གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་དང་འདྲ། དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང༌། གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ་མདུན་བསྐྱེད་ལ་མཆོད་བསྟོད་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་བསྐང༌། མ་འབྱོར་པ་སོགས་ཀྱིས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་གི་དཔྲལ་བར་ཨོཾ་སོགས་གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་བྱའོ། །ཞེས་པའང་སྟོང་ར་བ་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེ་གསལ་བྱེད་དང་བཅས་པའི་དགོངས་དོན་སྙིང་པོར་སྦྲིལ་ཏེ། རང་གཞན་རྣམས་འཇུག་པ་བདེ་བའི་སླད་དུ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའོ། །འདིས་ཀྱང་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
བཅུ་གཅིག་ཞལ་དཔལ་མོ་ལུགས་མཁའ་འགྲོ་ལྔ་བསྐོར་གྱི་རྗེས་སུ་གནང་བའི་ཆོ་ག་གཞན་ཕན་ཟླ་ཟེར།
བཅུ་གཅིག་ཞལ་དཔལ་མོ་ལུགས་མཁའ་འགྲོ་ལྔ་བསྐོར་གྱི་རྗེས་སུ་གནང་བའི་ཆོ་ག་གཞན་ཕན་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།།
ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་དང༌། །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །དཔལ་མོའི་བཞེད་གཞུང་ལས་འོངས་རྗེས་གནང་གི །ཆོ་ག་གཞན་ཕན་ཟླ་བའི་ཟེར་ཕྲེང་སྤྲོ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་གཙང་ཞིང་ཡིད་དང་རྗེས་སུ་མཐུན་པར་སྟེགས་ཀྱི་དབུས་སུ་མཎྜ་ལར་རྡུལ་ཚོན་གྱིས་པདྨ་འདབ་བཞི་བྲིས་པའི་དབུས་དང་ཕྱོགས་བཞིར་མཁའ་འགྲོ་ལྔ་ཡི་སྐུ་མདོག་དང་མཐུན་པའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫིའི་ཁར་རྣམ་བུམ་བཅུད་ལྡན། ཤར་དུ་སངས་རྒྱས་ཀྱི་མཚན་གྱིས་«་་་་་བུམ་པ་འབྲས་བུས་གང་བའི་ནང་དུ་སློབ་མ་རྣམས་ལ་སྦྱིན་རྒྱུའི་སངས་རྒྱས་ཀྱི་མཚན་ཇི་ལྟར་རིགས་པའི་ཤོག་དྲིལ་བཅུག »གང་བའི་བུམ་པ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། གཡས་གཡོན་དུ་ཐུགས་རྗེ་ཆེན་པོའི་སྐུ་དང༌། པུསྟི། མདུན་དུ་དཀར་གཏོར་གསུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་ལས་བུམ། རྡོར་དྲིལ། མེ་ཏོག་གི་སྣོད། སློབ་མ་ལ་དགོས་པའི་སྦྱོང་ཆས་སོགས་འདུ་བྱའོ། །དེ་ནས་བདག་གི་རྣལ་འབྱོར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་རྐྱང་གི་སྒོམ་བཟླས་སྨྱུང་གནས་ཀྱི་ཆོ་ག་སོགས་ལས་འབྱུང་
བ་ལྟར་སྔོན་དུ་འགྲོ་བས་བུམ་པ་གཉིས། ཨོཾ་པདྨཱནྟ་ཀྲྀཏྲ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་བྃ་ལས་བྱུང་བའི་བུམ་པ། ཕྱི་རིན་པོ་ཆེའི་བུམ་བཟང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་པདྨ་མཁའ་འགྲོ་མ་དམར་མོ་གཡོན་བྱེ་རུའི་བུམ་པ་བསྣམས་པ། ཤར་དུ་སངས་རྒྱས་མཁའ་འགྲོ་མ་དཀར་མོ་གཡོན་ཤེལ་གྱི་བུམ་པ་བསྣམས་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡོན་གསེར་གྱི་བུམ་པ་བསྣམས་པ། ནུབ་ཏུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡོན་ལྕགས་ཀྱི་བུམ་པ་བསྣམས་པ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཡོན་གཡུའི་བུམ་པ་བསྣམས་པ། ཐམས་ཅད་ཀྱང་ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཕཻཾ་གྱི་སྒྲ་སྒྲོགས་ཤིང་ཞབས་གཉིས་གར་སྟབས་སུ་འགྱིང་བ། ལས་ཐམས་ཅད་པའི་བུམ་པར་པད་ཉི་ལ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང༌། གཡོན་སྡིགས་མཛུབ་མཛད་པ། ཞལ་
གདངས་ཤིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་གཡོ་ཞིང་སྤྱན་གསུམ་འབར་བ། དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བས་མཚན་པ། ཁྲོ་བོའི་རྒྱན་དང་རྣམ་འགྱུར་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་དབྱེར་མེད་པར་གྱུར། དབང་གི་ལྷ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷའི་ཐུགས་ཀ་ནས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་ལྔ་སྤྲོས་ཏེ། ཇི་ལྟར་བལྟམས་པ་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་པདྨ་མཁའ་འགྲོ་མ་ལ་འོད་དཔག་མེད། སངས་རྒྱས་མཁའ་འགྲོ་མ་ལ་རྣམ་པར་སྣང་མཛད། རིན་ཆེན་མཁའ་འགྲོ་མ་ལ་རིན་ཆེན་འབྱུང་ལྡན། རྡོ་རྗེ་མཁའ་འགྲོ་མ་ལ་མི་བསྐྱོད་པ། ལས་ཀྱི་མཁའ་འགྲོ་མ་ལ་དོན་ཡོད་གྲུབ་པ། རྟ་མགྲིན་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ། ཨོཾ་པཉྩ་ཌཱ་ཀི་ནཱི་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཞི་རྒྱས་དབང་དང་དྲག་པོ་ཡི། །ཕྲིན་ལས་མ་ལུས་སྒྲུབ་མཛད་པ། །མཁའ་འགྲོ་ཆེན་མོ་སྡེ་ལྔ་ལ། །སྒོ་གསུམ་གུས་པས་བསྟོད་པར་བགྱི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད། །ཁྲོ་བོའི་རྒྱལ་པོའི་སྐུར་སྟོན་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཅེས་བསྟོད། བུམ་པའི་ལྷའི་ཐུགས་ཀ་ནས་འོད་ཟེར་རང་མདོག་དང་མཐུན་པར་འཕྲོས། སེམས་
ཅན་ཐམས་ཅད་ཀྱི་དུག་ལྔ་སངས་ཏེ་རིགས་ལྔའི་མཁའ་འགྲོ་མར་གྱུར་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལྔའི་རང་མདངས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་ཐུགས་ཀའི་ས་བོན་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ། བཅུ་གཅིག་ཞལ་གྱི་གཟུངས་རིང་ཚར་གཅིག་གིས་ཐོག་དྲངས་ཏེ། ཏདྱ་ཐ། ཨོཾ་དྷ་ར་དྷ་ར་སོགས་སྙིང་པོ་ཅི་ནུས་དང༌། ལས་བུམ་གྱི་ལྷ་ལ་དམིགས་ཏེ། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་མཐར། བུམ་པའི་ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། མཎྜལ་བསང་སྦྱང༌། «འདིའི་བུམ་བསྐྱེད་སྐབས་སུ་བཅུ་གཅིག་ཞལ་བསྐྱེད་མི་དགོས་ཀྱང༌། གཟུངས་བཟླས་པ་ནི། འཕགས་པའི་ཡེ་ཤེས་ལྔ་ཡི་ལྡོག་ཆ་སློབ་མ་རྣམས་ལ་དབང་གི་བྱ་བ་སྒྲུབ་པའི་སླད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་རིགས་ལྔར་ཤར་བ་མཚོན་པ་སྟེ། ཡིག་རྙིང་ཁུངས་ཐུབ་རྣམས་སུའང་འདི་ཁོ་ན་ལྟར་འབྱུང་ངོ༌།། »སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ནས། གར་སྟབས་སུ་འགྱིང་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ་ནས། ལས་ཀྱི་མཁའ་འགྲོ་མ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། ཨོཾ་པཉྩ་ཌཱ་ཀི་ཎཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པས་བསྟོད། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས་ལ། གཏོར་མ་དང་པོ། ཨོཾ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་ཕུལ། མཆོད་བསྟོད་ཀྱི་མཐར། མཆོད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། ཡེ་ཤེས་ཀྱི་མཁའ་
འགྲོ་རིགས་ལྔ་ལ་འབུལ་ལོ། །བདག་དང་རྡོ་རྗེ་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་འདོད་དོན་གསོལ། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་གཞི་བདག་ལ་སྤྱི་ལྟར་འབུལ། སྤྲོ་ན་བདག་འཇུག་ལེན་པར་ཡིག་རྙིང་འགའ་ཞིག་ལས་ཀྱང་གསུངས་པ་ལྟར་འོག་ནས་འབྱུང་པའི་རྗེས་གནང་གི་ཆོས་རྣམས་བདག་འཇུག་གི་ཚུལ་དུ་བླངས་ཤིང༌། སློབ་མ་འཇུག་པར་གསོལ་བ་གདབ། གཉིས་པ་ནི། སྣོད་དང་ལྡན་པ་སློབ་མ་རྣམས་ཕྱི་རོལ་ཏུ་ལས་བུམ་གྱི་ཆུས་ཁྲུས་བྱ། ནང་དུ་འོངས་པ་ན་སྦྱོང་བ་གསུམ་སྔོན་དུ་འགྲོ་བས་བགེགས་བསྐྲད། ལས་ཀྱི་རྡོ་རྗེས་བསྐུལ་ཏེ་མཎྜལ་ཕུལ། དེ་ནས་སློབ་དཔོན་གྱིས་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་གསལ་བཏབ། ངེས་འབྱུང་དང༌། བྱང་ཆུབ་སེམས་ཀྱི་གཏམ་ཟབ་མོས་མཚམས་སྦྱར་ཏེ། དེ་ལ་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས། མཚན་འཛིན་པའམ། སྐུའི་སྣང་བ་དྲན་པ་ཙམ་གྱིས་ཀྱང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་ཞིང༌། ཕན་བདེའི་འདོད་པ་ཡིད་བཞིན་དུ་སྩོལ་བ་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ། རྟེན་གཞིའི་རྒྱུད་དང༌། བསྒྲུབ་བྱའི་ལྷ་དང༌། སྒྲུབ་བྱེད་ཀྱི་ཐབས་དང༌། གྲུབ་པའི་སློབ་དཔོན་རྣམས་ཀྱི་མན་ངག་གིས་ཕྱེ་བའི་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་པ་ལས། འདིར་བྱ་རྒྱུད་པདྨའི་རིགས་ཀྱི་བདག་པོ་འཕགས་པ་ཞལ་བཅུ་གཅིག་པའི་གཟུངས་ཀྱི་རྗེས་སུ་འབྲངས་ནས། མཁས་ཤིང་དངོས་གྲུབ་བརྙེས་པའི་དགེ་སློང་མ་དཔལ་མོས་མན་ངག་གིས་བཀྲལ་བ་སྟེ། དེ་ལ་གྲུབ་ཆེན་དཔལ་མོ་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ལྕམ་མོ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ནས་པཎྜི་ཏ་མང་པོའི་བླ་མ་མཛད་པའི་སྐབས་སྔོན་ལས་ཀྱི་ལྷག་མས་སྐུ་ལ་བསྙུན་མི་བཟད་པས་བཏབ་སྟེ་འཁོར་རྣམས་ཀྱིས་དུར་ཁྲོད་དུ་བོར། །སོར་
མོ་ཡང་ཆད་ནས་འོ་བརྒྱལ་བའི་ཚེ། འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ་རྟོག་པ་ཆུང་ལ་བསྒྲུབ་སླ་བའི་ཡི་དམ་གྱི་ལྷ་ཁྱད་པར་ཅན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡིན་པས་ལི་ཁར་ཤིང་འཕེལ་དུ་སོང་ལ་སྒྲུབས་ཤིག་ཅེས་བསྐུལ་བ་ལྟར། པདྨའི་རིགས་ཀྱི་མཁའ་འགྲོ་མ་བདུན་གྱི་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་སྐད་ཅིག་ལ་གནས་དེར་བྱོན། འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཚེ་ཐུགས་རྗེ་ཆེན་པོས་མངོན་སུམ་དུ་རྗེས་སུ་བཟུང་བའི་མོད་ལ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་མ་ཆེན་མོར་གྱུར། བསྙུན་ཟུག་ཐམས་ཅད་སྦྲུལ་ཤུན་བརྗེས་པ་ལྟར་དག་སྟེ་འཕགས་པའི་ཆོས་སྐོར་འདི་ལ་བརྟེན་ནས་མ་འོངས་པའི་སེམས་ཅན་མང་པོ་འདྲེན་པར་ལུང་བསྟན་བརྙེས། ཉན་ཐོས་རྣམས་ཀྱི་མི་མོས་པ་ཟློག་པའི་དོན་དུ་ཕག་མོ་དབུ་བཅད་མའི་སྐུར་དངོས་སུ་བཞེངས་ནས་གྲུབ་པའི་རྫུ་འཕྲུལ་སྣ་ཚོགས་བསྟན་པས་སྐྱེ་བོ་དཔག་ཏུ་མེད་པ་བཏུལ། གཟུགས་ཀྱི་སྐུ་མ་བསྡུས་པར་ད་ལྟའང་འགྲོ་བའི་དོན་དུ་བཞུགས་སོ། །དེས་པཎྜི་ཏ་ཟླ་བ་གཞོན་ནུ་དང༌། ཡེ་ཤེས་བཟང་པོ་རྗེས་སུ་བཟུང་ཞིང༌། གངས་ཅན་གྱི་ལྗོངས་འདིར་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཆེན་པོ་ཟླ་བ་རྒྱལ་མཚན་སོགས་ཀྱིས་དར་རྒྱས་སུ་མཛད་པའི་གདམས་སྐོར་ལ། རྗེས་སུ་གནང་བའི་བཀའ་མི་འདྲ་བ་འགའ་ཞིག་བཞུགས་པ་ལས། ད་ལམ་འདིར་སྐབས་སུ་བབས་པ་འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག་པ་མཁའ་འགྲོ་ལྔ་བསྐོར་དུ་གྲགས་པའི་རྗེས་གནང་ཟབ་མོ་ཞུ་བའི་སླད་དུ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཁྱོད་ནི་མགོན་པོ་སྤྱན་རས་གཟིགས། །ཀུན་ལ་ཁྱབ་པའི་ཐུགས་རྗེ་ཅན། །འགྲོ་བ་མ་ལུས་སྒྲོལ་མཛད་པ། །བདག་སོགས་རྣམས་ལ་བྱིན་གྱིས་རློབས། །རྒྱུད་དག་པར་བྱ་བའི་སླད་དུ་
མདུན་གྱི་ནམ་མཁར་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་ལ། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བཞུགས་པའི་སྤྱན་སྔར་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་དང༌། སྐྱབས་སུ་འགྲོ་བ་དང༌། སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །སོགས། དེ་ནས་གནས་ཁང་འདི་ཉིད་ཀྱང་ཐ་མལ་གྱི་གནས་ཁང་འདི་ལྟ་བུ་མ་ཡིན་པར་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གྲུ་འཛིན་རི་བོའི་ཕོ་བྲང་དངོས་ཡིན་སྙམ་པ་དང༌། བླ་མ་ཡང་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དངོས་ཡིན་སྙམ་པ་དང༌། མདུན་གྱི་མཎྜལ་འདི་ཉིད་ཀྱང་བསྒྲུབས་ཟིན་པ་ལྟར། རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་སོགས་ནས། གར་སྟབས་སུ་འགྱིང་བ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རིགས་ལྔའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དང༌། དེ་དག་གི་སྟེང་ཕྱོགས་ཀྱི་ནམ་མཁར་ཇོ་བོ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ལྷ་ཚོགས་རྣམས་ཀྱང་མངོན་སུམ་ལྟ་བུར་བཞུགས་པའི་མོས་པ་མཛད་ནས། རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་མ་རྣམས་ལྷར་བསྐྱེད་པ་ཡིན་པས་དམིགས་པ་འདི་བཞིན་དུ་གནང་བར་ཞུ། ཞེས་བརྡ་སྦྱར་ལ། སློབ་མ་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་བཅུ་གཅིག་ཞལ་གཙོ་རྐྱང་དུ་སྒྲུབ་ཐབས་ལྟར་བསྐྱེད། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སླར་ཡང་སློབ་
དཔོན་ལ་གུས་འདུད་དྲག་པོ་མཛད་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྣམ་པ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་སློབ་མ་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་སོགས་དང༌། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད། སྤོས་རོལ་བྱ། དེས་རྗེས་གནང་གི་གཞི་དགོད་པའི་རིམ་པ་སོང་ནས། དངོས་གཞིའི་རྗེས་སུ་གནང་བ་ལ། ལྷ་བསྒོམ་པ། སྔགས་བཟླ་བ། གཞན་དོན་བྱ་བའི་རྗེས་སུ་གནང་བ་སྟེ་རྣམ་པ་གསུམ་དུ་ཡོད་པ་ལས། ཐོག་མར་ལྷ་བསྒོམ་པའི་རྗེས་གནང་བུམ་པའི་དབང་བསྐུར་བ་ལ་འོད་དཔག་མེད་ཆུའི་དབང་གི་སླད་དུ། སློབ་དཔོན་གྱིས་པདྨ་མཁའ་འགྲོ་མའི་ངོ་བོ་རྣམ་པར་རྒྱལ་བའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་དབང་བསྐུར་ཞིང་བཀྲུ་བ་དང༌། བཏུང་དུ་གཞུག སླར་ཡང་བུམ་ཆུ་འཐོར་ཞིང༌། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་དག བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་གཙུག་ཏུ་འོད་དཔག་མེད་ཀྱིས་དབུར་བརྒྱན་ཅིང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་ལྷ་མོ་
དམར་མོ་ལས། ལྷ་མོ་གཉིས་པ་རེ་ཆད། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གའི་དབུས་སུ་ཐིག་ལེ་དམར་པོའི་རྣམ་པར་བཞུགས་པའི་མོས་པ་མཛོད། དེ་ལྟར་ཆུའི་དབང་བསྐུར་བས་འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །རྣམ་པར་སྣང་མཛད་མིང་དབང་གི་སླད་དུ་སངས་རྒྱས་མཁའ་འགྲོ་མའི་ངོ་བོ་དེ་བཞིན་གཤེགས་པའི་མཚན་གྱིས་གང་བའི་བུམ་པ་དཔྲལ་བར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་སོགས་དང༌། བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཞེས་བརྗོད་ཅིང་བུམ་པ་དཔྲལ་བར་བཞག གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་མཚན་འགྲུབ་པར་གྱུར་ཅིག ཅེས་བརྗོད་ལ་མཚན་གྱི་ཤོག་དྲིལ་ལག་ཏུ་བྱིན། དེ་བརྟན་པར་བྱ་བའི་སླད་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སོགས་ནས། ཆུའི་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ཅིང༌། མདུན་བསྐྱེད་ཤར་གྱི་ལྷ་མོ་དཀར་མོ་ལས། ལྷ་མོ་གཉིས་པར་ཆད། སློབ་མ་རྣམས་ཀྱི་དཔྲལ་བ་ནས་ཞུགས། སྙིང་གའི་ཐིག་ལེ་དམར་པོའི་མདུན་དུ་ཐིག་ལེ་དཀར་པོའི་རྣམ་པར་བཞུགས་པའི་མོས་པ་མཛོད། དེ་ལྟར་མིང་གི་དབང་བསྐུར་བས་གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་གི་སླད་དུ་རིན་ཆེན་མཁའ་འགྲོ་མའི་ངོ་བོ་རིན་པོ་ཆེའི་དབུ་རྒྱན་རྣ་ལྟག་གཡས་སུ་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་སོགས་དང༌། རཏྣ་ཨབྷི་ཥིཉྩ་ཏྲཱྃ། བརྟན་བྱེད་ཆུ་དབང་སྔར་བཞིན་བསྐུར་
ལ། ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཅིང༌། མདུན་བསྐྱེད་ལྷོའི་ལྷ་མོ་སེར་མོ་ལས། ལྷ་མོ་གཉིས་པ་རེ་ཆད། སློབ་མ་རྣམས་ཀྱི་རྣ་ལྟག་གཡས་པ་ནས་ཞུགས། སྙིང་གའི་ཐིག་ལེ་དམར་པོའི་གཡས་སུ་ཐིག་ལེ་སེར་པོའི་རྣམ་པར་བཞུགས་པའི་མོས་པ་མཛོད། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་ང་རྒྱལ་དང་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །མི་བསྐྱོད་པ་རྡོ་རྗེའི་དབང་གི་སླད་དུ་རྡོ་རྗེ་མཁའ་འགྲོ་མའི་ངོ་བོ་རྡོ་རྗེ་ལྟག་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་སོགས་དང༌། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བརྟན་བྱེད་ཆུ་དབང་མཐར། ཆུའི་ལྷག་མ་ཡར་ལུད་པ་ལས་ལྟག་པར་མི་བསྐྱོད་པས་དབུར་བརྒྱན་ཅིང༌། མདུན་བསྐྱེད་ནུབ་ཀྱི་ལྷ་མོ་སྔོན་མོ་ལས། ལྷ་མོ་གཉིས་པ་རེ་ཆད། སློབ་མ་རྣམས་ཀྱི་ལྟག་པ་ནས་ཞུགས། སྙིང་གའི་ཐིག་ལེ་དམར་པོའི་རྒྱབ་ཏུ་ཐིག་ལེ་སྔོན་པོའི་རྣམ་པར་བཞུགས་པའི་མོས་པ་མཛོད། དེ་ལྟར་རྡོ་རྗེའི་དབང་བསྐུར་བས་ཞེ་སྡང་གི་དྲི་མ་སྦྱངས། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་སླད་དུ་ལས་ཀྱི་མཁའ་འགྲོ་མའི་ངོ་བོ་དྲིལ་བུ་རྣ་ལྟག་གཡོན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་སོགས་དང༌། ཀརྨ་ཨ་བྷི་ཥིཉྩ་ཨཱཿ བརྟན་བྱེད་ཆུ་དབང་གི་མཐར། ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པས་དབུར་བརྒྱན་ཅིང༌། མདུན་བསྐྱེད་བྱང་གི་ལྷ་མོ་ལྗང་མོ་ལས། ལྷ་མོ་གཉིས་པ་རེ་ཆད། སློབ་མ་རྣམས་ཀྱི་རྣ་ལྟག་གཡོན་པ་ནས་ཞུགས། སྙིང་གའི་ཐིག་ལེ་དམར་
པོའི་གཡོན་དུ་ཐིག་ལེ་ལྗང་གུའི་རྣམ་པར་བཞུགས་པའི་མོས་པ་མཛོད། དེ་ལྟར་དྲིལ་བུའི་དབང་བསྐུར་བས་ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པ་དང༌། དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་སྙིང་གའི་ཐིག་ལེ་རྣམས་ལ་ཡིད་ཞུགས་པ་བཞིན་ཆེར་གྱིས་གཏད་དེ་མཉམ་པར་བཞག་པས། ཐིག་ལེ་རྣམས་འོད་དུ་ཞུ། དབུས་ཀྱི་ཐིག་ལེ་དམར་པོ་ལ་ཐིམ། དེ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང༌། གཡོན་པདྨ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཚོན་གང་པ་རེའི་སྐུ་ཅན་དུ་ལམ་སྟེ་གྱུར་པའི་མོས་པ་མཛོད། གཉིས་པ་སྔགས་ཀྱི་རྗེས་གནང་ནི། སློབ་དཔོན་དང་སློབ་མ་རྣམས་འཕགས་པ་བཅུ་གཅིག་ཞལ་དུ་གསལ་བཞིན་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ་ཟླ་བའི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོའི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་བཏབ་ནས་སློབ་དཔོན་ལ་སྔགས་ཀྱི་བཟླས་ལུང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་བྱིན་གྱིས་བརླབ་པར་མཛོད། །སྔགས་ཀྱི་དངོས་གྲུབ་སྩལ་ནས་ཀྱང༌། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། སློབ་མ་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་བྱིན་གྱིས་བརླབ་པར་མོས་ཏེ་གཟུངས་སྔགས་འདིའི་རྗེས་ཟློས་ལན་
གསུམ་མཛོད། གཟུངས་རིང་ལན་གསུམ། སླར་ཡང་སློབ་དཔོན་གྱིས་འཕགས་པ་ཐུགས་རྗེ་ཆེན་པོའི་གསུང་གི་བྱིན་རླབས་ཐམས་ཅད་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས། མེ་ཏོག་ལ་ཐིམ་པ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་ཐོབ་པ་དང༌། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཅེས་བརྗོད། གསུམ་པ་གཞན་དོན་བྱ་བའི་རྗེས་གནང་ནི། ཐུགས་རྗེ་ཆེན་པོའི་སྐུ་སྤྱི་བོར་གཞག་ཅིང་སྒྲུབ་ཐབས་ཀྱི་གླེགས་བམ་ཕྱག་ཏུ་གཏད་དེ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མགྲིན་གཅིག་ཏུ་གཞན་དོན་བྱ་བར་རྗེས་སུ་གནང་བའི་མོས་པ་མཛོད། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །འཕགས་པ་ཐུགས་རྗེ་ཆེན་པོ་ཡི། །དབང་སྐུར་དམ་ཆོས་རྒྱ་ཆེར་ཤོད། །གཞན་དོན་ཐམས་ཅད་བསྒྲུབ་པར་གྱིས། །ཞེས་བརྗོད། དེ་ལྟར་ན་བུམ་པས་དབང་བསྐུར་བས་ལུས་ཐུགས་རྗེ་ཆེན་པོའི་སྐུར་བསྒོམ་པ་ལ་དབང༌། སྔགས་ཀྱི་རྗེས་གནང་གིས་ངག་གཟུངས་སྔགས་ཟབ་མོ་བཟླ་བ་ལ་དབང༌། གཞན་དོན་གྱིས་ཤིག་པའི་རྗེས་གནང་གིས། ཐུགས་རྗེ་ཆེན་པོའི་དམ་ཆོས་ཀྱི་སྒོ་ནས་གཞན་དོན་མཁའ་ཁྱབ་ཏུ་བྱེད་པ་ལ་དབང་བ་ཡིན་ནོ། །དེས་རྗེས་གནང་གི་དངོས་གཞི་ལེགས་པར་གྲུབ་ནས། མཇུག་གི་ཆོས་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱས་ལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ། མདུན་བསྐྱེད་ལ་མཆོད་བསྟོད་དང༌། ཨོཾ་པདྨ་སཏྭ་སོགས་ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྟེན་དང་བརྟེན་པ་རང་ལ་ཐིམ་པར་བསམ། རང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་
པར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བསྲུང༌། བསྔོ་སྨོན་དང་ཤིས་བརྗོད་ཀྱི་ཕྲེང་བས་མཐའ་བརྒྱན་པར་བྱའོ། །དེ་ལྟར་བཅུ་གཅིག་ཞལ་དཔལ་མོ་ལུགས་མཁའ་འགྲོ་ལྔ་བསྐོར་དུ་གྲགས་པའི་རྗེས་གནང་གི་ཆོ་ག་འདི་ལ། ཡིག་ཆ་གསར་རྙིང་ཅུང་ཟད་མི་མཐུན་པ་འགའ་ཞིག་མཇལ་ནའང༌། གཙོ་བོར་ཡིག་རྙིང་གི་དགོངས་དོན་དང་མི་འགལ་བར་བླ་མ་དམ་པའི་ཕྱག་གཞེས་ཀྱིས་བརྒྱན་ཏེ་ཤིན་ཏུ་གསལ་བར་བཀོད་པའོ། །འཕགས་མཆོག་ཐུགས་རྗེའི་ཆུ་གཏེར་བསྲུབས་པའི་ཕུལ། །རྗེས་གནང་གཞན་ལ་ཕན་པའི་ཟླ་ཤེལ་གྱི། །བྱིན་རླབས་བདུད་རྩིའི་ཟེར་བརྒྱས་ས་གསུམ་ན། །ཐར་བདེའི་སྣང་བ་མཆོག་ཏུ་སྦྱིན་གྱུར་ཅིག །ཅེས་པའང་ཤཱཀྱའི་དགེ་སྦྱོང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། ལྷག་པའི་ལྷ་འདི་ཉིད་ཀྱི་སྨིན་བྱེད་ཟབ་མོས་སྐལ་པ་བཟང་པོར་གྱུར་པའི་མིང་གི་ཅོད་པན་ཐུགས་རྗེ་དགེ་བའི་དབྱངས་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་བྱ་བྲལ་མ་ཎི་པས་སུག་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་གནས་དང་བཅས་པའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་།
དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་གནས་དང་བཅས་པའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ཞེས་བྱ་བ་བཞུགས་སོ།།
སྭ་སྟི་བི་ཛ་ཡནྟུ། སེམས་ཅན་གཞན་དབང་ཉིན་མཚན་བར་མེད་རྒྱུ། །རི་དྭགས་རྟགས་འཆང་དཀར་མཛེས་མིག་གི་དཔྱིད། །ཟླ་གཞོན་སྤྱན་རས་གཟིགས་དབང་མཚུངས་དེ་ལས། །བྱང་ཆུབ་སྤྱོད་པས་ཁྱད་པར་གྱུར་ལ་འདུད། །འཕགས་པའི་ཐུགས་རྗེས་ཉེར་བཟུང་ཐུན་མོང་མཆོག །ཟུང་གི་དངོས་གྲུབ་བརྙེས་པའི་རྩེར་སོན་ཀྱང༌། །མགོན་པོའི་བྱང་ཆུབ་སྤྱོད་རྗེས་སྐྱེ་བོ་ཀུན། །འཁྲིད་པའི་བྲན་བརྩོན་དཔལ་མོ་ལས་བརྒྱུད་པ། །བཅུ་གཅིག་ཞལ་བཟང་མཐོང་ལ་སྒྲིབ་པའི་དྲི། །སྦྱོང་ཐབས་སྨྱུང་བར་གནས་པ་ལན་རེས་ཀྱང༌། །བསྐལ་པར་བསགས་པའི་སྡིག་སྦྱོང་ངེས་ཤེས་ཀྱིས། །ཕྱིན་ཆད་དག་བྱེད་གཞན་ལ་གུས་པ་ལྷོད། །འཇུག་པ་བཅུ་པའི་རྐང་རྡུལ་བཏབ་པ་མེད། །རྀ་ཥི་ཁྲོས་པའི་ཁ་དྲིས་མ་སྤགས་པ། །སྨྱུང་བར་གནས་ཚུལ་གངྒཱའི་ལྷ་མོ་ཡིས། །ཡིད་ཅན་རྣམས་ཀྱི་སྒྲིབ་པ་གཅོད་ཅིང་གཏུབ། །གསལ་བར་བགྱིད་དོ་ངག་ཚིག་དྲི་མེད་ཀྱིས། །དཔལ་མོས་མཚོན་པའི་མཁས་གཞུང་དྲི་མ་མེད། །ཇི་བཞིན་ཉམས་སུ་བླང་ཚུལ་མི་གསལ་བ། །ཡན་ལག་མ་ཚང་
འགེངས་པའི་ཚུལ་གྱིས་སོ། །དེ་ལ་འདིར་འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག་པ་དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྒྲུབ་ཐབས་དང་སྨྱུང་གནས་ཀྱི་ཆོ་ག་ཉམས་སུ་ལེན་པ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་རྟེན་མཆོད་བཤམ་པ། གསོ་སྦྱོང་བྱ་བའོ། །དང་པོ་ནི། འདིའི་ཆོས་སྐོར་རྣམས་ལེགས་པར་ཐོབ་པས། དུས་ཁྱད་པར་ཅན་རབ་ས་ག་ཟླ་བ། དེ་མིན་ཡང་གཞན་གང་ཡང་རུང་བའི་དཀར་ནག་ཕྱོགས་ཀྱི་ཚེས་བདུན་ནམ་བཅུ་བཞིའི་ནམ་གསེང་སྔ་བར་གཙང་ཞིང་ཡིད་དུ་འོང་བའི་གནས་སུ་བཅུ་གཅིག་ཞལ་གྱི་སྐུ་ལ་སོགས་པ་དཀོན་མཆོག་གི་རྟེན་བཤམས་པའི་མདུན་དུ། སྟེགས་བུ་གྲུ་བཞི་པ་བ་བྱུང་དང་དྲིས་བྱུགས་པའི་སྟེང་དུ། སྒྲུབ་པའི་མཎྜལ་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ། ཤར་སྔོ་སོགས་ཕྱོགས་མདོག མཚམས་བཞི་མཛེས་ཚོན་དང་ལྷ་ལྔ་རང་རང་གི་སྐུ་མདོག་དང་མཐུན་པའི་ཚོན་སྤུངས་སམ་མེ་ཏོག་གི་ཚོམ་བུ་དགོད། ཕྱི་རོལ་ནས་ཉེར་སྤྱོད་རྣམས་གྲུ་བཞིར་བཤམ། གཏོར་མ་གསུམ། བུམ་པ་ཆུ་
དང་ནང་རྫས་ཀྱིས་བཀང་བ་ཁ་རྒྱན་མགུལ་ཆིངས་«སྲད་བུ་དམར་པོ་སུམ་ཁུགས་བྱས་པ་རྡོ་རྗེའི་མདུད་པ་གསུམ་བཏབ་པར་འཕགས་པའི་གཟུངས་རིང་བཟླས་ལ་གདགས་ཞེས་ཀྱང་གསུངས། »དང་བཅས་པ། རོལ་མོའི་བྱེ་བྲག་རྣམས་ཀྱང་སྟ་གོན་བྱའོ། །གཉིས་པ་གསོ་སྦྱོང་བླང་བ་ནི། རྗེ་བཙུན་རིན་པོ་ཆེས། དོན་ཞགས་ཀྱི་སྐབས་སུ། འཕགས་པའི་རྗེས་སུ་བཟླས་པ་བྱེད་པར་བསམ་ཞིང༌། རང་གིས་གསོ་སྦྱོང་གི་ཚིག་ལན་གསུམ་བརྗོད་ལ་བདག་སྡོམ་པར་བྱའོ་ཞེས་གསོ་སྦྱོང་རང་གིས་བླང་བར་གསུངས་ཤིང་ལེན་ཚུལ་གྱི་ཆོ་ག་རྗེ་རྡོ་རྗེ་འཆང་གི་བཞེད་པ་རྣམ་རྒྱལ་སྟོང་མཆོད་ནས་འབྱུང་བ་ལྟར་ལེན་པ་སྟེ། དེ་ལའང་ཐོག་མར་བླ་མའི་ཚིག་གི་རྗེས་སུ་སློབ་མ་རྣམས་རྗེས་ཟློས་བྱར་གཞུག དེ་ཐོབ་ནས་ཕྱིས་སུ་རྟེན་གྱི་དྲུང་ནས་ལེན་པར་བཞེད་པའི་ལུགས་ལྟར་ན། གང་ལས་བླང་བའི་ཡུལ་བླ་མ་ཡིན་ན། དེས་འོག་ནས་འབྱུང་བ་ལྟར། ཐེག་པ་ཆེན་པོའི་ལུགས་ཀྱི་གསོ་སྦྱོང་གི་ཆོ་ག་རང་གིས་བརྗོད་པས་གསོ་སྦྱོང་བླང༌། དེ་ནས་སློབ་དཔོན་གདན་ལ་འཁོད། སློབ་མ་རྣམས་ཀྱིས་ཕྱག་གསུམ་བྱས་ཏེ་མདུན་དུ་འཁོད་པ་ལ་འདི་སྐད་དོ། ༈ །ཁྱེད་རྣམས་ཡུལ་ཁྱད་པར་ཅན་རྣམས་ཀྱི་སྤྱན་སྔར་ཕྱག་འཚལ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཚོགས་དཔག་ཏུ་མེད་པ་སྤྲིན་གཏིབས་པ་ལྟར་བཞུགས་པ་རྟེན་འདི་རྣམས་དང་གཉིས་སུ་མེད་པར་མོས་ཏེ། དེ་རྣམས་ཀྱི་སྤྱན་སྔར་རང་གི་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པས་ཕྱག་འཚལ་བའི་མོས་པ་མཛོད། ཅེས་དང༌། ཐམས་ཅད་ལངས་ནས་ཕྱག་འཚལ་བཞིན་པར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་རྣམ་རྒྱལ་སྟོང་མཆོད་ཀྱི་དབུ་ནས་འབྱུང་བ་ལྟར་ཕྱག་འཚལ་ཡན་ལག་བདུན་པ་བཅས་སྔོན་དུ་བཏང་ནས། མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་
མོ་སྦྱར་ཏེ་འཁོད་པ་ལ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ནས་བསྲུང་བསྡམ་ཚུལ་བཞིན་དུ་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩིའི་རྣམ་གྲངས་དཔག་ཏུ་མེད་པར་གསུངས་པ་རྣམས་ཕྱོགས་རིས་སུ་བསྡུ་ན། ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས། འདིར་མཆོག་ཏུ་གྱུར་པ་ཐེག་ཆེན་ཏེ། དེའང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས། ཐེག་ཆེན་རིགས་དང་ལྡན་པའི་གང་ཟག་གིས། །དགེ་བ་གསོ་ཞིང་སྡིག་པ་སྦྱོང་པའི་ཐབས། །བསྙེན་གནས་ཡན་ལག་བརྒྱད་པ་ལེགས་བླངས་ནས། །ཚུལ་བཞིན་བསྲུང་ལ་ཕན་ཡོན་ཆེས་མང་ལྡན། །ཞེས་གསུངས་པ་ལྟ་བུའི་ཐེག་པ་ཆེན་པོའི་ལུགས་ཀྱི་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་འབོགས་པར་བྱེད་པ་ལ། དང་པོར་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ཞིག་ལ་སྐྱེའི། གཞན་ལ་ནི་མ་ཡིན་ཏེ། མཛོད་ལས། གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་འབྱུང་བ་ལྟར། ཐེག་པ་ཆེ་ཆུང་གང་ལའང་སྐྱབས་སུ་འགྲོ་དགོས་པར་གསུངས་པས། ཐོག་མར་སྐྱབས་སུ་འགྲོ་བའི་ཡུལ། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པ། དགེ་འདུན་བྱང་སེམས་ཕྱིར་མི་ལྡོག་པ་རྣམས་ཡིན་ལ། དུས་བྱང་ཆུབ་སྙིང་པོའི་བར་དུ། རྒྱུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ། ངོ་བོ་སེམས་
ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བ་ལ་སངས་རྒྱས་ཐོབ་དགོས། དེ་ཐོབ་པ་དཀོན་མཆོག་གསུམ་ལ་རག་ལས་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་མཁྱེན་སྙམ་པའི་དད་པ་ཆེན་པོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ཏེ་བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གཉིས་ལན་གསུམ་གྱི་བར་བཟླ་དགོས་པས། གཉིས་པ་དང་གསུམ་པའི་རྗེས་ཟློས་བྱ་བ་དང་གསུམ་པའི་ཚེ་ཐོབ་ཤེས་བསྐྱེད་དུ་གཞུག ཅེས་འབྱུང་བས། རྗེས་ཟློས་གསུམ་པ་རྫོགས་པ་དང་མཉམ་དུ་བདག་གི་རྒྱུད་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་རྣམ་པར་དག་པ་ཐོབ་བྱུང་སྙམ་པའི་ཐོབ་ཤེས་ཀྱི་དགའ་བ་ཁྱད་པར་ཅན་བསྐྱེད་མཛོད། ཅེས་བརྡ་སྦྱར་ལ་གཉིས་པ་དང་གསུམ་པའི་རྗེས་ཟློས་བྱ། དེས་སྐྱབས་འགྲོའི་སྡོམ་པ་ཐོབ་པས། དེའི་བསླབ་བྱ་ནི་ད་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་གཟུང་སྙམ་པ་མཛོད། དེ་ལྟར་སྐྱབས་སུ་འགྲོ་བ་སྐྱེས་པ་དེས་འདིར་བླང་བར་བྱ་བའི་སྡོམ་པ་ནི་བསྙེན་གནས་སམ་གསོ་སྦྱོང་སྟེ། འཕགས་པ་རྣམས་ཉེ་བར་བསྙེན་པས་ན་བསྙེན་གནས་སམ་དག་པའི་ས་བོན་གསོ་ཞིང་སྡིག་པ་སྦྱོང་བས་ན་གསོ་སྦྱོང་སྟེ། དེ་སྐད་དུ། གང་ཕྱིར་དགེ་བ་མ་ལུས་གསོ་བ་དང༌། །རྙེད་པའི་སྡིག་པ་འདིར་ནི་དག་བྱེད་པ། །དེས་ན་གསོ་དང་སྡིག་པ་དག་བྱེད་པས། །དེ་བཞིན་གཤེགས་པས་གསོ་སྦྱོང་
ཞེས་སུ་གསུངས། །ཞེས་གསོ་སྦྱོང་གི་སྡོམ་པ་ལེན་པ་ལ། དད་པ་དང་ངེས་པར་འབྱུང་བ་དང་བྱམས་བརྩེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་བསམ་པ་འདི་བཞིན་དུ་མཛོད། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་ཞག་ཕྲུགས་གཅིག་པའི་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་གསོ་སྦྱོང་གི་སྡོམ་པ་བླངས་ལ་སང་ཉི་མ་མ་ཤར་གྱི་བར་དུ་བསྲུང་སྙམ་པ་གྱིས་ལ་འདིའི་ལད་མོ་གྱིས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷག་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གཉིས་ལན་གསུམ་གྱི་བར་བཟླ་དགོས་པས་ཐ་མ་ལ་སྡོམ་པ་སྐྱེས་སྙམ་པའི་ངེས་ཤེས་བསྐྱེད་དོ། །དེ་ལྟར་སྡོམ་པ་ཐོབ་པ་དེས་བསླབ་པར་བྱ་བ་ནི། མཛོད་ལས།
ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་གསུམ་རིམ་གོ་རིམ་བཞིན། །ཞེས་པ་ལྟར། གསུམ་ལས་ཕྱེ་བའི་བརྒྱད་དེ། ཚུལ་ཁྲིམས་ཀྱི་ཡན་ལག་ལ་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང་བཞི་སྤོང་བ། བག་ཡོད་པའི་ཡན་ལག་ཏུ་ཆང་སྤོང་བ། བརྟུལ་ཞུགས་ཀྱི་ཡན་ལག་ལ་གསུམ་ལས། མལ་སྟན་སྤོང་བ་དང་འབྲེལ་བའི་བརྟུལ་ཞུགས་ནི་ཁྲི་སྟན་མཐོན་པོ་དང༌། མལ་སྟན་ཆེན་པོ་སྤོང་བ། ཁ་ཟས་སྤོང་བ་དང་འབྲེལ་བའི་བརྟུལ་ཞུགས་ནི། དུས་མ་ཡིན་པའི་ཁ་ཟས་སྤོང་བ། སྒེག་པ་སྤོང་བའི་བརྟུལ་ཞུགས་ནི་གླུ་གར་དང་རོལ་མོ་དང་རྒྱན་བྱུག་པ་སྤོང་བ་གསུམ་སྟེ་བརྒྱད་པོ་སྤོང་བ་ལ་བསླབ་སྙམ་པས་འདིའི་ལད་མོ་མཛོད། དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤོང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་ལྟར་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་འདོན་པར་ཤོག །ཅེས་ལན་གསུམ་བཟླས་པས་བསླབ་བྱ་རྣམས་བླང་དུ་གཞུག ཡང་སྡོམ་པ་དེ་བརྟན་པར་བྱ་བ་དང༌། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་གཟུངས་འདིའི་ལད་མོ་བདུན་ནས་ཉེར་གཅིག་མཛོད། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ།
ཞེས་ཉེར་གཅིག་དང༌། དོན་ཡོད་ཞགས་པའི་སྙིང་པོ་བཟླ་བར་འདོད་ན། ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཱ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་ཀྱང་བཟླའོ། །དེ་ནས་སློབ་དཔོན་གྱིས་མེ་ཏོག་འཐོར་བ་དང་བཅས་ཏེ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང༌། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བར། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་བྱའོ། །དེས་གསོ་སྦྱོང་གི་སྡོམ་པ་ཐོབ་པ་ཡིན་པས་སང་ཉི་མ་མ་ཤར་བར་དུ་བསྲུང་བ་དང༌། དེ་ནས་ཀྱང་ཉ་སྟོང་ཚེས་བརྒྱད་ལ་སོགས་པར་རྟེན་གྱི་དྲུང་ནས་བླངས་ཏེ་བསྲུང་བ་ལ་སོགས་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་བསྒོའོ། །དེ་རྗེས་ཞག་མང་པོ་སྦྲེལ་ཏེ་ལེན་ནའང་ནངས་རེ་བཞིན་རྟེན་གྱི་དྲུང་ལ་སོགས་པ་ནས་ལེན་དགོས་སོ།། ༈ །གཉིས་པ་དངོས་གཞི་ལ་བདག་གི་རྣལ་འབྱོར་དང༌། མདུན་བསྐྱེད་ཀྱི་ཆོ་ག་གཉིས་ལས། དང་པོ་ལ་རྒྱུ་ཚོགས་བསག་པ། འབྲས་བུ་ལྷ་བསྐྱེད་པ། བཟླས་པའི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་མཆོད་པ་རྣམས་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་
ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་སོ་སོའི་ཕྱག་རྒྱར་བཅས་པ་དང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་རོལ་མོ་དང་བཅས་པས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་ནས། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ལན་ཉེར་གཅིག་སོགས་ཅི་ནུས་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྐྱབས་གསོལ་ལན་གཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་ཉམས་སུ་བླང་བར་བགྱིའོ་ཞེས་ལན་གསུམ་གྱིས་སེམས་བསྐྱེད། ས་ཕྱོགས་པོ་ཏ་ལའི་ཞིང་ཁམས་རིན་པོ་ཆེའི་ས་གཞི་ལ་རིན་པོ་ཆེའི་ལྗོན་ཤིང་དང་མེ་ཏོག་དང་སྨན་དང་ལོ་འདབ་སྣ་ཚོགས་ཀྱི་ལྡིང་ཁང་དུ་གྲིབ་བསིལ་ཡིད་དུ་འོང་བ་འཇོ་ཞིང་དྲི་བསུང་ལྡང་བ། པདྨའི་རྫིང་བུ་དང་འབབ་ཆུ་སྣ་ཚོགས་མུ་ཏིག་གི་མདངས་འོད་འཚེར་བ། འདབ་ཆགས་སྣ་ཚོགས་མགྲིན་པའི་སྒྲ་
བརྙན་བརྡུང་བས་བརྒྱན་པའི་དབུས་སུ། ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་པ་ཁ་དོག་སྣ་ཚོགས་པའི་ནོར་བུའི་འོད་ཟེར་འཕྲོ་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། དེའི་དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པར་གསལ་བའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན། དེའི་སྟེང་དུ་ཟླ་བའི་གདན་དང་བཅས་པ། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། བླ་མ་དང་འཕགས་པ་སྤྱན་རས་གཟིགས་ཐ་མི་དད་པ་དང་དེ་བཞིན་གཤེགས་པ་བཞི་ལ། བརྒྱུད་པའི་བླ་མ་རྒྱལ་བ་སྲས་སློབ་ཆོས་སྐྱོང་བ་དང་བཅས་པའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། མདུན་གྱི་ནམ་མཁའི་གདན་ལ་འཁོད་པ་ནི། པདྨའི་ལྟེ་བ་ལ་རྩ་བའི་བླ་མ་དང་འཕགས་པ་སྤྱན་རས་གཟིགས་ཐ་མི་དད་པ། ཕྱོགས་བཞིའི་འདབ་མ་ལ་དེ་བཞིན་གཤེགས་པ་རིགས་བཞི། གཞན་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་ཆོས་སྲུང་ནོར་ལྷའི་ཚོགས་དཔག་ཏུ་མེད་པ་དང༌། སྟེང་གི་བར་སྣང་ལ་བརྒྱུད་པའི་བླ་མ་རྣམས་བཞུགས་པ་གསལ་བར་གྱུར། དེ་དག་གི་མདུན་དུ་ལུས་དཔག་ཏུ་མེད་པར་བློས་སྤྲུལ་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང༌། སྤྲོ་ན། ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཅན། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨིནྡྲ་བྷཱུ་ཏིས་ལུང་བསྟན་འཕགས་པ་
བསྒྲུབས། །ཤིང་འཕེལ་གནས་སུ་མཆོག་གི་དངོས་གྲུབ་བརྙེས། །ཁ་སརྤ་ཎིར་ཆོ་འཕྲུལ་ཆེན་པོ་བསྟན། །དཔལ་ལྡན་དཔལ་མོའི་ཞབས་ལ་ཕྱག་འཚལ་ལོ། །རིག་པའི་«་་་་་ཤློ་ཀ་འདི་མ་ཕྱི་ལ་ཆད་པ་སྨྱུང་གནས་བླ་བརྒྱུད་རྣམ་ཐར་ནས་ཁ་བསྐངས།» གནས་ལྔར་སྦྱངས་པ་ཕུལ་དུ་ཕྱིན། །རྐང་མགྱོགས་ལ་སོགས་ཐུན་མོང་དངོས་གྲུབ་བརྙེས། །མཁའ་འགྲོས་ལུང་བསྟན་མཆོག་གི་དངོས་གྲུབ་ཐོབ། །ཟླ་བ་གཞོན་ནུའི་ཞབས་ལ་ཕྱག་འཚལ་ལོ། །མི་བཟད་སྡུག་བསྔལ་ལམ་གྱི་གྲོགས་སུ་ཤར། །དད་པའི་སྟོབས་ཀྱིས་བླ་མ་འཕགས་པར་གཟིགས། །བརྩོན་འགྲུས་སྟོབས་ཀྱིས་མཆོག་གི་དངོས་གྲུབ་བརྙེས། །ཡེ་ཤེས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །འཇམ་དཔལ་སྨྲ་བའི་སེང་གེས་ལུང་བསྟན་ནས། །ཐུགས་རྗེ་ཆེན་པོ་བསྒྲུབས་པས་དངོས་གྲུབ་བརྙེས། །གནས་ལྔ་རིག་པ་བལ་པོའི་པཎྜི་ཏ། །པེ་ཉ་པ་ཡི་ཞབས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། །སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཅན། །ཐུགས་རྗེ་ཆེན་པོ་དགེ་སློང་ཚུལ་བསྟན་པའི། །བྱང་ཆུབ་སེམས་དཔའི་ཞབས་ལ་ཕྱག་འཚལ་ལོ། །གུས་པས་བླ་མ་དམ་པ་ཉེར་བསྟེན་ཞིང༌། །སྒྲུབ་ལ་བརྩོན་པས་དངོས་གྲུབ་མཆོག་བརྙེས་ནས། །འགྲོ་ལ་བརྩེ་བས་གཞན་དོན་ལྷུར་མཛད་པའི། །གྲུབ་ཐོབ་ཉིན་ཕུག་པ་ལ་ཕྱག་འཚལ་ལོ། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །འཕགས་པའི་ནོར་བདུན་ལྡན་པ་འགྲོ་བའི་མགོན། །རྡོ་རྗེ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །སྦྱིན་པས་བསྡུས་པའི་འགྲོ་ལ་ཕར་ཕྱིན་དྲུག །སྙན་པར་སྨྲས་ནས་དེ་བཞིན་སྒྲུབ་འཇུག་ཅིང༌། །བདག་ཉིད་ཕར་ཕྱིན་དྲུག་ལ་རྗེས་འཇུག་པའི། །ཞང་སྟོན་དགྲ་འཇིགས་ཞབས་ལ་ཕྱག་འཚལ་ལོ། །ཚད་མེད་ཐུགས་རྗེའི་ཤུགས་ཀྱིས་
རབ་བསྐུལ་ནས། །བྱང་ཆུབ་སེམས་མཆོག་བསྒོམས་ཚེ་བླ་མ་དང༌། །ཡི་དམ་གཉིས་སུ་མེད་པར་གཟིགས་གྱུར་པའི། །རྩི་འདུལ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །མཐུན་པའི་ཡུལ་གནས་སྐྱེས་བུ་དམ་པ་བསྟེན། །བདག་ཉིད་ལེགས་སྨོན་སྔོན་བསགས་བསོད་ནམས་ཅན། །འཁོར་ལོ་བཞི་དང་ལྡན་པའི་ཆོས་ཀྱི་རྗེ། །བདེ་བ་ཅན་པའི་ཞབས་ལ་ཕྱག་འཚལ་ལོ། །ཉེས་ལྟུང་དྲི་མའི་སྐྱོན་གྱིས་མ་གོས་ཤིང༌། །གཡེལ་བ་མེད་པར་དགེ་བའི་ཆོས་ལ་བརྩོན། །རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་པའི། །བྱང་སེམས་ཆུ་བཟང་པ་ལ་ཕྱག་འཚལ་ལོ། །དགོས་འདོད་མ་ལུས་འབྱུང་བའི་རིན་པོ་ཆེ། །གནས་ལུགས་ཇི་བཞིན་རྟོགས་པའི་ཤེས་རབ་ཅན། །ཡོན་ཏན་འབུམ་ཕྲག་དཔག་ཏུ་མེད་པའི་གཏེར། །ཆོས་རྗེ་ཤེར་འབུམ་པ་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་ཐོགས་མེད་མཁྱེན་པ་ཅན། །འགྲོ་ལ་བུ་ལྟར་བརྩེ་བའི་སྙིང་རྗེ་མངའ། །ལྷུན་གྲུབ་ཕྲིན་ལས་བཟང་པོ་གདུལ་བྱའི་དཔལ། །རྒྱལ་སྲས་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོའི་ཏིང་འཛིན་མཐར་ཕྱིན་ནས། །མངོན་པར་ཤེས་དང་རྫུ་འཕྲུལ་ཐོགས་མེད་མངའ། །སྦས་པའི་རྣལ་འབྱོར་གྲུབ་ཆེན་ཆོས་ཀྱི་རྗེ། །དཔལ་ལྡན་བུདྡྷ་ཤྲཱི་ལ་ཕྱག་འཚལ་ལོ། ༈ །ཤེས་བྱ་ཀུན༵་ལ་ལེགས་སྦྱངས་མཐར་ཕྱིན་ནས། །མཁས་རྣམས་དགའ༵་བའི་འཆད་རྩོད་རྩོམ་པ་ཡིས། །བསྟན་པའི་ཁུར་ཆེན་རིང་དུ་ཁྱེར་བ་པོ། །ཕྱོགས་ལས་རྣམ་རྒྱལ་བཟ༵ང་པོ༵འི་ཞབས་ལ་འདུད། །དཀོན༵་མཆོ༵ག་དགེས་པའི་ལྷག་བསམ་ཅན། །མི་མཐུན་ཕྱོགས་ལས་རྣམ་རྒྱལ༵་བའི། །དགེ་མཚ༵ན་དཔལ་ཡོན་བཟང་པོ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །དཔལ་ལྡན་ཀུན༵་དག༵འི་ལམ་བཟང་བྱེད་པོ་ཡིས། «འདི་དཀོན་མཆོག་ལྷུན་གྲུབ་དང་ཐར་རྩེ་པཎ་ཆེན་སོགས་ཀྱི་གསན་ཡིག་སྔ་མ་རྣམས་སུ་མེད་ཀྱང༌། བླ་མ་ཕྱི་མ་ཕལ་ཆེར་གྱི་གསན་ཐོར་སྣང་བ་ལྟར་བྲིས་པའོ།» །ཡོངས་བཟུང་གསུང་རབ་དོན་ལ་དབ༵ང་འབྱོར་ཞིང༌། །སྙན་བརྒྱུད་གདམས་པའི་ནོར་
གྱིས་རྒྱུད་ཕྱུག༵་པ། །རྒྱལ་ཚབ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཀོན༵་མཆོ༵ག་གསུམ་དངོས་བླ་མ་ཉེར་བསྟེན་ནས། །རྨད་བྱུང་ཡོན་ཏན་ཀུན་གྱི་གཏེར་མངའ་ཞིང༌། །གསང་ཆེན་བསྟན་པ་འཕེ༵ལ་བའི་ཕྲིན་ལས་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཀོ༵ན་མཆོ༵ག་གསུམ་དངོས་ཡོངས་འཛིན་མགོན་གྱིས་བཟུང༌། །ཁྲིམས་ལྡན་ཐོས་བསམ་སྒོམ་པའི་ནོར་གྱིས་ཕྱུག །ལྷུན༵་གྲུབ༵་ཕྲིན་ལས་ཕྱོགས་བརྒྱར་སྤེལ་མཁས་པའི། །བློ་ལྡན་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །རབ་འབྱམས་ཤེས་བྱའི་ནམ༵་མཁ༵འ་ཡངས་པ་ལ། །རབ་གསལ་མཁྱེན་པའི་འོད་ཟེར་རབ་འཕྲོས་པས། །རབ་མང་བློ་གསལ་པདྨོའི་དཔལ༵་ཡོན་ཅན། །རབ་མཁས་ཕྲིན་ལས་བཟང༵་པོ་ལ་ཕྱག་འཚལ། །དཔ༵ལ་ལྡན་རྩ་བརྒྱུད་བླ་མའི་ཐུགས་ཀྱི་སྲས། །དོན༵་གཉིས་ལྷུན་གྲུབ་རྒྱལ་བ་ཀུན་གྱི་དངོས། །མ་ལུས་འགྲོ་བ་སྐུ་བཞིའི་སར་འདྲེན་པའི། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྒྱ་ཆེན་ཤེས༵་བྱའི་ཆོས་རྣམས་མ་ལུས་པ། །ཇི་བཞིན་ར༵བ་ཏུ་གསལ་བར་མཁྱེན་པའི་ཐུགས། །དགེ་ལེགས་འབྱུང༵་གནས༵་ཐུབ་བསྟན་རྒྱས་མཛད་པ། །འགྲོ་བའི་འདྲེན་པ་མཆོག་ལ་ཕྱག་འཚལ་ལོ། །མཁ༵ས་བཙུན༵་བཟང་པོའི་ཡོན་ཏན་ཤིང་རྟ་ཡིས། །ཀུན༵་དག༵འི་རིང་ལུགས་མཁའ་ལ་ལེ༵གས་རྒྱུ་ཞིང༌། །སྨིན་གྲོལ་གདམས་པའི་ཉི་གཞོན་འོད་ཟེར་གྱིས། །ཕན་བདེའི་འདབ་སྟོང་བཞད་པ༵་ལ་ཕྱག་འཚལ། །མཁྱེན་རབ་འོད་ཀྱིས་མ་རིག་མུན་སང༵ས་ཤིང༌། །བརྩེ་ཆེན་ཐུགས་རྗེའི་དཀྱིལ་འཁོར་རྒྱས༵་པ་ཡི། །ནུས་པ་ཕུན༵་ཚོག༵ས་ཐུབ་བསྟན་རྒྱ་མཚོའི་གཉེན། །དགེ་ལེགས་འོད་སྟོང་ལྡན་པ་ལ་ཕྱག་འཚལ། «།ཁ་སྐོང་ནི།» །མཁྱེན་རབ་བྱམ༵ས་བརྩེ་ནུས་པ༵་ཀུན་གྱི་གཏེར། །རྨད་བྱུང་བསོ༵ད་ནམ༵ས་ཡེ་ཤེས་བདུད་རྩིའི་རྒྱུན། །སྐལ་བཟང་གདུལ་བྱའི་བློ་གྲོས་རྒྱས་མཛད་ཅིང༌། །དོན་གཉིས་སྩོལ་མཛད་བཟ༵ང་པོ༵་ལ་ཕྱག་འཚལ། །རྨད་བྱུང་བློ་གྲོས་ནམ༵་
མཁ༵འི་ཁྱོན་ཡངས་པར། །ཐུགས་རྗེའི་ཆུ་འཛིན་དཔལ་གྱིས་ཆེར་གཏམས་ཤིང༌། །བས༵མ་ཡས་ཕྲིན་ལས་བཟང་པོའི་ཆར་རྒྱུན་གྱིས། །ཐར་པའི་འབྲས་ལྟེར་མཁས་གྲུབ༵་ལ་ཕྱག་འཚལ། །རྒྱལ་བའི་ཡེ་ཤེས་གཅིག་བསྡུས་མཁྱེན་པའི་གཏེར། །དམར་སེར་དྷཱིཿཡིག་འོད་ཀྱི་སྣང་བ་ཡིས། །བསྟན་འགྲོའི་དཔལ་སྟེར་རྗེ་བཙུན་ས་སྐྱ་པ། །ཀུན༵་དག༵འ་བློ༵་གྲོས༵་ཞབས་ལ་ཕྱག་འཚལ་ལོ། །དམིགས་མེད་བྱམ༵ས་དང་སྙིང་རྗེ་ཆེར་ལྡན་པ༵ས། །ནམ༵་མཁ༵འ་དང་མཉམ་མ་གྱུར་འགྲོ་ཀུན་ལ། །སྐྱེ་འཆི༵་འགག་མེ༵ད་སྨོན་ལམ་ཤུགས་བདོ་བ། །འཁོར་བ་ཇི་སྲིད་བཙན་ལ་ཕྱག་འཚལ་ལོ། །བྱམ༵ས་«་་་་་ཐར་རྩེ་མཁན་ཆེན་རིན་པོ་ཆེ་མཆེད་གཉིས་ཀས་བྱམས་པ་ནམ་མཁའ་འཆི་མེད་ལས་གསན།» ཆེན་འཇམ་པའི་དབྱངས་དངོས་མཁྱེན་པ༵་དང༌། །འགྲོ་ཀུན༵་ཕན་བདེས་དགའ༵་མཛད་བརྩེ་བའི་གཏེར། །བཤད་སྒྲུབ་བསྟན༵་པའི་མངའ་བདག་རྡོ་རྗེ་འཛི༵ན། །སྐྱབས་ཀུན་འདུས་ཞལ་མཆོག་ལ་ཕྱག་འཚལ་ལོ། །ཟུང་འཇུག་རྣལ༵་འབྱོར༵་གྲུབ་པའི་ཡེ་ཤེས་སྐུ། །སྲས་བཅས་རྒྱལ་བའི་ཡབ་གཅིག་འཇམ༵་པའི་དཔ༵ལ། །གདུལ་བྱའི་སྣང་ངོར་མཁས་བཙུན་བཟ༵ང་པོ༵འི་ཕུལ། །རིགས་ཀུན་ཁྱབ་བདག་ཆེན་པོར་ཕྱག་འཚལ་ལོ། །མཁས་གྲུབ་བདེ་འབྱུང་རལ་པས་ཉེར་བཟུང་བ། །སྨྱུང་བར་གནས་པའི་གདམས་ངག་མཐོ་རིས་ཀླུང༌། །བདག་སོགས་འགྲོ་བའི་སྒྲིབ་གསུམ་སྦྱང་ཕྱིར་དུ། །འབེབས་མཛད་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུ་སྐབས་འདིར་རང་རང་གི་རྩ་བའི་བླ་མ་རྣམས་ཀྱིས་གང་ལས་གསན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་བར་མ་ཆད་པར་སྦྲེལ་ཤེས་པར་བྱའོ། །དེ་ལྟར་རྒྱས་པ་གདོན་མི་ནུས་པ་དག་གིས།། ༈ །འཕགས་པ་སྤྱན་རས་གཟིགས་དང་དཔལ་མོའི་ཞབས། །པཎ་ཆེན་ཟླ་བ་གཞོན་ནུ་ཡེ་ཤེས་བཟང༌། །བལ་པོ་པེ་ཉ་ཟླ་
བ་རྒྱལ་མཚན་དང༌། །གྲུབ་ཐོབ་ཉིན་ཕུག་པ་ལ་ཕྱག་འཚལ་ལོ། །སྦྲུ་པ་རྡོར་རྒྱལ་ཞང་སྟོན་དགྲ་འཇིགས་དང༌། །མཁན་ཆེན་རྩི་འདུལ་བདེ་བ་ཅན་པ་དང༌། །བྱང་སེམས་ཆུ་བཟང་ཤེས་རབ་འབུམ་པ་དང༌། །རྒྱལ་སྲས་ཆོས་རྗེ་རྣམས་ལ་ཕྱག་འཚལ་ལོ། །བུདྡྷ་ཤྲཱི་དང་རྗེ་བཙུན་ཀུན་དགའ་བཟང༌། །མུས་ཆེན་རྒྱལ་ཚབ་ཡོངས་འཛིན་དཀོན་མཆོག་འཕེལ། །དཀོན་མཆོག་ལྷུན་གྲུབ་པཎ་ཆེན་བྲང་ཏི་པ། །དཔལ་ལྡན་དོན་གྲུབ་རྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་འབྱུང་གནས་མཁས་བཙུན་ཀུན་དགའ་ལེགས། །སངས་རྒྱས་ཕུན་ཚོགས་བསོད་ནམས་བཟང་པོ་དང༌། །ནམ་མཁའ་བསམ་འགྲུབ་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་རྣམས་ལ་ཕྱག་འཚལ་ལོ། །ཀུན་དགའ་བསྟན་འཛིན་འཇམ་དཔལ་བཟང་པོ་དང༌། །འཕགས་མཆོག་ཕྱག་ན་པདྨོའི་ཕྲིན་ལས་ཅན། །ཚུལ་འདིར་བཀའ་དྲིན་རྨད་བྱུང་བླ་མ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དེ་བས་ཀྱང་ཉུང་བ་ལ་དགའ་བས། ༈ །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དང་དཔལ་མོ་ནས། །བདག་ཅག་འདྲེན་པ་མཆོག་གི་བར་བྱོན་པའི། །དབང་བསྐུར་བྱིན་རླབས་གདམས་ངག་ལེགས་འདོམས་པའི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་གྱིས་ཀྱང་རུང་སྟེ་གང་མོས་དང༌། ༈ །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་
སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་པ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་པས་ཕྱག་དབུལ་ལོ། །དེ་ནས་སྔར་བྱིན་གྱིས་བརླབས་པའི་མཆོད་རྫས་རྣམས་སྙིང་གའི་ཧྲཱིཿལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས། མཆོད་པ་འབུལ་བར་བསམས་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞབས་བསིལ་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་
ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨཱ་ལོ་ཀི་ཨཱཿཧཱུྃ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །དྲི་མཆོག་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ནི་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ་ཞེས་རོལ་མོ་དང་བཅས་པ་དབུལ། ཉུང་བ་ལ་དགའ་བས་ཚིགས་བཅད་དོར་བའི་སྔགས་མཆོད་གདངས་དང་བཅས་པས་རུང་སྟེ་རྒྱལ་སྲས་ཐོགས་མེད་པའི་ཆོ་གར་དེ་བཞིན་གསུངས། དེ་ནས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཅེས་བརྗོད། དེ་ནས་མཎྜ་ལར་དྲི་
བཟང་གི་ཆུས་བྱུགས་ཤིང་ཚོམ་བུ་དགོད་པ་དང་བསྟུན་ལ། ཨོཾ་བཛྲ་བྷཱུ་མི་ཨཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མཎྜལ་དབུལ། དེ་ནས་ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་
ཞེས་བགྱི་བས། ཚེ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང༌། དཀོན་མཆོག་གསུམ་ལ་མ་གུས་པ་བགྱིས་པ་དང༌། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། གསུང་རབ་ཀྱི་གླུད་ཟོས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་སྡིག་པ་དང༌། ཉེས་པ་དང༌། ལྟུང་བའི་ཚོགས་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། གཞན་བགྱིས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་དེ་དག་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །སླན་ཆད་བསྡམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་བརྗོད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སེམས་ཅན་སྡུག་བསྔལ་ཀུན་བྲལ་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང༌། །དེང་ནས་
བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱི་ཞིང༌། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །ཞེས་བརྗོད་ཅིང་དེ་དག་གི་དྲན་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་དེའང་སྟོང་པ་ཉིད་དུ་གྱུར་པར་བསམས་པས་ཡེ་ཤེས་ཀྱི་ཚོགས་བསག་གོ །གཉིས་པ་འབྲས་བུ་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས་པྃ་ལྗང་གུ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སྤྱན་རས་གཟིགས་ཀྱི་སྐུར་གྱུར་པ་རྣམས་འོད་དུ་ཞུ། སྔར་སྤྲོས་པའི་འོད་དང་འགྲོགས་ནས་ཚུར་འདུས་ཧྲཱིཿལ་ཐིམ། ཧྲཱིཿདེ་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟར་འབར་བའི་ལྟེ་བ་ལ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་བྱོན་ནས་ཧྲཱིཿལ་ཐིམ། དེ་མ་ཐག་ཏུ་པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་བཞེངས་པ། སྐུ་མདོག་དཀར་པོ་ལང་ཚོ་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར། གཡས་ལྗང༌། གཡོན་དམར་བ། དེའི་སྟེང་མ་གསུམ་དབུས་ལྗང༌། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་གསུམ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་འཛུམ་ཞིང་ཞི་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་འགྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་ཤིང་རྒྱན་སྤངས་པ། ཚངས་པར་སྤྱོད་པའི་ཆ་ལུགས་འཛིན་ཞིང་འཛུམ་པ། མགུལ་པ་དང་བཅས་པའོ། །ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་འཛག་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པས་རིལ་པ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པའོ། །ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་པུས་མོའི་ལྷ་ང་མི་འདའ་བ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་འཁྱུག་པས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དར་གྱི་ཅོད་པན་ལ་སོགས་པས་བརྒྱན་ཅིང་འོད་ཟེར་དཀར་པོ་འཕྲོ་བར་བསམ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ།
དེ་ལས་འོད་ཟེར་འཕྲོས། པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། ཛཿཧཱུྃ་བཾ་ཧོཿ ཞེས་པས་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་གྱུར་པར་བསམ། སླར་ཡང་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འོད་དཔག་མེད་ཀྱིས་གཙོ་བྱས་པའི་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། ཨོཾ་བཛྲ་པཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་སངས་རྒྱས་སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མ་རྣམས་བདུད་རྩིའི་བུམ་པ་བསྣམས་པ་བྱོན་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་སྤྱི་བོ་ནས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག ཡེ་ཤེས་ཀྱི་ཆུས་ལུས་གང་ཞིང་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་གཙོ་བོར་གྱུར་
པའི་རིགས་ལྔས་དབུར་བརྒྱན་པར་བསམ་མོ། །རང་གི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་པ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་དང་ཐུགས་རྗེ་ཆེན་པོའི་སྐུ་དཔག་ཏུ་མེད་པར་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་བཞིན་དུ་སྤྲོ་བསྡུ་གཉིས་པོ་ཡུན་རིང་དུ་བྱའོ། །གསུམ་པ་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿལ་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པ་ལས་འོད་ཟེར་དང་ཐུགས་རྗེ་ཆེན་པོའི་སྐུ་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསམས་ལ། མྱུར་བ་དང་བུལ་བ་དང་མི་གསལ་བ་སོགས་ཀྱི་སྐྱོན་སྤངས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན། བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶ་བུདྡྷེ་བྷྱཿ ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ༈ ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ནཱ་ཡ་སྭཱ་ཧཱ། ཞེས་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་པའི་སྙིང་པོ་བརྒྱ་དང་བདུན་བཟླ་བར་བྱའོ། སྙིང་པོ་ནི། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་སོགས་ནས། མ་པ་ནཱ་ཡ་སྭཱ་ཧཱ་ཞེས་པའི་བར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའང་ཅི་ནུས་བཟླས་ལ། མཇུག་ཏུ། ཐུགས་རྗེ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་
པ་དང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་མྱུར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་འདོད་དོན་གསོལ་བ་གདབ་བོ། །བདག་བསྐྱེད་རྐྱང་པ་ཉམས་སུ་ལེན་ན་སྐྱབས་འགྲོ་ནས་འདིའི་བར་གྱིས་ཆོག་གོ །གཉིས་པ་མདུན་བསྐྱེད་ཀྱི་ཆོ་ག་ལ་སྒྲུབ་པ། མཆོད་པ། སྔགས་བཟླ་བ་སྟེ་གསུམ་ལས། དང་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྤྱན་དྲངས་ལ། རང་གི་ཐུགས་ཀའི་ཧྲཱིཿལས་བྷྲཱུྃ་དཀར་པོ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་གཅིག་ཆད། དེ་ཉིད་འོད་དུ་ཞུ་བ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིའི་འདབ་མ་བཞི་ལ་ཟླ་བའི་དཀྱིལ་འཁོར་རེ། དབུས་ཀྱི་གདན་གྱི་སྟེང་དུ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ། སྐུ་མདོག་དཀར་པོ་ལང་ཚོ་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར། གཡས་ལྗང༌། གཡོན་དམར་བ། དེའི་སྟེང་མ་གསུམ་དབུས་ལྗང༌། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་གསུམ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་འཛུམ་ཞིང་ཞི་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་འགྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་ཤིང་རྒྱན་སྤངས་པ། ཚངས་པར་སྤྱོད་པའི་ཆ་ལུགས་འཛིན་ཞིང་འཛུམ་པ། མགུལ་པ་དང་བཅས་པའོ། །ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ།
གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་འཛག་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པའོ། །ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་པུས་མོའི་ལྷ་ང་མི་འདའ་བ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་འཁྱུག་པས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དར་གྱི་ཅོད་པན་ལ་སོགས་པས་བརྒྱན་ཅིང་འོད་ཟེར་དཀར་པོ་འཕྲོ་བ། ཤར་དུ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ལྷོར་ཏྲཱྃ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨ་ལས་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་དང་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་
དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་དང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཛོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝ་ར་ཨེ་ཧྱེ་ཧིས་སྤྱན་དྲངས་པ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱཧཱ། ཞེས་པས་མཆོད། ཛཿཧཱུྃ་བཾ་ཧོཿ ཞེས་པས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་གྱུར་པར་བསམ། སླར་ཡང་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འོད་དཔག་མེད་ཀྱིས་གཙོ་བྱས་པའི་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་སངས་རྒྱས་སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མ་རྣམས་བདུད་རྩིའི་བུམ་པ་བསྣམས་པ་བྱོན་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་
གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་སྤྱི་བོ་ནས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག ཡེ་ཤེས་ཀྱི་ཆུས་ལུས་གང་ཞིང་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔ་དང༌། རིགས་བཞི་ལ་རང་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ་མོ། །གཉིས་པ་མཆོད་པ་ལ། ཡན་ལག་བདུན་ལས་ཕྱག་འཚལ་བ་ནི། ལངས་ལ། འདྲེན་མཆོག་བླ་མ་ཀུན་གྱི་ངོ་བོ་ཉིད། །གྲུབ་སྩོལ་ཡི་དམ་ཐམས་ཅད་འདུས་པའི་སྐུ། །སྐྱབས་གནས་དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བཀའ་དྲིན་ཆེ་ལྡན་ཞབས་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དང་དཔལ་མོའི་ཞབས། །པཎ་ཆེན་ཟླ་བ་གཞོན་ནུ་ཡེ་ཤེས་བཟང༌། །བལ་པོ་པེ་ཉ་ཟླ་བ་རྒྱལ་མཚན་དང༌། །གྲུབ་ཐོབ་ཉིན་ཕུག་པ་ལ་ཕྱག་འཚལ་ལོ། །སྤྲུ་པ་རྡོར་རྒྱལ་ཞང་སྟོན་དགྲ་འཇིགས་དང༌། །མཁན་ཆེན་རྩི་འདུལ་བདེ་བ་ཅན་པ་དང༌། །བྱང་སེམས་ཆུ་བཟང་ཤེས་རབ་འབུམ་པ་དང༌། །རྒྱལ་སྲས་ཆོས་རྗེ་རྣམས་ལ་ཕྱག་འཚལ་ལོ། །བུདྡྷ་ཤྲཱི་དང་རྗེ་བཙུན་ཀུན་དགའ་བཟང༌། །མུས་ཆེན་རྒྱལ་ཚབ་ཡོངས་འཛིན་དཀོན་མཆོག་འཕེལ། །དཀོན་མཆོག་ལྷུན་གྲུབ་པཎ་ཆེན་བྲང་ཏི་པ། །དཔལ་ལྡན་དོན་གྲུབ་རྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་འབྱུང་གནས་མཁས་བཙུན་ཀུན་དགའ་ལེགས། །སངས་རྒྱས་ཕུན་ཚོགས་བསོད་ནམས་བཟང་པོ་དང༌། །ནམ་མཁའ་བསམ་འགྲུབ་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་རྣམས་ལ་ཕྱག་འཚལ་ལོ། །ཀུན་དགའ་བསྟན་འཛིན་འཇམ་དཔལ་བཟང་པོ་དང༌། །འཕགས་མཆོག་ཕྱག་ན་པདྨོའི་ཕྲིན་ལས་ཅན། །ཚུལ་འདིར་བཀའ་དྲིན་རྨད་བྱུང་བླ་མ་སོགས། །དངོས་
བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ༈ སྤྲོ་ན། སངས་རྒྱས་བྱེ་ཕྲག་བཅུ་གཅིག་ཞལ། །རྩ་བའི་ཞལ་ནི་དཀར་ལ་མཛེས། །ལྗང་དང་དམར་པོ་གཡས་དང་གཡོན། །ཞི་བའི་ཞལ་ལ་ཕྱག་འཚལ་ལོ། །དབུས་ལྗང་གཡས་དམར་གཡོན་ཞལ་དཀར། །དབུས་དམར་གཡས་དཀར་གཡོན་ལྗང་ཞལ། །སྤྱན་དཀྱུས་རིང་ཞིང་ཞལ་བཀྲ་བ། །འཛུམ་བཅས་ཞལ་ལ་ཕྱག་འཚལ་ལོ། །ཁྲོ་ཞལ་ནག་པོ་སྤྱན་གསུམ་པ། །མཆེ་གཙིགས་སྐྲ་བརྫེས་སྨ་ར་སེར། །སྟེང་ཞལ་དམར་པོ་གཙུག་ཏོར་ཅན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། ཆོས་ཉིད་ཐུགས་ཆུད་ཐུགས་ཀར་ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་མི་ཆད་པའི་ཕྲེང་བ་བསྣམས། །ཡི་དྭགས་བཀྲེས་སྐོམ་སེལ་མཛད་མཆོག་སྦྱིན་ཕྱག །ཕྱག་གཡས་འཁོར་ལོ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་བའི་འདམ་གྱིས་མ་གོས་པདྨ་བསྣམས། །རིལ་བ་སྤྱི་བླུགས་ཉོན་མོངས་དྲི་མ་འཁྲུུད། །ཐབས་དང་ཤེས་རབ་གཉིས་འབྲེལ་མདའ་གཞུ་བསྣམས། །རྣམ་ཐར་བརྒྱད་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །པདྨའི་འདབ་ལྟར་འཇམ་ཞིང་མཛེས་པའི་ཕྱག །དགུ་བརྒྱ་དགུ་བཅུ་རྩ་གཉིས་མཆོག་སྦྱིན་མཛད། །ཐབས་དང་ཤེས་རབ་དབྱེར་མེད་སྤྱན་གྱིས་མཛེས། །རྣམ་འཕྲུལ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །རྒྱན་ལྔས་ཀུན་ནས་རབ་ཏུ་མུན་སེལ་བ། །སྐུ་མདོག་དཀར་གསལ་རི་དྭགས་པགས་པ་འཛིན། །
གཞོན་ནུ་ལང་ཚོ་ལྡན་པས་འགྱིང་བག་བཞུགས། །འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་ཏུ་བསྡུས་པའི་སྤྱན་རས་གཟིགས། །ནམ་མཁའི་མཐའ་ཁྱབ་ཚད་མེད་ཕྲིན་ལས་ཀྱིས། །འགྲོ་བ་འདྲེན་པའི་གཙོ་ལ་ཕྱག་འཚལ་ལོ། །ཉུང་བ་ལ་དགའ་བས། སངས་རྒྱས་བྱེ་ཕྲག་བཅུ་གཅིག་ཞལ་ཞེས་པ་ནས་འདི་བར་མ་བརྗོད་ཀྱང་ཆད་སྐྱོན་མེད་དོ། ༈ །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་བྱའོ། །མཆོད་པ་འབུལ་བ་ནི། མཆོད་རྫས་རྣམས་ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་ཨཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ནས། ཕྱོགས་དུས་ཀུན་ན་
མཆོད་ཡོན་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །བྱམས་དང་སྙིང་རྗེའི་ཆུ་རྒྱུན་ལས་བྱུང་བའི། །བྱང་ཆུབ་སེམས་ཀྱིས་བདག་རྒྱུད་གང་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས«་་་་་་འདི་མ་ཕྱིར་མེད་ཀྱང་མཆོད་བཤམ་དང་བྱིན་རླབས་སྐབས་འབྱུང་བར་མ་ཟད། འགའ་ཞིག་ལ་བྲིས་སྣང་བ་ལྟར་དཀྱུས་སུ་བྲིས་པའོ།། »དུས་ཀུན་ན་ཞབས་བསིལ་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །སྒྲིབ་གཉིས་དྲི་མའི་ཚོགས་ལས་རྣམ་གྲོལ་ནས། །དྲི་མེད་མཁྱེན་གཉིས་ཡེ་ཤེས་རྒྱས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏེ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་་ཝཱ་ར་ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་མེ་ཏོག་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་ཕན་བདེའི་འབྲས་འབྱུང་བའི། །སྦྱིན་པའི་མེ་ཏོག་ཕྱོགས་བཅུར་རྒྱས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་བདུག་སྤོས་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །འཕགས་པ་དགྱེས་ཤིང་འགྲོ་ཀུན་ཚིམ་བྱེད་པའི། །ཚུལ་ཁྲིམས་དྲི་ཞིམ་རྒྱུན་མི་ཆད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་་ཝ་ར་ཨོཾ་བཛྲ་དྡྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་སྣང་གསལ་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །ཉོན་མོངས་མུན་པ་ཀུན་ནས་སེལ་བ་ཡི། །བཟོད་པའི་སྒྲོན་མེ་རབ་ཏུ་རྒྱས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝ་ར་ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་དྲི་མཆོག་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །སྐྱོ་ངལ་མེད་པར་གཞན་དོན་
ལ་སྤྲོ་བའི། །བརྩོན་འགྲུས་དྲི་ཡིས་ཕྱུག་པའི་སེམས་ལྡན་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་ཞལ་ཟས་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བས་ལུས་སེམས་ཚིམ་བྱེད་པའི། །བསམ་གཏན་ཟས་ལ་རྟག་ཏུ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་རོལ་མོ་ཅི་མཆིས་རྣམས། །སྤྱན་རས་གཟིགས་ལ་ཕུལ་བས་འགྲོ་བ་ཀུན། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་དོན་སྟོན་པའི། །ཤེས་རབ་སྒྲ་སྙན་ཕྱོགས་བཅུར་སྒྲོགས་པར་ཤོག །ཨོཾ་སརྦ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་ས་ཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ཅིང་རོལ་ཆེན་བྱ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཅེས་བརྗོད། དེ་ནས་མཎྜ་ལར་དྲི་བཟང་གི་ཆུས་བྱུགས་ཤིང་ཚོམ་བུ་དགོད་པ་དང་བསྟུན། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ།
མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མཎྜལ་དབུལ། དེ་ནས་ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང༌། དཀོན་མཆོག་གསུམ་ལ་མ་གུས་པ་བགྱིས་པ་དང༌། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་
བགྱིས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། གསུང་རབ་ཀྱི་གླུད་ཟོས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་སྡིག་པ་དང༌། ཉེས་པ་དང༌། ལྟུང་བའི་ཚོགས་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། གཞན་བགྱིས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་དེ་དག་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །སླན་ཆད་བསྡམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་བརྗོད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སེམས་ཅན་སྡུག་བསྔལ་ཀུན་བྲལ་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱི་ཞིང༌། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །ཞེས་བརྗོད་ཅིང་དེ་རྣམས་ཀྱི་དོན་ཡིད་ལ་དྲན་བཞིན་པས་བསག་སྦྱང་བྱ། གསུམ་པ་སྔགས་བཟླ་བ་ནི། བུམ་པ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྷའི་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གིས་
ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་གང་བར་གྱུར་པར་བསམ། བདག་མདུན་གཉིས་ཀའི་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ། གཟུངས་རིང་བརྒྱ་རྩ་གཅིག་དང༌། ཡི་གེ་དྲུག་པ་ཅི་མང་བཟླའོ། །གསུམ་པ་རྗེས་ལ། རྗེས་ཀྱི་ཆོ་ག་དང༌། ཕན་ཡོན་བསྟན་པ་གཉིས་ལས། དང་པོ་མདུན་བསྐྱེད་མཆོད་པ། བསྟོད་ཅིང་གསོལ་བ་གདབ་པ། གཏོར་མ་གཏོང་བ། ཁྲུས་བྱ་བ། ནོངས་པ་བཤགས་ཤིང་གཤེགས་སུ་གསོལ་བ་སྟེ་ལྔ་ལས། དང་པོ་ནི། ཛ་ཧི་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་ཞེས་བརྗོད་ཅིང་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །
མཆོད་པ་རྣམས་ཁ་གསོས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་མཆོག་དང༌། །ཞལ་ཟས་རོལ་མོ་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང༌། །བདག་གི་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་
སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སེམས་ཅན་སྡུག་བསྔལ་ཀུན་བྲལ་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱི་ཞིང༌། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །ཞེས་བརྗོད་དོ། །གཉིས་པ་བསྟོད་པ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་དགེ་སློང་མ་དཔལ་མོ་བཞུགས་ནས་ངོ་ཆེན་བྱེད་པར་བསམས་ལ། བདག་གི་སྤྱི་བོར་དགེ་སློང་དཔལ་མོ་ནི། །ངོ་ཆེན་ཞུ་བའི་ཚུལ་གྱིས་བཞུགས་པ་དང༌། །མགྲིན་བསྡེམས་སྙན་པའི་དབྱངས་ཀྱིས་བསྟོད་པ་ལ། །བླ་མ་འཕགས་པའི་ལྷ་ཚོགས་གསན་ཅིང་དགོངས། །ཞེས་སྔོན་དུ་འགྲོ་བས། ༈ །ཨོཾ་བླ་མ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་མཐའ་ཡས་ཀྱི་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །
དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །ལྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་ཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཚོགས་ཀུན་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །འདི་ཡན་ཆད་ལན་ཉེར་གཅིག་གདོན། གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང༌། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང༌། །འཇིག་རྟེན་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །
ཅེས་ལན་གཅིག་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་དགོངས་སུ་གསོལ། ཕན་བདེའི་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་དར་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་བདེ་ཞིང་དམ་པའི་ཆོས་སྤྱོད་པར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཤེས་རབ་ཆེན་པོ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །གསུམ་པ་གཏོར་མ་འབུལ་བ་ནི། ཆུ་གཙང་གིས་བྲན་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུ་དྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ནཱ་ཡ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་དབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་གེ་ཨཱཿཧཱུྃ་སྭཱ་ཧཱ།
ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་རྣམས་ལ་འབུལ་ལོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པ་དང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་མྱུར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མ་གཉིས་པ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭཏ྄་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཆོས་སྐྱོང་སྲུང་མར་བསྔོས་ལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ་ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པའི་བར་གྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བསྟན་སྲུང་དམ་ཚིག་ཅན་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་ཁམས་སུ་བདེ་ལེགས་འབྱུང་བ་དང༌། ཆོས་སྒྲུབ་པ་རྣམས་ཀྱི་བར་ཆད་ཐམས་ཅད་ཞི་ཞིང་བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཕྲིན་ལས་གཞོལ། གཏོར་མ་གསུམ་པའང་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ལྷ་ཀླུ་གཞི་བདག་སོགས་ལ་བསྔོ། མཆོད་སྦྱིན་གཏོར་མ་འདི་ལྷ་ཀླུ་ཁྱད་པར་ཅན་རྣམས་ཀྱིས་གཙོ་བྱས་པའི་གཞི་བདག གནས་བདག གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །འཇིག་རྟེན་ཁམས་སུ་བདེ་ལེགས་
འབྱུང་བ་དང༌། ཆོས་སྒྲུབ་པ་རྣམས་ཀྱི་བར་ཆད་ཐམས་ཅད་ཞི་ཞིང་བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཕྲིན་ལས་གསོལ་ལོ། །བཞི་པ་ཁྲུས་བྱ་བ་ནི། བུམ་པའི་ཆུས་མེ་ལོང་ལ་ལྷའི་གཟུགས་བརྙན་ཤར་བ་བཀྲུ་ཞིང༌། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་རྣམ་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་སྐུ་ཁྲུས་གསོལ། ཁྲུས་ཆུ་བུམ་པར་བླུགས་ལ། རང་དང་སྒྲུབ་གྲོགས་རྣམས་ལ་བཀྱེ་ཞིང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ལན་གསུམ་བཟླས་པ་དང༌། འཕགས་པ་གཙོ་འཁོར་གསུམ་པ་ཞིག་མདུན་གྱི་ནམ་མཁར་བྱོན་ཏེ། ཡུམ་ཡི་གེ་དྲུག་མའི་ཕྱག་ནས་བདུད་རྩི་བབས་པ་བདག་གི་སྤྱི་བོར་བླུགས་པར་གྱུར་པར་བསམ་ཞིང་ཁྲུས་བྱ། དེའང་མ་ཎི་དང་པོས་ཉོན་སྒྲིབ་དག གཉིས་པས་ཤེས་སྒྲིབ་དག གསུམ་པས་སྐྱེ་མེད་ཆོས་སྐུར་གྱུར་པར་བསམས་ལ། གཙོ་འཁོར་གསུམ་པོ་རང་གི་སྤྱི་བོར་ཐིམ་པར་བསམ་ཞིང་བུམ་ཆུ་འཐུང་ངོ༌། །ལྔ་པ་ནོངས་པ་བཤགས་ཤིང་གཤེགས་སུ་གསོལ་བ་ནི། ཐལ་མོ་སྦྱར་ལ། ཨོཾ་པདྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་པདྨ་མཱ་མེ་མུཉྩ་པདྨ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ལན་བདུན་དང༌། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པར་གྱུར་པས་བྱིང་བ་དང་རྒོད་པའི་དབང་གིས། ཏིང་ངེ་འཛིན་མི་
གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་ཆད་དུ་གྱུར་པ་དང༌། གཙང་སྦྲ་ཆུང་བ་ལ་སོགས་པ། འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ལ་བཟོད་པར་གསོལ་གྱི། བདག་ཅག་ལ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་ལ། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་དང༌། །སྤྱན་རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་འགྱུར་ཞིང༌། །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་རྗེས་སྨྱུང་གནས་ཆོ་ག་ཞག་སྦྲེལ་ནས་བྱེད་པའམ་རྐྱང་ཁུག་གཉིས་ལ་རྡུལ་ཚོན་གྱི་ལྷ་གཤེགས་གསོལ་མི་བྱེད་པར་བརྟན་བཞུགས་བྱ་སྟེ། དེའང་འདི་ལྟར། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་མེ་ཏོག་འཐོར་ཚུལ་བྱ་ཞིང་བཞུགས་སུ་གསོལ། ༴ །ཚེས་བཅུ་དྲུག་ལྟ་བུ་གྲོལ་བའི་ཉིན་སྐྱ་རེངས་ཀྱི་དུས་ནས་གསོ་སྦྱོང་མ་གཏོགས་པའི་ཆོ་ག་ཚར་གཅིག་གཏང་རག་གི་ཚུལ་དུ་བྱས་ནས། རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཞེས་པའི་རྗེས་
སུ་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། སུ་པྲ་ཏིཥྛ་བརྗོད། དེའི་རྗེས་སུ། ཐུགས་རྗེ་ཕྱག་ན་པདྨོ་ཡིས། །ཡིད་ཀྱི་པདྨོ་ཁ་ཕྱེ་ནས། །རི་པོ་ཏ་ལར་གཤེགས་ནས་ཀྱང༌། །ཚུར་བྱོན་ཐུགས་རྗེ་ཆེན་པོ་མུཿ ཞེས་མཐེབ་སྲིན་གྱི་སེ་གོལ་དང༌། རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ་ཚོམ་བུ་སོགས་བསྡུའོ། །གཉིས་ཀ་ལྟར་ཡང༌། ༴ བདག་བསྐྱེད་ཀྱི་ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ལ་ཐིམ་པས་རང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར་པར་བསམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་འགྱུར་ཞིང༌། །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པ་དང༌། །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱིས་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པའི་རྒྱས་གདབ་
ཅིང༌། དྲིལ་གསིལ་མེ་ཏོག་འཐོར་བ་དང་བཅས་པས། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་པ་ལ་སོགས་པས་མཚོན་མདོ་རྒྱུད་ལས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ། ཐུན་མཚམས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོའི་ང་རྒྱལ་དང་མ་བྲལ་བར། བྱམས་བརྩེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད་པར་བྱའོ། །རྡུལ་ཚོན་རྣམས་ས་དང་ཆུ་ལ་གནས་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། རི་མཐོན་པོའི་རྩེ་དང༌། རྒྱ་ཚོར་འབབ་པའི་ཆུ་བོར་སྤྱན་འདྲེན་པ་དང༌། མཆོད་རྫས་དམན་པ་རྣམས་མགོན་མེད་དང་ཕོངས་པ་ལ་སྦྱིན་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ས་ག་ལ་སོགས་པའི་ཚེས་བདུན་ནམ་བཅུ་བཞི་ལྟ་བུ་ལ་སྨྱུང་གནས་རྐྱང་པ་དང༌། བརྒྱད་དམ་བཅོ་ལྔ་ལ་ཁུག་པ། དགུའམ་བཅུ་དྲུག་ལ་རྗེས་ཆོག་སྟེ། རྐྱང་ཁུག་གཉིས་ཀ་ལ་ཆོ་ག་ཚར་གསུམ་རེ་བྱེད། རྐྱང་པའི་ཉིན་དཀར་གསུམ་བསྟེན་པའི་ཟས་གདན་གཅིག་བྱ། ངག་བཅད་མི་བྱེད་ཀྱང་ངག་འཁྱལ་སྨྲ་བ་སྤོང༌། ཁུག་པའི་ཉིན་ངག་བཅད་ཤིན་ཏུ་དམ་པར་བྱེད། ཆོ་ག་དང་ཆོས་བརྗོད་རྣམས་ཀྱང་ངག་ཏུ་མི་བརྗོད་པ་དང་བརྗོད་པ་མི་འགོག་པའི་ལུགས་གཉིས་ཀ་མཆིས། མིད་
པ་རྒྱུན་བཙང་དེ་གནས་པར་བྱའོ། །དེ་དག་གིས་ནི་སྨྱུང་གནས་ཀྱི་ཆོ་ག་རྒྱས་འབྲིང་དབྱེ་བསྡུའི་སྒོ་ནས་གང་ཟག་རང་རང་གི་བློ་དང་འཚམས་པར་ཇི་ལྟར་ཉམས་སུ་ལེན་ཚུལ་གྱི་རིམ་པ་དང་བཅས་པ་བསྟན་ཟིན་ཏོ། །གཉིས་པ་ཕན་ཡོན་བསྟན་པ་ནི། དེ་ལྟ་བུའི་ཚུལ་གྱིས་སྨྱུང་བར་གནས་པ་ལན་གཅིག་བགྱིས་པས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་ཏེ། ཞལ་བཅུ་གཅིག་པའི་རྒྱུད་ལས། སུ་ཞིག་བདག་གི་སླད་དུ་ཚེས་བཅུ་བཞིའམ་བཅོ་ལྔ་ལ་སྨྱུང་བར་གནས་པར་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་བདག་གི་མིང་འཛིན་པ་ནི་དོན་ཆེ་སྟེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མིང་འཛིན་པ་བས་ཀྱང་ལྷག་ལགས་སོ། །ཞེས་དང༌། གཟུངས་འདི་ལན་གཅིག་བཟླས་པས་ཀྱང་ཉན་ཐོས་ཀྱི་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར་ལ། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་བྱང་བར་འགྱུར་ན། ཇི་སྐད་བཤད་པ་བཞིན་དུ་ནན་ཏན་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་གིས་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་སྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང༌། བསྒྲུབས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱིའོ་ཞེས་དང༌། གཞན་ཡང༌། སྐྱེ་བ་དམན་པ་བུད་མེད་ཀྱིས་ཀྱང༌། སྨྱུང་བར་གནས་པ་ལན་གཅིག་བྱས་ན། ཤི་འཕོས་ནས་བྱང་ཆུབ་སེམས་དཔའ་འམ། སྐྱེས་པའི་ལུས་ཅན་ཐོབ་ནས། འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ་དང༌། དུད་འགྲོ་འཆི་འཕོ་བའི་ཚེ། གཟུངས་འདི་ལན་གཅིག་བཟླས་ནས་རྣ་བར་བཏབ་ན་ངེས་པར་བདེ་བ་ཅན་དུ་སྐྱེ་བ་དང༌། དུད་འགྲོ་མོ་འཆི་བའི་ཚེ་གཟུངས་འདི་རྣ་བར་བཏབ་ན། མིའི་འཇིག་
རྟེན་དུ་སྐྱེས་པའི་ལུས་བླངས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བག་ཆགས་འཇོག་པར་གསུངས་ལ། དེ་བཞིན་དུ། ལུས་སྨྱུང་བར་གནས་པས་ལུས་ཀྱི་སྒྲིབ་པ་འདག ངག་སྨྲ་བ་བཅད་པས་ངག་གི་སྒྲིབ་པ་འདག གཟུངས་ཡིད་ཀྱིས་བཟླས་པས་ཡིད་ཀྱི་སྒྲིབ་པ་འདག་གོ །འདིའི་བསྒོམ་བཟླས་ཚུལ་བཞིན་དུ་བྱས་ཏེ། ཉིན་རེ་བཞིན་གཟུངས་བརྒྱ་རྩ་བརྒྱད་མ་ཆག་པར་བཟླས་ན། ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། རྒྱུད་དེ་ཉིད་ལས། ནངས་པར་ལངས་ནས་གཟུངས་འདི་བརྒྱ་རྩ་བརྒྱད་བཏོན་ན། ཚེ་འདི་ཉིད་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེན་འདི་ལྟ་སྟེ། རྟག་པར་ལུས་ལ་བྲོ་ནད་མ་མཆིས་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འགྱུར་བ་དང༌། དེས་སྒྲིམ་མི་འཚལ་བར་ནོར་དང་འབྲུ་དང་དབྱིག་རྣམས་རྙེད་པར་འགྱུར་བ་དང༌། དགྲ་ཐམས་ཅད་ཁུགས་ཤིང་ཐུལ་བར་འགྱུར་བ་དང༌། རྒྱལ་པོའི་ཚོགས་རྣམས་གསོང་པོར་སྨྲ་བར་སེམས་པར་འགྱུར་བ་དང༌། ལུས་ལ་དུག་གིས་མི་ཚུགས་པར་འགྱུར་བ་དང༌། དབྱིག་དུག་གིས་མི་ཚུགས་པར་འགྱུར་བ་དང༌། རིམས་གྱིས་མི་ཚུགས་པར་འགྱུར་བ་དང༌། མཚོན་ཆས་མི་ཚུགས་པར་འགྱུར་བ་དང༌། ཆབ་ཀྱིས་འགུམས་པའི་དུས་བགྱིད་པར་མི་འགྱུར་བ་དང༌། ཞུགས་ཀྱིས་འགུམས་པའི་དུས་བགྱིད་པར་མི་འགྱུར་བ་དང༌། དུས་མ་ལགས་པར་འགུམས་པས་གུམས་པའི་དུས་བགྱིད་པར་མི་འགྱུར་བ་ལགས་སོ། །གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་ཡང་འགུམས་པའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང༌། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང༌། ཡ་ང་བ་མ་སྤངས་པར་འགུམས་པའི་དུས་བགྱིད་པར་མི་འགྱུར་བ་དང༌། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་
དུ་སྐྱེ་བར་འགྱུར་བ་ལགས་སོ་ཞེས་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་སོ། །གཞན་ཡང་སྨྱུང་བར་གནས་པ་བྱེད་པའི་སྦྱིན་བདག་གམ་སྨྱུང་གནས་ཀྱི་གཡོག་བྱས་པས་ཀྱང༌། བསོད་ནམས་ཤིན་ཏུ་ཆེ་བ་ཐོབ་སྟེ། སྨྱུང་གནས་བྱས་པའི་ནངས་པར་སྔ་དྲོ་དེ་དག་ལ་བཤོས་དྲངས་ན། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་དྲངས་པ་དང་བསོད་ནམས་མཉམ་པ་དང༌། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པ་དང་བསོད་ནམས་མཉམ་པས། སྦྱིན་པའི་བདག་པོ་དེ་ཡང་ངན་སོང་དུ་མི་སྐྱེ་ཞིང༌། བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་བ་དང༌། སྐྱེ་བ་ཐམས་ཅད་དུ་མི་ཟད་པའི་གཏེར་དང་འཕྲད་ཅིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བར་གསུངས་ལ། སྔོན་དུས་མ་ཇོ་ཆོས་སྐྱིད་ཅེས་བྱ་བས་སྨྱུང་གནས་པ་ལ་གདན་ནོན་མང་དུ་བྱས་པས། མོ་ཤི་བའི་དུས་སུ་རུས་པ་དུར་ཁྲོད་དུ་བསྐྱལ་བ་བྱ་རོག་གིས་རུས་པའི་དུམ་བུ་ཁྱེར་བ་རིང་བསྲེལ་དུ་སོང་བའི་ལོ་རྒྱུས་ལ་སོགས་པ་ཕན་ཡོན་བཤད་ཀྱིས་མི་ལྡང་བ་རྣམས་ལ་བསམས་ནས་སྨྱུང་བར་གནས་པའི་ལམ་ཉམས་སུ་ལེན་པ་ལ་ཤིན་ཏུ་བརྩོན་པར་བྱའོ། །དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་མི་ཟབ་པ་འགའ་ཡང་མེད་ཅིང༌། གསང་སྔགས་བླ་མེད་ཀྱི་ལམ་ནི་ཆེས་ཆེར་ཟབ་མོད་ཀྱི། གང་ཟག་མཆོག་སེམས་ཅན་གྱི་དོན་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་ཆེས་རིངས་པའི་གང་ཟག་རྣམས་ཀྱི་ཉེ་ལམ་དུ་རྣལ་འབྱོར་བླ་མེད་ཀྱི་ལམ་སྟོན་པ་ཡིན་ལ། དེ་ལས་གཞན་པའི་བླ་མེད་ཀྱི་སྤྱོད་པ་སྤྱད་མི་ནུས་པ་ལ་ནི་ཉེས་པར་འགྱུར་བའི་སྐབས་ཀྱང་བཤད་ཀྱི། ཆོས་འདི་ནི་གང་ཟག་རབ་འབྲིང་ཐ་གསུམ་གང་གིས་ཉམས་སུ་བླངས་ཀྱང་ཕན་ཡོན་ཆེན་པོ་འབྱིན་པ་ཞིག་སྟེ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་པས། དམ་པའི་
ཆོས་འདི་ནི་མཐོང་བ་དང་ཐོས་པ་དང་རིག་པ་དང་སྒོར་ཞུགས་པ་ཐམས་ཅད་ངན་སོང་ལས་གྲོལ་བའི་རྒྱུར་བྱེད་པར་གསུངས་པས། ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འདི་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་ཐབས་ཡིན་པས། ཐམས་ཅད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་གསུངས། དེས་ན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་ཆོས་འདི་སྟོན་གང་ཐུབ་བྱ་སྟེ། དེའང་འདིའི་གྲངས་བསྙེན་དང༌། སྒྲུབ་བསྙེན་ཚད་དུ་འཁྱོལ་པའི་གང་ཟག་གིས་ཆོས་འདི་གཞན་ལ་བསྟན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། འདིའི་བསྙེན་པ་འཁྱོལ་བ་ཙམ་གྱིས་མི་དེ་ནི་རི་མཐོན་པོའི་རྩེར་ཕྱིན་ན། དེ་མཐོང་བའི་སེམས་ཅན་ཐམས་ཅད་ངན་སོང་དུ་མི་སྐྱེ། དེས་ཆུར་བརྒལ་ན། ཆུ་དེ་ལ་གནས་པའི་སེམས་ཅན་ཐམས་ཅད་དང༌། ཆུ་དེ་འཐུངས་པ་ཐམས་ཅད་ཀྱང་ངན་སོང་དུ་མི་སྐྱེ། དེའི་གྲིབ་མ་ཕོག་པ་དང༌། ལུས་ལ་རེག་པ་དང༌། མིག་གིས་མཐོང་བ་རྣམས་ཀྱང་ངན་སོང་དུ་མི་སྐྱེ་བར་གསུངས་ན། དེས་ཆོས་བསྟན་ན་ཕན་ཡོན་ཆེན་པོ་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་མདོ་ལས། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས། དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་བ་བས། སངས་རྒྱས་ཀྱི་ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་སེམས་ཅན་ལ་བསྟན་པ་བསོད་ནམས་ཆེ་བར་གསུངས་པ་སོགས་ཀྱང་དྲན་པར་བྱས་ནས། འདི་ལྟ་བུའི་ཆོས་ཟབ་མོ་གཞན་ལ་སྟོན་པའི་རྟུན་པ་ནམ་ཡང་མི་ལྷོད་པར་བགྱི་བར་ཡང་རིགས་སོ། །འདིར་སྨྲས་པ། སྡིག་ལྟུང་དྲི་མ་འཁྲུད་པས་མཐོ་རིས་ཆབ། །ལེགས་བྱས་ཕ་རོལ་རྟོགས་དཀའ་ནམ་མཁའི་མཐའ། །འཕགས་པ་དགྱེས་པའི་ཞལ་མཐོང་ཨཱ་དརྴཿ །བདེ་ཆེན་ཁང་བཟང་རྩེར་འཁྲིད་དམིགས་བུ་སྟེ། །སུ་ཞིག་སྨྱུང་བར་ཐང་འགར་གནས་བྱས་པའི། །
སྐལ་བ་ཕྲ་མིན་དེ་ཡི་གཡར་ལམ་དུ། །ཆུ་སྲིན་རྒྱལ་མཚན་གྱིས་སྤྲུལ་བསྐལ་པ་བརྒྱར། །བསགས་པའི་དཀར་མིན་ལས་ཀྱང་ཉུང་ངུར་བགྱིད། །མཁས་གཞུང་བསྡེབས་ལེགས་ཆོ་ག་གཅིག་ཉིད་ལས། །ཆེ་ཆུང་བར་མའི་བློར་འཚམས་འབྱུང་བའི་འཕྲུལ། །ཤེས་པའི་སྔོན་མེད་ཕུར་བུ་འདིར་མཆིས་ཞེས། །མཁའ་འདིས་སྣང་བའི་སྒྲོན་འདེགས་བལྟ་བ་སྙམ། །ཚུལ་ཆེན་འདི་ལ་རང་གཞན་འཇུག་འདོད་ཀྱིས། །ཀུན་ནས་བསླངས་པའི་མ་དམད་ལྷག་བསམ་དང༌། །ལྷན་ཅིག་དགེ་བ་སེམས་ཅན་ཐམས་ཅད་དང༌། །ཐུན་མོང་བྱང་ཆུབ་ཐོབ་འདུན་སྨོན་ལམ་དཀར། །ཐུབ་དབང་མཁྱེན་པའི་མེ་ལོང་ངོས་དེ་ན། །བསྟན་ལ་མཁས་པའི་བྱ་བ་བགྱིས་མཐའ་རུ། །བདེ་ལྡན་ཞིང་དུ་བགྲོད་པར་ངེས་ཤར་བ། །ཀུན་དགའ་བཟང་བསྟན་རྟག་ཏུ་རྒྱས་གྱུར་ཅིག །ཅེས་དགེ་སློང་མ་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་སྨྱུང་གནས་དང་བཅས་པའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ཞེས་བྱ་བ་འདི་ནི། སྔར་རྒྱལ་སྲས་ཐོགས་མེད་པས་མཛད་པའི་ཆོ་ག་ལ་ལྷན་ཐབས་དགོས་ཚུལ་བླ་མ་རྡོ་རྗེ་འཛིན་པ་བཟང་པོ་བཀྲ་ཤིས་པའི་བཀའ་སྩལ་ལྟར་ཐོ་ཟུར་ཞིག་བགྱིས་པ་ལ། སླར་ཡང་ཟངས་ཇིའི་ཆོས་རྗེ་མཁྱེན་རབ་མཆོག་ལེགས་པའི་གསུང་མཆིད་དུ་དོན་གཉེར་འགའ་ཞིག་གིས་དཔེ་ཚོགས་མི་འཛོམས་པ་དང༌། གུང་བསྒྲིགས་ཀྱི་ངལ་བ་སྤང་ཕྱིར་བཀླག་ཆོག་ཏུ་བསྟར་དགོས་ཚུལ་བཀའ་ནན་ཕེབས་པ་ལྟར། དགེ་སློང་མ་དཔལ་མོའི་གཞུང་དང་གོང་དུ་སྨོས་པའི་ཆོ་ག་ཉིད་གཙོ་བོར་བཟུང༌། ཨེ་ཝྃ་པ་རྗེ་དཀོན་ཅོག་དཔལ་ལྡན་དང༌། བྱ་བཏང་ཀུན་དགའ་མཆོག་ལྡན་དང༌། ཀུན་དགའ་ལུང་རིག་པ་ལ་སོགས་པ་ཚུལ་འདི་ལ་ཚད་མར་གྱུར་པ་རྣམས་ཀྱིས་མཛད་པའི་ལེགས་བཤད་རྣམས་ལས་དགོས་པར་ངེས་པའི་ཁ་འགེངས་བསབས་པ་དང་བཅས་ཏེ། རྒྱལ་བ་གཉིས་པ་རྗེ་བཙུན་ཨེ་ཝྃ་པའི་རིང་ལུགས་ཚད་མར་གྱུར་པའི་རྗེས་སུ་སློབ་འདུན་མ་བསྐྱུད་ཙམ་གྱི་བནྡེ་ཚུལ་རིན་དུ་བོད་པས་རབ་བྱུང་འདོད་པའི་གནམ་ལོའི་སྒྲོལ་བྱེད་ལྷ་མོ་
ཁྲུམས་ཀྱིས་ཉ་ཡོངས་སུ་གང་བའི་དཀར་པོ་ནམ་གྲུའི་འགྲུབ་སྦྱོར་གྱི་ཉིན་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཀྱི་དབང་པོའི་ཕྱོགས་སུ་བྲིས་པ་འགྲོ་བ་ཐམས་ཅད་ལ་དགེ་བར་གྱུར་ཅིག།«་་་་་དེ་ལྟར་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་རྣམ་པར་འཕྲུལ་པ་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྨྱུང་གནས་ཀྱི་ཆོ་ག་འདི་ཉིད་ལ་སོགས་ཁོངས་ཀྱིས་མཚོན་པའི་ཉེར་མཁོའི་རིགས་རྣམས་དཀྱུས་སུ་བཅུག་སྟེ་བཀླག་པས་གྲུབ་པར། རྣམ་འདྲེན་བླ་མ་དམ་པ་ཀུན་དགའ་ཆོས་ཀྱི་དབང་པོའི་ཐུགས་བཞེད་བཞིན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཁའ་ཁྱབ་ཡིད་ཅན་རྒྱ་མཚོའི་ཚོགས་ཀུན་དག་པའི་ཞིང་ཁམས་བདེ་བ་ཅན་དུ་པདྨའི་སྙིང་པོར་རྫུས་ཏེ་སྐྱེས་ནས། མྱུར་དུ་འཕགས་མཆོག་ཕྱག་པདྨོའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག། »༈ །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་རྗེས་གནང་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བརྒྱུད་པའི་བྱིན་རླབས་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་མཧཱ་ཀཱ་རུ་ཎི་ཀཱ་ཡ། འཕགས་པ་སྤྱན་རས་གཟིགས་དང་དཔལ་མོའི་ཞབས། །པཎ་ཆེན་ཟླ་བ་གཞོན་ནུ་ཡེ་ཤེས་བཟང༌། །བལ་པོ་པེ་ཉ་ཟླ་བ་རྒྱལ་མཚན་དང༌། །གྲུབ་ཐོབ་ཉིན་ཕུག་པ་ལ་གསོལ་བ་འདེབས། །སྤྲུ་བ་རྡོར་རྒྱལ་ཞང་སྟོན་དགྲ་འཇིགས་དང༌། །མཁན་ཆེན་རྩི་འདུལ་བདེ་བ་ཅན་པ་དང༌། །བྱང་སེམས་ཆུ་བཟང་ཤེས་རབ་འབུམ་པ་དང༌། །རྒྱལ་སྲས་ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །བུདྡྷ་ཤྲཱི་དང་རྗེ་བཙུན་ཀུན་དགའ་བཟང༌། །མུས་ཆེན་རྒྱལ་ཚབ་ཡོངས་འཛིན་དཀོན་མཆོག་འཕེལ། །དཀོན་མཆོག་ལྷུན་གྲུབ་པཎ་ཆེན་བྲང་ཏི་པ། །དཔལ་ལྡན་དོན་གྲུབ་རྣམས་ལ་གསོལ་བ་འདེབས། །ཤེས་རབ་འབྱུང་གནས་མཁས་བཙུན་ཀུན་དགའ་ལེགས། །སངས་རྒྱས་ཕུན་ཚོགས་བསོད་ནམས་བཟང་པོ་དང༌། །ནམ་མཁའ་བསམ་འགྲུབ་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་རྣམས་ལ་གསོལ་པ་འདེབས། །ཀུན་དགའ་བསྟན་འཛིན་འཇམ་དཔལ་བཟང་པོ་དང༌། །འཕགས་མཆོག་ཕྱག་ན་པདྨོའི་ཕྲིན་ལས་ཅན། །ཚུལ་འདིར་བཀའ་དྲིན་རྨད་བྱུང་བླ་མ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་
གསོལ་བ་འདེབས། ༈ །བླ་མ་རྣམས་དང་ལྷག་པའི་ལྷ་མཆོག་གི །མཁྱེན་བརྩེ་ནུས་པ་ཆེན་པོས་ལེགས་གཟིགས་ནས། །ནམ་འཆི་ངེས་མེད་རྟོགས་པའི་བརྩོན་འགྲུས་ཀྱིས། །དཀའ་སྤྱད་ཆོས་ལ་ནུས་པར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་ཞིང༌། །འགྲོ་བ་སྲིད་ལས་གདོན་པའི་བློ་གྲོས་ཀྱིས། །བྱང་ཆུབ་འགྲུབ་པའི་རྒྱུ་ཚོགས་ཟབ་རྒྱ་ཆེ། །བདག་གི་རྒྱུད་ལ་མྱུར་དུ་རྫོགས་བགྱིད་ཤོག །བཅུ་གཅིག་ཞལ་མངའ་སྟོང་གི་སྤྱན་རས་ཀྱི། །གཟིགས་པ་རབ་གསལ་ཕྱག་སྟོང་ལྡན་པའི་སྐུ། །སྣང་སྟོང་ཆུ་ཟླ་ལྟ་བུར་ལེགས་བསྒོམས་པས། །འབྲས་བུ་མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག །བཀླག་པ་ཙམ་ནས་བསོད་ནམས་དཔག་ཡས་རྒྱུན། །འཇོ་བའི་གསང་སྔགས་ཟབ་མོ་འཕགས་པའི་གསུང༌། །གྲག་སྟོང་བྲག་ཅའི་དབྱངས་འདྲར་རབ་བཟླས་པས། །ཡན་ལག་དྲུག་ཅུའི་གསུང་མཆོག་ཐོབ་པར་ཤོག །སྤྲོས་རྟོག་མཚན་མ་ཀུན་གྱིས་རབ་དབེན་ཡང༌། །ཆོས་ཀུན་གཟིགས་པ་ལྷུན་གྲུབ་འཕགས་པའི་ཐུགས། །རིག་སྟོང་དབྱེར་མེད་མཁའ་འདྲར་མཉམ་བཞག་པས། །ཐམས་ཅད་གཟིགས་པའི་ཡེ་ཤེས་ཐོབ་པར་ཤོག །བསྙེན་སོགས་རྣམ་པར་དག་བྱས་ལས་ཀྱི་ཚོགས། །རབ་འབྱམས་འགྲོ་བའི་དོན་དུ་ལེགས་བསྒྲུབས་པས། །མཐར་ཐུག་གང་ལ་གང་འདུལ་ཕྲིན་ལས་ཀྱིས། །སེམས་ཅན་ཀུན་གྱི་བསམ་པ་རྫོགས་བྱེད་ཤོག །དེ་མ་ཐོབ་ཀྱི་སྐྱེ་ནས་སྐྱེ་བའི་ཕྲེང༌། །དལ་འབྱོར་རྟེན་ལྡན་དམ་པས་རྗེས་བཟུང་ནས། །ཟབ་དང་རྒྱ་ཆེའི་ཆོས་ལ་ལོངས་སྤྱོད་ཅིང༌། །རྒྱལ་བ་དགྱེས་པའི་ཕྲིན་ལས་སྒྲུབ་པར་ཤོག །དངོས་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་དང༌། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ནུས་མཐུ་ཡིས། །ཅི་གསོལ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བརྒྱུད་པའི་བྱིན་རླབས་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། ལམ་འདི་ལ་མོས་པའི་རྣལ་འབྱོར་པ་བླ་མཁྱེན་བསོད་ནམས་རྒྱལ་གྱི་གསུང་གིས་
བསྐུལ་བའི་ངོར། བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག། ༈ །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ནི་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །གང་དང་གང་དུ་སྐྱེས་པ་དེ་དང་དེར། །རྟག་ཏུ་ཐུགས་རྗེ་ཆེན་པོས་རྗེས་འཛིན་ཅིང༌། །སྒོ་གསུམ་དགེ་བའི་ཆོས་ལ་སྤྱོད་པར་ཤོག །བྱམས་དང་སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །ཐུགས་རྗེ་ཆེན་པོའི་གདུལ་བྱར་གྱུར་པ་རྣམས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པའི་ཕྱིར། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་བྱེད་པར་ཤོག །ཅེས་པ་ཁམས་པ་མ་ཎི་བས་བསྐུལ་བའི་དོན་དུ་ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་གིས་བྱང་ཆུབ་ཐུགས་བསྐྱེད་ནས། །བརྩོན་པའི་དབང་གིས་ཚོགས་གཉིས་ལེགས་བསྒྲུབས་ནས། །སྨོན་ལམ་དབང་གིས་གདུལ་བྱའི་དཔལ་གྱུར་པའི། །བདེ་བར་གཤེགས་པ་རྣམས་ཀྱི་བཀྲ་ཤིས་ཤོག །གློ་བུར་དྲི་མས་དག་པ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་མུན་པ་སེལ་བ་འཕགས་པའི་ལམ། །ཆོས་ཉིད་རྟོགས་པའི་རྒྱུ་མཐུན་གསུང་རབ་མཆོག །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །ཤེས་རབ་ཆེན་པོས་བདག་མེད་དོན་རྟོགས་ནས། །ཐུགས་རྗེ་ཆེན་པོས་འགྲོ་ཀུན་བདག་ཏུ་མཛད། །གཞན་དོན་དཀའ་སྤྱད་ཁུར་གྱིས་མི་སྐྱོ་བའི། །རྒྱལ་སྲས་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་དང་མི་འཇིགས་ཟང་ཟིང་དངོས་པོ་རྣམས། །ལན་དང་རྣམ་སྨིན་རེ་བ་མེད་པའི་བློས། །གཞན་གྱི་དོན་དུ་རྟག་ཏུ་གཏོང་བྱེད་པའི། །སྦྱིན་པ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །གཞན་གནོད་གཞི་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང༌། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་
ཤོག །ཚུལ་ཁྲིམས་དགེ་བའི་བཤེས་ལས་ཐོབ་པ་ལྟར། །བཟོད་པ་གནོད་པ་བྱེད་ལས་ཐོབ་ཤེས་ནས། །གནོད་པ་བྱེད་ལ་ལན་དུ་ཕན་འདོགས་པའི། །བཟོད་པ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་རབ་བསྐུལ་ནས། །སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་ནི། །སྒོ་གསུམ་གཞན་དོན་འབའ་ཞིག་སྒྲུབ་བྱེད་པའི། །བརྩོན་འགྲུས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཆོས་ཉིད་སྨྲ་བསམ་བརྗོད་དུ་མེད་པ་ལ། །སེམས་ཉིད་བྱིང་རྒོད་མེད་པར་རབ་གནས་ཤིང༌། །སྲིད་དང་ཞི་བའི་བདེ་ལ་མ་ཆགས་པའི། །བསམ་གཏན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཆོས་ཀུན་རང་བཞིན་མེད་པར་ཤེས་པའི་བློས། །ཚད་མེད་སྙིང་རྗེ་ཆེ་དང་འབྲེལ་བའི་མཐུས། །འཁོར་དང་མྱ་ངན་འདས་ལ་མི་གནས་པའི། །ཤེས་རབ་ཐབས་དང་ལྡན་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྡིག་པ་ཞི་བྱེད་ཅེས་བྱ་བ་འདི་དཔོན་རིན་གྱིས་ཡུམ་བར་མ་རིན་པོ་ཆེ་གསེར་ལས་བཞེངས་པའི་རབ་ཏུ་གནས་པའི་དོན་དུ། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དབེན་གནས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།། །།
མཎྜལ་བསྡུས་པ་ཚོམ་བུ་བདུན་པ།
མཎྜལ་བསྡུས་པ་ཚོམ་བུ་བདུན་པ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་པའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དབུལ་ལོ། །གྲངས་གསོག་ལྟ་བུའི་སྐབས། དེ་ཉིད་ཤིན་ཏུ་བསྡུས་པ་ཚིགས་བཅད་དུ་བསྡེབས་པ་ནི། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་དབུལ། གང་ལྟར་ཡང་མཐར་མཎྜལ་གྱི་སྔགས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ཀྱང་བརྗོད་དོ། །
སྒྲུབ་པའི་མཎྜལ་རྡུལ་ཚོན་གྱིས་བྲི་བ་ཕྱག་ལེན་དུ་མཛད་པས་དེ་ལྟར་ལག་ལེན་དུ་ཐེབས་པ་ཤིན་ཏུ་གལ་ཆེ། ཅིས་ཀྱང་རི་ཁྲོད་ལྟ་བུར་རྡུལ་ཚོན་མ་འཛོམ་ན་མེ་ཏོག་གི་ཚོམ་བུ་དགོད་ནའང་རུང་བས། དེ་ལྟར་ན་རྗེས་ཆོག་གི་སྐབས་རྡུལ་ཚོན་གྱི་དཀྱིལ་འཁོར་ཞེས་པའི་མལ་དུ། ཚོམ་བུའི་དཀྱིལ་འཁོར་ཞེས་བསྒྱུར་བ་མ་གཏོགས་འདྲ། ཡང་འགའ་ཞིག་གིས་རས་བྲིས་དགྲམ་པར་མཛད་པས་དེ་ལྟར་ན་རྣམ་པ་ཀུན་ཏུ་བརྟན་བཞུགས་བྱ་བར་སྐབས་སུ་བབ་པས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། ༈ །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་རས་བྲིས་ཀྱི་དཀྱིལ་འཁོར་འདི་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་དང་མེ་ཏོག་འཐོར་ཞིང་བཞུགས་སུ་གསོལ་ལོ།། །།
ཐེག་པ་ཆེན་པོའི་གསོ་སྦྱོང་རང་གིས་ལེན་པའི་ཆོ་ག
ཐེག་པ་ཆེན་པོའི་གསོ་སྦྱོང་རང་གིས་ལེན་པའི་ཆོ་ག་བཞུགས་སོ།། ཨོཾ་སྭ་སྟི་སིདྡྷཾ། བྱ་བའི་རྒྱུད་སོགས་རྒྱུད་སྡེ་འོག་མའི་ཆོ་ག་ཕལ་ཆེར་གྱི་སྐབས་གསོ་སྦྱོང་རང་གིས་ལེན་པར་གསུངས་པའི་ཚུལ་ནི་འདི་ཡིན་ཏེ། སྒྲུབ་པ་པོ་རྣམས་སྔ་བར་ལངས་ལ་སྒྲུབ་ཁང་གི་ཕྱི་རོལ་དུ་ཡན་ལག་ལྔ་ཁྲུས་ལེགས་པར་བྱ། ནང་དུ་འོངས་ནས་རྟེན་ལ་ཁ་ཕྱོགས་པར་ལངས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་པར་བསམ། དངོས་སུ་ཕྱག་བྱ་ཞིང༌། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ལྡན། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་མཛད་པ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་
འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྔོན་གྱི་སྨོན་ལམ་བྱང་ཆུབ་རྗེས་སྤྱད་པས། །མཚན་ཙམ་ཐོས་པས་སྒྲིབ་པ་ཀུན་སེལ་བ། །ཕྲིན་ལས་མངའ་བ་ཀུན་མཁྱེན་འཇིག་རྟེན་མགོན། །སངས་རྒྱས་སུམ་ཅུ་ལྔ་ལ་ཕྱག་འཚལ་ལོ། །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་
སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་པ། །མགོན་པོ་མཆོག་གྱུར་ཁྱེད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བའི་གཉེན་གཅིག་མ་ལུས་རྐང་གཉིས་གཙོ། །དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །གསེར་གྱི་མདོག་ཅན་ལྷ་ཡི་ལྷར་གྱུར་པ། །དམ་ཚིག་གསུམ་བཀོད་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང༌། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆག་པ་དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་
དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་མཁའ་ལྟར་ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །དབྱངས་ཀྱི་མཚན་ཙམ་ཀུན་མཁྱེན་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་རྒྱལ་པོ་དབྱུག་སྔོན་ཅན། །སྟོབས་པོ་ཆེ་དང་ལྷ་ཡི་བུ་གཉིས་ཏེ། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་མགྲིན་དཔལ། །རལ་གཅིག་མ་དང་ལྷ་མོ་ཁྲོ་གཉེར་ཅན། །འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་
གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྤེལ་དང་སྲུང་མཛད་པའི། །དགྲ་བཅོམ་གནས་བརྟན་བཅུ་དྲུག་ལ་ཕྱག་འཚལ། །ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་འབྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་པའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །
རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པས་ཕྱག་བྱ། དེ་ནས་རང་གནས་སུ་འཁོད་དེ་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ་ཞིང༌། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དང་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་བརྗོད། རོལ་མོ་བཞག་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་
བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པས་ཡན་ལག་བདུན་པ་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་དོན་ཡིད་ལ་དྲན་བཞིན་པས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང༌། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷག་
པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གསུམ་གྱིས་སྡོམ་པ་བླངས་ལ། དེའི་བསླབ་བྱ་འདི་རྣམས་ལ་བསླབ་སྙམ་པས། དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་ལྟར་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་འདོན་པར་ཤོག །ཅེས་ལན་གསུམ་བརྗོད། །དེ་ནས་ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདི་ལན་ཉེར་གཅིག་བཟླས་པས་ཚུལ་ཁྲིམས་སྔར་ཉམས་པ་རྣམས་སོས་ཤིང༌། ཕྱིན་ཆད་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ཚུལ་ཁྲིམས་ཀྱི་ཕུང་པོ་འཕེལ་ཞིང་ཡོངས་སུ་རྫོགས་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །དེ་བཞིན་དུ་དོན་ཡོད་ཞགས་པའི་སྙིང་པོའང་བཟླ་བར་གསུངས་པས། ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཱ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བཟླའོ། །དེ་ནས་མཐར་སྨོན་ལམ་གདབ་པ་ནི། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་
ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང༌། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བར། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་བྱའོ། །ཞེས་པའང་ཕྱག་རབས་སོགས་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་ག་བདུད་རྩིའི་ཆུ་རྒྱུན་གྱི་དབུ་ནས་འབྱུང་བ་བཞིན་བཀླག་པས་གྲུབ་པར་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག། །།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་སྐོར་རྗེས་གནང་དང་བཅས་པ།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་སྐོར་རྗེས་གནང་དང་བཅས་པ་བཞུགས་སོ།།
ན་མོ་བུདྡྷཱ་ཡ། དེ་ཉིད་དོན་སྟོན་བླ་མ་དང༌། །སྤྱན་རས་གཟིགས་མགོན་ལ་བཏུད་དེ། །དོན་ཡོད་རྒྱལ་པོའི་རྟོག་པ་ཡི། །ཆོ་ག་འགྲོ་ལ་བརྩེ་བས་བྲི། །འཕགས་པ་དོན་ཡོད་ཞགས་པའི་མདོའི་རྟོག་པ་བསྡུས་པ་རྩ་བའི་རྒྱུད་འདིའི་ལག་ཏུ་བླང་བའི་ཐབས་ལ་གཉིས། ཉམས་སུ་ལེན་པའི་གང་ཟག་དང༌། དེས་ཉམས་སུ་བླང་བའི་ཐབས་སོ། །དང་པོ་ནི། གདུལ་དཀའ་བ་ལ་སོགས་པའི་གང་ཟག་གང་ཡང་རུང་བ་རྗེས་སུ་འཛིན་པ་ཡིན་མོད་ཀྱི། འོན་ཀྱང་བླ་མ་ལས་མཉན་པ་དང༌། རྗེས་སུ་བཟླས་པ་དང༌། བྱིན་གྱིས་བརླབ་པ་དང༌། དམ་བཅའ་བའི་ལུང་བཞི་ཐོབ་པ། ཟས་ངན་པ་བདུན་ནམ། བུ་རམ་མ་གནང་ན་བརྒྱད་སྤང་བའོ། །དེ་ལ་ལུང་བླང་བ་ནི་བཞི་སྟེ། ཐོས་པ་དང༌། རྗེས་སུ་བཟླས་པ་དང༌། དམ་བཅའ་བ་དང༌། བྱིན་གྱིས་བརླབ་པའི་ལུང་ངོ༌། །དང་པོ་ནི་བླ་མ་ལས་མཉན་པ་ཉིད་དོ། །གཉིས་པ་ནི། ཡར་ངོའི་ཚེས་བརྒྱད་ཀྱི་ནངས་པར་སྔ་བར་ལངས་ལ། སློབ་དཔོན་དང་སློབ་མ་ཁྲུས་བྱ་བ་དང༌། རྟེན་དགྲམ་པ་དང༌། མཆོད་པ་དང་གཏོར་མ་བཤམ་པ་དང༌། སློབ་དཔོན་རང་ཉིད་སྡོམ་པ་དང་ལྡན་པར་བྱ་བའི་ཕྱིར། འདི་ཉིད་ཀྱི་སངས་རྒྱས་རྗེས་དྲན་གྱིས་མཆོད་ཅིང་སྡོམ་པ་གཟུང་བའི་བར་དང༌།
སློབ་མ་ལའང་འདི་ཉིད་ཀྱི་སངས་རྒྱས་རྗེས་སུ་དྲན་པ་བསླབས་པས་སློབ་དཔོན་གྱི་སྡོམ་པ་གཟུང་བའི་བར་རྣམས་འོག་ནས་འབྱུང་བའི་གསོ་སྦྱོང་བཞིན་བྱའོ། །གཟུངས་ཀློག་པའི་ཚེ། འཕགས་པའི་རྗེས་སུ་བཟློས་པ་བྱེད་པར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱི་རྗེས་སུ་བཟླས་པ་བྱེད་པས། གོང་འོག་གཉིས་ལན་རེ་གཟུངས་དངོས་ལན་གསུམ་རྗེས་སུ་བཟླས་པ་བྱ་སྟེ། རྗེས་སུ་བཟླས་པའི་ལུང་ངོ༌། །གསུམ་པ་ནི། དེ་ནས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕགས་པ་དོན་ཡོད་ཞགས་པའི་གཟུངས་ཅི་རིགས་པ་འདོན་པར་ཡི་དམ་འཆའ་ལགས་སོ། །ཞེས་ལན་གསུམ་བཟླས་ཏེ། དམ་བཅའ་བའི་ལུང་ངོ༌། །བཞི་པ་ནི། མགོན་པོ་ཞེས་བྱ་བ་ནས་དགོངས་སུ་གསོལ་ཡན་ཆད་སྔར་དང་འདྲ་བ་ལས། དེའི་རྗེས་ལ་བདག་མིང་འདི་ཞེས་བྱ་བ། དོན་ཡོད་ཞགས་པའི་སྙིང་པོའི་བྱིན་རླབས་དང་ལྡན་པར་མཛད་དུ་
གསོལ། ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་བླ་མས། སློབ་མའི་མགོ་ལ་མེ་ཏོག་དང་བཅས་པའི་ཕྱག་བཞག་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག ཅེས་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་བྲིས་སྐུ་ལ་མཆོད་བསྟོད་དང༌། ཐུན་མོང་དུ་གཏོར་མ་སྦྱིན་པར་བྱའོ། །དུས་ནི་ཟས་མ་ཟོས་པའི་སྔོན་དུ་བྱ་ཞིང༌། དེའི་ཉིན་པར་སློབ་དཔོན་དང་སློབ་མ་གསོ་སྦྱོང་ལ་གནས་པར་བྱའོ། །ལུང་བླང་བའི་ཆོ་གའོ། །གཉིས་པ་སྤང་བྱའི་ཟས་ནི། མདོ་ཉིད་ལས་འབྱུང་བ་ལྔ་དང༌། བྱ་བའི་རྒྱུད་སྤྱི་ནས་བཀག་པ་གསུམ་མོ། །དང་པོ་མདོ་ནས་འབྱུང་བ་ཆང་དང་ཤ་དང་བཙོང་དང་སྒོག་སྐྱ་དང་བདེ་བྱེད་ལ་བྱིན་པའི་ལྷག་མ་ཁྱད་པར་དུ་བསྲུང་བར་འདོད་པས་ཞེས་སོ། །གཉེན་པ་ནི། བུ་རམ་དང༌། ཏིལ་དང༌། ལ་ཕུག་གོ །གསུམ་པ་དེས་ཉམས་སུ་བླང་བའི་ཐབས་ལ་གསུམ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ཀྱི་སྦྱོར་བ་རྒྱས་པར་བྱ་བའོ། །དང་པོ་ལ་གཉིས། དུས་རྒྱུན་དུ་ཉམས་སུ་བླང་བ་དང༌། དུས་ཁྱད་པར་ཅན་ལ་ཉམས་སུ་བླང་བའོ། །དང་པོ་ནི། མདོ་ཉིད་ལས་ཉིན་རེ་དུས་གསུམ་དུ་བཀླག་པར་བྱའོ། །ཞེས་བྱ་བས་བསྟན་པས་དེ་ཐོག་མར་བརྗོད་པར་བྱའོ། །དེའང་བཟླས་པའི་ཐབས་ནི། དུས་རྒྱུན་དང་ཁྱད་པར་གཉིས་ཀ་ལ་ཐུན་མོང་དུ་གྱུར་པ་མདོ་བཀླག་པའི་ཐབས་ནི་སངས་རྒྱས་རྗེས་སུ་དྲན་པས་འདོན་པ་སྟེ། དེའང་གཞུང་ལས་སྔགས་ཀྱི་ཚིག་སེམས་པར་བྱེད་པ། དོར་བ་མེད་པ། གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པ་འདི་ནི། སངས་རྒྱས་རྗེས་སུ་དྲན་པའོ། །དེས་འདོན་པར་བསྟན་ཏེ། བཟླས་པའི་ཐབས་ནི། འདིར་ཕྱོགས་གཅིག་ཏུ་བརྗོད་ན། དོན་ཡོད་ཞགས་པ་འདོན་པའི་གང་ཟག་དེས་རྟག་ཏུ་ནངས་པར་བཞིན་གསོ་སྦྱོང་བླང་བའམ། ཡང་ན་མ་བླངས་ཀྱང་རུང་སྟེ། ཟས་སྤང་བར་བྱ་བ་རྣམས་ཅི་འགྲུབ་ཏུ་སྤངས་ལ། ཇི་ལྟར་གྲུབ་པའི་ཁྲུས་དང་གཙང་སྦྲ་ལ་བརྟེན་ཏེ། སྔ་དྲོ་ལ་སོགས་པ་གང་ཡང་རུང་བ་ལ། དེ་བཞིན་
གཤེགས་པའི་རྟེན་གྱི་དྲུང་ངམ། རྟེན་མེད་ཀྱང་རུང་སྟེ། དངོས་སུ་འབྱོར་པའི་མཆོད་པ་བཤམ་པའམ། མ་འབྱོར་ཀྱང་བར་ཆད་དུ་འགྱུར་བ་མེད་དེ། ལུས་བདེ་བར་གནས་པས། བླ་མ་དང་དཀོན་མཆོག་ལ་དངོས་སམ། ཡིད་ཀྱིས་ཕྱག་བྱས་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་དགོད་པར་བྱ། དེའི་དོན་དུ་བདག་གིས་གཟུངས་གདོན་པ་ལ་སོགས་པ་བྱའོ་ཞེས་པ་བྱང་ཆུབ་ཀྱི་སེམས་ལན་འགའ་ཡིད་ལ་བྱའོ། །དེ་ནས་སངས་རྒྱས་རྗེས་སུ་དྲན་པས་ཀློག་སྟེ། དེ་ལ་གཉིས། གཟུགས་ཀྱི་སྐུའི་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་ཀྱི་སྐུའི་སངས་རྒྱས་རྗེས་སུ་དྲན་པའོ། དང་པོ་ནི། ཕུང་པོ་ལྔ་དང་བྲལ་བ་འདིས་ནི་སངས་རྒྱས་རྗེས་སུ་དྲན་པའོ་ཞེས་འབྱུང་བས་བསྟན་ཏོ། །འཕགས་པ་ནི་ཕུང་པོ་ལྔ་དང་བྲལ་བའི་ཕྱིར་རོ། །དེའང་རྟེན་གྱི་སྐུ་ཡོད་དམ་མེད་ཀྱང་རུང་སྟེ། ཡོད་ན་དེ་དང་དབྱེར་མེད་དུ་མདུན་དུ་རི་བོ་པོ་ཏ་ལའི་གསེབ་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེན་པོའི་ནང་དུ། འཁོར་བསམ་གྱིས་མི་ཁྱབ་པའི་དབུས། པདྨའི་གདན་དང་ཟླ་བའི་སྟེང་ན་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱུགས་བདག་གི་ཆ་ལུགས་ཀྱིས་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང༌། དབུའི་གཡས་ན་ཟླ་ཚེས་ཕྱེད་པས་བརྒྱན་པ། ཚངས་པ་ཆེན་པོ་བཞིན་རལ་པའི་ཐོར་ཚུགས་སྟེང་དུ་བཅིངས་པ། ལྷའི་དྲང་སྲོང་གི་ཆ་ལུགས། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་སྣམ་དཀྲིས་བྱས་པ། ཕྱག་གཡས་པ་མཆོག་སྦྱིན་ཞིང༌། གཡོན་པས་པདྨ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང༌། དར་གྱི་ཤམ་ཐབས་ཅན། འོད་ཟེར་བརྒྱ་ཕྲག་མ་ལུས་པ་འགྱེད་ཅིང༌། དབུའི་སྤྱི་གཙུག་ན། སངས་རྒྱས་འོད་དཔག་མེད་ཀྱིས་བརྒྱན་པར་བལྟས་ལ། མཆོད་པར་བྱ་སྟེ།
དེའང་དངོས་སུ་བཤམས་པ་ཡོད་ན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསངས་ལ་བསྐྱེད། བཤམས་པ་མེད་ན་བསམ་པས་བཏུབ། གང་ལྟར་ཡང་བསྐྱེད་པ་དང་དབུལ་བ་ནི། ནམ་མཁའི་ཁམས་ཐམས་ཅད་གང་ཞིང་ཐོགས་པ་མེད་པའི་མེ་ཏོག་ལ་སོགས་པས་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་བརྗོད་པས་མེ་ཏོག་དབུལ། ཨོཾ་སརྦ་ཏ་ཐ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུྃ་ཞེས་བརྗོད་པས་བདུག་སྤོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་མར་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་དྲི་མཆོག ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ན་ས་མ་ཡེ་ཧཱུྃ་ཞེས་པས་ཞལ་ཟས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་རོལ་མོ་འབུལ། ཇི་ལྟར་ཤེས་པའི་བསྟོད་པ་ཡང་བྱའོ། །གཏོར་མ་ཡོད་ནའང་འདིར་བཏང་ངོ༌། །དེ་ནས་ཆོས་ཀྱི་སྐུའི་སངས་རྒྱས་རྗེས་སུ་དྲན་པར་བྱ་སྟེ། མདོ་ལས། སྔགས་ཀྱི་ཚིག་འདི་སེམས་པར་བྱེད་པ། དོར་བ་མེད་པ། གོས་པ་མེད་པ། རྣམ་པར་མི་རྟོག་པ། ཡང་དག་པར་འབྱུང་བ་མེད་པ། ཡུན་རིང་དུ་འབྱུང་བ་མེད་པ། རྒྱུ་མེད་པ། གོས་པ་མེད་པ། མཉམ་པའི་སེམས་གཡེང་བ་མེད་པ། ཕུང་པོ་ལ་དང་བྲལ་བའི་སྦྱོར་བ་འདི་ནི་སངས་རྒྱས་རྗེས་སུ་དྲན་པར་བྱའོ། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ནི། རང་གི་སེམས་ཀྱི་རྣམ་པར་འཕྲུལ་པ་དེ་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིར་ཡང་མ་གྲུབ་པར་བསམས་ལ། གཟུགས་སྐུའི་སངས་རྒྱས་ལྷའི་སྐུ་དང༌། ཆོས་ཀྱི་སྐུའི་སངས་རྒྱས་བདག་མེད་པ་དང༌། དེ་གཉིས་ཡིད་ལ་བྱེད་པས་མདོ་གདོན་པར་བྱའོ། །དེའང་སྔ་དྲོ་གཟུངས་དངོས་ལན་གསུམ། གོང་འོག་རེ་རེ། དེ་བཞིན་དུ་ཉིན་གུང་གསུམ། ཕྱི་མ་རེད་གསུམ་མམ། དེ་ལྟར་མི་ནུས་ན་གཅིག་པར་
རམ། དུས་གཉིས་སམ་གསུམ་ལས་མང་བར་ཡང་རུང་སྟེ་གཟུངས་དངོས་དགུ་འདོན། དེ་ལྟར་མི་ནུས་ན་དུས་གསུམ་དུ་རེ་རེ་སྟེ། གཟུངས་གསུམ་མམ་དུས་གཅིག་ཅར་དུ་གསུམ་གདོན་པའང་རུང༌། ཉི་ཤུ་རྩ་གཅིག་ལ་སོགས་པ་དེ་བས་མང་ཡང་རུང་སྟེ་ཇི་ལྟར་ནུས་པས་གདོན་ནོ། །གང་ཡང་རུང་སྟེ་མདོ་བཟླས་པའི་རྗེས་ལ། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པར་བསྔོ་བར་བྱ་སྟེ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་བྱ་བས་བསྔོས་ལ། ཇི་ལྟར་བདེ་བའི་སྤྱོད་ལམ་གཞན་བྱའོ། །དུས་རྒྱུན་དུ་ཉམས་སུ་བླང་བའི་ཆོ་ག་བསྟན་ཏེ། ཐུན་མོང་དུ་གྱུར་པ་གཟུངས་བཟླས་པའི་མན་ངག་དང་བཅས་པ་བསྟན་ཟིན་ཏོ།། །།དུས་ཁྱད་པར་ཅན་ལ་ཉམས་སུ་བླང་བ་ལ། སྦྱོར་དངོས་རྗེས་གསུམ་ཚང་བ་དང༌། དངོས་གཞི་རྐྱང་པར་ཉམས་སུ་བླང་བའོ། །དང་པོ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སུ་བྱ་བའོ། །དང་པོ་ལ་ཟླ་བ་ཡར་ངོའི་ཚེས་བདུན་གྱི་ཚེ་གནས་ཁང་ཕྱག་དར་བྱ། གོས་སར་པ་གྱོན། བདག་ཉིད་ལུས་ཐམས་ཅད་དམ་ཡན་ལག་ལྔ་ཁྲུས་བྱ། བྲིས་སྐུ་དགྲམ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་རེ་རེའམ་ལྔ་ལྔ་ལ་སོགས་པ་ཅི་འབྱོར་པ་བཤམ། གཏོར་མ་ནི་ཟས་ངན་པ་བརྒྱད་དང་བྲལ་བ། ཆངས་བུ་མ་བྱས་པ་དཀར་གསུམ་དང་བཅས་པ་ཅི་འབྱོར་པ་བཤམ། དེ་ནས་འཕགས་པའི་བྲིས་སྐུ་ལ་སོགས་རྟེན་གྱི་དྲུང་དུ་ཕྱག་བྱ་བ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། གཟུགས་སྐུའི་སངས་རྒྱས་རྗེས་དྲན་བྲིས་སྐུ་དང་ཐ་དད་མེད་ཅིང་གཉིས་སུ་མེད་པར་བསྒོམ་པ་དང༌། མཆོད་པ་འབུལ་བ་དང༌། བསྟོད་པ་བྱ་བ་དང༌། ཆོས་སྐུའི་སངས་རྒྱས་རྗེས་སུ་དྲན་པ་བསམ་པ་རྣམས་ནི། སྔར་རྒྱུན་དུ་ཉམས་
སུ་བླང་བའི་སྐབས་སུ་བསྟན་པ་བཞིན་དུ་བྱའོ། །དེ་ནས་གཏོར་མ་ནི་འདིར་གཏང་བའམ། གཟུངས་ཐོན་པའི་རྗེས་ལ་གཏང་ཡང་རུང་ངོ༌། །དེའི་ཆོ་ག་ནི་སྔར་བཤམས་པ་དེ་ཆུས་སྦྱངས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསང༌། ཨོཾ་ཨཱཿཧཱུྃ་ཞེས་པ་ལན་གསུམ་ལ་སོགས་པ་བརྗོད་པས་ལྷ་དང་མི་དང་དེ་དག་ལས་ཀྱང་འདས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ཐམས་ཅད་གང་བར་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ྄་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས། འཕགས་པ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཚིམས། རིགས་དྲུག་གི་དུཿཁ་ཟད་ནས་བདེ་བ་ཁྱད་པར་ཅན་ཐོབ་པར་བསམ། སེ་གོལ་གྱི་སྒྲ་ལན་གསུམ་གཏོགས། ཆོས་ཀྱི་སྦྱིན་པ་ཅི་རིགས་པར་བྱའོ། །གཏོར་མའི་ཆོ་ག་སྟེ་སྔོན་དང་ཕྱི་མ་གང་དུའང་རུང་ངོ༌། །དེ་ལྟར་མཆོད་པའམ་གཏོར་མའི་རྗེས་ལ་འཕགས་པའི་རྗེས་སུ་བཟླས་པ་བྱེད་པར་བསམ་ཞིང༌། རང་གིས་གསོ་སྦྱོང་གི་ཚིག་ལན་གསུམ་བརྗོད་ལ། བདག་སྡོམ་པ་དང་ལྡན་པར་བྱའོ། །འདི་ནི་རབ་ཏུ་བྱུང་བའི་ཕྱོགས་ལའང་བླང་དགོས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་ལུགས་ཡིན་པའི་ཕྱིར་རོ། །དེ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ཉི་ཤུ་རྩ་གཅིག་བཟླའོ། །དེ་ནས་གཟུངས་བཟླ་སྟེ། དབུ་ནས་བཟུང་སྟེ། ཕྱི་མ་ལ་ཡང་དེའི་བར་ལན་གཅིག གཟུངས་དངོས་གསུམ་མམ་བདུན་བཟླ། དེ་མན་ཆད་ཚར་གཅིག་བཀླག དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཟུངས་བཀླག་པར་བྱའོ། །དེ་ནས་སྔར་མ་བཏང་ན་གཏོར་མ་གཏོང༌། གང་ལྟར་ཡང་དགེ་བའི་རྩ་བ་རྣམ་པ་ཐམས་ཅད་མཁྱེན་པར་བསྔོས་ལ། ཇི་ལྟར་བྱ་བའི་སྤྱོད་ལམ་བྱའོ། །ཉི་མ་ཕྱེད་ལའང་ཁྲུས་བྱ་བ་ནས་བརྩམས་ཏེ། དགེ་བ་བསྔོ་བ་ཡན་ཆད་སྔ་མ་
བཞིན་ནོ། །ཕྱི་དྲོའི་དུས་སུའང་ཁྲུས་ནས་བཟུང་ནས་དགེ་བ་བསྔོ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །འོན་ཀྱང་ཉིན་ཕྱེད་དང༌། ཕྱི་མ་རེད་གསོ་སྦྱོང་བླང་མི་དགོས་སོ། །སྦྱོར་བའི་དུས་ཀྱི་ཉིན་པར་གྱི་ཁ་ཟས་ནི་དེའི་བར་གྱི་ཁ་ཟས་ངན་པ་རྣམས་སྤངས་པའི་ཟན་དང༌། དཀར་གསུམ་ཉི་མ་ཕྱེད་ཡན་ཆད་བཟའ། ཕྱེད་མན་ཆད་ཇ་དང་ཞུན་མར་དང་ཆུ་མ་ཡིན་པ་གང་ཡང་མི་བཏུང་མི་བཟའ། ཁམས་ཤིན་ཏུ་ངན་ན། བུ་རམ་ཟ་ནའང༌། བྱ་བའི་རྒྱུད་སྤྱི་ལས་བཀག་པ་ཙམ་ལས་མེད་པས་ན་ཉེས་པ་ཆུང་ངོ༌། །དེའི་ཉིན་པར་དང་མཚན་མོ་གཉིད་མེད་པའི་བར་ཚུན་ཆད་སངས་རྒྱས་རྗེས་སུ་དྲན་པ་དང༌། གསང་སྔགས་བཟླས་པ་དང༌། གཏོར་མ་གཏང་བ་ལ་སོགས་པ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིད་ཀྱང་སངས་རྒྱས་རྗེས་སུ་དྲན་པ་དང་བསྲེས་ལ་ལོག་གོ །སྦྱོར་བའོ། །དེ་ནས་དངོས་གཞི་ནི། ཚེས་བརྒྱད་ཀྱི་ནངས་པར་སྔ་བར་ལངས་ལ། གནས་ཕྱག་དར་བྱས་ཏེ་ཁྲུས་བྱ། གོས་གསར་པ་གྱོན། སྨྲ་བཅད་བྱ། རྟེན་དགྲམ་པ་དང༌། མཆོད་པ་བཤམ་པ་ནས་བཟུང་སྟེ་དགེ་བའི་རྩ་བ་བསྔོ་བའི་བར་ཐམས་ཅད་སྔ་མ་དང་འདྲ་མོད་ཀྱི། འོན་ཀྱང་མཆོད་པ་དང་བསྟོད་པ་དང༌། གསོ་སྦྱོང་བླང་བ་དང༌། གཟུངས་བཟླ་བའི་བར་ངག་ཏུ་བརྗོད་རྒྱུ་ཐམས་ཅད་ཡིད་ཀྱིས་བཟླ་བར་བྱ། ཚིག་ཏུ་མི་བརྗོད་པ་དང༌། གཟུངས་དངོས་སུ་བདུན་ནམ་ཉི་ཤུ་རྩ་རེ་རེ་གདོན་པའོ། །དེ་བཞིན་དུ་ཉི་མ་ཕྱེད་དང་ཕྱི་མ་རེད་ཀྱི་དུས་སུའང་སྔར་ཇི་བཞིན་བྱའོ། །སྔགས་སྦྱོར་བ་ལས་ཀྱང་ཁྱད་པར་གྱི་ཆོས་ནི་གསུམ་སྟེ། གཟུངས་མང་བར་བཟླས་པ་དང༌། མི་སྨྲ་བར་ངག་གི་ལས་ཐམས་ཅད་ཡིད་ཀྱིས་བྱ་བ་འདི་བྱ་བའི་རྒྱུད་ཀྱི་བསམ་གཏན་གྱི་ཡན་ལག་ཡིན་པས་སྨྲ་བ་བཅད་པ་དང༌། རགས་པའི་ཟས་སྤང་བའོ། །འདི་ལ་གཉིས། སྨྱུང་གནས་ཀྱིས་གནས་པ་དང༌། དཀར་གསུམ་བཟའ་བས་བྱ་བའོ། །དང་པོ་ལའང་རབ་འབྲིང་ཐ་གསུམ་སྟེ། རབ་མཆིལ་མའང་མི་
མིད་ན་གཞན་ལྟ་སྨོས་ཅི་དགོས་ཏེ། ཅིའང་མི་བཟའ་མི་བཏུང་བ་སྟེ། འདི་ཁོ་ན་སྨྱུང་བའི་གཙོ་བོ་ཡིན་པས་བྱ་བ་དང༌། མཆིལ་མ་ཙམ་མིད་པ་དང༌། ཆུ་ཙམ་འཐུང་བའོ། །གཉིས་པ་དཀར་གསུམ་བཟའ་བའི་བྱ་བ་ནི། རྒས་ཤིང་ནད་པ་རླུང་ཅན་རྣམས་སྨྱུང་གནས་བྱས་ན་ཚེའི་བར་ཆད་དུ་དོགས་པའི་གང་ཟག་རྣམས་ལ་ཡིན་གྱིས་གཞན་དུ་མ་ཡིན་ནོ། །དེ་ཡང་ཉིན་ཕྱེད་ཡན་ཆད་བཟའ་བ་ཡིན། ཕྱི་དྲོ་བཟའ་བ་མ་ཡིན་ནོ། །དཀར་གསུམ་ཞེས་བྱ་བ་འོ་མ་དང༌། ཞོ་དང༌། མར་ཏེ་དེ་གསུམ་བསྲེས་ནས་བསྐོལ་གྲང་པའོ། །དེའི་ཉིན་པར་གྱི་ཐུན་མཚམས་རྣམས་ཀྱང་མི་སྨྲ་བར་དགེ་བ་མང་པོས་དུས་འདའ་བར་བྱའོ། །གཉིད་ཀྱང་སངས་རྒྱས་རྗེས་སུ་དྲན་པ་དང་བསྲེས་ལ་གཉིད་ལོག་སྟེ། གཉིད་ཀྱི་ཚེ་མཆིལ་མ་ལྟོ་བར་སོང་བ་ལ་ནི་ཉེས་པ་མེད་དོ། །གཟུངས་ཟློས་པའི་དུས་སུ་གློའམ་སྦྲིད་པའམ། སྒྲེགས་པའམ། འོག་རླུང་བྱུང་ན། ཁྲུས་སམ་ཉེ་རེག་གམ་ཁ་བཤལ་ཏེ་འཐོར་འཐུང་བྱས་ལ། བཟླས་བརྗོད་བསྐྱར་ཏེ་བྱའོ། །ཞེས་བྱ་བའི་རྒྱུད་སྤྱི་ལས་འབྱུང་སྟེ། ཉམས་སུ་བླང་བར་བྱའོ། །བསྲུང་ལུགས་གཞན་ཡང་འབྱུང་བ་འདི་ཡིན་ཏེ། གློ་ལ་སོགས་པ་དགག་པར་བྱ་བ་དེས་ན་སྦྱོར་བའི་ཚེ་སྨྱུང་གནས་བྱས་པས། དངོས་གཞིའི་ཚེ་གློ་ལ་སོགས་པ་དེ་དག་མི་འབྱུང་བས་བཟླས་བརྗོད་བདེ་བར་འགྲུབ་ལ། དངོས་གཞིའི་ཚེ་དཀར་གསུམ་བཟའ་ཞིང་བྱ་བ་ལ། རྗེས་ཀྱི་ཚེ་གསོ་སྦྱོང་སྤྱི་དང་མཐུན་པ་ཙམ་གྱིས་ཐམས་ཅད་འགྲུབ་བོ་ཞེས་ཀྱང་བྱ་བའི་རྒྱུད་སྤྱི་ཀུན་ནས་འབྱུང་ནའང༌། གློ་ལ་སོགས་པ་བསྡམས་པ་ནི་སྔར་བཞིན་འདིར་ཡང་བྱ་ཞིང༌། སྨྱུང་གནས་ཀྱི་བྱ་བ་ནི་འདིར་སྤྱི་དང་མི་མཐུན་ཏེ། འདིར་གོང་དུ་བརྗོད་པ་བཞིན་ཉམས་སུ་བླང་བར་བྱའོ། །དངོས་གཞིའི་ཆོ་གའོ། །དེ་ནས་རྗེས་ཀྱི་བྱ་བ་ཚེས་དགུའི་ནངས་པར་ཁམས་དང་བསྟུན་ལ། ཁམས་ངན་ན་ཁྲུས་ཀྱི་རྗེས་སམ་སྔོན་ནམ་མཆོད་གཏོར་བཤམས་པའི་རྗེས་ལ་ཟས་ཀྱི་བྱ་བ་ཅུང་ཟད་བྱ། འབྲིང་ན་གཏོར་མ་ཡན་ཆད་ཚར་ནས་བྱ། ཁམས་
རབ་ཏུ་བཟང་ན་དགེ་བ་བསྔོ་བ་ཡན་ཆད་ཚར་བ་དང་ཁ་ཟས་བྱའོ། །དེའི་ཉིན་པར་གྱི་བྱ་བ་ནི། དུས་གསུམ་དུ་བྱ་བ་ལ་སོགས་པ་ཐམས་ཅད་ཚེས་བདུན་དང་འདྲའོ། །རྗེས་ཀྱི་བྱ་བའོ། །དེ་ལྟར་ལན་བདུན་བྱས་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་མཉམ་མོ། །གཞུང་ནས་ཀྱང་བཤད་པའི་ཡོན་ཏན་འབྱུང་ངོ༌། །འགའ་ཞིག་བརྒྱ་རྩ་བརྒྱད་ལ་སོགས་པ་བསྲུང་བར་འདོད་ཅིང་དེའང་མྱུར་དུ་ཚར་བར་འདོད་པས། ཚེས་བརྒྱད་དང༌། བཅུ་བཞི་དང༌། ཉི་ཤུ་གསུམ་དང༌། དགུ་ལ་དངོས་གཞི་བྱས་ལ། དེའི་གོང་འོག་ལ། སྦྱོར་བ་དང་རྗེས་བྱའོ། །ཞེས་ཀྱང་མན་ངག་བརྒྱུད་པ་ལས་ཐོས་སོ།། །།སྤྱི་དོན་གཉིས་པ་དངོས་གཞི་རྐྱང་པ་ཉམས་སུ་བླང་བ་ནི། གལ་ཏེ་གོང་དུ་བསྟན་པའི་ཁྱད་པར་གྱི་ཆོ་ག་ཐམས་ཅད་བྱེད་མི་ནུས་པས་ཚེས་བརྒྱད་ལ་སོགས་པ་དུས་ཁྱད་པར་ཅན་རྣམས་ཐམས་ཅད་དམ། གང་རུང་ལ་སྨྱུང་གནས་སམ། དཀར་གསུམ་བཟའ་བའམ། གསོ་སྦྱོང་རྐྱང་པའང་རུང་སྟེ། གང་རུང་རེ་ལ་གནས་པས་གཟུངས་བཟླས་ཞེས་གསུངས་ཏེ། འདི་ནི་མདོ་ཉིད་ནའང་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་སྨྱུང་བར་གནས་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་འབྱུང་བས་ཅི་འགྲུབ་ཀྱིས་དངོས་གཞི་རྐྱང་པར་བྱའོ། །དུས་ཁྱད་པར་དུ་ཉམས་སུ་བླང་བ་བསྟན་ཟིན་ཏོ། །དེ་བཞིན་གཤེགས་པ་རྣམས་ཉེ་བར་བསྙེན་པའི་ཆོ་ག་བསྟན་ཟིན་ཏོ། །དེ་ནི་འདིར་སྒྲུབ་པ་ཆེན་པོའི་ཆོ་ག་བརྗོད་པར་བྱ་སྟེ། འདི་ནི་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སུ་བྱ་བའོ། །དང་པོ་ནི་གཉིས། བྲིས་སྐུ་བྲི་བ་དང༌། ཡོ་བྱད་བཤམ་པའོ། །དང་པོ་ནི་ལྷ་བཟོ་མཁན་རི་མོའི་ཆ་ལ་མཁས་པ། གསོ་སྦྱོང་འཛིན་དུ་བཅུག་སྟེ། མགོ་རྩོམ་པ་ནས་བཟུང་སྟེ། ཇི་སྲིད་མ་ཚར་གྱི་བར་དུ་གསོ་སྦྱོང་ལ་གནས་པར་བྱའོ། །གལ་ཏེ་གསོ་སྦྱོང་འཛིན་མི་ནུས་ན་དེ་སྤངས་ཏེ། འཛིན་ནུས་པ་བཙལ་ལ། དེས་ཚེས་གཅིག་ནས་བཟུང་སྟེ། ཉའི་བར་གྱིས་རྫོགས་པར་འབྲིར་
གཞུག་གོ །བྲི་བའི་གཞི་ནི། རས་གཙང་མ་སྐྲ་མ་སོང་བ་ཡིན། ཚོན་མ་འབགས་པ། ལྷག་མ་མ་ཡིན་པ། སྲོག་ཆགས་དང་འབྲེལ་བའི་སྤྱིན་མ་འདྲེས་པས་བྲིའོ། །གལ་ཏེ་དེ་ལྟ་བུའི་སྤྱིན་ལས་མེད་ན་རྭ་ལ་སོགས་པ་གཙང་མར་བྱས་པའི་སྤྱིན་ལའང་བཏུབ་བམ་བསམ་མོ། །དབྱིབས་ཀྱི་ཁྱད་པར་ནི་སྔར་གཟུགས་ཀྱི་སྐུའི་སངས་རྒྱས་རྗེས་དྲན་གྱི་སྐབས་སུ་བསྟན་མོད། འོན་ཀྱང་པོ་ཏ་ལ་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་བྲག་དང༌། ཡན་ལག་བརྒྱད་ལྡན་གྱི་ཆུ་དང༌། ལྡུམ་བུ། མེ་ཏོག་སྣ་ཚོགས་དང༌། རི་དང་ཆུ་ལ་རྒྱུ་བའི་སྲོག་ཆགས་མཛེས་པ་སྣ་ཚོགས་དང༌། ལྷའི་དྲང་སྲོང་དང་རིག་འཛིན་གྲུབ་པ་དང༌། མིའམ་ཅི་གླུ་ལེན་པ་དུ་མ་དང༌། གཡས་ཕྱོགས་སུ་སྒྲུབ་པ་པོ་བདག་ཉིད་གདོང་གྱེན་དུ་ལྟ་བ་ལ་ཐལ་མོ་སྦྱར་བའམ་མཆོད་རྫས་ཐོགས་པ་བྲི་བར་བྱའོ། །ཞེས་བྱ་བ་རྒྱས་པ་ལས་འབྱུང་ངོ༌། །གྲངས་ནི་དཔའ་བོ་གཅིག་པའམ། ལྷ་ལྔའམ། ལྷ་མང་པོ་ལ་སོགས་པ་གང་མོས་པ་བྱའོ། །དེ་ལྟར་བྲིས་པ་ལ་རབ་ཏུ་གནས་པ་རྒྱས་པར་བྱའོ། །དེ་ནས་སྒྲུབ་པ་ལ་འཇུག་སྟེ། ཚེས་གཅིག་ནས་བཅོ་ལྔའི་བར་ཚུན་ཆད་དུ་རིག་པ་སྟོང་ཕྲག་བརྒྱད། མིའི་གྲངས་ཇི་ཙམ་གྱིས་ཐོན་པའི་མི་བསགས་ལ་གདོན་པར་བྱའོ། །གཉིས་པ་ཡོ་བྱད་བཤམ་པ་ནི། དཀྱིལ་འཁོར་ཁྲུ་དོ་པའམ། ཁྲུ་བཞི་པ་ལ་བའི་རྣམ་ལྔས་ལེགས་པར་བྱུགས་ཤིང༌། ཙནྡན་དཀར་པོ་དང༌། གླ་རྩི་དང༌། གུར་གུམ་དང༌། ག་བུར་གྱིས་ཀྱང་ཀུན་ཏུ་བྱུགས་ལ། མེ་ཏོག་སིལ་མས་ཀུན་ཏུ་གཏོར་བར་བྱའོ། །དེའི་དབུས་སུ་འོང་བར་སྟེང་ནས་བྲིས་སྐུ་དགྲམ་མོ། །ཕྱོགས་མཚམས་བརྒྱད་དུ་བུམ་པ་མཛེས་ཤིང་གཙང་བ། འབྲུ་ལ་སོགས་པ་བཅུད་དང་ཆུས་བཀང་ཞིང༌། མགུལ་ཆིངས་དང༌། ཁ་རྒྱན་དང༌། མེ་ཏོག་ཕྲེང་བ་དང༌། བ་དན་ལ་སོགས་པས་མཛེས་པར་བྱས་པ་བརྒྱད་བཞག་གོ །ཉེ་བར་སྤྱོད་པ་བརྒྱད་ནི། ཕྱོགས་མཚམས་བརྒྱད་དུ་འཇོག་པའི་ལྷ་བཤོས་རྒྱུ་བརྒྱད་ལས་བྱས་པ་སྟེ། འོ་ཐུག་དང༌།
སྦྱར་ཐུག་དང༌། ཁ་ཌ་ཀ་བྱ་དང༌། འབྲས་ཆན་དང༌། ལག་པན་དང༌། བུ་རམ་དང༌། ཤ་ཁ་ར་དང༌། ཞུན་མར་རྣམས་སོ། །དེ་ལྟར་མ་འབྱོར་ན་ལྷ་བཤོས་ཆེ་ཞིང་མཛེས་པ་བརྒྱད་བཤམ་མོ། །ཉེ་བར་མཁོ་བ་དྲུག་ཅུ་རྩ་བཞི་ནི། མཆོད་པའི་ཡོ་བྱད་ཁ་དོག་དང༌། དྲི་དང༌། རྒྱུ་དང༌། དབྱིབས་ཀྱི་ཁྱད་པར་མི་འདྲ་བས་ཆེ་བ་དྲུག་ཅུ་རྩ་བཞི་སྟེ། མེ་ཏོག་སེར་པོ་དམར་པོ་ལ་སོགས་པ་དང༌། ཙནྡན་དང་གུར་གུམ་ལ་སོགས་པ་དང༌། ལྷ་བཤོས་ཟླུམ་པོ་དང་གྲུ་བཞི་ལ་སོགས་པ་ལྟ་བུ་སྟེ། དེ་ལྟ་བུས་ཕྱེ་བས་མཆོད་པ་དྲུག་ཅུ་རྩ་བཞིའོ། །དེ་ལྟར་མ་འབྱོར་ན་ལྷ་བཤོས་ཆུང་བ་དྲུག་ཅུ་རྩ་བཞི་བྱ་ཞིང༌། གཞན་མེ་ཏོག་ལ་སོགས་པ་ཇི་ལྟར་འབྱོར་པ་བཤམ་པར་བྱའོ་ཞེས་མན་ངག་ལས་ཐོས་སོ། །གཏོར་མ་ནི། ཤ་ཁྲག་ལ་སོགས་པ་ཟས་ངན་པ་རྣམས་སྤངས་ལ། ཆངས་བུ་མ་བྱས་པ་དེའང་ཇི་ལྟར་འབྱོར་པ་བཤམ་མོ། །ཨ་ཀ་རུའི་བདུག་པ་ནི་ཅིས་ཀྱང་དགོས་ལ། བདུག་པ་གཞན་ནི་ཅི་འབྱོར་པའོ། །དེ་ལྟ་བུའི་མཆོད་པ་དེ་དག་ཀྱང་འབྱོར་པའི་བྱེ་བྲག་གིས་ཉིན་ཞག་གཅིག་ལ་ལན་དྲུག་ཡོད་དམ། བཞིའམ། གསུམ་མམ། ཤིན་ཏུ་འབྱོར་པ་ཆུང་བས་ཀྱང་སྔ་དྲོ་བཤམས་ཤིང་ཕྱི་དྲོའི་སྲོད་སྤོ། སྲོད་བཤམས་པ་སྔ་དྲོ་སྤོ་བར་བྱའོ། །སྦྱོར་བའོ། །དངོས་གཞི་ནི་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་ནས་བཟུང་སྟེ། དགེ་བའི་རྩ་བ་བསྔོ་བའི་བར་རྣམས་ནི་སྔར་གྱི་རྣམས་དང་མཐུན་ལ། གྲངས་ནི་སྟོང་ཕྲག་བརྒྱད་འདོན་པ་ཡིན་ནོ། །དེ་ལ་ཉི་མ་གཅིག་གིས་ཚར་བར་བྱེད་པ་ནི། མི་མང་པོ་འཚོགས་ཏེ་སྨྱུང་བར་གནས་པས་འདོན་ལ། ཉི་མ་མང་དུ་བྱེད་ན་དཀར་གསུམ་བཟའ་ཞིང་བཟླའོ། །ཡང་མི་མང་པོས་འདོན་ན་ནི་སྨྱུང་གནས་སམ་དཀར་གསུམ་ཟ་བ་གང་རུང་གིས་བྱེད་པ་ཡིན། དེ་ལ་སྨྱུང་གནས་ཀྱིས་ཀློག་ན་ཉིན་གཅིག་མི་གསུམ་གྱི་ཐུན་བྱེད། དེའི་ནངས་པར་གཞན་གསུམ་གྱིས་ཐུན་བྱེད། དེ་གཞན་དང་བསྒྲེའོ། །དཀར་གསུམ་ཟ་ཞིང་བྱེད་ན་བླའོ། །
རང་གཅིག་པུས་བྱེད་ན་དཀར་གསུམ་བཟའ་ཞིང་བཟླས་པ་བྱའོ། །དངོས་གཞིའོ། །རྗེས་ཀྱི་བྱ་བ་ནི། མཆོད་པ་ཆེན་པོར་བྱ་བ་དང༌། དགེ་འདུན་ལ་དགའ་སྟོན་བྱ་བ་དང༌། གཏོར་མ་དང་བསྔོ་བ་ལ་སོགས་པར་བྱའོ། །རྗེས་ཀྱི་བྱ་བའོ། །ཕན་ཡོན་རྣམས་ནི། རྒྱས་པར་མདོ་ཉིད་དུ་རྟོགས་པར་བྱའོ། །སྒྲུབ་པའི་ཆོ་ག་བསྟན་ཟིན་ཏོ། །ལས་ལ་སྦྱར་བ། དངོས་གྲུབ་ཀྱི་ལས་ཉི་ཤུ་རྩ་ལྔ་ནི་རྟོག་པའི་གཞུང་ཉིད་དུ་རྟོགས་པར་གསལ་བས་ན་འདིར་མ་བྲིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱི་ལག་ལེན་ནི། རང་གི་ཚུལ་ཁྲིམས་གང་དང་འགལ་བར་བྱས་པ་དེ་ཡོངས་སུ་རྫོགས་པར་བྱ་བ་ནི། ཆོ་ག་ཐམས་ཅད་གསོ་སྦྱོང་བྱ་བ་ལ་བསྟན་པ་དང་འདྲ་ལ། ནངས་རེ་བཞིན་གསོ་སྦྱོང་བླང་ཞིང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ཉིད་འདོན་ཏེ། དེ་ལ་ཡུན་རིང་དུ་བྱའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཀུན་ལའང་སྦྱར་བ་ལག་ཏུ་བླང་བར་བྱའོ། །ཆོ་ག་ཐམས་ཅད་བསྟན་ཟིན་ཏོ། །རྣལ་འབྱོར་གྱི་རྒྱུད་དང་མཐུན་པའི་སྒྲུབ་ལུགས་ནི་སྒྲུབ་ཐབས་ཀྱི་སྟེང་དུ་རྟོགས་པར་བྱ་བས་འདིར་མ་བྲིས་སོ། །འདི་ནི་བྱ་བའི་རྒྱུད་ཀྱི་སྒྲུབ་ལུགས་ཏེ། འཁྲུལ་མེད་རྒྱུད་དང་མཐུན་པའི་ཆོ་ག་ཡིན། །བདག་ཉིད་ལྷ་ལྔའི་རྣལ་འབྱོར་ལ་སོགས་པ། །བདག་བསྐྱེད་མཐའ་དག་རྣལ་འབྱོར་རྒྱུད་ཀྱིའོ། །འཇིག་རྟེན་མགོན་པོའི་ཚུལ་ཁྲིམས་འབྱུང་གནས་བློ། །རྡོ་རྗེ་གདན་གྱི་བླ་མ་རྣམ་བཞི་ལ། །རིན་ཆེན་གྲགས་པས་དཔལ་ལྡན་བླ་མ་ལས། །ལེགས་འོངས་བྲིས་པས་འགྲོ་རྣམས་རང་བྱུང་ཤོག །དོན་ཡོན་ཞགས་པའི་རྟོག་པ་ལག་ཏུ་བླང་བའི་རིམ་པ་དྲི་མ་མེད་པ་ཞེས་བྱ་བ། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།། ཆོས་རྗེ་ས་སྐྱ་པཎྜི་ཏ། རྩང་པོ་ཞོ་ར་བ། བླ་མ་ལ་རུ་བ། སློབ་དཔོན་གྲགས་པ་དཔལ། བླ་མ་འཕགས་པ། མཁན་ཆེན་བུ་སྟོན། དེས་བདག་ལའོ།། ༈ །མཎྜལ་གྱི་ཆོ་ག་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཎྜལ་བྱ་བ་ནི་དྲི་
ཞིམ་པོའི་ཆུས་བྱུགས་ལ། མེ་ཏོག་གི་ཚོམ་བུ་ལྔ་དགོད། མཆོད་པ་དང་གཏོར་མ་བཤམ། མེ་ཏོག་ཚོམ་བུ་ལྔའི་སྟེང་དུ། སྐད་ཅིག་གིས་གདན་བསམས་པའི་སྟེང་དུ། ཧྲཱིཿལ་སོགས་པའི་ཡི་གེ་ལྔ་ལས་ལྷ་ལྔ་བསྐྱེད། ཡང་ན་སྐད་ཅིག་གིས་བསྐྱེད་ལ། བདག་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་བཀུག་ལ་བསྟིམ། ཕྱག་བྱ། གྲུབ་ན་ལྷ་རེ་ལ་མཆོད་པ་ལྔ་ལྔ་ཕུལ། བདུན་རྣམ་དག་རྫོགས་པར་བྱ། དེ་ནས་བཟླས་པ་བྱ། གཏོར་མ་བཏང་ལ་འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། མེ་ཏོག་མཎྜལ་གྱི་དབུས་སུ་སྤུངས་ལ་བཞག་གོ། །། ༈ །ལྷ་ལྔའི་བསྟོད་པ་བཞུགས་སོ། །བདེ་གཤེགས་ཀུན་ལས་ཐུགས་རྗེ་མཆོག་གྱུར་པ། །ཐུགས་རྗེ་ཆེན་པོས་འགྲོ་ལ་སྤྱན་རས་གཟིགས། །ཐུགས་རྗེས་སེམས་ཅན་བདེ་ལ་འགོད་མཛད་པ། །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་མཆོག་ལས་སྤྲུལ་པའི་སེམས་དཔའ་ནི། །ཐུགས་རྗེའི་ཞགས་པས་འགྲོ་བ་འདྲེན་མཛད་ཅིང༌། །ཐུགས་རྗེའི་ཚོགས་པས་མདོག་དམར་ཕྱག་བཞིས་མཛེས། །ཐུགས་རྗེ་དོན་ཡོད་ཞགས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་མཆོག་ལས་སྤྲུལ་པའི་ཁྲོ་རྒྱལ་ནི། །ཐུགས་རྗེའི་སྟོབས་ཀྱིས་བདུད་བཞི་འཇོམས་མཛད་ཅིང༌། །ཐུགས་རྗེས་གདུག་པ་མ་ལུས་འདུལ་མཛད་པ། །ཐུགས་རྗེ་རྟ་མཆོག་མགོན་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་མཆོག་ལས་སྤྲུལ་པའི་ཁྲོ་མོ་ནི། །ཐུགས་རྗེ་རལ་གཅིག་ཕྱག་བརྒྱད་འཛིན་པའི་སྐུ། །ཐུགས་རྗེས་མཐིང་ནག་མ་རུངས་འཇོམས་པར་བསྟན། །ཐུགས་རྗེ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བཀའ་བཞིན་མཛད་པའི་ལྷ་མོ་ནི། །ཐུགས་རྗེ་ཁྲོ་གཉེར་ཅན་དཀར་ཕྱག་བཞིས་མཛེས། །ཐུགས་རྗེས་འགྲོ་དོན་མཛད་པའི་མཆོག་གཟུགས་མ། །ཐུགས་རྗེ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །འཕགས་པ་དོན་ཡོད་
ཞགས་པ་ལྷ་ལྔ་ལ་ཐུགས་རྗེའི་སྒོ་ནས་བསྟོད་པ། རྡ་བྱང་ཆུབ་སེམས་དཔས་མཛད་པའོ།། ༈ །སྲུང་འཁོར་བྲི་ཚུལ་བཞུགས། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིའི་སྲུང་བའི་འཁོར་ལོ་ལ་དོན་ལྔ་སྟེ། བྲི་བའི་གཞི། དུས། སྣག་ཚ། བྲི་བའི་ཐབས། བྲིས་ནས་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། དར་རམ། རས་སམ་ཤོག་བུ་ལ་སོགས་པའོ། །དུས་ནི་ཚེས་གཅིག་ནས་ཉའི་བར་གཟའ་སྐར་བཟང་པོའི་ཚེའོ། །སྣག་ཚ་ནི་རང་གི་ལག་པ་གཡོན་པའི་སྲིན་ལག་གི་ཁྲག་དང༌། གི་ཝང་གིས་སོ། །བྲི་བའི་ཐབས་ནི་འཁོར་ལོ་དཔེ་ཆུང་ལྟར་རོ། །བྲིས་ནས་ཇི་ལྟར་བསྒྲུབ་པ་ནི། གནས་ཁང་བྱི་དོར་བྱ། མཆོད་པ་བཤམ། གཏོར་མ་གསུམ་བཤམ། རྗེ་བཙུན་གྱི་ཐང་སྐུ་ཞལ་དབྱེ། དེ་ནས་རང་ཉིད་རྗེ་བཙུན་དུ་བསྒོམས་ལ། བཟླས་པ་ཅུང་ཟད་བྱ། དེ་ནས་འཁོར་ལོ་ཟངས་གཞོང་ལ་སོགས་པའི་སྟེང་དུ་བཞག་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡོན་པས་རེག་སྟེ། སྭ་བྷཱ་ཝའི་སྔགས་བརྗོད་པས་སྟོང་བར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་ཧྲཱིཿ ཤར་གྱི་འདབ་མ་ལ་ཧ། ལྷོར་ཧཱུྃ། ནུབ་ཏུ་ཕ། བྱང་དུ་ཊ་སྟེ་ཡི་གེ་འབྲུ་ལྔ་ལས་ལྷ་ལྔ་རྫོགས་པར་བསྐྱེད་ལ། ཡེ་ཤེས་པ་གཞུག གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་སྒྲུབ་ཐབས་ལྟར་བྱ། དེ་ནས་མཆོད་པ་ལྔ་དབུལ་ཏེ་བྱུང་རྫོགས་སམ། རྐང་ཐོན་དུ་བྱའོ། །དེ་ནས་སྙིང་པོ་བདུན་ལ་སོགས་པ་བཟླས་པའི་མེ་ཏོག་གཏོར་བས་རབ་གནས་བྱས་ལ། སླར་འཁོར་ལོའི་རྣམ་པར་གྱུར་པར་བསམས་ལ། བར་འདིར་དམ་ཚིག་ཅན་ལ་གཏོར་མ་གཅིག་གཏང༌། དེ་ནས་རང་གི་ཐུགས་ཀའི་ས་བོན་དང་འཁོར་ལོའི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས་གང་བསྲུང་བར་བྱ་བའི་ལུས་འཁོར་ལོའི་དབྱིབས་ལ་བསྟིམ། ཡང་འོད་ཟེར་འཕྲོས་པས། དེའི་རྣམ་ཤེས་བཀུག་ནས་སྔགས་ཀྱི་ཡིག་འབྲུ་ལ་བསྟིམ། ཡང་མཆོད་པ་འབུལ། གཏོར་མ་གཅིག་གཏང༌། དེ་ནས་
རྡོ་རྗེ་ལ་གཟུངས་ཐག་བཏགས་པ་འཁོར་ལོའི་སྟེང་དུ་བཞག དེའི་གཟུངས་ཐག་ནས་བཟུང་སྟེ་ལྷ་ལྔའི་སྔགས་ཀྱི་མཐར་བསྲུང་བྱའི་མིང་དང་རུས་སྤེལ་བའི་རཀྵ་རཀྵཿཞེས་པ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་ལ་སོགས་པ་བཟླ། དེ་ནས་ཨཱ་ལི་ཀཱ་ལིའི་མཐར་ཡང་མིང་དང་རུས་དང་རཀྵ་རཀྵ་སྭཱ་ཧཱ། ཞེས་པ་ཉི་ཤུ་རྩ་གཅིག་བཟླས་ནས། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་འཁོར་ལོ་དྲིལ་ཏེ་ལ་ཆ་ལ་སོགས་བས་གཏུམས་ལ། བསྲུང་བྱའི་སྣ་དུག་ནས་གུ་གུལ་གྱི་བདུག་པས་བདུག གཏོར་མ་གཅིག སརྦ་བིགྷྣན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་ལ་སོགས་པའི་སྔགས་ཀྱིས་གནོད་བྱེད་ལ་བྱིན་ལ། ལུས་ལ་ཞུགས་པའི་གདོན་གཏོར་མ་ཟ་བའི་བར་ལ། སྲུང་འཁོར་བསྲུང་བྱའི་དཔུང་པ་གཡོན་པར་གདགས། དེ་ནས་རང་གི་ལག་པ་གཡས་པས་བསྲུང་བྱའི་དཔུང་པ་འཁོར་ལོ་དང་བཅས་པ་ལ་འཇུས་ཏེ། ཡི་གེ་བརྒྱ་པ་ལན་གསུམ་མམ་བདུན་བརྗོད་དེ་བརྟན་པར་བྱའོ། །དེ་ནས་བླ་མ་ལ་ཡོན་འབུལ་ཞིང་དགའ་སྟོན་བྱའོ། །ཕྱི་ནས་བླ་མས་བསྲུང་བྱ་དེ་རང་གི་སྙིང་གར་ཡོད་པ་ཡང་དང་ཡང་དུ་དྲན་པར་བྱའོ། །བསྲུང་བྱས་ཀྱང་འཇིགས་སྐྲག་ནམ་བྱུང་དུས་སུ་འཁོར་ལོ་ལ་མགོན་སྐྱོབ་ཞུ་བར་དམིགས་ཏེ་འཇུ་བ་དང༌། བླ་མ་ལ་གསོལ་བ་གདབ་བོ། །ཤིན་ཏུ་ཟབ་བོ། །། ༈ །དོན་ཡོད་ཞགས་པའི་སྲུང་འཁོར་བྱེད་ན། འཁོར་ལོ་རིམ་པ་ལྔ་རུ་བསྐོར་ཏེ། ལྟེ་བ་ལ་ཧྲཱིཿ དེའི་མཐའ་མར་ན་མསྶ་མནྟ་བུདྡྷཱ་ནཱཾ་ཞེས་པའི་སྔགས་དང༌། ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ་ཞེས་པ་བྲིའོ། །དེའི་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ། དེའི་ཕྱི་རོལ་པདྨ་འདབ་བརྒྱད་ཀྱི་ཤར་དུ་དོན་ཞགས་ཀྱི་ཨོཾ་ཧྲཱིཿཏྲཻ་ལོ་ཀྱ། ལྷོར་རྟ་མགྲིན་གྱི། ནུབ་ཏུ་ཨེ་ཀ་ཛཱ་ཊིའི། བྱང་དུ་ཁྲོ་གཉེར་ཅན་གྱི་སྙིང་པོ་སྤེལ་ཚིག་དང་བཅས་པའོ། །མཚམས་ཀྱི་འདབ་མ་བཞི་ཆུང་བར་བྱ་སྟེ། དེ་ལ་ཤར་ནས་ཧ་ཧཱུྃ་ཕཊ་བཞི་བྲི། དེའི་མུ་ཁྱུད་ལ་དབྱངས་
ཡིག དེའི་ཕྱིར་གསལ་བྱེད་བྲིའོ། །། མུ་ཁྱུད་ནང་མ་ལ་དབྱངས་ཡིག པད་འདབ་ཀྱི་ཕྱི་མ་ལ་གསལ་བྱེད། དེའི་ཕྱི་རིམ་དུ་རྟེན་འབྲེལ་སྙིང་པོའི་ཕྱི་རུ་རྡོ་རྭ་མེ་རི་བྱས་ན་སྲུང་འཁོར་སྤྱི་དང་མཐུན་པར་གདའོ།། ༈ །འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལྷ་ལྔའི་སྒྲུབ་ཐབས་བཞུགས་སོ། །ན་མོ་གུ་རུ་བུདྡྷཱ་སིཾ་ཧཱ་ཡ། དོན་ཡོད་ཞགས་པ་བསྒོམ་པར་འདོད་པས། ངག་ཏུ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་ཉེར་གཅིག་བརྗོད་པའི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿ ཨོཾ་ཨ་མོ་གྷ་པཱ་ཤ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སེམས་ཅན་ཐམས་
ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས་བརྗོད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོར་གྱུར། དེའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་རྟ་བབས་བཞིས་མཛེས་པར་བྱས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པྃ་ལས་པདྨ་དཀར་པོའི་སྟེང་དུ། ཟླ་བའི་གདན། ཤར་དུ་པྃ་ལས་པདྨ་དམར་པོའི་སྟེང་དུ་ཟླ་བའི་གདན། ལྷོར་པྃ་ལས་པདྨ་དམར་པོའི་སྟེང་དུ་ཉི་མའི་གདན། ནུབ་ཏུ་པྃ་ལས་པདྨ་ནག་པོའི་སྟེང་དུ་ཉི་མའི་གདན། བྱང་དུ་པྃ་ལས་པདྨ་དཀར་པོའི་སྟེང་དུ་ཟླ་བའི་གདན། དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོ་འཛིན་པ་དར་གྱི་ན་བཟའ་ཅན། མཆོད་ཕྱིར་ཐོགས་དཀར་པོ་འཆང་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞུགས་པ། ཤར་དུ་ཧ་ལས་དོན་ཡོད་ཞགས་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་ལྕགས་ཀྱུ་དང་ཕྲེང་བ་འཛིན་པ། རྒྱན་དམར་པོ་དང་སྟོད་གཡོགས་བསྣམས་པ། ལྷོར་ཧཱུྃ་ལས་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་དབྱུག་པ་དང་སྡིགས་མཛུབ། གཡོན་གཉིས་ན་འཁོར་ལོ་དང་པདྨ་འཕྱང་བ། དབུའི་སྟེང་ན་རྟ་མགོ་ལྗང་གུ་དང༌། དབུ་སྐྲ་
དང་སྨིན་མ་དམར་སེར་ཁྲོ་གཉེར་བསྡུས་ཤིང༌། སྤྱན་གསུམ་དང་ལྡན་པ། སྦྲུལ་རྒྱན་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ནུབ་ཏུ་ཕ་ལས་ལྷ་མོ་རལ་གཅིག་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་བརྒྱད་མ་གཡས་བཞི་ན་རལ་གྲི་དང་ཞགས་པ་པདྨ་དང་མདའ། གཡོན་བཞི་ན་འཁོར་ལོ་དང་དབྱུག་པ་རྩེ་གསུམ་དང་གཞུ་བསྣམས་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། རལ་པ་དམར་སེར་གཅིག་ཏུ་འཁྱིལ་པ་སྦྲུལ་རྒྱན་དང༌། གླང་པོ་ཆེའི་པགས་པའི་སྟོད་གཡོགས་དང༌། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་གིས་བཞུགས་པ། བྱང་དུ་ཊ་ལས་ཁྲོ་གཉེར་ཅན་སྐུ་མདོག་སྐྱ་བོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་ན་པདྨ་དང་དབྱུག་པ། གཡོན་གཉིས་ན་སྤྱི་བླུགས་དང་ཕྲེང་བ། གཞོན་ནུ་དར་ལ་བབས་པ། རལ་པའི་ཐོར་ཚུགས་ཅན། དར་དཀར་གྱི་ན་བཟའ་དང་རྒྱན་གྱིས་བརྒྱན་པ། ཞབས་གཡོན་པའི་བོས་གོང་ལ་གཡས་པའི་སོར་མོ་བརྟེན་པའི་ཚུལ་གྱིས་བཞེངས་སྟབས་ཀྱིས་བཞུགས་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་མོ་གྷ་པཱ་ཤ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དབང་གི་ལྷ་རྣམས་
ཀྱིས་ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། སྤྱན་རས་གཟིགས་ལ་འོད་དཔག་མེད། དོན་ཡོད་ཞགས་པ་ལ་རྣམ་པར་སྣང་མཛད། རྟ་མགྲིན་ལ་རིན་ཆེན་འབྱུང་ལྡན། རལ་གཅིག་མ་ལ་མི་བསྐྱོད་པ། ཁྲོ་གཉེར་ཅན་ལ་དོན་ཡོད་གྲུབ་པས་དབུར་བརྒྱན། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་སྟེ་ཧྲཱིཿལ་ཐིམ། ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀཱ་རུ་ཎཱ་ཡ་མུརྟྟ་ཡ་ཧཱུྃ་ཛཿསྭཱ་ཧཱ། སྤྱན་རས་གཟིགས་ཀྱི་སྙིང་པོའོ། །ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧེ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དོན་ཞགས་དང༌། ན་མཿས་མནྟ་བུདྡྷཱ་ནཱཾ་ཧ་ཁ་ཏ་བྷུཉྫ་སཏྭཱ་ཡ་སྭཱ་ཧཱ། ཞེས་རྟ་མགྲིན་དང༌། ཨོཾ་ཨེ་ཀ་ཛཱ་ཊི་མ་ཧཱ་ར་ཥ་ཎ། ཏྲཱ་ས་ཡ། ཏྲཱ་ས་ཡ། ས་མ་ས་མ། པྲ་ཤ་མ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་རལ་གཅིག་མ་དང༌། ན་མཿས་མནྟ་བུདྷཱ་ནཱཾ་སརྦ་བྷ་བ་པཎྚ་ར་ཎཱི་ཧཱུྃ་ཕཊ་པ་ཏཱ་ཡ་སྭཱ་ཧཱ། ཞེས་ཁྲོ་གཉེར་ཅན་གྱིའོ། །གཙོ་བོ་ལ་སྔགས་བརྒྱ་རྩ་སོང་ན་འཁོར་ལ་བཅུ་རེ་བཟླས་ཏེ་དེས་རིགས་འགྲེས་སྦྱར་རོ། །བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཨོཾ་ཨ་མོ་གྷ་པཱ་ཤ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་སོགས་གོང་ལྟར་གྱིས་མཆོད། ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །དོན་ཡོད་ཞགས་དང་ཁྲོ་རྒྱལ་རྟ་མགྲིན་དཔལ། །རལ་གཅིག་མ་དང་ལྷ་མོ་ཁྲོ་གཉེར་ཅན། །འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་
མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འཁོར་བཅས་རང་ལ་གཉིས་སུ་མེད་པར་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །དོན་ཞགས་ལྷ་ལྔ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་འདི་ནི་དགེ་སློང་བསོད་ནམས་ལེགས་པས་མྱུར་བར་བསྐུལ་ནས། རྩེ་གདོང་གི་ཀླུ་སྡིངས་འཕེལ་རྒྱས་སུ་བྷིཀྵུ་ག་ག་ན་ཤྲཱི་བྷ་དྲས་སུག་བྲིས་སུ་བྱས་པའོ། །མངྒ་ལཾ།། ༈ །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་གནང་གོ་བདེ་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །བླ་མ་མཆོག་དང་ཡི་དམ་འཕགས་པའི་ཚོགས། །དབྱེར་མེད་ཞབས་ཀྱི་པདྨོ་ལ་བཏུད་ནས། །དོན་ཡོད་ཞགས་པ་དེ་བ་པཉྫ་ཡི། །རྗེས་གནང་ཆོ་གའི་ཚུལ་འདི་བྲི་བར་བྱ། །དེ་ལ་འདིར་གནས་ཁང་གཙང་ཞིང་ཡིད་དུ་འོང་བར་དོན་ཡོད་ཞགས་པའི་བྲིས་སྐུ་ཡོད་ན་དགྲམ། དེའི་མདུན་དུ་ཅོག་ཙེའི་ཁར་མཎྜལ་ཚོམ་བུ་ལྔ་བཀོད་ལ། དེའི་མདུན་ཕྱོགས་ལ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་ཟླུམ་གཏོར་གཅིག་བཤམ། སློབ་དཔོན་གྱི་མདུན་དུ་ཏིང་ཤག་དང་མེ་ཏོག་ཕོར་པ་འབྲུས་བཀང་བ་བཞག མཆོད་པ་བྱིན་གྱིས་བརླབས་ལ། ལྷ་ལྔའི་བདག་བསྐྱེད་བཟླས་པ་དང་བཅས་པ་བསྔོ་བའི་བར་མངོན་རྟོགས་ནས་འབྱུང་བ་བཞིན་བྱས་ལ། མདུན་གྱི་ཚོམ་བུ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད། སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། ཞེས་པ་ནས། ཁྲོ་གཉེར་ཅན་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་ཞེས་པའི་བར་མངོན་རྟོགས་བཞིན་ལ། དེ་ནས་མཆོད་པ་སླར་ཡང་བྱིན་གྱིས་བརླབ་པའམ། མ་བརླབས་
ཀྱང་རུང༌། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲཱ་ཏཱི་ཙྪ་སོགས་མཆོད་སྔགས་སོ་སོར་སྦྱར་བས་མཆོད། བསྡུ་ན་ཚིག་བཅད་དོར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་ཙམ་གྱིས་མཆོད། ཐུགས་རྗེའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས། །དོན་ཡོད་ཞགས་དང་ཁྲོ་ཆེན་རྟ་མགྲིན་དཔལ། །རལ་གཅིག་མ་དང་ལྷ་མོ་ཁྲོ་གཉེར་ཅན། །འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་ནས་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨ་མོ་གྷ་པཱ་ཤ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་ཕུལ། དེའི་ཚེ་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་བདུད་རྩི་དྲངས་ཏེ་བཞེས་པས་མཉེས་པར་བསམ། སྔར་བཞིན་མཆོད་པས་མཆོད། བསྟོད་པས་བསྟོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་མདུན་གྱི་གཙོ་བོ་ལ་དམིགས་ནས། ན་མཿས་མནྟ་སོགས་སྙིང་པོ་ཉེར་གཅིག་དང༌། ལྷ་གཞན་བཞི་ལའང་རང་གི་སྙིང་པོ་བདུན་ལ་སོགས་པ་བཟླ། དེ་ནས་སློབ་མ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་གྲལ་ལ་འཁོད་པ་ལ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་སུ་གནང་བ་གསན་སྙམ་པ་སོགས་སྤྱི་འགྲེ་བཞིན་ལ། གང་གསན་པར་བྱ་བའི་ཆོས་ནི། གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་རིན་པོ་ཆེ་བཞིར་བཤད་པའི་ནང་ནས་བྱ་བའི་རྒྱུད་ཡིན། དེའི་ནང་ནས་
ཀྱང་བདག་ཉིད་ཆེན་པོ་ས་པཎ་གྱིས། བྱ་བའི་རྒྱུད་ལ་རྣམ་གསུམ་ཡོད། །དོན་ཡོད་ཞགས་སོགས་འགའ་ཞིག་ལ། །དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང༌། །སྨྱུང་གནས་ལ་སོགས་བྱེད་ནུས་ན། །གང་ཟག་ཀུན་གྱིས་བསྒྲུབ་པར་གསུངས། །ཞེས་གསུངས་པ་ལྟར་སྒྲིབ་པ་སྦྱང་བའི་ཕྱིར་གང་ཟག་ཀུན་གྱིས་ཉམས་སུ་བླང་བྱར་གསུངས་པའི་འཕགས་པ་དོན་ཡོད་ཞགས་པའི་སྒྲུབ་སྐོར་ཡིན། དེ་ལའང་ལྷ་ལྔ་མ་དང༌། དཔའ་བོ་གཅིག་པ་གཉིས་སུ་ཡོད་པ་ལས། ད་ལམ་འདིར་རྒྱ་གར་གྱི་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པའི་ལྷ་ལྔ་མ་བ་རི་ལོ་ཙཱ་བ་ནས་བརྒྱུད་པ་དེ་ཡིན། དེ་ལའང་སྔོན་འགྲོ་སློབ་དཔོན་གྱི་བྱ་བ་བདག་བསྐྱེད་མདུན་བསྐྱེད་མཆོད་བསྟོད་ལ་སོགས་པ་རྣམས་ད་ལྟ་ནས་གྲུབ་ཟིན། ད་སློབ་མའི་ངོ་སྐལ་དུ་གྱུར་པའི་བྱ་བ་ལ། ད་ལྟར་གྱི་སློབ་དཔོན་ཉིད་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཅན་དུ་གསལ་བ་ལ་ལྷ་ལྔའི་རྗེས་གནང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ནས་ཕུལ་ཚར་བ་དང༌། ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུང་བར་ཞུ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་མི་འཚོལ་ཏེ། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །དེ་བས་བློ་མཆོག་བསྟན་དུ་གསོལ། །ལན་གསུམ། བདུན་རྣམ་དག་གི་སླད་དུ་ཐུགས་དམིགས་འདི་བཞིན་དུ་གནང་བར་ཞུ། མདུན་གྱི་ནམ་མཁའི་གནས་སུ་འཕགས་པ་ལྷ་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་རྣམས་བཤགས་ཤིང༌། དགེ་བ་ལ་རྗེས་སུ་ཡི་རང་སྙམ་པ་དང༌། སྐྱབས་གནས་དཀོན་མཆོག་གསུམ་ལ་
སྐྱབས་སུ་འགྲོ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་སྙམ་པ་ལ་སོགས་པའི་སྒོ་ནས་འདིའི་རྗེས་ཟློས་གསུང་བར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ལན་གསུམ། འཕགས་པ་སྤྱན་རས་གཟིགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་འཛིན་སྙམ་པས་ཐུན་མོང་མ་ཡིན་པའི་གསོལ་བ་བཏབ་པ་འདིའི་རྗེས་ཟློས་གསུང་བར་ཞུ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་གིས་སྤྱན་རས་གཟིགས་དབང་གི །དམ་ཚིག་དངོས་གྲུབ་འཚལ་ལགས་ཏེ། །གཟུངས་སྔགས་བདག་ལ་སྩལ་དུ་གསོལ། །སྔགས་དང་ཕྱག་རྒྱ་བསྟན་པ་དང༌། །དཀྱིལ་འཁོར་ལ་སོགས་འབྲི་བ་དང༌། །སྒྲུབ་པ་ཡི་ནི་རིམ་པ་རྣམས། །ཐུགས་རྗེས་བདག་ལ་བསྟན་དུ་གསོལ། །ལན་གསུམ། རྗེས་གནང་གི་གཞི་འགོད་པའི་སླད་དུ། ཐུགས་འདུན་འདི་བཞིན་དུ་གནང་བར་ཞུ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་སྐུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། སྐུ་ལུས་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོའང་འོད་གསལ་གྱི་ངང་དུ་གཙང་སེང་ངེ་སྦྱངས། དེ་ལ་དམིགས་ཏེ་སློབ་དཔོན་གྱིས་ཨོཾ་སྭ་བྷཱ་བ་སོགས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅིའང་མི་དམིགས་ཏེ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་དུ་གྱུར། དེའི་ངང་ལས་ནམ་མཁའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཞེས་པ་ནས། གདན་བསྐྱེད་པའི་བར་སྒྲུབ་ཐབས་བཞིན། གདན་ལྔའི་སྟེང་དུ་ཁྱེད་རང་རྣམས་ཆུ་ལས་ཉ་འཕར་བའི་ཚུལ་སྐད་ཅིག་གིས་འཕགས་པ་ལྷ་ལྔའི་སྐུ་ཅན་དུ་གྱུར་པ་ནི་དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་སོགས་ལྷ་ལྔ་དཀྱུས་བཞིན་
བསྐྱེད། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ་སོགས། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོར་གསལ་འདེབས་པར་ཞུ། སློབ་དཔོན་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་ཅན་དུ་གསལ་བ་ལ་གུས་འདུད་གནང་བས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ལྷ་ལྔའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཏིང་ཤག་རྡུང་ཞིང་སྔགས་སོ་སོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་བརྗོད། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་སྤྱན་དྲངས་ནས། ཁྲོ་གཉེར་ཅན་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་ཞེས་པའི་བར་སྒྲུབ་ཐབས་བཞིན། སྔགས་ཀྱི་བཟླས་ལུང་གི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བར་ཞུ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་ལྔའི་ཐུགས་ཀའི་ས་བོན་གྱི་མཐའ་སྐོར་དུ་ཡོད་པའི་སྔགས་ཕྲེང་དང་པོ་གཉིས་པ་གསུམ་པ་རྣམས་མཆེད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་མར་ཞུགས། ཐུགས་ཀར་ཧྲཱིཿཡིག་སོགས་ཀྱི་མཐར་སྔགས་ཕྲེང་དང་པོ་འཁོད། གཉིས་པ་དང་གསུམ་པ་དེ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་ལྷ་སོ་སོའི་སྙིང་པོའི་སྔགས་ལན་གསུམ་རེ་རྗེས་ཟློས་བྱེད་དུ་གཞུག སྤྲོ་ན་གཟུངས་རིང་གི་རྗེས་ཟློས་ཡང་ལན་གསུམ། དེ་ནས་སློབ་མས་སློབ་དཔོན་ལ་མེ་ཏོག་འཐོར་བ་དང༌། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་སློབ་མའི་མགོ་ལ་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་འདི་ལ་སོགས་སྤྱི་དང་འདྲ། དམ་བཅའ་བ་འདིའི་རྗེས་ཟློས་གསུང་བར་ཞུ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡི་དམ་དུ་
འཛིན་ནོ། །ལན་གསུམ། དེ་ནས་སྔར་གཟུངས་རིང་གི་རྗེས་ཟློས་མ་བྱས་ན་འདིར་གཟུངས་རིང་གི་ལུང་གནང༌། རྗེས་གཙོ་བོས་དང་མཎྜལ་སོགས་འདྲ། དེ་ནས་མདུན་བསྐྱེད་ལ་མཆོད། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་ཕྲེང་བས་མཐའ་བརྒྱན་པར་བྱའོ། །ཐུགས་རྗེའི་གཏེར་ཆེན་བ་རི་ལོ་ཙཱ་བའི། །ཡི་དམ་ལྷ་ལྔའི་རྗེས་གནང་ཆོ་གའི་ཚུལ། །གོ་བདེ་བཀླག་ཆོག་ཚུལ་དུ་བཀོད་པ་ལ། །བླ་མ་ལྷར་བཅས་དགེས་པའི་འཛུམ་ཞལ་བཞད། །འདི་སྦྱར་དགེ་བ་འོད་སྟོང་བདག་པོ་ཡིས། །བློ་གསལ་པདྨོའི་ཚལ་རབ་ཡོངས་བཞད་དེ། །བཤེས་གཉེན་རྐང་འཐུང་ཕྲེང་བ་མཐའ་ཡས་པས། །ཐུབ་བསྟན་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག །ལྗོངས་འདིར་རྒྱལ་བའི་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐུ་ཚེ་རི་དབང་ལྟ་བུར་བརྟན། །ཆབ་འབངས་བདེ་སྐྱིད་དགའ་བདེའི་དཔལ་གྱིས་འཚོ། །རྫོགས་ལྡན་བཞིན་དུ་བདེ་བའི་བཀྲ་ཤིས་ཤོག །དེ་ལྟར་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་འདི་ནི་འཁོན་གྱི་རིགས་འཁྲུངས་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་ཞབས་ཀྱི་པདྨོ་ལས་དམ་པའི་ཆོས་འདིའི་བཀའ་དྲིན་གྱི་བདུད་རྩི་ཐོབ་པ་དགེ་སློང་སྡེ་སྣོད་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་རྗེས་གནང་གི་ཡི་གེ་རྙིང་མ་ལ་གཞི་བྱས། བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་མེ་མོ་ཡོས་ཀྱི་ལོའི་ས་ག་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཆོས་ཁྱད་པར་ཅན་ལ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ།། །།
འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྒྲུབ་ཐབས་གསོ་སྦྱོང་དང་འབྲེལ་བའི་ཆོ་ག་སྒྲིབ་འཇོམས་ཡེ་ཤེས་ཆུ་རྒྱུན།
འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྒྲུབ་ཐབས་གསོ་སྦྱོང་དང་འབྲེལ་བའི་ཆོ་ག་སྒྲིབ་འཇོམས་ཡེ་ཤེས་ཆུ་རྒྱུན་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨཱརྻཱ་མོ་གྷ་པཱ་ཤཱ་ཡ། མཚན་དང་རྣམ་འགྱུར་གཟུངས་ཀྱི་བྱིན་རླབས་སྟོབས། །ཉིན་བྱེད་སྟོང་འབར་ཟེར་གྱིས་རེག་ཙམ་གྱིས། །ཐོག་མེད་སྒྲིབ་པའི་མུན་ཁང་རབ་བརྟོལ་ནས། །ཡེ་ཤེས་སྣང་བ་རྒྱས་མཛད་དེ་ལ་འདུད། །འབྲེལ་ཚད་དོན་ལྡན་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱིས་ནན་ཏན་ཏུ། །གདམས་པའི་བདུད་རྩིའི་རོལ་མཚོ་ལ། །ཤས་ཙམ་སྤྱོད་པའང་སྐལ་བ་བཟང༌། །འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་དང་མདོ་གཟུངས་ཀྱི་དགོངས་པ་འཕགས་བོད་མཁས་གྲུབ་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པ་སྨྱུང་བར་གནས་པའི་ཆོ་ག་ཉམས་སུ་ལེན་པའི་ཚུལ་ལ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་ཆོ་གས་རྒྱས་བཀབ་ཅིང༌། དེ་ནི་རྒྱུད་སྡེའི་ཚུལ་དང་མཐུན་པར་དེ་ཉིད་བཅུ་དྲུག་གི་ས་བཅད་དུ་བསྡུས་པ་ལ་བསྡུ་ཚུལ་འདྲ་མིན་ཅུང་ཟད་སྣང་བའི་ནང་ཚན་སྐྱིད་གྲོང་ལོ་ཙཱ་བའི་ལུགས་ཉིད་རྣམ་པ་གསལ་བས་དེ་ལྟར་ན། སྔོན་འགྲོ་གཙང་ཁྲུས་མཎྜལ་སྤྱི་བཤགས་དང༌། །གསོ་སྦྱོང་བསླབ་པ་དངོས་ཉིད་བླང་དང་བཞི། །བཅས་གཤོམ་སྦྱོར་བ་བདག་བསྐྱེད་བཟླས་པ་དང༌། །དེ་བཞིན་མདུན་བསྐྱེད་བཟླས་པ་བཅས་ཏེ་བཞི། །ཐུན་མཚམས་ཕྱག་མཆོད་བསྟོད་དང་འདོད་དོན་གསོལ། །གཏོར་འབུལ་སྨོན་ལམ་གདབ་པ་རྣམས་ཏེ་བཞི། །
ནོངས་བཤགས་གཟུངས་སྒྲུབ་ཁྲུས་ཆུའི་བྱིན་རླབས་བླང༌། །གཤེགས་སྡུད་བསྔོ་བ་བཀྲ་ཤིས་རྗེས་བཞིའོ། །ཞེས་སོ། །དེ་ལ་ཉམས་སུ་ལེན་པའི་གང་ཟག་ནི། བརྒྱུད་ལྡན་གྱི་བླ་མ་ལས་འདིའི་ལུང་བཞི་མནོས་ཤིང་བྱ་རྒྱུད་སྤྱིའི་དམ་ཚིག་གསུམ་གཞིར་བཞག ཁྱད་པར་པདྨའི་རིགས་ཀྱི་དམ་ཚིག་བཅུ་གསུམ་དང་ལྡན་པས། དུས་བྱང་བགྲོད་ཀྱི་ཡར་ངོའི་ཚེས་བརྒྱད་ལ་དངོས་གཞི་ཁེལ་བར་བྱས་ཏེ། གནས་ཁང་ཡིད་དང་མཐུན་ལ་གཙང་སྦྲ་བྱི་དོར་བྱས་པའི་ཕུགས་ལོགས་སུ་དཀོན་མཆོག་གི་རྟེན་སྤྱི་དང་བྱེ་བྲག་དོན་ཞགས་ལྷ་ལྔའི་བྲིས་སྐུ་སོགས་ཡོད་ན་བཀྲམ་པའི་མདུན་དུ་འོག་དེ་ཉིད་ལྔ་པའི་སྐབས་སུ་བཤད་པའི་དཀྱིལ་འཁོར་སོགས་འདུ་བྱའོ། །ཉམས་སུ་བླང་བའི་སྒྲུབ་ཐབས་ཀྱི་སྔོན་འགྲོའི་ཐོག་མར་གཙང་ཁྲུས་བགྱིད་པའི་དེ་ཉིད་ནི། ནངས་སྔ་བར་ལངས་ལ་དང་པོ་ཐལ་མོ་སྦུབ་པོར་སྦྱར་བ་ལ་གུང་མོ་གཉིས་རྩེ་མོར་བྱས་ཤིང་སོར་མོ་གཞན་རྣམས་ཀྱང་རྩེ་མོ་ཅུང་ཟད་མ་རེག་པ་པདྨ་ཁ་འབུས་པའི་རྣམ་པ་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དེ་སྙིང་གར་བཞག་ནས། ཨོཾ་པདྨོ་དྦྷབ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་པདྨའི་རིགས་ཀྱི་དམ་ཚིག་གཟུང༌། དེ་ནས་པདྨ་སཏྭ་དང༌། ཨོཾ་ཧ་ཡ་གྲཱི་ཝ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པའི་ཆུས་ཡན་ལག་ལྔ་ཁྲུས་དག་པར་བྱ། གཉིས་པ་
མཎྜལ་གྱི་དེ་ཉིད་ནི། མདུན་གྱི་ནམ་མཁར་རྩ་བའི་བླ་མ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ལ་རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་གྱུར་པར་དམིགས་ལ། མཎྜལ་ཚོམ་བུ་སོ་བདུན་མའམ་བདུན་མ་གང་ལྕོགས་ལན་གསུམ་འབུལ་དགོས་པའི་དང་པོའི་ཚིག་མཇུག མ་ཚང་བ་མེད་པ་འདི་ཉིད་སངས་རྒྱས་དཀོན་མཆོག་གི་ངོ་བོ་བླ་མ་དང་འཕགས་པ་སྤྱན་རས་གཟིགས་ཐ་མི་དད་པ་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སོགས་དང༌། གཉིས་པའི་མཇུག་ཏུ། ཆོས་དཀོན་མཆོག་གི་ངོ་བོ་གཟུངས་ཀྱི་སྔགས་རྣམས་ལ། ཞེས་དང༌། གསུམ་པའི་མཇུག དགེ་འདུན་དཀོན་མཆོག་གི་ངོ་བོ་འཁོར་གྱི་ལྷ་ཚོགས་རྣམས་ལ། ཞེས་བསྒྱུར། དེ་ནས། ས་གཞི་སྤོས་བྱུགས་སྔགས་བཅས་བརྗོད་དོ། །གསུམ་པ་སྡིག་པ་བཤགས་པའི་དེ་ཉིད་ནི། པུས་བཙུགས་ཐལ་མོ་སྦྱར་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། དཀོན་མཆོག་གསུམ་ལ་མ་གུས་པ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། གསུང་རབ་ཀྱི་གླུད་ཟོས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་
ལྟུང་གི་ཚོགས་ཅི་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རངས་པ་དེ་དག་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །སླན་ཆད་ཀྱང་བསྡམ་པར་བགྱི་ལགས་སོ། །ཞེས་ལན་གསུམ་མཐར། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་འཕགས་པ་ལ་ཐིམ། དེ་ཉིད་སྤྱི་བོའི་གཙུག་ནས་མར་བྱོན་བདག་དང་གཉིས་སུ་མེད་པར་གྱུར། བཞི་པ་གསོ་སྦྱོང་ལེན་པའི་དེ་ཉིད་ནི། ཐོག་མར་སྡོམ་རྒྱུན་བར་མ་ཆད་པའི་སློབ་དཔོན་གྱི་མདུན་དུ་ཕྱག་གསུམ་འཚལ། ཐལ་མོ་སྦྱར་ནས་འདུག་པ་ལ། སློབ་དཔོན་གྱིས་འཆད་པར་ནུས་ན་ཆོས་བཤད་སྐབས་དང་བསྟུན་པས་མཚམས་སྦྱར། མདོར་བསྡུ་ན། འོ་སྐོལ་རྣམས་སྐུ་ཚེ་སྔོན་མ་ལ་བསོད་རྣམས་ཀྱི་ཚོགས་གཙོ་བོར་གྱུར་པའི་དགེ་བ་རྒྱ་ཆེན་པོ་བསགས་པ་ལ་བརྟེན་ནས་ཚེ་འདིར་ཡང་དལ་འབྱོར་གྱི་མི་ལུས་རྣམ་པར་དག་པ་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དུས་འདིར་སྤྱིར་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤང་ཞིང༌། སྒོ་གསུམ་གྱི་དགེ་བ་ལ་འབད་པར་བྱ་དགོས། དེ་འདྲ་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་འབད་པར་བྱའོ། །ཤི་ནས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་མྱོང་འགྱུར་ལ་བསམས་ཏེ། ཆོས་སྤྱོད་རྣམ་པར་དག་པ་འདི་ལྟ་བུ་ལ་ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇུག་པར་བྱ་སྙམ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་ཐོབ་ལ། བསླབ་པའི་གཞི་གསོ་སྦྱོང་ཡན་ལག་བརྒྱད་པའི་སྡོམ་པ་བླང་བ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་
ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར་དང༌། དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་དང༌། དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེན་པོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་བཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ཀྱང་ལན་གསུམ་བརྗོད་ནས། ཚུལ་ཁྲིམས་རྣམ་དག་གི་གཟུངས་བཟླ་བ་ནི། ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེར་གཅིག་རེ་བཟླས་ཤིང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་
རྫོགས་པར་གྱུར་ཅིག ཏིང་ངེ་འཛིན་གྱི་ཕུང་པོ༴ ཤེས་རབ་ཀྱི་ཕུང་པོ༴ རྣམ་པར་གྲོལ་བའི་ཕུང་པོ༴ རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཞེས་སོགས་ཤློ་ཀ་གཅིག་དང༌། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་སོགས་ཤློ་ཀ་གཅིག་ཀྱང་བརྗོད་དོ། །རྗེས་སུ་རྟེན་གྱི་དྲུང་དུ་བླང་བའི་སྐབས་གོང་གི་མཎྜལ་དང་སྡིག་བཤགས་གྲུབ་ནས་ཚོགས་ཞིང་མ་བསྡུས་པའི་མདུན་དུ་ལེན། སློབ་དཔོན་དགོངས་གསོལ་མི་བརྗོད། གསོ་སྦྱོང་བླངས་རྗེས་ཚོགས་ཞིང་རང་ལ་བསྡུའོ། །ལྔ་པ་བཅས་གཤོམ་གྱི་དེ་ཉིད་ནི། སྟེགས་དུ་ཁེབས་གཙང་མས་བཀབ་པའི་དབུས་སུ་མཎྜལ་བ་བྱུང་ལྔ་དང་དྲི་བཟང་གིས་བྱུགས་པ་ལ་རྡུལ་ཚོན་གྱིས་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་ལྟེ་བ་དཀར་པོ་ལ་ཟླ་གདན་སྟེང་ཚོམ་བུ་དཀར་པོ། འདབ་བཞི་ཤར་དམར་པོའི་སྟེང་ཟླ་གདན་ལ་ཚོམ་བུ་དམར་པོ། ལྷོར་དམར་པོའི་སྟེང་ཉི་གདན་ལ་ཚོམ་བུ་དམར་པོ། ནུབ་ནག་པོའི་སྟེང་ཉི་གདན་ལ་ཚོམ་བུ་ནག་པོ། བྱང་དཀར་པོའི་སྟེང་ཟླ་གདན་ལ་ཚོམ་བུ་དཀར་པོ་དགོད། མཚམས་བཞི་མཛེས་ཚོན་བྱ། དེ་རྒྱབ་གྲུ་བཞིར་བཅད་པའི་ཤར་ཁྱམས་སོགས་ཕྱོགས་མདོག་བྱས་པ་དགོད། དེའི་མདུན་ནམ་གཡས་གཡོན་གང་བདེར་མེ་ཏོག་གི་ཚོམ་བུའམ་པདྨའི་གདན་ལ་བུམ་པ། ཨོཾ་ཨ་མྲྀ་ཏོ་དྦྷ་བོདྦྷ་བས་བསང༌། དྲི་བཟང་གི་ཆུས་སུམ་གཉིས་དགང༌། བྱ་རྒྱུད་ཀྱི་བུམ་རྫས་བཅོ་ལྔ་པ་གཞུག འོ་མ་ཅན་ནམ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། རས་ཁ་ཚར་མ་ཉམས་བས་མགུལ་ཆིངས་བྱས་པ་དགོད། ཆུ་གཉིས་ཉེར་སྤྱོད་འཛོམས་ན་སོ་སོའི་རྫས་ལྡན་དང༌། འབུལ་གཏོར་དཀར་ཟླུམ་དཀར་གསུམ་མངར་གསུམ་ལས་བཅོས་པ་རྣམས་གཙང་སྒྲ་དང་ལྡན་པར་བཀོད། ཨ་ག་རུའི་བདུག་སྤོས་དང༌། མཆོད་པའི་མཎྜལ། ཁྲུས་ཆབ། ཏིང་ཤགས་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །དྲུག་པ་སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཀྱི་དེ་ཉིད་ནི། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེའི་སེམས་དྲག་ཏུ་བསྒོམས་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་
དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་ཉེར་གཅིག་བརྗོད་པའི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། གནས་ཡོ་བྱིན་རླབས་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ན་མ་སྶརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟྟེ་བྷྱཿསྭཱ་ཧཱ། ཨོཾ་བཛྲ་སྥ་ར་ཎ་ཁཾ། མཆོད་པའི་སྤྲིན་གྱི་གཟུངས་བརྗོད། ཚོགས་ཞིང་གསལ་གདབ་པ་ནི། ས་ཕྱོགས་དག་
པའི་ཞིང་གི་དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་པད་ཟླ་ཉི་མའི་གདན་སོ་སོའི་སྟེང་དུ་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ་ལ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་གསལ་བར་གྱུར། སྤོས་བཏུལ། མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་སྦྱར་ལ། ཨོཾ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་འཚལ། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། དེ་ནས་ཐོག་མར་གནས་ལྔ་ས་ལ་འདུད་པའི་ཕྱག་འཚལ་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །དགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ༴ །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང༌། རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ༴ །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ༴ །དུས་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །མཁའ་ཁྱབ་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །གང་གི་སྒྲུབ་ཐབས་གསོ་སྦྱོང་བརྒྱུད་པ་ཡི། །བླ་མ་རྣམས་ལ་གུས་པས༴ །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་
ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ༴ །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ༴ །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་བ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང༴ །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ན་ཡང་མཆོད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག༴ །འགྲོ་བ་ཉོན་མོངས་དུག་གིས་གཟིར་བ་ལ། །ཐུགས་རྗེས་དུག་སེལ་སྨན་མཆོག་བདུད་རྩི་ནི། །སྨོན་ལམ་ཆེན་པོ་གྲུབ་པར་གྱུར་པ་ཡི། །བདེ་གཤེགས་འཁོར་དང་བཅས་ལ༴ །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ༴ །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱེད་ལ༴ །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ༴ །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ༴ །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ༴ །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང༌། །བྱང་ཆུབ་སེམས་དཔའ་རྒྱལ་སྲས་དཔག་མེད་ཚོགས། །རྡུལ་གཅིག་སྟེང་དུ་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ༴ །ཡེ་ཤེས་བླ་མ་འོད་ཀྱི་ཏོག །དེ་བཞིན་སྨོན་ལམ་བློ་གྲོས་དང༌། །དབང་པོ་ཞི་དང་འཇམ་དབྱངས་ལ། །བདག་གི་གུས་པས༴ །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་བཟང་སོགས། །བྱང་སེམས་ཆེན་པོ་རྣམས་ལ༴ །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་
ལ་བཏུད་ཅིང༌། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །གཙང་རིས་མགོན་པོ་འཁོར་དང་བཅས། །མགོན་པོ་ལྕམ་དྲལ་ལ་སོགས་པའི། །ཆོས་སྐྱོང་རྣམས་ལ༴ །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པ་རྣམས་དང༌། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པ་རྣམས་ཀྱིས་ཕྱག་བྱ། མཆོད་པ་འབུལ་བ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུགས་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་པ་དང༌། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་ཁྱབ་པར་སེམས་ཀྱིས་མངོན་སྤྲུལ་ནས། །
གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཅེས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་ཞེས་པ་དང༌། དེ་བཞིན་དུ་སྔགས་ཀྱི་མགོ་མཇུག་གཉིས་པོ་འོག་མ་རྣམས་ལའང་སྦྱར་ལ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ནཻ་ཝིདྱཱ། བཛྲ་ཤབྡ་ཞེས་པའི་བར་གྱིས་མཆོད། མཎྜལ་ཚོམ་བུ་སོ་བདུན་མ་སྤྱི་ལྟར་གྱི་མཇུག བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སོགས་ཀྱི་མཐར། ས་གཞི་སྤོས་བྱུག གང་གི་མཆོད་རྫས་སོགས་ཚིགས་སུ་བཅད་པ་རྣམས་དང༌། དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་ལོ་ཀེ་ཤྭ་ར་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་འབུལ། སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མེ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །
བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཆགས་སྡང་མེད་པའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་བརྗོད་དེ་ཚོགས་ཞིང་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་མོ། །བདུན་པ་བདག་བསྐྱེད་བཟླས་པ་དང་བཅས་པའི་དེ་ཉིད་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོར་གྱུར། དེའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་རྟ་བབས་བཞིས་མཛེས་པར་བྱས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པྃ་ལས་པདྨ་དཀར་པོའི་སྟེང་དུ་ཟླ་བའི་གདན། ཤར་དུ་པྃ་ལས་པདྨ་དམར་པོའི་སྟེང་དུ་ཟླ་བའི་གདན། ལྷོར་པྃ་ལས་པདྨ་དམར་པོའི་སྟེང་དུ་ཉི་མའི་གདན། ནུབ་ཏུ་པྃ་ལས་པདྨ་ནག་པོའི་སྟེང་དུ་ཉི་མའི་གདན། བྱང་དུ་པྃ་ལས་པདྨ་དཀར་པོའི་སྟེང་དུ་ཟླ་བའི་གདན། དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོ་འཛིན་པ། དར་གྱི་ན་བཟའ་ཅན། མཆོད་ཕྱིར་ཐོགས་དཀར་པོ་འཆང་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞུགས་པ།
ཤར་དུ་ཧ་ལས་དོན་ཡོད་ཞགས་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་ལྕགས་ཀྱུ་དང་ཕྲེང་བ་འཛིན་པ། རྒྱན་དམར་པོ་དང་སྟོད་གཡོགས་བསྣམས་པ། ལྷོར་ཧཱུྃ་ལས་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་དབྱུག་པ་དང་སྡིགས་མཛུབ། གཡོན་གཉིས་ན་འཁོར་ལོ་དང་པདྨ་འཕྱར་བ། དབུའི་སྟེང་ན་རྟ་མགོ་ལྗང་གུ་དང༌། དབུ་སྐྲ་སྨིན་མ་དམར་སེར། ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་དང་ལྡན་པ། སྦྲུལ་རྒྱན་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ནུབ་ཏུ་ཕ་ལས་ལྷ་མོ་རལ་གཅིག་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་བརྒྱད་མ། གཡས་བཞི་ན་རལ་གྲི་དང་ཞགས་པ་པདྨ་དང་མདའ། གཡོན་བཞི་ན་འཁོར་ལོ་དང་དབྱུག་པ་རྩེ་གསུམ་དང་གཞུ་བསྣམས་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། རལ་པ་དམར་སེར་གཅིག་ཏུ་འཁྱིལ་བ། སྦྲུལ་རྒྱན་དང༌། གླང་པོ་ཆེའི་པགས་པའི་སྟོད་གཡོགས་དང༌། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་གིས་བཞུགས་པ། བྱང་དུ་ཊ་ལས་ཁྲོ་གཉེར་ཅན་སྐུ་མདོག་སྐྱ་བོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་ན་པདྨ་དང་དབྱུགས་པ། གཡོན་གཉིས་ན་སྤྱི་བླུགས་དང་ཕྲེང་བ། གཞོན་ནུ་དར་ལ་བབས་པ། རལ་པའི་ཐོར་ཚུགས་ཅན། དར་དཀར་གྱི་ན་བཟའ་དང་རྒྱན་གྱིས་བརྒྱན་པ། ཞབས་གཡོན་པའི་བོལ་གོང་ལ་གཡས་པའི་སོར་མོ་བརྟེན་པའི་ཚུལ་གྱིས་བཞེངས་སྟབས་ཀྱིས་བཞུགས་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱི་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་མོ་གྷ་པཱ་ཤ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་
རི་ཝཱ་ར་ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྪ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱན་རས་གཟིགས་ལ་འོད་དཔག་མེད། དོན་ཡོད་ཞགས་པ་ལ་རྣམ་པར་སྣང་མཛད། རྟ་མགྲིན་ལ་རིན་ཆེན་འབྱུང་ལྡན། རལ་གཅིག་མ་ལ་མི་བསྐྱོད་པ། ཁྲོ་གཉེར་ཅན་ལ་དོན་ཡོད་གྲུབ་པས་དབུར་བརྒྱན། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་ཧྲཱིཿལ་ཐིམ། ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཀཱ་རུ་ཎཱ་ཡ་མཱུརྟྟ་ཡ་ཧཱུྃ་ཛཿསྭཱ་ཧཱ། སྤྱན་རས་གཟིགས་ཀྱི་སྙིང་པོའོ། །ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་དོན་ཞགས་དང༌། ན་མཿས་མནྟ་བུདྡྷཱ་ནཱཾ་ཧཾ་ཁ་ཏ་བྷུཉྫ་སཏྭཱ་ཡ་སྭཱ་ཧཱ། ཞེས་རྟ་མགྲིན་དང༌། ཨོཾ་ཨེ་ཀ་ཛཱ་ཊི་མ་ཧཱ་ར་ཥ་ཎ། ཏྲཱ་ས་ཡ་ཏྲཱ་ས་ཡ། ས་མ་ས་མ་པྲ་ཤ་མ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་རལ་གཅིག་མ་དང༌། ན་མཿས་མནྟ་བུདྡྷ་ནཱཾ་སརྦ་བྷ་བ་པཎྜར་ཎཱི་ཧཱུྃ་ཕཊ་པ་ཏཱ་ཡ་སྭཱ་ཧཱ། ཞེས་ཁྲོ་གཉེར་ཅན་གྱིའོ། །གཙོ་བོ་ལ་སྔགས་བརྒྱ་རྩ་སོང་ན་འཁོར་ལ་བཅུར་བཟླས་ཏེ་དེས་རིགས་འགྲེས་སྦྱར། འདིར་བཟླ་བྱའི་གཙོ་བོ་ནི་གཟུངས་སྔགས་ཉིད་ཡིན་ཏེ་དེ་ནི་སངས་རྒྱས་རྗེས་སུ་དྲན་པས་གདོན་པར་གསུངས་ཏེ། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་འཕྲུལ་པ་སྟེ། སེམས་དེ་ནི་སྒྱུ་མ་དང་རྨི་ལམ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ལ་ཅི་ཡང་མ་གྲུབ་པར་བསམ་པ་ནི་ཆོས་སྐུའི་སངས་རྒྱས་བདག་མེད་པ་རྗེས་སུ་དྲན་པ་དང༌། གཟུགས་སྐུའི་སངས་རྒྱས་ལྷ་ལྔ་པོའི་རྣམ་པ་གསལ་ལམ་མེར་རྗེས་སུ་དྲན་པའི་ངང་ནས། དོན་ཡོད་ཞགས་པའི་སྙིང་པོའི་མདོའི་དབུ་ནས་བརྩམས་ཏེ། དོན་གྱི་ཕྱིར་ཡང་ངོ༌། །བར་ལན་གཅིག གཟུངས་རིང་ལན་བདུན་ནམ་གསུམ་
བཀླགས་པས་ལས་ཐམས་ཅད་གྲུབ་པ་ཡིན་ནོ། །ཞེས་སོགས་ཕྱིན་ཆད་ཚར་གཅིག་བརྗོད། དེ་ནས་ཕ་རོལ་ཕྱིན་པ་དྲུག་གི་གཟུངས་ལན་གསུམ་རེ་སོགས་བརྗོད། མཐར་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཨོཾ་ཨ་མོ་གྷ་པཱ་ཤ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་སོགས་གོང་ལྟར་གྱིས་མཆོད། ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་མགྲིན་དཔལ། །རལ་གཅིག་མ་དང་ལྷ་མོ་ཁྲོ་གཉེར་ཅན། །འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འཁོར་བཅས་རང་ལ་གཉིས་སུ་མེད་པར་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །དོན་ཞགས་ལྷ་ལྔ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། བརྒྱད་པ་མདུན་བསྐྱེད་ཀྱི་ཆོ་ག་གཟུངས་བཟླས་བྱ་བའི་དེ་ཉིད་ནི། མདུན་གྱི་དཀྱིལ་འཁོར་ལ་དམིགས་ཏེ། ཨོཾ་སྭ་བྷཱ་བ་སོགས་བརྗོད། སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། ཞེས་པ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པའི་བར་བདག་བསྐྱེད་ལྟར་ལ། མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སོགས་ནས་དབང་བསྐུར་རྒྱས་གདབ། སྙིང་པོ་རྣམས་ཅུང་ཟད་རེ་དང༌། གཙོ་བོར་གཟུངས་གོང་དུ་བཤད་པ་ལྟར་བཟླ། གཙོ་བོའི་ཕྱག་གཡས་པ་ལས་བབས་པའི་བདུད་རྩིས་བུམ་པ་གང་བའི་དམིགས་པའང་བྱའོ། །དགུ་པ་མཆོད་བསྟོད་བྱ་བའི་དེ་ཉིད་ནི། དེའང་ཡན་ལག་བདུན་གྱི་སྒོ་ནས་བསགས་སྦྱང་བྱ་བ་སྟེ། བདག་མདུན་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་སྲས་དང་སློབ་མ་གཡོག་དང་བཅས་ཤིང་མགྲོན་ཐབས་ཀྱི་ལྷ་གསར་དུའང་འདུས་པར་བསམས་
ཏེ། ཨོཾ་ཕྱོགས་དུས་ཀུན་ཁྱབ་ནས་མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བར་གོང་དུ་བཤད་པ་ལྟར་ཕྱག་བྱ། མཆོད་པ་ཁ་གསོས་ལ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་དང༌། གཞན་ཡང་འཕན་གདུགས་བླ་བྲེ་རྒྱལ་མཚན་བ་དན་ལ་སོགས་པ་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་རྒྱ་ནམ་མཁའི་ཁྱོན་དང་མཉམ་ཞིང་དུས་ཞིང་ཁམས་ཇི་སྲིད་དུ་གནས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ་ནས་ཤབྡ་སྭཱ་ཧཱའི་བར་ཕྱག་རྒྱ་དང་བཅས་ཤིང༌། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་དབབ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་གུ་རུ་ལོ་ཀ་ནཱ་ཐ་དེ་ཝ་ཌཱ་ཀི་ནཱི་ཏྲཾ་རཏྣ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཞབས་བསིལ་ལ། པཱ་དྱཾ་པཱུ་ཛ་མེ་གྷ་ས་མུ་དྲ་སོགས་དང༌། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས་སིལ་སྙན་གྱི་བར། པུཥྤེ་པཱུ་ཛ་མེ་གྷ་ས་མུ་ཏྲ་ནས། ཤབྡ་པཱུ་ཛའི་བར་གྱིས་དབུལ་ལོ། །དེ་ནས་མཎྜལ་རྒྱས་བསྡུས་གང་རུང་ཞིག་དབུལ། སྤྲོ་ན། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །རིན་ཆེན་བླ་བྲེ་ཡིད་འོང་རྒྱན་དང་བཅས། །ཆེན་པོའི་ཉེར་སྤྱད་བདེ་བ་སྒྲུབ་པ་ཡང༌། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཨོཾ་བཛྲ་བི་ཏཱ་ན་ཨཱ་ཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །ལྷ་རྫས་ལས་བྱུང་སྣ་ཚོགས་མདོག་དང་ལྡན། །བ་དན་ཡིད་འོང་ཕྱོགས་བཅུར་གཡོ་བ་ཡང༌། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཨོཾ་བཛྲ་པཱ་ཏཱ་ཀཱི་ཨཱཿཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །རྒྱལ་བ་སྲས་དང་བཅས་ལ་དབུལ་
བར་བགྱི། །ཨོཾ་བཛྲ་ཙྪ་ཏྲཾ་ཨཱཿཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །རིན་ཆེན་རྒྱལ་མཚན་ནོར་བུའི་ཏོག་གིས་སྤྲས། །བདུད་ཀྱི་དགྲ་ལས་རྒྱལ་བའི་རྒྱལ་མཚན་ཕྱར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཨོཾ་བཛྲ་དྷྭ་ཛ་ཨཱཿཧཱུྃ། ཞེས་སོགས་མཆོད་པའི་ཡོ་བྱད་ཇི་སྙེད་པས་མཆོད། སྡིག་པ་བཤགས་པ་ནི། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བའི། །བཅས་པའི་སྡིག་པ་གང་ཡིན་པ། །གང་ཡང་རུང་བ་བགྱིས་བ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོད་མི་བགྱིད། །རྗེས་སུ་ཡི་རང་བ་ནི། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་གསོལ་བདེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ༌། །ཆོས་འཁོར་བསྐུལ་བ་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐུམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །མྱ་ངན་མི་འདའ་བར་གསོལ་བ་གདབ་པ་ནི། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོང་བར་མི་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་སུ་གསོལ། །བསྔོ་བ་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་ཡན་ལག་བདུན་གྱིས་མཆོད། བསྟོད་པ་དྷ་བྱང་ཆུབ་སེམས་དཔས་མཛད་པ་སོགས་ཀྱིས་བསྟོད་དོ། །བཅུ་པ་གསོལ་བ་གདབ་པའི་དེ་ཉིད་ནི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཆོས་ཉིད་ཀུན་ཏུ་མྱུར་དུ་བྱང་གྱུར་ཅིག །ཐུགས་རྗེ༴ །བདག་གིས་ཤེས་རབ་སྤྱན་ནི་མྱུར་དུ་ཐོབ་གྱུར་ཅིག །ཐུགས་རྗེ༴ །
བདག་གིས་སེམས་ཅན་ཐམས་ཅད་མྱུར་དུ་སྒྲོལ་གྱུར་ཅིག །ཐུགས་རྗེ༴ །བདག་གིས་ཐབས་ལ་མཁས་པ་མྱུར་དུ་ཐོབ་གྱུར་ཅིག །ཐུགས་རྗེ༴ །བདག་ནི་ཤེས་རབ་གྲུ་རུ་མྱུར་དུ་ཞུགས་གྱུར་ཅིག །ཐུགས་རྗེ༴ །བདག་ནི་སྡུག་བསྔལ་མཚོ་ལས་མྱུར་དུ་བརྒལ་གྱུར་ཅིག །ཐུགས་རྗེ༴ །བདག་གིས་ཚུལ་ཁྲིམས་ལམ་ལ་མྱུར་དུ་རྫོགས་གྱུར་ཅིག །ཐུགས་རྗེ༴ །བདག་གིས་མྱང་འདས་རི་ལ་མྱུར་དུ་འཛེགས་གྱུར་ཅིག །ཐུགས་རྗེ༴ །བདག་གིས་འདུས་མ་བྱས་གྱི་ཁང་པར་མྱུར་དུ་འདུས་གྱུར་ཅིག །ཐུགས་རྗེ༴ །བདག་གིས་མྱུར་དུ་ཆོས་ཉིད་སྐུ་དང་མཐུན་གྱུར་ཅིག །གལ་ཏེ་བདག་གིས་མཚོན་གྱི་རི་ལ་ཕྱོགས་གྱུར་ན། །མཚོན་གྱི་རི་ནི་རབ་ཏུ་ཞིག་ཅིང་སྙིལ་གྱུར་ཅིག །གལ་ཏེ་བདག་གིས་ཆུ་ཚན་ཟངས་ལ་ཕྱོགས་གྱུར་ན། །མེ་དང་ཆུ་ཚན་རབ་ཏུ་ཞི་ཞིང་མེད་གྱུར་ཅིག །གལ་ཏེ་བདག་གིས་སེམས་ཅན་དམྱལ་བར་ཕྱོགས་གྱུར་ན། །སེམས་ཅན་ཞེ་སྡང་ཞི་ཞིང་སྡུག་བསྔལ་ཞི་གྱུར་ཅིག །གལ་ཏེ་བདག་གིས་ཡི་དྭགས་བཀྲེས་སྐོམ་ཕྱོགས་གྱུར་ན། །ཡི་དྭགས་ལྟོགས་པ་རབ་ཏུ་འགྲངས་ཤིང་ཚིམ་གྱུར་ཅིག །གལ་ཏེ་བདག་གིས་ལྷ་མ་ཡིན་དུ་ཕྱོགས་གྱུར་ན། །ལྷ་མ་ཡིན་གྱི་ངན་སེམས་ཡོངས་སུ་ཞི་གྱུར་ཅིག །གལ་ཏེ་བདག་གིས་བྱོལ་སོང་རྒྱུད་དུ་ཕྱོགས་གྱུར་ན། །བདག་གིས་ཤེས་རབ་ཆེན་པོའི་རང་བཞིན་ཐོབ་གྱུར་ཅིག །ཅེས་པ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགོངས་སུ་གསོལ། ཕན་བདེའི་འབྱུང་གནས་བདེ་བར་གཤེགས་བའི་བསྟན་པ་དར་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བར་བྱིན་གྱིས་བརླབས་ཏུ་གསོལ། སེམས་ཅན་ཐམས་ཅད་བདེ་ཞིང་དམ་པའི་ཆོས་སྤྱོད་པར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་
བརླབ་ཏུ་གསོལ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་ཚོགས་རྫོགས་སྒྲིབ་པ་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །བཅུ་གཅིག་པ་མཆོད་གཏོར་འབུལ་བའི་དེ་ཉིད་ནི། མཆོད་གཏོར་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨ་མོ་གྷ་པཱ་ཤ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་ཕུལ། དེའི་ཚེ་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་བདུད་རྩི་དྲངས་ཏེ་བཞེས་པས་མཉེས་པར་བསམ། སྔར་བཞིན་མཆོད་པས་མཆོད། བསྟོད་པས་བསྟོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །བཅུ་གཉིས་པ་སྨོན་ལམ་གདབ་པའི་དེ་ཉིད་ནི། ཐོག་མར་བྱིན་རླབས་དང་བཅས་པའི་མཆོད་བསྟོད་བསྡུས་པ་ཞིག་གཏང་རག་གི་ཚུལ་དུ་ཕུལ། དེ་ནས། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །སྤྱན་རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་གདབ། བཅུ་གསུམ་པ་ལྷག་ཆད་ཁ་སྐོང་བའི་དེ་ཉིད་ནི། ཐོག་མར་མེ་ལོང་དུ་ལྷའི་གཟུགས་བརྙན་ཤར་བ་ལ་བུམ་ཆུ་བླུགས་ཤིང༌། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་པས། །འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་སྐུ་ཁྲུས་གསོལ། སྤྲོ་ན་ཇི་ལྟར་བལྟམས་པ་སོགས་ཁྲུས་ཆོག་རྒྱས་པ་དྲི་ཕྱིས་ན་བཟའ་འབུལ་བའི་བར་བྱ། དེ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་
པ་བདག་ཅག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པར་གྱུར་ཅིང༌། སེམས་བྱིང་བ་དང་རྒོད་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་ཆད་དུ་གྱུར་པ་དང༌། གཙང་སྦྲ་ཆུང་བ་ལ་སོགས་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ལ་བཟོད་པར་གསོལ་གྱིས། བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་པདྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། པདྨ་མཱ་མེ་མུཉྩ། པདྨཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཅི་ནུས་སམ་ལན་བདུན་ནམ་གསུམ་བརྗོད། བཅུ་བཞི་པ་ཁྲུས་ཆུའི་བྱིན་རླབས་ལེན་པའི་དེ་ཉིད་ནི། གཙོ་བོའི་སྙིང་པོ་ལན་གཅིག་བརྗོད་པས། དཀྱིལ་འཁོར་གྱི་ལྷ་ཚོགས་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་འཕགས་པ་གཙོ་འཁོར་ལྔ་མདུན་གྱི་ནམ་མཁར་བྱོན། དེ་རྣམས་ཀྱི་ཕྱག་གཡས་པ་ལས་བདུད་རྩིའི་རྒྱུན་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་བབས་ལུས་ཕྱི་ནང་མེད་པར་ལན་གསུམ་དུ་བཀྲུས་པས་དང་པོས་ཉོན་སྒྲིབ་དག གཉིས་པས་ཤེས་སྒྲིབ་དག གསུམ་པས་སྐྱེ་མེད་ཆོས་སྐུ་ཐོབ་པར་བསམས་ལ། དུང་ཞལ་གྱི་ཆུ་ལ་གཟུངས་བུམ་གྱི་ཆུ་ཐིགས་བསྲེས་ཏེ། གདོང་དང་ཁ་ལན་གསུམ་དུ་བཀྲུས་ཤིང་འགྲུབ་ན་གཟུངས་རིང་བཟླ། མི་ལྕོགས་ན་སྙིང་པོ་རྣམས་བཟླ་བཞིན་པས་བུམ་ཆུ་ལན་གསུམ་འཐུང༌། ལྷ་ལྔ་པོ་རྣམས་རིམ་པར་རང་གི་སྤྱི་བོར་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་ཅིང་ཅུང་ཟད་མཉམ་པར་བཞག་པས་ཡེ་ཤེས་རྡོ་རྗེའི་ངོ་བོར་གྱུར། བཅོ་ལྔ་པ་བསྐྱེད་རིམ་འཇུག་ལྡང་གི་དེ་ཉིད་ནི། མདུན་བསྐྱེད་དཀྱིལ་འཁོར་ཚོམ་བུའི་ལྷ་ལ་དམིགས་ཏེ། ཐུགས་རྗེའི་ཕྱག་ན་པདྨ་ཡིས། །ཡིད་ཀྱི་པདྨོ་ཁ་ཕྱེ་ནས། །རིན་པོ་ཆེ་ལྟར་གཤེགས་ནས་ཀྱང༌། །ཚུར་བྱོན་ཐུགས་རྗེ་ཆེན་པོ་མུ། །ཞེས་བརྗོད་པས་མདུན་བསྐྱེད་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམས་ལ།
རྟེན་ཡོད་ན་བརྟན་བཞུགས་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། ཉིན་ཕྱི་མའི་རྗེས་ཆོག་གི་སྐབས་ཡིན་ན་མེ་ཏོག་གམ་རྡུལ་ཚོན་གྱི་ཚོམ་བུ་བསྡུས། གཟུངས་སྒྲུབ་ཀྱི་བུམ་ཆུ་སྨྱུང་གནས་སྒྲུབ་པའི་ཕྱག་བཞེས་སྤྱི་ལྟར་སྤྱད་པར་བྱའོ། །རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུ་སྒྱུ་མ་ལྟར་ལྡང་ཞིང་སྤྱོད་ལམ་ཀུན་ལྷ་སྔགས་སྙིང་རྗེའི་རྣལ་འབྱོར་དང་མི་འབྲལ་བར་བྱའོ། །བཅུ་དྲུག་པ་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་ཞིང་བཀྲ་ཤིས་མཐའ་རྒྱས་ཀྱི་དེ་ཉིད་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། འདི་ལྟར་བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ལ་བསླབས་ཤིང་སྒོམ་བཟླས་བགྱིས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕགས་པ་གཟི་བརྗིད་འོད་དཔག་མེད་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །སོགས་བཟང་སྤྱོད་གཤམ་གྱི་སྨོན་ལམ་ཡོངས་རྫོགས་དང༌། རྒྱས་པར་སྤྲོ་ན་སྨོན་ལམ་གཞན་ཡང་རྒྱས་པར་གདབ་བོ། །དེ་ནས་ཤིས་བརྗོད་ནི་མེ་ཏོག་འཐོར་བཞིན་པས། སྟོན་མཆོག་དམ་པ་སོགས་ཞལ་ནས་གསུངས་པའི་ཚིགས་བཅད་ཀྱིས་ཐོག་དྲངས། རྒྱས་བསྡུས་སྐབས་སུ་བབ་པར་བརྗོད་པས་གྲུབ་བོ། །ཆོ་ག་འདི་དུས་ཁྱད་པར་ཅན་ལ་སྦྱོར་དངོས་རྗེས་ཚང་གིས་ཉམས་སུ་ལེན་ན། ཟླ་བ་ཡར་ངོའི་ཚེས་བདུན་ལ་སྦྱོར་བ་སྟན་གཅིག བརྒྱད་ལ་དངོས་གཞི་སྨྱུང་གནས། དགུ་ལ་རྗེས་ཆོག་བྱས་པས་ཚར་གཅིག་འགྲུབ། དེ་ལྟར་ལན་བདུན་བྱས་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་ཞིང༌། གཞན་ཡང་མདོ་དང་རྟོག་པ་ལས་གསུངས་པའི་ཕན་ཡོན་ཚད་མེད་པ་རྣམས་འཐོབ་པར་འགྱུར་རོ། །དེའང་བརྒྱ་རྩ་བརྒྱད་སོགས་མྱུར་དུ་གྲུབ་པར་འདོད་ན། ཚེས་བརྒྱད་དང༌། བཅུ་བཞི་དང༌། ཉེར་གསུམ། ཉེར་དགུ་ལ་དངོས་གཞི་ཁེལ་བར་བྱས་ཏེ་དེ་དག་གི་སྔ་ཕྱི་ཉིན་ལ་སྦྱོར་བ་དང་རྗེས་ཆོ་ག་བྱ། དེ་
ཙམ་མི་ནུས་ན་གོང་དུ་བཤད་པའི་ཚེས་རྣམས་ལ་དངོས་གཞི་སྨྱུང་གནས་ཀྱི་ཆོ་ག་བྱ་ཞིང་གཟུངས་བཟླས་ཀྱང་མདོའི་དངོས་བསྟན་ཡིན་པས་ཆོག་གོ །སྦྱོར་དངོས་གཉིས་ལ་ཆོ་ག་ཚར་གསུམ། རྗེས་ཆོག་ལ་ཚར་གཅིག་གཏོང་དགོས་པས་ཆོ་ག་ཕྱི་མ་གཉིས་དང་རྗེས་ཆོག་སྐབས་གསོ་སྦྱོང་ལེན་མི་དགོས་པ་མ་གཏོགས། ཁྲུས་ནས་བསྔོ་བའི་བར་བསྐྱར་ནས་བྱ་བར་གསུངས། སྦྱོར་བའི་ཉིན་ཉི་མ་ཕྱེད་ཡན་ཆད་དཀར་གསུམ་གྱི་བཟའ་བཏུང་བྱ། ཕྱེད་མན་ཆད་ཇ་དང་ཆུ་གཙང་ཞུན་མར་མ་གཏོགས་བཟའ་བཏུང་ཅིའང་མི་བྱ། མདོ་འདི་ཉིད་ལས་འབྱུང་བ་ཤ་ཆང་སྒོག་བཙོང་འབྱུང་པོའི་ལྷག་མ་རྣམས་དང༌། བྱ་བ་སྤྱི་རྒྱུད་ལས་གསུངས་པ་བུ་རམ་དང་ཏིལ་དང་ལ་ཕུག་རྣམས་ཀྱང་སྤང༌། ཁམས་ངན་ན་བུ་རམ་བསྟེན་ན་ཉེས་པ་ཆུང་བར་གསུང༌། དངོས་གཞི་ཉིན་ནངས་མོ་སྔ་བར་གནས་ཁང་ཕྱག་དར་དང་ཁྲུས་བྱ། གོས་གསར་པ་གྱོན། ད་ནངས་ནམ་ལངས་ནས་སང་ནམ་ལངས་ཀྱི་བར་དུ་སྨྲ་བ་བཅད་དེ་ངག་གི་ལས་ཐམས་ཅད་ཡིད་ཀྱིས་བྱ་བ་འདི་བྱ་རྒྱུད་ཀྱི་བསམ་གཏན་ཡན་ལག་ཡིན་པར་གསུངས། འདོན་བྱ་རྣམས་ཀྱང་ཡིད་ཀྱིས་བརྗོད། གཟུངས་དངོས་ཤུབ་བུར་བཟླ། རབ་མཆིལ་མའང་མི་མིད། འབྲིང་མཆིལ་མ་མིད་ཅིང་ཆུས་ཁ་སྐོམ་བསལ། ཐ་མ་རྒས་པ་དང་རླུང་ནད་ཅན་དག་འོ་མ་དང་ཞོ་དང་མར་རྣམས་བསྲེས་ནས་བསྐོལ་གྲངས་སྔ་དྲོ་མན་ཆད་བསྟེན་པར་བཤད། གཟུངས་བཟླ་བའི་སྐབས་སུ་གློ་ལུ་བ། སྒྲེགས། སྦྲིད་པ། གཡལ་བ། འོག་རླུང་སོགས་བྱུང་ན་ཁྲུས་དང་ཉེ་རེག་གམ་ཁ་བཤལ་ལ་ཕྲེང་སྐོར་དེའི་སྔགས་གྲངས་སུ་མི་བརྩི་བར་མདོ་འཛིན་ནས་བསྐྱར་ཏེ་བགྲང༌། རྗེས་ཆོག་ཉིན་ཀྱང་བཟའ་བ་མ་ཡིན་པ་རྣམས་སྤངས་ལ་དཀར་གསུམ་གྱི་ཁ་ཟས་ཁམས་བཟང་ན་ཆོ་ག་གྲུབ་ནས་བྱ། སྔོན་རྗེས་ཐམས་ཅད་དུའང་ཉིན་མཚན་གྱི་བར་མཚམས་ཀུན་ཏུ་སངས་རྒྱས་རྗེས་སུ་དྲན་པ་དང༌། གསང་སྔགས་ཀྱི་བཟླས་པ་དང༌། ཕྱག་མཆོད་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །དུས་རྒྱུན་དུ་གཟུངས་འདོན་པར་མོས་ན་ཁྲུས་དང་གཙང་སྦྲ་བྱ། བཟའ་བ་མ་ཡིན་པ་སྤངས་ལ། སྐྱབས་སེམས་སྔོན་
དུ་འགྲོ་བས། མདུན་དུ་རི་པོ་ཏ་ལའི་གསེབ་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེན་པོའི་ནང་དུ། འཁོར་བསམ་གྱིས་མི་ཁྱབ་པའི་དབུས་པདྨའི་གདན་དང་ཟླ་བའི་སྟེང་ན་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱུགས་བདག་གི་ཆ་ལུགས་ཅན་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང༌། དབུའི་གཡས་ན་ཟླ་ཚེས་ཕྱེད་པས་བརྒྱན་པ། ཚངས་པ་ཆེན་པོ་བཞིན་རལ་པའི་ཐོར་ཚུགས་སྟེང་དུ་བཅིངས་པ། ལྷའི་དྲང་སྲོང་གི་ཆ་ལུགས། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་སྣམ་དཀྲིས་བྱས་པ། ཕྱག་གཡས་པ་མཆོག་སྦྱིན་ཞིང༌། གཡོན་པས་པདྨ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་དར་གྱི་ཤམ་ཐབས་ཅན་འོད་ཟེར་བརྒྱ་ཕྲག་མ་ལུས་པ་འགྱེད་ཅིང༌། དབུའི་སྤྱི་གཙུག་ན་སངས་རྒྱས་འོད་དཔག་མེད་ཀྱིས་བརྒྱན་པར་བལྟས་ལ། མཆོད་པ་རྣམ་པ་ལྔ་སྔགས་ཙམ་གྱིས་འབུལ། གཏོར་མ་ཡོད་ན་བཏང༌། ཆོས་སྐུ་དང་གཟུགས་སྐུ་རྗེས་སུ་དྲན་པས་གཟུངས་ལན་གྲངས་ཇི་ལྟར་ནུས་པ་སྨྱུང་གནས་སྐབས་ལྟར་བཀླག མཐར་དགེ་བ་བྱང་ཆུབ་ཏུ་བསྔོས་པས་གྲུབ་བོ། །འདིས་ཀྱང་མཐའ་མེད་འཁོར་བར་ཉམ་ཐག་པའི། །ལུས་ཅན་མཐའ་དག་སྲིད་མཚོ་ལས་བསྒྲལ་ཏེ། །བདེ་ལྡན་ཞིང་དུ་པད་དཀར་འཆང་བ་ཡིས། །རྣམ་གྲོལ་དབུགས་ཆེན་དབྱུང་བའི་རྒྱུར་གྱུར་ཅིག །ཅེས་པ་འདིའང་བླ་མ་ཐམས་ཅད་མཁྱེན་གཟིགས་ཉིད་ཀྱིས་དགོངས་པས་རྗེས་སུ་གནང་བ་ལྟར་བློ་གྲོས་མཐའ་ཡས་ཀྱིས་ཙྭ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཀལྤ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་འཚམས་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུ་བ་གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོག་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པས་རྐང་པའི་པུས་
མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ་གད་རྒྱངས་ཆེན་པོ་དགོད་པས་ཀུན་ཏུ་འཁྲུགས་པར་བྱེད་པ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་པ་འཇིགས་པར་བྱེད་པ་ཀླུ་རྣམས་འཆིང་བར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། བྷོ་བྷོ་བཱནྣཱ་གཱ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ་ཡཿ ས་མཱ་ཏི་ཀྲ་མ་ཐ། ཨུཏྶཱ་ད་ནཾ་བྷ་བི་ཥྱཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཧི་པྲཱཔྟ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ། ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མརྨཱ་ཎི། བྷི་སཱིརྻནྟུ་ནཱ་ག་ཤ་རཱི་རཱ་ཎི། པི་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནི། ཏདྱ་ཐཱ་ཧཱུྃ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་གོཏྶཱ་ད་ནཱ་ཡ་ཕཊ། ནཱི་ལཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུམྦྷཱ་ཎྜོཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙི་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵཱ་པསྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་
ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷཱཾ་བི་ན་ཤ་ཀ་རཱ་ཡ་ཕཊ། སརྦ་ཤཏྲཱུཾ་ས་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེའི་ཆོ་ག་ལ་གནོད་སྦྱིན་གྱིས་ཟིན་པ་ལ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་གཏོར་ན་བཏང་བར་འགྱུར་རོ། །ཀླུ་ཟློག་པར་འདོད་ན་སྨྱུག་ཤད་ཀྱི་ལྕུག་མའམ་བལ་པོའི་སེའུའི་ལྕུག་མས་བྱའོ། །ཡི་དྭགས་དང་རྗེད་བྱེད་རྣམས་ལ་སྐུད་པས་བྱའོ། །རིམས་ནད་མེད་པར་བྱ་བ་དང༌། གཞོགས་ཕྱེད་ན་བ་དང་ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ནོར་འདོད་ན་ཞག་གཅིག་སྨྱུང་བར་འདུག་སྟེ་སྤོས་ཕོར་གྱིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་ལ་གསེར་གྱི་དོང་རྩེ་བདུན་སྟོང་སྦྱིན་པར་བྱེད་དོ། །རྒྱས་བཏབ་པར་དགྲོལ་བར་འདོད་ན་ཐལ་བས་བྱའོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ། །འཇིགས་པ་ཐམས་ཅད་སྲུང་བ་ལ་ནི་མར་རྙིང་པའམ། ཐལ་བའམ། ཡུངས་ཀར་གྱིས་བྱའོ། །ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་ཟློག་པར་འདོད་ན་སས་བྱའོ། །དུག་ལ་ནི་རྩྭ་ཀུ་ཤས་བྱབས་པར་བྱའོ། །བདག་སྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ། །གཞན་སྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་མམ། བདུན་ནམ། བཅུ་བཞིའམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ། །མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོས་མཆོད་དེ། སྔགས་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་
གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་དཔལ་ན་ལནྡྲའི་སྒོ་འགྲམ་དུ་བསྒྱུར།། ༈ །ལག་ན་རྡོ་རྗེའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ་བཞུགས། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་དབང་དཔལ་ལྡན་བླ་ཆེན་གྱི། །ཞབས་པད་དྲི་མེད་སྤྱི་བོས་བླངས་བྱས་ནས། །མཚུངས་མེད་རྡོ་རྗེ་འཛིན་ཆེན་གཟུངས་ཀྱི་དོན། །གཞན་ཕྱིར་རབ་ཏུ་གསལ་བ་ཉིད་དུ་བྲི། །འཕགས་པ་ལག་ན་རྡོ་རྗེའི་གཟུངས་རིང་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ནས་ཕྱུང་བའི་ལག་ཏུ་བླང་བའི་རིམ་པ་འདི་ནི་རྡོ་རྗེ་མཁའ་འགྲོ་མ་ཞིག་ལས་ཇོ་བོ་གསེར་གླིང་པ་ཨ་ཝ་དྷཱུ་ཏིས་གསན། དེས་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་ལ། དེས་དགེ་བཤེས་མགར་རོང་པ་དགེ་བ་ལ། དེས་དགེ་བཤེས་འཛང་གྱད་ཕུ་བ་ལ། དེས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལའོ། །ཡང་དེའི་བརྒྱུད་པ་གཉིས་པ་ནི། རྗེ་བཙུན་སངས་རྒྱས། དེས་ཛ་ཏཱ་རི། དེས་རྡོ་རྗེ་གདན་པ་ཆེན་པོ། དེས་རྡོ་རྗེ་གདན་པ་ཆུང་བ་ལ། དེས་བླ་མ་བ་རི་བ་ལ། དེས་བླ་མ་ས་སྐྱ་པ་ཆེན་པོ་ལ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལའོ། །དེ་ལྟར་བླ་མ་གཉིས་ལས་མནོས་པའི་གཟུངས་འདི་ལ་གསུམ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི་དབང་དང་དམ་ཚིག་ཐོབ་པའི་རྟེན་གྱི་གང་ཟག དེ་ལྟར་མ་ཡིན་ན་ཡང་སེམས་བསྐྱེད་པའམ་རིག་པ་གཏད་པ་ཐོབ་པ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་གནས་པ། རིག་སྔགས་བཟླས་པའི་ལུང་ཐོབ་པའི་གང་ཟག་ཅིག་གིས། ཁྲུས་དང་གཙང་སྦྲ་སྔོན་དུ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། སྟན་བདེ་བ་ལ་འདུག་ལ། ཐོག་མར་བསོད་ནམས་ཀྱི་ཚོགས་ཡན་ལག་བཞི་བསྒོམ་པ་ནི།
སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་ཚད་མེད་པ་དང༌། ཡུལ་སྡུག་བསྔལ་ཅན་ལ་དམིགས་ཏེ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་ཚད་མེད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་ཡན་ལག་བཞི་ནི། བདག་གི་སྙིང་གའི་ཧཱུྃ་ལས་མེ་འབར་ཏེ་བདག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནད་དང་སྡུག་བསྔལ་བགེགས་དང་ལོག་འདྲེན་ལས་དང་ཉོན་མོངས་པ་ཐམས་ཅད་བསྲེགས་པར་བསྒོམ་པ་ནི་དང་པོའོ། །དེ་ནས་ཆོས་ཐམས་ཅད་སེམས་སུ་མོས་པ་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷསྶརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པ་ནི་གཉིས་པའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མིག་ཡོར་ལྟ་བུར་བསྒོམ་པ་ནི་གསུམ་པའོ། །དེ་ནས་སྣང་བ་མི་དམིགས་པར་སྟོང་པ་ཉིད་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པ་ནི་ཡན་ལག་བཞི་པའོ། །དེ་ནས་ལྷའི་སྐུ་བསྐྱེད་པ་ཡན་ལག་བཞི་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་གཡས་ན་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། པདྨའི་གདན་ལ་ཞབས་གཡས་བསྐུམ་པས་ཉི་མ་གཡོན་བརྐྱང་བས་ཟླ་བ་མནན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་མེ་འབར་བའི་དབུས་ན་བཞུགས་པ། སྦྲུལ་འབར་བ། རིན་པོ་ཆེའི་ཅོད་པན་བྱས་པ་ཞེས་བྱ་བ་ལ་སོགས་པ་ཉམས་ཉི་ཤུ་རྩ་ལྔ་གཞུང་ནས་འབྱུང་བ་བཞིན་ངག་ཏུའང་བརྗོད་ལ། གསལ་གདབ་པ་ནི་ཡན་ལག་དང་པོ་དམ་ཚིག་སེམས་དཔའ་བསྐྱེད་པའོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམས་པ་ནི་ཡན་ལག་གཉིས་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་
ཟེར་བྱུང་སྟེ། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་སྤྱན་དྲངས་ལ། དཔལ་ཕྱག་ན་རྡོ་རྗེའི་ལུས་ལ་ཐིམ་པ་ནི་ཡན་ལག་གསུམ་པ་ཡེ་ཤེས་པ་གཞུག་པའོ། །དེ་ནས་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ། དབང་བསྐུར་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཡིད་ཀྱིས་མཆོད་དེ་དབང་བསྐུར་བར་གསོལ་བ་བཏབ་པས། དེ་དག་གིས་སྤྱི་བོ་ནས་དབང་བསྐུར་ཏེ་ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པས་དབུར་བརྒྱན་པར་བསམས་པ་ནི་ཡན་ལག་བཞི་པ་དབང་བསྐུར་ཏེ་རིགས་ཀྱི་བདག་པོས་དབུར་བརྒྱན་པའོ། །དེ་ནས་བཟླས་པའི་ཡན་ལག་བཞི་ནི། བདག་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐབས་ཅད་མདུན་གྱི་ནམ་མཁའ་སྤྱན་དྲངས་ཏེ། ཡིད་ཀྱིས་མཆོད་ལ་རིག་པ་འཛིན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་དང་རིག་སྔགས་ཟློས་ཤིག་ཅེས་གསུངས་པར་བསམས་ནས། བདག་གིས་རིག་སྔགས་བཟླས་པས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བདག་གི་བཟླས་པའི་གྲོགས་བྱེད་པར་བསམ་ཞིང༌། རིག་སྔགས་བརྗོད་པ་ནི་ཡན་ལག་དང་པོའོ། །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་རིག་སྔགས་འབྲུག་གི་སྒྲ་ལྟར་རྫོགས་པར་ཟློས་ན་སྔགས་ཀྱི་གྲལ་མགོ་ན་ཨོཾ་ཞེས་བྱ་བ་ཡོད། རྫོགས་པར་མི་འདོད་ན་ཏདྱ་ཐཱ་མན་ཆོད་རྫོགས་པ་ཡིན། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་དང༌། སློབ་དཔོན་བྷ་བས་མཛད་པ་ན་མར་རྫོགས་པར་ཟློས་པར་བཤད། འདི་གང་མོས་པ་བཟླས་པས་བཏུབ་སྟེ་ཡན་ལག་གཉིས་པའོ། །དེ་ནས་བཟླས་བརྗོད་བཤོལ་བར་འདོད་ན་སྤྱན་དྲངས་པའི་སངས་རྒྱས་དེ་རྣམས་ལ་ཡི་གེ་བརྒྱ་པས་བཟོད་པར་གསོལ་ཏེ་དངོས་གྲུབ་ཇི་ལྟར་འདོད་པ་བླངས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞལ་ནས་རིག་པ་
འཛིན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་གསུངས་པའི་རིག་སྔགས་བཟླས་པ་ནི་རྗེས་སུ་ཡི་རང་ངོ༌། །ཞེས་གསུངས་ནས་མི་དམིགས་པར་གཤེགས་པར་བསམས་པ་ནི་ཡན་ལག་གསུམ་པའོ། །སྨོན་ལམ་གདབ་པ་ནི་ཡན་ལག་བཞི་པའོ། །དེ་ནས་རྗེས་ལ་བྱུང་བའི་ཡན་ལག་བཞི་ནི། བདག་རང་ཡང་ལྷར་བསྒོམ། སྣང་བའི་དངོས་པོ་ཐམས་ཅད་ཀྱང་ལྷའི་ངོ་བོར་ཤེས་པར་བྱས་ཏེ་སྤྱོད་ལམ་བྱ་བ་ནི་ཡན་ལག་དང་པོའོ། །ཡིག་འབྲུ་གསུམ་གྱིས་ཁ་ཟས་བྱིན་གྱིས་བརླབས་ནས། ཁ་ཟས་ལྷ་མཆོད་པའི་བསམ་པས་ཟ་བ་ནི་ཡན་ལག་གཉིས་པའོ། །དེ་ནས་གཏོར་མ་ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། མདུན་དུ་དཔལ་ཕྱག་ན་རྡོ་རྗེ་བསྐྱེད་ལ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམས་ནས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། གཟུངས་སྔགས་རིང་པོ་ལན་གཅིག་གམ་གསུམ་བརྗོད་པས་མཉེས་པར་བསྒོམས་ལ། མཆོད་པ་ལྔས་མཆོད། ཅི་ཤེས་པས་ཀྱང་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ལ་སྤྱན་དྲངས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུས་ཏེ་གཏོར་མ་ས་གཙང་སར་བཏང་བ་ནི་གཏོར་མའི་རྣལ་འབྱོར་ཏེ་ཡན་ལག་གསུམ་པའོ། །དེ་ནས་ཉལ་ན་སྟོང་པ་ཉིད་དམ་ལྷའི་ང་རྒྱལ་གྱིས་ཉལ་ཤིང༌། ལྡངས་ན་སྐད་ཅིག་གིས་ལྷའི་སྐུར་ལྡངས་པ་ནི་ཡན་ལག་བཞི་པ་ཉལ་བ་དང་ལྡངས་པའི་རྣལ་འབྱོར་རོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཡན་ལག་བཞི། ཡེ་ཤེས་ཀྱི་ཚོགས་ཡན་ལག་བཞི། ལྷར་བསྐྱེད་པ་ཡན་ལག་བཞི། བཟླས་པའི་རྣལ་འབྱོར་ཡན་ལག་བཞི། རྗེས་ཀྱི་རྣལ་འབྱོར་ཡན་ལག་བཞི་སྟེ་དེ་ལྟར་ཡན་ལག་ཉི་ཤུ་ཐམ་པ་དང་ལྡན་པས་མཚན་མའི་བསྙེན་པ་ཡི་དམ་ལྷའི་ཞལ་མཐོང་བའམ། གནང་བ་ཐོབ་པའམ། དུས་ཀྱི་བསྙེན་པ་ལོ་དྲུག་གམ། གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཞིའམ། དེ་ལྟ་བུ་གང་རུང་ཞིག་སྔོན་དུ་སོང་ནས་སྒྲུབ་པ་ལ་འཇུག་པར་
བྱའོ། །ཐོག་མར་བསྙེན་པ་བསྟན་ཟིན་ཏོ། །སྒྲུབ་པ་ལ་གཉིས། སྔོན་དུ་སྦྱིན་སྲེག་ལ་བརྟེན་ཏེ་ལྷ་ཉེ་བར་སྒྲུབ་པ་དང༌། དེ་ནས་མཆོད་རྟེན་ལ་བརྟེན་ཏེ་ལྷ་ཉེ་བར་སྒྲུབ་པའོ། །དང་པོ་ནི། ཞི་བའི་སྦྱིན་སྲེག་འབའ་ཞིག་གི་སྒྲུབ་པ་ཡིན་མོད་ཀྱི། ཞར་ལས་འབྱུང་བ་ལས་བཞི་ཀའང་བརྗོད་པར་བྱའོ། །དེ་ལ་དང་པོ་ཐབ་ཁུང་ནི་རྒྱར་ཁྲུ་གང་པ། དབྱིབས་ཟླུམ་པོ་སོར་བཞི་ཕྱིར་བསྐྱེད་ནས། སོར་བཞི་དཔངས་སུ་བརྩིགས་པ་ནི་དཀར་པོ། དེའི་ཕྱི་རོལ་གྲུ་བཞི་པ་རྡོ་རྗེ་རྩེ་ལྔ་པས་མཚན་པ་ནི་སེར་པོ། མཐོ་གང་ཟབས་སུ་བྲུས་པའི་ལྟེ་བ་གྲུ་གསུམ་པ་བྲིས་པ་ནི་ནག་པོ། དེའི་མཚམས་ན་ཟླ་བ་ཕྱེད་པ་ལྟ་བུ་ཡོད་པ་ནི་དམར་པོ། ལྟེ་བར་རྡོ་རྗེ་སྔོན་པོས་མཚན་པ་ཁ་ཁྱེར་དང་མུ་རན་དཀར་པོའི་མཚན་མས་མཚན་པའོ། །དེར་བུད་ཤིང་ནི་ཞི་བ་དང་དབང་ལ་ཐབ་ཁུང་དང་ཁད་ཆད་དུ་བརྩིག རྒྱས་པ་ལ་ཅུང་ཟད་མཐོ་བ། དྲག་པོ་ལ་ཅུང་ཟད་དམའ་བ་བརྩིག ལས་འཇམ་པོ་གསུམ་ལ་བསྲེག་རྫས་གཡས་ལ་མཆོད་རྫས་གཡོན། དྲག་པོ་ལ་དེ་ལས་གོ་བཟློག་པའོ། །བསྲེག་རྫས་ནི་ཞི་བ་ལ་ཏིལ་གཙོ་བོ། ཐམས་ཅད་དུ་རྒྱས་པ་ལ་ཞོ་དང་ཟས་མཆོག ཚེ་རྒྱས་པ་ལ་དཱུརྦ། ལོངས་སྤྱོད་རྒྱས་པ་ལ་འབྲུ། དབང་དུ་བྱ་བ་ལ་ཤིང་ཏོག་སྐྱུར་པོ། དྲག་པོ་ལ་ཁྲག་དང་དུག་དང་དགྲ་བགེགས་ཀྱི་ལིངྒ་དགུག་གཞུག་བྱས་པའི་དུམ་བུ་རྣམས་སོ། །ཐམས་ཅད་དུ་མར་དང་ཡམ་ཤིང་ངོ༌། །མཆོད་རྫས་ནི་མཆོད་ཡོན་དང་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔའོ། །སྒྲུབ་པ་པོའི་ཆོས་གོས་ནི་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། ཁ་ལྟ་ཕྱོགས་ཀྱང་ཞི་བ་ལ་ཤར་དུ། རྒྱས་པ་ལ་བྱང་དུ། དབང་ལ་ནུབ་ཏུ། དྲག་པོ་ལ་ལྷོར་ཁ་བལྟ་བར་བྱའོ། །དེ་ལྟར་འཚོགས་ཆས་རྣམས་ཟིན་ནས་བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ཏེ་བཟླས་པ་འགའ་བྱ། ཐབ་ཁུང་དུ་མེ་སྤར། རང་གི་
ལྷའི་སྔགས་ཀྱིས་མེ་བསང༌། སྭབྷཱ་ཝས་སྟོང་པར་བསྒོམ། ཧཱུྃ་ལས་བྲིས་པ་དང་རྗེས་སུ་མཐུན་པའི་ཐབ་ཁུང་རྒྱ་དང་ཚད་ཡོངས་སུ་མ་ཆད་པ་བསྐྱེད། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་མེ་ལྷ་སྐུ་མདོག་དམར་པོ། གཡས་པ་བགྲང་ཕྲེང༌། གཡོན་ན་དབྱུག་པ་འཛིན་པ་རལ་པའི་ཅོད་པན་དང་ལྡན་པ། རིན་པོ་ཆེ་དང་ཚངས་པའི་སྐུད་པ་དང་ལྡན་པ་གསུས་ཁྱིམ་ཆེ་བ་ར་ལ་ཞོན་ཞིང་དྲང་སྲོང་ཕྲུ་གུས་བསྐོར་བ་སྟེ། འོན་ཀྱང་ཞི་བ་ལ་ཞལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོའི་ཚུལ་ཅན་ནོ། །དེ་ནས་དེའི་ཐུགས་ཀའི་རྃ་དང་བདག་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཤར་ལྷོའི་མཚམས་ནས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས་ཤར་ལྷོ་ན་བཞུགས་པ་ལ་མཆོད་ཡོན་ཞབས་བསིལ་དབུལ། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ། ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡིད་ཀྱིས་དབང་བསྐུར་ནས་རིགས་ཀྱི་བདག་པོ་ནི་ཞི་བ་ལ་རྣམ་པར་སྣང་མཛད། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་འོད་དཔག་མེད། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པའོ། །དེ་ནས་རྫས་བསངས་ཏེ་བདུད་རྩིར་བྱིན་གྱིས་བརླབས་ལ་དབུལ་བར་བྱ་སྟེ། རྫས་ཐམས་ཅད་ནི་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པའི་མཇུག་ཏུ་ལས་ཀྱི་ཤམ་བུ་བཏགས་ནས་དབུལ་བར་བྱ་སྟེ། དེ་ཡང་ལས་ཀྱི་ཤམ་བུ་ནི་ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ་མཱ་ར་ཡ་ཕཊ་ཅེས་པ་བཏགས་སོ། །དེ་ལྟར་བསྲེག་རྫས་ཐུན་བདུན་བདུན་ཙམ་རེ་ཕུལ་ལ། མེ་ལྷ་འབར་བའི་རྣམ་པར་ཐིམ་པར་བྱའོ། །དེ་ནས་ཐབ་ཁུང་གི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་ལྷའི་སྔགས་ཡི་གེ་བཅུ་གསུམ་པའི་ཤམ་བུ་ལ་ལས་ཀྱི་སྔགས་བཏགས་ལ་རྫས་ཐམས་ཅད་དབུལ་བར་བྱའོ། །དེ་ལ་མཆོད་པས་མཆོད་ཅིང་བསྟོད་པས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་གདབ། ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་བདག་ལ་བསྡུ་
བར་བྱའོ། །དེ་ཡང་ཐབ་ཏུ་མེ་ལྷ་སྐད་ཅིག་ཙམ་གྱིས་བསྐྱེད་ལ། བསྲེག་རྫས་ལྷག་མ་རྣམས་ཕུལ་ལ་མཆོད་པས་མཆོད་ལ། བསྟོད་པས་བསྟོད་དེ་འདོད་པའི་དོན་ལ་གསོལ་བ་བཏབ་ལ། ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་འབར་བའི་རྣམ་པར་བསམ། མཐར་ལས་ཀྱི་རྗེས་མི་མངོན་པར་བསྡུ་བར་བྱའོ། །དེ་ཡང་སྡིག་པ་ཞི་བའི་སྦྱིན་སྲེག་ནི། སྔོན་དུ་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་ཚད་དུ་ཏིལ་གྱི་སྦྱིན་སྲེག་བྱས་ལ། དེ་ནས་མཆོད་རྟེན་གྱི་སྒྲུབ་པ་བྱེད་པ་ཡིན་གྱི། ལྷག་མ་ལས་བཞི་ནི་ལས་ལ་སྦྱར་བའི་ཁོངས་སུ་གཏོགས་པ་ཡིན་ནོ། །སྦྱིན་སྲེག་གི་སྒྲུབ་པ་བསྟན་ཟིན་ཏོ། །དེ་ནས་མཆོད་རྟེན་གྱི་སྒྲུབ་པ་ནི་རིན་པོ་ཆེ་ཨིནྡཱ་ནཱི་ལའམ། མུ་མེན་ནམ་རིན་པོ་ཆེ་བརྡར་བའི་འཇིམ་པ་སྔོན་པོའང་རུང་སྟེ། བྱང་ཆུབ་ཆེན་པོའི་མཆོད་རྟེན་གདན་ཁྲི་ནས་ཏོག་གི་བར་དུ་ཡོངས་སུ་རྫོགས་པ་ཆེ་ཆུང་གི་ཚད་ལ་ངེས་པ་མེད། དེ་བཞིན་གཤེགས་པའི་རིང་བསྲེལ་ཡོད་ན་རབ། མེད་ཀྱང་རུང་སྟེ། ཆོས་ཀྱི་སྐུའི་རིང་བསྲེལ་ཞེས་བྱ་བ་གཟུངས་སྔགས་བྲིས་པ་བུམ་པའི་ནང་དུ་བཞུགས་པ་སྟེ་དེའི་སྙིང་པོ་ཅན་དུ་བྱས་ལ། རབ་གནས་ལ་སོགས་པ་རྒྱས་པར་བྱས་ཏེ་རིན་པོ་ཆེ་ལ་སོགས་པ་ཁྲི་མཐོ་བ་ཞིག་གི་སྟེང་དུ་བཞུགས་སུ་གཞུག དེའི་དྲུང་དུ་བུམ་པ་མཚན་ཉིད་དང་ལྡན་པ་ལེགས་པར་སྦྱངས་པ་མགུལ་ཆིངས་པྲོག་སྔོན་པོས་བྱས་པའམ་དཀར་པོའང་རུང་བས་མགུལ་པ་དཀྲི། ཁ་དང་ཞབས་སུ་གུ་གུལ་གྱིས་བདུག་ཅིང་ཡུངས་ཀར་གྱིས་བྲབ། སྨན་ལྔ་འབྲུ་ལྔ་རིན་པོ་ཆེ་ལྔའི་བཅུད་གཞུག ཆུ་གཙང་མ་དྲི་ཞིམ་པོས་དགང༌། ཤིང་ལོ་རློན་པས་ཁ་བརྒྱན། དུང་ཆོས་སུ་དྲི་ཞིམ་པོའི་ཆུ་བླུགས་ལ་དེའི་སྟེང་དུ་བཞག རྡོ་རྗེ་གཟུངས་ཐག་སྔོན་པོ་བཏགས་པ་དེའི་སྟེང་དུ་གཞུག་པར་བྱའོ། །དེ་ནས་མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་གཏོར་མ་བཤམས་ལ། བདག་གི་རྣལ་འབྱོར་རྫོགས་པར་བསྐྱེད། མཆོད་རྟེན་སྟོང་པ་ཉིད་ཀྱི་ངང་ལས། བྷྲཱུྃ་
ལས་མཆོད་རྟེན་དུ་བསྐྱེད། མཆོད་རྟེན་གྱི་བུམ་པའི་ནང་དུ་ཧཱུྃ་ལས་ལག་ན་རྡོ་རྗེ་ཡན་ལག་བཞི་རྫོགས་སུ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཐམས་ཅད་དུས་གཅིག་ཏུ་བསྐྱེད་དེ། བུམ་པ་སྟོང་པ་ཉིད་དུ་སྦྱངས་ལ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པའི་ནང་དུ་མཆོད་རྟེན་གྱི་བུམ་པ་བཞིན་ཧཱུྃ་ལས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཐམས་ཅད་དུས་གཅིག་ཏུ་བསྐྱེད་དེ། དེ་ནས་མཆོད་རྟེན་ལའང་གཟུངས་ཐག་གིས་དཀྲིས་ལ་གཟུངས་ཐག་གི་སྣ་ནས་བཟུང་སྟེ། བདག་གིས་བཟླས་པ་བྱས་པ་བཞིན་མཆོད་རྟེན་བུམ་པའི་ནང་ན་གནས་པ་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཟླས་པ་བྱེད་པར་བསམ་ཞིང༌། གོང་དུ་བསྟན་པའི་བཟླས་པའི་མན་ངག་བཞིན་བཟླས་པ་བྱ། ཐུན་འཇོག་ཁར་མཆོད་པས་མཆོད། བསྟོད་པས་བསྟོད་ལ་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད་དེ་བཟོད་པར་གསོལ། བཅོམ་ལྡན་འདས་ལ་གཏོར་མ་དབུལ། ཕྱོགས་སྐྱོང་དང་འབྱུང་པོའི་ཚོགས་ལ་དཔུང་བཟང་དང་མཐུན་པར་གཏོར་མ་དབུལ། གཟུངས་ཐག་གི་སྣ་ཕྱོགས་གཅིག་ལ་རྡོ་རྗེ་བཏགས་ལ་བྲིས་སྐུའམ་ལུགས་སྐུའམ་མཆོད་རྟེན་ཉིད་ཀྱི་དྲུང་དུ་སྲུང་བ་བྱས་ལ་བཞག བུམ་པ་དང་མཆོད་རྟེན་དང་བདག་དང་གསུམ་ཀ་ལ་སྐུ་གསུང་ཐུགས་ཀྱི་ཡི་གེས་བསྲུངས་ལ། སྒྲུབ་པ་པོ་བདག་རང་ཁ་ཟས་སམ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ལྟར་ཐུན་གསུམ་མམ་བཞིའམ་ཐུན་དྲུག་གི་ཚུལ་གྱིས་ལྷ་ཉེ་བར་བསྒྲུབ་པར་བྱ་སྟེ། དེའང་རྟགས་ཀྱི་སྒྲུབ་པ་དངོས་སམ་རྨི་ལམ་དུ་གནང་བ་ཐོབ་ཀྱང་རུང༌། དུས་ཀྱི་སྒྲུབ་པ་ལ་ལོ་དྲུག་གམ་ཟླ་བ་དྲུག་ཀྱང་རུང༌། གྲངས་ཀྱི་སྒྲུབ་པ་འབུམ་ཕྲག་དྲུག་གམ་འབུམ་ཕྲག་བཞི་བཟླས་ཏེ་ལྷ་ཉེ་བར་སྒྲུབ་པའོ། །དེ་ཡང་སྒྲུབ་པ་ལ་ཞུགས་ནས་མ་ཐོན་གྱི་བར་དུ་ཐུན་དང་པོ་ལ་མདུན་གྱི་གཉིས་པོ་དེ་ལེགས་པར་བསྐྱེད་ལ། ཐུན་གཉིས་པ་མན་ཆད་གསལ་
གདབ་པ་ལས་གཞི་ནས་བསྐྱེད་མི་དགོས། མཆོད་པ་དང་གཏོར་མ་ནི་སྔར་ལྟར་བྱའོ། །སྒྲུབ་པའི་གྲོགས་ཡོད་ན་བཟླས་བརྗོད་གསུང་མི་འཆད་དུ་བྱས་ན་ཡང་ལེགས་སོ། །སྒྲུབ་པ་ཐོན་པ་དང་བུམ་པའི་སྟེང་གི་དུང་ཆོས་ཀྱི་ཆུ་བུམ་པའི་ནང་དུ་བླུགས་པས་བུམ་པའི་ནང་དུ་ལྷ་རྣམས་འོད་དུ་ཞུ་བར་བསམ། མཆོད་རྟེན་གྱི་ལྷ་རྣམས་ལས་དངོས་གྲུབ་བླངས་ཏེ། བདག་གི་ཐུགས་ཀར་བསྡུས་ལ་མཆོད་རྟེན་གྱི་བུམ་པར་སླར་ཡང་ལྷ་གཉིས་པ་ཞིག་བསྐྱེད་དེ། མཆོད་པས་མཆོད་ལ་བརྟེན་པར་བཞུགས་སུ་གསོལ། བུམ་པའི་ཆུ་ལས་དངོས་གྲུབ་བླང་བར་བྱ་བའི་ཕྱིར་བཏུང་བ་དང་ལུས་ཐམས་ཅད་ལ་ཁྲུས་བྱའོ། །མཆོད་རྟེན་ལ་བརྟེན་པའི་སྒྲུབ་པ་བསྟན་ཟིན་ཏེ་སྒྲུབ་པ་གཉིས་ཀའང་བསྟན་ཟིན་ཏོ། །དེ་ལྟར་སྒྲུབ་པ་རྫོགས་པ་ཞིག་གིས་རང་དང་གཞན་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་ལས་ལ་སྦྱར་བ་ནི། འོག་ནས་འབྱུང་བའི་ལས་ཐམས་ཅད་སྔར་སྒྲུབ་པའི་སྐབས་སུ་བཤད་པ་ལྟ་བུའི་བུམ་པའི་ཆོ་ག་དང་འབྲེལ་བར་བཞེད་དེ། དེ་ལ་བུམ་པའི་ཆུ་ཟངས་གཞོང་ལ་སོགས་པའི་སྣོད་གཙང་མར་བླུགས་ལ། ཆུའི་རྡུལ་ཕྲ་རབ་ཐམས་ཅད་རྡོ་རྗེ་དམར་པོ་ཕྲ་མོ་དཔག་ཏུ་མེད་པར་བསམས་ལ། དེས་ནད་པ་ལ་གཏོར་ན་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་གཏང་བར་འགྱུར་བ་ནི་ལས་དང་པོའོ། །སྨྱུག་ཤད་དམ་བལ་པོ་སེའུའི་ལྕུག་མ་རྩེ་གསུམ་པ་རྙེད་ན་རིགས་གསུམ་མགོན་པོར་བསྐྱེད། མ་ཡིན་ན་ལྕུག་མ་ཁྲུ་གང་པ་ཕྱག་རྡོར་རང་དུ་བསྐྱེད་ལ་བྱབས་པས་ནད་ཐམས་ཅད་དྲི་མའི་སྒོ་གཉིས་ནས་ཐོན་ནས་འགྲོ་བར་བསམས་ན་ཀླུའི་གདོན་བཟློག་ནས་འགྲོ་སྟེ་ལས་གཉིས་པའོ། །སྐུད་པ་དཀར་པོ་མདུད་པ་མ་བྱས་པ་ལ་རང་ལྷར་བསྐྱེད་ནས་སྔགས་བཟླས་ཏེ་མགུལ་དུ་གདགས་པ་ནི་ཡི་དྭགས་དང་རྗེད་བྱེད་ཀྱིས་ཟིན་པ་གྲོལ་བར་འགྱུར་ཏེ་ལས་གསུམ་པའོ། །སྐུད་པ་སྔོན་པོ་སུམ་བསྒྲིལ་མདུད་པ་མ་བྱས་པར་ལྷར་བསྐྱེད་ལ་
མགུལ་དུ་གདགས་པ་ནི་རིམས་ནད་དང་གཞོགས་ཕྱེད་ན་བ་དང་ཡི་ག་འཆུས་པ་ཞི་བའི་ལས་བཞི་པའོ། །བྲིས་སྐུའམ་དཀྱིལ་འཁོར་གྱི་དྲུང་དུ་སྨྱུང་བར་གནས་ཏེ་གུ་གུལ་དཀར་པོའི་བདུག་པས་བདུགས་ན་དགེ་བ་དང་མི་དགེ་བ་ཐམས་ཅད་སྟོན་ཅིང་གསེར་གྱི་དོང་རྩེ་བདུན་སྟོང་སྟེར་བར་བྱེད་དོ། །གཞན་གྱིས་བྱས་པའི་གནོད་སྦྱིན་དང་རྦོད་གཏོང་གི་བྱད་དུ་བཅུག་ན། བ་སེར་སྐྱའི་ལྕི་བའི་ཐལ་བ་ལུས་ལ་བྱུགས་ན་ཞི་བར་འགྱུར་ཏེ་རྒྱས་བཏབ་པ་འགྲོལ་བར་འགྱུར་རོ། །ཡུངས་ཀར་རྡོ་རྗེ་ཕྲ་མོར་བསམས་ནས་སྔགས་ཟློས་ཤིང་ལྡེ་ཁུང་ནས་ཡར་གཏོར་ན་སྒོ་ལྕགས་འབྱེ་བར་འགྱུར་རོ། །ཀླུ་དང་འབྱུང་པོ་ལ་སོགས་པའི་གདོན་སྲུང་བ་ལ་སྔགས་བཟླས་པའི་མར་རྙིང་པས་བྱུགས་པའམ་ཐལ་བས་བྱུགས་པའམ་ཡུངས་ཀར་རྡོ་རྗེར་བསམས་ནས་ལུས་ལ་བཅངས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ནད་ཐམས་ཅད་སྲུང་བར་འདོད་ན་སྐུད་པ་སྔོན་པོ་ལ་རྡོ་རྗེའི་མདུད་པ་གསུམ་བྱས་ལ། དབུས་མ་ཕྱག་ན་རྡོ་རྗེ། གཡས་འཇམ་དཔལ། གཡོན་སྤྱན་རས་གཟིགས་སུ་བསམས་ལ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ཚོན་སྣ་ལྔའི་སྐུད་པ་ལའང་མདུད་པ་སྔ་མ་བཞིན་དུ་བྱས་ནས་གསང་སྔགས་ཟློས་པས་མགུལ་དུ་བཏགས་ན་སྲེའུ་གསོ་བའི་མཆོག་ཏུ་འགྱུར་རོ། །ས་རྡོ་རྗེ་ཕྲ་མོར་བསམས་ནས་ཆོམ་རྐུན་གྱི་ཕྱོགས་སུ་གཏོར་ན་འཇིགས་པ་སྲུང་བའོ། །ཀུ་ཤའི་ཆུན་པོའི་སྟོད་འཇམ་དཔལ། བར་སྤྱན་རས་གཟིགས། སྨད་ཕྱག་ན་རྡོ་རྗེར་བསམས་ནས་བྱབས་ན་དུག་ཞི་བར་འགྱུར་རོ། །བདག་སྲུང་ན་རྡོ་རྗེའི་ཁྲབ་ཏུ་བསྒོམས་པ་ཙམ་མམ་ཆུ་ལ་སྔགས་བཟླས་པ་སྤྱི་བོ་ནས་མར་བླུགས་ལ་རྡོ་རྗེའི་ཁྲབ་ཏུ་བསམས་པ་ཙམ་གྱིས་བདག་སྲུང་བར་འགྱུར་རོ། །སྐུད་པ་སྔོན་པོའི་སྲུང་སྐུད་ཀྱིས་ནི་སྲུང་བ་ཡིན་ཏེ་དེ་ལྟར་གཞུང་ནས་འབྱུང་བའི་ལས་ཀྱི་ཡན་ལག་བཅུ་བཞིའོ། །ལས་ཐམས་ཅད་ལ་སྔགས་བཟླས་པའི་གྲངས་ནི་བདུན་ནམ་བཅུ་བཞིའམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་ཡིན་ཏེ། སྔགས་ཀྱི་ནུས་པའི་ཁྱད་པར་
གྱིས་མང་ཉུང་དུ་གསུངས་པ་ཡིན་ནོ། །ཞར་ལ་མན་ངག་གིས་གསུངས་པ་སྲུང་བའི་འཁོར་ལོ་ནི་རས་སམ་ཤོག་བུའམ་གྲོ་ག་ལ་གུར་གུམ་མམ་གིའུ་ཝང་གིས་འཁོར་ལོ་རྩིབས་བཅུ་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་བྲི། ལྟེ་བར་ཡི་གེ་ཧྃ་མགོ་གྲུ་གསུམ་ཡོད་པའི་ནང་དུ་ཨོཾ་ཨཱཿཧཱུྃ་ཆེ་གེར་རཀྵ་ཀུ་རུ་ཞེས་པ་བྲི། ལྟེ་བའི་མུ་ཁྱུད་ལ་ནཱི་ལམྦ་ར་ཡི་གེ་བཅུ་གསུམ་པ་སྤེལ་ཚིག་དང་བཅས་པ་བྲི། རྩིབས་བཅུ་ལ་ཧཱུྃ་བཅུ་བྲི། མུ་ཁྱུད་ཡངས་པ་བྱས་ལ་གཟུངས་རིང་པོ་རྫོགས་པར་ལས་ཀྱི་ཤམ་བུ་དང་བཅས་པ་བྲིས་ལ། རབ་གནས་བྱས་ཏེ་དྲིལ་ལ་ལུས་ལ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ཞར་ལས་བྱུང་བའི་གཟུངས་སྔགས་ཀྱི་ལུང་སྦྱིན་པར་འདོད་ན་སྔར་སྒྲུབ་པའི་སྐབས་སུ་བཤད་པའི་མཆོད་རྟེན་བླ་མའི་ཕྱག་ཏུ་བཟུང་ལ། སྒྲུབ་པའི་སྐབས་ཀྱི་བཟླས་བརྗོད་དང་མཐུན་པར་སློབ་མ་ལ་རྗེས་སུ་བཟླས་པའི་ལུང་ལན་གསུམ་སྦྱིན་ནོ། །དེ་ནས་མཆོད་རྟེན་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ། བླ་མའི་ཕྱག་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ་པར་བྱའོ། །ལུང་སྦྱིན་པའི་ཆོ་གའོ། །ཐམས་ཅད་ཀྱང་བསྟན་ཟིན་ཏོ། །ཐུན་མཚམས་ཀྱི་བྱ་བ་འཇིམ་པའམ་སྐུ་གཟུགས་ཀྱི་བྱ་བ་བྱེད་པར་འདོད་ན། ས་གཙང་ཞིང་དྲི་མ་མེད་པ་ལ་མཆོད་རྟེན་བྱ། དེ་ལ་རིན་པོ་ཆེའམ་སྤོས་སམ་འབྲུ་ལ་སོགས་པ་བཏབ་ཀྱང་བཏུབ། མ་བཏབ་ཀྱང་བཏུབ། འཇིམ་པའི་གོང་བུ་དེ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ། པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་འཇིམ་པ་རྣམས་རིན་པོ་ཆེའི་ཕུང་པོར་བསྒོམ། དེའི་འོད་ཟེར་གྱིས་འོག་མིན་གྱི་གནས་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ལ་བསྟིམ་ཞིང༌། རྣམ་པར་སྣང་མཛད་ཀྱི་སྙིང་པོའམ་རྟེན་འབྲེལ་གྱི་སྙིང་པོའམ་ཡི་དམ་གྱི་ལྷའི་སྙིང་པོ་བཟླས་ཤིང་བྱིན་གྱིས་བརླབ་པ་དང༌། འབི་འབི་བྱ་བ་དང་སྣུམ་བསྐུ་བ་དང་གདབ་པ་དང་བཞུགས་སུ་གསོལ་བའི་བར་དུ་རྫོགས་པར་བྱའོ། །དེ་ནས་
དེ་དག་ལ་རབ་ཏུ་གནས་པ་བྱེད་ཀྱང་རུང༌། གནས་སྐབས་གཞན་ཏུ་སྐུ་གཟུགས་དང་གླེགས་བམ་དང་ཕྱག་མཚན་ལ་སོགས་པ་རབ་ཏུ་གནས་པ་བྱེད་ཀྱང་རུང་སྟེ། རབ་ཏུ་གནས་པར་བྱེད་པར་འདོད་ན། རྟེན་དེ་དག་གི་སྤྱན་སྔར་ཇི་ལྟར་འདོད་པའི་མཆོད་པ་དང་གཏོར་མ་བཤམ། བུམ་པ་གཙང་མ་དང་མགུལ་ཆིངས་དང་ཁ་རྒྱན་དང་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། ཆུས་དགང་བའི་བར་དུ་བྱ། དེ་ནས་བདག་ཉིད་ཡི་དམ་གྱི་ལྷའི་ང་རྒྱལ་བསྒོམས་ལ་བཟླས་པ་ཅུང་ཞིག་བྱ། བུམ་པ་ལ་ལག་པས་རེག་སྟེ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་ཆུ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་ཆུར་བྱིན་གྱིས་བརླབས་ལ་བཞག དེ་ནས་མེ་ལོང་ལ་རྟེན་རྣམས་ཀྱི་གཟུགས་བརྙན་འཆར་དུ་བཅུག་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་ཤེས་པ་དང༌། སྔགས་གོང་མ་བཟླས་ཤིང་བུམ་པའི་ཆུས་བཀྲུ། བུམ་པའི་བྱ་བ་ཡོངས་སུ་མ་གྲུབ་ན་ཏིང་ངེ་འཛིན་གྱིས་བྱས་པས་ཉེས་པ་མེད་དོ། །དེ་ནས་རྟེན་རྣམས་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པ་ཉིད་དུ་བསམས་ལ། པདྨ་དང་ཟླ་བའི་སྟེང་དུ། རང་གི་ཆོས་ཀྱི་ཡི་གེ་ལས་བསྐྱེད་པའི་ཕྱིར། ཧཱུྃ་ལས་མཆོད་རྟེན་རྣམས་ནི་མཆོད་རྟེན་ཉིད་དུ་བསྐྱེད་པའི་བུམ་པ་ཡི་དམ་གྱི་ལྷར་བསྒོམ། སྐུ་གཟུགས་ངོ་ཤེས་པ་རྣམས་ནི་ངོ་ཤེས་པའི་ལྷར་བསྒོམ། ངོ་མི་ཤེས་པ་རྣམས་དང་གླེགས་བམ་དང་ཕྱག་མཚན་རྣམས་ནི་ཡི་དམ་གྱི་ལྷར་བསྒོམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསྒོམ། བདག་གི་སྙིང་གའི་ཧཱུྃ་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་རྟེན་ལ་བསྟིམ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་གསོལ་བ་གདབ། དབང་བསྐུར་བས་ཆུ་ལྷག་མ་ཡར་ལུད་པ་ལ་ངོ་ཤེས་ན་ངོ་ཤེས་པའི་དབུ་རྒྱན་གདབ། ངོ་མི་ཤེས་པ་རྣམས་ཀྱི་སྤྱི་བོར་ཡི་དམ་གྱི་ལྷ་བསྒོམ། ཅི་འབྱོར་པའི་མཆོད་པས་མཆོད། མེ་ཏོག་
ལ་ཡི་དམ་གྱི་ལྷའི་གསང་སྔགས་མང་དུ་བཟླས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷུ་ཁཾ། བཛྲཱི་བྷ་ཝ་དྲྀ་ཌྷོ་ཏིཥྛ་བྷཱུ་ཁཾ། ཞེས་བརྗོད་ཅིང་མེ་ཏོག་གཏོར་བར་བྱའོ། །དེ་ནས་ཕྱག་བཙལ་ལ་ཅི་འབྱོར་བས་མཆོད། བསྟོད་པས་བསྟོད། འབྱུང་པོའི་ཚོགས་ལ་གཏོར་མ་གཏང༌། སྨོན་ལམ་བཏབ་ལ་ཅི་བདེར་གནས་པར་བྱའོ། །རབ་ཏུ་གནས་པའི་ཆོ་ག་བསྟན་ཟིན་ཏོ། །རྒྱལ་བ་ཀུན་གྱི་གསང་སྔགས་འཛིན་པའི་གཟུངས། །འདི་ལ་ལོག་པར་སྨྲ་བས་ས་སྟེང་གང༌། །དེ་དག་ཀུན་ལ་བརྩེ་བའི་བསམ་པ་དང༌། །དོན་དུ་གཉེར་བས་གསོལ་བ་བཏབ་ནས་བྲིས། །འདི་སྦྱར་བ་ལས་དུབ་བར་གྱུར་པ་ཡི། །དགེ་བ་འདིས་ནི་ནམ་མཁའི་མཐས་གཏུགས་པའི། །འགྲོ་བ་ལམ་གྱི་བར་ཆད་ཀུན་ཞི་སྟེ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་བར་ཤོག འཕགས་པ་ལག་ན་རྡོ་རྗེའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ་མ་ནོར་བ་འདི་ནི། ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ། །དགེ་བའི་བསམ་པས་བསྐུལ་ནས་ནི། །དོན་ཀུན་འགྲུབ་པའི་གཟུངས་དོན་བཀྲལ། །གྲུབ་ལས་ཆོས་ཉིད་ཀུན་གྲུབ་སྟེ། །ཡེ་ཤེས་བསམ་པ་ཀུན་འགྲུབ་ཤོག། ༈ །གོས་སྔོན་ཅན་གྱི་གཟུངས་ལས་བྱུང་བའི་ཕྱག་རྡོར་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ན་མོ་བཛྲ་དྷ་རཱ་ཡ། གང་ཞིག་བསྒོམས་ན་དངོས་གྲུབ་མཆོག་སྟེར་བའི། །སྒྲུབ་ཐབས་ཛེ་ཏཱ་རི་ལས་བརྒྱུད་པའོ། །མཁའ་འགྲོ་གསེར་གླིང་པ་དང་ཇོ་བོ་རྗེ། །མགར་དགེ་གྱད་ཕུ་བ་དང་ས་སྐྱ་པ། །དེ་ལས་བརྒྱུད་པའི་ལུགས་བཞིན་ཏེ། །གོས་སྔོན་གཟུངས་དང་བླ་མེད་རྒྱུད། །རྡོ་རྗེ་མཁའ་འགྲོ་ལས་ཀྱང་གསུངས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །འདིར་གསང་བའི་བདག་པོའི་གཟུངས་རིང་ལ་བརྟེན་པའི་སྒྲུབ་ཐབས་ཀྱི། སྔོན་འགྲོ་བསོད་ནམས་ཚོགས་གསོག་ནི། སྐྱབས་འགྲོ་བྱམས་དང་སྙིང་རྗེ་སེམས་བསྐྱེད་བསྒོམ། །
ཅེས་པ་སྟེ་སྤྱི་དང་མཐུན། ཡེ་ཤེས་ཚོགས་གསོག་ཡན་ལག་བཞི་ནི། སྲེག་དང་སེམས་དང་སྒྱུ་མ་སྣང་མེད་བཞི། དེ་ཡང་རང་གི་སྙིང་གའི་ཧཱུྃ་གིས་ཕུང་ཁམས་སྐྱེ་མཆེད་ནད་གདོན་ཉོན་མོངས་ཐམས་ཅད་བསྲེགས། ཆོས་ཐམས་ཅད་སེམས་ཙམ། ཨོཾ་སྭ་བྷཱ་ཝ་སོགས་སེམས་དེ་ཡང་སྒྱུ་མ་ལྟ་བུའོ། །སྒྱུ་མར་སྣང་བའང་མི་དམིགས་པར་གྱུར། ཨོཾ་ཤཱུ་ནྱ་ཏཱ་སོགས། དངོས་གཞི་ཡན་ལག་བཞི་ནི། ལྷར་བསྐྱེད་གནས་གསུམ་བྱིན་རླབས་དགུག་གཞུག་དང༌། །རྒྱས་བཏབ་རྣམས་ནི་དངོས་གཞིའི་རིམ་པ་ཡིན། །ཞེས་པ་ལྟར་ཏེ། ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། པདྨའི་གདན་ལ་ཞབས་གཡས་བསྐུམ་པས་ཉི་མ་དང་གཡོན་བརྐྱང་བས་ཟླ་བ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། སྦྲུལ་གྱི་རྒྱན་དང༌། རིན་པོ་ཆེའི་ཅོད་པན་ཅན། སྤྱན་གསུམ་མཆེ་གཙིགས། སྨ་ར་དང་སྨིན་མ་དང་དབུ་སྐྲ་མེ་ལྟར་འབར་བ། མེ་ཕུང་འབར་བའི་ཀློང་ན་བཞུགས་པའོ། །རྒྱས་པར་སྤྲོ་ན་གནོད་སྦྱིན་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས་ཀྱིས་བསྐོར་བ་ཞེས་ཉམས་ཉི་ཤུ་རྩ་ལྔ་པོ་ངག་ཏུའང་འདོན། མ་བརྗོད་ཀྱང་ཆོག དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་རང་ལ་ཐིམ། ཡང་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་སྤྱན་དྲངས། ཡིད་ཀྱིས་མཆོད་བསྟོད་གསོལ་བ་བཏབ་པས་དབང་བསྐུར་ཏེ་མི་བསྐྱོད་པས་དབུར་བརྒྱན། བཟླས་པ་ཡན་ལག་བཞི་ནི། བྱིན་རླབས་སྔགས་བཟླས་བཟོད་གསོལ་སྨོན་ལམ་མོ། །དེ་ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཡིད་ཀྱིས་མཆོད་པས་སྔགས་བཟླ་བར་གནང་བ་སྩལ་སྔགས་བཟླ་གྲོགས་མཛད་པར་བསམས་ལ། བཟླ་བྱའི་སྔགས་དངོས་ནི། ཏདྱ་ཐཱ། བྷོ་བྷོ་བཱནྣཱ་གཱ་དྷི་པ་ཏ་ཡེ།
ཨི་དཾ་ནཱི་ལཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ་ཡཿ ས་མཱ་ཏི་ཀྲ་མ་ཐ། ཨུཏྶཱ་ད་ནཾ་བྷ་བིཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མཧི«་་་་་དཔེ་གཅིག་ལ། མ་ཏི་ཀྲ་མ་ཐཱ། ཞེས་སྣང༌།» པྲཱཔྟ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ། ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མརྨཱ་ཎི། བྷི་སཱིརྻནྟུ་མཱ་ག་ཤ་རཱི་རཱ་ཎི། བི་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནི། ཏདྱ་ཐཱ་ཧཱུྃ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་གོཏྶཱ་ད་ན་ཡ་ཕཊ། ནཱི་ལཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱནྟཱ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུམྦྷཱཎྜོཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙི་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵཱ་པ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བི་གྷཱཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། དེ་ནས་སངས་རྒྱས་རྣམས་ལ་ཡི་གེ་བརྒྱ་པས་བཟོད་པར་གསོལ། སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་མཛད་དེ། མི་དམིགས་པར་གཤེགས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རྗེས་ཀྱི་ཡན་ལག་བཞི་ནི། སྤྱོད་ལམ་ཁ་ཟས་གཏོར་མ་ཉལ་བ་བཞི། དང་པོ་ནི། བདག་དང་སྣང་བ་ཐམས་ཅད་ལྷ་སྐུར་བསྒོམ་པའོ། །གཉིས་པ་ནི། ཁ་ཟས་བྱིན་གྱིས་བརླབས་ལ་ལྷའི་ང་རྒྱལ་གྱིས་ཟ་བའོ། །གསུམ་པ་ནི་གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། མདུན་དུ་ཧཱུྃ་ལས་བདག་བསྐྱེད་བཞིན་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། གཟུངས་རིང་ལན་གསུམ་བཟླས་ལ་ཕུལ། མཆོད་བསྟོད་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །བཞི་པ་ནི་འོད་གསལ་གྱི་ངང་དུ་ཉལ་ཞིང་ལྷའི་སྣང་བར་ལྡངས་པའོ། །དེ་ལྟར་ཡན་ལག་ཉི་ཤུ་དང་ལྡན་པས་བསྙེན་པ་འབུམ་ཕྲག་བཞི་བྱའོ། །དེ་ནས་སྦྱིན་སྲེག་དང་མཆོད་རྟེན་ལ་བརྟེན་ནས་ལྷ་ཉེ་བར་སྒྲུབ་པ་དང༌། བུམ་པའི་ཆོ་ག་སོགས་དང་འབྲེལ་བའི་ལས་ཚོགས་
མང་དུ་གསུངས་པ་རྣམས་སྒྲུབ་པར་བྱའོ། །འདིའི་རྗེས་གནང་ནི། མཎྜལ་ཚོམ་བུ་སྔོན་པོ་ཅན་གྱི་མདུན་དུ་མཆོད་གཏོར་བཤམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བའི་བདག་བསྐྱེད་བཟླས་པའི་མཇུག་གི་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་མཛད་དེ་མི་དམིགས་པར་གཤེགས་པའི་བར་གོང་ལྟར་ཉམས་སུ་བླང༌། དེ་ནས་མདུན་གྱི་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་མདུན་དུ་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། མདུན་བསྐྱེད་ལ་བསྟིམ། ཡང་ཧཱུྃ་ལས་ནས། མི་བསྐྱོད་པས་དབུར་བརྒྱན་ཞེས་གསལ་བཏབ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཟུངས་རིང་ལན་གསུམ་བཟླས་ལ་ཕུལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་བཅོལ། སློབ་མ་ཁྲུས་བྱས་མེ་ཏོག་བཅས་མདུན་དུ་འཁོད་པར། སློབ་དཔོན་ཀྱིས་སེམས་བསྐྱེད་གསལ་བཏབ། དེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་དང་ནུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་གསང་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ། རྒྱུད་སྡེ་བཞི་ནས་སྒྲུབ་ཐབས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། གངས་ཅན་གྱི་ལྗོངས་འདིར་ཡོངས་སུ་གྲགས་ཤིང་བཀའ་བབས་པ་ཆེ་བ་དགུའམ་དྲུག་ཏུ་དབྱེ་བའི་ནང་ཚན། ཕྱག་རྡོར་མདོ་ལུགས་མཛེ་གསོས་ཀྱི་ཆེ་བ་ཞེས་གོས་སྔོན་ཅན་གྱི་གཟུངས་མདོ་ལ་བརྟེན་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་བྱིན་གྱིས་བརླབས་པའི་སློབ་དཔོན་ཆེན་པོ་ཨ་བ་དྷཱུ་ཏི་པས་ལེགས་པར་བཀྲལ་ཞིང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གནང༌། དེ་ནས་རིམ་པར་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ།
གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ལ། ཐོག་མར་སློབ་དཔོན་དང་མདུན་བསྐྱེད་གཉིས་ཀ་དཔལ་གསང་བའི་བདག་པོའི་སྐུར་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པར་མོས་ཏེ། དེ་རྣམས་ཀྱི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་འདུན་པ་དང་བཅས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་སོགས་ལན་གསུམ། དེ་ནས་སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། སྨོན་པ་སེམས་བསྐྱེད་དང༌། འཇུག་སྡོམ་ལེན་པ་དང༌། དགེ་བ་བསྔོ་བ་རྣམས་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སླར་ཡང་རྗེས་གནང་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་ནི་གསང་བའི་བདག་པོ་ཡི། །དམ་ཚིག་དངོས་གྲུབ་འཚལ་ལགས་ཏེ། །བདག་ལ་གཟུངས་སྔགས་སྩལ་དུ་གསོལ། །གསུམ། ཞེས་པས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་ནས་བཞུགས་པའོ། །དཔྲལ་བར་ཨོཾ།
མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་ལ་མོས་གུས་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ། བྱང་ཕྱོགས་ལྕང་ལོ་ཅན་ནས་ཀྱང་དཔལ་ཕྱག་ན་རྡོ་རྗེ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། ཁྱེད་རང་རྣམས་ལ་ཐིམ། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་དེ་འདྲ་བའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཉུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་སིབ་སིབ་ཐིམ་པར་མོས་པ་མཛོད། གཟུངས་ཀྱི་མཐར་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་མང་དུ་བརྗོད་ཅིང་སྤོས་རོལ་དང་བཅས་ཡེ་ཤེས་པ་བསྟིམ། དེས་སྐུའི་རྗེས་གནང་གྲུབ་པ་ལགས། གསུང་གི་རྗེས་གནང་གི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཡིད་ཀྱིས་མཆོད་པས་སྔགས་བཟླ་བར་གནང་བ་སྩལ་སྔགས་བཟླ་བའི་གྲོགས་མཛད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་བྱུང་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཁ་སྒོ་ནས་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་གཟུངས་སྔགས་འདིའི་རྗེས་ཟློས་མཛོད། གཟུངས་རིང་གསུམ། སླར་ཡང་གཟུངས་སྔགས་ཀྱི་ལས་མཐའ་དག་སྒྲུབ་པའི་ལུང་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཞེས་མཚམས་སྦྱར་ལ་སློབ་དཔོན་གྱིས་གཟུངས་མདོ་ཚང་མ་ལན་གསུམ་དུ་ཀློག སླར་ཡང་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་
མཛད་དུ་གསོལ་གསུམ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱིན་གྱིས་བརླབས་ཏེ་སྤྱི་བོར་གཏོར་བས་སྤྱི་གཙུག་ནས་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་དཔལ་ཕྱག་ན་རྡོ་རྗེའི་གསུང་གཟུངས་སྔགས་ཀྱི་ནུས་མཐུ་ཐམས་ཅད་ཐོགས་མེད་དུ་འཇུག་པར་གྱུར་ཅིག དེས་གསུང་གི་རྗེས་གནང་གྲུབ་པ་ལགས། ཐུགས་ཀྱི་རྗེས་གནང་གི་སླད་དུ། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལྷར་གསལ་བ་ལ་ཐིམ། དེ་ཧཱུྃ་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་མོས་ཏེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེས་ཐུགས་ཀྱི་རྗེས་གནང་གྲུབ་པ་ལགས། རྗེས་གཙོ་བོས་མཎྜལ་དེང་ནས་སོགས་སྤྱི་དང་འདྲ། དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང༌། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་སྤྱི་ལྟར་རོ། །ཀུན་ནས་ཤིན་ཏུ་ཟབ་མོའི་གསང༌། །དགའ་ཞིང་ཡི་གེའི་ལམ་དུ་སྤེལ། །སྙིང་ནས་ཆོས་འདིར་མོས་པའི་དགེས། །སྒྲུབ་པོ་བདག་གིས་ཞལ་མཐོང་ཤོག །ཅེས་པ་འདི་ནི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ལས་བྱུང་བའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ། །«སླར་ཡང་རྗེས་གནང་གི་ཆོ་ག་གཞུང་དང་ཡིག་རྙིང་གི་དགོངས་དོན་ལྟར་ནག་འགྲོས་བཀླག་ཆོག་ཏུ་བྲིས་པ་དགེ། །།
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། བྷ་ག་ཝཱ་ན་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཡོན་པ་བརྐྱང་པའི་ཉམས་ཀྱིས་ནི།«་་་་་སྒེག་པའི་ཉམས། ཞི་བའི་ཉམས་་་་་»།རི་བོང་འཛིན་ལ་བདེ་བར་གནས། «དྲག་པོའི་ཉམས།་་་་་»།ཀླུ་ཡི་རིགས་ཀྱི་དགྲར་གྱུར་པ། །ཁྲོ་རྒྱལ་སྤྱི་བོས་རབ་བཏུད་ནས། །དེ་ནས་བླ་མའི་བཀའ་དྲིན་ལས།«་་་་་རང་བཟོ་སྤངས་པ།» །ཇི་ལྟར་རིམ་པས་བསྒྲུབ་པ་ཡི། །དེ་ཉིད་དེ་ལྟར་དྲན་པ་ཡིས། །འདི་ནི་བདག་གིས་བྲི་བར་བྱ།«་་་་་འགྲོ་བཟང༌།» །དེ་ལ་ཁྲོ་བོའི་རྒྱལ་པོ་ཡང་དག་པར་སྒྲུབ་པའི་རྣལ་འབྱོར་«་་་་་རྟེན་གྱི་གང་ཟག་»པས་ཁྲུས་བྱས། ས་གཞི་རྣམ་པར་དག་པ་ལ་མེ་ཏོག«་་་་་སྲུང་བའི་གནད་ཟབ་མཎྜལ་ཚོམ་བུ་དགུ་པ་»བཀྲམ་ནས་དེར་སྟན་བདེ་བ་ལ་འདུག་སྟེ།«་་་་་ལྷའི་ང་རྒྱལ་གྱིས། པདྨ་ཟླ་བར་་་་་་»རང་གི་སྙིང་གར་ཧཱུྃ་སྔོན་པོ་བསམས་ཏེ། དེའི་འོད་ཀྱིས་རྗེ་བཙུན་ཕྱག་ན་རྡོ་རྗེ་དང་ཐབས་གཅིག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བསམས་ལ་མཆོད་པ་«་་་་་པཱུ་ཛ་བསང་ཞིང་བྱིན་རླབས་ཕྱག་བྱ་བ་དང་མཆོད་པ་བྱའོ།» བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་«་་་་་ཡེ་ཤེས་ཀྱི་ཚོགས་»ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་
སྒྲའི་དོན་དང་ལྡན་པས་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེ་ནས་རང་ཉིད་ཀྱི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་སྔོན་པོ་འོད་ཟེར་དང་བཅས་པར་བསམས་ལ། དེའི་འོད་ཀྱིས་འགྲོ་བ་ཐམས་ཅད་དྲངས་ནས་རྣམ་པར་གྲོལ་བ་སོ་སོར་གོས་སྔོན་པོ་ཅན་གྱི་ངོ་བོར་བསམས་ཏེ། དེ་ནས་སླར་འོད་ཟེར་འདུས་ཏེ་ས་བོན་ཡི་གེའི་ནང་དུ་ཞུགས་པར་བསམ་མོ། །དེ་ནས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་«་་་་་ལྟེ་བ་ལས་ཧཱུྂ།» འོད་ཟེར་གྱི་ཕྲེང་བ་དང་བཅས་པར་བལྟས་ལ། དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་དྲངས་ནས་རྡོ་རྗེ་ལ་གཞུག་པར་བྱའོ། །དེ་ཡོངས་སུ་«་་་་་རྡོ་རྗེ་ཧཱུྃ་དང་བཅས།» གྱུར་པ་ལས། སྐུ་མདོག་སྔོན་པོ་«་་་་་བདག་ཉིད་ཕྱག་ན་རྡོ་རྗེ།» ཆེར་འབར་བ།«་་་་་ཆོས་ཉིད་མི་འགྱུར་བ།» །བཅུ་དྲུག་ལོན་པའི་ན་ཚོད་བཞིན།«་་་་་ཤ་རྒྱས་པ།» །དྲག་ཅིང་ཁྲོ་བའི་རོ་དང་ལྡན།«་་་་་གར་དགུའི།» «ནག་པོ་བརྒྱད་་་་་»།ཀླུ་བརྒྱད་ཀྱིས་ནི་ཉེ་བར་བརྒྱན། །ཤིན་ཏུ་ཁྲོས་པའི་དྲེགས་པ་ཡིས། །གཡོན་བརྐྱངས་པ་«་་་་་མི་གནས་པའི་མྱ་ངན་ལས་འདས་པའི་རྟགས།» ཡིས་བདེ་བར་བཞུགས། «།ཆོས་ཐམས་ཅད་གཅིག་པ་་་་་»།ཞལ་གཅིག་པ་ལ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་རྩེ་ལྔ་བསྣམས།«་་་་་དབང་རྟགས་ཡེ་ཤེས་ལྔ།» «དགྲ་བགེགས་ལ་་་་་༌།»བསྣུན་པའི་ཚུལ་གྱིས་འཛིན་མཛད་ཅིང༌། «གདུག་པ་སྲེག་པ་རྩེ་མོ་ལ་འབར་བ་དང་་་་་་»།གཡོན་པ་སྡིགས་མཛུབ་འཕྱར་བ་
དང༌། །ན་བཟའ་སྔོན་པོ་འཕྱར་བ་དང༌།«་་་་་ཐུགས་ཀྱི་རིགས་ཀྱི་རྟགས་སུ།» «སྙིང་རྗེ་འཛུམ་ཁྲོ་་་་་»།སྤྱན་དམར་མཆེ་བ་གཙིགས་པ་དེ། «།ཁམ་པ་གྱེན་དུ་བརྗེས།་་་་་»།དབུ་སྐྲ་རྡོ་རྗེའི་ཅོད་པན་ཅན། «གད་རྒྱངས་་་་་་»ཧ་ཧའི་སྒྲ་ནི་ཆེར་སྒྲོགས་པ། །ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་པ།«་་་་་དགྲ་བགེགས། བི་ནཱ་ཡ་ག་་་་་»།ལོག་འདྲེན་ལ་སོགས་སྲེག་པར་མཛོད།«་་་་་ཕྱོགས་སྐྱོང་བ།» །དེ་ལྟར་བདག་ཉིད་བསྒོམ་པར་བྱ། །དེ་ནས་རང་གི་སྙིང་གར་ཧཱུྃ་བཀོད་ལ།«་་་་་པདྨ་ཟླ་བ།» །ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱའོ། །དེ་ནས་མདུན་དུ་བཞུགས་པ་དེ་ལ་«་་་་་ཕྱག་བྱ།» «བསྟོད་པ་བྱ།» མཆོད་པ་བྱས་ལ། ཛཿཧཱུྃ་བཾ་ཧོཿས་དགུག་པ་དང༌། །བཅིངས་པ་དང་དབང་དུ་བྱའོ། «དབང་བསྐུར་ཁ་སྐོང་་་་་་»ཡང་ལུས་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབ་པར་བྱ་བ་དང༌། སྤྱི་བོ་དང་ལྐོག་མ་སྙིང་གར་ཟླ་བ་དང༌། ཨོཾ་ཨཱཿཧཱུྃ་«་་་་་བྱིན་རླབས་འདིས་སྦྱིན།» རིམ་པ་བཞིན་དུ་བཀོད་ལ། དཀར་པོ་དང༌། དམར་པོ་དང༌། ནག་པོར་བསམ་མོ། །ཕྱི་ནས་«ཚག་འདིས་ལྷ་བསྒོམ་པ་དང་མི་རྟོག་པ་བསྒོམ་པ་དང་བཟླས་པ་སྤྲོ་བསྡུ་གསུམ་ཟིན།་་་་་»ཅི་ནུས་པས་སྤྲོ་བ་དང༌། སྟོང་པར་བསྡུ་བའི་རིམ་པ་མི་སྐྱེའི་བར་དུ་བསྒོམ་པར་བྱའོ། །སྐྱོ་ན་སྔགས་ཀྱི་བཟླས་པ་བྱ་སྟེ། མྱུར་པ་དང༌། དལ་བ་དང༌། གསལ་བ་དང༌། མི་གསལ་བ་ལ་སོགས་པའི་རྣམ་པར་རྟོག་པ་«་་་་་བྱིང་རྒོད་»སྤངས་ལ་བཟླའོ། །བཟླས་པ་ལ་སྐྱོ་ན། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿསྭཱ་ཧཱ། «ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ་འདིས་སྦྱིན།་་་་་»ཞེས་པས་གཏོར་མ་བཏང་ལ། ཡི་གེ་བརྒྱ་པ་བཟླ་བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་མཆོད་ལ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ།«་་་་་ཨོཾ་ཨཱཿཧཱུྃ་དམ་ཚིག་སེམས་དཔའི་བསྡུ་བ་བྱ།» «ལངས་ནས་སྤྱོད་ལམ་བྱའོ།» བསྙེན་པའི་སྔགས་ནི། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པར་བྱའོ། «།རྟེན་གྱི་གང་ཟག་་་་་་»སྐལ་བ་ལྡན་པས་སྒྲུབ་ཐབས་འདི་ལ་འབད་པ་ན། །རང་གི་འབད་པས་བླ་མའི་གདམས་ངག་བདུད་རྩིའི་བཅུད། །འཐུང་ནས་ལུས་ནི་ཡོངས་སུ་རྒྱས་པ་རྙེད་པ་དང༌། །རྣལ་འབྱོར་གཅིག་གིས་བྱང་ཆུབ་བར་
ནི་«་་་་་ཚེ་འདིར་ཐུན་མོང་གི་དངོས་གྲུབ་ཐོབ།» བདེ་ཐོབ་འགྱུར།«་་་་་རྡོ་རྗེ་འཆང་གི »།སྐྱེ་བ་ལྔ་པའི་ཡང་དག་སྐལ་བར་ལྡན་པ་དང༌། །ཉེས་པ་འདི་དག་«་་་་་མཛེ་ལ་སོགས། »ཇི་ལྟར་སྤང་བར་ནུས་པར་འགྱུར། །བླ་མའི་དྲིན་«་་་་་ལས་འཕྲོ་མེད་ཀྱང༌།» གྱིས་མན་ངག་ཐོབ་པར་གྱུར་པ་ན། །ཉེས་པ་མེད་དང་སྐལ་བ་འདི་དག་ཐམས་ཅད་ནི། །དེ་ཡིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བས་ན། «དེ་བས་ན་་་་་»།དམ་པའི་གདམས་ངག་ཕན་པའི་བདུད་རྩི་དྲི་མེད་འདི།«་་་་་དེང་འདྲ།» །ཐིགས་པས་སྡུག་བསྔལ་ཕུང་པོ་འཇིག་པར་«་་་་་ཚེ་འདི་ལ།» བྱེད་པ་དང༌། «།ཕྱི་མན་་་་་»།སྐྱེ་བའི་སྡུག་བསྔལ་ཕུང་པོ་རྟག་ཏུ་འཇིག་པ་དང༌། །སྐྱེ་བའི་རྣམ་རྟོག་«སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་་་་་་»སྡུག་བསྔལ་ཡོངས་སུ་ཞི་བར་འགྱུར། །ཁྲོ་བོའི་སྒྲུབ་པའི་ཐབས་རྫོགས་སོ། །སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་དོ། །རྒྱ་གར་གྱི་མཁན་པོ་ཏེ་ཛོ་དེ་བ་དང༌། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ༈ །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐུན་མཚམས་སུ་གཏོར་མ་གཏང་བར་འདོད་ན། བདག་ཉིད་རྡོ་རྗེ་གཏུམ་པོར་བསྒོམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བས་སྣོད་དང་གཏོར་མ་སྟོང་པ་ཉིད་དུ་བྱས་ལ། བྷྲཱུྃ་ལས་གཏོར་མའི་སྣོད་རིན་པོ་ཆེའི་ཁང་བུ་བརྩེགས་པ། རི་རབ་ཀྱི་ཚད་ཀྱི་རང་བཞིན་དུ་བསམས་ཏེ། དེའི་ནང་དུ་ཡི་གེ་ཁྃ་ལས་ཁ་ཟས་རོ་བརྒྱ་པ་ནམ་མཁའི་ཁམས་ཀྱི་ཚད་དུ་མཉམ་པར་བསམས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་ཡེ་ཤེས་ཀྱི་བདུད་རྩིར་བསམས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སངས་རྒྱས་སྤྱན་གྱི་སྔགས་དང༌། ཡང་ནམ་མཁའ་མཛོད་ཀྱིས་སྤེལ། ནམ་མཁའི་ཁམས་སུ་ཧྲཱིཿལས་པདྨ་དཔག་ཏུ་མེད་པ་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཀླུ་བརྒྱད་ཀྱིས་བསྐོར་བ་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་བསམས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་ཨི་དཾ་བ་ལིཾ་ཏ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། མ་མ་སརྦ་ཀརྨ་
སཱ་དྷ་ཨ་མོ་གྷ་ཡ་སྭཱ་ཧཱ། ཞེས་བྱ་བས་གཏོར་མ་བསྔོས་ལ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །ཞེས་བྱ་བ་ལ་སོགས་པའི་བསྔོ་བ་དང༌། རྟེན་འབྲེལ་གྱི་སྔགས་ཀྱིས་ཆོས་ཀྱི་སྦྱིན་པ་བྱིན་ནས་སྨོན་ལམ་གདབ་སྟེ། བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། །ཀླུ་རྣམས་གནོད་པ་མྱུར་དུ་ཞི་བ་དང༌། །བགེགས་དང་ལོག་འདྲེན་འཚེ་བ་མེད་པ་དང༌། །བདག་གི་དགེ་བའི་ལས་རྣམས་འགྲུབ་པར་མཛོད། །ཅེས་བརྗོད་ལ་ཐོག་མ་དང་ཐ་མར་མཆོད་པར་བྱས་ཏེ་གཏོར་མ་གཏང་ངོ༌། །རྫོགས་སོ། །«ཡེ་ཤེས་པ་གཤེགས་སུ་གསོལ་བར་བསམ།» «བར་འདིར་འདྲེ་ལ་གཏོར་མ་སྦྱིན་པ་ནི།» «བདག་གི་ཐུགས་ཀ་ནས་འོད་ཟེར་གྱི་སྣ་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་ལྕགས་ཀྱུ་གཡོན་ཞགས་པ་ཐོགས་པ་སྤྲོས་ལ།» «དེས་མགྲོན་དེ་བཀུག་ལ་གནོད་པ་མ་བྱེད་ཅིག་བྱ་བ་བརྗོད་དོ།། » ༈ །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁྲུལ་འཁོར་བཅིང་བར་འདོད་ན། རེའུ་མིག་དང་པོར་ཡི་གེ་ཧཱུྃ། །གཉིས་པ་ལ་ནི་ཡི་གེ་ཧཱུྃ། །གསུམ་པ་བཛྲ་ཞེས་སུ་བཤད། །རིའུ་མིག་ལྔ་པའི་ཡི་གེ་ནི། །མཚན་ཉིད་དག་ཏུ་བསྒྲུབ་བྱའི་མིང༌། །སྲོག་སྙིང་«་་་་་སྲུང་སྙིང་དག་ཏུ། བསྐྲད་སྙིང་དག་ཏུ། སྲེག་སྙིང་དག་ཏུ་བཅས་པ་བྲི།» «།ཞེས་སྦྱོར།» དག་ཏུ་བཅས་པ་བྲི། །དེ་ལྟར་རེའུ་མིག་ལྔ་རྫོགས་ནས། །ཕྱི་རོལ་རེའུ་མིག་བཅུ་གཉིས་པ། །དང་པོར་ཡི་གེ་ཨོཾ་སྤངས་ནས། །དང་པོར་དེ་ནཱི་གཉིས་པར་ལམ། །གསུམ་པར་པ་དང་བཞི་པར་ར། །ལྔ་པ་དྷ་དང་དྲུག་པར་ར། །བདུན་པར་རྡོ་རྗེའི་ཡི་གེ་སྟེ། །བརྒྱད་པ་པཱ་དང་དགུ་པར་ཎི། །བཅུ་དང་བཅུ་གཅིག་ཡི་གེ་ཧཱུྃ། །བཅུ་གཉིས་པ་རུ་ཡི་གེ་ཕཊ། །འཁོར་ལོ་རྫོགས་ནས་བསྒྲུབ་བྱ་ཡི། །སྙིང་གར་གཞུག་པར་བྱ་བ་ཡིན། །ཡང་ན་འཁོར་ལོ་རྩིབས་བཅུ་གཉིས། །ལྟེ་བར་ཧཱུྃ་དང་བསྒྲུབ་བྱའི་མིང༌། །སྤེལ་ལ་དགོད་པར་བྱ་བ་ཡིན། །འཁོར་ལོ་རྩིབས་ནི་བཅུ་གཉིས་ལ། །ཨོཾ་དང་ཕཊ་ཀྱི་བར་དུ་ནི། །ཡི་གེ་བཅུ་གསུམ་གནས་པ་ལ། །ཧཱུྃ་གཅིག་དབུས་སུ་བཀོད་བྱས་ནས། །ལྷག་མ་བཅུ་གཉིས་རྩིབས་ལ་དགོད། །དེ་ལྟར་འཁོར་ལོ་རྫོགས་ནས་ནི། །བསྒྲུབ་བྱའི་སྙིང་གར་བཅུག་བྱས་ལ། །དགུག་དང་བཅིང་དང་
གཏུབ་པར་བྱ། །དེ་ལྟར་འཁོར་ལོ་བསྒྲུབས་ལ་བསྲེག་པར་«་་་་་ལས་སྦྱོར།» མི་འདོད་ན། འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་སམ། དབང་ཕྱུག་ཆེན་པོའི་ལིངྒའི་འོག་གམ། མཆོད་རྟེན་ཆེན་པོའི་འོག་ལ་སོགས་པར་གྲུ་གསུམ་བརྐོས་ལ་ཁམ་ཕོར་གསར་པ་ཁ་སྦྱར་དུ་གཞུག ཕྱི་ནང་ཀུན་དུ་རྡོ་རྗེ་རྒྱ་གྲམ་བྲིས་ལ། རྡོ་རྗེ་གཏུན་གྱི་ནང་དུ་བཅུག་ལ་ཁ་རྡོ་རྗེའི་འདམ་གྱིས་བཀག་སྟེ་རྡོ་སྤྱིན་གྱིས་སྦྱོར་བར་བྱའོ། །ཡང་ན་ཁམ་ཕོར་གསར་པ་ཁ་སྦྱོར་དུ་བཅུག་ལ་རྡོ་སྤྱིན་གྱིས་སྦྱར་བ་ལ་དགེ་འདུན་གྱི་གཙུག་ལག་ཁང་དུ་སྐོར་བ་བྱེད་པའི་གནས་སུ་སྦ་བར་བྱའོ། །གལ་ཏེ་རང་ལ་གནོད་པ་བྱེད་པ་ལ་སོགས་པའི་ཕྱོགས་དེར་གཏེར་དུ་གཞུག་པར་བྱའོ། །དེ་ཡང་ཁམ་ཕོར་གསར་པར་རིན་པོ་ཆེ་སྣ་བདུན། གསེར་དང༌། དངུལ་དང༌། ཟངས་དང༌། ལྕགས་དང༌། བྱེ་རུ་དང༌། དུང་དང༌། མུ་ཏིག་དང་བཅས་སྦས་ནས་བདེན་པ་བདར་ཞིང་གཏོར་མ་བཏང་ན་གནོད་པ་ཞི་བར་འགྱུར་རོ། །ཡང་ན་ཁམ་ཕོར་གྱི་ནང་དུ་འབྲས་བུ་གསུམ་སྦས་པ་དང༌། བིལ་བ་དང༌། ཏར་ཀ་དང༌། གླ་གོར་ཞོ་ཤ་དང༌། ཛཱ་ཏི་ཕ་ལ་དང༌། གུར་གུམ་དང༌། ལི་ཤི་དང༌། ནཱ་ག་གེ་སར་དང༌། ནཱ་ག་པུཥྤ་དང༌། དབང་པོ་ལག་པ་དང༌། རས་སྐུད་དམར་པོ་རྣམས་བཅུག་ནས་གནས་དེར་མེ་ཏོག་གི་ཁང་བུ་དང་གདུགས། བ་དན་བྱས་ནས་མཆོད་པ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཡང་ན་ཟངས་མའི་གླང་བུ་བྱས་ལ་དེའི་ཁོང་པ་དངུལ་ཆུས་བཀང་ལ་གཞུག་པའམ། མ་རྙེད་ན་རྫ་མས་གླང་བུའི་གཟུགས་བྱས་ལ་མངར་གསུམ་གྱིས་བཀང་ནས་བཅུག་ན་གནོད་པ་ཞི་བར་འགྱུར་རོ། །ཡང་ན་དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་«་་་་་དྲག་པོ་ལ་སཱཙྪ་དཀར་ནག་གི་སཱཙྪ་ལས་སྦྱོར་རོ།» དང་བཅས་པའི་མཆོད་རྟེན་སོ་བཏང་བའི་ནང་དུ་བཅུག་ན་གནོད་པ་ཞི་བར་འགྱུར་རོ། །ཡང་ན་དུད་འགྲོ་ཡིད་དུ་འོང་བའི་མགུལ་དུ་ཡན་ལག་རྣམས་ལ་གོས་སྔོན་ཅན་གྱི་སྔགས་ཀྱིས་སྐུད་པ་སྔོན་པོ་ལ་བརྒྱ་རྩ་བརྒྱད་བསྔགས་ལ་དར་སྣ་མཐོ་གང་པ་ལྔ་བཏགས་ཏེ་བདེན་པ་བདར་ནས་གང་དགོས་པ་དང་བཅས་པའི་གདོན་དེ་ལ་བསྔོས་གཏོར་མ་བཏང་ན་གནོད་པ་ཞི་བར་འགྱུར་རོ། །དེ་ལྟར་རྟེན་འབྲེལ་གྱི་
མཐུས་བཟློག་པའི་ཐབས་ལྔ་བསྟན་ཏེ། རྫས་དང་སྔགས་དང་སྨན་གྱི་འཁྲུལ་འཁོར་རྫོགས་སོ།། ༈ །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཆུ་བོའི་«་་་་་ཟླ་བ་མར་ངོ་ལ།» གཞུང་དུ་གཏོང་བར་འདོད་ན། དུག་དང༌། ཀེ་ཚེ་དང༌། ཁྲག་དང༌། ལན་ཚྭ་དང༌། ཆུ་ཕར་འགྲམ་ཚུར་འགྲམ་གྱི་ས་ལ་བགེགས་ཀྱི་ལིངྒ་བཅས་ལ། དེའི་སྙིང་གར་སྔར་གྱི་ལིངྒ་བཅུག་ནས་བསྙེན་པ་བྱེད་པར་འདོད་པས། ཐོག་མ་ནས་ལིངྒ་དང་བཅས་པ་བྲུབ་ཁུང་དུ་བཅུག་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ནས་འགུལ་པའམ། སྒྲ་འབྱིན་པའི་རྟགས་མ་བྱིན་གྱི་བར་དུ་བཟླས་ལ་གལ་ཏེ་རྟགས་མ་བྱུང་ན་དྷ་དྷུ་རའི་ལོ་མའི་ཁུ་བ་དང་དུག་དང་བསྲེས་ལ་བྱུགས་ཏེ་ཚེར་མའི་མེ་ལ་གདུང་བར་བྱའོ། །ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་སྟྭཾ་བྷ་ཡ་མོ་ཧ་ཡ། པ་ཙ་ཡ། ད་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ལ་ཁམ་ཕོར་ཁ་སྦྱར་བའི་ནང་དུ་བཅུག་སྟེ་རྡོ་སྤྱིན་གྱིས་སྦྱར་ནས། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པས་ཐེ་གུས་རྒྱ་གྲམ་དུ་བཅིངས་ལ་ཕུར་བུ་བཞིས་ཧཱུྃ་བཞི་བྲི། སྲད་བུས་བརྟོད་དེ། ཆུ་བོའི་དཀྱིལ་དུ་བོར་བར་བྱའོ། །བསྐྲད་པའི་འཁྲུལ་འཁོར་རྫོགས་སོ།། ༈ །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བགེགས་ལ་བསྣུན་པའི་འཁྲུལ་འཁོར་ནི། སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྣལ་འབྱོར་ཆེན་པོ་བསྒོམས་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་རྣམས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་སྐུ་རུ་བསྒོམས་ལ། འགྲོ་བ་རིགས་དྲུག་བཅུད་ཀྱི་འཇིག་རྟེན་ཡང་རྡོ་རྗེ་གཏུམ་པོའི་སྐུ་རུ་བསྒོམས་ནས་རླུང་རྡོ་རྗེ་རྒྱ་གྲམ་ནས་སྲིད་པའི་རྩེ་མོའི་བར་དུ་ནང་སྟོང་པ་ཉིད། ཕྱི་རོལ་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་རྡུལ་གཅིག་གི་སྟེང་ན་རྡུལ་ཕྲ་རབ་དེ་སྙེད་ཀྱི་སྐུས་གང་བར་བསམས་ཏེ། དེའི་དབུས་སུ་ཟླ་བའི་«་་་་་དེའི་སྟེང་དུ་ཕྱོགས་སྐྱོང་བཅུ།» «དེའི་སྟེང་དུ་ཁྲོ་བོ་བཅུ།» «དེའི་སྟེང་དུ་ཟླ་བའི་གདན་བསམ་པར་བྱའོ།» དཀྱིལ་འཁོར་ལ་ཞབས་གཉིས་གཡོ་ཞིང་བརྡབས་པས་སྟོང་གསུམ་སྟོང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་འདར་བར་བསྒོམ་པ་དང༌། སྐུའི་བ་
སྤུའི་བུ་ག་«་་་་་སྐུའི་སྤྲོ་བ།» ནས་ཉི་མ་སྟོང་གི་གཟི་བརྗིད་ཅན་ཉི་མའི་འོད་ཟེར་འཕྲོས་པས་ལྗགས་ཀྱི་རྡོ་རྗེ་ལ་«་་་་་གསུང་གི་སྤྲོ་བ་ལ།» བཟླས་པའི་སྔགས་འོད་ཟེར་གྱི་རིམ་པ་གསུམ་དུ་འཕྲོས་པས་སྟོང་གསུམ་གྱི་སྟོང་ཐམས་ཅད་རྡོ་རྗེ་ཕྲ་མོའི་འོད་ཀྱིས་འགེངས་པ་དང༌། ཀླུ་བརྒྱད་ཀྱིས་«་་་་་ཡོན་ཏན་གྱི་སྤྲོ་བ། »བརྒྱན་པའི་སྐུ་གཟུགས་སྐུ་འཕྲོས་པའི་འོད་ཟེར་གྱིས་ཀླུ་ཕྲ་མོ་སྐྲག་པ་དང་ས་བདག་ཕྲ་མོ་ཡང་སྐྲག་པར་བྱས་ནས་«་་་་་ཐུགས་ཀྱི་སྤྲོ་བ།» ཡང་ཐུགས་ཀྱི་རྡོ་རྗེ་ལས་ཁྲོ་བོ་དུ་མ་འཕྲོས་པས་བསྐལ་པ་ཆེན་པོའི་རླུང་བཞིན་དུ་བགེགས་ཀུན་འཐོར་བ་དང་ཕྱག་ན་རྡོ་རྗེ་གསོར་པར་མཛད་པས་«་་་་་ཕྲིན་ལས་སྤྲོ་བ་དང་ལྔ།» གང་དུ་གནོད་པར་སེམས་པ་དེའི་ཕྱོགས་དེར་སྔགས་ཀྱི་མཐར། ཆེ་གེ་མོའི་མཐའ་རྟེན་བཏགས་པ་རྡོ་རྗེ་འོད་ཟེར་ཅན་སྒྱོགས་འཕེན་པ་ལྟར་བྱེད་པ་ཡང་དང་ཡང་དུ་བསྣུན་པ་བསྒོམ་པར་བྱའོ། །ནམ་བཟླས་པ་མ་ཟིན་གྱི་བར་དུ་ཧཱུྃ་ཧཱུྃ་འབྲུག་གི་སྒྲ་ལྟ་བུ་རྒྱུན་དུ་གདོན་པར་བྱའོ། །བསྣུན་པའི་འཁྲུལ་འཁོར་རྫོགས་སོ།། ༈ །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྲེག་པའི་སྒོ་ནས་ཚར་གཅད་པར་འདོད་པས། དང་པོ་བདག་ཉིད་ཀྱིས་གོས་སྔོན་པོ་ཅན་གྱི་སྐུ་རུ་བསྒོམས་པས། ཡེ་ཤེས་སེམས་དཔའ་བཅུག་སྟེ་དབང་བསྐུར་ནས་གནས་གསུམ་བྱིན་གྱིས་བརླབས་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་སྣོད་དང་བཅུད་ཐམས་ཅད་གོས་སྔོན་ཅན་དུ་བསྒོམས་ཏེ། བདག་ཉིད་དབུས་སུ་«་་་་་ལྷར་བསྒོམས་ལ།» གནས་པར་བསམས་ལ། མདུན་དུ་མེ་ཐབ་གྲུ་གསུམ་གྱི་ནང་དུ་ཐབ་ལ་ཟུར་གྱི་བར་དུ་ཁྲུ་རེ་རེའི་ཚད་ཡོད་པར་བྱས་ལ། ཟབས་སུ་ཁྲུ་ཕྱེད་པའི་ཚད་དུ་བརྐོས་ལ་དེའི་ཕྱི་རོལ་དུ་སོར་བཞི་དོར་བར་བྱ་བ་དང༌། སོར་བཞི་དཔངས་སུ་བརྩིགས་པ་དང༌། དེའི་ཕྱི་རོལ་དུ་སོར་བཞི་དམའ་བར་བྱ་བ་དང༌། དེའི་ཕྱི་རོལ་དུ་དཀྱིལ་འཁོར་ལྷམ་པ་གྲུ་བཞིའམ་གྲུ་གསུམ་གང་རུང་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཚོན་རྩི་ནག་པོས་བྲིས་ལ། དེའི་ཕྱི་རོལ་རིམ་པ་གསུམ་པ་རྡོ་རྗེ་གསུམ་གསུམ་དགུ་བྱས་ཏེ། མཚམས་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་དགུ་བཀོད་ནས་ཕྱི་རོལ་ཐམས་ཅད་ཚོན་ནག་པོས་བཀང་ལ་རྫས་གསོག་པར་བྱ་སྟེ། བུད་ཤིང་ཚེར་མ་ཅན་ཁྲུ་གང་
པའི་ཚད་དུ་བྱས་པ་མེ་ཐབ་ཀྱི་དབུས་སུ་གྲུ་གསུམ་དུ་བརྩིགས་ཏེ། དེའི་ཁྲུ་གང་པའི་ཚད་ཀྱིས་ལྕུག་མ་«་་་་་ཁྲ་ནར་གྱིས།» རློན་པས་བཅིངས་ཏེ་དབུས་སུ་ཧོམ་བསྲེག་པར་བྱའོ། །དེ་ལ་མངོན་སྤྱོད་ཀྱི་རྫས་དུག་དང༌།«་་་་་སྨྱོ་རུ་བཅུག་པའི་དོན་དུ།» ཁྲག་དང་«་་་་་ཁྲག་ནད་ཀྱི།» སྐེ་ཚེ་དང་«་་་་་གཟེར་ནད་དང༌།» ལན་ཚྭ་དང་«་་་་་ཚད་པའི»་ནད་ཡུངས་ཀར་དང་«་་་་་ལས་ཀུན་འགྲུབ་པར།» ཆུ་ཕར་འགྲམ་དང་ཚུར་འགྲམ་གྱིས་དང་«་་་་་རེངས་པར།» དགྲ་བོའི་རྐང་རྗེས་ཀྱིས་«་་་་་ལས་མྱུར་བར།» དྷ་དྷུ་རའི་ལོ་མ་དང་«་་་་་མྱོས་སུ་བཅུག» བྲ་བོ་དང་«་་་་་མི་ཁ།» སྲན་མ་དང་«་་་་་མི་ཁས་སྡང་བར་བྱ་བ།» མིའི་སྐྲ་དང་«་་་་་ལྷན་ཅིག་ཏུ་མི་གནས་པ»། མི་རུས་ཀྱི་ཕྱེ་མ་དང་«་་་་་བཀྲག་ཉམས་བྱེད་པའི།» ཚེར་མ་ཅན་གྱི་ཡམ་ཤིང་སོར་བརྒྱད་པ་དང༌།«་་་་་གཡས། གཡོན་་་་་་»ཁྲག་གི་ཨརྒྷཾ་དང༌། བོང་སྤང་སྐམ་པོའམ། མི་རུས་ཕྱེ་མའི་སྤོས་དང༌། མེ་ཏོག་སྔོན་པོའམ། འབྲུ་རྗེན་སྔོན་པོའི་མེ་ཏོག་དང༌། ཚིལ་ལམ་འབྲུ་མར་གྱི་མར་མེ་དང༌། དྷ་དྷུ་རའི་ལོ་མའི་དྲི་དང༌།«་་་་་ཁུ་བའི།» ཁྲག་གིས་བསྐུས་པའི་ལྷ་བཤོས་ཟུར་གསུམ་བྱས་ལ་མཆོད་པར་བྱའོ། །དེ་ལ་དང་པོ་«་་་་་བར་འདིར་བདག་ཉིད་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ།» མེ་འབར་བའི་དབུས་སུ་བཅོམ་ལྡན་འདས་གོས་སྔོན་ཅན་ཡེ་གེ་ཧཱུྃ་ལས་བསྐྱེད། དེའི་སྐུ་སྟོད་ལ་ཁྲ་དང་འུག་པ་དང་བྱ་རོག་གི་ཚོགས་བསྐྱེད་པ་ལས་ཁྲོ་ཚོགས་རྡོ་རྗེ་རྩེ་གསུམ་པ་དང་རྩེ་ལྔ་པ་དང་རྩེ་དགུ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པ་དང༌། དེའི་སྐུ་སྨད་ལས་སེང་གེ་དང་སྟག་དང་སྦྲུལ་དང་ཆུ་སྲིན་གྱི་གཟུགས་དུ་མ་སྤྲོས་ཏེ་བགེགས་ཀྱི་ཚོགས་བཀུག་ནས་ནམ་མཁའི་ཁམས་སུ་དུམ་བུར་བྱས་ཤིང་ཟ་བ་དང༌། དུམ་བུར་བྱས་ནས་བཅོམ་ལྡན་འདས་ཀྱི་ཞལ་དུ་བསྟབས་ནས་རུས་པའི་ཕྱེ་མ་ཐལ་བར་སོང་བར་བསམ་མོ། །དེའི་ཆོ་ག་ནི་དང་པོ་མཆོད་པ་ལྔ་བྱས་ལ་དུག་དང་ཁྲག་དང་སྐེ་ཚེ་ལ་སོགས་པའི་མཆོད་པའི་རྫས་རྣམས། ཨོཾ་བཛྲ་ཨཱ་ཛྭ་ལ་ཨཱ་ཧ་ན་བུདྡྷ་ཛྭ་ལ་སརྦ་དུཥྚཾ་སརྦ་བྷསྨིན་ཀུ་རུ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ལན་བདུན་ནམ་ཉེར་གཅིག་གིས་དབུལ་ལོ། །དེ་ནས་ལིངྒ་སྒྲུབ་པར་བྱེད་དེ། རྡོ་ལེབ་ཀྱི་«་་་་་དུར་ཁྲོད་ཀྱི།» ཐོག་ཏུ་སྣ་ཚོགས་རྡོ་རྗེ་བྲིས་ལ་«་་་་་དུར་ཁྲོད་ཀྱི་སོལ་བས།» དེའི་སྟེང་དུ་ལན་ཚྭ་དང་«་་་་་ལིངྒའི་རྒྱུ་བདུན།» ཉུངས་ཀར་དང༌། ཆུ་ཕར་འགྲམ་ཚུར་འགྲམ་གྱི་ས་ལས་སྦྲུལ་གྱི་གཟུགས་བརྙན་བྱས་ཏེ།«་་་་་རྡོ་ལེབ་ཀྱི་ཐོག་ཏུ་གནོད་བྱེད་གང་ཡིན་དེའི་གཟུགས།» ཀླུའི་གཟུགས་སམ་ས་བདག་གི་གཟུགས་སྦྲུལ་ལམ་
ཕག་པ་ལྟ་བུ་བྱས་ཏེ་སྙིང་གར་འཁོར་ལོ་རྩིབས་བཅུ་གཉིས་པའམ་གཤིན་རྗེའི་འཁྲུལ་འཁོར་ལྟ་བུ་བྲིས་ལ་ཡི་གེ་བཅུ་གསུམ་པའི་སྔགས་བཀོད་དེ། དབུས་སུ་མིང་དང་སྤེལ་མ་དང༌། དང་པོར་ཨོཾ། ཐ་མར་ཕཊ་ཅེས་པ་བྲིས་ལ་སྙིང་གར་གཞུག ཚོན་སྣ་ལྔའི་སྐུད་པས་བཅིངས་ཏེ་གྲོ་གའམ་རས་ཀྱིས་གཡོགས་ལ་«་་་་་སྒྲུབ་པའི་དུས་སུ།» བཅོམ་ལྡན་འདས་གོས་སྔོན་ཅན་གྱི་འོད་ཟེར་«་་་་་ཁྲོ་བོ་འདོད་པའི་རྒྱལ་པོ།» གྱི་ཚོགས་ཀྱིས་བསྒྲུབ་བྱ་དྲངས་ལ་བཀུག་པར་བསམས་ཏེ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ལ།«་་་་་ལྕགས་ཀྱུའི།» ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཤ་ཏྲུཾ་གྲྀཧྞ་ཨཱ་ཀརྵ་ཡ་ཛཿཧཱུྃ་ཧཱུྃ་ཛཿཛཿ ཞེས་པ་ཉེར་གཅིག་བཟླའོ། །དེ་ནས་ལིངྒ་ལ་གཞུག་པར་བྱ་སྟེ། ཡང་ཚོན་སྣ་ལྔས་བཅིངས་ཤིང༌། ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་ཁ་དྷ་ཡ་བྷན་དྷ་ཡ་བྷན་དྷ་ཡ་མོ་ཧ་ཡ་མོ་ཧ་ཡ་ཤ་ཏྲུཾ་ཨ་ན་ཡ་ཧཱུྃ་ཕཊ། ཅེས་བྱ་བས་ཁ་ཕྲུ་གདབ་བོ།«་་་་་དུག་གི» །དེ་ནས་དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲིས་པའི་རྡོ་ལེབ་ཀྱིས་མནན་ལ་བཅོམ་ལྡན་འདས་མེ་ཐབ་ཀྱི་དབུས་སུ་དམིགས་ཏེ།«་་་་་དེ་ནས་ཞག་ཉེར་གཅིག་བསྒྲུབས་པས་རྟགས་བྱུང་བྱུང་དུ་བྱ།» «མ་བྱུང་ན་སྤོགས་ཆོག་བྱ།» མཚོན་རྣོན་པོ་ལ་རྃ་བཀོད་ལ་འོད་འཕྲོས་པར་བསམས་ཏེ་ཁྲག་ལ་སྦགས་ནས་«་་་་་རལ་བྲི་ལ་བྱུགས་པས།» ལིངྒ་དུམ་བུ་དུམ་བུར་བྱས་ནས་སྔ་མའི་«་་་་་ཐབ་ཁུང་གི» བཅོམ་ལྡན་འདས་ཀྱི་ཞལ་དུ་འབུལ་བར་བསམ་མོ། །དེར་ལིངྒ་རྣམས་ཟད་པ་ན་ཡང་བསྲེག་རྫས་རྣམས་ཐ་མར་མཆོད་པ་ཕུལ་ནས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། «ཆོ་ག་ཉམས་པ་དང་རྫས་ཉམས་པ་་་་༌།»བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།«་་་་་གཤེགས་སུ་གསོལ།» །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བྱ་བས་གཤེགས་སུ་གསོལ་བའོ། །དེ་ནས་དམ་ཚིག་པ་མི་སྣང་བར་བསམས་ཏེ། དེ་བཞིན་དུ་ཉིན་ཞག་རེ་རེ་ལ་ལན་གཉིས་སམ་གསུམ་དུ་ཇི་ཙམ་ནུས་པར་སྲེག་བླུགས་རྣམས་འབུམ་རྫོགས་ཀྱི་བར་དུ་བྱའོ། །དེ་ནས་ཆུ་བོ་སྐམ་པའམ། སྦྲུལ་ཤི་བའི་རོ་མཐོང་བའམ། གླང་འཐབས་ནས་ལྟུང་བའམ།
དགྲ་བོའི་ཁྱིམ་དུ་མེ་མཆེད་པའམ། ཡུལ་དུ་རིམས་ནད་བྱུང་བའི་ཚེ། ཞི་བའི་སྦྱིན་སྲེག་གི་ལས་བྱའོ། །ཡང་ན་རྨི་ལམ་དུ་ཆུ་བོ་སྐམ་པ་དང༌། ནགས་ལ་མེ་ཤོར་བའམ། སོག་པོའི་ཚོགས་ཀྱི་ནང་ན་འདུག་པ་རྨི་ཡང་སྔ་མ་བཞིན་དུ་ཞི་བའི་སྦྱིན་སྲེག་བྱའོ། །སྦྱིན་སྲེག་ལས་བྱེད་པའི་དུས་སུ་ལུས་ལ་སྲུང་མདུད་ཀྱིས་བསྲུང་བར་བྱ་སྟེ། «ས་ལས་བྱུང་བ་་་་་་»གསེར་ས་ལེ་སྦྲམ་དང་མུ་ཏིག་ལ་སོགས་པ་མིག་མ་ཕུག་པ་དང༌། གི་ཝཾ་དང་གུར་གུམ་གྱིས་བྲིས་པའི་རྟེན་འབྲེལ་སྙིང་པོ་དང༌། རྨ་བྱའི་སྒྲོ་ལ་རྨ་བྱ་ཆེན་མོའི་ཡང་སྙིང་བྲིས་པའམ། སྔགས་བཏབ་པ་དང༌། ཡུངས་ཀར་ལ་སྔགས་བཏབ་ལ་ལུས་ལ་གདགས་པ་དང༌། གླ་རྩི་ལ་གོས་སྔོན་ཅན་གྱི་སྙིང་པོ་བཟླས་པའི་ཆུས་ལུས་བྱུགས་པ་དང༌། བྱ་ཁྱུང་གི་སྔགས་ཡི་གེ་ཁྲྃ་འབྲུ་གཅིག་པ་གསེར་གྱིས་བྲིས་པ་སྤྱི་བོར་གདགས་པ་དང༌། ཡང་ན་འཇམ་པའི་རྡོ་རྗེའི་དབྱངས་ཀྱི་སྙིང་པོ་ཡི་གེ་འབྲུ་གཅིག་པ་དང༌། ཕྱག་ན་རྡོ་རྗེའི་སྙིང་པོ་ཀྵྨཱིཾ་གསེར་གྱིས་བྲིས་ལ་སྤྱི་གཙུག་ཏུ་གདགས་པར་བྱའོ། །གལ་ཏེ་གྲུབ་པར་མ་གྱུར་ན་ལན་བདུན་གྱི་བར་དུ་བསྒྲུབ་པར་བྱའོ། །བཅོམ་ལྡན་འདས་གོས་སྔོན་ཅན་གྱི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཏེ་ཛོ་དེ་ཝ་དང་ཞུ་ཆེན་གྱི་ལོ་རྩཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཞིང་ཞུས་པའོ།། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོའི་ཁྲུས་ཀྱི་ཆོ་ག་བྱེད་པར་འདོད་པས་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ལ། བུམ་པ་རིན་པོ་ཆེའམ་རྫ་ཡིན་ཡང་རུང་སྟེ། ཆུ་བྲེ་གང་ཡན་ཆད་ཤོང་བ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཆག་གས་མེད་པ་དེར་ཆུ་སྲོག་ཆགས་མེད་པས་བཀང་ལ། དེར་སྨན་སྣ་ལྔ་དང༌། རིན་པོ་ཆེ་ལྔ་དང༌། འབྲུ་ལྔ་དང༌། སྙིང་པོ་ལྔ་དང༌། དྲི་ལྔ་རྣམས་ཚོགས་པ་དང༌། རས་ཁ་ཚར་མཉམ་པ་དཀར་པོའི་མགུལ་ཆིངས་པདྨ་འདབ་མ་ལྔ་ལ་སོགས་པའི་ཚུལ་དུ་བྱས་ལ། བུམ་པའི་ཞལ་རྒྱན་ཤུག་པ་ལ་སོགས་པ་འབྲས་བུ་ཅན་གྱི་ཤིང་ལ་ཇི་ལྟར་མཛེས་པར་རས་ཀྱི་ཐེ་གུས་
བསྡམས་པ་དང༌། དེ་ལ་རྡོ་རྗེ་རབ་གནས་བྱས་པ་ལ་གཟུངས་ཐག་དཀར་པོའམ། ཡང་ན་ཚོན་སྐུད་སྣ་ལྔ་པའི་ཐེ་གུ་གསུམ་སྒྲིལ་བྱས་པས་ཞལ་རྒྱན་ལ་གཟུགས་སོ།«་་་་་རྨ་བྱའི་མདོངས་མ་ཉམས་པ་གཅིག་ཀྱང་ཞལ་རྒྱན་ལ་གཟུགས།» །དེ་ནས་རང་ལྷའི་རྣལ་འབྱོར་དང་ལྡན་པས། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཞེས་བརྗོད་ནས་མི་དམིགས་པར་བསམ། དེ་ནས་མི་དམིགས་པའི་ངང་ནས་བྷྲཱུྃ་སེར་པོ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྐྱེད། དེ་ནས་ཝཾ་དཀར་པོ་ཞུ་བ་ལས་བདུད་རྩིར་གྱུར་པར་བསམ། བདུད་རྩིའི་སྟེང་དུ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཉམས་གསུམ་དང་ལྡན་པ་སྐད་ཅིག་གིས་བསྐྱེད་ལ། དེ་ནས་གཟུངས་ཐག་ནས་བཟུང་ལ། ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་དུ་བཟླས་པ་དང༌། བུམ་པའི་ནང་དུ་རྡོ་རྗེ་ཕྲ་མོས་གང་བར་བསམས་ལ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཧཱུྃ་སྔོན་པོ་འོད་ཟེར་དང་བཅས་པར་བསམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་གོས་སྔོན་ཅན་དུ་བསྐྱེད། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བ་ལ་འཁོར་ལོ་རྩིབས་བཅུ་གཉིས་པ་བསམ། འཁོར་ལོའི་དཀྱིལ་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཧཱུྃ་འོད་ཟེར་དང་བཅས་པར་བསམ། རྩིབས་ལ་ཡི་གེ་བཅུ་གཉིས་ཀྱིས་བསྐོར་བར་བསམས་ལ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་འཁོར་ལོ་དང་རྡོ་རྗེ་དང་ཡིག་འབྲུ་དང་ལྷའི་སྐུ་རྣམས་རྡོ་རྗེ་ཕྲ་མོའི་ཆར་ཞུ་བར་བསམ་ཞིང་བསྙེན་པ་བསྐྱལ་བར་བྱ། ཐུན་མཚམས་སུ་གཟུངས་ཐག་བུམ་པའི་ཁ་རྒྱན་གྱི་གསེབ་ཏུ་བསྡུ། དེ་ལྟར་ལྷ་བསྐྱེད་པ་ལ་སོགས་དང༌། བསྙེན་པ་ཚད་དུ་བསྐྱལ་བ་དེས་ཁྲུས་བྱས་ན་ཀླུ་གདོན་གྱི་གནོད་པ་དང་སྒྲིབ་པ་ཐམས་ཅད་ཀྱང་སེལ་བར་བྱེད་དོ། །བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང༌། །སྨྲ་བཞིན་མ་ཡིན་གཞན་དུ་ཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཉམས་དང་མི་གཙང་བཟླས། །སྔགས་ཀྱི་འབྲས་བུ་ཆེན་པོ་མི་སྟེར་རོ། །ཀྲི་ཡའི་རྒྱུད་ཆེན་པོ་དཔུང་བཟང་ནས་ཕྱུང་གསུངས། ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ།།
སློབ་དཔོན་འགྲོ་བཟང་སྙིང་པོའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་མཁས་པའི་ཞལ་ལུང་བཞུགས་སོ། །ན་མོ་གུ་ར་ཝེ། སྟོབས་བཅུ་མངའ་བ་ཡོངས་ཀྱི་གསང་བའི་བདག །བསྐལ་པའི་མེ་དང་འཕྲད་པའི་དབང་སྔོན་རི། །མཚུངས་ལས་ལྷག་པའི་གཟི་བརྗིད་ལྷམ་མེ་བ། །དེ་ཡི་སྒྲུབ་ཐབས་རྗེས་གནང་རྣམ་གསལ་བྲི། །དེའང་ཕྱག་ན་རྡོ་རྗེ་འགྲོ་བཟང་སྙིང་པོའི་ལུགས་སམ་གོས་སྔོན་ཅན་གྱི་རྗེས་སུ་གནང་བ་ལེགས་པར་ཐོབ་པས། མངོན་པར་རྟོགས་པ་ཉམས་སུ་བླང་བའི་ཚུལ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། རང་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་དང༌། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་ཞེས་སོགས་ཤློ་ཀ་རེས་ཕྱག་བྱ། ཨོཾ་ནཱི་ལམྦར་དྷ་ར་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཚོགས་རྟེན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་ཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ་པས་གསེར་གྱི་རྡོ་རྗེ་«་་་་་འགྲོ་བཟང་སྙིང་པོའི་གཞུང་དུ་ཁྲོ་བོའི་རྡོ་རྗེ་སྔོན་པོ་འབྱུང༌། སྔགས་འཆང་ཤཱཀྱ་དཔལ་སོགས་བརྒྱུད་པའི་གསུང་སྒྲོས་རྣམས་ལས་རྡོ་རྗེ་སེར་པོར་བཞེད་པ་མང་ངོ༌།། »རྩེ་ལྔ་པའི་ལྟེ་
བ་ལ་ཧཱུྃ་གིས་མཚན་པར་གྱུར་པ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཕྱག་ན་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བས་སྟེང་ཕྱོགས་གཟའི་གདོན་ཐམས་ཅད་སྐྲག་པར་མཛད་པ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པས་འོག་ཕྱོགས་ཀླུའི་གདོན་ཐམས་ཅད་འཇོམས་པར་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་མེ་ལྟར་འབར་བ། ཞལ་མཆེ་བ་རྣོན་པོ་བཞི་གཙིགས་ཤིང་ལྗགས་འདྲིལ་བ། སྨིན་མ་དང་སྨ་ར་དང་དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྟོད་ལ་དར་སྔོན་པོའི་ན་བཟའ་དང་སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཀླུ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔའི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་པ་ལ་གོང་བཞིན་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐ་ག་ཏ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་དབང་བསྐུར། ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་སྤྲུལ་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱིས་དབུར་བརྒྱན། ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རྣམས་བདག་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཀྱིས་མཆོད། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །གཏུམ་པོ་དྲག་པོ་རྡོ་རྗེའི་
སྐུ། །མི་བཟད་ནམ་མཁའི་མདོག་འདྲ་བ། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང་ང་རྒྱལ་གཟུང༌། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕག་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་གདོན་བགེགས་ཐམས་ཅད་སྦྱངས། ཕྱག་ན་རྡོ་རྗེའི་གོ་འཕང་ལ་བཀོད། ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམས་ལ། ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་པའི་སྔགས་དེ་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། མཆོད་བསྟོད་གོང་བཞིན་དང༌། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་སྟེང་གདོན་དང་འོག་གདོན་གྱི་གནོད་པ་ཐམས་ཅད་ཞི་བ་དང༌། མཐར་ཐུག་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་ལྟ་བུས་འདོད་དོན་གསོལ་བ་གདབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། བསྙེན་པ་བྱེད་ན་འབུམ་ཕྲག་བཅུའམ་བཅུ་བཞིའི་བར་དུ་གསག་གོ །གཏོར་མ་འབུལ་ན། བྱིན་གྱིས་བརླབས་ནས། གཏོར་མགྲོན་སྔར་བཞིན་བསྐྱེད་པའམ་བསྡུ་ན་སྐད་ཅིག་གིས་སྤྱན་དྲངས་པ་ལ། མདུན་བསྐྱེད་ཀྱི་སྐབས་ལྟར་ཕུལ་ལ། མཆོད་བསྟོད་གསོལ་བ་གདབ། གཏོར་མགྲོན་བརྟན་བཞུགས་བྱ་བའམ་གཤེགས་སུ་གསོལ་བ་སྐབས་སུ་གང་བབ་བྱས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་ན་རྡོ་རྗེ་འགྲུབ་གྱུར་ཞེས་སོགས་ཀྱིས་དགེ་བ་བྱང་ཆུབ་ཏུ་བསྔོའོ། །བསྟོད་པ་རྒྱས་པར་ནི། ཧཱུྃ། བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན། །ཞེ་སྡང་ཅན་རྣམས་འདུལ་བའི་རྟགས། །ཉོན་མོངས་སྤངས་ལ་ཕྱག་འཚལ་བསྟོད། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རྡོ་རྗེ་ལན་གསུམ་གསོར་བ་ཡིས། །གནོད་སྦྱིན་དྲག་པོ་འདུལ་མཛད་པ། །གནོད་སྦྱིན་གོས་
སྔོན་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །རྒྱལ་པོ་བཏུལ་ནས་ནོར་སྒྲུབ་མཛད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །མེ་རི་འབར་བའི་དབུས་ན་བཞུགས། །རྣམ་རྒྱལ་ཁྲོ་བོའི་སྐུར་བསྟན་ནས། །ཁྲོ་བོའི་ངར་སྐད་དྲག་པོ་ཡིས། །ཐམས་ཅད་ཀུན་འདུལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །མཁའ་ལྡིང་རྒྱལ་པོའི་སྐུར་སྤྲུལ་ནས། །ཀླུ་རྒྱལ་ཐབས་ཀྱིས་འདུལ་མཛད་པའི། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །ནག་པོ་ཆེན་པོར་སྐུར་སྤྲུལ་ནས། །རུ་དྲ་འདུལ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ནི། སྟེགས་ཀྱི་ཁར་མཎྜལ་ཚོམ་བུའི་མཐར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དང༌། མདུན་དུ་ཟླུམ་གཏོར་གཅིག་རྣམས་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཉེར་བསྡོགས་བྱས། སློབ་དཔོན་གྱིས་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་པའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ལ་སོགས་པའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱི་སོ་སོའི་སྔགས་དང་ཕྱག་རྒྱ་དྷརྨཱ་ར་ཎི་བཅས་པས་བྱིན་གྱིས་བརླབ། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་གོང་ལྟར་ཉམས་སུ་བླང༌། མདུན་བསྐྱེད་སྒྲུབ་པ་ནི། ཚོམ་བུ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་སོགས་སྔར་བཞིན་དུ་ཕྱག་ན་རྡོ་རྗེ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་པ་བྱིན་གྱིས་བརླབ། མཚན་
སྔགས་རེ་རེའི་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་དྷརྨཱ་ར་ཎི་རོལ་མོ་དང་བཅས་པས་མཆོད། བསྟོད་པ་གོང་ལྟར་བྱ། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྃ་ལས་བྱུང་བའི་ལྷའི་ཞལ་ཟས་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཅན་ལ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་སངས་རྒྱས་སྤྱན་གྱི་སྔགས་དང༌། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་རྒྱས་པར་སྤེལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་ཨི་དཾ་བ་ལིཾ་ཏ་གྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། མ་མ་སརྦ་ཀརྨ་སཱ་དྷ་ཨ་མོ་གྷ་ཡ་སྭཱ་ཧཱ་ཞེས་གསུམ་མམ་ལྔ་ལ་སོགས་པས་དབུལ། གཏོར་མ་བྱིན་རླབས་དང་འབུལ་བའི་སྔགས་དེ་ལྟར་མི་ནུས་པས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨོཾ་ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་འབུལ་ཡང་བཏུབ། མཆོད་བསྟོད་གོང་ལྟར་དང༌། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །སྐུ་གསུམ་ལྷུན་གྱིས་གྲུབ་པར་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ་བ་རྣམས་ནི་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་རྣམས་ཁྲུས་དང་ཕྱག་བྱས་ནས་གྲལ་ལ་འཁོད་པ་ལ་སེམས་བསྐྱེད་གསལ་གདབ་ཏུ་གཞུག འདིར་སྐབས་སུ་བབ་པའི་རྗེས་སུ་གནང་བ་ནི། གྲུབ་པའི་སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོའི་ཞབས་ཀྱིས་ལེགས་པར་བཀྲལ་བའི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་སུ་གནང་བ་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། སློབ་མའི་བྱ་བ་ལ་སློབ་དཔོན་དང་ཕྱག་ན་རྡོ་རྗེ་གོས་
སྔོན་ཅན་ཐ་མི་དད་པ་ལ་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ་ནས། རྒྱུད་ཡོངས་སུ་དག་པར་བྱ་བའི་ཕྱིར། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་བསམས་ལ། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས་ཀྱིས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་དང་བྱིན་གྱིས་བརླབ་པ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་རྣམས་སྔོན་འགྲོ་ཡིན། དངོས་གཞིའི་དོན་དུ་སློབ་དཔོན་ཕྱག་ན་རྡོ་རྗེར་གསལ་བ་དང༌། མདུན་བསྐྱེད་ཀྱི་ཕྱག་རྡོར་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་དང་གདོས་བཅས་ཀྱི་ལུས་སྦྱངས། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་སོགས་ནས་མི་བསྐྱོད་པས་དབུར་བརྒྱན་པའི་བར་ཕྱག་ན་རྡོ་རྗེ་མངོན་རྟོགས་བཞིན་དུ་བསྐྱེད། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་དཔལ་ཕྱག་ན་རྡོ་རྗེའི་སྐུའི་རྣམ་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བསྟིམ། སྔགས་དང་ཛཿཧཱུྃ་བཾ་ཧོཿབརྗོད་ཅིང་དྲིལ་བུ་གསིལ། གུ་གུལ་གྱི་དུད་པས་བདུག དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་དྲི་མ་དག ཕྱག་
ན་རྡོ་རྗེའི་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ། །གསུང་བཟླས་པའི་ལུང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས། སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རྣམས་ཕྱག་ན་རྡོ་རྗེར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་གཡས་སྐོར་གྱིས་འཁོད་པར་མོས་ཏེ་འདིའི་རྗེས་ཟློས་ལན་གསུམ་བརྗོད། ཨོཾ་ནཱི་ལམྦར་སོགས་ཀྱི་རྗེས་ཟློས་བྱས་ལ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། སློབ་དཔོན་གྱིས་ཀྱང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་རྒྱུད་ལ་འཇུག་ཅིང་བརྟན་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་སྤྱི་བོར་མེ་ཏོག་གཏོར། དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་དྲི་མ་དག ཕྱག་ན་རྡོ་རྗེའི་གསུང་གསང་སྔགས་བཟླས་བརྗོད་བྱེད་པ་ལ་དབང་བ་ཡིན་ནོ། །འདི་ལ་ལྷ་བསྒོམ་པ་དང་སྔགས་ཀྱི་བཟླས་ལུང་གཉིས་ཁོ་ན་ལས་གཞན་མི་དགོས་པར་གསུངས་སོ། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་བསྲུང་བསྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་གི་མཎྜལ་དང༌། དེང་ནས་སོགས་སྤྱི་ལྟར་བྱའོ། །ཡང་ན་བདག་མདུན་སྒྲུབ་ཅིང་མཆོད་པ་རྣམས་སྔར་ལྟར་བྱས་ནས་རྗེས་གནང་གི་ཆིངས་སྒྲུབ་ཐབས་བརྒྱ་རྩ་ལྟར་སྦྱར་བའི་ལུགས་ཀྱང་བཤད་པ་ཡོད་དོ། །རྗེས་ཀྱི་མཆོད་པ་ཁ་གསོས་ཏེ་བྱིན་གྱིས་བརླབས་ནས།
མཚན་སྔགས་རེ་རེ་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ནས་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་དང༌། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ། རང་གི་དཔྲལ་བར་ཨོཾ་སོགས་ཀྱིས་གནས་གསུམ་བསྲུང་ཞིང༌། དགེ་བ་འདི་ཡིས་མྱུར་དུ་བདག་ཅེས་སོགས་ཀྱིས་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །བདེ་གཤེགས་ཡོངས་ཀྱི་མཐུ་སྟོབས་ནུས་པའི་རྩལ། །གཅིག་བསྡུས་དབང་སྔོན་ལྷུན་པོར་བསྐལ་པའི་མེས། །ལན་བརྒྱར་འཁྱུད་པས་མཚོན་མིན་དཔའ་བོ་ཆེ། །ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྗེས་གནང་བཅས། །གོ་བདེར་བགྱིས་པའི་ལེགས་བྱས་རྩེ་བརྒྱ་པས། །བདུད་དཔུང་རི་བོའི་རྒྱུན་ལུགས་ཡོངས་བཅད་དེ། །གསང་ཆེན་བསྟན་པའི་བཤད་སྒྲུབ་དར་བབ་གླུ། །སྙན་དགུ་བསྐལ་པའི་བར་དུ་སྒྲོགས་གྱུར་ཅིག །ཅེས་ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཆོ་ག་མཁས་པའི་ཞལ་ལུང་ཞེས་བྱ་བ་འདི་ནི། དོན་གཉེར་གྱི་ངོར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་སྦྱར་བའོ།། །།མངྒ་ལཾ།། །།
དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། འདིར་གསང་བའི་བདག་པོ་འཁོར་ལོ་ཆེན་པོ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཚངས་པ་དང་བརྒྱ་བྱིན་གཡོན་དུ་བསྒྱེལ་བའི་སོག་ཕྲག་ཏུ་ཟླ་ཉིའི་སྟེང་དུ་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས་འདུས། རྡོ་རྗེ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་སངས་རྒྱས་འཁོར་ལོ་ཆེན་པོ་གོས་སྔོན་ཅན་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པ། རྩ་ཞལ་མཐིང་ག་ཆར་སྤྲིན་ལྟར་གནག་པ། གཡས་ཞལ་དུང་ལྟར་དཀར་ཞིང་ཡ་སོས་མ་མཆུ་མནན་པ། གཡོན་ཞལ་པདྨ་རཱ་ག་ལྟར་དམར་བའི་མདངས་ཅན། ཞལ་གསུམ་ཟླ་བའི་དཀྱིལ་འཁོར་ལྟར་རྒྱས་པ། ཞལ་རེ་རེའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་མེའི་ཕུང་པོ་འདྲ་བ། སྨིན་
མ་དང་དཔྲལ་བའི་མཚམས་སུ་ཁྲོ་གཉེར་བསྡུས་ཤིང་ཤིན་ཏུ་ཁྲོས་པ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། ཧཱུྃ་ཧཱུྃ་དང་ཨ་ལ་ལའི་སྒྲ་ཆེན་པོ་འབྲུག་ལྟར་ཕྱོགས་བཅུར་སྒྲོགས་ཤིང༌། དབུགས་མེ་ལྕེ་ལྟར་རབ་ཏུ་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རལ་པའི་ཅོད་པན་ལ་མི་བསྐྱོད་པས་བརྒྱན་པ། ལྟོ་བ་ཡངས་ཤིང་གསུས་པའི་སྨད་འཁྱིལ་བ། ཕྱག་གཡས་ཀྱི་དང་པོས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། གཡོན་གྱི་དང་པོས་སྡིགས་མཛུབ་མཛད་པ། བར་པ་གཉིས་ཐལ་མོའི་སྒྲ་སྒྲོགས་པས་ཡུམ་ལྷ་མོ་མཛེས་ལྡན་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཐ་མ་གཉིས་ཀྱིས་གདོལ་པའི་རིགས་སྟོབས་རྒྱུ་དང༌། རིག་ལྡན་ནག་པོའི་སྐེད་པ་ནས་བཟུང་སྟེ་མགོ་ཞལ་དུ་གསོལ་ཞིང༌། མཇུག་མ་ཞབས་འོག་ཏུ་མནན་པ། གོས་སྔོན་པོའི་སྟོད་གཡོགས་དང༌། སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེ་
སྔོན་པོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ། གཡོན་བརྐྱང་གིས་བཞུགས་པ། གོས་སྔོན་པོའི་སྟོད་གཡོགས་དང༌། སྟག་གི་པགས་པའི་ཤམ་ཐབས་ཅན། དེའི་ཐུགས་ཀར་ཉི་མ་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་ནག་འོད་ཟེར་ལྔ་འཕྲོ་བ། ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུར་བརྒྱན་པར་གྱུར། མཆོད་པ་བླ་མེད་ལྟར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ནང་མཆོད་བྱིན་གྱིས་བརླབས་ཏེ་ཨོཾ་ཨཱཿཧཱུྃ་གིས་དབུལ། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། མན་ངག་བཞིན་ཏིང་ངེ་འཛིན་ལས་མ་ཡེངས་པར། ཨོཾ་ནཱི་ལཱཾ་ཝ་ར་དྷ་ར་བཛྲ་པཱ་ཎི་ཧྲྀ་ད་ཡ་མ་ཧཱ་ཀྲོ་དྷ་སཏྭ་ཧཱུྃ་ཕཊ། ཅེས་པ་སྙིང་པོ་དང༌། ཨོཾ་ནཱི་ལཱཾ་ཝ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པའི་ཉེ་སྙིང་ཅི་མང་བཟླས་ལ། མཇུག་ཏུ་དགེ་བ་རྫོགས་བྱང་དུ་བསྔོའོ། །ཞེས་པ་འདིའང་འགའ་ཞིག་ལ་ཕན་པའི་བསམ་པས་ཤཱཀྱའི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཀོད་པའི་ཡི་གེ་པ་ནི་ཞྭ་ལུ་པ་ཚེ་རིང་ཆོས་འཕེལ་ལོ།། ༈ །དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་རྩ་བའི་སྔགས་སམ་ཕྲེང་སྔགས་སུ་གྲགས་པ་བཀླག་པས་
དངོས་གྲུབ་ཐམས་ཅད་སྟེར་བ་ནི། ཏདྱ་ཐཱ།«་་་་་འདི་ལྟ་སྟེ།» བྷོ་བྷོ།«་་་་་ཀྱེ་ཀྱེ། »བྷན་ན་ག་ཨ་དྷི་པ་ཏ་ཡེ་ཨི་དཾ«་་་་་་་་་་བྲང་འགྲོའི་ཀླུ་རྣམས་ཀྱི་བདག་པོ་འདི།» ནཱི་ལཱཾ་ཝ་ར་དྷ་ར་ཤ་རཱི་རཾ«་་་་་གོས་སྔོན་པོ་འཛིན་པའི་སྐུ་ཅན། »བཛྲ་པཱ་ཎི་ཧྲྀ་ད་ཡཾ་«་་་་་ཕྱག་ན་རྡོ་རྗེའི་སྙིང་པོ། »ཡཿས་མཱ་ཏི་ཀྲ་མ་ཐ་«་་་་་གང་འདི་ལས་འདའ་བར་བྱེད་པ།» ཨུཏྶཱ་ད་ནཾ་བྷ་བི་ཥྱ་ཏི་«་་་་་སྐྲོད་པར་བྱེད་པ།» ཏ་དྱ་ཐཱ།«་་་་་འདི་ལྟ་སྟེ།» བུདྡྷ་བུདྡྷ་བི་བུདྡྷ་བི་བུདྡྷ་«་་་་་རྟོགས་རྟོགས་རྣམ་པར་རྟོགས་རྣམ་པར་རྟོགས།» མ་ཧི་པྲཱཔྟ།«་་་་་མ་འགོར་ཞིག »ཧ་ར་ཧ་ར་ནཱ་གཱ་ནཱཾ་«་་་་་འཕྲོག་འཕྲོག་ཀླུ་རྣམས་ཀྱི།» པྲ་ཧ་ར་པྲ་ཧ་ར་སརྦ་ནཱ་གཱ་ནཱཾ་«་་་་་རབ་ཏུ་འཕྲོག་ཀླུ་རྣམས་ཐམས་ཅད་ཀྱི།» ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི་«་་་་་ཆོད་ཆོད་ཀླུའི་སྲོག་རྣམས། »བྷིནྡྷ་བྷིནྡྷ་ནཱ་ག་མརྨཱ་ཎི་«་་་་་ཕུག་ཕུག་ཀླུའི་གནད་རྣམས།» བི་ཤཱིརྻནྟུ་ནཱ་ག་ཤ་རཱི་རཾ་«་་་་་བསྣཱེལ་ཅིག་ཀླུ་རྣམས་ཀྱི་ལུས།» བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནཱ་ནི་«་་་་་རྣམ་པར་ཁོས་ཤིག་ཀླུའི་མིག་རྣམས།» ཏདྱ་ཐཱ།«་་་་་འདི་ལྟ་སྟེ།» ཧཱུྃ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ།«་་་་་ཀླུ་རྣམ་པར་འཛོམས་པར་བྱེད་པ།» ནཱ་ག་ཨུཏྶཱ་ད་ན་ཡ་ཕཊ།«་་་་་ཀླུ་སྐྲོད་པར་བྱེད་པ»། ནཱི་ལཾ་བ་ས་ནཱ་ཡ་ཕཊ།«་་་་་གོས་སྔོན་པོ་ཅན།» ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ།«་་་་་ཐོགས་པ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པ།» ཀྲྀ་ཏཱནྟཱ་ཡ་ཕཊ།«་་་་་མཐར་བྱེད་པ།» ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ།«་་་་་མཐར་བྱེད་པའི་གཟུགས་ཅན།» རོ་ཥ་ཎཱ་ཡ་ཕཊ།«་་་་་འཇིགས་སུ་རུང་བར་བྱེད་པ།» ཏྲཱ་ས་ནཱ་ཡ་ཕཊ།«་་་་་སྐྲག་པར་བྱེད་པ།» ཀུཤྨཱཎྜ་ཨུཏྶཱ་ད་ནཱ་ཡ་ཕཊ།«་་་་་གྲུལ་བུམ་སྐྲོད་པར་བྱེད་པ།» པྲེ་ཏ་པི་ཤཱ་ཙི་བི་ནཱ་ཤ་ཀ་རཱ་ཡ་ཕཊ།«་་་་་ཡི་དྭགས་དང་ཤ་ཟ་རྣམ་པར་ཉམས་པར་བྱེད་པ།» ཡཀྵ་ཨ་པ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ།«་་་་་གནོད་སྦྱིན་དང་བརྗེད་བྱེད་རྣམ་པར་ཉམས་པར་བྱེད་པ།» ཧ་ས་ཧ་ས།«་་་་་དགོད་པར་གྱིས་དགོད་པར་གྱིས།» དྷ་ར་དྷ་ར་«་་་་་ཟུངས་ཟུངས།» མཱ་ར་ཡ་མཱ་ར་ཡ་«་་་་་སོད་སོད། »ནཱ་ཤ་ཡ་ནཱ་ཤ་ཡ་«་་་་་ཉམས་པར་གྱིས་ཉམས་པར་གྱིས། »སརྦ་བིགྷྣཱན་བི་ནཱ་ཤ་ཀ་རཱ་ཡ་ཕཊ།«་་་་་བགེགས་ཐམས་ཅད་རྣམ་པར་ཉམས་པར་གྱིས།» སརྦ་ཤཱ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ།«་་་་་དགྲའི་ཚོགས་ཐམས་ཅད་རྣམ་པར་ཉམས་པར་གྱིས།» ནཱི་ལམྦ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ།«་་་་་གོས་སྔོན་པོ་ཅན་གྱིས་རྡོ་རྗེ་འཛིན་པའི་བཀའ་བཞིན་བྱེད་དུ་ཆུག་ཅིག་གཞི་
ཚུགས།» ཞེས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་སུམ་འདུལ་གྱི་རྒྱུད་ལས་བྱུང་བའོ། །མངྒ་ལཾ།། ༈ །ན་མོ་གུ་རུ་བཛྲ་པཱ་ནཱ་ཡ། དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་རྗེས་སུ་གནང་བར་སྒྲུབ་པར་འདོད་པས། སྟེགས་བུའི་དབུས་སུ་མཎྜལ་ལར་མེ་ཏོག་གི་ཚོམ་བུ་གཅིག་དགོད། དེའི་སྟེང་དུ་གཏོར་མ་དཀར་ཟླུམ་ཐེབ་ཀྱུས་བསྐོར་བ་དར་སྔོན་པོའི་གདུགས་ཀྱིས་སྤྲས་པ་དང༌། མདུན་དུ་འབུལ་གཏོར། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཀོད་མཛེས་སུ་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་སོགས་འདུ་བྱ། བདག་བསྐྱེད་སྔོན་ཏུ་འགྲོ་བས། མདུན་རྟེན་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་སོགས་ནས། ཡོངས་སུ་གྱུར་པ་ལས། སངས་རྒྱས་འཁོར་ལོ་ཆེན་པོ་སོགས་ཀྱིས་གསལ་གདབ་ཅིང༌། བསྟོད་པའི་བར་བདག་བསྐྱེད་ལྟར་དང༌། མདུན་བསྐྱེད་ལ་དམིགས་པའི་བཟླས་པའང་ཅི་རིགས་པས་ཐུགས་རྒྱུད་བསྐུལ། འབུལ་གཏོར་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས། །རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ། །རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ། །རྡོ་རྗེ་ཕྲིན་ལས་དོན་ཀུན་མཛད། །ཐབས་འདུལ་འཁོར་ལོ་ཆེ་ལ་བསྟོད། །ཅེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་གསོལ་བ་ནི་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་ནས་མཎྜལ་ཕུལ། སློབ་དཔོན་གྱིས་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱི་གཏམ་ཅི་རིགས་པས་
མཚམས་སྦྱར་ཏེ། དེ་ལ་འདིར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད། མདོ་སྡེ་དང་རྒྱུད་སྡེའི་གསུང་གི་གསང་བ་མཐའ་དག་རྫོགས་པར་འཛིན་པའི་འཁོར་ལོའི་བདག་པོ་དང་རྒྱལ་བའི་སྲས་སུ་རྣམ་པར་འཕྲུལ་པ་ལའང་སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་ལས། གངས་ཅན་གྱི་ལྗོངས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་ཆེ་བ་དྲུག་གམ་དགུར་གྲགས་པའི་ཡ་གྱལ། འཁོར་ལོ་ཆེན་པོ་དབང་གིས་ཆེ་བ་ཞེས། དྲག་པོ་སུམ་འདུལ་གྱི་རྒྱུད་དང༌། དེའི་གསང་བ་རྣམ་པར་འབྱེད་པའི་རྒྱུད་སོགས་ལ་བརྟེན་ནས་གྲུབ་ཆེན་ཛ་བ་རིས་ལེགས་པར་བཀྲལ་ཞིང་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབས་པ་ནས་བཟུང༌། དམར་སྟོན་རིམ་བྱོན་དང༌། རྗེ་བདག་ཉིད་ཆེན་པོ་སོགས་ལམ་འདི་ལ་མཁས་ཤིང་དངོས་གྲུབ་མཆོག་བརྙེས་པའི་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བའི་སྨིན་གྲོལ་མན་ངག་དང་བཅས་པའི་བཀའ་སྲོལ་ཅི་རིགས་པར་བཞུགས་པ་ལས། འདིར་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་གཙོ་རྐྱང་གི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། རྒྱུད་སྦྱང་བའི་སླད་དུ། བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ཐ་མི་དད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་
སེམས་བསྐྱེད་པའི་སྡོམ་པ་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དངོས་གཞིའི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་རྟེན་བསྒྲུབས་ཟིན་པ་ལྟར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཚངས་པ་དང་བརྒྱ་བྱིན་གཡོན་དུ་བསྒྱེལ་བའི་སོག་ཕྲག་ཏུ་ཟླ་ཉིའི་གདན་ལ། སངས་རྒྱས་འཁོར་ལོ་ཆེན་པོ་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པའི་སྐུ་ཅན་དུ་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་འཁོར་ལོ་ཆེན་པོ་ཡི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་ནས། ཁྱེད་རང་རྣམས་ལྷར་གསལ་གདབ་པ་ཡིན་པས་བདག་གི་ཚིག་རིས་དང་མཐུན་པར་དམིགས་པ་འདི་བཞིན་དུ་གནང་བར་ཞུ། སློབ་མ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་སོགས་ནས། ཡོངས་སུ་གྱུར་པ་ལས། སློབ་མ་སངས་རྒྱས་འཁོར་ལོ་ཆེན་པོ་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་ཡི་དམ་གྱི་ལྷ་དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། སློབ་མའི་ལུས་ལ་ཆར་ཆེན་པོ་བབས་པ་བཞིན་དུ་སིབ་སིབ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག སྐུའི་བྱིན་རླབས་ཞུགས། སློབ་མའི་ལུས་དང་ཡི་དམ་གྱི་སྐུ་དབྱེར་མེད་དུ་གྱུར་པར་བསམས་ལ། སྙིང་པོའི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་
བྱ། དེ་ནི་སྐུའི་རྗེས་གནང་ངོ༌། །གསུང་གི་རྗེས་གནང་གི་དོན་ཏུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་འཁོར་ལོ་ཆེན་པོ་ཡི། །གསུང་གི་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སྣ་བུག་གཡས་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་བསྐོར་བ་ལས་འོད་ཟེར་འཕྲོས། ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག གསུང་གི་བྱིན་རླབས་ཞུགས། སློབ་མའི་ངག་དང་ཡི་དམ་གྱི་གསུང་དབྱེར་མེད་དུ་གྱུར། སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྙིང་པོ་དང་ཉེ་སྙིང་གི་རྗེས་ཟློས་བྱར་གཞུག དེ་ནི་གསུང་གི་རྗེས་གནང་ངོ༌། །ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་འཁོར་ལོ་ཆེན་པོ་ཡི། །ཐུགས་ཀྱི་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རང་གི་ཐུགས་ཀའི་ས་བོན་ལས་ཡི་དམ་གྱི་ལྷ་སངས་རྒྱས་འཁོར་ལོ་ཆེན་པོའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་མཚན་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའི་ཁམས་གང་བར་སྤྲོས། སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག ཐུགས་ཀྱི་བྱིན་རླབས་ཞུགས། སློབ་མའི་ཡིད་དང་ཡི་དམ་གྱི་ཐུགས་དབྱེར་མེད་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ་ཅུང་ཟད་རེ་མཉམ་པར་གཞག དེ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །དེ་རྣམས་བརྟན་པར་བྱེད་པ་དབང་ལྷ་བསྟིམ་པའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་གཏོར་མ་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལྷག་པའི་ལྷར་ནི་མཛད་དུ་གསོལ། །རྐྱེན་ངན་བར་ཆད་ཐམས་ཅད་སོལ། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་གཏོར་མའི་ལྷ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས། དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར། དེ་ནི་དབང་ལྷ་བསྟིམ་པའི་རྗེས་གནང་ངོ༌། །དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་མདུན་བསྐྱེད་ཚོམ་བུའི་ལྷ་ལ་མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར། སླར་ཡང་རང་སྐད་ཅིག་གིས་སངས་རྒྱས་འཁོར་ལོ་ཆེན་པོའི་སྐུར་བཞེངས་པར་བསམས་ལ་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །ཞར་བྱུང་བསྙེན་པ་བྱ་ཚུལ་ནི། རྟེན་གྱི་གང་ཟག་དབང་དང་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས། དགྲ་རྐུན་ལ་སོགས་པའི་བར་ཆད་མེད་པ་དབེན་
ཞིང་ཉམས་དགའ་བའི་གནས་སུ། ཟས་གོས་སོགས་འཚོ་བའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱ། གནས་ཀྱི་བདག་པོ་ལ་གཏོར་མ་དང་ཆུ་སྦྱིན་ལ་སོགས་པས་མཉེས་པར་བྱ་ཞིང་བར་ཆད་མི་བྱེད་པའི་ཕྲིན་ལས་བཅོལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོ་དུ་མ་ནས་ཡིད་ལ་བྱེད་བཞིན་པའི་ངང༌། བསམ་གཏན་གྱི་ཁང་བུར་ཕྱགས་དར་ལེགས་པར་བྱས་ཏེ། འབྱོར་ན་རང་གི་མདུན་དུ་འདིའི་བྲིས་སྐུ་མཚན་ཉིད་དང་ལྡན་པ་དགྲམ་པའི་མདུན་དང༌། གང་ལྟར་ཡང་འབུལ་གཏོར་མཆོད་པ་བཅས། རྡོར་དྲིལ་ནང་མཆོད་སོགས་འདུ་བྱ། དེ་ནས་ཕྱི་དྲོའི་ཆ་ལ་བབས་པ་ན་མཚམས་དམ་པར་བཅད་དེ་ཐུན་བཞིའི་རིམ་པས་རྣལ་འབྱོར་ལ་འཇུག བཟླས་པའི་སྐབས་སུ། སྤྱིར་ཕྱིའི་བཟླས་པ་སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླ་བ། ནང་གི་བཟླས་པ། རང་འཁོར་ལོ་ཆེན་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་དབུས་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་མཐིང་གས་གཡས་སུ་བསྐོར་བར་གྱུར་པར་བསམས་ལ་དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བཟླ། གསང་བའི་བཟླས་པ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འོད་ཟེར་དཀར་པོའི་ཚོགས་འཕྲོ་བཞིན་པར་བྱུང༌། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨའི་ལམ་ནས་བྱུང༌། རང་གི་རྡོ་རྗེ་ནོར་བུའི་ལམ་ནས་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། སླར་ཡང་དེ་ལྟ་བུ་རྒྱུན་མི་ཆད་པར་འཁོར་བས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་མོས་ཏེ་བཟླ་བ་དང༌། གཞན་ཡང་ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས་རྒྱས་པར་འདོད་ན་སྔགས་ཕྲེང་འོད་ཟེར་སེར་པོ། ཁམས་གསུམ་དབང་དུ་བསྡུ་བ་ལ་དམར་པོ། གདུག་པ་ཅན་ཚར་གཅོད་པར་འདོད་ན་ནག་པོར་བསྒོམ་པར་གསུངས་
ལ། བསྙེན་པའི་སྐབས་འདིར་གཙོ་བོར་སྡིག་སྒྲིབ་ཞི་བའི་ཆེད་དཀར་པོ་དང༌། མཇུག་ཏུ་ལྷ་དབང་དུ་བྱ་བའི་ཕྱིར་ཁ་དོག་དམར་པོར་བསྒོམ། བཟླ་བྱའི་སྔགས་ནི། ཐོག་མར་ཉེ་སྙིང་བཞི་ཁྲི་སོགས་ཅི་རིགས་པ་སྔོན་དུ་སོང་ནས། སྙིང་པོ་ཡི་གེ་ཉེར་གཉིས་པ་འབྲུ་འབུམ་མམ། འབུམ་ཕྲག་བཞི་བཟླ་བ་ལས་རུང་དང༌། གྲུབ་ན་རྩ་སྔགས་རིང་པོའང་འབུམ་ཕྲག་བཞིའམ་ཁྲི་ཕྲག་བཞི་ཙམ་བཟླ་བ་ཤིན་ཏུ་གལ་ཆེའོ། །དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི་རྡོ་རྗེའི་བཟླས་པ་སྟེ་གཙོ་བོར་རྫོགས་པའི་རིམ་པ་དང་འབྲེལ་བ་ཡིན་ནོ། །ཐུན་ཐམས་ཅད་ཀྱི་མཇུག་ཏུ་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ལ་བསྔོ་སྨོན་ཤིས་བརྗོད་བྱ། སྣང་གྲགས་རྟོག་གསུམ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་སུ་ཤེས་པའི་ངང་ནས་སྤྱོད་ལམ་ལ་འཇུག སྲོད་ཐུན་གྱི་མཇུག་ཏུ་གཏོར་མ་བྱིན་གྱིས་བརླབ་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་སངས་རྒྱས་འཁོར་ལོ་ཆེན་པོ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། མགྲོན་དེ་རྣམས་ལྗགས་ཀྱི་རྩེ་མོར་ཨོཾ་གིས་མཚན་པས་གཏོར་མ་གསོལ་བར་བསམས་ལ། སྙིང་པོའི་སྔགས་ཀྱི་མཐར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་ཡི་དམ་དང༌། ཨ་ཀཱ་རོས་ཆོས་སྐྱོང་འབྱུང་པོ་དང་བཅས་པ་ལ་དབུལ། མཆོད་བསྟོད་འདོད་དོན་གསོལ། ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་
གསོལ་བྱ། བདག་བསྐྱེད་འོད་གསལ་དུ་བསྡུས་ལ་ཉལ། ནངས་པར་ཟུང་འཇུག་གི་སྐུར་ལྡང་སྟེ་ཐུན་བཞིའི་རིམ་པས་བརྩོན་པར་བྱའོ། །ཁ་སྐོང་གི་སྦྱིན་སྲེག་བྱེད་ན་རྣལ་འབྱོར་བླ་མེད་ཀྱི་སྦྱིན་སྲེག་སྤྱི་ལྟར་ལ་ལྷ་སྔགས་ཀྱི་འབྱིན་འཇུག་སྦྱར་བས་འགྲུབ། ལས་ཚོགས་ཉེར་མཁོ་བུམ་པའི་ཆོ་ག་ནི། ཡུངས་ཀར། ཤུ་དག རུ་རྟ། གི་ཝཾ། དྲི་བཟང་དང་བཅས་པའི་ཆུས་དགང་བའི་བུམ་པ་སྤྱི་ལྟར་བསྒྲུབས་ནས་རང་ཉིད་ཀྱིས་འཐོར་འཐུང་བཀྲུ་བ་སོགས་བགྱིས་པས་བདག་སྲུང་བ་དང༌། ཞི་བའི་མཆོག་ཡིན་ལ། གཞན་ནད་པ་དང་སྲིའུ་སོགས་ལ་སྦྱོང་བ་གསུམ་སྔོན་དུ་འགྲོ་བས་བཀྲུ་བྱབས་སྲུང་གསུམ་སྤྱི་ལྟར་དང༌། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་བྱ། དབང་ལྷ་བསྟིམ་པའི་སྐབས་འབྱོར་ན་བྲིས་སྐུ་སྤྱི་བོར་བཞག་ཅིང་རིགས་འདྲ་བསྟིམ་ལ་ཤིས་པ་བརྗོད། བྲིས་སྐུ་སྔས་སྲུང་གི་ཚུལ་དུ་བཞུགས་སུ་གསོལ་བའམ་མ་འབྱོར་ན་གཏོར་མས་ཀྱང་རུང༌། གཞན་ཡང་སྐུད་པ་སྔོན་པོ་ལ་རྡོ་རྗེའི་མདུད་པ་བོར་ཏེ་སྔགས་ཀྱིས་བཏབ་པ་གང་གི་མགུལ་ལམ་དཔུང་པར་གདགས་པས་ནད་གདོན་ཐམས་ཅད་ལས་སྲུང་བའི་མཆོག་ཏུ་འགྱུར་བ་དང༌། བྲིས་པའི་གདོན་གྱིས་ཉེན་པ་ལ་ཚོན་སྐུད་སྣ་ལྔ་སྔགས་ཀྱིས་བཏབ་པ་མགུལ་དུ་གདགས་པས་སྲུང་བ་དང༌། རྩི་མར་རྙིང་པ་ལ་སྦྱིན་སྲེག་གི་ཐལ་བ་དང་ཡུངས་ཀར་བསྲེས་པ་ལ་སྔགས་ཀྱིས་བཏབ་ནས་བྱུགས་པས་འཇིགས་པ་ཐམས་ཅད་ལས་སྲུང་ཞིང་ཞི་བར་འགྱུར་རོ། །དེ་བཞིན་དུ་མེའི་སྒོ་ནས་ལས་བསྒྲུབ་པ་ནི་སྲེག་བླུག་གི་ཆོ་ག་སྟེ། འདི་ཉིད་ཀྱི་རྒྱུད་དང་མན་ངག་གི་ཡི་གེར་གསུངས་པའི་དམིགས་ཀྱིས་བསལ་བའམ། ལས་བཞིའི་སྦྱིན་སྲེག་སྤྱི་ལྟར་བགྱིས་པས་ཀྱང་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པར་བྱེད་དོ། །ཞེས་པའང་རྗེས་སུ་གནང་བའི་རིམ་པ་བླ་མའི་ཕྱག་གཞེས་དང་མཐུན་པར་བྲིས་ཤིང༌། ཞར་བྱུང་བསྙེན་ཐབས་དང་ལས་ཚོགས་
མདོ་ཙམ་ཡི་གེ་རྙིང་པ་རྣམས་ཀྱི་སྙིང་པོ་ཅུང་ཟད་བསྡུས་ཏེ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།སརྦ་དྭ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་མེ་དབང་མ།
དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་མེ་དབང་མ་བཞུགས་སོ།།
བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སེམས་དཔའ་སུམ་བརྩེགས་བསྒོམ་པར་འདོད་པས། མཚན་ཉིད་དང་ལྡན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྐད་ཅིག་གིས་བདག་ཉིད་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་དུ་གསལ་བའི་སྙིང་གའི་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་དང་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་བཛྲ་པཱ་ཎི་ས་པ་རི་ཝཱ་རེ་བྷྱཿ ཨོཾ་བྷ་ག་ཝཱན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་དང༌། པུཥྤེ། སོགས་ཀྱིས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཚར་གསུམ་བརྗོད། ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་
རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི། རྩ་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཉིས་པས་གནམ་ལྕགས་ཀྱི་རྡོ་རྗེ་འཕྱར་བའི་ཚུལ་གྱིས་དགྲ་བགེགས་ལ་སྣུན་པར་བྱེད་པ། གཡོན་གཉིས་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་མེ་འབར་བ་བརྐྱངས་པའི་ཚུལ་གྱིས་དགྲ་བགེགས་ལ་བསྡིགས་པར་མཛད་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་དམར་ལ་ཟླུམ་ཞིང་བསྒྲད་པ། སྨ་ར་དང་སྨིན་མ་དབུ་སྐྲ་དམར་སེར་གྱེན་ལ་འབར་བ། ནོར་རྒྱས་སོགས་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཞིང༌། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་ཆུང་ཚོན་གང་བས་གཏམས་པ། ཞབས་གཡས་ཅུང་ཟད་བསྐུམས་པ། གཡོན་བརྐྱངས་པའི་
སྟབས་ཀྱིས་གཞན་གྱིས་མི་ཐུབ་པ་ལ་སོགས་པ་འབྱུང་པོའི་ཚོགས་ཐམས་ཅད་མནན་པ་ཡེ་ཤེས་ཀྱི་མེ་འབར་བའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་པད་ཉིའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་སྐྲས་བྲིས་པ་ལྟ་བུ་ཕྲ་ཞིང་ཕྲ་བ་ཞིག་གསལ་གདབ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་བཅོམ་ལྡན་འདས་ཀྱིས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ཨོཾ་བྷ་ག་ཝཱན་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་སོགས་ཀྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས་ཤློ་ཀ་གཅིག་གིས་བསྟོད། ཧཱུྃ་བཛྲ་ཕཊ། བརྒྱ་རྩ་སོགས་ཅི་ནུས་བཟླ། བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དངོས་གྲུབ་བླང༌། དགེ་བ་འདི་ཡིས་མྱུར་དུ་བདག་ཅེས་སོགས་སྨོན་ལམ་བཏབ་བོ།། ༈ །གསུམ་པ་རྗེས་གནང་བྱ་ཚུལ་ནི། མཎྜལ་གྱི་སྟེང་དུ་ཚོམ་བུ་གཅིག་བཀོད། དེའི་གཡོན་དུ་གཏོར་མ་ཆེ་བ་རྒྱན་དང་ལྡན་པ། དེ་ཉིད་ཀྱི་མཐའ་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ། གཏོར་མ་གཅིག་བཤམ། སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་དུ་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ལྷ་རྫས་
ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོ་མོའི་སྒྲ་ལ་སོགས་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨརྒྷཾ་སོགས་ཀྱི་བྱིན་གྱིས་བརླབ་རོལ་ཆེན་བྱ། དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་སྒྲུབ་ཐབས་བཞིན་བྱ། མདུན་བསྐྱེད་ཀྱི་ཚོམ་བུ་དང་གཏོར་མ་ཆེ་བ་སུམྦྷ་ནིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་དེ་གཉིས་ཀ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་རེ་རེར་བསམ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དེ་གཉིས་ཀ་སྒྲུབ་ཐབས་བཞིན། ཕྱག་ན་རྡོ་རྗེ་འབྱུང་པོའི་འདུལ་བྱེད་སེམས་དཔའ་སུམ་བརྩེགས་ཡེ་ཤེས་པ་དགུག་གཞུག་དབང་བསྐུར་རིགས་བདག་གིས་རྒྱས་བཏབ་པ་མཆོད་བསྟོད་བཟླས་པ་རྣམས་སྒྲུབ་ཐབས་བཞིན་བྱ། གཏོར་མ་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་བྷ་ག་ཝཱན་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་མམ་ལྔས་ཡི་དམ་ལ་ཕུལ། སྔར་བཞིན་མཆོད་བསྟོད་བྱ། དངོས་གྲུབ་བླང༌། སླར་ཡང༌། མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་བདུན་གྱིས་འཕུལ་ནས། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་
གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་བགེགས་མེད་ཅིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ་ཞེས་བརྗོད་ལ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་པའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་སུ་གནང་བ་དང༌། དབང་བསྐུར་བ་ཟབ་མོ་གསན་ནས་ཐུགས་ཉམས་སུ་བཞེས་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ། དེ་ཡང་མ་རུངས་པ་གདུལ་དཀའ་བ་རྣམས་འདུལ་བའི་མཆོག་ཏུ་བསྔགས་པ་དཔལ་ཕྱག་ན་རྡོ་རྗེ་ཡིན་ལ། དེ་ལའང་ཆེ་བ་དྲུག་གི་རྣམ་གཞག་མཛད་དེ། འཁོར་ལོ་ཆེན་པོ་དབང་གི་ཆེ་བ། གཏུམ་པོ་ཁྱུང་གི་ཆེ་བ། འགྲོ་བཟང་ཆོས་སྐྱོང་གི་ཆེ་བ། བེ་ཅོན་ཅན་རྒྱུད་ཀྱི་ཆེ་བ། ཨུ་ཙཱརྻ་དྲག་སྔགས་ཀྱི་ཆེ་བ། འབྱུང་པོ་འདུལ་བྱེད་མཐུ་སྟོབས་དང་ནུས་པས་ཆེ་བ་རྣམས་སུ་ཡོད་པ་ལས། འདིར་འབྱུང་པོ་འདུལ་བྱེད། དེ་ལའང་ལུགས་དུ་མ་ཡོད་པ་ལས་སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་ནས། རྡོ་རྗེ་སློབ་མ་རྣམས་རྗེས་སུ་འཛིན་པ་ལ་སྔོན་འགྲོ་དང་དངོས་གཞི་རྗེས་དང་གསུམ། དང་པོ་ལ་གསུམ་ལས་ཐོག་མར་རྗེས་གནང་ཟབ་མོ་ཞུ་བའི་ཡོན་
དུ་མཎྜལ་འབུལ་དུ་གཞུག གཉིས་པ་ལ། ཉན་སོགས་འདོད་པས་གསོལ་གསུམ་བཏབ། །ཅེས་པ་ལྟར་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ། གསུམ་པ་རྒྱུན་བཤགས་བྱ་བ་ནི། དམིགས་པ་འདི་བཞིན་དུ་མཛོད། རྡོ་རྗེ་སློབ་དཔོན་དང༌། མདུན་བསྐྱེད་གཉིས་ཀ་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་དུ་བསམ། མདུན་གྱི་ནམ་མཁར་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་གཏིབས་པ་བཞིན་བཞུགས་པ་དེ་དག་གི་སྤྱན་སྔར་རང་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཤགས། རང་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་བསྒོམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྒོ་ནས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་སྙམ་དུ་བསམ་ལ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་བརྗོད་དུ་གཞུག ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་དང༌། དབང་བསྐུར་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། གཉིས་པ་དངོས་གཞི་ལ་བགེགས་བསལ་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་བགེགས་མཐར་བྱེད་དཔག་ཏུ་མེད་པ་སྤྲོས། ཁྱེད་རང་རྣམས་ཀྱི་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་བསྐྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་
ལོག་འདྲེན་ཐམས་ཅད་ཕྱིའི་རྒྱ་མཚོ་ཆེན་པོའི་མཐར་བསྐྲད་པར་བསམས་ལ། སློབ་དཔོན་གྱིས་སུམྦྷ་ནིའི་སྔགས་དང་རོལ་མོ་དྲག་ཏུ་བྱ། བགེགས་བསལ་ནས་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སློབ་མ་རང་གི་ལུས་ཀྱི་ཆ་ཤས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེག་པ་བཞིན་སོང་སྟེ་ཡལ། རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འོད་དུ་མེར་གྱིས་ཞུ། ཕྱི་བལྟས་ནང་གསལ། ནང་བལྟས་ཕྱི་གསལ་བའི་འོད་ཀྱི་གོང་བུར་གྱུར། དེ་ཉིད་སྐད་ཅིག་གིས་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ་ཞེས་པའི་བར་སྒྲུབ་ཐབས་བཞིན་བསྐྱེད། དེ་ལྟར་གསལ་བའི་ཐུགས་ཀར་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་སྤུས་བྲིས་པ་ལྟ་བུར་བསམས་ལ་གུས་འདུད་དྲག་པོར་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱི་ཐུགས་ཀ་དང་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་སོགས་ནས་ཕྱག་ན་རྡོ་རྗེའི་སྐུ་ཆེ་བ་རི་རབ་ཙམ། འབྲིང་བ་མི་ཚད་ཙམ། ཐ་མ་ཡུངས་ཀར་ཙམ་དཔག་ཏུ་མེད་པ་བྱོན། སྤྱི་བོ་ཚངས་པའི་བུ་ག་ནས་བཟུང༌། ལུས་ཀྱི་ཆ་ཤས་ཐམས་ཅད་དུ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སིབ་སིབ་ཐིམ་པའི་དམིགས་པ་མཛོད་བྱས་ལ། སློབ་དཔོན་གྱི་དྲིལ་བུ་གསིལ་བ་དང༌། ཧཱུྃ་བཛྲ་ཕཊ་མང་དུ་
བརྗོད་པའི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ རོལ་ཆེན་བྱ། ཛཿཧཱུྃ་བཾ་ཧོ། དེ་བརྟན་པར་བྱ་བའི་ཕྱིར་དུ་ཏིཥྚ་བཛྲས་མགོར་རྡོ་རྗེ་རྒྱ་གྲམ་དུ་བཞག དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག སྐུ་བསྒོམ་པ་ལ་དབང༌། མཚན་དཔེས་བརྒྱན་པའི་སྐུ་ལུས་རྣམ་པར་དག་པ་ཐོབ་པའི་ཕན་ཡོན་ཡོད་དོ། །གསུང་གི་རྗེས་གནང་གི་དོན་དུ་བཟླས་ལུང་ནི། རང་ཉིད་སྔར་བཞིན་སེམས་དཔའ་སུམ་བརྩེགས་སུ་གསལ་བཏབ། གུས་འདུད་དྲག་པོ་བྱས་པས། སློབ་དཔོན་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་བ་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པར་བསམས་ལ། ཧཱུྃ་བཛྲ་ཕཊ། གསུང་གི་རྗེས་ཟློས་དང༌། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བརྗོད་ལ་མེ་ཏོག་ཕུལ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་དོར། དམ་བཅའ་བའི་ལུང་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ་ལན་གསུམ་བརྗོད། བྱིན་གྱིས་བརླབ་པའི་ལུང་ནི། རིག་པ་འཛིན་པ་འདི་རྣམས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་མྱུར་དུ་འཇུག་པར་གྱུར་ཅིག སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག གསུང་བཟླས་པ་ལ་དབང༌། གསུང་དབྱངས་ཡན་ལག་དྲུག་ཅུ་
ཐོབ་པའི་ཕན་ཡོན་ཡོད་དོ། །ཐུགས་ཀྱི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། གུས་འདུད་དྲག་པོ་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ཆེ་བ་རི་རབ་ཙམ། ཆུང་བ་ནས་འབྲས་ཙམ་དཔག་ཏུ་མེད་པ་བྱུང་ནས། རང་གི་ལུས་ཀྱི་ཆ་ཤས་ཐམས་ཅད་དུ་ཐིམ་པས་རྡོ་རྗེའི་གོ་བགོས་པར་གྱུར། སླར་ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་གྱིས་ཕྱག་ན་རྡོ་རྗེ་ཚོན་གང་པ་ཅིག་རང་གི་སྤྱི་བོ་ནས་བྱོན། སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་བསམ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་སེམས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག ཐུགས་རྣམ་པར་མི་རྟོག་པ་བསྒོམ་པ་ལ་དབང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ཐོབ་པའི་ཕན་ཡོན་ཡོད་དོ། །གཏོར་མའི་དབང་བསྐུར་ནི། གཏོར་མ་ཡི་དམ་གྱི་ལྷར་བསྐྱེད་པ་དེ་སློབ་མའི་སྤྱི་བོར་བཞག སློབ་དཔོན་གྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༌། །དངོས་གྲུབ་མ་ལུས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བཀའ་བསྒོས་པས་འོད་དུ་མེར་གྱིས་ཞུ། རང་གི་སྤྱི་བོ་ནས་ཐིམ་པས། ཡི་དམ་གྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསམས་ལ་རོལ་ཆེན་བྱ། མཐའ་རྟེན་མེ་དབང་རྣམ་བཞི་ནི། གནམ་ལྕགས་མེ་ཡི་ཏིང་འཛིན། མགལ་མེ་ལྟ་བུའི་ཏིང་འཛིན། མེ་འབར་ཀློང་ཆེན་གྱི་ཏིང་འཛིན། འཕྲོ་འདུ་ཁྲོ་བོའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་གྱི་དོན་ནི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་མིན་པས་ཐུགས་མ་ཡེངས་པ་གལ་ཆེ། དང་པོ་ནི་སློབ་མ་རང་ཉིད་སྔར་བཞིན་སེམས་དཔའ་སུམ་བརྩེགས་སུ་
གསལ་བཏབ། གུས་འདུད་དྲག་པོ་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཏིང་འཛིན་སེམས་དཔའ་ལས་འོད་འཕྲོས། རང་གི་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་ཐིམ་པས་རྐྱེན་བྱས་འོད་ཕྲམ་ཕྲམ་འཕྲོས། ཡེ་ཤེས་ཀྱི་མེ་ཁབ་ཀྱི་རྩེ་མོ་ཙམ་འབར། དེ་ཆེར་སོང་ཧཱུྃ་གི་ཡི་གེ་མེ་འབར། དེས་རྐྱེན་བྱས་ཡེ་ཤེས་སེམས་དཔའ་ལས་ཡེ་ཤེས་ཀྱི་མེ་འབར་ལུས་ཀྱི་ནང་ཐམས་ཅད་ཁེངས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་བཞིན་ཐུལ་གྱིས་བསྲེགས་པར་བསམ། སློབ་དཔོན་གྱིས་ཧཱུྃ་བཛྲ་ཕཊ་དང་རོལ་ཆེན། གཉིས་པ་ཡེ་ཤེས་ཀྱི་མེ་དེ་ཆེར་འབར་ཏེ་སྤྱི་བོ་རྐང་མཐིལ་གཉིས་ནས་འཐོན། ལུས་ཀྱི་ཕྱི་རོལ་དུ་མགལ་མེ་ལྟ་བུའི་ཚུལ་དུ་འཁོར་བས། ལུས་ཀྱི་ཕྱི་ན་གནས་པའི་ནད་གདོན་དགྲ་བགེགས་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་བཞིན་སོགས་གོང་བཞིན་བྱ། གསུམ་པ་ནི། ཡེ་ཤེས་ཀྱི་མེ་དེ་ཆེར་འབར་བས་གནས་ཁང༌། ལུང་པ། གླིང་བཞི། གླིང་ཕྲན་བརྒྱད། སྟོང་སྤྱི་ཕུད། སྟོང་གཉིས་བར་མ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རང་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཇི་སྙེད་ཡོད་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་སོགས་གོང་བཞིན་བྱ། བཞི་པ་ནི། སྔོན་གྱི་ལས་སྟོབས་ལྡན་བསགས་པའི་སྟོབས་ཀྱིས། ཡེ་ཤེས་ཀྱི་མེས་བསྲེགས་པར་མ་ནུས་པའི་གདོན་བགེགས་འདུལ་བའི་ཕྱིར་དུ། དཔོན་སློབ་གཉིས་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་བ་སྤུའི་བུ་ག་དང༌། ཡེ་ཤེས་ཀྱི་མེའི་རྩེ་མོ་རེ་རེ་ལ་ཁྲོ་བོ་དཔག་ཏུ་མེད་པ་ཕྱག་ན་མཚོན་ཆ་སྣ་ཚོགས་པ་ཐོགས་པ་སྤྲོས། དགྲ་བགེགས་ལོག་འདྲེན་སོགས་ཤ་དུམ་ཁྲག་དུམ་དུ་བྱས། ལུས་ངག་ཐལ་བའི་རྡུལ་དུ་བརླག རྣམ་ཤེས་མི་བསྐྱོད་ཞིང་དུ་བསྒྲལ། ཧཱུྃ་བཛྲ་ཕཊ་དང་རོལ་མོ་དྲག་ཏུ་བྱའོ། །མེ་དབང་གདོན་གྱིས་ཉེན་པ་རྣམས་ལ་བྱ་ཡི་ཐམས་ཅད་དུ་མི་བྱེད། གསུམ་པ་
རྗེས་ནི། ཆོས་གསུམ་ལྡན། དེ་དག་གི་སྐབས་སུ་ཁས་བླངས་པའི་དམ་ཚིག་རྣམས་བླ་མས་ཇི་ལྟར་བཀའ་སྩལ་བ་ལྟར་བསྲུང་སྙམ་པ་གྱིས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། གཏང་རག་ཏུ་མཎྜལ། དེ་ལྟར་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས། བླ་མས་གང་མཁོ་མཁོའི་ཆ་ཤས་ཀྱིས་ལོངས་སྤྱད་དུ་གསོལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད། དེ་ལྟར་དབང་བསྐུར་བ་དང༌། རྗེས་སུ་གནང་བ་ཟབ་མོ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོར་མཛོད། བཀའ་དྲིན་ཆེའོ། །ཞེས་བརྗོད་ལ་རང་གནས་སུ་གཏང༌། ཞེས་པ་འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞལ་དངོས་སུ་མཇལ་བ་མཐུ་སྟོབས་ཀྱི་དབང་ཕྱུག་བླ་ཆེན་ཤཱཀྱ་དཔལ་བ་ནས་བརྒྱུད་དེ་འོངས་པ། རྡོ་རྗེ་འཆང་ཆེན་པོ་ཆོས་དཔལ་བ་དང༌། ཆོས་རྗེ་རིན་པོ་ཆེ་བོད་འབྲུག་པ་གཉིས་ལས་ལེགས་པར་ཐོབ་ཅིང་ལུང་ནོས་པ། རབ་འབྱམས་པ་རིན་ཆེན་བཟང་པོས་གོ་བདེར་སྦྱར་བའོ། །འདིས་ཀྱང་བར་དུ་གཅོད་པའི་བདུད་བཞི་ལས་རྒྱལ་ནས་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།། ༈ །གཏོར་མའི་བཀའ་བསྒོའི་ཚེ་སྤྲོ་ན་ཚིགས་སུ་བཅད་པའི་མཐར། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་རྡོ་རྗེ་སློབ་མ་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་ལ་སྲུང་བ་དང༌། སྐྱོབ་པ་དང༌། སྦ་བར་མཛད་དུ་གསོལ། འདི་ཉིད་ལ་སྟེང་གདོན་གཟའ་དང་རྒྱུ་སྐར་གྱི་གནོད་པ། འོག་གདོན་ཀླུ་དང་ས་བདག་གི་གནོད་པ། བར་གདོན་འབྱུང་པོ་རྒྱལ་བཙན་གྱི་གནོད་པ། གཞན་ཡང་གཟུགས་ཅན་མིའི་གནོད་པ། གཟུགས་མེད་ལྷ་འདྲེའི་གནོད་པ། ཕ་རོལ་
གྱི་བྱད་ཁ་རྦོད་གཏོང༌། མནན་གཏད་གཟིར་གསུམ་ལ་སོགས་པ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་གིས་མཚོན་མི་མཐུན་མི་འདོད་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་པ་དང་གྲགས་པ་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོའམ་དབྱར་དུས་ཀྱི་མཚོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཁམས་གསུམ་སྲིད་གསུམ་གྱི་འགྲོ་བ་ཐམས་ཅད་མཐོང་ཐོས་དྲན་རེག་ཙམ་གྱིས་ཁབ་ལེན་གྱི་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་ལྟར་རང་དབང་མེད་པར་དབང་དུ་འདུ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་བའི་དགྲ་བགེགས་འབྱུང་པོའི་རིགས་ཐམས་ཅད། དབྱེ་བ་དང༌། བསྐྲད་པ་དང༌། དགུག་པ་དང༌། བསད་པ་ལ་སོགས་པ་དྲག་ཤུལ་གྱི་ལས་ཆེན་རྣམ་པ་དུ་མས་རྩ་སྦུར་མེ་ཡིས་སྲེག་པ་བཞིན་དུ་ཚར་བཅད་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་ཡང་ཇི་ལྟར་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་ཅིང་མཐར་ཐུག་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྦྱར་རོ། །མངྒ་ལཾ།། །།
དཔལ་ཕྱག་ན་རྡོ་རྗེ་ཨུ་ཙཱརྻའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
དཔལ་ཕྱག་ན་རྡོ་རྗེ་ཨུ་ཙཱརྻའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། ཕྱག་ན་རྡོ་རྗེ་ཨུ་ཙཱརྻ་བསྒོམ་པར་འདོད་པས། དཀོན་མཆོག་ལ་བློ་གཏད་པའི་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་ཕྱག་ན་རྡོ་རྗེའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་དེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་འོད་གསལ་ནམ་མཁའ་ལྟ་བུར་གྱུར། སྟོང་པའི་ངང་ལས་ནམ་མཁའི་དབྱིངས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ལས་སྣ་ཚོགས་རྡོ་རྗེ། དེ་ལས་འོད་ཟེར་སེར་པོ་འཕྲོས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཧཱུྃ་མཐིང་ནག དེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ལས་གྲུབ་བའི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ་ལྟེ་
བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པས་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་གདེངས་པ་འཕྱར་ཐབས་སུ་འཛིན་ཞིང༌། གཡོན་པས་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཞགས་པ་འཛིན་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨ་ར་དང་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་འབར་བ་ཁྲོ་གཉེར་རབ་ཏུ་བསྡུས་པ། སྐུ་དང་ཡན་ལག་སྦོམ་ལ་གསུས་ཁྱིམ་ཆེ་བ། རིན་པོ་ཆེའི་ཆས་བརྒྱད་དང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་ཞིང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཀླུ་རྒྱལ་རིགས་དཀར་པོ། རྗེའུ་རིགས་སེར་པོ། དམངས་རིགས་ནག་པོ། བྲམ་ཟེའི་རིགས་ཁྲ་བོ་རྣམས་མནན་པ། སྐུ་ལུས་ཀྱིས་
སྟོང་གསུམ་གྱི་འཇིག་རྟེན་ཁེངས་ཤིང༌། བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གིས་གཏམས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་དང་ལྕང་ལོ་ཅན་གྱི་ཕོ་བྲང་ནས། དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ཨཿཧཱུྃ་ཞེས་སོགས་རིགས་འགྲེས་སྦྱར་ལ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། ཨོཾ་བཛྲ་པཱ་ཎི་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ཞེས་སོགས་ནས། ཨོཾ་བཛྲ་པཱ་ཎི་བཛྲ་ཤབྡ་ཨཱཿཧཱུྃ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འདུལ་མཛད་པའི། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །རང་ཉིད་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བའི་ཐུགས་ཀར་པདྨ་ཉི་མའི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་
གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བར་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་སྔོན་པོའི་མཐའ་མར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་ནད་གདོན་སྡིག་སྒྲིབ་བྱད་ཁ་རྦོད་གཏོང་མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་བསྲེགས་ཤིང་སྦྱངས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ་ཞིང་སེམས་མ་ཡེངས་པར། ཨོཾ་ཨུ་ཙ་ཙརྻ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛཿཛཿཧཱུྃ་ཧཱུྃ་ཕཊ།«་་་་་འདིའི་སྔགས་ལ་ཨོཾ་མེད་པ་མང་ནའང༌། ལས་དང་པོ་པས་ཨོཾ་གྱིས་མགོ་དྲངས་ཏེ་བཟླས་ན་རྒྱུད་འཇམ་པ་ཡིན་ནོ་ཞེས་བླ་མ་རྣམས་ཀྱིས་གསུངས་སོ།» ཞེས་པ་གཙོ་བོར་བཟླ། སྤྲོ་ན་ཐུན་གཤམ་དུ། ཨོཾ་ཨུ་ཙ་ཙརྻ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛཿཛཿ སྤུ་སྤུ། དན་དུ་ནག་པོ་རྦད། །ཙི་ཙིདྱས་ཏྲག་ཐུར། སྙིང་ལ་ཐུར། ཉམས་ཉམས། རྩ་བཞི་སྐུམ། ཤན་ཤན། སྲོག་ལ་ཤན། ཙ་ཏུར་ནག་པོ་སོད། མཱ་ར་ཡ་རྦད།«་་་་་འདིར་གནོད་བྱེད་ཀྱི་མིང་སྤེལ་སྦྱར།» ཏིཥྛ་པྲ་བེ་ཤ་ཡ་རྦད། ནཱ་ག་གུ་ཧྱ་རྦུད། པི་པི་ཀ ལི་ལི་ཀ དྷ་དྷ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་སྔགས་རིང་དུ་གྲགས་པའང་ཅི་ནུས་བཟླ། ཐུན་འཇོག་པ་ན་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེའི་བདག་ཅག་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། གཞན་གྱི་བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག་པ་དང༌། མྱུར་དུ་དཔལ་ཕྱག་ན་རྡོ་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་ཞུ་ནས་རང་ལ་ཐིམ། རང་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་སྲུང་འཁོར་ཤིན་ཏུ་ཡངས་པའི་ནང་དུ་འགྲོ་འཆག་ལ་སོགས་པའི་སྤྱོད་ལམ་རྣམས་བྱེད་པར་བསམ། དགེ་བ་འདི་ཡིས་
མྱུར་དུ་བདག །ཕྱག་ན་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་གང་ཤེས་བྱའོ། །གཏོར་མ་འབུལ་ན། སྣོད་གཙང་མར་གཏོར་མ་གཉིས་བཤམས་པའི་དང་པོ་ལ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་མ་དག་པ་བསང༌། སྭ་བྷཱ་བ་སོགས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་དང་ལྕང་ལོ་ཅན་གྱི་ཕོ་བྲང་ནས་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ་གཏོར་མ་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཨུ་ཙ་སོགས་ནས། །ཛཿཛཿབ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ལྔས་ཕུལ། ཨོཾ་བཛྲ་པཱ་ཎི་ཨོཾ་བཛྲ་ཨརྒྷཾ་སོགས་དང༌། ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ནས། །སོགས་ཀྱི་མཐར་གོང་གི། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཞེས་སོགས་ནས། བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་བར་བརྗོད། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་པས་གཤེགས་སུ་གསོལ། གཉིས་པ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་མཐར། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྲིད་པའི་སྡེ་བརྒྱད་འཁོར་དང་བཅས་པ་གཏོར་སྣོད་ཀྱི་མཐར་བྱོན་ཏེ། སྐད་ཅིག་གིས་ཐམས་ཅད་ཕྱག་ན་རྡོ་རྗེའི་སྐུར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་
ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ་ཞེས་ལན་བདུན་གྱིས་ཕུལ། སྲིད་པའི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཞེས་པས་རང་གི་གནས་གསུམ་བསྲུངས་ཏེ། མུཿཞེས་པས་མགྲོན་རྣམས་དགེས་བཞིན་དུ་གཤེགས་པར་བསམས་ལ། བསྔོ་བ་དང་བཀྲ་ཤིས་བྱའོ། །ཕྱག་ན་རྡོ་རྗེ་ཨུ་ཙཱརྻའི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པ་འདི་ཉམས་སུ་ལེན་པར་སྤྲོ་བའི་ལས་དང་པོ་པ་རྣམས་ལ་ཕན་པའི་ཆེད་དུ་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཤིན་ཏུ་མྱུར་བར་སྦྱར་བའོ།། ༈ །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། ཨུ་ཙཱརྻའི་རྗེས་གནང་བྱ་བའི་ཚུལ་ནི། ཚོམ་བུའི་མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གཏོར་མ་གཉིས། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་རྣམས་ལྟ་གོན་བྱ། བུམ་པ་གཅིག་ཆོ་ག་བཞིན་བཤམ། སློབ་དཔོན་གྱིས་མཆོད་པ་བྱིན་གྱིས་བརླབ། བདག་བསྐྱེད་བསྒོམ། ཚོམ་བུའི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད། གཏོར་མ་ལྷ་དང་སྡེ་བརྒྱད་ལ་ཕུལ། བཟླས་པ་བྱ། བུམ་པའི་ནང་དུ་ལྷ་སྔར་བཞིན་བསྐྱེད། མཆོད་བསྟོད་བཟླས་པ་བྱས་ལ་མཐར་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་ཆུར་བསམ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ། དེ་ཡང་ཕྱག་ན་རྡོ་རྗེ་ལ་ཆེ་བ་བཞི་ལས། ཨུ་ཙཱརྻ་དྲག་སྔགས་ཀྱི་ཆེ་བ་དང་ལྡན་པར་གྲགས་པའི་དཔལ་ཕྱག་ན་རྡོ་རྗེའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བགྱི་བར་འོས་པ་
རྣམས་གྲུབ་ནས། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ། སློབ་དཔོན་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས་རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་པ་བྱས། དེ་དག་གི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས། སངས་རྒྱས་འགྲུབ་པར་ཤོག་ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ལུས་ངག་ཡིད་གསུམ་གྱི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ལུས་ངག་ཡིད་གསུམ་ནུས་པ་དང་ལྡན་པར་མཛད་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ། སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། ཞེས་བརྗོད་པས་ཁྱེད་རང་གིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དང༌། རྣམ་སྨིན་གྱི་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་
ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་ཉིད་འོད་གསལ་ནམ་མཁའ་ལྟ་བུར་གྱུར་ཅེས་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་པའི་བར་སློབ་མ་ལྷར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། ལྕང་ལོ་ཅན་གྱི་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ཅེས་དང༌། ཨུ་ཙ་བཟླ་ཞིང་རོལ་མོ་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས། གསོལ་བ་གདབ་པའི་རྗེས་ཟློས་བྱས་ལ་བུམ་པའི་ཆུས་དབང་བསྐུར། རྒྱས་གདབ། དེས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་བར་ཆད་ཞི་བར་བྱས། ལུས་བཅོམ་ལྡན་འདས་ཀྱི་སྐུར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ་ཁྱེད་རང་གི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཡི་གེ་ཧཱུྃ་མཐིང་ནག་ཅིག་བསྒོམས་ཏེ། སློབ་དཔོན་ལ་མོས་གུས་བྱས་པ་དང༌། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་ཞིང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གནོད་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་མོས་པ་བྱས་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨུ་ཙ་དང༌། སྤྲོ་ན་སྔགས་རིང་ཡང་བཟླས་ལ་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཤིང༌། སློབ་དཔོན་ལ་མེ་ཏོག་གཏོར་ཏེ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་ནས། བདག་ལ་འགོ་བར་མཛོད་ཅེས་གསོལ་
བ་བཏབ་པས། སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་ནས། འདི་ལ་འགོ་བར་མཛོད། རྡོ་རྗེ་སློབ་མ་འདིའི་རྒྱུད་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གསང་སྔགས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག དེས་གསུང་གི་རྗེས་གནང་ཐོབ་ཅེས་སོགས་གོང་གི་ངོ་སྤྲོད་འདོན་པ་བསྒྱུར། ཐུགས་ཀྱི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། ལྕང་ལོ་ཅན་གྱི་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཕོག་པས། དེ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་གི་ཐུགས་ཀར་ཐིམ་པར་མོས་པ་མཛོད་ཅེས་སྔགས་དང་རོལ་ཆེན་བྱ། དེས་ཐུགས་ཀྱི་རྗེས་གནང་ཐོབ་ཅེས་སོགས་ངོ་སྤྲོད་འདོན་པ་བསྒྱུར། དེ་ལྟར་ཁྱེད་རང་གི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་གྱི་བདག་ཉིད་ང་ཡིན་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པ་ཎི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭབྷཱ་ཝ་ཨཱཏྨཀོ྅ཧཾ། ཞེས་པས་ང་རྒྱལ་བཟུང༌། དེ་ལ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་སོགས་དང་མེ་ཏོག་གཏོར། མཆོད་པར་མོས་ཏེ། ཨོཾ་བཛྲ་པུཥྤེ་ནས་ཤབྡ་ཨཱཿཧཱུྃ་རོལ་མོ་བྱ་ཞིང༌། ཉིན་མོ་བདེ་ལེགས་སོགས་ཀྱིས་བཀྲ་ཤིས་བྱས་ལ། མཐའ་རྟེན་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར་མོས་པ་བྱས་ཏེ། ཁྱེད་རང་གི་སྤྱི་བོར་བཞག་ནས་བཀའ་བསྒོ་བར་མོས་པ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༌། །དངོས་
གྲུབ་རྣམ་གཉིས་འབྱུང་འགྱུར་བའི། །གཏོར་མའི་དབང་བསྐུར་སྦྱིན་པར་བྱ། །ཞེས་དང་སྔགས་ཐུང་གི་མཐར། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་སློབ་མའི་ལུས་ངག་ཡིད་གསུམ་ལ་རྟག་ཏུ་འབྲལ་བ་མེད་པ་བཞུགས་ནས། བྱང་ཆུབ་མ་ཐོབ་ཀྱི་བར་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཞུགས་ནས་རང་དང་གཞན་གྱི་དོན་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་དང༌། མཐར་ཐུག་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེའི་གོ་འཕང་བདེ་བླག་ཏུ་ཐོབ་པར་མཛད་དུ་གསོལ། ཞེས་བརྗོད་པས་གཏོར་མ་ཕྱག་ན་རྡོ་རྗེར་གསལ་བ་དེ་ལས་ཕྱག་ན་རྡོ་རྗེའི་སྐུ་མཐེ་བོང་གི་ཚད་ཙམ་པ་ཞིག་ཆད་དེ་ཁྱེད་རང་གི་སྤྱི་བོར་ཐིམ་པར་མོས་པ་མཛོད། དེས་རྗེས་གནང་གི་དངོས་གཞི་གྲུབ། གཙོ་བོས་མཎྜལ་དེང་ནས་སོགས་སྤྱི་དང་འདྲ། ཚོམ་བུའི་ལྷ་ལ་མཆོད་བསྟོད་བཟོད་གསོལ་བྱས་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ་བཀྲ་ཤིས་དང་དགའ་སྟོན་བྱའོ། །འདིའང་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་སྦྱར་བའོ།། ༈ །དཔལ་ཕྱག་ན་རྡོ་རྗེ་ཨུ་ཙཱརྻའི་བསྙེན་སྒྲུབ་ལས་སྦྱོར་ཉེར་མཁོའི་ཡི་གེ་རྡོ་རྗེའི་མེ་ཆར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་པཱ་ཎི་ཡེ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐོར་ལས་ཨུ་ཙཱརྻ་དྲག་སྔགས་ཀྱི་ཆེ་བ་ཞེས་ཡོངས་སུ་རྫོགས་པའི་གདམས་པ་ཟབ་ལ་ཉེར་མཁོའི་མན་ངག་ཅུང་ཟད་འཆད་པ་ལ་གསུམ་ལས། དང་པོ་བསྙེན་པ་ནི། ཕྱག་ན་རྡོ་རྗེ་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས་གནས་དབེན་ཞིང་ཡིད་དང་མཐུན་པར་འདིའི་བྲིས་སྐུའམ་རྟེན་དགྲམ་པའི་མདུན་དུ་གཏོར་མ་གཉིས་མཆོད་པ་དང་བཅས་པ་བཤམ། མར་ངོའི་གཟའ་སྐར་དྲག་པོའི་ལས་ལ་ཤིས་པའི་སྲོད་ཐུན་ནས་
བརྩམས་ཏེ་བསྙེན་པ་ལ་འཇུག དེ་ཡང་དད་པ་དང་ངེས་འབྱུང་དང་སྙིང་རྗེ་ཤུགས་དྲག་ཏུ་བསྐྱེད་དེ། གནས་སྐབས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་ཞི་བ་དང༌། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་གསང་བའི་བདག་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་བསྙེན་སྒྲུབ་ལ་འཇུག་པར་བགྱིའོ་སྙམ་པའི་བློས་སྐྱབས་འགྲོ་ནས་བཟླས་པའི་བར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་ལྟར་བྱ། བཟླས་དམིགས་ཀྱི་སྐབས་རང་གི་ལྕེ་ཧཱུྃ་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་པ། རྭ་རེ་རེ་བཞིན་སྔགས་ཀྱི་ཕྲེང་བས་མཚན་ཅིང་ཡེ་ཤེས་ཀྱི་མེའི་ཚྭ་ཚྭ་འཕྲོ་བར་གསལ་བཏབ་ལ་བཟླ། སྐབས་སུ་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དང་མེ་ཕུང་གི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས། བ་སྤུའི་བུ་ག་རྣམས་སུ་ཁྲོ་ཆུང་དཔག་ཏུ་མེད་པས་གང་བས་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་བསམ། ཡང་ཁྲོ་ཆུང་རྣམས་ལས་རང་འདྲ་བ་བསམ་གྱིས་མི་ཁྱབ་པ་འཕྲོས། རང་ལ་གནོད་པའི་གདོན་བགེགས་ཐམས་ཅད་ཚར་བཅད་ཅིང་ཞལ་དུ་གསོལ། དགེས་པའི་ཉམས་དང་བཅས་ཏེ་བ་སྤུའི་རྩ་བའི་ཁྲོ་ཆུང་རྣམས་ལ་ཐིམ་པར་བསམ་ཏེ་བཟླ་བའང་མན་ངག་གོ །དེ་ལྟ་བུའི་རིམ་པས་ཐུན་བཞིར་བཅད་ལ་ཉམས་སུ་བླང༌། ཕྱི་ཐུན་གྱི་མཇུག་ཏུ་གཏོར་མ་སྒྲུབ་ཐབས་ལས་འབྱུང་བ་ལྟར་ཕུལ། གཏོར་མགྲོན་གྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་སོགས་དཀྱུས་ལྟར་བྱ། གྲངས་བསྙེན་གྱི་ཚད་སྔགས་ཐུང་འབུམ་ཕྲག་བཅུ་དྲུག་གམ་བཅུ་བདུན། དུས་བསྙེན་ཟླ་བ་གསུམ། མཚན་མའི་བསྙེན་པ་རབ་དངོས་སུ་བྲིས་སྐུ་བཞད་པ་དང༌། འོད་འབྱུང་བ་
དང༌། སྒྲ་འབྱིན་པ་དང༌། མངོན་ཤེས་འཆར་བ་སོགས་འབྱུང་བར་གསུངས་ལ། འབྲིང་ཉམས་ཀྱི་སྐབས་སུ་དེ་ལྟར་འཆར་པ་དང༌། ཐ་མའང་རྨི་ལམ་དུ་གླེགས་བམ་མང་དུ་མཐོང་ཞིང་ལག་ཏུ་ལེན་པ་དང༌། རོལ་མོ་སྒྲོག་པ། ཆོས་ཉན་བཤད་བྱེད་པ། དཀྱིལ་འཁོར་འབྲི་བ། ཡི་དམ་གྱི་སྐུ་དང་ཕྱག་མཚན་རྙེད་པ། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་དང༌། ཉི་ཟླ་དང༌། གཟའ་སྐར་མཐོང་བ། རྫིང་དང་ཁྲོན་པ་ནས་ཆུ་འདྲེན་པ། གཅན་གཟན་གྱི་པགས་པའི་གོས་གྱོན་པ། རྒྱན་ཐོགས་པ། མཚོན་ཆ་རྣོན་པོ་བཟུང་བ་སོགས་བྱུང་ནའང་ངེས་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་བར་གསུངས་སོ། །དེ་ལྟ་བུའི་རྟགས་མཐོང་བའམ། བསྙེན་པ་སུམ་ཆ་ཙམ་གྲུབ་ནས་ཐུན་ཐམས་ཅད་ཀྱི་མཐར་སྔགས་རིང་སྦྲེལ་བའང་ཅུང་ཟད་རེ་བཟླ། གཉིས་པ་སྒྲུབ་པ་ནི། རང་གི་མདུན་དུ་འདིའི་བྲིས་སྐུ་མཚན་ཉིད་དང་ལྡན་པ་དགྲམ། འབུར་སྐུ་ཡིན་ན་མཎྜལ་གྱི་དབུས་བཞུགས་སུ་གསོལ། མདུན་དུ་གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བའི་མདུན་གྱི་རྟེན་རྗེས་གནང་གི་སྐབས་ལྟར་ལྷར་བསྐྱེད། ཐུགས་ཀའི་སྔགས་འཁོར་གསལ་བཏབ། དེ་ནས་རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་མེ་འབར་བ་དང་བཅས་ཏེ་བྱུང༌། ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པས་ཐུགས་རྒྱུད་བསྐུལ། སླར་ཡང་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་བྱུང༌། ལྟེ་བ་ནས་ཐོན། རང་གི་ལྟེ་བ་ནས་ཞུགས་ཐུགས་ཀའི་ས་བོན་ལ་ཐིམ་པས་ལྷ་དབང་དུ་འདུས་ཏེ་རྒྱུད་བྱིན་གྱིས་བརླབ་པར་བསམས་ལ། དེ་ལྟ་བུའི་འོད་ཟེར་སྤྲོ་བསྡུ་རྒྱུན་མ་ཆད་པའི་ངང་ནས་བཟླ། ཐུན་བཞི་ཀའི་མཐར་མདུན་བསྐྱེད་ལ་མཆོད་བསྟོད་གཏོར་འབུལ་
ནོངས་བཤགས་བརྟན་བཞུགས་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། དེའང་བསྙེན་པའི་སྐབས་སུ་རྟགས་མ་བྱུང་ན་འདིར་རྟགས་མ་མཐོང་གི་བར་དང༌། བསྙེན་རྟགས་བྱུང་ན་ཞག་བདུན་ནམ་ཉེར་གཅིག་སོགས་ཅི་ནུས་སུ་བཟླས་པས་དོན་འགྲུབ་བོ། །གསུམ་པ་ལས་སྦྱོར་ལ། ཏིང་ངེ་འཛིན་ལ་བརྟེན་པའི་ལས་སྦྱོར་དངོས་དང༌། དེ་ལས་གཞན་པའི་ལས་ཚོགས་སོ། །དང་པོ་ནི། བསྙེན་སྒྲུབ་ལ་རྟགས་ཐོན་ནས་གདུག་པ་ཅན་ཚར་བཅད་པའི་སླད་དུ་མེ་དམིགས་རྣམ་པ་བཞི་བསྒོམ་པ་སྟེ། དེ་ལ་དང་པོ་མེ་འབར་ཀློང་ཆེན་གྱི་ཏིང་ངེ་འཛིན་ནི། བདག་བསྐྱེད་བཟླས་པ་དང་བཅས་པའི་མཇུག་ཏུ། ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ་སེམས་གཏད་པས་མེ་འབར། དེས་ཡེ་ཤེས་སེམས་དཔའ་ཉིད་ཀྱང་མེར་གྱུར་ཏེ་ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་རྟོག་ཚོགས་དང་བཅས་པ་བསྲེགས། ཕྱིར་འཕྲོས་ས་གསུམ་ཁྱབ་ཅིང་སྔགས་ཀྱི་རང་སྒྲ་སྒྲོག་པར་བསམས་ལ་བཟླ། འཕྲོ་འདུ་ཁྲོ་བོའི་ཏིང་འཛིན་ནི། རང་གི་སྐུའི་ཆ་ཤས་དང་ཁྲོ་ཆུང་ཐམས་ཅད་ལས་རང་འདྲ་བའི་སྐུ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་རྟོག་ཚོགས་དང་བཅས་པ་ཐམས་ཅད་བསད་བསྐྲད་མནན་ཟོས་བསྲེགས་གཏུབ་ཚར་བཅད། སླར་རང་ལུས་ལ་ཐིམ། ལུས་ཐམས་ཅད་ཀྱང་ཁྲོ་བོའི་སྐུ་དཔག་ཏུ་མེད་པ་དང༌། ཚར་བཅད་པའི་རྣམ་ཤེས་རྣམས་ཀྱང་ཕྱག་ན་རྡོ་རྗེའི་སྐུར་གྱུར། སྒྲར་གྲགས་པ་རྣམས་དྲག་པོའི་སྔགས་སུ་བསམས་ལ་བཟླ། མགལ་མེ་ལྟ་བུའི་ཏིང་འཛིན་ནི། ཐུགས་ཀའི་ཧཱུྃ་ལས་འབར་བའི་མེ་སྟེང་འོག་ཏུ་སྤྲོས་པས་ལུས་ཀྱི་རྩ་གནས་ཐམས་ཅད་གང༌། ལྷག་མ་སྤྱི་གཙུག་དང་གསང་གནས་ནས་སྒྲ་བཅས་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་ཅིང་མགལ་མེ་ལྟར་འཁོར་བས་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲེགས་ཤིང་སྦྱངས། དེ་ལས་
འོད་ཟེར་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་ནད་གདོན་ཚར་བཅད་པར་བསམས་ལ་བཟླ། ནམ་མཁའ་གནམ་ལྕགས་ཀྱི་ཏིང་འཛིན་ནི། ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་འབར་བའི་མེས་རང་ལུས་ཡེ་ཤེས་སེམས་དཔའ་དང་བཅས་པ་ལྕགས་གོང་མེར་བསྲེགས་པ་བཞིན་དམར་ལམ་གྱིས་སོང་བར་བསམས་ལ་བཟླ། དེ་ལྟར་བཟླ་ལུགས་རྣམ་པ་བཞི་པོ་ལ་དམིགས་པ་ཅུང་ཟད་བརྟན་པས་སྐབས་འགའ་ཞིག་ཏུ་ཕྱོགས་གཅིག་ཏུ་དྲིལ་ནས་བཟླ་བ་ནི། ཐུགས་ཀའི་སེམས་དཔའ་གཉིས་པོ་ཧཱུྃ་ལས་འབར་བའི་མེས་ལྕགས་བསྲེགས་པ་བཞིན་དམར་ལམ་གྱིས་སོང་བ་ལས་མེ་དམར་ནག་ཏུ་འབར། ལུས་ཀྱི་ནང་ཐམས་ཅད་གང༌། རྩ་ཕྲན་བདུན་ཅུ་རྩ་གཉིས་མེར་འབར། གདོན་བགེགས་ཐམས་ཅད་བསྲེགས་པའི་ཐལ་བ་སྟོད་སྨད་ནས་མེ་ལྕེས་ཕྱིར་དེད་དེ་ལུས་ཀྱི་ཕྱི་ནང་ཐམས་ཅད་མེ་ལྕེས་ཁྱབ་བ་སྤུའི་རྩ་བ་ན་བཞུགས་པའི་ཁྲོ་ཆུང་རྣམས་ལས་རང་འདྲ་བསམ་གྱིས་མི་ཁྱབ་པ་འཕྲོས། མཐར་སྣང་གྲགས་ཐམས་ཅད་ལྷ་སྔགས་སུ་གྱུར་ཏེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། གདོན་བགེགས་རྣམས་ཞལ་དུ་གསོལ། སྐུ་ལས་སྐྱེས་པའི་མེས་སྣང་བའི་དངོས་པོ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཕུང་གཅིག་ཏུ་གྱུར་པར་བསམས་ལ་དྲག་སྔགས་གཙོ་བོར་བཟླ། དྲག་པོའི་སྔགས་འདི་འབུམ་ཕྲག་གཅིག་བཟླས་པས་ལས་ཐམས་ཅད་འགྲུབ་པར་གསུངས་སོ། །གཉིས་པ་དེ་ལས་གཞན་པའི་ལས་ཚོགས་ལ། ཐོག་མར་རྫས་ཀྱི་སྦྱོར་བ་ནི། དྲི་ཆེན།༡«་་་་་རྣལ་འབྱོར་པ་རང་ག»ི གླ་རྩི།༢ སྤྱང་ཀིའི་བྲུན།༣ མི་ཚིལ།༤ གུ་གུལ་ནག་པོ།༥ སྦྲུ་བ་ནག་པོ།༦ ཆུ་རྩ།༧ ཐར་ནུ།༨ སྟག་ཤ༩ མཚལ་དཀར།༡༠ རྟ་རྨིག་གི་གཞོབ།༡༡ སྒོག་སྐྱ་ནུས་བསྲེགས་ཀྱི་ཐལ་བ།༡༢ ར་རུའི་གཞོབ།༡༣ རྡོ་དྲེག་དམར་པོ།༡༤ མུ་ཟི་ནག་པོ།༡༥ རེ་ལྕག་པའི་རྩ་
བ།༡༦ རྒྱ་ཚྭ།༡༧ ཤིང་ཀུན་༡༨ ཏེ་རྫས་སྣ་བཅོ་བརྒྱད་པོ་ཚུལ་བཞིན་དུ་སྦྱར་ལ་ཞིབ་པར་བཏགས། རྣལ་འབྱོར་པ་རང་གི་དྲི་ཆུ་བར་པས་རིལ་བུ་དྲིལ་བ་ཐོད་པའི་ནང་དུ་བླུགས། དེའི་སྟེང་དུ་ཉི་དཀྱིལ་ལ་སྔགས་ཕྲེང་བཀོད་ནས་བཟླས་པས་རིལ་བུའི་མ་དག་པ་ཐམས་ཅད་སྦྱངས་ཤིང་ནུས་པ་མཆོག་ཏུ་བསྐྱེད་པར་བསམས་ལ་སྔགས་རིང་གཙོ་བོར་བཟླ། ཐུན་འཇོག་པ་ན་སྔགས་ཕྲེང་གདན་དང་བཅས་པ་རིལ་བུ་ལ་ཐིམ་པར་བསམས་ནས་ཧས་བཏབ་ལ་བསྔགས། དེ་ལྟར་བརྩོན་པས་གྲུབ་པའི་རྟགས་རིལ་བུ་ལ་དྲོད་དང་རླངས་པ་སོགས་འབྱུང་བར་འགྱུར་རོ། །དེ་ནས་ལས་ལ་སྦྱར་བ་དངོས་ནི། མཛེ་ནད་གསོ་བ་ལ། དང་པོར་ལེགས་པར་བརྟག ངོས་ཟིན་ནས་སྒྲིབ་སྦྱོང་དང་ཞི་བའི་ཆོ་ག་ཡུན་དུ་བྱ། དེས་མ་ཕན་ན་རྟེན་འབྲེལ་རྫས་ཀྱིས་ལུས་གཞོམ་པ་ཞེས་གོང་གི་རིལ་བུ་ཉིད་དྲི་ཆུ་བར་པའམ་མར་ནག་དང་སྦྱར་ནས་ལུས་ལ་ཁྱབ་པར་བྱུག མ་ཁྱབ་ན་སྤྱི་བོ། དཔྲལ་བ། མགྲིན་པ། སྙིང་ག ལྟེ་བ། རྐང་མཐིལ་གཉིས་ཏེ་གནས་བདུན་དུ་བྱུག ཁྱད་པར་གང་མི་བདེ་བའི་སར་བྱུགས་ལ་མེའམ་ཉི་མས་བདུག་པས་ལྤགས་པའི་ནད་ཐམས་ཅད་ལ་ཕན། རིལ་བུ་བདུན་ལ་སོགས་པ་ཐོ་རངས་རོ་སོལ་གྱི་མེར་བསྲེགས་ནས་བདུག་པས་བགེགས་ཐམས་ཅད་དཔག་ཚད་དུ་བྱེར་རོ། །དྲི་ཆུ་བར་པ་དང་སྦྱར་ཏེ་ཁྲུས་བྱས་པས་མི་གཙང་བ་ཐམས་ཅད་སེལ། ཉ་མིག་ཙམ་རེ་དྲི་ཆུ་བར་པ་ལ་སྦྱར་ནས་ལྟོ་སྟོང་ལ་ཁོང་དུ་བཏང་བས་ཁོང་སྲུང་དུ་འགྱུར། རྫས་ཀྱི་ཐུམ་བུ་རང་གཞན་ལ་གདགས་ན་ནད་གདོན་ཐམས་ཅད་སྲུང་བར་འགྱུར་རོ། །ནུས་པའི་རྣོ་སོ་འདོན་པ་ལ། ཤུ་དག་ནག་པོ། རུ་རྟ། བོང་ང༌། སྒོག་སྐྱ། ཕག་ཚིལ། རོའི་བདུད་རྩི། བྱིན་རླབས་ཅན་གྱི་གདུང་རུས། ཉ་མཁྲིས་རྣམས་ཆ་མཉམ་པར་སྦྱར་རོ། །ནུས་པ་སྔགས་ཀྱིས་ངག་གཞོམ་པ་ནི་དྲག་སྔགས་བར་མེད་དུ་བཟླ། རིག་པ་སེམས་ཀྱིས་
ཡིད་གཞོམ་པ་ནི་མེ་དམིགས་ཀྱི་ཏིང་འཛིན་ཤིན་ཏུ་གསལ་བར་བྱ་སྟེ། དེ་རྣམས་ཐམས་ཅད་མཚུངས་ལྡན་དུ་ཉམས་སུ་བླངས་པས་འོག་གདོན་མཛེ་ནད་ལས་གྲོལ་བ་ནི་ངེས་པའོ། །བར་གདོན་སྨྱོ་འབོག་གསོ་ན། རོ་རས་སམ་རོ་སྐྲ་ལས་བྱས་པའི་ཐག་པས་ནད་པའི་སྲིན་ལག་བསྡམས་པའི་སྣེ་ནས་བཟུང༌། རང་ཡི་དམ་གྱི་ང་རྒྱལ་དྲག་པོ་དང་བཅས་བོང་བུའམ་རོ་སོལ་གྱི་མེ་ལ་རྫས་སྣ་བཅོ་བརྒྱད་བསྲེགས་པའི་དུད་པས་འདོམ་དང་སྣ་བུག་ནས་བདུག དྲག་སྔགས་དང་ཏིང་ངེ་འཛིན་གྱི་མཚོན་ཆས་གཟིར་བས་སྐད་ངན་རྩེ་རེ་རེ་འོང་སྟེ། དེ་ཙ་ན་གདོན་གང་ཡིན་དྲིས་ལ་ཕྱིན་ཆད་གནོད་པ་མི་བྱེད་པའི་མནའ་དགག་གོ །གལ་ཏེ་སྐད་མི་འདོན་པར་བརྒྱལ་ན། རྫས་རྣམས་ཁྱི་ལུད་ཀྱི་མེ་ལ་བསྲེགས་ནས་བདུག དྲག་སྔགས་ལ་སྡེ་བརྒྱད་ཀྱི་སྲོག་སྔགས་ཧཱུྃ་ཕཊ་ཀྱི་བར་དུ་བཏགས་པས་གཟིར་བས་ངོ་སྟོན་པར་འགྱུར་ལ། དེའི་ཚེ་མནའ་དགག རྫས་ཀྱི་ཐུམ་བུ་མགུལ་དུ་གདགས་ཤིང་གནས་བདུན་དུ་ཐིག་ལེ་བྱས་པས་བསྲུང་ངོ༌། །སྲིའུ་གསོ་ན། རྫས་ཀྱི་ཐུམ་བུ་མགུལ་དུ་གདགས་ཤིང་ལུས་ལ་བྱུག སྲིའུ་མ་དང་བཅས་པ་མེ་འབར་ཀློང་ཆེན་གྱི་ཏིང་ངེ་འཛིན་གྱི་ཁོངས་སུ་བཅུག་ནས་དྲག་སྔགས་བཟླ། སྲུང་འཁོར་ཀྱང་«་་་་་སྲུང་འཁོར་ནི། ཕྱག་རྡོར་གྱི་ཐུགས་ཀར་འཁོར་ལོ་རྩིབས་བཅུ་མུ་ཁྱུད་དང་བཅས་པའི་ལྟེ་བར་བསྲུང་བྱའི་མིང་དང་སྤེལ་ཚིག རྩིབས་བཅུ་ལ་སྔགས་ཐུང༌། མུ་ཁྱུད་ལ་སྔགས་རིང་དགོད། གླ་རྩི་དང་དགུར་གུམ་གྱི་བྱུག བདག་བསྐྱེད་སྔོན་དུ་འགྲོ་བའི་འཁོར་ལོའི་ཡིག་འབྲུ་རྣམས་ཁྲོ་བོར་བསྐྱེད་ལ་སྔགས་བརྒྱ་རྩ་བཟླ་གཏོར་མ་ཕུལ། ལྷ་རྣམས་ཡིག་འབྲུར་བསམས་ལ་རྟེན་སྙིང་བདུན་གྱིས་བརྟན་བཞུགས་བྱ།» གདགས་སོ། རིམས་ནད་སྲུང་ན། རྫས་ཀྱི་ཐུམ་པོ་མགུལ་དུ་གདགས། དྲི་ཆུ་བར་པ་དང་སྦྱར་ཏེ་ལུས་ཀྱི་གནས་རྣམས་སུ་བྱུགས་པ་དང༌། བདུག་པ་དང༌། ཐོ་རངས་ཁོང་སྲུང་རིལ་བུ་རེ་རེ་བཏང་ངོ༌། །གདོན་ཕྲ་མོ་གསོ་བ་དང་སྲུང་ན། རྫས་ལ་སྔགས་བཏབ་པའི་ཆུས་བྱུགས་པ་དང་ཁོང་དུ་བཏང་བ་
དང༌། སྣར་བདུག་པ་སོགས་བགྱིས་པས་འབྲས་དང༌། ཤུ་བའི་རིགས། གག་ལྷོག རྨ་རྙིང་འཚོར་མི་འདོད་པ་སོགས་ཐམས་ཅད་ལ་ཕན་ནོ། །ལྟོ་སྲུང་ནི། ཐོ་རངས་དྲི་ཆུ་བར་པ་ལ་རྫས་ཉ་མིག་ཙམ་རེ་བཏབ་པའམ། ཡང་ན་སྔགས་ཉེར་གཅིག་བཟླས་ནས་བཏང་བས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་ཤིང༌། ཞུགས་པའང་ཕྱིར་ཐོན་པར་འགྱུར་རོ། །གཞན་ཡང་མངོན་སྤྱོད་ཀྱི་ལས་དང༌། སྲུང་འཁོར་ཆེན་མོ་སོགས་ལག་ལེན་བཏབ་དཀའ་བས་གཞན་དུ་ཤེས་པར་བྱའོ། །ཡང་འདིའི་རྗེས་གནང་གི་སྐབས་ནད་གདོན་དྲག་པོས་གཟིར་བ་ལ། ཐུན་མོང་མ་ཡིན་པའི་རྗེས་གནང་བྱེད་ན། བཟླས་ལུང་གི་མཇུག་ཏུ་དཔོན་སློབ་གཉིས་ཀས་མེ་དམིགས་རྣམ་པ་བཞི་གསལ་བཏབ། མཚམས་རྣམས་སུ་དྲག་སྔགས་ལན་གསུམ་རེ་བཟླ། རྫས་དུད་ཀྱིས་བདུག རོལ་མོ་བྱ། དེ་ནས་ཐུགས་ཀྱི་རྗེས་གནང་སོགས་དཀྱུས་ལྟར་སྦྱར་བར་བྱ་གསུངས། བཟླས་པའི་སྐབས་ཡིག་རྙིང་ཕལ་ཆེར་དུ་སྙིང་གར་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཡེ་ཤེས་སེམས་དཔའ་དང༌། དེའི་ཐུགས་ཀར་ཉི་གདན་ལ་ཏིང་འཛིན་སེམས་དཔའི་མཐར་སྔགས་འཁོར་བཀོད་པ་དང༌། དྲག་སྔགས་བཟླས་སྐབས། མདུན་དུ་སྤྲུལ་པའི་ཁྱུང་ནག་མགོ་དགུ། གཡས་སུ་མགོན་པོ་གྲི་གུག གཡོན་དུ་ལྷ་མོ་བོང་ཞོན་མ། མཐའ་སྐོར་ཀུན་ཏུ་དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས་གུས་པས་འཁོད་པར་བསམས་ལ་བཀའ་བསྒོ་བའི་ཚུལ་གྱིས་བཟླ་བར་གསུངས་པའང་སྣང་ངོ༌། །མདོར་ན་ལྷག་པའི་ལྷ་འདིའི་བསྙེན་སྒྲུབ་ལས་གསུམ་ཚུལ་བཞིན་དུ་བྱས་ཏེ། རྒྱུན་དུའང་བསྙེན་པ་དང༌། ལས་སྦྱོར་བཞི་པོ་གཅིག་ཏུ་དྲིལ་བའི་བཟླས་པ་བྱས་ན་ཀླུ་གདོན་གཙོ་བོར་གྱུར་པའི་གདུག་པ་ཅན་ཐམས་ཅད་ཞི་ཞིང་ནུས་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་དང༌། མཐར་ཐུག་ཡི་དམ་ལྷ་ཡིས་རྒྱུད་བྱིན་གྱིས་བརླབས་ནས་དངོས་གྲུབ་མཆོག་ཐོབ་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་ཚུལ་འདིའི་རྗེས་གནང་དང་མན་
ངག་གི་ལག་ལེན་ཅུང་ཟད་ཐོས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་གསང་བའི་བདག་པོས་མངོན་སུམ་དུ་རྗེས་སུ་བཟུང་བའི་གྲུབ་པའི་སློབ་དཔོན་སྙེ་མདོ་བ་བླ་ཆེན་ཤཱཀྱ་དཔལ་སོགས་ཀྱིས་མཛད་པའི་ཡིག་རྙིང་མང་པོ་ལས་ཉེར་མཁོ་མདོ་ཙམ་བཏུས་པ་འདིས་ཀྱང་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག། ༈ །ཕྱག་ན་རྡོ་རྗེ་ཨུ་ཙཱརྻའི་རྗེས་གནང་གི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ། །རྡོ་རྗེ་འཆང་དབང་དཔལ་ལྡན་གསང་བའི་བདག །པདྨ་བཛྲ་ཀླུ་སྒྲུབ་ཙནྡྲའི་ཞབས། །དྷརྨ་ཕ་ལ་བླ་མ་ཟངས་གླིང་པ། །ཁམས་པ་ཨ་སེང་རྣམས་ལ་གསོལ་བ་འདེབས། །ཞང་སྟོན་དཀོན་མཆོག་སྨོན་མཁར་སྐྱི་སྟོན་པ། །དཀོན་བློ་ཆོས་གྲགས་ཨེ་པ་འཁོན་སྟོན་ཆེ། །མཆོག་ལྡན་རྒྱལ་འོད་སློབ་དཔོན་སྨྲ་སེང་དང༌། །བྱང་ཆུབ་སེང་གེ་རྣམས་ལ༴ །ས་བཟང་འཕགས་པ་ངོར་ཆེན་རྡོ་རྗེ་འཆང༌། །གྲགས་རྒྱལ་ལེགས་འབྱུང་དཀོན་མཆོག་ལྷུན་གྲུབ་དཔལ། །དཀོན་མཆོག་རྒྱ་མཚོ་མཆོག་ལེགས་རྡོ་རྗེ་དང༌། །བསྟན་འཛིན་བཟང་པོ་རྣམས་ལ༴ །མཁྱེན་རབ་བྱམས་པ་རྨོར་ཆེན་གནས་གསར་བ། །ཀུན་དགའ་བློ་གྲོས་རིན་ཆེན་རྒྱལ་མཚན་དང༌། །ཀུན་དགའ་བཀྲ་ཤིས་འཁོན་སྟོན་ཨཱ་ནནྡ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དྲག་སྔགས་མཐར་ཐུག་གསང་བདག་ཨུ་ཙཱརྻའི། །བསྙེན་སྒྲུབ་ལས་སྦྱོར་ཡེ་ཤེས་མེ་ཕུང་གིས། །ས་གསུམ་གདུག་པ་མ་ལུས་བསྲེགས་བྱས་ནས། །གྲུབ་གཉིས་སྣང་བ་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།
ཤོག་ཏོང་།
དཔལ་ཕྱག་ན་རྡོ་རྗེ་གཏུམ་པོའི་རྗེས་གནང་སྒྲུབ་ཐབས་མན་ངག་དང་བཅས་པའི་ཡི་གེ་རྡོ་རྗེའི་མེ་ཕྲེང་།
དཔལ་ཕྱག་ན་རྡོ་རྗེ་གཏུམ་པོའི་རྗེས་གནང་སྒྲུབ་ཐབས་མན་ངག་དང་བཅས་པའི་ཡི་གེ་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ་བཞུགས་སོ།།
རྒྱ་གར་སྐད་དུ། ཤྲཱི་བཛྲ་ཙཎྜ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་གསང་བ་འཛིན་པའི་བདག་པོ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་ཐུགས་ཀྱི་གསང་བ་གཅིག་པུ་ཤིན་ཏུ་ཞི་བ་དམ་པའི་བདག །གདུལ་དཀའི་མུན་པ་སྟུག་པོ་འཇིལ་སླད་རྡོ་རྗེ་གཏུམ་པོའི་ཉིན་མོར་བྱེད། །གང་གི་ཡིད་མཁར་ཤར་བའི་མོད་ནས་གྲུབ་པ་བྱེ་བའི་སྣང་སྟེར་བ། །བླ་མ་མཆོག་དང་རྣམ་དབྱེར་མེད་པས་ཤིས་པའི་པདྨོ་རྒྱས་པར་མཛོད། །རྗེས་སུ་གནང་བས་རྒྱུད་སྨིན་ནས། །བསྙེན་དང་སྒྲུབ་དང་ལས་སྦྱོར་གྱིས། །དངོས་གྲུབ་རྒྱ་མཚོའི་ཆར་འབེབས་པ། །གསང་བ་འཛིན་དང་མཚུངས་པར་འགྱུར། །དེ་ལ་དང་པོ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང༌། གཞན་དོན་ཁོ་ནར་རིག་སྔགས་ཀྱི་དངོས་གྲུབ་དོན་དུ་གཉེར་བས། དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་བསྐུར་བ་ནོས་ཏེ་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཉེ་བར་གནས་པས་རྗེས་སུ་གནང་བ་ནོད་པར་བྱའོ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་མཎྜ་ལར་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་མཉྫིའི་ཁར་དཔལ་གཏོར་གཙོ་འཁོར་ལྔ་པ་དར་གདུགས་སྔོན་པོས་བརྒྱན་པ། དེའི་མདུན་
དུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པ་དང༌། འབུལ་གཏོར་གཅིག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཀོད་མཛེས་སུ་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་གི་སྣོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། རྗེས་སུ་གནང་བའོ། །དང་པོ་ནི། མཆོད་པ་བྱིན་རླབས་སྤྱི་ལྟར་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནས་བཟུང་བཟླས་པ་བསྡུ་བའི་བར་འོག་ནས་འབྱུང་བ་ལྟར་ཉམས་སུ་བླང་ངོ༌། །གཉིས་པ་ནི། མདུན་རྟེན་ཚོམ་བུ་དང་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་གཏུམ་པོ་མཐིང་ནག་སོགས་ནས། རིགས་སོ་སོས་དབུ་བརྒྱན་པར་གྱུར་ཅེས་པའི་བར་བདག་བསྐྱེད་ལྟར་གསལ་གདབ། མཆོད་པ་བྱིན་གྱིས་བརླབས་ལ་མཆོད་བསྟོད་དང༌། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་སྤྲོས་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་པར་བསམས་ལ་བཟླས་པ་ཅི་ནུས་བྱ། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་བཻ་ཌཱུརྻའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས་སུ་པད་ཉིའི་
གདན་ལ་ཧཱུྃ་ལས་རྡོ་རྗེ་གཏུམ་པོ་སོགས་ནས། མཆོད་བསྟོད་ཀྱི་བར་བདག་བསྐྱེད་ལྟར་བྱ། གཟུངས་ཐག་བླངས་ལ། བུམ་ལྷའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་ནས་ཐོན། གཟུངས་ཐག་ལ་འཁྲིལ་ཏེ་བུམ་ནང་གི་ལྷའི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་གཏུམ་པོའི་སྐུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་བུམ་པའི་ལྷ་ལ་ཐིམ། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། སྔགས་ཅི་ནུས་བཟླས་མཐར་མཆོད་ཅིང་བསྟོད། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར་པར་བསམ། མདུན་བསྐྱེད་ལ་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ནས་ཕུལ། མཆོད་བསྟོད་འདོད་དོན་གསོལ། གསུམ་པ་ནི། དབང་གིས་སྨིན་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པར། སེམས་བསྐྱེད་གསལ་གདབ་སོགས་ཆོས་ཀྱི་གཏམ་ཅི་རིགས་པས་མཚམས་སྦྱར་ཏེ། དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རང་གཟུགས་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་ཉིད་བཅོམ་ལྡན་འདས་དཔལ་ལག་ན་རྡོ་རྗེ་ཞེས་གྲགས་པ་འདི་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཀུན་ཏུ་བཟང་པོ་ཉིད། རྡོ་རྗེ་ཐེག་པར་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེའི་རིགས་སུ་མངོན་པར་དབང་བསྐུར། རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཅོད་པན་བཅིངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་གྱུར་པའི་རྡོ་རྗེ་ཕྱག་མཚན་དུ་གཏད། དེའི་ཚེ་འོག་མིན་གྱི་བར་གྱི་ལྷ་དང་ཞིང་ཁམས་ཐམས་ཅད་དུ་འདི་ནི་ལག་ན་རྡོ་རྗེའི་ཞེས་མགྲིན་གཅིག་ཏུ་བསྒྲགས་པས་མིང་གི་དབང་བསྐུར་ཞིང་གསང་སྔགས་ཐམས་ཅད་ཀྱི་
བདག་པོར་གཉེར་དུ་བསྐོས། མ་རུངས་པ་རྣམས་གདུལ་བར་བཀའ་བསྒོས་པ་ལ་བརྟེན་ནས་ཁྲོ་བོའི་རྣམ་རོལ་མཐའ་ཡས་པས་གདུག་པ་ཅན་དཔུང་དང་བཅས་པ་ཐམས་ཅད་བཏུལ་བར་ཕྱག་ན་རྡོ་རྗེ་དབང་བསྐུར་གྱི་རྒྱུད་ལས་གསུངས་པས་མཚོན་མཚན་དང་སྐུའི་རྣམ་འགྱུར་འདོད་རྒུར་བསྒྱུར་བས་ཞི་བ་དང༌། ཁྲོ་བོ་དང༌། དཀྱིལ་འཁོར་གྱི་གཙོ་བོ་དང༌། འཁོར་གྱི་རྣམ་པར་བསྟན་པའི་བསྒྲུབ་བྱའི་ལྷ་དང༌། རྒྱུད་སྡེ་ཆེན་པོ་བཞི་དང་རྗེས་སུ་འབྲེལ་བའི་སྒྲུབ་བྱེད་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། གངས་ཅན་གྱི་ལྗོངས་འདིར་སྔོན་གྱི་དུས་ན་ཕྱག་རྡོར་ཆེ་བ་དྲུག་གམ་དགུར་གྲགས་པ་འདི་རྣམས་བྱིན་རླབས་ཀྱི་བཀའ་བབས་མཆོག་དང་ལྡན་པ་ཡིན་ཏེ། དེ་ལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དབང་གིས་ཆེ་བ་ཞེས་དྲག་པོ་སུམ་འདུལ་གྱི་རྒྱུད་ལ་བརྟེན་ནས་གྲུབ་པའི་སློབ་དཔོན་ཛ་བ་རིས་ལེགས་པར་བཀྲལ་ཞིང་དབང་བཞི་དང་བསྐྱེད་རྫོགས་སོགས་ཞིབ་རྒྱས་སུ་ཡོད་པ་བླ་མེད་ཕ་རྒྱུད་མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོར་གཏོགས་པ་དང༌། བེ་ཅོན་རྒྱུད་ཀྱིས་ཆེ་བ་ཞེས་རྩ་བ་དང་བཤད་པའི་རྒྱུད་སྡེ་བཅོ་ལྔ་ཙམ་ཡོད་པར་གྲགས་པ་དང་གཏུམ་པོ་ཁྱུང་གིས་ཆེ་བ་ཞེས་གསང་བ་མངོན་པར་བསྟན་པ་སོགས་ཀྱི་རྒྱུད་ལ་བརྟེན་ནས་གྲུབ་ཆེན་ལས་ཀྱི་རྡོ་རྗེས་བཀྲལ་ཞིང་ཁྱུང་ལྔ་དང་ཉེར་གཅིག་ལ་སོགས་པའི་སྤྲུལ་པ་སྤྲོ་ཞིང༌། ཁྱུང་སྔགས་ཀྱི་ཤམ་འདོགས་པས་ཁྱད་པར་དུ་བྱས་པ་དང༌། ཨུ་ཙརྻ་དྲག་སྔགས་ཀྱིས་ཆེ་བ་ཞེས་འདིའི་བརྟེན་གཞིའི་རྒྱུད་རྡོ་རྗེ་ཁྲོས་པར་དྲེགས་པ་ཅན་རྣམས་ཀྱི་སྲོག་ནས་འདྲེན་པའི་དྲག་སྔགས་དུ་མ་ཡོད་པར་གྲགས་པ་དང༌། འབྱུང་པོ་འདུལ་བྱེད་ནུས་མཐུས་ཆེ་བའམ་མི་དམིགས་ཀྱིས་ཆེ་བ་ཞེས་སྤྱོད་རྒྱུད་ཀྱི་ཁོངས་སུ་གཏོགས་པའི་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་དང༌། རྣལ་འབྱོར་བླ་མེད་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་སོགས་ལ་བརྟེན་ནས་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཀྲལ་ཞིང༌། འཕགས་བོད་དུ་ལྷག་པའི་ལྷ་འདི་ལ་བརྟེན་ནས་ནུས་མཐུའི་རྩལ་འཆང་བ་ཇི་སྙེད་ཅིག་ད་ལྟའི་བར་དུ་བྱོན་པ་དང༌། འགྲོ་བཟང་
ཆོས་སྐྱོང་གིས་ཆེ་བ་ཞེས་གྲུབ་པའི་སློབ་དཔོན་འགྲོ་བཟང་སྙིང་པོའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་འདི་དང་རྗེས་སུ་འབྲེལ་བར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཞི་ཁྲོའི་སྒྲུབ་པའི་ཐབས་དང་མན་ངག་གི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པར་བཞུགས་པ་དང༌། གཞན་ཡང་ཕྱག་རྡོར་མདོ་ལུགས་མཛེ་གསོས་ཀྱིས་ཆེ་བ་ཞེས་གོས་སྔོན་ཅན་གྱི་གཟུངས་མདོ་ལ་བརྟེན་ནས་ཇོ་བོ་བཀའ་གདམས་པ་རྣམས་ཀྱིས་ཐུགས་དམ་གྱི་སྙིང་པོར་མཛད་པ་དང༌། རྡོ་རྗེ་བདེ་ཁྲོས་ཀླུ་འདུལ་བའི་ཆེ་བ་ཞེས་མཛེ་སོགས་ཀླུའི་ནད་གསོ་བ་ལ་ཁྱད་པར་དུ་བསྔགས་ཤིང་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་སོགས་ལ་དར་རྒྱས་སུ་བྱུང་བ་དང༌། རྡོ་རྗེ་མེ་ལྕེ་སྡེ་བརྒྱད་གནད་ལ་དབབ་པའི་ཆེ་བ་ཞེས་སྡེ་བརྒྱད་ཀྱི་རིགས་མཐའ་དག་གནད་ལ་དབབ་ཅིང་འདུལ་བ་ལ་ལྷག་པར་སྟོབས་ཆེ་བ་ཞིག་སྟེ། དེ་ལྟ་བུའི་ལུགས་སྲོལ་མང་དུ་བྱུང་བ་ལས་འདིར་སྐབས་སུ་བབ་པ་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་ཐུགས་སྲས་ཀྱི་ཐུ་བོ་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་ཞེས་ཚེ་གཅིག་ལུས་གཅིག་ཁོ་ནས་འཇའ་ལུས་རྡོ་རྗེའི་གོ་འཕངས་མངོན་དུ་མཛད་པའི་གྲུབ་ཆེན་དེ་ཉིད་སྐུ་ན་ཕྲ་མོའི་དུས་སུ་ཀླུ་གདོན་གྱིས་བསྙུན་ཚུལ་བསྟན་པ་ན། སྔོན་ལས་ཀྱི་འཕྲོ་སད་དེ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། གྲུབ་པའི་སློབ་དཔོན་བ་ལ་ཙནྡྲ་ལས་དྲག་སྔགས་ཀྱི་ནུས་པ་མེ་དང་འདྲ་བའི་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་གིས་ཆེ་བའི་སྐོར་ཡོངས་སུ་རྫོགས་པ་གསན་ནས་གདུག་པའི་ཀླུ་གདོན་ལས་གྲོལ། བོད་དུ་ཕེབས་ནས་སློབ་མའི་མཆོག་དག་ལ་ཅི་རིགས་པ་སྩལ་བ་ལས་རིམ་པར་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལའང་ཕྱི་ནང་གསང་བའི་སྒྲུབ་སྐོར་དང༌། དབང་དང་རྗེས་གནང་མན་ངག་གི་བཀའ་སྲོལ་མང་དུ་ཡོད་པ་ལས། འདིར་ཕྱི་སྒྲུབ་ལྷ་ལྔ་ཁྱུང་ཤམ་ཅན་གྱི་རྗེས་སུ་གནང་བ་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། བླ་མ་དང་རྡོ་རྗེ་གཏུམ་པོ་ཐ་མི་དད་པ་སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་
རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་ཚོགས་ཞིང་རྣམས་ཀྱི་སྤྱན་སྔར་སྐྱབས་གསུམ་སྔོན་དུ་འགྲོ་བས་ཐེག་པ་ཆེན་པོའི་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། རྗེས་གནང་གི་གཞི་དགོད་པའི་སླད་དུ་ཁྱེད་རང་རྣམས་ལྷར་གསལ་གདབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་གཏུམ་པོ་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་སྐུར་གྱུར་པའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཞིང་ཁམས་ནས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་རིགས་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་ཀྱི་མཐར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་སྤོས་རོལ་དང་བཅས་ཡང་ཡང་བརྗོད། དེ་བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ། ཞེས་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱས་པས་རྗེས་གནང་གི་གཞི་བཀོད་ནས། དངོས་གཞིའི་རྗེས་སུ་གནང་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ངོ་བོ་ཉིད། །དཔལ་ལྡན་བླ་མ་རིན་པོ་ཆེས། །བདག་ལ་རྡོ་རྗེ་གཏུམ་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་པས་གསོལ་བ་བཏབ་ནས། རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་མཐའ་རྟེན་དང་བཅས་པ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུའི་རྗེས་གནང་གི་སླད་དུ་སློབ་
དཔོན་དང་ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་རིགས་ལྔ་འཁོར་བཅས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔ་འཁོར་བཅས་ཀྱིས་དབང་བསྐུར་བྱུང་སྙམ་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་དྲི་མ་དག་བདུད་རྩིའི་རྒྱུན་ཡར་ལུད་དེ་སྤྱི་བོར་འཁྱིལ་བ་མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་དང༌། གཏུམ་པོ་བཞི་ལ་རིགས་སོ་སོས་དབུ་བརྒྱན་པར་གྱུར། དེ་ལྟར་སྐུའི་རྗེས་གནང་ཐོབ་པས་ལུས་ཀྱི་སྒྲིབ་པ་དག ལུས་ཀྱི་སྒོ་ནས་ཕྱག་ན་རྡོ་རྗེའི་བསྐྱེད་རིམ་བསྒོམ་པ་ལ་དབང་ཞིང༌། འབྲས་བུའི་ཕན་ཡོན་གནས་སྐབས་སུ་ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། མཐར་ཐུག་མཐུ་སྟོབས་དང་ལྡན་པའི་ཕྱག་ན་རྡོ་རྗེའི་སྐུ་འགྲུབ་པར་འགྱུར་རོ། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀའི་སྔགས་ཕྲེང་དང༌། སློབ་དཔོན་གྱི་ལྷའི་སྔགས་ཕྲེང་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། བཻ་ཌཱུརྻའི་ཕྲེང་བ་ལྟར་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོར་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥཎ་ཧཱུྃ་ཕཊ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ནས་སྤྱི་བོར་བཞག་བྱུང་སྙམ་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་
ཞུགས་བརྟན་པར་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། དེ་ལྟར་གསུང་གི་རྗེས་གནང་ཐོབ་པས། ངག་གི་སྡིག་སྒྲིབ་དག ངག་གི་སྒོ་ནས་ཕྱག་ན་རྡོ་རྗེའི་སྔགས་བཟླ་བ་སོགས་ལ་དབང་ཞིང༌། གནས་སྐབས་སུ་ངག་གི་ནུས་པ་ཆེ་ཞིང་འཆད་རྩོད་སོགས་ལ་མཁས་པ་དང༌། མཐར་ཐུག་བདེན་པའི་ཚིག་འགྲུབ་ཅིང༌། གསུང་དབྱངས་ཡན་ལག་དྲུག་ཅུའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་ཐུགས་ཀྱི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། བླ་མ་དང་མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོའི་སྐུ་གསུང་ཐུགས་དང༌། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་སོང་སྙམ་པ་མཛོད་ལ། སེམས་གསལ་སྟོང་འཛིན་མེད་ཀྱི་ངང་དུ་འཇོག་པར་ཞུ། དེ་ལྟར་ཐུགས་ཀྱི་རྗེས་གནང་ཐོབ་པས་ཡིད་ཀྱི་སྡིག་སྒྲིབ་དག ཡིད་ཀྱི་སྒོ་ནས་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་སྒོམ་པ་ལ་དབང་ཞིང༌། གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ། མཐར་ཐུག་འོད་གསལ་ཆོས་སྐུའི་གནས་ལུགས་མངོན་དུ་བྱེད་པར་འགྱུར་རོ། །བཞི་པ་གཏོར་དབང་གི་སྒོ་ནས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། བདག་གིས་གཏོར་མ་འདི་སྤྱི་བོར་བཞག་པའི་ཚེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་ཡོད་པར་བསམ། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་སྟེང་ན་ཡོད་པའི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་དེ་དག་གི་ཞལ་དུ་གསོལ་ནས་མེད་པར་བསམ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་བྱུང་སྙམ་པའི་མོས་པ་མཛོད། ཨོཾ་བཛྲ་པཱ་ཎི་སོགས་དང༌། སྤྲོ་ན་བརྒྱུད་པའི་རིམ་པའང་བརྗོད་དེ། རྡོ་རྗེ་འཆང་སོགས་
ནས། རྗེ་བཙུན་བླ་མ་ངག་དབང་ཀུན་དགའ་བཀྲ་ཤིས་ལ་སོགས་ཏེ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་གསོལ་རྣམས་བྱ། མངོན་རྟོགས་ཀྱི་མཇུག་ནས་འབྱུང་བ་ལྟར་བདག་བསྐྱེད་འོད་གསལ་དུ་བསྡུ། ཐུན་མཚམས་ཀྱི་ལྷ་སྐུར་ལྡང༌། གནས་གསུམ་བསྲུང་བ་དང་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །གཉིས་པ་ནི། དེ་ལྟར་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྔགས་པས། ཐོག་མར་ཡི་དམ་ལྷ་དང་འབྲེལ་བཏགས་པས་ཐུགས་རྒྱུད་བསྐུལ་བའི་ཕྱིར་བསྙེན་པའི་རྣལ་འབྱོར་ལ་འཇུག་པར་བྱའོ། །འདི་ལ་གཉིས། མངོན་རྟོགས་སྤྱིར་བསྟན་པ་དང༌། བསྙེན་པའི་ལག་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་བཞིན་པའི་ངང༌། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་པའི་སྤྱན་སྔར་སྐྱབས་སེམས་རྒྱས་པའམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཚིག་བསྡུས་པས་ཀྱང་རུང་སྟེ་བློ་རྒྱུད་དང་འདྲེས་ངེས་སུ་བྱ་བ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསག སྤྲོ་ན་ཡན་ལག་བདུན་པའང་བྱ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭཱབྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་པས། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པར་བསམས་ལ། གནས་ལུགས་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ།
ཚོགས་གཉིས་ཀྱི་རང་འབྲས་སྒྱུ་མ་ལྟ་བུའི་ལྷའི་སྐུ་ཡན་ལག་བཞི་རྫོགས་ཀྱི་ཆོ་གས་བསྒྲུབ་པ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་གུར་མེ་རི་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ། ཧཱུྃ་ལས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ་རྣོ་བ་དབལ་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་བས་སྟེང་ཕྱོགས་གཟའི་གདོན་རྣམས་དང༌། གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེངས་པས་འོག་ཕྱོགས་ཀླུའི་གདོན་རྣམས་འཇོམས་པར་བྱེད་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས་ཤིང་ཁྲོ་གཉེར་གཡོ་བ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་མེ་ལྟར་འབར་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་སྐྲ་བཅིངས་ཤིང་སྐུ་ལུས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པས་གནོད་བྱེད་མཐའ་དག་མནན་ཅིང་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པ། པདྨ་འདབ་བཞི་ལ་ཤར་དུ་དྲི་ཟའི་གདན་ལ་སངས་རྒྱས་གཏུམ་པོ་སྐུ་མདོག་དཀར་པོ་ཐུགས་ཀ་ནས་འཁོར་ལོའི་ཁྱུང་སྤྲུལ་པ། ལྷོར་གཤིན་རྗེའི་གདན་ལ་རིན་འབྱུང་གཏུམ་པོ་སྐུ་མདོག་སེར་པོ་ཐུགས་ག་ནས་རིན་པོ་ཆེའི་ཁྱུང་སྤྲུལ་པ། ནུབ་ཏུ་ཀླུ་དབང་གི་གདན་ལ་པདྨ་གཏུམ་པོ་སྐུ་མདོག་དམར་པོ་ཐུགས་ཀ་ནས་པདྨའི་ཁྱུང་སྤྲུལ་པ། བྱང་དུ་གནོད་སྦྱིན་གྱི་གདན་ལ་ལས་ཀྱི་གཏུམ་པོ་སྐུ་མདོག་ལྗང་གུ་ཐུགས་ཀ་ནས་ལས་ཀྱི་ཁྱུང་སྤྲུལ་པ། དེ་ཐམས་ཅད་ཀྱང་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། ཞལ་ནང་དུ་གཟིགས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་སྐུར་གྱུར་པར་བསམ་པ་ནི་དམ་ཚིག་བསྐྱེད་པ་བསྙེན་པའི་ཡན་ལག་གོ །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་
པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམ་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཉེ་བར་བསྙེན་པའི་ཡན་ལག་གོ །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་དང་བཅས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསམ་པ་ནི་སྒྲུབ་པའི་ཡན་ལག་གོ །སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང༌། དྲི་མ་དག བདུད་རྩིའི་རྒྱུན་ཡར་ལུད་དེ་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ལ་མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་དང༌། གཏུམ་པོ་བཞི་ལ་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་གྱུར་པར་བསམ་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ལྟར་ཡན་ལག་བཞི་རྫོགས་ཀྱིས་ལྷའི་སྐུར་བསྒྲུབས་པ་ལ་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་པས། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་རེ་ཨརྒྷཾ་སོགས་ཀྱིས་མཆོད། སྲིད་གསུམ་འཇིགས་བྱེད་རྡོ་རྗེ་དྲག་པོའི་སྐུ། །བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན། །བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན། །ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། མ་རུངས་པ་ཐམས་ཅད་ཚར་བཅད། བདག་དང་སྣང་བ་ཐམས་ཅད་རྡོ་རྗེ་གཏུམ་
པོའི་སྐུར་གྱུར་པའི་ཞལ་ནས་སྔགས་ཀྱི་སྒྲ་བསྒྲགས་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་རིགས་པ་དང༌། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་གཙོ་བོར་བཟླ། མཇུག་ཏུ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཅེས་པའང་ཅུང་ཟད་བཟླས་མཐར། གོང་བཞིན་མཆོད་ཅིང་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣོད་བཅུད་སྲུང་འཁོར་དང་བཅས་པ་འོད་དུ་ཞུ་ནས་འཁོར་རྣམས་ལ་ཐིམ། དེ་རང་ལྷར་གསལ་བ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ན་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ། དེ་ལ་མི་གནས་པའམ་སྤྱོད་ལམ་ལ་འཇུག་ན། སླར་ཡང་རང་སྐད་ཅིག་གིས་རྡོ་རྗེ་གཏུམ་པོའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཞེས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །གཉིས་པ་ལག་ལེན་བྱེ་བྲག་ཏུ་བཤད་པ་ནི། གནས་ཁང་གཙང་ཞིང་དགེ་བར་དཀོན་མཆོག་གི་རྟེན་དང་འདི་ཉིད་ཀྱི་སྐུ་རྟེན་ཡོད་ན་བཀྲམ་པའི་མདུན་དུ་འབུལ་གཏོར་རིན་པོ་ཆེའི་སྣོད་དུ་ཡི་དམ་གྱི་གཏོར་མ་སྟོད་གྲུ་གསུམ་སྨད་ཟླུམ་པོའི་དབྱིབས་འཁོར་བཤོས་ཕྲན་ཟུར་གསུམ་བཞིས་བསྐོར་བ་ལ་འདབ་ཆགས་མིན་པའི་ཤ་ཁྲག་གིས་བརྒྱན་པ་བཀོད། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། ཉིན་དང་པོར་གཞི་བདག་གཏོར་མ་དང་སྤྲོ་ན་བགེགས་གཏོར། གཞན་ཡང་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱ། རང་ཉིད་སྟན་བདེ་བ་ལ་རྟེན་ལ་ཁ་ཕྱོགས་པས་འཁོད་དེ་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱི་ཀུན་སློང་མི་འབྲལ་བས་བསྙེན་སྒྲུབ་མཐར་མ་ཕྱིན་བར་དུ་མི་བཏང་བའི་དམ་བཅའ་བརྟན་པོས་གསོལ་འདེབས་ཅི་རིགས་པས་བྱིན་རླབས་ཐུགས་དམ་བསྐུལ། གཞི་བདག་ལ་དཀར་གཏོར་སྤྱི་ལྟར་བཏང་ལ་སྒྲུབ་པ་མཐར་མ་ཕྱིན་གྱི་བར་དུ་
བར་གཅོད་མི་གཏོང་ཞིང་དགེ་བའི་སྟོང་གྲོགས་བྱེད་པའི་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་བསྔོས་ཏེ་བདེན་བརྗོད་བཅས་རྒྱང་རིང་དུ་བསྐྲད་ལ་ཕྱིན་ཆད་མི་འཇུག་པའི་སྲུང་འཁོར་བརྟན་པོར་བསྒོམ། མཆོད་རྫས་བྱིན་རླབས་སྤྱི་འགྲོ་བྱ། སྒྲུབ་ཐབས་ལྟར་སྐྱབས་སེམས་ལན་གསུམ། ཡན་ལག་བདུན་པ་དང་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསག སྭ་བྷཱ་བའི་སྔགས་དོན་དྲན་པས་ཡེ་ཤེས་ཀྱི་ཚོགས་བསགས་ལ་བདག་བསྐྱེད་གཏུམ་པོ་ལྷ་ལྔ་ཡན་ལག་བཞི་རྫོགས་སུ་བསྒོམ། མཆོད་བསྟོད་འབུལ། དེ་ནས་བཟླས་པ་ལ་བཞི། བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་ཕྲིན་ལས་དྲུག་དང་བཅས་པའོ། །དང་པོ་ཡི་དམ་ལ་སྙན་གསན་འབེབས་པའི་ཚུལ་དུ་བསྙེན་པ་ནི། རང་གཏུམ་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་བཻ་ཌཱུརྻ་ཞུན་མ་ལྟ་བུ་འོད་འབར་བ། བཟླས་པའི་རྐྱེན་གྱིས་དེ་ལས་སྔོན་པོ་ཤས་ཆེ་བའི་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ལ་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པས་མཆོད། ཐམས་ཅད་ཀྱང་རྡོ་རྗེ་གཏུམ་པོའི་སྐུར་གྱུར་ནས་ཚུར་བྱོན། འོད་ཁ་དོག་ལྔ་ལྡན་གྱི་རྣམ་པར་ཞུ་ནས་རང་གི་སྤྱི་བོར་ཐིམ་པས་ཡེ་ཤེས་ལྔའི་དབང་བསྐུར་ཐོབ། དབང་རྟགས་སུ་ཐོད་སྐམ་ལྔའི་རྩེ་མོར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་མཚན་པར་གྱུར། དེ་རྣམས་ལས་རྡོ་རྗེ་ཕྲ་མོའི་ཚོགས་ཆར་ལྟར་བབས་པས་རང་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱུར། སླར་ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མཆོད་པས་ཀུན་ཀྱང་རྡོ་རྗེ་གཏུམ་པོའི་སྐུར་གྱུར། འོད་དུ་ཞུ་སྟེ་རང་གི་སྤྱི་བོ་ནས་ཞུགས་ཤིང་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐམས་ཅད་ཀྱང་རྡོ་རྗེ་གཏུམ་པོའི་སྐུར་གྱུར་ནས་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་བཟླ། ལྷ་གཞན་གྱི་བསྙེན་པ་སྔོན་དུ་མ་སོང་ན་འདི་ཉིད་འབུམ་ཕྲག་གཅིག་གམ་གསུམ་བཟླ་བ་ཞི་བསྙེན་གོང་གནོན་གྱི་ཚུལ་ཡིན་ལ། བསྙེན་པ་གཞན་སོང་ན་འདི་བཟླ་མི་དགོས་པར་བཤད། དྲག་བསྙེན་དམིགས་པ་དངོས་ནི།
ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་སྔོན་པོ། དེའི་མཐར་མདུན་ནས་གཡས་སྐོར་དུ་བཛྲ་ཙཎྜའི་སྔགས་ཕྲེང་བཻ་ཌཱུརྻ་ཞུན་མ་ལྟ་བུས་བསྐོར་བ་ལ་སེམས་རྩེ་གཅིག་ཏུ་གཟུང༌། གོང་གི་སྤྲོ་བསྡུ་རྣམས་ཚར་རེ་ཙམ་བྱས་ལ་བཟླའོ། །གཉིས་པ་ལྷ་དང་ཐུགས་ཉེ་བར་བྱ་བ་ཉེ་བསྙེན་དུ་གྲགས་པ་ནི། སྔགས་ཕྲེང་ལས་འོད་ཟེར་སྔོན་པོ་འཕྲོས་པ་གཡས་སུ་འཁོར། ཕྱག་གཡོན་སྡིགས་མཛུབ་བསྒྲེངས་པའི་རྩེ་ལས་ཁྱུང་ཁྲ་ཐབས་ཀྱི་ཚུལ་དུ་ལྡིང་ཞིང་བ་སྤུ་ཐམས་ཅད་ཁྱུང་ཕྲུག་ཕྲ་མོ་གྲངས་མེད་པས་གཏམས་པར་བསམས་ལ་སྔགས་བཟླའོ། །གསུམ་པ་ལྷ་དང་དབྱེར་མེད་དུ་བྱ་བ་སྒྲུབ་པའི་དམིགས་པ་ནི། ཐུགས་ཀའི་རྡོ་རྗེའི་ཧཱུྃ་མཐར་སྔགས་ཕྲེང་ཉིད་རང་སྒྲ་དང་བཅས་དང་པོ་དལ་བུ། རིམ་པར་ཇེ་མགྱོགས། མཐར་མགལ་མེ་ལྟར་གཡས་སུ་འཁོར། འོད་ཟེར་སྤྲོ་བསྡུ་བསྙེན་པའི་སྐབས་སུ་སྨོས་པའི་དམིགས་པ་ཕྱི་མ་དེ་དང༌། གཙོ་བོར་སྔགས་ཕྲེང་ལས་མེ་འབར། ལུས་ཀྱི་ནང་གང༌། ནད་གདོན་བར་ཆད་ཐམས་ཅད་བསྲེགས། འོད་ཟེར་ཕྱིར་འཕྲོས་པས་ཁྲོ་ཆུང་དང་བྱ་ཁྱུང་གི་ཚོགས་དཔག་ཏུ་མེད་པ་མཚོན་ཆ་མེ་ཕུང་འཚུབས་མ་དང་བཅས་པ་ཆེར་འཕྲོས་པས་སྟོང་གསུམ་གྱི་ཁམས་གང༌། གནོད་བྱེད་ཐམས་ཅད་བསད་གཏུབས་བསྲེགས་ནས་མིང་ཙམ་མེད་པར་ཚར་བཅད་པར་བསམས་ལ་སྔགས་བཟླ། དེའང་སྒྲུབ་པའི་སྔགས་དམིགས་འདི་གཙོ་བོ་ཡིན་པས་དབང་པོ་རབ་ཀྱིས་སུམ་འབུམ། འབྲིང་གིས་བདུན་འབུམ། ཐ་མས་འབྲུ་འབུམ་སུམ་འགྱུར་བཟླ་དགོས་པར་གསུངས། དུས་ནི་རབ་ཀྱིས་ཟླ་བ་གཅིག འབྲིང་གིས་གསུམ། ཐ་མས་ཟླ་བ་དྲུག དེའང་གྲངས་དུས་ལ་ངེས་པ་མེད། རྟགས་ལ་བརྟེན་དགོས་པར་གསུངས་པས་གཞུང་ལས་གསུངས་པའི་གཏུམ་པོའི་རྟགས་བརྒྱད་ནི། ལུས་ལས་མེ་འབར་བ། རྐང་པ་མཚོ་ནང་དུ་རྐྱོང་བ། རི་ཀླད་ལ་བསྐོར་བ། རུས་སྦལ་འཇོམས་པ། སྦྲུལ་གྱིས་རྒྱན་བྱེད་པ། སྐུ་གཟུགས་བཞད་པ། མེ་ཏོག་སྔོན་པོ་འཐུ་བ།
གནོད་སྦྱིན་གྱི་སྡེ་དཔོན་བྱེད་པ་རྣམས་སུ་གསུངས་ཤིང༌། ཡང་ཁ་ཅིག་ཏུ་གྲུབ་པའི་རྟགས་བརྒྱད་ནི། རྨི་ལམ་དུ་ཉི་ཟླ་ཤར་བ་དང༌། དེའི་སྟེང་དུ་འདུག་པ་དང༌། གོ་གྱོན་མཚོན་ཐོགས་པ། མེ་ཏོག་སྔོན་པོ་ཐུ་བ། རྫོང་བཙན་པོར་འདུག་པ། རི་རབ་ལ་འཛེགས་པ། ལུས་ལས་བསྐལ་པའི་མེ་ཚན་འབར་བ་སྟེ་གྲུབ་པའི་རྟགས་བརྒྱད། གཞན་ཡང་རྒྱ་མཚོར་རྐང་པ་རྐྱོང་བ། རི་རབ་ཀླད་ལ་བསྐོར་བ། སྦལ་ལྕོང་སྡིག་སྦྲུལ་ལག་གིས་འཇོམས་པ། སྦྲུལ་བརྒྱད་ཀྱིས་ལུས་ལ་བརྒྱན་པ། ཡི་དམ་གྱི་ཐང་སྐུ་བཞེད་པ། གནོད་སྦྱིན་གྱི་སྡེ་དཔོན་བྱེད་པ་རྣམས་འབྱུང་བར་བཤད་དེ། ཐམས་ཅད་རྫོགས་པའམ་ཤས་ཆེར་བྱུང་བ་ན་དེ་ནས་སྒྲུབ་པ་ལས་སྦྱོར་ལ་འཇུག་གོ །ཞེས་འབྱུང་ངོ༌། །བཞི་པ་སྒྲུབ་པ་ཆེན་པོས་ཕྲིན་ལས་ལ་སྦྱོར་བ་ནི། རང་ཉིད་རྡོ་རྗེ་གཏུམ་པོའི་གནས་ལྔར་རིགས་ལྔའི་ཁྱུང་ཆེན་དཀར་དམར་མཐིང་སེར་ལྗང་གུ། ཕྱག་གཡས་རྣམས་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་རལ་གྲི་འཕྱར་ཞིང༌། གཡོན་པ་རྣམས་ཀྱིས་ཀླུ་རིགས་ལྔ་སྦྲུལ་རང་མདོག་ཅན་རེ་རེ་ཞལ་དུ་གསོལ་བ། ཐུགས་ཀ་རྡོ་རྗེའི་ཁྱུང་སྔོན་པོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་གཏུམ་པོ་རང་འདྲ་བའི་ཐུགས་ཀར་ཉི་ཟླའི་སྟེང་དུ་ཧཱུྃ་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་མ་དག་པའི་ཁམས་སྦྱངས། སྣོད་ཀྱི་འཇིག་རྟེན་ལྕང་ལོ་ཅན་གྱི་ཞིང་ཁམས། བཅུད་ཀྱི་སེམས་ཅན་གསང་བའི་བདག་པོ། སྒྲ་སྐད་ཐམས་ཅད་ཡི་གེ་བཅུ་གཅིག་པའི་རང་སྒྲ་དིར་དིར་སྒྲོགས་པར་མོས་ལ་ནམ་མཁར་འཇའ་ཚོན་ཤར་བ་བཞིན་དུ་སྣང་སྟོང་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་བཟླ་བ་དང༌། ཡང་སྔགས་ཕྲེང་ལས་འཕྲོས་པའི་འོད་ཟེར་ཁྱུང་གི་ཚོགས་སུ་གྱུར་ནས་སྟོང་གསུམ་གྱི་འཇིག་རྟེན་གང༌། འཕུར་འཛུམ་ལྡིང་ཞིང་གཤོག་སྒྲ་འབྲུག་ལྟར་བསྒྲགས་པས་རང་ལ་གནོད་ཅིང་འཚེ་བའི་ཀླུ་གཉན་ས་བདག་རྣམས་ཀྱི་མིག་འབྲུ། སྙིང་དང་ནང་ཁྲོལ་འདྲེན་ཅིང་ཟོས། སྤུ་གསེབ་ནས་བྱེ་ཚན་གྱི་ཆར་ཕབ་པས་ཤ་རུས་ཕྱེས། གཤོག་པ་བརྡབས་པའི་མེ་རླུང་འཚུབས་མས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་བཅོམ། དེ་དག་ཐམས་ཅད་ཀྱི་གཟི་བརྗིད་མཐུ་སྟོབས་ཐམས་ཅད་
ཁྱུང་རྣམས་ལ་ཐིམ། ཁྱུང་རྣམས་བདག་ལ་ཐིམ་པས་རང་ཉིད་ཀྱི་མཐུ་སྟོབས་གཟི་བརྗིད་རབ་ཏུ་འབར་བར་བསྒོམས་ལ་ག་རུ་ཌ་ཐུང་འདོགས་ཀྱི་ཤམ་བུ་ཅན་བཟླ། གྲངས་ནི་རང་ལ་གནོད་འཚེ་ཡོད་ན་འབུམ་ཕྲག་གསུམ་མམ་རྟགས་ཐོན་པར་བཟླ། མེད་ན་འབུམ་ཕྲག་གཅིག་ཙམ་བཟླ། འདི་ནི་ཤིན་ཏུ་རྣོ་བས་སོ་འདྲའི་བསྙེན་པ་ཞེས་གྲགས་སོ། །ནད་གདོན་གདིང་ཆེ་བས་དེས་མ་ཐུལ་ན་སྔགས་ཐུང་འདོགས་ཤམ་དུ་རིང་འདོགས་རྩ་བའི་དྲག་སྔགས་ཉེར་བརྒྱད་པ་ནི། ཧཱུྃ་ཕཊ་ཥ་ཎ་རོ་མ་ཧཱ་ཙཎྜ་བཛྲ་ག་རུ་ཌ་དེ་བ་ཐ་ན་ཕྱུང༌། ས་བདག་ནཱ་གའི་སྙིང་ལ་གཟེར། གནོད་བྱེད་ཐུམ་རི་ལི་ལི་རྦད། ཅེས་བཏགས་པ་བཟླ་སྟེ་གཏུམ་པོ་གློག་ཕྲེང་གི་དྲག་སྔགས་ཅི་ལ་བཏབ་ཀྱང་ཐོགས་པ་མེད་པར་གསུངས། གལ་ཏེ་དེས་ཀྱང་མ་ཐུལ་ན་སྔགས་སྔ་མ་རྣམས་ཀྱི་བཤམ་དུ་དྲག་སྔགས་ཞེ་དགུ་མ་བཏགས་པ་བཟླ་སྟེ། ནཱ་ག་ཙཎྜ་ཚལ་པ་ཨུདྒ་ཏེ་ནཱ་ག་ཙིཏྟ་ཤཀྟི་ཚལ་པ་ནན། ནཱ་ག་ཏྲི་ས་མ་ཡ་ཏྲི། བིགྷྣཱན། ན་ག་ཀྲོ་ཏ་ཙིཏྟ་རཱ་ཛ་ཡ། གནོད་པར་བྱེད་པ་ཐམས་ཅད་མཱ་ར་ཡ། ཤི་ཤི། ནན་ནན། དུལ་དུལ། རྦུད་རྦུད། གནོད་བྱེད་ཕོ་མོ་ཐམས་ཅད་ཐུཾ་རི་ལི་ལི་ཛཿ ཞེས་སོ། །འདིའི་སྐབས་སུ་དམིགས་པའང་གཏུམ་པོའི་ལས་དྲུག་སྦྱོར་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་མེ་འོད་འབར་བའི་གཏུམ་པོས་གང༌། ཟླ་བའི་གདན་ལ་ཞབས་གཡོན་བརྡབས་པས་འཁོར་ཐམས་ཅད་འདར། འཁོར་རྣམས་ཀྱིས་རང་ལ་གནོད་བྱེད་ཀྱི་གདོན་བགེགས་བསྣུན་པས་དེ་རྣམས་འདར་ཞིང་གུས་པས་འདུད་པར་བསམ་པ་ནི་ཞབས་ཀྱི་ཕྲིན་ལས་སོ། །རང་གི་བ་སྤུའི་ཁུང་བུ་ནས་མེ་ཕུང་ཆེན་པོ་འབར། མེ་ལྕེ་མཆེད་ཅིང་འཚུབས། ཕྱོགས་ཀུན་ཏུ་འཁྱིལ་བས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེ་ལ་རེག་པ་ལྟར་བསྲེགས་པར་བསམ་པ་ནི་སྐུའི་ཕྲིན་ལས་སོ། །རང་གི་ལྕེ་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ། རྩེ་མོ་རེ་རེ་ལ་སྔགས་ཚན་གསུམ་རེ་སྔགས་མཇུག་ཕྱིར་བསྟན་དུ་བཀོད། ཕཊ་གསུམ་བྲུལ་ལ་ཁད་པ་ལས་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས། ཕཊ་གསུམ་ལས་ཕཊ་ཡིག་མང་པོ་སེར་ཆེན་བབས་པ་བཞིན་འཕྲོས་པས་གནོད་བྱེད་
ཐམས་ཅད་ཤྭ་མངས་སེར་བས་བཅོམ་པ་བཞིན་གཏོར་བར་བསམ་པ་ནི་གསུང་གི་ཕྲིན་ལས་སོ། །སྐུ་ལ་ཀླུ་བརྒྱད་ཀྱི་ངོ་བོ་སྦྲུལ་ཆེན་བརྒྱད་ཀྱིས་བརྒྱན་པ་རྣམས་ཁ་ཕྱིར་ཕྱོགས་པ་ལས་མཐོང་བའི་དུག རེག་པའི་དུག ཁ་རླངས་ཀྱི་དུག མཆེ་བའི་དུག བསམ་ངན་གྱི་དུག་ལྔ་པོ་ན་བུན་འཁྲིགས་པ་བཞིན་དུ་འཕྲོས་པས་དགྲ་བགེགས་ཐམས་ཅད་མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བཅོམ་པར་བསམ་པ་ནི་རྒྱན་གྱི་ཕྲིན་ལས་སོ། །རང་གི་ཐུགས་ཀར་རྡོ་རྗེ་ཧཱུྃ་ཡིག་སྔོན་པོས་མཚན་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་གསུམ་པ་དང༌། ཁྲོ་བོའི་དམག་དཔུང་ཆེན་པོ་སྤྲོས་པས་དགྲ་བགེགས་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་ལྟར་ཕྱིའི་རྒྱ་མཚོ་ཆེན་པོའི་ཕ་མཐར་བསྐྲད། འགྲོ་བར་མི་བྱེད་པ་ཐམས་ཅད་མྱོས་པ་དང༌། བརྒྱལ་བ་དང༌། རེངས་པ་དང༌། འབོགས་པ་དང༌། ཡིད་དབྱུང་བར་བྱས། ལ་ལ་བསད་ནས་ཟོས། ལ་ལ་སྙིང་ཕྱུང་ཞིང་གཏུབས། ལ་ལ་རྒྱ་མཚོ་ཆེན་པོར་བསྐུར་བར་བསམ་པ་ནི་ཐུགས་ཀྱི་ཕྲིན་ལས་སོ། །ཕྱག་གཡས་པའི་རྡོ་རྗེ་ཕྱར་ཞིང་བསྣུན་པ་ལས་རྡོ་རྗེའི་ཐོག་ཆེན་གྲངས་མེད་པ་ཚག་སྒྲ་དང༌། འུར་སྒྲ་དང༌། ཁྲོལ་སྒྲ་དང་བཅས་ཏེ་འཕྲོས་པས་གནོད་བྱེད་ཐམས་ཅད་ཁང་ཧྲུལ་ལ་སྒྱོགས་ཕོག་པ་ལྟར་ཧྲུལ་ཧྲུལ་སོང༌། རྡོ་རྗེ་གསོར་བ་ལས་རང་འདྲ་བའི་ཁྲོ་བོའི་ཆར་འཕྲོས། ཐམས་ཅད་ཀྱིས་ཕྱག་གཡས་པས་རྡོ་རྗེའི་ཐོ་བ་བཟུང་ནས་གནོད་བྱེད་མྱལ་མྱལ་བརྡུངས་པས་ཕྱེ་མ་རྡུལ་དུ་བརླག་པར་བསམ་པ་ནི་ཕྱག་མཚན་གྱི་ཕྲིན་ལས་ཏེ་གཏུམ་པོའི་ལས་དྲུག་གོ །ཐུན་མཐར་སྤྲུལ་པ་ཐམས་ཅད་ཚུར་འདུས་ཏེ་རང་ལ་ཐིམ། མཆོད་བསྟོད་མདོར་བསྡུས་བྱ། སྐུ་གསུང་ཐུགས་ཀྱི་ལྷག་ཆད་ཁ་སྐོང་བའི་དོན་དུ་དབྱངས་གསལ་ཡིག་བརྒྱ་ལན་གསུམ་དང༌། རྟེན་སྙིང་ལན་གསུམ་གྱིས་བརྟན་པར་བྱ། དེ་ནས་རྫོགས་རིམ་མདོར་བསྡུས་བསྒོམ་པ་ནི། རང་གི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཐིག་ལེ་སྔོན་པོ་རྒྱ་སྲན་ཙམ་གྱི་དབུས་སུ་ཉི་ཟླའི་གྭའུ། དེ་ནང་རང་གི་སེམས་ཨ་ཤད་དམར་པོ་སྤུའི་རྩེ་མོ་ཙམ་མར་མེ་འབར་བ་ལྟར་གསལ་བ་ལ་སེམས་གཏད། ཡེངས་མེད་རྩེ་གཅིག་ཏུ་གནས་པ་ནི་ཞི་
གནས། དེ་ནས་ཅིའང་ཡིད་ལ་མི་བྱེད་པ་གང་ཤར་ངོ་བོ་བསྐྱང་བ་ནི་ལྷག་མཐོང་སྟེ། འདི་ནི་ཕྱག་རྡོར་གསང་བ་མངོན་པར་བསྟན་པའི་རྒྱུད་ལས། བསྐྱེད་རིམ་དམིགས་པ་ཐོབ་ནས་ནི། །སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང༌། །པདྨ་དམར་པོ་འདབ་བཞི་ལ། །ཐིག་ལེ་སྔོན་པོ་རྒྱ་སྲན་ཙམ། །དབུས་སུ་ཉི་ཟླའི་གཞལ་ཡས་ཁང༌། །གཞལ་ཡས་ཁང་གི་ནང་དུ་ནི། །ཨ་ཤད་མར་མེའི་རྩེ་ལྟར་བསྒོམ། །དེ་ལ་དམིགས་པ་ཐོབ་ནས་ནི། །ཅི་ཡང་བསམ་པར་མི་བྱ་སྟེ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་ཡེ་ཤེས་ཐོབ་པར་འགྱུར། །གསལ་ལ་རྟོག་མེད་རིག་པའི་སྐུ། །ཡེ་ཤེས་ཞེས་ནི་དེ་ལ་བྱའོ། །ཞེས་གསུངས་པའི་དོན་ཡིན་ཅིང༌། རྫོགས་རིམ་རྒྱས་པ་རྟེན་མེད་ཀྱི་རྫོགས་རིམ་དང༌། རྟེན་ཅན་འཁོར་ལོ་བཞིའི་རྫོགས་རིམ་རྒྱས་པར་འབྱུང་བ་ནི་གཞན་དུ་ཤེས་པར་བྱའོ། །སླར་རང་ཉིད་གསང་བའི་བདག་པོའི་སྐུར་ལྡངས་ལ་གནས་གསུམ་བསྲུང༌། ཐུན་མཚམས་ལྷ་སྔགས་ཆོས་ཉིད་ཀྱི་ལམ་ཁྱེར་དང་མ་བྲལ་བའི་ངང་ནས་དགེ་བའི་བྱ་བ་སྤྱི་དང་སྔགས་བཟླ་བ་དང་མ་བྲལ་བར་བྱ། གཏོར་མ་འབུལ་བ་ནི། བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་དཔལ་གསང་བའི་བདག་པོ་གཏུམ་པོ་ལྷ་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་བསམ། སྙིང་པོའི་མཐར་ས་པ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། སྔགས་ཙམ་གྱིས་མཆོད། སྲིད་གསུམ་འཇིགས་བྱེད་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་
བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། བཅོམ་ལྡན་འདས་གསང་བའི་བདག་པོ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་ཕྲིན་ལས་གསོལ། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། རྟེན་ཡོད་ན་བསྟིམ། མེད་ན་ཨོཾ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གཉིས་པ་སྒྲུབ་པའི་རིམ་པ་ནི། འདི་ཉིད་ལས་དངོས་སུ་མ་གསུངས་པས་མེད་ཀ་མེད་མིན་ཀྱང༌། སྤྱི་ལྟར་སྤྲོ་ན། མདུན་དུ་སྟེགས་བུའི་སྟེང་དཀྱིལ་འཁོར་བཀྲམ་པའམ་མཎྜལ་ལ་མེ་ཏོག་སྔོན་པོའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་མདུན་དུ་མཆོད་གཏོར་གང་བཤད་ལྟར་བཀོད། བུམ་ཆོག་སྐབས་བུམ་པ་དྲིའི་ཆུ་དང་ཉེར་ལྔའི་རྫས་ཀྱིས་བཀང་བ་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་གཡས་གཡོན་གང་བདེར་བཞག ཕྱི་མཆོད་གཡས་སྐོར་དུ་བཤམ། གཞན་ཡང་འོག་ཏུ་དགོས་པའི་ཉེར་མཁོ་རྣམས་ཚོགས་པར་བྱས་ལ། གཞི་བདག་དང་བགེགས་ལ་གཏོར་མ་གཏོང༌། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སྐྱབས་སེམས་སྔོན་དུ་འགྲོ་བས་མཆོད་པ་བྱིན་རླབས་ནི། བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ལྷ་རྫས་ཀྱི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་དང༌། རོལ་མོ་བྱིན་རླབས་སྔགས་བརྗོད། དེ་ནས་བདག་བསྐྱེད་བཟླས་པ་བསྡུ་ལྡང་བར་སྒྲུབ་ཐབས་ལྟར་བྱ། མདུན་རྟེན་བསང་སྦྱང༌། བདག་བསྐྱེད་ཉིད་ཚིག་བསྒྱུར་ལ་བསྐྱེད་ཆོག་ཡན་ལག་བཞི་ལྡན་དབང་སྐུར་རྒྱས་གདབ་བར་བྱ། མཆོད་པ་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང༌། ཞབས་བསིལ་ནས་རོལ་
མོའི་བར་ཚིགས་བཅད་སྔགས་རྣམས་དེས་འགྲེས་སྦྱར། སྤྲོ་ན་འདོད་ཡོན་ལྔ་སོགས་མཆོད་པའི་རྣམ་གྲངས་ཇི་ལྟར་འོས་པས་ཀྱང་མཆོད། བསྟོད་པ་ནི། ཧཱུྃ་མཛད་ཧཱུྃ་སྟེ་ཙཎྜ་རོ་ཥ་ཎ། །བདེན་གཉིས་ཐུགས་ཆུད་ཆོས་ཀྱི་སྐུ་བརྙེས་ཤིང༌། །སྤྲུལ་པའི་སྐུར་སྟོན་ཕྱག་ན་རྡོ་རྗེ་ཆེ། །དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་མཛོད་ཆེན་འཛིན་པའི་དཔལ། །གདུག་པ་མ་ལུས་འདུལ་མཛད་པ། །སྦྲུལ་སྟག་རིན་ཆེན་རྒྱན་གྱིས་བརྒྱན། །ཆེ་ལ་བརྗིད་པའི་འཇིགས་གཟུགས་ཅན། །རྡོ་རྗེ་ཁྱུང་ཆེན་ཕྱག་ན་བསྣམས། །ཡེ་ཤེས་མེ་འབར་ཀློང་ན་བཞུགས། །པད་ཉི་དྲེགས་པའི་གདན་ལ་འགྱིང༌། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །གསང་བའི་བདག་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །བརྩེ་བ་ཆེན་པོས་རྗེས་བཟུང་ནས། །གཟའ་དང་ས་བདག་ཀླུ་གཉན་གྱིས། །འཚེ་བར་བྱེད་ལས་བསྐྱབ་ཏུ་གསོལ། །བསམ་པའི་དུག་དང་རེག་པའི་དུག །མཐོང་བའི་དུག་དང་ཁ་རླངས་དུག །སྦྱོར་བ་ངན་པའི་དུག་རྣམས་ཀུན། །ཞི་ཞིང་བཟློག་པར་མཛད་དུ་གསོལ། །ཞེས་པས་བསྟོད་ཅིང་ཕྲིན་ལས་གསོལ། བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་གྱི་དམིགས་བཟླས་རྣམས་མདུན་བསྐྱེད་ལ་ཁ་སྤོས་ཏེ། བདག་བསྐྱེད་སྐབས་ལྟར་ཇི་ཙམ་ནུས་པ་བཟླ། འཁོར་གཏུམ་པོ་རིགས་བཞིའི་སྔགས་ནི། ཨོཾ་ནཱི་ལམྦ་ར་དྷ་ར་བཛྭ་པཱ་ཎི་ཧཱུྃ་ཕཊ། ཨོཾ་བཛྲ་པཱ་ཎི་ཧཱུྃ་བཛྲ་རོ་ཥ་ཎ་ཧཱུྃ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་པཱ་ཎི་ས་མནྟ་ཀརྨ་རཀྵ་ཙིཏྟ་བཛྲ་ནཱ་ག་ས་མ་ཏ་ཧཱུྃ་ཕཊ། ཡང་ན་བཛྲའི་ཚབ་ལ། རཏྣ་པདྨ་ཀརྨ་སྦྱར་བའང་བཤད་དེ་དེ་རྣམས་ཀྱང་ཅི་འགྲུབ་བཟླ། དེ་ནས་བུམ་པ་བསྒྲུབ་ན་བུམ་བསྐྱེད་བཟླས་པ་དང་བཅས་པ་བྱ། འཁོར་གཏུམ་པོ་རིགས་བཞིའི་སྔགས་ཀྱང་བཟླ། ལས་སྦྱོར་བུམ་ཆོག་སྐབས་བཟླས་པའི་མགོར་ཡུངས་ཀར་འབྲུ་བདུན་རྩ་སྔགས་བཟླས་ཏེ་བུམ་པར་བླུག རྩ་སྔགས་མཇུག་ཏུ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། ལྃ་ཧོ་
ཤུདྡྷེ་ཤུདྡྷེ། ཨེ་ཡྃ་རྃ་བྃ་ལྃ་ཤུདྡྷེ་ཤུདྡྷེ། སརྦ་པཱ་པཾ་བི་ནཱ་ས་ཨ་ཨ་ཞེས་བཏགས་པ་ཅི་འགྲུབ་དང༌། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང༌། ཆུའི་རྡུལ་ཞུན་རེ་རེའང་ཁྲོ་ཆུང་དང་ཁྱུང་གི་རང་བཞིན་དུ་གྱུར་པར་བསམས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པའང་མང་དུ་བཟླས་པའི་མཐར་འོད་ཞུ་བྱ། མདུན་བསྐྱེད་ལ་གཏོར་མ་གོང་ལྟར་འབུལ། འདི་སྐབས་ལྷ་སྤྱན་འདྲེན་མི་དགོས་མདུན་བསྐྱེད་ལ་དམིགས་པ་ཡིན་ནོ། །སྐབས་འདིར་རྗེས་གནང༌། བུམ་ཁྲུས་སོགས་དགོས་ན་བྱ། དེ་ནས་མཆོད་པ་ཁ་གསོས་ལ་བྱིན་བརླབ། སྔར་ལྟར་མཆོད་བསྟོད་ཕྲིན་བཅོལ་བྱ། ནོངས་པ་བཟོད་གསོལ། སྒྲུབ་ཞག་སྔ་མ་རྣམས་སུ་དཀྱིལ་འཁོར་མི་བསྡུ་བ་དེ་གར་བཞག སྒྲུབ་པ་རྫོགས་དུས། མདུན་བསྐྱེད་ཡེ་ཤེས་པ་རྟེན་ཡོད་ན་དེ་ལ་བསྟིམ་ཞིང་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ། བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་འགྲུབ་བོ། །དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་ལ་སོགས་པ་ཇི་ལྟར་ནུས་པ་བསྒྲུབ་པར་བྱ་སྟེ་འདི་ལ་རྟགས་བརྒྱད་སྒུག་པ་སོགས་མི་དགོས་སོ། །གསུམ་པ་ལས་སྦྱོར་ཉེར་མཁོ་ཁ་ཤས་ཙམ་ནི། སྲུང་བའི་དམིགས་པ་ནི། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས་རང་འདྲ་བའི་ཁྲོ་བོ་ཕྱོགས་བཅུ་ཁྱབ་པར་འཕྲོས་པས་གནོད་བྱེད་གདུག་པ་ཅན་རྣམས་དཔའ་བཀོང་ཞིང་ཚར་བཅད། ཚུར་འདུས་པ་ལས་འཁོར་ལོའི་གུར་ཁང༌། དེའི་ཕྱི་རོལ་ཏུ་རྡོ་རྗེའི་གུར་ཁང་མེ་རི་རབ་ཏུ་འབར་བར་གྱུར། བསྲུང་བྱ་ཐམས་ཅད་འཁོར་ལོའི་ནང་དུ་ཚུད། གལ་ཆེན་ཡོད་ན་དེ་ཉིད་ཐུགས་སྲོག་ཧཱུྃ་གི་ནང་དུ་བསྒོམ། རྩ་སྔགས་ཤམ་བུར། མ་མ་ཀཱ་ཡ་ཝཱ་ཀྩིཏྟ་རཀྵ་ཀུ་རུ་ཧཱུྃ་མཱྃ་སྭཱ་ཧཱ། བཏགས་པ་ཅི་ནུས་བཟླ། བསྲུང་བྱ་དམིགས་བསལ་ཡོད་ན། མ་མའི་ཚབ་ཏུ་དེ་ཉིད་ཀྱི་མིང་སྦྱར། དེ་ནི་རང་གཞན་ཐམས་ཅད་སྲུང་བའི་མཆོག་གོ །ཁྱིམ་དུ་གདོན་ཆེན་ཞུགས་པ་ཕུད་ན། ཐོག་མར་སྒོམ་བཟླས་བྱ། དེ་ནས་ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་འོད་དུ་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ཡར་ཐིམ་ནས་ཧྃ་དུ་གྱུར། དེ་ལས་མེ་ཆེར་འབར་བས་སྡོད་པའི་གནས་ཁང་བསྲེགས། མེ་
ཆེར་མཆེད་པས་ཡུལ་ཁམས་ཐམས་ཅད་ཀྱང་བསྲེགས། མེ་ལས་སྔགས་སྒྲ་དྲག་པོ་འབྲུག་ལྟར་དུ་སྒྲོགས་པར་བསམས་ལ། རྩ་སྔགས་ཤམ་དུ་གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ། ཅེས་བཏགས་པ་དྲག་ཏུ་བཟླའོ། །རང་ལ་གཟའི་གནོད་པ་བྱུང་ན། རང་ཉིད་གསང་བའི་བདག་པོར་གསལ་བའི་མདུན་དུ་གཟའ་ཆེན་བརྒྱད་སྐུ་སྟོད་དྲང་སྲོང་གི་གཟུགས་ཐལ་མོ་སྦྱར་ཞིང་བདག་ལ་གུས་པའི་ཚུལ་ཅན། སྐུ་སྨད་སྦྲུལ་མཇུག་བརྒྱད་པོ་རང་གི་གདན་འོག་ཏུ་མནན་པ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། གཟའ་ནད་ཐམས་ཅད་བ་མོར་ཉི་མ་ཕོག་པ་བཞིན་བཅོམ། རང་གི་ཐུགས་ཀ་ནས་གསང་བདག་ཚོན་གང་པ་བརྒྱད་སྤྲོས། གཟའ་བརྒྱད་ཀྱི་སྤྱི་བོ་ནས་ཞུགས། སྙིང་གར་ཐིམ་པས་དམ་ལ་བཏགས་ཤིང་བྱིན་གྱིས་བརླབས། ཕྱིན་ཆད་གནོད་པ་མི་བྱེད་པར་ཁས་བླངས་ཤིང་དམ་བཅས་པར་བསམས་ལ། རྩ་སྔགས་ཤམ་དུ། རཀྵ་རཱ་ཧུ་ལ་གཟའ་ཁ་ཊ་རུ་ཊ་ས་མ་ཡ་ཙིཏྟ་ཧྲིཾ་ཛཿཧྲིཾ་ཛཿཕཊ་ཕཊ་སྭཱ་ཧཱ། ཞེས་བཏགས་པ་སྟོང་ཕྲག་ལ་སོགས་པ་གདོན་ཚབས་ཆེ་ཆུང་དང་བསྟུན་ནས་བཟླ། རྐང་ལག་སོགས་ནད་དམིགས་རྣམས་སུ་སྔགས་མཆིལ་གདབ། གཞན་གཟའ་ནད་ཀྱིས་ཟིན་པ་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་གསང་བའི་བདག་པོ་རང་འདྲ་བ་གཟའ་བརྒྱད་ཞབས་ཀྱིས་མནན་པ་དཔག་ཏུ་མེད་པ་སྤྱན་དྲངས། ནད་པའི་ནད་དམིགས་རྣམས་སུ་ཐིམ་པར་བསྒོམས་ལ་རྩ་སྔགས་ཤམ་དུ། གཟའ་ཁ་ཊ་རུ་ཊ་རཀྵ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་རཀྵྱཾ་དུ་ཨ་དྷིཥྛཱན་ཧཱུྃ་སྭཱ་ཧཱ། ཞེས་བཏགས་པ་བརྒྱ་རྩ་ལ་སོགས་བཟླས་པའི་མཆིལ་མ་དང་ཕུ་བཏབ་པས་ཕན་པར་གསུང༌། བུམ་མཆོག་གོང་དུ་སྨོས་པ་ལྟར་བསྒྲུབས་པའི་ཆུ་དེས་རང་ལ་ཐོ་རངས་ཁྲུས་ཆབ་བྱས་པས་གྲིབ་ཀྱི་རིགས་ཀྱིས་མི་ཚུགས་ཤིང༌། བུམ་ཆུ་བཏུང་བ་དང་བཀྲུས་པས་འགོ་བའི་ནད་སྲུང༌། མི་ཕྱུགས་གློ་བུར་དུ་ན་བ་རྣམས་ལའང་བླུད་པ་དང་བསྐྲུས་པས་འཕྲལ་དུ་བདེ་བར་འགྱུར། སྲིའུ་ཡིན་ན་རྟག་ཏུ་བཏུང་བ་དང་བཀྲུ། གཏོར་མའི་དབང་བསྐུར་ལ་གཏོར་མ་སྔས་སྲུང་དུ་བཞག་པས་སྲི་ཀེག་ལས་ཐར། སྨྱོན་པ་སོགས་ནད་པ་གདོན་ཅན་ལ་དང་པོ་ཆ་གསུམ་བཏང་ལ་བདེན་
སྟོབས་བརྗོད་པས་བསྐྲད། དེ་ནས་བྱབས་ཁྲུས་སྤྱི་ལྟར་དུ་བྱ། བུམ་པ་དང་གཏོར་མ་སོགས་ཀྱི་དབང་བསྐུར་བས་སྨྱོ་འབོགས་དང༌། ཀླུ་དང་ས་བདག་གི་ནད། དུག་རིགས་དང་མཛེ་རིགས་བཅོ་བརྒྱད་སེལ། མཇུག་ཏུ་གཏོར་ཟན་ཁམ་དུ་བཟར་བཅུག་པས་ནད་ལས་གྲོལ་བར་གསུངས། རང་གཏུམ་པོར་གསལ་བའི་བ་སྤུའི་བུ་ག་ནས་ཁྲོ་ཆུང་མཚོན་ཆ་ཐོགས་པ་སྐར་མདའ་ལྟར་འཁྲུགས། རང་ཉིད་བསྐལ་པའི་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་སྐུ་ལས་མེ་ཕུང་དང་ཁྲོ་ཚོགས་དཔག་ཏུ་མེད་པ་འཕྲོས་པས་གནོད་བྱེད་གང་ཡིན་པ་ནམ་མཁའི་ཕ་མཐར་བསྐྲད་པར་བསྒོམས་ལ་རྩ་སྔགས་ཀྱི་ཤམ་དུ། ཨོཾ་རཀྟ་སྟྭཾ་བྷ་ཡ་ཆིངས་ཆིངས་སྭཱ་ཧཱ། ཞེས་བཏགས་པ་བཟླས་པས་ཕོ་གདོན་རྒྱལ་པོའི་གནོད་པ་ཟློག བྷྱོ་མ་མ་ཏྲ་ཀ་རཀྵ་མ་མ་ཏྲག་ཏུ་སྭཱ་ཧཱ། ཞེས་བཏགས་པ་བཟླས་པས་མོ་གདོན་བསེན་མོའི་རིགས་ཀྱི་གནོད་པ་ཟློག་པར་གསུངས། གཞན་ཡང་གསང་བ་ཐུགས་ཀྱི་ཕུར་གཅིག་ལ་བརྟན་ནས་དྲག་པོའི་ལས་ཚོགས་དང༌། སྦྱིན་སྲེག་གི་ལས་སྦྱོར། གཏད་ཁྲོལ་དང༌། ཀླུ་དང་ས་བདག་གི་ནད་བཀྲོལ་བ། ཁྱུང་ཆེན་ཉེར་གཅིག་གི་གོ་ཆ། རྒྱུན་ཁྱེར་སྲུང་འཁོར་སོགས་མང་དུ་གསུངས་ཀྱང་འདིར་མ་སྤྲོས། གཟུངས་ལས་འབྱུང་བའི་རྨི་ལམ་མཐོང་བའི་གཟུངས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། ཨོཾ་མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དནྟི་རི་སྭཱ་ཧཱ། ཆོ་ག་ནི་ཆུ་ཁྱོར་བ་གང་བཟླས་པ་བྱས་ཏེ། འཐུངས་ནས་སེམས་བཞིན་དུ་ཉལ་ན་ལག་ན་རྡོ་རྗེས་རྨི་ལམ་སྟོན་པར་འགྱུར་རོ། །ཞེས་དང༌། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་ཀླུ་སྨན། དབང་ལག ཆུ་སྲིན་སྡེར་མོ། ནཱ་ག་གེ་སར། ནཱ་ག་པུཥྤ། སྤོས་དཀར། འབྲས་ཡོས། རྡོ་རྒྱུས་བྱ་བལ་མ།«་་་་་ཐང་ཀ་བྱ་རྒྱུས་སྤུ་ཤེལ་ཞེས་གདའ།» ག་བུར། དར་ལེ་བརྒན། མཚལ། དུང༌། རས་སྐུད་དམར་པོ། དཀར་གསུམ། མངར་གསུམ་བཅས་རིན་པོ་ཆེའི་བུམ་པའམ་ཁམ་ཕོར་ལྟ་བུ་མཆུ་ལྔ་པར་བླུགས་ནས་སྦས་ན་ཀླུའི་ཉམས་པ་ཐམས་ཅད་སོས་པར་གསུངས་པའང་འདིར་ཞར་བྱུང་དུ་སྨོས་པའོ། །འདིའི་དམ་ཚིག་ནི། རྡོ་རྗེ་དྲིལ་བུ་ལ་མི་འགོང་ཞིང་རྟག་
ཏུ་བཅང༌། མེ་ཏོག་སྔོན་པོ་ལ་མི་འགོང༌། ཁྱུང་གི་དམ་ཚིག་ཏུ་བྱ་ཤ་དང་སྒོ་ང་མི་ཟ། མི་གཙང་བ་ལ་འཛེམ། མ་གྲུབ་བར་དུ་རྟ་དང་མི་ཤ་མི་ཟ། ཀླུ་གཏོར་རྒྱུན་དུ་གཏང་བར་བྱའོ། །ཕྱག་རྡོར་གསང་བ་བསྟན་པའི་རྒྱུད་དང༌། གཏུམ་པོ་ནཱ་ག་ཀླུ་འདུལ་ནག་པོའི་རྒྱུད། འཕགས་པ་བར་དུ་གཅོད་པ་སེལ་བའི་གཟུངས་ལས་ཀྱང་འདིའི་རྩ་སྔགས་ཙཎྜ་མ་གསུངས་ནས། གཤིས་ངན་དུ་འཆི་བ་བཅུ་གསུམ་སྟེ། དུག མཚོན། ལྷོག་པ། གཅན་གཟན་གྱིས་ཟ་བ། མེས་ཚིག་པ། ཆུར་འཆི་བ། འགོ་བའི་རིམས། མཛེ་ནད། གཞན་ཡང་གསོར་མི་རུང་བའི་ནད་ཡ་ང་བ། གཡང་ལ་ལྷུང་བ། གཞན་གྱི་བྱད་དང༌། ཟས་ཀྱིས་བརྣང་བ་དང༌། བདག་རང་གིས་གསོད་པ་སྟེ་གཤིས་ངན་དུ་འཆི་བ་བཅུ་གསུམ་གྱིས་རྐྱེན་བྱེད་པར་མི་འགྱུར་རོ། །འདི་འཛིན་པ་དང༌། འཆང་བ་དང༌། བཟླས་བརྗོད་བྱེད་པ་ལ་ནི་ས་དང་ནམ་མཁའ་ལ་གནས་པའི་བགེགས་དྲེགས་པ་ཅན་མ་རུངས་པ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ལ་ལས་ཀྱི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་སྟེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །ཞེས་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་ངོ༌། །རས་ཆུང་ལུགས་ཀྱི་གཏུམ་པོའི་སྐོར་འདི་རྣམས་སློབ་དཔོན་ལས་ཀྱི་རྡོ་རྗེས་གནམ་ལྕགས་འབར་བ་སྲོག་གཟེར་གྱི་རྒྱུད། ནམ་མཁའ་ལྡིང་གི་རྒྱུད། གློག་ཕྲེང་དྲག་པོ་འཁོར་ལོའི་རྒྱུད་གསུམ་ལས་བྱུང་བར་བཤད་དོ། །དགེ་འདིས་བླ་མ་གསང་བའི་བདག་པོ་ཡིས། །སྐྱེ་ཀུན་རྗེས་བཟུང་ཐུགས་ཀྱི་གསང་བ་ཐོབ། །བྱང་ཆུབ་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང༌། །མཐུ་ཆེན་ཐོབ་དང་རྣམ་ཐར་གཅིག་གྱུར་ཤོག །འདིའི་སྒྲུབ་རྗེས་རྩ་བ་རྗེ་བླ་མ་རིན་པོ་ཆེ་ཉིད་ཀྱིས་མཛད་ནས་འཕྲོས་ལུས་སུ་གྱུར་པའི་དགོངས་པ་སྐོང་བའི་ཆེད་དུ་ཕྱག་ཐོའི་ས་བཅད་རྩ་བར་བཟུང་སྟེ་བསྙེན་ཡིག་ཕྱིན་གྱི་མཇུག་མཐུད་དུ་འདུ་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཙྭ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
དཔལ་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
དཔལ་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
གསང་བདག་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དྲག་པོ་གསུམ་སྒྲིལ་བསྒོམ་པར་འདོད་པས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ། དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་མཐིང་ག་ཞིག་ཏུ་བསམ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག གནོད་བྱེད་བགེགས་རྣམས་ལ་ཕོག དེ་རྣམས་བཏུལ། འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་བྱིན་རླབས་དང་ནུས་མཐུ། དངོས་གྲུབ་ཐམས་ཅད་ཚུར་འདུས་ཧཱུྃ་ལ་ཐིམ། འོད་དུ་ཞུ་བ་ལས། རང་སྐད་ཅིག་གིས་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་རྗེས་སུ་བསྟན་པའི་སྡིགས་མཛུབ་ཐུགས་ཀར་གདེངས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བའི་གསེབ་ན་རྟ་མགོ་ཡོད་པ། རྟ་སྐད་ལན་གསུམ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། གཡས་སུ་རྟ་སྐད་བཏོན་པས་ཕོ་རྒྱུད་དབང་དུ་སྡུད་པ། གཡོན་དུ་རྟ་
སྐད་བཏོན་པས་མོ་རྒྱུད་དབང་དུ་སྡུད་པ། དབུས་སུ་རྟ་སྐད་བཏོན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ། རྟ་མགོའི་སྤྱི་གཙུག་ཏུ་བྱ་ཁྱུང་རྒྱལ་པོ་སྐུ་མདོག་དཀར་པོ་གཤོག་སྒྲོ་རལ་གྲི་ལས་བྱས་པ། གཡུའི་རྭ་རུ་ཅན། རྭ་ཕྲག་ན་རིན་པོ་ཆེ་འབར་བས་བརྒྱན་པ། ཕྱག་གཉིས་ཀྱིས་ཀླུ་རིགས་བཞི་ཞལ་དུ་གསོལ་བ། མཆུ་སྡེར་རྡོ་རྗེ་ལས་བྱས་པ། སྤྱན་གསུམ་དང་ལྡན་པ། བ་སྤུ་ཐམས་ཅད་འཁོར་ལོ་དང་རྡོ་རྗེ་སྤུ་གྲིའི་རྣམ་པ། ཀླུ་རིགས་ལྔས་ཡན་ལག་བརྒྱན་པ། གསང་བདག་གི་དབུ་སྐྲ་སྦྲུལ་རྒྱལ་རིགས་དཀར་ཁྲས་བརྒྱན་པ། རྗེ་རིགས་སེར་ཁྲས་སྙན་རྒྱན་དང་དཔུང་རྒྱན། བྲམ་ཟེའི་རིགས་དམར་ཁྲས་མགུལ་རྒྱན་དང་སྐ་རགས། དམངས་རིགས་ལྗང་ཁྲས་ཕྱག་གདུབ་དང་ཞབས་གདུབ། གདོལ་པ་ནག་པོས་དོ་ཤལ་བྱས་པ། སྟག་གི་པགས་པའི་ཤམས་ཐབས་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་ཕུང་གི་དཀྱིལ་ན་བཞུགས་པར་བསམ། དེ་ལྟར་བསྒོམས་པའི་ཐུགས་ཀར་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་བསྒོམས་པ་དང་འདྲ་བའི་ཕྱག་ན་རྡོ་རྗེ་སྤྱན་དྲངས། བཛྲ་
པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་པ་ཕུལ་ནས། བདག་ལ་མཆོག་དང་ཐུན་མོང་ལ་སོགས་པའི་དངོས་གྲུབ་སྩལ་དུ་གསོལ། ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱི་བོར་བྱོན་ཞིང་ཐིམ་པར་བསམ། སྙིང་གའི་ཧཱུྃ་ཡིག་གི་མཐར། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་ག་རུ་ཌ་ཧཱུྃ་ཕཊ། ཅེས་པས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས། རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ཅིང་ནད་གདོན་ཐམས་ཅད་བསྲེགས་པར་བསམས་ལ། གོང་གི་སྔགས་ངག་བཅད་ལ་འབད་པ་དྲག་པོས་བགྲང་ངོ༌། །དེ་ལྟར་བྱས་པས་ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གདོན་རྣམས་འདུལ། རྟ་མགོས་རྒྱལ་བསེན་གྱི་གདོན་རྣམས་འདུལ། བྱ་ཁྱུང་གིས་ཀླུའི་གདོན་རྣམས་འདུལ། ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་པ་ཡིན། གཉེན་པོའི་ལྷ་གསུམ་བྱིན་རླབས་ཤིན་ཏུ་ཆེ། དངོས་གྲུབ་མྱུར་བས་འབད་པ་གལ་ཆེ། དྲག་པོ་སུམ་སྒྲིལ་གྱི་དམིགས་པ་ལས་ཀྱི་རྡོ་རྗེས་ཡི་གེར་བཀོད་པ་ཡིན་ནོ། །འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག། ༈ །དཔལ་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། རིགས་ཀྱི་ཁྱབ་བདག་མི་བསྐྱོད་རྒྱལ་པོ་ཉིད། །སྙིགས་དུས་འགྲོ་བ་འདྲེན་པའི་དཔལ་དུ་ཤར། །གསང་བ་ཀུན་འཛིན་ལས་ཀྱི་རྡོ་རྗེ་དང༌། །དྲིན་ཅན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་མཐུ་སྟོབས་ཁྲོ་ཆུ་འབར་བའི་རྒྱུན། །འཇིགས་རུངས་གཟུགས་ཀྱི་གར་བུ་གཅིག་འཁྱིལ་བ། །དྲན་པ་ཡིས་ཀྱང་སྟེང་འོག་བར་གྱི་གདོན། །མཐར་མཛད་གསང་བའི་བདག་པོར་གུས་པས་འདུད། །རྣམ་དག་ཆོས་ཀྱི་སྐུ་མངའ་ཁྲོ་རྒྱལ་དེའི། །སྤྲུལ་གཟུགས་ནམ་མཁའི་འཇུག་པར་མཉམ་པ་ལས། །གཏུམ་ཆེན་དྲག་པོའི་ལྷ་གསུམ་གཅིག་བསྒྲིལ་དུ། །ཤར་པའི་སྒྲུབ་ཐབས་སྙིང་པོ་འདི་ན་སྤེལ། །འདིར་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་ཐམས་ཅད་ལ་མ་བུ་གཅིག་པ་ལྟར་དགོངས་ཤིང་མཐུ་སྟོབས་དང་མཁྱེན་པའི་ཡོན་ཏན་དཔག་གིས་མི་ལང་བའི་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་དེ་ཉིད་རིང་མོ་ཞིག་ནས་དཔལ་གསང་བའི་
བདག་པོར་མངོན་པར་བྱང་ཆུབ་ཟིན་ནའང་ཐ་མལ་བཤེས་གཉེན་གྱི་ཚུལ་བཟུང་བའི་སྐུ་ཚེ་དེ་ལ་དཔལ་ཕྱག་ན་རྡོ་རྗེའི་སྐུའི་སྣང་བ་ནམ་འདོད་དུ་གཟིགས་ནས་ཐེག་པ་ཆེན་པོའི་ཆོས་བཀའ་མཐའ་ཡས་པ་གསན་པ་ལས། སྙན་བརྒྱུད་གླེགས་བམ་དུ་བཞུགས་པའི་ནང་ཚན་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་བསྒོམ་བཟླས་ཉམས་སུ་ལེན་པ་ལ་རྟེན་གྱི་གང་ཟག་དབང་གིས་རྒྱུད་སྨིན་ཅིང༌། ཁྱད་པར་འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་པས་ཡིད་མཐུན་གྱི་གནས་སུ་ཡི་དམ་གྱི་སྐུ་དང༌། མཆོད་གཏོར་སོགས་ལེགས་པར་བཤམ། སྟན་བདེ་བ་ལ་འཁོད་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་སྔོན་དུ་བཏང་སྟེ། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དུང་ངེ་བའི་ངང་ནས་འདི་ལྟར་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་ཡིག་མཐིང་ག་དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། གསང་བའི་བདག་པོའི་གོ་འཕང་ལ་བཀོད་ཅིང༌། གནོད་བྱེད་རྣམས་ལ་ཕོག་པས་དེ་ཐམས་ཅད་བཏུལ། འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་དངོས་གྲུབ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་རྗེས་སུ་བསྟན་པའི་སྡིགས་མཛུབ་ཐུགས་ཀར་གདེངས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བའི་གསེབ་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལན་གསུམ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། གཡས་སུ་རྟ་སྐད་བཏོན་པས་ཕོ་རྒྱུད་དང༌། གཡོན་དུ་རྟ་སྐད་བཏོན་པས་མོ་རྒྱུད་དབང་དུ་སྡུད་ཅིང༌། དབུས་སུ་རྟ་སྐད་བཏོན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ། རྟ་མགོའི་སྤྱི་གཙུག་ཏུ་བྱ་ཁྱུང་རྒྱལ་པོ་སྐུ་མདོག་དཀར་པོ་སྤྱན་གསུམ་པ། གཤོག་སྒྲོ་
རལ་གྲི་ལས་བྱས་ཤིང༌། གཡུའི་རྭ་རུ་ཅན། རྭ་དབྲག་ན་རིན་པོ་ཆེ་འབར་བས་བརྒྱན་པ། ཕྱག་གཉིས་ཀྱིས་ཀླུ་རིགས་བཞི་ཞལ་དུ་གསོལ་བ། མཆུ་སྡེར་རྡོ་རྗེ་ལས་བྱས་པ། བ་སྤུ་ཐམས་ཅད་འཁོར་ལོ་དང་རྡོ་རྗེ་དང་སྤུ་གྲིའི་རྣམ་པ་ཅན། ཀླུ་རིགས་ལྔས་ཡན་ལག་བརྒྱན་པ། གསང་བདག་གི་དབུ་སྐྲ་ལ་སྦྲུལ་རྒྱལ་རིགས་དཀར་ཁྲས་བརྒྱན་ཅིང༌། རྗེ་རིགས་སེར་ཁྲས་སྙན་རྒྱན་དང་དཔུང་རྒྱན། བྲམ་ཟེའི་རིགས་དམར་ཁྲས་མགུལ་རྒྱན་དང་སྐ་རགས། དམངས་རིགས་ལྗང་ཁྲས་ཕྱག་གདུབ་དང་ཞབས་གདུབ། གདོལ་པ་ནག་པོས་དོ་ཤལ་བྱས་ཤིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར་པར་བསམ། མཆོད་པ་རྣམས་བཛྲ་ཨ་མྲྀ་ཏས་བསང༌། །སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་པུཥྤེ་ཨཱཿཧཱུྃ། ཨོཾ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་གནྡྷེ་ཨཱཿཧཱུྃ། ཨོཾ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་ཤབྡ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱའི་བར་གྱིས་མཆོད། གཉེན་པོ་ལྷ་གསུམ་གཅིག་ཏུ་འདུས་པའི་ངོ་བོ་དཔལ་གསང་བའི་བདག་པོས་བདག་ལ་མཆོག་དང་ཐུན་མོང་ལ་སོགས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་ཅིང༌། ཅུང་རྒྱས་པར་འདོད་ན། ཕྱོགས་བཅུའི་རྒྱལ་
བ་ཀུན་གྱི་སྐུ་གསུང་ཐུགས། །བྱ་ཁྱུང་རྒྱལ་པོ་རྟ་མགྲིན་གསང་བའི་བདག །རང་བཞིན་གཅིག་ཏུ་ཉེར་བསྟན་ཁྲོ་བོའི་གཙོ། །དྲན་པས་བགེགས་དཔུང་འཇོམས་ལ་ཕྱག་འཚལ་བསྟོད། །བདག་ཅག་རྣམས་ལ་དེང་ནས་བྱང་ཆུབ་བར། །སྟེང་འོག་བར་གྱི་གདོན་བགེགས་ནད་ལ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་སེལ་ཞིང༌། །མཐུན་རྐྱེན་དངོས་གྲུབ་ཡིད་བཞིན་སྩལ་དུ་གསོལ། །ཞེས་བརྗོད་ཀྱང་རུང༌། དེ་ལྟར་གསོལ་བ་བཏབ་པས་མཉེས་བཞིན་རང་གི་སྤྱི་གཙུག་ཏུ་བྱོན། ཛཿཧཱུྃ་བཾ་ཧོཿརང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ། འདིར་དབང་བསྐུར་རྒྱས་གདབ་བྱེད་པར་སྤྲོ་ན་སྤྱི་ལྟར་བྱས་པའི་རིགས་བདག་མི་བསྐྱོད་པ་དང༌། དེ་རྗེས་མཆོད་བསྟོད་སོགས་བྱས་ཀྱང་རུང་མོད་ནའང༌། སྙན་བརྒྱུད་རྩ་བར་མ་བྱུང་བ་བཞིན་ཆད་སྐྱོན་མེད་པས་མི་དགོས་སོ། །དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་ཁྱད་པར་གདོན་དམིགས་ཀྱིས་བསལ་བ་གང་ཡིན་སྦྱངས་ཤིང་བསྲེགས། འོད་ཟེར་ཕྱིར་འཕྲོས་སྣོད་བཅུད་ལ་ཕོག སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས་ནས་གསང་བདག་གི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་བྱིན་རླབས་ནུས་པ་ཚུར་བསྡུས་རང་ལ་ཐིམ་པས་ཡོན་ཏན་ཐམས་ཅད་ཐོབ་པས་སྔར་བས་ཀྱང་མཐུ་སྟོབས་ནུས་པ་ཆེར་འཕེལ་བར་གྱུར་པར་བསམས་ནས། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་ག་རུ་ཌ་ཧཱུྃ་ཕཊ། ཅེས་པའི་སྔགས་ཅི་ནུས་བཟླ། ཡང་རེས་འགའ་སྙིང་གའི་སྔགས་ཕྲེང་ཧཱུྃ་དང་བཅས་པ་མེ་འོད་འབར་བ་ལ་སེམས་མ་ཡེངས་པར་གཏད་པའམ་ཡི་གེ་རྣམས་ཀློག་པའི་ཚུལ་གྱིས་བཟླ་བའང་རུང༌། དམིགས་པ་དེ་དག་འཚུབས་ཆུང་ཞིང་དངོས་གྲུབ་མྱུར་བ་དང་ནུས་པ་སྐྱེད་པ་ལ་བསྔགས་པས་རྒྱུན་གྱི་ཉམས་ལེན་དུ་བྱ་ལ། དམིགས་བསལ་གྱི་ནད་གདོན་ཞི་བ་
སོགས་ལས་གཞན་སྒྲུབ་པ་སྐབས་སུ་བབས་ཚེ་དེ་དང་བསྟུན་པའི་དམིགས་པ་བྱ་ལུགས་ཚད་ཐུབ་ཀྱི་མན་ངག་བླ་མ་དམ་པའི་ཞལ་ནས་ཉེ་བར་འོངས་པ་བཞིན་ཉམས་སུ་བསྟར་བ་དང༌། གཞན་དོན་དུ་བྱེད་ན་རང་ཡི་དམ་དུ་གསལ་བའི་སྙིང་གའི་ཧཱུྃ་ཡིག་གི་ཐིག་ལེའི་ནང་ངམ་འཆར་མ་བདེ་ན་དེའི་མདུན་བསྒྲུབ་བྱ་གང་ཡིན་དེ་ཉིད་ཐ་མལ་པའི་རྣམ་པའམ། ངོ་བོ་བསྒྲུབ་བྱ་དེ་ལ་རྣམ་པ་མིང་ཡིག་དང་པོའི་ཡི་གེའམ་མི་ལ་ནྲྀ་ཡིག་གམ་གཟུགས་སུ་ལེགས་པར་གསལ་བཏབ་ནས། ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་དེའི་ནད་གདོན་སྡིག་སྒྲིབ་སྤྱི་བྱེ་བྲག་ཐམས་ཅད་སྦྱོང་བ་དང་འོད་ཟེར་གྱིས་སྲུང་བའི་གོ་བསྐོན་པར་དམིགས་པ་སོགས་ཁ་བསྒྱུར་ཤེས་པར་བྱས་ཏེ་སྔགས་བཟླ། རང་གཞན་གང་གི་དོན་དུ་བྱེད་ཀྱང་སྐབས་ཀྱི་དམིགས་པ་མ་ཡེངས་པ་དང༌། རང་ཉིད་ལྷ་གསུམ་ངོ་བོ་དབྱེར་མེད་པའི་ང་རྒྱལ་བརྟན་པོ་དང་གསལ་སྣང་ལ་བསླབ་ཅིང༌། ལྷ་སྐུ་དེའང་མེ་ལོང་ནང་གི་ཁྲོ་བོའི་གཟུགས་བརྙན་ལྟར་སེམས་ཀྱིས་བཏགས་པ་ཙམ་ལས་རང་བཞིན་གྱིས་མེད་པར་ངེས་པའི་ལྟ་བའི་རྩིས་ཟིན་པར་བྱས་ནས་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ལ་གཞོལ་བ་དང༌། གདོན་དང་བགེགས་རིགས་ཀྱིས་མཚོན་པའི་འགྲོ་བ་རྣམས་ལ་སྙིང་རྗེའི་དམིགས་པ་རྣམ་པར་བར་དུ་དྲན་པར་བྱེད་པའང་དངོས་གྲུབ་མྱུར་བ་སོགས་ལ་གལ་ཆེ་བའི་གནད་ཀྱི་དོན་པོ་ཡིན་ནོ།«་་་་་བསྙེན་པ་བྱེད་ན། མཚམས་ཀྱི་བྱ་ལུགས་བསྙེན་ཡིག་སྤྱི་འགྲོ་ལྟར་ལ། གྲངས་བསྙེན་འབུམ་ཕྲག་བཅུ་བཞི་བཟླ། ཐུན་གཅིག་གི་མཇུག་ཏུ་གཏོར་མ་དབུལ། བསྙེན་པ་སོང་ནས་ལས་སྦྱོར་གྱི་བཟླས་པ་བྱེད་པར་འདོད་པས་ལས་བཞིའི་དམིགས་པ་རྣལ་འབྱོར་བླ་མེད་ཀྱི་བཟླས་དམིགས་སྤྱི་ལྟར་སྦྱར་ལ། སྔགས་ཀྱི་མཇུག་ཏུ། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས་པ་ལྟ་བུའི་སྤེལ་ཚིག་བཏགས་པ་བསྙེན་པའི་བཅུ་ཆ་ཙམ་བཟླས་ཀྱང་རུང༌། ཁྱད་པར་དྲག་པོའི་ལས་སྦྱོར་གདོན་འདུལ་གྱི་དམིགས་པ་གཙོ་བོར་བྱེད་ན། གཟའ་གདོན་ལ་རང་གི་ཐུགས་ཀ་ནས་ཕྱག་རྡོར་དང༌། རྒྱལ་འགོང་ལ་སྤྱི་བོའི་རྟ་གདོང་ལས་རྟ་མགྲིན་དང༌། ཀླུ་ལ་སྤྱི་གཙུག་གི་ཁྱུང་ལས་བྱ་ཁྱུང་གི་ཚོགས་མེ་འོད་དང་མཚོན་ཆའི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས་ཏེ་གནོད་བྱེད་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམས་ལ་རང་བཞིན་མེད་པའི་ལྟ་བའི་རྒྱས་གདབ། གཙོ་བོར་རྩ་སྔགས་དང༌། སྐབས་སུ་དྲག་པོའི་སྤེལ་ཚིག་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ་ཅེས་སྦྱར་ལ་བཟླ། མཐར་གདོན་དང་གཉེན་
པོ་ཐམས་ཅད་འོད་གསལ་དུ་སྦྱངས་ཏེ་རང་ལ་བསྟིམ་ཞིང་ལྟ་བའི་རྩིས་ཟིན་པར་བྱས་ལ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་འབད་པར་བྱའོ།།» །དེ་ལྟར་བཟླས་པ་ཅི་འགྲུབ་བྱས་པའི་མཐར་ཡིག་བརྒྱ་བཟླས་ནས་ལྷག་ཆད་ཁ་བསྐང༌། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ཅིང༌། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །ཞེས་སོགས་ཤློ་ཀ་གཅིག་ལ་སོགས་པའི་བསྟོད་པ་གང་རིགས་ཀྱིས་བསྟོད། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་གྱུར་ནས་ཞེས་སོགས་དགེ་བ་བསྔོ་བ་དང༌། མ་རྙེད་ཡོངས་སུ་མ་ཤེས་དང་ཞེས་སོགས་ཀྱིས་བཟོད་གསོལ་བྱས་པའི་མཐར། བཛྲ་མུཿབདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་སྐུའི་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་སྟེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེའང་ཞབས་ཀྱུ་ནས་རིམ་གྱིས་ནཱ་དའི་བར་ཡལ་ནས་མི་དམིགས་པར་གྱུར། སྟོང་པའི་ངང་ལས་རང་ཉིད་གསང་བའི་བདག་པོའི་སྐུར་བཞེངས་པར་གྱུར་པར་བསམས་ལ། ཐུན་མཚམས་སུའང་ལྷའི་ང་རྒྱལ་དང་མ་བྲལ་བས་སྤྱོད་ལམ་ལ་འཇུག་པར་བྱ། གཏོར་འབུལ་མངོན་རྟོགས་སུ་དངོས་སུ་མ་བྱུང་བས་མ་བྱས་ཀྱང་ཆད་པར་མི་འགྱུར་མོད། འགྲུབ་ན་ཕུན་སུམ་ཚོགས་པས་དེ་ལྟར་བྱེད་ན་ཐུན་མཐའི་མཆོད་བསྟོད་ཀྱི་རྗེས་དེར། གཏོར་མ་ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། མཆོད་པའང་སྔར་ལྟར་བྱིན་གྱིས་བརླབས་ནས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་གསང་བའི་བདག་པོ་ལ་ཁྲོ་བོ་དང་མངག་གཞུག་པ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པའི་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཞེས་པ་ལན་གསུམ་དང་བདུན་སོགས་ཀྱིས་གཏོར་མ་ཕུལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ཅིང༌། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་
ཐུགས་ཞེས་སོགས་ཤློ་ཀ་གཉིས་ཀྱིས་བསྟོད་པ་དང༌། འདོད་དོན་ལ་གསོལ་བ་བཏབ་པས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་པར་མོས། དེ་ནས་མདུན་གྱི་མགྲོན་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར་པར་བསམ་རྗེས། བཟོད་གསོལ་སོགས་སྔར་བཀོད་པ་བཞིན་ཏུ་བྱ། དེ་ལྟར་ནག་པོའི་ཕྱོགས་སུ་གྱུར་པའི་གདོན་རིགས་རྣམས་འཇོམས་པར་བྱེད་པའི་དྲག་པོའི་ལྷ་གསུམ་གཅིག་ཏུ་བསྒྲིལ་བའི་ཡི་དམ་ཁྱད་པར་ཅན་འདི་ཉིད་ལྷར་བཟུང་སྟེ་བསྙེན་སྒྲུབ་ལ་འགྲུས་པར་བྱས་ནས་རང་གཞན་གྱི་དོན་རྒྱ་ཆེན་འགྲུབ་པར་བྱའོ། །ཉེར་ཞིའི་གོ་འཕང་བརྙེས་ཀྱང་བདུད་སྡེ་རྣམས། །ཐལ་བར་རློག་མཛད་དྲག་པོ་གསུམ་སྒྲིལ་གྱི། །སྒྲུབ་ཐབས་གཞན་འཇོམས་ནུས་པ་ཐོགས་མེད་ཅིང༌། །སུས་ཀྱང་མི་བརྫི་རྡོ་རྗེ་ཕ་ལམ་བཞིན། །འདི་བཀོད་དགེ་བས་བདག་དང་མཁའ་མཉམ་འགྲོ། །འགལ་རྐྱེན་བར་གཅོད་ཚོགས་ལས་རབ་རྒྱལ་ཞིང༌། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ཡིད་བཞིན་དུས་ལས་ཡོལ་མེད་འགྲུབ་གྱུར་ཅིག །ཅེས་དཔལ་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ཞེས་བྱ་བ་འདི་ནི་ཨོར་དུ་སུ་པའི་ལེ་དོན་གྲུབ་ཀྱི་བླ་མར་འགྲོ་མི་སྨད་རྒྱུད་རབ་འབྱམས་པ་བྱམས་པ་ཆོས་འབྱོར་གྱིས་བསྐུལ་མ་བྱུང་བ་དང༌། དོན་གཉེར་ཅན་གཞན་ལའང་ཕན་པར་བསམས་ནས་ཤཱཀྱའི་དགེ་སློང་བློ་བཟང་སྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །དཔལ་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་རྗེས་སུ་གནང་བའི་ཆོ་ག་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། དཔལ་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་མཎྜ་ལར་སྣ་ཚོགས་པདྨའི་ལྟེ་བར་ཉི་གདན་ལ་ཚོམ་བུ་སྔོན་པོ་གཅིག་དགོད། དེའི་མདུན་དུ་གཏོར་མ་དཀར་ཟླུམ་བཞི། བདག་མདུན་སོ་སོར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཤམ། གཞན་ཡང་ལས་བུམ། རྡོར་དྲིལ། མེ་ཏོག་གི་སྣོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱ།
སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་དཔལ་གསང་བའི་བདག་པོའི་སྐུར་གྱུར། ལས་ཐམས་ཅད་པའི་བུམ་པ་བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་བའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གིས་མཚན་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ནུས་པ་ཐམས་ཅད་སྔགས་ཕྲེང་འོད་ཟེར་རབ་ཏུ་འབར་བའི་རྣམ་པར་སྤྱན་དྲངས། བུམ་པའི་ནང་གི་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་བསམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅི་རིགས་པ་བཟླ། ཧཱུྃ་ལན་བདུན་བརྗོད་པས་བུམ་ནང་གི་སྔགས་ཕྲེང་གདན་དང་བཅས་པའང་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་མོས། དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་རྒྱལ་དབང་རྡོ་རྗེ་འཆང་སྐལ་བཟང་རྒྱ་མཚོས་མཛད་པའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ལྟར་ཉམས་སུ་བླངས་རྗེས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མདུན་གྱི་མཎྜལ་ཚོམ་བུ་དང་བཅས་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་སོགས་ནས། མཐུན་རྐྱེན་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ་ཞེས་པའི་བར་རང་གི་སེམས་ཉིད་དང༌། རང་ཉིད་ཅེས་པའི་ཚིག་དོར་བ་མ་གཏོགས་བདག་བསྐྱེད་ལྟར་བྱ། ཛཿཧཱུྃ་བཾ་ཧོཿམདུན་བསྐྱེད་ལ་གཉིས་སུ་མེད་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་ཚུར་འདུས་ཏེ་ཐིམ་པས་མཐུ་སྟོབས་ནུས་བྱིན་མཆོག་ཏུ་འབར་བར་བསམས་ལ་བཟླས་པ་ཅི་རིགས་བྱ། གཏོར་མ་དང་པོ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་
གསུམ་གྱིས་བརླབ། མདུན་བསྐྱེད་ཀྱི་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། གསུམ་མམ་བདུན་གྱིས་ཕུལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །སོགས་ཤློ་ཀ་གཅིག་གིས་བསྟོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་ཕྱག་ན་རྡོ་རྗེས་གཙོ་བྱས་པའི་ཡི་དམ་ལྷ་ཚོགས་རྣམས་ལ་འབུལ་ལོ་རྡོ་རྗེ་སློབ་མའི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞི་རྒྱས་དབང་དྲག་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། གཉིས་པའང་བསང་སྦྱང་བྱིན་བརླབ་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་སྤྱན་དྲངས་མདུན་བསྐྱེད་ཀྱི་མཐའ་སྐོར་དུ་བཞུགས་པར་གྱུར། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ལན་གསུམ། ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྔོན་ཚེ་ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །བར་ཆད་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་དཔལ་ཕྱག་ན་རྡོ་རྗེའི་སྤྱན་སྔར་སྲོག་སྙིང་ཕུལ་ནས་བསྟན་པ་སྲུང་བར་དམ་བཅས་པའི་སྲུང་མ་རྣམས་ལ་འབུལ་ལོ། །རྡོ་རྗེ་སློབ་མའི་མཐུན་རྐྱེན་སྒྲུབ་པ་དང༌། རྗེས་སུ་གནང་བ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ཞུ། གསུམ་པ་བསང་སྦྱང་བྱིན་བརླབ། སམྦྷ་ར་ལན་གསུམ་དང༌། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་རྒྱ་ཆེན་པོ་འདི་ཡུལ་ལྷ་གཞི་བདག་གི་ཚོགས་རྣམས་ལ་འབུལ་ལོ། །བདག་ཅག་ཆོས་སྒྲུབ་པའི་
འགལ་རྐྱེན་ཐམས་ཅད་སྤོང་བ་དང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། བཞི་པའང་བསང་སྦྱང་བྱིན་བརླབ། སམྦྷ་ར་ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གནོད་ཅིང་ལན་ཆགས་པ་ལ་སོགས་པའི་མགྲོན་གྱི་ཚོགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བདག་ཅག་ཆོས་སྒྲུབ་པ་ལ་གནོད་འཚེ་ཐམས་ཅད་སྤོངས་ཤིག བུ་ལོན་ལན་ཆགས་ཤ་འཁོན་ཐམས་ཅད་ཁྱེར་ནས་གནོད་སེམས་དང་གདུག་པའི་སེམས་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་བརྗོད། གཉིས་པ་རྗེས་གནང་དངོས་ནི། རྣལ་འབྱོར་བླ་མེད་ཀྱི་དབང་གིས་སྨིན་པའི་སློབ་མ་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། ནང་དུ་འོངས་པ་ན་བགེགས་བསྐྲད། ལས་ཀྱི་རྡོ་རྗེས་བསྐུལ་ནས་མཎྜལ་ཕུལ། དེ་ནས་སློབ་དཔོན་གྱིས། ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་གསལ་གདབ་པ་སྔོན་དུ་འགྲོ་བས་ངེས་འབྱུང་དང༌། བྱང་ཆུབ་སེམས་ཀྱི་གཏམ་ཅི་རིགས་པས་མཚམས་སྦྱར་ཏེ། དེ་ལ་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་གསང་བའི་བདག་པོ་ལ་རྒྱུད་དང་མན་ངག་རྣམས་ནས་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། ད་ལམ་འདིར་སྐབས་སུ་བབས་པ་ནི། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད། ངེས་པའི་དོན་དུ་གདོད་མ་ནས་བཅོམ་ལྡན་འདས་དཔལ་གསང་བ་འཛིན་པའི་བདག་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་སུ་ཟིན་ཀྱང༌། ཐུན་མོང་གི་གདུལ་བྱ་དྲང་བའི་སླད་དུ་སོ་སོ་སྐྱེ་བོ་རྣམས་དང་རིགས་མཐུན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཆོག་གི་ཚུལ་དུ་བཟུང་བའི་སྐུ་ཚེ་དེ་ཉིད་ལའང་དཔལ་ཕྱག་ན་རྡོ་རྗེའི་སྐུའི་སྣང་བ་ནམ་འདོད་དུ་གཟིགས་ཤིང་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་མཐའ་ཡས་པ་ཞིག་གསན་པའི་སྙིང་པོ་སྙན་བརྒྱུད་གླེགས་བམ་རིན་པོ་ཆེའི་ཆོས་སྡེ་ལས་བྱུང་བ་དཔལ་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་རྗེས་གནང་ཞུ་
བའི་དོན་དུ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་སློབ་དཔོན་གྱིས་དཔལ་ཕྱག་ན་རྡོ་རྗེའི་རྗེས་སུ་གནང་བ་སྩལ་དུ་གསོལ། མདུན་གྱི་མཎྜལ་གྱི་དབུས་ན་བཞུགས་པའི་དཔལ་གསང་བའི་བདག་པོ་དང་ད་ལྟར་གྱི་སློབ་དཔོན་ཐ་མི་དད་པ་ལ་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་གསལ་བའི་སྤྱན་སྔར་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། དེ་ནས་མདུན་གྱི་མཎྜལ་ཚོམ་བུ་དང་བཅས་པ་འདི་ཉིད་ཀྱང་བསྒྲུབས་ཟིན་པ་ལྟར་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ནས། མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། སློབ་དཔོན་རང་ཉིད་ཀྱང་དེ་ལྟ་བུའི་ཡི་དམ་ལྷ་ཡི་སྐུར་གསལ་བ་ལ་སྐུའི་རྗེས་སུ་གནང་བ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་བདག་ལ་དགོངས་སུ་གསོལ། དཔལ་ཕྱག་ན་རྡོ་རྗེའི་སྐུའི་རྗེས་སུ་གནང་བ་བདག་ལ་སྩལ་ཞིང་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཕྱག་ན་རྡོ་རྗེའི་སྤྱི་གཙུག་གི་བྱ་ཁྱུང་རྒྱལ་པོའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས། སློབ་མའི་ལུས་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག སླར་ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐུའི་ལྷ་ཚོགས་དཔག་ཏུ་མེད་པ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་མ་འདིའི་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དུ་གྱུར་ཏེ་སློབ་མའི་སྤྱི་བོར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ། སློབ་
མའི་སྤྱི་བོར་འཁོད་པའི་ཨོཾ་དཀར་པོ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང༌། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག བུམ་པའི་དབང་ཐོབ། ལུས་ལྷའི་སྐུར་བསྒོམ་པ་ལ་དབང་ངོ་ཞེས་བརྡ་སྤྲད། གསུང་གི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་བདག་ལ་དགོངས་སུ་གསོལ། གསུང་གི་རྗེས་གནང་བདག་ལ་སྩལ་ཞིང་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བླ་མ་ཕྱག་ན་རྡོ་རྗེའི་སྤྱི་གཙུག་གི་རྟ་མགོ་ལས་འོད་ཟེར་དམར་པོ་འཕྲོས། སློབ་མའི་ངག་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག སླར་ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསུང་གི་ལྷ་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་མ་འདིའི་ངག་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ་གསུམ། དེ་ལྟར་གསོལ་བ་བཏབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཨཱཿདམར་པོར་གྱུར་ཏེ་སློབ་མའི་མགྲིན་པར་ཞུགས། ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཿ སློབ་མའི་ལྕེ་རྡོ་རྗེ་རྩེ་ལྔ་པར་གྱུར་ཏེ་རྩེ་ལྔ་ལ། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་བ་ག་རུ་ཌ་ཧཱུྃ་ཕཊ་ཅེས་པའི་སྔགས་ཀྱིས་མཚན་པར་གྱུར། བླ་མའི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན་སློབ་མའི་ཁར་སོང་ཨ་བ་དྷཱུ་ཏཱིའི་དབྱིབས་བརྒྱུད། གསང་གནས་ནས་ཐོན། བླ་མའི་གསང་གནས་ནས་ཞུགས་ཏེ་སླར་ཡང་མགལ་མེ་ལྟར་འཁོར་བར་མོས་པ་དང་བཅས་སློབ་དཔོན་གྱི་ཕྲེང་བ་ནས་བཟུང་སྟེ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་ལན་མང་དུ་བཟླ། དེས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག གསང་བའི་དབང་ཐོབ། ངག་སྔགས་བཟླ་བ་ལ་དབང་ངོ༌། །ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་བདག་ལ་དགོངས་སུ་གསོལ། དཔལ་ཕྱག་ན་རྡོ་
རྗེའི་ཐུགས་ཀྱི་རྗེས་གནང་བདག་ལ་སྩལ་ཞིང་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། སློབ་མའི་ཡིད་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག སླར་ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་མ་འདིའི་ཡིད་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ་གསུམ། དེ་ལྟར་གསོལ་བ་བཏབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཧཱུྃ་སྔོན་པོར་གྱུར་ཏེ་སློབ་མའི་སྙིང་གར་ཞུགས། ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ་དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཏེ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ། སློབ་མའི་ལུས་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ། ཧཱུྃ་ལ་ཐིམ། དེའང་ཞབས་ཀྱུ་ནས་ཐིག་ལེའི་བར་དུ་ཐིམ་པའི་མཐར་ཐིག་ལེ་སྔོན་པོ་ཏིལ་འབྲུ་ཙམ་དུ་གྱུར་པ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད། སླར་དེ་ཉིད་ཀྱང་མི་དམིགས་པ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག་མཛོད། དེས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྫོགས་རིམ་གྱི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་ངོ༌། །ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་གཅིག་པུ་སྡུག་བསྔལ་དང་བྲལ་ཞིང་བདེ་བའི་དོན་དུ་ཞུ་བ་མ་ལགས་ཀྱི། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་དོན་དུ་ཕྲིན་ལས་བཞིའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ལྷ་སློབ་མའི་སྤྱི་བོར་བྱོན་པར་བསམས་ལ་མཎྜལ་སློབ་མའི་མགོ་བོར་བཞག་སྟེ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་ཀྱིས་བདག་གི་སློབ་མ་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། ཕྲིན་ལས་བཞིའི་སྒོ་ནས་སེམས་
ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་ཤིང༌། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ་ལན་གསུམ། དེ་ནས་མཎྜལ་ཕྱག་ཏུ་ཐོགས་ལ་དམིགས་པའི་བརྡ་སྤྲད་པ་ནི། དེ་ལྟར་གསོལ་བ་བཏབ་པས་བླ་མ་ཕྱག་ན་རྡོ་རྗེའི་སྤྱི་གཙུག་གི་བྱ་ཁྱུང་རྒྱལ་པོ་ལས་འོད་ཟེར་དཀར་པོ་འཕྲོས། ཞི་བྱེད་ཀྱི་ལྷ་ཚོགས་དཀར་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་ནད་གནོད་བར་ཆད་ཐམས་ཅད་ཞི་བར་གྱུར། ཨོཾ་བཛྲ་པཱ་ཎི་སོགས་སྔགས་མཐར་ཤཱནྟིཾ་«་་་་་དཔེ་འགའ་ཞིག་ཏུ་ཤཱནྟིཾ་ཀུ་རུ་སོགས་བྲིས་ཀྱང༌། དཔེ་རྙིང་རྣམས་སུ་ཤཱནྟིཾ་ཀ་ར་སོགས་ཡོད་ཅིང༌། དོན་དུའང་ཞི་བར་མཛད་པའི་དངོས་གྲུབ་ཀྱི་དབང་བསྐུར་བ་ཞེས་སོགས་སུ་འགྱུར་བས་འཐད་པར་སེམས། »ཀ་ར་སིདྡྷི་ཨོཾ་ཨ་བྷི་ཥིཉྩ་ཨོཾ། སྐུའི་རིན་པོ་ཆེའི་རྒྱན་རྣམས་ལས་འོད་ཟེར་སེར་པོ་འཕྲོས། རྒྱས་བྱེད་ཀྱི་ལྷ་ཚོགས་སེར་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར། སྔགས་མཐར་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀ་ར་སིདྡྷི་ཨ་བྷི་ཥིཉྩ་ཏྲཱྃ། སྤྱི་གཙུག་གི་རྟ་མགོ་ལས་འོད་ཟེར་དམར་པོ་འཕྲོས། དབང་བྱེད་ཀྱི་ལྷ་ཚོགས་དམར་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་སེམས་ཅན་ཐམས་ཅད་ཆོས་ལ་འགོད་པའི་ནུས་པ་དང་ལྡན་པར་གྱུར། སྔགས་མཐར་ཝཱ་ཤཾ་ཀ་ར་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ སླར་ཡང་བླ་མ་ཕྱག་ན་རྡོ་རྗེའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་ནག་པོ་འཕྲོས། དྲག་བྱེད་ཀྱི་ལྷ་ཚོགས་ནག་པོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་བསྟན་པ་དང་སེམས་ཅན་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ནུས་པ་དང་ལྡན་པར་གྱུར། སྔགས་མཐར་མཱ་རཾ་ཀ་ར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། མཐར་མཎྜལ་གྱི་དབུས་ན་བཞུགས་པའི་ཡི་དམ་གྱི་ལྷ་གདན་དང་བཅས་པ་འོད་དུ་ཞུ། སློབ་མའི་ལུས་ལ་ཐིམ་པས་ལུས་ངག་ཡིད་གསུམ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་ངོ་བོར་རྣམ་པར་དག་པའི་མོས་པ་མཛོད། སྔགས་མཐར་ཛཿཧཱུྃ་བཾ་ཧོཿབརྗོད་ལ་མཎྜལ་སློབ་མའི་སྤྱི་བོར་བཞག དེས་སྒོ་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག དབང་བཞི་པ་ཐོབ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་ཞིང་
ཕྲིན་ལས་སྒྲུབ་པ་ལ་དབང་ངོ༌། །མཇུག་ཏུ་གཙོ་བོས་མཎྜལ་དེང་ནས་སོགས་སྤྱི་དང་འདྲ། དགེ་བ་བསྔོས་ལ་སློབ་མ་རང་གནས་སུ་བཏང༌། གསུམ་པ་རྗེས་ནི། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། བདག་ཉིད་ལྷར་གསལ་བ་ལ་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་རྙེད་ཡོངས་སུ་མ་ཤེས་དང་སོགས་ཀྱིས་ནོངས་པ་བཤགས། བཛྲ་མུཿབདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་སྐུའི་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་སྟེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཡང་ཞབས་ཀྱུ་ནས་རིམ་གྱིས་ནཱ་དའི་བར་ཡལ་ནས་མི་དམིགས་པར་གྱུར། སླར་ཡང་སྟོང་པའི་ངང་ལས་རང་ཉིད་གསང་བའི་བདག་པོའི་སྐུར་བཞེངས་པར་གྱུར་པར་བསམས་ལ། བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ལྟར་སྟེང་གདོན་གཟའ་དང་གནོད་སྦྱིན་གཙོ་བོར་གྱུར་པའི་གཉེན་པོ་ཕྱག་རྡོར། བར་གདོན་རྒྱལ་འགོང་གི་གཉེན་པོ་རྟ་མགྲིན། འོག་གདོན་ཀླུའི་གཉེན་པོ་བྱ་ཁྱུང་སྟེ། གཉེན་པོ་སྟོབས་ཀྱི་ལྷ་དྲག་པོ་གསུམ་གཅིག་ཏུ་བསྒྲིལ་བའི་ཡི་དམ་ཁྱད་པར་ཅན་འདིའི་སྒྲུབ་ཐབས་ཙམ་སྙན་བརྒྱུད་རྩ་བར་བཞུགས་མོད། རྗེས་གནང་བྱ་ཚུལ་གསལ་བར་མ་གསུངས་ཀྱང་བླ་མ་གོང་མ་རྣམས་ཀྱི་གསན་ཡིག་ཏུ་ཟབ་དོན་གཅེས་ཕྲེང་གི་ཆིངས་སྦྱོར་ཚུལ་གསུངས་པ་ལྟར་བརྒྱུད་ལྡན་དམ་པའི་ཕྱག་བཞེས་ཟིན་བྲིས་སུ་བགྱིས་པའི་དགོངས་དོན་གསལ་བར་བཀོད་པའོ། །ཞེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་གཞན་ལ་ཕན་པའི་བསམ་པས་སྦྱར་བའི་དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འགལ་རྐྱེན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ། ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།། །།
བླ་མ་རིགས་གསུམ་མགོན་པོའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན།
བླ་མ་རིགས་གསུམ་མགོན་པོའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་བསྡུས་བླ་མ་བརྟན་པའི་འཁོར་ལོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ཐུགས་རྗེས་སྤྱན་གྱིས་གཟིགས་ཤིག་འཇམ་པའི་དབྱངས། །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པའི། །ཐར་འདོད་བློ་གྲོས་སྐྱེད་ཅིག་འཇམ་པའི་དབྱངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནུས་པའི། །སྐལ་བ་བཟང་པོར་སྦྱོར་ཅིག་འཇམ་པའི་དབྱངས། །དེ་ལས་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །མང་དུ་ཐོས་དང་བསམ་པའི་ཕ་རོལ་སོན། །རྩེ་གཅིག་བསྒོམས་པས་ཞི་ལྷག་ཟུང་འཇུག་གི །ཏིང་འཛིན་སྒོ་བརྒྱ་འབྱེད་མཛོད་འཇམ་པའི་དབྱངས། །ལོག་སྨྲ་ཚར་གཅོད་གཞན་དག་རྗེས་བཟུང་བའི། །ཐུན་མོང་རིག་པའི་གནས་ལ་མ་རྨོངས་ཤིང༌། །ཁྱད་པར་སྡེ་སྣོད་རྒྱུད་སྡེའི་ངེས་གསང་ལ། །འཁྲུལ་མེད་
བློ་གྲོས་སྩོལ་ཅིག་འཇམ་པའི་དབྱངས། །འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་འཁྲུལ་པའི་དྲེགས་པ་བཅོམ། །རྩོམ་པས་ཐུབ་བསྟན་ཡུན་རིང་གསལ་ནུས་པའི། །སྨྲ་བའི་དབང་ཕྱུག་སྩོལ་ཅིག་འཇམ་པའི་དབྱངས། །ཐ་སྙད་ཁོ་ནའི་གནས་ལ་མ་ཞེན་པར། །དབེན་པའི་གནས་སུ་མདོ་སྔགས་ལམ་གྱི་རིམ། །ཚུལ་བཞིན་བསྒྲུབས་པས་ཉམས་རྟོགས་ཡོན་ཏན་ཀུན། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག་འཇམ་པའི་དབྱངས། །གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་འཇམ་པའི་དཔལ། །མངོན་སུམ་མཐོང་ནས་ཆོས་སྐུའི་གྲོང་ཁྱེར་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག་འཇམ་པའི་དབྱངས། །དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །བླ་མ་མཆོག་དང་བརྟན་པའི་འཁོར་ལོ་ཡིས། །རྣམ་འཕྲུལ་དུ་མས་དག་པའི་ཞིང་ཁམས་སུ། །ལུང་བསྟན་དབུགས་དབྱུང་སྩོལ་ཅིག་འཇམ་པའི་དབྱངས། །ལས་ཉོན་དབང་གིས་སྲིད་པར་སྐྱེས་གྱུར་ཀྱང༌། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་ནས། །
དཀའ་བ་མེད་པར་ལམ་གྱི་ལྷག་མ་ཀུན། །རྫོགས་པའི་རྟེན་འབྲེལ་སྒྲིགས་ཤིག་འཇམ་པའི་དབྱངས། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མི་འཚོལ་བས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་མངོན་སུམ་སྩོལ་ཅིག་འཇམ་པའི་དབྱངས།། ༈ །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། སྲས་བཅས་རྒྱལ་ཀུན་སྙིང་རྗེའི་ཕུང་པོ་ལ། །བླ་མ་ཕྱག་ན་པདྨོ་མཚན་གསོལ་བར། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཐུགས་རྗེས་ལྷག་པར་དགོངས་ཤིག་སྤྱན་རས་གཟིགས། །བདག་དང་བདག་འདྲའི་སྙིགས་མའི་མཐར་སྐྱེས་པའི། །ཡིད་ཅན་སྡུག་བསྔལ་རྒྱ་མཚོར་བྱིང་བ་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་འཚལ་ན། །སྡུག་བསྔལ་འདམ་ནས་དྲོངས་ཤིག་སྤྱན་རས་གཟིགས། །དལ་བརྒྱད་འབྱོར་བཅུས་བརྒྱན་པའི་ལུས་རྟེན་ཀྱང༌། །འཇིག་པའི་རྐྱེན་མང་འཚོ་བའི་རྐྱེན་ཉུང་ཞིང༌། །ཆོས་བཞིན་སྤྱོད་ལ་འགལ་རྐྱེན་ཆེས་མང་ཕྱིར། །མི་མཐུན་བར་ཆད་སོལ་ཅིག་སྤྱན་རས་གཟིགས། །དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་དང༌། །དབེན་པའི་གནས་དང་ཆོས་མཐུན་ཡོ་བྱད་དང༌། །དད་དང་སྙིང་རྗེ་ཤེས་རབ་བརྩོན་འགྲུས་སོགས། །མཐུན་རྐྱེན་ལེགས་ཚོགས་སྩོལ་ཅིག་སྤྱན་རས་གཟིགས། །དོ་ནུབ་ཙམ་ཡང་མི་འཆིའི་གདིང་མེད་བཞིན། །སྒྲུབ་ལ་ཕྱི་བཤོལ་བྱེད་པའི་ངང་རིང་པོ། །བདག་ལ་དམ་ཆོས་ཡོད་དུས་མི་གདའ་བས། །བཙན་ཐབས་འཁྲུལ་པ་ཤིག་ཅིག་སྤྱན་རས་གཟིགས། །གཏིང་ནས་འཁོར་བའི་འདོད་ཞེན་མ་ལོག་པས། །རྣམ་དཀར་བསྒྲུབས་ཀྱང་སྲིད་པའི་འདུན་མར་འཆོར། །ཐར་པའི་ས་བོན་བྲལ་བའི་དམན་བདག་ལ། །ངེས་འབྱུང་དྲག་པོ་སྐྱེད་ཅིག་སྤྱན་རས་གཟིགས། །རང་ཉིད་ཁོ་ན་སྲིད་ལས་ཐར་འདོད་ཀྱང༌། །རྣམ་མཁྱེན་གོ་འཕང་ཐོབ་པའི་ཐབས་མེད་པས། །གཞན་ཕྱིར་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །
བཅོས་མིན་རྒྱུད་ལ་སྐྱེད་ཅིག་སྤྱན་རས་གཟིགས། །ཇི་སྲིད་བདག་ཏུ་འཛིན་པའི་བློ་ཡོད་པ། །དེ་སྲིད་གཟུང་འཛིན་འཁྲུལ་པ་མི་ཟད་པས། །སོ་སོར་རྟོག་པའི་ཤེས་རབ་རལ་གྲི་ཡིས། །སྤྲོས་པའི་དྲྭ་བ་ཆོད་ཅིག་སྤྱན་རས་གཟིགས། །མདོར་ན་ཚེ་འདིར་ཆོས་སྤྱོད་མཐར་ཕྱིན་ཞིང༌། །འཆི་བའི་དུས་ཀྱང་གནད་གཅོད་སྡུག་བསྔལ་བྲལ། །བྱང་ཆུབ་སེམས་གཉིས་བཞོན་པ་ལ་བརྟེན་ནས། །བདེ་ནས་བདེ་བར་དྲོངས་ཤིག་སྤྱན་རས་གཟིགས། །གང་དུ་སྐྱེས་ཀྱང་དགེ་བའི་བཤེས་དང་མཇལ། །སུ་དང་འགྲོགས་ཀྱང་ཆགས་སྡང་འཆིང་བ་བྲལ། །ཇི་ལྟར་བསྒྲུབས་ཀྱང་བྱང་ཆུབ་སྤྱོད་མཆོག་ལས། །ནམ་ཡང་འབྲལ་མེད་མཛོད་ཅིག་སྤྱན་རས་གཟིགས། །མཐར་ཐུག་རང་དོན་སྤངས་རྟོགས་མཐར་ཕྱིན་ནས། །གཞན་དོན་མཁའ་ཁྱབ་སྙིང་རྗེའི་ཕྲིན་ལས་ཅན། །མགོན་པོ་ཁྱོད་དང་རྣམ་ཐར་དབྱེར་མེད་པའི། །གོ་འཕང་མྱུར་དུ་སྩོལ་ཅིག་སྤྱན་རས་གཟིགས།། ༈ །ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། སྲས་བཅས་རྣམ་འདྲེན་ཡོངས་ཀྱི་གསང་བ་གསུམ། །གཅིག་བསྡུས་བླ་མ་ཕྱག་ན་རྡོ་རྗེའི་ཞབས། །སྙིང་ནས་དྲན་པའི་གདུང་བས་གསོལ་འདེབས་ན། །མངོན་གསུམ་བྱིན་གྱིས་རློབས་ཤིག་གསང་བའི་བདག །སྙིགས་མའི་དུས་མཐར་སྐྱེས་པའི་ཡིད་ཅན་རྣམས། །གང་དུ་གནས་ཀྱང་ནད་མཚོན་ཕོངས་པ་དང༌། །ཡིད་སྲུབས་དཔུང་དང་བཅས་པས་སྐབས་བཙལ་བར། །རྡོ་རྗེའི་གོ་ཆས་སྲུངས་ཤིག་གསང་བའི་བདག །ལྷག་པར་སྟེང་འོག་བར་གསུམ་གདོན་གྱི་རིགས། །རྣམ་པ་དུ་མས་འགྲོ་བའི་སྲོག་འཕྲོག་ཅིང༌། །སྣོད་བཅུད་རྒུད་པའི་གདུང་བ་ལ་སྦྱོར་བ། །མཐུ་སྟོབས་ནུས་པས་ཐུལ་ཅིག་གསང་བའི་བདག །གཞན་ཡང་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་འགལ་རྐྱེན་དུ་མའི་ལྕགས་སྒྲོག་གིས། །བདག་གཞན་ལུས་ངག་ཡིད་གསུམ་བཅིངས་པ་ཀུན། །ཡེ་ཤེས་རལ་གྲིས་ཆོད་
ཅིག་གསང་བའི་བདག །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པ་ཡི། །ཆགས་སྡང་རྨོངས་པའི་འཐིབས་བུས་ནོན་པ་ན། །ཐུགས་རྗེ་ཉིན་མོར་བྱེད་པའི་གཟི་འོད་ཀྱིས། །ཉོན་མོངས་མུན་པ་སོལ་ཅིག་གསང་བའི་བདག །སྐད་ཅིག་ཙམ་ཞིག་དགེ་བའི་སེམས་སྐྱེས་ཀྱང༌། །བདུད་དང་བདུད་ཀྱི་རིས་ཀྱི་བར་ཆད་ཀྱིས། །བློ་སྣ་ལོག་པའི་ལམ་དུ་སྒྱུར་བྱེད་པའི། །བྱང་ཆུབ་ལམ་གེགས་སྒྲོལ་ཅིག་གསང་བའི་བདག །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་དང༌། །རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ། །རང་དབང་བསྒྱུར་ནས་ཀུན་མཁྱེན་ཡེ་ཤེས་ཀྱི། །གོ་འཕང་མྱུར་དུ་སྩོལ་ཅིག་གསང་བའི་བདག །ཁྱོད་ནི་རྒྱལ་བའི་གསུང་རབ་མཐའ་དག་དང༌། །ལྷག་པར་རྡོ་རྗེ་ཐེག་པ་ཀུན་འཛིན་ཕྱིར། །གསང་ཆེན་ལམ་གྱི་རྟེན་འབྲེལ་མ་ལུས་པ། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག་གསང་བའི་བདག །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་པ་གཉིས་ཀྱི་ཏིང་འཛིན་མཐར་ཕྱིན་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱི། །དགའ་སྟོན་ལྷུག་པར་སྩོལ་ཅིག་གསང་བའི་བདག །གལ་ཏེ་ཚེ་འདིར་གྲུབ་མཐའ་མ་རྙོགས་ན། །སྲིད་པ་ཀུན་ཏུ་དལ་འབྱོར་ལུས་རྟེན་མཆོག །མཐོ་རིས་ཡོན་ཏན་བདུན་གྱིས་རབ་མཛེས་པའི། །རིགས་སུ་སྐྱེ་བར་མཛོད་ཅིག་གསང་བའི་བདག །སྐྱེས་མ་ཐག་ཏུ་དགེ་བའི་བཤེས་དང་མཇལ། །གསུང་གི་བདུད་རྩི་ཚུལ་བཞིན་བསྒྲུབས་པ་ལས། །མགོན་པོ་ཁྱོད་དང་ཡོན་ཏན་མཚུངས་པ་ཡི། །སྐལ་བཟང་མངོན་སུམ་སྩོལ་ཅིག་གསང་བའི་བདག །དེ་ལྟར་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །དཔལ་ལྡན་བླ་མ་རིགས་གསུམ་སེམས་དཔའ་ཡི། །ཐུགས་རྗེ་བསྐུལ་ཞིང་གསོལ་བ་བཏབ་པའི་མཐུས། །ཇི་ལྟར་སྨོན་པའི་གནས་ཀུན་མྱུར་འགྲུབ་ཅིང༌། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་འབྱོར་པ་དང༌། །
སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་སྔ་སོར་དད་དམ་གཏོང་བའི་ནོར་གྱིས་མངོན་པར་མཐོ་བ་ཕྱག་མཛོད་བློ་གྲོས་བཟང་པོ་དང༌། རྣམ་དཔྱོད་ཀྱི་ནོར་ཅན་འཇམ་དབྱངས་ཡོན་ཏན། ཉེ་བར་གནས་པ་ཚུལ་ཁྲིམས་རྒྱ་མཚོ་རྣམས་ཀྱིས་བླ་མ་ལ་གསོལ་བ་འདེབས་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་བསྐུལ་བ་དང༌། སླད་ཀྱིས་ཁྱབ་བདག་རྡོ་རྗེ་བཙུན་མོའི་ཡེ་ཤེས་གཟིགས་པའི་བདུད་རྩིས་བློ་གྲོས་ཀྱི་པདྨོ་ཁ་ཡོངས་སུ་བྱེ་བ་སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་ཆོས་དབྱིངས་དཔལ་ལྡན་དང༌། སྒྲུབ་བརྩོན་བློ་གྲོས་དཔལ་ལྡན་ཟུང་གིས་རྒྱང་རིང་མོ་ནས་ནན་ཏན་ཆེན་པོས་ཚུལ་འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་བསྐུལ་བ་ལ་བརྟེན་ནས་རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་བྲན་དུ་གྱུར་པའི་ཀུན་རྨོངས་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར། ལྷག་བསམ་དག་པས་གང་ཤར་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་དགེ་བས་འདི་ཉིད་ཁ་ཏོན་ཏུ་བགྱིད་པ་སོགས་འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མིན་དུ་སྐྱེ་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་གསལ་བྱེད་དང་བཅས་པའི་སྐོར་རྣམས།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་གསལ་བྱེད་དང་བཅས་པའི་སྐོར་རྣམས་བཞུགས་སོ།། བཀའ་བབས་དགུ་ལྡན།།
ཨོཾ་སྭ་སྟི། བླ་མ་དང་རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཚེ་སྦྱིན་མའི་འཕགས་མ་སྒྲོལ་མ་ཉམས་སུ་བླང་བར་འདོད་པའི་གང་ཟག་གིས། ཐོག་མར་སྐྱབས་སུ་འགྲོ་བ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བདུན་ཡན་ཆད་ཅི་རིགས་པ་བརྗོད་ལ། དེ་ནས་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་སེམས་བསྐྱེད་ལན་གསུམ་བྱས་ལ། དེ་ནས་རང་སྐད་ཅིག་གིས་ཚེ་སྦྱིན་མའི་འཕགས་མ་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཚེ་སྦྱིན་མའི་འཕགས་
མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་ལ་ཐལ་མོ་སྦྱར་ཏེ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ནད་རྣམས་ཀུན་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང༌། ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པའི་བར་གྱིས་མཆོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱུང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་ཡན་ལག་བདུན་པ་ལན་གསུམ་བྱས་ལ། སེམས་ཅན་ཐམས་
ཅད་བདེ་བ་དང་བདེ་བའི་རྒྱུ་ཞེས་སོགས་ཀྱིས་ཚད་མེད་པ་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་དུ་མོས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཏཱྃ་ཡིག་ལས་ཨུཏྤལ་དཀར་པོའི་ཡུ་བ་ཏཱྃ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏཱྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཚེ་སྦྱིན་མའི་འཕགས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ཞིང་སྙན་གྱི་ཐད་དུ་ཁ་བྱེ་བ། ནུ་འབུར་ཟུང་དང་ལྡན་པ་ཞལ་འཛུམ་བག་དང་ལྡན་ཞིང་ལོ་བཅུ་དྲུག་ལོན་པ་ལྟ་བུ། དབུ་སྐྲ་ལི་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བ་ལ་རྒྱབ་གཏད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟས་མཛེས་པའི་སྐུར་བསྒོམས་ལ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་སྟོད་དུ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཚེ་སྦྱིན་མའི་འཕགས་མ་སྒྲོལ་མ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཨཱརྻཱ་ཏཱ་རེ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དེ་ནས་ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་ག་ནས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་
གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ལྟར་ཡན་ལག་བཞི་རྫོགས་སུ་བྱས་པ་ལ་མཆོད་པ་ནི། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཤབྡ་ཏཱིཙྪ་སྭཱ་ཧཱ། དེ་ནས་ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་སོགས་བརྗོད་པས་རོལ་མོའང་འབུལ་ལོ། །དེ་ནས་བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ནད་རྣམས་ཀུན་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་འཛིན་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་འཆང་ཞིང༌། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས་བཟླས་པ་བྱ་བ་ནི། རང་གི་སྙིང་གར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ་ཡིག་དང༌། རྩིབས་བརྒྱད་ལ་ཏཱ་ལ་སོགས་པའི་ཡི་གེ་བརྒྱད། ལྟེ་བར་ཏཱྃ་གྱི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་དང་ལྟེ་བའི་བར་དུ། བདག་གི་ཚེ་འཕེལ་བར་གྱུར་ཅིག་ཅེས་པས་བསྐོར་བར་དམིགས་ལ། ཡིག་འབྲུ་
དེ་དག་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་རྒྱས་པར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་སྤྱན་དྲངས་ཏཱྃ་ལ་ཐིམ་པར་མོས་ལ་ངག་ཏུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་ཅི་ནུས་བཟླས་ལ། མཇུག་ཏུ་བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། བཟླས་པའི་གོང་ལྟར་མཆོད་བསྟོད་བསྡུས་པ་ཅི་རིགས་པ་ཞིག་བྱས་ལ། བསྔོ་བ་སྨོན་ལམ་རྣམ་པར་དག་པ་གདབ་སྟེ་སྤྱོད་ལམ་ལ་འཇུག་གོ །ཚེ་སྦྱིན་མའི་འཕགས་མ་སྒྲོལ་མའི་མངོན་པར་རྟོགས་པ་ལས་དང་པོ་པས་ཉམས་སུ་བླང་བདེ་བ་འདི་ནི། ཀུན་མཁྱེན་བསོད་ནམས་སེང་གེའི་གསུང་ལས་བྱོན་པ་ཟིན་བྲིས་སུ་བྲིས་པ་འདིས་དགེ་ཞིང་ཚེ་འཕེལ་བར་གྱུར་ཅིག། ༈ །བླ་མ་དང་ཚེ་སྦྱིན་མའི་རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མའི་རྗེས་སུ་གནང་བར་བྱེད་པར་འདོད་པས་དོན་ཚན་རྣམ་པ་གཉིས་ལས། དང་པོ་སློབ་དཔོན་གྱི་བྱ་བ་ནི། མདུན་དུ་རས་ལ་སོགས་པ་གཞི་བཟང་པོའི་སྟེང་དུ། འཁར་བ་ལ་སོགས་པའི་མཎྜལ་གྱི་སྟེང་དུ་ཚོམ་བུ་གཅིག་བཀོད། དེའི་མཐའ་མར་གཡས་སྐོར་དུ་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བཟུང་སྟེ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཞལ་ཟས་ཀྱི་བར་བཤམ། ཤར་དུ་གཏོར་མ་གཅིག་ཀྱང་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ། བུམ་པར་དྲི་བཟང་པོའི་ཆུ་བཅུད་སྣ་ཚོགས་ཀྱིས་གང་བ་དང་བཅས་པ་བཤམས་ལ། མདུན་གྱི་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་
རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨརྒྷཾ་སྭཱ་ཧཱ་ཞེས་པ་ནས། ཤབྡ་སྭཱ་ཧཱ་ཞེས་པའི་བར་བརྗོད། དེ་ནས་དྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད་པའི་རོལ་མོས་བྱིན་དབབ། དེ་ནས་སྐྱབས་སུ་འགྲོ་བ་ནས་བཟུང་སྟེ་བཟླས་པའི་རྗེས་སུ་མཆོད་བསྟོད་བྱ་བའི་བར་ཐམས་ཅད་སྒྲུབ་ཐབས་ལྟར་བྱས་ལ། དེ་ནས་བུམ་པའི་སྟེང་དུ་དུང་ཆོས་དྲི་བཟང་པོའི་ཆུས་གང་བའི་སྟེང་དུ་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་བཞག་ལ། དེ་ཉིད་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤ་ལ་ཏཱྃ་གྱིས་མཚན་པ་ཞེས་པ་ནས། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་པ་དང་བསྟོད་པའི་བར་ཐམས་ཅད་སྒྲུབ་ཐབས་ལྟར་བྱས་ལ། དེ་ནས་རང་གི་སྙིང་ག་ནས་སྔགས་གྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང༌། བུམ་ནང་གི་ལྷའི་ཐུགས་ཀར་ཕོག དེའི་བ་སྤུའི་བུ་ག་ནས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་མར་ཁྲ་ལ་ལ་བྱུང་བུམ་པའི་ནང་ཐམས་ཅད་གང་བར་མོས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། །ཞེས་པ་བརྒྱ་རྩ་
གཅིག་བཟླས་ལ་གོང་ལྟར་མཆོད་བསྟོད་བྱ་ཞིང་འདོད་དོན་གསོལ་བཏབ་བྱས་ལ། བཛྲ་མུཿས་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་ཆུར་གྱུར་བྱས་ལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཞེས་སོགས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། མཎྜལ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤ་ལ་དཀར་པོའི་ཡུ་བར་ཏཱྃ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཏཱྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ཚེ་སྦྱིན་མའི་འཕགས་མ་སྒྲོལ་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ཞིང་སྙན་གྱི་ཐད་དུ་ཁ་བྱེ་བ། ནུ་འབུར་ཟུང་དང་ལྡན་པ་ཞལ་འཛུམ་བག་དང་ལྡན་ཞིང་ལོ་བཅུ་དྲུག་ལོན་པ་ལྟ་བུ། དབུ་སྐྲ་ལི་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བ་ལ་རྒྱབ་གཏད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟས་མཛེས་པའི་སྐུར་བསྒོམས་ལ་དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཚེ་སྦྱིན་མའི་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་
རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་པའི་ཕྱིར། །ཡོངས་བདག་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་པས་སྤྱན་དྲངས་ལ། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པ་ནས། ཤབྡའི་བར་གྱིས་མཆོད་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཿཞེས་བརྗོད་པས་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་སྤྱན་དྲང་བ་དང༌། པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་དེ་ལ་མཆོད་པ་དང༌། ཁྱེད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཅེས་པས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱིས་དབང་བསྐུར་ལ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པའི་བར་སྒྲུབ་ཐབས་ལྟར་བྱའོ། །དེ་ནས་མདུན་གྱི་མཆོད་པ་རྣམས་བྱིན་གྱིས་བརླབས་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་དུ་ཚིགས་བཅད་དང་སྔགས་ཀྱི་འདོན་པ་བསྒྱུར་ལ། མཆོད་ཡོན་གྱི་གནས་སུ། མེ་ཏོག་ཇི་སྙེད་ཡོད་པ་རྣམས་དང༌། པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། བདུག་སྤོས་ཇི་སྙེད་ཡོད་པ་རྣམས་དང༌། དྷཱུྃ་པཾ་པྲ་ཏཱིཙྪ་སྭཱ་ཧཱ། སྣང་གསལ་ཇི་སྙེད་ཡོད་པ་རྣམས་དང༌། ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། དྲི་མཆོག་ཇི་སྙེད་ཡོད་པ་རྣམས་དང༌། གནྡྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞལ་ཟས་ཇི་སྙེད་ཡོད་པ་རྣམས་དང༌། ནཻ་ཝི་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། སིལ་སྙན་ཇི་སྙེད་ཡོད་པ་རྣམས་དང༌། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་
པས་རོལ་མོ་འབུལ་དྷརྨཱ་ར་ཎི་ཏ་བརྗོད། དེ་ནས་དྲིལ་བུ་གསིལ་ཞིང༌། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཞེས་སོགས་ཚིགས་བཅད་ལྔས་བསྟོད། དེ་ནས་མདུན་གྱི་གཏོར་མ་ཆུ་གཙང་མས་སྦྱངས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ཅེས་བརྗོད་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་ཕུལ། བཅོམ་ལྡན་འདས་མའི་ཞལ་ནས་འོད་ཀྱི་སྦུ་གུ་གཏོར་མ་ལ་ཟུགས་ཏེ་གསོལ་བས་མཉེས་པར་བསམ། དེ་ནས། ཨོཾ་ཨཱརྻཱ་ཏཱ་རེ་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། ཅེས་པས་འདོད་དོན་གསོལ་བ་གདབ། སླར་ཡང་གཏོར་མ་དེ་ཉིད་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཕྱོགས་སྐྱོང་འཁོར་དང་བཅས་པ་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྤྱན་དྲངས་ལ། སྔར་གྱི་ཕྱག་རྒྱས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་སོགས་བཏགས་ལ་ལན་གསུམ་གྱིས་དབུལ། ད་ཤ་དིཀ་ལོ་ཀ་པཱ་ལ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་སྐྱོང་བ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། ཚེ་དང་བསོད་ནམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅེས་བརྗོད་དོ། །གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་ཉི་ཤུ་རྩ་ལྔ་ཡན་གང་རུང༌། ཁྲུས་བྱས་ནས་གྲལ་ལ་འཁོད་པ་ལ། མེ་ཏོག་དགྲམ་བསྡུ་བྱས། དེ་ནས་སློབ་དཔོན་གྱིས། འོ་ནམ་
མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་སྦྱིན་མའི་འཕགས་མ་སྒྲོལ་མའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། སྔོན་འགྲོ་སློབ་དཔོན་གྱི་བྱ་བ་བདག་བསྐྱེད་བུམ་བསྐྱེད་མདུན་བསྐྱེད་གཏོར་མ་འབུལ་བའི་བར་དགོས་པ་ཐམས་ཅད་ད་རེས་ནས་ཀྱི་གནས་སྐབས་སུ་གྲུབ་པར་བྱས་ནས། སློབ་མ་ལ་བྱ་བ་ལ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཅིག་ཕུལ་ཞིག་བྱས་ལ། མཎྜལ་འབུལ་དུ་བཅུག ཕུལ་ཚར་བ་དང༌། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་བྱས་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་ཕུང་པོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་པ་ལན་གསུམ་གྱི་བར་རྗེས་ཟློས་བྱེད་དུ་བཅུག དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་དུ། མདུན་གྱི་ནམ་མཁར་བླ་མ་དང་ཚེ་སྦྱིན་མའི་འཕགས་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་པའི་སྤྱན་སྔ་ནས་ཡར་རྒྱུན་བཤགས་མཛད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག དེ་ནས་དམིགས་པ་འདི་བཞིན་དུ་མཛོད་བྱས་ལ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཁྱེད་རང་གི་སྐུ་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང༌། ཚེ་དང་བསོད་ནམས་ཀྱི་བར་དུ་གཅོད་པ་དང་རྣམ་སྨིན་གྱི་ཤ་རུས་དང་བཅས་པ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པའི་མོས་པ་མཛོད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་
ཀྱི་སེམས་ཉིད་ཀྱི་ངོ་བོ་ཏཱྃ་ལས་ཨུཏྤ་ལ་ཏཱྃ་གྱིས་མཚན་པ་དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏཱྃ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་ཚེ་སྦྱིན་མའི་འཕགས་མ་སྒྲོལ་མ་ཞེས་པ་ནས། ཐུགས་ཀར་ཧཱུྃ་ཞེས་པའི་བར་སྒྲུབ་ཐབས་ལྟར་བསྒོམ་དུ་བཅུག་ལ། སློབ་དཔོན་ལའང་ཁྱེད་རང་གིས་བསྒོམས་པ་ལྟར་གྱི་འཕགས་མ་སྒྲོལ་མ་དངོས་ཡིན་སྙམ་པའི་འདུན་པ་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མའི་ཐུགས་ཀར་ཕོག དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་དང་བཅས་པ་རྣམས་ནས། འཕགས་མ་སྒྲོལ་མའི་སྐུ་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་གི་བ་སྤུའི་བུ་ག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཁེངས་ནས་བྱིན་གྱིས་བརླབ་པར་མོས་པ་མཛོད། ཅེས་བརྗོད་ལ་སློབ་མ་གུ་གུལ་གྱིས་བདུག སློབ་དཔོན་གྱིས་དྲིལ་བུ་གསིལ་ཞིང་ངག་ཏུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སོགས་ཚར་གསུམ་བརྗོད། དེ་ནས་བཟླས་པའི་ལུང་སྦྱིན་པ་ནི། སློབ་དཔོན་དང་ཁྱེད་རང་རྣམས་གཉིས་ཀ་སྒྲོལ་མ་དཀར་མོར་གསལ་བའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པ་རེ་རེ། དེའི་ལྟེ་བར་ཏཱྃ་དཀར་པོ་རེ་བསམ་པའི་སློབ་དཔོན་གྱི་ཐུགས་ཀའི་ཏཱྃ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཏཱྃ་གྱི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ཀྱི་མདུན་ནས་གཡས་སྐོར་དུ་ཏཱ་ལ་སོགས་པའི་ཡི་གེ་བརྒྱད། ལྟེ་བ་དང་རྩིབས་ཀྱི་བར་དུ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་པ་བྱུང་བར་མོས་ལ། འདིའི་རྗེས་ཟློས་མཛོད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྗེས་ཟློས་ལན་གསུམ་བྱེད་དུ་བཅུག དེ་ནས་སློབ་དཔོན་ལ་མེ་ཏོག་ཕུལ་ལ་འདིའི་རྗེས་
ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བྱ། དེ་ནས་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་ཁྱེད་རང་གི་སྤྱི་བོ་ནས་བླུགས་པའི་མོས་པ་མཛོད་བྱས་ལ། དངོས་སུ་སློབ་དཔོན་གྱིས་སློབ་མ་ལ་མེ་ཏོག་གཏོར་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་ཚེ་སྦྱིན་མའི་འཕགས་མ་སྒྲོལ་མའི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་པས་བཅོམ་ལྡན་འདས་མའི་གསུང་གི་བྱིན་རླབས་ཞུགས་ཤིང་ཁྱད་པར་དུས་མ་ཡིན་པའི་འཆི་བ་བཟློག་པར་མཛད་དུ་གསོལ། དེ་ནས་དབང་བསྐུར་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་བསྐུར་གྱི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བ་ཐོགས་ཏེ་ངག་ཏུ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཞེས་གསུང་ཞིང་བུམ་པའི་ཆུས་ཁྱེད་རང་གི་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་དག དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་མོས་པ་མཛོད་བྱས་ལ་དངོས་སུ་སློབ་དཔོན་གྱིས་བུམ་པ་སྤྱི་བོར་བཞག་ལ། བུམ་པའི་ཆུའང་སྦྱིན། དེ་ནས་དབང་གི་ལྷ་ཁྱེད་རང་རྣམས་ལ་ཐིམ་པར་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པས་
རབ་ཏུ་གནས་པར་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་དོ། །དེ་ནི་རྗེས་གནང་གི་དངོས་གཞི་ཡིན་ལ། མཇུག་གི་ཆོ་ག་ལ་ཁྲུས་བྱ་བ་ནི། དངོས་སུ་སློབ་མ་བུམ་ཆུས་བཀྲུ་ལ་ངག་ཏུ། ཨོཾ་ཏཱ་རེ་སོགས་ཀྱི་སྔགས་ཚར་གཅིག་བརྗོད། མཇུག་ཏུ་ཁྱེད་རང་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཐམས་ཅད་ཀྱི་མཇུག་ཏུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་བཏགས་ལ། ནད་ཐམས་ཅད་ཤཱནྟིཾ༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ འཁོན་དང་གྲིབ་དང་མི་གཙང་བ་ཐམས་ཅད༴ བྱད་དང་བྱུར་དང་སྐལ་བ་ངན་པ་ཐམས་ཅད༴ བཀྲ་མི་ཤིས་པ་ཐམས་ཅད༴ མཚན་མོ་ནག་མོ་དང་དུས་ཀྱི་ཞགས་པ་དང་གཤིན་རྗེའི་ཕོ་ཉ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ རྒྱལ་པོ་དང་ཐེའུ་རང་གི་གནོད་པ་ཐམས་ཅད༴ བཙན་དང་རྨུའི་གནོད་པ་ཐམས་ཅད༴ ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུའོ། །བྱབས་པ་ནི། བུམ་ཆུ་ཅུང་ཟད་རེ་ཁར་འཛིན་དུ་བཅུག་ལ། ཁྱེད་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སློབ་དཔོན་གྱིས་རྨ་བྱའི་སྒྲོས་བྱབས་པས་ཁའི་ཆུ་ལ་འདུས་པའི་མོས་པ་མཛོད་བྱས་ལ། སློབ་དཔོན་གྱིས་ཀུ་ཤའི་སྒྲོ་དང་བཅས་པས་བྱབས་པའི་ཚུལ་བྱ་ཞིང་ངག་ཏུ་སྔགས་ལན་གཅིག་བརྗོད་ལ། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པཱ་ན་ཡ་སྭཱ་ཧཱ། ཞེས་པ་ལ་སོགས་པ་སྟེ། སྔར་གྱི་ཤཱནྟིཾ་ཀུ་རུའི་ཚབ་ཏུ་ཨ་པཱ་ན་ཡ་བཅུག་ལ། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་ཨ་པཱ་ན་ཡ་སྭཱ་ཧཱ། ཞེས་པའི་བར་བརྗོད་ལ། ཁའི་ཆུ་དེ་ཉིད་ཕྱིའི་རྒྱ་མཚོར་དོར་བར་མོས་ལ་མདུན་དུ་སྐྱུག་ཏུ་གཞུག་གོ །སྲུང་བ་ནི། སྤྱི་བོ་ལ་སོགས་པར་རྡོ་རྗེ་རྒྱ་གྲམ་བཞག་ལ། ངག་ཏུ་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་
སྒྲིབ་པ་ཐམས་ཅད་རཀྵ་རཀྵ་ཞེས་པ་ནས། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་རཀྵ་རཀྵ་ཞེས་པའི་བར་བརྗོད་དོ། །སྔར་གྱི་ཨ་པཱ་ན་ཡའི་ཚབ་ཏུ་རཀྵ་རཀྵ་བཅུག་པའོ། །སླར་ཡང་རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །བཅོམ་ལྡན་རིག་པའི་རྒྱལ་མོའི་བྱིན་རླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད་དོ། །དེ་ནས་ཤིས་པ་བྱ་བ་ནི། དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ནས། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་པའི་བར་གྱི་ཚིགས་བཅད་གསུམ་བརྗོད། དེ་ནས་དེ་དག་གི་སྐབས་སུ་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད་བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་པ་ལན་གསུམ་བརྗོད། དེ་ནས་གཏང་རག་གི་མཎྜལ་འབུལ་དུ་བཅུག ལུས་ལོངས་སྤྱོད་ཐམས་ཅད་འབུལ་སྙམ་དུ་བསམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ་ཞེས་སོགས་ལན་གསུམ་བརྗོད། དེ་དག་ནི་པཎ་ཆེན་ཤཱཀྱ་ཤྲཱི་སོགས་ནས་བརྒྱུད་པའི་ཚེ་སྦྱིན་མའི་སྒྲོལ་མ་དཀར་མོའི་རྗེས་གནང་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད་བྱས་ལ་བཏང་ངོ༌། །དེ་ནས་མཇུག་གི་བྱ་བ་ནི། སློབ་དཔོན་གྱིས་མདུན་གྱི་མཆོད་པ་རྣམས་གོང་ལྟར་བསང་སྦྱང་བྱིན་གྱིས་བརླབ། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཚན་སྔགས་སྔོན་དུ་འགྲོ་བའི་ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་སོགས་ཀྱི་བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། ཅེས་འདོད་དོན་ལ་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་སོགས་
ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྟིམ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་བསྲུང༌། བསྔོ་བ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཚེ་སྦྱིན་མའི་སྒྲོལ་མ་དཀར་མོའི་རྗེས་གནང་ཤིན་ཏུ་ཟབ་པ་ཀུན་མཁྱེན་བསོད་ནམས་སེང་གེའི་གསུང་ལ་ཟིན་བྲིས་སུ་བཀོད་པ་འདི་ནི། དགེ་སློང་སངས་རྒྱས་རིན་ཆེན་གྱིས་སྦྱར་བའོ། །མངྒ་ལཾ།། ༈ །སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། བླ་མ་དང་རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་མ། །དྲན་པ་ཙམ་གྱིས་གདུང་སེལ་མ། །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །དེ་མཉེས་བྱེད་པའི་ཆོ་ག་དང༌། །བུམ་ཆོག་རྗེས་གནང་ཆོ་ག་རྣམས། །རྗེ་བཙུན་མ་ལ་མོས་པའི་བློས། །གཞན་ལ་ཕན་ཕྱིར་བཤད་ཀྱིས་ཉོན། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས་པས། མདུན་དུ་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་དབུ་ལ་བླ་མ་འོད་དཔག་མེད་ཀྱི་རྣམ་པར་བཞུགས་པ། ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མསྟཱ་རཱ་ཡེ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ཨོཾ་ཏཱ་རཱ་སརྦ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤཱེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། བཛྲ་ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་
བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱྃ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་ཡིད་བཞིན་གྱི་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན། གཡོན་གྱི་མཐེབ་སྲིན་གྱིས་ཨུཏྤལ་དཀར་པོ་ཐུགས་ཀར་བསྣམས་པ་དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་བཅུ་དྲུག་ལོན་པའི་ངང་ཚུལ་ཅན། དབུ་སྐྲ་མཐོན་མཐིང་ལྟར་གནག་པ་ལྟག་པར་བཅིངས་པ། ཟླ་བའི་རྒྱབ་ཡོལ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རབ་ཏུ་དགྱེས་པའི་སྤྱན་བདུན་དང་ལྡན་པ། སྐུ་ལས་འོད་ཟེར་དཀར་པོ་འཕྲོ་ཞིང༌། ཐུགས་ཀར་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་ལ་ཏཱྃ་ཡིག་དཀར་པོས་མཚན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས། རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། སླར་ཡང་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བདུད་རྩིའི་ཆུས་དབང་བསྐུར་བས། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་
ཏུ་མེད་པས་དབུར་བརྒྱན། གོང་ལྟར་མཆོད་ལ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ནད་རྣམས་ཀུན་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་ཤིང༌། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཐུགས་ཀའི་འཁོར་ལོའི་ལྟེ་བར་ཏཱྃ་ཡིག་གི་མཐར་ཨོཾ་བདག་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛོད་ཅིག་ཧཱ་ཞེས་པས་བསྐོར་བ་དང༌། རྩིབས་བརྒྱད་ལ་མདུན་ནས་གཡས་སྐོར་གྱིས། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པ་ལས་འོད་འཕྲོས། རང་གི་ལུས་ཐམས་ཅད་གང༌། སྡིག་སྒྲིབ་དང་དུས་མིན་གྱི་འཆི་བ་ཐམས་ཅད་དག སངས་རྒྱས་བྱང་སེམས་དང༌། བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་བྱིན་རླབས་དང༌། འཆི་མེད་ཚེ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་ཡིག་འབྲུ་རྣམས་ལ་ཐིམ་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་མང་དང༌། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། སླར་ཡང་གོང་ལྟར་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་མས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད་དེ་དགེ་རྩ་བསྔོ། གཏོར་མ་འབུལ་ན། དཀར་གཏོར་ཆུ་གཙང་གིས་སྦྱངས་ལ། ཡོ་ག་ལྟར་བྱིན་གྱིས་བརླབ་
མི་ཤེས་ན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སོགས་ཀྱི་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་གདབ་གོང་ལྟར་བྱའོ།། ༈ །བུམ་ཆོག་བྱེད་ན། བུམ་པ་མཚན་ཉིད་དང་ལྡན་པ་ལག་ལེན་བཞིན་བཤམ། ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྃ་ལས་བུམ་པ་སྤྱི་དང་མཐུན་པར་བསྐྱེད། དེའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཏཱྃ་ཡིག་ལས་རྗེ་བཙུན་མ་སྔར་ལྟར་བསྐྱེད། སྤྱན་འདྲེན་གྱི་ཚེ། མ་ལུས་སེམས་ཅན་སོགས་ཤློ་ཀ་གསུམ་གྱིས་སྤྱན་དྲང༌། བྱོན་ལེགས་བྱ། ཡོན་ཆབ་ཁྲུས་ཆབ་གདན་གསུམ་ཕུལ། མཆོད་དེ་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿལ་སོགས་པས་དགུག་གཞུག་བྱ། དབང་བསྐུར་རྒྱས་བཏབ་དང༌། མཆོད་བསྟོད་གོང་ལྟར་བྱས་ལ། ཐུགས་ཀའི་འཁོར་ལོ་གསལ་བཏབ། འཁོར་ལོ་དང་སྐུ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང༌། གཟུངས་ཐག་ནས་བཟུང་སྟེ། ཡི་གེ་བཅུ་པ་མང་དུ་བཟླ། གཏོར་མ་ཡོད་ན་གཏང༌། མཆོད་བསྟོད་འདོད་དོན་གསོལ་གདབ་བྱ། ཡིག་བརྒྱས་ལྷག་ཆད་བསྐང༌། ནོངས་པ་བཟོད་པར་གསོལ། དུང་ཆོས་ཀྱི་ཆུ་ཕུལ་ཏེ་ལྷ་ཞུ་བའི་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ།། ༈ །ཁྲུས་ཆོག་བྱེད་ན། ལྷའི་མཚན་དང་སྔགས་འདོན་པ་བསྒྱུར་བ་མ་གཏོགས་རྣམ་འཇོམས་བཞིན་བྱའོ།། ༈ །རྗེས་གནང་བྱེད་ན། སློབ་དཔོན་བསྙེན་པ་སོང་བས། ཡར་ངོའི་ཚེས་བརྒྱད་ལ། གནས་དབེན་པར་མཎྜལ་ཁྲུ་གང་པ་ལ་པདྨ་འདབ་བརྒྱད་བྲི། དབུས་སུ་ཚོམ་བུ་
དགོད། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་འདས་གཏོར་དང་ཆ་གསུམ་གཏོར་མ། བུམ་པ་རྡོ་རྗེ་དྲིལ་བུ་སོགས་བཤམ། མཆོད་པ་ཡོ་ག་ལྟར་བྱིན་གྱིས་བརླབ། བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། ཚོམ་བུ་བསང་སྦྱང་སྔོན་དུ་འགྲོ་བའི་བུམ་བསྐྱེད་ཀྱི་སྐབས་བཞིན་བསྐྱེད། མཆོད་བསྟོད་བྱ། བུམ་པ་གོང་ལྟར་བསྒྲུབ། གཏོར་མ་གཏང༌། ཡི་གེ་བཅུ་པ་སྟོང་ཕྲག་གཅིག་བཟླ། སློབ་མ་ཁྲུས་བྱས་ཏེ་འཁོད་ལ། མཎྜལ་ཕུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་ཤློ་ཀ་གཅིག་དང་འཁོར་བ་ལས་སྒྲོལ་ཏཱ་རེ་མ་ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། སློབ་མ་གོང་ལྟར་ལྷར་བསྐྱེད། ཐུགས་ཀའི་འཁོར་ལོ་གསལ་གདབ། སློབ་དཔོན་རྗེ་བཙུན་མ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས། བདག་གི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ་ནས་རྗེ་བཙུན་སྒྲོལ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། དེ་རྣམས་ཀྱི་ཐུགས་ཀ་ནས་རྗེ་བཙུན་མ་ཐུགས་ཀའི་འཁོར་ལོ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཐོག་མར་སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། སློབ་དཔོན་རྗེ་བཙུན་མར་གསལ་བའི་སྐུ་དང་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས། རྗེ་བཙུན་མའི་སྐུ་དང་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ། སློབ་མ་རྗེ་བཙུན་མར་གསལ་བའི་སྐུ་དང༌། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས་རྗེ་བཙུན་མ་ཡིད་
བཞིན་གྱི་འཁོར་ལོ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་སློབ་མའི་རྒྱུད་ལ་ཞུགས་ཤིང༌། འཁོར་ལོའི་ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས་ཏེ། ལུས་ཀྱི་ནང་ཐམས་ཅད་གང་བས་སློབ་མའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་དུས་མ་ཡིན་པར་འཆི་བའི་རྒྱུར་གྱུར་པའི་ལས་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབས་པར་མོས་ཏེ་ཡི་གེ་བཅུ་པའི་མཐར། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿཨཱཿཞེས་ཡང་ཡང་བཟླས་ཤིང་རོལ་མོ་བྱ། དབང་ལྷ་དེ་བཞིན་གཤེགས་པ་ཐམས་ཅད་དང་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ལྷ་ཚོགས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བ་བསྣམས་ཏེ་དབང་བསྐུར་བར་མོས་ཏེ། ཇི་ལྟར་བལྟམས་པ་ཙམ་སོགས་སྔགས་དང་བཅས་པའི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་བྷི་ཥིཉྩཱ་མི། ཞེས་གསུང་ཞིང་དབང་བསྐུར་བས། ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག ཚོགས་གཉིས་རྫོགས་ཤིང་འཆི་མེད་ཚེའི་དངོས་གྲུབ་ཐོབ། ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་མོས་ལ་མཆོད་པ་ལྔས་མཆོད། མེ་ཏོག་གཏོར་ཏེ་བཀྲ་ཤིས་བརྗོད། སྐུའི་རྗེས་གནང་ཐོབ་ཅིང་སོགས་སྤྱི་དང་མཐུན་པར་ངོ་སྤྲད། སློབ་དཔོན་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཡིག་འབྲུ་རྣམས་ལ་ཐིམ་པས་སྔགས་ཀྱི་ནུས་པ་རྒྱས་ཤིང་བྱིན་རླབས་ཐམས་ཅད་རྒྱུད་ལ་ཞུགས་པར་མོས་ཏེ། ཡི་གེ་བཅུ་པ་ལན་བརྒྱ་རྩ་བརྒྱད་ཀྱི་རྗེས་ཟློས་བྱ། དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་
དབྱེར་མེད་དུ་བྱས། གསུམ་པ་མན་ཆད་ཀྱིས་བརྟན་པར་བྱས་པར་མོས་ལ། སློབ་དཔོན་ལ་མེ་ཏོག་གཏོར་ཏེ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད། སློབ་དཔོན་གྱིས་ཀྱང་སློབ་མའི་མགོ་བོར་མེ་ཏོག་བཞག་སྟེ། བཅོམ་ལྡན་འདི་ལ་སོགས་འདོན་པ་བསྒྱུར། གསུང་གི་རྗེས་གནང་ཐོབ་ཅེས་སོགས་ངོ་སྤྲད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། དེའི་ཐུགས་ཀ་ནས་ཐུགས་ཀའི་འཁོར་ལོ་སྔགས་ཀྱི་ཡིག་འབྲུ་དང་བཅས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ཏེ། སློབ་མའི་ཐུགས་ཀར་ཐིམ་པར་མོས་ཏེ། ལྷ་སྐུ་ཞལ་ཕྱག་གི་རྣམ་པ་སྣང་ཙམ་མ་འགགས་ཤིང༌། གཤིས་ལུགས་ཡོད་མེད་ཅིའང་མ་གྲུབ་པའི་ངང་དུ་ཅུང་ཟད་མཉམ་པར་འཇོག་ཏུ་གཞུག བཅོམ་ལྡན་འདས་མའི་བྱིན་རླབས་ནི་སོགས་བརྗོད་ཅིང་མེ་ཏོག་གཏོར། ཐུགས་ཀྱི་རྗེས་གནང་ཐོབ་ཅེས་སོགས་ངོ་སྤྲད། བཀྲུ་བྱབས་སྲུང་གསུམ་བྱེད་ན་སྐབས་འདིར་བྱ། རྗེས་གཙོ་བོས་མཎྜལ་དེང་ནས་སོགས་སྤྱི་དང་མཐུན། མཆོད་པ་ཁ་གསོས་པ་བྱིན་གྱིས་བརླབས་ལ། མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱ། ལྷག་ཆད་བསྐངས་ལ། བཟོད་པར་གསོལ་ཏེ། ཨོཾ་བཛྲ་མུཿཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །བཅོམ་ལྡན་འཆི་མེད་སྒྲོལ་མ་སྒྲུབ་པའི་ཐབས། །བུམ་ཆོག་རྗེས་གནང་ཆོ་གར་བཅས་པ་འདི། །ཤཱཀྱའི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། །སྦྱར་བའི་དགེ་བས་སྒྲོལ་མ་ཉིད་གྱུར་ཅིག །རྗེས་གནང་ཐུན་མོང་བ་ཙམ་བྱེད་ན་སྒྲུབ་ཐབས་བརྒྱ་རྩའམ། རྒྱ་མཚོའི་ཆིངས་གང་རུང་གིས་བྱའོ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཟུར་འདེབས་བཞུགས་སོ། །རྗེ་
བཙུན་སྒྲོལ་མ་དཀར་མོའི་ཆོ་ག་ལ། ངག་འདོན་རྣམས་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་གཞིར་བཞག དེ་ལ་རྣལ་འབྱོར་པ་མང་པོ་ཚོགས་པའི་ཆོ་ག་བྱེད་ཚེ། ཆོས་རྗེ་བླ་མ་དམ་པ་སོགས་ཀྱི་ཡིག་ཆ་དང༌། མཐོང་བརྒྱུད་ཀྱི་ཕྱག་ལེན་ཐོ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་སྐབས་སུ་གནས་ཁང་བྱི་དོར་བྱས་པར། འབྱོར་ན་མཆོག་གསུམ་སྤྱི་དང་ཁྱད་པར་རྗེ་བཙུན་མའི་བྲིས་འབུར་གྱི་སྐུ་རྟེན་སོགས་དར་ཟབ་སོགས་ཀྱི་ན་བཟའ་དང་བཅས་བཀོད་པ་མཛེས་པར་བཤམ་པ་དང༌། བླ་བྲེ་ཡོལ་བ་སོགས་ཀྱི་མཆོད་རྫས་ཀྱང་གང་འབྱོར་བཤམ། དེ་རྣམས་གཏན་ནས་མ་འབྱོར་ན་ཆད་པའི་སྐྱོན་ནི་མེད་དོ། །དེ་ལྟ་བུའི་རྟེན་གྱི་དྲུང་དུ་མཎྜལ་ཁྲུ་གང་པ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཚོམ་བུ་དཀར་པོ་བཀོད་པ་བཤམ། དེའི་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བཟུང་སྟེ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་གཡས་སྐོར་དུ་བཤམ། བྱང་ཤར་ནས་ཤར་ལྷོའི་བར་དུ་ཟླུམ་གཏོར་གསུམ་དང་བགེགས་གཏོར་རྣམས་ལག་ལེན་བཞིན་བཤམ། དམིགས་བསལ་ནི། གཏོར་མ་དང་པོ་འདས་གཏོར་ཏེ་ཡི་དམ་སྒྲོལ་མ་ལ་ཡིན། གཉིས་པ་ཕྱོགས་སྐྱོང༌། གསུམ་པ་འབྱུང་པོ། བཞི་པ་བགེགས་གཏོར་ནི་བགེགས་རིགས་ལ་སྟེར་རྒྱུའོ། །སློབ་དཔོན་གྱི་མདུན་དུ་ཅོག་ཙེ་སོགས་ཇི་ལྟར་རིགས་པའི་སྟེགས་ལ། བུམ་པ་ཁ་རྒྱན་གཟུངས་རྡོར་གོས་ཟུང་རྡོར་དྲིལ་མེ་ཏོག་སོགས་དང༌། རྣལ་འབྱོར་པ་གཞན་རྣམས་ཀྱི་མདུན་དུའང་རྡོར་དྲིལ་དང་གོས་ཟུང་དང་རྔ་སིལ་དུང་སོགས་མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ་མོ། །དངོས་གཞི་ནི། རྟེན་གྱི་གང་ཟག་འདིའི་རྗེས་གནང་ཐོབ་ཅིང་བསྙེན་པ་སོང་བས་ཤ་ཆང་སྒོག་བཙོང་སོགས་སྤང་ཞིང་ཁྲུས་སོགས་གཙང་སྦྲ་དང་བཅས་གདན་ལ་འཁོད་དེ། ངེས་འབྱུང་གི་བློ་དང་གཞན་ཕན་བྱང་སེམས་སྔོན་དུ་བཏང་ནས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་དང་བཅས་མཆོད་རྫས་ཡཀྵས་བསང་བ་ནས་བཟུང་
སྟེ་མཆོད་པ་བྱིན་རླབས་དྷརྨཱ་ར་ཎི་རོལ་ཆེན་དང་བཅས་བྱིན་དབབ། བདག་བསྐྱེད་ནི་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ་མཇུག་གི་མཆོད་བསྟོད་གསོལ་བཏབ་ཀྱི་བར་དཀྱུས་བཞིན་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་ཞེས་བརྗོད་དོ། །མདུན་བསྐྱེད་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་སོགས་ནས་ས་མཱ་ཛཿའི་བར་རང་ཉིད་ཅེས་པ་དོར་བ་ཙམ་མ་གཏོགས་བདག་བསྐྱེད་བཞིན་བརྗོད། དེ་ནས་སྤོས་དང་རྡོར་དྲིལ་འཛིན་པས། མ་ལུས་སེམས་མགོན་མ་དང་སྤྲོ་ན། ཆོས་རྣམས་ཀུན་གྱི་དབང་ཕྱུག་སོགས་དང༌། དེ་ནས་བཅོམ་ལྡན་འདིར་ནི་སོགས་ནས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱི་བར་དང༌། པུཥྤེ་སོགས་ཀྱིས་མཆོད། ཨོཾ་བཛྲ་ཨཾ་ཀུ་ཤ་སོགས་ཀྱིས་དགུག་གཞུག་བྱ། སླར་ཡང་ཐུགས་ཀའི་སོགས་ནས་འོད་དཔག་མེད་ཀྱིས་དབུར་བརྒྱན་པའི་བར་བྱ། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། དྷརྨཱ་ར་ཎི་བརྗོད་མི་དགོས། རབ་འབྱམས་རྒྱ་མཚོའམ། མཆོད་ཡོན་ཕལ་ཆེར་མ་གང་རུང་དང༌། ཨོཾ་སརྦ་བིད་པཱུ་ར་སོགས་ནས་སྤརྵེ་ཀཱ་མ་གུ་ཎའི་བར་རྒྱལ་སྲིད་སྣ་བདུན་དང་འདོད་ཡོན་ལྔ་རྣམས་ཡོ་ག་ལྟར་དབུལ། རྡོར་དྲིལ་འཛིན་པས་བསྟོད་པ་འཁོར་བ་ལས་སྒྲོལ་སོགས་དང༌། གཞན་ཡང་རྒྱ་གཞུང་བོད་གཞུང་གང་ཤེས་རྣམས་ཀྱིས་བསྟོད། བུམ་པ་བསང་སྦྱང་སོགས་དཀྱུས་བཞིན་ལ་འཁོར་ལོ་གསལ་བཏབ་ནས། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་ནང་གི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། འཁོར་ལོ་དང་སྐུ་ལས་སོགས་འདྲ། གཏོར་མ་རྣམས་ཆབ་ཀྱིས་བྲན་ཏེ་བསང་སྦྱང༌། དང་པོ་ཡི་དམ་སྒྲོལ་མ་ལ་འབུལ། གཞན་རྣམས་ཆ་གསུམ་གྱི་ཆོ་གས་གཏང༌། མདུན་བསྐྱེད་ཀྱི་ཐུགས་ཀར་འཁོར་ལོ་གསལ་བཏབ་སྟེ། བཟླས་པ་སྟོང་ཕྲག་སོགས་བྱ། སྤྲོ་ན་བཟླས་པའི་མཇུག་ཏུའང་མཆོད་བསྟོད་འདོད་དོན་གསོལ་བཏབ་བྱ།
ཁྲུས་ཆོག་བྱེད་ན་ལྷའི་མཚན་དང་སྔགས་འདོན་པ་བསྒྱུར་བ་ཙམ་མ་གཏོགས་ཚེ་དཔག་མེད་དང་རྣམ་འཇོམས་གང་རུང་ལྟར་བྱ། རྗེས་ཆོག་མཆོད་པ་ཁ་གསོས་བྱིན་གྱིས་བརླབ་པ་སོགས་དཀྱུས་ལྟར་ལ། ཞག་གྲངས་མང་པོར་བྱེད་ན་ཉི་མ་སྔ་མ་རྣམས་ལ་རྡུལ་ཚོན་ལ་བརྟན་བཞུགས་དང༌། རྗེས་མའི་ཉིན་གཤེགས་གསོལ་བྱ། མཇུག་ཏུ་བཀྲ་ཤིས་སྟོན་མཆོག་དམ་པའམ་ཆེ་བའི་ཆེ་མཆོག་སོགས་རྒྱས་པ་དང༌། གཞན་ཡང་བསྔོ་བ་སྨོན་ལམ་བརྒྱུད་འདེབས་སོགས་བྱ་ཞིང་འཁོར་གསུམ་རྣམ་པར་དག་པས་རྒྱས་གདབ་བོ། །འདི་ནི་ཅུང་ཟད་རྒྱས་པའི་དབང་དུ་བྱས་པ་ཡིན་ལ། བསྡུ་ན་མདུན་བསྐྱེད་བུམ་པ་ལ་བསྡུ་བ་དཀྱུས་བཞིན་ནོ། །བུདྡྷ་ལཀྵྨཱིས་ཨེ་ཝཾ་དྷརྨཱ་ན་དུ་སྦྱར་བའོ།། ༈ །སྒྲོལ་མ་དཀར་མོའི་བསྟོད་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་བཞུགས། རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་གསོལ་བ་འདེབས་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ། འཕགས་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ལོ། །ཀ་མ་ལ་དང་ཀུ་མུད་གཉེན་གྱི་སྟེང༌། །ཁ་བ་དུང་ལྟར་རབ་དཀར་ལྷ་མོའི་སྐུ། །ག་ཤལ་ནོར་བུའི་ཕྲེང་བས་རབ་མཛེས་མ། །ང་ཡི་ཡི་དམ་སྒྲོལ་མ་ཐུགས་རྗེ་ཅན། །ཅ་ཅོ་སྤངས་པའི་རྩེ་གཅིག་བསམ་གཏན་གྱིས། །ཆ་ལུགས་རབ་མཛེས་ཁྱོད་སྐུ་རབ་བསྒོམ་ཞིང༌། །ཇ་སོགས་འདོད་ཡོན་ཕུད་ཀྱིས་གུས་མཆོད་ཀྱི། །ཉ་གང་ཟླ་འདྲའི་ཞལ་རས་བསྟན་དུ་གསོལ། །ཏ་ཐཱ་ག་ཏ་སྲས་བཅས་བསྐྱེད་པའི་ཡུམ། །ཐ་མལ་སྐྱེ་བོས་བསམ་པའི་ཡུལ་མིན་མ། །ད་ལྟ་ཁྱོད་མིན་བདག་ལ་སྐྱབས་མེད་པས། །ན་ཆུང་ཁྱོད་ཀྱི་ཞལ་འཛུམ་བསྟན་ཏུ་གསོལ། །པ་ལཱ་ཤ་ལྟར་འཇམ་པའི་ཕྱག་ཞབས་མཐིལ། །ཕ་རོལ་གཟིགས་པའི་སྤྱན་གྱིས་ཉེར་མཛེས་ཤིང༌། །བ་མཆོག་རྫི་མས་སྤྲས་པའི་སྤྱན་བདུན་གྱིས། །མ་ལུས་འགྲོ་ལ་ཀུན་ཏུ་གཟིགས་སུ་གསོལ། །ཙ་ན་ཀ་སོགས་སྲིད་ཀྱི་གཞུང་ལུགས་དང༌། །ཚ་གྲང་ནད་སེལ་གསོ་རིག་
བསྟན་བཅོས་སོགས། །ཛ་ཡས་བསྔགས་པའི་ཕྱི་ནང་རིག་གནས་ལ། །ཝ་སྐྱེས་ལྟར་ཞུམ་བདག་ལ་བསྐྱབ་ཏུ་གསོལ། །ཞ་ཉེ་མ་འདྲེས་དངུལ་ལྟར་དངས་པའི་སྐུ། །ཟ་འོག་རེག་འཇམ་གོས་ཀྱིས་མཛེས་བྱས་ཤིང༌། །འ་ཐུར་སྙན་སྒྲོག་རྐེད་སྐབས་དྲིལ་ཆུང་གིས། །ཡ་མཚན་ལུས་མཛེས་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །ར་མ་ཎ་ལྟར་ཚངས་སོགས་འཇིག་རྟེན་གྱིས། །ལ་ལ་མིན་པར་རྟག་ཏུ་མི་བརྫི་བའི། །ཤ་རཱི་རམ་གྱི་རྡོ་རྗེ་ལེགས་ཐོབ་ནས། །ས་མུ་དྲ་ལྟར་ཕུན་ཚོགས་རྒྱས་པར་མཛོད། །ཧ་ར་གཟུང་འཛིན་འཕྲོག་པའི་ཡེ་ཤེས་དང༌། །ཨ་ཡིག་སྐྱེ་མེད་དོན་མཚོན་དེ་བཞིན་ཉིད། །ཐ་དད་གཉིས་མིན་ཟུང་འཇུག་ཆོས་ཀྱི་སྐུ། །མ་མ་ཁྱོད་ཀྱི་དྲིན་ལས་རྟོགས་པར་ཤོག །སྒྲུབ་ལ་མཆོག་སྟེར་འཁོར་བ་ལས་སྒྲོལ་མ། །ཐུགས་རྗེ་མྱུར་མ་འཇིགས་པ་བརྒྱད་སྒྲོལ་མ། །ཤིན་ཏུ་དཔའ་མོ་ནད་ཀུན་ལས་སྒྲོལ་མ། །བདག་གི་ཉེར་འཚེ་བྲལ་བའི་གཞི་ཚུགས་མཛོད། །བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་དང༌། །དཔག་ཡས་བསོད་ནམས་མཁྱེན་པའི་ཡེ་ཤེས་སོགས། །རྣམ་དཀར་ཡོན་ཏན་མ་ལུས་རྒྱས་པ་དང༌། །འགྲོ་བ་ཀུན་གྱི་སྐྱབས་སུ་འགྱུར་བར་མཛོད། །ས་བདག་རྒྱལ་པོ་དགེ་བའི་བཤེས་གཉེན་སོགས། །ཆོས་དང་དཔལ་འབྱོར་ལྡན་པའི་འགྲོ་བ་དང༌། །གདུག་ཅིང་ངན་སེམས་འཆང་བའི་སྐྱེ་བོ་རྣམས། །ཐམས་ཅད་བདག་གི་དབང་དུ་འདུ་བར་མཛོད། །མདོར་ན་བདག་ལ་ཚེ་རབས་ཐམས་ཅད་དུ། །འཕགས་མ་ཁྱོད་ཀྱི་ཐུགས་རྗེས་རབ་བཟུང་ནས། །ཚུལ་ཁྲིམས་ལྡན་ཅིང་ཐོས་བསམ་འཕེལ་བ་དང༌། །སྲིད་ཞིའི་འབྱོར་པ་ཀུན་གྱིས་བརྒྱན་པར་མཛོད། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་དང༌། །བདག་གི་ལྷག་བསམ་རྣམ་པར་དག་པ་དང༌། །རྟེན་འབྲེལ་ཟབ་མོ་བསླུ་བ་མེད་པའི་མཐུས། །ཡི་དམ་ཁྱོད་ཀྱིས་རྗེས་སུ་དགོངས་པར་ཤོག །ནཱ་མ་ཨི་དཾ་ཀུན་འཛིན་ལོ། །གྲོ་བཞིན་པཱུརྞ་མཱ་སའི་ཚེ། །བྷིཀྵུ་དཀོན་མཆོག་ལྷུན་གྲུབ་ཀྱིས། །ཨེ་
ཝྃ་གནས་སུ་ལི་ཁི་ཏཾ།། ༈ །རྗེ་བཙུན་མ་ལ་འདོད་དོན་ཞུ་བའི་གསོལ་འདེབས་བཞུགས་སོ། །ཕྲིན་ལས་རང་བཞིན་ལྷ་མོ་ཁྱོད་བསྟོད་པས། །སེང་གེ་གླང་ཆེན་མེ་དང་རྐུན་པོ་དགྲ། །གདུག་པའི་སྦྲུལ་དང་བཙོན་ཁང་ཆུ་བོའི་འཇིགས། །མི་བཟད་འབྱུང་པོའི་གདོན་ལས་བསྐྱབ་ཏུ་གསོལ། །གློ་བུར་འཆི་དང་རིམས་ནད་དྲག་པོ་དང༌། །བྱད་དང་འབྱུང་བཞིའི་རྐྱེན་དབང་མི་འགྲོ་བར། །ཚེ་རིང་བདེ་བར་གནས་ནས་ལམ་བསྒྲུབ་པར། །ཕྲིན་ལས་ལྷ་མོ་ཁྱོད་ལ་གསོལ་བ་འདེབས། །སྲིད་གསུམ་སྡུག་བསྔལ་མེ་ཡི་ནང་འདུག་ནས། །ཤིན་ཏུ་བརྣག་དཀའི་གདུང་བས་བསྲེགས་ལགས་ན། །བྱང་སེམས་རི་བོང་འཛིན་པའི་ཆུ་རྒྱུན་གྱིས། །ཉེས་པའི་ནད་འདི་སེལ་བར་མཛད་དུ་གསོལ། །ཆགས་དང་འཇིག་ལྟ་འདམ་རྫབ་འདིས་བསྒོས་ནས། །གནས་ལུགས་རིན་ཆེན་མཐོང་བར་མ་གྱུར་ན། །ཁྱོད་ཐུགས་གངྒཱའི་ཆུ་རྒྱུན་དྲི་མེད་ཀྱིས། །ཡང་དག་ཡེ་ཤེས་སྣང་བ་བསྐྱེད་དུ་གསོལ། །ཐབས་ཤེས་ཟུང་དུ་འབྲེལ་བའི་ས་ལམ་གྱིས། །ཐེག་པའི་མཆོག་ལ་རིམ་གྱིས་ལེགས་བགྲོད་ཅིང༌། །ཀུན་མཁྱེན་སངས་རྒྱས་གོ་འཕང་མཐོན་པོ་ནས། །སྡུག་བསྔལ་ལྡན་པའི་འགྲོ་ལ་གཟིགས་པར་ཤོག །ཅེས་པ་བསོད་«་་་་་གློ་བོ་མཁན་ཆེན། »ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཀྱིས་སྦྱར་བ་མངྒ་ལཾ།། ༈ །ན་མོ་གུ་རུ་བྷྱཿ སྟོབས་བཅུའི་དབང་ཕྱུག་ཟས་གཙང་ཤཱཀྱའི་སྲས། །ཐུགས་རྗེའི་དབང་ཕྱུག་རྗེ་བཙུན་སྒྲོལ་མའི་ཞབས། །མཁས་པའི་དབང་ཕྱུག་པཎ་ཆེན་ཤཱཀྱའི་མཚན། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བཙུན་པའི་མཆོག་གྱུར་འདུལ་འཛིན་བྱང་ཆུབ་དཔལ། །མཁས་གྲུབ་དབང་པོ་མཁན་ཆེན་བདེ་བ་དཔལ། །ཤེས་བྱ་ཀུན་མཁྱེན་གྲགས་པ་གཞོན་ནུའི་ཞབས། །གསོལ་བ༴ །རིན་ཆེན་བྱང་ཆུབ་སེམས་ལྡན་བསོད་ནམས་གྲགས། །འཇམ་
དབྱངས་སྤྲུལ་སྐུ་བསོད་ནམས་རྒྱལ་མཚན་དཔལ། །སྙན་བརྒྱུད་གདམས་པས་རྒྱུད་ཕྱུག་དཔལ་ལྡན་པ། །གསོལ་བ༴ །མཁས་བཙུན་གྲུབ་པའི་སར་བཞུགས་ཤར་ཆེན་རྗེ། །རྒྱལ་བའི་ལུང་བསྟན་བརྙེས་པ་ཨེ་ཝཾ་པ། །སྐྱེ་དགུའི་སྐྱབས་གཅིག་དཀོན་མཆོག་རྒྱལ་མཚན་ལ། །གསོལ་བ༴ །གནས་ལྔ་མཐར་ཕྱིན་དམ་ཆོས་རིན་ཆེན་དཔལ། །ཟབ་ཡངས་བློ་གྲོས་རྒྱ་མཚོ་ཆོས་ཀྱི་རྗེ། །ཐུགས་རྗེ་ཀུན་ལ་སྙོམས་པའི་རིན་བཟང་ལ། །གསོལ་བ༴ །རྒྱས་བའི་སྲས་པོ་སྔགས་འཆང་ས་སྐྱ་པ། །གསང་སྔགས་འཆང་བ་དཀོན་མཆོག་ལེགས་འཛིན་རྗེ། །མཁས་པའི་གཙུག་རྒྱན་དཔལ་ལྡན་དོན་གྲུབ་ལ། །གསོལ་བ༴ །སེམས་དཔའ་ཆེན་པོ་དཔལ་མཆོག་རྒྱལ་མཚན་དང༌། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་ཆོས་ཀྱི་རྗེ། །བཀའ་དྲིན་མཉམ་མེད་སངས་རྒྱས་ཕུན་ཚོགས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །རྒྱལ་བའི་ཡུམ་མཆོག་ཡིད་བཞིན་འཁོར་ལོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཉེས་པའི་མུན་པ་མཐའ་དག་བསལ་བྱས་ཏེ། །ཡ་མཚན་སྐུ་མཆོག་ཡིད་ལ་དྲན་པ་དང༌། །ཁྱོད་གསུང་དམ་ཆོས་སྒྲ་དབྱངས་སྒྲོགས་པར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་གསོལ་བ་འདེབས། །འདོད་ཆགས་ཆང་གིས་རྣམ་པར་མྱོས་གྱུར་ནས། །ཞེ་སྡང་མེ་ལྕེའི་ཕྲེང་བས་རང་གཞན་བསྲེགས། །གཏི་མུག་མུན་པས་བླང་དོར་འཆོལ་གྱུར་པའི། །དུག་གསུམ་འབྱུང་པོའི་གདོན་ལས་བསྐྱབ་ཏུ་གསོལ། །ངན་སོང་འཁོར་བའི་བདེ་ལ་མ་ཆགས་ཤིང༌། །མྱང་འདས་དམན་པའི་སེམས་ཀྱང་རབ་སྤངས་ནས། །གཞན་ཕྱིར་སངས་རྒྱས་ཐོབ་འདོད་སྨོན་པའི་སེམས། །རྟག་ཏུ་དགེ་ལ་བརྩོན་པར་བྱིན་གྱིས་རློབས། །སྣ་ཚོགས་སྐྱེ་བའི་རྦ་རླབས་
འཁྲུགས་གྱུར་ཅིང༌། །མི་བཟད་སྡུག་བསྔལ་རླབས་ཀྱིས་རྣམ་པར་གཡེངས། །ན་རྒ་འཆི་བའི་ཆུ་སྲིན་རྒྱུ་བའི་གནས། །འཇིགས་རུང་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཐུགས་རྗེའི་འོད་ཀྱི་ཕྲེང་བས་ཕྱོགས་སུ་ཁྱབ། །སྙིང་རྗེའི་གཞན་དོན་སྤྲུལ་སྐུ་འཇིག་རྟེན་མགོན། །སྡུག་བསྔལ་སྲིད་མཚོ་སྐེམ་པའི་ཉི་མ་ཆེ། །ཡིད་བཞིན་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་འདིའང་དོན་གཉེར་འགས་བསྐུལ་ངོར་ད་རི་དྲཱ་མངྒ་ལའི་མིང་ཅན་གྱིས་བྲིས་པའི་དགེ་བས་འགྲོ་ཀུན་འཆི་བདག་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་ནས་ཡིད་བཞིན་འཁོར་ལོའི་གོ་འཕང་ཐོབ་པར་གྱུར་ཅིག གོང་གི་བརྒྱུད་འདེབས་ཀྱི་ཁ་སྐོང་ནི། སེམས་དཔའ་ཆེན་པོ་དཔལ་མཆོག་རྒྱལ་མཚན་དང༌། །ཞེས་པའི་མཚམས། འཇམ་མགོན་བླ་མ་སངས་རྒྱས་ཕུན་ཚོགས་ཞབས། །རྣམ་འདྲེན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་འཆི་མེད༴ །མཁས་ཤིང་གྲུབ་བརྙེས་ནམ་མཁའ་བསམ་འགྲུབ་དཔལ། །འཇམ་དཔལ་དབྱངས་དངོས་ཀུན་དགའ་བློ་གྲོས་ཞབས། །ཐམས་ཅད་མཁྱེན་པ་ནམ་མཁའ་འཆི་མེད་ལ། །གསོལ་བ་འདེབས་སོ༴ །བྱམས་པའི་ཐུགས་རྗེས་འགྲོ་ཀུན་བུ་བཞིན་སྐྱོང༌། །ལྷར་བཅས་དགའ་མཛད་བསྟན་འཛིན་རྒྱ་མཚོའི་དཔལ། །བཀའ་དྲིན་མཉམ་མེད་མཁན་ཆེན་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་རྩ་བརྒྱུད་བླ་མའི་སོགས་དང་སྦྲེལ་ལོ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་བྱ་ཚུལ་ཡི་གེའི་ཟླ་འོད་གསར་པ་ཞེས་བྱ་བ་བཞུགས་སོ། །དཀར་མཛེས་དར་བབ་ནམ་མཁའི་རྣ་བ་ཡིས། །ཉི་བུའི་དཔུང་ལས་རྣམ་རྒྱལ་
གོ་འཕང་ཉིད། །སྦྱིན་པའི་མཐུ་ཆེན་ཐོབ་ན་གང་སྐུ་ཡི། །མཚུངས་དཔེར་བསྔགས་སོ་ཡིད་བཞིན་འཁོར་ལོ་མ། །གང་གི་སྒྲུབ་ཐབས་ངག་དབང་གྲགས་པ་ཡི། །འཆི་བདག་སླུ་བའི་རྟོག་པ་ལས་བྱུང་བའི། །གཞུང་དོན་ཇི་བཞིན་མཁས་པའི་ཞལ་ལུང་བསྟེན། །ཚེ་སྦྱིན་སྒྲོལ་མའི་བསྙེན་པ་བྱ་ཚུལ་འབྲི། །དེའང་འདིར་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཁྱད་ཆོས་མི་འདྲ་བ་མང་དུ་མཆིས་པ་ལས། འདིར་ངོར་ཆེན་རྡོ་རྗེ་འཆང་ནས་བརྒྱུད་པ་རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ཡིག་ཆའི་སྟེང་ནས་བསྙེན་པ་བྱེད་པ་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི་གནས་དབེན་པར་བྱི་དོར་བྱས་ལ། འབྱོར་ན་རྗེ་བཙུན་མའི་སྐུ་རྟེན་བྲིས་འབུར་གང་རུང་བཀྲམ་པའི་མདུན་དུ། ཡི་དམ་སྒྲོལ་མ་ལ་གཏོར་མ་ཅོག་ཟླུམ་གཅིག སྒྲོལ་མའི་བཀའ་སྡོད་ཀྵེ་ཏྲ་པཱ་ལ་དང་འཇིགས་བྱེད་ཆེན་མོ་གཉིས་ལ་འབུལ་བར་སྤྲོ་ན་ཐུན་མོང་དུ་ཅོག་ཟླུམ་གཅིག་བྱ། ཆ་གསུམ་གཏོར་མ་བཏང་བར་གྲུབ་ནའང་དེའི་གཏོར་མ་དང༌། གཞན་ཉེར་སྤྱོད་བཤམ་པ་སོགས་སྤྱི་ལྟར་ཤེས་པར་བྱའོ། །གཉིས་པ་སྒྲུབ་ཐབས་ཀྱི་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་གསུམ་སྟེ་སྐྱབས་འགྲོ། སེམས་བསྐྱེད། ཚོགས་བསགས་པའོ། །དང་པོ་སྐྱབས་འགྲོ་ལ། རྒྱུ་ཡུལ་ཚུལ་སོགས་གཞན་ནས་འབྱུང་བ་ལྟར་ཤེས་པར་བྱ་བ་ལས་འདིར་འབྲི་མི་དགོས་མོད། དེའི་ནང་ནས་སྐྱབས་སུ་འགྲོ་བའི་ཡུལ་གསལ་འདེབས་པའི་ཚུལ་ཅུང་ཟད་སྨོས་ན། རང་ཉིད་གནས་པའི་ཞིང་འདིར་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་ས་གཞི་བཻཌཱུརྻའི་རང་བཞིན་ཅན་གྱི་དབུས་སུ་རང་ཉིད་གནས་པའི་མདུན་གྱི་བར་སྣང་ལ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་རྩ་བའི་བླ་མ་སྒྲོལ་མ་དཀར་མོའི་རྣམ་པ་ཅན་ལ། བརྒྱུད་པའི་བླ་མས་བསྐོར་བ་སོགས་འོག་ནས་འབྱུང་བ་ལྟར་གསལ་འདེབས་པའམ། ཡང་ན་མདུན་གྱི་ས་གཞི་ལས་
ཡར་སྐྱེས་པའི་ཚུལ་གྱི་དཔག་བསམ་གྱི་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པའི་རྩེ་མོར་པདྨ་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རྩ་བའི་བླ་མ་དང་བརྒྱུད་པའི་བླ་མས་བསྐོར་བ་ཐམས་ཅད་ཀྱང་སྒྲོལ་མ་དཀར་མོའི་རྣམ་པ་ཅན་དང༌། མདུན་གྱི་འདབ་མར་སྒྲོལ་དཀར་སོགས་ཡི་དམ་གྱི་ལྷ་ཚོགས། གཡས་ཀྱི་འདབ་མར་ལོངས་སྤྲུལ་གྱིས་བསྡུས་པའི་སངས་རྒྱས། རྒྱབ་ཀྱི་འདབ་མར་ལུང་རྟོགས་ཆོས་ཀྱི་ངོ་བོ་གླེགས་བམ་བརྩེགས་པ། གཡོན་གྱི་འདབ་མར་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་དགྲ་བཅོམ་གྱི་ཚོགས། གཞན་ཡང་ཆོས་སྲུང་ནོར་ལྷ་རྣམས་ཀྱང་མཐའ་སྐོར་དཔག་བསམ་ཤིང་གི་ལོ་འདབ་ཀུན་ཏུ་བཞུགས་པར་གསལ་གདབ། སྐྱབས་སུ་འགྲོ་བའི་ཚུལ་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་སུ་འགྲོ་བ་དང་སྐྱབས་ཡུལ་རང་ལ་བསྟིམ་པ་སོགས་སྤྱི་ལྟར་རོ། །གཉིས་པ་སེམས་བསྐྱེད་ནི། དཀྱུས་ཀྱི་ཚིག་དེ་ཉིད་ངག་ཏུ་བརྗོད་ཅིང་སེམས་ཅན་གྱི་དོན་དུ་རང་ཉིད་སངས་རྒྱས་ཐོབ་པར་འདོད་པ་ནི་སྨོན་པའི་སེམས་དང་དེའི་ཆེད་དུ་སྒྲོལ་མ་དཀར་མོའི་སྒོམ་བཟླས་ལ་འབད་པ་ནི་འཇུག་པ་སེམས་བསྐྱེད་པ་ཡིན་ནོ། །གསུམ་པ་ཚོགས་གསག་པ་ལ་གཉིས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ནི། ཚོགས་ཞིང་སྤྱན་དྲངས་པ་དེ་ལ་ཕྱག་བྱ་བ་དང་མཆོད་པ་འབུལ་བ། དེ་དག་གི་སྤྱན་སྔར་ཡན་ལག་བདུན་པ་འབུལ་བ་རྣམས་སྒྲུབ་ཐབས་དཀྱུས་སུ་གསལ་བ་ལྟར་དོན་ཡིད་ལ་དྲན་པའི་སྒོ་ནས་འདོན་པ་ཡིན་ནོ། །གཉིས་པ་ནི། རང་གི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས་དེའང་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་མི་དམིགས་པར་བསམ་པ་ཉིད་དོ། །དེ་རྣམས་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ་ལྷ་བསྐྱེད་པ། བཟླས་པ་བྱ་བ། སྦྱིན་བདག་གི་ཆེད་དུ་དམིགས་
བསལ་བསྟན་པའོ། །དང་པོ་ནི། སྔར་གྱི་སྟོང་ཉིད་དེའི་ངང་ལས་རང་སེམས་གསལ་བའི་གདངས་འགགས་མེད་ཡི་གེ་པྃ་དུ་གྱུར་པ། དེ་ལས་པདྨ་དཀར་པོ་འདབ་མ་རྒྱས་པ་ལྟེ་བ་གེ་སར་དང་བཅས་པར་བསམ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་པའི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཏཱྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ནས་འོད་ཟེར་ཚུར་འདུས་ཏཱྃ་«་་་་་བོད་ཡིག་དབུ་ཅན་གྱི་རྣམ་པ་ལ། རིང་ཆ་ཟླ་ཚེས་ལ་ཐིག་ལེ་ནཱ་ད་དང་བཅས་པར་བསམ། »ཡིག་ལ་ཐིམ་ཞིང༌། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྐུར་གྱུར་པ་ནི། ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བཏབ་པ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་འབྲུ་གསུམ་བསྒོམས་པ་ནི་བྱིན་གྱིས་རློབ་པ་ཉེར་སྒྲུབ་ཀྱི་ཡན་ལག སྙིང་གའི་ཏཱྃ་གྱི་འོད་ཟེར་གྱིས་རྗེ་བཙུན་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་སྤྱན་དྲངས་ནས་དགུག་གཞུག་བཅིང་དང་དབྱེར་མེད་དུ་བྱ་བ་དང་གདན་འབུལ་བ་དང་བཅས་པ་ནི་སྒྲུབ་པའི་ཡན་ལག དབང་ལྷ་རིགས་ལྔ་འོད་དཔག་མེད་གཙོ་བོར་བྱས་པ་སྤྱན་དྲངས། དེ་ལ་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། རིགས་བདག་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱི་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། ཡན་ལག་བཞི་རྫོགས་སུ་བསྒྲུབས་ནས། དེ་ལ་རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་ཀྱིས། ཚུར་རང་ལ་མཆོད་པའི་བསམ་པས་མཆོད་བསྟོད་བྱ་བ་རྣམས་དཀྱུས་ནས་འབྱུང་བ་ལྟར་བྱ་བ་ནི་ལྷ་བསྐྱེད་ཅིང་མཆོད་པ་ཡིན་ནོ། །གཉིས་པ་ནི། བཟླས་པ་ལ་འཇུག་པ་ནི། རང་གི་ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ་ལངས་ཐབས་སུ་གནས་པའི་མཐར། མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་པའམ། བདག་གི་ཚེ་དང་
བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛོད་ཅིག་ཅེས་པ་གང་ཡང་རུང་བས་བསྐོར་བ་དང༌། དེའི་ཕྱི་རོལ་ཏཱྃ་གྱི་མདུན་ཕྱོགས་སུ་ཨོཾ་དང་རྒྱབ་ཕྱོགས་སུ་ཧཱ། རྩིབས་བརྒྱད་ལ་མདུན་རྩིབས་ནས་བརྩམས་ཏེ། ཡི་གེ་རེ་རེ་སྟེ་བརྒྱད་དང་བཅས་པ་གསལ་གདབ། འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་སྟོན་ཟླའི་འོད་ལྟར་འཕྲོས། རང་གི་ལུས་ཐམས་ཅད་དུ་ཁྱབ་པས་ཚེ་རབས་ཐོག་མ་མེད་པ་ནས་གཞན་གྱི་སྲོག་བཅད་པ་ལ་སོགས་པ་ཚེ་ཐུང་བར་འགྱུར་པའི་སྡིག་སྒྲིབ་གང་བསགས་བག་ཆགས་དང་བཅས་པ་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་དང་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བཅོམ་ལྡན་འདས་མའི་སྐུ་དང་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བསམས་ལ་སྔགས་ཀྱི་བཟླས་པ་སྙིང་པོ་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་དང༌། དེ་ཉིད་ཚེ་སྒྲུབ་སྔགས་དང་སྦྲེལ་བའང་ཅི་ནུས་བཟླ། ཚེ་སྒྲུབ་རྒྱས་པར་བསགས་ན་འབུམ་ཕྲག་བཞིའི་བསྙེན་པ་བྱ་བ་ཡིན་ནོ། །གཞུང་དངོས་ལས་ནི། ཆེད་དུ་ཟླ་བ་དྲུག་གི་བར། སྒྲོལ་མའི་འཁོར་ལོ་བསྒོམས་བྱས་པས། །དངོས་གྲུབ་ཐམས་ཅད་ཐོབ་འགྱུར་ཞིང༌། །འཆི་བའི་སྐྱོན་གྱིས་མི་གོས་སོ། །ཞེས་དང༌། ཟླ་བ་དྲུག་ཏུ་ཚང་ཡིད་ཀྱིས། །ངེས་པ་བརྟན་པོ་དག་ཏུ་བྱ། །ཡི་གེ་བཅུ་པའི་སྔགས་འདི་ནི། །མི་སྐྱོ་ཡིད་ཀྱིས་བཟླ་བྱར་བྱ། །ཞེས་སོགས་གསུངས་པ་ལྟར་ན་ཡི་གེ་བཅུ་པ་ཟླ་བ་དྲུག་ཏུ་བཟླ་བའང་གསུངས་པའི་དུས་ཀྱི་བསྙེན་པའོ། །དེ་ལྟར་བསྙེན་པ་མཐར་ཕྱིན་པས་སྦྱིན་སྲེག་བྱེད་ན་མཁན་ཆེན་སངས་རྒྱས་ཕུན་ཚོགས་པ་ལ་སོགས་པས་མཛད་པའི་ཡི་གེ་ལྟར་བྱ་བ་ཡིན་ནོ། །གསུམ་པ་ནི། བསྙེན་པ་དེ་སྦྱིན་བདག་གི་ཆེད་དུ་དམིགས་བསལ་དགོས་པའི་
ཚེ། དང་པོ་ལྷ་བསྐྱེད་གཞིའི་ས་བོན་ཏཱྃ་ཡིག་བསྒོམ་པ་དེའང་རང་དང་སྦྱིན་བདག་གཉིས་ཀའི་སེམས་ཉིད་ཀྱི་ངོ་བོ་ཡིན་སྙམ་པ་དང༌། དེ་ལས་འོད་ཟེར་སྤྲོ་བསྡུ་བྱས་པ་ལས་བྱུང་བའི་སྒྲོལ་མ་དཀར་མོའི་སྐུ་བསྒོམ་པ་དེའང་ངོ་བོ་རང་དང་སྦྱིན་བདག་དབྱེར་མེད་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་ལྷ་སྐུ་སྒྲོལ་མ་དཀར་མོའི་རྣམ་པ་ཅན་དུ་བསྒོམ་པ་སྟེ། དེའང་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པ་སྣང་ཙམ་རང་བཞིན་སྟོང་པ་ཉིད་དུ་བསྒོམ་པ་ཡིན་ལ། སྔགས་བཟླ་བའི་ཚེ་ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ་དཀར་པོའི་ཁོག་པ་སྦུབས་སྟོང་ཡོད་པའི་ནང་དུ་རང་དང་སྦྱིན་བདག་གཉིས་ཀའི་གཟུགས་བརྙན་ཇི་ལྟ་བ་རེ་ཡོད་པར་གསལ་བཏབ་ན། ཏཱྃ་ཡིག་དེ་རང་དང་སྦྱིན་བདག་དབྱེར་མེད་དུ་བསྒོམས་པར་འགྲོ་བས་ཡི་གེ་བཅུ་པ་བཟླ་བ་དང༌། ཚེ་སྒྲུབ་སྔགས་ཤམ་བུ་ཅན་ཡང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་པ་སྟེ་དེ་བོད་སྐད་དུ་བསྒྱུར་ན། བདག་གི་ཚེ་བསོད་ནམས་ཡེ་ཤེས་རྒྱས་པར་མཛོད་ཅིག་ཅེས་པའི་དོན་ཡིན་པས་རང་དང་སྦྱིན་བདག་གཉིས་ཀའི་ཚེ་བསོད་ནམས་སོགས་རྒྱས་པའི་རྒྱུར་འགྲོ་བ་ཡིན། སྔར་གྱི་དམིགས་པའི་གནད་དེ་དག་མ་ཤེས་ན། འཁོར་ལོ་ལ་བཀོད་པའི་སྔགས་དང༌། རང་གི་བཟླ་བར་བྱ་བའི་སྔགས་ཀྱང་སྦྱིན་བདག་ཆེ་གེ་མོ་གང་དང་གང་ཡིན་གྱི་མིང་དེ་དང་དེའི་ཁ་བསྒྱུར་རྒྱ་སྐད་བོད་སྐད་བསྒྱུར་ཤེས་པ་ཞིག་གིས་མིན་པ་སུ་ཡིན་གྱིས་བསྙེན་པ་བྱེད་ཤེས་པ་ཡང་མ་མངོན་ནོ། །ཐུགས་ཀའི་འཁོར་ལོའང་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱི་རྩ་བ་དང་རྩིབས་ཀྱི་ཕྱི་རོལ་དུ་མུ་ཁྱུད་དཀར་པོ་རིམ་གཅིག་ཡོད་པ་ཙམ་གྱིས་ཆོག་གོ །དེ་ལས་གཞན་མ་བཤད་པས་མི་དགོས་ལ། འཁོར་ལོའི་ལྟེ་བར་ཏཱྃ་གྱི་མདུན་ནས་བརྩམས་ཏེ་ནང་སྐོར་དུ་བདག་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛོད་ཅིག ཅེས་པས་སྒོར་མོར་འཁོར་བར་ཡིག་འབྲུ་ལངས་ཐབས་སུ་ཡོད་པར་
བསམ། ཡང་དེ་ཉིད་ལེགས་སྦྱར་གྱི་སྐད་དུ་རང་གི་ངག་ནས་འདོན་བཞིན་བྱེད་པར་སྤྲོ་ན། མ་མ་ཨཱ་ཡུཿཔུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་པས་བསྐོར་བར་བསམས་ཀྱང་ཆོག གཉིས་ཀ་ལྟར་ཡང་དེའི་ཕྱི་རོལ་གྱི་མདུན་ཕྱོགས་སུ་ཨོཾ་དང་རྒྱབ་ཕྱོགས་སུ་ཧཱ་ཡོད་པ་བསྒོམ་པ་ཡིན་ནོ། །རྩིབས་བརྒྱད་ལ་མདུན་ཕྱོགས་ཤར་རྩིབས་ལ་ཏཱ། ཤར་ལྷོར་རེ། ལྷོར་ཏུཏཱ། ལྷོ་ནུབ་ཏུ་ཏྲ། ལྷོ་ནུབ་ཏུ་ཏཱ། ནུབ་ཏུ་རེ། ནུབ་བྱང་དུ་ཏུ། བྱང་དུ་རེ། བྱང་ཤར་དུ་སྭཱ་རྣམས་བཀོད། དེ་ཙམ་ལས་མུ་ཁྱུད་རྣམས་ལ་ཡི་གེ་བཀོད་པ་ལུགས་འདི་ལ་མི་བཞེད་པས་དེ་བཞིན་བྱ་རུང་བ་མིན་ནོ། །ཐུན་བསྡུ་བ་ནི། བཟླས་པའི་མཇུག་མཆོད་བསྟོད་བྱས་ལ་འདོད་དོན་གསོལ་བ་གདབ་པ་རྣམས་དཀྱུས་ལྟར་བྱའོ། །དེ་ལྟར་རང་དོན་དང་གཞན་དོན་གང་གཙོ་བོར་བྱེད་པའི་བསྙེན་པ་གང་ཡིན་ཡང་དེ་མཐར་གཏོར་མ་འབུལ་བ་ནི། དང་པོ་རྗེ་བཙུན་མ་ལ་སྒྲུབ་ཐབས་ཀྱི་དཀྱུས་ལྟར་ཕུལ་ནས་འདོད་དོན་གསོལ་བ་གདབ། གཉིས་པ་སྒྲོལ་མའི་བཀའ་སྡོད་ཀྵེ་ཏྲ་པ་ལ་དང་འཇིགས་བྱེད་ཆེན་མོ་ལ་འབུལ་ཏེ། འབྲུ་གསུམ་གྱིས་བྱིན་བརླབས་ནས། རང་རྗེ་བཙུན་མར་གསལ་བའི་སྙིང་ག་ནས་འོད་ཟེར་འཕྲོས་པས། བཀའ་སྡོད་ཀྵེ་ཏྲ་པཱ་ལ་ཞེས་བྱ་བ་མི་དཀར་དར་གྱི་ཐོད་བཅིངས་ཅན་གོས་དཀར་གྱོན་པ། ཆོས་སྐྱོང་འཇིགས་བྱེད་ཆེན་མོ་ཞེས་བྱ་བ་བུད་མེད་སྔོ་བསངས་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་རྣམ་པ་ཅན་གཉིས། ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ནས་གཏོར་མ་འབུལ་བ་དགྱེས་པས་བཞེས་པར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་མ་ཧཱ་ཀྵེ་ཏྲ་པཱ་ལཱ་ཡ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་ཞིང་སྐྱོང་ཆེན་པོ་ལ་དབུལ། དེ་བཞིན་དུ། ཨོཾ་ཌཱ་ཀི་ཎཱི་མ་ཧཱ་བྷཻ་ར་ཝྱཻ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་མཁའ་འགྲོ་འཇིགས་བྱེད་ཆེན་མོ་ལ་དབུལ། དེ་ནས་
ཨོཾ་བཛྲ་པུཥྤེ་སོགས་ནས། ནཻ་ཝི་དྱ་ཨཱཿཧཱུྃ་ཞེས་པའི་བར་གྱིས་མཆོད། སྔོན་ཚེ་རྗེ་བཙུན་སྒྲོལ་མའི་སྤྱན་སྔ་རུ། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདགས་ཤིང༌། །གང་བཅོལ་ཕྲིན་ལས་སྒྲུབ་པར་དམ་བཅས་པ། །ཞིང་སྐྱོང་འཇིགས་བྱེད་ཆེན་མོ་བཅས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད་ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། བཀའ་སྡོད་དེ་གཉིས་ནི་བླ་མ་གཉན་ལོ་ཙཱ་བས་སྒྲོལ་མའི་བསྙེན་པ་མཛད་པའི་དུས་སུ་ཀྵེ་ཏྲ་པཱ་ལ་འོངས་ཏེ། ང་སྒྲོལ་མའི་བཀའ་སྲུང་ཡིན་ང་ལ་གཏོར་མ་བྱིན་ཅིག་དང༌། ངས་ཁྱོད་སངས་རྒྱས་པའི་བར་གྱི་ཡོན་བདག་བྱ་ཡིས། ངའི་སྲོག་གི་སྙིང་པོ་འབུལ་གྱི་ཞེས་སྨྲ་ཞིང༌། ཨོཾ་ཀྵེ་ཏྲ་པཱ་ལ་ཙི་ཏ་ཀ་ཡུ་བྷེ་ར་ཏ་པ་ཧཱུྃ་ཧ་ཧོ་ཕཊ་སྭཱ་ཧཱ་ཞེས་ཕུལ་ནས་མི་སྣང་བར་གྱུར་ཏོ། །དེ་རྗེས་ཙམ་ནས་འཇིགས་བྱེད་ཆེན་མོ་འོངས་ནས་ང་སྒྲོལ་མའི་བཀའ་སྡོད་ཡིན། ངས་ཁྱོད་ལ་སྲོག་གི་སྙིང་པོ་སྦྱིན་གྱི། བསྙེན་པ་ཁྲི་གྱིས་ལ་གཏོར་མ་བྱིན་ཅིག ངས་ཕྲིན་ལས་བཞི་སྒྲུབ་ཅེས་སྨྲ་ཞིང༌། ཨོཾ་ཌཱ་ཀི་ནཱི་ཛྭ་ལ་ཙི་ཏ་ཀེ་ར་ཏེ་རུ་བྷཱ་ཡ་སྭཱ་ཧཱ་ཞེས་དབུལ་ལོ། །སྲོག་སྙིང་འདི་གཉིས་སྔར་གྱི་ཡི་གེ་རྙིང་པའི་རྒྱུན་འབྱམས་སོང་བས་སྔགས་དག་པོ་མ་བྱུང་བས་གཏོར་མ་འབུལ་བ་ལའང་མཚན་སྔགས་ཀྱིས་ཆོག་པར་བྱས་པ་ཡིན། དེ་མིན་སྲོག་སྔགས་གཉིས་དག་པ་ཞིག་བྱུང་ན་དེ་ལ་གཏོར་སྔགས་བཏགས་ནས་འབུལ་ནའང་ཆོག་གོ །དེ་ནས་ཆ་གསུམ་གཏོར་མ་གཏང་བའི་དབང་དུ་སོང་ན་ཅུང་ཟད་མ་གཏོགས་ཀུན་རིག་ལྟར་གཏང་ངོ༌། །གསུམ་པ་རྗེས་ལ་གཉིས། མཇུག་གི་དབྱེ་བ་དངོས་དང་ཕན་ཡོན་བསྟན་པའོ། །དང་པོ་ནི། མདུན་བསྐྱེད་རྗེ་བཙུན་མ་ལ་ཡི་གེ་བརྒྱ་པ་ཚར་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་ཨོཾ་ཁྱེད་
ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། རང་གི་དཔྲལ་བར་ཨོཾ་སོགས་ཀྱིས་གནས་གསུམ་བསྲུང་བ་དང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །ཞེས་སོགས་དང༌། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་སོགས་ཀྱིས་བསྔོ་བ་སྨོན་ལམ་བཀྲ་ཤིས་མདོར་བསྡུས་ཀྱིས་མཐའ་བརྒྱན་པར་བྱའོ། །གཉིས་པ་ནི། དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནི་གཞུང་ལས། ཚངས་དབང་ཁྱབ་འཇུག་ཉི་ཟླ་དང༌། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང༌། །བ་སྤུའི་རྩེ་མོ་བསྐྱོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་དང༌། །ནད་དང་དབུལ་སོགས་མདོར་བསྡུ་ན། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་རབ་ཏུ་འཇོམས། །ཞེས་དང༌། དངོས་གྲུབ་གཞན་འབྱུང་བའང་དེ་ཉིད་ལས། སྐུལ་བ་མེད་པར་གོས་དང་ནི། །ཁ་ཟས་རིན་ཆེན་ལ་སོགས་ཐོབ། །རལ་གྲི་མིག་སྨན་རྐང་མགྱོགས་དང༌། །བུམ་པ་བཟང་པོ་ལ་སོགས་འགྲུབ། །སྙན་མངགས་དང་ནི་སྨྲ་བ་མཁས། །བློ་རྣོ་ཤེས་རབ་དྲི་མ་མེད། །གཞན་ཡང་འདོད་པའི་དངོས་གྲུབ་རྣམས། །འཁོར་ལོ་འདི་ལས་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕན་ཡོན་རྣམས་དང༌། གཞན་ཡང་འདི་ཉིད་ནི་ཕྲིན་ལས་ཀྱི་ལྷ་ཡིན། འཕགས་བོད་ཀྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་མང་པོས་བསྒྲུབས་པ་དང་གསོལ་བ་བཏབ་པས་འཕྲལ་ཉིད་དུ་རྗེས་སུ་བཟུང་བའི་ལོ་རྒྱུས་ཡིད་ཆེས་སྐྱེད་པ་མང་དུ་མཆིས་མོད། འདིར་ཡི་གེ་མང་གིས་དོགས་པས་མ་བྲིས་སོ། །ཡང་རྗེ་ཚར་ཆེན་ཡབ་སྲས་ནས་བརྒྱུད་པ་འོད་ཟེར་དྲུག་སྦྲགས་བསྒོམ་པ་དང་ཐུགས་ཀའི་འཁོར་ལོ་སོགས་ཁྱད་པར་རྒྱས་ཙམ་འབྱུང་བ་ཡོད་མོད། དེའི་ལུགས་ཀྱི་རྗེས་གནང་ཁྲིད་བཅས་ཐོབ་དགོས་པ་ཡོད་དོ། །འདིར་སྨྲས་པ།
ཡིད་འཕྲོག་མཛེས་སྐུ་ཡིད་ཀྱི་རྩིབས་ལོགས་སུ། །སྣང་སྟོང་རྩེ་གཅིག་པིར་གྱིས་ལེགས་བྲིས་ནས། །གྲགས་སྟོང་སྔགས་ཀྱི་བཟླས་པས་འཆི་མེད་ཚེ། །སྒྲུབ་ཐབས་རྨད་བྱུང་སྒྲོལ་མ་ཟླ་བཞིན་མ། །གང་གི་སྒོམ་བཟླས་ལ་བརྟེན་རྒྱལ་བ་དང༌། །རྒྱལ་ཡུམ་སྲས་དང་བཅས་པའི་ཐུགས་རྗེ་དང༌། །བྱིན་རླབས་ནུས་མཐུ་ཐམས་ཅད་རང་དབང་དུ། །འགུགས་པར་བྱེད་པའི་བསྙེན་པ་བྱ་ཚུལ་བགྱིས། །དེ་ལས་སྐྱེས་པའི་ལེགས་བྱས་ཟླ་འོད་གསར། །མཐའ་ཡས་འགྲོ་བློའི་ས་དགའི་མེ་ཏོག་ཚལ། །རེག་པའི་མོད་ལ་ཚེ་དཔལ་བསོད་ནམས་ཀྱི། །འདབ་བརྒྱ་རྣམ་གྲོལ་བྱང་ཆུབ་ཚོགས་རྒྱུར་ཤོག །ཅེས་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་བསྙེན་པ་བྱ་ཚུལ་གྱི་ཡི་གེའི་ཟླ་འོད་གསར་པ་ཞེས་བྱ་བ་འདི། རྫོང་ཆེན་མགོའི་དབུ་མཛད་བླ་མ་ཕུན་ཚོགས་གྲགས་པའི་གསུང་གིས་བསྐུལ་ངོར། བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་བོད་པས་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཀྱི་དབང་པོའི་ཕྱོགས་ཀྱི་བསྟི་གནས་སུ་བྲིས་པ་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། ༈ །ན་མོ་གུ་རུ་ཏཱ་རཱ་ཡེ། སྟོབས་བཅུའི་དབང་ཕྱུག་སྟོན་པ་ཤཱཀྱའི་ཏོག །རྗེ་བཙུན་སྒྲོལ་མ་པཎ་ཆེན་ཤཱཀྱ་ཤྲཱི། །མཁན་ཆེན་བྱང་ཆུབ་དཔལ་དང་བདེ་བ་དཔལ། །གྲགས་པ་གཞོན་ནུ་རྣམས་ལ་གསོལ་བ་འདེབས། །བསོད་ནམས་གྲགས་པ་བསོད་ནམས་རྒྱལ་མཚན་ཞབས། །དཔལ་ལྡན་ཚུལ་ཁྲིམས་ཤར་ཆེན་ཡེ་ཤེས་མཚན། །ངོར་ཆེན་ཀུན་དགའ་བཟང་པོ་མུས་ཆེན་རྗེ། །པཎ་ཆེན་ཆོས་དཔལ་རྣམས་ལ་གསོལ་བ་འདེབས། །བློ་གྲོས་རྒྱ་མཚོ་རིན་ཆེན་བཟང་པོ་དང༌། །སྔགས་འཆང་ཀུན་དགའ་བསོད་ནམས་དཀོན་མཆོག་ལེགས། །དཔལ་ལྡན་དོན་གྲུབ་དཔལ་མཆོག་རྒྱལ་མཚན་དང༌། །སངས་རྒྱས་ཕུན་ཚོགས་རྣམས་ལ༴ །བཀྲ་ཤིས་ལྷུན་གྲུབ་རྩ་བའི་བླ་མ་སོགས། །བཀའ་སྲོལ་བྱིན་རླབས་དངོས་བརྒྱུད་བླ་མ་དང༌། །ཡི་
དམ་ལྷ་ཚོགས་རྒྱལ་བ་སྲས་དང་བཅས། །བསྟན་སྲུང་ནོར་སྦྱིན་རྣམས་ལ་གསོལ་བ་འདེབས། །བླ་མ་མཆོག་གསུམ་གཏན་གྱི་སྐྱབས་བཟུང་ནས། །བསླབ་བྱའི་སྡོམ་པ་ཉེས་མེད་བསྲུང་བ་དང༌། །གཞན་དོན་བླ་མེད་བྱང་ཆུབ་གོ་འཕང་ཉིད། །སྨོན་འཇུག་སེམས་ཀྱི་དམ་བཅའ་བརླིང་བར་ཤོག །དད་གསུམ་སྙིང་རྗེའི་ཡུལ་ལ་ཉེར་བརྟེན་ནས། །རྒྱ་ཆེན་བསོད་ནམས་ཚོགས་དང་ཆོས་ཀུན་གྱི། །གནས་ལུགས་ཡང་དག་རྟོགས་པའི་ཡེ་ཤེས་ཚོགས། །ཟུང་འཇུག་སྐུ་གཉིས་འགྲུབ་རྒྱུར་སྨིན་པར་ཤོག །ཆུ་སྐྱེས་ཟླ་བའི་གདན་ལ་ཏཱྃ་ཡིག་གི །འཕྲོ་འདུ་ལས་གྲུབ་ཡིད་བཞིན་འཁོར་ལོ་མའི། །མཛེས་སྐུ་དར་བབ་བསྒོམས་པས་དལ་འབྱོར་རྟེན། །རྒ་ཤི་མེད་པར་རྡོ་རྗེའི་སྐུ་ཐོབ་ཤོག །འཁོར་བའི་སྡུག་བསྔལ་མཚོ་དང་འཇིགས་ཆེན་བརྒྱད། །ནད་རིམས་གདུང་བ་ལས་སྒྲོལ་གསང་བའི་སྔགས། །གྲགས་སྟོང་རང་བཞིན་མེད་བཟླས་རྒྱལ་ཀུན་གྱིས། །རྗེས་བཟུང་འཆི་མེད་དངོས་གྲུབ་ཐོབ་པར་ཤོག །སྙིང་དབུས་ཟླ་བའི་འཁོར་ལོ་ཡིག་འབྲུ་ལས། །འོད་ཟེར་སྤྲོ་བསྡུས་ལས་སྒྲིབ་ཀུན་སྦྱངས་ནས། །འཁོར་འདས་ཚེ་བཅུད་དབང་བསྡུས་བདག་ལ་ཐིམ། །ལུས་ཀུན་ཁྱབ་པས་འཆི་མེད་ཐོབ་པར་ཤོག །མདོར་ན་འཆི་བདག་ལས་རྒྱལ་སྒྲོལ་མ་ཡི། །གསང་གསུམ་རྣལ་འབྱོར་སྒོམ་བཟླས་རྟེན་འབྲེལ་གྱིས། །བདག་གི་སྒོ་གསུམ་རྡོ་རྗེ་གསུམ་གྲུབ་ནས། །བསྟན་དང་སེམས་ཅན་དོན་ཆེན་འབྱུང་བར་ཤོག །ཅེས་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་རྗེས་གནང་གི་བརྒྱུད་པའི་གསོལ་འདེབས་འདི་ནི། དགེ་སློང་བསྟན་འཛིན་རྣམ་རྒྱལ་གྱིས་བསྐུལ་ངོར། བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་འཕྲལ་དུ་བྲིས་པ་སརྦ་མངྒ་ལཾ་བྷ་ཝ་ཏུ།། །།གོང་གི་བརྒྱུད་པའི་ཁ་སྐོང་ནི། སངས་རྒྱས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །ཞེས་པའི་རྗེས་སུ། བསྟན་འཛིན་ལྷུན་གྲུབ་ནམ་མཁའ་བསམ་འགྲུབ་དང༌། །ངག་གི་དབང་པོ་
ཀུན་དགའ་བློ་གྲོས་ཞབས། །མཁས་ཤིང་གྲུབ་པ་རྒྱ་མཚོའི་གཙུག་གི་རྒྱན། །ནམ་མཁའ་འཆི་མེད་རྣམས་ལ་གསོལ་བ་འདེབས། །རིགས་ཀུན་ཁྱབ་བདག་ཀུན་དགའི་མཚན་ཅན་སོགས། །བཀའ་སྲོལ་བྱིན་རླབས་སོགས་དང་སྤྲེལ་ལོ།། ༈ །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་འདོད་དོན་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། འཕགས་མ་ཡིད་བཞིན་འཁོར་ལོ་དང༌། །དབྱེར་མེད་བླ་མ་ལ་བཏུད་ནས། །འདོད་དོན་ཀུན་འགྲུབ་སྦྱིན་སྲེག་གི །ལག་ལེན་གསལ་བར་བཤད་ཀྱིས་ཉོན། །འདིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་རྫོགས་པའི་གང་ཟག་གིས་སྔགས་ཀྱི་ནུས་པ་དབྱུང་བ་དང༌། རང་གཞན་གྱི་རིམ་གྲོ་སོགས་འདོད་དོན་བསྒྲུབ་པའི་ཕྱིར་སྦྱིན་སྲེག་གི་ཆོ་ག་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ཐབ་དང་བུད་ཤིང་སྦར་བ་མེ། །རྫས་དང་བཤམ་ཐབས་སྒྲུབ་པ་པོ་སྟེ་དྲུག །ཅེས་པ་ལྟར་ལས་དང་པོ་ཐབ་ནི་སྔར་ས་ཆོག་མ་བྱས་པའི་ས་ཕྱོགས་ཡིན་ན་གང་དུ་བྱ་བའི་གནས་སུ་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་གཏོར་མ་ཆ་གསུམ་ཆོ་ག་བཞིན་བཏང་ལ། དང་པོ་གཉིས་ཀྱི་འཕྲིན་བཅོལ་གྱི་རྗེས་སུ། ས་ཕྱོགས་འདིར་འཕགས་མ་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་ཏེ། ལྷ་མཆོད་པ་དང་སེམས་ཅན་གྱི་དོན་བགྱིད་པར་འཚལ་ན། སའི་ཕྱོགས་འདི་བདག་ལ་སྩལ་ཞིང་སྦྱིན་སྲེག་གི་ཆོ་ག་མཐར་མ་ཕྱིན་བར་དུ་བར་ཆད་ཐམས་ཅད་ཞི་བའི་སྟོང་གྲོགས་མཛད་དུ་གསོལ། ཞེས་བརྗོད་ལ་གཤེགས་གསོལ་སོགས་བྱ། བགེགས་གཏོར་གྱི་རྗེས་སུ་སའི་ཕྱོགས་འདིར་སོགས་གོང་ལྟར་ལས་འཚལ་ན་ཞེས་པའི་མཐར་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་བ་རྣམས། གཏོར་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཅེས་དང་ཁྲོ་བོའི་སྔགས་བརྗོད་ཅིང་རོལ་མོ་བྱ། གུ་གུལ་གྱིས་
བདུག ཡུངས་ཀར་གྱིས་ཕྱོགས་ཀུན་ཏུ་བབས་པས་བགེགས་ཐམས་ཅད་བྱེར་བར་བསམ་པ་ནི་ས་བསླང་བའོ། །དེ་ནས་ལྷའི་ང་རྒྱལ་བརྟན་པོས་ཨོཾ་བྷཱུ་ཁཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ཕྱོགས་ཐམས་ཅད་ལག་པས་བཅག་ལ་ས་ཕྱོགས་ནམ་མཁའི་རང་བཞིན་ཏུ་བསམ། དེ་བཞིན་ཏུ་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་མང་དུ་བརྗོད་པས་ས་ཕྱོགས་སྐྱོན་ཐམས་ཅད་དང་བྲལ་བར་བསམ་པ་ནི་ས་སྦྱང་བའོ། །དེ་ནས་ཐབ་ཁུང་བུར་བྱེད་ན་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་བརྐོ། མཆུར་སོར་བཞིར་སྐྱེད་པ་ཁ་སྒྱེར། དེ་ནས་མུ་རན་དཔངས་སུ་སོར་བཞི་བརྩིགས་པའི་ཁར་པདྨའི་ཕྲེང་བའམ་རྡོ་རྭ་བྱ། དེའི་ཕྱི་རོལ་གྲུ་བཞི་དཀར་པོར་བྱས་ལ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྱ། ཐབ་ཀྱི་ཕྱི་ནང་ཐམས་ཅད་ཁ་དོག་དཀར་པོ་བྱ། ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨུཏྤ་ལ་དཀར་པོའམ་ཚོམ་བུ་སོགས་ལྷའི་མཚན་མ་བྱའོ། །བྲིས་ཐབ་བྱེད་ན་གཞི་འཐས་པར་བྱས་ལ་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་ལ་ཁྲུ་ཕྱེད་ཀྱི་དབུས་ནས་ཟླུམ་པོར་བསྐོར་བ་ནི་ཐབ་ཀྱི་དངོས་གཞི་དང༌། དེའི་ཕྱི་རོལ་དུ་སོར་བཞི་བསྐོར་བ་ཁ་སྒྱེར་དང༌། སླར་ཡང་སོར་བཞི་བསྐོར་བ་མུ་རན་དང་ཚད་དེ་ཉིད་ཀྱིས་ཚངས་ཐིག་དང་མུ་རན་འཛོམ་པའི་ས་ནས་ཟུར་ཐིག་བཞིའི་སྟེང་དུ་མཚན་མ་བྱས་ལ་ཐིག་བཞིའི་རྩེ་ལེགས་པར་སྦྲེལ་བའི་སྟེགས་བུ་གྲུ་བཞི་དང༌། དེའི་གྲྭ་བཞིར་རྡོ་རྗེའི་རྩེ་ནང་ངོས་སུ་བསྟན་པའི་ཟླ་ཕྱེད་རྡོ་རྗེ་བྱ། ཕྱག་ལེན་ལ་སྟེགས་བུ་གྲུ་བཞི་པའི་ཕྱི་རོལ་དུའང་སོར་བཞིའི་ཚད་ཀྱི་ཆ་ག་གྲུ་བཞི་པ་མཛད་པ་ནི་བྲི་ཆ་མིག་སྔར་མཛེས་པ་དང༌། བསྒོམ་དོན་ལ་སྟེགས་བུའི་དཔངས་ཀྱི་ཚད་ཡིན་གསུངས། ཐབ་ཀྱི་དབུས་ནས་སུམ་གཉིས་ཕྱིར་བཞག་པའི་ནང་གི་སུམ་ཆ་ཟླུམ་པོར་བསྐོར་བ་ལ་པདྨའི་ལྟེ་བ་དང་ཕྱིའི་སུམ་གཉིས་ལ་པདྨའི་འདབ་མ་བྱ། ཐབ་ཀྱི་གཞི་ཐམས་ཅད་ཁ་དོག་དཀར་པོར་བྱ། ཁ་སྒྱེར་མུ་རན་གང་རུང་ལ་རྡོ་རྗེ་ཁ་ཟུམ་པའི་ཕྲེང་བས་བསྐོར། བཅད་ཚོན་ཐམས་ཅད་དང་རྡོ་རྗེ་ཁ་དོག་
དམར་སྐྱས་བྱ། ལྟེ་བར་ཨུཏྤལ་དཀར་པོའམ་ཚོན་ཕུང་ངམ་མེ་ཏོག་གི་ཚོམ་བུ་བཀོད། དེའང་རྗེ་བཙུན་མའི་ཞལ་འཇིག་རྟེན་པའི་ནུབ་ཏུ་བསྟན་པའི་མཚན་མ་འགོད་ལུགས་སོགས་ཤེས་པར་བྱའོ། །གཉིས་པ་བུད་ཤིང་ནི། པ་ལཱ་ཤའམ་ཚེར་མ་ཅན་མ་ཡིན་པ་འོ་མ་ཅན་གྱི་ཤིང་སོར་«་་་་་ཡམ་ཤིང་གི་ཚད་ཀྱང་འདི་ཉིད་དོ།» བརྒྱད་པ་ཡན་ཆད་ཁྲུ་གང་ཙམ་བརྩིག དེ་མ་འབྱོར་ན་སྲོག་ཆགས་མེད་པའི་བ་ལང་སོགས་ཀྱི་ལྕི་བས་ཐབ་ཀྱི་ཁ་སྒྱེར་གྱི་སྟེང་ནས་ཟླུམ་པོར་བརྩིགས་ལ་ནང་གི་ཤར་ལྷོར་ཏིང་ལོ་ཆེ་བ་ཞིག་ཀྱང་བཞག་གོ །གསུམ་པ་སྦར་བ་མེ་ནི་རྡོ་དང་ལྕགས་གཙུབས་པ་ལས་བྱུང་བ་མ་ཡིན་པ་རྒྱུན་བཞག་གི་མེའམ་འོ་མ་ཅན་གཙུབས་པ་སོགས་ལས་བྱུང་བའོ། །བཞི་པ་རྫས་ནི། བསྲེག་རྫས་དང་མཆོད་རྫས་དང་གཏོར་མ་དང་ཀུ་ཤའི་ཆུན་པོ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་རྣམས་གཙང་ཞིང་གྱ་ནོམ་པ་སྟ་གོན་བྱའོ། །ལྔ་པ་བཤམ་ཐབས་ནི། ཐབ་ཀྱི་མཐའ་སྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་པོས་བྱུག ཐབ་ཀྱི་ནུབ་ཏུ་སྒྲུབ་པ་པོའི་སྟན་ནང་ཚང་ཅན་སོགས་ཤར་དུ་ཕྱོགས་པར་བྱ། མདུན་དུ་རྡོར་དྲིལ་གྱི་བར་དུ་དགང་གཟར་བླུགས་ཁ་སྦྱར་ལ་བཞག དྲི་བཟང་གི་ཆུ་ཀུ་ཤའི་འཐོར་ཡབ་དང་བཅས་པ་དང༌། གྲུབ་ན་ཐབ་དང་སྒྲུབ་པ་པོའི་བར་དུ་འཇིམ་པ་ལས་བྱས་པའི་མེ་ཡོལ་དཀར་ཞལ་གྱིས་བྱུགས་པ་ཝྃ་ཡིག་དཀར་པོ་བྲིས་པའང་བཤམ། རང་གི་གཡོན་ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། རྗེ་བཙུན་མ་མེ་ལྷ་ཕྱོགས་སྐྱོང་འབྱུང་པོ་གཞི་བདག་རྣམས་ལ་ཟླུམ་གཏོར་རེ་རེ་དང་བགེགས་གཏོར་རྣམས་བཤམ། གཡས་སུ་རང་ངོས་ནས་བརྩམས་ཏེ་ཐབ་ཀྱི་གཡོན་ནས། ཡམ་ཤིང་མར་ཏིལ་ཟས་མཆོག་དང༌། །འབྲས་དང་སོ་བ་ནས་སྲན་མ། །གྲོ་དང་དཱུརྦ་ཀུ་ཤ་རྣམས། །ལག་ལེན་ཇི་བཞིན་ལེགས་པར་བཤམ། །ཀུ་ཤའི་ཆུན་པོ་བརྒྱད་དང་དཔལ་འབར་རྣམས་སྟབས་གང་བདེར་བཞག ཡོ་བྱད་ཐམས་ཅད་དྲི་བཟང་གི་ཆུས་གཏོར་ཏེ་བཞག་གོ །
དྲུག་པ་སྒྲུབ་པ་པོ་ནི་སྔ་དྲོའི་དུས་རང་ཉིད་ཁྲུས་བྱས་འབྱོར་ན་གོས་རྒྱན་དཀར་པོས་བརྒྱན་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ཉིད་སངས་རྒྱས་ཐོབ་པར་བྱ། དེའི་རྗེས་སུ་སྔགས་ཀྱི་ལྷག་ཆད་ཁ་སྐོང་ཞིང་ནུས་པ་དབྱུང་བ་དང་སྡིག་པ་དང་བར་ཆད་ཞི་བའི་ཕྱིར་སྦྱིན་སྲེག་གི་ཆོ་ག་ལ་འཇུག་སྙམ་པའི་བསམ་པ་བརྟན་པོས་སྔར་བཤམས་པའི་རྟེན་ལ་ཁ་ཤར་དུ་བལྟས་ཏེ་སྐྱིལ་ཀྲུང་ངམ། པུས་འཁྱུད་དང་བཅས་པའི་ཙོག་པུ་རྐང་པ་གཉིས་ཅུང་ཟད་བསྣོལ་བ་རིག་བྱེད་འདོན་པ་ལྟ་བུའི་སྤྱོད་ལམ་གྱིས་འདུག་གོ །དངོས་གཞི་ལ། བདག་གི་རྣལ་འབྱོར་མེ་བཙལ་ཡོ་བྱད་བསང༌། །ཐབ་ཁུང་འདུས་བྱས་འཇིག་རྟེན་མེ་ལྷ་མཆོད། །འདས་པའི་མེ་ལྷ་མཆོད་རྣམས་དངོས་གཞིའི་ཆོས། །ཞེས་པ་ལྟར་ལས། དང་པོ་བདག་གི་རྣལ་འབྱོར་ནི། སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་རྗེས་ཀྱི་མཆོད་བསྟོད་བྱ་བའི་བར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡིག་ཆ་སོགས་ལུགས་མཐུན་གྱི་མངོན་རྟོགས་བསྒོམ། སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་ལ་ལག་གཉིས་པུས་མོ་ལས་ཕྱིར་མི་འདའ་བ་ལ་བསླབ་བོ། །གཉིས་པ་མེ་བཙལ་ཞིང་སྒྲུབ་པ་ནི། དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྦར་ཏེ་ལག་པ་གཉིས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང་ཡི་གེ་བཅུ་པ་ལན་གསུམ་བརྗོད་ལ། ཨོཾ་ཛྭ་ལ་ཛྭ་ལ་རྃ། ཞེས་བརྗོད་དེ་ཐབ་ཀྱི་ནང་གཏིང་ལོ་སྦར་ལ་མེ་གསོ། དེ་ནས་ཁུ་ཚུར་གཉིས་བཅངས་པའི་མཐེ་བོང་བརྐྱངས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་བླུགས་གཟར་གྱིས་མར་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རྃ་ཞེས་བརྗོད། གསུམ་པ་ཐབ་དང་ཡོ་བྱད་བསང་བ་ནི། རང་ལྷའི་ང་རྒྱལ་གྱིས་བསང་ཆུ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་ཉེར་གཅིག་ལ་སོགས་པ་བཟླས་པས་བྱིན་གྱིས་བརླབས་ནས་སྔགས་དེ་ཉིད་
བརྗོད་ཅིང་ཀུ་ཤའི་འཐོར་ཡབ་ཀྱིས་ཐབ་དང་ཡོ་བྱད་རྣམས་ལ་གཏོར། མཆོད་རྫས་དང་བསྲེག་རྫས་རྣམས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས་གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་རྣམས་དང༌། ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པ་བདུད་རྩིའི་རང་བཞིན་ཅན་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། ཅེས་བརྗོད་ལ་མཆོད་རྫས་རྣམས་རང་རང་གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། བསྲེག་རྫས་རྣམས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱིཾ་སྭཱ་ཧཱས་མར། ཨོཾ་ཛྲཱིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱང༌། ཨོཾ་བོདྷི་པྲྀཀྵཱ་ཡ་སྭཱ་ཧཱ་ཞེས་སོགས་རྫས་སྔགས་རྣམས་ཀྱིས་བྱིན་གྱིས་བརླབ་བོ། །བཞི་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་དངས་ཤིང་ཐོགས་པ་མེད་པ། རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར་པར་བསམ་མོ། །ལྔ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཐབ་ཀྱི་ནང་དུ་བྃ་ལས་མེ་དཀར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་
ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། མེ་ལྷ་ར་སྐྱེས་དཀར་པོ་ལ་ཆིབས་པ་ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་གཡོན་སྤྱི་བླུགས་འཛིན་པའམ། ཡང་ན་ཕྱག་བཞི་པ་གཡས་མི་འཇིགས་པ་སྦྱིན་པ་དང་བགྲང་ཕྲེང༌། གཡོན་དབྱུག་པ་དང་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོ་བ་གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན། སྨ་ར་དང་སྨིན་མ་དཀར་སེར་འབར་བ། ཨག་ཚོམ་འཕྱང་བ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམ། དེའི་ཐུགས་ཀའི་རྃ་དང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿཞེས་དང༌། ལག་པ་གཉིས་མཐེ་བོང་གུང་མོའི་རྩ་བར་བཞག མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀརྨ་པྲ་ས་དྷ་ཀ མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ་ས་ཏྭཱཾ། གྲྀ་ཧཱི་ཏྭཱ་ཨ་ཧུ་ཏིཾ་ཨཱ་ཧ་ར། ཨ་སྨིནྶ་ནྣི་ཧི་ཏོ་བྷ་བ། ཞེས་པས་སྤྱན་དྲང༌། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་བརྗོད་ལ་ཐབ་ཏུ་མེ་ཏོག་ཅིག་ཕུལ་ཏེ་ཐབ་ཀྱི་ཤར་ལྷོར་པདྨའི་གདན་ལ་བཞུགས་པར་གྱུར་པར་བསམས་ལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་མཆོད་ཡོན་དང་ཞབས་བསིལ་ཕུལ་ནས་
རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ་གྱིས་དམ་ལ་བཞག ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿལ་སོགས་པས་དགུག་གཞུག་བྱ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེའི་མགོར་སྦྱར་བའི་ཉེར་སྤྱོད་ལྔ་གྷཎྜེ་ར་ཎི་རོལ་མོ་དང་བཅས་པས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ཡང་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག ཨོཾ་བཛྲ་སཏྭ་ཨཱཿཞེས་བརྗོད་ཅིང་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་དགྲམ་མོ། །དེ་ནས་བསང་ཆུ་ཕྱོགས་ཀུན་ཏུ་གཏོར་ཏེ་ཨ་མྲྀ་ཏའམ་ཡཀྵ་བརྗོད་པས་བགེགས་བསལ་ལོ། །དེ་ནས་གཟར་བུ་གཉིས་བྱང་
ཆུབ་མཆོག་གི་ཕྱག་རྒྱས་བཟུང་སྟེ་མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་བསམ། དགང་བླུགས་གཉིས་ཀྱི་གཟར་བུའི་ཁ་ལའང་རྃ་བསམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་ལན་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་དཱི་བྱ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཧྣ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ་བར་བསམ་མོ། དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་ལ་ཡམ་ཤིང་ལ་སོགས་པ་འོག་ནས་འབྱུང་བའི་བསྲེག་རྫས་རྣམས་རིམ་བཞིན་ལག་པ་གཡོན་དུ་བཟུང་ལ་གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླང་ཞིང་ཅུང་ཟད་བསྐོར་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ་ལོ། །ཨོཾ་བོདྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཡམ་ཤིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛཱ་ཡ་སྭཱ་ཧཱ། ཏིལ་ལམ་ཡུངས་ཀར། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་སྦྱར་བའི་ཟས་མཆོག ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་བཛྲ་གྷསྨ་རྻཻ་སྭཱ་ཧཱ། གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་རྣམས་འབུལ་བའམ་ཡང་ན་སྔགས་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ཨགྣ་ཡེ་འབའ་ཞིག་གིས་ཕུལ། གང་ལྟར་ཡང་ཉེར་གཅིག་ལ་སོགས་པ་ཅི་འབྱོར་པའི་མཐར། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེར་འཚེ་དུས་མ་ཡིན་པའི་འཆི་བ་གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་ལས་སྔགས་ཀྱི་སྤེལ་ཚིག་སྡེ་ཚན་རེ་རེའི་མཐར་བརྗོད་དོ། །དེ་ནས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་བསྟོད་པ་སྔར་ལྟར་བྱས་ཏེ། ཨོཾ་ཨརྒྷཾ་
སྭཱ་ཧཱས་མཆོད་ཡོན་དང༌། ཨོཾ་པྲོཀྵ་ཎཾ་ཏཱིཙྪ་སྭཱ་ཧཱས་བསང་གཏོར་ཕུལ་ལ་མར་དགང་གཟར་གང་ཐབ་ཏུ་བླུགས་ཏེ། བཛྲ་ཛྭ་ལ་རྃ་ཞེས་བརྗོད་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་བར་བསམ་མོ། །དྲུག་པ་འདས་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་སོགས་ནས། ས་མཱ་ཛཿའི་བར་མངོན་རྟོགས་བཞིན་ལས་མི་འདྲ་བའི་ཁྱད་པར་རང་ཉིད་ཅེས་པའི་ཚབ་ཏུ་དེ་ཉིད་ཅེས་པ་འདོན་པ་བསྒྱུར་རོ། །དེ་ནས་སྤྲོ་ན་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་དང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤློ་ཀ་གཅིག་གིས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟཱཾ་གྱིས་གདན་ཕུལ་ལ་མཆོད་པས་མཆོད། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་རའི་རྗེས་སུ་ཨོཾ་བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཨཱཿཞེས་པའི་སྔགས་རྒྱས་དགུག་གཞུག་བཅིང་དབང་དུ་བྱ། དེ་ནས་དབང་ལྷ་སྤྱན་འདྲེན་ནས་རིགས་བདག་གི་རྒྱས་གདབ་བར་བདག་བསྐྱེད་ལྟར་བྱས་ལ། དེའི་མཐའ་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བར་གྱུར་ཅེས་བརྗོད་ཅིང་བསམས་ལ། ལྷ་ཐམས་ཅད་འཛུམ་ཞིང་ཞི་བ་འོད་ཟེར་དཀར་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ལས་མཛད་པར་བསམས་ལ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་ཆུ་གཏོར་ཏེ་མི་གཙང་བ་དང་ཉེས་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་གཟར་བུ་གཉིས་བླངས་ཏེ་ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་བར་བསམས་པ་སོགས་སྔར་ལྟར་གསལ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་ལན་འགའ་ཞིག་བརྗོད་པས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་
སྭཱ་ཧཱ་ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་བ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་དཱི་བྱ་ཞེས་སོགས་སྭཱ་ཧཱའི་གོང་དུ་བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཞེས་སོགས་སྤེལ་ཚིག་གོང་ལྟར་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམ། དེ་ལྟ་བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་ཕུལ། དེ་ནས་ཡོ་ག་ལྟར་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ནས། རབ་འབྱམས་རྒྱ་མཚོ་སོགས་ནས་རོལ་མོའི་བར་དང་སྤྲོ་ན་རྒྱལ་སྲིད་སྣ་བདུན་འདོད་ཡོན་ལྔ་རྣམས་ཀུན་རིག་ལྟར་རོ། །བསྟོད་པ་ནི། ཨོཾ་འཁོར་བ་ལས་སྒྲོལ་སོགས་ནས། འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པའི་བར་དང༌། སྤྲོ་ན་འདོད་དོན་གསོལ་བཏབ་ནི། ཕྲིན་ལས་རང་བཞིན་ལྷ་མོ་ཁྱོད་བསྟོད་པས། །སེང་གེ་གླང་ཆེན་མེ་དང་རྐུན་པོ་དགྲ། །གདུག་པའི་སྦྲུལ་དང་བཙོན་ཁང་ཆུ་བོའི་འཇིགས། །མི་བཟད་འབྱུང་པོའི་གདོན་ལས་བསྐྱབ་ཏུ་གསོལ། །གློ་བུར་འཆི་དང་རིམས་ནད་དྲག་པོ་དང༌། །བྱད་དང་འབྱུང་བཞིའི་རྐྱེན་དབང་མི་འགྲོ་བར། །ཚེ་རིང་བདེ་བར་གནས་ནས་ལམ་སྒྲུབ་པར། །ཕྲིན་ལས་ལྷ་མོ་ཁྱོད་ལ་གསོལ་བ་འདེབས། །སྲིད་གསུམ་སྡུག་བསྔལ་མེ་ཡི་ནང་འདུག་ནས། །ཤིན་ཏུ་བརྣག་དཀའི་གདུང་བས་བསྲེགས་ལགས་ན། །བྱང་སེམས་རི་བོང་འཛིན་པའི་ཆུ་རྒྱུན་གྱིས། །ཉེས་པའི་ནད་འདི་སེལ་བར་མཛད་དུ་གསོལ། །ཆགས་དང་འཇིག་ལྟ་འདམ་རྫབ་འདིས་བསྒོས་ནས། །གནས་ལུགས་རིན་ཆེན་མཐོང་བར་མ་གྱུར་ན། །ཁྱོད་ཐུགས་གངྒཱའི་ཆུ་རྒྱུན་དྲི་མེད་ཀྱིས། །ཡང་དག་ཡེ་ཤེས་སྣང་བ་བསྐྱེད་དུ་གསོལ། །ཐབས་ཤེས་ཟུང་དུ་འབྲེལ་བའི་ས་ལམ་གྱིས། །ཐེག་པའི་མཆོག་ལ་རིམ་གྱིས་ལེགས་བགྲོད་དེ། །ཀུན་མཁྱེན་སངས་རྒྱས་གོ་འཕང་མཐོན་པོ་ནས། །སྡུག་བསྔལ་ལྡན་པའི་འགྲོ་ལ་གཟིགས་པར་ཤོག །ཅེས་གསོལ་བ་
རྩེ་གཅིག་ཏུ་བཏབ་བོ། །དེ་ནས་ཡམ་ཤིང་ནས་བརྩམས་ཏེ་བསྲེག་རྫས་རྣམས་སྡེ་ཚན་རེ་རེའི་ཐོག་མར་«་་་་་བོ་དྷི་བྲྀཀྵ་ལ་སོགས་པའི་»སོ་སོའི་སྔགས་གསུམ་མམ་ལྔ་ལ་སོགས་པ་དང་མཇུག་ཏུ་སྤེལ་ཚིག་གོང་ལྟར་བརྗོད་ཅིང་བརྒྱ་རྩ་ལ་སོགས་པ་ཇི་ཙམ་འབྱོར་པ་དབུལ། རྫས་ཐམས་ཅད་ཡི་གེ་བཅུ་པ་འབའ་ཞིག་གིས་ཕུལ་ལ་ལོགས་ནས་སྒྲུབ་གཡོག་ཅིག་གིས་གྲངས་བཟུང༌། བསྙེན་པ་ཁ་གསོ་ལ་སོགས་པའི་དུས་སུ་ནུབ་རེ་ལ་ཏིལ་སྟོང་ཕྲག་ལྔའམ་ཁྲི་ལ་སོགས་པ་ཇི་ཙམ་ནུས་པ་དབུལ་ཞིང་སྐབས་སྐབས་སུ་ཡམ་ཤིང་དང་མར་ཅི་འབྱོར་པ་ཕུལ། སྒྲུབ་གཡོག་ཅིག་གིས་མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་འཇུག་གོ །དེ་ལ་ཡམ་ཤིང་ནི་བྱང་ཆུབ་ཤིང་དུ་མོས་ལ་མེ་འོད་འབར་བ་ལ། ཏིལ་དང་ཁུ་བའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། དཱུརྦ་དང་ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ། བསྲེག་རྫས་རྣམས་རྫོགས་པ་དང་གོང་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་དགང་བླུགས་གསུམ་ཕུལ། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ་མཚན་སྔགས་རེ་རེའི་མགོར་སྦྱར་བ་རོལ་མོའི་བར་དང་བསྟོད་པ་བྱ། འདས་པའི་གཏོར་མ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་བསང༌། རྡོ་རྗེ་མེའི་སྔགས་རྒྱས་སྦྱང༌། རྡོ་རྗེ་བསྡམས་པ་འདེབས་པའི་ཚུལ་དང༌། ཨ་ཀཱ་རོས་བདུད་རྩིར་བསྒྱུར། བཅོམ་ལྡན་འདས་མ་འཁོར་བཅས་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་པའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང་སྙིང་པོའི་མཐར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་ལྔ་ལ་སོགས་པས་དབུལ། མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ་སོགས་ཀྱིས་ཕྲིན་ལས་གཞོལ། དེ་ནས་ཕྱོགས་སྐྱོང་འབྱུང་པོ་རྣམས་ལ་ཆ་གསུམ་ལྟར་དང༌། གཞི་བདག་གཏོར་མ་བྱིན་རླབས་ཆ་གསུམ་ལྟར་ལ་ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་བསྔོས་ནས། མཆོད་སྦྱིན་གྱི་གཏོར་མ་འདི་གཞི་བདག་གཉུག་མར་
གནས་པ་རྣམས་ལ་འབུལ་ལོ་གནོད་པ་དང་གདུག་པའི་བསམ་པ་ཐམས་ཅད་ཉེ་བར་ཞི་བ་དང་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་དོན་ཐམས་ཅད་ཆོས་བཞིན་ཏུ་འགྲུབ་པའི་སྟོང་གྲོགས་མཛད་དུ་གསོལ་ཞེས་བརྗོད། དེ་ནས་བགེགས་ལ་ཆ་གསུམ་ལྟར་གཏང་ངོ༌། །སྐབས་འདིར་ལྷག་ཆད་ཁ་སྐོང་བའི་བསམ་པས་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར་མ་འབྱོར་པ་དང་ཉམས་པ་དང་སོགས་དང༌། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་སྒྲིབ་པ་དང་ལྡན་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང༌། རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་དང་མཐེབ་སྲིན་གྱིས་སེ་གོལ་གྱི་སྒྲས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་རྡུལ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ལ། མེ་ལྷ་ལྷག་མས་མཆོད་དང་གཏོར་མ་བཏང༌། །འདོད་དོན་ཞུས་ལ་གཤེགས་གསོལ་ལྷག་ཆད་སྐོང༌། །ལས་ཀྱི་རྗེས་བསྡུ་བ་སྟེ་དྲུག་ཡིན་ནོ། །དང་པོ་མེ་ལྷ་མཆོད་པ་ནི། ཐབ་ཁུང་དུ་མར་བླུགས་གཟར་གང་དགང་གཟར་ལ་རེག་པ་དང་བཅས་པས་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ་མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། བསྲེག་རྫས་རྣམས་ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་གམ་ཉེར་གཅིག་ལ་སོགས་པ་ཅི་འབྱོར་པ་ཕུལ། མཐར་བྱོན་ཟན་གྱི་སྐབས་ལྟར་མར་དགང་བླུགས་གསུམ་གང་བའི་སྦྱིན་སྲེག་ཏུ་ཕུལ། གཉིས་པ་མེ་ལྷ་འཁོར་བཅས་ལ་གཏོར་མ་གཅིག་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་
ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་ཕུལ། མཚན་སྔགས་རེ་རེ་ནས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། འཇིག་རྟེན་དབང་ཕྱུག་སོགས་ཀྱི་མཐར། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། གསུམ་པ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བར་ཆད་དང་སྔགས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །བཞི་པ་དང་ལྔ་པ་གོ་རིམ་ཅུང་ཟད་བསྒྱུར་ཏེ་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐངས་ལ། མཆོད་ཡོན་དང་བསང་གཏོར་སྔར་བཞིན་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་དང༌། དབྱུ་གུ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་གནས་གསུམ་བསྲུང༌། དགེ་
བ་འདི་ཡིས་སྐྱེ་བོ་སོགས་ཀྱི་སྨོན་ལམ་ཅི་ཤེས་དང༌། ཆེ་བའི་ཆེ་མཆོག་སོགས་ཀྱི་བཀྲ་ཤིས་བྱའོ། །དྲུག་པ་ནི། མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཤི་བ་དང་གཞན་ལ་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་ཐལ་བ་འདོད་པ་རྣམས་ལའང་སྦྱིན་ཞིང་ལྷག་མ་འབབ་ཆུ་ལ་སོགས་པར་དོར། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་པས་རུང་ངོ༌། །ཐབ་ཀྱི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་བྱའོ། །དེ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡི། །སྦྱིན་སྲེག་འདི་ནི་སྐྱེས་ཆེན་གོང་མ་ཡི། །གསུང་གི་ཉིང་ཁུ་བསྡུས་པའི་ལེགས་བཤད་དེ། །ལག་ལེན་རྟོགས་སླ་འདོད་དོན་ཀུན་གྲུབ་ཡིན། །འོན་ཀྱང་བདག་བློ་དམན་པའི་སྐྱོན་ཆགས་པའི། །ཉེས་ཚོགས་མཆིས་ན་འཕགས་པའི་ཚོགས་ལ་བཤགས། །ལེགས་པའི་དགེ་དེས་བདག་གཞན་འགྲོ་བ་ཀུན། །ཟུང་འཇུག་སྐུ་བཞིའི་དབང་ཕྱུག་མྱུར་ཐོབ་ཤོག །འཕགས་མ་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་འདོད་དོན་ཀུན་འགྲུབ་ཅེས་བྱ་བ་འདི་ནི། བྱང་ཆུབ་སེམས་ཀྱི་རྡོ་རྗེའི་ངོ་བོ་རྗེ་བཙུན་བླ་མ་དམ་པ་དཔལ་མཆོག་རྒྱལ་མཚན་པའི་ཞབས་རྡུལ་སྤྱི་བོས་ལེན་པ། སྙོམ་ལས་པ་སངས་རྒྱས་ཕུན་ཚོགས་ཀྱིས་ལོ་ཙཱ་བ་མ་ཎི་ཀ་ཤྲཱིས་མཛད་པའི་ཡི་གེ་དང༌། གཞན་ཡང་ཡི་གེ་རྙིང་པ་དུ་མ་ལ་གཞི་བྱས་བླ་མ་མཁས་པའི་ཕྱག་ལེན་གྱིས་ལེགས་པར་བརྒྱན་ནས་ཤིན་ཏུ་མྱུར་བར་བྲིས་པ་དགེ་ལེགས་འཕེལ།། །།འདི་ནི་ལག་ལེན་ཙམ་གསལ་བར་བཀོད་པ་ཡིན་ལ་དེའང་བསྙེན་པ་ཁ་སྐོང་ལ་བསྙེན་སྔགས་ཇི་ཙམ་སོང་བའི་བཅུ་ཆའི་གྲངས་ཀྱི་ཏིལ་ཡི་གེ་བཅུ་པས་འབུལ་བ་ཡིན་ནོ། །གཞན་ཚེ་སྒྲུབ་དང་རིམ་གྲོ་སོགས་ལ་མི་འདྲ་བའི་ཁྱད་པར་གྱི་གསལ་ཁ་ནི་འདིར་ཡི་གེ་མང་གིས་དོགས་པས་མ་བྲིས་ཤིང་ལོགས་སུ་འཆད་པར་སྤྲོའོ།།
༈ །རྒྱས་པའི་སྦྱིན་སྲེག་གི་ཐོ་བཞུགས་སོ། །ཨཱརྻཱ་ཏཱ་རཱ་ཡཻ་ན་མཿ སྒྲོལ་དཀར་གྱི་བསྙེན་པ་དང་ཞི་བའི་སྦྱིན་སྲེག་སྔོན་དུ་སོང་ནས། རྒྱས་པའི་སྦྱིན་སྲེག་གི་སྒོ་ནས། རང་གཞན་གྱི་རིམ་གྲོ་ཚེ་སྒྲུབ་སོགས་ཀྱི་བསྒྱུར་དགོས་ལ། ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དངས་ཤིང་ཐོགས་པ་མེད་པ་རྒྱར་ཁྲུ་དོ་པ། དཔངས་སུ་ཁྲུ་གང་པ། ཁ་སྒྱེར་ལ་རིན་པོ་ཆེ་དང་ཨུཏྤ་ལའི་ཕྲེང་བས་བསྐོར་བ་ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབྱིབས་གྲུ་བཞི་པ། མཚན་ཉིད་ཕུན་སུམ་ཚོགས་པར་གྱུར། བྲི་བྱ་ལ་ཐབ་སྟེགས་མེད། མེ་ལྷ་སྐུ་མདོག་དམར་པོ་འོད་ཟེར་སེར་པོ་འཕྲོ་བ། རིགས་བདག་རིན་འབྱུང༌། སྤེལ་ཚིག་བདག་གམ་སྦྱིན་པའི་བདག་པོ་འདི་ཞེས་བགྱི་པའི་ཚེ་དང་བསོད་ནམས་དང་ལས་དང་འབྱོར་པ་ལ་སོགས་པ་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཁྱད་པར་གྱི་རྫས། ཟས་མཆོག འབྲས། སོ་བ། དཱུརྦ་རྣམས་གང་མང་འབུལ་ཞིང་གྲངས་གསོག ཆོ་གའི་ཆིངས་དང་ངག་འདོན་གཞན་ཞི་བ་དང་འདྲའོ། །མཉམ་མེད་ཀུན་དགའ་ཚུལ་ཁྲིམས་ཀྱི་ཟིན་ཐོ་གཞིར་བཞག་ནས་དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་བཀོད་པའོ།། །།
མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལོ་རྒྱུས་སྒྲུབ་སྐོར་རྗེས་གནང་ལས་ཚོགས་དང་བཅས་པ།
མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལོ་རྒྱུས་སྒྲུབ་སྐོར་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲོལ་མ་དཀར་མོའི་སྒྲུབ་ཐབས་འདི་ལ་སྤྱི་དོན་རྣམ་པ་གཉིས་ཏེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་དང༌། དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འགྲོ་བའི་བླ་མ་དེ་ཉིད་ཀྱིས་འཕགས་མ་སྒྲོལ་མར་བྱིན་གྱིས་བརླབས། འཕགས་མ་ཡིད་བཞིན་འཁོར་ལོས་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུ་མའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པ། དེ་ལ་བརྟེན་ནས་འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་དང་ལྡན་ཞིང༌། བསྟན་བཅོས་དང་སྒྲུབ་ཐབས་དུ་མ་བརྩམས་པ་ལ་འཁྲུལ་པ་མི་མངའ་བ། བྱང་ཆུབ་ཀྱི་སེམས་གཉིས་ལེགས་པར་འབྱོངས་པ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ལ་ཕན་བདེ་ལག་ཏུ་འབྱུང་བ་དེ་ལྟ་བུའི་གང་ཟག་དམ་པ་དེ་ལ་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གནང༌། དེ་ཉིད་ཀྱིས་ཇོ་བོ་རྗེ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བས། བླ་མ་གསེར་གླིང་པ་དེ་ཉིད་ལོ་བཅུ་གཉིས་སུ་བསྟེན་ཅིང༌།
དེ་དག་གི་བར་ལ་དབུ་སྔས་སྦྲེལ་ནས་བཞུགས་ཞེས་གྲགས་ལ། མཁས་གྲུབ་ཆེན་པོ་རིགས་ཕུན་སུམ་ཚོགས་ཤིང་རྟེན་རྣམ་པར་དག་པ་མཁས་ཤིང་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས་འགྲོ་བ་དུ་མ་གང་ལ་གང་འདུལ་གྱིས་སྨིན་པར་མཛད་པ་སྟེ་བསྟོད་པ་ལས། རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང༌། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །ཞེས་དོན་དང་མཐུན་པར་མངའ་བའི་སྐྱེས་ཆེན་དམ་པ་ལྷག་པར་ཁ་བ་ཅན་པའི་སྒྲོན་མེ་ཆེན་པོ་དེ་ཉིད་ལ་གནང༌། དེ་ཉིད་ཀྱིས་སྲས་ཀྱི་ཐུ་བོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ། སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་འགལ་མེད་དུ་གང་ཟག་གཅིག་སངས་རྒྱས་པའི་ཆ་རྐྱེན་དུ་དགོངས་ཤིང༌། གྲུ་བཞི་ལམ་མེར་ཉམས་སུ་ལེན་པའི་ཤིང་རྟ་ཆེན་པོའི་སྲོལ་བཟུང་ནས་འགྲོ་བ་ཐམས་ཅད་སྨིན་གྲོལ་ལ་འགོད་པ། རང་གི་ཡོན་ཏན་བུམ་ནང་གི་མར་
མེ་ལྟར་སྦེད་ཅིང༌། རྟེན་དགེ་བསྙེན་དུ་བཞུགས་ཀྱང་བསྟན་པའི་བདག་པོ་ལྟ་བུར་གྱུར་པ། ཡི་དམ་ནམ་མཁའི་སྐར་མ་ཙམ་གྱི་ཞལ་གཟིགས་ཤིང༌། ཁྱད་པར་འཕགས་མ་སྒྲོལ་མ་དང་མི་གླེང་བ་བཞིན་མཛད་དེ་བསྟོད་པ་ལས་ཀྱང༌། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་འཚོབ་གྱུར་པ་རྒྱལ་བའི་སྲས། །མཛད་པ་གཞན་གྱི་དོན་ལ་བརྩོན་མཛད་པའི། །བཤེས་གཉེན་སྟོན་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་དོན་དང་འབྲེལ་པ་ལྷག་པར་གངས་ཅན་པའི་མགོན་པོ་སྤྱན་རས་གཟིགས་ཞེས་ཇོ་བོ་ཆེན་པོས་ཀྱང་བསྔགས་པ་དུ་མ་བརྗོད་པ་དེ་ཉིད་ལ་གནང༌། དེ་ཉིད་ཀྱིས་དགེ་བའི་བཤེས་གཉེན་སྤྱན་སྔ་ཚུལ་ཁྲིམས་འབར་ཞེས་གྲགས་པ་དེ་ཉིད་ལ་གནང་བ་ཡིན་ཏེ། སྐུ་མཆེད་རིན་པོ་ཆེ་རྣམ་པ་གསུམ་གྱི་བསླབ་པ་འབྲིང་པོ། ཡོན་ཏན་དཔག་མེད་མངའ་ཞིང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་འབྲལ་མེད་དུ་འགྲོགས་སུ་ཡོད་པ། བཤད་སྒྲུབ་གཉིས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་གསལ་བར་མཛད་པ་སྟེ་བསྟོད་པ་ལས་ཀྱང༌། ཚུལ་ཁྲིམས་རྣམ་དག་བསྟན་པའི་སྒྲོན་མེ་སྦར། །ཡོན་ཏན་གཏེར་གྱུར་སྤྱན་སྔ་རིན་པོ་ཆེ། །སྙིགས་མའི་དུས་འདིར་བསྟན་པ་རྒྱས་མཛད་པའི། །རྒྱལ་བའི་སྲས་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་དང་འབྲེལ་བ་ནམ་མཁའ་ལྟ་བུའི་དགེ་བའི་བཤེས་གཉེན་དེ་ལ་གནང་བ་ཡིན་ཞིང༌། དམ་པ་དེ་ཉིད་ཀྱིས་དགེ་བའི་བཤེས་གཉེན་སྒྲེ་པ་ལ་གནང་བ་ཡིན་ཏེ། དགེ་བཤེས་སྒྲེ་པ་དེ་སྤྱན་སྔ་བའི་ཞབས་དྲུང་ན་བཞུགས་པའི་དུས་སུ། ནུབ་ཅིག་གི་རྨི་ལམ་དུ། ཉི་མ་ནུབ་ཕྱོགས་ནས་ཤར་ནས་ཤར་ཕྱོགས་སུ་ནུབ་པར་རྨིས་ཏེ། ནངས་པར་སྤྱན་སྔ་བ་ལ་ཞུས་པས། སྤྱན་སྔ་བའི་ཞལ་ནས་དེ་ཤིན་ཏུ་ངན། དང་པོའི་ཉི་མ་ཀླུངས་སུ་ལོག་པ་བྱ་བ་འཆི་ལྟས་ཡིན་གསུངས་པས། འོ་ན་དེ་ཟློག་པའི་ཐབས་ཡོད་དམ་ཞུས་པས། སྤྱན་
སྔ་བའི་ཞལ་ནས་རྐང་ལག་འཐོར་ཏེ་སོང་ཀྱང་འདིས་མི་ཟློག་པ་མེད་གསུངས་ནས་གནང༌། དེ་ནས་དགེ་བཤེས་སྒྲེ་པས་ཉམས་ལེན་མཛད་པས་དེས་སྐུ་ཚེ་མཐར་ཕྱིན་ཏོ། །ཡང་བརྒྱུད་པ་གཅིག་ལ། རྗེ་བཙུན་མ་སྒྲོལ་མ་ཉིད་ཀྱིས་རྗེས་སུ་གནང་བར་མཛད་པ་ལ་བརྟེན་ནས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་འཆི་བདག་སླུ་བ་བསྡུས་པའི་རྟོག་པ་ན་སྒྲུབ་ཐབས་འདི་བསྡུས་ནས་མཛད། མན་ངག་རྣམས་སྒྲོལ་དཀར་ཉིད་ཀྱིས་གསུངས་སྐད། དེ་ལ་བླ་མ་རྡོ་རྗེ་གདན་པས་གསན། སྒྲུབ་ཐབས་རིགས་མི་གཅིག་པ་ཉི་ཤུ་རྩ་གཅིག་ཙམ་མཛད་དོ། །དེ་ལ་བླ་མ་བ་རི་ལོ་ཙཱ་བས་གསན། སྒྲུབ་ཐབས་མང་དུ་བསྒྱུར་རོ། །དེ་རྣམས་ཀྱི་ནང་ནས་ཁྱད་པར་ཕྱག་དྲུག་ལ་རིགས་བདག་རྣམ་སྣང་གིས་མཛད་པ་དེ་དང༌། འདི་གཉིས་ལ་ཐུགས་རྩིས་ཤིན་ཏུ་ཆེ་བ་ཡིན་སྐད། དེ་ལ་བླ་མ་གླེ་ནག་པས་གསན། སྒྲུབ་པ་ལོ་དྲུག་མཛད་པ་ལ་བརྟེན་ནས་མངོན་སུམ་དུ་ཞལ་གཟིགས་ཏེ། ཆོས་གསུངས་པ་རེ་ལ་ཡིག་རིས་སུ་མཛད་པས། རིན་པོ་ཆེ་སེམས་ཀྱི་གཏེར་བྱ་བ་ཡོད་སྐད། དེ་ལ་དགེ་བའི་བཤེས་གཉེན་སྒྲེ་པ་རིན་པོ་ཆེས་གསན་པ་ནི། དང་པོ་རྣལ་འབྱོར་པའི་དྲུང་དུ་ཐོས་བསམ་མཛད་ཅིང་ཡོད་པའི་དུས་སུ། ལ་སྟོད་ཀྱི་སྟག་རི་བ་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་ལ། ལག་རིས་བསྟན་པས། དེ་ན་རེ་ཇོ་བོ་བཙུན་པ་ཁྱོད་ལ་ཆོས་ཀྱི་ལས་འཕྲོ་མཐར་ཕྱིན་པ་ཞིག་འདུག་པ་ལ་ཚེ་ལ་ལོངས་མི་འདུག ད་ལོ་གསུམ་ལས་མི་ཐུབ་པ་འདུག་གསུངས་པ་དང༌། སྔར་ནས་ཁོང་རང་གི་རྣལ་ལམ་དུ་ལྟས་ངན་པ་ཡང་དང་ཡང་དུ་བྱུང་བ་གཉིས་འཛོམས་པས། ཚེ་འདི་ལ་གཤའ་མར་ཐུགས་ཕྱུང་སྟེ། ལོ་གཅིག་ཐུབ་བམ་ཇི་ཙམ་ཐུབ་ཀྱི་ཚེ་ཞབས་འདི་ལ་ཆོས་ལག་ལེན་ལ་ཐེབས་པའི་གཤའ་མ་ཞིག་བྱ་ཞིང༌། གདམས་ངག་ཁྱད་པར་ཅན་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ཞིག་བཙལ་དགོས་དགོངས་ནས་གསན་པ་འཕྲོ་བཅད་དེ།
ཡུལ་དབུས་སུ་བྱོན་པའི་ལམ་ཁར། གཞུའི་མཁར་གོང་དུ་བླ་མ་གླེ་ནག་པ་དང་མཇལ་ནས་ལོ་རྒྱུས་ཞུས་པས། རྗེ་བཙུན་མས་ཀྱང་ཁྱེད་དགོངས་པར་འདུག བྱང་ཆུབ་སྒྲུབ་པ་ལ་ལམ་གྱི་བར་ཆད་སེལ་བའི་ཐབས་ཁྱད་པར་ཅན་ཞིག་ང་ལ་ཡོད་ཀྱིས། དེ་སྟོན་པས་ཁྱེད་ཐུགས་བདེ་འབོལ་གྱིས་ཐོང་གསུངས་ནས། འདིའི་སྒྲུབ་ཐབས་མན་ངག་དང་བཅས་པ་མ་ལུས་པར་གནང༌། ད་ཁྱོད་ཀྱིས་གཞན་དུ་མ་འགྲོ་བར་འདི་རང་དུ་སྡོད་ལ་སྒོམས་ཤིག་གསུངས་ནས་ལུང་པ་དེའི་ལུང་ལག་མཁར་ལུང་བྱ་བ་ཞིག་གི་ཕུར་གཞུང་དང་མཐུན་པའི་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། ཟླ་བ་བཅུ་གཅིག་ལོན་ཙ་ན་རྗེ་བཙུན་མའི་ཞལ་མངོན་སུམ་དུ་གཟིགས་ནས། ཁྱོད་ཀྱིས་ལོ་དྲུག་ཅུ་ཐུབ། སེམས་ཅན་ལ་ཕན་ཐོགས་པ་ཡོང་གསུངས་སྐད། དེ་ནས་ཕྱིས་གཞུའི་ཟུར་ཁ་དགོན་པར་ཕྱགས་ཕབ་ནས་བཞུགས། དགུང་ལོ་དྲུག་ཅུ་བཞེས་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ངའི་སྐུ་ཞིག་བཞེངས་ན་ལོ་བཅུ་ཐུབ་པར་འདུག་གསུངས་པས། རས་བྲིས་ཞིག་བཞེངས། དེའི་བྱིན་རླབས་ཀྱིས་ལོ་བཅུ་ཐུབ་སྟེ། བདུན་ཅུ་བཞེས་པའི་དུས་སུ། རྗེ་བཙུན་མའི་ཞལ་ནས། ངའི་སྐུ་ཞིག་བཞེངས་དང་ལོ་བཅུ་ཐུབ་པར་འདུག་གསུངས་པས། ལུགས་སྐུ་ཞིག་བཞེངས། སྐུ་དེ་བྱིན་རླབས་ཆེ་བར་གྲགས་ཤིང༌། རས་བྲིས་དེ་རྭ་སྒྲེང་ན་བཞུགས་སྐད། བརྒྱད་ཅུ་བཞེས་པའི་དུས་སུ། རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ད་རུང་ངའི་སྐུ་ཞིག་བཞེངས་ན་ལོ་མང་དུ་ཐུབ་པར་འདུག་གསུངས་པས། ཁོང་རང་བཞུགས་སའི་མདུན་གྱི་གྱང་ལོགས་ལ་ལོག་བྲིས་ཞིག་བཞེངས་པས། དགུང་ལོ་བཅོ་ལྔ་ཙམ་གྱི་བར་ལ་ཚེ་བསྲིངས་ཏེ། ཡོངས་སུ་དྲིལ་བས་གུང་ལོ་དགུ་བཅུ་རྩ་ལྔ་བཞུགས། དེ་ལ་བླ་མ་རིན་པོ་ཆེ་སྒམ་པོ་པས་ཞུས། བླ་མ་རིན་པོ་ཆེ་སྒམ་པོ་པ་དེའང་དགུང་ལོ་བཞི་བཅུ་ཞེ་གཉིས་བཞེས་པའི་དུས་སུ་སྒྲུབ་པ་མཛད་པས་རྟོགས་པ་ཁྱད་པར་ཅན་འཁྲུངས་སྐད།
མཁའ་འགྲོས་སྐུ་ཚེའི་ཚད་ལོ་གསུམ་ལས་མེད་པར་ལུང་བསྟན་པས། རྒྱལ་ཁམས་ས་རོ་སྙོམས་ཀྱི་སྤྱོད་པ་ལ་བྱོན་ནས་ཨེ་ན་མར་ཕེབས་པས། དགེ་བཤེས་སྒྲེ་པ་དང་མཇལ་ནས། ཁོང་ན་རེ། སྐྱེས་བུ་དམ་པ་ཞིག་འདུག་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འདུག་གི་གསུངས་པས། བླ་མ་སྒམ་པོ་པས་ང་ལ་སེམས་ཅན་དོན་བྱ་བའི་ལངས་མེད། མཁའ་འགྲོ་མའི་ལུང་བསྟན་ལ། ད་ཚེ་ལོ་གསུམ་ལས་མེད་གསུང་བ་བྱུང་གསུངས་པས། དགེ་བཤེས་སྒྲེ་པའི་ཞལ་ནས། འོ་ན་ང་ལ་དེས་མི་གནོད་པའི་ཐབས་ཡོད་ཀྱི། རོ་ཁུང་བྲུས་ཀྱང་ཨའུ་རྩི། རྐང་ལག་འཐོར་ཀྱང་ཨའུ་རྩི། འཆི་རྟགས་ཚང་ཡང་ཨའུ་རྩི་བའི་གདམས་ངག་ཇོ་མོ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བྱ་བ་གདམས་པ་ཁྱད་པར་འཕགས་པ་ཞིག་ཡོད་ཀྱི་གསུངས་ནས་འདི་གནང་བས་དགུང་ལོ་བརྒྱད་ཅུར་བསྲིངས་པ་ལགས་སྐད། དེ་ཉིད་ཀྱིས་དཔལ་ཕག་མོ་གྲུ་པ་ལ་གནང༌། དེས་སྟག་ལུང་ཐང་པ་ཆེན་པོ་ལ་གནང༌། དེ་ཉིད་ཀྱིས་བླ་མ་ལམ་པ། དེས་སློབ་དཔོན་ཚལ་པ། དེས་སློབ་དཔོན་ཤཱཀྱ་གཞོན་པ། དེས་དོན་ཞགས་པ་བུདྡྷ་རཏྣ་ལ། དེས་བླ་མ་བསོད་ནམས་རྡོ་རྗེ་ལ། དེས་བདག་མ་ཏི་བྷ་དྲ་ལ་དགྱེས་བཞིན་དུ་གནང་བའོ། །ཡང་རིན་པོ་ཆེ་སྒམ་པོ་པ་ལྕགས་རི་གོང་ཁ་ན་བཞུགས་པའི་དུས་སུ་གོང་དུ་བསྟན་པ་ལྟར་སྐུ་ཚེ་ལ་མཁའ་འགྲོའི་ལུང་བསྟན་བྱུང་བས། བླ་མ་སྒྲེ་པ་སྙན་པ་ཆེ་བས་ཞལ་ལྟ་ཞིང་ཆོས་འབྲེལ་མཛད་དུ་བྱོན་པ་དང་མཇལ་དུས། ཁོང་གི་ཞལ་ནས། སྟོན་པ་ཁྱེད་བསྟན་པའི་བདག་པོ་བྱེད་ཀྱིས་འགྲོ་དོན་ཆེན་པོ་ཞིག་ཡོང་བར་འདུག དེ་ལ་བར་ཆད་མེད་ཅིང་ཚེ་མཐར་ཕྱིན་པ་ཞིག་དགོས་པ་ཡིན་གསུངས་ནས་གདམས་པ་འདི་གནང་སྟེ། དགུང་ལོ་བརྒྱད་ཅུར་བཞུགས་ནས་འགྲོ་བའི་དོན་རྒྱ་ཆེན་པོར་མཛད་པ་ཡིན་ནོ། །དེ་ལ་བླ་མ་ལྷོ་ལ་ཡག་པས་ཞུས། དེ་ལ་སློབ་དཔོན་བརྟན་པ། དེ་
ལ་སློབ་དཔོན་ཚལ་པ། དེ་ལ་སློབ་དཔོན་ཆེན་པོ་ཤཱཀྱ་གཞོན་ནུ། དེས་དོན་ཞགས་པ་བུདྡྷ་རཏྣ། དེས་བླ་མ་བསོད་ནམས་རྡོ་རྗེ་ལ། དེས་བྱ་བྲལ་ཆོས་རྗེ་བློ་བཟང་པ། དེས་ཆོས་རྗེ་གྲགས་འབྱུང་པ། དེས་ཆོས་རྗེ་ཆོས་བཟང་ཉི་མ། དེས་བདག་ལའོ། །ཡང་སྒྲོལ་མ། པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། བླ་མ་ཀ་པ་ལ། རྟོགས་ལྡན་གྲགས་སེང༌། གཡའ་བཟང་པ་བསོད་ནམས་འོད། བླ་མ་པུཎྱེ་བཛྲ། དེས་བདག་མ་ཏི་བྷ་དྲ་ལའོ། །ཡང་ལུགས་གཅིག་ལ། པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པས། ཆེད་དུ་ཟླ་བ་དྲུག་གི་བར་ཏུ། འཕགས་མ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་བཏབ་པས། ཞལ་མཐོང་གདམས་ངག་དང་རྗེས་སུ་གནང་བ་ཐོབ་པས། མ་འོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་འདིའི་རྒྱ་གཞུང་འདི་མཛད། དེ་ལ་བླ་མ་རྡོ་རྗེ་གདན་པས་ཞུས་ནས་ལས་ཚོགས་ཀྱང་མཛད། དེས་བ་རི་ལོ་ཙཱ་བ་ལ་གཟུང༌། དེས་བླ་མ་གླེ་ནག་པ་ལ་གནང༌། དེས་སྒྲེ་པ་ལ། དེས་དྭགས་པོ་ལྷ་རྗེ་ལ། དེས་ཕག་མོ་གྲུ་པ་ལ། དེས་སྟག་ལུང་ཐང་པ་ལ། དེས་བླ་མ་ལམ་པ་ལ། དེས་སློབ་དཔོན་ཚལ་པ་ལ། དེས་སློབ་དཔོན་ཤཱཀྱ་གཞོན་ནུ་ལ། དེས་དོན་ཞགས་པ་བུདྡྷ་རཏྣ་ལ། དེས་བླ་མ་བསོད་ནམས་རྡོ་རྗེ་ལ། དེས་མ་ཏི་བྷ་དྲ་ལ། དེས་ཆོས་རྗེ་གྲགས་འབྱུང་ལ། དེས་ཆོས་རྗེ་ཆོས་བཟང་ཉི་མ་ལ། དེས་བདག་ལའོ། །ཡང་བ་རི་ལོ་ཙཱ་བ་སོགས་ནས་རིམ་གྱིས་བརྒྱུད་པ་ནི། བླ་མ་དམ་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་ཞེས་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་ཡོན་ཏན་གྱི་ཁྱད་པར་དུ་མ་མངའ་བ། གྲུབ་མཐའ་ལ་སོགས་ཐེ་ཚོམ་ཅུང་ཟད་ཟ་བ་ཀུན་མགོན་པོ་ཀླུ་སྒྲུབ་ལ་དྲིས་པས་ཆོག་ཅེས་པར་གྲགས་པ། མཁས་པ་ལ་གྲུབ་པས་བརྒྱན་པའི་སྐྱེས་བུ་དེས། འདིའི་རྒྱ་གཞུང་གི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་དང༌། སྦྱིན་སྲེག ལས་ཚོགས་ཀྱང་འགའ་རེ་མཛད། དེ་ལ་བླ་མ་
གྲགས་པ་རྒྱ་མཚོ། དེ་ལས་བདག་བློ་གྲོས་བཟང་པོས་ལེགས་པར་ཐོབ་པའོ། །ཡང་སྒྲུབ་སྐོར་རྣམས་ལ་ཉེ་བརྒྱུད་དུ་བྱེད་ན། ཚེ་སྒྲུབ། བློ་འཕེལ། དབང་སྡུད། སྲུང་འཁོར། ཟློག་པ། ཇག་ཆིངས་ལ་སོགས་པ། སྒྲོལ་དཀར། མཁན་ཆེན་ནམ་མཁའ་རྒྱལ་མཚན་པ། དེས་ཕྲིན་ཡིག་ཏུ་གནང་བའོ། །དེ་རྣམས་བླ་མ་བརྒྱུད་པའི་ལོ་རྒྱུས་ཟུར་ཙམ་མོ།། ༈ །རྒྱ་གར་སྐད་དུ། སི་ཏཱ་ཏཱ་རེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། འཕགས་པ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཆེད་དུ་ཟླ་བ་དྲུག་གི་བར། །སྒྲོལ་མའི་འཁོར་ལོ་བསྒོམས་པ་ཡིས། །དངོས་གྲུབ་ཐམས་ཅད་འགྲུབ་འགྱུར་ཞིང༌། །འཆི་བའི་སྐྱོན་གྱིས་མ་གོས་པ། །ངག་གི་དབང་ཕྱུག་གིས་བྱས་པའི། །འཆི་བདག་སླུ་བ་བསྡུས་པ་ལས། ཕྱུང་ནས་སྒྲོལ་མ་དཀར་མོ་ནི། །བསྒོམ་ན་འཇིགས་པ་སེལ་བྱེད་མ། །བཞི་པའི་སྡེ་ཚན་དང་པོ་ལ། །བཅས་ནས་ནམ་མཁར་འོད་ཟེར་སྤྲོས། །པད་དཀར་ཟླ་བའི་གདན་སྟེང་དུ། །གསུམ་ལ་སྐྱབས་འགྲོ་ཡོངས་རྫོགས་བྱ། །རང་གཞན་སྒྲོ་བཏགས་གཞོམ་བྱེད་དུ། །སྐད་ཅིག་སྟོང་པ་ཉིད་དུ་ལྟ། །དེ་ནས་སྔོན་གྱི་སྨོན་ལམ་དབང༌། །བྱང་ཆུབ་སེམས་ཀྱི་ཡི་གེ་བསྒོམ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གདན་གྱི་སྟེང་དུ་ནི། །རྡོ་རྗེ་སྐྱིལ་ཀྲུང་དང་བཅས་པས། །མཆོག་སྦྱིན་པ་དང་ཨུཏྤལ་འཛིན། །སྟོན་ཀའི་ཟླ་བའི་འོད་མདངས་ཅན། །ཟླ་བའི་གདན་ལ་མཉམ་བསྟེན་པའི། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོན་པའི་ལུས་ཅན་མ། །སངས་རྒྱས་ཀུན་གྱི་དེ་སྲས་དང༌། །ཡུམ་ནི་འདོད་པའི་གཟུགས་འཛིན་མ། །སྒྲོལ་མ་དེ་ཡི་སྙིང་གར་བསྒོམ། །འཁོར་ལོ་འོད་ཟེར་དཀར་པོ་ཅན། །རེ་མིག་བརྒྱད་ལ་ཡི་གེ་བརྒྱད། །ཡོངས་སུ་གང་བར་བྱས་པའོ། །ཨོཾ་ཧཱ་གསལ་བྱེད་དབུས་གནས་པ། །བསྒྲུབ་
བྱའི་མིང་ནི་ལྟེ་བར་བྱ། །ཟླ་དྲུག་རྩེ་གཅིག་པ་ཉིད་ཀྱིས། །ངེས་པ་བརྟན་པོ་དག་ཏུ་བྱ། །ཡི་གེ་བཅུ་པའི་སྔགས་འདི་ནི། །མི་སྐྱོའི་ཡིད་ཀྱིས་བཟླ་བྱ་སྟེ། །ཨོཾ་གྱི་ཡི་གེ་དང་པོར་སྦྱིན། །ཕྱིས་ནི་ཏཱ་རེ་རབ་ཏུ་སྦྱར། །ཏུཏྟཱ་རེ་ལ་ཏུ་རེ་ཕྱིས། མཐའ་རུ་ལས་རྣམས་ཀུན་བྱེད་མ། །ཚངས་དང་ཁྱབ་འཇུག་ཉི་ཟླ་དང༌། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང༌། །བ་སྤུའི་རྩེ་མོའང་བསྐྱོད་མི་ནུས། །འཆི་བདག་ལས་ཀྱང་གྲོལ་བས་ན། །སྐྲ་དཀར་གཉེར་མ་སྐལ་ངན་ནད། །དབུལ་བ་ལ་སོགས་སྐལ་ངན་དང༌། །སེང་སོགས་འཇིགས་པ་ཆེ་བརྒྱད་ཀྱི། །དུཿཁ་རབ་ཏུ་འཇོམས་བྱེད་པ། །སྐུལ་བ་མེད་པར་གོས་སྡུད་པ། །ཁ་ཟས་རིན་ཆེན་དག་ཀྱང་འདུ། །རལ་གྲི་དང་ནི་མིག་སྨན་དང༌། །རྐང་མགྱོགས་བུམ་པ་བཟང་སོགས་འགྲུབ། །ཚིག་ལ་མཁས་དང་སྙན་ངག་དང༌། །བློ་རྣོ་ཤེས་རབ་ཆེན་པོར་འགྱུར། །གཞན་ཡང་དངོས་གྲུབ་ཅི་འདོད་ནི། །འཁོར་ལོ་དེ་ལས་འབྱུང་བར་འགྱུར། །སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། །ནད་དང་འཆི་བ་རྣམས་ཉམས་པ། །གང་གིས་ཕྱུང་ནས་དགེ་བསགས་པ། །དེས་ནི་སྐྱེ་འགྲོ་གྲོལ་བར་ཤོག །སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། མཁས་པ་བ་རི་ལོ་ཙཱ་བས་བསྒྱུར་པའོ། །རྒྱ་གཞུང་གཞན་ཡང་གསུམ་ཡོད་དོ།། ༈ །གཉིས་པ་ལ་གཉིས། དང་པོ་མཚན་མ་བརྟག་པ་ནི། རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །ཇོ་མོ་སྒྲོལ་མའི་སྒོམ་བཟླས་བྱེད་པའི་རྣལ་འབྱོར་པས། དང་པོ་ལྷ་སྒྲུབ་པ་ལ་བར་ཆད་འབྱུང་མི་འབྱུང་དང༌། འགྲུབ་མི་འགྲུབ་ཀྱི་མཚན་མ་བརྟགས་པར་བྱ་སྟེ། རྣལ་འབྱོར་པས་དང་པོ་འབྱོར་པ་རབ་འབྲིང་དང་སྦྱར་ཏེ། དགེ་འདུན་ལ་བསྙེན་བཀུར་བྱ། ཚོགས་ཀྱི་འཁོར་ལོ་བཤམ། བསྙེན་པ་འབུམ་ལ་སོགས་པ་སོང་བའི་སྔགས་པས་ས་ཕྱོགས་གཙང་
མར་བའི་རྣམ་ལྔ་བྱུག མཎྜལ་ཆོ་ག་བཞིན་དུ་ཕུལ། སྣམ་བུའམ་རས་གཙང་མའི་སྟེང་དུ་བླ་མའི་སྐུ་འབག་གམ། ཞབས་རྗེས། རྗེ་བཙུན་མའི་སྐུ་འདྲ་དགྲམ་ལ། རང་ཉིད་ཚངས་པར་སྤྱོད་པ་ལ་གནས་པས་ཁྲུས་དང་གཙང་སྦྲ་བྱས་ཏེ། ལྷ་དེའི་དྲུང་དུ་མཆོད་པ་ཇི་ལྟར་འབྱོར་པ་བཤམ། ཆོས་སྤྱོད་རྫོགས་པར་བྱའོ། །དེ་ནས་མི་དང་མི་འཕྲད་པར་བཟླས་པ་བྱའོ། །དེ་ནུབ་རྟེན་བཞུགས་པའི་ས་ཕྱོགས་ལ་རང་གི་མགོ་བསྟན་ལ། བདག་ལས་དང་པོ་པའི་གང་ཟག་ཡིན་པས། ཁྱེད་སྒྲུབ་པ་ལ་འགྲུབ་བམ་མི་འགྲུབ་ཀྱི་ལས་ཇི་ལྟར་ཡོད་མི་ཤེས་པས་བདག་ལ་རྟགས་དང་མཚན་མ་བཟང་པོ་བསྟན་དུ་གསོལ། བདག་ལ་སྐལ་བ་མེད་ཅིང་མི་འགྲུབ་ནའང༌། དེའི་རྟགས་དང་མཚན་མ་སྟོན་ཅིག ཅེས་དམོད་བཙུགས་ལ་སེམས་གཞན་དུ་མ་ཡེངས་པར་ཉལ་བར་བྱའོ། །དེ་ལྟར་བྱས་པས་སྔོན་གྱི་ལས་དང་སྐལ་བར་ལྡན་པ་ཡིན་ན། ལྷ་དེ་ཉིད་ཀྱིས་སྐུ་དངོས་སུ་སྟོན་པའམ། དངོས་སུ་ཁྱོད་ཀྱིས་སྒྲུབ་པ་གྱིས་ཤིག་ཟེར་བ་ཡོང་སྟེ། དེ་ལྟར་བྱུང་ན་འཇིག་རྟེན་གྱི་བྱ་བ་བཏང་སྟེ་བརྩོན་འགྲུས་དྲག་པོས་སྒྲུབ་ན་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཙམ་མ་བྱུང་ཡང་རྨི་ལམ་ན་དཀོན་མཆོག་མཆོད་པ་དང༌། ཆོས་སྟོན་བྱེད་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའམ། དགེ་སློང་གི་དགེ་འདུན་དང་མཇལ་བ་དང༌། ཆུ་བོ་ལས་ཐར་བའམ། གོས་དཀར་པོ་གྱོན་པ། སྟོན་མོ་བཟང་པོ་བྱིན་པ་ལ་སོགས་བྱུང་ན་སྡིག་པ་དག་པའི་རྟགས་ཡིན་པས་ཤིན་ཏུ་བཟང་ངོ༌། །བུད་མེད་མཛེས་མ་མང་པོའི་དབུས་ན་འདུག་པ་རྨིས་ན་བཟང་ལ། ཆུས་ཁྱེར་བ་དང༌། སྟག་དང་སེང་གེས་ཟོས་པ་དང༌། དགྲས་དེད་པ་དང༌། གཡང་དུ་ལྷུང་བ། གཞན་གྱིས་འཐབས་པ། མི་ནག་པོ་དང་མ་ཧེ་ལ་སོགས་མདོར་ན་སྡིག་པའི་རྨི་ལམ་ཅི་
བྱུང་ཡང་སྒྲུབ་ལ་བར་ཆད་འབྱུང་བས་མི་འགྲུབ་བོ། །བཟང་ངན་གང་ཡང་འབད་རྩོལ་དྲག་པོས་སྒོམ་ཡུན་བསྲིང་ན་འགྲུབ་བོ། །རྟགས་ངན་པ་གཞན་བྱུང་ན་བསྐྱར་ནས་བསྒྲུབ་སྟེ། ལན་བདུན་གྱི་བར་ངན་ན་སྐྱེ་བ་འདི་ལ་འབྲེལ་པ་མེད་པ་ཡིན་པས་བསྒྲུབས་ཀྱང་མི་འགྲུབ་པས། ལྷ་དང་བླ་མ་ལ་དམད་པར་མི་བྱ་ཞིང༌། སྐྱེ་བ་ཕྱི་མ་ལ་བསྒྲུབ་པ་དང་འགྲུབ་པའི་སྨོན་ལམ་འདེབས་སོ། །རྟགས་བཟང་ན་ཅིས་ཀྱང་བསྒྲུབ་པར་བྱའོ། །འདི་ནི་ཤིན་ཏུ་ངོ་མཚར་བའི་གདམས་ངག་གོ །རང་གི་དད་པས་སྲང་ལ་གཞལ་བའི་མྱོང་བ་དང༌། བླ་མ་གཅིག་གཉིས་སུ་བརྒྱུད་པའི་ཕྱག་ལེན་གཉིས་དམར་ཁྲིད་ལགས་སོ།། ༈ །བླ་མ་རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །འགྲོ་རྣམས་གཤིན་རྗེའི་འཇིགས་པ་ལས། །སྒྲོལ་མཛད་སྒྲོལ་མ་ལ་བཏུད་དེ། །འགྲོ་རྣམས་འཆི་བདག་ལས་བསྒྲལ་ཕྱིར། །སྒྲོལ་མའི་ཆོ་ག་མདོར་བསྡུས་བཤད། །དོན་གཉིས་པ་སྒྲུབ་ཐབས་དངོས་ནི། འདི་བསྒོམ་པར་འདོད་པས་ར་བ་བཞིའི་ཡར་ངོའི་ཚེས་བརྒྱད་ནས་བརྩམ། ཚེས་བདུན་ཕན་ལ་སྒྲུབ་པ་ལ་དགོས་པའི་ཆ་རྐྱེན་རྣམས་སྟ་གོན་བྱ་ཞིང༌། གནས་དབེན་ཞིང་གཙང་སར་ཕྱག་དར་ལེགས་པར་བྱ། དཀོན་མཆོག་གི་རྟེན་དགྲམ། རང་ཉིད་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱས་ནས། རྟེན་གྱི་དྲུང་དུ་མཆོད་པ་ཚར་གཅིག་བཤམས་ནས་ཕུལ་ལ། བདག་མིང་འདི་ཞེས་བགྱི་བ། ཇོ་མོ་ཡིད་བཞིན་འཁོར་ལོའི་སྒྲུབ་པ་བགྱི་བ་ལ་བར་ཆད་མི་འབྱུང་ཞིང་མཐར་ཕྱིན་པར་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་དུ་མེ་ཏོག་རེ་གཏོར་ལ་གདབ། གྲུབ་ན་དགེ་འདུན་ལ་ཚོགས་གསག ཆོས་སྐྱོང་ལ་གཏོར་མ་ཕུལ་ཞིང་གཞི་བདག་ལའང་སྦྱིན་ནས། བདག་གིས་དམ་པའི་ཆོས་སྒྲུབ་པའི་བསམ་པ་མཐར་མ་ཕྱིན་གྱི་བར་དུ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། བསམ་དོན་བདེ་ལེགས་སུ་འགྲུབ་པའི་ཕྲིན་ལས་བཟང་པོ་མཛོད་བྱས་ལ་
བཀའ་བསྒོ་བྱ། ཚེས་བདུན་གྱི་ཉིན་དེ་ལྟར་ཆར་བར་བྱས་ལ། བརྒྱད་ཀྱི་ཐོ་རངས་ནས་སྒྲུབ་པ་ལ་འཇུག་པར་བཤད་པས། ནངས་པར་བྱ་རོག་སྒྲ་མི་གྲགས་པའི་དུས་སུ་སྟན་བདེ་བར་འདུག་ལ། ཁ་ལྷོ་ཕྱོགས་སུ་ལྟ་ཞིང་དཀོན་མཆོག་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པའི་ཚིག་དང་དོན་འབྲེལ་པར། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། སངས་རྒྱས་ཐོབ་པར་བྱེད་པ་ལ་ཚེ་རིང་བ་དང༌། ནད་མེད་པ་དང༌། བར་ཆད་ཞི་བར་བྱ་དགོས། དེའི་ཆེད་དུ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་མཆོད་བསྟོད་ལ་སོགས་ལམ་གྱི་རིམ་པ་ལ་འཇུག་པར་བྱའོ། །མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་སྙམ་པའི་ངེས་ཤེས་འདྲོང་བར་བྱ་ཞིང༌། སེམས་བསྐྱེད་པ་སོགས་རྒྱས་པར་བྱའོ། །དེ་ནས་སྐད་ཅིག་གིས་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་རྗེ་བཙུན་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་དབུ་ལ་བླ་མ་འོད་དཔག་མེད་ཀྱི་རྣམ་པར་བཞུགས་པར་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿ ན་མཿཏཱ་རཱ་ཡཻ། ཞེས་པས་བླ་མ་དང་བཅས་པ་དང༌། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ལ། ཨོཾ་ཏཱ་རེ་སརྦ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ སེ་གོལ་བརྡབ། ས་པ་རི་ཝཱ་རའི་རྗེས་སུ་ཨརྒྷཾ་ལ་སོགས་པས་མཆོད། དཀོན་མཆོག་གསུམ་ལ་སོགས་པས་ཡན་ལག་བདུན་པ་བྱ། ཚད་མེད་པ་བཞི་བསྒོམ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམས་ལ། དེའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད།
ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཞི་བའི་སྐུ་ལ་སྤྱན་གསུམ་དང་ལྡན་པ། ཕྱག་ཞབས་བཞིའི་མཐིལ་དུའང་སྤྱན་རེ་རེ་ཡོད་པ་སྟེ་སྤྱན་བདུན་མ། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་པ། གཡོན་པའི་མཐེབ་སྲིན་གྱིས་མེ་ཏོག་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་བསྣམས་པ་སྙན་གྱི་ཐད་དུ་ཡོད་པ། དེའང་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་ཡོད་པའི་དབུས་ཀྱི་མེ་ཏོག་ཁ་ཤག་གིས་བྱེ་བ། གཡས་ཀྱི་མེ་ཏོག་དུད་པའི་འབྲས་བུར་ཡོད་པ། གཡོན་གྱི་མེ་ཏོག་ཁ་མ་བྱེ་པའི་བུམ་པར་ཡོད་པ། སྐུ་ལ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་བཅུ་དྲུག་ལོན་པའི་ངང་ཚུལ་ཅན། དབུ་སྐྲ་མཐོན་མཐིང་ལྟར་གནག་པ་ལྟག་པར་བཅིངས་པའི་ལན་བུ་ཐུར་དུ་འཕྱང་བ། ཟླ་བའི་རྒྱབ་ཡོལ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བའི་ཐུགས་ཀར་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ་དབུ་ཅན་དུ་བསྒོམས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤློ་ཀ་གཉིས་ཀྱིས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། སྔར་བཞིན་མཆོད། ས་པ་རི་ཝཱ་རའི་རྗེས་སུ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོཊ་བཾ། བཛྲ་ཨཱ་བེ་ཤ་ཡ་ཨཱཿས་དགུག་གཞུག་བཅིང༌། དབང་གི་ལྷ་རིགས་ལྔ་སྤྱན་དྲངས། སྔར་བཞིན་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་གྱིས་གསོལ་བ་བཏབ། རིགས་ལྔས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱིས་དབང་བསྐུར་བས་སྐུ་ལུས་ཐམས་ཅད་བདུད་རྩིས་གང༌། ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱི་རྣམ་པས་དབུར་བརྒྱན་པར་བསམ། དེ་ནས་ཡོ་ག་ལྟར་མཆོད་
པ་བསང་སྦྱང་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞེས་སོགས་ཀྱི་མཆོད་པས་མཆོད། བསྟོད་པས་བསྟོད། ཐུགས་ཀར་འཁོར་ལོའི་ལྟེ་བར་ཏཱྃ་ཡིག་གི་མཐར། ཨོཾ་བདག་གི་ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་མཛོད་ཅིག་ཧཱ། ཞེས་པས་བསྐོར་བ། རྩིབས་བརྒྱད་ལ་གཡས་སྐོར་གྱིས། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་དམིགས་པ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་གང་ནས་སྡིག་སྒྲིབ་དང་དུས་མིན་འཆི་བ་ཐམས་ཅད་དག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་བྱིན་རླབས་དང་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བྱོན་ནས་ཡིག་འབྲུ་རྣམས་ལ་ཐིམ་པར་བསམ། ཡང་ཐུགས་ཀའི་སྔགས་ཕྲེང་དང༌། ཕྱག་གི་ཨུཏྤ་ལའི་སྟེང་དུ་ཧཱུྃ་ངམ་ཏཱྃ་བསམ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཐམས་ཅད་སྒྲོལ་མར་གྱུར། གཞན་གྱི་བྱེད་ན་དེ་ཉིད་དམིགས་མཐར་རང་ལ་བསྡུའོ། །ཡི་གེ་བཅུ་པ་ཅི་ནུས་བཟླས་པའི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླས་ལ། སླར་མཆོད་བསྟོད། དངོས་གྲུབ་བླང་ངོ༌། །ཡང་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ནི། ཚེ་འཕེལ་བར་འདོད་པས་སྦྱོར་བ་སེམས་བསྐྱེད། དངོས་གཞི་སྒོམ་བཟླས་བྱ། རྗེས་བསྔོ་བས་རྒྱས་གདབ་བོ། །དང་པོ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་སྒྲོལ་མའི་གོ་འཕང་ལ་འགོད་པར་བྱ། ཁྱད་པར་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་ཡི་བར་ཆད་ཞི་བར་བྱ་སྙམ་དུ་བསྒོམ། དེའི་ངང་ལས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྐད་ཅིག་གིས་བདག་དང་སྣོད་བཅུད་ཐམས་ཅད་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་
འདབ་མ་བརྒྱད་པའི་ལྟེ་བར་ཨཱ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བདག་ཉིད་སྐད་ཅིག་གིས་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་ཨུཏྤལ་དཀར་པོའི་ཡུ་བ་ནས་འཛིན་པ་སྙན་གྱི་ཐད་དུ་ཁ་བྱེ་བ། རིན་པོ་ཆེའི་དབུར་རྒྱན་དང༌། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། སྒེག་ཅིང་མཛེས་པའི་ཆ་བྱད་ཅན། དར་སྣ་ཚོགས་དང་ཡིད་བཞིན་གྱི་ནོར་བུས་སྤྲས་པ། བཅུ་དྲུག་ལོན་པའི་ན་ཚོད་ལྟ་བུར་བསྒོམས་པའི་མདུན་དུའང༌། པདྨ་འདབ་མ་བརྒྱད་ལ་ལུས་དང་གྲིབ་མའི་ཚུལ་དུ་གཙོ་མོ་ལ་ཞལ་ལྟ་བར་སྒྲོལ་མ་འཁོར་བརྒྱད་ཀྱིས་བསྐོར་བར་བསྒོམ། གཙོ་མོར་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ། དེའི་མཐར་གཡོན་སྐོར་དུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་དང༌། འཁོར་གྱི་ལྷ་མོ་བརྒྱད་ཀྱི་ཐུགས་ཀར་ཡང་དེ་བཞིན་ཏུ་བསྐོར་བར་བསྒོམ། བཟླས་པའི་ཐུན་མཚམས་སུ་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་བོ། །མི་དམིགས་པའི་ངང་དུ་གཞག རྗེས་བསྔོ་བས་རྒྱས་གདབ། ཐུན་མཚམས་སུ་གཏོར་མ་གཏང་བ་ནི། རིན་པོ་ཆེའི་སྣོད་དུ་དཀར་གསུམ་མངར་གསུམ་ལ་སོགས་པ་བཤམས་ལ། རང་རྗེ་བཙུན་མ་གཞུང་བཞིན་ནམ་སྐད་ཅིག་གིས་བསྒོམས་ཏེ། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་བླ་མ་དང་བཅས་པ་མདུན་དུ་བྱོན་པར་བསམས་ཏེ། དེ་ནས་ཡི་གེ་གསུམ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ལ་སྔགས་ཅི་མང་དུ་བཟླ། ལྗགས་རྡོ་རྗེའི་སྦུ་གུས་གསོལ་བར་བསམ་ཞིང་སེ་གོལ་བརྡབ་
ལ། འདོད་དོན་ལ་གསོལ་བ་གདབ། བཛྲ་མུཿས་གཤེགས། གཏོར་མ་ས་གཙང་སར་དོར་རོ། །ཡང་གོང་བཞིན་བཤམས་ལ་འབྱུང་པོ་ཐམས་ཅད་ལ་གཏོར་མའི་སྔགས་ཀྱིས་ཚིམས་པར་བྱ་ཞིང༌། བཀའ་བསྒོ་བྱའོ། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ངོ༌།། ༈ །བུམ་ཆོག་བྱེད་པར་འདོད་པས། བུམ་པ་མཚན་ཉིད་དང་ལྡན་པ་ལེགས་པར་བཤམས་ལ། བཛྲ་ཡཀྵས་བསང༌། སྭ་བྷཱ་བས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་མཚན་ཉིད་དང་ལྡན་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པའི་ནང་དུ་རྗེ་བཙུན་མ་སྔར་ལྟར་བསྐྱེད། སྤྱན་འདྲེན་མཆོད་བསྟོད་རྒྱས་པར་སྤྲོ་ན་ཡོ་གའི་མདུན་བསྐྱེད་ཀྱི་སྐབས་ལྟར་བྱ། གནས་སྐབས་སུ་བསྟོད་པ་བྱ་བ་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་གི་སྡོང་པོ་ནམ་མཁའ་གང་བ་ཙམ་གྱི་སྟེང་དུ་སྣ་ཚོགས་པདྨ་འབུམ་དང་ལྡན་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་གདན་དང་རྒྱབ་ཡོལ་དང་ལྡན་པའི་འཕགས་མ་ཡིད་བཞིན་གྱི་འཁོར་ལོའི་ལྷ་ཚོགས་བསྐྱེད་པའམ། སྤྱན་དྲངས་ནས་བཞུགས་པ་ལ། བདག་དང་ཕ་མས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་རྩེ་གཅིག་ཏུ་འཕགས་མའི་ཡོན་ཏན་དྲན་བཞིན་པས་བསྟོད་པར་བསམ་ཞིང༌། རྒྱ་གར་སྐད་དུ། ཨཱརྻཱ་ཏཱ་རེ་སྟོ་ཏྲཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་
ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང༌། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱི། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱོད་ལ་ཆ་ཙམ་བསྟོད་པ་འདིས། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །འདི་ནས་བྱང་ཆུབ་མ་ཐོབ་བར། །མི་མཐུན་རྐྱེན་རྣམས་ཞི་བ་དང༌། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ཅེས་སོ། །ཡང་བུམ་སྒྲུབ་ལ་གཉིས་ལས། དང་པོ་རིམ་གཉིས་ཀྱི་མཉམ་གཞག་དང༌། རྗེས་ཀྱི་རྣལ་འབྱོར་རྣམས་གོང་དང་འདྲ་བ་ལས། བདག་བསྐྱེད་སྔར་བཞིན་ནམ། ཕྱག་ཞབས་ཀྱི་མཐིལ་ཡེ་ཤེས་
ཀྱི་སྤྱན་རེ་རེ་དང་ལྡན་པ། ཞེས་སྤྱན་བདུན་པ་བསྒོམ་པའི་ཁྱད་པར་འདི་གང་མོས་སུ་བསྒོམ་མོ། །མདུན་བསྐྱེད་བུམ་པ་མི་དམིགས་པའི་ངང་ལས། བྷྲཱུྃ་ལས་ཕྱི་དབྱིབས་བུམ་པ། ནང་གཞལ་ཡས་ཁང་གི་དབུས་སུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ། བདུད་རྩིའི་རྒྱ་མཚོའི་སྟེང་དུ་རྗེ་བཙུན་མ་བསྐྱེད་བསྟིམ། དབང་བསྐུར་རྒྱས་གདབ་མཆོད་བསྟོད། བཟླས་པའི་འོད་ཟེར་གཟུངས་ཐག་ལ་བརྟེན་ནས་སོང་བས་ཐུགས་དམ་བསྐུལ། དེའི་འོད་ཀྱི་ཕོ་ཉས་སངས་རྒྱས་ཐམས་ཅད་བསྐུལ། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པ་དང༌། ནུས་པ་ཐམས་ཅད་དམ་ཚིག་གི་བདུད་རྩི་ལ་ཐིམ་ཞིང་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ། སྔགས་སྔ་མའི་སྭཱ་ཧཱའི་གོང་དུ། མ་མ་ཨཱ་ཡུཿཔུཎྱེ་ཛྫྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་ནས་བཟླས་པས་འགྲུབ་བོ། །ཐུན་འཇོག་པའི་ཚེ་མཆོད་བསྟོད། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདུད་རྩིར་ཞུ་བས་བཏུང་བ་དང་ཁྲུས་སོགས་བྱའོ། །དེ་ལྟར་འབད་པས་ཟླ་བ་དྲུག་གམ་འབུམ་ཕྲག་བཅུའམ་མཚན་མ་མ་བྱུང་གི་བར་དུ་བྱེད་པ་ནི་དངོས་གཞི་སྒྲུབ་པའི་རིམ་པའོ། །གཉིས་པ་ནི། བུམ་པ་བཅའ་བ་གོང་བཞིན་དང་མཐུན། མདུན་དུ་པདྨ་འདབ་བརྒྱད་དང་མཆོད་གཏོར་ལ་སོགས་བཤམ། བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་དུ་བསྐྱེད། ནང་དུ་པད་ཟླའི་གདན་ལ་ཆོ་ག་གསུམ་གྱིས་སྒྲོལ་མ་བསྒོམ། དེའི་ཐུགས་ཀར་སྔགས་ཐམས་ཅད་ཡོད་པར་བསམས་ལ་བསྙེན་པ་བརྒྱ་སྟོང་ལ་སོགས་བྱའོ། །དེ་ནས་ལྷ་ལ་གསོལ་བ་གདབ། བསྟོད་པ་བཀྲ་ཤིས་ལ་སོགས་བྱའོ། །ལྷ་འོད་དུ་ཞུ་བར་བསམས་ནས་རང་ངམ་གཞན་གྱིས་ཁྲུས་བྱ། ཡི་གེ་བཅུ་པའི་ཤམ་བུར་ཤཱནྟིཾ་ཀུ་རུ་སོགས་ཕྲིན་ལས་སྐབས་དང་སྦྱར། གཟུངས་བཟླས་པའི་མར་ལ་སོགས་པ་བདུད་རྩིར་སྔགས་པས་ཀྱང་བྱུག་པར་བྱའོ།། ༈ །ན་མསྟཱ་རཱ་ཡཻ། སྒྲོལ་དཀར་གྱི་རྗེས་གནང་ནི། སློབ་དཔོན་བསྙེན་པ་
གོང་དུ་སོང་ནས། དབེན་པའི་གནས་སུ་ཡར་ངོའི་ཚེས་བརྒྱད་ལ་སོགས་པ་ལ་མཎྜལ་མདའ་གང་ངམ། ཁྲུ་གང་གི་ལྟེ་བར་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲི། དེའི་ལྟེ་བར་མེ་ཏོག་གི་ཚོམ་བུ་བཀོད། བུམ་པ་མཚན་ཉིད་དང་ལྡན་པ་བཅས་ལ་བསངས་སྦྱངས་ནས་བུམ་རྫས་དང་ཆུས་སུམ་གཉིས་དགང༌། མགུལ་ཆིངས་ཁ་རྒྱན་དང་མཆོད་པ་ཅི་འབྱོར་པ་བཤམ། བདག་ཉིད་བདེ་བའི་སྟན་ལ་འདུག་ནས་སྔོན་འགྲོའི་གཏོར་མ་གཏང༌། མཆོད་པ་བྱིན་བརླབ། སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱས་རྒྱུད་སྦྱངས་ལ། བདག་བསྐྱེད་བཟླས་པ་བྱ། མདུན་བསྐྱེད་ནི་བུམ་པའི་བསྐྱེད་ཆོག་བཟླས་པ་མཆོད་བསྟོད་ལ་སོགས་གཞུང་ལྟར་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད། དེ་རྣམས་ནི་དཀྱིལ་འཁོར་དང་སློབ་དཔོན་གྱི་བྱ་བའོ། །ད་རྗེས་སུ་གནང་བ་ནི། སྦྱོར་བ་དངོས་གཞི་རྗེས་དང་གསུམ་མོ། །དང་པོ་སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད། མཎྜལ་ཕུལ་ཏེ། གང་གི་དྲིན་གྱིས་ལན་གསུམ་དང༌། འཁོར་བ་ལས་སྒྲོལ་གྱིས་གསོལ་བ་གདབ། བླ་མས་ཆོས་སྤྱི་དང་ཆོས་འདིའི་ལོ་རྒྱུས་བཤད། དགའ་ཆེན་གྱིས་གསོལ་བ་གདབ། བུ་ཚུར་གྱིས་གནང་བ་དང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་བྱིན། ཡན་ལག་བདུན་པ་དང་རིགས་ལྔའི་སྡོམ་པ་འབོག ནང་གི་སེམས་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དམ་ཚིག་གསུམ་བསྒྲག དེ་ནས་མིག་དར་བཏགས་ཏེ། སྭ་བྷཱ་ཝས་སློབ་མ་རྣམས་ལུས་སྟོང་པར་གྱུར་པའི་ངང་ལས་པད་ཟླའི་སྟེང་དུ་ཏཱྃ་ལས་རྗེ་བཙུན་མར་བསྐྱེད་པའི་སྙིང་གར་འཁོར་ལོ་རྩིབས་བརྒྱད་པ། ས་བོན་གྱི་ཡི་གེ་བཅུ་དང་བཅས་པ་དཔོན་སློབ་གཉིས་གས་གསལ་གདབ། བླ་མ་ལ་སྒྲོལ་མའི་འདུ་ཤེས་ཀྱིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། སློབ་དཔོན་རིན་པོ་ཆེས་བདག་དུས་དང་དུས་མ་ཡིན་པའི་འཆི་བའི་བར་ཆད་ཐམས་
ཅད་བསལ་ནས། རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་གདབ། སློབ་དཔོན་གྱི་ཐུགས་ཀའི་ཡིག་འབྲུ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་དང༌། ཡིག་འབྲུ་ལས་དེ་འདྲ་བ་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྙིང་གར་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ། རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་ཞུགས། སྙིང་གའི་ས་བོན་ཡིག་འབྲུའི་འོད་ཀྱིས་ལུས་ཐམས་ཅད་གང༌། སྡིག་སྒྲིབ་དང་ཁྱད་པར་དུས་མ་ཡིན་པར་འཆི་བའི་བར་ཆད་ཐམས་ཅད་བསལ་བར་བསམ་ཞིང་སྤོས་བསྲེག་དང་རོལ་མོ་དྲག་པོས་བྱིན་རླབས་དབབ། ཏིཥྛ་བཛྲས་བརྟན་པར་བྱའོ། །གཉིས་པ་ནི། བྱང་ཆུབ་རྡོ་རྗེས་གསོལ་བ་གདབ། བླ་མས་ཕུན་སུམ་ཚོགས་པའི་ཤིས་པ་བརྗོད་ཅིང༌། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲང༌། མཆོད་ཅིང་བསྟོད་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ནས། ཇི་ལྟར་བལྟམས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་སྤྱི་བོར་བུམ་པ་བཞག དེ་བཞིན་དུ་མགྲིན་པར་གུ་ཧྱ། སྙིང་ཁར་པྲཛྙཱ་ཛྙཱ་ན། ལྟེ་བར་ཙ་ཏུར། དབང་བསྐུར་བུམ་ཆུ་བླུད། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག འཆི་མེད་ཚེའི་དངོས་གྲུབ་དང༌། དབང་བཞི་པ་ཐོབ། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ་མཆོད་པ་ལྔས་མཆོད། བླ་མས་ཚེ་དཔག་མེད་དང་སྒྲོལ་མའི་བཀྲ་ཤིས་བརྗོད་
པས། བུམ་པའི་དབང་བཞིའམ། སྐུའི་རྗེས་སུ་གནང་བ་ཐོབ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ལས་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་པ་ལྟ་བུ་ཞལ་ནས་བྱུང༌། རང་གི་ཁ་དང་དབུ་མ་ནས་སྙིང་གའི་ཡིག་འབྲུ་ལ་ཐིམ་པའམ། འཁོར་བར་བསམ་ཞིང་ཡི་གེ་བཅུ་པ་ལན་བརྒྱ་རྩ་བརྒྱད་རྗེས་ཟློས་བྱས་པའི་མཐར། བཅོམ་ལྡན་བདག་ལ་སྩལ་ལགས་དང༌། །བཅོམ་ལྡན་འདི་ལ་བྱིན་ལགས་ཀྱིས་ལན་གསུམ་གསུམ་བྱས་པ་གསུང་གི་རྗེས་གནང་ངོ༌། །དེ་ནས་པདྨའི་སྟེང་གི་མེ་ཏོག་སློབ་མའི་སྤྱི་བོར་བཞག་ལ། ལྷ་སློབ་མ་ལ་བསྟིམས་ཏེ། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ་ལ། སེམས་གསལ་སྟོང་ནམ་མཁའ་ལྟར་ཅི་གནས་སུ་འཇོག་པ་ཐུགས་ཀྱི་རྗེས་གནང་ངོ༌། །བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གནས་བཞི་ནས་སྔགས་ཕྲེང་འོད་ཟེར་ཁ་དོག་བཞི་སློབ་མའི་གནས་བཞིར་བསྟིམས་པས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ནུས་མཐུ་དང་ལྡན་པར་བསམས་ལ་ཕྲིན་ལས་བཞིའི་རྗེས་གནང་ངོ༌། །དེ་ནས་སློབ་མས་ལྷ་བསྒོམ་པ་དང༌། བཟླས་པ་འདི་བྱེད་ཡིད་ཀྱིས་དམ་བཅའ་བྱས་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ལན་གསུམ་བྱ། སླར་མཎྜལ་ཡོན་དང་བཅས་པ་ཕུལ་ནས། དེང་ནས་བརྩམས་ཏེ་སོགས་བརྗོད། དགའ་སྟོན་ལ་ལོངས་སྤྱད། གསུམ་པ་ནི། མཆོད་བསྟོད་བསྔོ་བ་སྨོན་ལམ་རྣམས་དང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །རྗེ་བཙུན་མ་སྒྲོལ་མ་དཀར་མོའི་རྗེས་གནང་གི་ཆོ་ག་བླ་མ་རྣམས་ཀྱི་ཕྱག་ལེན་ལྟར་བཀོད་པའོ།། ༈ །ལྷ་མཉེས་ཤིང་བཟླས་པའི་འབྲས་བུ་མྱུར་དུ་འབྱུང་བར་བྱ་བའི་ཕྱིར་སྦྱིན་སྲེག་གི་ཆོ་ག་ལ་འཇུག་དགོས་པར་གསུངས་ཏེ། རིག་པ་མཆོག་གི་རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་གསུངས་
པ་ལྟར་བཟླས་པ་ཇི་ཙམ་སོང་བའི་བཅུ་ཆའི་སྦྱིན་སྲེག་བྱེད་དགོས་ཤིང༌། ཆོ་ག་ནི་ཞི་བ་ཉིད་ཁོ་ན་ཡིན་པས་བཤད་པར་བྱའོ། །ཞི་བའི་ཐབ་ཁུང་ཁྲུ་གང་མཚན་ཉིད་དང་ལྡན་པའི་གཡས་སུ་བསྲེག་རྫས། གཡོན་དུ་མཆོད་རྫས། མདུན་དུ་རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་བླུགས་གཟར་ཁ་སྦྱར་ལ་བཞག ཁ་ཤར་དུ་བལྟས་ཏེ་སྐྱིལ་ཀྲུང་ངམ་ཙོག་པུར་འདུག་ལ། ལྷའི་ང་རྒྱལ་དང་ལྡན་པས་ཐབ་ལ་གཡས་སྐོར་དུ། ཏཱ་རེ་ཏུཏྟཱ་རེའི་སྔགས་ལན་གསུམ་གྱི་རྗེས་སུ་ཛྭ་ལ་རྃ་ཞེས་པས་མེ་སྦར་རོ། །ཡང་ཛྭ་ལ་རྃ་གསུམ་གྱིས་དགང་བླུགས་ཀྱིས་མར་བླུག ཡོ་ག་ལྟར་རྡོ་རྗེ་གནོད་སྦྱིན་གྱིས་སྔགས་དང་ཕྱག་རྒྱས་ཐབ་དང་ཡོ་བྱད་བསང༌། ཨོཾ་སྭཱ་སྭཱ་ཧཱ། ཨོཾ་ཨཱཿསྭཱ་ཧཱ། ཨོཾ་ཤྲཱིཾ་སྭཱ་ཧཱ། ཨོཾ་ཛྲཱིཾ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་ཡོ་བྱད་སྦྱང༌། སྭ་བྷཱ་ཝས་སྟོང་པའི་ངང་ལས་ཐབ། པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་ཐབ་ཁུང་དཀར་པོ་དྭངས་ཤིང་ཐོགས་པ་མེད་པ་རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་ལ་རྡོ་རྗེ་ཕྱེད་པས་བསྐོར་བ། ཕྱི་རོལ་རྡོ་རྗེ་ཕྱེད་པས་མཚན་པ། དབྱིབས་ཟླུམ་པོ། མཚན་ཉིད་ཕུན་སུམ་ཚོགས་པར་གྱུར། ཡང་མཆོད་རྫས་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་རིན་པོ་ཆེའི་སྣོད་ནམ་མཁའ་བར་སྣང་ལྟར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་ལ། ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་བསམ་གྱིས་མི་ཁྱབ་པར་མོས་ལ། ཨརྒྷཾ་ནས་ཤབྡའི་བར་དང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ལ་སོགས་པས་བྱིན་གྱིས་བརླབ། དེ་ནས་ཐབ་ཀྱི་ནང་དུ། པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། མེ་ལྷ་སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ར་སྐྱེས་ལ་ཞོན་པ། ཞལ་
གཅིག་ཕྱག་གཉིས་གཡས་བགྲང་ཕྲེང་དང༌། གཡོན་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱངས་པ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམ་ཞིང༌། རང་གི་ས་བོན་ལས་འོད་འཕྲོས་ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས་པར་མོས་ཏེ། དབྱུག་གུ་རྩེ་གསུམ་གྱི་ཕྱག་རྒྱ་རྣ་བའི་དྲུང་དུ་བཅས་ལ། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿ སརྦ་ཀརྨ་པྲ་སཱ་དྷ་ཀ མཧཱ་བྷཱུ་ཏ་དེ་ཝ་རི་ཥི་དྭི་ཛ་སཧྭཱཾ། གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཧིཾ་ཨཱ་ཧ་ར། ཨ་སྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ། མེ་ཏོག་གཏོར་ལ་གདན་ལ་བཞུགས་པར་བསམ་མོ། །ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན། པཱ་དྱཾ་གྱིས་ཞབས་བསིལ་ནས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཱ་ན་ལ་མཧཱ་བྷཱུ་ཏ་ཛྭཱ་ལཱ་ཡ་བྷ་སྨཱིན་ཀུ་རུ་སརྦ་དུཥྚཱ་ན་ཧཱུྃ་ཕཊ། དྲྀ་ཤྱ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག བཛྲ་ཨཾ་ཀུ་ཤ་ཛཿ ཞེས་སོགས་ཀྱིས་དགུག་གཞུག་བཅིང་དབང་དུ་བྱ། སྔར་ལྟར་དབང་བསྐུར། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དག །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་བདག་གི་བགེགས་ཞི་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག ཨོཾ་བཛྲ་སཏྭ་ཨཱཿ ཞེས་པས་ཀུ་ཤའི་རྩེ་མོ་གཡས་ཕྱོགས་སུ་བསྟན་ནས་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་བསྐོར་ཞིང༌། ཡཀྵ་བཟླས་པའི་ཆུའམ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་བསང༌། དེ་ནས་མེ་ལྷའི་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ཁ་དང༌། གཟར་བུ་གཉིས་ཀྱི་ཁ་ལ་རྃ་བཀོད། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་མར་གྱིས་དགང་གཟར་
བཀང་སྟེ་གཟར་བུ་ཁ་སྦྱར་ལ། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲི་ཡེ་ཧ་བྱ་བཧྣ་ཡ་ཧཱུྃ་ཕཊ། མར་བླུགས་ལ་ལན་གསུམ་གྱིས་མེ་ལྷའི་ཞལ་དུ་ཕུལ་བར་བསམ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི་ཨརྒྷཾ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །ཞི་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། ཨོཾ་ཨགྣ་ཡེ་འབའ་ཞིག་གིས་རྫས་ཐམས་ཅད་ཕུལ། རེ་རེའི་མཇུག་ཏུ་སྤེལ་ཚིག་བཏགས་ཏེ། ཡམ་ཤིང་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ལ་འབྱོར་པ། ཏིལ་ལ་དགེ་བ། ཟས་མཆོག་ལ་བདེ་བ། འབྲས་ལ་བསོད་ནམས་རྒྱས་པ། སོ་བ་ལ་ནོར་དང་འབྲུ། ནས་ལ་ཤུགས། སྲན་མ་ལ་སྟོབས། གྲོ་ལ་ནད་མེད། དཱུརྦ་ལ་ཚེ། ཀུ་ཤ་ལ་སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྤེལ་ཚིག་རྫས་སོ་སོའི་སྔགས་ཀྱི་རིམ་པ་ལྟར་ཕུལ་ནས། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ཨོཾ་མཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་གྷསྨ་རཱ་ཡ་སྭཱ་ཧཱ། ཨོཾ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཕུལ། སྔར་ལྟར་མཆོད་བསྟོད། བསང་གཏོར་དང་ཞབས་བསིལ་ཕུལ། ཨོཾ་བཛྲ་ཛྭ་ལ་རཾ་གྱིས་མེ་ལྷ་འབར་བའི་རྣམ་པར་བསམ། དེ་ནས་ཐབ་ཀྱི་དབུས་སུ་བདག་བསྐྱེད་ཀྱི་སྐབས་ལྟར་དམ་ཚིག་པ་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །
བཅོམ་ལྡན་འཁོར་བཅས་འདིར་ནི་བཞུགས་སུ་གསོལ། །ཞེས་པ་དང༌། སྔར་གྱི་སྔགས་ལ་སོགས་པས་སྤྱན་དྲང༌། ཡེ་ཤེས་པ་གཞུག དབང་བསྐུར། རིགས་བདག་གིས་རྒྱས་བཏབ་པ་བདག་བསྐྱེད་ལྟར་བྱས། མེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མ་ར་ལ་སྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་དཱི་བྱཱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཧྣཱ་ཡ་ཧཱུྃ་ཕཊ། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་ཉེ་བར་འཚེ་བ་དང༌། དུས་མ་ཡིན་པ་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱས་མར་བླུགས་པ་ལན་གསུམ་བྱ། སྔར་བཞིན་མཆོད་བསྟོད། དེ་ནས་རྫས་ཐམས་ཅད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱས་ཕུལ་ལ། སྤེལ་ཚིག་མེ་ལྷའི་སྐབས་དང་འདྲ་བ་ལས་ཏིལ་སུམ་བརྒྱ་ལ་སོགས་པ་མང་དུ་འབུལ། གཞན་བརྒྱ་དང་རེ་རེ་འབུལ། ཐ་མ་བདུན་འབུལ་བ་གོང་བཞིན་ནོ། །འོག་ལྟར་གཏོར་མ་གཏང༌། འདོད་དོན་ལ་གསོལ་བ་བཏབ། བཟོད་པར་ཞུ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། བཛྲ་ཛྭཱ་ལའི་སྔགས་ཀྱིས་མར་དགང་བླུགས་གསུམ་ཐབ་ཏུ་བླུགས་པས་མེ་ལྷའི་སྐུར་བཞེངས་པར་བསམས་ལ། གོང་གི་མེ་ལྷའི་སྐབས་ལྟར་བསྲེག་རྫས་ལྷག་མ་ཉི་ཤུ་རྩ་རེ་དང༌། མར་བྱོན་ཟན་ལྟར་ཕུལ་ལ་མཆོད། གཏོར་མ་ཨོཾ་ཨགྣ་ཡེའི་མཐར། ཨ་ཀཱ་རོ་བཏགས་ལ་ཕུལ། སྔར་གྱི་བསྟོད་པའི་རྗེས་སུ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་
གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩིས་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། འདོད་དོན་ལ་གསོལ་བ་གདབ། བསང་གཏོར་སྔར་བཞིན་དང༌། འཐོར་འཐུང་སྤྲོ་ནའང་སརྦ་སཾ་ཤོ་དྷ་པྲ་ཏཱིཙྪ་སྭཱ་ཧཱས་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དང༌། སྤྱན་དྲངས་པའི་ཕྱག་རྒྱ་ལས། མཛུབ་མོ་དང་ལག་པ་ཕྱིར་བསྐྱེད་དེ་མེ་ལྷ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ། སྟོན་མཆོག་དམ་པས་བཀྲ་ཤིས་བརྗོད། དེ་ནས་གཏོར་མ་བཞི་བཤམས་པའི་དང་པོ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་བསང༌། རྡོ་རྗེ་མེ་ཡི་ཕྱག་རྒྱས་སྦྱང༌། རྡོ་རྗེ་བསྡམས་པ་འདེབས་པའི་ཚུལ་དང༌། ཨ་ཀཱ་རོས་བདུད་རྩིར་བསྒྱུར། ལྷའི་ལྗགས་རྡོ་རྗེ་རྩེ་ལྔ་པའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། སྙིང་པོའི་མཐར་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་པས་འབུལ། མཆོད་བསྟོད། འདོད་གསོལ་དང་ཕྲིན་ལས་གཞོལ། གཏོར་མ་གཉིས་པ་ཆོས་སྐྱོང༌། གསུམ་པ་འབྱུང་པོ། བཞི་པ་བགེགས་ལ་ཆ་གསུམ་ལྟར་བསྔོས་ལ་མཆོད་ཅིང་བསྟོད། འདོད་དོན་ཞུའོ། །མཐར་མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱི་མཐར། ཨོཾ་ཨཿཧཱུྃ་བཛྲ་མུཿ རང་གི་མདུན་གྱི་ཡེ་ཤེས་པ་གཤེགས། མདུན་གྱི་དམ་ཚིག་པ་བདག་ལ་བསྡུ། རྟེན་ཡོད་ན་གཤེགས་གསོལ་མི་དགོས། བརྟན་བཞུགས་བྱ། སྨོན་ལམ་དང་བཀྲ་ཤིས་བརྗོད། གནས་གསུམ་ཡི་གེ་གསུམ་གྱིས་བསྲུང༌། རྗེས་བསྡུའོ། །དེ་དག་གིས་
རང་དང་གཞན་གྱིས་ལྷ་མཉེས་པའི་ཆོ་ག་སྦྱིན་སྲེག་དང་བཅས་པ་བསྟན་ཟིན་ཏོ།། ༈ །ན་མཿཨཱརྻཱ་ཏཱ་རཱ་ཡཻ། ཐུགས་རྗེ་ཚད་མེད་ཕྲིན་ལས་ལྷུན་གྱིས་གྲུབ། །འགྲོ་རྣམས་འཇིགས་པ་བརྒྱད་ལས་སྐྱོབ་མཛད་ཅིང༌། །མཆོག་དང་ཐུན་མོངས་སིདྡྷི་ཚེ་འདིར་སྟེར། །ཡིད་བཞིན་འཁོར་ལོ་བླ་མ་མཆོག་ལ་འདུད། །སྒྲོལ་མ་དཀར་མོའི་ཟུང་འཇུག་བསྒོམ་པར་འདོད་པས། དམིགས་སྐོར་དང་པོ་ནི་གཅིག་པུར་དབེན་པའི་གནས་སུ་རྣམ་གཡེང་ཐམས་ཅད་སྤངས་ཏེ། བདེ་བའི་སྟན་ལ་འདུག སྒོ་གསུམ་བཅོས་བསླད་མེད་པར་ཅུང་ཟད་མཉམ་པར་བཞག གཉིས་པ་ནི་དེ་ནས་རྗེ་བཙུན་མ། སངས་རྒྱས་བྱང་སེམས་སྲུང་མ་གསལ་བཏབ། མཆོད་བསྟོད་བསྡུས་པ་དང༌། ཡན་ལག་བདུན་པ་དང༌། སྐྱབས་འགྲོ་བརྒྱ་རྩ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དུ་སེམས་བསྐྱེད། མཎྜལ་ཚར་བདུན་ཕུལ། གསུམ་པ་ནི། དེ་ནས་རང་ལུས་ཐ་མལ་པའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ཞིག་བསམ། དེའི་མཐར་ཡི་གེ་བརྒྱ་པས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པ་རང་གི་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ལ་ཕོག་པས་ལས་ངན་སྡིག་སྒྲིབ་ཤ་ཁྲག་དང་བཅས་པ་སང་སང་དག་པར་བསམས་ཏེ། ཡིག་བརྒྱ་ཅི་མང་བཟླས་པས་རང་ལུས་འོད་ཀྱི་ཕུང་པོར་གྱུར། བཞི་པ་ནི། དེ་ནས་བླ་མ་དང་སྒྲོལ་མ་ཐ་མི་དད་པ་ལ་མཆོད་འོས་ཐམས་ཅད་བསྟིམ། གང་དྲིན་དང༌། བསྟོད་པ་བསྡུས་པས་བསྟོད། བརྒྱུད་པའི་གསོལ་འདེབས་དང༌། བླ་མ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་འདེབས་སོ། །བརྒྱ་རྩ་དང༌། དེ་ནས་སྒོས་ཀྱི་གསོལ་གདབ་ནི། རྗེ་བཙུན་མ་འཕགས་མ་སྒྲོལ་མས། བདག་གི་ཚེ་བསྲིང་བར་མཛད་དུ་གསོལ། ཆུ་བོ་ལྟར་རིང་བར་མཛད་དུ་གསོལ། རི་བོ་ལྟར་བརྟན་པར་མཛད་དུ་གསོལ། རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་གི་ཚེ་རིང་བར་ལུང་བསྟན་དུ་གསོལ་ཞེས་མང་དུ་བྱའོ། །དབང་བཞི་ལེན།
བླ་མ་རང་ལ་བསྟིམ། ལྔ་པ་ནི། དེ་ནས་རང་སྐད་ཅིག་གིས་སྒྲོལ་མ་དཀར་མོ་སྣང་ལ་རང་བཞིན་མེད་པའི་སྐུར་བསྒོམ། དེའི་གནས་གསུམ་བྱིན་གྱིས་བརླབ། ཁྱད་པར་ཐུགས་ཀར་ཧཱུྃ་གི་མདུན་དུ་ཏཱྃ་དཀར་པོ་ཞིག་བསམ། མདུན་གྱི་ནམ་མཁར་པད་ཟླར་ཏཱྃ་ཡིག་དང་བཅས་པ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་སྒྲོལ་མ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས། པད་ཟླའི་སྟེང་དུ་བཞུགས་པ་ལ་ཡིད་ཀྱིས་ཕྱག་གསུམ་དང་བསྐོར་བ་གསུམ་བྱ། དངོས་སུའམ་ཏིང་ངེ་འཛིན་གྱིས་མཆོད། ཡན་ལག་བདུན་པ་ཕུལ། ཛཿཧཱུྃ་བཾ་ཧོཿ དགུག་གཞུག་བཅིང་མཉེས་པས། རང་སྒྲོལ་དཀར་དངོས་ཡིན་སྙམ་དུ་ང་རྒྱལ་བྱ། དྲུག་པ་ནི། ཐུགས་ཀའི་ཏཱྃ་འོད་དུ་ཞུ་བས་ངོ་བོ་ཇོ་མོ་སྒྲོལ་མ་ལ། རྣམ་པ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པ་ཞིག་བསམ། དེའི་ལྟེ་བ་ལ། ཨོཾ་ནས་སྭཱ་ཧཱའི་བར་དཀར་སྒོ་རེ་བ་ཞིག་གསལ་གདབ། བདུན་པ་ནི། དེ་ནས་འཁོར་ལོ་དང་ཡིག་འབྲུ་ལས་འོད་ཟེར་དཀར་པོ་འཕྲོས་ལུས་ཀྱི་ནང་ཀུན་གང༌། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། ཕྱིར་འདོམ་གང་ཙམ་དུ་འཁོར། ཡང་འོད་ཟེར་སེར་པོ་འཕྲོས། དཀར་པོ་ནས་འདོམ་གང་ཙམ་དུ་འཁོར། དེ་བཞིན་དུ་འོད་ཟེར་དམར་པོ་གོང་བཞིན་འདོམ་གང་ཙམ་དུ་འཁོར། འོད་ཟེར་ལྕགས་ཁ་འཕྲོས་གོང་བཞིན་འཁོར། ལྗང་གུ་འཕྲོས་གོང་བཞིན་འཁོར། འོད་ཟེར་མཆིན་ཁ་འཕྲོས་གོང་གི་ཕྱི་རོལ་དུ་འཁོར། འོད་ཟེར་གྱི་བར་བར་དུ་མེ་ཏོག་ཨུཏྤལ་ཁ་བྱེ་མ་ཐག་པ་སྔོ་ཤིགས་ཤིགས་པ་མང་པོས་གང་བར་བསམས་ཏེ། སྣང་ལ་རང་བཞིན་མེད་པའི་ངང་དུ་ཅི་གནས་གཞག བརྒྱད་པ་ནི། དེ་ནས་ཐུགས་ཀའི་ཏཱྃ་དང་སྔགས་གསལ་བཏབ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་སྒྲ་གྲགས་སྟོང་དུ་བརྒྱ་སྟོང་སོགས་བཟླ། འཕྲོ་གཅོད་དུས་ཨཱ་ལི་ཀཱ་ལི་ཚར་རེ། རྟེན་འབྲེལ་སྙིང་པོ་ཚར་རེ་བཟླའོ། །
དགུ་པ་ནི། དེ་ནས་འོད་ཟེར་རྣམས་ཕྱི་ནས་རིམ་པས་ཐུགས་ཀའི་འཁོར་ལོ་ལ། དེ་ཏཱྃ་ལ། དེ་ཀླད་ཀོར་ལ། དེ་རྣམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་སྟོང་པར་གྱུར་པའི་ངང་ནས་ཞི་ལྷག་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་ཅི་གནས་སུ་གཞག རྗེས་སྤྱོད་ལམ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །བསྔོ་བ་སྨོན་ལམ་རྣམ་པར་དག་པ་མང་པོས་རྒྱས་འདེབས། སྒྲོལ་མ་དཀར་མོའི་ཟུང་འཇུག་གི་གདམས་པ། བླ་མའི་ཕྱག་ལེན་ཇི་ལྟ་བ་བཞིན་བཀོད་པའོ།། ༈ །ན་མསྟཱ་ར་ཡཻ། རྗེ་བཙུན་སྒྲོལ་མ་ལ་མཎྜལ་འབུལ་བར་འདོད་ན། སྐབས་འདིའམ་གཞན་དུའང་བྱ་སྟེ། དང་པོར་བདག་གིས་ཡི་དམ་ལ་མཎྜལ་ཕུལ་ལ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱ་སྙམ་དུ་སེམས་བསྐྱེད། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད་པས་གཞི་སྲུང་བའོ། །ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པ་དང༌། རྣམ་ལྔ་ལ་སོགས་པས་བྱུག་ཅིང༌། མཎྜལ་ཉི་ཟླ་གང་རུང་གི་དཀྱིལ་འཁོར་བསྒོམ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱྃ་ཡིག་དཀར་པོ་ལས་འོད་འཕྲོས་པས། རྗེ་བཙུན་མ་སྤྱན་དྲངས་ལ་བཞུགས་པར་བསམ། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་རིགས་ལྔའམ་རིགས་བཞིར་དགོད། ཡང་ན་སྤྱན་མ་ལ་སོགས་ལྷ་མོ་བཞི་བསམ། དེ་ལྟར་བསམས་ལ་རང་གིས་མཚན་ནས་བརྗོད་ཅིང་དབུས་ནས་བཟུང་སྟེ། མེ་ཏོག་རིམ་པ་བཞིན་དབུལ་ལོ། །འབྱོར་ན་མཆོད་པ་ལྔ་དབུལ། བདུན་རྣམ་དག་བྱས་ནས་དེ་ལ་སེམས་གཏད་བཟླས་པ་གྲུབ་ཚད་བྱའོ། །དེ་ནས་གཤེགས་གསོལ་ནི། ཨོཾ་བཛྲ་མུཿཞེས་པའོ། །མེ་ཏོག་བསྡུས་པས་གཙང་སར་བསྐྱལ་ལ། རེ་ཁཱ་ལ་སོགས་པ་ཕྱི་བར་བྱའོ། །མཎྜལ་གྱི་ཆོ་གའོ།། ༈ །འདིའི་སྒོ་ནས་སྡིག་པ་ཟད་པར་བྱེད་ན། དང་པོ་ཆུ་སྲོག་ཆགས་མེད་པ་ལ་དྲི་ཞིམ་པོའི་སྨན་སྦྱར་ལ། དྲི་ཆུ་གར་སླ་སྡེ་གུ་ཞིག་དང་གསུམ་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་
ཁྲུས་བྱ་སྙམ་དུ་སེམས་བསྐྱེད་ལ། བདག་ཉིད་ཇོ་མོ་སྒྲོལ་མ་གཞུང་བཞིན་དུ་བསྒོམ། ཐུགས་ཀའི་ཟླ་བའི་ཏཱྃ་ལས་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཕོག ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ཏེ་འོད་དུ་ཞུ་བས་རྟེན་དངོས་ལ་ཐིམ་པར་བསམ། དབུ་ཞབས་མ་ལོག་པར་ཆོས་སྐོར་དུ་དྲི་ཆུ་སླ་བས་བཀྲུ། གར་མོས་བཤལ། ལྡེ་གུ་དབུལ་བར་བྱའོ། །ཇི་ལྟར་བལྟམས་པ་དང༌། སྭ་བྷཱ་ཝ་བཟླ། རྟེན་དངོས་མ་འཛོམ་ན་རབ་ཏུ་གནས་པ་ཚད་དང་ལྡན་པའི་སྐུར་དམིགས་ལ་བྱ། སྤྱན་འདྲོང་པར་བྱེད་པའི་ཏིང་ངེ་འཛིན་གལ་ཆེའོ། །ཆུ་ལ་རྟེན་འབྲེལ་སྙིང་པོ་ཅི་རིགས་པ་བཟླས་ལ་ས་ཕྱོགས་གཙང་སར་ཁྲུས་བྱའོ། །དེ་ལྟར་བྱས་ན་སྡིག་པ་དག་པའི་མཚན་མ་འབྱུང་ངོ༌། །སྔགས་ཅན་ཆུ་ཡིས་ཁྲུས་བྱས་ན། །ལུས་ཅན་སྡིག་པ་འདག་པར་འགྱུར། །ཞེས་གསུངས་སོ།། ༈ །ཏཱ་རཱ་པུཥྱེ་སིདྡྷི་རསྟུ། དང་པོར་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས་ནས་རང་ཇོ་མོར་བསྐྱེད། དེ་ཉིད་གསལ་བར་དམིགས་ནས་སྔགས་འདི་བཟླའོ། །ཨོཾ་ཛཾ་བྷི་མོ་ཧ་སྭཱ་ཧཱ། ཞེས་པ་དེ་ལ་བསྙེན་པ་འབུམ་ཚོ་བདུན་བསྐྱར། ལས་ལ་སྦྱོར་ཙ་ན་ཇོ་མོའི་སྐུ་རབ་གནས་བྱས་པ་ཞིག་མདུན་དུ་དགྲམ། ཁ་ལྷོ་ཕྱོགས་སུ་བལྟས་ལ་མཆོད་པ་ལྔ་བཤམ། མེ་ཏོག་སེར་ཆེན་ལག་ཏུ་ཐོགས་ལ། ཨོཾ་ཛཾ་བྷི་མོ་ཧ་མ་མ་བཱ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་མང་དུ་བཟླས་ལ་མཆོད་པ་དབུལ། གཏོར་མ་གཏང༌། འདོད་པའི་དོན་ལ་གསོལ་བ་གདབ། དེ་ལྟར་བྱས་པས་ཡོ་བྱད་འདུ་ལོང་བག་རེ་བྱུང་ན་སྒྲུབ་པ་ལ་བརྩོན་འགྲུས་སུ་བྱ། མ་བྱུང་ན་བསྙེན་པ་ལ་ལོགས་པོར་བསྐྱར་དགོས། དེས་མི་འགྲུབ་མི་སྲིད་དོ། །མེ་ཏོག་ལ་བསྙེན་པའི་གིའུ་ཝང་བྱུགས་པས་དེའི་དོད་པོ་ཡོང་གསུངས་སོ། །སྒྲོལ་མའི་རྒྱུད་ལས་ཕྲིན་ལས་རྣམ་པ་བཞི་གསུངས་པ་ལས་འདི་རྒྱས་པའི་ལུགས་ཡིན། འདི་ཕྲིན་ལས་ཀྱི་ལྷ་མོ་ཡིན་པས་སྒྲུབ་ཐག་ཉེ་གསུངས་སོ། །རྗེ་
བཙུན་མ་སྒྲོལ་མ་སྒོམ་པའི་སྔགས་པ་ལ་མི་དད་ཅིང་སྡང་སེམས་སུ་ལྟ་བ་ཡོད་ན། འདིར་དབང་གི་ལས་ཡིན་པས་མཆོད་པ་ལ་སོགས་པ་སྔོན་དུ་སོང་ནས། རང་རྗེ་བཙུན་མ་སྐུ་མདོག་དམར་མོ། སྨིན་མཚམས་ནས་ཡི་གེ་བཅུ་པ་པདྨ་བསྐོར་བ་ཞིག་ཏུ་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་བདག་ལ་སྡང་བའམ་མི་གུས་པ་དེ་ལ་ཕོག་པས་དེ་མདུན་དུ་བཀུག དེའང་རྗེ་བཙུན་མ་དམར་མོ་སྨིན་མཚམས་ན་སྔགས་ཡོད་པ་གཅིག་ཏུ་བསྒོམས་ལ་ཡི་གེ་བཅུ་པ་བཟླ། དེ་ལྟར་ཡང་ཡང་བྱས་པས་འདུན་ཞིང་དད་པར་འགྱུར་རོ། ༈ །རྒྱུད་སྒྲོལ་མ་འབྱུང་བ་ནས་གསུངས་པའི་མིག་སྔགས་ནི། ན་མོ་བི་ག་ཏ་རཱ་ག་མི་ཏྲི་ཡ་སིཾ་ཧ་ལོ་ཙ་ནེ་སྭཱ་ཧཱ། ཞེས་གོང་བསྙེན་ཁྲི་ཕྲག་བརྒྱ་བཟླ། དེ་ནས་ནངས་རེ་བཞིན་ཕྲེང་སྐོར་གསུམ་རེ་བཟླས་པའི་སྔགས་ཆུས་མིག་བཀྲུ་བ་ཆག་མེད་བྱས་ན་མིག་ནད་ཐམས་ཅད་ལས་གྲོལ་ཞིང་མིག་གསལ་བར་འགྱུར་རོ།། ༈ །རྗེ་བཙུན་མ་སྒྲོལ་མ་ཚེ་འཕེལ་བའི་སྒོ་ནས་ངག་གི་བྱད་འགྲོལ་བར་བྱེད་ན། རང་གི་ཡི་དམ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་བདུན་རྣམ་དག་བྱ། བདག་གི་ངག་བཅིངས་པ་འགྲོལ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། དེ་ནས་རང་གི་སྙིང་གར་རྃ་ཏཱྃ་ལས་མེའི་རང་བཞིན་གྲུ་གསུམ་དམར་པོ་གཉིས་བསམ། མགུལ་པའི་ནང་ན་ནག་པོར་བསམ། ལྕེའི་རྩ་བ་ན་ཏཱཾ་ནག་པོ་ཞིག་བསམ། སྤྱན་དྲངས་པའི་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་ལས་འོད་བྱུང༌། རང་ལ་ཕོག་པས་ལུས་དམར་ལམ་སོང་བར་བསམ། སྔགས་འདི་སྟོང་ཕྲག་བརྒྱད་བཟླའོ། །ཧ་རེ་ཏཱ་རེ་ཏཱ་རེ་བྷ་ག་ཝ་ཏཱི་བཛྲ་ཛི་ཧྭཱ་བཱ་ཀྲ་བྷནྡྷ་མོ་ཙ་ནི་སྭཱ་ཧཱ། ཞེས་བཟླའོ། །དེ་ནས་ཡི་དམ་ལྷ་རང་ལ་བསྟིམས་ལ་གཉིས་སུ་མེད་པར་བྱའོ། །ཨོཾ་བཛྲ་ཛི་ཧྭཱ་རཀྵ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླའོ། །ལྕེ་མཐུ་དང་ལྡན་ཏེ་ཅིས་ཀྱང་མི་ཚུགས་སོ། །བཅོམ་ལྡན་འདས་སྒྲོལ་མའི་ངག་འགྲོལ་ཟབ་བོ།། །། ༈ །ན་མོ་གུ་རུ། ཚེ་འཕེལ་མས་ལས་ནད་གསོ་བ་ནི། སེམས་བསྐྱེད་ལ་རང་ཉིད་ཇོ་མོར་གསལ་
གདབ། མདུན་གྱི་ནམ་མཁར་སྒྲོལ་མ་དཀར་མོ་རང་འདྲ་བ་ཞིག་བསྒོམ། དེ་ལ་གུས་པས་ཕྱག་བྱས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་གི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཤིང་རྗེ་བཙུན་མའི་སྐུ་ལས་འོད་ཟེར་དཀར་པོ་ཞོ་རྐྱལ་ཐེམ་བུ་ཤོར་བ་བཞིན་དཀར་ཆི་ལི་ལི་བྱུང༌། རང་གི་ལུས་ལ་ཐིམ་པས་ནད་གདོན་ཐམས་ཅད་ཞི་བར་བསམ་མཐར་བསྟོད་པ་བྱ། གསོལ་བ་གདབ། འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ། འདི་དམིགས་པ་གསལ་ན་ཐུན་གཅིག་གིས་ནད་ལས་གྲོལ་བ་མང་པོར་བྱུང་གསུངས་སོ། ། ༈ །བར་ཆད་ཞི་བར་བྱེད་པ་ལྟས་ངན་གཡང་དུ་ལེན་པའི་མན་ངག་ནི། སེམས་བསྐྱེད་ལ་རང་སྒྲོལ་མ་དཀར་མོར་བསྒོམ། ཡེ་ཤེས་པ་བསྟིམ། སྐུ་ལས་འོད་ཟེར་འཕྲོས་ནས་བར་དུ་གཅོད་པ་གང་ཡིན་པ་དེ་མདུན་དུ་བཀུག་ལ་རང་གི་འོད་ཟེར་གྱིས་སྒྲོལ་མ་དཀར་མོར་གྱུར་པར་བསྒོམ། ཡེ་ཤེས་པ་སྤྱན་དྲངས། དེ་ལ་གཉིས་སུ་མེད་པར་བསྟིམ། མཆོད་པ་རྣམས་ལ་རང་གི་ཐུགས་ཀ་ནས་སྤྲོ་ཞིང་དབུལ། གསོལ་བ་གདབ་ལ། བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ། དགེ་བའི་རྩ་བ་བསྔོ། དེས་བར་ཆད་གང་གིས་ཀྱང་མི་ཚུགས་པའི་ཐོག་ཏུ་སླར་གྲོགས་སུ་འགྱུར་རོ་གསུངས།། ༈ །ན་མསྟཱ་རཱ་ཡཻ། སཱཙྪའི་རྣལ་འབྱོར་ནི། སྐུ་སྤར་ཐོགས་ལ། འབི་འབི་འཇུག་པའི་དུས་སུ་རྟེན་འབྲེལ་གྱི་སྔགས་དང་ཡི་གེ་བཅུ་པ་དང་ཡི་གེ་བརྒྱ་པ་བཟླ། དེ་ནས་ཡི་དམ་གྱི་ལྷ་དང་རྗེ་བཙུན་མར་གྱུར་པར་བསམ་མོ། །དེ་ནས་རྟེན་འབྲེལ་སྙིང་པོ་བརྗོད་ལ་མེ་ཏོག་འཐོར། མཆོད་རྟེན་ལ་སོགས་པར་བཞུགས་སུ་གསོལ། དེས་ཚེ་ཡི་བར་ཆད་ཞི་བར་འགྱུར་རོ།། ། ༈ །སྒྲོལ་མ་ལ་ཕྱག་འཚལ་ལོ། རྗེ་བཙུན་མ་སྒོམ་པའི་རྣལ་འབྱོར་པས་སྐོར་བ་བྱེད་པ་འདོད་ན། རྟེན་དངོས་སུ་བཞུགས་པའམ། ཡང་ན་མདུན་གྱི་ནམ་མཁའ་ལ་པདྨ་འདབ་མ་རིམ་པ་གསུམ་བསྒོམས་
ལ། དང་པོའི་སྟེང་དུ་བླ་མའི་ཚོགས། དེའི་འོག་མ་ལ་རྗེ་བཙུན་མ་ལ་ཡུམ་བཞི་དང་བཅས་པ་དང་ཡི་དམ་བསམ། དེའི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་བསམས་ལ། དེ་རྣམས་ཀྱང་རིན་པོ་ཆེ་དང་སེང་གེའི་ཁྲི་ལ་བཞུགས་པར་བསམས་ལ་གཡས་སྐོར་དུ་བསྐོར་བ་བྱའོ།། ། ༈ །རྗེ་བཙུན་མའི་སྒོ་ནས་འཇིགས་པ་བརྒྱད་སྲུང་ན། རང་རྗེ་བཙུན་མར་བསྒོམས་པའི་ཐུ་བའམ་སྐ་རགས་ཀྱི་ཁར་པདྨ་དང་ཟླ་བའི་སྟེང་དུ་ཏཱྃ་དཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་ཆོམ་རྐུན་འོད་ཟེར་གྱིས་བཀུག་པར་བསམ། རང་རྗེ་བཙུན་མའི་ང་རྒྱལ་གྱིས་ཡི་གེ་བཅུ་པ་བརྒྱ་རྩ་བཟླ། དེ་ནས་རླུང་ཅུང་ཟད་མནན་ལ་ཆོམ་རྐུན་བཅིངས་པར་བསམ་པའི་འདུན་པ་བྱས་ཏེ་འགྲོ། ། ༈ །མཚོན་གྱི་འཇིགས་པ་ལས་སྲུང་ན། གཡུལ་འགྱེད་པ་ལ་སོགས་པའི་དུས་སུ། རང་རྗེ་བཙུན་མར་བསྒོམས་ལ། ཡི་གེ་བཅུ་པའི་ཞབས་སུ་སྔགས་འདི་བཏགས་ལ་བཟླ། ཏདྱ་ཐཱ། ཡ་མ་བ་ཏི་དྷ་བ་ཏི་དྷ་བ་ཏི། དྷ་ར་ཀཱི། ཀུ་ལུ་རུ་ལུ་མེ་སྭཱ་ཧཱ། སྔགས་འདི་བྲིས་ལ་དབུ་ཞབས་མ་ལོག་པར་སྤྱི་བོར་གདགས་སོ། །ཐེ་ཚོམ་མི་བྱ་བ་དམ་ཚིག་ཡིན་ནོ།། ། ༈ །ལམ་དུ་འགྲོ་བ་ལ་འཇིགས་པ་བརྒྱད་དང་འཕྲད་ཀྱིས་དོགས་ན། ནམ་མཁའ་ལ་ཇོ་མོ་སྒྲོལ་མ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་འོག་ན་ཕར་ལ་འགྲོ་བར་བསམས་ལ་སྔགས་འདི་བཟླ། ཡང་ན་བསྟོད་པས་བསྟོད། ཡིད་ཀྱི་མོས་པའི་སྒོ་ནས་བདག་འཇིགས་པ་བརྒྱད་ལས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་འདེབས་ཀྱིན་ཕྱིན་ན། དགྲའི་འཇིགས་པ་རྣམས་དང་མི་འཕྲད་ཅིང༌། དོན་ཐམས་ཅད་འགྲུབ་པར་འོང་གསུངས་སོ། །ལམ་སྲུང་ཟབ་མོ༌།། ༈ །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མའི་སྤྲུལ་པ་ཅེ་སྤྱང་གི་གཟུགས་བྲིས་ལ། སྔགས་དཔེའུ་ཆུང་ལྟར་བཀོད། དེ་ནས་དབེན་པའི་གནས་སུ་རིན་པོ་ཆེའི་སྣོད་
དུ་གཞུག མཆོད་པ་ལྔ་བཤམ། གཏོར་མ་ཞིག་ཀྱང་བཤམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་དུ་བདག་ཅག་གི་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་བསྲུང༌། དེའི་ཆེད་དུ་འདི་བྱ་སྙམ་དུ་བྱས་ལ། དེ་ནས་མདུན་གྱི་གཟུགས་བརྙན་དེ་མི་དམིགས་པ་ལས་སྒྲོལ་མའི་སྤྲུལ་པ་སྟེ་ངོ་བོ་རྗེ་བཙུན་མ་ལ་རྣམ་པ་ཅེ་སྤྱང་སྔོན་མོར་བསམས་ལ། རང་ཡི་དམ་དུ་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འདིར་བསྐྱེད་པ་ཁོ་ན་དང་འདྲ་བ་ཞིག་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ་དགུག་གཞུག་བཅིང་དགྱེས་པ་བསྐྱེད། མཆོད་པ་ལྔ་འབུལ། གསོལ་བ་བཏབ། དེ་ནས། ཨོཾ་སཱུ་མི་སུ་ཁ་བྷྱེ་དྷྱ་དྷ་མ་སྭཱ་ཧཱ། ཞེས་ཁྲི་ལ་སོགས་པ་བཟླ། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པའི་ནས་འབྲུ་གཟུགས་ལ་གཏོར། གཏོར་སྔགས་བ་ལིཾ་ཏ་ཁ་འབར་མའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཅེ་སྤྱང་ལ་ཕུལ་ནས་གསོལ་བ་བཏབ། དེ་ནས་ལེགས་པར་དྲིལ་ཏེ་སྲུང་བ་ལུས་ལ་བཏགས། ལམ་དུ་འགྲོ་དུས་མདུན་དུ་ཅེ་སྤྱང་ཝལ་གྱིས་བསྐྱེད་ལ་ཡེ་ཤེས་པ་བསྟིམ། དཔལ་བི་མ་དེ་བའི་ཅེ་སྤྱང་སྔོན་མོ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ། དེ་ནས་རང་གིས་གོམ་པ་བདུན་པོར་སྣ་དྲངས་ནས་ཕྱིན་ན་ངེས་པར་འགྲུབ་བོ། །ཅེ་སྤྱང་སྔོན་མོའི་ལམ་སྲུང་ཟབ་མོ༌།། ༈ །ན་མོ། རྗེ་བཙུན་མ་སྒྲོལ་མས་མི་རྒོད་འཆིང་བར་འདོད་ན། ལམ་དུ་ཞུགས་པའི་ཚེ། ལམ་ཁར་རྐང་པས་མདའ་གཞུའི་གཟུགས་བྲིས་ལ། རྐང་པ་གཉིས་ཀྱིས་འགེངས་པའི་ཚུལ་བསྟན་ཏེ། དེ་ཉིད་ལྕགས་ཀྱི་མདར་སོང་ནས་རང་གར་འགྲོ་བ་དེར་ཏལ་གྱིས་སོང་བར་བསམ། སྔགས་འདི་བརྒྱ་རྩ་བརྒྱད་བཟླའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་དྷ་ན་ཆོམ་རྐུན་དང་མི་རྒོད་ཆིངས་ཤིག་སྭཱ་ཧཱ། ཨོཾ་ཐར་ནི་ཐར་ནི་མ་ཧཱ་ཐར་ནི་སྭཱ་ཧཱ། ཞེས་བཟླས་ན་ལམ་གྱི་འཇིགས་པ་འབྱུང་མི་སྲིད་དོ། །
༈ །རང་ལ་སྡང་བ་འཆིང་ན། ལས་ནི་སོ་ཕག་ལ་སྦྱར་ལ་ཡི་གེ་ལམ་བྲིས་པའི་དབུས་སུ་སྔགས་འདི་བྲིའོ། །ཨོཾ་བྷ་ཏཱ་ལི་བྷ་ཏཱ་ལི། བ་རཱ་ཧ་མུ་ཁ་སི་དཱ་དུ་ཏཾ་ན་དུ་ཤ་ནི་མུ་ཁཾ། ཆེ་གེ་མོ་སྟྭཾ་བྷ་ཡ་སྭཱ་ཧཱ། ཡུང་བའི་ཁུ་བས་བྲིས་ཏེ། ལམ་རྒྱ་གྲམ་གྱི་འོག་ཏུ་སྦས་པས་སྡང་བྱེད་ཐམས་ཅད་འཆིང་བར་འགྱུར་རོ། །དགྲ་འཆིང་བའི་ལས༌།། ༈ །རྒྱལ་པོའི་དམག་དཔུང་འཆིང་བའི་ལས་ནི། བུམ་པའི་ནང་དུ་རྒྱལ་པོ་འཁོར་དང་བཅས་པའི་མིང་རུས་ཐམས་ཅད་བཅུག དེའི་འཁོར་ལོ་གྲུ་བཞི་པ་དབུས་སུ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་དེའི་གྲྭ་བཞི་ལ་ཤར་དུ། ཨོཾ་པ་ཏཱ་ནི་པ་ཏཱ་ནི་སྭཱ་ཧཱ། ལྷོར། ཨོཾ་ཛཾ་བྷ་ནི་ཛཾ་བྷ་ནི་སྭཱ་ཧཱ། ནུབ་ཏུ། ཨོཾ་མོ་ཧ་ནི་མོ་ཧ་ནི་སྭཱ་ཧཱ། བྱང་དུ། ཨོཾ་སྟྭཾ་བྷ་ནི་སྟྭཾ་བྷ་ནི་སྭཱ་ཧཱ། དབུས་སུ་ཆེ་གེ་མོ་སྟྭཾ་བྷ་ཡ་ནན། ཞེས་རྒྱལ་པོ་འཁོར་དང་བཅས་པའི་མིང་རུས་བྲི། ཡུང་བའི་ཁུ་བས་གྲོ་ག་ལ་བྲིས་ཏེ། སྦལ་པའི་ཁར་བཅུག་ལ། པོ་སོ་ཆའི་ཚེར་མས་སྦལ་པའི་ཁ་བཙེམས་ལ། དེའི་བུམ་པའི་ནང་དུ་མིང་རུས་ཀྱི་ཁར་བཞག་ལ། བུམ་པའི་ཁ་ཐུར་དུ་ཤིང་ལེབ་ཀྱི་ཁར་སྦུབ། སྟེང་དུ་གྲི་གུག་ལ་སྒྲོལ་མའི་སྔགས་བཏབ་སྟེ་མནན་ན་རྒྱལ་པོའི་དམག་གིས་མི་ཚུགས་པར་འགྱུར་རོ། ། ༈ །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲོལ་མའི་བྲིས་སྐུའམ་ལུགས་སྐུ་བྱ་བར་འདོད་ན། དེ་ལ་གཉིས། རྟེན་ཁྱད་པར་ཅན་ལ་བྱིན་རླབས་བྱེད་པར་འདོད་ན། དུས་ཚོད་བྱ་བའི་ཐབས་བསྟན་པ་ནི། དང་པོ་བྲིས་སྐུའམ་ལུགས་སྐུ་གང་ཡང་རུང་སྟེ། ལྷ་བཟོ་བ་ཁྱིམ་པ་ཡིན་ན་དགེ་བསྙེན་གྱི་སྡོམ་པ་རང་གིས་བྱིན་ལ། ཤ་ཆང་སྒོག་བཙོང་ལ་སོགས་པ་དམ་རྫས་མིན་པ་སྤང༌། ཁྲུས་དང་གཙང་སྦྲ་དང་གསོ་སྦྱོང་ལ་གནས་ཏེ། ཁ་ཟས་དཀར་གསུམ་ལ་གནས་པས་བྲིའོ། །དུས་ཚོད་དབྱར། དགུན། སྟོན། དཔྱིད་ཀྱི་ར་བ་བཞིའི་ཚེས་གཅིག་ནས་བཟུང་སྟེ་ཉའི་ཉིན་པར་
བྲིའོ། །ཡང་ན་སྨིན་དྲུག་གི་ཟླ་བ་སྟེ། ཉ་དྲུག་འཛོམ་པའི་ཚེས་གཅིག་ནས་ཉའི་བར་དུ་རབ་གནས་ཡན་ཆད་རྫོགས་པ་ནི་མཆོག་ཏུ་འགྱུར་རོ། །ཡང་ན་ར་བ་བཞིའི་ཚེས་བརྒྱད་དམ་ཉའི་དུས་སུ་ཉི་མ་གཅིག་ལ་ལྷ་བཟོ་བ་དང༌། རས་ཚོས་ལ་སོགས་པ་ཐམས་ཅད་བཙལ་ནས་ཉི་མ་དེ་ཉིད་ལ་གྲུབ་ན་མཆོག་ཏུ་འགྱུར་རོ། །ཤིན་ཏུ་མཆོག་ཏུ་འགྱུར་བ་ནི། ཉ་དྲུག་འཛོམ་པའི་ཚེས་བརྒྱད་དམ་བཅོ་ལྔ་ལ་ཉི་མ་གཅིག་གིས་རབ་གནས་དང་ལྷ་བཟོ་བ་ལ་ཡོན་རང་གིས་དཔྱད་པ་མ་ཡིན་པ་ཇི་ཙམ་འདོད་ཟེར་བ་བྱིན་ལ་བྲིའོ། །ཁྱད་པར་མ་ཡིན་པའི་སྐུ་ལ་དུས་ངེས་པ་མེད། ཆོ་ག་དེ་རྣམས་མི་བསྟེན་པའོ། །དེ་ནི་སྐུ་བྱ་བའི་ཐབས་སོ། །དེ་ལྟ་བུའི་རྟེན་ལ་རབ་ཏུ་གནས་པར་བྱ་བའི་ཐབས་ནི། དུས་ཁྱད་པར་ཅན་ལ་བཞེངས་པའི་སྐུའི་རབ་གནས་དྲི་ཞིམ་པོའི་ཆུའམ། ཡང་ན་ཆུ་ཟང་མས་དངོས་སུ་སྐུ་ཁྲུས་གསོལ། ཐང་སྐུ་ལ་སོགས་པ་ལ་མེ་ལོང་ལ་སྐུ་ཁྲུས་གསོལ། རྟེན་འབྲེལ་གྱི་སྔགས་བཟླས་ནས་མེ་ཏོག་ཕྲེང་བ་ཞིག་དབུ་ལ་བརྒྱན་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། དེ་རང་གིས་རབ་གནས་མཆོག་ཡིན་བླ་མས་གསུངས། ཉི་མ་གཅིག་གིས་རྫོགས་པའི་སྐུ་ལ་རྟེན་འབྲེལ་གྱི་སྔགས་མེད་ཀྱང༌། མེ་ཏོག་དབུ་ལ་བཏགས་པ་རང་གིས་ཆོག་གསུངས། ཚོགས་གསོག་པ་དང་སྤྲོས་པ་ལ་དགའ་ན། འགོ་ནས་བཤད་པ་ལྟར་ཆོ་ག་རྒྱས་པར་བྱས་ཀྱང་ལེགས་གསུངས་སོ།། ༈ །རྗེ་བཙུན་མ་ལ་ན་མོ། དེ་ལྟར་ཁྱད་པར་གྱི་སྐུ་བཞེངས་པའི་རབ་གནས་བསྟན་ནས། ཁྱད་པར་མ་ཡིན་པའི་སྐུ་ལ་རབ་གནས་བསྟན་པ་ནི། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་བཅས་ལ། མངོན་རྟོགས་གཞུང་བཞིན་བསྒོམས་ལ། རྗེ་བཙུན་མའི་ང་རྒྱལ་གྱིས་ཡི་གེ་བཅུ་པ་བཟླའོ། །ཆུ་དེས་སྐུ་ཁྲུས་གསོལ་ལ་རས་སམ་སྣམ་བུ་གཙང་མའི་སྟེང་དུ་བཞུགས་ལ། སྟོང་པར་བསྒོམས་ཏེ། དེ་ཉིད་ཀྱི་ངང་ལས་སྐད་ཅིག་གིས་བསྐྱེད་ཆོག སྤྲོས་པ་ལ་དགའ་
ན་ཉི་མ་ཟླ་བ་པདྨ་གསུམ་གྱི་སྟེང་དུ་ཏཱྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་ནས་རྗེ་བཙུན་མ་དཔག་ཏུ་མེད་པ་ཕྱོགས་བཅུ་ནས་སྤྱན་དྲངས་ས་བོན་ལ་བཞུགས་པར་བསམ། དེ་ལས་སྐུ་ཡོངས་སུ་རྫོགས་པ་གསལ་གདབ་བོ། །དེ་ཉིད་ཀྱི་ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་པ་སྤྱན་དྲངས་ཏེ་དེ་ལ་བཞུགས་པར་བསམ་མོ། །དེ་ཡི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ནས་ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས་པས་རིགས་ལྔ་སྤྱན་དྲངས་ལ། དབང་བསྐུར་བ་ལ་སོགས་པ་མངོན་རྟོགས་བཞིན་བྱའོ། །ཆུ་ཅུང་ཞིག་འཁྱིལ་པ་ལས། འོད་དཔག་ཏུ་མེད་པ་སྤྱི་བོར་བཞུགས་པར་བསམ་མོ། །དེ་ནས་སྤྱན་དབྱེ་བ་ནི། དངུལ་གྱི་ཏིང་ཕོར་དུ་མར་དཀར་དང་སྦྲང་རྩི་སྦྱར་བ་གསེར་ཐུར་གྱིས་དབྱེའོ། །དངོས་སུ་མེད་ན་ཏིང་ངེ་འཛིན་གྱིས་དབྱེའོ། །དེ་ནས་སྙིང་པོའི་ཞབས་ལ་རྟེན་འབྲེལ་བཏགས་པ་བཟླས་ལ་མེ་ཏོག་དབུ་ལ་གདགས་སོ། །དེ་ནས་ན་བཟའ་དབུལ་ལོ། །དེའི་མདུན་དུ་ཡན་ལག་བདུན་དང་ལྡན་པར་བྱས་ལ། དེ་ལ་སེམས་གཏད་དེ་བཟླས་པ་བྱའོ། །དེ་ནས་ཅི་བདེར་གནས་པར་བྱའོ། །རབ་ཏུ་གནས་པའི་མན་ངག་བླ་མའི་ཞལ་ལས་རྙེད་པའོ། ། ༈ །ཡང་ལམ་གྱི་འཇིགས་པ་སྲུང་བར་འདོད་ན་འཇིགས་པ་བྱུང་མ་ཐག་ཏུ་མཐེ་བོང་ནང་དུ་བཅུག སོར་མོ་བཞིས་བཅང༌། དགྲ་ལ་དམིགས་པ་གཏད་ལ་སྔགས་འདི་ཉི་ཤུ་རྩ་གཅིག་བཟླའོ། །ཏདྱ་ཐཱ། ཧི་རི་མི་རི་ཏི་ས་ཏ་བྷནྡྷ་སིདྡྷ་ཀ་མ་ཧཱ་བྷ་ལ་ཋ་ཋ། ཞེས་པས་གོམ་པ་གང་ཡང་འགྲོ་མི་ནུས་སོ། །འཇིགས་པ་ཐལ་ནས་མཐེ་བོང་གཏང་ངོ༌། །ལུས་འཆིང་བའི་མན་ངག༌།། ༈ །ན་མོ་གུ་རུ། རྟེན་འབྲེལ་མངོན་སུམ་དུ་འཆར་བའི་མན་ངག་ལ། སྔོན་དུའང་ཡི་དམ་དུ་བསྒོམས་ལ་མངོན་པར་རྟོགས་པ་ཚར་གཅིག་ལེགས་པར་བྱ། དེའི་ངང་ནས་བདག་ཉིད་སྒྲོལ་མ་དཀར་མོ་ཀྲོང་གིས་བསྐྱེད། སྙིང་
གི་པདྨ་ཁ་བྱེ་བའི་ལྟེ་བ་ལ། ཡི་གེ་ཏཱྃ་དཀར་པོ་ལས་འོད་འབར་བས། ལུས་ཀྱི་ནང་ཁོང་སྟོང་དུ་འདུག་པ་མེར་གྱིས་གང་བར་བསམ་མོ། །ཏཱྃ་ཡིག་གི་ཕྱོགས་བཞིར་དངུལ་གྱི་མེ་ལོང་བཞི་བཞག ཨ་ནུ་ཏ་ར་ཞེས་པ་ཤར། ལྷོ། ནུབ། བྱང་གི་མེ་ལོང་བཞི་ལ་རིམ་པ་ལྟར་གཟུགས་བརྙན་ལྟར་བསམ། ཏཱྃ་དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་སྒྲོལ་མ་སྤྱན་དྲངས་ལ་བསྟིམ། རྟེན་འབྲེལ་མངོན་སུམ་དུ་འཆར་བའི་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་རང་གི་དོན་གང་ཡིན་པ་ཏཱྃ་དཀར་པོ་ཞིག་ཏུ་བསམས་ལ། དེ་ལས་འོད་ཟེར་འཕྲོས། རྒྱལ་ཁམས་ཀྱི་འགྲོ་བ་ཐམས་ཅད་ཀྱི་དོན་བྱས་ཤིང༌། ཁྱད་པར་དུ་རང་གི་དོན་ཐམས་ཅད་བྱས་ནས་ཏཱྃ་ཡིག་གི་འོད་ཟེར་སྐར་མདའ་ལྟ་བུ་བྱུང་བ་བདག་གི་སྨིན་མཚམས་སུ་ཟུག་པར་བསམ། དངོས་གྲུབ་དེ་ཞུ་བའི་འདུན་པ་དྲག་པོས་ཏཱྃ་དེ་གྱུར་མིད་བྱས་པར་བསམ། དེ་སྙིང་གའི་ཏཱྃ་ལ་ཐིམ་པས་གང་འདོད་པ་དེ་རྨི་ལམ་དུ་ཐེ་ཚོམ་མེད་པར་འཆར་བར་བསམ་མོ། །དེ་ནས་སེང་གེའི་ཉལ་སྟབས་ཀྱིས་གཉིད་ལོག ཤར་གྱི་མེ་ལོང་ལ་ཨ་ཡོད་པས། ཨས་མཚོན་པའི་མིང་གི་སྣང་བ་གང་བྱུང་ཚད་དོན་མི་འགྲུབ་པར་བསྟན་ཏོ། །ལྷོའི་མེ་ལོང་ལ་ནུ་ཡོད་པས། ནུའི་མིང་ཡིག་གིས་མཚོན་པའི་སྣང་ཚད་དོན་འགྲུབ་པར་བསྟན་ནོ། །ནུབ་ཀྱི་མེ་ལོང་ལ་ཏ་ཡོད་པས། ཏའི་ཡི་གེས་མཚོན་པའི་སྣང་བ་བྱུང་ན་མི་མཚོན་པའི་རྣམ་པར་ཤར་བ་ཐམས་ཅད་མི་འགྲུབ་པར་བསྟན་པ་ཡིན་ནོ། །མཚོན་པའི་གཟུགས་སུ་སྣང་བ་བྱུང་ཚད་ནི་འགྲུབ་པར་བསྟན་པ་ཡིན་ནོ། །བྱང་གི་མེ་ལོང་ལ་ར་ཡོད་པས། དེས་མཚོན་པའི་མིང་ཡིག་སྣང་བ་བྱུང་ན། སྲོག་ཆགས་ཀྱི་སྣང་བ་ཤར་ཚད་དོན་འགྲུབ་པར་བསྟན་པ་ཡིན་ནོ། །སྲོག་ཆགས་མ་ཡིན་པའི་གཟུགས་སུ་ཤར་ཚད་ནི་དོན་མི་འགྲུབ་པར་བསྟན་པ་ཡིན་ནོ། །རྗེ་བཙུན་མ་ལ་གཏང་རག་གི་མཆོད་པ་འབུལ་ལོ།། ། ༈ །སྲུང་འཁོར་བསྒོམ་པར་འདོད་ན་མི་དམིགས་པའི་ངང་ལས་འཁོར་ལོ་
རྩིབས་བརྒྱད་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་བསྒོམ་མོ། །ནང་དུ་པདྨ་འདབ་མ་བཞིའི་དབུས་སུ། རང་སྐད་ཅིག་གིས་སྒྲོལ་མ་དཀར་མོ་གཞུང་བཞིན་བསྒོམ། གཞན་བསྲུང་ན་ཡང་རང་སྲུང་བ་ལྟར་བསྐོར་བར་བསམ། ཕྱི་རོལ་ཏུ་འཁོར་ལོ་གཡས་སྐོར་དུ་འཁོར་བ་ལ་དམིགས་ལ་བཟླས་པ་བྱ་གསུངས༌།། ༈ །ན་མོ་གུ་རུ། རྗེ་བཙུན་མ་སྒྲོལ་མའི་འཁོར་ལོའི་མན་ངག་ནི། གྲོ་ག་ལ་སོགས་གང་རུང་ལ། རྩིབས་བརྒྱད་རྡོ་རྗེའི་རྭ་བར་བཅས། །ཕྱི་རིམ་ཨུཏྤལ་བསྐོར་བར་བྲི། །ལྟེ་བར་ཨོཾ་དང་ཧཱ་ཡི་བར། །རཀྵ་རཀྵ་ཀུ་རུ་ཞེས། །གང་བསྲུང་མིང་དང་སྤེལ་བར་བྱ། །རྩིབས་བརྒྱད་ཏཱ་རེ་ལ་སོགས་བརྒྱད། །བུམ་པའམ་མཎྜལ་སྟེང་དུ་བཞག །དེ་ནས་རྣལ་འབྱོར་རང་ཉིད་ནི། །དང་པོར་བྱམས་དང་སྙིང་རྗེ་བསྒོམ། །དེ་ནས་བདག་ཉིད་སྐད་ཅིག་གིས། །སྒྲོལ་མ་དཀར་མོར་གྱུར་པར་བསམ། །དེ་ནས་སྟོང་པ་ཉིད་ངང་ནས། །ཆུ་བོ་ཆེན་པོའི་སྟེང་དུ་ནི། །ཙཀྲ་དེ་ཉིད་བཞུགས་པར་བསྒོམ། །དཀོན་མཆོག་མཆོད་པ་ལ་སོགས་བཤམ། །སྐད་ཅིག་གིས་ནི་ཙཀྲ་ཡི། །ཡི་གེ་རྣམས་ལས་རྗེ་བཙུན་མ། །སྒྲོལ་མ་མདུན་དུ་བྱོན་པར་བསམ། །བདག་དང་དེ་ལས་འོད་འཕྲོས་པས། །འོག་མིན་གནས་ནས་ཡེ་ཤེས་པ། །སྤྱན་དྲངས་མཆོད་བསྟོད་དགུག་གཞུག་བྱ། །བཟླས་པ་ཁྲི་ཕྲག་ལྔའམ་ནི། །ཡང་ན་འབུམ་ཕྲག་གཅིག་ཏུ་བྱ། །བར་ཆད་ཞི་དང་ཚེ་རིང་དང༌། །གཞན་ཡང་གསོལ་བ་གང་འདོད་གདབ། །དངོས་གྲུབ་ཞལ་བཞེས་འགྲུབ་པ་དང༌། །ཇོ་མོ་དེ་རྣམས་ཡིག་འབྲུའི་གཟུགས། །སྔར་བཞིན་དུ་བསམ་ཡེ་ཤེས་བསྟིམ། །དེ་ནས་ལེགས་པར་བལྟབ་བྱས་ཤིང༌། །གང་བསྲུང་དེ་ཡི་ལུས་ལ་གདགས། །དེ་ལ་ཡོན་ཏན་དཔག་ཏུ་མེད།། ། ༈ །རང་ལ་ཆག་སྒོ་ཆེ་ན་འཁོར་ལོའི་གུར་ཁང་གིས་སྲུང་བ་ནི། སྐད་ཅིག་གིས་འཁོར་ལོ་རྩིབས་བརྒྱད་པ། གུར་ཐབས་ཤ་རེ་བ་ཞྭ་ཐེབ་ཁ་སྤྲད་པ་ལྟ་བུའི་ནང་དུ་རང་སྒྲོལ་མ་
དཀར་མོར་བསམ། རྩིབས་བརྒྱད་ལ་ཡི་གེ་བརྒྱད་དགོད། ཨོཾ་དང་ཧཱ་ཁྱད་པར་འཁོར་ལོའི་ལྟེ་བར་བསམ། དེ་ནས་ཡི་གེ་བཅུ་པ་བཟླའོ། །རང་ཆག་སྒོ་ཆེ་བ་ཟློག་པ་འཁོར་ལོའི་གུར་ཁང་གི་གདམས་ངག་གོ །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་པའི་བསྙེན་པའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་ལ་དགྲའི་འཇིགས་པ་ཐམས་ཅད་སྲུངས་ཤིག་སྭཱ་ཧཱ། ཞེས་པའམ། ཆག་ཆེ་བ་བསྲུང་བར་འདོད་པ་ལ་སོགས་གང་འདོད་ལ་སྦྱར་བར་བྱའོ།། ། ༈ །སྐད་ཅིག་ཙམ་གྱིས་འཁོར་ལོ་རྩིབས་བརྒྱད་པ་གུར་ཕུབས་པ་ལྟ་བུའི་ནང་དུ་རང་ཇོ་མོ་དཀར་མོ་བསམ། རྩིབས་བརྒྱད་ལ་ཡིག་འབྲུ་བརྒྱད་བཀོད། ཨོཾ་དང་ཧཱ་རང་སྒྲོལ་མར་བསྒོམས་པའི་ཐུགས་ཀར་འཁོར་ལོའི་ལྟེ་བ་ལ་ཡོད་པའོ། །དེ་ནས་ངག་ཏུ་ཡི་གེ་བཅུ་པ་བཟླའོ། །འདིས་བར་ཆད་ཐམས་ཅད་སེལ་ཞིང་ཚེ་འཕེལ་ལོ། །བླ་མའི་ཞལ་ནས་འདི་ཟློ་ཤེས་ན། མགོ་སུག་བྲལ་ཀྱང་མི་ལྟོ། བདུད་དང་འཕྲད་ཀྱང་ཕམ་པ་མེད་གསུངས། འདིའི་སྒོ་ནས་ཚེ་སྲིང་འཆི་བ་སླུ་བའི་མན་ངག༌།། ༈ །རང་ངམ་གཞན་དུ་འདྲེའི་ཆོ་འཕྲུལ་ལམ་གནོད་པ་ཆེན་པོར་བྱུང་ན། རང་སྒྲོལ་མ་དཀར་མོར་བསྒོམས་ལ། རང་ལ་གནོད་པའི་ཡི་དྭགས་མདུན་དུ་བཀུག་ལ། དེ་སྒྲོལ་མ་དཀར་མོར་བསམས་ཏེ། རང་ཡི་དམ་ལྷའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་འཐོན་ཏེ། མདུན་གྱི་སྒྲོལ་མ་ལ་མཆོད་པས་མཉེས་པར་བསམས་ལ། སྒྲོལ་མ་དཀར་མོ་ཁྱེད་ཀྱིས་བདག་གི་ནད་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་མང་དུ་གདབ་བོ། །འདི་འདྲེ་ངན་གཡང་དུ་བླང་བའི་མན་ངག་ཡིན་ནོ།། ། ༈ །ཡང་སྒྲོལ་མ་དཀར་མོའི་པྲ་འདི་ལ། སྤོས་ཀྱི་ཆུས་ཁྲུས་བྱས་ནས་སྨྲ་བ་བཅད་དེ་ཞག་ལྔ་སྒྲུབ་པ་བྱས་ན་འཇིག་རྟེན་གྱི་ལྷ་འདྲེ་མགུལ་ཚད་མཐོང་བར་འགྱུར་རོ། །ཨོཾ་སྒྲིབ་པ་ཙ་ཀ་ར་མ་ར་ཙི་པྲ་ཐང་ཕཊ་སྭཱ་ཧཱ། ན་ར་བ་ཕཊ། དེས་མཐོང་བར་འགྱུར་རོ། །པྲ་འབབས་ན་ནས་བྲེ་གང་
ལ་མདའ་རྒོད་སྒྲོ་དཀར་པོ་པ་ཞིག་གཟུག དེ་ལ་དར་དང་མི་ལོང་བཏགས། སྨན་ཕུད་དང་ཆུ་ཕུད་ཀྱིས་མཆོད། རང་གི་མདུན་དུ་མེ་ཏོག་མཆོད་རྟེན་དཀར་པོ་ཞིག་ཏུ་ས་ལེ་བསྒོམ། པྲ་སྔགས་འདི་བརྒྱའམ་སྟོང་བཟླས་ལ་གདབ། ཨོཾ་བྷྲཱུྃ་བྷྲཱུྃ་ཀྱི་ཀྱི་ན་ག་ཕོབ། ན་ག་སྟོན། སྤྱན་རས་གཟིགས་ཀྱིས་སྟོན། ཆུ་བུར་བརྡོལ་བ་མིག་གི་སྒོ་སོལ། དེས་འཇིག་རྟེན་གྱི་ལྷ་འདྲེ་མགུལ་ཚད་མཐོང་བར་འགྱུར་རོ། ། ༈ །ལུས་ལ་གདགས་པའི་སྲུང་འཁོར་ནི། དཔེ་ཆུང་བཞིན་བྲིས་ལ། པཱུ་ཛ་བཤམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་དཀར་པོ་ཞིག་བསམ། བྷྲཱུྃ་འོད་དུ་ཞུ་བ་ལས་འཁོར་ལོ་རྩིབས་བརྒྱད་པ་གུར་ཐབས་སུ་བསྐྱེད་པའི་ནང་དུ་བསྲུང་བྱ་དེ་སྒྲོལ་མར་བསྐྱེད། རྩིབས་བརྒྱད་ལ་ཡི་གེ་བརྒྱད། བསྲུང་བྱའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་དང་ཧཱ་བསྒོམ། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་པཱུ་ཛ་འབུལ། ཆེ་གེ་མོ་ལ་སྲུང་བར་གསོལ་བ་གདབ། འཁོར་ལོ་ལ་བསྟིམས་ལ་ཡི་གེ་བཅུ་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ལ་ཆ་ལ་སོགས་པའི་ནང་དུ་དྲིལ་ལུས་ལ་གདགས་སོ། ། ༈ །འདིའི་འཁོར་ལོ་ནི། པདྨ་འདབ་བརྒྱད་ཀྱི་དབུས་སུ་སྟེང་དུ་ཨོཾ། འོག་ཏུ་ཧཱ། བར་དུ་ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་བྲིས་བའམ་བསམ། འདབ་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་སོ། །ཡང་ཨོཾ་ཧཱ་བར་དུ་ཆེ་གེ་མོ་རཀྵ་ཞེས་བྲིས་པའམ་བསམ། འདབ་བརྒྱད་ལ། ན་མ། ཏཱ་རེ། མ་ན། ཧ་རེ། ཧཱུྃ། ཧ། རེ། སྭཱ་ཞེས་སོ།། ༈ །ན་མསྟཱརཱ་ཡཻ། སྒྲོལ་མ་དཀར་མོའི་ཤེས་རབ་བློ་འཕེལ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གི་ཤེས་རབ་དྲི་མ་མེད་པར་བྱ་སྙམ་དུ་སེམས་བསྐྱེད། དེ་ནས་མདུན་གྱི་ནམ་མཁར་སྨིན་མཚམས་ཀྱི་
ཐད་ཀར། འཁོར་ལོ་དཀར་པོ་རྩིབས་དྲུག་པ་ཞིག་བསམས་ལ། དེའི་ལྟེ་བ་ལ་ཡི་གེ་ཏཱྃ་དཀར་པོ། རྩིབས་ལ་ཡིག་འབྲུ་བཅུ་པོ་འདི་བསམས་ཏེ་ངག་ཏུ། ཨོཾ་ཏཱ་རེ་པྲཛྙཱ་ཛྭཱ་ལ་སིདྡྷི་ཧཱུྃ། ཞེས་པ་ཅི་ཙམ་འགྲུབ་པ་བཟླའོ། །སྐྱོ་བར་གྱུར་ན་ཡིད་ཀྱིས་བཟླའོ། །འཁོར་ལོ་གཡོན་སྐོར་དུ་འཁོར་བར་བསམ། འཕྲོ་གཅོད་པའི་དུས་སུ་མདུན་གྱི་འཁོར་ལོ་རང་གི་སྙིང་གར་བསྟིམ། དེ་ལྟར་སྒོམ་བཟླས་ལ་བརྩོན་པར་བྱས་ན་བློ་མཆོག་ཏུ་འགྱུར་རོ། །ཤེས་རབ་བློ་འཕེལ་མང་དུ་ཡོད་ནའང༌། །འདི་ནི་མཆོག་ཏུ་ཟབ་པ་མྱོང་བས་གྲུབ་བོ། ། ༈ །ཡང་ཀླད་པ་ལུག་པའམ་རྒྱུ་མ་ཆད་པ་ལྟ་བུ་ལོང་བླགས་མེད་པར་འཆི་ན། ཚངས་བུག་གི་ཧྃ་བསལ་ཏེ། རང་ཡི་དམ་གྱི་ངོ་བོ་ཧཱྃ་དཀར་པོ་ཚངས་བུག་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་རྒྱང་གིས་སོང་བར་བསམ་མོ། །དེའི་ངང་ལ་བློ་ལྷན་གྱིས་བཅས་བཅོས་མེད་པར་བཞག བདེ་བ་ཅན་དུ་ངེས་པར་སྐྱེ་བར་འགྱུར་རོ། །། ༈ །རྗེ་བཙུན་མའི་འཕོ་བའི་མན་ངག་ལ། དང་པོ་རྟེན་གྱི་གང་ཟག་དེ་སྟན་བདེ་བ་ལ་འདུག སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མ་དཀར་མོར་གསལ་བའི་ཐུགས་ཀར་ཏཱྃ་དཀར་པོ་ཞིག་བསམ། ཏཱྃ་དེ་ཤེས་པའི་ངོ་བོར་བྱས་ལ། སྙིང་ག་ནས་མགྲིན་པ་ན་ཡར་སོང་ནས། སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོན། སྤྱི་གཙུག་ན་རྗེ་བཙུན་མ་བཞུགས་པའི་ཐུགས་ཀའི་ཏཱྃ་ལ་ཐིམ་པར་བསམ། དེ་ལྟར་ཡང་ཡང་བསླབ་བོ། །དེ་གོམས་པ་དང༌། འཆི་ཁར་རང་གི་སྤྱི་གཙུག་ཏུ་རྗེ་བཙུན་མ་བསྒོམས་ལ། རང་གི་སྙིང་གའི་ཏཱྃ་མགྲིན་པ་ནས་ཡར་སོང་ལ། སྤྱི་བོའི་ཚངས་བུག་ཏུ་ཐོན་ནས་སྤྱི་བོའི་སྒྲོལ་མའི་ཐུགས་ཀར་ཐིམ་པར་བསམས་ལ་ཤེས་པ་གཞན་དུ་མ་ཡེངས་པར་བྱའོ། །དེས་སྐྱེ་བ་མི་ལེན་པར་སྒྲོལ་མའི་གོ་འཕང་ཐོབ་པར་ཐེ་ཚོམ་མེད་དོ། །ཏིང་ངེ་འཛིན་གྱི་འཕོ་བ་ནི། ནམ་འཆི་བར་ངེས་
པའི་ཚེ་སྒྲོལ་མར་གསལ་བཏབ་ལ། ཐུགས་ཀར་ཏཱྃ་ལས་འོད་འཕྲོས་པས་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་དུ་ཞུ་ནས་ཏཱྃ་ལ་ཐིམ། ཏཱྃ་ཇེ་ཕྲ་ཇེ་ཕྲར་མཐར་སྟོང་པར་བསྒོམ། སྟོང་པའི་ངང་ལས་མ་ཡེངས་པར་དབུགས་སོང་ན་སྐྱེ་བ་མི་ལེན་ཏེ། སྲེད་དང་བྲལ་ལ་ཡང་སྲིད་མེད། ཅེས་སོ།། ། ༈ །ན་མསྟཱ་རཱ་ཡཻ། ཇོ་མོ་སྒྲོལ་མའི་སྒོ་ནས་ཚེ་སྲིང་ཞིང་ཚེའི་བར་ཆད་ཞི་ནས་ཚེ་འཕེལ་བར་འདོད་ན། དང་པོ་དཀོན་མཆོག་ལ་མཆོད་པ་ཕུལ་ཏེ་གསོལ་བ་བཏབ། ཆོས་སྐྱོང་གཞི་བདག་ལ་གཏོར་མ་ཕུལ་ཏེ། ཕྲིན་ལས་བཞི་ལ་སོགས་པ་གོང་དུ་བསྟན་པ་ལྟར་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། དང་པོ་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་བའི་སྙིང་རྗེ་བསྒོམ་ཞིང༌། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། སངས་རྒྱས་ཐོབ་པར་བྱེད་པ་ལ་ཚེ་རིང་བ་དང༌། ནད་མེད་པ་དང༌། བར་ཆད་མེད་པར་བྱ་དགོས། དེའི་ཆེད་དུ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་བྱས་པས་ཚེ་རིང་བར་འགྱུར། ནད་མེད་པར་འགྱུར། མདོར་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ཁོ་ན་ལ་འབྱུང་སྙམ་དུ་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ངག་ཏུ། ཏཱ་རཱ་ཧྃ་ཞེས་བརྗོད་པས། སྐད་ཅིག་གིས་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཕྱག་གཡས་མཆོག་སྦྱིན། གཡོན་པས་ཨུཏྤལའི་ཡུ་བ་ཐུགས་ཀར་བསྣམས་པ། དེའང་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར། རྩ་བ་གཅིག་ལ་མེ་ཏོག་གསུམ་དུ་ཡོད་པའི་དབུས་མ་དེ་ཁ་ཤག་གིས་བྱེ་བ། གཡས་ཀྱི་མེ་ཏོག་
དུད་པའི་འབྲས་བུར་ཡོད་པ། གཡོན་གྱི་མེ་ཏོག་ཁ་མ་བྱེ་བའི་བུམ་པར་ཡོད་པ། ཟླ་བའི་གདན་དང་རྒྱབ་ཡོལ་ལ་སྐུ་ཐལ་གྱིས་བཞུགས་པ། དར་དམར་པོའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་བཅུ་དྲུག་ལོན་པའི་གཞོན་ཤ་དང་ལྡན་ཞིང༌། དབུའི་སྟེང་ན་ཨ་མི་དྷེ་ཝ་བཞུགས་པ་ཞིག་ཏུ་བསྒོམས་པ་དེའི་ཐུགས་ཀར་ཧཱུྃ། མགྲིན་པར་ཨཱཿདམར་པོ། དཔྲལ་བར་ཨོཾ་དཀར་པོ་གསུམ་གྱིས་མཚན་ཞིང༌། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ། དེ་རྣམས་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་ཀྱི་ཇོ་མོ་སྒྲོལ་མ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བྱོན་པ་ལ། པདྨ་ཀ་མ་ལཱ་ཡ་སྟྭྃ་གྱིས་གདན་དབུལ། དངོས་སུ་བཤམས་པ་དང་ཏིང་ངེ་འཛིན་གྱིས་མཆོད་པ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པས་མེ་ཏོག་མ་དཀར་མོ་དང༌། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས་མ་སེར་མོ་དང༌། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ་མ་དམར་མོ་དང༌། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ་མ་ལྗང་གུ་དང༌། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་གིས་ཞལ་ཟས་མ་དམར་མོ་རྣམས་རེ་རེ་བཞིན་ཐུགས་ཀའི་ཏཱྃ་ལས་བྱུང་ཞིང༌། ཇོ་མོ་སྒྲོལ་མ་ལ་མཆོད་པས་མཉེས་པར་བསམ་ཞིང་ཇོ་མོ་ཡིད་བཞིན་འཁོར་ལོ་ཁྱེད་ཀྱིས། བདག་མིང་འདི་ཞེས་བགྱིས་པ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་བསྐྱབས་ནས། ཚེ་འཕེལ་བར་མཛད་དུ་གསོལ་ཞེས་པའམ། བདག་དགྲའི་གནོད་པ་ལས་བསྐྱབ་ཏུ་གསོལ་ཞེས་སོགས་གང་འདོད་པའི་དོན་ལ་ལན་གསུམ་གསོལ་བ་གདབ། དེ་ནས་ཕྱག་རྒྱ་བཞི་བྱས་པའམ་མེད་ཀྱང་རུང༌། ཛཿཧཱུྃ་བཾ་ཧོ་དགུག་གཞུག་བཅིང་རང་དང་གཉིས་སུ་མེད་པར་བསྟིམས་ནས་ཐུགས་ཀའི་ཏཱྃ་འོད་དུ་ཞུ་བ་ལས་ངོ་བོ་ཡེ་ཤེས་ཀྱི་ཇོ་མོ་ལ། རྣམ་པ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པ་ཞིག་བསམ། དེའི་ལྟེ་བ་ལ་ཨོཾ་ནས་ཧཱའི་བར་དུ་མིང་སྤེལ། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་ཡིག་འབྲུ་
བརྒྱད་ཆོས་སྐོར་དུ་སྒོ་རེ་བསྒོམ། མུ་ཁྱུད་ཕྱི་མ་ལ་ཀཱ་ལི་གཡས་སྐོར། དེའི་ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་དེ་ཐམས་ཅད་ཀྱང་དཀར་ལམ་མེ་བ་བསམ། དེ་ནས་ཡིག་འབྲུ་དང་འཁོར་ལོ་ལས་འོད་ཟེར་དཀར་པོ་འཕྲོས་ཏེ་ལུས་ཀྱི་ནང་ཐམས་ཅད་ཁེངས། བ་སྤུའི་བུ་ག་ཐམས་ཅད་ཕྱི་རུ་འཕྲོས་ཏེ་འདོམ་གང་ཙམ་དུ་ཀོར་གྱིས་འཁོར་བར་བསྒོམ། འོད་ཟེར་དེའི་སྟོབས་ཀྱིས་བར་ཆད་ཐམས་ཅད་ཞི་བར་བསྒོམ། ཡང་འོད་ཟེར་སེར་པོ་འཕྲོས་ཏེ་དཀར་པོའི་ཕྱིར་འདོམ་གང་ཙམ་དུ་འཁོར། དེས་ཚེ་དང་བསོད་ནམས་འཕེལ་བར་བསམ། དེ་བཞིན་དུ་འོད་ཟེར་དམར་པོ་འཕྲོས་སེར་པོའི་ཕྱི་རོལ་ཏུ་འཁོར་བས་དབང་གི་ལས་འགྲུབ། འོད་ཟེར་ལྕགས་ཁ་འཕྲོས་དྲག་པོའི་ལས་འགྲུབ། ལྗང་གུས་ལས་སྣ་ཚོགས་འགྲུབ། དེའི་ཕྱི་རོལ་ཏུ་མཆིན་ཁ་འཕྲོས་ཕྲིན་ལས་ཐམས་ཅད་བརྟན་པར་བསྒོམ། འོད་ཟེར་དེ་དག་གི་བར་ཐམས་ཅད་མེ་ཏོག་ཨུཏྤལ་ཁ་བྱེ་མ་ཐག་པ་སྔོ་ཤིགས་ཤིགས་པ་ལྟ་བུས་གང་བར་བསྒོམ། རང་གི་འཁོར་ལ་སོགས་པའི་བརྩེ་བ་རྣམས་འོད་ཟེར་སྣ་དྲུག་གི་ནང་དུ་ཚུད་པར་བསྒོམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་གི་ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་གྱུར་ཅིག་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཅི་ཙམ་དུ་ནུས་པར་བཟླའོ། །འཕྲོ་གཅོད་པ་དང་ཀློག་པའི་ཚུལ་དུ། ཨཱ་ལི་ཀཱ་ལི་ཚར་གཅིག རྟེན་འབྲེལ་སྙིང་པོ་ཚར་གཅིག་རྣམས་བཟླས་ལ། དེ་ནས་འོད་ཟེར་མཆིན་ཁ་ནས་རིམ་པས་ལྗང་གུ་ལ་ཐིམ། ལྗང་གུ་ལྕགས་ཁ་ལ་ཐིམ། ལྕགས་ཁ་དམར་པོ་ལ། དམར་པོ་སེར་པོ་ལ། སེར་པོ་དཀར་པོ་ལ། དཀར་པོ་བདག་ལ། བདག་ཐུགས་ཀའི་འཁོར་ལོ་ལ། འཁོར་ལོ་ཏཱྃ་ལ། ཏཱྃ་ཀླད་ཀོར་ལ་ཐིམ། ཀླད་ཀོར་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་སྟོང་པ་ཉིད་དུ་བསྒོམ། དེ་ནས་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་དང༌། བཛྲ་མུཿཞེས་པས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་ཇོ་མོའི་ང་རྒྱལ་དང་ལྡན་པའི་སྒོ་ནས་དགེ་
བའི་རྩ་བ་བསྔོ་ཞིང༌། བར་སྐབས་སུ་སྐྱོ་ན་ཡེ་ཤེས་སེམས་དཔའ་མདུན་དུ་བཀུག་སྟེ་བཞུགས་པ་ལ། པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་པས་གདན་དབུལ་ཞིང༌། ཕྱག་དང་མཆོད་པ་བསྟོད་པ་མཎྜལ་བསྐོར་བ་ལ་སོགས་པ་བྱ་ཞིང༌། ཚེ་རིང་བ་དང་ནད་མེད་པ་ལ་སོགས་པ་གང་འདོད་པའི་གསོལ་བ་གདབ། བསྐྱེད་རིམ་གྱི་དུས་སམ་རྗེས་ལ་བཟླས་པ་བརྒྱ་རྩ་རེ་བྱས་པས་ཆོག་གསུངས། སྤྱན་སྔ་རིན་པོ་ཆེའི་ཞལ་ནས་ཁོང་རང་བསྙུང་བའི་ལྟས་རྨིས་ཤིང༌། རང་གིས་བཟླས་པ་མཛད་མ་ནུས་པས། གཞན་ཟློས་སུ་བཅུག་དུས་རྨི་ལམ་དུ་སཱཙྪ་དཀར་པོ་ལམ་མེ་བ་འདུག་ཟེར་བས། བཟླས་པ་འཕྲོ་ཆོད་གསུང་ནས་འཕྲོ་བཅད། དེ་ནས་སྐུ་ཚེ་མཐར་ཕྱིན་པ་ཡིན་ནོ། །སྒྲེ་པའི་ཞལ་ནས་མེ་ཏོག་དང་སཱཙྪ་རྣམས་རྨིས་ན་འཆི་བ་དང་བར་ཆད་བཟློག་པ་ཡིན་གསུངས་སོ། །སྤྱན་སྔ་བའི་ཞལ་ནས་འདིའི་བསྙེན་པ་འབུམ་ཚོ་གཅིག་བསྐྱལ་ན་བར་ཆད་གང་གིས་ཀྱང་མི་ཚུགས་གསུངས། འདི་ཕྲིན་ལས་ཀྱི་ལྷ་ཡིན་པས་བསྒྲུབ་སླ་བ་ཡིན་གསུངས། དགེ་བཤེས་གླེ་ནག་པའི་ཞལ་ནས་འདི་ཀློག་ཤེས་ན་མགོ་སུག་བྲལ་ཡང་འགལ་བ་མེད། ཤ་དུམ་བུར་སོང་ཡང་མི་ལྟོ་སྟེ་འགལ་བ་མེད་གསུངས་ནས་ཤིན་ཏུ་ཐུགས་རྩིས་ཆེ་བ་ལགས་སོ། །རྒྱ་གར་གྱི་མཁས་གྲུབ་མང་པོའི་གཞུང་ལ་བརྟེན་ཅིང༌། གངས་རིའི་ཁྲོད་ཀྱི་བླ་མ་དམ་པ་རྣམས་ཀྱི་མན་ངག་ཞལ་ཤེས་མ་ལུས་པ་བསྡུས་པ་དགོས་འདོད་འབྱུང་བའི་ནོར་བུ་ཞེས་བྱ་བ་འདི་བཀོད་པའི་དགེ་བས་དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པར་གྱུར་ཅིག འདི་ནི་«་་་་་མང་མཁར་བ་བློ་གྲོས་བཟང་པོ། »མ་ཏི་བྷ་དྲས་སྦྱར་བའོ། །འདི་བྲིས་དགེ་བ་གང་དག་མཆིས་པ་དེས། །དཔལ་ལྡན་བླ་མ་སྐུ་ཚེ་བརྟན་པ་དང༌། །མཁའ་མཉམ་སེམས་ཅན་ཚེ་དཔལ་ཕུན་ཚོགས་ཤིང༌། །ཡིད་བཞིན་འཁོར་ལོས་རྗེས་སུ་འཛིན་ཕྱིར་བསྔོ། །དགེའོ། །སརྦ་ཙིཏྟཱརྠ་སིདྡྷི་རསྟུ།། །།
སྒྲོལ་དཀར་ཉེ་བརྒྱུད་ཀྱི་གསོལ་འདེབས་འཆི་མེད་བདུད་རྩིའི་དོ་ཤལ།
སྒྲོལ་དཀར་ཉེ་བརྒྱུད་ཀྱི་གསོལ་འདེབས་འཆི་མེད་བདུད་རྩིའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བྷྱཿ འཆི་མེད་དཔལ་སྟེར་ཡིད་བཞིན་འཁོར་ལོ་དང༌། །གང་དེས་རྗེས་བཟུང་ནོར་བཟང་རྒྱ་མཚོའི་ཞབས། །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེར། །གསོལ་བ་འདེབས་སོ་ཚེ་དང་ཡེ་ཤེས་སྩོལ། །ལུང་རིག་སྨྲ་མཁས་དྷརྨ་དྷྭ་ཛ་དང༌། །གཙུག་ལག་ཀུན་གཟིགས་བདེ་ལེགས་ཉི་མའི་ཞབས། །རིག་གྲོལ་མཐར་ཕྱིན་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༴ །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང༌། །ཕྱག་ན་པདྨོ་བློ་བཟང་རྒྱ་མཚོའི་ཞབས། །འཇམ་པའི་དབྱངས་དངོས་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ༴ །མཁས་པའི་དབང་པོ་བློ་གྲོས་རྒྱ་མཚོ་དང༌། །བརྟན་པའི་འཁོར་ལོ་ངག་དབང་བརྩོན་འགྲུས་ཞབས། །སྨྲ་བའི་སེང་གེ་དགེ་འདུན་རྒྱ་མཚོ་ལ། །གསོལ་བ༴ །ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་དང༌། །འཇམ་མགོན་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཞབས། །འཆི་མེད་གྲུབ་པ་དཀོན་མཆོག་རྒྱལ་མཚན་ལ། །གསོལ་བ༴ །རྒྱལ་ཀུན་ཡུམ་གཅིག་མྱུར་མ་དཔའ་མོ་དང༌། །དབྱེར་མེད་དྲན་པས་སྲིད་ཞིའི་གདུང་སེལ་བ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ༴ །
དེ་ལྟར་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །སྙིང་ནས་གུས་པས་གསོལ་བ་བཏབ་པའི་མཐུས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་ལ། །བློ་གྲོས་པདྨོ་རྒྱས་པར་བྱིན་གྱིས་རློབས། །ཁྱད་པར་དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་ཡིད་བཞིན་འཁོར་ལོས་རྗེས་བཟུང་ནས། །ཕུན་ཚོགས་ཚེ་དང་ཡེ་ཤེས་སྣང་བ་ཡིས། །ཕན་བདེའི་དགའ་སྟོན་མཆོག་ཏུ་རྒྱས་པར་ཤོག །ཅེས་པའང་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ན་མ་ཨཱརྻ་ཏཱ་རཱ་ཡཻ། རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོ་བསྒྲུབ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་
སེམས་ཉིད་ཡི་གེ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་གཡོན་མེ་ཏོག་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པ་སྙན་གྱི་ཐད་དུ་ཁ་བྱེ་བའི་ཡལ་ག་གསུམ་དུ་གྱེས་པའི་དབུས་མ་ཁ་ཤག་གིས་བྱེ་བ། གཡས་སྤུངས་ནས་འབྲས་བུ་ཡོད་པ། གཡོན་ལ་མ་བྱེ་བ། དེ་གསུམ་གྱིས་དུས་གསུམ་གྱི་སངས་རྒྱས་མཚོན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཟླ་བའི་དཀྱིལ་འཁོར་ལ་སྐུ་དྲང་པོར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་སམ། ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཨཱཿཧཱུྃ། ཞེས་བདུད་རྩིའི་ཆུས་དབང་བསྐུར། ལུས་གང༌། དྲི་མ་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ཨཱརྻཱ་ཏཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ་ཤབྡའི་བར་གྱིས་མཆོད་ལ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཞེས་སོགས་དང༌། རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ཕྲིན་ལས་རྣམས། །རབ་མཛེས་
ཡིད་འོང་ལྷ་མོའི་སྐུར་བསྟན་ནས། །རབ་མང་འགྲོ་ལ་ཚེ་དང་མཆོག་སྩོལ་མ། །རབ་དཀར་ལྷ་མོ་ཨུཏྤལ་བསྣམས་ལ་བསྟོད། །ཅེས་པས་ཀྱང་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ། མུ་ཁྱུད་རིམ་པ་གསུམ་དང་ལྡན་པ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱྃ་ཡིག་དཀར་པོ་དེའི་མཐར། ཨོཾ་བདག་གི་ཚེ་དང་བསོད་ནམས་འཕེལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་པས་བསྐོར་བ། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་ཆོས་སྐོར་དུ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་ཡི་གེ་བརྒྱད། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར། བར་མ་ལ་ཀཱ་ལི་གཡས་སྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོས་བསྐོར་བ། སྔགས་ཐམས་ཅད་ཀྱང་དབུ་ཅན་གྱི་རྣམ་པ་ཅན་གྱེན་དུ་འགྲེངས་པ་འོད་ཟེར་དང་བཅས་པ་བསྒོམ། དེ་རྣམས་ལས་འོད་ཟེར་དཀར་པོའི་ཚོགས་དཀར་ཕྲོམ་གྱིས་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་དང་ཚེའི་བར་ཆད་ཞི་བར་བྱས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ལུས་ཀྱི་ཕྱི་ནས་འོད་ཟེར་དཀར་པོའི་གུར་ཁྱིམ་འདོམ་གང་གི་ཁོར་ཡུག་ཙམ་ཞིག་གིས་བསྐོར་བས་ཞི་བའི་ལས་ཐམས་ཅད་གྲུབ་པར་བྱས་སོ་སྙམ་དུ་བསམ། དེ་བཞིན་དུ་འོད་ཟེར་སེར་པོའི་ཚོགས་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་དང་བསོད་ནམས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་སོགས་པ་རྒྱས་པར་བྱས། སྔར་བཞིན་དཀར་པོའི་མཐའ་ནས་འོད་ཟེར་སེར་པོའི་གུར་ཁྱིམ་གྱིས་བསྐོར་བས་རྒྱས་པའི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་དམར་པོའི་ཚོགས་འཕྲོས། ཁམས་གསུམ་དབང་དུ་སྡུད་པའི་མཐུ་དང་ལྡན་པར་བྱས། ཕྱིར་འཕྲོས་སེར་པོའི་མཐའ་ནས་འོད་ཟེར་དམར་པོའི་གུར་ཁྱིམ་གྱིས་བསྐོར་བས་དབང་གི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་མཐིང་གའི་ཚོགས་འཕྲོས། མངོན་
སྤྱོད་ཀྱི་ལས་ཐམས་ཅད་འགྲུབ་པའི་མཐུ་དང་ལྡན་པར་བྱས། ཕྱིར་འཕྲོས་དམར་པོའི་མཐའ་ནས་འོད་ཟེར་མཐིང་གའི་གུར་ཁྱིམ་གྱིས་བསྐོར་བས་དྲག་པོའི་ལས་ཐམས་ཅད་གྲུབ་པར་བསམ། ཡང་ལྗང་གུའི་གུར་ཁྱིམ་གྱིས་བསྐོར་བས་ལས་རབ་འབྱམས་ཐམས་ཅད་གྲུབ་པར་བསམ། མཆིན་ཁའི་ཚོགས་སྤྲོས་ལུས་ཀྱི་ནང་ཐམས་ཅད་གང༌། ཕྱིར་འཕྲོས་ལྗང་གུའི་མཐའ་ནས་མཆིན་ཁའི་གུར་ཁྱིམ་འདོམ་གང་ཁོར་ཡུག་ཙམ་ཞིག་གིས་བསྐོར་བས་དེ་ཐམས་ཅད་བརྟན་པར་བྱས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་གི་ཚེ་དང་བསོད་ནམས་འཕེལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་སྤེལ་ཚིག་དང་བཅས་པ་བཟླ་བའམ། ཡང་ན་སྤེལ་ཚིག་དང་བཅས་པ་ཐོག་མཐར་བརྒྱ་རྩ་རེ་ཙམ་བཟླས་ནས། བར་དུ་ཡི་གེ་བཅུ་པ་རང་བཟླས་ཀྱང་ཆོག་གོ །འོད་ཟེར་གྱི་གུར་ཁྱིམ་རྣམས་ཀྱི་ནང་མེ་ཏོག་ཨུཏྤ་ལའི་ཚོགས་ཀྱིས་གང་བར་བསམ་མོ། །ཐུན་མཚམས་དཀར་གཏོར་བྱིན་གྱིས་བརླབས་ལ་འབུལ་ཞིང༌། འདོད་དོན་ལ་གསོལ་བ་འདེབས་པ་སོགས་བྱའོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འདི་ནི་མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་བཞིན་དུ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་བདེ་ཆེན་རྩེར་སྦྱར་བའོ།། ༈ །ན་མ་ཨཱརྻཱ་ཏཱ་རཱ་ཡཻ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བྱ་བར་འདོད་པས། རེ་ཁཱ་དཀར་པོས་མཎྜལ་པད་འདབ་དཀར་པོ་བྲིས་ལ། དེའི་སྟེང་དུ་མཉྫིའི་ཁར་རྗེ་བཙུན་མའི་སྐུའམ། ཟླུམ་གཏོར་དཀར་གཏོར་རིལ་བུས་བསྐོར་བ་གང་ཡང་རུང་བ་བཞག མཐའ་མཆོད་པས་བསྐོར། རང་ཉིད་རྗེ་བཙུན་མའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང༌། ཨོཾ་བཛྲ་ཀུཎྜ་ལཱིས་མདུན་བསྐྱེད་ཀྱི་མཎྜལ་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་གཏོར་མའམ་སྐུ་གཟུགས་དེ་ཉིད་རྗེ་བཙུན་མ་མངོན་རྟོགས་བཞིན་བསྐྱེད།
ཡེ་ཤེས་པ་དགུག་གཞུག་དབང་བསྐུར་རྒྱས་གདབ། མཆོད་བསྟོད་སྔོན་དུ་འགྲོ་བས་མདུན་བསྐྱེད་ལ་དམིགས་པའི་བསྙེན་པ་ཅི་རིགས་བྱ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སྐུ་གསུམ་ཡེ་ཤེས་དབྱེར་མེད་པ། །འགྲོ་བའི་འདྲེན་མཆོག་རྗེ་བཙུན་མའི། །རྗེས་གནང་དམ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྤྱི་འགྲོ་དང༌། ཁྱད་པར་གདམས་པ་འདིའི་ལོ་རྒྱུས་སོགས་བཤད་དེ་སྤྲོ་བ་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ལ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་སྙམ་པ་མཛོད་ལ། འདིའི་རྗེས་ཟློས་མཛོད་ཅེས་བརྗོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག དེ་ནས་མཎྜལ་བསྟན་པ་ནི། མདུན་ན་གནས་པའི་སྐུ་འདྲའམ་གཏོར་མ་འདི་ཉིད་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་རྗེ་བཙུན་མ་འཕགས་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་པོ་ཞེས་སོགས་མངོན་རྟོགས་བཞིན་གསལ་བཏབ་ལ། དེ་དང་བླ་མ་གཉིས་ཀ་རྗེ་བཙུན་མར་བསྒོམ་དུ་གཞུག སྐུའི་རྗེས་གནང་གི་དོན་དུ་སྔར་གྱི་ཚིགས་བཅད་ཀྱི་རྐང་པ་ཐ་མ། སྐུ་ཡི་རྗེས་གནང་སྩལ་དུ་གསོལ། ཞེས་སྦྱར་ལ་གསོལ་བ་གདབ། དེ་ནས་སློབ་མ་བསང་སྦྱང༌། མངོན་རྟོགས་བཞིན་རྗེ་བཙུན་མར་བསྐྱེད་ནས་བསྒོམ་དུ་བཅུག་ལ། བླ་མའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན་དུ་བྱོན། ཁྱེད་རང་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབ་པ་བཞིན་དུ་སིབ་སིབ་ཐིམ་པས་རང་གི་ལུས་དང་རྗེ་བཙུན་མའི་སྐུ་དབྱེར་མེད་དུ་གྱུར་པའི་
མོས་པ་མཛོད། ཅེས་བརྗོད་ལ་དྲིལ་བུ་དཀྲོལ། མེ་ཏོག་གཏོར། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་དྲི་མ་དག ལུས་ལྷར་སྒོམ་པའི་སྐལ་བ་ཅན་དུ་བྱས། འཆི་མེད་ཚེའི་དངོས་གྲུབ་དམ་པ་ཐོབ་སྙམ་པ་མཛོད། ཅེས་བརྡ་སྤྲད། གསུང་གི་རྗེས་གནང་ནི་སྔར་གྱི་ཚིགས་བཅད་ཀྱི་སྐུའི་ཞེས་པའི་གནས་སུ་གསུང་ཞེས་སོགས་བཅུག་ནས་གསོལ་བ་གདབ། སློབ་མ་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཏཱྃ་ཡིག་དཀར་པོ་འོད་དུ་ཞུ་བ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་ལྟེ་བ་དང་བཅས་པ་མུ་ཁྱུད་རིམ་པ་གསུམ་དང་ལྡན་པ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་གི་མཐར་ཨོཾ་དང་ཧཱའི་བར་དུ་སྤེལ་ཚིག་སྦྱར་བས་བསྐོར་བ། རྩིབས་བརྒྱད་ལ་རིམ་པ་ལྟར་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡི་གེ་བརྒྱད། མུ་ཁྱུད་ནང་མ་ལ་ཨཱ་ལི། བར་མ་ལ་ཀཱ་ལི། ཕྱི་མར་རྟེན་འབྲེལ་སྙིང་པོས་བསྐོར་བ། བླ་མ་དང་མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཡང་སྔགས་འཁོར་དེ་འདྲ་ཞིག་བསམས་ནས། དེ་ལས་འོད་ཟེར་དཀར་པོ་འཕྲོས་སློབ་མའི་སྔགས་འཁོར་ལ་ཕོག་པས། འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་ཚེའི་བར་ཆད་ཞི་བར་བྱས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས་སློབ་མའི་སྐུའི་ཕྱི་ནས་འོད་ཟེར་དཀར་པོའི་གུར་ཁྱིམ་འདོམ་གང་ཁོར་ཡུག་ཙམ་ཞིག་གིས་དཀར་སྒྱིར་གྱིས་བསྐོར་བས་ཞི་བའི་ལས་ཐམས་ཅད་འགྲུབ་པའི་སྐལ་བ་ཅན་བྱས། དེ་བཞིན་དུ་འོད་ཟེར་སེར་པོ། དམར་པོ། མཐིང་ག་རྣམས་རིམ་པ་བཞིན་དུ་འཕྲོས་པས་སློབ་མའི་སྔགས་འཁོར་ལ་ཕོག དེ་ལས་ཀྱང་དེ་བཞིན་འཕྲོས་པས་འོད་ཟེར་དཀར་པོའི་གུར་ཁྱིམ་གྱི་ཕྱི་ནས་སེར་པོ། དམར་པོ། མཐིང་ག་རྣམས་ཀྱིས་བསྐོར་བས་རྒྱས་པ་དབང་དྲག་པོའི་ལས་འགྲུབ་པའི་སྐལ་བ་ཅན་དུ་བྱས། དེ་བཞིན་དུ་འོད་ཟེར་ལྗང་གུས་ལས་རབ་འབྱམས་དང༌། མཆིན་ཁས་དེ་ཐམས་ཅད་བརྟན་པར་བྱས་པར་བསམས་ལ། ཡེ་དྷརྨཱ། ཀཱ་ལི། ཨཱ་ལི་རྣམས་ཚར་རེ་དང༌། སྙིང་པོ་སྤེལ་ཚིག་དང་བཅས་པ་ལན་གསུམ་མམ། ལྔའི་རྗེས་ཟློས་བྱེད་དུ་གཞུག བཅོམ་ལྡན་བདག་གིས་
གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རྗེ་བཙུན་མའི་གསུང་གི་བྱིན་རླབས་རྣམས་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས་མེ་ཏོག་ལ་ཐིམ་པའི་མེ་ཏོག་སྤྱི་བོར་བཞག་པས་སྙིང་གའི་སྔགས་རྣམས་ནུས་པ་དང་ལྡན་པར་བྱས་སྙམ་པ་མཛོད། ཅེས་དང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་དང༌། དེས་གསུང་གི་རྗེས་གནང་ཐོབ། ངག་གི་སྡིག་སྒྲིབ་དག རང་གི་ངག་དང་རྗེ་བཙུན་མའི་གསུང་དབྱེར་མེད་དུ་གྱུར་སྙམ་པ་མཛོད་ཅེས་བརྡ་སྤྲད། ཐུགས་ཀྱི་རྗེ་གནང་ནི། ཡང་ཐུགས་ཀྱི་ཞེས་འདོན་པ་སྤོས་ལ་གསོལ་བ་གདབ། དེ་ནས་བླ་མའི་ཐུགས་ཀའི་ས་བོན་ལས་རྗེ་བཙུན་མའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་མཚན་མེ་ཏོག་ཨུཏྤལ་དང༌། བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྣམ་པར་སྤྲོས། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག ཐུགས་ཀྱི་བྱིན་རླབས་ཞུགས། རང་གི་ཡིད་དང་རྗེ་བཙུན་མའི་ཐུགས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྤྲད། དེ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་དབང་ལྷ་བསྟིམ་པའི་རྗེས་གནང་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པ་ལས། གཏོར་མ་རྗེ་བཙུན་མར་བསྐྱེད་པ་སྤྱི་བོར་བཞག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །དུས་འདི་ནས་ནི་ཐམས་ཅད་དུ། །ལྷག་པའི་ལྷ་ནི་མཛད་དུ་གསོལ། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་བརྗོད་པས་རྗེ་བཙུན་མ་སློབ་མའི་ལུས་ལ་ཐིམ་པས་རྗེ་བཙུན་མའི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་མོ། །ཞེས་རྗེ་བཙུན་མའི་
རྗེས་གནང་བྱེད་ཚུལ་འདི་ཉིད་ཡང་དགོན་ནས་རིན་པོ་ཆེའི་གདན་ས་པ་ངག་དབང་རྒྱ་མཚོས་ནན་གྱིས་བསྐུལ་བའི་ངོར། ཆོས་སྨྲ་བའི་དགེ་སློང་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ས་ག་ཟླ་བའི་དགའ་བ་དང་པོའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་ཐོགས་མེད་དུ་སྨྲས་པའོ། །འདིའི་བརྒྱུད་པ་ནི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། དེས་བདག་ལ་དགྱེས་བཞིན་དུ་གནང་བའོ།། ༈ །རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་སྤེལ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། །ན་མ་ཨཱརྻཱ་ཏཱ་རཱ་ཡཻ། མཁྱེན་བརྩེ་དྲི་མེད་རྒྱས་པའི་རང་བཞིན་གྱི། །པད་དཀར་བསིལ་ཟེར་ཅན་གྱི་གདན་སྟེང་ན། །ལྷག་པའི་ལྷ་མོ་གངས་རིའི་མདངས་འཕྲོག་མ། །རབ་མཛེས་ལང་ཚོའི་དཔལ་ཡོན་ཅན་དེར་འདུད། །ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །བདེ་ཆེན་རབ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཤིན་ཏུ་སྒེག་ཅིང་ཞི་བའི་ཉམས་དང་ལྡན། །གཞོན་ནུ་ནུ་འབུར་རྒྱས་མ་ཁྱོད་ལ་འདུད། །ཕྱག་གཡས་སྒྲུབ་ལ་མཆོག་སྦྱིན་ཕྱག་རྒྱ་ཡིས། །ཞི་སོགས་རབ་འབྱམས་ལས་དང་གྲུབ་ཆེན་བརྒྱད། །རྒྱལ་བའི་གོ་འཕང་མཆོག་ཀྱང་བདེ་བླག་ཏུ། །ལེགས་པར་སྦྱིན་མཛད་མ་ལ་ཕྱག་འཚལ་ལོ། །ཕྱག་གཡོན་ཨུཏྤལ་བསྣམས་པའི་སྐྱབས་སྦྱིན་གྱིས། །སེང་གེ་གླང་ཆེན་མེ་དང་དུག་སྦྲུལ་སོགས། །འཇིགས་པ་ཀུན་སྐྱོབ་དུས་གསུམ་སངས་རྒྱས་ཀྱི། །ཡུམ་གྱུར་དགེ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་ཞབས་མཐིལ་ལ་མངའ་བའི་སྟོང་ཉིད་སོགས། །རྣམ་ཐར་སྒོ་བཞིའི་སྤྱན་གྱིས་འགྲོ་བ་ཀུན། །བདེ་ཆེན་ཐར་པའི་གླེང་དུ་འཁྲིད་མཛད་མ། །ཀུན་གྱི་སྐྱབས་གནས་ཁྱོད་ལ་ཕྱག་འཚལ་ལོ། །ཡིད་འོང་སྟོན་ཀའི་ཟླ་བ་འབུམ་ཕྲག་གི །རབ་ཏུ་མཛེས་པ་གཅིག་ཏུ་བསྡུས་པའི་ཞལ། །འགྲོ་ལ་དགྱེས་པའི་འཛུམ་དཀར་འཕྲོ་བ་ཅན། །ཐུགས་རྗེའི་སྤྱན་ཡངས་མ་ལ་ཕྱག་འཚལ་ལོ། །
དྲན་པས་ཚེ་དང་ཡེ་ཤེས་ཀུན་སྩོལ་བའི། །ཚེ་དཔག་མེད་མགོན་མཉམ་གཞག་ཕྱག་རྒྱ་ཅན། །འཆི་མེད་བདུད་རྩིས་གང་བའི་བུམ་པ་ནི། །ལེགས་པར་བསྣམས་པས་སྤྱི་བོར་བརྒྱན་ལ་འདུད། །མཐོན་མཐིང་དབུ་སྐྲ་ཕྱེད་བཅིངས་ཐོར་ཅོག་གི །ལྷག་མ་སིལ་བུར་བབས་པས་སྐུ་སྟོད་ཁེབས། །སྤྱི་གཙུག་ཉི་ཟླའི་མདངས་འཕྲོ་གཙུག་རྒྱན་གྱིས། །ཀུན་ནས་མཛེས་པར་མཛད་ལ་ཕྱག་འཚལ་ལོ། །གཞན་ཡང་ལྷ་དང་མི་ལས་ཕུལ་བྱུང་རྒྱན། །དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དོ་ཤལ་དང༌། །དཔུང་རྒྱན་ཕྱག་ཞབས་གདུ་བུ་སྐ་རགས་སོགས། །བཀོད་ལེགས་རིན་ཆེན་འབར་བས་བརྒྱན་ལ་འདུད། །ཤེལ་གྱི་རི་བོ་སྣ་ཚོགས་དབང་པོའི་གཞུས། །ཀུན་ནས་འཁྱུད་པ་ཇི་བཞིན་ཁྱོད་ཀྱི་སྐུ། །རྣམ་བཀྲ་ལྷ་རྫས་གོས་ཀྱི་ག་ཤ་དང༌། །སྣ་ཚོགས་དར་གྱི་ཤམ་ཐབས་འཛིན་ལ་འདུད། །དབང་པོའི་དབང་ཕྱུག་སྐབས་གསུམ་དབང་པོ་དང༌། །ལྷ་ཆེན་ལྷ་ལས་རྒན་དང་སྔོན་གྱི་ལྷ། །མི་དང་མི་མིན་མིའམ་ཅི་ལ་སོགས། །ཀུན་གྱི་ཞབས་པད་མཆོད་ལ་ཕྱག་འཚལ་ལོ། །གང་གི་ཁྱོད་ཞབས་པདྨོ་གུས་མཆོད་ནས། །ཏཱ་རེ་ལ་སོགས་རིག་སྔགས་ཟློས་ཙམ་གྱིས། །འཆི་མེད་ཚེ་དང་ཡེ་ཤེས་བསོད་ནམས་སོགས། །ཅི་འདོད་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ཕྲིན་ལས་རྣམས། །རབ་མཛེས་ལྷ་མོའི་གཟུགས་སུ་ཤར་བ་ཁྱོད། །སྐྱབས་སུ་བསྟེན་ནས་གུས་པས་གསོལ་འདེབས་ན། །བར་ཆད་ཞི་ཞིང་དོན་ཀུན་འགྲུབ་པར་མཛོད། །བདག་གིས་བྱང་ཆུབ་སྒྲུབ་པའི་མི་མཐུན་ཕྱོགས། །འཇིགས་ཆེན་བརྒྱད་དང་ནད་དང་གདོན་ལ་སོགས། །ཕྱི་དང་ནང་གི་ཉེ་བར་འཚེ་བ་རྣམས། །ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཚེ་དང་བསོད་ནམས་དམིགས་མེད་སྙིང་རྗེ་དང༌། །ཐོས་བསམ་སྒོམ་པའི་ཤེས་རབ་དྲི་མེད་དང༌། །བསླབ་པ་གསུམ་སོགས་
ལེགས་པའི་ཡོན་ཏན་རྣམས། །རྒྱས་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ལྷ་མི་གནོད་སྦྱིན་ལ་སོགས་འགྲོ་ཀུན་གྱིས། །གུས་པས་འདུད་ཅིང་ཇི་ལྟར་བསམ་པའི་དོན། །ཐམས་ཅད་འདོད་དགུར་མྱུར་དུ་འགུགས་བྱེད་པའི། །དབང་གི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །རྒྱལ་བའི་བསྟན་དང་བསྟན་པ་འཛིན་པ་ལ། །ལོག་པར་འཁུ་བའི་གདོན་དང་བགེགས་རིགས་ཀུན། །ཇི་ལྟར་འཚམས་པའི་ཆད་པས་ཚར་གཅོད་པའི། །དྲག་པོའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །རལ་གྲི་མིག་སྨན་རྐང་མགྱོགས་རིལ་བུ་དང༌། །བུམ་པ་བཟང་སོགས་ཐུན་མོང་དངོས་གྲུབ་དང༌། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང༌། །དཀའ་བ་མེད་པར་མྱུར་དུ་འགྲུབ་པར་མཛོད། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །ཁྱོད་ཞབས་གུས་པས་མཆོད་པ་མ་གཏོགས་པར། །སྐྱབས་མགོན་རེ་ས་གཞན་ནས་མི་འཚོལ་བས། །བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ། །བསོད་ནམས་འདི་ཡིས་ཚེ་རབས་ཀུན་ཏུ་བདག །བཅོམ་ལྡན་རྗེ་བཙུན་སྒྲོལ་མས་མངོན་སུམ་དུ། །རབ་ཏུ་དགྱེས་བཞིན་རྗེས་སུ་འཛིན་པ་དང༌། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །འགྲོ་ཀུན་བདེ་བ་ཆེན་པོའི་ཞིང་མཆོག་དེར། །དྲང་སྲོང་ཚེ་དཔག་མེད་པའི་ཞབས་དྲུང་དུ། །སྐྱེས་ནས་རྒྱས་སྲས་སྤྱད་པ་སྤྱོད་པ་ལ། །སྤྱན་རས་གཟིགས་དབང་དེ་དང་མཚུངས་པར་ཤོག །མདོ་དང་རྒྱུད་སྡེ་རྒྱ་མཚོའི་དམ་ཆོས་ཀུན། །ལེགས་པར་རྟོགས་ནས་གཞན་ལ་འདོམས་པ་དང༌། །ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ། །འཁོར་བ་མ་སྟོངས་བར་དུ་བརྩོན་པར་ཤོག །ཅེས་རྒྱལ་བའི་ཡུམ་མཆོག་རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་སྤེལ་བར་བྱེད་པའི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་
སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་«་་་་་སྒྲོལ་དཀར་ཞལ་གཅིག་པའི་དུས་སུ་»དཔལ་བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །།
པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བདུད་རྩིའི་ཐིག་ལེ།
པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། འཆི་མེད་གྲུབ་སྟེར་འཕགས་མ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་དང༌། །རྗེས་གནང་ལས་ཚོགས་དང་བཅས་པ། །བདུད་རྩིའི་ཐེག་ལེ་ཅུང་ཟད་སྤྲོ། །འདི་ལ་གསུམ། སྒྲུབ་ཐབས། རྗེས་གནང༌། ལས་ཚོགས་སོ། །དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་དང༌། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་སེམས་བསྐྱེད། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨཱཿསྭ་བྷ་ཝ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་འོ་མའི་རྒྱ་མཚོའི་དབུས་སུ་པྃ་ལས་པདྨའི་སྡོང་པོ། དེའི་དབུས་སུ་པད་དཀར་འདབ་བརྒྱད་རབ་ཏུ་རྒྱས་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་རང་ཉིད་འཕགས་མ་སྒྲོལ་མ་སྐུ་
མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། འོད་དཔག་མེད་སྤྲུལ་སྐུའི་རྣམ་པའི་དབུ་རྒྱན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང༌། འདབ་མ་སྙན་གྱི་ཐད་དཀར་ཁ་བྱེ་བ། བཅུ་དྲུག་ལོན་པའི་ན་ཚོད་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་སྐུ་ཅན་དུ་གྱུར། འདབ་མ་བརྒྱད་ལ་ལུས་དང་གྲིབ་མའི་ཚུལ་དུ་རང་འདྲ་བའི་སྒྲོལ་མ་དཀར་མོ་བརྒྱད་ཞལ་ནང་དུ་བསྟན་པ་འཁོར་གྱི་ཚུལ་ཅན། རང་གི་ཐུགས་ཀར་ཨ་ལས་ཟླ་བ་ལ་ཏཱྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་དང༌། ཁམས་གསུམ་གྱི་བརྟན་གཡོའི་དྭངས་བཅུད་མ་ལུས་
པ་སྤྱན་དྲངས། སྤྱི་བོའི་རིགས་བདག་འོད་དཔག་མེད་པའི་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་སོང༌། དེ་ལས་བདུད་རྩིའི་རྒྱུན་ལུད། རང་གི་ཚངས་པའི་བུ་ག་ནས་ཞུགས་པ་དང་ལྷན་ཅིག་ཏུ། སྙིང་གའི་སྔགས་ཕྲེང་ལས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་ལུས་ཀྱི་ནང་གང༌། དུས་མ་ཡིན་པའི་འཆི་བ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ། འཁོར་གྱི་ལྷ་མོ་རྣམས་ཀྱིས་ཀྱང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་གྱུར་པའི་མོས་པས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཚེ་འཛིན་ཅིང་གནས་པར་བྱེད་པའི་གསང་སྔགས་འདི་བཟླས་པའི་སྐྱོན་དང་བྲལ་བས་འབུམ་ཕྲག་བཅུ་གཅིག་སོགས་བཟླ་བ་ནི་བསྙེན་པ་ཡིན་ལ། ཐུན་བསྡུ་བའི་ཚེ། བཅོམ་ལྡན་འདས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་ཚོགས་འཕེལ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ལྷ་སྐུའི་གསལ་སྣང་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམས་ལ་མཉམ་པར་བཞག དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །གཉིས་པ་ནི། སྐྱབས་སེམས་ནས་བརྩམས་བདག་མདུན་བུམ་པ་སྒྲུབ་པའི་ཚུལ་དང༌། རྗེས་གནང་གི་ཆིངས་རྣམས་ཁོ་བོས་བྱས་པའི་པཎ་ཆེན་ལུགས་ཀྱི་སྒྲོལ་མ་ལྗང་གུའི་ཡིག་ཆ་བདུད་རྩིའི་སྙེ་མ་གཞིར་བཞག་ལ། ལྷ་སྔགས་ཀྱི་འབྱིན་འཇུག་མ་འཁྲུལ་བར་སྦྱར། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་ལྷག་པའི་ལྷ་ཁྱད་པར་ཅན་རྗེ་བཙུན་སྒྲོལ་མ་དཀར་མོའི་སྐོར་ལ་བཀའ་སྲོལ་གྱི་རིམ་པ་མང་དུ་བཞུགས་པ་ལས་སྐབས་སུ་བབས་པ་ནི། འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ལས། སྔགས་ཀྱི་རྒྱལ་པོ་འདི་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཞེས་སོགས་
དང༌། རྟག་ཏུ་བཟླས་བརྗོད་བྱས་ན་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་བསྔགས་པའི་འཆི་བ་མེད་པ་སྲོག་གི་གཞི་འཛིན་པར་བྱེད་པའི་གསང་སྔགས་ཀྱི་རྒྱལ་པོ་དང༌། འཕགས་མའི་བསམ་གཏན་ལ་བརྟེན་ནས་ཚེ་སྒྲུབ་པའི་རིམ་པ་མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཐུགས་དམ་ཞལ་གཟིགས་ཀྱི་གདམས་པ་ཟབ་མོའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སོགས་སྦྲེལ། ཡེ་ཤེས་པ་བསྟིམས་པའི་རྗེས། དེ་བརྟན་པར་བྱ་བའི་སླད་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་སྔགས་ཀྱིས་དབང་བསྐུར་བ་ཙམ་ལས་རིགས་བདག་གི་རྒྱས་འདེབས་མི་དགོས། གཞན་འདྲའོ། །གསུམ་པ་ལ། བུམ་ཆོག་སྔགས་མདུད་འཁྲུལ་འཁོར་དང༌། །སྦྱིན་སྲེག་བཅུད་ལེན་བསྒྲུབ་པའོ། །ཞེས་པ་ལྟར་ལྔ་ལས། དང་པོ་ནི། བུམ་རྫས་སྤྱི་དང་བཅུད་ལེན་གྱི་སྨན་ཅི་རིགས་པས་གཏམས་པའི་བུམ་པ་སྒྲུབ་ཚུལ་སྒྲོལ་མ་ལྗང་མོའི་སྐབས་སུ་སྨོས་པ་བཞིན་སྦྱར། དེ་ལྟ་བུའི་བུམ་ཆུ་ཁོང་དུ་བཏུང་བ་དང༌། བཀྲུ་བྱབས་སོགས་བགྱིས་པས་ནད་ཞི་བ་དང༌། ཚེ་བསྲིང་བ་དང༌། སྲིའུ་གསོ་བ་སོགས་ལ་མཆོག་ཏུ་བསྔགས་ཤིང༌། བུམ་པའི་ཆུས་རིལ་བུར་བགྱིས་པས་ཀྱང་རུང་ངོ༌། །གཉིས་པ་ནི། གཞོན་ནུ་མས་བཀལ་བའི་སྐུད་པའམ། དར་དཀར་པོ་ལ་རྡོ་རྗེའི་མདུད་པ་བྱ་ཞིང་སྔགས་མཆིལ་གྱིས་བཏབ་པ་བཅིངས་པས་ནད་གདོན་སྲུང་ཞིང་ཞི་བར་བྱེད་དོ། །གསུམ་པ་ནི། གྲོ་གའམ་ཤོག་བུ་ལ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་བྲིས་པའི་དབུས་སུ་ཏཱྃ། དེའི་མཐར། ཨོཾ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་པ་ལྟ་བུའི་སྤེལ་ཚིག་ཨོཾ་དང་སྭཱ་ཧཱའི་བར་དུ་ཆུད་པས་བསྐོར། རྩིབས་བརྒྱད་ལ་ཨ། མཱ། ར། ཎི། ཛཱི། བ། ནྟི། ཡེ། ཞེས་བྲི། མུ་ཁྱུད་ལ་སྒྲོལ་མའི་སྔགས་
རིང་དང་དབྱངས་གསལ་རྟེན་སྙིང་གིས་བསྐོར། དེའི་རྒྱབ་ཏུ་རྡོ་རྭ་མེ་རི་སོགས་བྲིས་ཀྱང་རུང༌། དྲི་ཞིམ་པའི་སྨན་གྱིས་བྱུགས་ལ་རབ་ཏུ་གནས་ཏེ་མགུལ་དུ་འཆང་བས་མ་བསྒྲུབས་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །བཞི་པ་ནི། འཇམ་དཔལ་རྩ་རྒྱུད་ལས། རྩྭ་དཱུརྦའི་འཇག་མ་ལ་ཞོ་དང་སྦྲང་རྩི་མར་གྱིས་ངར་བཏགས་པ་སྟོང་རྩ་བརྒྱད་ཀྱིས་ནུབ་བཅུའི་བར་དུ་སྦྱིན་སྲེག་བྱས་ན་དུས་མ་ཡིན་པའི་འཆི་བ་རབ་ཏུ་ཞི་ཞིང་ཚེ་རིང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རྒྱས་པའི་སྦྱིན་སྲེག་གི་ཆིངས་རྒྱས་བསྡུས་གང་རུང་དང་སྦྱར་ནས། བསྲེག་རྫས་ཀྱི་གཙོ་བོ་གོང་དུ་སྨོས་པ་ལྟར་ཕུལ་བས་ཚེ་བསྲིང་བའི་མཆོག་ཏུ་གསུངས་སོ། །ལྔ་པ་ནི། བཅུད་ལེན་ཐམས་ཅད་ལའང་སྔགས་འདིས་གདབ་པར་གསུངས་པས། ཚུལ་བཞིན་བསྒྲུབ་པའི་བུམ་ཆུ་དང༌། བཅུད་ལེན་གྱི་སྨན་གང་ཡང་རུང་བའམ། སྤྱིར་བཏང་དུ། འབྲས་བུ་གསུམ་དང༌། ར་མོ་ཤག་བཅས་སྦྱར་བའི་རིལ་བུ་རིན་པོ་ཆེའི་སྣོད་དུ་བླུགས། བདག་བསྐྱེད་སྔོན་དུ་འགྲོ་བས། རིལ་བུའི་སྟེང་དུ་ཟླ་བ་ལ་སྔགས་ཀྱི་ཕྲེང་བས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་དང༌། ཁམས་གསུམ་གྱི་བརྟན་གཡོའི་དངོས་བཅུད་མ་ལུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་རིལ་བུ་ལ་ཐིམ་པར་གྱུར་པའི་མོས་པས་སྔགས་བཟླ། མཐར་སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་ནས་རིལ་བུ་ལ་ཐིམ་པས་བཅུད་ལེན་གྱི་རིལ་བུ་འོད་འབར་བའི་རྣམ་པར་བསམས་ལ་རྟེན་སྙིང་དང་ཤིས་བརྗོད་བཅས་མེ་ཏོག་འཐོར། དེ་ཉིད་ཚུལ་བཞིན་བསྟེན་པས་ཚེ་དང་ལུས་ཀྱི་བཅུད་ལེན་མཆོག་ཏུ་གྲུབ་པར་འགྱུར་རོ། །མན་
ངག་ཆུ་གཏེར་བསྲུབས་པའི་ཕུལ། །གདམས་ཟབ་བདུད་རྩིའི་ཐིག་ལེ་ཡིས། །འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི། །སྣང་བས་རྟག་ཏུ་མཛེས་གྱུར་ཅིག །ཅེས་པའང་གཞུང་རྙིང་པའི་དོན་སྙིང་པོར་དྲིལ་ཏེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།མངྒལཾ།། །།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དམིགས་རིམ་དང་བཅས་པ་སོགས་ཡིག་ཆ་ཉེར་མཁོ་འཆི་མེད་བདུད་རྩིའི་ཟིལ་དངར།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དམིགས་རིམ་དང་བཅས་པ་སོགས་ཡིག་ཆ་ཉེར་མཁོ་འཆི་མེད་བདུད་རྩིའི་ཟིལ་དངར་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻ་ཏཱ་རཱ་སཱ་དྷ་ནཾ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། བླ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ལོ། །བྱང་གྲོལ་ཆ་ཤས་ཡོངས་གང་འཕགས་མའི་ཟླ་བ་ནི། །ཡིད་འོང་སྙིང་རྗེ་བདུད་རྩིའི་སྣང་བ་དང་འགྲོགས་པས། །ས་གསུམ་རྒུད་ཅིང་ཕོངས་པའི་མུན་པ་ཀུན་བསལ་ཏེ། །སྲིད་ཞིའི་ཕུན་ཚོགས་བསིལ་བ་རྟག་ཏུ་སྦྱིན་གྱུར་ཅིག །གང་ཞིག་ཆོས་ལྡན་སྐྱེད་ཚལ་དུ། །ཕན་བདེའི་མེ་ཏོག་འབྲས་འབར་བའི། །རིང་འཚོའི་དཔག་བསམ་རྒྱས་པའི་སླད། །རིག་པའི་ཟིལ་དངར་བསྟེན་པར་གྱིས། །དེ་ཡང་དད་དང་ངེས་འབྱུང་དང༌། །སྙིང་རྗེར་ལྡན་པའི་སྒྲུབ་པ་པོས། །ཐུན་མོང་མིན་པའི་རྗེས་གནང་དང༌། །ཁྲིད་རིམ་ཟབ་མོས་རྒྱུད་སྨིན་པས། །སྔོན་དངོས་རྗེས་ཀྱིས་ཉམས་བླང་བའི། །སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི། །སྣོད་བཅུད་བདེ་བ་ཅན་ལྟ་བུའི། །ཞིང་ཁམས་ཡོངས་སུ་དག་པའི་གཞིར། །རང་གི་མདུན་དུ་དཔག་བསམ་ཤིང༌། །རབ་ཏུ་རྒྱས་པའི་པདྨའི་དབུས། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀུན། །འོད་དཔག་མེད་པའི་རྣམ་པར་བཞུགས། །མདུན་དུ་སྒྲོལ་དཀར་སོགས་ཡི་དམ། །གཡས་སུ་དུས་གསུམ་རྫོགས་སངས་རྒྱས། །རྒྱབ་ཏུ་དམ་ཆོས་གླེགས་བམ་ཚུལ། །གཡོན་དུ་འཕགས་པའི་དགེ་འདུན་རྣམས། །མངོན་སུམ་ལྟ་བུར་གསལ་བའི་མདུན། །བདག་གཞན་སེམས་ཅན་ཐམས་ཅད་ཀུན། །
འཇིགས་དང་དད་དང་སྙིང་རྗེའི་བློས། །སྒོ་གསུམ་གུས་པས་སྐྱབས་འགྲོར་དམིགས། །བདག་དང་མཁའ་མཉམ་འགྲོ་བ་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །ཅི་ནུས་བརྗོད་པས་སྐྱབས་ཡུལ་གྱི། །འོད་ཀྱིས་རང་གཞན་སྒྲིབ་གཉིས་སྦྱངས། །འཕགས་མའི་གོ་འཕང་བཀོད་པར་བསམ། །སླར་ཡང་མོས་གུས་ཤུགས་དྲག་པོས། །བླ་མ་མཆོག་གསུམ་རིན་པོ་ཆེར། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །མཁྱེན་བརྩེ་ནུས་ལྡན་ཁྱེད་རྣམས་ཀྱིས། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པས་གསོལ་བཏབ་སྐྱབས་ཡུལ་རྣམས། །མཐའ་ནས་རིམ་གྱིས་འོད་ཞུ་ནས། །རྩ་བའི་བླ་མར་ཐིམ་པ་ཉིད། །བདག་ཐིམ་བྱིན་གྱིས་བརླབས་པར་བསམ། །གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི། །བདག་གིས་སེམས་ཅན་ཀུན་དོན་ཕྱིར། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་རྗེ་བཙུན་མའི། །སྒོམ་བཟླས་ཉམས་སུ་བླང་བར་བགྱི། །ལན་གསུམ་གསུམ་པ་ཚོགས་བསག་ལ། །དང་པོ་བསོད་ནམས་ཚོགས་བསག་སླད། །རང་ཉིད་འཕགས་མའི་སྐུར་གསལ་བའི། །ཐུགས་ཀའི་ཟླ་སྟེང་ཏཱྃ་ཡིག་ལས། །འོད་འཕྲོས་བླ་མ་རྗེ་བཙུན་མ། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཏཱ་རཱེ་ས་
པ་རི་ཝཱ་རེ་བྷྱཿ ཨོཾ་གུ་རུ་ཨཱརྻ་ཏཱ་རཱེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་ཨཱ་ཧཱུྃ། ཞེས་པའི་ཕྱག་མཆོད་སྔོན་འགྲོ་བས། །སྡིག་བཤགས་རྗེས་སུ་ཡི་རང་དང༌། །དོན་དམ་སེམས་བསྐྱེད་སྐྱབས་སུ་འགྲོ། །སྨོན་འཇུག་སྡོམ་བཟུང་བསྔོ་བ་བཅས། །ཡན་ལག་བདུན་པ་བྱ་བ་ནི། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་ཚད་མེད་བསྒོམ་པ་ནི། །འགྲོ་ཀུན་བདེ་བ་རྒྱུར་བཅས་ལྡན། །སྡུག་བསྔལ་རྒྱུར་བཅས་བྲལ་བར་ཤོག །རྟག་ཏུ་བདེ་དང་མི་འབྲལ་ཞིང༌། །བཏང་སྙོམས་ཆེན་པོར་གནས་གྱུར་ཅིག །དེ་ནས་ཡེ་ཤེས་ཚོགས་བསག་ཕྱིར། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་གཟུང་འཛིན་ཆོས་རྣམས་ཀུན། །འོད་གསལ་དབྱིངས་སུ་ཐིམ་པར་བསམ། །གཉིས་པ་དངོས་གཞིར་ཐུང་མོང་དང༌། །ཁྱད་པར་དམིགས་རིམ་རྣམ་གཉིས་ལས། །དང་པོ་ཡན་ལག་བཞི་རྫོགས་ཀྱིས། །ལྷར་བསྒོམ་གསལ་སྣང་བསྒྲུབ་པ་ནི། །སྟོང་པའི་ངང་ལས་པྃ་ཡིག་ལས། །བྱུང་བའི་པད་དཀར་འདབ་བརྒྱད་སྟེང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་དབུས། །རང་སེམས་ཏཱྃ་ཡིག་དཀར་པོ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་སྒྲོལ་མ་དཀར་མོ་ནི། །ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ནོར་བུ་ཆུ་ཤེལ་དྲི་མེད་འོད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །ཕྱག་ཞབས་
མཐིལ་ན་སྤྱན་རེ་སྟེ། །ཡེ་ཤེས་སྤྱན་འདུན་འཛུམ་པས་གཟིགས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད། །གཡོན་པས་ཨུཏྤལ་དཀར་པོ་ཡི། །རྩ་བ་ཐུགས་ཀར་བཟུང་བ་ཉིད། །མེ་ཏོག་སྙན་ཐད་ཁ་བྱེ་བའི། །གཡས་གཡོན་འབྲས་བུ་གོང་བུས་དུད། །དབུ་སྐྲ་མཐོན་མཐིང་ལྟར་གནག་པའི། །ཟུར་ཕུད་ལྟག་པར་བཅིངས་པ་ལས། །ལན་བུ་རིང་དུ་འཕྱངས་བས་མཛེས། །རིན་པོ་ཆེ་ཡི་རྒྱན་བརྒྱད་དང༌། །སྣ་ཚོགས་དར་གྱིས་སྟོད་གཡོགས་ཤིང༌། །དམར་པོའི་ཤམ་ཐབས་མཛེས་པར་གསོལ། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་གཉིས་སྐྱིལ་ཀྲུང་དྲང་པོར་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །རང་བཞིན་གནས་ནས་སྒྲོལ་མ་དཀར། །སངས་རྒྱས་བྱང་སེམས་འཁོར་དང་བཅས། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །སླར་ཡང་དབང་ལྷ་སྤྱན་དྲངས་ནས། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་རིགས་ཀྱི་བདག །འོད་དཔག་མེད་པས་དབུར་བརྒྱན་གྱུར། །རང་གི་ཐུགས་ལས་སྤྲུལ་པ་ཡི། །ལྷ་མོས་མཆོད་ཅིང་བསྟོད་པར་བསམ། །ཨོཾ་ཨཱརྻཱ་ཏཱ་རཱེ་ས་པ་རི་ཝཱ་ར་ཨརྒྷཾ། ནས། ཤབྡ་ཨཱཿཧཱུྃ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཇི་ལྟར་རིགས་པས་བསྟོད། །ང་རྒྱལ་རྣམ་པའི་གསལ་སྣང་ལ། །སེམས་བཟུང་བསམ་གཏན་དུག་དབྱུང་ཞིང༌། །འཛིན་མེད་ལྟ་བས་རྒྱས་འདེབས་བྱ། །གཉིས་པ་ཁྱད་པར་དམིགས་རིམ་ལ། །དང་པོ་འཁོར་ལོ་གསལ་བ་ནི། །ཐུགས་ཀར་ཟླ་བའི་རང་བཞིན་གྱི། །འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། །མུ་ཁྱུད་ལྔ་ལྡན་ལྟེ་བར་ཏཱྃ། །མཐའ་སྐོར་སྤེལ་ཚིག་མདུན་རྒྱབ་ཏུ། །ཨོཾ་དང་ཧཱ་སྟེ་རྩིབས་བརྒྱད་ལ། །ཏཱ་རེ་ལ་སོགས་ཡིག་འབྲུ་བརྒྱད། །མུ་ཁྱུད་དང་པོར་ཨཱ་ལི་གཡོན། །གཉིས་པར་ཀཱ་ལི་གསུམ་པ་ན། །རྟེན་འབྲེལ་སྙིང་པོ་གཡས་སུ་འཁོད། །བཞི་པར་རྡོ་
རྗེ་སྔོན་པོ་དང༌། །ལྔ་པར་འོད་ལྔའི་ཕྲེང་བས་བསྐོར། །གཉིས་པ་རིགས་བདག་འཕོ་བ་ནི། །སྤྱི་བོའི་རིགས་བདག་ཡོངས་གྱུར་ལས། །ཚེ་དཔག་མེད་མགོན་དཀར་དམར་མདངས། །ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན། །ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགས། །གསུམ་པ་སྲུང་འཁོར་བསྒོམ་པ་ནི། །རང་གི་ཕྱི་རོལ་འཁོར་ལོ་དཀར། །རྩིབས་བརྒྱད་གཡས་སུ་འཁོར་བ་ལས། །མེ་དཔུང་འབར་ཞིང་འཁྲུགས་པ་ཡིས། །གནོད་བྱེད་གདོན་བགེགས་ཐམས་ཅད་བསྲེགས། །ཐུགས་ཀའི་ཏཱྃ་ཡིག་སྔགས་བཅས་ལས། །འོད་ཟེར་དཀར་པོ་ཟླ་བ་སྟོང༌། །དུས་གཅིག་ཤར་བ་ལྟ་བུ་འཕྲོས། །ལུས་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས། །འཁོར་ལོའི་ཕྱི་རོལ་འདོམ་གང་སར། །འོད་ཟེར་དཀར་པོའི་གུར་གྱིས་གཏམས། །ཞི་བའི་ལས་ཀུན་འགྲུབ་པར་གྱུར། །དེ་བཞིན་འོད་ཟེར་གསེར་མདོག་འཕྲོས། །ལུས་གང་ཚེ་བསོད་ཡེ་ཤེས་སྤེལ། །ཕྱིར་འཕྲོས་སེར་པོའི་གུར་གྱིས་གཏམས། །རྒྱས་པའི་ལས་ཀུན་འགྲུབ་པར་གྱུར། །པད་རཱཀ་མདངས་ཅན་འོད་ཟེར་འཕྲོས། །ལུས་གང་ཁམས་གསུམ་དབང་དུ་བསྡུས། །ཕྱིར་འཕྲོས་དམར་པོའི་གུར་གྱིས་གཏམས། །དབང་གི་ལས་ཀུན་འགྲུབ་པར་གྱུར། །དབང་སྔོན་མདངས་ཅན་འོད་ཟེར་འཕྲོས། །ལུས་གང་མི་མཐུན་ཚར་བཅད་ཅིང༌། །ཕྱིར་འཕྲོས་སྔོན་པོའི་གུར་གྱིས་གཏམས། །དྲག་པོའི་ལས་ཀུན་འགྲུབ་པར་གྱུར། །མརྒད་མདངས་ཅན་འོད་ཟེར་འཕྲོས། །ལུས་གང་ཕྲིན་ལས་ཐམས་ཅད་བསྒྲུབས། །ཕྱིར་འཕྲོས་འོད་ལྗང་གུར་གྱིས་གཏམས། །མཆོག་ཐུན་ཕྲིན་ལས་ཀུན་འགྲུབ་གྱུར། །འོད་ཟེར་མཆིན་ཁ་དཔག་མེད་འཕྲོས། །ལུས་གང་ཕྲིན་ལས་བརྟན་པར་བྱས། །ཕྱིར་འཕྲོས་མཆིན་ཁའི་གུར་གྱིས་གཏམས། །བྱིན་རླབས་ཕྲིན་ལས་བརྟན་པར་གྱུར། །འོད་ཀྱི་གུར་ཁང་དྲུག་པོ་ཀུན། །སྒོ་ངའི་རྣམ་པ་ཇི་ལྟ་བར། །དུམ་བུ་གཅིག་ཏུ་གྱུར་པ་ཡི། །བར་མཚམས་ཨུཏྤལ་སྔོན་པོ་ནི། །གསར་ཞིང་མཉེན་ལྕུག་ལྡན་
པས་གཏམས། །མི་ཕྱེད་རྡོ་རྗེའི་རང་བཞིན་གྱུར། །བཞི་པ་ཚེ་བཅུད་བསྡུ་བ་ནི། །རིག་བདག་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་འཕྲོས་སྲིད་ཞིའི་ཚེ་བཅུད་ཀུན། །བུམ་པར་བསྡུས་ཐིམ་བདུད་རྩིར་ཞུ། །རང་ལུས་ཀུན་ཁྱབ་འཆི་མེད་ཐོབ། །བུམ་ཅན་རླུང་གི་སྦྱོར་བ་ནི། །ཇི་ལྟར་རིགས་པས་བརྟན་པར་བྱ། །ལྔ་པ་བཟླས་པ་བྱ་བ་ནི། །སླར་ཡང་ཐུགས་ཀའི་འཁོར་ལོ་ལས། །བདུད་རྩིའི་རྒྱུན་དང་འོད་ཟེར་དཀར། །སྔགས་ཀྱི་རང་སྒྲ་སྒྲོགས་པར་འཕྲོས། །ལུས་གང་ནད་གདོན་སྡིག་སྒྲིབ་དང༌། །དུས་མིན་འཆི་བ་རྒྱུར་བཅས་སྦྱངས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །བ་སྤུའི་བུ་ག་ཚུན་ཆད་ཀྱང༌། །བདུད་རྩིའི་ཟིལ་པ་ཕྲོམ་མེར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །རྩ་བའི་བསྙེན་པ་འབྲུ་བཅུ་པ། །གཙོ་བོར་བཟླས་ཤིང་ཐུན་གྱི་གཤམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པའང་ཇི་ལྟར་རིགས་པ་བཟླས། །གསུམ་པ་རྗེས་ནི་མཆོད་བསྟོད་དང༌། །བཅོམ་ལྡན་ཡིད་བཞིན་འཁོར་ལོ་ཡིས། །བདག་དང་མཐའ་ཡས་འགྲོ་བ་ཀུན། །མི་མཐུན་འགལ་རྐྱེན་ཀུན་ཞི་ཞིང༌། །འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་པས་དངོས་གྲུབ་གསོལ་བ་གདབ། །དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས། །ལན་གསུམ་བཟླས་པས་གསང་སྔགས་ཀྱི། །ནུས་པ་བརྟན་ཅིང་ལྷག་ཆད་བསྐང༌། །སྣོད་བཅུད་འོད་ཞུ་སྲུང་འཁོར་དང༌། །དེ་ཡང་རང་ཐིམ་འོད་གསལ་དང༌། །སླར་ཡང་འཕགས་མའི་སྐུར་གྱུར་པའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན། །དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་བཅས། །ཐུན་མཚམས་སྤྱོད་ལམ་རིམ་པར་འཇུག །དེ་ལྟར་ཐུན་བཞིའི་རིམ་པ་ཡིས། །ཟླ་བ་དྲུག་ཏུ་རྩེ་གཅིག་བསྒོམས། །འཇིགས་པ་མཐའ་དག་ཞི་བ་དང༌། །ལྷག་པར་དུས་མིན་འཆི་བ་བཟློག །འཆི་མེད་གོ་
འཕང་ངེས་འགྲུབ་ཅིང༌། །གཞན་ཡང་ཚེ་བསོད་དཔལ་འབྱོར་རྒྱས། །བློ་རྣོ་ཤེས་རབ་དྲི་མེད་འགྱུར། །མདོར་ན་གྲུབ་པ་བརྒྱད་དང་ནི། །ཕྲིན་ལས་བཞི་སོགས་ཅི་འདོད་ཀུན། །ཚུལ་འདིར་འབད་པ་ལས་འབྱུང་ཕྱིར། །སྐལ་བཟང་རྣམས་ཀྱིས་བསྟེན་པར་འོས། །ཞེས་འདི་རྡོ་རྗེའི་སློབ་དཔོན་ཆེ། །ཛཱ་ན་བྷ་དྲའི་བཀས་བསྐུལ་ཞིང༌། །གཞན་ལའང་ཕན་པར་འདོད་པ་ཡིས། །ཡིད་ཀྱི་བདུད་རྩིའི་ཆུ་གཏེར་ལས། །བསྲུབས་སྐྱེས་ཟླ་ཤེལ་གསར་པ་སྟེ། །ལེགས་བྱས་འོད་དཀར་ལྷུང་བ་ཡིས། །སྲིད་ཞིའི་མུན་པ་ཀུན་བཅིལ་ཞིང༌། །ཕན་བདེའི་ཀུནྡ་བཞད་གྱུར་ཅིག། ༈ །སྭ་སྟི། གང་ཞིག་གནས་སྐབས་སུ་མཐོ་རིས་ཀྱི་ཡོན་ཏན་མཐའ་དག་གི་ཕྱི་མོ། དྲི་མ་མེད་པའི་བསླབ་པ་གསུམ་གྱི་སྣོད། ཐུན་མོང་གི་དངོས་གྲུབ་ཀྱིས་ཕན་འདོགས་པའི་གཞི། མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་རྟེན་འདི་ཁོ་ན་ལ་རག་ལས་པའི་ཕྱིར། སྤྱིར་འཛམ་བུ་གླིང་པ་ཁམས་དྲུག་ལྡན་གྱི་ལུས། བྱེ་བྲག་ཏུ་དལ་འབྱོར་གྱི་རྟེན། ཁྱད་པར་ཆོས་བཞིན་སྤྱོད་པ། དེ་ལས་ཀྱང་སྔགས་ཀྱི་དངོས་གྲུབ་མཆོག་དོན་དུ་གཉེར་བ་རྣམས་ཀྱི་འཚོ་བ་ནི་ཤིན་ཏུ་དོན་དང་བཅས་པའི་ཕྱིར་ཡུན་རིང་པོར་གནས་པའི་ཐབས་ཚུལ་ལྷུར་ལེན་པ་ཁོ་ན་གལ་ཆེ། དེ་ལའང་འཇིག་རྟེན་ན་ལྷ་དང་དྲང་སྲོང་ཆེན་པོ་རྣམས་ཀྱིས་རིང་འཚོའི་ཐབས་ཚུལ་དུ་མ་ཞིག་གསུངས་ཀྱང༌། དེ་ཐམས་ཅད་ཀྱིས་ཕྱག་བྱས་པའི་དྲང་སྲོང་མཆོག་གཅིག་པུ་སྟོན་པ་བདེ་བར་གཤེགས་པས་མདོ་དང༌། སྔགས་ཀྱི་ཚུལ་ལས། ཚུལ་ཁྲིམས་ཀྱི་ཀུན་སྤྱོད་དང༌། ཏིང་ངེ་འཛིན་གྱི་སྒོ་དང༌། ཤེས་རབ་ཟབ་མོའི་རྒྱས་འདེབས་དང༌། སྔགས་དང༌། སྨན་དང༌། ནོར་བུ་དང༌། རྟེན་འབྲེལ་དང༌། ནང་འབའ་ཞིག་ལ་གཞོལ་བའི་རྣལ་འབྱོར་ཟབ་པ་དང༌། ཆེས་ཟབ་པའི་སྒོ་ནས་ཚེ་བསྲིང་བ་དང༌། བར་ཆད་སེལ་བ་དང༌། འཆི་མེད་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་ཡིད་ཅན་རྣམས་ལ་ཐུགས་བརྩེ་བ་ཁོ་ནས་བཀའ་སྩལ་པ་ཉིད་གཙོ་བོར་བཟུང་བར་རིགས་ཏེ། འཁྲུལ་པའི་
རྒྱུ་སྤངས་པ་དང༌། མ་འཁྲུལ་པའི་ཡེ་ཤེས་བརྙེས་པ་དང༌། སྙིང་བརྩེའི་ཐབས་ཡུན་རིང་དུ་གོམས་པའི་མཐུ་ལས་བྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་ལེགས་པར་གསུངས་པའི་དམ་པའི་ཆོས་རྣམས་ཀྱི་སྙིང་པོར་གྱུར་པའང་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེ་ཉིད་ཐུན་མོང་གི་ཚུལ་ལས་ཆེས་ཟབ་པའི་ཕྱིར་དབང་པོ་རྣོན་པོ་རྣམས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་ལས་གསུངས་པའི་རིང་འཚོའི་སྒོ་དུ་མ་ལ་ནན་ཏན་དུ་བྱ་རིགས་པས། འདིར་རྣལ་འབྱོར་བླ་མེད་མ་ཡི་རྒྱུད་སྒྲོལ་མ་མངོན་པར་འབྱུང་བ་ལས། འཆི་བ་སླུ་བྱེད་དཀར་མོའོ། །ནད་དང་བཙོན་ལས་ཐར་པ་དང༌། །ཚེ་དང་ལོངས་སྤྱོད་བརྩོན་འགྲུས་དང༌། །དབང་ཕྱུག་དང་ནི་བློ་གྲོས་འཕེལ། །ཅེས་གསུངས་པས་བསྟན་པར་བཞད་ཅིང༌། ལྷ་དང༌། སྔགས་ཀྱི་དབང་གིས་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་བཞག་ཀྱང་མི་འགལ་བ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐོར་ལ་འཕགས་བོད་དུ་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་བྱུང་བ་ལས་གཙོ་བོར་གྱུར་པ་ནི། འཕགས་མ་ཉིད་ཀྱི་ཡེ་ཤེས་སྲས་མངོན་སུམ་དུ་དབུགས་དབྱུང་བ་ཐོབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་གཞུང༌། འཆི་བདག་བསླུ་བའི་རྟོག་པ་བསྡུས་པ་ལས་འབྱུང་བ་ཉིད་དེང་སང་གི་བར་དུ་བཀའ་ཡོད་ལ། ལྷད་མ་ཞུགས་པར་གནས་པ་ཡིན་པས་དེ་གཙོ་བོར་བྱས་ཏེ་བཤད་ན། ངེས་ཤེས་འདྲེན་བྱེད་ལོ་རྒྱུས་དང༌། དེ་ལས་བྱུང་བའི་གདམས་པ་དངོས་གཉིས། ཕྱི་མ་ལའང༌། དངོས་གྲུབ་སྒྲུབ་པའི་སྣོད་རུང་དུ་བྱ་བ་རྗེས་གནང་དང༌། དངོས་གྲུབ་སྒྲུབ་པའི་ཐབས་ལམ་གྱི་རིམ་པ་གཉིས། ཕྱི་མ་ལ། སྔོན་དུ་བསྙེན་པས་ལྷ་མཉེས་པར་བྱ་བ་དང༌། བར་དུ་སྒྲུབ་པས་བདག་ཉིད་ནུས་ལྡན་དུ་བྱ་བ་དང༌། མཐར་ནུས་པ་དང་ལྡན་པ་དེས་ལས་རབ་འབྱམས་སྒྲུབ་པའི་ཚུལ་ཏེ་གསུམ་ལས། དེ་ཡང་སྤྱིར་ཚུལ་འདིའི་སྒོམ་བཟླས་ཀྱི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་པའི་གནད་ཐམས་ཅད་འདྲིལ་བས་དབང་པོ་རབ་འབྲིང་རྣམས་ཀྱིས་དེ་ཁོ་ནས་དོན་འགྲུབ་པའི་ཕྱིར་
ལས་སྦྱོར་སོགས་དམིགས་བསལ་མ་བགྱིས་ཀྱང་རུང་མོད། དབང་པོ་རྟུལ་པོ་དང༌། དང་པོའི་ལས་ཅན་དང༌། སྤྲོས་པ་ལ་དགའ་བ་སོགས་ཀྱི་ཆེད་དུ་ཐབས་ཚུལ་སྣ་ཚོགས་ཀྱང་མི་འགོག་པའི་ཕྱིར་རིམ་པར་བཤད་ན། ལོ་རྒྱུས་ཡིག་རྙིང་དང་རྗེས་གནང་ཁོ་བོས་ལོགས་སུ་བཀོད་པ་ལས་གསལ། བསྙེན་པའི་ཚུལ་ཐུན་མོང་ལྟར་ན་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་དང༌། ཞུ་ཆེན་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་བསྙེན་ཡིག་དང༌། ཁྱད་པར་འོད་ཟེར་དྲུག་བསྒྲགས་ལྟར་ན། ཚར་ཆེན་རིན་པོ་ཆེའི་ཡིག་ཆ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་ནག་འགྲོས་སུ་མཛད་པ་དང༌། འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་བསྙེན་ཡིག་ལྟར་བྱའོ། །སྦྱིན་སྲེག་ཀྱང་ཞི་རྒྱས་རྣམ་པ་གཉིས་ཀྱི་ཡིག་ཆ་གཞན་དག་ཏུ་ཆེས་གསལ་བའི་ཕྱིར་དེ་རྣམས་སུ་ཤེས་པར་བྱ་ཞིང༌། དེ་ལས་གཞན་པའི་ལས་སྦྱོར་ལ། ཚེ་བསྲིང་བ་གཙོ་བོར་བཏོན་པ་དང༌། ལས་སྣ་ཚོགས་པ་བཤད་པ་གཉིས་ལས། དང་པོ་ལའང༌། སྤྱིར་འཆི་བདག་བསླུ་བའི་རྟོག་པ་ནས་ཇི་སྐད་གསུངས་པ་ཕལ་ཆེར་འདིར་སྦྱོར་འོས་ཤིང༌། དེ་ལ་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་ཉེ་བར་བསྡུ་ན། ཇི་སྐད་དུ། ཕྱི་དང་ནང་གི་བདག་ཉིད་ཀྱི། །འཆི་ལྟས་ཚོགས་པ་ཤེས་བྱས་ནས། །ཕྱི་དང་ནང་གི་བདག་ཉིད་ཀྱི། །བསླུ་བ་བསྡུས་པའང་ཤེས་པར་བྱ། །ཞེས་དང༌། ལུས་དང་ངག་གི་ལས་ཀྱིས་ཕྱི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། །ནོར་བུ་སྨན་སོགས་ཕྱི་ཡིན་ཏེ། །རྣལ་འབྱོར་ནུས་པ་ནང་གིའོ། །ཞེས་ཕྱི་དང༌། ནང་གི་འཆི་བ་བསླུ་བའི་ཐབས་མང་དུ་གསུངས་ཤིང༌། དེ་དག་ལའང་རྣམ་གྲངས་མང་དུ་མཆིས་ཀྱང༌། འདིར་ནང་བསྒོམ་པའི་འཁོར་ལོ་དང༌། ཕྱི་བྲིས་པའི་འཁོར་ལོ་དང༌། བཅུད་ལེན་གྱི་རིལ་བུ་ལ་བརྟེན་ནས་ཚེ་ཡི་བར་ཆད་ཞི་ཞིང་དངོས་གྲུབ་ཐོབ་པའི་ཐབས་གསུམ་ལས། དང་པོ་ནི། ཁྲིད་ཡིག་རྣམས་དང༌། གཉིས་པ་ནི། ཡིག་རྙིང་གི་གཞུང་དུ་གསལ་བས། གསུམ་པ་ཉིད་འདིར་ཅུང་ཟད་
བཤད་ན། སློབ་དཔོན་དཔའ་བོས། བདེན་པར་སྨྲ་ཞིང་ཁྲོ་བ་མེད། །དབང་པོ་བསྡམས་ཤིང་བདག་ཉིད་ཐུལ། །ཞི་ཞིང་དམ་པའི་སྤྱོད་ལ་དགའ། །རྟག་ཏུ་བཅུད་ལེན་ཡིན་ཞེས་བྱ། །ཡོན་ཏན་འདི་དག་ལྡན་གྱུར་པས། །གང་ཞིག་བཅུད་ལེན་བསྟེན་གྱུར་པ། །དེ་ནི་དགའ་ཞིང་ཚེ་རིང་ལ། །འཇིག་རྟེན་འདི་དང་གཞན་དུ་བདེ། །ཞེས་དང༌། སློབ་དཔོན་ངག་དབང་གྲགས་པས། སྨན་རྣམས་ཀྱི་ནི་མཐུ་ལ་ཡང༌། །སོམ་ཉི་བྱ་བར་རིགས་མིན་ཏེ། །གང་ཕྱིར་སྨན་རྣམས་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང༌། །ཞེས་པས་མཚོན་རིང་པོར་འཚོ་བའི་ཐབས་ཀྱི་མཆོག་གཅིག་ཏུ་བསྔགས་ཤིང༌། ཞེས་དང༌། ལྷ་དང་དྲང་སྲོང་གིས་བཤད་པ་དང༌། སྟོན་པ་བདེ་བར་གཤེགས་པས་སྔགས་རྒྱུད་རབ་འབྱམས་ལས་རྒྱ་ཆེར་བཀའ་སྩལ་ནའང༌། དངུལ་ཆུ་སོགས་རྫས་ཀྱི་སྦྱོར་བ་ཆེས་དཀའ་ཞིང༌། ཤ་ལྔ་བདུད་རྩི་ལྔ་སོགས་སྦྱོར་པ་འགའ་ཞིག་བརྟུལ་ཞུགས་གྲུབ་པ་རྣམས་ཀྱི་དབང་དུ་མཛད་པས་ནི། འདིར་ཐུན་མོང་གིས་བསྟེན་དུ་རུང་བ་ཉིད་བརྗོད་པར་སྐབས་སུ་བབས་ལ། དེ་ལའང་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང༌། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། །སོ་སོ་བྷྲྀངྒ་རཱ་ཛ་བཅས། །རྣལ་འབྱོར་པ་ཡིས་རྟག་སྤྱད་ན། །ཕན་ཞིང་བདུད་རྩིར་འགྱུར་བ་ཡིས། །གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེ་ཡི་ནི་གཟུགས་བཟང་ལྡན། །བསྐལ་པ་ཡི་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་བཟློག་པ་ཡིན། །ཞེས་གསུངས་པ་ཉིད་བསྒྲུབ་སླ་ཞིང་ཁུངས་ཆེ་བ་དང༌། སྐབས་འདིར་ངེས་པར་འབྲེལ་ཆགས་པའི་ཕྱིར་བཤད་ན། སྤྱིར་འདི་ལ་འགྱུར་ཐ་དད་པའི་དབང་གིས་ཚིག་རིས་ཅུང་མི་མཐུན་པ་དག་སྣང་མོད། སྔར་གཞུང་འདི་ཉིད་ཀྱི་བཤད་སྲོལ་མ་ཉམས་པའི་སྐབས་ཀྱི་ཡིག་རྙིང་མཆན་དང་བཅས་པ་ཞིག་མཐོང་བས་དེ་བཞིན་དུ་དབྱེ་ན། སྨན་སྦྱར་བ་དང༌། བྱིན་གྱིས་བརླབ་པ་དང༌། བསྟེན་ཚུལ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། འབྲས་བུ་གསུམ་ཞེས་པ།
ཨ་རུ། སྐྱུ་རུ། བ་རུ་གསུམ་ཡིན་ཞིང༌། དེའི་ནུས་པའང་ཇི་སྐད་དུ། འབྲས་བུ་གསུམ་པོ་རྟག་བསྟེན་ན། །ཚེ་རིང་ནད་རྣམས་ཞི་བ་དང༌། །དབང་པོ་གསལ་ཞིང་སྟོབས་ལྡན་པས། །བཅུད་ཀྱི་ལེན་གྱི་མཆོག་ཏུ་བཤད། །ཅེས་དང༌། བྱེ་བྲག་ཏུ། སློབ་དཔོན་ཀླུས་སྦྱོར་བ་བརྒྱ་པའི་མཆོག་གི་སྦྱོར་བ་ལས། བཅུད་ལེན་ཀུན་ལ་སྐྱུ་རུ་ར་ཞེས་བཤད། བྷྲྀ་གཾ་རཱ་ཛ་ནི་རྗེ་བཙུན་གྲགས་པའི་གསུང་རབ་ལས། ར་མོ་ཤག་ཡིན་པར་གསུངས་ཤིང༌། ནུས་པའང༌། ར་མཉེས་ཕོ་བའི་མེ་དྲོད་སྐྱེད། །རྣག་སྐེམ་ལུས་པོ་ཡང་རྩལ་ཆེ། །ཡི་ག་འབྱེད་ཅིང་བད་མཁྲིས་སེལ། །བཅུད་ལེན་པ་ཡི་མཆོག་ཏུ་འགྱུར། །ཞེས་པས་མཚོན། བཅུད་ལེན་ཐམས་ཅད་ཀྱི་རྒྱལ་པོར་བསྔགས། དེ་རྣམས་ཀྱི་ངོས་འཛིན་ཡང༌། ཨ་རུ་ར་ལ་རིགས་ལྔ་ལས། འདིར་བདུད་རྩི་ཤ་མ་ཐུག་ཅེས། མདོག་སེར་ཞིང་ཤ་ཆེ་ལ་མ་ཐུག་པ་ཉིད་བསྔགས་ཤིང༌། སྐྱུ་རུ་རའི་འབྲས་བུ་ཤ་རུས་ཕྲལ་ནས་སྐམ་པ་དང༌། བ་རུ་ར་ཁ་དོག་གསལ་ཞིང་མཁྲེགས་པ། ར་མཉེ་ནི་ལོ་མ་ནག་མཐུག་རལ་གྲི་འདྲ་བ། སྡོང་པོ་སྨུག་པོ། མེ་ཏོག་དམར་ཞིང༌། རྩ་བ་དཀར་ལ་སེར་མདངས་ཅན་སོབ་པ་དེ་ཡིན་ལ། དེའང་ས་གཙང་ཞིང་མཁྲེགས་སར་སྐྱེས་པ་སྟོན་དུས་རྩི་མ་སྐམ་པའི་དུས་སུ་རྩ་བ་མ་ཉམས་པར་བརྐོས་ནས་གྲིབ་མར་སྐམ། སྦྱོར་ཚད། ཨ་རུ་ར་གཙོ་བོར་བྱས་ཏེ། དེ་ཡི་ཕྱེད་སྐྱུ་རུ་ར། དེ་ཕྱེད་བ་རུ་ར། སྐྱུ་རུ་ར་དང་མཉམ་པའི་ར་མཉེ་རྣམས་གཙང་ཞིང་ལྷད་དང་བྲལ་བ་སྟ་གོན་དུ་བྱ། ཇི་ལྟར་སྦྱར་ཚུལ་ནི། འབྲས་བུ་གསུམ་སྤྱིར་བསྡུས་པའམ། ཡང་ན་སོ་སོ་སྟེ་རེ་རེ་དང༌། ར་མོ་ཤག་སྦྱར་བར་གསུངས་ནའང༌། བཞི་ག་སྦྱར་བ་ཉིད་ལེགས། ར་མཉེ་ལ་གཞན་དུ་བཅུད་འགུགས་པའི་ཐབས་སོགས་བཤད་ཀྱང་འདིར་དམིགས་ཀྱིས་མ་བསལ་བས་མ་བྱས་ཀྱང་རུང༌། གང་ལྟར་ཡང་ཚད་བཞིན་འདུ་བྱས་པའི་སྨན་རྣམས་ཞིབ་པར་བཏགས། བཅུད་ལེན་གྱི་སྨན་རྣམས་རྟེན་འབྲེལ་གྱི་ཁྱད་པར་ལས། གཙོ་བོ་སྔོན་ལ་མི་བརྡུང་པར་གསུངས་པས་ཨ་རུ་ར་རྗེས་སུ་བརྡུང་
པར་བཤད། དེ་ལ་འཕྲད་མངར་གསུམ། དམ་རྩི་དབང་ལག བུམ་སྒྲུབ་བྱེད་ན་བུམ་རྫས་ཉེར་ལྔ་ཕྲན་བུ་དང་བཅས་ཏེ། དམ་པ་སྔ་མ་རྣམས་ཀྱིས་ཚུལ་བཞིན་བསྒྲུབས་པའི་རིལ་བུ་ཡོད་ནའང་སྦྱར་ཞིང་རིལ་བུ་ཆེ་ཆུང་སྲན་འཕོས་ཙམ་དུ་དྲིལ། གྲིབ་མར་སྐམ་ཞིང་རིལ་ཆགས་འཐེམ་པར་བྱའོ། །གཞན་ཡང་རྩ་བའི་སྨན་ནི་སྔར་བཤད་པ་ཁོ་ན་ཡིན་ལ། ཡན་ལག་ཏུ། གསོ་དཔྱད་ཀྱི་གཞུང་ལས་འབྱུང་བའི། རྩ་བ་ལྔ་ཞེས་ར་མཉེ། ཉེ་ཤིང༌། ལྕ་བ། བ་སྤུ། གཟེ་མ་རྣམས་ལས་ཕྱི་མ་བཞི་དང༌། དྭངས་མ་ལྔ་ཞེས་ཅོང་ཞི། བྲག་ཞུན། མར། སྦྲང༌། བུ་རམ་རྣམས་དང༌། རྩི་བཞི་ཞེས། ཤུག་འབྲུམ། བ་ལུ། མཁན་དཀར། མཚེ་རྣམས་དང༌། བཅུད་ལེན་སྤྱི་ལ་བསྔགས་པ་དབང་པོ་ལག་པ་སོགས་ཀྱང་ཇི་ལྟར་རགས་པ་གཏོང་དུ་རུང་མོད། སྨན་གྱི་རྣམ་གྲངས་ཁུངས་ལྡན་རྙེད་དཀའ་ཞིང༌། དམ་པ་འགའ་ཞིག་གིས་སྨན་སྣ་མང་བས་ནུས་པ་འཕྲོག་པར་ཡང་གསུངས་ཕྱིར་སྔར་བཤད་པ་ཙམ་གྱིས་ཀྱང་དོན་འགྲུབ་བོ། །གཉིས་པ་བྱིན་གྱིས་བརླབ་པའི་ཚུལ་ནི། རྩ་བར་སྒྲུབ་ཚུལ་དམིགས་སུ་མ་གསལ་ཞིང༌། བཅུད་ལེན་གྱི་རིགས་གཞན་ལའང་འགའ་ཞིག་མ་གཏོགས་སྒྲུབ་དགོས་པར་བཤད་ཀྱང༌། རྣལ་འབྱོར་པ་ཡིས་ཞེས་པས། འདི་བསྟན་པའང་གཙོ་བོར་ལྷ་ཡི་རྣལ་འབྱོར་དང་ལྡན་པས་བསྟེན་པར་བཤད་ལ། དེས་ན་རིལ་བུའང་ལྷ་དང་སྔགས་ཀྱི་ནུས་པས་བྱིན་གྱིས་བརླབ་པ་ལ་འགལ་བ་མེད་པ་དང༌། སྔ་ཕྱིའི་དམ་པ་འགའ་ཞིག་ཀྱང༌། གཞན་དོན་དུ་སྒྲོལ་དཀར་གྱི་བུམ་སྒྲུབ་བྱེད་སྐབས། ཡུན་རིང་ན་བུམ་ཆུ་རུལ་བ་སོགས་ཀྱི་སྐྱོན་འབྱུང་བས། ཚེ་རྫས་དང་སྦྱར་བའི་རིལ་བུ་སྒྲུབ་པ་ཉིད་ལེགས་པར་བཤད་པས་དེ་ལྟར་ལག་ཏུ་བླང་བའི་ཚུལ་ནི། མ་ཏི། པཉྩ། གནས་གཙང་ཞིང་ཡིད་དང་མཐུན་པར་སྟེགས་བུའི་དབུས་པདྨ་འདབ་བརྒྱད་ཀྱི་ཁར་བུམ་པ་«་་་་་བུམ་པའི་ནང་དུ་རིལ་བུ་བླུག་ཁར་ཡང༌། ཁྲུས་སྔོན་དུ་འགྲོ་བར་བྱ། སྟོང་ཆེན་རབ་འབྱམས་ལས་གསུངས་པའི་སྨན་
བདུད་རྩིར་བསྒྱུར་བའང་བྱ། མཆན།» རིལ་བུའི་བཅུད་ཀྱིས་སུམ་གཉིས་གང་བ་ཁ་རྒྱན་གཟུངས་རྡོར་དང་བཅས་པའི་མཐར་གཏོར་མ་དང༌། མཆོད་པས་བསྐོར། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས། བརྒྱུད་འདེབས་ནས་བདག་བསྐྱེད་བཟླས་པ་ཉེར་བསྡུའི་བར་དང༌། མདུན་བསྐྱེད་བུམ་པ་སྒྲུབ་པ། གཏོར་མ་འབུལ་བ། རྗེས་ཆོག་སོགས་ཐམས་ཅད་སྒྲུབ་མཆོད་ཀྱི་ཆོ་ག་དཀྱུས་ནས་འབྱུང་བ་ཇི་ལྟ་བ་བཞིན་ལ། བུམ་བསྐྱེད་སྐབས། ནང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། ཞེས་དང༌། བདུད་རྩིའི་རྒྱུན་བབས་པ་བཅུད་ལ་ཐིམ་པས་འཆི་མེད་ཚེ་ཡི་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་པ་ཙམ་གྱི་ཁྱད་པར་རོ། །དེ་ལྟར་ཐུན་བཞིའི་རིམ་པས་ཞག་གྲངས་ཇི་ལྟར་རིགས་པ་བསྒྲུབས་ཤིང༌། ཐུན་སོ་སོའི་མཐར་མཆོད་བསྟོད་ནོངས་བཤགས་བསྔོ་སྨོན་ཤིས་བརྗོད་བཅས་དང༌། ཐུན་ཕྱི་མ་རྣམས་ཀྱི་མགོར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་ལྷར་བསྐྱེད་ཅིང་བཟླས་པ་བྱ། གྲོལ་རྒྱུའི་ཐུན་ཐ་མ་ལ། མཆོད་བསྟོད་ནོངས་བཤགས་ཀྱི་མཐར། མཆོད་ཡོན་ཕུལ་བའི་ཚུལ་དང་བཅས། ཨོཾ་ཨརྒྷཾ་སྭཱ་ཧཱ། ཞེས་བརྗོད་པས། བུམ་པའི་ལྷ་འོད་དུ་ཞུ་ནས་བཅུད་ལ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མཐའ་དག་སྩོལ་བའི་ནུས་པ་དང་ལྡན་པར་གྱུར། ཅེས་དང༌། སླར་ཡང་བརྟན་བཞུགས་དང༌། ཤིས་པ་བརྗོད་པའི་ཚིག་གི་ཕྲེང་བས་མཐའ་བརྒྱན། དེ་ལྟར་བསྒྲུབས་པའི་རིལ་བུ་དེ་ཉིད་རླུང་མི་འཆོར་བའི་སྣོད་བཟང་པོར་གཙང་སྦྲ་དང་བཅས་པས་འཆང་ཞིང་ལོངས་སྤྱད་པར་བྱའོ། །གང་དག་རྫས་རྣམས་མང་དུ་མ་རྙེད་ཀྱང༌། ཅི་ཙམ་འབྱོར་པའི་ཕབ་གཏའ་དང་འབྲས་དཀར་གྱི་ཕྱེ་མ་མངར་གསུམ་སོགས་དང་སྦྱར་ནས་རིལ་བུར་བགྱིས་ཏེ་ཇི་སྐད་བཤད་པའི་ཆོ་གས་བསྒྲུབས་ན། རྟེན་འབྲེལ་དང༌། སྔགས་ཀྱི་ནུས་པ་གཉིས་ཚོགས་པའི་ཕྱིར་ཕན་ཡོན་ཅི་རིགས་པ་འབྱུང་བར་ངེས་པའང་ཞར་ལས་འཕྲོས་པའི་དོན་ཏོ། །གསུམ་པ་རྗེས་བསྟེན་ཚུལ་ཕན་ཡོན་དང་བཅས་
པ་ནི། གཙོ་བོར་སྒྲོལ་མ་དཀར་མོ་སོགས་ལྷག་པའི་ལྷ་ཡི་རྣལ་འབྱོར་དང་ལྡན་པའི་སྒྲུབ་པ་པོའམ། དམ་ཚིག་དང་ལྡན་པ་གཞན་གྱིས་ཀྱང་རུང་སྟེ། ཡར་ངོའི་ཚེས་གཅིག་ལྟ་བུ་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཐོ་རངས་ནས་མགོ་བརྩམས་ཏེ་རིལ་བུ་གསུམ་མམ། ལྔའམ། བདུན་ལ་སོགས་པ་རྟག་ཏུ་བསྟེན་པའམ་ཇི་ཙམ་ནུས་པ་སྤྱད་ན། རྣམ་པར་གྱུར་པའི་ནད་ཐམས་ཅད་ལ་ཕན་ཞིང༌། རྣམ་པར་མ་གྱུར་པའི་ལུས་ཟུངས་ཀྱི་དྭངས་མ་བདུད་རྩིར་འགྱུར་བ་དང༌། དེ་ཡི་ནུས་པས་གཉེར་མ་དང༌། སྐྲ་དཀར་ལ་སོགས་པ་རྒས་པའི་རྟགས་རྣམས་དང་བྲལ་ཞིང༌། ཁ་དོག་གསལ་བ་དང༌། ཡིད་གཞུངས་པ་དང༌། རིང་པོར་འཚོ་བས་ན་རྡོ་རྗེ་ལྟར་མི་ཕྱེད་པའི་གཟུགས་བཟང་པོ་དང་ལྡན་པར་འགྱུར་ཞིང༌། ཡུན་རིང་དུ་བསྟེན་ན་ལྷག་པའི་ལྷ་ཡི་བྱིན་རླབས་དང༌། སྔགས་ཀྱི་མཐུ་དང༌། སྨན་གྱི་ནུས་པ་ལ་བརྟེན་ནས་བསྐལ་པའམ། བསྐལ་པ་ལས་ལྷག་པར་འཆི་བ་ངེས་པར་བཟློག་ཅིང༌། ཚེ་ལ་དབང་བའི་རིག་པ་འཛིན་པའི་གཟུགས་སུ་འགྱུར་ལ། དེ་ལྟ་བུའི་རྟེན་དེ་ལ་བརྟེན་ནས་ལམ་གྱི་ལྷག་མ་རྣམས་བགྲོད་དེ་མྱུར་དུ་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་འགྱུར་པ་ནི་ངེས་པའོ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ངག་གི་བྱད་འགྲོལ་བའི་མན་ངག་ཕན་བདེའི་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཏཱ་རཱ་ཡཻ། འདིར་རྗེ་བཙུན་སྒྲོལ་མ་དཀར་མོའི་སྒོ་ནས་ངག་གི་བྱད་སྲུང་བ་དང་འགྲོལ་བར་འདོད་པས། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ་གྱིས་སྐྱབས་སེམས་བྱ། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་བླ་མ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་
ཚོགས་ཞིང་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ། གྱིས་གདན་འབུལ། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱས། ཨོཾ་གུ་རུ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། གིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་སྡོམ་པ་བཟུང༌། བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོས་བདག་གི་ངག་བཅིངས་པ་དང་མནན་པ་ལས་གྲོལ་བར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ལ། རང་གི་སྙིང་གར་མེའི་རང་བཞིན་རྃ་ཡིག་དམར་པོ། མགྲིན་པར་ནག་པོ། ལྕེ་རྩེར་ཏྃ་ནག་པོ་རྣམས་ཀྱིས་མཚན་པ། མདུན་གྱི་རྗེ་བཙུན་མའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་གི་སྙིང་གའི་རྃ་ལ་ཕོག་པས་དེ་ལས་མེ་དམར་ལམ་གྱིས་འབར་བས་མགྲིན་པ་དང་ལྕེ་རྩེའི་ཡི་གེ་ནག་པོ་གཉིས་གཞོབ་ཐུལ་གྱིས་ཚིག་པར་གྱུར། ཨོཾ་བཛྲ་ཛི་ཧྭཱ་སཾ་རཀྵ་སི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་མཐར། མདུན་གྱི་རྗེ་བཙུན་མ་འཁོར་བཅས་རང་ལ་ཐིམ་ཞིང༌། རང་གི་ལྕེ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འབར་བ་ནས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཏཱ་རེ་ཏཱ་རེ་ཡེ་བྷ་ག་ཝ་ཏི་ཛི་ཧྭཱ་བཱ་ཀ་བནྡྷ་མོ་ཙ་སྭཱ་ཧཱ། ཞེས་བརྒྱ་རྩ་«་་་་་ཨོཾ་རྡོ་རྗེའི་ལྕེ་ཡང་དག་པར་སྲུངས་ཤིག་ཧཱུྃ།» བརྒྱད་བཟླའོ། །གསུམ་པ་རྗེས་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་དང༌། གཞན་ཡང་སྐྱེ་བ་འདི་ཉིད་དུ། །སོགས་ཀྱིས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། བགེགས་རིགས་«་་་་་ཨོཾ་སྒྲོལ་མ་སྒྲོལ་མ་གང་གི་ཆེད་དུ་བཅོམ་ལྡན་འདས་མས་ལྕེ་དང་ངག་འཆིང་བགྲོལ་བའི་གཞི་ཚུགས།» སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཐའ་བརྒྱན་པར་བྱའོ། །དེ་ལྟར་རྒྱུན་དུ་ཐོ་རངས་སྔ་བར་ཉམས་སུ་བླངས་པས་ངག་བཅིངས་པ་དང་མནན་པ་སོགས་ཀྱི་སྐྱོན་ལས་གྲོལ་བ་མྱོང་བས་གྲུབ་ཅིང༌། འདི་ལ་བདག་མདུན་གཉིས་ཀར་ཡན་ལག་བཞི་རྫོགས་ཀྱིས་ལྷར་བསྐྱེད་པ་དང༌། མཆོད་བསྟོད་རྒྱས་པར་བྱ་བར་བཤད་པ་བཞིན་སྤྲོ་ན་བྱས་ཀྱང་རུང་མོད། རྒྱུན་དུ་འདི་ཁོ་ནས་དོན་འགྲུབ་པ་ཉིད་དོ། །ཞེས་པའང་དཔལ་སྟག་ལུང་མཆོག་སྤྲུལ་རིན་པོ་ཆེའི་ཉམས་གཞེས་སུ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡིག་རྙིང་གི་དགོངས་དོན་ལྟར་སྦྱར་བའི་དགེ་བས་འགྲོ་ཀུན་ངག་གི་ཉེས་སྐྱོན་ཐམས་ཅད་ལས་གྲོལ་ནས། གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །
ལྷ་མོ་ཤྲ་བ་ཎའི་སྒྲུབ་སྐོར།
ལྷ་མོ་ཤྲ་བ་ཎའི་སྒྲུབ་སྐོར་བཞུགས་སོ།།
མཁྱེན་རབ་ཨུཏྤལ་རྒོད་པའི་འཛུམ་ཕྲེང་རྩེར། །སྙིང་རྗེའི་བུང་བ་རོལ་པའི་ཟློས་གར་ལས། །ལུང་བསྟན་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཅན། །དཔལ་ལྡན་ལྷ་མོའི་ཞབས་ལ་གུས་བཏུད་ནས། །གཞན་ལ་ལྐོག་ཏུ་གྱུར་པ་ཤེས་བྱའི་གནས། །མངོན་སུམ་ཉིད་དུ་གསལ་བར་བྱེད་པའི་ཐབས། །མན་ངག་རིན་ཆེན་གསལ་བའི་མེ་ལོང་གང༌། །བློ་གསལ་སྐྱེ་བོའི་ཚོགས་ལ་སྦྱིན་པར་བྱ། །ལྷ་མོ་ཤྲ་བ་ཎའི་སྒོ་ནས་རྨི་ལམ་བརྟག་པ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་ལྗོན་ཤིང་གི་དྲུང་ངམ། བྲག་ཕུག་གམ། དེ་མ་འགྲུབ་ཀྱང་མི་ཁྱིའི་སྒྲ་སོགས་ཀྱིས་དབེན་པའི་དགོན་གནས་སུ། ཕྱག་དར་དང་སྤོས་ཆུས་ཆག་ཆག་གདབ། གུ་གུལ་གྱིས་བདུག གཞི་བདག་གཏོར་མ་ཉི་མ་སྦྲེལ་མར་གཏང༌། དེ་ནས་སྲུང་འཁོར་བསྒོམ་པ་ནི། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ། རང་གི་ཤེས་པ་ཧཱུྃ་དུ་བསམ། དེ་ལས་འོད་ཟེར་འཕྲོས་ཏེ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྭ་བ་དང་དྲྭ་བ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱི་རོལ་ཐམས་
ཅད་ཡེ་ཤེས་ཀྱི་མེ་འབར་བར་བསམས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཟླས། དེ་ནས་རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞིག་བསྒོམས་ཏེ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་རྡོ་རྗེ་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པར་རྡོ་རྗེ་སེམས་དཔའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག ལུས་ཐམས་ཅད་འོད་གསལ་བར་བསམ། ངག་ཏུའང༌། ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཉི་མ་གཅིག་གཉིས་བརྗོད། གཉིས་པ་དངོས་གཞི་ལ། བཅའ་གཞི་ལ་རང་གི་སྔས་མགོར་སྟེགས་བུ་གྲུ་བཞི་པའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲི། བུམ་པར་སྨན་བཟང་པོ་དང༌། ཞོ་འོ་མ་མར་འབྲུ་སྣ་དང་བཅས་པའི་ཆུ་གཙང་གིས་བཀང་ཞིང༌། ཤིང་གི་
ཡལ་གས་ཁ་བརྒྱན། སྟེང་ནས་དར་སྔོན་པོའི་གུར་ཕུབ། མཐར་མཆོད་པས་བསྐོར། བུམ་པའི་སྟེང་དུ་སྒྲོལ་མའི་སྐུ་ཡོད་ན་བཞག རྒྱུན་དུ་བཞག་རྒྱུའི་དཀར་གཏོར་གསུམ་ཡང་བཤམ། ཁྲུས་དང་གཙང་སྦྲ་བྱས་ལག་པར་མེ་ཏོག་གཟུང༌། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཅི་ནུས་སུ་བྱ། གཉིས་པ་སྒྲུབ་པ་ལ་འཇུག་པ་ནི། རང་ཉིད་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། རིན་པོ་ཆེའི་རྒྱན་ཅན། པདྨ་དང་ཟླ་བ་ལ་སྐྱིལ་ཀྲུང་གིས་བཞུགས་པར་སྐད་ཅིག་གིས་བསྐྱེད། འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་གསལ་བར་བསྒོམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས། དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་བུམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ཤར་ཤེལ། ལྷོ་བཻཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། དེའི་སྟེང་དུ་ཁ་རྒྱན་དཔག་བསམ་གྱི་ཤིང་གི་ལོ་མ་དང༌། མེ་ཏོག་གིས་རྒྱས་པར་བརྒྱན་པའི་རི་རབ་ཀྱི་སྟེང་དུ་ལྷ་མོ་ཤྲ་བ་ཎ་སྐུ་མདོག་སྔོན་པོ། སྐེད་པ་ཕྲ་བ། ནུ་མ་རྒྱས་པ། མཛེས་ཤིང་ཡིད་དུ་འོང་བའི་ཆ་ལུགས་ཅན། རི་རབ་ལ་སྟེགས་འདུག་གི་ཚུལ་དུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་གཉིས་མེ་ལོང་རྔ་ཡབ་འཛིན་པ། ཤེས་བྱ་ཐམས་ཅད་ལུང་སྟོན་པར་བསམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་ལྷ་མོ་སྤྱན་དྲངས་པར་བསམས་ཏེ། བཛྲ་ས་མཱ་ཛཿ ཞེས་བརྗོད། ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། དེ་ནས་ལྷ་མོ་ཤྲ་བ་ཎ་བདག་གི་སྐྱེ་བ་ལ་སོགས་པ་གང་འདོད་པའི་དོན་མི་བསླུ་བར་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་ནས་ལྷ་མོ་ལ་མེ་ཏོག་ཕུལ་བར་བསམས་ཏེ་བུམ་པའི་སྟེང་དུ་བཞག དེ་ནས་ཡིད་མ་ཡེངས་པར། ཨོཾ་ཤྲ་བ་ཎ་པི་ཤཱ་
ཙི་ནི་མུཎྱེ་སྭཱ་ཧཱ། ཞེས་པ་རྒྱུན་ལྡན་དུ་བཟླས། ཁྲི་ཕྲག་གཅིག་གི་བསྙེན་པ་བྱས་ན་ས་འོག་གི་གཏེར་མཐོང་བར་བཤད། དེ་ལྟ་བུའི་རིམ་པ་ལ་འབད་པར་བྱ་ཞིང༌། ནུབ་མོ་ཉལ་ཁར་ལྷག་པར་ཡང་འབད། འདུན་པ་རྩེ་གཅིག་པས་ལྷ་མོའི་པང་དུ་མགོ་བཞག་པར་བསམས་ཏེ། མགོ་བྱང་དུ་བསྟན་གཡས་འོག་ཏུ་བཅུག་ལ་ཉལ། གཉིད་དུ་འགྲོ་ཁར་སྔགས་ཤུབ་བུས་ཅི་ནུས་སུ་བཟླས་ལ། སེམས་མ་ཡེངས་པ་གལ་ཆེ། མཚམས་བྱེད་པའི་དུས་སུ་མི་ཁྱི་སོགས་དང་མི་འཕྲད་པ་བྱེད་ཅིང༌། རབ་ཏུ་སྨྱུང་གནས་ཆིག་དྲིལ། དེ་མ་བྱུང་ཀྱང་ཕྱི་དྲོའི་ཁ་ཟས་སྤང༌། ཤ་ཆང་སྔོ་ཚོད་སོགས་ཀྱི་རིགས་དང་ཁྱད་པར་དུའང་སྒོག་བཙོང་དང་ལ་ཕུག་མི་ཟ། དུས་ཐམས་ཅད་དུ་བཤགས་པ་ལ་འབད། ཐུན་མཚམས་སུ་སྒྲོལ་མ་འདོན། གཏོར་མ་གཅིག་བླ་མ་དཀོན་མཆོག་དང་ཤྲ་བ་ཎ་ལ་འབུལ། གཅིག་ཆོས་སྐྱོང་ལ་འབུལ། གཅིག་གཞི་བདག་ལ་འབུལ། ཟས་བཟའ་བའི་ཚེ་ཕུད་བླ་མ་དང་ཤྲ་བ་ཎ་ལ་འབུལ། རང་སྒྲོལ་མའི་ང་རྒྱལ་དང་ལྡན་པས་ཟས་བཟའ་ནངས་པར་ལངས་མ་ཐག་དང༌། ཟས་ཟོས་རྗེས་དང་དྲི་ཆུ་དོར་བའི་རྗེས་སུའང་ཆབ་བླང༌། དེ་ལྟར་འབད་ན་རབ་ཞག་གསུམ། འབྲིང་ཞག་ལྔ། ཐ་མ་ཞག་བདུན་ནས་འགྲུབ་སྟེ། དངོས་སུ་ལུང་སྟོན་པའམ་བརྡའི་ཚུལ་དུ་བྱུང་ན་དཔྱད་ཤེས་པར་བྱའོ། །ངན་ན་ཟློག་པའི་ཐབས་བསྟན་དུ་གསོལ་ཞེས་འདྲི། དང་པོར་དོན་གཅིག་བརྟག དེ་ནས་འགའ་ཡར་ཡང་རིམ་པས་བརྟག ཚུལ་འདིས་སྐྱེ་བ་སྔ་ཕྱི་ཚེ་རིང་ཐུང་སོགས་རང་གཞན་ཀུན་གྱི་དོན་ཐམས་ཅད་གསལ་བར་ནུས་ཏེ། འདི་ལས་མཆོག་ཏུ་གྱུར་པའི་རྨི་ལམ་སྒྲུབ་ཐབས་མེད་པར་བླ་མ་རྣམས་ཀྱིས་གསུངས་ཤིང་མྱོང་བས་ཀྱང་གྲུབ་ལ། འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ནས་གསུངས་སོ། །ཞག་བདུན་ན་མ་འགྲུབ་ན་གྲིབ་ཤས་ཆེ་བ་ཡིན་པས་བཤགས་སྡོམ་ལ་འབད། ལན་གསུམ་བསྐྱར་ན་མི་
འགྲུབ་མི་སྲིད་དོ། །དཀོར་དང་གྲིབ་ཅན་གྱི་ཟས་ལ་འཛེམ་པ་གལ་ཆེ། རང་གཞན་ལེགས་པའི་ལམ་ལ་འགོད་པའི་ཐབས། །རྨི་ལམ་གསལ་བའི་མེ་ལོང་འོད་འབར་བ། །བླ་མའི་མན་ངག་ཇི་བཞིན་བརྗོད་པ་ནི། །དོན་གཉེར་སློབ་མའི་ཚོགས་ལ་ཕན་ཕྱིར་ཡིན། །འདི་ལ་ཉེས་དང་དྲི་མས་གང་ཕོག་པ། །དཔལ་ལྡན་ལྷ་མོའི་ཞབས་ལ་བཟོད་པར་གསོལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་དགེ་བ་དེས། །འགྲོ་ཀུན་ཐར་པའི་གླིང་དུ་འཁྲིད་པར་ཤོག །ཅེས་པ་འདི་ནི་བླ་མའི་མན་ངག་ཇི་བཞིན་དུ་ཤར་དགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱིས་སྦྱར་བའོ། །ཤུ་བྷཾ།། ༈ །ལྷ་མོ་ཤྲ་བ་ཎའི་སྒོ་ནས་རྨི་ལམ་བརྟག་བསྒྲུབ་བྱ་ཚུལ་དུས་གསུམ་བླང་དོར་རབ་གསལ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། མཁྱེན་བཟང་ཨུཏྤལ་རྒོད་པའི་འཛུམ་ཕྲེང་རྩེར། །སྙིང་རྗེའི་བུང་བ་རོལ་པའི་ཟློས་གར་ལས། །ཐུབ་བསྟན་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གུས་བཏུད་ནས། །གཞན་ལ་ལྐོག་ཏུ་གྱུར་པ་ཤེས་བྱའི་གནས། །མངོན་སུམ་ཉིད་དུ་ལྟ་བར་བྱེད་པའི་ཐབས། །མན་ངག་རིན་ཆེན་གསལ་བའི་མེ་ལོང་གང༌། །བློ་གསལ་སྐྱེ་བོའི་ཚོགས་ལ་སྦྱིན་པར་བྱ། །ལྷ་མོ་ཤྲ་བ་ཎའི་སྒོ་ནས་རྨི་ལམ་བརྟག་པ་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་ལྗོན་ཤིང་གི་དྲུང་ངམ། བྲག་ཕུག་གམ། དེ་མ་འགྲུབ་ཀྱང་ཁྱི་སྒྲ་སོགས་ཀྱིས་དབེན་པའི་དགོན་གནས་སུ་ཕྱག་དར་དང་སྤོས་ཆུས་ཆག་ཆག་གདབ། གུ་གུལ་གྱིས་བདུག བླ་བྲེ་དང་ཡོལ་བ་སོགས་ཅི་འབྱོར་གྱིས་བརྒྱན། རང་གི་སྔས་མགོར་སྟེགས་བུ་གྲུ་བཞིའི་སྟེང་དུ་པདྨ་འདབ་བརྒྱད་བྲི། དེའི་དབུས་སུ་བུམ་པར་སྨན་བཟང་པོ་དང༌། འོ་མ་དང༌། ཞོ་མར་འབྲུ་སྣ་དང་བཅས་པའི་ཆུ་གཙང་གིས་དགང༌། ཤིང་གི་ཡལ་གས་ཁ་བརྒྱན། སྟེང་ནས་དར་སྔོན་པོའི་གུར་ཕུབ། བུམ་པའི་སྟེང་དུ་སྒྲོལ་མའི་སྐུ་ཡོད་ན་བཞག རྒྱུན་དུ་བཞག་རྒྱུའི་དཀར་
གཏོར་གསུམ་ཡང་བཤམ། མཐའ་བསྐོར་ཆུ་གཉིས་སྔོན་འགྲོའི་མཆོད་པ་མཚམས་འཛིན་མེ་ཏོག་དང་བཅས་ཀྱིས་བསྐོར་བའམ། ཡང་ན་སྦྲེང་ཚར་དུ་བཤམ། སྦྱིན་བདག་གི་ཆེད་དུ་ཡིན་ན་དེའི་དམོད་འབྲུ་གཙང་མ་དང༌། རང་གི་ཆེད་དུ་ཡིན་ན་མདུན་དུ་འཐོར་ནས་བཤམས་ལ་མེ་ཏོག་འབུལ་བའི་ཚེ་དམོད་བོར་བས་འཐུས། གཞན་ཡང་རྡོར་དྲིལ་སོགས་ཉེར་མཁོ་རྣམས་འདུ་བྱས། །གཉིས་པ་དངོས་གཞི་ནི། ཡར་ངོའི་གཟའ་སྐར་ཚེས་གྲངས་དགེ་བར་རྡོར་དཀར་ལ་གནས་པའི་བཅད་རྒྱ་བྱས་ལ། མདུན་གྱི་མཆོད་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས། དེ་ནས་བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་ཉེར་གཅིག་ལ་སོགས་པ་བྱའོ། །དེ་ནས་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་མ་སྒྲོལ་མ་དཀར་མོའི་སྒོམ་ཟླས་ཉམས་སུ་བླང་བར་བགྱིའོ་ལན་གསུམ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་
སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྒོམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་སེམས་དཔའ་ཨོཾ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་བསམ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག ལུས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་དང༌། ཨོཾ་བཛྲ་སཏྭ་ཨཱཿཞེས་སྙིང་པོ་ཅི་ནུས་བཟླ། ཐལ་མོ་སྦྱར་ཏེ། བདག་གི་མི་ཤེས་རྨོངས་པ་སྟེ་སོགས་ནས། དག་པར་མཛད་དུ་གསོལ། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་འཇའ་ཚོན་ལྟ་བུར་གྱུར། རང་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མ་དཀར་མོར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་ཏཱྃ་དཀར་པོ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ བསྡུ་རྒྱ་སེ་གོལ་གྱི་སྤྱན་དྲང༌། ཐལ་མོ་སྦྱར་ལ། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻཱ་ཏཱ་རཱ་ཡཻ། ཞེས་པས་ཕྱག་བྱ། ཨོཾ་ཨཱརྻཱ་ཏཱ་རཱ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་དུ་གྱུར་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་མེ་འོད་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་རཀྵ་རཀྵ་སྭཱ་ཧཱ། ཞེས་ཕྲེང་སྐོར་ཙམ་བཟླ། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་ནང་དུ་པྃ་ལས་པདྨ་དཀར་པོ་འདབ་མ་
བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱྃ་ཡིག་དཀར་པོ་དེ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་མ་གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་ཅིང༌། འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང༌། ལན་བུ་རིང་དུ་འཕྱང་བ་དར་དམར་པོའི་སྟོད་གཡོགས་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱེད་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཏཱྃ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་སྒྲོལ་མ་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ བསྡུ་རྒྱ་སེ་གོལ་གྱིས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ བསྡུ་རྒྱ་སེ་གོལ་གྱིས་སྤྱན་དྲང༌། ཐལ་མོ་སྦྱར་ལ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཨཱརྻཱ་ཏཱ་རཱ་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པའི་སྔགས་ལ་པྲ་ཏཱིཙྪ་སྭཱ་ཧཱ་བཏགས་པས་མཆོད། ཐལ་སྦྱར་རམ་དྲིལ་གསིལ་གང་རུང་གིས། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་
འཚལ་ལོ། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཏཱྃ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་རང་ལ་ཐིམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཕྲེང་སྐོར་ཙམ་བཟླས་པའི་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ། སྔས་མགོའི་བུམ་པ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བུམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། དེའི་སྟེང་དུ་ཁ་རྒྱན་དཔག་བསམ་གྱི་ཤིང་ལོ་མ་དང་མེ་ཏོག་རྒྱས་པ། རི་རབ་ཀྱི་སྟེང་དཔག་བསམ་གྱི་ཤིང་གི་དྲུང་དུ་པདྨ་དང་ཟླ་བའི་གདན་ལ་ལྷ་མོ་ཤྲ་བ་ཎ་སྐུ་མདོག་སྔོན་པོ་སྐེད་སྐབས་ཕྲ་བ། ནུ་མ་རྒྱས་པ། མཛེས་ཤིང་ཡིད་དུ་འོང་བའི་ཆ་བྱད་ཅན། རི་རབ་ལ་སྟེགས་འདུག་གི་ཚུལ་དུ་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་རྔ་ཡབ་དང་མེ་ལོང༌། གཡོན་དཔག་བསམ་གྱི་ཤིང་གི་ཡལ་ག་འཛིན་པ། ཤེས་བྱ་ཐམས་ཅད་གསལ་བར་ལུང་སྟོན་པའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷ་མོ་ཤྲ་བ་ཎ་ལ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་བསྡུ་རྒྱ་སེ་གོལ་གྱིས་སྤྱན་དྲང༌། ཨོཾ་གུ་རུ་ཏྲི་རཏྣ་ཤྲ་བ་ཎ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པས། སྟེང་གི་ནམ་མཁར་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མངོན་སུམ་བཞིན་དུ་བཞུགས་པར་གྱུར། མཆོད་པ་བསང་སྦྱང་བྱིན་རླབས་གོང་བཞིན། རབ་འབྱམས་རྒྱ་མཚོ་སོགས། ཚིགས་བཅད་དང་སྤེལ་ནས་མཆོད་པའམ། ཡང་ན། ཨོཾ་གུ་རུ་ཏྲི་རཏྣ་ཤྲ་བ་ཎ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་
སོགས་ཤབྡ་རོལ་མོའི་བར་གྱིས་མཆོད། དྲིལ་གསིལ་ལམ་ཐལ་སྦྱར་གང་རུང་གིས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་བླ་བསྟོད། སྟོན་པ་བླ་མེད་སོགས་དཀོན་མཆོག་དང༌། མ་རིག་འཁྲུལ་པའི་སེམས་ཅན་ལ། །ཡང་དག་དོན་རྣམས་གསལ་མཛད་པའི། །རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཅན། །ཤྲ་བ་ཎ་ལ་ཕྱག་འཚལ་ལོ། །རིན་ཆེན་ལས་གྲུབ་རི་རབ་སྟེང༌། །དཔག་བསམ་ཤིང་དྲུང་པད་ཟླ་ལ། །ཁྱེལ་སྟེགས་ཚུལ་གྱིས་རབ་བཞུགས་པ། །ཤྲ་བ་ཎ་ལ་ཕྱག་འཚལ་ལོ། །ཨིནྡྲ་ནཱི་ལའི་མདངས་ལྡན་སྐུ། །མཛེས་ཤིང་རབ་སྒེག་ཡིད་འོང་བ། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཤྲ་བ་ཎ་ལ༴ །ཕྱག་གཡས་མེ་ལོང་རྔ་ཡབ་ཀྱིས། །ཤེས་བྱ་སྟོན་ཅིང་རྨོངས་པ་སེལ། །ཕྱག་གཡོན་དཔག་བསམ་ཡལ་ག་ཡིས། །དགོས་འདོད་སྩོལ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་གཅིག་བསྡུས་རྗེ་བཙུན་མར། །བདག་གིས་གུས་པས་བསྟོད་པའི་མཐུས། །རབ་འབྱམས་དུས་གསུམ་གསལ་མཐོང་ཤོག །ཅེས་བསྟོད་ལ་རང་གཞན་གྱི་དམོད་འབྲུ་ཐལ་མོའི་བར་དུ་གཟུང་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་ཁྱད་པར་བཅོམ་ལྡན་འདས་མ་ཤྲ་བ་ཎས་བདག་གིས་ཡིད་ལ་རེ་བའི་དོན་འདིས་ཐོག་དྲངས་དུས་གསུམ་གྱི་བླང་དོར་ཐམས་ཅད་མངོན་སུམ་བཞིན་དུ་ཤེས་ནུས་པའི་ཕྲིན་ལས་དང་སྟོང་གྲོགས་མཛད་དུ་གསོལ། ཞེས་བརྗོད་ནས་རྟེན་ལ་མེ་ཏོག་གཏོར། དེ་འདྲ་ལན་ཉེར་གཅིག་ནས་གསུམ་གྱི་བར་བྱས་ལ། སེམས་ཀྱིས་ལྷ་མོ་ཤྲ་བ་ཎས་རང་གི་ཡིད་ལ་ཡོད་པའི་དོན་དེས་ཐོག་དྲངས་བླང་དོར་གསལ་བར་སྟོན་པར་བསམས་ལ། མདུན་གྱི་སྐྱབས་གནས་རྣམས་བློ་ལ་གསལ་འདེབས་མ་བྲལ་བའི་ངང་ནས། ཨོཾ་ཤྲ་བ་ཎ་པི་ཤཱ་ཙི་ནི་མུཎྜེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས། ཐུན་འཕྲོ་འཇོག་པ་ནའང་གོང་བཞིན་འདོད་གསོལ་མཆོད་བསྟོད་བྱས་ལ། གཏོར་མ་དང་པོ། ཨ་མྲྀ་
ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་ནས་བྱིན་གྱིས་བརླབ། མཛོད་རྒྱའི་མཐར་སེ་གོལ་གཏོགས་ལ། ཨོཾ་གུ་རུ་ཏྲི་རཏྣ་ཤྲ་བ་ཎ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿགྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། བཏགས་པ་གསུམ་གྱིས་བླ་མ་དཀོན་མཆོག་ཤྲ་བ་ཎ་ལ་འབུལ། མཚན་སྔགས་སྔོན་འགྲོའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་བསྟོད་པ་འདོད་གསོལ་རྣམས་གོང་བཞིན། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་ཡུམ་ཆེན་སྲིང་མོ་བཞི་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ བསྡུ་རྒྱ་སེ་གོལ་རྡོར་ཐལ་མཐར་སེ་གོལ་གཏོགས་པ་དང་བཅས། ཨོཾ་ཤྲཱི་མཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་བཱི་ཡི། དྷརྨ་པཱ་ལ་ཙ་ཏུརྨུ་ཁ། ཀརྨ་ནཱ་ཐ་ས་པ་རི་ཝཱ་ར་ན་མཿསརྦ་སོགས་བཏགས་པ་གསུམ་གྱིས་ཕུལ། ཨོཾ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། ཐལ་སྦྱར་དྲིལ་གསིལ་གང་རུང་གིས། གང་གིས་འཕྲུལ་དང་སོགས་ཀྱིས་བསྟོད། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་ཀྱིས་བདག་གི་ཡིད་ལ་རེ་བའི་དོན་འདི་སོགས་གོང་བཞིན་ཕྲིན་ལས་བཅོལ། གཏོར་མ་གསུམ་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ། ཧཱུྃ་མཛད་ཀྱི་ཕྱག་རྒྱས་མཛུབ་མོ་བཀུག་པ་དང༌། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། རྡོ་རྗེ་ཐལ་མོ་སེ་གོལ་དང་བཅས་པས་བསྔོ། ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ་སོགས་བཞི་དང༌། ཐལ་སྦྱར་
དྲིལ་གསིལ་རྒྱུན་ཆགས་གང་རུང་གིས། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་རྒྱ་གར་རྡོ་རྗེ་གདན་གྱི་གཙོ་བྱས་པའི་ཛམྦུ་གླིང་གི་གཞི་ཡི་བདག་པོ་རྣམས་དང་སོགས་གཏོར་མ་བརྒྱ་རྩ་ཇི་ལྟ་བར་བརྗོད་པའི་མཐར། རུ་ང་དང་ཕྲག་དོག་མ་མཛད་པར་ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང༌། ཁྱད་པར་བདག་གི་ཡིད་ལ་རེ་བའི་དོན་འདི་སོགས་གོང་བཞིན་ཕྲིན་ལས་བཅོལ། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན། ཕྱོགས་བཅུ་ན་བཞུགས་པའི་སོགས་བརྟན་བཞུགས་དང༌། མེད་ན་ཨོཾ་ཁྱེད་ཀྱིས་སོགས་གཤེགས་བསྡུ། རང་གི་དཔྲལ་བར་ཨོཾ་སོགས་གོ་བགོ །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས་སོགས། རྗེ་བཙུན་སྒྲོལ་མ་ཁྱེད་སྐུ་སོགས། ཁྱེད་ལ་མཆོད་ཅིང་སོགས་བསྔོ་སྨོན་ཅི་ཤེས་དང༌། སྟོན་མཆོག་དམ་པ་ལྷ་མིས་སོགས་ཀྱིས་བཀྲ་ཤིས་བྱའོ། །ཐུན་བཞི་བྱེད་ན། ཐོར་ཐུན་སྔ་ཐུན་དགོངས་ཐུན་གསུམ་ལ་འདི་བཞིན། སྲོད་ཐུན་ལ་བཟླས་པའི་མཆོད་བསྟོད་འདོད་གསོལ་རྫོགས་ནས་གཉིད་ཀྱི་མཚམས་སྦྱར། ཐོ་རངས་ལྡང་བའི་ཚེ་གཉིད་སད་པ་དང་གཏོར་འབུལ་སོགས་ཐུན་གྱི་རྗེས་ཆོག་རྣམས་བྱས་ལ་ཐོར་ཐུན་ལ་འཇུག དེ་ལྟ་བུའི་ཚུལ་གྱིས་བསྙེན་པ་བྱེད་ཚུལ་ནི། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ཤ་བ་ཎའི་སྒྲུབ་ཐབས་ལས། འདི་ཁྲི་ཕྲག་གཅིག་བཟླས་ནས་བསྙེན་པ་བྱས་ན་ས་འོག་གི་གཏེར་མཐོང་བར་བཤད་པས་དེ་ལྟའི་རིམ་པ་ལ་འབད་པར་བྱ་ཞིང་ནུབ་མོ་ཉལ་ཁར་ལྷག་པར་ཡང་འབད། འདུན་པ་རྩེ་གཅིག་པས་ལྷ་མོའི་པང་དུ་མགོ་བཞག་པར་བསམས་ལ་མགོ་བྱང་དུ་བསྟན། གཡས་འོག་ཏུ་བཅུག་ལ་ཉལ། གཉིད་ལ་འགྲོ་ཁར་སྔགས་ཅི་ནུས་བཟླས། སེམས་མ་ཡེངས་པ་གལ་ཆེ། མཚམས་བྱེད་དུས་མི་ཁྱི་སོགས་དང་མི་འཕྲད་པར་བྱེད་ཅིང་རབ་སྨྱུང་གནས་ཆིག་
དྲིལ། དེ་མ་གྲུབ་ཀྱང་ཕྱི་དྲོའི་ཁ་ཟས་དང༌། ཤ་ཆང་སྒོག་བཙོང་སྔོ་ཚོད་ཀྱི་རིགས་དང༌། ཁྱད་པར་སྒོག་བཙོང་དང་ལ་ཕུག་མི་བཟའ། དུས་ཐམས་ཅད་དུ་བཤགས་པ་ལ་འབད། ཐུན་མཚམས་དུ་སྒྲོལ་མ་འདོན་ཞེས་དང༌། ཡང་དེ་ཉིད་ལས། ཟས་བཟའ་བའི་ཚེ་ཕུད་བླ་མ་དང་ཤྲ་བ་ཎ་ལ་འབུལ། རང་སྒྲོལ་མའི་ང་རྒྱལ་དང་ལྡན་པས་བཟའ། ནངས་པར་ལངས་མ་ཐག་དང༌། ཟས་ཟོས་རྗེས་དང་དྲི་ཆུ་དོར་བའི་རྗེས་སུ་ཆབ་བླང༌། དེ་ལྟར་འབད་ན་རབ་ཞག་གསུམ། འབྲིང་ལྔ། ཐ་མ་བདུན་ལ་འགྲུབ་སྟེ། དངོས་སུ་ལུང་སྟོན་པའམ། བརྡའི་ཚུལ་དུ་གསལ་བར་འབྱུང༌། གལ་ཏེ་མི་གསལ་ན་བསྐྱར་བས་གསལ་བར་འགྱུར། བརྡའི་ཚུལ་དཔྱད་ཤེས་པས་ངན་ན་ཟློག་པའི་ཐབས་བསྟན་དུ་གསོལ་ཞེས་འདྲི། དང་པོ་དོན་གཅིག་བརྟག དེ་ནས་འགའ་ཡར་ཡང་རིམ་པས་བརྟག ཚུལ་འདིས་སྐྱེ་བ་སྔ་ཕྱི་དང༌། རང་གཞན་ཀུན་གྱི་དོན་ཐམས་ཅད་གསལ་བར་ནུས་ཏེ། འདི་ལས་མཆོག་ཏུ་གྱུར་པའི་རྨི་ལམ་སྒྲུབ་ཐབས་གཞན་མེད་པར་བླ་མ་རྣམས་ཀྱིས་གསུངས་ཤིང་མྱོང་བས་ཀྱང་གྲུབ་བོ། །འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ནས་གསུངས། ཞག་བདུན་ནས་མ་འགྲུབ་ན་གྲིབ་ཤས་ཆེ་བ་ཡིན་པས་བཤགས་སྡོམ་ལ་འབད། ལན་གསུམ་བསྐྱར་ན་མི་འགྲུབ་མི་སྲིད་དོ། །དཀོར་དང་གྲིབ་ཅན་གྱི་ཟས་ལ་འཛེམ་པ་གལ་ཆེའོ་ཞེས་གསུངས་པ་ལྟར་ཡིན་པས་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་ལྷ་མོ་ཤྲ་བ་ཎའི་སྒོ་ནས་རྨི་ལམ་བརྟག་བསྒྲུབ་བྱ་ཚུལ་འདིའང་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་གསུང་ལ་གཞི་བྱས། གོང་འོག་ཆིངས་རྣམས་རྒྱུད་སྡེ་དང་མི་འགལ་ཕྱིན་ཉམས་སུ་བླངས་བདེ་བ་རང་གལ་ཆེ་བས་དེ་བཞིན་དུ་བསྒྲིགས་པ་འདི་ལ་འགལ་འཁྲུལ་ནོངས་པའི་ཚོགས་ཅུང་ཟད་ཀྱང་མེད་ཅིང༌། བཀྲས་རྣམ་པའི་སྒྲུབ་ཐབས་སུ་བསྙེན་པའི་སྔོན་དུ་ཞག་གཉིས་གསུམ་ཙམ་གཞི་བདག་གཏོར་མ་དང༌། སྲུང་འཁོར་ནན་
ཆེར་བྱ་བར་བཤད་པས། དེ་དག་ནི་གཏོར་མ་བརྒྱ་རྩ་སོགས་གཏོར་མ་རྒྱས་བསྡུས་གང་རུང་དང༌། ཨུཥྞཱི་ཥ་དང་བྲག་རྫོང་མའི་སྲུང་འཁོར་གང་རུང་ལ་འབད་ན་འཐུས་ཤིང་གོ་ཆོད་པས་སྔོན་འགྲོའི་ཚུལ་དུ་ཞག་ཤས་དེ་ལྟར་བྱ། དངོས་གཞིའི་སྐབས་ཆོས་སྐྱོང་གཏོར་འབུལ་འདི་ནི་རང་གང་བསྟེན་གྱི་ཆོས་སྐྱོང་ལ་འབུལ་བ་ལས་གུར་ཞལ་ལ་ངེས་བཟུང་མི་དགོས་ཤིང༌། ཆོས་སྐྱོང་བསྟེན་པའི་དམིགས་བསལ་མེད་ན་རྒྱལ་ཆེན་བཞི་ལ་འབུལ་བས་འཐུས་པས་དེ་ལྟར་ཤེས་པར་བྱའོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། ༈ །ལྷ་མོ་ཤྲ་བ་ཎའི་མན་ངག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡཻ། རྗེ་བཙུན་སྒྲོལ་མ་སློབ་དཔོན་ཛེ་ཏཱ་རི། །རྡོ་རྗེ་གདན་པ་ཆེ་ཆུང་བ་རི་བ། །ཀུན་དགའ་སྙིང་པོ་བསོད་ནམས་རྩེ་མོ་དང༌། །གྲགས་པ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །ཡེ་ཤེས་འབྱུང་གནས་ཀུན་དགའ་སེང་གེ་དང༌། །སེང་གེ་རྒྱལ་མཚན་བསོད་ནམས་རྒྱལ་མཚན་ཞབས། །ཤེས་རབ་རྡོ་རྗེ་རྣམས་ལ༴ །གྲགས་པ་རྡོ་རྗེ་གྲགས་པ་དོན་གྲུབ་དང༌། །རི་ཁྲོད་གྲུབ་ཆེན་བཀྲ་ཤིས་རྣམ་པར་རྒྱལ། །བདེ་ལེགས་བཟང་པོ་རིན་ཆེན་ཆོས་རྒྱལ་དང༌། །ཤེས་རབ་རྒྱལ་མཚན་རྣམས་ལ༴ །དོན་གྲུབ་རྒྱལ་མཚན་སངས་རྒྱས་རིན་ཆེན་ཞབས། །བསྟན་འཛིན་བཟང་པོ་ངག་དབང་ལྷུན་གྲུབ་དང༌། །རྨོར་ཆེན་ཐམས་ཅད་མཁྱེན་པ་གནས་གསར་བ། །ཀུན་དགའ་བློ་གྲོས་རྣམས་ལ༴ །ཆོས་ཉིད་ཡེ་ཤེས་ནམ་མཁའ་འཆི་མེད་དང༌། །བྱམས་པའི་ཐུགས་རྗེས་མཐའ་ཀླས་འགྲོ་ཀུན་ལ། །རྨད་བྱུང་ཕན་བདེའི་དགའ་སྟོན་སྦྱིན་མཁས་པའི། །བསྟན་འཛིན་མཚུངས་པ་མེད་དེར་གསོལ་བ་འདེབས། །དེ་ལྟར་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །སྙིང་ནས་གུས་པས་ཕྱག་འཚལ་གསོལ་བཏབ་མཐུས། །གྲངས་མེད་སྒྲིབ་གཉིས་འཆིང་བ་ཀུན་ཞི་
ནས། །བྱིན་རླབས་བདུད་རྩིས་རྟག་ཏུ་སྐྱོང་གྱུར་ཅིག །ཁྱད་པར་ཡེ་ཤེས་ལྷ་མོ་ཤྲ་བ་ཎའི། །མཚན་དཔེའི་སྐུ་དང་གསུང་གིས་དབུགས་དབྱུང་ནས། །གཞན་ལ་ལྐོག་ཏུ་གྱུར་པ་ཤེས་བྱའི་གནས། །མཐའ་དག་མངོན་སུམ་ཉིད་དུ་མཐོང་བར་ཤོག །དེ་ལ་བརྟེན་ནས་རང་གཞན་ཡིད་ཅན་ཀུན། །བླང་དོར་གནས་ལ་རྨོངས་པའི་མུན་བསལ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་སྣང་བ་ཡིས། །ཤིས་པའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག །ཅེས་པའང་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷྱནྟུ།། །།
སློབ་དཔོན་ཟླ་བའི་བཤེས་གཉེན་ནས་བརྒྱུད་པའི་རྨི་ལམ་ལུང་སྟོན་སྒྲོལ་མའི་སྒྲུབ་ཐབས།
སློབ་དཔོན་ཟླ་བའི་བཤེས་གཉེན་ནས་བརྒྱུད་པའི་རྨི་ལམ་ལུང་སྟོན་སྒྲོལ་མའི་སྒྲུབ་ཐབས་བཞུགས་སོ།།
རྒྱ་གར་སྐད་དུ། སྭཔྣ་ཏཱ་རཱ་ནོ་པི་ཀ། བོད་སྐད་དུ། རྨི་ལམ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་རྨི་ལམ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྤྲིན་བྲལ་མཁའ་དཀྱིལ་ཟླ་རྒྱས་གཟུགས། །རབ་དཀར་བསིལ་བའི་འོད་ལྡན་མ། །མ་ལུས་རྨི་ལྟས་གསལ་མཛད་དེའི། །ཞབས་ལ་མགོས་བཏུད་དེ་སྒྲུབ་བཤད། །དགེ་བས་རབ་ཏུ་སྔར་ལངས་ཏེ། །གདོང་སོགས་དག་བྱས་དྲི་ཞིམ་བྱུག །རྗེ་བཙུན་དེ་རྟེན་མདུན་བདར་ལ། །ཡིད་འོང་མཆོད་པས་མཛེས་པར་བྱ། །སྐྱབས་གསུམ་ལྷ་མོར་བཅས་པ་ལ། །སྐྱབས་སོང་འགྲོ་ལ་ཕན་ཡིད་ཀྱིས། །མི་དགེ་མེད་པའི་སེམས་ལྡན་པས། །ཐོག་མར་བསོད་ནམས་ཚོགས་གསག་བྱ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་སརྦ་བིགྷྣན་ཏཱ་ཌ་ཧ། སརྦ་པཱ་པཾ་ཧཱུྃ་ཕཊ་སྭཱ་ཧཱ། འཁྱིལ་པ་ཁྲོས་པའི་སྔགས་འདི་ཡིས། །རྨི་ལམ་བར་ཆད་བགེགས་བསལ་ལ། །དྲི་མེད་བཻ་ཌཱུརྻ་འདྲ་ཡི། །མཁའ་ལ་འཕགས་མ་བསྒོམ་པར་བྱ། །རབ་མཛེས་
པྃ་ལས་ཆུ་སྐྱེས་སྣུམ་འཇམ་གསལ་ཞིང་གསར་པའི་འདབ་ཚོགས་བརྒྱད། །དེ་སྟེང་དཀར་བསལ་རི་བོང་འཛིན་འཁྱིལ་དེ་དབུས་ཁམས་གསུམ་རྒྱས་འགེངས་ཏྃ། །ཀུན་ནས་མུན་སེལ་སྐར་མའི་རྒྱལ་པོ་འོད་བཟང་མདོག་ཅན་རབ་འཕྱོ་ལས། །ཡོངས་རྒྱུར་འཕགས་མ་རྨི་ལམ་སྒྲོལ་མ་ཞི་མ་དགེ་མ་མཛེས་མ་བལྟ། །རབ་དཀར་ལང་ཚོ་རྒྱས་པའི་གཟུགས། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་མཛད། །ཨུཏྤལ་སྔོན་འཛིན་འགྱིང་ཚུལ་སྒེག །མཚུངས་མེད་གཅིག་པུས་ཀུན་ཁྱབ་མའི། །དྲི་ཞིམ་དབུ་སྐྲ་བཟང་འཁྱིལ་ལ། །ལྷ་རྫས་རིན་ཆེན་དུ་མས་བརྒྱན། །མཐིང་གའི་དར་གྱིས་སྟོད་གཡོགས་ཤིང༌། །སྣ་ཚོགས་ཁ་དོག་ཤམ་ཐབས་བསྣམས། །མུ་ཏིག་ཕྲེང་བའི་དྲྭ་བ་ཡིས། །མཉམ་པར་མཛེས་པའི་སྐ་རགས་དང༌། །ག་ཤ་སེ་རལ་ཁར་བཅིངས་ཤིང༌། །ཅོད་པན་དོན་ཡོད་གྲུབ་པས་བརྒྱན། །གཡས་བསྐུམ་གཡོན་བརྐྱང་སྐྱིལ་ཀྲུང་གིས། །སྲིད་དང་ཞི་ལ་
མི་གནས་ཤིང༌། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །སྤུ་སྒོ་ཀུན་ནས་རབ་འཕྲོ་བའོ། །ཅི་འདྲའི་ཡེ་ཤེས་ལྷ་མོ་ཉིད། །བཀུག་ལ་མཆོད་པས་མཉེས་བྱས་བསྟིམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །བྱིན་བརླབས་ཕྱོགས་བཅུའི་རྒྱལ་པས་བསྔགས། །དེ་ནས་མཎྜལ་མཆོད་བཅས་པས། །གུས་པར་ཕུལ་ལ་གསོལ་བ་གདབ། །ཞལ་ཟས་བཏུང་བ་བཟང་ལྡན་པ། །དཀར་གསུམ་མངར་གསུམ་མེ་ཏོག་དབུལ། །རིན་ཆེན་ཕྲེང་བ་དཀར་ཐོགས་ཏེ། །མ་ཡེངས་བློ་ཡིས་འཕགས་མ་ལ། །རྩེ་གཅིག་ཡིད་གཏད་གསང་སྔགས་མཆོག །འབུམ་ཕྲག་ཉི་ཤུ་རྩ་བཞིར་བཟླ། །ཨོཾ་སྭཔྣ་ཏཱ་རེ་སྭཱ་ཧཱ། དེ་ནས་ཟང་ཟིང་མེད་པར་ནི། །རང་གཞན་དོན་དུ་རྨི་ལྟས་བརྟག །གྲོང་པའི་ཆོས་ཀྱིས་མ་སྦགས་པའི། །བུ་མོ་དུས་བཟང་དག་ལ་མཆོད། །དྲི་ཞིམ་ཁྲུས་བྱས་གོས་རྒྱན་མཛེས། །རང་ལོའི་གྲངས་སམ་བརྒྱད་དང་བདུན། །ཨརྒྷཾ་ལ་སོགས་མཆོད་སྔོན་འགྲོའི། །ཟས་དཀར་ཞོ་དང་འོ་མ་སྦྱིན། །མགྲོན་བུ་དར་སོགས་ཡོན་སྦྱིན་ལ། །དུང་ཆོས་ཆུ་དོར་ཅི་བདེར་དེངས། །དེ་རྗེས་བྱི་དོར་དྲིར་ལྡན་པའི། །ཁང་པར་ཚངས་སྤྱོད་བརྟུལ་ཞུགས་གནས། །སྔས་སུ་མེ་ཏོག་དྲི་ཞིམ་གྱིས། །བྱུགས་པའི་མཎྜལ་བཟང་བྱས་ལ། །མཆོད་པ་ལྔ་དང་ཁྱད་པར་དུ། །གུ་གུལ་མེར་ནི་དབུལ་བར་བྱ། །འཇིམ་དྲིལ་སྲན་མའི་ཚད་བཅོས་ཏེ། །ཀུཎྜ་ལཱི་ཡི་སྔགས་བདུན་གྱིས། །བཏབ་པ་ཉི་ཤུ་རྩ་གཅིག་ནི། །ཕྱོགས་བཅུར་གཏོར་བས་བར་ཆད་བཟློག །བདུན་གསུམ་གཅིག་ནི་རིན་པོ་ཆེར། །བསྒོམས་ལ་མཎྜལ་སྟེང་དུ་དབུལ། །རྟེན་ལ་དགྲམ་དང་བཟའ་བར་བྱ། །
དེ་རྗེས་གསོལ་བ་བཏབ་ལ་ཉལ། །ཨོཾ་སྭཔྣ་ཏཱ་རེ། སྭཔྣ་ཨ་ཝ་ལོ་ཀི་ནཱི། ཏྲཻ་ལོ་ཀྱཱ་ནཱི་དརྴ་ནཱི། ཏྲཻ་ལོ་ཀྱ་བི་ཛ་ར་ཎཱི། བྷཱ་ཏཾ་བྷ་བཾ་བྷ་ཝི་ཥྱཾ། ཤུ་བྷཱ་ཤུ་བྷཾ་ཏཾ་མི། སངྱ་ཀཱ་ཐཱ་ཡ་སྭཱ་ཧཱ། །བརྒྱ་རྩ་བརྒྱད་དམ་ཉི་རྩ་གཅིག །ཡང་ན་ལན་བདུན་བཟླ་པར་བྱ། །གསོལ་བཏབ་སྔགས་འདིས་ཡིད་ཆེས་པས། །ལན་གཅིག་བཟླས་ཀྱང་མི་འགྲུབ་མེད། །དེ་ཚེ་འཕགས་མ་མདུན་གྱི་མཁའ་ལས་ཕྱོགས་བཅུར་འོད་མཛད་ཐུགས་ཀ་ལས་བྱུང་བསིལ་ཟེར་གྱིས། །བདག་ཉིད་གདུང་བསལ་ཐབ་ཐིབ་དྲྭ་བ་མ་ལུས་སྤངས་ཏེ་སྤྲིན་མེད་མཁའ་ལྟར་དག་བྱས་ནས། །གླང་ཆེན་སྣ་འདྲའི་ཕྱག་མཛེས་རབ་བརྐྱང་བདུད་རྩི་ཅན་ལས་བདུད་རྩིའི་རྒྱུན་ཕབ་སྙིང་སོགས་བཀང༌། །དེ་མཐུས་ལུས་ཀུན་ཀུན་ནས་དྲི་མེད་ཤེལ་བུམ་མཆོག་ལྟར་གཙང་ཞིང་རབ་དག་ཡིད་འོང་འགྱུར། །དེ་འོག་རྩ་བའི་རིག་པ་བརྒྱད། །ལྷ་མོ་མཆོག་ལ་རྩེ་གཅིག་ཏུ། །མ་གཡེང་སེམས་ཀྱིས་དལ་བུས་ནི། །ཇི་སྲིད་གཉིད་ལོག་བར་དུ་བཟླ། །སེང་གེའི་ཉལ་སྟབས་དགེ་བས་ཉལ། །བག་ཡོད་དྲན་དང་མ་བྲལ་བས། །དངོས་སམ་བརྡའམ་ཚིག་དག་གིས། །དགེ་དང་མི་དགེ་མཐོང་བར་འགྱུར། །ཐུབ་པས་སྣ་ཚོགས་ལས་གྲུབ་ཀྱི། །རྒྱུད་དུ་གང་གསུངས་ལྷ་མོ་ཆེའི། །བརྟག་པ་དོན་ཀུན་སྒྲུབ་བྱེད་འདི། །རྨི་ལམ་སྒྲོལ་མར་ཡང་དག་བཤད། །རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཟླ་བའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་སུ་ག་ཏ་ཤྲཱི་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༈ །ཨོཾ་སྭ་སྟི། གང་ཞིག་བསྒྲུབས་པས་རྨི་ལམ་དུ། །
ཞལ་སྟོན་ལུང་སྟོན་ཐོབ་འགྱུར་བའི། །སྒྲུབ་ཐབས་ཟླ་བའི་བཤེས་གཉེན་གྱི། །གཞུང་བཞིན་ཅུང་ཟད་བཤད་པར་བྱ། །སུ་ག་ཏ་ཤྲཱི་ལས་བརྒྱུད་པའི་མན་ངག་འདི་ལ་གཙང་སྦྲ་དང་ལྡན་པས། སྐྱབས་སེམས་ཡན་ལག་བདུན་པ་སྤྱི་དང་མཐུན་པར་བྱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་སརྦ་བིགྷྣཱཾ་ཏཱ་ཌ་ཧ། སརྦ་པཱ་བཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དྲག་ཏུ་བཟླས་པས་བགེགས་བསལ། ནམ་མཁའ་སྔོན་པོའི་དབུས་སུ་པྃ་ལས་པད་དཀར་དང་ཟླ་བ་ལ་ཏཱྃ་ལས་རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་སྔོན་པོ་འཛིན་པ། ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཅན། དར་མཐིང་གའི་སྟོད་གཡོགས་དང༌། ཁ་དོག་སྣ་ཚོགས་པའི་སྨད་གཡོགས་ཅན། མུ་ཏིག་གི་རྒྱན་ཅན་དོན་ཡོད་གྲུབ་པས་དབུ་བརྒྱན་པ། བ་སྤུའི་སྒོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འཕྲོ་བ། ཁྱད་པར་གཞན་སྒྲོལ་མ་སྤྱི་དང་མཚུངས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། མདུན་དུ་མཎྜལ་མཆོད་པ་དང་བཅས་པ་བཤམ། མཎྜལ་གྱི་དབུས་སུ་སྒྲོལ་མ་སྐད་ཅིག་གིས་བཞུགས་པར་མོས་ལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་སྭཔྣ་ཏཱ་རེ་སྭཱ་ཧཱ། འབུམ་ཕྲག་ཉི་ཤུ་རྩ་བཞིས་བསྙེན་པའོ། །ཐུན་འཇོག་ཁར་དགེ་བ་བསྔོ། ལས་སྦྱོར་ནི། གཞོན་ནུ་མའི་སྟོན་མོ་སྔོན་དུ་སོང་ནས། དཀར་གསུམ་མངར་གསུམ་གྱི་ཞལ་ཟས། གུ་གུལ་མར་མེ་རྣམས་མང་དུ་བཤམས་ལ། མཎྜལ་མཆོད་པ་གསོལ་བཏབ་དང་བཅས་པ་རྒྱས་པར་བྱས་ནས། ཨོཾ་སྭཔྣ་ཏཱ་རེ། སྭཔྣ་ཨ་ཝ་ལོ་ཀི་ནཱི། ཏྲཻ་ལོ་ཀྱཱ་ནི་དརྴ་ནཱི། ཏྲཻ་ལོ་ཀྱ་བི་ཛ་རི་ཎཱི། བྷཱུ་ཏཾ་བྷ་ཝཾ་བྷ་ཝི་ཥྱཾ།
ཤུ་བྷཱ་ཤུ་བྷཾ་ཏཾ་མི། སདྱ་ཀ་ཐཱ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླས་པས་གསལ་སྣང་སྟོན་པར་འགྱུར་རོ། །འདི་ལ་རྗེས་གནང་སོགས་ནི་མི་དགོས། སྒོམ་ལུང་ཙམ་གྱིས་ཆོག་པ་ཡིན་ནོ། །ཁྲོ་ཕུའི་མན་ངག་ཀུན་དུ་དགའ། །རྒྱ་གཞུང་སྙིང་པོའི་ཡིད་བརྟེན་ཅན། །མངོན་ཤེས་འདོད་པས་འདི་བསྒྲུབ་བྱ། །ལྷ་འདྲེ་སྒྲུབ་རྣམས་ཤིན་ཏུ་སྨད། །རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། ༈ །རྨི་ལམ་ལུང་སྟོན་སྒྲོལ་མའི་སྒོམ་ལུང་དང་མན་ངག་གི་གསལ་བྱེད་ཉུང་ངུ་ཟླ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། རྨི་ལམ་ལུང་སྟོན་སྒྲོལ་མའི་སྒོམ་ལུང་འབོགས་པའི་སྐབས། མདུན་དུ་མཎྜལ་ཚོམ་བུ་གཅིག་པ་མཆོད་པ་དང་བཅས་པ་བཤམ། འགྲོ་རྣམས་བསྒྲལ་འདོད་སོགས་དང༌། ཤེས་རབ་སྙིང་བརྩེ་སོགས་སྐྱབས་སེམས་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། ཨོཾ་ཨ་མྲྀ་ཏ་སོགས་བགེགས་བསལ་བ་ནས་བཟུང་བཟླས་པའི་བར་གོང་ལྟར་བྱ། དེ་ནས་སློབ་མ་ཁྲུས་བྱས་མདུན་དུ་འཁོད་པ་ལ། ཆོས་བཤད་ཅི་རིགས་དང༌། འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྣ་ཚོགས་པའི་ལས་གྲུབ་པའི་རྒྱུད་ལས་གསུངས་ཤིང༌། སློབ་དཔོན་ཟླ་བའི་བཤེས་གཉེན་གྱིས་ལེགས་པར་བཀྲལ་བ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལ་བཀའ་བབས་པའི་རྨི་ལམ་ལུང་སྟོན་སྒྲོལ་མའི་སྒོམ་ལུང་བགྱི་བ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་འགྲོ་སེམས་བསྐྱེད་དང་བདུན་རྣམ་དག་འདི་གསུང་བར་ཞུ། འགྲོ་རྣམས་བསྒྲལ་འདོད་སོགས་གོང་ལྟར། ཨོཾ་ཨ་མྲྀ་ཏ་སོགས་ནས། ཕཊ་སྭཱ་ཧཱ་ཞེས་པས་
བགེགས་བསལ་ནས། དེ་ནས་ཁྱེད་རང་རྣམས་མ་ཡེངས་པར་ལྷའི་རྣལ་འབྱོར་འདི་བཞིན་དུ་བསྒོམ་འཚལ། ནམ་མཁའ་སྔོན་པོའི་དབུས་སུ་སོགས་ནས། ཚོགས་འཕྲོ་བར་གྱུར་ཅེས་པའི་བར་གོང་ལྟར་ལ། རང་ཉིད་ཅེས་པར་ཁྱེད་རང་རྣམས་ཞེས་བསྒྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་ལྷར་གསལ་བའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ། མོས་གུས་མཛད་པས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྗེས་ཟློས་གྲུབ་ནས། སློབ་མས་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་བདག་ལ་སོགས་དང༌། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སོགས་སྤྱི་ལྟར་བརྗོད། དེས་རྨི་ལམ་ལུང་སྟོན་སྒྲོལ་མའི་སྒོམ་བཟླས་ཀྱི་ལུང་ལེགས་པར་ཕུལ་གྲུབ་པ་ཡིན་པས་གཏང་རག་ཏུ་མཎྜལ་དང༌། དགེ་བ་བསྔོ། མདུན་གྱི་མཎྜལ་གྱི་དབུས་ན་བཞུགས་པའི་ལྷ་ལ་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་གསོལ། བསྔོ་སྨོན་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །མན་ངག་གི་ངེས་པ་ལ་གཉིས། བསྙེན་པ་དང༌། ལས་སྦྱོར་རོ། །དང་པོ་ནི། གནས་དབེན་པར་ཁྲུས་དང་གཙང་སྦྲ་དང་བཅས་མཚམས་དམ་པར་བཅད། རང་གི་མདུན་དུ་འདིའི་བྲིས་འབུར་གྱི་སྐུ་གང་རུང་དང༌། སྒྲུབ་པ་དང༌། མཆོད་པའི་མཎྜལ། དཀར་གསུམ་མངར་གསུམ་གྱི་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམ། སྐྱབས་སེམས་ཡན་ལག་བདུན་པ་ནས་བཟུང་བདག་མདུན་གྱི་རྣལ་འབྱོར་གོང་བཞིན་ལ། བདག་བསྐྱེད་ཀྱི་བཛྲ་ས་མ་ཛཿ ཞེས་པའི་རྗེས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ་པ་མན་
འདྲ། ཤེལ་དཀར་གྱི་ཕྲེང་བ་བཟུང་ནས་བཟླས་པ་ཅི་ནུས་བྱ། ཐུན་ལས་ལྡང་བ་ན། མཎྜལ་ཚོམ་བུ་བདུན་མའམ་སོ་བདུན་ལ་སོགས་ཅི་ནུས་ཕུལ། གཏོར་མ་སྤྱི་ལྟར་བྱིན་གྱིས་བརླབས་ལ། ཨོཾ་ཨཱརྻཱ་ཏཱ་ར་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། སྤྲིན་བྲལ་མཁའ་དཀྱིལ་ཟླ་རྒྱས་གཟུགས། །རབ་དཀར་བསལ་བའི་འོད་ལྡན་མ། །མ་ལུས་རྨི་ལྟས་གསལ་མཛད་པའི། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །ཞེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་འདོད་དོན་གསོལ། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱ། དེ་ལྟ་བུའི་རིམ་པས་ཐུན་བཞི་སོགས་སུ་བཅད་ལ་རྩ་སྔགས་ཡི་གེ་བརྒྱད་པ་འབུམ་ཕྲག་ཉི་ཤུ་རྩ་བཞི་བཟླའོ། །གཉིས་པ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། དེ་ལྟར་བསྙེན་པ་ལེགས་པར་གྲུབ་ནས། ཚེས་གྲངས་གཟའ་སྐར་ལེགས་པའི་སྔ་དྲོ། བུ་མོ་གཞོན་ནུ་གྲོང་པའི་ཆོས་ཀྱིས་མ་གོས་པ་བདུན་བོས་ལ། དཀར་གསུམ་གྱི་བཏུང་བ་དང་བཟའ་བཅས་ཚིམ་པར་བྱ། དར་དཀར་པོ་དང་མགྲོན་བུ་བཅས་སྦྱིན་ལ་རང་གནས་སུ་གཏོང༌། གཉིས་པ་ནི། གནས་ཁང་བྱི་དོར་བྱ་ཞིང་མཚམས་དམ་པར་བཅད། གོས་གཙང་མ་གོན་ཞིང་ཁྲུས་དང་གཙང་སྦྲ་ལ་གནས་པས་རང་གི་སྔས་མགོར་སྒྲུབ་བའི་མཎྜལ་དང༌། གཏོར་མ། མཆོད་པ། ཁྱད་པར་གུ་གུལ་དཀར་པོའི་བདུག་སྤོས་རྒྱུན་མི་ཆད་པ་དང༌། མར་མེ་གསལ་བ་འབུལ། རང་གི་མདུན་དུ་བ་བྱུང་ལྔ་དང་འཇིམ་པ་གཙང་མ་བསྲེས་པའི་རིལ་བུ་སྲན་མ་ཙམ་དགོས་འདང་རིན་པོ་ཆེའི་སྣོད་དུ་བླུག སྲོད་ཀྱི་དུས་སུ་བབ་པ་ན་བདག་མདུན་གོང་བཞིན་བསྒོམ་ནས་བཟླས་པ་ཅི་རིགས་རྗེས་མཎྜལ་དང་གཏོར་མ་དབུལ། ལས་སྔགས་ཀྱིས་བཏབ་པའི་འཇིམ་པའི་རིལ་བུ་ཉི་ཤུ་རྩ་གཅིག་ལས་སྔགས་བཟླ་བཞིན་ཕྱོགས་བཅུར་གཏོར་བས་གནས་དང་ཡོ་བྱད་ལ་
བར་ཆད་ཀྱི་བགེགས་བསལ། ཡང་རིལ་བུ་ཉེར་གཅིག་རིན་པོ་ཆེའི་ཕུང་པོར་བསམས་ལ་མཆོད་པའི་སྤྲིན་གྱི་སྔགས་བཟླ་བཞིན་དུ་མཎྜལ་གྱི་སྟེང་དུ་ཕུལ་ལ་གསོལ་བ་གདབ། རིལ་བུ་ཉེར་གཅིག་རང་གིས་ཟ་བས་རྣལ་འབྱོར་གྱི་བགེགས་བསྲུང༌། དེ་ནས་ཨོཾ་སྭཔྣ་ཏཱ་རེ་«་་་་་ཨོཾ་ཀྱི་རྨི་ལམ་སྒྲོལ་མ་»སྭཔྣ་ཨ་ཝ་ལོ་ཀི་ནཱི་«་་་་་རྨི་ལམ་ཀུན་ཏུ་གཟིགས་མ་»ཏྲཻ་ལོ་ཀྱཱ་ནི་དརྴ་ནཱི་«་་་་་འཇིག་རྟེན་གསུམ་གཟིགས་མ་»ཏྲཻ་ལོ་ཀྱ་བི་ཛ་ར་ཎཱི་«་་་་་འཇིག་རྟེན་གསུམ་གྱི་རྡུལ་དང་བྲལ་མས།» བྷཱུ་ཏཾ་བྷ་བཾ་བྷ་བི་ཥྱཾ་«་་་་་བྱུང་དང་འབྱུང་བ་འབྱུང་འགྱུར།» ཤུ་བྷཱ་ཤུ་བྷཾ་ཏཾ་མི་«་་་་་དགེ་བ་དང་མི་དགེ་བ་དེ་དག» སདྱ་ཀཱ་ཐཱ་ཡ་སྭཱ་ཧཱ།«་་་་་བདེན་པ་ཇི་ལྟར་བའི་གཞི་ཚུགས།» ཞེས་པའི་སྔགས་ཀྱིས་གསོལ་བ་ལན་བརྒྱ་རྩ་སོགས་བཏབ་པས། མདུན་གྱི་འཕགས་མའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟར་འཕྲོས། རང་གི་སྙིང་གར་ཐིམ་པས་མ་རིག་པའི་མུན་པ་བསལ། ཕྱག་གཡས་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། སྙིང་གི་དབུས་དང་ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ཅིང༌། ལུས་དྲི་མ་མེད་པའི་ཤེལ་ལྟར་གྱུར་པར་བསམས་ལ་མདུན་གྱི་ལྷ་མོ་ལ་དད་ཅིང་གུས་པས་རྩེ་གཅིག་ཏུ་སེམས་གཏད་དེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལ་རྩ་སྔགས་ཡི་གེ་བརྒྱད་པ་བཟླ་བཞིན་དུ་གཉིད་ལོག་པས། རྨི་ལམ་དུ་དངོས་སམ་བརྡ་ཐབས་ཀྱི་སྒོ་ནས་གང་འདོད་པའི་དོན་གསལ་བར་ལུང་སྟོན་པར་འགྱུར་ལ། གཉིད་སད་མ་ཐག་མདུན་གྱི་ལྷ་མོ་ལ་མཆོད་བསྟོད། ནོངས་བཤགས་སོགས་ཆོ་གའི་འཕྲོས་རྣམས་གོང་བཞིན་དུ་བྱའོ། །དེའང་རབ་ཞག་གཅིག་ནས་བཟུང༌། ཐ་མའང་ཞག་བདུན་གྱི་ཁོངས་སུ་རྨི་ལྟས་གསལ་པོར་མཐོང་བར་གསུངས་སོ། །ཞེས་པའང་མཉྫུ་གྷོ་ཥས་རྒྱ་གཞུང་དང་ཟིན་བྲིས་ཀྱི་དགོངས་པ་ལྟར་ཉུང་གསལ་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
བུདྡྷ་ཙུ་རུ་ཀའི་སྐྱེ་བ་བརྟག་པའི་གདམས་ངག་གཞུང་གསལ་བྱེད་དང་བཅས་པ་དྲི་བྲལ་ནོར་བུའི་མེ་ལོང་།
བུདྡྷ་ཙུ་རུ་ཀའི་སྐྱེ་བ་བརྟག་པའི་གདམས་ངག་གཞུང་གསལ་བྱེད་དང་བཅས་པ་དྲི་བྲལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། རྣམ་པ་ཀུན་མཁྱེན་ཡེ་ཤེས་ཅན། །ཐུབ་དབང་དེ་ལ་གུས་བཏུད་ནས། །རང་གཞན་སྐྱེ་བ་བརྟག་པའི་ཚུལ། །དྲི་བྲལ་ནོར་བུའི་མེ་ལོང་ངོམ། །འདི་ལ་གསུམ། རྩ་བ་དང་གཞུང་རྙིང་པའི་ཁུངས་དགོད་པ། དེའི་གདམས་ངག་ལག་ཏུ་བླང་བའི་ཚུལ་གསལ་བར་བཤད་པ། རྟགས་ཀྱི་རིམ་པ་མཚོན་ཚུལ་ལོ། །དང་པོ་ནི། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ཀྱི་ལེའུ་གཉིས་པ་ལས། ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ་རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྙེན་པ་ཆོ་ག་ཁྲི་བཟླས་ལ། དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏེ། བདག་གང་ནས་སྐྱེས་པར་གྱུར། གང་དུ་སྐྱེ་བར་འགྱུར་ཞེས་ཡིད་ལ་བསམས་ཤིང་ཉལ་ན་ནམ་ལངས་པ་དང་མ་འོངས་པའི་སྐྱེ་བ་དམིགས་པར་འགྱུར་བ་ཐེ་ཚོམ་མེད་དོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ།། ༈ །ལས་དགུ་བུདྡྷ་ཙུ་རུ་ཞེས་པ་ལ་སོགས་པས་སྐྱེ་བ་བརྟག་པ་ནི། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ་སངས་རྒྱས་ཤཱཀྱ་ཐུབ་པའི་དྲུང་དུ་པཱུ་ཛ་བཤམས་ལ། དེ་དག་གིས་དཀོན་
མཆོག་མཆོད་དེ་གསོ་སྦྱོང་ལ་གནས་པས་བསྙེན་པར་བྱའོ། །གཞུང་ལས་བསྙེན་པའི་ཆོ་ག་ཁྲི་བཟླས་ལ་ཞེས་འབྱུང་ཡང་འབུམ་ཕྲག་བཞི་བཟླས་ན་གཞུང་ནས་འབྱུང་བའི་ལས་རྣམས་གྲུབ་པ་ཡིན་ནོ། །ཞེས་རྗེ་བཙུན་གྲགས་པའི་རྒྱུད་འགྲེལ་ལས་སོ།། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ཉིད་ནམ་འཆི་བ་དང༌། གང་དུ་སྐྱེ་བ་ལ་སོགས་པ་བརྟག་པར་འདོད་པས་འདི་ལྟར་བྱ་སྟེ། ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྙེན་པའི་ཆོ་ག་ཁྲི་བཟླ། དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་ཕུལ་ནས། ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཤིང་རང་ཁྲུས་བྱས་ལ་གསོལ་བ་བཏབ་སྟེ། བདག་གང་ནས་སྐྱེས་པར་གྱུར་པ་དང༌། གང་དུ་སྐྱེ་བར་འགྱུར་པ་བསམ་བཞིན་དུ་ཉལ་ན་འདས་པ་དང་མ་འོངས་པའི་སྐྱེ་བ་དྲན་པར་འགྱུར་བ་ཐེ་ཚོམ་མེད་དོ་ཞེས་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས་གསུངས་སོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། སྔོན་དུ་མཆོད་གཏོར་ཆོས་སྟོན་ཚོགས་བསགས་ཏེ། དེ་ནས་མ་ཧཱ་བོ་དྷིའི་ལྷ་གཅིག་མདུན་དུ་བཞུགས་
ལ། རང་དང་ལྷའི་ཐུགས་ཀར་ཙནྡན་དཀར་པོའི་ཐིག་ལེ་གསུམ་གསུམ་བྱས་ཏེ། ངག་སྨྲ་བ་བཅད་ལ་བསྙེན་པ་འབུམ་ཚོ་བཅུ་གཅིག་བྱས་ཏེ། དེ་ཚར་བ་དང་ལས་སྦྱོར་ནི། དཀོན་མཆོག་སྤྱི་དང་ཤཱཀྱ་ཐུབ་པའི་སྒོས་ཀྱི་མཆོད་པ་གཉིས་བཤམས་ཏེ་དབུལ། ལྷ་དང་འདོམ་གང་གིས་མི་རིང་བར་ཉལ། སྔགས་ནུས་ཚད་བཟླ་ཞིང་བདག་གང་དུ་ཇི་ལྟར་སྐྱེ་བའི་བྱ་བ་ཤེས་པ་བསྟན་དུ་གསོལ་ཞེས་བསམ་ཞིང་གཉིད་ལོག་པར་བྱའོ། །ནུབ་དང་པོ་ལ་མ་རྟོགས་ན་ནུབ་གསུམ་དུ་བྱའོ། །དེས་ཀྱང་མ་རྟོགས་ན་བསྙེན་པ་བསྐྱར་ཏེ་གདོད་ལས་ལ་སྦྱར་ན་ངེས་པར་རྟོགས་པར་འགྱུར་རོ། །བོད་སྒོམ་ལ་ཁྱི་གཅིག་ཁོ་ན་རྨི་ལམ་དུ་བྱུང་ནས་བར་ཆད་ཡིན་ནམ་ཞུས་པས། ཇོ་བོའི་ཞལ་ནས་ཁྱིར་སྐྱེ་བ་ཡིན་གསུངས། དེར་སྡིག་སྒྲིབ་སྦྱངས་ནས་བལྟས་པས་མི་གཞོན་ནུ་གཅིག་བྱུང་ལོ། ལྷ་ཡུལ་མཐོང་བར་རྨི་ན་ལྷར་སྐྱེའོ། །དཀོན་མཆོག་གསུམ་གྱི་རྟེན་རྨི་ན་སྐྱེ་བ་དེར་ཆོས་དང་འཕྲད་པར་ངེས་སོ། །སྐྱེ་འཆི་ལ་སོགས་པ་དུས་གསུམ་གྱི་བྱ་བ་བརྟག་པ་དཔལ་ཨ་ཏི་ཤའི་མན་ངག་ལས་བྱོན་པ་ལྟར་བསྡེབས་པའོ། །ཞེས་སྣར་ཐང་པ་མཆིམས་ནམ་མཁའ་གྲགས་ཀྱིས་བསྒྲིགས་པའི་མངོན་རྟོགས་བརྒྱ་རྩ་ལས་བྱུང་བའོ།། ༈ །ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ། ཤཱཀྱ་ཐུབ་པ་ལུགས་མའམ། ཐང་ཀའམ། སྡེར་ཚོའི་མདུན་དུ་མཎྜལ་བྱ། པཱུ་ཛ་དབུལ་ཞིང་མོས་གུས་བྱས་ཏེ་བཟླས་པ་འབུམ་ཕྲག་གསུམ་བསྐྱེལ་ནས། ཉའམ། གནམ་སྟོང་ངམ། དུས་ཁྱད་པར་ཅན་ལ་ཤཱཀྱ་ཐུབ་པའི་ཞལ་ཤར་དུ་བསྟན། དེའི་མདུན་ནམ་རྩར་མཎྜལ་བྱ། བཟླས་པ་ནུས་ཚད་གཅིག་བྱས་ཏེ་ཉལ་ཁར་བདག་སྐྱེ་བ་སྔ་མ་གར་སྐྱེས། ད་གང་དུ་སྐྱེ་བསྟན་དུ་གསོལ་ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་ནས་མགོ་བྱང་དུ་བསྟན། ཁ་ནུབ་ཏུ་བསྟན། རྐང་པ་ལྷོར་བསྟན་ཏེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ན་གར་སྐྱེ་རྨི་ལམ་དུ་སྟོན་ཏོ། །དེ་མ་བྱུང་ན་ནུབ་གསུམ་དུ་བསྐྱར་རོ། །ཤཱཀྱ་རཀྵི་ཏ་ལས་བརྒྱུད་པའོ། །
ཞེས་དཔལ་སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་གྱིས་བསྒྲིགས་པའི་མན་ངག་སྣ་ཚོགས་ཕན་བདེའི་དཔག་བསམ་ལས་བྱུང་བའོ། །གཉིས་པ་ནི། རྟེན་གྱི་གང་ཟག་སོ་སོར་ཐར་པ་ཚངས་སྤྱོད་དགེ་བསྙེན་ཡན་ཆད་ཀྱི་སྡོམ་པ་ལ་གནས་ཤིང་ཉེས་ལྟུང་མེད་པ། བྱང་ཆུབ་ཀྱི་སེམས་ཅུང་ཟད་འབྱོངས་པ། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ། ཁྱད་པར་ཐུབ་པའི་དབང་པོའི་བསྒོམ་བཟླས་ལ་བརྩོན་ཅིང་བསྙེན་པ་སྔོན་དུ་སོང་བ་ཞིག་གིས་ཉམས་སུ་བླང་བར་བྱ་སྟེ། དེ་ལ་གཉིས། བསྙེན་པ་དང༌། ལས་སྦྱོར་རོ། །དང་པོ་ནི། གནས་ཤིན་ཏུ་དབེན་ཞིང་གཙང་ལ་སྡོམ་པ་དང་དམ་ཚིག་ཉམས་པ་སོགས་ཀྱི་སྐྱེ་བོའི་རྒྱུ་འགྲུལ་ཙམ་ཡང་མེད་པའི་སར། བསམ་གཏན་གྱི་ཁང་བུར་ཕྱག་དར་བྱ། སྤོས་ཆུས་ཆག་ཆག་གདབ། རང་ཉིད་ཁ་ནུབ་ཏུ་ཕྱོགས་པའི་མདུན་དུ་སྟེགས་མཐོ་བར་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་ངེས་པའི་མཆོད་རྟེན་ནམ་སྐུ་གཟུགས་མཚན་ཉིད་དང་ལྡན་པ་རབ་གནས་མ་ཉམས་པ་ཞིག་ཞལ་ཤར་དུ་ཕྱོགས་པས་བཞུགས་སུ་གསོལ། དེའི་མདུན་དུ་མར་དཀར་གྱི་མར་མེ་རྒྱུན་མི་ཆད་པ་གཙོ་བོར་གྱུར་པའི་མཆོད་པ་ཅི་འབྱོར་གཙང་ཞིང་བཀོད་མཛེས་སུ་བསྟར། ཙནྡན་དཀར་པོའི་བདུག་སྤོས་བཏུལ། རང་ཁྲུས་བྱ། གོས་གསར་པ་གྱོན། ཀུ་ཤ་བཀྲམ་པའི་སྟན་ལ་འཁོད་དེ་མཚམས་དམ་པར་གཅད། ཐེག་པ་ཆེན་པོའི་གསོ་སྦྱོང་བླང༌། ས་གཞི་བྱིན་རླབས་སོགས་གནས་བརྟན་ནམ་སྨན་བླའི་མདོ་ཆོག་ལས་འབྱུང་བ་ལྟར་རམ་བསྡུ་ན། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར།
ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་དང་སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད། སྐྱབས་སེམས་རྒྱས་པར་བྱ་བའམ། སངས་རྒྱས་ཆོས་ཚོགས་ཚར་གྲངས་བསག་ཅིང་བློ་རྒྱུད་དང་འགྲེ་ངེས་པར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། དེ་ནས་སྤོས་བཏུལ་ཐལ་མོ་སྦྱར་ལ་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་སམ་སྤྲོ་ན་ཚིགས་བཅད་ཚང་བས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་ཚོགས་རྣམས་སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོས་གཤེགས་ཏེ་མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པ་ནི། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་བཀོད་པ་ཕུལ་དུ་བྱུང་བའི་དབུས་སུ་སྟོན་པ་བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་ཏུ་གསོལ་བ། སྐུ་མཚན་དང་དཔེ་བྱད་འབར་བ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་
སྒོ་དུ་མ་ལ་སྙོམས་པར་འཇུག་ཅིང་ལྡང་བ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་ཏེ་འོད་ཀྱི་ཕུང་པོའི་ཀློང་ན་མངོན་སུམ་བཞིན་དུ་བཞུགས་པར་གྱུར་ཅེས་བརྗོད་ཅིང་གསལ་གདབ། ཡན་ལག་བདུན་པའི་ཆོ་ག་རྒྱས་པ་གཞན་ནས་འབྱུང་བ་ལྟར་རམ། བཟང་སྤྱོད་ནས་འབྱུང་བའི་ཚིགས་སུ་བཅད་པ་ཙམ་གྱིས་ཀྱང་རུང་སྟེ་ཕྱག་མང་དུ་བཙལ། སྤྱོད་འཇུག་ལྟར་སེམས་བསྐྱེད་ཀྱི་སྡོམ་པ་བླང༌། དེ་ནས་སྐུ་གཟུགས་ཀྱི་ཐུགས་ཀར་ཙནྡན་དཀར་པོའི་ཆབ་གཙང་མས་དྲིའི་ཐིག་ལེ་གསུམ་བཀོད་ལ་སྨྲ་བ་བཅད་དེ། ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ། ཞེས་པའི་སྔགས་ཡི་གེ་བཅུ་གཅིག་པ་ཁོ་ན་བཟླ། བརྒྱ་ཕྲག་གམ་སྟོང་ཕྲག་རེའི་མཚམས་སུ། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་བདག་གང་ནས་སྐྱེས་པར་གྱུར་པ་དང༌། གང་དུ་སྐྱེ་བར་འགྱུར་བ་རྨི་ལམ་དུ་གསལ་བར་ལུང་བསྟན་དུ་གསོལ་ཞེས་ལན་གསུམ་ལ་སོགས་པ་ངག་གམ་ཡིད་ཀྱིས་གསོལ་བ་གདབ་ཅིང་མེ་ཏོག་འཐོར་བ་རེ་བྱ། དེའི་ཚེ་དམིགས་པ་ནི། སངས་རྒྱས་འཁོར་དང་བཅས་པས་རྗེས་སུ་དགོངས་ཏེ་ཐུགས་ཀ་དང་སྨིན་མཚམས་ནས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ལུས་དག་པའི་ཤེལ་ལྟར་བྱས། སེམས་དུག་གསུམ་གྱི་དྲི་མ་དང་བྲལ་ཏེ་ལུང་བསྟན་པའི་སྣོད་དུ་གྱུར་པར་བསམ། ཐུན་འཇོག་པ་ན་སླར་ཡང་ཡན་ལག་བདུན་པ་ཕུལ་ཏེ་གསོལ་བ་གདབ། ཐུན་མཚམས་སུའང་རྣམ་གཡེང་གི་བྱ་བ་དང༌། རྣམ་པར་རྟོག་པ་མང་པོ་སྤངས་ཏེ་ལྟུང་བ་བཤགས་པ་སོགས་དང་བཅས་ཏེ་ཕྱག་མང་དུ་བཙལ། དེ་ལྟ་བུའི་རིམ་པས་འབུམ་ཕྲག་བཞི་བཟླ་བར་བྱའོ། །གཉིས་པ་ནི། བསྙེན་པ་གྲུབ་ནས་ཆོ་ག་གཞན་སྔར་བཞིན་ལ། ཉལ་ཁར་རུ་རྟའི་ཕྱེ་མ་ལ། ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧ་ནི་སྭཱ་ཧཱ། ཨོཾ་དནྟ་ལི་སྭཱ་ཧཱ། ཞེས་བཟླས་པས་
བདུགས་ལ་ལག་གཡོན་པའི་སོར་མོ་རྣམས་ལའང་སྔགས་ཉི་ཤུ་རྩ་གཅིག་བཟླས་པས་བཏབ་སྟེ། སྐུ་དང་འདོམ་གང་ལས་མི་རིང་བའི་སར་མགོ་བྱང༌། ཁ་ནུབ། རྐང་པ་ལྷོར་བསྟན། གློ་གཡས་པ་འོག་ཏུ་ཕབ་སྟེ་སེང་གེའི་ཉལ་སྟབས་དང༌། དགེ་བའི་སེམས་ཀྱིས་སྣང་བའི་འདུ་ཤེས་དང་བཅས་ཏེ་ཉལ་བས་ཞག་གསུམ་མམ་བདུན་གྱི་ཐོ་རངས་ཚུན་ཆད་དུ་ལུང་སྟོན་པའི་རྨི་ལམ་རྣམས་འབྱུང་བར་འགྱུར་རོ། །དེས་མ་གྲུབ་ན་བསྙེན་པ་དང་ལས་སྦྱོར་ཇི་སྐད་བཤད་པ་བཞིན་ལན་གསུམ་དུ་བྱས་པས་མཚམས་མེད་ལྔ་བྱས་པ་མ་གཏོགས་མི་འགྲུབ་པ་མི་སྲིད་པར་གསུངས་སོ། །གསུམ་པ་ནི། ཐོ་རངས་ཀྱི་དུས་སུ་སངས་རྒྱས་ཀྱིས་དངོས་སུ་གསུངས་པའམ། དགེ་སློང་ལ་སོགས་པའི་གཟུགས་གཞན་གྱིས་བཤད་པའམ། གང་ནས་སྐྱེས་པ་དང༌། གང་དུ་སྐྱེ་བར་འགྱུར་བའི་ཡུལ་ལམ། གཟུགས་སམ། མིང་ལ་སོགས་པས་མཚོན་པའམ། རྨི་ལམ་དུ་སྔོན་དང༌། མ་འོངས་པའི་སྐྱེ་བ་རྗེས་སུ་དྲན་པ་སོགས་གསལ་པོར་བྱུང་ན་ནམ་དུའང་བསླུ་བ་མེད་ཅིང་ངེས་པ་ཡིན་ལ། བརྡ་རྟགས་ཀྱི་སྒོ་ནས་བྱུང་ན་དཔྱད་ཤེས་པར་བྱ། ངན་སོང་དུ་སྐྱེ་བའི་མཚན་མ་བྱུང་ན་སྡིག་ལྟུང་ལ་བཤགས་སྡོམ་དང་བཅས་སླར་ཡང་བརྟགས་པས་མཐོ་རིས་སུ་སྐྱེ་བའི་མཚན་མ་འབྱུང་བ་དང༌། མཐོ་རིས་སུ་སྐྱེ་བའི་མཚན་མ་བྱུང་ན་བསག་སྦྱང་སྤྱི་དང༌། ཁྱད་པར་དག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་ལ་གོམས་པ་ལྷུར་ལེན་པ་དང༌། རྟེན་བྱིན་ཅན་གྱི་མདུན་དུ་སྨོན་ལམ་རྒྱ་ཆེར་གདབ་ཅིང༌། བླ་མ་དང་དགེ་འདུན་གྱི་སྡེ་ལའང་མཐུན་འགྱུར་ཞུ་བ་སོགས་ཡིད་ཆེས་པར་བགྱིས་ཏེ་ཕྱིས་བརྟགས་པས་དག་པའི་ཞིང་དུ་སྐྱེ་བའི་མཚན་མ་འབྱུང་བ་སོགས་རིག་པས་དཔྱད་ལ་ཤེས་པར་བྱ་ཞིང༌། གཞན་ཡང་རང་གཞན་གྱི་ལེགས་ཉེས་བདེ་སྡུག་ཀྱང་རྨི་ལམ་གྱི་སྐབས་སུ་ལུང་བསྟན་པའི་བརྡ་རྟགས་ཅི་རིགས་པ་འབྱུང་སྲིད་པས། རྨི་ལམ་བརྟག་པའི་ཐབས་དང་གཏམ་རྒྱུད་སོགས་ལས་ཇི་ལྟར་འབྱུང་བ་བཞིན་ཞིབ་མོར་གཏན་ལ་འབབ་པ་དང༌། བླང་དོར་གྱི་གནས་
ཚུལ་བཞིན་དུ་བགྱིས་ན་ཕན་བདེའི་དགེ་ལེགས་ཀྱི་འབྲས་བུ་འབྱིན་པར་གདོན་མི་ཟའོ། །དྲི་བྲལ་ནོར་བུའི་མེ་ལོང་གིས། །རྣམ་མང་གཟུགས་བརྒྱ་མཚོན་པ་ལྟར། །རྨི་ལམ་མཚན་མས་ལུང་བསྟན་ཚུལ། །འདིས་ཀྱང་གཞན་ལ་ཕན་པར་ཤོག །ཅེས་པའང་ཡིག་རྙིང་གསལ་བྱེད་ཞལ་ཤེས་དང་བཅས་པའི་ཚོགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ། ལག་ཏུ་བླང་བདེ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་སུ་ཤྲེ་ཡནྟུ།། །།
རྗེ་བཙུན་སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
རྗེ་བཙུན་སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲོལ་མ་ཞི་ཁྲོ་གཉིས་བསྒོམ་པར་འདོད་པའི་རྣལ་འབྱོར་པས། ཐོ་རངས་ལངས་ལ་ཁ་དག་པ་ལ་སོགས་པའི་གཙང་སྦྲ་བྱས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་བསྒོམས་ལ། མདུན་དུ་པདྨའི་སྡོང་པོ་ཆེན་པོ་ཞིག་གི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་མདུན་དུ་ཧྲཱིཿདཀར་པོ་དེ་གྱུར་པ་ལས་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པདྨ་འཛིན་པའི་པདྨ་ཐུགས་ཀར་ཁ་བྱེ་བའི་སྟེང་ན། རྗེ་བཙུན་མ་སྒྲོལ་མ་ལྗང་གུ་ཞི་བའི་སྐུ་བདག་ལ་ཞལ་གཟིགས་པར་བསམ། དེ་ལ་མེ་ཏོག་ལ་སོགས་པ་མཆོད་པ་ལྔས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་
ཅན་མ་ལུས་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལ་སོགས་པས་ཡན་ལག་བདུན་པ་བྱ། དེ་ནས་དེ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་བརྗོད་པས་བསྟོད། ཚར་གཉིས་པ་བརྗོད་པས་བདག་ལ་བསྟིམས་ལ། བདག་ཀྱང་རྗེ་བཙུན་མ་སྒྲོལ་མ་ལྗང་གུ་ཞི་བའི་སྐུ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་རྩ་བ་བཟུང་ནས་མེ་ཏོག་གི་འདབ་མ་རྣ་བའི་དྲུང་དུ་ཁ་ཕྱེ་བ། པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པ་གཡས་བརྐྱངས་པས་བཞུགས་པ་ཟླ་བའི་རྒྱབ་ཡོལ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་གྱི་ཤམ་ཐབས་ཅན། དབུ་སྐྲ་ལི་བ་གཡོན་གྱི་ཕྱེད་དུ་བཅིངས་པ། གཡས་ཅུང་ཟད་ཅིག་འཕྱང་བ། སྤྱི་བོ་ན་ཟླ་བ་ཚེས་པའི་སྟེང་ན་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམ་མོ། །བསྟོད་པ་ཚར་གསུམ་འདོན་ཅིང་བདག་རང་གསལ་གདབ། དེ་ནི་གཉིས་གསུམ་ཞེས་པའི་དོན་ཡིན་ནོ། །དེ་ནས་བསྟོད་པ་འདོན་པར་འདོད་ན། བདུན་དུ་མངོན་པར་བརྗོད་ན། ཞེས་བྱ་བའི་དོན་ནི། ལྷའི་སྐུ་ལ་དམིགས་ལ་བདུན་
ལ་སོགས་པ་ཇི་ལྟར་རིགས་པ་གདོན་པར་བྱའོ། །གསང་སྔགས་ཟློས་ན་སྙིང་གར་པདྨ་འདབ་བརྒྱད་ལ་དབུས་སུ་ཨོཾ་དང་ཧཱའི་བར་དུ་རང་མིང་ལ་རཀྵཿལ་སོགས་པའི་སྤེལ་ཚིག་ཇི་ལྟར་འདོད་པ་སྤེལ། འདབ་མ་རྣམས་ལ་སྔགས་ལྷག་མ་བཀོད་ལ། དེ་ལ་དམིགས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླ་བར་བྱའོ། །སྲོད་ཀྱི་དུས་སུ་ཆོ་ག་ལྷག་མ་ཐམས་ཅད་སྔ་མ་དང་འདྲ་མོད་ཀྱི། མི་འདྲ་བའི་ཁྱད་པར་ནི་སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་སྟེང་ན་བཞུགས་པའི་རྗེ་བཙུན་མ་ཁྲོ་མོའི་སྐུ་རུ་བསྒོམ། དེ་བདག་ལ་བསྟིམས་ལ། བདག་གསལ་འདེབས་པའི་དུས་སུ་བདག་ཀྱང་ཁྲོ་མོའི་སྐུ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དཀར་མོ་ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་པ་འཕྱར་བའི་ཚུལ་དུ་འཛིན་པ། ཕྱག་གཡོན་པ་ས་ལ་བརྡབས་པས་འཇིག་རྟེན་གསུམ་པོ་གཡོ་བར་བྱས་ཏེ་སྡིགས་མཛུབ་ཏུ་བྱས་ནས་ཐུགས་ཀར་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་རབ་ཏུ་ཁྲོས་པའི་སྤྱན་དམར་ཞིང་ཟླུམ་པ། ཞལ་མཆེ་བ་གཙིགས་པ། སྟག་གི་པགས་པས་ཨཾ་ག་རག་ཏུ་བྱས་པའི་སྟོད་གཡོགས། གཟིག་གི་པགས་པའི་ཤམ་ཐབས་ཀྱིས་ལོང་བུའི་བར་དུ་སླེབས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྦྲུལ་ལྗང་གུས་སེ་རལ་ཁ་ཐོགས་པ། པདྨའི་གདན་ལ་བཞེངས་ནས་བཞུགས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ནས་མེ་རི་འབར་བའི་དབུས་ན་བཞུགས་པ། སྤྱི་བོ་ན་ཟླ་བའི་སྟེང་ན་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམས་ལ་བསྟོད་པ་ཚར་གཅིག་གདོན། དེ་ནས་སྔ་མ་བཞིན་དུ་བསྟོད་པ་འདོན་ན་བྱ་གསུངས། གསང་སྔགས་ཟློས་ན་སྙིང་གར་པདྨ་འདབ་མ་བཅུ་གཉིས་པའི་ལྟེ་བར། ཨོཾ་དང་ཧཱའི་བར་དུ་མིང་སྤེལ་ལ་འདབ་མ་རྣམས་ལ་ཡི་གེ་ལྷག་མ་བཀོད་པ་དེ་ལ་དམིགས་ལ། ཨོཾ་ན་མསྟཱ་རེ་མ་«་་་་་དཔེ་ལ་ལར་ན་མོ་ཞེས་པའང་སྣང༌།» ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ། ཞེས་བཟླ་བར་བྱའོ། །དེ་ལྟར་བསྙེན་པའི་གྲངས་ནི། འབུམ་ཕྲག་བཅུ་བཟླས་ན། གནས་སྐབས་ཀྱི་
འབྲས་བུ་ལས་ཐམས་ཅད་འགྲུབ་པ་དང༌། མཐར་ཐུག་སངས་རྒྱས་འགྲུབ་པར་འགྱུར་རོ། །ཉིན་མོ་ནི་ཞི་བའི་ང་རྒྱལ། མཚན་མོ་ནི་ཁྲོ་མོའི་ང་རྒྱལ་གྱིས་གནས་པར་བྱ་བས་སྤྱོད་ལམ་བྱའོ། །སྔགས་དེ་གཉིས་ཀྱང་བསྟོད་པ་རང་གི་གསེབ་ནས་བཏུས་པ་ཡིན་ནོ། །འདི་ནི་རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་ཞེས་པའི་དོན་ཡིན་ནོ། །ལྷ་དེ་གཉིས་ཀྱི་སྐུ་མདོག་ཕྱག་མཚན་ཡང་བསྟོད་པ་རང་གི་གསེབ་ནས་བྱུང་བ་ཡིན་གསུངས། གཏོར་མ་གཏང་བར་འདོད་ན་ཅི་འབྱོར་པའི་གཏོར་མ་མདུན་དུ་བཤམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ། མདུན་གྱི་ནམ་མཁར་རྗེ་བཙུན་མ་བསྐྱེད་ལ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དེའི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མ་གསོལ་བར་བསམ་ཞིང་རང་རང་གི་སྔགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་ལ་དབུལ། དེའི་རྗེས་ལ་པཱུ་ཛ་ལྔ་དབུལ། བསྟོད་པ་ཉི་ཤུ་རྩ་གཅིག་པས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། སྤྱན་དྲངས་པ་གཤེགས་སུ་གསོལ། བསྐྱེད་པ་བདག་ལ་བསྡུ། གཏོར་མ་ས་གཙང་སར་གཏང་གསུངས་སོ།། ༈ །ན་མསྟཱ་རཱ་ཡེ། བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུང་བ་ཉིད་ཀྱང༌། །ཞེས་པ་ལ་བརྟེན་ནས་སེམས་ཅན་གནས་པ་དང་གཡོ་བའི་དུག་གིས་ཟིན་པ་ལ་ཕན་གདགས་པར་འདོད་ན་ཙཀྲ་གང་ཡང་རུང་བ་དེའི་སྤྱི་བོར་བསམ། དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་པས་དུག་གི་ནད་དང་གདོན་ཐམས་ཅད་དྲི་མའི་ལམ་ནས་ཁ་དོག་ནག་པོའི་རྣམ་པས་འཐོན་ནས་བྱུང་བསམ་ཞིང༌། ཞི་ཁྲོའི་སྔགས་གང་ཡང་རུང་བ་བཟླའོ། །རིམས་ལ་སོགས་པ་ནད་དྲག་པོ་གཞན་ལའང་སྦྱོར་གསུངས་སོ།། ༈ །ན་མསྟཱ་རཱ་ཡཻ། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། །ཅེས་པ་ལ་བརྟེན་ནས། བུ་དང་ནོར་འདོད་པས་བུམ་པ་མཚན་ཉིད་དང་ལྡན་པ་ལེགས་པར་བཅའ། ནང་དུ་སྨན་ལྔ་འབྲུ་ལྔ་
རིན་པོ་ཆེ་ལྔ་གཞུག ཁ་རྒྱན་དང་མགུལ་ཆིངས་བཅིང༌། གཟུངས་ཐག་གདགས། རས་དཀར་པོའི་སྟེང་དུ་གཞག བུམ་པའི་མགྲིན་པའི་ནང་དུ་ཙཀྲ་གང་ཡང་རུང་བ་གཅིག་བསྒོམ། དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམ་ཞིང༌། ཞི་ཁྲོ་གང་ཡང་རུང་བའི་སྔགས་བཟླ། བུམ་པའི་ཆུས་སྐྱེས་པའམ་བུད་མེད་དེའི་ལུས་བཀྲུ་ཁོང་དུའང་འཐུང་དུ་གཞུག ཡང་ཙཀྲ་དེ་གུར་གུམ་མམ་གི་ཧཾ་གིས་བྲིས་ལ་རབ་གནས་བྱས་ལ་སྐྱེས་པའི་དཔུང་པ་གཡས་ལ། བུད་མེད་ཀྱི་གཡོན་ལ། བྱིས་པའི་གང་ཡང་རུང་བའམ་མགུལ་དུ་གདགས་སོ། །བསྟོད་པ་ཉི་ཤུ་རྩ་གཅིག་པ་འདོན་དུ་གཞུག དངོས་གྲུབ་ཅི་འདོད་པ་རྗེ་བཙུན་མ་ལ་གསོལ་བ་གདབ། དེ་ལྟར་ཙཀྲ་དང་ཁྲུས་ཀྱི་ཆོ་ག་དེས་བུ་འདོད་པ་དང་ནོར་འདོད་པའང་འགྲུབ་པར་འགྱུར་རོ། །གཞན་ཡང་རིམས་དྲག་པོ་དང༌། ནད་དང༌། གདོན་དང༌། འབྱུང་པོའི་བར་ཆད་གང་ཡང་རུང་བ་ལ། ཆོ་ག་འདིས་ཕན་གདགས་པར་གསུངས་སོ། །ཤིན་ཏུ་བྱིན་རླབས་ཆེ་བའི་རྗེ་བཙུན་མའི་ལས་ཁ་ཚར་བ་རྫོགས་སོ། །འདིའི་བརྒྱུད་པ་ནི། ཇོ་བོ་ཏེ་ལོ་པས། ནཱ་རོ་པ་ལ། དེས་བླ་མ་ཕམ་ཐིང་པ་ལ། དེས་མལ་གྱོ་ལོ་ཙཱ་བ་ལ། དེས་བླ་མ་ས་སྐྱ་པ་ལ། དེས་བླ་མ་བཀྲ་ཤིས་འོད་ལ་གནང་ངོ༌།། ༈ །ཇོ་མོ་ལ་གསོལ་བ་འདེབས་པར་འདོད་ན། སྐུའི་དྲུང་དུ་མཆོད་པ་ཚར་གཅིག་དང༌། དགེ་སློང་བཞི་སྡེ་གཅིག་གིས་དང་པོར་སངས་རྒྱས་འདུས་སྐུ་ལ་སོགས་པས་ཕྱག་བྱ། མེ་ཏོག་དོར། མཆོད་པ་ཚར་གཅིག་དབུལ། ཡན་ལག་བདུན་པ་བསྡུས་པ་རེ་བྱ། དེ་ནས་ལྷ་དང་ལྷ་མིན་ཞེས་པས་ཕྱག་བདུན་བྱས་མེ་ཏོག་དོར། མཆོད་པ་འབུལ་བ་ལ་སོགས་པ་ཡན་ལག་བདུན་པ་བསྡུས་པ་རེ་བྱ། གོང་གི་དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་དྲངས་ལ་བསྟོད་པ་ཚར་གཉིས་གདོན་པར་བྱའོ། །འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་ཕྱག་ལ་སོགས་པ་སྔར་བཞིན་བྱས་ལ་བསྟོད་པ་ལན་གསུམ་གདོན་པར་བྱའོ། །ལན་གསུམ་པ་ལ་
བསྟོད་པ་ཚར་བདུན་གདོན་པར་བྱའོ། །ཕྱག་འཚལ་ཞེས་པའི་སྐབས་སུ་ཡིད་ཀྱིས་ཕྱག་རེ་བྱའོ། །འདི་རྨི་ལམ་དང་མཚན་མ་ངན་པ་དང༌། ཐུགས་མ་བདེ་བ་ལ་སོགས་པ་ལ་བྱས་ན་བཟློག་པར་འགྱུར་རོ། །མ་འཚོགས་ན་རང་གཅིག་པུས་ཀྱང་བྱར་བཏུབ་བོ། །མཎྜལ་བཞི་པའི་མན་ངག་རྫོགས་སོ། །མངྒ་ལཾ།། ༈ །འཕགས་པ་སྤྱན་རས་གཟིགས་དབང་དང༌། །སྒྲོལ་མ་ཞི་ཁྲོ་ལ་བཏུད་ནས། །ཉིན་ཞི་མཚན་ཁྲོ་སྒྲུབ་པའི་ཐབས། །ལག་ལེན་ངག་འདོན་གསལ་པོར་བཀོད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་མདུན་ཏུ་སྡོང་པོ་དང་བཅས་པའི་པད་གདན་དང༌། ཟླ་བ་ལ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཕྱག་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། པདྨ་ཐུགས་ཀར་ཁ་བྱེ་བའི་སྟེང་དུ་ཏཱྃ་ལས་རྗེ་བཙུན་མ་སྒྲོལ་མ་ཞི་བ། རང་ཉིད་ལ་དགྱེས་པའི་སྤྱན་གྱིས་གཟིགས་པར་བསམ། པུཥྤེ་ནས། ནཻ་ཝི་དྱའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་ཚར་གསུམ། ཕྱག་འཚལ་ཉེར་གཅིག་ཚར་གཅིག ཡིད་ཀྱིས་གསོལ་བ་དྲག་ཏུ་བཏབ་པས་རྗེ་བཙུན་མ་རང་ཉིད་ལ་ཐིམ། རང་ཉིད་སྒྲོལ་མ་ཞི་བ་ལྗང་སྔོན་གཡས་མཆོག་སྦྱིན། གཡོན་ཨུཏྤལ་སྔོན་པོ་འཛིན་པ། ཞབས་གཡས་བརྐྱང་གི་རོལ་པས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། དབུ་སྐྲ་ཕྱེད་གཡོན་པར་བཅིངས་ཤིང་གཡས་ཅུང་ཟད་འཕྱང་བ། སྤྱི་བོ་ན་ཟླ་བ་ཚེས་པའི་སྟེང་དུ་འོད་དཔག་མེད་ཀྱིས་མཚན་པའོ། །བསྟོད་པ་ཚར་གཉིས་བཏོན་ཏེ་རང་ཉིད་ལྷར་གསལ་དྲག་ཏུ་བཏབ། བསྟོད་སྒྲུབ་ཏུ་བྱེད་ན། ལྷ་ལ་དམིགས་ནས་སླར་ཚར་ལྔ་བཏོན་པས་བདུན་དུ་འགྱུར་ལ། དེ་ཉིད་ཐུན་བཞི་ལ་སོགས་པར་བསྒོམ་པ་ནི་མ་མཐའ་ཡིན་ལ། བསྟོད་པ་ཇི་ཙམ་མང་བ་དེ་བཟང་བ་ཡིན་ནོ། །བཟླས་པ་ལ་མོས་ན་མན་ངག་ལྟར་དམིགས་པ་གསལ་བཏབ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ། །རྗེས་སྤྱན་རས་གཟིགས་ལ་མཆོད་
བསྟོད་ཞིག་བྱས་ལ་དགེ་བ་བསྔོ། མཚན་མོ་གཞན་སྔ་མ་དང་འདྲ་བ་ལས། པདྨ་ཐུགས་ཀར་ཁ་བྱེ་བའི་སྟེང་དུ། ཧཱུྃ་ལས་རྗེ་བཙུན་མ་སྒྲོལ་མ་ཁྲོ་མོ་ཞེས་པ་དང༌། རྗེ་བཙུན་མ་བདག་ལ་ཐིམ་པས། རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ་ལྷག་པར་ཁྲོས་པ། སྤྱན་གསུམ་སྐྲ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་རྡོ་རྗེ་འཕྱར་ཞིང༌། གཡོན་ས་ལ་རྡེབ་ཅིང་ཐུགས་ཀར་སྡིགས་མཛུབ་མཛད་པ། སྟག་ལྤགས་ཀྱི་སྟོད་གཡོགས་དང༌། གཟིག་ལྤགས་ཀྱི་ཤ་འགག་ཅན། རིན་པོ་ཆེའི་རྒྱན་དང་སྦྲུལ་ལྗང་གུས་སེ་རལ་ཁ་འཕྱང་བ། སྤྱི་བོ་ན་ཟླ་ཚེས་ཀྱི་སྟེང་དུ་འོད་དཔག་མེད་ཀྱིས་མཚན་པ། མེ་ཕུང་འབར་བའི་དབུས་ན་པད་ཉི་ལ་གཡས་བསྐུམ་གཡོན་བརྐྱང་པས་བཞུགས་པའོ་ཞེས་དང༌། བཟླས་པའི་སྐབས། ཨོཾ་ན་མསྟཱ་རེ་མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ། ཞེས་བཟླ་བ་རྣམས་ཁྱད་པར་རོ། །གཏོར་མ་ཇི་ལྟར་འབྱོར་པ་ཞིག་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས། ཏཱྃ་ལས་སྒྲོལ་མ་ཞི་བ། ཧཱུྃ་ལས་སྒྲོལ་མ་ཁྲོ་མོ་རྣམས་སྐད་ཅིག་ཙམ་གྱིས་གསལ་བཏབ་སྟེ། ཡེ་ཤེས་པ་སྤྱན་དྲང༌། ཞི་ཁྲོའི་སྔགས་གཉིས་པོ་སྦྲེལ་བའི་མཐར། ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ་སྟེ། བཛྲ་མུཿགཤེགས་སུ་གསོལ། འདིའི་རྗེས་གནང་ནི། མཎྜལ་ཚོམ་བུ་གསུམ་མཆོད་གཏོར་དང་བཅས་པ་བཤམ། སློབ་དཔོན་གྱིས་གོང་དུ་བཤད་པ་ལྟར་ཞི་ཁྲོ་གཉིས་ཀའི་སྒྲུབ་པ་གཏོར་འབུལ་དང་བཅས་པ་བྱ། སློབ་མ་ལ་རྗེས་གནང་འབོགས་པའི་ངོ་བོ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་དང་འདྲ་བ་ལས། ཐོག་མར་སྒྲོལ་མ་ཞི་བའི་མངོན་རྟོགས་གོང་ལྟར་ཕོག དེ་ནས་སྒྲོལ་མ་ཁྲོ་མོའི་མངོན་རྟོགས་ཕོག དེ་བཞིན་དུ་རྗེས་སུ་བཟླས་པའི་ལུང་གཉིས་རིམ་པས་ཕོག དམ་བཅའ་བའི་ལུང་མན་ཆད་གཅིག་གིས་ཆོག་
པར་བྱའོ། །ཆོས་སྐོར་ཀུན་ལས་ཆེས་བསྡུས་ཤིང༌། །མ་ཚང་མེད་པ་ཡིད་དགའི་གནས། །བདག་སྙིང་ཡ་མཚན་ཆེར་སྐྱེས་ཏེ། །གསལ་པོར་བསྒྲིགས་པ་ཨེ་མ་ཧོ། །སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། ༈ །རྗེ་བཙུན་སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་ལ་བརྟེན་པའི་བསྟོད་སྒྲུབ་ཤེལ་གྱི་པི་ཝང་ཞེས་བྱ་བ་བཞུགས། །གང་སྐུ་མཛེས་སྡུག་རི་མོ་ཡིད་ལ་བཀོད། །སྙན་འཇེབས་བསྟོད་པའི་རྒྱུད་སྟོང་འཁྲོལ་ཤེས་ན། །མདོན་འདོད་འབྲས་བུས་རེ་སྐོང་རྗེ་བཙུན་མའི། །བསྟོད་སྒྲུབ་ཤེལ་གྱི་པི་ཝང་འདི་ན་སྒྲེང༌། །དེའང་རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་གིས་བསྟོད་ཀྱིན་སྒྲུབ་པའི་ཚུལ་ལ། ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་རྗེ་བཙུན་མ་བསྒྲུབ་པར་བགྱིའོ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་འགྲོ། །བདག་གིས་སྦྱིན་སོགས་བགྱིས་པའི་དགེ་བས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཐོབ་ཤོག །ཅེས་ལན་གསུམ། དེ་ནས་དོན་ཡིད་ལ་དྲན་པས་འདི་སྐད་དོ། །མདུན་དུ་སྡོང་བུ་རབ་རྒྱས་རྩེ་མོར། །ཆུ་སྐྱེས་འདབ་སྟོང་གེ་སར་དགོད་པར། །བུང་བ་མྱོས་པའི་གླུ་ལེན་དབུས་ན། །དཀར་བསིལ་ཟླ་བ་རྒྱས་པའི་གདན་སྟེང༌། །ཧྲཱིཿདཀར་འོད་ཀྱི་དྲྭ་བ་དཀྲིགས་ལས། །ལེགས་སྐྱེས་ལྷ་མཆོག་སྤྱན་རས་གཟིགས་དབང༌། །དར་བབ་ལང་ཚོ་ཟླ་ཞལ་རྒྱས་པ། །སྤྱན་ཟུང་ཟིམ་མེར་འགྲོ་ལ་གཟིགས་པས། །དགྱེས་འཛུམ་དཀར་པོས་མདུན་ནས་བསུ་སྙམ། །སྤྱི་བོར་འོད་དཔག་མེད་པས་མཚན་ཞིང༌། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་བཞུགས། །རི་དྭགས་ལྤགས་པས་མྱོས་བུམ་བཀབ་ནས། །འཇའ་ཚོན་ལ་འཁུ་སྣ་ཚོགས་དར་དང༌། །སིལ་སིལ་སྒྲ་འཁྲོལ་རིན་ཆེན་རྒྱན་མཛེས། །མུ་ཏིག་འཁྲི་ཤིང་ལྟ་བུའི་ཕྱག་གཡས། །མཆོག་སྦྱིན་བརྒྱང་ཞིང་གཡོན་པས་པདྨའི། །ཡུ་བ་མཐེབ་མཛུབ་ཀྱིས་
བཟུང་འདབ་སྟོང༌། །ཐུགས་ཀའི་ཐད་ཀར་བྱེ་བའི་དབུས་ན། །རྒྱལ་བའི་ཡུམ་གྱུར་འཕགས་མ་སྒྲོལ་མ། །མར་གད་འཁྲི་ཤིང་གཞོན་ནུ་ལྡེམ་འདྲ། །སྐེད་སྐབས་ཕྲ་ལྡེམ་ནུ་འབུར་མངོན་མཐོ། །ཟུར་གྱིས་ལྟ་སོགས་ཡིད་འཕྲོག་ཚུལ་འཆང༌། །རིན་ཆེན་གསེར་གྱི་སོར་གདུབ་སྤྲས་པའི། །ཕྱག་གཡས་མཆོག་སྦྱིན་རེས་འགའ་སྐྱབས་སྦྱིན། །ཅིག་ཤོས་སྡོང་བུ་བཟུང་བའི་ཨུཏྤལ། །འབྲས་བུ་མེ་ཏོག་གོང་བུ་གསུམ་མཛེས། །ལེགས་བྲིས་གོས་དང་རིན་ཆེན་རྒྱན་འཆང༌། །འཇམ་མཉེན་ཞབས་གཉིས་རོལ་པའི་སྟབས་མཛད། །འཁོར་བ་ངན་སོང་འཇིགས་ལས་བསྐྱབ་སླད། །ཞལ་འཛུམ་མུ་ལེར་བདག་ལ་གཟིགས་བཞུགས། །ལྷ་རྫས་མེ་ཏོག་སྤོས་དང་མར་མེ། །དྲི་ཞིམ་རོ་བརྒྱའི་བཟའ་བས་མདུན་བདར། །གྲངས་མེད་སྐྱེ་བར་བསགས་པའི་སྡིག་ལྟུང༌། །གཉེན་པོ་སྟོབས་བཞི་ལྡན་པས་མཐོལ་བཤགས། །འཁོར་འདས་དགེ་བའི་ཆུ་གཏེར་བྱེ་བ། །ཡི་རང་ཟླ་གཞོན་འོད་ཀྱིས་ཆེར་སྤེལ། །བདག་དང་ཕུང་པོ་རྣམ་རིག་གིས་སྟོང༌། །སངས་རྒྱས་བྱང་ཆུབ་སེམས་མཆོག་གཟུང་ངོ༌། །བླ་མ་དཀོན་མཆོག་གསུམ་འདུས་ཁྱེད་ནི། །བྱང་ཆུབ་བར་གྱི་སྐྱབས་སུ་གཟུང་བགྱི། །གཞན་དོན་སངས་རྒྱས་སྒྲུབ་པར་དམ་བཅའི། །རྡོ་རྗེའི་མདུད་པ་སྙིང་ལ་འཆའོ། །གང་འཚམས་ཐབས་མཁས་སྔགས་ཀྱི་སྤྱོད་པས། །སེམས་ཅན་རྒྱ་མཚོ་སྨིན་ཅིང་གྲོལ་བགྱི། །རྣམ་དཀར་དགེ་བའི་བི་ཤྭ་ཀརྨས། །ལྷུན་གྲུབ་སྐུ་གསུམ་གཟུགས་བརྒྱ་བསྐྲུན་ཤོག །ཅེས་དང༌། དེ་ནས་སྒྲོལ་མའི་སྐུ་དེ་ཉིད་ལ་དམིགས་ཏེ་ཡི་གེ་བཅུ་པ་ཅི་ནུས་ཤིག་«་་་་་སྤྲོ་ན་སྒྲོལ་མའི་གཟུངས་རིང་ཡང་བཟླ། »བཟླས་ལ། བདག་ཉིད་རྣམ་པར་སྣང་མཛད་ཡིན་སྙམ། །བྲག་ཅའི་སྒྲ་དབྱངས་སྙན་པོས་བསྟོད་པ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་སོགས་བསྟོད་པ་ཉི་ཤུ་རྩ་གཅིག་པ་ཅི་ནུས་ཀྱི་མཐར། ལྷ་མོ་ལ་གུས་ཡང་དག་ལྡན་པའི་སོགས་ནས། བགེགས་རྣམས་མེད་ཅིང་སོ་སོར་
འཇོམས་གྱུར་ཅེས་པའི་བར་རམ། ལུང་བསྟན་པར་ཡང་བདག་གིས་དེ་ཐོབ་ཤོག་ཅེས་པའི་བར་བརྗོད་ལ། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་མཛོད། །མདུན་གྱི་ལྷ་གསུམ་འོད་དུ་ཞུ་གྱུར། །རང་དང་དབྱེར་མེད་འདྲེས་པའི་ངང་ལས། །རང་ཉིད་སྒྲོལ་མ་ཡིད་འཕྲོག་ཆ་ལུགས། །སྤྱི་བོར་འོད་དཔག་མེད་པས་མཚན་གྱུར། །ཅེས་བརྗོད་ལ། སླར་ཡང་བསྟོད་པ་ཉི་ཤུ་རྩ་གཅིག་པ་འདོན་པའམ། སྔགས་བཟླ་བར་འདོད་ན། སྙིང་གའི་པད་ཟླར་ཏཱྃ་གྱི་མདུན་རྒྱབ། །ཨོཾ་ཧཱ་བར་དུ་བདག་གི་ཚེ་དང༌། །བསོད་ནམས་ཡེ་ཤེས་རྒྱས་པར་མཛོད་ཅིག །འདབ་བརྒྱད་ཡི་གེ་བརྒྱད་པོས་བསྐོར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཡི་གེ་བཅུ་པ་བཟླས་ལ། དགེ་བ་འདི་ཡིས་མྱུར་དུ་བདག་གིས། །རྗེ་བཙུན་སྒྲོལ་མ་འགྲུབ་པར་གྱུར་ནས། །འགྲོ་བ་རྒྱ་མཚོ་མ་ལུས་པར་ཡང༌། །དེ་ཡི་གོ་འཕང་འཁྲིད་པར་གྱུར་ཅིག །ཅེས་པའི་བསྔོ་བ་དང་སྨོན་ལམ་བྱའོ། །ཡང་སྲོད་དུས་སམ་གདོན་བགེགས་ཆེ་བའི་གནས་སུ་སྡོད་པའི་ཚེ་སྒྲོལ་མ་ཁྲོ་མོ་བསྒོམ་པའི་ཚུལ་ནི། རྒྱལ་བའི་ཡུམ་གྱུར་འཕགས་མ་སྒྲོལ་མ། །ཞེས་པ་ཡན་ཆད་སྔར་བཞིན་དང༌། ཟླ་ཤེལ་འཁྲི་ཤིང་གཡོ་འདྲའི་ཁྲོ་མོ། །སྤྱན་གསུམ་དམར་ཟླུམ་མཆེ་བ་རབ་གཙིགས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་ཚུལ། །ཅིག་ཤོས་ཕྱག་མཐིལ་ས་ལ་བརྡབས་པས། །ས་གསུམ་ཡམ་མེར་གཡོ་བར་བྱས་སླར། །སྡིགས་མཛུབ་འབར་བ་ཐུགས་ཀར་རབ་སྒྲེང༌། །རིན་ཆེན་རྒྱན་དང་ལྟོ་འཕྱེའི་ག་ཤལ། །སྟག་གཟིག་ལྤགས་པས་སྟོད་སྨད་གཅེར་སྐྱོབ། །མེ་དཔུང་ཀློང་ན་བརྐྱང་བསྐུམ་སྟབས་མཛད། །བྱང་ཆུབ་སྒྲུབ་པའི་བགེགས་དགྲ་གཞོམ་སླད། །སྨིན་འཁྱོག་གཡོན་ཕྱོགས་ལྟ་བའི་ཚུལ་བཞུགས། །ལྷ་རྫས་མེ་ཏོག་མ་ཡན་ཆད་གོང་དང་འདྲ་བར་བརྗོད། རང་ལ་
བསྟིམ་པའི་ཚེ། རང་ཉིད་སྒྲོལ་མ་ཁྲོ་མོའི་ཆ་ལུགས་ཞེས་བསྒྱུར། སྔགས་བཟླ་བར་འདོད་ན། སྙིང་གའི་པད་ཟླར་ཏཱྃ་གྱི་མདུན་རྒྱབ། །ཨོཾ་ཧཱ་བར་དུ་བདག་ནི་ནད་དང༌། །གདོན་བགེགས་འཇིགས་པ་ཀུན་ལས་སྲུངས་སྲུངས། །བཅུ་གཉིས་འདབ་མར་ཡི་གེ་གསལ་གྱུར། །ཅེས་བརྗོད་ལ། ཨོཾ་ན་མསྟཱ་རེ་མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ། ཞེས་པ་བཟླ། དགེ་བ་བསྔོ་བ་སོགས་སྔར་དང་འདྲའོ། །དེ་ལྟ་བུའི་ཚུལ་གྱིས་བསྟོད་པ་འདོན་པ་ལ་བརྩོན་པར་བྱས་ན་གཞུང་ནས་བསྟན་པའི་ཕན་ཡོན་རྣམས་འབྱུང་བ་ནི་མི་བསླུ་བ་ཉིད་དོ། །སྨྲས་པ། འཕགས་མཆོག་ཕྱག་ན་པདྨས་མཚན་པའི་ལྷ། །བྱང་ཆུབ་སྤྱད་པ་དཔག་ཡས་སྤྱོད་པ་ན། །གདུལ་དཀའི་མི་སྲུན་གཟིགས་པའི་སྙིང་རྗེའི་ཤུགས། །མཆི་མའི་རྒྱུན་ཆེན་ལས་འཁྲུངས་སྒྲོལ་མ་ཞེས། །འདིས་ཀྱང་འགྲོ་ཚོགས་སྲིད་པའི་ཆུ་གཏེར་ལས། །སྒྲོལ་བའི་གཡར་དམ་རྨད་བྱུང་ལྷུན་པོའི་ཁུར། །དཀའ་སྤྱད་ཕྲག་པར་བཀོད་ལ་རྣམ་པར་སྣང༌། །དགྱེས་པའི་དབྱངས་ཀྱིས་བསྔགས་པ་ཉི་ཤུ་གཅིག །སུ་ཞིག་མགྲིན་པར་བརྒྱན་པའི་གཡར་ལམ་དུ། །དགྱེས་པའི་ཞལ་བཟང་སྟོན་པའི་བསྟོད་སྒྲུབ་ཚུལ། །ས་སྐྱའི་བླ་ཆེན་ཞལ་ལུང་གདམས་པའི་མཚོ། །བསྲུབས་ལས་སྐྱེས་པའི་ཀུན་ཕན་དཀྱིལ་འཁོར་འདི། །ལེགས་བྲིས་དགེ་བའི་རིན་ཆེན་ཟམ་སྟེགས་བརྟེན། །འགྲོ་ཚོགས་འཁོར་བ་ངན་སོང་འཇིགས་བརྒྱད་ཀྱི། །ཆུ་བོ་ལས་བརྒལ་བདེ་ལྡན་མགོན་པོ་ཡི། །ལེགས་གསུང་བདུད་རྩི་འཐུང་བ་ཉིད་གྱུར་ཅིག །ཅེས་རྗེ་བཙུན་སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉི་ཤུ་རྩ་གཅིག་ལ་བརྟེན་པའི་བསྟོད་སྒྲུབ་ཤེལ་གྱི་པི་ཝང་ཞེས་བྱ་བ་འདི་ནི། སྒྲོལ་བསྟོད་ཐུགས་དམ་གྱི་སྙིང་པོར་བཅང་བ་ལྡན་ཤོད་ས་འཛིན་དམ་པ་མགོན་པོ་རྣམ་རྒྱལ་གྱིས་བསྐུལ་བ་འཕྲལ་དུ་མ་འགྲུབ་པར་འགྱངས་པར་གྱུར་པ་སླར་རབ་བྱུང་འདོད་པའི་འཛིན་བྱེད་ཀྱི་གནམ་ལོའི་འབྲས་ལྡན་ཁྲུམས་ཀྱི་ཟླ་བའི་
དམར་ཕྱོགས་ཀྱི་དགའ་བ་གསུམ་པར་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་འབོད་པས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་བྲིས་པ་འགྲོ་ལ་ཕན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། ༈ །རྗེ་བཙུན་སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་རྗེས་མན་ངག་གི་གསལ་བྱེད་ཕན་བདེའི་ཟླ་འོད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། དངོས་གྲུབ་མཆོག་སྩོལ་སྒྲོལ་མ་ཡུམ། །ཞི་དང་ཁྲོ་མོའི་རྣམ་རོལ་ཅན། །དབྱེར་མེད་བླ་མ་ལ་བཏུད་ནས། །སྒྲུབ་རྗེས་མན་ངག་ཅུང་ཟད་དབྱེ། །འདི་ལ་གསུམ། སྒྲུབ་ཐབས་དང༌། རྗེས་གནང་གི་གསལ་བྱེད། མན་ངག་གི་ངེས་པའོ། །དང་པོ་ནི། འདིའི་བསྙེན་སྒྲུབ་ཉམས་སུ་ལེན་པར་འདོད་པས། གནས་དབེན་པར་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་དགྲམ་པའི་སྤྱན་སྔར་མཆོད་གཏོར་བཤམ། མཚམས་དམ་པར་བཅད། སྒྲུབ་ཐབས་ཀྱི་ཡིག་ཆ་རྗེ་བཙུན་རྡོ་རྗེ་འཆང་གྲགས་པ་རྒྱལ་མཚན་གྱིས་མཛད་པའམ། རྗེ་ཀུན་སྙིང་གི་གསུང་སོགས་ཚད་ལྡན་གྱི་གཞུང་གང་ལ་བརྟེན་ཡང་རུང་མོད། འདིར་སྔ་མ་ལྟར་ཉམས་སུ་ལེན་པའི་དབང་དུ་བྱས་ན། ཐོ་རངས་ཀྱི་དུས་སུ་ལངས་ལ་ཨ་མྲྀ་ཏེ་བཟླས་པའི་ཆབ་ཀྱིས་ཁ་བཤལ་ཞིང་གདོང་ལ་སོགས་པ་དག་པར་བྱས་ཏེ་སྟན་བདེ་བར་འདུག གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་སྐྱབས་འགྲོ་སྤྱི་ལྟར་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་སྒྲོལ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་གནས་པའི་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་བཀོད་པ་ལྟར་མཛེས་ཤིང་ཡིད་དུ་འོང་བའི་དབུས། རང་གི་མདུན་གྱི་ཆར་པདྨའི་ནས། རྗེ་བཙུན་སྒྲོལ་མ་ལྗང་གུ་ཞི་བའི་སྐུ་ཞལ་གཅིག་ཕྱག་གཉིས་སོགས་ནས། དབུར་བརྒྱན་པ་ཞེས་པའི་
བར་དཀྱུས་ནས་འབྱུང་བ་ལྟར་གསལ་བཏབ་ལ། བདག་ལ་ཤིན་ཏུ་དགྱེས་པའི་ཚུལ་གྱིས་ཞལ་གཟིགས་ཤིང་བཞུགས་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། ཕྱག་འཚལ་ཉེར་གཅིག་ཚར་གཅིག་གིས་བསྟོད་ལ་གསོལ་བ་གདབ་པ་ནི་སྦྱོར་བའོ། །དངོས་གཞི་ལ། སླར་ཡང་ཕྱག་འཚལ་ཉེར་གཅིག་ཚར་གཅིག་གིས་བསྟོད་པས། མདུན་གྱི་རྗེ་བཙུན་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མ་ནས། དབུར་བརྒྱན་པར་གྱུར། དེ་བརྟེན་པར་བྱ་བའི་སླད་དུ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་བརྗོད་ལ། ལྷ་སྐུ་སྒྱུ་མ་ལྟ་བུའི་གསལ་སྣང་ལ་ཡུན་རིང་དུ་སེམས་འཛིན། ཐུགས་རྒྱུད་སྐུལ་བའི་ཚུལ་དུ་ལྷ་སྐུ་ལ་སེམས་བཟུང་ནས་བསྟོད་པ་ཚར་བདུན་བཏོན་པ་སྟེ། དེ་ནི་གཞུང་ལས། གཉིས་གསུམ་བདུན་ཏུ་མངོན་པར་བརྗོད་ན་ཞེས་གསུངས་པའི་དོན་ཏོ། །དེ་ནས་བཟླས་དམིགས་ནི། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཏཱྃ་ལྗང་གུ། དེའི་མཐའ་སྐོར་དུ་ཨོཾ་བདག་ལ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ་ཧཱ། འདབ་མ་བརྒྱད་ལ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ་ཞེས་པའི་སྔགས་ཀྱི་ཡི་གེས་མཚན་པར་ཀློག་པའི་ཚུལ་གྱིས་སེམས་འཛིན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཚེ་སྤེལ་བ་སོགས་ཀྱི་ཆེད་དུ་བྱེད་ན། གོང་གི་སྤེལ་ཚིག་གི་ཚབ་ཏུ། ཨོཾ་བདག་གི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་མཛོད་ཅིག་ཧཱ་ཞེས་སྦྱར་བ་ཙམ་ཁྱད་པར་རོ། །མཐར་གཏང་རག་གི་ཚུལ་དུ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་སོགས་ཀྱིས་ཡན་ལག་བདུན་པ་དབུལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་སོགས་ཀྱིས་གསོལ་བ་གདབ་པ་ནི་དངོས་གཞིའོ། །ཐུན་ལས་ལྡང་བར་འདོད་ན། མདུན་གྱི་སྤྱན་རས་གཟིགས་
ལ་དམིགས་ཏེ། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་གདབ། ལྷ་མི་དམིགས་པར་བསམ་པའམ་རང་ལ་བསྟིམ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱ་སྟེ་མཇུག་གི་རིམ་པའོ། །ཐུན་མཚམས་སུ་གཏོར་མ་གཏང་བར་འདོད་ན། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གསུམ། མདུན་གྱི་ནམ་མཁར་སྐད་ཅིག་གིས་སྒྲོལ་མ་ལྗང་གུ་ནས། དབུར་བརྒྱན་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མ་གསོལ་བས་མཉེས་པར་བསམས་ལ། ཡི་གེ་བཅུ་པ་ལན་གསུམ་བདུན་ཉེར་གཅིག་གང་རུང་གྱིས་དབུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱའི་བར་གྱིས་མཆོད། ཕྱག་འཚལ་ཉེར་གཅིག་གིས་བསྟོད། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ནས། འཕེལ་ཞིང་རྒྱས་པར་མཛོད། །ཅེས་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ་བསྔོ་སྨོན་ཤིས་བརྗོད་བྱ། སྤྱོད་ལམ་ཐམས་ཅད་དུའང་རྗེ་བཙུན་མའི་ང་རྒྱལ་གྱིས་ཚོགས་གཉིས་སྡུད་ཅིང༌། ཁྱད་པར་མཎྜལ་བཞི་པའི་མཆོད་པ་སོགས་ཀྱང་ཇི་ལྟར་ནུས་པར་བསྒྲུབ་སྟེ་ཐུན་མཚམས་ཀྱི་བྱ་བའོ། །དེ་ལྟ་བུའི་རིམ་པས་ཉིན་མོ་ཐུན་གཉིས་སུ་རྣལ་
འབྱོར་ལ་བརྩོན་པ་ནི་སྒྲོལ་མ་ཞི་བའི་རྣལ་འབྱོར་རོ། །མཚན་མོ་སྲོད་ཐུན་ནས་བརྩམས་ཏེ་ཆོ་གའི་ཆིངས་གཞན་གོང་དང་འདྲ་བ་ལ། སྒྲོལ་མ་ཞི་བའི་ཚབ་ཏུ་ཁྲོ་མོ་མངོན་རྟོགས་ནས་འབྱུང་བ་ལྟར་གསལ་བཏབ། བཟླས་པའི་སྐབས། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བཅུ་གཉིས་པའི་ལྟེ་བར་ཏཱྃ་དཀར་པོ། དེའི་མཐར་ཨོཾ་སོགས་སྤེལ་ཚིག་གོང་ལྟར་དང༌། འདབ་མ་བཅུ་གཉིས་ལ། ན། མསྲ། ཏཱ། རེ། མ། ནོ། ཧ། ར། ཧཱུྃ། ཧ། ར། སྭཱ་ཞེས་པའི་སྔགས་ཀྱི་ཡི་གེས་མཚན་པར་བསམ་པ་ཁྱད་པར་དང༌། གཏོར་མ་འབུལ་བ་དང་ཐུན་མཚམས་ཀྱི་བྱ་བ་གཞན་མ་གྲུབ་ཀྱང་རུང་ཞིང༌། ཉལ་བའི་རྣལ་འབྱོར་སོགས་སྒྲོལ་མ་ཁྲོ་མོའི་ང་རྒྱལ་གྱིས་བྱའོ། །བསྙེན་པའི་ཚད་ནི། ཞི་ཁྲོ་གཉིས་ཀ་སོ་སོར་འབུམ་ཕྲག་བཅུའམ། ཡང་ན་ཞི་བའི་བསྙེན་པ་གཙོར་བྱས་ནས་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་བཟླ་ཞིང༌། ཁྲོ་མོའི་བསྙེན་པ་ཇི་ལྟར་རིགས་པ་བཟླས་པས་ཀྱང་རུང་ལ། གཏོར་མ་ཐུན་ཐམས་ཅད་ཀྱི་མཐར་འབུལ་མ་གྲུབ་ན། སྔ་ཐུན་གྱི་མཇུག་ཏུ་ཞི་བ་དང༌། སྲོད་ཐུན་གྱི་མཇུག་ཏུ་ཁྲོ་མོར་འབུལ། དེ་ཡང་མ་གྲུབ་ན་སྔ་ཐུན་གྱི་མཇུག་ཏུ་གཏོར་མ་བྱིན་གྱིས་བརླབ། མདུན་གྱི་ནམ་མཁའི་གནས་སུ་སྤྱན་རས་གཟིགས། གཡས་སུ་སྒྲོལ་མ་ཞི་བ། གཡོན་ཏུ་ཁྲོ་མོ་རྣམས་སྐད་ཅིག་གིས་གསལ་བར་བསམས་ལ་ཡེ་ཤེས་པ་བསྟིམ། སྔགས་གཉིས་ཀ་སྦྲེལ་བས་ལན་བདུན་སོགས་འབུལ། མཆོད་བསྟོད་མན་གོང་ལྟར་བྱས་པས་འགྲུབ་བོ། །བསྙེན་པ་གྲུབ་ནས། བསྟོད་སྒྲུབ་དམིགས་བསལ་བྱེད་ན་ཐུན་གྱི་དངོས་གཞིར་བསྟོད་པ་གཙོ་བོར་བྱས་ཏེ་གྲངས་བཟུང་ལ་ཁྲི་འབུམ་སོགས་ཇི་ལྟར་རིགས་པ་འདོན། རྒྱུན་གྱི་རྣལ་འབྱོར་ལའང་བསྟོད་པ་ཉིད་གཙོ་བོར་བྱ་བར་གསུངས་སོ། །གཉིས་པ་རྗེས་གནང་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཎྜ་ལར་ཚོམ་བུ་གསུམ་བཀོད། མདུན་དུ་མཆོད་གཏོར་
བཤམ། མཆོད་པ་བསངས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་སོགས་སྤྱི་ལྟར་ལས། ལྷ་རྫས་ལས་གྲུབ་པའི་མེ་ཏོག་ནས། ཞལ་ཟས་རྣམས་དྭངས་ཤིང་སོགས་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱའི་བར་གྱིས་བྱིན་བརླབ། སྐྱབས་སེམས་ནས་བརྩམས་ཏེ་སྒྲོལ་མ་ཞི་བའི་བཟླས་པའི་བར་གོང་ལྟར་གྲུབ་རྗེས། སླར་ཡང་མདུན་གྱི་ནམ་མཁར་བཞུགས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀར་པདྨའི་སྟེང་དུ་རྗེ་བཙུན་སྒྲོལ་མ་ཁྲོ་མོའི་སྐུ་སོགས་ནས་བཟླས་པའི་བར་བྱ། དེ་ནས་མདུན་གྱི་འཕགས་པ་རང་ལ་བསྟིམ། རང་སྐད་ཅིག་གིས་སྒྲོལ་མ་ཞི་བའི་སྐུར་བསམས་ལ། ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་མདུན་དུ་པདྨའི་སྡོང་པོ་ཆེན་པོ་ཞིག་གི་སྟེང་དུ་ནས། པདྨ་ཐུགས་ཀར་ཁ་བྱེ་བ། དེའི་གཡས་སུ་རྗེ་བཙུན་སྒྲོལ་མ་ལྗང་གུ་ནས་དབུར་བརྒྱན་པ། གཡོན་དུ་སྒྲོལ་མ་ཁྲོ་མོའི་སྐུ་ནས། དབུར་བརྒྱན་པ་ཞེས་པའི་བར་གྱིས་དམ་ཚིག་པ་གསལ་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། མཆོད་པ་བསང་སྦྱང་བྱིན་བརླབ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་དང༌། ཕྱག་འཚལ་ཉེར་གཅིག་གིས་བསྟོད་ཅིང་གསོལ་བ་གདབ། གཏོར་མ་བྱིན་བརླབས་ལ། ཨོཾ་ཨཱཿཧྲཱི་ཧཱུྃ་དང༌། སྔགས་གཉིས་ཀྱིས་ཕུལ། སྐྱོན་གྱིས་མ་གོས་དང༌། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་ཤློ་ཀ་གཅིག་གིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་བཅོལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ་བ་ནི་སློབ་དཔོན་གྱི་བྱ་བའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ། དེ་ལ་སངས་རྒྱས་ཐམས་ཅད་
ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས། བྱིན་རླབས་དང་དངོས་གྲུབ་རྒྱ་མཚོའི་འབྱུང་གནས། ཐུགས་རྗེའི་འཇུག་པ་གཞན་ལས་ཆེས་ལྷག་པར་མྱུར་བའི་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྒྱུད་དང་མན་ངག་རྣམས་ནས་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྒྲོལ་མ་ཞི་ཁྲོ་གཅིག་ཏུ་འདུས་པའི་སྒྲུབ་ཐབས། གྲུབ་པ་མཆོག་གི་དེད་དཔོན་རྗེ་བཙུན་ནཱ་རོ་པ་སོགས་ཀྱི་ཐུགས་དམ། དཔལ་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་གདམས་པ་ཟབ་མོ་དེ་ཉིད་ཀྱི་སྒོ་ནས་རྗེས་སུ་གནང་བ་བསྒྲུབ་པ་ལ། ཐོག་མར་མཎྜལ་ཕུལ། གསོལ་གདབ། རྒྱུན་བཤགས། ཐུན་མོང་མ་ཡིན་པའི་གསོལ་གདབ་རྣམས་སྒྲུབ་ཐབས་བརྒྱ་རྩ་ལྟར། དངོས་གཞི་རྗེ་གནང་གི་གཞི་འགོད་པའི་སླད་དུ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་བ་སོགས་ཞེས་བརྗོད་པས། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་སོགས་ཀྱིས་ལྷར་བསྐྱེད་བསྟིམ་བརྒྱ་རྩ་ལྟར་བྱ། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་བ་སོགས་ཞེས་བརྗོད་པས། ཁྱེད་རང་རྣམས་སྟོང་པའི་ངང་ལས་སྐད་ཅིག་གིས་སྒྲོལ་མ་ཁྲོ་མོའི་སྐུ་སོགས་བསྐྱེད་བསྟིམ་བྱ། དེ་ལྟར་བྱས་པས་རྗེ་བཙུན་སྒྲོལ་མ་ཞི་ཁྲོའི་སྐུའི་བྱིན་རླབས་ཞུགས་སོགས། རྗེས་སུ་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་དང་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མ་ཞི་བའི་སྐུར་གསལ་བའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པ་ལ་གནས་པའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སོགས་ནས། མེ་ཏོག་གཏོར་བའི་བར་བརྒྱ་རྩའི་དཀྱུས་ལྟར་ལ། སྔགས་ཡི་གེ་བཅུ་པའི་རྗེས་ཟློས་དང༌། སླར་ཡང་སློབ་དཔོན་དང་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མ་ཁྲོ་མོའི་སྐུར་གསལ་བའི་ཐུགས་ཀར་
པདྨ་དཀར་པོ་འདབ་མ་བཅུ་གཉིས་པར་གནས་པའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སོགས་དང༌། སྔགས་ཡེ་གེ་བཅུ་གཉིས་པའི་རྗེས་ཟློས་བྱ། དམ་བཅའ་བ་མན་ཆད་ལ་ལྷའི་མཚན་གྱི་སར། སྒྲོལ་མ་ཞི་ཁྲོ་ཞེས་སྦྱར་བ་མ་གཏོགས་བརྒྱ་རྩ་ཇི་ལྟ་བ་བཞིན་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང༌། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་བརླབ། མདུན་བསྐྱེད་ལ་མཆོད་བསྟོད་གསོལ་གདབ། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་སོགས་ཀྱི་མཐར། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་བྱའོ། །གསུམ་པ་མན་ངག་གི་ངེས་པ་ལ་ལྔ། དུག་ཞི་བ། སྲིད་སྤེལ་བ། ནོར་སྒྲུབ་པ། ལས་གཞན་ལ་སྦྱར་བ། གསོལ་བ་གདབ་པའི་ཚུལ་ལོ། །དང་པོ་ནི། རང་གཞན་གང་ཡང་རུང་བ་བརྟན་གཡོའི་དུག་གིས་ཟིན་པ་ལ་ཕན་གདགས་པར་འདོད་ན། བསྒྲུབ་བྱའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཏཱཾ་ལྗང་གུ། དེའི་མཐར། ཨོཾ་ཆེ་གེ་མོའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འདབ་མ་བརྒྱད་ལ་ཧཱ་རེ་སོགས་ཡིག་འབྲུ་བརྒྱད་ཀྱིས་མཚན་པ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༌། ལུས་ཀྱི་ནང་གང༌། ནད་གདོན་ཐམས་ཅད་དྲི་མའི་ལམ་ནས་ཁ་དོག་ནག་པོའི་རྣམ་པར་ཐོན་པས་ལུས་སེམས་ལ་བདེ་བས་ཁྱབ་པར་བསམས་ལ། གཙོ་བོར་ཡི་གེ་བཅུ་པ་དང༌། སྐབས་སུ་སྤེལ་ཚིག་དང་བཅས་པའང་བཟླ། མཐར་འཁོར་ལོ་བསྒྲུབ་བྱ་ལ་བསྟིམ། ཡང་ན་ཁྲོ་མོའི་འཁོར་ལོ་སྒོམ་བཟླས་བགྱིས་པས་ཀྱང་རུང་ངོ༌། །གཉིས་པ་ནི། མདུན་དུ་སྟེགས་བུ་རས་དཀར་པོས་བཀབ་པའི་སྟེང་དུ་བུམ་པར་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ་རྣམས་དྲི་བཟང་གི་ཆུ་དང་སྦྱར་བས་དགང༌། ཁ་རྒྱན་དང་མགུལ་ཆིངས་བཅིང༌། གཟུངས་རྡོར་བཏགས་ལ་བཞག འབྱོར་ན་དེའི་མགྲིན་པར་
བྲིས་པའི་འཁོར་ལོར་གདགས། བདག་བསྐྱེད་ཞི་ཁྲོ་གང་རུང་སྔོན་དུ་འགྲོ་བས། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། མཚན་ཉིད་ཐམས་ཅད་རྫོགས་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་མགྲིན་པའི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཏཱྃ་ལྗང་གུ། དེའི་མཐར་ཨོཾ་ཆེ་གེ་མོའི་རིགས་བརྒྱུད་ཐམས་ཅད་རྒྱས་པར་མཛོད་ཅིག་ཧཱ། འདབ་མ་བརྒྱད་ལ་ཏཱ་རེ་ལ་སོགས་པའི་ཡིག་འབྲུ་བརྒྱད་ཀྱིས་མཚན་པ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང༌། བུམ་ནང་གི་འཁོར་ལོ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་བསམ། ཡང་ན་ཁྲོ་མོའི་འཁོར་ལོ་གསལ་གདབ་ཀྱང་རུང༌། གང་ལྟར་ཡང་རྩ་སྔགས་ཅི་ནུས་དང་སྤེལ་ཚིག་ཅན་ཅུང་ཟད་བཟླ། ཐུན་བསྡུ་བ་ན་འཁོར་ལོ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་རིགས་བརྒྱུད་སྤེལ་བའི་ནུས་པ་དང་ལྡན་པར་བསམ། དེ་ལྟ་བུའི་བུམ་པའི་ཆུ་དེས་སྐར་མ་རྒྱལ་སོགས་དགེ་བའི་དུས་སུ་སྐྱེས་པའམ་བུད་མེད་དེ་ལ་བཀྲུ་བྱབས་སྲུང་གསུམ་རྒྱས་པར་སྦྱར་བའམ། བཀྲུ་ཞིང་ཁོང་དུ་གཏང༌། འཁོར་ལོ་ཡོད་ན་སྐྱེས་པའི་དཔུང་པ་གཡས། བུད་མེད་ཀྱི་དཔུང་པ་གཡོན། གང་ཡང་རུང་བའི་མགུལ་དུ་གདགས། ཕྱག་འཚལ་ཉེར་གཅིག་ཡི་དམ་དུ་འཛིན་པར་བསྐུལ་བས་རིགས་བརྒྱུད་འཕེལ་ཞིང་དོན་ཐམས་ཅད་འགྲུབ་པར་འགྱུར་ཏེ། དཔལ་ས་སྐྱ་པའི་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་རྗེ་བཙུན་མ་ལ་བསྟོད་སྒྲུབ་ཀྱི་སྒོ་ནས་གསོལ་བ་བཏབ་པས་ཞལ་དངོས་སུ་བསྟན། སྐྱབས་སྦྱིན་གྱི་ཕྱག་རྒྱ་སྤྱི་བོར་བཞག་ཅིང༌། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །སོགས་ཚིགས་སུ་བཅད་པས་དབུགས་དབྱུང་བ་ལྟར། སྲས་སྐུ་མཆེད་མང་དུ་འཁྲུངས་ཤིང༌། ཕྲིན་ལས་རྒྱ་ཆེར་འཕེལ་བ་བཞིན་ནོ། །འཁོར་ལོ་ནི། གྲོ་གའམ་ཤོག་བུ་ལ་
སྐྱེས་པ་སྲུང་བ་ལ་གུར་གུམ། བུད་མེད་སྲུང་བ་ལ་གི་ཝཾ་གིས་པདྨ་འདབ་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་པ་བྲིས་པའི་དབུས་དང་འདབ་མར་ཐུགས་ཀའི་འཁོར་ལོ་ཇི་ལྟ་བ་དང༌། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར། ཕྱི་མ་ལ་ཀཱ་ལི་གཡས་སྐོར། དེའི་ཕྱི་རོལ་ཏུ་རྡོ་རྭ་དང་མེ་རིས་བསྐོར་བ་བྲིས་ལ་མཎྜལ་གྱི་སྟེང་དུ་བཞག མཆོད་གཏོར་བཤམ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་འཁོར་ལོ་བསང་སྦྱང༌། སྟོང་པའི་ངང་ལས་རྗེ་བཙུན་མའི་ཡེ་ཤེས་ཀྱི་རང་བཞིན་ཏཱྃ་ཡོངས་སུ་གྱུར་པ་ལས་སྔགས་ཀྱི་འཁོར་ལོ་བྲིས་པ་ཇི་ལྟ་བ་བཞིན་གསལ་བ་དང༌། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །དངོས་གྲུབ་མཐའ་ཡས་སྩོལ་མཛད་པའི། །རིག་པའི་འཁོར་ལོར་ཕྱག་འཚལ་འདུད། །ཅེས་བསྟོད། །རྗེ་བཙུན་མ་ལ་གཏོར་མ་སྒྲུབ་ཐབས་ལྟར་འབུལ་ཞིང་གསོལ་བ་བཏབ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ལ། ཕྱོགས་བཅུ་ན་སོགས་བརྟན་བཞུགས་སྤྱི་ལྟར་ལ། བྱེ་བྲག་ཏུ་སྲུང་བའི་འཁོར་ལོ་འདི་ཉིད་ལ་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་འདི་འཆང་བ་ལ་རིགས་བརྒྱུད་འཕེལ་བའི་ལས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་སོགས་འདོད་དོན་གསོལ་ཞིང་མེ་ཏོག་གི་ཆར་དབབ། ཤིས་བརྗོད་རྒྱས་པར་བྱའོ། །དེ་བཞིན་དུ་སྒྲོལ་མ་ཁྲོ་མོའི་འཁོར་ལོ་བྲི་བར་འདོད་ནའང་དབུས་སུ་པད་འདབ་བཅུ་གཉིས་པ་སོགས་བསྒོམ་པ་ལྟར་བྲི་བ་མ་གཏོགས་གཞན་གོང་ལྟར་རོ། །གསུམ་པ་ནི། སྤེལ་ཚིག ཨོཾ་ཆེ་གེ་
མོའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་རྒྱས་པར་གྱུར་ཅིག་ཧཱ། ཞེས་སྦྱར་བ་ཙམ་མ་གཏོགས་གཞན་བུམ་ཆོག་དང་འཁོར་ལོ་བཅས་སྲིད་སྤེལ་ཇི་ལྟ་བ་བཞིན་བྱས་པས་འགྲུབ་བོ། །བཞི་པ་ནི། གཞན་ཡང་རིམས་དྲག་པོ་དང༌། ནད་དང་གདོན་དང་འབྱུང་པོའི་བར་ཆད་སོགས་སྲུང་བ་ལ་སྤེལ་ཚིག་ཁ་བསྒྱུར་ལ། འཁོར་ལོ་སྤྱི་བོར་བསྒོམ་པ་དང༌། བུམ་ཆོག་བྱ་བ་དང༌། བྲིས་པའི་འཁོར་ལོ་རྣམས་ཇི་ལྟར་རིགས་པའི་སྒོ་ནས་ཕན་གདགས་པར་བྱའོ། །ལྔ་པ་ནི། མཎྜལ་བཞི་པའི་སྒོ་ནས་གསོལ་བ་འདེབས་པའི་ཚུལ་ཏེ། ཇོ་བོ་ལུགས་ཀྱི་མན་ངག་དང་མཐུན་པར་སྣང་བས་གཞན་དུ་བཤད་པ་ལྟར་ཤེས་པར་བྱས་ལ་ཉམས་སུ་བླངས་པས་འདོད་པའི་དངོས་གྲུབ་སྟེར་བ་ནི་ངེས་པའོ། །རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དང༌། །མན་ངག་ཕན་བདེའི་ཟླ་ཟེར་གྱིས། །ས་གསུམ་ཡིད་ཀྱི་མུན་བསལ་ནས། །གྲུབ་གཉིས་ཆུ་གཏེར་རྒྱས་གྱུར་ཅིག །ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལྟར། བློ་དམན་རྣམས་ལ་འཇུག་པ་བདེ་བའི་སླད། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིན་ཏུ་གསལ་བར་ཕྱེ་བ་སརྦ་དཱ་སིདྡྷི་བརྡྷནྟུ། །མངྒ་ལཾ།། །།
རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ།
རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་བཞུགས་སོ།།
གང་གིས་བསྟེན་ན་འཇིགས་པ་ཀུན། །མྱུར་དུ་སེལ་མཛད་སྒྲོལ་མ་དང༌། །དབྱེར་མེད་བླ་མ་ལ་བཏུད་ནས། །དེ་ཡི་སྒྲུབ་པའི་མན་ངག་བཤད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མར་གསལ་བའི་སྙིང་གའི་ཏཱྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་སྒྲོལ་མ་འཇིགས་པ་ཀུན་སེལ་འཁོར་དང་བཅས་པ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ བླ་མ་དང་རྗེ་བཙུན་མ་ལ་ཕྱག་བྱ། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་ལན་གསུམ་དང༌། ཚད་མེད་བཞི་བསྒོམ། བཛྲ་མུཿས་ཚོགས་ཞིང་གཤེགས། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡན་ལག་བརྒྱད་དང་ལྡན་པའི་མཚོའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཏཱྃ་ཡིག་ལྗང་
གུ་གྱུར་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་སྒྲོལ་མ་འཇིགས་པ་ཀུན་སེལ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱི། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་ཞིང༌། སྙན་གཡོན་པའི་ཐད་ཀར་ཁ་གྱེས་པ། ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པ། ཞལ་འཛུམ་པའི་མདངས་དང་ལྡན་ཞིང་སྤྱན་དཀྱུས་རིང་བའི་སྤྱན་གཉིས་དལ་བུར་གཟིགས་པ། དབུ་སྐྲ་ནག་པོ་ལྟག་པར་བཅིངས་པའི་ཟར་བུ་ཕྲག་པ་གཡོན་པར་འཕྱང་བ། ལང་ཚོ་དར་ལ་བབ་ཅིང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟས་མཛེས་པར་བཀླུབས་པ་ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྐུ་ཅན་ལ་ཕྲིན་ལས་ཀྱི་སྒྲོལ་མ་ཉི་ཤུ་རྩ་གཅིག་གིས་བསྐོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་སྟོད་དུ་ཧཱུྃ། དབུས་སུ་པད་ཟླ་ལ་གནས་པའི་ཏཱྃ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་
ཤེས་པ་གོང་ལྟར་སྤྱན་དྲངས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སོགས་ཀྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོར་དབང་བསྐུར་སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པ་ལ་མཚན་སྔགས་རེ་རེའི་མགོར་སྦྱར་བའི་ཆུ་གཉིས་སྔོན་འགྲོའི་མཆོད་པས་མཆོད། ཕྱག་འཚལ་ཉེར་གཅིག་གིས་བསྟོད། བསྡུ་ན། ལྷ་དང་ཀླུ་དབང་གྲུབ་པའི་ཅོད་པན་གྱི། །རིན་ཆེན་འོད་ཟེར་འཕྲོ་བར་གང་གི་ཞབས། །ཀུན་ཏུ་གསལ་བས་ཉི་མའང་ཟིལ་གནོན་པ། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །ཅེས་པས་བསྟོད། ཐུགས་ཀའི་ས་བོན་གྱི་མཐར་ཡི་གེ་བཅུ་པས་བསྐོར་བ་ལས། ལས་དང་མཐུན་པའི་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ཕྲིན་ལས་གང་འདོད་བསྒྲུབ་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར་མཆོད་ཅིང་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་བརྗོད་ལ། འཁོར་དང་གདན་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམས་ལ་ཆོས་དང་མཐུན་པའི་སྤྱོད་ལམ་ཅི་བདེར་བྱའོ། །འདིའི་རྗེས་གནང་བྱེད་པར་འདོད་ན་གནས་དབེན་པར་མཎྜལ་ལ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་པད་ཟླའི་གདན་ལ་གཙོ་མོ་དང་འཁོར་རྣམས་ཀྱི་ཚོམ་བུ་བཀོད་མཐར་མཆོད་པ་དང་གཏོར་མ་གཅིག་བཤམ། མེ་ཏོག་ལ་སོགས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམས་ལ་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་
ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་དང༌། ཏིང་ཤག་དགྲོལ་ཞིང་དྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད། གོང་དུ་བསྟན་པ་ལྟར་བདག་བསྐྱེད་དང་མདུན་བསྐྱེད་ཡན་ལག་བཞི་རྫོགས་ཀྱིས་བསྐྱེད། མཆོད་བསྟོད་རྒྱས་པར་བྱ། གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་ཡི་གེ་བཅུ་པ་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་བཏགས་པ་ལན་གསུམ་གྱིས་འབུལ། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱས་ལ་འདོད་དོན་གསོལ་བ་བཏབ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ཅིང་ཆོས་བཤད་པས་བློ་བཅོས་ལ། སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་བྱས་ལ། མཎྜལ་གྱི་ལྷ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་མ་སྒྲོལ་མས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ཤིག མངོན་ཞེན་ཆགས་སྡང་གི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་མཛད་དུ་གསོལ་ཞེས་བརྗོད། དེ་ནས་མདུན་གྱི་རྗེ་བཙུན་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སློབ་མའི་ལུས་ལ་ཕོག་པས་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་དང་
སྣོད་བཅུད་ཐམས་ཅད་སྦྱངས་ཏེ། དེའི་ངང་ནས་སློབ་མ་སྒྲོལ་མ་འཁོར་བཅས་སུ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་རང་བཞིན་གྱི་གནས་དང་པོ་ཏ་ལ་ནས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་ཁ་བ་བུ་ཡུག་གི་རྣམ་པར་སྤྱན་དྲངས་ཏེ། སློབ་མའི་བ་སྤུའི་བུ་ག་ནས་ཐིམ་པར་མོས་ལ་ཏིང་ཤག་དཀྲོལ་ཞིང༌། ཨཱ་ཝེ་ཤ་ཡ་ཨཿཨཱཿཛཿཧཱུྃ་བཾ་ཧོཿཞེས་ཡང་ཡང་བརྗོད། སླར་ཡང་བདག་མདུན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་ལ་མཆོད་ཅིང་གསོལ་བ་བཏབ། དབང་བསྐུར་རྒྱས་གདབ་པ་རྣམས་སྒྲུབ་ཐབས་བཞིན་བྱ། དེས་རྗེ་བཙུན་མའི་སྐུའི་རྗེས་གནང་ཐོབ། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་རྗེ་བཙུན་མའི་སྐུར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས། བླ་མའི་ཐུགས་ཀའི་འོད་ཀྱིས་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་པད་ཟླ་ལ་གནས་པའི་ས་བོན་གྱི་མཐར་གཡས་སྐོར་དུ། དང་པོས་འཁོད་གཉིས་པས་དབྱེར་མེད་གསུམ་པས་བརྟན་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། སློབ་མས་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་དང་སློབ་དཔོན་གྱིས་མེ་ཏོག་སློབ་མའི་མགོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མའི་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག་ཅེས་བརྗོད། དེས་རྗེ་བཙུན་མའི་གསུང་གི་རྗེས་གནང་ཐོབ་ཅེས་སོགས་གོང་བཞིན་བསྒྱུར་ལ་ངོ་སྤྲད། བདག་མདུན་གཉིས་ལ་གུས་འདུད་བྱས་
པས་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཁྱད་པར་དུ་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་རང་བཞིན་དུ་གྱུར་པའི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐམས་ཅད་ཕྱག་མཚན་ཨུཏྤ་ལའི་རྣམ་པར་སྤྱན་དྲངས་ཏེ་འོད་དུ་ཞུ་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ། དེ་ལས་ཀྱང་དེ་འདྲ་བ་བྱུང་ནས་སློབ་མའི་སྙིང་གར་ཐིམ་པར་བསམས་ལ་སྐུའི་རྗེས་གནང་གི་སྐབས་ལྟར་སྔགས་དང་རོལ་མོ་བྱ། དེས་རྗེ་བཙུན་མའི་ཐུགས་ཀྱི་རྗེས་གནང་ཐོབ་སོགས་ངོ་སྤྲད་རྗེས། གཙོ་བོས་སོགས་དང་མཎྜལ། དེང་ནས་བརྩམས་ཏེ་སོགས་འདྲ། དེས་ཇོ་བོ་རྗེ་ལ་སྒྲོལ་མས་གནང་བའི་རྗེ་བཙུན་མ་འཇིགས་པ་ཀུན་སེལ་ཕྲིན་ལས་ཀྱི་སྒྲོལ་མ་ཉེར་གཅིག་དང་བཅས་པའི་རྗེས་གནང་གསན་པ་ཡིན། ཞེས་བརྗོད་ཚོམ་བུ་ལ་མཆོད་བསྟོད་བཟོད་པར་གསོལ་བ་སོགས་བྱ། ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྡུ་གནས་གསུམ་བསྲུང་ལ་བཀྲ་ཤིས་བྱའོ། །སྤྲོས་པ་ལ་དགའ་ན་བུམ་བསྐྱེད་བྱས་ལ་དབང་སྐུར་གྱི་དུས་དངོས་སུ་དབང་བསྐུར། དབུར་བརྒྱན་པའི་རྗེས་སུ་མེ་ཏོག་འཐོར་ཞིང་བཀྲ་ཤིས་བྱས་ཀྱང་རུང་ངོ༌། །འདིའི་བརྒྱུད་པ་ནི། རྗེ་བཙུན་མ། ཇོ་བོ་རྗེ། འབྲོམ་སྟོན། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སེ་སྐྱིལ་བུ་བ། རམ་པ་ལྷ་སྡིང་མ་བ། སངས་རྒྱས་དབོན། སློབ་དཔོན་ཡོན་ཏན་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་ཀ་བཞི་པ། རིན་པོ་ཆེ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། འགྲོ་མགོན་དཔལ་ལྡན་ཡེ་ཤེས། གླང་ཐང་ཆོས་རྗེ་ཤེས་རབ་རྡོ་རྗེ། ནུབ་དཔལ་རྒྱལ་བཟང་པོ། ནམ་མཁའ་བཟང་པོ། ཆོས་རྗེ་བློ་གྲོས་འབྱུང་གནས། རྗེ་བཙུན་དཀོན་མཆོག་བློ་གྲོས། ཐམས་ཅད་མཁྱེན་པ་འབུམ་རབ་འབྱམས་པ་རྒྱལ་བ་བློ་གྲོས། དེའི་སྤྱན་སྔར་ཇི་ལྟར་ཐོབ་
པ་བཞིན་བརྗེད་པས་འཇིགས་ནས་ཤཱཀྱའི་བཙུན་པ་ངག་དབང་བརྟན་པས་དཔལ་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ།། །།
ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་གིས་རྗེ་བཙུན་མ་བསྒྲུབ་པར་འདོད་པས། མདུན་གྱི་ནམ་མཁའ་ལ་རྗེ་བཙུན་མ་སྐུ་མདོག་ལྗང་གུ་གཡས་མཆོག་སྦྱིན། གཡོན་ཨུཏྤལ་བསྣམས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པ། པདྨ་དང་ཉི་མའི་གདན་ལ་བཞུགས་པར་བསྒོམ། དེ་ལ་ཡིད་ཀྱིས་མཆོད་པ་ཕུལ་ལ་བསྟོད་ཅིང་གསོལ་བ་གདབ་བོ། །ཕྱག་འཚལ་རེ་རེ་ལ་ཡིད་ཀྱིས་ཕྱག་འཚལ་བས་སྒྲོལ་མ་དེའི་ཐུགས་ཀ་ནས་འོད་ཟེར་བྱུང༌། བདག་གི་ལུས་ལ་ཕོག་པས་ལུས་ཀྱི་སྒྲིབ་པ་དག ངག་ལ་ཕོག་པས་ངག་གི་སྒྲིབ་པ་དག སྙིང་གར་ཕོག་པས་ཡིད་ཀྱི་སྒྲིབ་པ་དག མངོན་ཞེན་དང་ཆགས་ཞེན་གྱི་བག་ཆགས་ཐམས་ཅད་སྦྱངས་ནས། རྗེ་བཙུན་མ་དང་བདག་ཐ་མི་དད་པར་རྨི་ལམ་ལྟ་བུར་བསྒོམ། དེ་ནས་བསྟོད་པ་བདུན་ནམ་གསུམ་ལ་སོགས་པ་ཅི་ཙམ་ཐོན་པས་བསྟོད་ལ། གོང་གི་རྗེ་བཙུན་མ་སྤྱི་བོར་བསྟིམ། བདག་གི་ལུས་འཇའ་ཡལ་བ་བཞིན་སྟོང་སང་ངེ་སོང་བར་བསམས་ལ། ལུས་སེམས་གློད་ལ་སེམས་གསལ་ལ་དྭངས་བ་ཞིག་ཡོང་བས་དེ་ངོ་ཤེས་པར་བྱས་ནས་ཤེས་པའི་ཉམས་དར་ཅིག་
བསྒོམ། དེ་ནས། བདག་གི་དགེ་བའི་ལས་རྣམས་འདི་ཡིས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པས་དགེ་བ་ལན་གསུམ་བསྔོ། དེ་ལྟར་བསྟོད་པས་གཞུང་ནས་བཤད་པའི་ཡོན་ཏན་འབྱུང་བས་ན་འདི་བསྟོད་པས་འགྲུབ་པ་ཡིན་ནོ། །ཇོ་བོ་རྗེ་ལ་སྒྲོལ་མས་ལུང་བསྟན་ནས་ཐུགས་དམ་དུ་མཛད། དངོས་གྲུབ་བརྙེས། རིམ་པས་བཀའ་གདམས་པ་ཐམས་ཅད་ཀྱིས་ཐུགས་དམ་མཛད། བར་ཆད་སེལ་ཞིང་དངོས་གྲུབ་དང་བྱིན་རླབས་འདི་ལས་ཆེ་བ་མེད་གསུངས་སོ།། ༈ །ན་མཿཨརྻཱ་ཏཱ་རཱ་ཡཻ། ཇོ་བོ་ལྷ་གཅིག་བོད་དུ་བྱོན་པའི་དུས་སུ་རྡོ་རྗེ་གདན་དུ་བསྐོར་བ་ལ་བྱོན་ནས་ཇོ་མོ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་གིས་བསྟོད་ཅིང་བསྐོར་བ་བྱས་པས། ཇོ་མོ་སྒྲོལ་མ་དངོས་སུ་མཇལ་ནས་བོད་དུ་བཞུད་ཅིག་པར་ལུང་བསྟན་ནས། བོད་ལ་ཁྱོད་ཀྱིས་ཕན་ཐོགས་པར་ཡོད་པས། བསྟོད་པ་ཉི་ཤུ་རྩ་གཅིག་པོ་འདི་ལ་ཡི་དམ་གྱིས་ཤིག ཐུགས་དམ་ལ་བར་ཆད་མི་འབྱུང་གིས་གསུངས་ནས་ཤློ་ཀ་ཉི་ཤུ་རྩ་གཅིག་ལས་ཚོགས་ཉི་ཤུ་རྩ་གཅིག་དང་སྦྱར་ནས་གནང་ངོ༌། །དེ་ཡང༌། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་
རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱིས། །གེ་སར་བྱེ་བ་ལས་ནི་བྱུང་མ་ཞེས་པས། རྣལ་འབྱོར་པ་བགེགས་དང་འཚེ་བ་ཞི་བར་འདོད་ན། འཕགས་མ་སྒྲོལ་མ་མྱུར་ཞིང་དཔའ་བ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་དབང་དུ་སྡུད་པའི་བུམ་པ་དམར་པོ་བསྣམས་པ། གཡོན་ཨུཏྤ་ལ་བསྣམས་པ་སྐད་ཅིག་གིས་བསྐྱེད་དེ་གསོལ་བ་གདབ་བོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་དགྲ་བགེགས་ལོག་འདྲེན་ཐམས་ཅད་དབང་དུ་འགྱུར་རོ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ་ཞེས་པས། རྣལ་འབྱོར་པ་ནད་གདོན་དང་བགེགས་ཞི་བར་འདོད་པས། སྒྲོལ་མ་དཀར་མོ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་ན་ཞི་བའི་བུམ་པ་དཀར་པོ་བསྣམས་པ། གཡོན་ཨུཏྤ་ལ། གདན་པདྨ་དང་ཟླ་བ་ལ་བརྐྱང་བསྐུམ་དུ་བཞུགས་པར་བསྒོམས་ནས་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ནད་དང་སྡིག་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་འཁྲུད་པར་འགྱུར་རོ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ་ཞེས་པས། རྣལ་འབྱོར་པ་ཚེ་དང་ལོངས་སྤྱོད་འཕེལ་བར་འདོད་ན། མདུན་གྱི་ནམ་མཁར་སྐད་ཅིག་གིས་སྒྲོལ་མ་གསེར་མདོག་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་རྒྱས་པའི་བུམ་པ་སེར་པོ་བསྣམས་པ། གཡོན་ཨུཏྤལ། གདན་པད་ཟླ་ལ་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ཚེ་དང་ལོངས་སྤྱོད་འཕེལ་བར་འགྱུར་རོ། །ཕྱག་འཚལ་དེ་
བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ་ཞེས་པས། རྣལ་འབྱོར་པ་ཚེ་སྒྲུབ་པར་འདོད་ན། སྒྲོལ་མ་རྣམ་པར་རྒྱལ་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྒྲོལ་མ་གསེར་མདོག་ཅན། གཡས་མཆོག་སྦྱིན་གྱི་ཕྱག་ན་ཚེའི་བུམ་པ་སེར་པོ་བསྣམས་པ། གཡོན་ཨུཏྤ་ལ། པདྨ་དང་ཟླ་བའི་གདན་ལ་བཞུགས་པར་བསྒོམ། དེ་ལ་གསོལ་བ་གདབ་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ཚེ་ལོ་བཅུ་ལས་བརྒྱར་འཕེལ་བར་འགྱུར་རོ། །ཕྱག་འཚལ་ཏུཏྟཱ་རེ་ཧཱུྃ་གི་ཡི་གེ །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པ་འགུགས་པར་ནུས་མ་ཞེས་པས། རྣལ་འབྱོར་པ་བུད་མེད་དབང་དུ་བྱ་ཞིང་འགུགས་པར་འདོད་ན། སྒྲོལ་མ་ཧཱུྃ་སྒྲ་སྒྲོགས་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་སྒྲོལ་མ་སྐུ་མདོག་དམར་སེར། གཡས་མཆོག་སྦྱིན་གྱི་མཐིལ་ན་ཡིད་འཕྲོགས་པའི་བུམ་པ་བསྣམས་པ། གཡོན་ཨུཏྤ་ལ། པད་ཟླའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ་ལ་གསོལ་བ་བཏབ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲཱིཿསྭཱ་ཧཱ། ཞེས་བཟླས་པས་གང་ལ་དམིགས་པ་དེ་དབང་དུ་འགྱུར་རོ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ་ཞེས་པས། རྣལ་འབྱོར་པ་གང་གིས་འབྱུང་པོ་འདུལ་བར་འདོད་ན། འཕགས་མ་འཇིག་རྟེན་གསུམ་ལས་རྣམ་རྒྱལ་མ་ལ་གསོལ་བ་གདབ་སྟེ། སྐད་ཅིག་གིས་མདུན་གྱི་ནམ་མཁར་རྗེ་བཙུན་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་སྐུ་མདོག་དམར་ནག་གཡས་མཆོག་སྦྱིན་གྱི་མཐིལ་ན་འབྱུང་པོ་རོ་ལངས་མྱོས་པར་བྱེད་པའི་བུམ་པ་བསྣམས་པ།
གཡོན་ཨུཏྤ་ལ། གདན་པདྨ་དང་ཟླ་བ་ལ་བཞུགས་པར་བསྒོམ། དེ་ལ་གསོལ་བ་བཏབ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤ་ཏྲཱུཾ་ཨུཙྪ་ཊ་ཡ་སྭཱ་ཧཱ། ཞེས་བཟླས་པས་འབྱུང་པོ་དང༌། དབང་ཕྱུག་ཆེན་པོ་དང༌། ལྷ་དང་ས་བདག་ལ་སོགས་པ་དབང་ཆེན་ཐམས་ཅད་བྲན་དུ་འགྱུར་རོ། །ཕྱག་འཚལ་ཏྲཊ྄་ཅེས་བྱ་དང་ཕཊ྄་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ་ཞེས་པས། རྣལ་འབྱོར་པ་གཞན་གྱི་རིག་སྔགས་ཟློག་པར་འདོད་ན། འཕགས་མ་སྒྲོལ་མ་གཞན་འཇོམས་མ་ལ་གསོལ་བ་གདབ་སྟེ། རྗེ་བཙུན་མ་སྒྲོལ་མ་གཞན་འཇོམས་མ་སྐུ་མདོག་ནག་མོ། གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་ཟློག་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། གདན་པད་ཟླ་ལ་བཞུགས་པར་བསྒོམས་ནས་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་རྦོད་ཟོར་སརྦ་ཟློག་བྷྱོ་སྭཱ་ཧཱ། ཞེས་པས་རིག་སྔགས་ཀྱི་དམོད་པ་དང༌། རྦོད་ཟོར་ཐམས་ཅད་བཟློག་པར་འགྱུར་རོ། །ཕྱག་འཚལ་ཏུ་རེས་འཇིགས་པ་ཆེན་མོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ་ཞེས་པས། རྣལ་འབྱོར་པ་དགྲ་གསོད་པར་འདོད་ན། འཕགས་མ་སྒྲོལ་མ་བདུད་དགྲ་འཇོམས་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་སྒྲོལ་མ་བདུད་དགྲ་འཇོམས་མ། སྐུ་མདོག་དམར་ནག་གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་དགྲ་འཇོམས་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པར་བསྒོམས་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཞེས་བཟླས་པས་བདུད་དགྲ་ཐམས་ཅད་བཟློག་པར་འགྱུར་རོ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་
པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ་ཞེས་པས། རྣལ་འབྱོར་པ་འཇིགས་པ་ཐམས་ཅད་སྲུང་བར་འདོད་ན། འཕགས་མ་སྒྲོལ་མ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྒྲོལ་མ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་མ། སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་འཇིགས་པ་སྐྱོབ་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་དེ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་ལ་གནོད་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ། ཞེས་བཟླས་པས་ངན་སོང་གསུམ་དང༌། ཕྱི་མ་དང༌། ཚེ་འདི་ལ་གནོད་པ་ཐམས་ཅད་བསྲུང་བར་འགྱུར་རོ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ་ཞེས་པས། རྣལ་འབྱོར་པ་གང་གིས་བདུད་དང་བར་དུ་གཅོད་པ་དུལ་བར་འདོད་ན། སྒྲོལ་མ་བདུད་དང་བར་གཅོད་དབང་དུ་སྡུད་མ་ལ་གསོལ་བ་གདབ་སྟེ། སྐད་ཅིག་གིས་མདུན་གྱི་ནམ་མཁར་རྗེ་བཙུན་མ་སྒྲོལ་མ་བདུད་དང་འཇིག་རྟེན་དབང་དུ་སྡུད་མ་སྐུ་མདོག་དམར་མོ། གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་འཇོམས་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་མཱ་ར་པྲ་མརྡྷཱནི་སྭཱ་ཧཱ། ཞེས་པས་བདུད་དང་འཇིག་རྟེན་མུ་སྟེགས་དང་ལོག་པར་ལྟ་བ་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ་ཞེས་པས། རྣལ་འབྱོར་པ་དབུལ་བའི་སྡུག་བསྔལ་སེལ་བར་འདོད་ན། སྒྲོལ་མ་འགུགས་ཤིང་ཕོངས་པ་སེལ་མ་ལ་གསོལ་བ་གདབ་སྟེ། མདུན་
གྱི་ནམ་མཁར་སྐད་ཅིག་གིས་འཕགས་མ་སྒྲོལ་མ་སྐུ་མདོག་གསེར་བཙོ་མ་ལྟར་དམར་སེར་དུ་འདུག་པ། གཡས་མཆོག་སྦྱིན་གྱི་མཐིལ་ན་ཕོངས་པ་སྐྱོབ་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་དེ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ། ཞེས་བཟླས་པས་ནོར་དང་འབྲུ་དང་རྐང་འགྲོས་དང་རིན་པོ་ཆེ་འཕེལ་ཏེ་ཕོངས་པ་བསྐྱབ་པ་ཡིན་ནོ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ལས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ་ཞེས་པས། རྣལ་འབྱོར་པ་བཀྲ་ཤིས་པར་འདོད་ན། སྒྲོལ་མ་བཀྲ་ཤིས་ཐམས་ཅད་འབྱིན་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མ་བཀྲ་ཤིས་ཐམས་ཅད་འབྱིན་མ་གསེར་མདོག་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་བཀྲ་ཤིས་ཀྱི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མངྒ་ལཾ་སྭཱ་ཧཱ། ཞེས་བཟླས་པས་བཀྲ་ཤིས་དང་དགེ་ལེགས་ཐམས་ཅད་འབྱིན་པ་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ་ཞེས་པས། རྣལ་འབྱོར་པ་བགེགས་དང་བར་ཆད་སྲུང་བར་འདོད་ན། སྒྲོལ་མ་མེ་ལྟར་འབར་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་འཕགས་མ་སྒྲོལ་མ་མེ་ལྟར་འབར་མ། གཡས་མཆོག་སྦྱིན་གྱི་མཐིལ་ན་བར་ཆད་སྲུང་བའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་དགྲ་དང་བར་
གཅོད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་ཤིང་བསྲུང་བ་དང་རེངས་པར་འགྱུར་རོ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་རྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ་ཞེས་པས། རྣལ་འབྱོར་པ་བགེགས་ལ་སྣུན་པར་འདོད་ན། སྒྲོལ་མ་ཁྲོ་གཉེར་ཅན་མ་ལ་གསོལ་བ་བཏབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་འཕགས་མ་ཁྲོ་གཉེར་ཅན། སྐུ་མདོག་ནག་མོ་ཁྲོ་གཉེར་ཅུང་ཟད་ཡོད་པ། གཡས་མཆོག་སྦྱིན་གྱི་མཐིལ་ན་བགེགས་ལ་སྣུན་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་མ་ཧཱ་པཱ་ད་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་དགྲ་བགེགས་བར་གཅོད་ཐམས་ཅད་ཞི་བར་འགྱུར་རོ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མས། །སྡིག་པ་ཐམས་ཅད་འཇོམས་པ་ཉིད་མ་ཞེས་པས། རྣལ་འབྱོར་པ་སྡིག་པ་ཞི་བར་འདོད་ན་སྒྲོལ་མ་ཞི་བ་ཆེན་མོ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་རྗེས་བཙུན་མ་ཞི་བ་ཆེན་མོ། སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་སྡིག་པ་ཞི་བར་བྱེད་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པཱ་པཾ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཞེས་བཟླས་པས་སྡིག་པ་དང་སྒྲིབ་པ་བག་ཆགས་ངན་པ་མི་གཙང་བ་ཐམས་ཅད་ཞི་བར་འགྱུར་རོ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ་ཞེས་པས། རྣལ་འབྱོར་པ་ཤེས་རབ་དང་བློ་འཕེལ་བ་དང༌། ཕ་རོལ་གྱི་རྩོད་པ་ལས་རྒྱལ་བར་འདོད་ན། འཕགས་མ་རིག་པ་ཧཱུྃ་ལས་སྒྲོལ་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་
ནམ་མཁར་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་དམར་མོ། གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་འཕེལ་བར་བྱེད་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དྷརྨཱཿཔྲ་ཏི་པ་རི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བཟླས་པས་གཞན་གྱི་རིག་སྔགས་ཀྱི་ནུས་པ་ཐམས་ཅད་འཇོམས་ཤིང་རང་གི་ཤེས་རབ་དང་བློ་འཕེལ་བར་འགྱུར་རོ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ་ཞེས་པས། རྣལ་འབྱོར་པ་བདུད་དང་བར་ཆད་ཞི་བར་འདོད་ན། སྒྲོལ་མ་འཇིག་རྟེན་གསུམ་གཡོ་བ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་འཕགས་མ་སྒྲོལ་མ་སྐུ་མདོག་དམར་སེར་གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་གནོན་པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་བཟླས་པས་གཞན་གྱི་རིག་སྔགས་ཀྱི་ལས་ཐམས་ཅད་གནོན་པ་དང་དགྲ་དང་ཆོམ་རྐུན་ཐམས་ཅད་གནོན་པར་འགྱུར་རོ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ྄་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ་ཞེས་པས། རྣལ་འབྱོར་པ་ཀླུའི་ཚོགས་ཀྱི་དུག་ཞི་བར་འདོད་ན། འཕགས་མ་དུག་རྣམས་རབ་ཏུ་སེལ་བར་བྱེད་མ་ལ་གསོལ་བ་བཏབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་འཕགས་མ་སྒྲོལ་མ་དུག་ནད་ཞི་ཞིང་སེལ་བར་བྱེད་པ་སྐུ་མདོག་དཀར་མོ། གཡས་མཆོག་སྦྱིན་གྱི་མཐིལ་ན་དུག་ནད་སེལ་བའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནཱ་ག་བི་ཥ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ཀླུའི་དུག་དང་ནད་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །
ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ་ཞེས་པས། རྣལ་འབྱོར་པ་རྩོད་དང་རྨི་ལམ་ངན་པ་སེལ་བར་འདོད་ན། སྡུག་བསྔལ་ཐམས་ཅད་སེལ་བའི་སྒྲོལ་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྐད་ཅིག་གིས་སྒྲོལ་མ་སྡུག་བསྔལ་སེལ་བར་བྱེད་པ་སྐུ་མདོག་དཀར་མོ། གཡས་མཆོག་སྦྱིན་གྱི་མཐིལ་ན་སྡུག་བསྔལ་སེལ་བའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པད་ཟླའི་གདན་ལ་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མོ་ཙ་ན་སྭཱ་ཧཱ། ཞེས་བཟླས་པས་ཕན་ཚུན་རྩོད་པ་དང་འཁྲུགས་པ་དང་ཁྲི་མུན་དུ་བཅུག་པ་ལས་ཐར་བར་འགྱུར་རོ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ་ཞེས་པས། རྣལ་འབྱོར་པ་རིམས་ནད་སྲུང་བར་འདོད་པས། རིམས་ནད་སེལ་བའི་སྒྲོལ་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྒྲོལ་མ་སྐུ་མདོག་དམར་སེར། གཡས་མཆོག་སྦྱིན་གྱི་མཐིལ་ན་རིམས་ནད་སེལ་བའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བི་ས་ར་ཏ་སྭཱ་ཧཱ། ཞེས་བཟླས་པས་རིམས་ནད་དང་ཡམས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། ཞེས་པས། རྣལ་འབྱོར་པ་གང་གིས་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་ན། ཡོངས་རྫོགས་བྱེད་པའི་སྒྲོལ་མ་ལ་གསོལ་བ་གདབ་སྟེ། མདུན་གྱི་ནམ་མཁར་སྒྲོལ་མ་སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་དངོས་གྲུབ་སྣ་ཚོགས་
པའི་བུམ་པ་བསྣམས་པ། གཡོན་ཨུཏྤལ། གདན་པདྨ་དང་ཟླ་བ་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་པ་གསལ་བར་བསྒོམ། དེ་ལ་གསོལ་བ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་སིདྡྷི་སཱ་དྷ་ནཾ་སྭཱ་ཧཱ། ཞེས་བཟླས་པས་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་དང༌། དངོས་གྲུབ་ཐམས་ཅད་རབ་ཏུ་འབྱིན་པར་འགྱུར་རོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་རྗེ་བཙུན་མ་སྒྲོལ་མས་བསྟོད་པ་ཤློ་ཀ་ཉི་ཤུ་རྩ་གཅིག་དང་ལས་ཚོགས་ཉི་ཤུ་རྩ་གཅིག་སྦྱར་ནས་གནང་ཞིང་ལུང་བསྟན་པ་རྫོགས་སོ། །མངྒ་ལཾ།། ༈ །ཐོག་མར་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་པ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ནི། སྐུ་མདོག་ལྗང་གུ་གཡས་མཆོག་སྦྱིན་གྱི་མཐིལ་ན་ཚེའི་བུམ་པ་བསྣམས་པ། གཡོན་མཐེབ་སྲིན་གྱིས་མེ་ཏོག་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་འཛིན་པ། འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བསྟོད་པ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་སོ།། ༈ །ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ཕན་བདེའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡཻ། དྲན་པས་གདུང་སེལ་རྗེ་བཙུན་སྒྲོལ་མ་ལ། །བཏུད་ནས་གང་དེ་རྣམ་འགྱུར་ཉེར་གཅིག་བཅས། །སྒྲུབ་དང་རྗེས་གནང་ནོར་བུའི་སྤྲིན་ཆེན་གྱིས། །སྐལ་བཟང་ཕན་བདེའི་འདོད་པ་འཇོ་བར་བྱ། །དེ་ལ་ཐོག་མར་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་གནས་དབེན་པར་སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་དྲི་བཟང་གི་ཐིག་ལེ་བྱས་པར་ཚོམ་བུ་གཅིག་བཀོད། དེའི་མདུན་དུ་གཏོར་མ་དཀར་ཟླུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད།
སློབ་དཔོན་གྱི་མདུན་དུ་རྣམ་བུམ་བཅུད་ལྡན། རྡོ་རྗེ་དྲིལ་བུ། མེ་ཏོག་གི་སྣོད། གཞན་ཡང་མཎྜལ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་དང༌། རྗེས་གནང་མང་པོ་སྦྲེལ་ནས་བྱེད་ན་དེའི་གྲངས་དང་མཉམ་པའི་གཏོར་མ་དང་ཞལ་ཟས་སོགས་ལོགས་སུ་སྟ་གོན་བྱའོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བའོ། །དང་པོ་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། བུམ་པ་སྒྲུབ་པའོ། །དང་པོ་ནི། ཐོག་མར་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་དྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད་ལ་རོལ་མོ་དང་བཅས་བྱིན་དབབ། དེ་ནས། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་ཅི་ནུས་དང༌། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བ་ལ་ཏཱྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿཞེས་པས་ཕྱག་བྱ། ཨོཾ་གུ་རུ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བཛྲ་མུཿས་ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་
སེམས་ཏཱྃ་ལྗང་གུ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་མཐིལ་ན་འཆི་མེད་བདུད་རྩིས་གང་བའི་ཚེའི་བུམ་པ་བསྣམས་པ། གཡོན་པའི་མཐེབ་སྲིན་སྦྱར་བས་མེ་ཏོག་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བ། ཞི་ཞིང་འཛུམ་པ་ལང་ཚོ་དར་ལ་བབས་པའི་རྣམ་པ་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་ཅུང་ཟད་བརྐྱང་ཞིང༌། གཡོན་བསྐུམ་པའི་རོལ་སྟབས་ཀྱིས་བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གིས་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས་སོགས་ཤློ་ཀ་གཅིག་གིས་བསྟོད། རང་གི་ཐུགས་ཀའི་དབུས་སུ་ཟླ་བ་ལ་ཏཱྃ་ལྗང་གུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་
མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་«་་་་་མཆོག་ཏུ་»ཏཱ་རེ་«་་་་་ཀྱེ་སྒྲོལ་མ། གདུང་བསྐྱོབ་མ་་་་་་»ཏུཏྟཱ་རེ་«མྱུར་མ་་་་་་»ཏུ་རེ་སྭཱ་ཧཱ།«་་་་་གཞི་ཚུགས། »ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ། གཉིས་པ་མདུན་བསྐྱེད་ནི། ཚོམ་བུ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ལས་སོགས་ནས། དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ། འདི་ལ་ཞེས་སྦྱར། མཆོད་པ་བསང་སྦྱང་བྱིན་བརླབས་ལ། གོང་ལྟར་མཆོད་ཅིང་བསྟོད། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། མཆོད་བསྟོད་གསོལ་བ་གདབ། མདུན་བསྐྱེད་ཀྱི་ཐུགས་ཀའི་དབུས་སུ་ཟླ་བ་ལ་ཏཱྃ་ལྗང་གུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པར་བསམས་ལ་བཟླས་པ་ཅུང་ཟད་བྱའོ། །གསུམ་པ་བུམ་པ་སྒྲུབ་པ་ནི། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་
མགུལ་པ་བཅིངས་ཤིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱི་གང་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་པྃ་ལས་སོགས་ནས། དབུར་བརྒྱན་ཞེས་པའི་མདུན་བསྐྱེད་ལྟར་བྱ། མཆོད་ཅིང་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུང་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་མོའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་བཟླས་པ་ཅི་ནུས་བྱ། མཆོད་བསྟོད་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་བཞིན་པས་གཟུངས་ཐག་བསྡུས། མ་འབྱོར་པ་དང་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ལ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིར་གྱུར་པར་བསམ་མོ། །གལ་ཏེ་བུམ་སྒྲུབ་རྒྱས་པར་མི་ནུས་ན། བདག་མདུན་གྱི་ཕྱག་གཡས་པའི་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་སྔགས་བཟླས་པས་བྱིན་གྱིས་བརླབ། སྤྱིར་ངག་དབང་ཆོས་གྲགས་ཀྱི་ཡིག་ཆར་བུམ་དབང་མ་བཤད་པས་ལུགས་དེ་ལྟར་ན་བུམ་སྒྲུབ་མི་དགོས་ཀྱང༌། ཡི་གེ་སྔ་མ་ཕལ་ཆེར་ལས་བཤད་ཅིང༌། དེའི་རྒྱུན་ཡང་ལེགས་པར་ཐོབ་པས་འདིར་བརྒྱུད་སྲོལ་གཉིས་འདུས་སུ་བྱ་བའི་ཕྱིར་བཀོད་པའོ། །གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར། སློབ་དཔོན་གྱིས་ཀུན་སློང་དང་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། དེ་ལ་རྗེ་བཙུན་སྒྲོལ་མ་འདི་ཉིད་ངེས་པའི་དོན་དུ་གདོད་མ་ནས་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་སུ་ཟིན་ཀྱང༌། དྲང་དོན་ཐུན་མོང་བའི་གདུལ་བྱའི་སྣང་ངོར། སྔོན་ཐོག་
མ་མེད་པའི་དུས་ཤིག་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་དུ་དེ་བཞིན་གཤེགས་པ་རྔ་སྒྲའི་སྤྱན་སྔར་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་གྱུར་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱེད་པ་གཡར་དམ་དུ་བཞེས་པ་ལྟར། ཉིན་རེ་བཞིན་དུ་སྔ་དྲོ་དང་ཕྱི་དྲོའི་དུས་ཀྱི་ཚེ་སེམས་ཅན་བྱེ་བ་ཕྲག་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མཛད་པས་འཕགས་མ་སྒྲོལ་མ་ཞེས་མཚན་དྲན་པ་ཙམ་གྱིས་ཀྱང་སྲིད་པ་དང་ཞི་བའི་གདུང་བ་མཐའ་དག་སེལ་བར་བྱིན་གྱིས་བརླབས། དེ་ནས་སངས་རྒྱས་དོན་ཡོད་གྲུབ་པའི་སྤྱན་སྔར་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཉེར་འཚེ་མཐའ་དག་ལས་སྲུང་ཞིང་སྐྱོབ་པར་དམ་བཅས། སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ལས་རྣམ་པར་འཕྲུལ་པའི་ཚུལ་གྱིས་འགྲོ་བ་སྒྲོལ་བའི་གྲོགས་མཛད་པ་སོགས་རྣམ་པར་ཐར་ལ་བསམ་གྱིས་མི་ཁྱབ་ཅིང༌། བྱེ་བྲག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ། རྫོགས་ལྡན་གྱི་དུས་སུ་འཕགས་ཡུལ་གྲུ་འཛིན་གྱི་རི་བོར་འཇིག་རྟེན་དབང་ཕྱུག་སྙིང་རྗེ་ཆེན་པོས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་པ་གསུངས། དེ་ནས་སུམ་ལྡན་དང༌། ཉིས་ལྡན་དང༌། རྩོད་ལྡན་གྱི་དུས་རྣམས་སུ་གདུལ་བྱ་སོ་སོའི་དབང་པོ་དང་མཐུན་པར་རྒྱུད་འབྲིང་པོ་དང༌། བསྡུས་པ་སོགས་ཇི་སྙེད་ཅིག་གསུངས་པས་སྒྲོལ་མའི་སྔགས་རིག་གྲུབ་པ་མཐའ་ཡས་པ་བྱོན་ཞིང་ཐུན་མོང་དུ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་གི་ཚོགས་ཞི་བ་དང༌། འདོད་རྒུའི་འབྱོར་པ་ཡིད་བཞིན་དུ་ཐོབ་པ་དང༌། མཐར་ཐུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་སོགས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་བསམ་ལས་འདས་པ་བྱུང་སྟེ། མདོར་ན་འཕགས་མ་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་ཕྱིར་ལྷག་པའི་ལྷ་གཞན་
ལས་བྱིན་རླབས་ཆེས་ཆེར་མྱུར་བས་ན། འཕགས་བོད་དུ་བྱོན་པའི་མཁས་གྲུབ་ཕལ་མོ་ཆེས་ཐུགས་དམ་དུ་མཛད་ཅིང་དངོས་གྲུབ་བརྙེས་པའི་ཕྱིར་སྒྲུབ་ཐབས་མན་ངག་དང་བཅས་པའི་བཀའ་སྲོལ་ཀྱང་མཐའ་ཡས་པར་བཞུགས་པ་ལས་འདིར་སྐབས་སུ་བབས་པ་ནི། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་བོད་ཡུལ་དུ་འབྱོན་པར་དགོངས་པའི་དུས་སུ་རྡོ་རྗེ་གདན་དུ་བསྐོར་བ་ལ་བྱོན་ནས། རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་གིས་བསྟོད་ཅིང་བསྐོར་བ་མཛད་པས། རྗེ་བཙུན་མས་དངོས་སུ་ཞལ་བསྟན་ཏེ་བོད་དུ་བཞུད་ཅིག་པར་ལུང་བསྟན། བོད་ལ་ཁྱོད་ཀྱིས་ཕན་ཐོགས་པར་ཡོད་པས་བསྟོད་པ་ཉི་ཤུ་རྩ་གཅིག་པོ་འདི་ལ་ཡི་དམ་དུ་གྱིས་ཤིག་དང༌། ཐུགས་དམ་ལ་བར་ཆད་མི་འབྱུང་གིས་གསུངས་ནས། ཤློ་ཀ་ཉི་ཤུ་རྩ་གཅིག་ལས་ཚོགས་ཉི་ཤུ་རྩ་གཅིག་དང་སྦྱར་བ་འདི་གནང༌། ཇོ་བོ་ཆེན་པོས་ཀྱང་ཐུགས་ཉམས་སུ་བཞེས་པས་འཕགས་མ་ཉིད་ཀྱིས་དུས་རྟག་ཏུ་རྗེས་སུ་བཟུང་ཞིང་ཕྲིན་ལས་ཐམས་ཅད་སྩལ་བར་མཛད་པ་ནས་བཟུང༌། དགེ་བའི་བཤེས་གཉེན་པ་བཀའ་གདམས་པ་རྣམས་ལས་རིམ་པར་བརྒྱུད་དོ། །བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ། ཐོག་མར་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་མོས་པ་བྱས་ཏེ། དེ་
རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སློབ་དཔོན་གྱིས། །བདག་ལ་རྗེ་བཙུན་སྒྲོལ་མ་ཡི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ། །ཞེས་པས་གསོལ་བ་བཏབ་ནས། སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་ལ་རྗེ་བཙུན་སྒྲོལ་མ་དངོས་ཡིན་སྙམ་པའི་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་བ་སོགས། ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུར་གྱུར། སྟོང་པའི་ངང་ལས་རང་གང་དུ་གནས་པའི་གོ་སར་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཡི་གེ་ཏཱྃ་ལྗང་གུ་སོགས་ནས། ཐུགས་ཀར་ཧཱུྃ། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྗེ་བཙུན་མའི་སྐུའི་རྣམ་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཛཿཧཱུྃ་བཾ་ཧོཿཞེས་
བརྗོད་ཅིང་སྤོས་རོལ་བྱ། དེས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག ལུས་རྗེ་བཙུན་མའི་སྐུར་བསྒོམ་པ་ལ་དབང་བ་ཡིན་ནོ། །གསུང་གི་རྗེས་གནང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཏཱྃ་ལྗང་གུའི་མཐར་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཏཱ་རེ་སོགས། སླར་ཡང་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཚོགས་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སོ་སོའི་སྐུ་ལུས་ལ་གཏོར་བས་སྙིང་གའི་སྔགས་ཕྲེང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་སྒྲོལ་མའི་གསུང་གསང་སྔགས་དང་རིག་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་མེ་ཏོག་གཏོར། སླར་ཡང་བྱང་ཆུབ་བར་དུ་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷར་གཟུང་ཞིང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པར་བགྱིའོ་སྙམ་པས་དམ་བཅའ་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་ད་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །དེས་གསུང་གི་རྗེས་གནང་ཐོབ། ངག་གི་སྡིག་སྒྲིབ་དག ངག་སྔགས་བཟླ་བ་ལ་དབང་བ་ཡིན་ནོ། །ཐུགས་ཀྱི་རྗེས་གནང་གི་སླད་དུ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རང་འདྲའི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་ཐུགས་
ཀའི་ས་བོན་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས། བྱང་ཆུབ་མ་ཐོབ་བར་འབྲལ་མེད་དུ་བཞུགས་པའི་མོས་པ་དང་བཅས་ཏེ་རྗེ་བཙུན་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་རྣམ་པར་མི་རྟོག་པའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེས་ཐུགས་ཀྱི་རྗེས་གནང་ཐོབ། ཡིད་ཀྱི་སྡིག་སྒྲིབ་དག ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ལ་དབང་བ་ཡིན་ནོ། །དེ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྗེ་བཙུན་མའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པས་དེ་ཉིད་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་དང༌། སྔགས་ཀྱི་མཐར་ཨོཾ་སརྦ་ཏ་ཐཱ་སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿཞེས་དང༌། སྤྲོ་ན་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། གང་ལྟར་ཡང༌། སུ་པྲ་ཏིཥྛ་བརྗོད་ཅིང་མེ་ཏོག་གཏོར། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། རྒྱབ་བརྟེན་ཡིག་རྙིང་གི་ལུང་བཀླག མཇུག་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱས་པ་སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་ཁ་གསོས་བསང་སྦྱང་བྱིན་བརླབ། མཆོད་བསྟོད། གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རང་གི་དཔྲལ་བར་ཨོཾ་སོགས་ཀྱིས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་
བཙུན་སྒྲོལ་མ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པར་བྱའོ། །རྗེས་གནང་ཕྱི་མ་རྣམས་སོ་སོར་བྱེད་ན། མཚམས་སྦྱོར་མདོར་བསྡུས་སྐབས་དང་སྦྱར། གཞན་སྦྱོར་དངོས་རྗེས་གསུམ་གྱི་ཆིངས་གོང་དུ་ཇི་སྐད་བཤད་པ་ལྟར་བྱ། སྦྲེལ་ཏེ་བྱེད་ན། རྗེས་གནང་སྔ་མའི་དངོས་གཞི་ལུང་བཅས་གྲུབ་ནས། སློབ་མ་རྣམས་དེ་ཉིད་དུ་གནས་པས་སྒྲོལ་བསྟོད་སོགས་འདོན་དུ་བཅུག སློབ་དཔོན་གྱིས་རྗེས་ཆོག་གྲུབ་ནས། ཚོམ་བུ་དང་མཆོད་གཏོར་ཁ་གསོ། མཆོད་པ་བྱིན་རླབས་དང་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རྗེས་གནང་ཕྱི་མའི་བདག་མདུན་བུམ་གསུམ་འོག་ནས་འབྱུང་བའི་སོ་སོའི་མངོན་རྟོགས་ལ་གོང་གི་ཆིངས་སྦྱར་བས་མདོར་བསྡུས་སུ་བསྒྲུབ། རྗེས་གནང་གི་སྐབས། སེམས་བསྐྱེད་གསོལ་འདེབས་མདོར་བསྡུས་པས་མཚམས་སྦྱར་ཏེ། དེ་ལ་འདིར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བའི་ཕྲིན་ལས་ཀྱི་ལྷ་ཁྱད་པར་ཅན་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་སུ་གནང་བ་བསྒྲུབ་པ་ལ། ཐོག་མར་བགེགས་ཀྱི་འཚེ་བ་ཞི་ཞིང༌། ལོག་འདྲེན་རྣམས་དབང་དུ་བྱ་བའི་སླད་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོའི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐུན་མོང་གི་གསོལ་འདེབས་དང་རྒྱུན་བཤགས་མ་བྱུང་ཀྱང་ཆོག བཟླས་ལུང་མ་གཏོགས་རྗེས་ཟློས་གཞན་ཚར་རེ་དང༌། བརྟེན་བྱེད་ཀྱི་བུམ་དབང་གི་སྐབས་སྔགས་ཡི་གེ་བཅུ་པ་ཁོ་ནས་མཐུས། བུམ་དབང་སོ་སོར་མ་གྲུབ་ན་རྗེས་མ་ཁོ་ནར་བགྱིས་པས་ཀྱང་རུང༌། རྗེས་གནང་ཐ་མའི་མཇུག་ཏུ་དམ་ཚིག་ཁས་བླངས་མན་རྒྱས་པར་བྱའོ། །དེ་ལྟར་ངེས་པར་བྱས་ནས། ལས་ཀྱི་ལྷ་རྣམ་འཕྲུལ་ཉེར་གཅིག་སོ་སོའི་ལྷ་སྔགས་ཀྱི་ཁྱད་པར་རྣམས་བརྗོད་པར་བྱ་སྟེ། དང་པོ་རྣལ་འབྱོར་པ་གང་ཞིག་བགེགས་ཀྱི་འཚེ་བ་ཞི་བ་དང༌། ལོག་འདྲེན་རྣམས་དབང་དུ་བྱ་བར་འདོད་པས། མྱུར་ཞིང་དཔའ་བའི་སྒྲོལ་མ་
སྒོམ་པ་ནི། ཏཱྃ་དམར་པོ་ལས་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཞི་ཞིང་སྒེག་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་དབང་དུ་སྡུད་པའི་བུམ་པ་དམར་པོ་དང༌། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས་པ། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་«དབང་དུ་་་་་་»ཝཱ་ཤཾ་«་་་་་མཛོད་ཅིག་»ཀུ་རུ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་སྒྲོལ་མ་སོགས་ཤློ་ཀ་གཅིག་གོ །གཉིས་པ་ནད་གདོན་དང་བགེགས་ཞི་བར་འདོད་ན། ཏཱྃ་དཀར་པོ་ལས་སྒྲོལ་མ་ཞི་བ་ཆེན་མོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ཞི་བའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་མཐིལ་ན་ཞི་བའི་བུམ་པ་དཀར་པོ་དང༌། གཡོན་སྐྱབས་སྦྱིན་སོགས་འདྲ། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་«ཞི་བར་མཛོད་ཅིག་་་་་»ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་སྟོན་ཀའི་སོགས་སོ། །གསུམ་པ་ཚེ་དང་ལོངས་སྤྱོད་འཕེལ་པར་འདོད་ན། ཏཱྃ་སེར་པོ་ལས་སྒྲོལ་མ་གསེར་མདོག་ཅན་སྐུ་མདོག་སེར་མོ་སྒེག་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་མཐིལ་ན་རྒྱས་པའི་བུམ་པ་སེར་པོ་དང་གཡོན་སོགས་འདྲ། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་«རྒྱས་པར་མཛོད་ཅིག་་་་་»པུཥྚིཾ་ཀུ་རུ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་གསེར་སྔོ་སོགས། བཞི་པ་ཚེ་སྒྲུབ་པར་འདོད་ན། ཏཱྃ་སེར་པོ་ལས་སྒྲོལ་མ་གཙུག་ཏོར་རྣམ་པར་རྒྱལ་མ་སེར་མོ་སྒེག་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་ཚེའི་བུམ་པ་སེར་པོ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་«ཚེ་དང་་་་་་»ཨཱ་ཡུརྫྙཱ་ན་«་་་་་ཡེ་ཤེས།» «རྒྱས་པར་མཛོད་ཅིག་་་་་»པུཥྚིཾ་ཀུ་རུ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་དེ་བཞིན་གཤེགས་པའི་སོགས། ལྔ་པ་བུད་མེད་འགུགས་པར་འདོད་ན། ཏཱྃ་དམར་པོ་ལས་རྗེ་བཙུན་སྒྲོལ་
མ་ཧཱུྃ་སྒྲ་སྒྲོགས་མ་སྐུ་མདོག་དམར་སེར་བཞད་ཅིང་ཆགས་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་ཡིད་འཕྲོག་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲཱིཿསྭཱ་ཧཱ། ཞེས་དམིགས་བསལ་ལ་མིང་སྤེལ་བར་གསུངས། སྤྱིར་བཏང་ལ། སརྦ་«་་་་་ཐམས་ཅད་»སྟྲཱི་«་་་་་བུད་མེད་»ཨཱ་ཀརྵ་ཡ་ཧྲཱིཿ«་་་་་འཕྲོག་པའི་»སྭཱ་ཧཱ། ཞེས་སྦྱར་བས་རུང་ངོ༌། །བསྟོད་པ་ཕྱག་འཚལ་ཏུཏྟཱ་རེ་སོགས། དྲུག་པ་འབྱུང་པོ་འདུལ་བར་འདོད་ན། ཏཱྃ་དམར་ནག་ལས་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་སྐུ་མདོག་དམར་ནག་ཅུང་ཟད་ཁྲོས་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་འབྱུང་པོ་དང་རོ་ལངས་མྱོས་པར་བྱེད་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤ་ཏྲཱུན་«་་་་་དགྲའོ། སྐྲོད་པའི་ཆེད་དུ་་་་་་»ཨུཙྪཱ་ཊ་ཡ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་བརྒྱ་བྱིན་སོགས། བདུན་པ་གཞན་གྱི་རིག་སྔགས་ཟློག་པར་འདོད་ན། ཏྲཱྃ་ནག་པོ་ལས་སྒྲོལ་མ་གཞན་འཇོམས་མ་སྐུ་མདོག་ནག་མོ་ཁྲོས་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་ཟློག་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་རྦོད་ཟོར་སརྦ་ཟློག་བྷྱོ་སྭཱ་ཧཱ། འདིའི་སྤེལ་ཚིག་གཞན། «གཞན་གྱི་རིག་པ་ཐམས་ཅད་ཕྱིར་ཟློག་པའི་་་་་་»སརྦ་བིདྱཱ་ཨ་པ་ར་ཝ་ར་ཎཱ་ཡ་སྭཱ་ཧཱ། ཞེས་སྣང༌། བསྟོད་པ་ཕྱག་འཚལ་ཏྲཊ་ཅེས་སོགས། བརྒྱད་པ་དགྲ་བོ་གསོད་པར་འདོད་ན། ཏཱྃ་དམར་ནག་ལས་སྒྲོལ་མ་བདུད་དགྲ་འཇོམས་མ་སྐུ་མདོག་དམར་ནག་ཁྲོ་གཉེར་དང་ལྡན་པ། གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་དགྲ་འཇོམས་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་མཱ་ར་ཡ་ཕཊ྄་སྭཱ་ཧཱ། ཞེས་སམ། སྤྱིར་བཏང༌། «བདུད་དང་དགྲ་བོ་ཐམས་ཅད་སོད་ཅིག་་་་་»སརྦ་མཱ་ར་ཤ་ཏྲཱུན་མཱ་ར་ཡ་ཕཊ྄་སྭཱ་ཧཱ། ཞེས་སྦྱར། བསྟོད་པ་ཕྱག་འཚལ་ཏུ་རེས་འཇིགས་པ་སོགས། དགུ་པ་འཇིགས་པ་ཐམས་ཅད་ལས་སྲུང་བར་འདོད་ན། ཏཱྃ་དཀར་པོ་ལས་
སྒྲོལ་མ་འཇིགས་པ་ཀུན་སྐྱོབ་སྐུ་མདོག་དཀར་མོ་ཞི་ཞིང་འཛུམ་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་འཇིགས་པ་ཐམས་ཅད་སྐྱོབ་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་ལ་གནོད་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ། ཞེས་སམ། སྤེལ་ཚིག་ལེགས་སྦྱར་དུ་བྱེད་ན། མཱཾ་ཨུ་པ་«་་་་་བདག་ལ་གནོད་པ་ཐམས་ཅད་སྲུངས་སྲུངས། »ཀྲ་མ་རཀྵ་རཀྵ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་དཀོན་མཆོག་གསུམ་མཚོན་སོགས། བཅུ་པ་བདུད་དང་བར་དུ་གཅོད་པ་ཐམས་ཅད་འདུལ་བར་འདོད་ན། ཏཱྃ་དམར་པོ་ལས་སྒྲོལ་མ་བདུད་དང་འཇིག་རྟེན་དབང་དུ་སྡུད་མ་སྐུ་མདོག་དམར་མོ་སྒེག་ཅིང་བཞད་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་འཇོམས་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་«་་་་་བདུད་ཐམས་ཅད་རབ་ཏུ་འཇོམས་པའི་»མཱ་ར་པྲ་མརྡྷཱ་ནི་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་རབ་ཏུ་དགའ་བ་སོགས། བཅུ་གཅིག་པ་དབུལ་བ་སེལ་བར་འདོད་ན། ཏཱྃ་དམར་སེར་ལས་སྒྲོལ་མ་ཕོངས་པ་སེལ་མ་སྐུ་མདོག་དམར་སེར་སྒེག་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་ཕོངས་པ་སྐྱོབ་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་«་་་་་ནོར་འཛིན་པའི་»བཱ་སུ་དྷཱ་རི་ཎི་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ས་གཞི་སྐྱོང་སོགས། བཅུ་གཉིས་པ་བཀྲ་ཤིས་པར་འདོད་ན། ཏཱྃ་སེར་པོ་ལས་སྒྲོལ་མ་བཀྲ་ཤིས་ཐམས་ཅད་འབྱིན་མ་སྐུ་མདོག་སེར་མོ་སྒེག་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་བཀྲ་ཤིས་པ་སྦྱིན་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མངྒ་ལཾ་«་་་་་བཀྲ་ཤིས་པར་»སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ཟླ་བའི་སོགས། བཅུ་གསུམ་པ་བགེགས་དང་བར་ཆད་སྲུང་བར་འདོད་ན། ཏཱྃ་དམར་པོ་ལས་སྒྲོལ་མ་མེ་ལྟར་འབར་མ་ཅུང་ཟད་ཁྲོས་པའི་ཉམས་ཅན་ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་བར་ཆད་སྲུང་བའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་«འཇིགས་པ་ཐལ་བར་མཛོད་ཅིག་་་་་་»བྷ་ཡ་བྷསྨིཾ་ཀུ་རུ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་བསྐལ་བ་སོགས།
བཅུ་བཞི་པ་བགེགས་ལ་སྣུན་པར་འདོད་ན། ཏཱྃ་ནག་པོ་ལས་སྒྲོལ་མ་ཁྲོ་གཉེར་ཅན་སྐུ་མདོག་ནག་མོ་ཁྲོ་གཉེར་ཅུང་ཟད་ཡོད་པ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་བགེགས་ལ་སྣུན་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་མ་«་་་་་རྡོ་རྗེའི་ཞབས་ཆེན་པོས་ཐལ་བར་མཛོད་ཅིག་»ཧཱ་པཱ་ད་བྷསྨིཾ་ཀུ་རུ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ས་གཞིའི་ངོས་སོགས། བཅོ་ལྔ་པ་སྡིག་པ་ཞི་བར་འདོད་ན། ཏཱྃ་དཀར་པོ་ལས་སྒྲོལ་མ་ཞི་བ་ཆེན་པོ་སྐུ་མདོག་དཀར་མོ་ཤིན་ཏུ་ཞི་བའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་སྡིག་པ་ཐམས་ཅད་ཞི་བར་བྱེད་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་«་་་་་སྡིག་པ་ཐམས་ཅད་རབ་ཏུ་ཞི་བའི་»པཱ་པཾ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་བདེ་མ་སོགས། བཅུ་དྲུག་པ་ཤེས་རབ་འཕེལ་བར་འདོད་ན། ཏཱྃ་དམར་པོ་ལས་རིག་པ་ཧཱུྃ་ལས་སྒྲོལ་མ་སྐུ་མདོག་དམར་མོ་སྒེག་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་འཕེལ་བར་བྱེད་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་«་་་་་ཆོས་རྣམས་སོ་སོར་ཡོངས་སུ་སྦྱོང་བའི་»དྷརྨཱཿཔྲ་ཏི་པ་རི་ཤོ་དྷ་ཡ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ཀུན་ནས་སོགས། བཅུ་བདུན་པ་བདུད་དང་བར་ཆད་ཞི་བར་འདོད་ན། ཏཱྃ་དམར་སེར་ལས་སྒྲོལ་མ་འཇིག་རྟེན་གསུམ་གཡོ་བ་སྐུ་མདོག་དམར་སེར་སྒེག་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་གཞན་གྱི་རིག་སྔགས་གནོན་པའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་«་་་་་ཐམས་ཅད་གནོན་པའི་སྒྲོལ་མ་»སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ཏུ་རེའི་ཞབས་ནི་སོགས། བཅོ་བརྒྱད་པ་ཀླུའི་ཚོགས་ཀྱི་དུག་ཞི་བར་འདོད་ན། ཏཱྃ་དཀར་པོ་ལས་སྒྲོལ་མ་དུག་སེལ་མ་སྐུ་མདོག་དཀར་མོ་ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་དུག་སེལ་བའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནཱ་ག་བི་ཥ་ཤིནྟཾ་«་་་་་ཀླུའི་དུག་ཞི་བར་མཛོད་ཅིག »ཀུ་རུ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ལྷ་ཡི་མཚོ་སོགས། བཅུ་དགུ་པ་རྩོད་དང་རྨི་ལམ་ངན་པ་སེལ་བར་
འདོད་ན། ཏཱྃ་དཀར་པོ་ལས་སྡུག་བསྔལ་ཐམས་ཅད་སེལ་བའི་སྒྲོལ་མ་སྐུ་མདོག་དཀར་མོ་ཞི་ཞིང་འཛུམ་པའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་སྡུག་བསྔལ་སེལ་བའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མོ་«་་་་་གྲོལ་བར་བྱེད་པའི་»ཙ་ན་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ལྷ་ཡི་ཚོགས་རྣམས་སོགས། ཉི་ཤུ་པ་རིམས་ནད་སྲུང་ཞིང་ཞི་བར་འདོད་ན། ཏཱྃ་དམར་སེར་ལས་རིམས་ནད་སེལ་བའི་སྒྲོལ་མ་སྐུ་མདོག་དམར་སེར་ཞི་བའི་ཉམས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་རིམས་ནད་སེལ་བའི་བུམ་པ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བི་«་་་་་རྣམ་པར་སེལ་བའི་»ས་ར་ཏ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་ཉི་མ་སོགས། ཉེར་གཅིག་པ་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་ན། ཏཱྃ་དཀར་པོ་ལས་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་ཞི་ཞིང་སྒེག་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་དངོས་གྲུབ་སྣ་ཚོགས་པ་ཡིད་བཞིན་དུ་འཇོ་བའི་བུམ་པ་བཟང་པོ་དང༌། སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་«་་་་་དངོས་གྲུབ་ཐམས་ཅད་སྒྲུབ་པའི།» སིདྡྷི་སཱ་དྷ་ནཾ་སྭཱ་ཧཱ། བསྟོད་པ་ཕྱག་འཚལ་དེ་ཉིད་གསུམ་རྣམས་སོགས་སོ། །འདི་རྣམས་ཀྱི་མངོན་རྟོགས་དང་སྔགས་ཀྱི་དངོས་གཞི་ཡི་གེ་བཅུ་པར་ཡིག་ཆ་ཕལ་ཆེར་མཐུན་པར་སྣང་ཞིང༌། སྤེལ་ཚིག་ཅུང་ཟད་འདྲ་མིན་འབྱུང་ནའང༌། འདིར་རང་གིས་ཇི་ལྟར་ཐོབ་པའི་རྒྱུན་ཉིད་གཙོ་བོར་བྱས་ཏེ་བཀོད་པའོ། །དེ་ལྟར་སེང་ལྡེང་ནག་སྒྲོལ་རྣམ་འགྱུར་ཉེར་གཅིག་བཅས་སོ་སོར་རྗེས་གནང་བྱ་བ་འདི་ནི་ཕྱག་ལེན་རྒྱས་པ་ཡིན་ལ། འབྲིང་དུ་དབུས་སུ་སེང་ལྡེང་ནགས་སྒྲོལ་དང༌། མཐའ་སྐོར་དུ་སྒྲོལ་མ་ཉེར་གཅིག་རྣམས་སྐད་ཅིག་དྲན་རྫོགས་སུ་ཞལ་ཕྱག་སོ་སོར་གསོལ་བཏབ་ཅིང་ཡན་ལག་བཞི་རྫོགས་སུ་བསྒྲུབ། སྔགས་ཚང་བར་བཟླ། མདུན་བུམ་ཡང་དེའི་རིགས་འགྲེ་སྦྱར་ཏེ་བསྒྲུབ། སློབ་མ་རྗེས་འཛིན་སྐབས་གཞན་འདྲ་བ་ལ། སྐུའི་རྗེས་གནང་ལ་
གཙོ་འཁོར་ཡོངས་རྫོགས་བསྐྱེད་བསྟིམ་དང༌། གསུང་བཟླས་ལུང་སོ་སོར་བྱ། ཐུགས་གཙོ་འཁོར་ཡོངས་རྫོགས་ལས་རིགས་འདྲ་བསྟིམ་པ་སོགས་ཁྱད་པར་ཕྲ་མོ་རྣམས་མ་འཁྲུལ་བར་སྦྱར་པས་འགྲུབ་ཅིང༌། བསྡུས་པ་གཙོ་མོའི་ཞལ་ཕྱག་རྒྱས་པར་གསལ་བཏབ་ཅིང༌། འཁོར་རྣམས་མོས་བསྐྱེད་དང༌། སྔགས་ཡི་གེ་བཅུ་པ་ཁོ་ནས་བྱ་བ་སྟེ་རྗེས་གནང་གི་ཆོ་ག་འཇིགས་པ་ཀུན་སེལ་ལས་ཇི་ལྟར་གསུངས་པ་བཞིན་ནོ། །ཞར་བྱུང་དུས་དང་རྒྱུན་གྱི་ཉམས་སུ་ལེན་ཚུལ་ཅུང་ཟད་བཤད་ན། དང་པོ་དུས་ཀྱི་ཉམས་ལེན་ལ་གཉིས། རྩ་བའི་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་དང༌། ལས་སྦྱོར་ཀྱི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། ཐུན་གྱི་དངོས་གཞི་དང༌། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ནི། གནས་དབེན་པར་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་དགྲམ་པའི་མདུན་དུ་མཆོད་གཏོར་བཤམ། མཚམས་དམ་པར་བཅད་ལ་ཁྲུས་དང་གཙང་སྦྲ་ལ་གནས་པས་སེང་ལྡེང་ནགས་སྒྲོལ་གྱི་བདག་གི་རྣལ་འབྱོར་གསལ་བཏབ། ཐུན་གསུམ་མམ་བཞིའི་རིམ་པས་ཡི་གེ་བཅུ་པའི་བཟླས་པ་འབུམ་ཕྲག་བཅུ་ཁ་སྐོང་བཅས་འགྲོ་བར་བྱ། སྔ་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་ན། ཐུན་མགོར་མཆོད་པ་བྱིན་རླབས་དང༌། ཐུན་མཐར་གཏོར་མ་བསང་སྦྱང་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་འཁོར་སྒྲོལ་མ་ཉེར་གཅིག་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་རྟེན་ཡོད་ན་དེ་ཉིད་དང༌། མེད་ན་གཏོར་མའི་སྟེང་གི་ནམ་མཁར་བཞུགས་པར་བསམས་ལ། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་འབུལ། བདག་གི་རྣལ་འབྱོར་ལྟར་མཆོད་བསྟོད་བསྡུས་པའམ། ཕྱག་འཚལ་ཉེར་གཅིག་ཚང་བས་བསྟོད་ཅིང་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་
མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་བཛྲ་མུཿས་གཤེགས་སུ་གསོལ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །གཉིས་པ་ནི། ཐུན་མཚམས་རྣམས་སུ་བསྟོད་སྒྲུབ་ཀྱི་དམིགས་པ་གསལ་བཏབ་ལ་བསྟོད་པ་ལན་ཉེར་གཅིག་སོགས་ཅི་འགྲུབ་བྱ། དེ་ལྟ་བུའི་རིམ་པས་བསྙེན་པའི་སྐབས་འདིར་ཕྱག་འཚལ་ཉེར་གཅིག་ཁྲིའམ། སྟོང་ཕྲག་ལ་ཉུང་མཐའ་བྱས་པ་འགྲོ་བར་བྱ་ཞིང༌། སྐབས་ཇི་ལྟར་རིགས་པར་མཎྜལ་བཞི་པའི་མཆོད་པ་སོགས་གྲུབ་ཀྱང་ལེགས། སྤྱིར་ཡིག་རྙིང་གི་དགོངས་པ་བསྟོད་སྒྲུབ་ཁོ་ནར་སྣང་ནའང༌། ལས་སྦྱོར་གྱི་བསྙེན་པའི་སྔོན་ཏུ་ཡི་གེ་བཅུ་པའི་བསྙེན་པ་འགྲོ་དགོས་པར་མན་ངག་འཛིན་པ་རྣམས་ཀྱིས་གསུངས་པས་འདིར་དེའི་དབང་དུ་བྱས་ཏེ་བཤད་པ་ཡིན་ལ། གལ་ཏེ་བསྟོད་སྒྲུབ་གཙོ་བོར་བྱེད་ན། ཐུན་གྱི་དངོས་གཞིར་བདག་གི་རྣལ་འབྱོར་དང་བཟླས་པ་ཅུང་ཟད་སྔོན་དུ་འགྲོ་བས། བསྟོད་སྒྲུབ་ཀྱི་དམིགས་པ་དང་བཅས་ཕྱག་འཚལ་ཉེར་གཅིག་ཁོ་ན་ལ་གྲངས་བཟུང་སྟེ་འབུམ་ཕྲག་སོགས་ཇི་ལྟར་ནུས་པ་གདོན་པར་བྱའོ། །གཉིས་པ་ལས་སྦྱོར་གྱི་བསྙེན་པ་དང་བསྟོད་སྒྲུབ་སྦྲེལ་ཏེ་བྱ་བའི་ཚུལ་ལ། དང་པོ་རྗེ་བཙུན་མྱུར་མ་དཔའ་མོའི་སྒོམ་བཟླས་ལ་བརྟེན་ནས་བགེགས་ཀྱི་འཚེ་བ་ཞི་ཞིང༌། ལོག་འདྲེན་རྣམས་དབང་དུ་བྱ་བ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། བདག་གི་རྣལ་འབྱོར་སེང་ལྡེང་ནགས་སྒྲོལ་གྱི་སྒོམ་བཟླས་དཀྱུས་ལྟར་རམ། སྐད་ཅིག་གིས་གསལ་བཏབ་ལ་བཟླས་པ་ཅུང་ཟད་བྱ། དེ་ནས། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཞི་ཞིང་སྒེག་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་
མཐིལ་ན་དབང་དུ་སྡུད་པའི་བུམ་པ་དམར་པོ་དང༌། གཡོན་པས་དཀོན་མཆོག་གསུམ་མཚོན་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས་པར་གྱུར། ཞེས་གསལ་བཏབ་ལ། རྗེ་བཙུན་འཕགས་པ་སྒྲོལ་མ་དང་སོགས་ཀྱིས་ཡན་ལག་བདུན་པ་ཕུལ་ནས། མདུན་གྱི་རྗེ་བཙུན་མའི་ཐུགས་ཀ་དང༌། ཕྱག་གི་བུམ་པའི་ནང་དུ་ཟླ་བ་ལ་ཏཱྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་«་་་་་ཏཱྃ་ཡིག་དང་སྔགས་ཕྲེང་ལྷ་མོ་སོ་སོའི་སྐུ་མདོག་དང་མཐུན་པར་བསྒོམ།» བས་བསྐོར་བ་ལས་གསོལ་བཏབ་དང་བཟླས་པའི་རྐྱེན་གྱིས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། གང་དབང་དུ་བསྡུ་བྱའི་དགྲ་དང་ལོག་འདྲེན་ཐམས་ཅད་ལྕགས་ཀྱུས་དགུག ཞགས་པས་བཅིངས་ཏེ་བདག་ཉིད་ཀྱི་རྐང་པའི་དྲུང་དུ་མགོ་བོས་བཏུད་པའི་ཚུལ་གྱིས་གནས་པ་ལ། སླར་ཡང་འོད་ཟེར་དམར་པོའི་ཚོགས་སྤྲོས་པས་དེ་དག་གི་སྡིག་སྒྲིབ་དང་མ་གུས་པའི་དྲི་མ་ཐམས་ཅད་སྦྱངས། བདག་ཉིད་ལ་ཡིད་ཤིན་ཏུ་གུས་ཤིང་ཆགས་པས་དབང་དུ་གྱུར་བར་བསམས་ལ། ཕྱག་འཚལ་སྒྲོལ་མ་སོགས་བསྟོད་པ་ཤློ་ཀ་གཅིག་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ། དེ་ཡང་བསྟོད་པ་དང་སྔགས་སྤེལ་བའམ། ཐུན་གྱི་ཐོག་མཐར་བསྟོད་པ་བརྒྱ་རྩ་སོགས་ཅི་ནུས་དང༌། དངོས་གཞི་བཟླས་པ་གཙོ་བོར་བྱས་ཀྱང་རུང་ངོ༌། །ཐུན་བསྡུ་བ་ན། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་མདུན་གྱི་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་བྱུང༌། བདག་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་རྗེ་བཙུན་མ་རང་གི་སྤྱི་བོ་ནས་ཐིམ་པས། རང་
རྗེ་བཙུན་མར་གསལ་བའང་ནམ་མཁའ་ལ་འཇའ་ཚོན་ཡལ་བ་བཞིན་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམས་ལ་ཅུང་ཟད་མཉམ་པར་གཞག དེ་ལས་ལྡང་བ་ན། བདག་གི་དགེ་བའི་ལས་རྣམས་འདི་ཡིས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་དག་པའི་བྱ་བ་ལ་འཇུག་གོ །དེ་ལྟ་བུའི་རིམ་པས་ཐུན་གསུམ་མམ་བཞིར་བསྒོམས་ལ་ལས་གྲུབ་པའི་མཚན་མ་མཐོང་བའམ། སྤྱིར་བཏང་དུ་བཟླས་པ་འབུམ་ཕྲག་སོགས་བྱའོ། །ལྷག་མ་གཞན་རྣམས་ཀྱི་མངོན་རྟོགས་དང་བཟླས་པ་རྗེས་གནང་གི་སྒྲུབ་ཐབས་ལྟར་ལ། གོང་འོག་གི་ཆིངས་རྣམས་འདི་བཞིན་སྦྱར་ལ་ཉམས་སུ་བླངས་པས་དོན་འགྲུབ་ཅིང༌། བཟླས་དམིགས་ཀྱི་ཁྱད་པར་ཅུང་ཟད་ནི། གཉིས་པ་སྒྲོལ་མ་ཞི་བ་ཆེན་མོ་ལ། ཐུགས་ཀ་དང་བུམ་ནང་གི་སྔགས་ཕྲེང་གཉིས་ལས་འོད་ཟེར་དཀར་པོ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང༌། རང་དང་བསྒྲུབ་བྱའི་སྤྱི་བོ་ནས་ཞུགས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་དག་པའི་ཤེལ་ལྟར་གྱུར་པར་བསམ། དེ་བཞིན་དུ། གསུམ་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་སེར་པོ་འཕྲོས། རང་དང་བསྒྲུབ་བྱ་ལ་ཕོག དེ་དང་ལྷན་ཅིག་ཏུ་འོད་ཟེར་གྱི་སྣེ་ལས་རྗེ་བཙུན་མའི་སྐུ། བདུད་རྩི་སེར་པོས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར་བས་ལུས་དང་ལོངས་སྤྱོད་གནས་ཡུལ་ཐམས་ཅད་གསེར་ཞུན་མའི་མདོག་ལྟ་བུར་གྱུར། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ། བཞི་པ་ལ་སྔགས་ཕྲེང་གཉིས་པས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས། འཁོར་འདས་ཀྱི་བཅུད་དང་དྭངས་མ་ཐམས་ཅད་བཀུག་སྟེ་བུམ་པའི་ནང་དུ་ཐིམ། བཅོམ་ལྡན་འདས་མའི་སྐུ་དང་ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་བྱུང༌། རང་དང་བསྒྲུབ་བྱའི་སྤྱི་བོ་ནས་ཞུགས་ལུས་ཀྱི་
ནང་གང༌། དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ལྔ་པ་སྔགས་ཕྲེང་གཉིས་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག་གི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས། བསྒྲུབ་བྱའི་མགྲིན་པ་ནས་ཞགས་པས་བཅིངས། སྐྱེ་གནས་ལྕགས་ཀྱུས་ཕུག ཡན་ལག་ལྕགས་སྒྲོག་གིས་བསྡམས། བདག་ཉིད་ལ་གུས་ཤིང་ཆགས་པའི་ཡིད་ཀྱིས་རང་དབང་མེད་པར་དབང་དུ་གྱུར་པར་བསམ། དྲུག་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་དམར་ནག་མེ་ལྕེ་ལྟ་བུ་འཕྲོས་པས། འབྱུང་པོའི་གཙོ་བོ་ཕྱོགས་སྐྱོང་བཅུ་སོགས་ལ་ཕོག་པས་དེ་དག་གི་གདུག་པའི་སེམས་ཞི་ཞིང་བདག་གི་བྲན་དུ་གྱུར། ཞི་བས་འདུལ་བར་མ་ནུས་པ་རྣམས་རླུང་གི་ཤུགས་ཀྱིས་རྒྱ་མཚོའི་མཐར་བསྐྲད་པར་བསམ། བདུན་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་མེ་འབར་བ་ལྟ་བུ་འཁྲུགས་ཤིང་འཕྲོས། ཕ་རོལ་གྱི་བྱད་ཕུར་སོགས་རིག་སྔགས་ཀྱི་ནུས་པ་ཐམས་ཅད་བསྲེགས། འོད་ཟེར་ཚུར་འདུས་སྲུང་བའི་གུར་དུ་གྱུར་པར་བསམ། བརྒྱད་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་མེ་དང་མཚོན་ཆ་ཁྲོ་ཚོགས་དཔག་ཏུ་མེད་པ་འཕྲོས། དགྲ་བོའི་སྙིང་དཀར་ནག་མཚམས་སུ་སྲོག་གི་ངོ་བོ་མར་མེ་ལྟར་གནས་པ་ནག་ཐུམ་གྱིས་བསད་གཟུགས་ཕུང་བཅོམ་ལྷག་མེད་དུ་རོལ་པར་བསམ། དགུ་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་དཀར་པོ་དང༌། སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བདག་གི་གནོད་པ་ཐམས་ཅད་སྲུང་བའི་ལས་མཛོད། སླར་ཡང་སྔགས་ཕྲེང་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པས་གནོད་པའི་ས་བོན་མཐའ་དག་ཞི་བར་བསམ། བཅུ་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་མཆིན་ཁའི་ཚོགས་དཔག་ཏུ་མེད་པ་འཕྲོས། བདུད་དང་དགྲ་བོ་
སོགས་ཀྱི་བསམ་སྦྱོར་ངན་པ་སྦྱངས་བདག་ཉིད་ལ་གུས་ཤིང་དབང་དུ་གྱུར་པར་བསམ། བཅུ་གཅིག་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། འཇིག་རྟེན་ཁམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ཏེ་རང་གི་ཡུལ་ཁྱིམ་རྣམས་གང་ཕྱག་གི་བུམ་པ་ལས་ཀྱང་འདོད་དགུའི་ཆར་ཆེན་པོ་འབབ་པར་བསམ། བཅུ་གཉིས་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་སེར་པོ་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་པའི་རྟགས་བརྒྱད་དང༌། རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་སྤྱན་དྲངས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བཀྲ་ཤིས་དང་བདེ་ལེགས་རྒྱུན་མི་ཆད་པར་འབྱུང་བར་བསམ། བཅུ་གསུམ་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་རྡོ་རྗེའི་རང་བཞིན་དཔག་ཏུ་མེད་པ་བྱུང༌། བདག་དང་བསྲུང་བྱ་རྣམས་ཀྱི་ཕྱི་རོལ་ཏུ་རྡོ་རྗེའི་གུར་ཁང་ཆེན་པོར་གྱུར་པས་བགེགས་དང་བར་ཆད་ཐམས་ཅད་སྲུང་བར་བསམ། བཅུ་བཞི་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་དྲག་ཅིང་རྩུབ་པ་མཚོན་ཆ་དང་གནམ་ལྕགས་ཀྱི་རང་བཞིན་ཅན་དཔག་ཏུ་མེད་པ་འཕྲོས། གདོན་བགེགས་ཐམས་ཅད་ཚར་བཅད་པར་བསམ། བཅོ་ལྔ་པ་ལ་སྔགས་ཕྲེང་གཉིས་ལས་ལྷ་མོ་དཀར་མོ་བདུད་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། བདག་ཉིད་ཟླ་བའི་སྟེང་དུ་གནས་པ་ལ་ཁྲུས་མཛད་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ལུས་དག་པའི་ཤེལ་ལྟར་གྱུར་པར་བསམ། བཅུ་དྲུག་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་ཉི་མ་འཆར་ཀའི་མདངས་ལྟ་བུ་འཕྲོས། གསང་སྔགས་དང་རིག་སྔགས་ཀྱི་ནུས་མཐུ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་བདག་ཉིད་ལ་ཐིམ་པས་མ་རིག་པའི་མུན་པ་ཐམས་ཅད་བསལ། ཤེས་བྱ་ཐམས་ཅད་
ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་བསམ། བཅུ་བདུན་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་མཚོན་ཆ་སྣ་ཚོགས་པའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས། བདུད་དང་བར་དུ་གཅོད་པ་ཐམས་ཅད་བཅིངས། དེ་དག་གི་མཐུ་དང་ནུས་པ་རིག་སྔགས་ཐམས་ཅད་ཕུར་བུས་བཏབ་ས་རིམ་པ་དགུའི་འོག་ཏུ་དོར། རྡོ་རྗེའི་རི་རབ་ཀྱི་ཕྱག་རྒྱས་མནན་པར་བསམ། བཅོ་བརྒྱད་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་དང་བདུད་རྩི་དཀར་པོ་བསིལ་བའི་རེག་བྱ་ཅན་དཔག་ཏུ་མེད་པ་འཕྲོས། རང་དང་བསྒྲུབ་བྱའི་སྤྱི་བོར་ནས་ཞུགས་ཀླུའི་དུག་དང་ས་བདག་གི་གནོད་པ་ཐམས་ཅད་སྡིག་སྦྲུལ་སྦལ་ལྕོང་ལ་སོགས་པའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན། ལུས་སེམས་ལ་བདེ་བས་ཁྱབ་ཅིང་དྭངས་གསལ་འོད་ཀྱི་རང་བཞིན་དུ་གྱུར་པར་བསམ། བཅུ་དགུ་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས། ཕན་ཚུན་རྩོད་པ་ལ་རེག་པས་སོ་སོའི་སྣང་སེམས་ཞི་ཞིང་བྱམས་པའི་སེམས་དང་ལྡན་པར་གྱུར། རྨི་ལམ་ངན་པ་གང་རྨིས་པའི་གཟུགས་བརྙན་ལ་རེག་པས་ངན་པའི་འབྲས་བུ་འབྱིན་པ་ཞི་ཞིང་དགེ་བའི་མཚན་མར་གྱུར་པར་བསམ། ཉི་ཤུ་པ་ལ་སྔགས་ཕྲེང་གཉིས་ལས་སྒྲོལ་མ་ཞི་བའི་སྐུ་དཔག་ཏུ་མེད་པ་འཕྲོས་པའི་སྐུའི་ཆ་ལས་བདུད་རྩིའི་རྒྱུན་བབས་པས་ནད་བདག་དང་རིམས་བདག་རྣམས་ཞི་ཞིང་ཚིམས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་སྦྱངས། སླར་ཡང་དྲག་པོའི་སྐུ་དཔག་ཏུ་མེད་པ་འཕྲོས་པས་ཞི་བསམ་དུལ་བའི་རིགས་ཐམས་ཅད་རྒྱ་མཚོའི་མཐར་བསྐྲད་ཅིང་སྲུང་བའི་ལས་མཛད་པར་བསམ། ཉེར་གཅིག་པ་ལ་སྔགས་ཕྲེང་གཉིས་ལས་འོད་ཟེར་དཀར་སེར་དམར་མཐིང་གི་ཚོགས་འཕྲོས་པས། ཞི་རྒྱས་དབང་དྲག་གི་ལས་གང་འདོད་པ་ཐམས་ཅད་འབད་མེད་དུ་འགྲུབ་པར་བསམ་མོ། །གཉིས་པ་རྒྱུན་གྱི་རྣལ་འབྱོར་ལ། སྲོད་དང་ཐོ་རངས་སོགས་དུས་གང་ཡང་རུང་བར།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་སོགས་སྐྱབས་སེམས་སྔོན་དུ་འགྲོ་བས། འོད་གསལ་སྟོང་ཉིད་ངང་ལས་སྐད་ཅིག་གིས། །མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །དྲི་མེད་ཆུ་སྐྱེས་ཟླ་བ་རྒྱས་པའི་སྟེང༌། །སངས་རྒྱས་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ། །བླ་མ་མཆོག་དང་དབྱེར་མེད་རྗེ་བཙུན་མ། །སྐུ་མདོག་ལྗང་གསལ་ཞལ་གཅིག་ཕྱག་གཉིས་མ། །ཞི་འཛུམ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས། །ཕྱག་གཡས་མཆོག་སྦྱིན་ལེགས་པར་བརྐྱངས་པ་ཡིས། །གང་འདུལ་གདུལ་བྱའི་རེ་བ་ཡིད་བཞིན་སྐོང༌། །གཡོན་པས་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་ཀུན་འཕྲོག །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་པས་བཞུགས། །རིགས་བདག་སྣང་བ་མཐའ་ཡས་དབུར་བརྒྱན་ཅིང༌། །མཐའ་སྐོར་ཕྲིན་ལས་སྒྲོལ་མ་ཉེར་གཅིག་དང༌། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ཀུན། །བདག་དང་མཐའ་ཡས་འགྲོ་རྣམས་སྒྲོལ་བའི་སླད། །དགྱེས་པའི་ཚུལ་གྱིས་མངོན་སུམ་བཞུགས་པར་གྱུར། །ཅེས་ངག་ཏུ་བརྗོད་པའམ་ཡིད་ཀྱིས་གསལ་བཏབ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཞེས་སོགས་ཡན་ལག་བདུན་པ་དངོས་སུ་བྱ་བའམ་ཡིད་ཀྱིས་ཕྱག་དང་མཆོད་པ་དབུལ། རྗེ་བཙུན་སྒྲོལ་མས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་དད་མོས་ཤུགས་དྲག་ཏུ་བསྐྱེད་ལ་ཕྱག་འཚལ་ཉེར་གཅིག་གསུམ་མམ་བདུན་ནམ། ཉེར་གཅིག་སོགས་བཏོན་ནས་གསོལ་བ་བཏབ་པས། ཚོགས་ཞིང་གི་ཐུགས་ཀ་ནས་འོད་ཟེར་བྱུང༌། རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག མངོན་ཞེན་དང་ཆགས་ཞེན་གྱི་བག་ཆགས་སྦྱངས།
སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། རྗེ་བཙུན་མའི་གསང་བ་གསུམ་དང༌། རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་པར་བསམས་ལ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་ཙམ་ནས་སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་བའི་སྟོང་ཉིད་དང༌། རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་དང་རྨི་ལམ་ལྟ་བུ་ཟུང་དུ་འཇུག་པར་ཤེས་པས་དམིགས་པའི་བརྟན་གོམས་ལ་བསླབ། མཐར་ལྷ་མོ་ལ་གུས་སོགས་ཕན་ཡོན་ཀྱང་དོན་དྲན་བཞིན་པའི་ངང་ནས་བརྗོད་ལ་ངེས་ཤེས་བསྐྱེད། གཏང་རག་གི་ཚུལ་དུ་ཡན་ལག་བདུན་པ་འབུལ། ཐུགས་རྒྱུད་སྐུལ་བར་དམིགས་ཏེ་བཟླས་པ་ཇི་ལྟར་རིགས་པར་བྱ། རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་ཚོགས་ཞིང་རྣམས་དབུས་ཀྱི་རྗེ་བཙུན་མ་ལ་ཐིམ། དེ་ཉིད་རང་གི་སྤྱི་བོ་ནས་མར་སིབ་ཀྱིས་ཐིམ་པས། རང་གི་ལུས་འཇའ་ཚོན་ཡལ་བ་ལྟར་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམས་ལ། ལུས་སེམས་ཁོང་གློད་དེ། གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་མཉམ་པར་བཞག དེ་ལས་ལྡང་བ་ན། བདག་གི་དགེ་བའི་ལས་རྣམས་འདི་ཡིས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །སེམས་ཅན་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས། །མྱུར་དུ་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །ཅེས་སོགས་བསྔོ་སྨོན་མཚམས་སྦྱར་ཏེ་སྤྱོད་ལམ་དགེ་བའི་བྱ་བ་ལ་འཇུག་པར་བྱའོ། །དེ་ལྟར་དུས་དང་རྒྱུན་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བའམ། བསྟོད་པ་ཙམ་ཆག་མེད་དུ་བགྱིས་པས་ཀྱང་གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ནི་ངེས་པའོ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་རྗེ་བཙུན་མའི། །སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ། །གསལ་བར་ཕྱེ་བའི་ལེགས་བྱས་དཔག་བསམ་གྱིས། །ས་གསུམ་ཕན་བདེའི་
འདོད་རྒུ་འཇོ་གྱུར་ཅིག །ཅེས་པའང་མཉམ་མེད་ཇོ་བོ་ཆེན་པོའི་གསུང་རྒྱུན་རྩ་བའི་ཡིག་རྙིང་དང༌། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྗེས་གནང་གི་ཆིངས། རྗེ་མཆོག་ལེགས་རྡོ་རྗེས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་སོགས་ལ་གཞི་བྱས། མན་ངག་གི་ཡི་གེ་གཞན་གྱིས་ཀྱང་ཟུར་བརྒྱན་ཏེ་ཤཱཀྱའི་བཙུན་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་འདྲའི་བློ་དམན་རྣམས་ལ་ཕན་པའི་བསམ་པས་ཤིན་ཏུ་གསལ་བར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་བརྒྱུད་འདེབས་ཕན་བདེའི་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་སྒྲོལ་མ་དཔལ་ལྡན་ཨ་ཏི་ཤ །རྒྱལ་བའི་འབྱུང་གནས་བཤེས་གཉེན་རིན་ཆེན་གསལ། །ཡོན་ཏན་གྲགས་དང་ཡེ་ཤེས་རྡོ་རྗེའི་ཞབས། །ཆོས་ཀྱི་སེང་གེ་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་སྒོམ་པ་མཆིམས་ཆེན་ནམ་མཁའ་གྲགས། །གྲགས་པ་ཤེས་རབ་གྲགས་བརྩོན་བློ་བཟང་གྲགས། །ཀུན་དགའ་རྒྱལ་མཚན་གྲུབ་པ་ཤེས་རབ་དཔལ། །རོང་སྟོན་ཆེན་པོ་རྣམས་ལ་གསོལ་བ་འདེབས། །ཤཱཀྱ་མཆོག་ལྡན་བསོད་ནམས་རྒྱལ་མཚན་དཔལ། །བསོད་ནམས་དཔལ་འབྱོར་སྨོན་ལམ་རྒྱལ་མཚན་ཞབས། །མཁྱེན་བརྩེའི་དབང་ཕྱུག་བསོད་ནམས་ཆོས་འཕེལ་དང༌། །ངག་དབང་ཆོས་གྲགས་རྣམས་ལ་གསོལ་བ་འདེབས། །བསོད་ནམས་རྒྱལ་མཚན་རྒྱལ་བ་ལྷུན་གྲུབ་དང༌། །སྤྲོ་ལུང་པ་དང་བློ་གསལ་བསྟན་འཛིན་ཞབས། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་བའི་ཡུམ་གཅིག་འཕགས་མ་སྒྲོལ་མའི་ཞབས། །ཕྲིན་ལས་ཀུན་སྩོལ་རྣམ་འཕྲུལ་ཉེར་གཅིག་བཅས། །གུས་པས་བསྒོམས་བཟླས་བསྟོད་ཅིང་གསོལ་བཏབ་མཐུས། །དོན་གཉིས་ཡིད་བཞིན་འགྲུབ་པར་
བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་མཎྜལ་བཞི་པའི་ཆོ་གའི་སྐོར།
རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་མཎྜལ་བཞི་པའི་ཆོ་གའི་སྐོར་བཞུགས་སོ།། ས་ལུགས།།
ན་མོ་གུ་རུ་ཝེ། སྲོད་དང་ཐོ་རངས་ལངས་པར་བྱས་ནས། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་པ་ལ་བརྟེན་ནས་མཎྜལ་བཞི་པའི་གསོལ་བ་འདེབས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། དུས་དང༌། གནས་དང༌། རྟེན་དང་མཆོད་པ་བཤམ་པའོ། །དུས་ནི་བསོད་ནམས་གསོག་པ་ཡིན་ན་ཚེས་བརྒྱད་དམ་ཉ་སྟོང་ལྟ་བུ་ལ་བྱ། བར་ཆད་སེལ་ན་ནད་རིམས་དང༌། འདྲེ་དང་ཆོམ་རྐུན་ལ་སོགས་པ་དང༌། ཕ་རོལ་གྱི་དམག་ཚོགས་དང་རྨི་ལམ་ངན་པ་ལ་སོགས་པ་བྱུང་བའི་དུས་སུའོ། །འདོད་པའི་དོན་སྒྲུབ་ན་ནངས་པར་ལྟ་བུ་དོན་བསྒྲུབ་པའི་དོ་ནུབ་བྱ་སྟེ་དུས་སུའོ། །གནས་ནི་གཙུག་ལག་ཁང་ངམ་མཆོད་ཁང་ལ་སོགས་པ་ཉམས་དགའ་བར་བྱའོ། །རྟེན་ནི་བླ་མ་ཡི་དམ་སྤྱི་དང༌། དཀོན་མཆོག་གསུམ་གྱི་རྟེན་ལུགས་མ་དང་རས་བྲིས་ལ་སོགས་པ་ཅི་རིགས་པ་དགྲམ། རྗེ་བཙུན་མའི་སྐུ་ལུགས་མའམ་བྲིས་སྐུ་གང་རུང་ཞིག་བཞུགས་སུ་
གཞུག་གོ །མཆོད་པ་ནི་སྟེང་དུ་བླ་རེ། རྔ་ཡབ་ལ་སོགས་པ་ཅི་རིགས་པས་བརྒྱན། མཎྜལ་ནི་རེ་གས་མཎྜལ་ཟླུམ་པོ་ཁོར་ཡུག་གཉིས་པ་བཞི་བྲིའོ། །ཡང་ན་ཤིང་ངམ་འཁར་བའི་མཎྜལ་བཞི། གཅིག་ལས་མེད་ནའང་བསྐྱར་ལ་དབུལ། མར་མེ་བཞི། ལྷ་བཤོས་བཞི། གྲུབ་ན་རེང་བུ་བཞི། ཡོན་ཆབ་དང༌། དྲི་མཆོག་རྣམས་གྲུབ་ན་བཞི་བཞི། མེད་ན་ཅི་རིགས་པ་བཤམ་མོ། །མེ་ཏོག་ནི་ཟངས་གཞོང་ལ་སོགས་པར་བསགས་ལ་གསོལ་བ་འདེབས་ཙ་ན་འཐོར་ཞིང་བྱའོ། །དངོས་གཞི་ལ་གསུམ་སྟེ། སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང༌། དཀོན་མཆོག་སྤྱི་ལ་གསོལ་བ་གདབ་པ་དང༌། རྗེ་བཙུན་མ་ལ་གསོལ་བ་གདབ་པའོ། །དང་པོ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་མ་ཐོབ་པར་དུ་བདག་སྐྱབས་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་ལ་དོན་ཡིད་ལ་བྱའོ། །གཉིས་པ་དཀོན་མཆོག་སྤྱི་ལ་མཆོད་པ་བྱ་བ་ནི། དང་པོ་བླ་མ་ལ་ཕྱག་བྱ། དེ་ནས་ཡི་དམ་ལ། དེ་ནས་བུདྡྷ་ལ། དེ་ནས་བྱང་
སེམས་ལ་ཕྱག་བྱ། དེ་ནས་མཆོད་པ་དང་མཎྜལ་དང་པོ་དབུལ། ཡན་ལག་བདུན་པ་རྒྱས་པའམ་བསྡུས་པ་གང་རུང་པ་ཞིག་བྱས་ལ། འདོད་པའི་དོན་གང་བསྒྲུབ་པ་དེ་ལ་གསོལ་བ་དྲག་ཏུ་གདབ་བོ། །གསུམ་པ་རྗེ་བཙུན་མ་ལ་གསོལ་བ་གདབ་པ་ལ་གསུམ་སྟེ། དང་པོ་རྗེ་བཙུན་མའི་རྟེན་མདུན་དུ་བཤམས་ལ། དེའི་ཐུགས་ཀ་ནས་འོད་འཕྲོས་པས་པོ་ཏ་ལ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ་མོ། །ཡང་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་མའི་རྣམ་པར་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་མོས་པར་བྱས་ཏེ་ངག་ཏུ། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱ་ཨུཏྤལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུ་རེ་ཡིས། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛོད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། དེ་ནས་མཆོད་པ་དབུལ་བ་ནི་ངག་ཏུ། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཐང་སྐྱེས་ཆུ་སྐྱེས་ཆུ་ཆེན་མེ་ཏོག་བཅས། །དྲི་ཞིམ་ཡིད་འོང་མཆོད་ཡོན་དམ་པ་འདི། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་
བགྱི། །གུ་རུ་ཏཱ་རཱ་བཛྲ་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་དབུ་ལ་མཆོད་འབུལ་མ། །པུཥྤེ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་དཀོན་མང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་པུཥྤེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཤངས་ལ་མཆོད་འབུལ་མ། །སྤོས་མ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་སྤོས་ཁང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྤྱན་ལ་མཆོད་འབུལ་མ། །དཱི་པཾ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་མ། །ཉི་ཟླ་རིན་ཆེན་སྣང་གསལ་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་ལ་མཆོད་འབུལ་མ། །དྲི་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཨ་གར་ཙནྡན་ག་པུར་དུང་ཆོས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་གནྡྷེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ལྗགས་ལ་མཆོད་འབུལ་མ། །རོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་དང་བཅུད་ལྡན་ལྷ་རྫས་ཞལ་ཟས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་ནཻ་ཝི་དྱ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྙན་ལ་མཆོད་འབུལ་མ། །སྒྲ་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །པི་ཝང་གླིང་བུ་སིལ་སྙན་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་ཤབྡ་པཱུ་ཛ་ཨཱཿཧཱུྃ། ས་གཞི་སྤོས་ཆུས་བྱུགས་ཤིང་ཆག་ཆག་བཏབ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ནས་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །གུ་རུ་ཏཱ་རཱ་བཛྲ་མཎྜལ་པཱུ་ཛ་ཨཱཿཧཱུྃ། དེ་ནས་སྒྲོལ་མ་ལ་བློ་བཀལ་བའི་དད་གུས་ཀྱི་བསམ་པ་རྩེ་གཅིག་པས་བསྟོད་པ་ཚར་གཉིས་གདོན། དེ་ནས་དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་ཚར་གཅིག་བྱ་སྟེ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །
ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དྭངས་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པའི། །རྒྱུ་དང་འབྲས་བུས་བསྡུས་པ་ཡི། །བསོད་ནམས་ལ་ནི་བདག་ཡི་རང༌། །སེམས་ཅན་རྣམས་ཀྱི་བསམ་པ་དང༌། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པའི་ཡན་ལག་བདུན་པ་བྱའོ། །དེ་ནས་རང་དང་མདུན་གྱི་རྗེ་བཙུན་མ་དམིགས་པ་གསལ་བར་བྱས་ལ། རྩ་སྔགས་ཡི་གེ་བཅུ་པ་སུམ་བརྒྱ་བགྲང་ངོ༌། །དེའང་ནད་ཞི་བར་འདོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གྲ་ཧེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། དེ་བཞིན་དུ་གདོན་ཞི་བར་འདོད་ན། སརྦ་དུ་ཋཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། བགེགས་ཞི་བར་འདོད་ན། སརྦ་བིགྷྣཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། རིམས་ནད་ཞི་བར་འདོད་ན། སརྦ་ཛྭཱ་རེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མིན་འཆི་བ་ལ། ཨ་ཀཱ་ལ་མྲྀ་ཏྱུ། ལྟས་ངན་པ་ལ། དུརྣི་མི་ཏེ། རྨི་ལམ་ངན་པ་ལ། དུརྶཱཔྣི། རྣམ་གཡེང་ལ། ཙིཏྟ་ཀུ་ལེ་བྷྱཿཞེས་བརྗོད། དགྲ་དང་ཆོམ་རྐུན་ཉེར་འཚེ་ཞི་བར་འདོད་ན།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨུ་པ་དྲ་བེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། དེ་ནས་རྗེ་བཙུན་མ་ལ་རྩེ་གཅིག་ཏུ་དམིགས་ལ་ཡི་གེ་གཉིས་ཀྱི་སྦྱོར་བ་བླ་མ་ཁ་ཆེ་བའི་གདམས་ངག་ཏཱ་རེ་ཞེས་པ་སུམ་བརྒྱ་བརྗོད། དེ་ནས་མཎྜལ་ཕུལ་ལ་གསོལ་བ་གདབ་སྟེ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ནས་ཚོགས་གཉིས་ཡོངས་རྫོགས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ཡི། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང༌། །རྨི་ལམ་ངན་དང་མཚན་མ་ངན་པ་དང༌། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་ནས་བསམ་པའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང༌། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་བཞིན་འཕེལ་རྒྱས་མཛད་དུ་གསོལ། །ཞེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བཀྲ་ཤིས་ནི། བདག་གིས་ཚེ་རབས་ཀུན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །རྗེ་བཙུན་མ་ལ་གསོལ་འདེབས་མཎྜལ་དང་མཆོད་པ་ཚར་གསུམ་དུ་དབུལ་བ་ལས་
དང་པོའོ། །གཉིས་པ་ཕྱག་འཚལ་བ་ནི། འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་མ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །གཉིས་མེད་ཡེ་ཤེས་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་དབང་གིས་འགྲོ་དོན་སྣ་ཚོགས་མཛད། །བྱམས་པའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མདོག་ལྗང་གུས་ཕྲིན་ལས་སྣ་ཚོགས་མཛད། །ཡོན་ཏན་རབ་རྒྱས་བཅུ་དྲུག་ལོན་པའི་ཚུལ། །འགྲོ་ལ་རབ་དགེས་ཞལ་ནི་འཛུམ་པ་དང༌། །ཞི་བའི་སྤྱན་གྱིས་འཇིག་རྟེན་གསུམ་ལ་གཟིགས། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །བྱང་སེམས་རང་བཞིན་ཟླ་བ་གདན་དུ་བཏིང༌། །ཉོན་མོངས་མི་སྐྱོད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྒྲིབ་པ་ཀུན་སྤངས་པདྨའི་གདན་ལ་བཞུགས། །ཟག་མེད་བདེ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཟག་མེད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །ན་བཟའ་མཆོག་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་མཆོག་སྦྱིན་སྒྲུབ་ལ་དངོས་གྲུབ་སྟེར། །གཡོན་པས་ཨུཏྤལ་སྐྱོན་བྲལ་དག་པའི་རྟགས། །ཕྱག་གཉིས་ཐབས་དང་ཤེས་རབ་བཟུང་དུ་འབྲེལ། །མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་གོང་མ་བཞིན་མཆོད་འབུལ་བྱས་ལ། བསྟོད་པ་ཚར་གསུམ་བཏོན་ལ། ཡན་ལག་བདུན་པ་ནས་བཀྲ་ཤིས་ཀྱི་བར་སྔར་དང་འདྲ། རྗེ་བཙུན་མའི་མཎྜལ་དང་མཆོད་པ་གཉིས་པའོ། །གསུམ་པ་ཕྱག་འཚལ་བ་ནི། ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཐབས་མཁས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ས་ལྟར་བརྟན་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཆུ་ལྟར་བསིལ་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མེ་ལྟར་སྨིན་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རླུང་ལྟར་རྒྱས་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ། མཆོད་འབུལ་གོང་དང་འདྲ།
དེ་ནས་བསྟོད་པ་ཚར་བདུན་གདོན། ཡན་ལག་བདུན་པ་སྔར་དང་འདྲ། དེ་ནས་རྩ་སྔགས་ལ་གང་ཞི་བར་འདོད་པའི་སྤེལ་ཚིག་བཏགས་ལ་སྟོང་དུ་ཁ་ཚང་བར་བྱ་བའི་ཕྱིར་བཞི་བརྒྱ་བགྲང་ངོ༌། །གོང་མ་བཞིན་ཡི་གེ་གཉིས་ཀྱི་སྦྱོར་བ་ཏཱ་རེ་ཞེས་པ་བཞི་བརྒྱ་བགྲང་ངོ༌། །དེ་ནས་མཎྜལ་ཐ་མ་དབུལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་ཞེས་པ་ནས། བཀྲ་ཤིས་ཀྱི་བར་སྔར་དང་འདྲ་སྟེ་མཎྜལ་བཞི་པའོ། །མཐར་མཆོད་འབུལ་བྱ་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བཀྲ་ཤིས་ཀྱི་བར་ལ་ལོང་ཡོད་ཅིང་སྤྲོས་པ་ལ་དགའ་ན་དབྱངས་སུ་གྲུབ་ནའང་དགའོ། །མ་གྲུབ་ན་ཚིགས་བཅད་ཀྱིས་ཀྱང་བཏུབ་བོ། །མཇུག་དགེ་བ་བསྔོ་བ་ནི། བདག་གི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སྐུ་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་མྱུར་དུ་ཐོབ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་ཟློ་བར་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་སློབ་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་པ་ལ་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སྒྲོལ་མའི་མཎྜལ་བཞི་པའི་གསོལ་འདེབས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའོ།། །། གཏོར་མ་བཞི་པ་བཤམས་པའི་དང་པོ་བཅོམ་ལྡན་འདས་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ལ་དབུལ། གཉིས་པ་ཆོས་སྐྱོང་ལ་ཕུལ་ལ་ཕྲིན་ལས་གཞོལ།
གསུམ་པ་རིགས་དྲུག་ཀུན་ལ་སྦྱིན། བཞི་པ་གཞི་བདག་ལ་ཚིམས་པར་སྦྱིན་ནོ། །འདི་བྲིས་དགེ་བས་རྗེ་བཙུན་མ། །མཉེས་ནས་བདག་གི་སྡིག་སྒྲིབ་རྣམས། །བསལ་ནས་འགྲོ་བའི་དོན་དུ་ནི། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །མངྒ་ལཾ།། ༈ །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བཀླག་ཆོག་མ་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དཔལ་ལྡན་མར་གད་རྡུལ་བརྩེགས་ལྷུན་པོ་ནི། །རབ་མཛེས་མཚན་དཔེ་ཉི་མ་འབུམ་གྱི་གཟི། །མ་ལུས་འགྲོ་བ་ཀུན་གྱི་སྐྱབས་ཀྱི་གཙོ། །ལྷ་མཆོག་མྱུར་མ་དཔའ་མོས་འགྲོ་འདི་སྲུངས། །རྒྱལ་བ་ཀུན་གྱི་ཕྲིན་ལས་མ། །ཕོངས་པ་ལས་སྒྲོལ་སྒྲོལ་མ་ལ། །བཏུད་དེ་དེ་ཡི་བསྟོད་པ་ཡི། །ཆོ་ག་ལག་ལེན་བཞིན་དུ་བྲི། །འདི་ལ་སྦྱོར་དངོས་རྗེས་ཀྱི་དང་པོ་ལ་གསུམ་གྱི། དུས་ནི་བསོད་ནམས་གསོག་ན་ཚེས་བརྒྱད་ཉ་སྟོང་ལྟ་བུ། བར་ཆད་སེལ་ན་རིམས་འདྲེ་གདོན་ཕྱི་རོལ་གྱི་དམག་ཚོགས་རྨི་ལམ་ངན་པ་ལ་སོགས་བར་ཆད་བྱུང་བའི་དུས་སུ། འདོད་པ་སྒྲུབ་ན་ནངས་པར་ལྟ་བུ་དོན་བསྒྲུབ་པའི་དོ་ནུབ་བྱའོ། །གནས་ནི་གཙུག་ལག་ཁང་ངམ་ཉམས་དགའ་བའོ། །རྟེན་ནི་བླ་མ་ཡི་དམ་སྤྱི་དང་དཀོན་མཆོག་སྤྱིའི་ལུགས་སྐུའམ་རས་བྲིས་ལ་སོགས་པ་དང༌། རྗེ་བཙུན་མའི་ལུགས་སྐུའམ་རས་བྲིས་གང་རུང་བཞུགས་སུ་བཅུག མཆོད་པ་ནི་སྟེང་དུ་བླ་རེ་རྔ་ཡབ་ལ་སོགས་པས་བརྒྱན། མཎྜལ་རེ་ཁཱ་ཟླུམ་པོ་ཁོར་ཡུག་གཉིས་པ་བཞི་བྲི། ཚོམ་བུ་བདུན་དགོད། ཡང་ན་ཤིང་ངམ་འཁར་བ་རྡོ་སོགས་ཀྱིས་རུང༌། གཅིག་ལས་མེད་ཀྱང་བསྐྱར་ལ་དབུལ། མཆོད་ཡོན། མེ་ཏོག རེང་བུ། མར་མེ། དྲི་མཆོག ཞལ་ཟས་རྣམས་ཚན་པ་བཞི་བཞི་བཤམ། མ་འབྱོར་ན་ཅི་འབྱོར་དུ་བཤམ་ཞེས་གསུངས་པས་གཞན་རྣམས་ཁ་གསོ། ཞལ་ཟས་བཞི་དང་གཏོར་མ་གསུམ་མམ་གཅིག་ལ་བསྡུས་ཀྱང་རུང༌། མེ་ཏོག་ནི་ཟངས་གཞོང་སོགས་སུ་བཏེག་ནས་གསོལ་བ་འདེབས་དུས་སུ་འཐོར་རོ། །ཏིང་
ཤག་གམ་དྲིལ་བུ་སོགས་ཀྱང་སྟ་གོན་བྱ། ཆབ་བླངས་ལ་སྟན་ལ་འདུག དངོས་གཞི་ལ་དཀོན་མཆོག་སྤྱི་དང༌། རྗེ་བཙུན་མ་ལ་གསོལ་བ་འདེབས་པ་གཉིས་ཀྱི་དང་པོ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་མཆོད་པ་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨྃ་ལས་མཆོད་ཡོན། པཱྃ་ལས་ཞབས་བསིལ། བྃ་ལས་མེ་ཏོག དྷཱྃ་ལས་བདུག་སྤོས། དཱྃ་ལས་མར་མེ། གྃ་ལས་དྲི་ཆབ། ནྃ་ལས་ཞལ་ཟས། ཤྃ་ལས་རོལ་མོ། ཧཱུྃ་ལས་མཆོད་རྫས་གཞན་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཞེས་སོ་སོའི་མིང་གི་ཡི་གེ་དང་པོ་ལས་མཆོད་རྫས་སོ་སོར་བསྐྱེད་པའམ། བསྡུ་ན། རིན་པོ་ཆེའི་སྣོད་དུ་ཞེས་པའི་མཐར། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་རྒྱ་དང་ཚད་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ། རོལ་མོས་བྱིན་དབབ། སྐྱབས་འགྲོ་ནི། བདག་དང་འགྲོ་བ་སོགས་བཞི་སྐོར་བྱས་པས་ཆོག་གསུངས། རྗེས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་
སངས་རྒྱས་འགྲུབ་པར་ཤོག །ཅེས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག དུཿཁ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་པས་ཚད་མེད་པ་བཞི་བསྒོམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བླ་མ་བརྒྱུད་པ་ཡི་དམ་དཀོན་མཆོག་གསུམ་སོགས་དཔག་མེད་སྤྱན་དྲངས། མདུན་དུ་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་བཞུགས་པར་བསྒོམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་
པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་ཕ་རོལ་ཏུ། །ཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱེད་ལ་ཕྱག་འཚལ་ལོ། །སྐུ་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང༌། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆགས་པ་དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་
སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཐུགས་ལས་བསྐྱེད་བའི་སྲས། །བྱང་ཆུབ་སྤྱོད་པ་བླ་མེད་མཐར་ཕྱིན་པ། །ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་མཆོག་གྱུར་པ། །མགོན་པོ་མི་ཕམ་པ་ལ་ཕྱག་འཚལ་ལོ། །རྒ་ཤིའི་འཇིགས་སྤངས་གཞོན་ནུར་གྱུར་པ་དེ། །གཞན་དོན་དགྱེས་པས་ཞལ་རས་འཛུམ་པ་ཅན། །སྣ་ཚོགས་སྤྲུལ་མཛད་འོད་ཟེར་མཐའ་ཡས་པ། །བཅོམ་ལྡན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་རྗེ། །འགྲོ་བའི་སྡུག་བསྔལ་མ་ལུས་དཔྱིས་འབྱིན་པ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བརྩེ་བའི་ཐུགས་རྗེས་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བསྟན་ནས་ཀྱང༌། །འགྲོ་བའི་གདུང་བ་དྲག་པོ་སེལ་མཛད་པ། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཀྱང་ཐུགས་རྗེའི་དབང་གིས་ན། །ལྷ་མོའི་ཚུལ་སྟོན་ཀུན་ནས་གསལ་བའི་སྐུ། །ཡིད་བཞིན་ནོར་བུ་པདྨ་ལེགས་བསྣམས་པ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་དབང་གྲུབ་པའི་ཅོད་པན་གྱི། །རིན་ཆེན་འོད་ཟེར་འཕྲོ་བས་གང་གི་ཞབས། །ཀུན་ནས་གསལ་བས་ཉི་མའང་ཟིལ་གནོན་པ། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །འགྲོ་བ་འཇིགས་པས་ཉེན་པ་བསྐྱབ་པའི་ཕྱིར། །བརྩེ་བས་འཇིགས་བྱེད་ཁྲོ་མོའི་སྐུར་བསྟན་ནས། །དབུགས་འབྱིན་མཛད་ཅིང་དངོས་གྲུབ་མཆོག་སྩོལ་མ། །སྒྲོལ་མ་དྲག་མོ་འདུལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་
མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །མར་གད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་དང༌། །དངོས་གྲུབ་ཀུན་སྩོལ་བདུད་རྩིའི་བུམ་པ་འཛིན། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །བར་དུ་གཅོད་པ་ཀུན་ལས་གྲོལ་འགྱུར་ཞིང༌། །དྲི་མེད་བདེ་བ་ཆེན་པོ་ཐོབ་མཛད་པ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེའི་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །དཔལ་ཆེན་ནམ་མཁའི་མདོག་གི་མདངས་ལྡན་ཞིང༌། །དུས་མཐའི་སྤྲིན་ལྟར་ཧཱུྃ་གི་འབྲུག་སྟོང་ཆེམས། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་འགེམས་པ། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །མ་ལུས་རྒྱལ་བའི་གཉིས་མེད་ཡེ་ཤེས་ལས། །ཉེ་བར་བསྒྲུབས་པའི་མཐུ་སྟོབས་རྡོ་རྗེ་ཡིས། །བགེགས་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་བྱེད་པ། །དཔའ་ཆེན་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གདུག་པ་འདུལ་ཕྱིར་རབ་ཁྲོས་པ། །བྱེ་རུའི་མདོག་མཚུངས་པདྨའི་དབྱུག་ཏོ་འཛིན། །རྟ་མཆོག་ཞལ་གྱིས་དགྲ་ཡི་དཔུང་འཇོམས་པ། །ཁྲོ་རྒྱལ་རྟ་མགྲིན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འབྱུང་ལྔའི་མདོག་ཅན་འབྱུང་ཆེན་ལྔ་ལ་དབང༌། །ཀུན་ཏུ་སྒྱུར་བྱེད་རྡོ་རྗེའི་འདབ་གཤོག་ཅན། །ཀླུ་ཡི་དཔལ་འཕྲོག་ལྷ་མིའི་དཔལ་གྱུར་པ། །རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་
བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བ། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྐྱོང་དང་སྲུང་མཛད་པ། །འཕགས་པ་གནས་བརྟན་བཅུ་དྲུག་བཞུགས་པ་ནི། །གནས་བརྟན་བྷ་ར་དྷཱ་ཛ་བསོད་སྙོམས་ལེན། །འཕགས་པ་གསེར་ཅན་བ་ཀུ་ལ་དང་ནི། །གནས་བརྟན་ལམ་བརྟན་རྡོ་རྗེ་མོ་ཡི་བུ། །འཕགས་པ་སྦེད་བྱེད་སྒྲ་གཅན་འཛིན་དང་ནི། །ཀླུ་ཡི་སྡེ་དང་གནས་བརྟན་ཡན་ལག་འབྱུང༌། །ནགས་ན་གནས་དང་དགྲ་བཅོམ་མ་ཕམ་པ། །ལམ་ཕྲན་བརྟན་དང་གསེར་ཕྲེང་མི་ཕྱེད་པ། །དུས་ལྡན་བཟང་པོ་ཞེས་བྱ་ལ་ཕྱག་འཚལ། །འཛམ་བུ་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ཅན་འདིར་ཆོས་ཀྱི་སྒྲོན་མེ་སྦར། །ངུར་སྨིག་འཛིན་པ་ཤཱཀྱའི་སྲས་ཀྱི་གཙོ། །མཁན་ཆེན་ཞི་བ་འཚོ་ལ་ཕྱག་འཚལ་ལོ། །རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་གངས་ཅན་འགྲོ་བའི་དཔལ། །དངོས་སམ་བརྒྱུད་པས་གཞན་གྱི་དོན་མཛད་པ། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །ས་ཆེན་འདི་ན་ངོ་མཚར་རྣམ་མང་ཡང༌། །རྒྱ་གར་ཁ་ཆེ་རྒྱ་ནག་བལ་བོད་ལི། །ཡུལ་གང་ན་ཡང་མཚུངས་མེད་ཆོས་ཀྱི་རྗེ། །འཛམ་གླིང་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱིས་ཡན་ལག་བདུན་པ་བྱ། དེ་ནས། ས་གཞི་སྤོས་ཆུས་
བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་«་་་་་ཚིགས་བཅད་འདི་དཔེ་ཕལ་ཆེར་དུ་འོག་གི་མཎྜལ་ཚིག་ལྷུག་པའི་མཇུག བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་མཚམས་སུ་སྣང༌། »གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏྲི་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ་ཞེས་བརྗོད། སྟན་བདེ་བ་ལ་འདུག་སྟེ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་བཞིན་པས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ་ཞེས་བརྗོད། དེ་ནས་མཎྜལ་ལ་སོགས་པ་ཡོད་ན་ཕུལ། མེད་ན་མེ་ཏོག་ཐོགས་ལ་ཐལ་མོ་སྦྱར་ནས་སྐབས་སྐབས་སུ་འཐོར་ཞིང༌། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་
པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང༌། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས་འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་ཏུ་ཆར་ཆུ་དུས་སུ་ཕེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་སྦྱིན་བདག་འཁོར་བཅས་ཀྱི་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་འཕེལ། དཔལ་དང་འབྱོར་པ་རྒྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མེ་ཏོག་འཐོར་བཞིན་པས། ཚེ་རིང་ནད་མེད་འབྱོར་ལྡན་ཞིང༌། །འགྲོ་ཀུན་རྟག་ཏུ་འདུན་པ་དང༌། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་སླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ཅེས་པས་གསོལ་བ་བཏབ་པ་ནི་མཎྜལ་དང་པོ་བླ་མ་དཀོན་མཆོག་ལ་དབུལ་བའི་ཆོ་གའོ། །མཎྜལ་གཉིས་པ་རྗེ་བཙུན་མར་མཎྜལ་གསུམ་འབུལ་བའི་དང་པོ་ནི། མདུན་ན་རྗེ་བཙུན་མའི་རྟེན་ཡོད་ན། ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་དང༌། རྟེན་མེད་ན་རང་གི་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་སྟེ་གང་ལྟར་ཡང༌། ཏཱྃ་ཡིག་ལྗང་གུ་ལས་གྱུར་པའི་རྗེ་བཙུན་མ་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་
ནས་སྙན་གྱི་ཐད་ཀར་ཁ་བྱེ་བ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པ། ཟླ་བའི་རྒྱབ་ཡོལ་དང་འོད་དཔག་མེད་ཀྱི་ཅོད་པན་ཅན། ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། འོད་ཟེར་སྣ་ཚོགས་འཕྲོ་བ་དང་བཅས་པར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་མཐར་ཐལ་མོ་སྦྱར་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་སོགས་ནས། ཡོངས་བདག་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱྃ་ཡིག་ལྗང་གུ་ལས་འཁྲུངས་ཤིང༌། །འོད་དཔག་མེད་པས་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་ཕྲིན་ལས་མ། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཞེས་བརྗོད་མདུན་དུ་བཞུགས་པ་ལ། བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་པས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ལ། ཁྱེད་ཀྱི་རང་བཞིན་ཡང་དག་པས། །སྲིད་པའི་འཆིང་བ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །སྤྲོ་ན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །
ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་གིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་གཟའ་ཤིན་ཏུ་དྲི་ཞིམ་དམ་པ་དང༌། །གོས་བཟང་སྲབ་ལ་འཇམ་མཛེས་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝསྟྲ་ཨ་ལཾ་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་གིས་གོས་རྒྱན་དང༌། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཨཱ་ས་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མེ་ཏོག་གཏོར་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་ཞེས་པས་མཆོད། ཛཿཧཱུྃ་བཾ་ཧོཿརྗེ་བཙུན་མ་ལ་ཐིམ་པས་དེ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་མོས་ལ། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་«་་་་་དཔེ་ཁ་ཅིག་ལ་བར་འདིར་གནས་གསུམ་བྱིན་རླབས་སྤྱི་ལྟར་སྣང་ནའང་རྗེ་བཙུན་ཆེན་པོའི་ཡིག་ཆར་མི་གསལ། »སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱ་ཨུཏྤ་ལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུ་རེ་ཡིས། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་དེ། །
ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱས་ཏེ་སྟན་ལ་འདུག་ནས་མཆོད་པ་གསར་པ་བརྗེ་བའམ་ཡང་ན་ཁ་གསོས་ལ། བསང་སྦྱང་བྱིན་རླབས་གོང་བཞིན་ལས་བསྡུ་ན་དྷརྨཱ་ར་ཎི་ཏ་མི་དགོས་སོ། །དེ་ནས། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཐང་སྐྱེས་ཆུ་སྐྱེས་ཆུ་ཆེན་མེ་ཏོག་བཅས། །དྲི་ཞིམ་ཡིད་འོང་ལྡན་པའི་མཆོད་ཡོན་འདི། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་དབུ་ལ་མཆོད་འབུལ་མ། །པུཥྤེ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་དཀོན་མང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་པུཥྤཱེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཤངས་ལ་མཆོད་འབུལ་མ། །སྤོས་མ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་སྤོས་ཁང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྤྱན་ལ་མཆོད་འབུལ་མ། །དཱི་པཾ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་མ། །ཉི་ཟླ་རིན་ཆེན་སྣང་གསལ་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་ལ་མཆོད་འབུལ་མ། །དྲི་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཨ་གར་ཙནྡན་ག་བུར་དུང་ཆོས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་གནྡྷེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ལྗགས་ལ་མཆོད་འབུལ་མ། །རོ་མ་དམར་པོ་ཞལ་གཅིག་ཕྱག་གཉིས་མ། །རོ་དང་བཅུད་ལྡན་ལྷ་རྫས་ཞལ་ཟས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝ་ར་ནཻ་ཝི་དྱ་པཱུ་
ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྙན་ལ་མཆོད་འབུལ་མ། །སྒྲ་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །པི་ཝང་གླིང་བུ་སིལ་སྙན་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ར་ཤབྡ་པཱུ་ཛ་ཨཱཿཧཱུྃ་རོལ་མོ་བྱ་སྟེ་མཆོད་པ་དང༌། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་སོགས་མཎྜལ་ཚོམ་བུ་བདུན་མ་ལས། ཁྱད་པར་འདི་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏཱ་རཱ་བཛྲ་མཎྜལ་པཱུ་ཛ་ཨཱཿཧཱུྃ་གིས་མཎྜལ་དབུལ། དེ་ནས་རྗེ་བཙུན་མ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་དྲན་པས། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ་སོགས་ནས། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་པའི་བར་གྱིས་བསྟོད་པ་ཚར་གཉིས་འདོན་ཞིང་ཕྱག་བྱས་ནས་སྟན་ལ་འདུག་སྟེ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག་ཅེས་པ་དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་བྱས་ནས། རྗེ་བཙུན་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་ལྗང་གུའི་མཐར་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས་བདག་སོགས་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་རྒྱས་པར་བྱས་པར་དམིགས་ནས། འདོད་པའི་དོན་གང་ཡིན་པ་དེ་ཡིད་ཡུལ་དུ་བྱས་ཏེ་ཡི་གེ་བཅུ་པ་སུམ་བརྒྱ་བགྲང༌། ཡི་གེ་གཉིས་ཀྱི་སྦྱོར་བ་ཞེས་པ།
ཏཱ་རེ་ཞེས་པའང་སུམ་བརྒྱ་བཟླ། འདི་ནི་ཐུན་མོང་གི་འདོད་དོན་ཞུ་བའི་དབང་དུ་བྱས་ལ། དམིགས་བསལ་གྱི་དོན་ཞུ་བའི་ཆེད་དུ་བྱེད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་པའི་མཚམས་སུ་ནད་ཞི་བ་ལ། སརྦ་གྲ་ཧེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། གདོན་ལ། སརྦ་དུཥྚཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་ལ། སརྦ་བིགྷྣཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་ལ། སརྦ་ཛྭཱ་རེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉེར་འཚེ་ལ། སརྦ་ཨུ་པ་དྲ་བེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མ་ཡིན་པར་འཆི་བ་ལ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟས་ངན་པ་ལ། སརྦ་དུརྣི་མི་ཏེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྨི་ལམ་ངན་པ་ལ། སརྦ་དུར་སྭཔྣི་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྣམ་གཡེང་ལ། སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཀུན་ལ་སྦྱར་བའི་སྤེལ་ཚིག་ཅན་དང༌། ཏཱ་རེ་ཞེས་པ་སུམ་བརྒྱ་བརྗོད་དོ། །ཐུན་མོང་བ་དང་ཁྱད་པར་གཉིས་གང་བཟླས་ཀྱང༌། དེ་ནས་ས་གཞི་སྤོས་ཆུས་སོགས་དང༌། ཨོཾ་བཛྲ་བྷུ་མི་སོགས་མཎྜལ་སྔར་ལྟར་འབུལ། དེ་ནས་མེ་ཏོག་འཐོར་ཞིང༌། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད་ཅེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་པས་སྨོན་ལམ་དང༌། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་པས་བཀྲ་ཤིས་བརྗོད། མེ་ཏོག་གཏོར་ལ། རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ།
མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཞེས་སོགས་གོང་ལྟར་བརྗོད་པ་ནི་སྤྱིའི་མཎྜལ་གཉིས་པའོ། །རྗེ་བཙུན་མར་མཎྜལ་གསུམ་འབུལ་བའི་གཉིས་པ་ནི། ཡང་མཆོད་པ་རྣམས་བསང་སྦྱང་བྱིན་རླབས་གོང་བཞིན་ལས། འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་པ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །གཉིས་མེད་ཡེ་ཤེས་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་དབང་གིས་ཕྲིན་ལས་སྣ་ཚོགས་མཛད། །བྱམས་པའི་ཡུམ་གྱུར་ཁྱེད་ལ་ཕྱག་འཚལ་ལོ། །སྐུ་མདོག་ལྗང་གུ་ཕྲིན་ལས་སྣ་ཚོགས་མཛད། །ཡོན་ཏན་རབ་རྒྱས་བཅུ་དྲུག་ལོན་པའི་ཚུལ། །འགྲོ་ལ་རབ་དགྱེས་ཞལ་ནི་འཛུམ་པ་དང༌། །ཞི་བའི་སྤྱན་ནི་འཇིག་རྟེན་གསུམ་ལ་གཟིགས། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་ཕྱག་འཚལ་ལོ། །བྱང་སེམས་རང་བཞིན་ཟླ་བ་གདན་དུ་བཏིང༌། །ཉོན་མོངས་མི་བསྐྱོད་རྡོ་རྗེའི་སྐྱིལ་ཀྲུང་བཅས། །སྒྲིབ་པ་ཀུན་སྤངས་པདྨའི་གདན་ལ་བཞུགས། །ཟག་མེད་བདེ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཟག་མེད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །ན་བཟའ་མཆོག་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་མཆོག་སྦྱིན་སྒྲུབ་ལ་དངོས་སྒྲུབ་སྟེར། །གཡོན་པས་ཨུཏྤལ་སྐྱོན་བྲལ་དག་པའི་རྟགས། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ། དྲི་མེད་གཙང་ཞིང་སོགས་ནས། མཎྜལ་བཤམས་ནས་འབུལ་བའི་བར་གོང་བཞིན་དང༌། དེ་ནས། ཨོཾ་རྗེ་བཙུན་མ་སོགས་ནས། ཉི་ཤུ་རྩ་གཅིག་ཅེས་པའི་བར་བསྟོད་པ་ཚར་གསུམ་དང་ཕྱག་བྱ་ཞིང་བདུན་རྣམ་དག་དང༌། ཡི་གེ་བཅུ་པ་སུམ་བརྒྱ་དང༌། ཏཱ་རེ་ཞེས་པ་སུམ་བརྒྱ་དང༌། དམིགས་བསལ་གྱི་འདོད་དོན་ཞུ་བའི་བཟླས་པའང་འདྲ། ས་གཞི་སྤོས་ཆུས་བྱུགས་སོགས་དང་མཎྜལ་འབུལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་
རྗེ་ཅན་སོགས་ནས་བཀྲ་ཤིས་ཤོག་གི་བར་སྔར་བཞིན་བརྗོད་པ་ནི་སྤྱིའི་མཎྜལ་གསུམ་པའོ། །རྗེ་བཙུན་མར་མཎྜལ་འབུལ་བའི་གསུམ་པ་ནི། ཡང་མཆོད་པ་རྣམས་ཁ་གསོ་བསང་སྦྱང་བྱིན་རླབས་བྱས་ནས། ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་ལྟར་ནད་འཇོམས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཐབས་མཁས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ས་ལྟར་བརྟན་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཆུ་ལྟར་བསིལ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མེ་ལྟར་སྨིན་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རླུང་ལྟར་རྒྱས་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མ་ལུས་མཁྱེན། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། དྲི་མེད་གཙང་ཞིང་སོགས་ནས་མཎྜལ་བཤམས་པ་འབུལ་བ་ནས་གསོལ་བ་གདབ་པའི་བར་སྔར་བཞིན་འདྲ་བ་ལས། བསྟོད་པ་ཕྱག་འཚལ་ཉེར་གཅིག་ཚར་བདུན་འདོན་ཞིང་ཕྱག་བྱ། དེ་ནས་ཕན་ཡོན་དང་ཡན་ལག་བདུན་པ་སྔར་བཞིན་གྱི། འདྲེན་པའི་དཔལ་དུ་བདག་གྱུར་ཅིག་ཅེས་པ་ནས་ཡི་གེ་བཅུ་པ་དང༌། ཏཱ་རེ་སྟེ་སྔགས་གཉིས་པོ་བཞི་བརྒྱ་བགྲང་ངོ༌། །སྔགས་སྤེལ་ཚིག་ཅན་ཡང་འདྲ། དེ་ནས་མེ་ཏོག་འཐོར་བཞིན་པས་རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ནས་བཀྲ་ཤིས་ཤོག་གི་བར་བརྗོད་པ་དང༌། ཁྱད་པར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཞེས་སོགས་གོང་ལྟར་བརྗོད་པ་ནི་མཎྜལ་བཞི་
པའོ། །རྗེས་ལ་གཏོར་མ་བསྔོ་བ། གཏང་རག་གི་མཆོད་པ། དགེ་བ་བསྔོ་བ། ལྷག་ཆད་སྐོང་བ། བཟོད་པར་གསོལ་བ། གཤེགས་སུ་གསོལ་བ། བཀྲ་ཤིས་བརྗོད་པའོ། །དང་པོ་ནི། གཏོར་མ་བཞི་བཤམས་པ་ཆབ་ཀྱིས་བྲན་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཏེ་ལྷ་རྫས་ཀྱི་ཞལ་ཟས་སུ་བསྐྱེད་དེ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་པའི་དང་པོ། ན་མཿསརྦ་བུདྡྷ་བོདྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་མཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མཱ་བི་ལཾ་བ། མཱ་བི་ལཾ་བ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ལ། ཧཱུྃ་ཧཱུྃ། སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་གསུམ་མམ་ལྔས་རྗེ་བཙུན་མ་ལ་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག་གིས་བསྟོད། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས་སོགས་སྔར་བཞིན་གསོལ་བ་བཏབ། གཏོར་མ་གཉིས་པ་འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ། ཞེས་པ་གསུམ་མམ་ལྔས་ཆོས་སྐྱོང་སྤྱི་ལ་ཕུལ་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཁྱད་པར་ཅན་རྣམས་ལ་འབུལ་ལོ། བདེ་བར་གཤེགས་པའི་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་སོགས་ཀྱི་རྗེས་སུ། བདེ་བླག་ཏུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག་ཅེས་བརྗོད་དོ། །གསུམ་པ་ནི་ཡང་འབྲུ་གསུམ་དང༌། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་པས་དེ་བཞིན་གཤེགས་
པ་བཞི་ལ་ཕྱག་བྱས་ལ། ཨ་ཀཱ་རོའམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་མམ་ལྔས་གཏོར་མ་བྱིན་ལ་རྗེས་སུ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ཙམ་མམ། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ལ། གཏོར་མ་འདིས་འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ་སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཟས་སྐོམ་བདུད་རྩིའི་ཆར་ཆེན་བབས། ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་བོ། །བཞི་པ་ནི་ཡང་འབྲུ་གསུམ་དང༌། ཨ་ཀཱ་རོས་གཞི་བདག་ལ་བསྔོས་ལ། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་བྱིན་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གནས་བདག་གཞི་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་ཞིང༌། བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད། ཅེས་བརྗོད་དོ། །གཉིས་པ་ནི། བླ་མ་དཀོན་མཆོག་གི་བསྟོད་པ་
བསྡུས་པའི་རྗེས་སུ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང༌། སྐྱབས་གནས་དམ་པ་རྣམས་ལ་ཕྱག་འཚལ་ཞིང༌། །ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་གྱིས་མཆོད། །ཐོག་མེད་འཁོར་བར་བསགས་པའི་སྡིག་པ་བཤགས། །ལེགས་བྱས་བསོད་ནམས་ཀུན་ལ་རྗེས་ཡི་རང༌། །སྲས་བཅས་རྒྱལ་བར་ཆོས་འཁོར་བསྐོར་བར་བསྐུལ། །དེ་དག་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་ཚོགས་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་པས་ཡན་ལག་བདུན་པ་དང༌། སྤྲོ་ན། བདག་གིས་བཅོམ་ལྡན་ཁྱེད་སྐུ་ལེགས་བསྒོམས་ཤིང༌། །མཐུ་ཆེན་གཟུངས་སྔགས་འབད་པས་བཟླས་པ་དང༌། །གུས་པས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས་སོགས་ནས། འགྲོ་བ་ཚེ་ཡི་དབུལ་བ་སེལ་གྱུར་ཅིག །ཅེས་དང༌། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ་སོགས་ནས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག་ཅེས་པའི་བར་གང་རུང་འདོན། མི་ནུས་ན་གོང་ལྟར། ཚེ་རིང་ནད་མེད་སོགས། ཐབས་དང་སྐྱབས་དང་སོགས། རྫོགས་པའི་བྱང་ཆུབ་སོགས། ཁྱོད་ལ་བསྟོད་ཅིང་སོགས། བཤེས་གཉེན་གྲོགས་མཆོག་སོགས་དང༌། བདག་གིས་སྔར་ཡང་ཁྱེད་ལ་གསོལ་བཏབ་པས། །དོན་དེ་བདེ་བླག་ཉིད་དུ་སྩལ་ལགས་ཀྱིས། །ད་དུང་སྒྲོལ་མས་རྗེས་སུ་བཟུང་གྱུར་ནས། །ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང༌། །སྐྱེ་བ་ཀུན་ཏུ་བསྟན་ལ་ལེགས་ཞུགས་ནས། །ཡང་དག་བསྟན་པ་རབ་ཏུ་རྒྱས་བྱེད་ཅིང༌། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །རྒྱལ་བའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཤོག །ཅེས་པས་གསོལ་བ་གདབ། གསུམ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་འདི་ལྟར་བསྒྲུབས་པའི་དགེ་བ་འདིས་མཚོན་ཏེ། རང་གཞན་འཁོར་འདས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་
ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐོབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མ་གྲོལ་བ་རྣམས་གྲོལ་བར་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསླབ་པའི་གཞི་མཐའ་དག་ལ་སློབ་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད། བཞི་པ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་འདོན་པའོ། །ལྔ་པ་ནི། མ་འབྱོར་པ་དང་སོགས། དེ་ཀུན་མགོན་པོས་བཟོད་པར་མཛོད་ཅེས་པའི་རྗེས་སུ། བདག་ཅག་སོ་སོའི་སྐྱེ་བོ་བསམ་པ་ཉོན་མོངས་པ་ཅན་དུ་གྱུར་པའི་དབང་གིས་ཏིང་ངེ་འཛིན་མ་གསལ་ཞིང་བྱིང་རྒོད་ཀྱི་དབང་དུ་གྱུར་པ་དང༌། ཡོ་བྱད་ལ་དབང་མ་ཐོབ་པས། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ། གཙང་སྦྲས་མ་ཕྱེད་པ། ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ། ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་ལོ། །བདག་ཅག་ལ་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་དོ། །དྲུག་པ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས། སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སམ་པོ་ཏ་ལར་གཤེགས་པར་བསྒོམ་པའམ། མདུན་གྱི་རྟེན་ཡོད་ན་ནོངས་པ་བཟོད་གསོལ་གྱི་རྗེས་སུ། ཇི་སྲིད་དུ་འབྱུང་བ་བཞིའི་གནོད་པས་མ་ཞིག་པ་དེ་སྲིད་དུ་ཡེ་ཤེས་པ་རྟེན་འདི་དག་ལ་བརྟན་པར་བཞུགས་ནས་
སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་«་་་་་འདིའི་ཚབ་ཏུ། བདག་དང་འགྲོ་ལ་ནས། པདྨ་ཀ་མ་ལ་ཡ་སྟཱཾ་གྱིས་བཞུགས་སུ་གསོལ་ཞིང་གདན་ཕུལ་ཞེས་པའང་སྣང༌། »དུ་གསོལ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དང༌། བདུན་པ་ནི། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །བདག་དང་སྦྱིན་བདག་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག་ཅེས་པ་བཀྲ་ཤིས་བརྗོད་པའོ། །སེར་བཞག་མཆན་བསྣན་ངག་འདོན་ཀུན་ཚང་སྟེ། །སེར་ཡོད་རྣམས་ཀྱང་བློ་ལ་གསོལ་བ་གཅེས། །ལག་ལེན་བདེ་ཞིང་བྱིན་རླབས་ཤིན་ཏུ་མྱུར། །ཀུན་གྱིས་མ་ཆག་དམ་བཅའ་མཛད་པར་རིགས། །སྒྲོལ་མ་མཎྜལ་བཞིའི་ཆོ་གའི་རིམ་པ་ཕྱག་ལེན་ལྟར་བཀོད་པའོ། །ཕྱག་འཚལ་བའི་ཚིགས་བཅད་རྣམས་ནི་རང་གིས་གང་ཤེས་བྱས་པས་ཆོག་ལ། ཆོག་ཁྲིགས་རྣམས་འདི་ཁོ་ན་བཞིན་ཉམས་སུ་བླང་ངོ༌། །དངོས་གྲུབ་མྱུར་སྩོལ་རྗེ་བཙུན་
སྒྲོལ་མ་ལ། །གསོལ་བ་གདབ་ཚུལ་གོང་མའི་གསུང་ངག་བཞིན། །རིན་ཆེན་རྒྱལ་མཚན་སངས་རྒྱས་དཔལ་ཞེས་པས། །ཉེ་བར་བསྐུལ་ཕྱིར་«་་་་་ཨ་བ་དྷཱུ་ཏི་པའི་བཙུན་པ་རྒྱལ་མཚན་དཔལ་བཟང་པོས། »བསོད་ནམས་ཀྱིས་སྦྱར་རོ། །ཞེས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཆོ་གར་ཅུང་ཟད་མི་གསལ་བ་རྣམས་སྔར་གྱི་མཆན་རྙིང་ལ་སླར་ཡང་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་ཀུན་དགའ་ཚུལ་ཁྲིམས་ཀྱི་གསུང་རབ་ལ་བརྟེན་ནས་རང་གི་བློ་ལ་འཇགས་དཀའ་བའི་གནས་འགའ་མཆན་སྣ་བསྲིངས་ཡོད་པ་ལས། དཔེ་བལྟ་བདེ་བའི་ཆེད་དུ་མཆན་དཀྱུས་སུ་བཅུག་ནས་བཀླག་ཆོག་གི་ཡི་གེ་འདི་བཞིན་གྱིས་ཤིག་ཅེས་ས་སྐྱོང་བླ་མ་སངས་རྒྱས་བསྟན་པའི་གསུང་གིས་བསྐུལ་བའི་ངོར། ཆོས་སྨྲ་བའི་དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་བསྡེབས་པའོ། །འདི་ལ་ཆོས་རྗེ་བླ་མའི་གསུང་ཚིག་གཅིག་ཀྱང་མ་ལུས་པའི་ཞབས་ཏོག་གི་ཚུལ་དུ་སྦྱར་པ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དེ་བཞིན་དགོངས་པར་ཞུ། མཁས་ལ་ཡོངས་གྲགས་བྱིན་རླབས་མངོན་གྱུར་པའི། །ཟབ་ཆོས་འདི་འདྲ་རྩྭ་བཞིན་འདོར་བྱེད་པའི། །ཀྱེ་ཧོ་སྙིགས་དུས་སྐྱེ་བོའི་སྡིག་འདི་འདྲ། །བདག་ནི་མན་ངག་རྩད་ཆོད་ཨ་ལ་ཧོ། ཞེས་ཀྱང་རང་བབས་སུ་སྨྲས་སོ། །འདི་ཉམས་སུ་ལེན་པ་རྣམས་ཀྱིས་བླ་མ་བརྒྱུད་ལྡན་ལས་ལུང་དང་ལག་ལེན་ནོས་ནས་བརྩོན་པར་བྱའོ། །བརྒྱུད་པ་ནི་ཐོས་ཡིག་ཏུ་ཤེས་པར་བྱའོ། །«སླར་ཡང་འདིའི་རྩ་བ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ཉིད་ལ། ཕྱིས་སུ་ཚིག་སྣ་བསྲིངས་པ་དང་མཆན་དཀྱུས་སུ་ཤོར་བ་སོགས་ཀྱིས་གཞུང་ཅུང་ཟད་རྒྱས་བསྡུས་དང་འདྲ་མིན་མང་དུ་སྣང་ནའང༌། རྩ་བའི་ཡིག་ཆ་དག་སྙམ་པ་འགའ་རེ་དང་བསྟུན་ནས་ཚིག་ཟུར་ཉམས་པ་འགའ་ཞིག་དག་པར་བགྱིས་པ་མངྒ་ལཾ།། » ༈ །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པ། །གཏན་གྱི་སྐྱབས་གཅིག་རྗེ་བཙུན་བཅོམ་ལྡན་མར། །ཉེར་བཏུད་དེ་མཉེས་བྱེད་པའི་ཆོ་ག་འབྲི། །འདིར་རྗེ་བཙུན་སྒྲོལ་མའི་མཎྜལ་བཞི་པ་བྱ་བར་འདོད་པས་གནས་ཁང་བྱི་དོར་བྱས་པའི་དབུས་སུ་སྟེགས་བུ་ཇི་ལྟར་རིགས་པ་སྟེགས་ཁེབས་སོགས་ཀྱིས་བཀབ་པའི་སྟེང་དུ་རྗེ་བཙུན་མའི་བྲིས་འབུར་གྱི་རྟེན་ཡོད་ན་བཤམ། དེའི་མདུན་དུ་མཎྜལ་ཚོམ་བུ་བདུན་མ་བཞི་བཤམ། མེད་ན་མཎྜལ་གཅིག་ལ་བསྐྱར་ནས་འབུལ། གཏོར་མ་ཟླུམ་པོ་བཞིའམ་གཅིག་པུས་ཀྱང་རུང༌། ཡོན་ཆབ། སྤོས། མར་མེ། ཞལ་ཟས་རྣམས་བཞིའམ་བསྡུ་ན་ཚར་རེ་ལ་ཁ་གསོས་ཀྱང་ཆོག དེ་ནས་སྟན་བདེ་བ་ལ་འདུག་ནས་ཁ་བཤལ་ཐོག་མར་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་བར་དང༌། དྷརྨཱ་ར་ཎི་ཏ་སོགས་བརྗོད་ལ་ཏིང་ཤག་དཀྲོལ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ སངས་རྒྱས་ཐམས་ཅད་འདུས་པའི་སོགས་ཤློ་ཀ་གཅིག མགོན་པོ་ཐུགས་རྗེ་ཆེ་ལྡན་སོགས་ཤློ་ཀ་གཅིག དག་པས་འདོད་ཆགས་བྲལ་བའི་སོགས་ཤློ་ཀ་གཅིག གྲོལ་ནས་གྲོལ་བའི་སོགས་ཤློ་ཀ་གཅིག ཕྱག་བྱར་འོས་པ་སོགས་ཤློ་ཀ་གཅིག་གིས་ཕྱག་བྱ། ས་གཞི་སྤོས་ཆུས་སོགས་མཇུག་ཏུ། གུ་རུ་ཏྲི་རཏྣ་མཎྜལ་པཱུ་ཛ་མེ་གྷ་སུ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་མཎྜལ་འབུལ། མཁྱེན་བརྩེ་ནུས་ལྡན་རྒྱལ་བ་སྲས་བཅས་རྣམས། །བདག་ལ་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་
དང༌། །བསམ་དོན་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་གསོལ་བ་འདེབས་སོ། །དེ་ནས་རྗེ་བཙུན་མ་ལ་མཎྜལ་གསུམ་འབུལ་བའི་དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པོ་ཏ་ལ་ཡི་གནས་མཆོག་སོགས་ཤློ་ཀ་གཅིག ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ་ནས། ཤབྡའི་བར་འདོན་པ་བསྒྱུར། ས་གཞི་སྤོས་ཆུས་སོགས་ནས། གུ་རུ་ཏཱ་རཱ་བཛྲ་སོགས་ནས། ཧཱུྃ་གི་བར་བརྗོད། ཕྱག་འཚལ་ཉེར་གཅིག་ཚར་གཉིས་བརྗོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་སོགས་ཤློ་ཀ་གཅིག ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་པ་ཉེར་གཅིག་བཟླ། ཏཱ་རེ་ཉེར་གཅིག་བགྲང༌། དེ་ནས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་སོགས་སམ། བསྡུ་ན། འཕགས་པ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། །བདག་གི་ཉེར་འཚེ་མ་ལུས་ཀུན་ཞི་ནས། །མཐུན་རྐྱེན་རེ་བའི་འབྲས་བུ་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་ཅེས་བརྗོད། གཉིས་པ་ནི་ཡང༌། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག མཆོད་པ་དང༌། མཎྜལ་ཤློ་ཀ ཕྱག་འཚལ་ཉེར་གཅིག་ཚར་གསུམ། ཕྱག་འཚལ་བ་དང་སོགས། ཡི་གེ་བཅུ་པ་དང་ཏཱ་རེ་གཉིས་གོང་བཞིན་བགྲང༌། འཕགས་མ་སྒྲོལ་མ་སོགས། གསོལ་གདབ་བྱ། གསུམ་པ་ནི། ལྷ་དང་ལྷ་མིན་སོགས་གྱིས་བསྟོད་ནས། ཤབྡའི་བར་གྱིས་མཆོད། ས་གཞི་སྤོས་ཆུས་སོགས་མཎྜལ་དབུལ། ཕྱག་འཚལ་ཉེར་གཅིག་ཚར་བདུན། ཨཱརྻཱ་ཏཱ་རཱ་ཨརྒྷཾ་ནས། ཤབྡའི་བར། ལྷ་མོ་ལ་གུས་སོགས་དང་ཡི་གེ་བཅུ་པ་དང་ཏཱ་རེ་གཉིས་གོང་བཞིན། འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ་
ཞེས་སོགས་ཤློ་ཀ་གཅིག་གིས་གསོལ་བ་བཏབ། དེ་ནས་ཨརྒྷཾ་ནས། ཤབྡའི་བར། ཕྱག་བྱར་འོས་པ་ཐམས་ཅད་ལ་ཞེས་སོགས་ཤློ་ཀ་གཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། བླ་མ་དམ་པ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། ད་ལྟ་ཞལ་བཞུགས་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་ལ་འགྲོ་དོན་འཕེལ་བ་དང༌། དགེ་འདུན་གྱི་སྡེ་ཐམས་ཅད་ཆོས་སྤྱོད་བཅུ་ཡི་སྒྲུབ་པ་མི་ཉམས་ཤིང་འཕེལ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ཅིང་དུས་ཀྱི་འཁྲུགས་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ། གཏོར་མ་རྣམས་ཆུ་གཙང་གིས་སྦྱངས་ལ། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨཱརྻཱ་ཏཱ་རཱ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་གསུམ། ཨརྒྷཾ་ནས་ཤབྡའི་བར། ལྷ་དང་ལྷ་མིན་ཅོད་པན་གྱིས་སོགས་ཀྱིས་བསྟོད། གཉིས་པ་ཨོཾ་ཨཱཿཧཱུྃ་ལན་གསུམ། ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། མཆོད་སྦྱིན་གཏོར་མ་དམ་པ་འདི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །སངས་རྒྱས་བསྟན་པ་དར་བ་དང༌། །བདག་གི་
ཕྲིན་ལས་འགྲུབ་པར་མཛོད། །གསུམ་པ་ཨོཾ་ཨཱཿཧཱུྃ་ལན་གསུམ། ན་མཿསརྦ་སོགས་ལན་གསུམ། དེའི་རྗེས་སུ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གཏོར་མ་དམ་པ་འདི། །རིགས་དྲུག་སེམས་ཅན་རྣམས་ལ་སྦྱིན། །བཀྲེས་སྐོམ་སྡུག་བསྔལ་ཞི་བ་དང༌། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །བཞི་པ་ཨོཾ་ཨཱཿཧཱུྃ། སམྦྷཱ་ར་ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གཏོར་མ་དམ་པ་འདི། །གཞི་བདག་གནས་བདག་ཐམས་ཅད་ལ། །གུས་པས་འབུལ་གྱིས་བཞེས་ནས་ཀྱང༌། །འཇིག་རྟེན་བདེ་ཞིང་ཆོས་འཕེལ་དང༌། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའི་མཐར་ཡིག་བརྒྱ་ལན་གསུམ་དང༌། །མ་འབྱོར་པ་དང་སོགས་ནས་བཟོད་པར་མཛོད། བག་མེད་སྤྱོད་པ་མ་དག་པས། །ཆོ་ག་གཞུང་བཞིན་མ་ལྕོགས་དང༌། །ལྷག་ཆད་འགལ་འཁྲུལ་ཅི་མཆིས་པ། །ཐུགས་རྗེས་བཟོད་པར་མཛད་དུ་གསོལ། །སྒྲོལ་མའི་རྟེན་ཡོད་ན། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ་ཞེས་མེ་ཏོག་གཏོར། རྟེན་མེད་ན་ཡེ་ཤེས་པ་གཤེགས་སུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ། །དངོས་གྲུབ་ཉེར་སྩོལ་བཅོམ་ལྡན་མར། །བསྟོད་སྒྲུབ་གསོལ་བ་བཏབ་པའི་ཐབས། །གོང་མའི་གསུང་ལས་ཉེར་བཏུས་ཏེ། །བློ་གསལ་བཞེད་པ་སྐོང་ཕྱིར་སྦྱར། །ཅེས་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་འདིའང་རབ་འབྱམས་སྨྲ་བ་པདྨ་ཆོས་འཕེལ་གྱིས་བཀའ་གནང་ལྟར། རྗེ་བཙུན་ཆེན་པོའི་གསུང་རབ་ལས་མདོར་བསྡུས་གོ་བདེ་བར་ཤཱཀ་བཙུན་ལྷུན་གྲུབ་ཀྱིས་དབེན་གནས་རྨོར་དགོན་པར་བྲིས་པའོ།། ༈ །སྒྲོལ་མ་མཎྜལ་བཞི་པའི་བརྒྱུད་འདེབས་བཞུགས་སོ། །ཨོཾ་སྭ་སྟི། དངོས་སྒྲུབ་མྱུར་སྩོལ་རྗེ་བཙུན་སྒྲོལ་མའི་ཞབས། །གངས་ཅན་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤ །སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་
རྒྱལ་བ་འབྲོམ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བླ་མ་ལ་གུས་དཔལ་ལྡན་དགོན་པ་བ། །འགྲོ་བའི་མགོན་པོ་ཞང་སྟོན་ཀ་མ་བ། །ཐུགས་རྗེའི་གཏེར་ཆེན་བཤེས་གཉེན་ལུམ་པ་བ། །གསོལ་བ༴ །བཀའ་གདམས་བསྟན་པའི་ཉི་མ་ཆུ་མིག་པ། །མཚུངས་མེད་སངས་རྒྱས་སྒོམ་པ་སེང་གེ་སྐྱབས། །སྨྲ་བའི་དབང་ཕྱུག་བཤེས་གཉེན་དཀོན་མཆོག་གྲགས། །གསོལ་བ༴ །སྟན་གཅིག་བརྟུལ་ཞུགས་འཛིན་པ་བདེ་བའི་དཔལ། །བཀའ་བཞི་སྨྲ་བ་གྲགས་པ་གཞོན་ནུའི་ཞབས། །མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་གྲགས། །གསོལ་བ༴ །སྲིད་གསུམ་འགྲན་བྲལ་བསོད་ནམས་རྒྱལ་མཚན་དང༌། །མཐུ་སྟོབས་དབང་ཕྱུག་སྔགས་འཆང་གཟུངས་ཀྱི་དཔལ། །ཐུགས་ཀྱི་སྲས་མཆོག་དཔལ་ལྡན་ཚུལ་ཁྲིམས་ཞབས། །གསོལ་བ༴ །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང༴ །མཁྱེན་རབ་རིན་ཆེན་མཆོག་ཏུ་གྲུབ་པའི་ཞབས། །ཀུན་མཁྱེན་གཉིས་པ་ཤཱཀྱ་དོན་གྲུབ་ལ། །གསོལ་བ༴ །འཇམ་དཔལ་དབྱངས་དངོས་ཀུན་དགའ་ལེགས་གྲུབ་དང༌། །སྐད་གཉིས་སྨྲ་བ་ཤེའུ་ལོ་ཙཱ་བ། །བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ་ལ། །གསོལ་བ༴ །སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །འགྲོ་བའི་བླ་མ་མཁྱེན་རབ་བྱམས་པའི་དཔལ། །དྲིན་ཅན་རྩ་བའི་བླ་མ་དམ་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོ་ག་བཞིན་དུ་གསོལ་བ་བཏབ་པའི་མཐུས། །ནད་གདོན་ཉེར་འཚེའི་ཚོགས་རྣམས་ཉེར་ཞི་ཞིང༌། །བདག་གིས་མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །འབད་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་སྒྲོལ་མ་མཎྜལ་བཞི་པའི་བརྒྱུད་པའི་གསོལ་འདེབས་འདིའང་སྨྲ་བའི་དབང་ཕྱུག་རབ་འབྱམས་པ་ངག་དབང་བསྟན་འཕེལ་གྱིས་བསྐུལ་བའི་ངོར་བྱ་བྲལ་བ་ཀུན་དགའ་ལྷུན་གྲུབ་ཀྱིས་བཀྲ་ཤིས་ཆོས་སྡེའི་བླ་བྲང་དུ་སྦྱར་བའོ།། །།
སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ་ཕན་བདེའི་ཨུཏྤལ།
སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ་ཕན་བདེའི་ཨུཏྤལ་ཞེས་བྱ་བ་བཞུགས་སོ།། ཇོ་བོ་ལུགས།།
གང་མཚན་དྲན་པའི་མོད་ཉིད་ནས། །འཇིགས་པ་ཀུན་ལས་དབུགས་འབྱིན་པའི། །མྱུར་མ་དཔའ་མོར་གུས་བཏུད་ནས། །དེ་མཉེས་བྱེད་པའི་ཆོ་ག་བཤད། །དེ་ལ་འདིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་གོ་འཕང་དོན་དུ་གཉེར་བ་ན། ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཐབས་ཁྱད་པར་ཅན་གྱི་སྒོ་ནས་སྲུང་བའི་སླད་དུ་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་ཞིང༌། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །ཞེས་པའི་མན་ངག་ཕྱོགས་གཅིག་པ་མཎྜལ་བཞི་པའི་མཆོད་པ་ཉམས་སུ་བླང་བར་འདོད་པས། རྟེན་གྱི་གང་ཟག་རྒྱུད་དག་པའི་དགེ་སློང་བཞིས་བཏང་ནའང་ཤིན་ཏུ་བཟང་སྟེ། མ་གྲུབ་ན་རང་གཅིག་པུས་ཀྱང་རུང༌། གང་ལྟར་ཡང་གནས་གཙང་ཞིང་ཡིད་དང་མཐུན་ལ་བཀོད་པས་མཛེས་པར། དཀོན་མཆོག་གི་རྟེན་གསུམ་ཇི་ལྟར་རིགས་པ་དང༌། ཁྱད་པར་རྗེ་བཙུན་མའི་སྐུ་བྲིས་འབུར་གང་རིགས་རབ་གནས་དང་ལྡན་པའི་སྤྱན་སྔར། སྟེགས་ཀྱི་ཁར་དྲི་བཟང་གིས་བྱུགས་པའི་མཎྜལ་རེ་ཁཱ་གཉིས་སྐོར་དུ་བྲིས་པའི་དབུས་སུ་ཚོམ་བུ་བདུན་བཀོད་པ་བཞི་དང༌། གཏོར་མ་འབུལ་ན་ཟླུམ་གཏོར་བཞིའམ་
གཅིག མཆོད་པ་སྣ་ལྔ་ཚར་ལྔ་སོགས་ཇི་ལྟར་འཛོམ་པ་གཙང་སྦྲ་དང་ལྡན་པས་འདུ་བྱས་ནས། ཆོ་ག་དངོས་ལའང་སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ནི། སྒྲུབ་པ་པོ་རྣམས་ཀྱིས་ཆབ་བླངས་པའི་རྗེས་སྟན་བདེ་བ་ལ་འདུག་སྟེ་དགེ་སེམས་ཁྱད་པར་ཅན་གྱི་ངང༌། མདུན་གྱི་ནམ་མཁར་སྐྱབས་ཡུལ་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ་ཞེས་སོགས་སྐྱབས་སེམས་ཇི་ལྟར་རིགས་པར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། གནས་དང་ཡོ་བྱད་རྣམས་ལ་དམིགས་ཏེ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་འཁོར་ཡུག་གིས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་དབུས་སུ་མཆོད་རྫས་རྣམས་
འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར། སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བདེན་པའི་སྟོབས་བརྗོད་པས་བྱིན་གྱིས་བརླབ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། དངོས་གཞི་ནི། མདུན་གྱི་རྟེན་རྣམས་རྗེ་བཙུན་སྒྲོལ་མ་ལ་འཁོར་སྒྲོལ་མ་ཉེར་གཅིག་དང༌། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་པས། མཎྜལ་དང་པོ་དཀོན་མཆོག་སྤྱི་ལ་འབུལ་བ་ནི། ཐོག་མར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་ཞེས་སོགས་ཤློ་ཀ་གཅིག་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་ཤློ་ཀ་གསུམ་རྣམས་ལན་གསུམ་དུ་བརྗོད་ཅིང་ཤློ་ཀ་རེ་ལ་ཕྱག་རེ་བྱས་མཐར་མེ་ཏོག་འཐོར་ནས་སྟན་ལ་བསྡད། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པའི་མཐར། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་ལན་གསུམ་བྱས་པས་བདག་གཞན་རྣམས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ་ཞེས་སོགས་ཀྱིས་མཎྜལ་ཕུལ། སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ཞེས་སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད་ཅེས་པའི་བར་གྱིས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ། དེ་ནས་རྗེ་བཙུན་མ་ལ་མཎྜལ་གསུམ་འབུལ་བའི་དང་པོ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས་ཞེས་སོགས་ལན་བདུན་གྱིས་ཕྱག་བྱས་ལ་མེ་ཏོག་འཐོར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ་སོགས་ཀྱིས་མཎྜལ་འབུལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། སོགས་ཀྱི་
ཡན་ལག་བདུན་པ་དང༌། སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་ལན་གསུམ་དུ་བྱས་པས་རང་དང་བསྒྲུབ་བྱ་ཐམས་ཅད་རྗེ་བཙུན་མའི་ཕྱག་གཡས་སྐྱབས་སྦྱིན་བརྐྱངས་པའི་འོག་ཏུ་ཚུད་ནས་འཇིགས་པ་ཐམས་ཅད་ལས་དབུགས་དབྱུང་བར་བསམས་ལ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གཉིས་འདོན་མཐར། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་ཞེས་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ། དེ་བཞིན་དུ་མཎྜལ་གཉིས་པ་ལ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་དང༌། གསུམ་པ་ལ་བདུན་སྤར་བ་མ་གཏོགས་གཞན་འདྲ། མཐར། ལྷ་མོ་ལ་གུས་སོགས་ཕན་ཡོན་ཀྱང་དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་ཚར་གཅིག་བྱ། རྗེས་ནི། གཏོར་མ་འབུལ་བར་སྤྲོ་ན་སྐབས་འདིར་གཞན་ནས་འབྱུང་བའི་ཆོ་གས་གཏང༌། མ་འབྱོར་ནའང་གཞུང་རྩ་བར་མི་འབྱུང་བས་ཆད་སྐྱོན་མེད། གང་ལྟར་ཡང་གཏང་རག་གི་སླད་དུ་ཡན་ལག་བདུན་པ་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་སོགས་ཀྱི་མཐར། བག་མེད་སྤྱོད་པ་མ་དག་པས། །ཆོ་ག་གཞུང་བཞིན་མ་ལྕོགས་དང༌། །ལྷག་ཆད་འཁྲུལ་པ་ཅི་མཆིས་པ། །ཐུགས་རྗེས་བཟོད་པར་མཛད་དུ་གསོལ། །ཞེས་པས་ནོངས་པ་བཟོད་པར་གསོལ། མདུན་དུ་བཞུགས་པའི་ཡེ་ཤེས་པ་རྣམས་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམས་ལ། སུ་པྲ་ཏིཥྛས་མེ་ཏོག་འཐོར། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས་ཞེས་སོགས་ཀྱིས་དགེ་བ་བསྔོ་ཞིང་འཁོར་གསུམ་མི་དམིགས་པའི་ལྟ་བས་རྒྱས་གདབ། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལ་སྤྱིར་རྗེ་བཙུན་སྒྲོལ་མ་ནི་རྒྱལ་བ་ཀུན་གྱི་ཕྲིན་ལས་ཐུགས་རྗེའི་གཟུགས་སུ་ཤར་བ་ཡིན་པས། འཕགས་པའི་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་སོགས་མཁས་ཤིང་དངོས་གྲུབ་
བརྙེས་པ་རྣམས་ཀྱིས་འདི་ཁོ་ན་ལ་ཐུགས་དམ་དུ་མཛད་པས་བར་ཆད་ལས་སྐྱབས་པ་སོགས་གཏམ་རྒྱུད་ཤིན་ཏུ་མང་ལ། ཁྱད་པར་མཎྜལ་གྱི་སྒོ་ནས་གསོལ་བ་འདེབས་པ་འདི་ཉིད་བྱིན་རླབས་ཆེས་མྱུར་བས། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེ་བ་དང༌། གཞན་ཡང་སྒྲུབ་པ་པོའི་གནས་སྐབས་ཀྱི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སླད་དུ་གསོལ་བ་གདབ་ཅིང༌། དུས་རྟག་ཏུ་རྗེ་བཙུན་མ་དྲན་པར་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་གྱིས་འབྱོར་པ་ནི་ངེས་པའོ། །རྗེ་བཙུན་མྱུར་མ་དཔའ་མོའི་ཞབས། །མཆོད་པའི་ཐབས་ཚུལ་དཔྱིད་དཔལ་གྱིས། །ཕན་བདེའི་ཨུཏྤལ་རྒྱས་པའི་ཕུལ། །འགྲོ་རྣམས་ཉེར་འཚོའི་སླད་གྱུར་ཅིག །ཅེས་པའང་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤ་ནས་རིམ་པར་བརྒྱུད་པའི་མན་ངག་དཔལ་སྣར་ཐང་པའི་མཁན་པོ་མཆིམས་སྟོན་ནམ་མཁའ་གྲགས་ཀྱིས་གསལ་བར་མཛད་པའི་དགོངས་དོན་ཇི་ལྟ་བ་ལ། སྐབས་སུ་བབ་པའི་མཚམས་སྦྱོར་ཅུང་ཟད་དང་བཅས་ཏེ་ཤིན་ཏུ་བསྡུས་པའི་ཚུལ་གྱིས་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།
ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་ལྗང་གུའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ།
ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་ལྗང་གུའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།།
རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲུབ་པའི་གང་ཟག་གིས། དུས་གང་ཡང་རུང་བ་ལ་གྲུབ་ན་ཁྲུས་བྱ། མ་གྲུབ་ན་ཁ་དག་པ་ཙམ་བྱ་སྟེ། སྟན་བདེ་བ་ལ་བསྡད་ནས། སྐྱབས་འགྲོ་སེམས་བསྐྱེད་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་བསམ། དེ་ལས་འོད་འཕྲོས་པས་མདུན་གྱི་ནམ་མཁར་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བླ་མ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན་སྟེང་གི་ཆ་ལ་བཞུགས་པ་སྤྱན་དྲངས། དེ་དག་ལ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་དང༌། ཡིད་ལས་བྱུང་བ་དང་གདན་དབུལ་བའི་བར་དུ་བྱ། དེའི་སྤྱན་སྔར་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཡོངས་སུ་བསྔོ་བ་རྣམས་རྒྱས་པར་བྱ་བའམ། བསྡུས་པ་རྡོ་རྗེ་གུར་ལས། དཀོན་མཆོག་གསུམ་ལ་
བདག་སྐྱབས་མཆི། །ཞེས་པ་ལ་སོགས་པ་ལན་གསུམ་བརྗོད། དེ་ནས་བྱམས་པ་ལ་སོགས་པའི་ཚད་མེད་བཞི་བསྒོམ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་པའི་ཕྱིར་ཐོག་མར། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ཟུང་འཇུག་གི་སྐུར་བལྟ་བ་ནི། པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་ཏཱྃ་གིས་མཚན་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་སྤྲོས་པས། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་བདག་ཉིད་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། ལང་ཚོ་ལ་བབ་ཅིང་མཛེས་མ་ཞབས་གཡས་པ་ཅུང་ཟད་བརྐྱང་པའི་ཕྱེད་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་འདོད་པ་སྦྱིན་པའི་ཕྱག་རྒྱ་ཅན། གཡོན་པ་མེ་ཏོག་ཨུཏྤ་ལའི་
རྩ་བ་ཐུགས་ཀར་བཟུང་བ། མེ་ཏོག་གི་ཁ་སྙན་གྱི་དྲུང་དུ་རྒྱས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་གྱི་ན་བཟའ་ཅན། ཡོན་ཏན་མ་ལུས་པས་ཕུལ་དུ་བྱུང་བའི་དམ་ཚིག་སེམས་མའི་སྐུར་བསྐྱེད། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་པ་དམ་ཚིག་སེམས་དཔའ་ཇི་ལྟ་བ་བཞིན་བསྐྱེད། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་འོད་ཟེར་དང་བཅས་པ་བསྒོམ། དེ་ལས་འོད་འཕྲོས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་བདག་དམ་ཚིག་སེམས་མ་ཇི་ལྟ་བ་བཞིན་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པས་མཆོད། ཛཿཞེས་བརྗོད་པས་བདག་ལ་ཉེ་བར་བྱོན། ཧཱུྃ་ཞེས་པས་བསྟིམ། བཾ་གྱིས་དབང་དུ་བྱ། ཧོཿས་མཉེས་པར་བསམ། དེ་ནས་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོས་བྱིན་གྱིས་བརླབ། ཡང་སྙིང་གའི་ཏཱྃ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ལ་མེ་ཏོག་ལ་སོགས་པས་མཆོད་དེ། ཁྱོད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །དེས་རང་གི་དོན་རྫོགས་ནས་གཞན་དོན་ལ་འཇུག་པའི་ཕྱིར། སྙིང་གའི་ཏཱྃ་ལས་འོད་འཕྲོས་ཏེ་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ལ་ཕོག དེ་དག་ཐམས་ཅད་རྗེ་བཙུན་མ་སྒྲོལ་མར་གྱུར་བར་བསམ། དེ་བཞིན་དུ་དམིགས་ཏེ་འོད་ཟེར་སྤྲོ་བསྡུ་ཡང་ནས་ཡང་དུ་བྱ། དེ་དག་ཐམས་ཅད་ཀྱང་རང་བཞིན་མེད་པ་རྨི་ལམ་གྱི་ཚུལ་དུ་བསྒོམ། བསྒོམས་པས་སྐྱོ་ན་སྔགས་
བཟླས་ཏེ་སྙིང་གའི་ཏཱྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་ནས་ཁའི་ལམ་ནས་ལྟེ་བའི་ནང་དུ་ཞུགས་ཏེ། ཏཱྃ་ཉིད་ལ་ཐིམ། ཡང་དེ་བཞིན་དུ་ཁའི་ལམ་ནས་ལྟེ་བའི་ནང་དུ་འཇུག་པའི་ཚུལ་གྱིས་མ་ཡེངས་ཤིང་ཡིག་འབྲུ་གསལ་བ་དང༌། རྨི་ལམ་ལྟ་བུའི་ངང་ལ་སྔགས་ཀྱི་བཟླས་པ་བྱས་ཏེ། དེ་ལ་སྔགས་ཀྱི་ཚིག་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བཟླའོ། །བཟླས་པས་སྐྱོ་ན་བཛྲ་མུཿ ཞེས་བརྗོད་ལ་བཟོད་པར་གསོལ་ཏེ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བར་བྱའོ། །གཞན་ཟ་བ་དང༌། ཉལ་བ་དང༌། འཆག་པ་ལ་སོགས་པ་ཐམས་ཅད་རྗེ་བཙུན་མ་སྒྲོལ་མའི་ང་རྒྱལ་གྱིས་སྤྱད་པར་བྱའོ། །གང་ལ་རྒྱལ་བའི་ཡུམ་དེས་རྗེས་བཟུང་བ། །སྡོམ་བརྩོན་དམ་པ་ཤཱཀྱ་དཔལ་གྱི་གསུང༌། །འགྲོ་ལ་ཕན་ཕྱིར་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་ཚིག་གི་སྡེབ་སྦྱོར་སྤངས་ཏེ་བྲིས། །རྫོགས་སོ།། ༈ །ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་ལྗང་གུའི་རྗེས་གནང་གི་ཆོ་ག་བདུད་རྩིའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། དྲན་པས་འཇིགས་པ་ཀུན་སེལ་བའི། །རྗེ་བཙུན་འཕགས་མར་གུས་བཏུད་ནས། །དེ་ཡི་རྗེས་གནང་ཟབ་མོའི་ཚུལ། །ཆོ་ག་བདུད་རྩིའི་སྙེ་མ་བསྐྲུན། །གནས་དབེན་ཞིང་གཙང་ལ་ཡིད་དང་རྗེས་སུ་མཐུན་པར་སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་མེ་ཏོག་གི་ཚོམ་བུ་གཅིག་དགོད། དེའི་མདུན་དུ་འབུལ་གཏོར་དཀར་ཟླུམ་དང༌། མེ་ཏོག་ལ་སོགས་པའི་ཉེར་སྤྱོད། རང་གི་ཉེ་ལོགས་སོགས་གང་བདེར་བུམ་པ་བཅུད་ལྡན་ལ་རྒྱན་མགུལ་ཆིངས་མཆོད་ཡོན་གཟུངས་རྡོར་དང་བཅས་པ་བཤམ། གཞན་ཡང་དགོས་པའི་ཡོ་བྱད་
ཐམས་ཅད་འདུ་བྱ། མཆོད་པ་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མེ་ཏོག་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཐའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། དྷརྨཱ་ར་ཎི་ཏས་བྱིན་དབབ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་སོགས་ནས། སྟེང་གི་ཆ་ལ་བཞུགས་པ་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲང༌། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པར་སྤྲུལ་ལ་དངོས་སུ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱ་ཨཱཿཧཱུྃ་གི་བར་ཉེར་སྤྱོད་ལྔས་མཆོད། པདྨ་ཀ་མ་ལཱ་ཡ་སྟྭྃ་གྱིས་གདན་ཕུལ། དེའི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུན་བཤགས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་ནས་བཟླས་པ་བསྡུ་བའི་བར་བདག་བསྐྱེད་འཇམ་མགོན་ས་སྐྱ་པཎྜི་ཏའི་གསུང་རབ་ལྟར་བྱ། མདུན་གྱི་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་སོགས་ནས། དོན་ཡོད་གྲུབ་པས་དབུར་བརྒྱན་ཅེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པའི་ཚིག་དོར། ཁྱོད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་ཁ་བསྒྱུར་བ་ཙམ་ཁྱད་པར་རོ། །
དེ་ནས་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ། ཨོཾ་ཨཱརྻ་ཏཱ་རཱ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ཕྱག་འཚལ་ཉེར་གཅིག་གམ། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་རྒྱས་བསྡུས་གང་རུང་གིས་བསྟོད། གཏོར་མ་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་གིས་བརླབས་ལ་མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་ཕུལ། མཆོད་ཅིང་བསྟོད། འཕགས་མ་སྒྲོལ་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་འདོད་དོན་གསོལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་འོ་མ་ཅན་གྱི་བདུད་རྩིའི་རྒྱ་མཚོ་དཀར་ཞིང་དྭངས་ལ་ཡན་ལག་བརྒྱད་དང་ལྡན་པར་འཁྱིལ་བའི་དབུས་སུ་པྃ་ལས་པདྨ་སོགས་ནས། ཡོན་ཏན་མ་ལུས་པ་ཕུལ་དུ་བྱུང་བའི་སྐུར་གྱུར་ཅེས་པའི་བར་མདུན་བསྐྱེད་ལྟར་གསལ་གདབ། གཟུངས་ཐག་ནས་བཟུང་སྟེ། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ལྗང་གུ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དང༌། སྐུ་ལས་ཀྱང་བདུད་རྩི་དང་སྔགས་ཀྱི་ཡིག་འབྲུའི་ཚོགས་དཔག་ཏུ་མེད་པ་བྱུང་བས་བདུད་རྩིའི་རྒྱ་མཚོ་དང་རོ་གཅིག་ཏུ་འདྲེས་པར་གྱུར་པའི་མོས་པས་བཟླས་པ་ཅི་ནུས་མཐར། མཆོད་ཅིང་བསྟོད། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། སྒྲོལ་མ་སྔགས་ཀྱི་ཡིག་འབྲུ་དང་བཅས་པ་འོད་དུ་ཞུ། དག་པ་ཡེ་ཤེས་ཀྱི་ཆུར་གྱུར་པར་བསམ་པ་ནི་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་བྱས། སེམས་བསྐྱེད་གསོལ་ལ་གདབ་པ་སོགས་ཆོས་བཤད་རྒྱས་བསྡུས་ཅི་རིགས་པས་
མཚམས་སྦྱར་ཏེ། དེ་ལ་འདིར་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལས། བྱང་ཆུབ་སེམས་མ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦ་བར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པས། །འདིར་ནི་ལྷ་མོ་བསྒྲུབ་པར་བྱ། །ཞེས་སོགས་རྡོ་རྗེ་ཐེག་པའི་སྔགས་རྒྱུད་རྒྱ་མཚོ་ནས་ཕྲིན་ལས་མཐའ་དག་འབད་པ་མེད་པར་སྒྲུབ་པ་ལ་མཆོག་ཏུ་གསུངས་ཤིང་ཆེས་ཆེར་བསྔགས་པའི་འཕགས་མ་སྒྲོལ་མའི་རྒྱུད་དང༌། སྒྲུབ་ཐབས་དང༌། མན་ངག་གི་ཚོགས་མཐའ་ཡས་པ་ཞིག་སྣང་བ་ལས་ཁྱད་པར་དུ་གྱུར་པ་འདི་ན་ཇི་སྐད་དུ། གང་ལ་རྒྱལ་བའི་ཡུམ་དེས་རྗེས་བཟུང་བ། །སྡོམ་བརྩོན་དམ་པ་ཤཱཀྱ་དཔལ་གྱི་གསུང༌། །འགྲོ་ལ་ཕན་ཕྱིར་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་ཚིག་གི་སྡེབ་སྦྱོར་སྤངས་ཏེ་བྲིས། །ཞེས་གསུངས་པ་ལྟར། རྗེ་བཙུན་སྒྲོལ་མས་མངོན་སུམ་དུ་རྗེས་སུ་བཟུང་ཞིང༌། ཟབ་པ་དང་རྒྱ་ཆེ་བའི་གདམས་པའི་བདུད་རྩི་གནང་བ་མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་པར་འཕྲུལ་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཐུགས་དམ། འཇམ་མགོན་ས་སྐྱ་པཎྜི་ཏས་ཡི་གེར་བཀོད་པའི་སྒྲུབ་ཐབས་ལ་བརྟེན་ནས་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་ཕྱག་བཞེས་ལྟར་རྗེས་སུ་གནང་བ་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་གི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། མདུན་བསྐྱེད་ཀྱི་
ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། འགྲོ་རྣམས་བསྒྲལ་འདོད་སོགས་སྐྱབས་སེམས་ལན་གསུམ། ཁྱད་པར་རྗེ་བཙུན་སྒྲོལ་མའི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་མ་སྒྲོལ་མའི་རྗེས་སུ་གནང་བ་མ་ལུས་སྩལ་དུ་གསོལ། ལན་གསུམ། རྗེས་གནང་གི་གཞི་དགོད་པའི་སླད་དུ། སྭ་བྷཱ་ཝ་དང༌། ཤཱུ་ནྱ་ཏཱ་སོགས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་སོགས་ནས། ཚུར་འདུས་པ་ལས་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མ་སོགས་ནས། ཕུལ་དུ་བྱུང་བའི་སྐུར་གྱུར་པའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་འོད་ཟེར་དང་བཅས་པ་རྣམས་གསལ་ལམ་སྟེ་གྱུར་པའི་མོས་པ་མཛོད། རྗེས་གནང་དངོས་ལ། ཐོག་མར་སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་ལ་རྗེ་བཙུན་སྒྲོལ་མ་དངོས་ཡིན་སྙམ་པའི་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་མཐར་ཛཿཧཱུྃ་བཾ་ཧོཿབརྗོད་ཅིང་སྤོས་རོལ་
བྱ། སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པའི་མོས་པ་མཛོད། གསུང་གི་རྗེ་གནང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ལྗང་གུ། དེ་ལས་སྔགས་ཕྲེང་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཏཱྃ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ས་བོན་ལ་ཐིམ་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡི་གེ་བཅུ་པ་བཟླར་གཞུག དེ་ལྟར་བཟླས་པས་དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་དང་བཅས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་
གྱིས་བརླབས་ཏེ་ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། ཐུགས་ཀྱི་རྗེས་གནང་གི་སླད་དུ། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་དང༌། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་གྱི་ལྷའི་ཐུགས་ཀ་ནས་ཕྱག་མཚན་ཨུཏྤལ་སྔོན་པོའི་ཚོགས་དཔག་ཏུ་མེད་པ་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། དེ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས། སྙིང་གའི་ཏཱྃ་ལས་འོད་འཕྲོས་ཏེ་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ལ་ཕོག དེ་དག་ཐམས་ཅད་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར་པར་མོས་ལ། དེ་བཞིན་དུ་དམིགས་ཏེ་འོད་ཟེར་སྤྲོ་བསྡུ་ཡང་ནས་ཡང་དུ་བྱ་ཞིང༌། མཐར་དེ་དག་ཐམས་ཅད་ཀྱང་རང་བཞིན་མེད་པ་རྨི་ལམ་གྱི་ཚུལ་དུ་བསྒོམ་སྟེ། སྣང་སྟོང་སྒྱུ་མ་ལྟ་བུའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། ཞེས་བརྗོད། རྗེས་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གྱེས། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་རླབས། མཆོད་བསྟོད་ནོངས་བཤགས། གཤེགས་གསོལ། བསྔོ་སྨོན་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །ཤཱཀྱ་ཤྲཱིའི་མན་ངག་གི །འཕགས་མའི་རྗེས་སུ་གནང་བའི་ཚུལ། །བདུད་རྩིའི་སྙེ་མས་ཡིད་ཅན་ཀུན། །སྲིད་ཞིའི་གདུང་བ་འཇིལ་གྱུར་ཅིག །ཅེས་པའང་འཇམ་མགོན་ས་སྐྱ་པཎྜི་ཏའི་གསུང་རབ་རིན་པོ་ཆེའི་ཞབས་འདེགས་སུ་དམིགས་ཏེ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་བཀླག་པས་གྲུབ་པར་བྲིས་པ་སུ་ཤྲཱི་ཡནྟུ།། ༈ །ན་མོ་གུ་རུ། སྒྲུབ་པ་པོ་གང་ཞིག་རྗེ་བཙུན་མ་སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉི་ཤུ་རྩ་གཅིག་པ་གདོན་པར་
འདོད་པས། ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ལ་སོགས་ཡོད་པ་ནི་གཞན་དུ་ཤེས་པར་བྱའོ། །ཐུན་མོང་གི་གདོན་ཐབས་ལ་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་བཏང་ལ་རང་ཐ་མལ་དུ་གནས་པའི་སྙིང་གར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱྃ་ལྗང་གུ་ལ་ཡི་གེ་བཅུས་བསྐོར་བར་བསམ། དེ་ནས་ཏཱྃ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁའ་ལ་རྗེ་བཙུན་འཕགས་མ་ཉིད་སྤྱན་དྲངས་ནས་བཞུགས་པར་བསམས་ལ། མཆོད་པ་དབུལ་བ་ལ་སོགས་པ་བྱའོ། །དེ་ནས་སྐད་ཅིག་གིས་རང་རྗེ་བཙུན་མ་སྒྲོལ་མར་བསམས་ལ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་གི་ཡི་གེའི་གཟུགས་སུ་སྣང་བས་བསྐོར་བར་བསམ་མོ། །དེ་ནས་ཡང་ཏཱྃ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་མ་འོག་མིན་ནས་སྤྱན་དྲངས་ལ་རང་ལ་བསྟིམ་མོ། །དེ་ནས་བསྟོད་པ་ངག་ཏུ་འདོན་པ་དང༌། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ལ་བསྟོད་པའི་སྒྲ་ལུས་ཀྱི་བུ་ག་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྒྲོགས་པར་བསམ་མོ། །འདོན་པའང་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འདོན་པར་བསམ་ཞིང་བསྒྲགས་པས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་པ་ཡིན་ནོ། །དེའང་བསྟོད་པ་ལ་བརྟེན་ན་ནུས་པ་ཡོད་ཚད་ཀྱིས་བསྟོད་པ་འདོན་ཅིང༌། བསམ་གཏན་ལ་བརྟེན་ནས་བསྒྲུབ་ན། སོ་སོ་རང་རང་གི་སྒྲུབ་ཐབས་ནས་འབྱུང་བ་ལྟར་བྱ། དེའང་བསྟོད་པའི་གཞུང་དང་མཐུན་པར་གཉིས་གསུམ་བདུན་ལ་སོགས་པར་འདོན་པ་ཡིན་ནོ། །མཇུག་གི་བྱ་བ་ནི། དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་མི་དམིགས་པར་བསམ་མོ། །ལྷའི་རྒྱན་དང་གདན་ལ་སོགས་པ་ལྷ་ཉིད་ལ་ཐིམ་པར་
བསམས་ཏེ། སྤྱོད་ལམ་གང་བྱེད་པ་ཐམས་ཅད་རྗེ་བཙུན་མ་སྒྲོལ་མ་ཉིད་ཀྱི་ང་རྒྱལ་དང་ལྡན་པར་བྱའོ། །ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཞལ་སྔ་ནས་གསུངས་པ་སྒྲོལ་མའི་བསྟོད་སྒྲུབ་ཀྱི་མན་ངག༌།། ༈ །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མའི་བུམ་པ་བསྒྲུབ་པར་འདོད་པས། རིན་པོ་ཆེའི་བུམ་པ་བྲེ་གང་ཡན་ཆད་ཤོང་བ། བུམ་རྫས་ཐམས་ཅད་གཞན་དང་མཐུན་པ་ལ། སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས་ཏེ། བུམ་པ་མི་དམིགས་པ་ལས་འོ་མ་ཅན་གྱི་རྒྱ་མཚོར་བསམ། དེའི་ནང་དུ་པྃ་ལས་པདྨའི་སྟེང་དུ་ཏཱྃ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། ཨུཏྤལ་ཏཱྃ་གིས་མཚན་པ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས་མངོན་རྟོག་ལྟར་འཕགས་མར་བསྒོམ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ལྗང་གུ་ལ་རྩ་སྔགས་ཀྱིས་བསྐོར་བར་བསྒོམ་མོ། །བདག་ཉིད་བསྐྱེད་རིམ་དང་ལྡན་པས། གཟུངས་ཐག་ནས་བཟུང་སྟེ་སྔགས་བཟླས་པས་བུམ་པའི་ཡིག་འབྲུ་དང་སྔགས་ལས་འོད་འཕྲོས་པས། འཕགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག འོ་མ་ཅན་གྱི་རྒྱ་མཚོ་དང་གཉིས་སུ་མེད་པར་འདྲེས་པར་བསམ་ཞིང༌། སྔགས་འབུམ་ཕྲག་གཅིག་བཟླའོ། །དེའི་ཚེ་བུམ་པ་ལས་སྒྲ་དང༌། འོད་དང༌། དྲི་ཞིམ་པོ་དང༌། ཁོལ་བ་ལ་སོགས་པ་འབྱུང་ངོ༌། །བུམ་ཆུ་དེས་བཀྲུ་བ་དང་རེག་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བ་ཡིན་ནོ། །རྗེ་བཙུན་མ་སྒྲོལ་མའི་བུམ་པའི་ཆོ་ག་ཞེས་བྱ་བ། པཎྜི་ཏ་ཤཱཀྱ་ཤྲཱིའི་ཐུགས་དགོངས་རྫོགས་སོ།། ༈ །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མི་ནག་དཀར་པོ་གཏོང་བར་འདོད་ན། རྫའི་བུམ་པ་གསར་པར་རིན་པོ་ཆེ་ལ་སོགས་པ་བདར་ལ། རྩ་སྔགས་ལ་ཨཱ་ལི་ཀཱ་ལི་བཏགས་ལ། དེ་རྣམས་གསེར་གྱིས་བྲི། ནང་
དུ་གཞུག བུམ་པ་ལ་ཞལ་བསྲོ་བ་དང༌། རབ་གནས་བྱས་ལ་རི་མཐོན་པོའི་ཁར་སྦའོ། །བསྟོད་པ་སྔོན་དུ་འགྲོ་བས་འདོད་པའི་དོན་ལ་གསོལ་བ་གདབ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །ཆོས་རྗེ་པན་ཆེན་ཤཱཀྱ་ཤྲཱིའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། ༈ །འཕགས་མ་སྒྲོལ་མ་ཕྱག་འཚལ་ལོ། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སཱཙྪའི་སྒོ་ནས་རིམས་ནད་སེལ་བ་དང༌། སེར་བ་གཅད་པར་འདོད་ན། གཞན་ཐམས་ཅད་མཐུན་པ་ལ། ཁྱད་པར་ནི་སཱཙྪ་ནང་ཡོད་པ་བྱས་ལ། དེའི་ནང་དུ་འབྲུ་དང༌། རྩ་སྔགས་ཚར་བདུན་བདུན་བྲིས་ལ་གཞུག རིམས་སྲུང་ན། ཡུལ་ཕྱོགས་ནས་མིག་གིས་མཐོང་མི་མཐོང་དུ། སཱཙྪ་རེ་རེ་བཞག་ལ་རབ་གནས་བྱ། སེར་བ་བསྲུང་ནའང་དེ་བཞིན་བྱའོ། །བསྟོད་པ་སྔོན་དུ་འགྲོ་བས་འདོད་པའི་དོན་ལ་གསོལ་བ་གདབ། དགེ་བའི་རྩ་བ་བསྔོ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཕྱག་བཞེས་ཡི་གེར་བྲིས་པ་རྫོགས་སོ།། ༈ །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་རྫོགས་རིམ་བསྒོམ་པར་འདོད་པས། གཟུགས་སྣང་སྟོང་སྒྲོལ་མའི་སྐུ་ཆུ་ནང་གི་ཟླ་བ་ལྟ་བུ། སྒྲ་གྲག་སྟོང་སྒྲོལ་མའི་གསུང་ཡི་གེ་བཅུ་པ། སེམས་བདེ་སྟོང་སྒྲོལ་མའི་ཐུགས་ཡེ་ཤེས་སོ། །དེ་ལྟར་ཆོས་ཐམས་ཅད་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོ་སྣང་ལ་རང་བཞིན་མེད་པ་རྨི་ལམ་ལྟ་བུར་བསམ་མོ། །ཞེས་ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཞལ་ནས་གསུངས་པ་རྫོགས་སོ། །ཟབ་པ་ཡིན་ནོ།། །།
རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པ་ཐུགས་དམ་གནད་ནས་བསྐུལ་བའི་སྒྲ་དབྱངས།
རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པ་ཐུགས་དམ་གནད་ནས་བསྐུལ་བའི་སྒྲ་དབྱངས་བཞུགས་སོ།།
ན་མ་ཨཱརྻཱ་ཏཱ་རཱ་ཡཻ། རྣམ་མང་སྐུ་ཡི་བཀོད་པ་དཔག་མེད་ཅིང༌། །རྣམ་དག་གསུང་གི་སྤྲོས་པ་མཐའ་ལས་འདས། །རྣམ་གྲོལ་ཐུགས་མངའ་གྲངས་མེད་འགྲོ་བའི་སྐྱབས། །བཅོམ་ལྡན་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ཐུགས་རྗེའི་མངའ་བདག་བཅོམ་ལྡན་འདས་མ་ལ། །སྙིང་ནས་ཆོ་ངེ་དྲག་པོ་འདི་འདེབས་སོ། །དར་ཅིག་ཆོས་ཀྱི་དབྱིངས་ནས་གསན་དུ་གསོལ། །ཚད་མེད་སྡུག་བསྔལ་ཆུ་བོས་ཡོངས་གང་བའི། །སྲིད་པའི་རྒྱ་མཚོར་ལྷུང་བའི་འགྲོ་བ་ཀུན། །ང་ཡིས་བདེ་བར་སྒྲོལ་ཞེས་དམ་བཅས་པ། །དེ་ཡི་དུས་ལ་བབ་བོ་བཅོམ་ལྡན་མ། །ཕྱོགས་བཅུའི་བདེ་གཤེགས་ཀུན་གྱི་མཁྱེན་པ་ཡིས། །ང་ཡི་རླབས་ཆེན་སྤྱོད་པ་གཟིགས་གྱུར་ཏེ། །ང་ལ་སྒྲོལ་མར་གྲགས་ཞེས་ཞལ་བཞེས་པ། །དེ་ཡི་དུས་ལ་བབ་བོ༴ །ཁྱོད་ཀྱིས་སྤངས་རྟོགས་ཡོན་ཏན་ཀུན་བརྙེས་པའི། །སྣ་ཚོགས་ཐབས་ལ་མཁས་པ་གང་ཡིན་པ། །མགོན་མེད་འགྲོ་བའི་དོན་ཏུ་འགྱུར་གྲང་ན། །དེ་ཡི་དུས་ལ་བབ་བོ༴ །གང་གིས་ཁྱོད་ཀྱི་མཚན་ཙམ་ཐོས་པ་ཡི། །སྐད་ཅིག་གཅིག་ལ་ཉམ་
ཐག་དབུགས་ཕྱུང་སྟེ། །བདེ་མཆོག་བྱང་ཆུབ་ཉིད་ལ་རེག་ཅེས་ཐོས། །དེ་ཡི་དུས་ལ་བབ་བོ༴ །དེ་ཕྱིར་ཁྱེད་ཀྱིས་མཁྱེན་བརྩེ་ནུས་པ་ཡིས། །མ་རིག་དབང་གིས་ལོག་པའི་ལམ་ཞུགས་ཏེ། །མི་ཟད་སྡུག་བསྔལ་གྲོང་དུ་མྱུར་འགྲོ་བའི། །མཐའ་ཡས་འགྲོ་བ་ཀུན་ལ་བསྐྱབ་ཏུ་གསོལ། །ཁྱད་པར་ལུས་དང་སྲོག་ལ་ལྟས་མེད་པར། །སྙིང་ནས་བདག་ལ་བརྩེ་བའི་དྲིན་ཅན་མ། །སྔོན་ནས་འཕགས་པའི་ལམ་དུ་རྒྱུག་གྱུར་ཏེ། །ཚེ་འདིའི་སྣང་བ་ནུབ་ནས་རིང་ཞིག་ལོན། །ད་ལྟ་གང་ན་ཅི་འདྲའི་གཟུགས་འབྱུང་ནས། །ཅི་ཟ་གང་གྱོན་སྐབས་སུ་བྱེད་པ་ཡི། །ཆ་ཙམ་བླུན་པོ་བདག་གིས་མ་ཤེས་སོ། །མྱུར་མཛད་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །གཤིན་རྗེའི་སྐྱེ་བོས་ལྕགས་བསྲེགས་རབ་འབར་བའི། །ས་གཞིར་བསྒྱེལ་ནས་སྣ་ཚོགས་མཚོན་བསྣུན་ཀྱང༌། །བརྟོལ་མེད་བདག་ལ་སྐྱོབ་པའི་མཐུ་མ་མཆིས། །མྱུར་མཛད་ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། །གངས་རིའི་ལྗོངས་སུ་ལྷག་ཆེན་གྱིས་གཟིར་ཏེ། །ཤ་རུས་ཚལ་པ་དུ་མར་གས་གྱུར་ཀྱང༌། །ཉམ་ཆུང་བདག་གིས་དེ་ལ་ཅི་ཞིག་བྱ། །མྱུར་མཛད༴ །བསྐལ་པར་ཟས་སྐོམ་དྲི་ཙམ་མི་ཚོར་ཞིང༌། །
སྲེད་སྐོམ་སྡུག་བསྔལ་དྲག་པོས་གདུང་གྱུར་ཀྱང༌། །བདག་གིས་ཅུང་ཟད་ཕན་པར་མ་ནུས་སོ། །མྱུར་མཛད༴ །ངེས་དང་མ་ངེས་གནས་སུ་གཅིག་ལ་གཅིག །ཟ་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཀྱང༌། །བདག་ལ་སྐྱོབ་པའི་ནུས་པ་མ་མཆིས་སོ། །མྱུར་མཛད༴ །གཞན་ཡང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །མི་སྡུག་སྐྱེ་བོ་གྲངས་མེད་གོ་བགོས་ཤིང༌། །ལག་ན་སྣ་ཚོགས་མཚོན་ཆ་མང་ཐོགས་པས། །སྡང་བར་བྱེད་པའི་འཇིགས་ལས་བསྐྱབ་ཏུ་གསོལ། །རབ་ཁྲོས་སྡང་ལྡན་མིག་དག་ཆེར་འགྲད་དེ། །ལྕེ་དང་རྔ་མ་རལ་པ་བཅས་གཡོ་ཞིང༌། །མི་བཟད་སྒྲ་སྒྲོགས་མཆེ་སྡེར་རྣོན་པོ་ཡིས། །འཚེ་བྱེད་སེང་གེའི་འཇིགས་ལས༴ །གང་གི་སྟོབས་ཀྱིས་ནགས་ཚལ་ཀུན་འཇོམས་ཤིང༌། །རང་གི་མཆེ་བ་རྣོ་དང་སྣ་ལ་ནི། །མཐོང་བས་སྐྲག་བྱེད་མཚོན་ཆ་རབ་ཐོགས་པ། །གླང་ཆེན་ཁྲོས་པའི༴ །ཕྱོགས་གཞན་དུ་བས་མུན་པར་ཁྱེར་བྱེད་ཅིང༌། །སྐར་མདའ་འཁྱུག་འདྲའི་མེ་སྟག་རབ་འཕྲོ་བས། །བརྟན་གཡོ་མ་ལུས་ཐལ་བར་སྲེག་ནུས་པའི། །མེ་ཆེན་འབར་བའི་འཇིགས་ལས༴ །མི་སྡུག་མདོག་སྔོ་དྲག་པོའི་ཕུད་སྒྲ་སྒྲོག །ལུས་དང་མཆེ་བ་འཁྱོག་པོ་ལྕེ་གཉིས་ལྡན། །ཁྲོས་པའི་དུག་གིས་འགྲོ་ཀུན་རླག་བྱེད་པའི། །སྦྲུལ་གདུག་སྡང་བའི་འཇིགས་ལས༴ །ཆགས་དང་སྡང་བའི་སེམས་ལྡན་སྲིན་པོའི་གཟུགས། །ཇི་སྙེད་མཚོན་ཆས་གནས་དང་ལམ་རྣམས་སུ། །མཐུ་དང་འཇབ་བུས་གཞན་དག་འཇོམས་བྱེད་པའི། །ཁྲེལ་མེད་ཆོམ་རྐུན་འཇིག་ལས༴ །བརྩེ་མེད་རྒྱལ་པོའི་བཀའ་ཡིས་ཕོ་ཉ་འགས། །རྐང་ལག་དམ་བཅིངས་ཡུན་རིང་བཀྲེས་སྐོམ་གྱི། །གདུང་བ་ཆེར་མྱོང་ཐ་མར་སྲོག་འཕྲོག་པའི། །མི་བཟད་ཞགས་པའི་འཇིགས་ལས༴ །ཆུ་ཀླུང་ཇི་སྙེད་རྟག་ཏུ་འདུ་བའི་གནས། །ཤུགས་དྲག་རླུང་གིས་བསྐྱོད་པའི་རྦ་རླབས་ཅན། །མ་རུངས་ཆུ་སྲིན་ཚོགས་ཀྱིས་ཡོངས་གང་བའི། །རྒྱ་མཚོ་འཁྲུགས་པའི་འཇིག་ལས༴ །མི་སྡུག་གཟུགས་ལྡན་འཇིགས་རུངས་གད་
རྒྱང་སྒྲོག །རྩུབ་པའི་སེམས་འཆང་ལག་གཉིས་མཚོན་ཆས་བྲེལ། །ཤ་ཁྲག་ལ་དགའ་ཕྱོགས་ཀུན་ཁྱབ་གྱུར་པའི། །མི་སྲུན་ཤ་ཟའི་འཇིགས་ལས༴ །འབྱུང་བཞི་འཁྲུགས་པ་འདྲེ་རྒོད་ཀྱིས་གཟིར་རམ། །མཚོན་གྱིས་གཙེས་པའི་ཟུག་རྔུ་དྲག་པོ་ཡིས། །སྨྲེ་སྔགས་ཆེར་འདོན་ཉེ་དུའི་ངོར་བལྟས་ཀྱང༌། །ཕན་མེད་སྲོག་གཅོད་ནད་ལས༴ །བརྒྱ་བྱིན་ཁྲོས་པའི་བཀའ་ཉན་གདུག་པ་ཅན། །སྣ་ཚོགས་མདངས་ལྡན་དག་གིས་རབ་འབར་བའི། །མཚོན་ཆའི་ཆར་གྱིས་འགྲོ་རྣམས་འཇོམས་བྱེད་པའི། །མི་བཟད་དབང་པོའི་འཇིགས་ལས༴ །འཚོ་བ་འདོད་པས་ཚ་གྲང་བཟོད་དཀའ་བ། །དཔག་མེད་མྱོང་ཞིང་གཞན་གྱི་ངོར་བལྟས་ཏེ། །གཅོམ་བུའི་ཚིག་དག་བརྗོད་ཀྱང་བདག་གི་དོན། །རེ་ཆད་དབུལ་བའི་འཇིགས་ལས༴ །སྲིད་པར་འཆིང་བའི་ལྕགས་སྒྲོག་ཉིད་ཡིན་ཀྱང༌། །མ་རིག་དབང་གིས་ཡིད་གཅུགས་དགའ་མ་ལ། །འདོད་པའི་བདེ་དང་བྲལ་བའི་གདུང་བ་གང༌། །དམྱལ་མེར་ལྷུང་འདྲ་དེ་ལས༴ །ཁྲོ་བའི་དབང་གྱུར་གཤིན་རྗེ་ཇི་བཞིན་དུ། །གསོད་ལ་དགའ་བས་འཁོར་མང་བསྡུས་བྱས་ཏེ། །ཉེས་མེད་གཞན་སྲོག་འཕྲོག་ཕྱིར་ཐབས་བརྩོན་པའི། །མི་བདག་འཁྲུགས་པའི་འཇིགས་ལས༴ །གང་ཚེ་ལྷ་མིན་ལྷ་ཡི་དཔལ་ལ་རྩོད། །དེ་དག་གཞོམ་ཕྱིར་ལྷ་དབང་རབ་ཁྲོས་པས། །འབར་བའི་རྡོ་རྗེ་མཐའ་ཡས་འཕང་གྱུར་ཏེ། །ཉེས་མེད་འཇོམས་པའི་འཇིགས་ལས༴ །འབྲས་བུ་རྒྱུ་ཡི་རྗེས་སུ་འབྲང་བའི་ཕྱིར། །སྔོན་དུས་གཞན་གྱི་བསམ་པ་བཟློག་བྱས་པས། །ཚེ་འདིར་ངལ་བརྒྱས་བསྒྲུབས་ཀྱང་རེ་བའི་དོན། །ཕྱིར་ཞིང་ཉམས་པའི་འཇིགས་ལས་བསྐྱབ་ཏུ་གསོལ། །མདོར་ན་བཅོམ་ལྡན་ཁྱོད་ཀྱི་ཐུགས་རྗེ་ཡིས། །ཁྲེལ་མེད་བདག་གི་དྲིན་ཅན་ཕ་མ་རྣམས། །འཁོར་བའི་སྡུག་བསྔལ་མཐའ་དག་རབ་སྤངས་ཏེ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་མཛོད། །ཅེས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པ་ཐུགས་དམ་
གནད་ནས་བསྐུལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། བནྡེ་དཔལ་གྲུབ་ཀྱིས་ཨེ་ཝཾ་ཆོས་འཁོར་རྩེར་བྲིས་པའོ། །«གོང་གི་ཚིགས་བཅད་རྣམས་སྤྲོ་ན་ལམ་དུ་འདོན་པར་འདོད་ན་བསྐྱབ་ཏུ་གསོལ་ཞེས་པའི་གནས་སུ་ཐར་བར་ཤོག ཅེས་སྐྱར་བར་བྱའོ། །མངྒ་ལཾ་བྷ་ཝནྟུ།། །