སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
དཔལ་ཀྱེ་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པ།
ཤྲཱིཧབཛྲསཧཛསྱསཱདྷནསཱདྷིཥྛཱནོཔདེཤབིཧརཏིསྨ།།
དཔལ་ཀྱེ་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པ་བཞུགས་སོ།།
ནམཿཤྲཱི་ཧེ་བཛྲཱ་ཡ། དགྱེས་པ་རྡོ་རྗེའི་མན་ངག་ལ། རྡོ་རྗེའི་སྐྱིལ་ཀྲུང་དང༌། སྔགས་དྲན་པ་ལ་སོགས་པ་སྔར་དང་འདྲ།«་་་་་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཏེ་ལག་པ་མཉམ་གཞག་བྱས་ལ། མིག་སྣ་རྩེར་ཕབ། བྱང་ཆུབ་ཀྱི་སེམས་མངོན་དུ་བྱ། ཧཱུྂ་ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྣམ་པར་བསམ་མོ། »སྟོང་པའི་ངང་ལས་སྐད་ཅིག་གིས་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་སྐུར་བསྐྱེད་དེ། པདྨ་ལ་རོའི་སྙིང་གར་ཉི་མ་ལའོ། །ཕྱག་རྒྱ་ལྔ་དང༌། རྡོ་རྗེ་དང་ཐོད་པ་རྡོ་རྗེས་མཚན་པའོ། །ཡུམ་གྱིས་གྲི་གུག་དང་ཐོད་པའོ། །གཉིས་ཀ་མི་བསྐྱོད་པས་དབུར་བརྒྱན་པའོ། །ཡབ་ཀྱི་སྙིང་གར་ཧཱུྃ་ཡུམ་གྱི་སྙིང་གར་ཨཾ་བསམས་ལ། སྙོམས་འཇུག་གི་བདེ་བའི་སྟོབས་ཀྱིས་ཨཾ་ནོར་བུར་སོན། ཧཱུྃ་ཡང་ནོར་བུར་སོན་ཏེ། ཡི་གེ་གཉིས་འོད་དུ་ཞུ་བས་ཡབ་ཡུམ་འོད་དུ་ཞུ་སྟེ་མར་མེ་གསལ་བ་ལྟར་གསལ་བར་བྱས་ལ་མཐར་མི་དམིགས་པར་བྱའོ། །མི་དམིགས་པ་དེ་ཉིད་སྔོན་ཉམས་སུ་མྱོང་བ་དེ་ལྟ་བུའི་བདེ་བ་ཆེན་པོ་ཁམས་གསུམ་པོ་ཐམས་ཅད་ལ་སྣང་བ་མེད་པའི་རང་བཞིན་དུ་བྱས་ཏེ་བསྒོམ་མོ། །དེ་ལྟར་རྟག་ཏུ་གོམས་ན་ལུས་དྭང་བར་སོང་སྟེ་སངས་
རྒྱས་སུ་འགྱུར་རོ། །ནོར་བུར་ཕྱིན་པའི་དུས་སུ་བདེ་བ་མྱོང་བ་ནི་ཤེས་རབ་ཡིན་ལ། ཕྱིས་བླ་མ་ལས་མྱོང་བ་དེ་སངས་རྒྱས་ཀྱི་བདེ་ཆེན་མཚོན་བྱེད་ཡིན་ནོ། །ཞེས་བསྟན་པ་ནི་བཞི་པ་ཡིན་ཟེར། ཡང་ན་དེ་སྟོན་པ་དང་བཅས་པ་ནི་ཤེས་རབ་ཡེ་ཤེས་སོ། །ཕྱིས་བསྙེན་བཀུར་བྱས་ཏེ་སློབ་མས་སྔོན་མྱོང་བ་དེ་ལུས་ཀྱི་ཡན་ལག་ཉིང་ལག་ཏུ་བདེ་བས་གང་བར་བྱས་ཏེ། བསྒོམས་པ་ནས་མཐར་ཏྲི་དྷཱ་ཏུ་བདེ་བར་བསྒོམ་ཞིང་སྐྱེས་པ་ནི་བཞི་པའོ། །ཐམས་ཅད་སེམས་སུ་བསྡུ་བྱས་ལ། །སེམས་ནི་གང་དུའང་མི་རྟོག་གོ །ཧེ་བཛྲ་དང་ཙཀྲ་སཾ་བ་རའི་ཨུ་པ་དེ་ཤ །ས་མཱཔྟ་མི་ཐི།། ༈ །ན་མཿཤྲཱི་ཧེ་བཛྲཱ་ཡ། རྣལ་འབྱོར་པས་སྐྱིལ་ཀྲུང་བཅས་སེམས་ཅན་ཐམས་ཅད་ཧེ་བཛྲའི་གོ་འཕང་ལ་དགོད་སྙམ་པར་སེམས་བསྐྱེད་ལ། སེམས་དེ་གྱུར་པ་ལས་སྙིང་སྟོང་པར་འོག་ཟླ་བ་སྟེང་ཉི་མ་བར་ན་གང་གིས་མ་རེག་པར་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་ཐབས་ཤེས་རབ་གཉིས་མེད་ཀྱི་ངོ་བོ་ཧཱུྃ་ལས་འོད་བྱུང་སྟེ། རང་གི་ལུས་ཐམས་ཅད་གང་ནས་ཤེལ་སྒོང་དག་པ་ལྟར་བསམས་
ཏེ། དེས་བདག་གི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་པ་བརྟན་པར་བྱ་སྟེ། དེ་ལས་འཁོར་དང་བཅས་པའམ། རྒྱན་གཅིག་པ་གང་རུང་དུ་གྱུར་པ་ནི་དབང་པོ་ཐ་མའོ། །ལུས་བསྡུས་ཏེ་ས་བོན་དང་ཕྱག་མཚན་འོད་དུ་གྱུར་པ་ལས་བསྐྱེད་པ་འབྲིང་གིའོ། །འོད་ཕུང་ཡང་སྤངས་ཏེ་སྟོང་པ་ལས། ཉི་མ་དང༌། ཟླ་བ་དང༌། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་བསམས་ཏེ་དེ་ལས་བསྐྱེད་པ་དབང་པོ་རབ་བོ། །དེ་ལ་ཅུང་ཟད་བློ་གཞག་གོ །དེ་ནས་སེམས་ཅུང་ཟད་ཅིག་གནས་པའི་གཟུགས་བརྙན་གྱི་རྣལ་འབྱོར་བསྒོམ་པ་ནི་མཚན་མོའི་དུས་སུ་སྙིང་སྟོང་པའི་ནང་དུ་མར་མེའི་རྣམ་པ་དཀར་དམར་རམ་དམར་ནག་ཤིན་ཏུ་གསལ་བ་སྦོམ་ཕྲ་སྐུད་པ་འབྲིང་པོ་ཙམ་རིང་ཐུང་སོར་བཞི་པ་ཙམ་དམིགས་ལ། དེར་ཡིད་སྒྲིམ་ལྷོད་རན་པ་ཙམ་བྱ་སྟེ། ཡུན་མི་རིང་བ་ཙམ་བསྒོམ་མོ། །ཉིན་མོའི་དུས་སུ་གཟུགས་བརྙན་དེ་སྟེང་གི་སྒོར་སྤོ། རུས་པ་དང་ཀླད་པའི་དལ་གྱི་བར་དུ། ཚངས་པའི་སྒོའི་ཐད་དཀར་རིན་པོ་ཆེའི་དབྱིབས་ཁ་དོག་ལྗང་གུ་འོད་ཟེར་སེར་པོ་འཕྲོ་བ། ཆེ་ཆུང་ཅི་རིགས་པ་ཅིག་བསྒོམ། དེ་ལ་བློ་གནས་ན་དེ་དག་བརྟན་པའི་ཕྱིར་སྙིང་གའི་མར་མེ་ཀླད་པའི་ནང་དུ་སོང་ཞིང་རིན་པོ་ཆེའི་དམིགས་པ་ནི་ཚངས་སྒོའི་བུ་གར་བསྐྱེད་དེ། དེ་ནས་ཡང་རིན་པོ་ཆེ་འོད་འབར་བ་སོར་བཞི་ལ་སོགས་པའི་ནམ་མཁའ་ནས་ཡར་འབར་བར་བསྒོམ་མོ། །དེ་ལྟར་གོམས་པ་ལས་ལུས་ལ་དྲོད་དང་བདེ་བ་སྐྱེ་ཞིང་མངོན་ཤེས་ལ་སོགས་པ་འཆར་རོ། །དེ་ནས་མི་ནུས་ན་དཀྱིལ་འཁོར་བསྒོམ་ན་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །།ཡང་ན་བསྐྱེད་པ་སྔར་བཞིན་བསྒོམས་ཏེ། བྱང་སེམས་ཀྱི་ཐིག་ལེ་མར་མེ་ལྟ་བུ་ནོར་བུའམ། སྨིན་མཚམས་སམ་སྙིང་གར་བསྒོམས་ཏེ། དེ་ལ་སེམས་བརྟན་ནས་བདེ་བའི་རྣམ་པར་སྐྱེ་ན། དེ་ལ་སེམས་གཏད་ཅིང་དེའི་རྣམ་པར་དོར་རོ། །དེ་ནས་མེ་ལོང་ལ་ཧས་བཏབ་པ་དང་འདྲ་བར་སྣོད་བཅུད་ཀྱི་དཀྱིལ་འཁོར་རང་ལ་བསྡུའོ། །རང་ས་བོན་དང་སྣ་ཚོགས་རྡོ་རྗེ་ལ་བསྡུའོ། །དེ་ཧཱུྃ་ལ་བསྡུའོ། །
དེ་ལ་བློ་གཏད་དོ། །མི་ནུས་ན་དམིགས་པ་སྙོམས་འཇུག་གིས་ཞུ་སྟེ། ཁུ་བའི་བིནྡྷཱ་ལས་རང་ལྷའི་རྣམ་པར་སྐད་ཅིག་ཙམ་གྱིས་བསྒོམ་ལ་མི་དམིགས་པར་བསྡུའོ། །ས་མཱཔྟ། བླ་མ་དྷ་བྱང་ཆུབ་སེམས་དཔའི་འོ།། ༈ །ཀྱེ་རྡོར་དཔའ་བོ་གཅིག་པའི་མངོན་རྟོགས་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་རྣལ་འབྱོར་པས་ཐུན་བཞིའི་ངེས་པས་རིམ་པ་གཉིས་བསྒོམ་པར་བྱ་སྟེ། རྒྱས་པ་བསྒོམ་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱ་སྟེ་གཞན་དུ་ཤེས་པར་བྱའོ། །འདིར་ཤིན་ཏུ་བསྡུས་པ་དཔའ་བོ་གཅིག་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། དེ་ལ་དང་པོ་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ། དེའི་དོན་དུ་ཧེ་རུ་ཀ་བསྒོམ་སྙམ་དུ་བསམ། དེ་ནས་རང་གི་སྙིང་གའི་ནང་དུ་འོག་ཏུ་ཟླ་བའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཆེ་ཆུང་ཅི་རིགས་པར་བསམ། དེ་གཉིས་ཀྱི་བར་དུ་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ། ལྟེ་བ་མཐིང་ནག་ལ་ཧཱུྃ་མཐིང་ནག་གིས་མཚན་པ་ཅིག་བསམ། ཡང་ཧཱུྃ་དེ་ལས་འོད་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང་བས་དེས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག་ནས། ལུས་ཤེལ་སྒོང་དག་པ་ལྟར་དཀར་སངས་ཀྱིས་སོང་བར་བསམ་མོ། །དེའི་སྐད་ཅིག་གིས་བདག་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་ལ། ཕྱག་གཡས་པས་རྡོ་རྗེ་བསྣམས་པ། གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཡར་ཁ་ཊྭཱཾ་གས་མཚན་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་པ། རུས་པའི་རྒྱན་ཆ་དྲུག་དང་ལྡན་པ། ཞབས་གཡས་བརྐྱང་བ།
གཡོན་བསྐུམ་པ། ཕྱེད་སྐྱིལ་གར་གྱིས་པད་ཉི་དང་རོའི་སྟེང་དུ་མེ་རི་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། སྤྱི་བོར་རིགས་ཀྱི་བདག་པོ་མི་བསྐྱོད་པས་མཚན་པར་བསམས་ལ། དེ་ནས་ལྷའི་རྣམ་པ་གསལ་བར་བྱས་ལ། དེ་ལ་སེམས་ཇི་ཙམ་གནས་ཀྱི་བར་དུ་གཞག་པར་བྱའོ། །གལ་ཏེ་སྐྱོ་བར་གྱུར་ན་སྔགས་ཀྱི་བཟླས་པ་བྱ་སྟེ། དེ་ཡང་སྙིང་གའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་ནས་ལྟེ་བ་ནས་འཐོན་ནས་ཁར་ཞུགས་ནས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་བྱུང་སྟེ་རྒྱུན་མི་ཆད་པར་འཁོར་བ་ལ་དམིགས་ཏེ། མ་ཡེངས་པར་ཅི་ནུས་སུ་བཟླའོ། །སྔགས་ནི། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླ་བར་བྱའོ། །རྫོགས་པའི་རིམ་པ་ལ་སེམས་གཟུང་བར་འདོད་ན། སྙིང་གའི་གནས་སུ་མར་མེའི་རྣམ་པ་ཤིན་ཏུ་ཆ་ཕྲ་བ་རྟ་རྔའི་ཚད་དང་མཉམ་པ། རིང་ཐུང་སོར་གཉིས་ཙམ། དེའི་རྩེ་མོ་ལ་ནོར་བུ་ལྗང་གུ་གྲུ་གསུམ་པ་སྲན་མ་ཙམ་བསྒོམས་ལ་སེམས་བཟུང༌། ཉིན་མོའི་དུས་སུ་མེ་དང་ནོར་བུ་ཀླད་པའི་སྟེང་དུ་སྤོས་ལ་སེམས་བཟུང༌། བྱིང་ན་ཚངས་པའི་བུ་གའི་སྟེང་ཙམ་དུ་དཔང་གཏོད་ལ་བསྒོམ། རྒོད་ན་སྙིང་གི་དཀྱིལ་དུ་ཕབ་ལ་བསྒོམ། སེམས་གནས་པར་བྱེད་པ་གཟུགས་བརྙན་གྱི་སྦྱོར་བ་ཞེས་བྱ་བ་རྫོགས་པའི་རིམ་པའོ། །ཉལ་བའི་རྣལ་འབྱོར་ནི། ཉལ་བའི་དུས་སུ་བདག་ཉིད་ལྷའི་རྣམ་པར་གནས་པ་དེ་རིམ་གྱིས་སྙིང་གའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་རིམ་གྱིས་བསྡུས་ལ། སྟོང་པ་མི་དམིགས་པར་བྱས་ཏེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ་བར་བྱའོ། །གཉིད་སད་པའི་དུས་སུ་ལྡང་བའི་རྣལ་འབྱོར་ནི། གཉིད་སད་པ་དང་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་སྟོང་པའི་ངང་ལས་སྐད་ཅིག་གིས་བདག་ཉིད་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལྡང་བར་བྱའོ། །ཁྲུས་བྱེད་པའི་དུས་སུ་ཁྲུས་ཀྱི་རྣལ་འབྱོར་ནི་ཁྲུས་ཀྱི་
ལྷ་སྤྱན་དྲངས་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །ཁྱོད་ཀྱིས་བདག་ལ་དབང་སྐུར་ཅིག །ཅེས་བརྗོད་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་མཛད་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །གསུངས་ནས་བུམ་པའི་ཆུ་རྒྱུན་གྱིས་སྤྱི་གཙུག་ནས་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བསམ་ཞིང་ཁྲུས་བྱའོ། །ཁ་ཟས་ཟ་བའི་དུས་སུ་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ལ་ལྷ་མཆོད་པའི་བསམ་པས་ལོངས་སྤྱད་པར་བྱའོ། །སྤྱོད་ལམ་གྱི་དུས་སུ་སྤྱོད་ལམ་གྱི་རྣལ་འབྱོར་ནི། བདག་ཉིད་ཀྱང་ལྷའི་ང་རྒྱལ་གྱིས་གནས་པར་བྱས་ལ། སྣང་བའི་དངོས་པོ་ཐམས་ཅད་ཀྱང་ལྷག་པའི་ལྷར་བྱས་ལ། སྒྲ་གྲགས་པ་ཐམས་ཅད་ཀྱང་བཟླས་པའི་སྒྲར་ཤེས་པར་བྱས་ལ་སྤྱོད་ལམ་ཐམས་ཅད་དུ་དེ་ཉིད་ཀྱིས་དུས་འདའ་བར་བྱའོ། །མཆོད་པ་དང་བསྟོད་པ་རྒྱས་བསྡུས་ཀྱང་ཅི་རིགས་སུ་བྱའོ། །ཐུན་མཚམས་སུ་གཏོར་མ་གཏང་བར་བྱ་སྟེ། ཐོད་པའམ་སྣོད་གཙང་མར་ཤ་ཟན་ནམ། འབྲས་ཆན་ལ་སོགས་པའམ། ཅི་འབྱོར་བའི་ཡོ་བྱད་བཤམས་ལ། ཆང་ཕུད་དམ་ཆུ་གཙང་གིས་སྦྱངས་ལ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་ལན་གསུམ་མམ། བདུན་གྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང༌། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས་ལ། ཡི་དམ་གྱི་ལྷ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་བའི་སྲུང་མ་དང༌། འགྲོ་བ་རིགས་དྲུག་ཐམས་ཅད་སྤྱན་དྲངས་ཤིང་བཀུག་ལ། དེ་རྣམས་ཐམས་ཅད་ཀྱང་ལྷག་པའི་ལྷར་བསམས་ཏེ། གཏོར་མ་གསོལ་བར་བསམ་ཞིང་སྔགས་ནི་འདིའོ། །ཨོཾ་
ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤཱན་ན་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུམ་མམ་ལྔའམ་བདུན་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ། མགྲོན་རྣམས་མི་དམིགས་པར་བསམ། གཏོར་མ་ས་གཙང་སར་གཏོང་ངོ༌།། ༈ །དཔལ་ཀྱེ་རྡོ་རྗེ་ལྷན་ཅིག་སྐྱེས་པའི་བྱིན་རླབས་ཀྱི་ཆོ་ག་ཟུང་འཇུག་འཆར་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སྙིང་རྗེ་ཆེ་དང་སྟོང་པ་ཉིད། །ཟུང་འཇུག་དཔལ་ལྡན་ཀྱེ་རྡོ་རྗེ། །དབྱེར་མེད་བླ་མ་ལ་བཏུད་ནས། །བྱིན་རླབས་རིམ་པ་ཅུང་ཟད་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་པདྨ་འདབ་བཞིའི་ལྟེ་བར་ཉི་གདན་ལ་ཚོམ་བུ་སྔོན་པོ་གཅིག་དགོད། དེའི་མདུན་དུ་ཐོད་པ་བདུད་རྩིས་གང་བ་དང༌། མཐར་མཆོད་གཏོར་གྱིས་བསྐོར། གཞན་ཡང་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ཏེ། མཁའ་འགྲོ་སྤྱི་གཏོར་རམ། ཀྱེ་རྡོར་གྱི་སྔོན་འགྲོ་གཏོར་མ་གང་རུང་གཏོང༌། མཆོད་པ་བྱིན་རླབས་དང༌། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རྂ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སྲུང་བའི་འཁོར་ལོར་གྱུར། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རང་གི་སྙིང་གའི་ནང་དུ་སོགས་ནས་པད་ཉི་རོའི་སྟེང་དུ་བཞུགས་པ་ཞེས་པའི་བར་ཡིག་རྙིང་དཔའ་བོ་གཅིག་པའི་མངོན་རྟོགས་ལྟར་ལ། ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའོ། །དེའི་དཔྲལ་བར་ཨོཾ་ནས། སྔོན་པོ། སྤྱི་བོར་རིགས་ཀྱི་བདག་པོ་མི་བསྐྱོད་པས་མཚན་པར་གྱུར། ཅེས་བརྗོད་པས་གསལ་བཏབ་ལ་ལྷ་སྐུའི་གསལ་སྣང་ལ་སེམས་བཟུང༌། དེས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང༌།
ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་མཁའ་གསང་ནས་རྡོ་རྗེའི་ལམ་དུ་ཞུགས་ཏེ་རྒྱུན་མི་ཆད་པར་འཁོར་བས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམས་ལ། དེ་ཝ་པི་ཙུ་ཅི་ནུས་བཟླ། རྫོགས་རིམ་བསྒོམ་པར་འདོད་ན་ཡིག་རྙིང་ལས་ཤེས། ཐུན་མཐར་སྣང་ཆའི་ལྷ་སྐུ་འོད་གསལ་གྱི་དབྱིངས་སུ་ཐིམ། སླར་ཡང་རང་སྐད་ཅིག་གིས་དཔལ་ཀྱེ་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུར་གྱུར་པར་བསམས་ལ། ཚོམ་བུ་ཨམྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སོགས་ནས། མི་བསྐྱོད་པས་མཚན་པར་གྱུར་ཅེས་པའི་བར་གྱིས་མདུན་བསྐྱེད་གསལ་བཏབ་ལ། ཨོཾ་ཤྲཱི་ཧེ་བཛྲ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེ་ཡི་རྡོ་རྗེ་ལ་ཕྱག་འཚལ། །ཞེས་པས་བསྟོད། གཏོར་མ་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབ། ཨ་ཀཱ་རོ་གསུམ་གྱིས་དབུལ། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་འདོད་དོན་གསོལ། ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅི་ནུས་དང༌། མཆོད་བསྟོད་ཀྱང་བྱ། ཐོད་པའི་བདུད་རྩི་བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ་བཟླས་པ་ཅི་རིགས་པའི་མཐར། ཨོཾ་ཨཱཿཧཱུྃ་ཉེར་གཅིག་ཙམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར། སེམས་བསྐྱེད་གསལ་བཏབ་པས་མཚམས་སྦྱར་ཏེ། དེ་ལ་
རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཡང་སྙིང་ཟབ་པ་གཉིས་སུ་མེད་པའི་རྒྱུད་དཔལ་ཀྱེ་རྡོ་རྗེ་ལ། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཆེན་བིརྺ་པ་ཡབ་སྲས་དང༌། མཚོ་སྐྱེས་ཞབས། ནག་པོ་དམ་ཚིག་རྡོ་རྗེ། ནཱ་རོ་དང༌། མི་ཏྲིའི་ཞབས་ཀྱི་ལུགས་སྲོལ་གཙོ་བོར་གྱུར་པའི་སྲོལ་འབྱེད་ཇི་སྙེད་ཅིག་བྱུང་ཞིང༌། གངས་ཅན་གྱི་ལྗོངས་འདིར་ཡང་འབྲོག་འགོས་མར་གསུམ་སོགས་ཀྱིས་དར་རྒྱས་སུ་མཛད་པ་ལས། འདིར་གྲུབ་པའི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ནས་པཎ་གྲུབ་རྡོ་རྗེ་གདན་པ་ལ་བརྒྱུད་ཅིང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་ཀྱེ་རྡོ་རྗེ་ལྷན་སྐྱེས་ཡབ་ཡུམ་གྱི་བྱིན་རླབས་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཀྱེ་རྡོ་རྗེ་ཡབ་ཡུམ་ལ་སྐྱབས་གནས་ཐམས་ཅད་ཀྱིས་བསྐོར་ཏེ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། སླར་ཡང་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་ཀྱང་ཚུལ་བཞིན་དུ་གཟུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་སོགས། དེ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ་བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་ནང་དུ་སོགས་ནས། མི་བསྐྱོད་པས་མཚན་པར་གྱུར་ཅེས་པའི་ཚིག་གི་ཁ་བསྒྱུར་ཅུང་ཟད་མ་གཏོགས་བདག་བསྐྱེད་ལྟར་དམིགས་པ་སྤོད། སླར་ཡང་སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་
བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ཝ་པི་ཙུའི་མཐར། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿཨཿ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་བྱ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་ཐིམ་པར་བསམ། དེ་ནས་བུམ་དབང་གིས་སླད་དུ། སློབ་དཔོན་དཔལ་ཀྱེ་རྡོ་རྗེར་གསལ་བའི་ཕྱག་ཏུ་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་ཐོད་པ་སྤྱི་བོར་བཞག དེ་ཝ་པི་ཙུ་བརྗོད་ཅིང་བདུད་རྩི་སྲིན་ལག་གིས་གཏོར། བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དེས་བུམ་པའི་དབང་བསྐུར་བ་ཐོབ་པའོ། །གསང་བའི་དབང་གི་སླད་དུ། ཐོད་པའི་བདུད་རྩི་ལྕེ་ཐོག་ཏུ་བཞག་སྟེ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་པའི་བདུད་རྩི་དེ་ཉིད་མྱངས་པས་ལུས་ཐམས་ཅད་གང༌། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ཐིམ། གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པའི་མོས་པ་མཛོད། དེ་ནི་གསང་བའི་
དབང་བསྐུར་བའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་རིག་མ་རྡོ་རྗེ་བདག་མེད་མའི་རྣམ་པར་སྤྲོས་ཏེ། ཁྱེད་རང་རྣམས་ལ་ཐར་པ་བསྟེན་པར་བསྐུལ། འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱར་བས་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་མྱངས་པའི་མོས་པ་མཛོད། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དབང་བཞི་པའི་སླད་དུ་བདེ་བས་ཐབས་བྱས་པའི་སྟོང་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེ་ཉིད་ཚིག་གི་སྒོ་ནས་ངོ་སྤྲད་པའང་འདི་ལ་གསན་པས་ཁྱབ་སྟེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ནི་དབང་བཞི་པ་བསྐུར་བའོ། །སྔགས་ཀྱི་བཟླས་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུག་ཀའི་ས་བོན་ལ་ཐིམ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེ་ཝ་པི་ཙུ་སོགས། བཅོམ་ལྡན་བདག་ལ་དང༌། བཅོམ་ལྡན་འདི་ལ་སོགས་སྤྱི་ལྟར་བྱ། དེས་སྔགས་ཀྱི་དངོས་གྲུབ་རབ་འབྱམས་བསྒྲུབ་པ་ལ་དབང་བས་དབང་གི་མཐའ་རྟེན་རྫོགས་པར་ཐོབ་པའི་མོས་པ་མཛོད། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བྱིན་རླབས་ཀྱི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏོང༌། གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་ཁ་གསོ། བསང་སྦྱངས་བྱིན་རླབས་སྔོན་དུ་འགྲོ་བས་མཆོད་བསྟོད། བཟོད་གསོལ། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ། །ཟུང་འཇུག་ཡེ་
ཤེས་ཧེ་བཛྲ། །འགྲོ་ཀུན་སྙིང་ལ་འཆར་བའི་སླད། །བྱིན་རླབས་རིམ་པ་འདི་བགྱིས་པས། །ཁམས་གསུམ་ལྷན་ཅིག་སྐྱེས་གྲུབ་ཤོག །ཅེས་པའང་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་གི་ཟེགས་མ་ཙམ་ཡང་སྒོ་ཐམས་ཅད་ནས་རྒྱས་པར་གྱུར་ན་ཅི་མ་རུང་སྙམ་དུ། རྨོངས་ཞེན་གཞི་མདོའི་ནོར་སྐྱོང་གི་ཅལ་སྒྲོགས་པ་ལས་ཀྱང་དམན་པའི་ཆོས་ཀྱིས་ཕོངས་པ་སྐལ་ཆད་ཉི་ཚེ་བའི་རྗེས་སུ་མ་འབྲངས་པར། ལུགས་འདིར་ཚད་མས་གྲུབ་པའི་གསུང་རབ་ཀྱི་དགོངས་དོན་བཀླགས་པས་གྲུབ་པར་སྡེབ་པ་པོ་ནི། ཤཱཀྱའི་དགེ་སློང་མང་ཐོས་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསམ་གཏན་གྱི་བདུད་རྩིར་སྤྱོད་པའི་ཐུན་གསེང་ཞིག་ཏུ་ཤར་མར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
རྒྱ་གར་«་་་་་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་དུས་ཞབས་པས་མཛད་པ། »སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ས་ཧཱ་ཛ་སཱ་དྷ་ན། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རབ་འཇིགས་འཇིག་རྟེན་ཀུན་སྐྱོབ་པ། །བུད་མེད་སྦྱོར་ལ་ཚངས་པར་སྤྱོད། །ཐུགས་རྗེ་ཤེས་རབ་དབྱེར་མེད་ལ། །ཕྱག་འཚལ་དེ་སྒྲུབ་མདོ་ཙམ་བྲི། །རབ་ཏུ་བསྔགས་པའི་ས་ཡི་ཆར་སྔགས་པ་ཡིད་དགེ་བས། མཎྜལ་ལ་སོགས་པ་བྱས་ལ། གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་བགེགས་བསྐྲད་པར་བྱའོ། །དེ་ནས་བྷྲཱུྂ་ལས་རྡོ་རྗེའི་ཁང་པ་བརྩེགས་པར་བསམས་ལ། དབུས་སུ་འདམ་སྐྱེས་དང༌། ཉི་མ་ལ་ཧཱུྃ་རབ་ཏུ་དཀར་བ་ལས་འོད་འཕྲོས་ཏེ། སངས་རྒྱས་ལ་སོགས་པ་བཀུག་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །སྟོང་པ་དང་རླུང་དང་མེ་དང་ཆུ་དང་ས་དང༌། རྒྱ་མཚོ་རོ་པདྨ་ཟླ་བ་ཉི་མ་མེ་དཀྱིལ་དུ། །རིན་ཆེན་ཁང་བརྩེགས་འོད་འཕྲོ་བསྒོམ། །ཟླ་བ་ཉི་མ་མེ་སྟེང་དུ། །དྲག་པོ་འདོད་ལྷའི་གདན་བཞུགས་པ། །རྡོ་རྗེ་དང་ནི་དྲིལ་འཛིན་
འཁྱུད། །གངས་རི་ལྟར་དཀར་བཙུན་མོར་བཅས། །ཕ་རོལ་ཕྱིན་དྲུག་དག་པས་བརྒྱན། །ཡོན་ཏན་ཐམས་ཅད་ཚད་མེད་པས། །ཚད་མེད་དག་པའི་ཆོས་ལྡན་པ། །སངས་རྒྱས་སྐུ་ལྔའི་བདག་ཉིད་དོ། །ལྟེ་བར་སངས་རྒྱས་ཡུམ་བཅས་སྲེག །སྤྱི་བོར་ཟླ་བ་བཟང་རྒྱུན་འཛག །ཆོས་འབྱུང་གཉིས་འདུས་རྡོ་རྗེ་ཅན། །སྲིད་གསུམ་ཡོངས་དག་བསྒོམ་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་ལས། །ཤེས་རབ་པདྨར་སེམས་ཐིག་ལེ། །ལྷན་ཅིག་སྐྱེས་པ་བདེ་དབང་གིས། །མི་ཤིགས་འོད་གསལ་བསྒོམ་པར་འགྱུར། །བསྙེན་པས་བདུད་རྩི་ལྔ་ལས་སོགས། །རིགས་ཀྱི་གཙོ་བོ་བཞི་དག་ནི། །སྔགས་ཀྱི་བཟླས་པ་ལ་སོགས་པ། །སོ་སོར་སྡུད་པ་ལ་སོགས་འགྱུར། །རྡོ་རྗེ་པདྨ་ལས་སྐྱེས་པའི། །བདུད་རྩི་ཉེ་བར་སྒྲུབ་པའོ། །དགའ་བ་ལ་སོགས་རྡོ་རྗེ་གསུམ། །པདྨར་མཉམ་སོང་བསྒྲུབ་པར་འགྱུར། །ཤེས་རབ་སྦྱོར་ལ་མི་འཛག་གང༌། །སྒྲུབ་པ་ཆེན་པོ་ཉིད་འགྱུར་ཏེ། །ཕྲ་མོ་ཡི་ནི་སྦྱོར་བས་སོ། །དེ་བཞིན་གཞན་ནི་གཞན་དུ་འགྱུར། །མཆོག་ཏུ་གསང་བ་ཁྱབ་བདག་ལས། །རྩེ་གཅིག་མཉམ་པར་བཞག་པས་ནི། །
ཐུན་མོང་ཐུན་མོང་མ་ཡིན་རྟགས། །སྨིག་རྒྱུ་ནམ་མཁའ་ལ་སོགས་མཐོང༌། །ཨོཾ་ཀཱ་ལ་ཙཀྲ་ཨཱཿཧཱུྃ་ཧོ་སྭཱ་ཧཱ། །ཨོཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་«་་་་་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་»བཛྲ་དྷཱ་ཏྭཱི་ཤྭ་རཱི་ཨཱཿཧཱུཾ་ཧོཿསྭཱ་ཧཱ། ཏིང་འཛིན་ལས་སྐྱོ་ན། དོ་ལི་ལ་སོགས་པའི་རྣམ་པས་བཟླ་བར་བྱའོ། །ཉི་མ་དང༌། ཟླ་བ་དང༌། དུས་དང༌། རོ་དང༌། རྒྱ་མཚོ་དང༌། མེ་དང༌། ནམ་མཁའི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །གཏོར་མ་ནི་མཚན་ཕྱེད་ན་སྦྱིན་པར་བྱའོ། །དུས་དང་རོའི་ཡི་གེས་བྱིན་གྱིས་བརླབས་ལ། རྒྱ་མཚོ་དང་མིག་གི་ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་སྦྱིན་པར་བྱའོ། །ཨོཾ་བྲཧྨ་«་་་་་ཚངས་པ། »བིཥྞུ་«་་་་་ཁྱབ་འཇུག »ནཻ་རི་ཏྱ་«་་་་་བདེན་བྲལ། »བཱ་ཡུ་«་་་་་རླུང་ལྷ་»ཡ་མ་«་་་་་གཤིན་རྗེ་»ཨགྣི་«་་་་་མེ་ལྷ་»ས་མུ་དྲ་«་་་་་རྒྱ་མཚོ། »ཨཱི་ཤྭ་ར་«་་་་་དབང་ཕྱུག» ཨིནྡྲ་«་་་་་»དབང་པོ། ཡཀྵེ་བྷྱཿ«་་་་་གནོད་སྦྱིན།» འཁོར་དང་བཅས་པ་རྣམས་ལ་ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ་«་་་་་འདི་གཏོང་མ་ཚིམས་པར་གྱིས།» གནྡྷེ་«་་་་་དྲི» པུཥྤེ་«་་་་་མེ་ཏོག» དྷཱུ་པཾ«་་་་་བདུག་སྤོས་»དཱི་པཾ་«་་་་་སྒྲོན་མེ་»ཨཀྵ་ཏཾ«་་་་་མཉམ་པ་»ད་དཱ་མ་ཧེ«་་་་་བདག་གིས་དབུལ་གྱིས་»ཏེ་ཙ་ཨཱ་ག་ཏྱ«་་་་་དེ་རྣམས་བྱོན་ནས་»ས་པ་རི་ཝཱ་ར«་་་་་འཁོར་བཅས་»ཤཱི་གྷྲཾ་«་་་་་མྱུར་དུ་ཟུངས་»ཨི་དཾ་བ་ལིཾ་གྲྀཧྞནྟུ་ཏྲྀ་སྟྭཾ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར«་་་་་རྡོ་རྗེ་འཆང་གི་»ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ།«་་་་་བཀའ་བཞིན་གྱིས། »ཞེས་བྱ་བའི་སྔགས་ཀྱིས་སོ། །ནོར་མཆོག་གཏོང་བ་སྦྱིན་པ་སྟེ། །ཡུམ་སྦྱོར་མི་འཛག་ཚུལ་ཁྲིམས་སོ། །དགྲ་སོགས་མི་འཇུག་བཟོད་པ་སྟེ། །གཡེང་སྤོང་«་་་་་གཉིས་ཟེར།» ལེ་ལོ་མེད་བརྩོན་འགྲུས། །ཀུན་ནས་མི་གཡེང་བསམ་གཏན་མཆོག །བདེ་སྦྱོར་འོད་གསལ་ཤེས་རབ་ཡིན། །དེ་འབྲས་བསམ་མི་ཁྱབ་རྨད་བྱུང༌། །ཧེ་རུ་ཀ་དཔལ་བརྗོད་པའོ། །དེ་ལྟར་ཅུང་ཟད་དུས་འབྱུང་རྒྱུད། །སྙིང་པོ་སྦས་པ་འདི་ཕྱུང་བས། །སྒྲུབ་པོ་ཡང་དག་སྦྱོར་རྣམས་ལ། །ཡེ་ཤེས་མེ་ཆེན་འབར་བར་འགྱུར། །དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་དུས་ཀྱི་ཞབས་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་
བའོ།། ༈ །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། གང་འདིར་གཉིས་མེད་ཡེ་ཤེས་ཀྱི། །རིགས་བརྒྱ་རྣམ་དག་དམ་པའི་དངོས། །རྒྱལ་བ་དྲུག་འདུས་རྡོ་རྗེ་སེམས། །དུས་ཀྱིས་འཁོར་ལོ་ལ་འདུད་དོ། །འདིར་དུས་འཁོར་ལྷན་སྐྱེས་བསྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བར་བྱ། ཤཱུ་ནྱ་ཏཱས་སྟོང་བར་སྦྱང༌། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པས། ཞབས་གཡོན་པ་དཀར་པོ་བསྐུམས་པས་དབང་ཕྱུག་དཀར་པོ་དང༌། གཡས་པ་དམར་པོ་བརྐྱངས་པས་འདོད་ལྷ་དམར་པོའི་སྙིང་ག་མནན་པ། རལ་པའི་ཐོར་ཚུགས་དང༌། ཡིད་བཞིན་གྱི་ནོར་བུ་དང་ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་ཅན། མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་གུ། ཕྱག་སོར་རྣམས་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །རྡོ་རྗེ་སེམས་དཔས་དབུར་བརྒྱན་ཅིང་མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པས་ཡབ་དང་སྦྱོར་བ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་དབུ་སྐྲ་ཕྱེད་གྲོལ་བའོ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་
ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧོཿསེར་པོ། གཙུག་ཏོར་དུ་ཧྃ་ལྗང་གུ། གསང་བར་ཀྵ་སྔོན་པོ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུྃ་ཧོ་ཧྃ་ཀྵཿཞེས་པའོ། །སྙིང་གར་རྣམ་བཅུ་དབང་ལྡན་བརྩེགས་མར་བསམས་ནས། ཨོཾ་ཧྃ་ཀྵ་མ་ལ་ཝ་ར་ཡ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླ། ཐུན་མཚམས་སུ་དགེ་བ་བསྔོ། འདི་ལ་གཏོར་བསྔོ་སོགས་མེད་ཀྱང་རུང་ལ། སྤྲོ་ན། ཨོཾ་ཨཱཿཧཱུྃ་ཧྲཱི་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། ཨོཾ་ཨཱཿཧཱུྃ་ཧོཿཞེས་བྱིན་གྱིས་བརླབ། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་མདུན་དུ་སྤྱན་དྲངས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ལ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ། རྗེས་སྤྱི་དང་མཐུན། གཏོར་མ་རྒྱས་པ་ལ་དགའ་ན། སྒྲུབ་ཐབས་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །འདིའི་རྗེས་གནང་སྤྱི་དང་འདྲ་ལ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཉིད་ཡིན་ནོ། །སྒྲུབ་ཐབས་ཀུན་ལས་ཆེས་བསྡུས་པ། །བློ་དམན་དགའ་བ་བསྐྱེད་པའི་གཞི། །བསྐྱེད་རིམ་སྙིང་པོ་ཉུང་ངུའི་ངག །འདི་ཡང་འགྲོ་ལ་ཕན་ཕྱིར་བརྩམས། །དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ།། ༈ །དུས་འཁོར་ལྷན་སྐྱེས་ཀྱི་རྗེས་གནང་གི་ཟིན་བྲིས་ཉུང་གསལ་བཞུགས་སོ། །ཨོཾ་སྭ་སྟི། དུས་འཁོར་ལྷན་སྐྱེས་ཀྱི་རྗེས་གནང་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་
མཎྜལ་ཚོམ་བུ་གཅིག་པ་དང་མཆོད་གཏོར། རང་གི་མདུན་དུ་རྡོར་དྲིལ་ནང་མཆོད་སོགས་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་སྒྲུབ་ཐབས་རིན་འབྱུང་ལྟར་གྲུབ་རྗེས། ཚོམ་བུ། ཨོཾ་ཨཱཿཧཱུྃ་ཧྲཱཿཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། ཚོམ་བུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི་སོགས་ནས། ཀྵ་སྔོན་པོ་རྣམས་སུ་གྱུར། མཆོད་པས་བསང་སྦྱང་བྱིན་བརླབས་ལ། ཨོཾ་ཤྲཱི་ཀཱ་ལ་ཙ་ཀྲ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། སྟོང་ཉིད་སྙིང་རྗེའི་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང་བྱིན་བརླབ་སྒྲུབ་ཐབས་ལྟར་ཕུལ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅུང་ཟད་བྱའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར། སེམས་བསྐྱེད་གསལ་བཏབ་པས་མཚམས་སྦྱར་ཏེ། དེ་ལ་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞིར་དབྱེ་བ་ལས། རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་ཡང་རྩེ། རྒྱ་ཆེ་བ་གཉིས་སུ་མེད་པ་དཔལ་མཆོག་གི་དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ལ། བསྡུས་པའི་རྒྱུད་ཀྱི་དངོས་བསྟན་མཆོག་སྒྲུབ་པ་དང༌། ལས་རྒྱས་པའི་ལྷའི་རྣལ་འབྱོར་ཇི་སྙེད་ཅིག་གསུངས་པ་ལས། འདིར་དེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དུས་ཞབས་པས་མཛད་པ་དང་རྗེས་སུ་འབྲེལ་པར་སློབ་མ་རྗེས་འཛིན་གྱི་ཆོ་ག་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་འདེབས་ནས་བརྩམས་ཏེ་རྗེས་གནང་གི་ཆིངས་ཁྲོ་ཕུ་བའི་ལུགས་ཀྱི་རྗེས་གནང་གི་ཆོ་ག་སྤྱི་དང་འདྲ་བ་ཡིན་ཏེ། ཁོ་བོས་བྱས་པའི་ནི་རི་ཏི་
པའི་ལུགས་ཀྱི་བྱམས་པའི་རྗེས་གནང་ལ་ལྷའི་མཚན། མངོན་རྟོགས། སྔགས་རྣམས་ཁ་སྤོས་པས་ཀྱང་ལེགས་པར་གྲུབ་པོ། །གསུམ་པ་ནི། ཚོམ་བུའི་ལྷ་ལ་མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རང་གི་དཔྲལ་བར་ཨོཾ་སོགས་ཀྱིས་གནས་དྲུག་བསྲུང༌། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ། །ཞེས་པའང་བྱ་བྲལ་པ་མཁྱེན་བརྩེའི་དབང་པོས་ཟིན་བྲིས་སུ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ།
དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བཞུགས་སོ།།
བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་འཁོར་ལོ་བདེ་མཆོག་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་གྱི་མཐུས་རང་གི་སེམས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཏུ་གྱུར་པར་བསྒོམ། དེ་ཡང་སྐུ་མདོག་སྔོན་པོ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། ཕྱག་གཡས་པས་རྡོ་རྗེ་དང༌། གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌།
རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་གྲི་གུག་འཛིན་པས་ཕྱོགས་བཅུར་སྡིགས་ཤིང༌། གཡོན་པས་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཡོད་པ། རུས་པའི་རྒྱན་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཟུང་འཇུག་གི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་དང་འདྲ་བར་བསྒོམ། གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་པས་འོག་མིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་རང་གི་མདུན་དུ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཨོཾ་ཡོ་ག་ཤུདྡྷསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ་གིས་རང་ལ་གཉིས་སུ་མེད་པར་བསྟིམ། སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ། དེ་ལྟར་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ་ཡིད་མཉམ་པར་
བཞག སྔགས་ཟློ་བར་འདོད་ན། རང་གི་སྙིང་གའི་ཧཱུྃ་ལས་ཡིག་འབྲུ་འཕྲོས་པ་ཡབ་ཀྱི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་མཁའ་ནས་ཐོན། ཡབ་ཀྱི་གསང་གནས་སུ་ཞུགས་ནས་འཁོར་བའི་འོད་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་གི་རྒྱུད་ལ་ཞུགས་པར་བསམ་ཞིང༌། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཅི་ནུས་པ་བཟླའོ། །དེ་ནས་ཚོགས་ཀྱི་མཆོད་པ་བྱེད་པར་འདོད་ན། མཆོད་པ་བཤམས་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་པས་མ་དག་པ་བསང༌། ཨོཾ་སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ལས་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོའི་སྒྲ་རྣམས་ངོ་བོ་བཟང་ཞིང་ནམ་མཁའ་གང་བར་བསྐྱེད། དེ་ནས་མདུན་དུ་དམིགས་པའི་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རང་གིས་བསྒོམས་པ་ལྟར་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བསྐྱེད་པ་ལ་སྔ་མ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟིམ། དེ་ལ་མཆོད་པ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ཐམས་ཅད་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡེ་ཨཱཿཧཱུྃ་གིས་དྲི་ཆབ། བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་གིས་ཞལ་ཟས། བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་དབུལ། དེ་ནས་ནང་མཆོད་སྔར་བཞིན་བསང་ཞིང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། མཐེབ་སྲིན་གྱིས་གཏོར་ཞིང༌།
སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་མཆོད་པར་བཞེས། ཞེས་རྩ་བའི་བླ་མ་དང༌། བླ་མ་བརྒྱུད་པ་ཐམས་ཅད་མཆོད་པར་བཞེས། ཞེས་བརྒྱུད་པའི་བླ་མ་དང༌། རང་གི་སྔགས་ཀྱིས། ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པར་བཞེས། ཞེས་པས་དེ་དག་ལ་མཆོད་ནས། ལྕེ། དཔྲལ་བ། མགྲིན་པ། སྙིང་གར་རེག་པས་རང་གི་ལུས་ཀྱི་ལྷ་མཆོད་ནས། ཆོས་སྐྱོང་སྲུང་མ་དང་འབྱུང་པོ་ཐམས་ཅད་མཆོད། ཅེས་པས་དེ་དག་ལ་དབུལ་ལོ། །དེ་ནས། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །དེ་ནས་གཏོར་མ་སྦྱངས་པ་གོང་གི་ནང་མཆོད་ལྟར་བྱིན་གྱིས་བརླབས་པས་མདུན་བསྐྱེད་ཀྱི་ཧེ་རུ་ཀ་དང་ལྷ་ཐམས་ཅད་ལ་མཆོད་པར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ་ཞེས་གསུམ་མམ་བདུན་གྱིས་དབུལ། སྔ་མ་ལྟར་མཆོད་ནས། བདག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་ཚོགས་ཀྱི་ཡོ་བྱད་ནང་མཆོད་ལྟར་བྱིན་གྱིས་བརླབས་པའི་ཕུད་མཆོད་གྲལ་དང༌། གཏོར་མ་ལ་ཕུལ་བས་ལྷ་དང་འབྱུང་པོ་རྣམས་མཆོད་ནས། ཐབས་དང་ཤེས་རབ་ཀྱི་རྫས་ལས་ཀྱི་སློབ་ལས། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་པ་ཉིད་དུ་བཞེས། །ཞེས་པས་དྲང༌། ལེན་པ་པོས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །
གཟུང་དང་འཛིན་པ་དང་བྲལ་བའི། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཞེས་བརྗོད་ཅིང་བླང༌། ཕུད་ཀྱིས་སྔར་ལྟར་མཆོད་ནས། རང་གི་སྙིང་གར་བླ་མ་དང་ལྷ། ལྟེ་བར་ཆོས་སྐྱོང་དང་འབྱུང་པོའི་ཚོགས་ཐམས་ཅད་དམིགས་ལ་མཆོད་པར་བསམ་ཞིང་ལོངས་སྤྱད། ཁ་ཟས་ཀྱང་དེ་དང་འདྲ་བར་ལོངས་སྤྱད་དོ། །ཐབས་ཀྱི་རྫས་ལ་བ་ལ། ཤེས་རབ་ཀྱི་རྫས་ལ་མ་ད་ན། བཟའ་བ་ལ་ཀྲི་པི་ཏ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །གནས་སྐབས་ཐམས་ཅད་དུ་ལྷའི་རྣལ་འབྱོར་མ་ཉམས་པར་བྱའོ། །བཟའ་བཏུང་གིས་ཚིམས་པ་དང༌། ལྷག་མ་བསྡུས་པ་ནང་མཆོད་ཀྱིས་ཁ་ཕྲུ་བཏབ་ནས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སཱི་སྭཱ་ཧཱས་ལྷག་མ་ལ་དབང་བའི་འབྱུང་པོ་ལ་བྱིན་ནས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་འདིས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་པ་དང༌། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་དགེ་བའི་རྩ་བ་བསྔོས་ལ། ཨོཾ་བཛྲ་མུཿ ཞེས་བརྗོད་པས་མདུན་བསྐྱེད་གཤེགས་སུ་གསོལ་ལ། རང་གི་གནས་གསུམ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བསྲུངས་ནས། ལས་ཀྱི་རྗེས་བསྡུས་ལ། ཅི་བདེ་བར་སྤྱད་དོ། །ཚོགས་ཀྱི་མཆོད་པའི་ཆོ་གའོ། །སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། ཨོཾ་ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་ལྷ། ཨཱཿཞེས་བརྗོད་པས་བརྗོད་པ་དང་གྲགས་པ་ཐམས་ཅད་སྔགས། ཧཱུྃ་ཞེས་བརྗོད་པས་རྟོག་པའི་འདུ་འཕྲོ་ཐམས་ཅད་ཏིང་ངེ་འཛིན། དེ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་བསམས་ལ་ཡུལ་རྣམས་ལ་སྡང་ཞེན་མེད་པར་སྤྱད་དོ། །ནུབ་མོ་ཉལ་བའི་ཚེ་ཆོས་ཐམས་ཅད་འགའ་ཡང་མི་
དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་ཉལ། ནངས་པར་ལྡང་བའི་ཚེ་ལྷའི་སྐུའི་ང་རྒྱལ་གྱིས་ལྡང་ངོ༌། །དེ་ལྟར་རྒྱུན་དུ་རྣལ་འབྱོར་དུ་བྱེད་ཅིང༌། དམ་ཚིག་རྣམ་པར་དག་པ་ལ་གནས་པ་ནི་རིང་པོར་མི་ཐོགས་པར་ཧེ་རུ་ཀ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བ་ཉིད་དོ། །ཚུལ་འདི་སྔགས་འཆང་འཕགས་པ་ལ། །དགེ་བཤེས་ཇོ་སྲས་ཕག་མཆུ་ཡིས། །བསྐུལ་བའི་དོན་དུ་སྒྱུར་བ་ཡི། །དགེ་བས་སངས་རྒྱས་ཐོབ་པར་ཤོག །ས་མོ་ཡོས་ཀྱི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་ལྔའི་ཉིན་པར་ཆུ་མིག་དཔལ་གྱི་སྡེ་ཚན་དུ། སངས་རྒྱས་གྲགས་ཀྱིས་ཡི་གེ་བྱས་ནས་སྦྱར་བའོ།། ༈ །བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས་བཞུགས། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོ་ལྷན་ཅིག་སྐྱེས་པའི་རང་བྱིན་རླབས་ཀྱི་རིམ་པ་ལ་དོན་གཉིས་ཏེ། དང་པོ་བྱིན་རླབས་ཀྱི་སྒོ་དབྱེ་བ་དང༌། དེའི་རྒྱུན་ཉམས་སུ་བླང་བའོ། །དང་པོ་ལ་གསུམ་སྟེ། སྔོན་དུ་འགྲོ་བ་དང༌། སྒྲ་དོན་བཤད་དེ་ངེས་ཤེས་བསྐྱེད་པ་དང༌། དངོས་སོ། །དང་པོ་ནི། ཚེས་བཅུའི་མཆོད་པའི་ཕྱག་ལེན་བཞིན་ནམ། མི་ནུས་ན་ལྷན་སྐྱེས་ཀྱི་སྒོམ་བཟླས་ཚར་ནས་ཚོགས་གཏོར་བྱིན་གྱིས་བརླབས་ནས། ལྷག་མ་ཡན་ཆད་ཚར་ནས། འདས་པའི་གཏོར་མ་གཞུག་གོ །གཉིས་པ་ནི། བདེ་མཆོག་འཁོར་ལོ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་མཚོན་བྱེད་དང༌། མཚོན་བྱ་གཉིས་ཀྱི་སྒྲ་དོན་བཤད་དོ། །གསུམ་པ་དངོས་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླ་ལ་བླ་མ་དང་བདེ་མཆོག་ཐ་མི་དད་པ་ལ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་དུ་བལྟ། དེ་ནས་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་སྟེ། བླ་མའི་རྗེས་སུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །དཔའ་བོ་ཆེན་པོ་དགོངས་སུ་གསོལ། །ལུས་ཀྱི་དྲི་མ་སྦྱང་བ་དང༌། །དེ་ཉིད་བདེ་མཆོག་བདག་ལ་
སྩོལ། །ཞེས་ལན་གསུམ་བརྗོད་དོ། །དེའི་དོན་བླ་མས་བཤད་དོ། །དེ་ནས་བླ་མའི་དཔྲལ་བར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡི་ངོ་བོ་ཨོཾ་དཀར་པོ་དེ་རང་གི་དཔྲལ་བ་ན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ངོ་བོ་ཉིད་ཀྱི་ཨོཾ་ལ་ཐིམ་པས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ཨོཾ་བདེ་བ་ཆེན་པོའི་རྒྱུན་དུ་གྱུར་ཏེ། མགྲིན་པ་ཡན་ཆད་གང༌། བདེ་ལྷན་གྱིས་གྱུར་ཏེ་ལུས་སྣང་སྟོང་གི་ཡེ་ཤེས་སུ་ངོ་སྤྲད་ལ་བསྒོམ། དངོས་སུ་བླ་མས་བུམ་ཆུ་སྤྱི་བོར་བླུགས། ཀུ་ཤས་དཔྲལ་བར་བཞག་གོ །བུམ་དབང་ངོ༌། །ཡང༌། སངས་རྒྱས་ཀུན་གྱི་རང་བཞིན་གསུང༌། །ལ་སོགས་པ་གསུམ་འགྲེ། ལན་གསུམ། དེ་ནས་ཨཱཿསངས་རྒྱས་དང་སེམས་ཅན་གྱི་གསུང་དང་ངག་ཏུ་དྲན་པར་བྱས་ལ། ཨཱཿལ་ཨཱཿཐིམ་པས། གསང་དབང་ཐོབ། ངག་གི་དྲི་མ་དག སྙིང་ག་ཡན་ཆད་གང༌། གསལ་སྟོང་གི་ཡེ་ཤེས་སུ་ངོ་སྤྲད་ལ་དར་ཅིག་བསྒོམ། དངོས་སུ་བླ་མས་གཡོན་པའི་ཁྱོར་བར་ཆུ་བླུགས། ཀུ་ཤས་མགྲིན་པར་བཞག གསང་དབང་ངོ༌། །ཡང་སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །ལ་སོགས་ལན་གསུམ། དེ་ནས་ཧཱུྃ་གཉིས་སངས་རྒྱས་དང་སེམས་ཅན་གྱི་ཐུགས་དང་སེམས་སུ་ཤེས་པར་བྱས་ལ། ཧཱུྃ་ལ་ཧཱུྃ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལྟེ་བ་ཡན་ཆད་གང༌། བདེ་སྟོང་གི་ངོ་སྤྲད་ལ་དར་ཅིག་བསྒོམ། ཀུ་ཤས་སྙིང་གར་བཞག གསུམ་པའོ། །སངས་རྒྱས་སྐུ་གསུང་ཐུགས་རང་བཞིན། །སོགས་གསུམ་གྱིས། འབྲུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡི་གེ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དུ་ཤེས་པར་བྱས་ལ། གནས་གསུམ་ལ་ཐིམ་པས། བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག ལུས་ཐམས་ཅད་བདེ་བས་གང༌། ཕྱག་རྒྱ་ཆེན་པོར་ངོ་སྤྲད་ལ་དར་ཅིག་བསྒོམ། སྤྲོས་པ་ལ་དགའ་ན་དབང་ཆུ་བཞིན་ཞིབ་པར་བཤད་དོ། །གཉིས་
པ་དེའི་རྒྱུན་ཉམས་སུ་བླང་བ་ནི། ལྷན་སྐྱེས་ཀྱི་མངོན་རྟོགས་ལྟར་སྐད་ཅིག་གིས་མདུན་དུ་བསྐྱེད་ལ། དེ་དང་བླ་མ་ཐ་མི་དད་ལ་དབང་སྔར་བཞིན་བླང༌། དེ་ནས་རང་ལྷན་སྐྱེས་སུ་གསལ་བའི་ཐུགས་དཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་འཕྲོས། སྣོད་བཅུད་ཐམས་ཅད་བདེ་མཆོག་ཏུ་བྱས་ལ། དེ་ཐམས་ཅད་ཀྱང་རྣམ་པ་གསལ་བ། ངོ་བོ་བདེ་བ། རང་བཞིན་སྟོང་པ་སྟེ་ཉམས་སུ་མྱོང་བ་གསལ་བའི་ཆའང་མ་འགགས་ལ། རང་བཞིན་སྟོང་པའི་ངང་ལས་མ་གཡོས་པར་བསྒོམ། རབ་ཀྱིའོ། །ཡང་ན་སྣོད་བཅུད་ལྷར་བྱས་པ་ཡན་ཆད་འདྲ་ལ། དེ་ནས་སྣོད་བཅུད་ཡུམ་ལ་བསྡུ། དེ་ཡབ། དེ་ཟླ་བ། དེ་ཧ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་ཡང་རིམ་གྱིས་ཐིམ་ནས་རྡོ་རྗེ་སེམས་དཔའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཁྲི་ལེ་གཞག་གོ །རིལ་འཛིན་རྗེས་གཞིག་གཉིས་ཐུན་རེར་བསྒོམས་ཏེ་འབྲིང་གིའོ། །ཐ་མས་རིལ་འཛིན་རྗེས་གཞིག་གཉིས་ཀ་ཐུན་རེས་འཇོག་ཏུ་བསྒོམ། རྫོགས་སོ།། །།ལྷན་སྐྱེས་ཀྱི་བྱིན་གྱིས་རླབས་པའི་ལག་ལེན་ཐོ་རེ་ཙམ་བསྒྲིགས་པ་འདི། རས་པ་ཤེས་རབ་འོད་སྔགས་ལ་ཆེར་དད་ཀྱང་བློའི་མཐུ་ཆུང་བས་ཉུང་ལ་ཚང་བ་ཞིག་ཞུ་ཟེར་ནས། གཡས་རུ་ཤངས་ཀྱི་ལུ་གུ་སྡོང་དུ་ས་སྐྱ་པཎྜི་ཏས་སྦྱར་བའོ། །བདེ་མཆོག་གི་དབང་མ་ཐོབ་པ་ལ་མི་གནང་བར་གདའོ།། ༈ །བདེ་མཆོག་ལྷན་ཅིག་སྐྱེས་པའི་བྱིན་རླབས་ཀྱི་ཆོ་ག་བདེ་ཆེན་འཆར་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བདེ་མཆོག་ལྷན་ཅིག་སྐྱེས་པ་ཡིས། །དངོས་ཀུན་ཡང་དག་སྡོམ་མཛད་པ། །བླ་མ་ཧེ་རུ་ཀ་དཔལ་ལ། །བཏུད་ནས་དེ་ཡི་བྱིན་རླབས་འབྲི། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དུར་ཁྲོད་ལ་སོགས་པའི་གནས་དབེན་པར་ཡར་མར་གྱི་ཚེས་བཅུའི་དུས། སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་པདྨ་འདབ་བཞིའི་ལྟེ་བར་ཉི་གདན་ལ་ཚོམ་བུ་སྔོན་པོ་
གཅིག་བཀོད། དེའི་མདུན་དུ་མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ནང་མཆོད། ཌཱ་མ་རུ། བུམ་པ་བཅུད་ལྡན་སོགས་དགོས་པའི་རིགས་རྣམས་འདུ་བྱ། མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་སྔོན་འགྲོ་གཏོར་མ་གཏང་གནས་ཡོ་བྱིན་རླབས་དང༌། སྐྱབས་སེམས་ཚད་མེད་བཞི་སྤྱི་ལྟར་སྔོན་དུ་འགྲོ་བས། བདག་བསྐྱེད་བཟླས་པ་བཅས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་རབ་ལྟར་ཉམས་སུ་བླངས་རྗེས། ཚོམ་བུ་དང༌། བུམ་པ་གཉིས་ཀ་ལ་དམིགས་ཏེ་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མཎྜལ་གྱི་དབུས་དང༌། བུམ་པའི་ནང་དུ་པྂ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་སོགས་ནས། ཤུདྡྷོ྅ཧཾ། མདུན་བསྐྱེད་དང་བུམ་པའི་ལྷ་ལ་གཉིས་སུ་མེད་པར་ཐིམ། སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་ཤྲཱི་ཙཀྲ་སམྦྷ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། ཆོས་དབྱིངས་རྣམ་དག་སོགས་ཀྱིས་བསྟོད། མདུན་བསྐྱེད་དང་བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅི་འགྲུབ་དང༌། བུམ་པའི་ལྷ་ཞུ་བ་ལས། ཆུ་བདུད་རྩིའི་རང་བཞིན་དུ་བསམ། མཆོད་པ་བསང་སྦྱང་བྱིན་རླབས། མཆོད་བསྟོད། གཏོར་འབུལ་ཚོགས་མཆོད་ལྷག་མའི་བར་གཞུང་ལྟར་བྱའོ། །གཉིས་པ་ནི། དབང་གིས་སྨིན་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར། སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་པས་མཚམས་སྦྱར་ཏེ། དེ་ལ་རྒྱུད་སྡེ་བཞིའི་མཐར་ཐུག་པ་བླ་མེད་མ་རྒྱུད་ཧེ་རུ་ཀའི་རིགས་རྣལ་འབྱོར་གསང་མཐའ་འཁོར་ལོ་བདེ་མཆོག་གི་སྐོར་ལ། འཕགས་ཡུལ་དུ་གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་དྲིལ་ནག་གསུམ་གྱིས་རིམ་པར་བཀྲལ་བས་མཚོན་ཏེ་ལུགས་སྲོལ་མི་འདྲ་བ་ཇི་སྙེད་ཅིག་བྱུང་ཞིང༌། གངས་ཅན་གྱི་ལྗོངས་
སུའང་ཅི་རིགས་པར་འགྱུར་བ་ལ་བརྟེན་ནས་ཡེ་ཤེས་མཆོག་བརྙེས་པ་དུ་མ་ཞིག་བྱོན་པའི་ཕྱིར་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་གྱུར་པ་སྟེ། དེ་ལའང་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང༌། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གཉིས་ལས་འདིར་ཕྱི་མ། དེ་ལའང་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་དང༌། དགའ་རབ་རྡོ་རྗེ་དང༌། ཨ་བྷ་ཡཱ་ཀ་ར་ནས་བརྒྱུད་པའི་ལུགས་སྲོལ་གསུམ་དུ་བཞུགས་པ་ལས། འདིར་གྲུབ་པའི་སློབ་དཔོན་དགའ་རབ་རྡོ་རྗེ་ནས་པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པ་སོགས་ལས་བརྒྱུད་པའི་མན་ངག་གི་བཀའ་སྲོལ་གཙོ་བོར་གྱུར་པའི་སྒོ་ནས་བྱིན་རླབས་ཀྱི་རིམ་པ་ཟབ་མོ་སྒྲུབ་པ་ལ་གསུམ། སྔོན་དུ་འགྲོ་བ་དང༌། སྒྲ་དོན་བཤད་དེ་ངེས་ཤེས་བསྐྱེད་པ་དང༌། དངོས་གཞིའི་ཆོ་གའོ། །དང་པོ་ནི། སློབ་དཔོན་གྱི་བྱ་བ་སྟེ་ཁོ་བོས་ལེགས་པར་གྲུབ་ཟིན། གཉིས་པ་སྒྲ་དོན་བཤད་དེ་ངེས་ཤེས་བསྐྱེད་པ་ནི། ཇི་སྐད་དུ་རྒྱུད་ལས། ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་ནི། །དཔལ་ལྡན་བདེ་མཆོག་ལས་གཞན་མེད། །ཅེས་གསུངས་པ་ལྟར། མཚོན་བྱེད་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ཞལ་ཕྱག་དང༌། གཙོ་འཁོར་སོགས་ཀྱི་རྣམ་འཕྲུལ་མཐའ་ཡས་པར་འཆར་བ་ཐམས་ཅད་ཀྱི་སྤྲོ་གཞི་ནི་བཅོམ་ལྡན་ལྷན་ཅིག་སྐྱེས་པ་ཐབས་ཤེས་ཁ་སྦྱོར་གྱི་སྐུར་སྣང་བ་འདི་ཉིད་ཡིན་ལ། དེས་ཆོས་ཐམས་ཅད་ཀྱི་འཆར་གཞི་གཉུག་མའི་སེམས་ལྷན་ཅིག་སྐྱེས་པ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་གསལ་བར་མཚོན་པས་ན། ཐབས་ཀྱི་རིམ་པ་གཞན་ལས་ཆེས་འཕགས་པའི་ཕྱིར་བརྡ་དོན་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་འཚལ། གསུམ་པ་བྱིན་རླབས་དངོས་ནི། དེ་ལྟ་བུའི་སྒྲ་དོན་གྱིས་མཚོན་པའི་ཡེ་ཤེས་སྐྱེ་བའི་སྣ་འདྲེན་དུ་གྱུར་པ་བྱིན་རླབས་ཀྱི་རིམ་པ་ཟབ་མོ་བསྒྲུབ་པའི་སླད་དུ་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ་མདུན་བསྐྱེད་དང་ཐ་མི་དད་པའི་བླ་མ་དཔལ་བདེ་མཆོག་འཁོར་ལོ་སྐུ་མདོག་སྔོན་པོ་སོགས་ནས། སྣང་ལ་
རང་བཞིན་མེད་པ། སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་པ་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་གསལ་བའི་སྤྱན་སྔར་བྱིན་རླབས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་དག་པར་བྱ་བའི་སླད་དུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་ལ། ཐོག་མར་བླ་མ་རིན་པོ་ཆེས་བདག་ལ་བུམ་པའི་དབང་བསྐུར་བ་སྩལ་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །དཔའ་བོ་ཆེན་པོ་བདག་ལ་དགོངས། །ལུས་ཀྱི་དྲི་མ་སྦྱོང་བ་དང༌། །དེ་ཉིད་བདེ་མཆོག་བདག་ལ་སྩོལ། །ཅེས་གསོལ་བ་བཏབ་ནས། དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་མདུན་བསྐྱེད་ཀྱི་དཔལ་འཁོར་ལོ་བདེ་མཆོག་ཐ་མི་དད་པའི་དཔྲལ་བར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱཿདམར་པོ། ཐུགས་དཀར་ཐུགས་ཀྱི་ངོ་བོ་ཧཱུྃ་སྔོན་པོ་རྣམས་དང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་ངོ་བོ་ཨོཾ་ཨཿཧཱུྃ་གིས་མཚན་པར་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་སྤྱི་བོའི་ཨོཾ་ལས་ཨོཾ་དཀར་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོཾ་ལ་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ཨོཾ་བདེ་བ་ཆེན་པོའི་ཆུ་རྒྱུན་དུ་གྱུར་ཏེ། མགྲིན་པ་ཡན་ཆད་གང༌། བདེ་ལྷན་གྱིས་གྱུར་ཏེ་ལུས་སྣང་སྟོང་འཇའ་ཚོན་ལྟ་བུར་གྱུར་པར་མོས་ལ།
ཡེ་ཤེས་དེའི་རྒྱུན་བསྐྱང་བའི་སླད་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེ་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་ཀྱང་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། ཡི་གེ་བདུན་པ་བཟླ་བཞིན་པས་བུམ་པ་སྤྱི་བོར་བཞག ཀུ་ཤས་བུམ་ཆུ་བླངས་ཏེ་དཔྲལ་བར་གཏོར། དེས་བུམ་པའི་དབང་བསྐུར་བ་ཐོབ་པ་ཡིན་ནོ། །གསང་བའི་དབང་གི་སླད་དུ་གསོལ་བ་འདེབས་པ། སངས་རྒྱས་ཀུན་གྱི་རང་བཞིན་གསུང༌། །དཔའ་བོ༴ །ངག་གི༴ །དེ་ཉིད་བདེ་མཆོག༴ །ཅེས་གསོལ་བ་བཏབ་པས་སློབ་དཔོན་གྱི་མགྲིན་པའི་ཨཱཿལས་ཨཱཿདམར་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ཨཱཿབདེ་བ་ཆེན་པོའི་ཆུ་རྒྱུན་དུ་གྱུར་ཏེ། སྙིང་ག་ཡན་ཆད་གང༌། བདེ་ལྷན་གྱིས་གྱུར་ཏེ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཏེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེ་བརྟན་པའི་སླད་དུ་བུམ་ཆུ་ཁྱོར་བ་གཡོན་དུ་སྦྱིན། ཀུ་ཤས་མགྲིན་པར་གཏོར། དེས་གསང་བའི་དབང་བསྐུར་བ་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་གསོལ་བ༴ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །དཔའ་བོ༴ །ཡིད་ཀྱི༴ །དེ་ཉིད༴ །ཅེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཧཱུྃ་བདེ་བ་ཆེན་པོའི་ཆུ་རྒྱུན་དུ་གྱུར་ཏེ། ལྟེ་བ་ཡན་ཆད་གང༌། བདེ་ལྷན་གྱིས་གྱུར་ཏེ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཏེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེ་བརྟན་པའི་སླད་དུ་བུམ་ཆུ་སྙིང་གར་གཏོར། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པའོ། །དབང་བཞི་པའི་སླད་དུ། སངས་རྒྱས་ཀུན་
གྱི་རང་བཞིན་ཐུགས། །དཔའ་བོ༴ །ཡིད་ཀྱི༴ །དེ་ཉིད༴ །ཅེས་གསོལ་བ་བཏབ་པས། སློབ་དཔོན་གྱི་གནས་གསུམ་གྱི་ཡི་གེ་གསུམ་ལས། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་གསལ་བ་ལ་ཐིམ་པས་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཨོཾ་ཨཱཿཧཱུྃ་གསུམ་བདེ་བ་ཆེན་པོའི་ཆུ་རྒྱུན་དུ་གྱུར་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས། བདེ་ལྷན་གྱིས་གྱུར་ཏེ། འོད་གསལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་རྒྱུད་ལ་སྐྱེས་པར་མོས་ཏེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེ་བརྟན་པའི་སླད་དུ་བུམ་ཆུ་གནས་གསུམ་དུ་གཏོར་ཞིང་ཁྲུས་བྱ། དེས་དབང་བཞི་པ་ཐོབ་པའོ། །དེའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་སོགས་ནས། སྣང་ལ་རང་བཞིན་མེད་པ་གཉིས་ཀའི་དཔྲལ་བར་ཨོཾ་ནས་བསྐོར་བ་རང་རང་གི་མདུན་དུ་སྤྱན་དྲངས། ཛཿཧཱུྃ་ནས། ཤུདྡྷོ྅ཧཾ། ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་རེ་རེས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནི་ལྟ་བ་སྒོམ་པའི་རྗེས་སུ་གནང་བའོ། །སྔགས་ཀྱི་བཟླས་ལུང་གི་སླད་དུ། སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཧྲཱིཿཧ་སོགས། བཅོམ་ལྡན་བདག་ལ་དང༌། བཅོམ་ལྡན་འདི་ལ་སོགས་སྤྱི་ལྟར་བྱ།
དེ་ནི་སྔགས་ཀྱི་དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་བ་སྟེ། དེ་རྣམས་ཀྱི་སྒོ་ནས་བྱིན་རླབས་ཀྱི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། དེའི་རྒྱུན་ཉམས་སུ་བླང་བ་ནི་ཞེས་པ་ནས། རེས་འཇོག་ཏུ་བསྒོམ་ཞེས་པའི་བར་དཔལ་ལྡན་ས་སྐྱ་པཎྜི་ཏའི་གསུང་རབ་ལས་འབྱུང་བ་ལྟར་གདམས། མཇུག་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་རླབས། མདུན་བསྐྱེད་ལ་མཆོད་བསྟོད། བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱས་ལ་དགའ་བ་གསུམ་གྱི་རྣལ་འབྱོར་དང་ལྡན་པས་སྤྱོད་ལམ་ལ་འཇུག་གོ །བདེ་མཆོག་ལྷན་ཅིག་སྐྱེས་པ་ཡི། །བྱིན་རླབས་ཟླ་བ་ནོར་བུའི་འོད། །གང་དུ་སྣང་བས་བདེ་ཆེན་གྱི། །ཡེ་ཤེས་འཆར་བ་ཉིད་གྱུར་ཅིག །ཅེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རང་འདྲའི་བློ་དམན་རྣམས་ལ་ཕན་པའི་སླད་དུ་དཔལ་ལྡན་ས་སྐྱ་པཎྜི་ཏའི་གསུང་རབ་གསལ་བྱེད་དང་བཅས་པའི་དགོངས་དོན་ཇི་ལྟ་བར་བཀླག་པས་གྲུབ་པར་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།
དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བཞུགས་སོ།།
བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བདག་དང་འགྲོ་བ་སོགས་སྐྱབས་འགྲོ་ཅི་ནུས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་འཁོར་ལོ་བདེ་མཆོག་བསྒོམ་པར་བགྱིའོ། །ལན་གསུམ་གྱིས་སེམས་བསྐྱེད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། ཕྱག་གཡས་པས་རྡོ་རྗེ་དང༌། གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་
དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པས་གྲི་གུག་འཛིན་པས་ཕྱོགས་བཅུར་བསྡིགས་ཤིང༌། གཡོན་པས་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཡོད་པ། རུས་པའི་རྒྱན་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀའང་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཟུང་འཇུག་གི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་འོག་མིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་གྱུར། དེ་ལྟར་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ་ཡིད་མཉམ་པར་བཞག སྔགས་ཟློ་བར་འདོད་ན། རང་གི་སྙིང་གའི་ཧཱུྃ་ལས་ཡིག་འབྲུ་འཕྲོས་པ་ཡབ་ཀྱི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་མཁའ་ནས་ཐོན། ཡབ་ཀྱི་གསང་གནས་སུ་ཞུགས་ནས་འཁོར་བའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་གི་རྒྱུད་ལ་ཞུགས་པར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་
སྩལ་དུ་གསོལ། ཞེས་གསོལ་བ་གདབ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱ། སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། ཨོཾ་ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་ལྷ། ཨཱཿཞེས་བརྗོད་པས་བརྗོད་པ་དང་གྲགས་པ་ཐམས་ཅད་སྔགས། ཧཱུྃ་ཞེས་བརྗོད་པས་རྟོག་པའི་འདུ་འཕྲོ་ཐམས་ཅད་ཏིང་ངེ་འཛིན། དེ་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་བསམས་ལ་ཡུལ་རྣམས་སྣང་ཞེན་མེད་པར་སྤྱད་དོ། །ནུབ་མོ་ཉལ་བའི་ཚེ་ཆོས་ཐམས་ཅད་འགའ་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་ཉལ། ནངས་པར་ལྡང་བའི་ཚེ་ལྷའི་སྐུའི་ང་རྒྱལ་གྱིས་ལྡང་ངོ༌། །དེ་ལྟར་རྒྱུན་ཏུ་རྣལ་འབྱོར་དུ་བྱེད་ཅིང༌། དམ་ཚིག་རྣམ་པར་དག་པ་ལ་གནས་པ་ནི་རིང་པོར་མི་ཐོགས་པར་ཧེ་རུ་ཀ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བ་ཉིད་དོ། །ཞེས་པའང་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་རབ་ངག་འདོན་བཀླགས་ཆོག་ཏུ་བསྡེབས་པ་མངྒལཾ།། ༈ །བདེ་མཆོག་ལྷན་ཅིག་སྐྱེས་པའི་བྱིན་རླབས་ཀྱི་སྔོན་དུ་འགྲོ་བའི་སྒྲུབ་ཐབས་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་འབྱུང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བེ། སྲིད་ཞིའི་དྲྭ་བ་བདེ་ཆེན་དུ། །སྡོམ་མཛད་ཧེ་རུ་ཀ་དཔལ་ལ། །བཏུད་ནས་སྒྲུབ་ཐབས་ཆོ་གའི་རིམ། །འཁྲུལ་ཟད་གོང་མའི་གསུང་བཞིན་དགོད། །འདིའི་སྦྱོར་བ་བྱིན་རླབས་ཀྱི་ཡི་གེ་ལྟར་གྲུབ་ནས་ཆོ་ག་དངོས་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་ལས་དང་པོ་ནི། སྔོན་འགྲོ་གཏོར་མ་བྱིན་རླབས་བསྡུས་པ་ནི། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། འབར་བའི་རྒྱ་དང༌། ཕཻཾ་ཞེས་མགྲོན་སྤྱན་དྲང༌། རྡོ་ཐལ་ཕྱེ་བས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲིཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིཾ་མེ་པྲ་ཡཙྪནྟུ། ཡ་ཐི་བཾ་ཡ་ཐེཥྚཾ། བྷུ་ཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀཱ་ར་ཏ་ཡ་སཏྶུ་ཁཾ་བི་
ཤུདྡྷ་ཡེ། ས་ཧཱ་སི་ཀཱ་བྷ་བནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་མོ། །རྡོ་རྗེ་དྲིལ་ཐབས་དང་བཅས་པས། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས༴ །སྲིན་པོའི༴ །འབྱུང་པོའི༴ །ཡི་དྭགས༴ །ཤ་ཟའི༴ །སྨྱོ་བྱེད༴ །རྗེད་བྱེད༴ །མཁའ་འགྲོའི་ཚོགས༴ །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་ནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་བཅོལ། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱོགས་སྐྱོང་བའི་སྲུང་མ་ལ་སོགས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་ཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་ཕྲིན་ལས་མཛོད་ཅིག གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་ལྟ་བར་མི་དབང་བ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག སུམྦྷ་བཟླས་དྲག་རོལ་བྱ་གཏོར་མ་ཕྱིར་དོར། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ་བྷྲཱུྂ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་
རྫོགས་པའི་དབུས་སུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འབྱུང་ཞིང་རྒྱས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་བ་དང༌། རོལ་མོ་བྱིན་འབེབས་ཀྱི་སྔགས་སོགས་བརྗོད། སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་མམ་བདུན། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བསྒོམ་པར་བགྱིའོ། །ལན་གསུམ་བྱ། གཉིས་པ་དངོས་གཞི་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་པོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ།
ཕྱག་གཡས་པས་རྡོ་རྗེ་དང༌། གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པས་གྲི་གུག་འཛིན་པས་ཕྱོགས་བཅུར་བསྡིགས་ཤིང༌། གཡོན་པས་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཡོད་པ། རུས་པའི་རྒྱན་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀའང་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཟུང་འཇུག་གི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་འོག་མིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་གྱུར། དེ་ལྟར་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ་ཡིད་མཉམ་པར་གཞག སྔགས་ཟློ་བར་འདོད་ན། རང་གི་སྙིང་གའི་ཧཱུྃ་ལས་ཡིག་འབྲུ་འཕྲོས་པ་ཡབ་ཀྱི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་མཁའ་ནས་ཐོན། ཡབ་ཀྱི་གསང་གནས་སུ་ཞུགས་ནས་འཁོར་བའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་གི་རྒྱུད་ལ་ཞུགས་པར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་གསོལ་བ་གདབ། བྱིན་རླབས་སྐབས་མདུན་བསྐྱེད་དང་བུམ་པ་བསྒྲུབ། མཆོད་བསྟོད་ནི། མཆོད་པ་ཁ་གསོས་ལ་གོང་ལྟར་བྱིན་བརླབ། དྭངས་
ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ནས་བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ཡི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ནས་བཛྲ་པུཥྤེ་ཨཱ་ཧཱུྃ་སྭཱ་ཧཱ། ཨོཾ་ཙནྡན་ག་བུར་དང་བཅས་པའི། །དྲི་ཞིམ་སྤོས་མེ་དགེ་བ་ཡི། །མཐུ་དང་ལྡན་པར་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ༴ བཛྲ་དྷཱ་པཾ༴ ཨོཾ་མར་མེ་འོད་ཟེར་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་པར་བྱེད། །ལྷ་ཡི་མིག་འབྱེད་བཀྲ་ཤིས་པ། །མར་མེ་ཁྱེད་ཀྱིས་བཞེས་སུ་གསོལ། །ཨོཾ༴ བཛྲ་དཱི་པཾ༴ ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་བུར་རྣམ་བརྒྱན་པ། །སྣ་ཚོགས་ཡི་གེ་ཧཱུྃ་ལས་བྱུང༌། །དྲི་འདི་འབུལ་གྱིས་བཞེས་སུ་གསོལ། ཨོཾ༴ བཛྲ་གནྡྷེ༴ ཨོཾ་ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཨོཾ༴ ནཻ་ཝི་དྱཾ༴ ཨོཾ་པ་ཊཱ་ཧ་དང་ཅང་ཏེ་སོགས། །དུང་དང་རྔ་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་རྣམས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཨོཾ་སརྦ་ནས་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ཆུ་གཉིས་ཉེར་སྤྱོད་འབུལ། ནང་མཆོད་བསང་སྦྱང༌། སྔོན་གཏོར་ལྟར་བྱིན་བརླབས་ལ། ཕཻཾ། བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙིང་པོའི་སྔགས་དང༌། དཔལ་འཁོར་ལོ་སྡོམ་པ་སོགས་ཡིད་དམ་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རང་གི་ལྕེ། དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་རེག་ལ་འབྲུ་གསུམ་བརྗོད་པས་ལས་ཀྱི་ལྷ་མཆོད་པར་བསམ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་པ་ཆོས་སྐྱོང་སྲུང་མ་དཀར་ཕྱོགས་སྐྱོང་བའི་འབྱུང་པོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་ཕུལ། བསྟོད་པ་སྤྲོ་ན་རྐང་བརྒྱད་སྦྱར། མི་ཤེས་པའམ་མི་ལྕོགས་ན། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །བསྟོད་པར་འོས་པ་ཐམས་ཅད་སོགས་བྱ། དེ་ནས་གཏོར་མ་འབུལ་བ་ནི། བྱིན་རླབས་ནས་བཟུང་ནང་མཆོད་ལྟར་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་འབུལ་བའི་མཐར། བདག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་བ་ལ་དང་མ་ད་ན་གཙོ་བོར་གྱུར་བའི་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་པ་བཤམས་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡྃ་ལས་རླུང༌། རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབ། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀ་ལཱི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་དེ་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་
ས་མ་ཡེ་ཧཱུྃ། ན་མོ་ནས། འདི་ཉིད་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས༴ དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེའི་སྤུན་གྲོགས་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། མི་འབྲལ་སྙིང་གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་ན། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་སོགས། སྟུག་པོའི་ཞིང་ཁམས་འཇིག་པ་མེད། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །འཁོར་ལོ་སྡོམ་པ་བཅོམ་ལྡན་འདས། །འདོད་ཆགས་རྡོ་རྗེ་འོད་དཔག་མེད། །རྣམ་འཕྲུལ༴ །མི་གཡོ་འོག་མིན་ཉམས་དགའ་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་གནས། །འཁོར་ལོ་སྡོམ་པའི་བདེ་སྐྱེད་ཡུམ། །རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ། །རྣམ་འཕྲུལ༴ །ས་ལ་སྤྱོད་པའི་འོག་མིན་མཆོག །ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་ནས། །རབ་སོང་གནས་ཀྱི་བདག་པོ་མཆོག །དཔའ་བོ་ཆེན་པོ་ཡབ་ཡུམ་ཡང༌། །རྣམ་འཕྲུལ༴ །བདུད་ཚོགས་ཀུན་འདུས་ཕོ་བྲང་དང༌། །ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང༌། །རྣམ་འཕྲུལ༴ །བདུད་ཚོགས་ཀུན་འདུལ་ཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱང༌། །རྣམ་འཕྲུལ་སོགས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུར་རུ་རུ། །རྒྱན་ཆ་མང་པོ་ཁྲོལ་ལོ་ལོ། །རོལ་མོ་མང་པོ་དིར་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་
ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་སལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁཾ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁཾ། ཞལ་ཟས་རོ་བརྒྱ་སོགས་དང༌། གཙོ་བོ་ཡབ་ཡུམ་ལ་སྙིང་པོའི་མཐར། ཨ་ཀཱ་རོ་གསུམ་མམ་བདུན་གྱིས་འབུལ། ཤཱ་ས་ནའི་སྔགས་ཀྱིས་ཆོས་སྐྱོང་རྣམས་ལ་འབུལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕཻཾ། བཛྲ་ཨཱ་རལླི་སོགས་མཁའ་འགྲོ་སྤྱི་གཏོར་བཏང༌། དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པ་བཞེས། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །ཅེས་འབུལ། གནས་སྐབས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བས་སྤྱི་བོར་བླ་མ་དང་ལྷ། ལྟེ་བར་ཆོས་སྐྱོང་དང་འབྱུང་པོ་ཐམས་ཅད་དམིགས་ལ་མཆོད་པར་བསམ་ཞིང་ལོངས་སྤྱད། ལྷག་མ་བསྡུས་ལ་དམ་ཚིག་གི་ཁ་ཕྲུ་གདབ། མེ་སྒྲོན་བཙུགས། བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་
ཧོ་ཧྲཱིཿ ཨ་ཀཱ་རོ་ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་བལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། སུམྦྷས་བསང༌། རྡོ་རྗེའི་གླུ་དང༌། སྨོན་ལམ་བཀྲ་ཤིས་བྱ་བར་གསུངས་པ་གཞན་ནས་འབྱུང་བ་ལྟར་གྲུབ་ན་ལེགས། མདོར་བསྡུ་ན། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་འདིས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་པ་ཙམ་བྱ། བྱིན་རླབས་དང་འབྲེལ་ན་སྐབས་འདིར་སྦྱར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས་ལ་གོང་ལྟར་བྱིན་བརླབ། སྔགས་ཙམ་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བསྟོད་པ་བྱ། ཡིག་བརྒྱ་དང༌། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ། བཛྲ་མུཿཞེས་པས་མདུན་བུམ་གྱི་ལྷ་ནམ་མཁར་འཕགས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ཞེས་རྣམ་ལྔ་འདོད་སྐོར་གྱི་རྒྱ་བཅས་རང་ལ་བསྟིམ། རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་བསྲུང༌། བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། ཨོཾ་ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་ལྷ། ཨཱཿཞེས་བརྗོད་པས་བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། ཧཱུྃ་ཞེས་བརྗོད་
པས་རྟོག་པའི་འདུ་འཕྲོ་ཐམས་ཅད་ཏིང་ངེ་འཛིན། དེ་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་བསམས་ལ་ཡུལ་རྣམས་ལ་སྡང་ཞེན་མེད་པར་སྤྱད་པར་གསུངས་སོ། །ཚེ་གཅིག་སངས་རྒྱས་ངེས་སྟེར་བ། །ཡང་སྙིང་འཁོར་ལོ་སྡོམ་པ་ཞེས། །གྲགས་པ་གསལ་ལྡན་ལམ་བགྲོད་ནས། །བདེ་ཆེན་བདེ་བའི་གར་བྱེད་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕྱག་ཐོར་བཀོད་པའི་དགོངས་བཞེད་སྐོང་ཕྱིར་བློ་གྲོས་མཐའ་ཡས་པའི་སྡེས་ཙྭ་འདྲ་རིན་ཆེན་བྲག་ཧེ་རུ་ཀ་དགྱེས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ།
དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་བཞུགས་སོ།།
དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་མེད་དབང་ཕྱུག་སྐུ་དང་གཉིས་མེད་ཅིང༌། །བདེ་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་བཅས་ལ་སོགས་སྤྲིན་འཕྲོ་བ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །འཁོར་འདས་སྟོང་པར་མཛད་པའི་ཐུགས་རྗེ་ཡིས། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟ་བུར་ཐམས་ཅད་ཐོགས་མེད་ཅིང༌། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ལུས་དང་ལྡན། །ཐུགས་དམ་དབང་གིས་སྒྲུབ་ལ་བརྩེར་དགོངས་པ། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་པ། །སྲིད་པའི་འཁོར་ལོ་མ་ལུས་གཅོད་པའི་ཕྱིར། །ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད་པ། །
རྒྱལ་གཉིས་རྡོ་རྗེའི་ཞབས་ལ་དད་པས་འདུད། །ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་ཐམས་ཅད་དང༌། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང༌། །གསང་དང་གསང་རབ་གསང་ཆེན་བླ་མེད་ཀྱི། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད། །བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །སྲིད་པ་ཉམ་ངར་སྡིག་པ་ཅི་བགྱིས་པ། །ད་ནས་སྡིག་པ་ཐམས་ཅད་རབ་ཏུ་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་མཆོག །འཕགས་པ་རྣམས་ཀྱིས་དགེ་བ་གང་བགྱིས་པ། །དེ་དག་བླ་མེད་བྱང་ཆུབ་འབྲས་ཐོབ་བར། །མ་ལུས་པ་ལ་རྟག་ཏུ་རྗེས་ཡི་རང༌། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང༌། །རྟོག་པའི་དྲྭ་བ་རབ་དྲལ་དམ་པའི་ཆོས། །ས་དབང་ཚོགས་དང་བརྟུལ་ཞུགས་དགེ་འདུན་ལ། །རབ་ཏུ་དད་པས་བདག་ནི་སྐྱབས་སུ་མཆི། །རྒྱལ་དང་རྒྱལ་ཉིད་ལེགས་སྐྱེས་དེ་དག་ལ། །ཀུན་ནས་ཀུན་ཏུ་བདག་ཉིད་བདག་གིས་དབུལ། །སེམས་དཔའ་མཆོག་གིས་བདག་ནི་ཡོངས་བཞེས་ཤིག །དད་པས་
བདག་ཉིད་ཁྱེད་ཀྱི་འབངས་སུ་མཆི། །གློ་བུར་ཉོན་མོངས་ཚོགས་ཀྱིས་གདུང་བ་ཡིས། །བསྐྱོད་པའི་སྐྱེ་བོ་མཐའ་དག་བསྒྲལ་བྱའི་ཕྱིར། །དམ་ཆོས་བདུད་རྩིའི་སྔགས་རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་ལོ། །མཆོག་ཏུ་མི་དགེ་བ་ནི་རབ་བཅོམ་པས། །བདུད་ཀྱི་སྐྱེ་རྒ་ན་དང་འཆི་ལས་གྲོལ། །མྱ་ངན་འདའ་བཞེད་གྱུར་པ་སྤང་བར་ནི། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་ལོ། །སངས་རྒྱས་འཇིག་རྟེན་གང་བྱུང་ལ། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། །ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག །འཚང་རྒྱ་བར་དུ་མ་བཏང་ལྟར། །བདག་ནི་དེང་ནས་བྱང་ཆུབ་བར། །ལུས་སྲོག་ལྟོས་པ་མེད་པར་ཡང༌། །བསླབ་འདི་མགོན་བཞིན་བསྲུང་ལ་གནས། །ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ། །རྟག་ཏུ་བརྟེན་ཞིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་བཟུང༌། །རྒྱལ་བས་དགོངས་ཏེ་གསུངས་པ་ཡི། །དམ་ཚིག་བཞི་པོ་བསྲུང་བར་བགྱི། །རྩ་བའི་ལྟུང་བ་བཅུ་བཞི་སོགས། །རིག་སྔགས་འཆང་ཀུན་མི་འདའ་ལྟར། །དེང་ནས་བླ་མེད་བྱང་ཆུབ་བར། །བདག་གིས་ཚུལ་བཞིན་བསྲུང་བར་བགྱི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟླ་རེར་བཅུ་ཕྲག་གཉིས་པོ་དང༌། །བཅོ་ལྔ་ལ་ནི་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བགྱི། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་
སྤང་ཞིང༌། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་པར་བགྱི། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཉིད་དུ་མི་བགྱིད་དོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོང་བར་མི་བགྱིའོ། །བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ལྡན་བླ་མ་ལ་དད་ཅིང༌། །འཁོར་ལོ་བདེ་མཆོག་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེའི་ཆོས་ནི་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟག་ཟ་ཞིང༌། །མཐར་ཐུག་ཐེག་ཆེན་སྒྲུབ་པའི་སྐལ་ལྡན་ཤོག །དེང་ནས་བྱང་ཆུབ་སྙིང་པོར་མཆིས་བར་དུ། །བཅོམ་ལྡན་བདེ་གཤེགས་ཀུན་ཏུ་བཟང་པོ་དང༌། །གསང་བའི་ཐེག་པ་དབྱེར་མེད་རྨད་བྱུང་དང༌། །མི་འབྲལ་ཚུལ་བཞིན་རྟག་ཏུ་སྒྲུབ་པར་ཤོག །སྒྲུབ་མཆོག་འདི་ལ་བར་ཆད་མི་འབྱུང་ཞིང༌། །ཚེ་འདི་ལ་སོགས་སྐྱེ་བ་བདུན་བར་དུ། །དཔལ་ལྡན་བདེ་མཆོག་འཁོར་ལོ་ཆེན་པོ་ཡི། །ཞབས་རྡུལ་ཟེའུ་འབྲུ་སྤྱི་གཙུག་གནས་པར་ཤོག །གང་ཚེ་འགྲོ་བའི་མགོན་ལ་བལྟ་བ་དང༌། །ཕྱིར་ཞིང་ཅུང་ཟད་འདྲི་བར་འདོད་ན་ཡང༌། །བཅོམ་ལྡན་བདེ་གཤེགས་ཐུགས་ཀྱི་བདག་པོས་ནི། །ཐམས་ཅད་སྒྲིབ་མེད་ས་ལེར་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་ཁམས་དང་མཉམ་པ་ཡི། །སེམས་ཅན་མ་ལུས་བྱང་ཆུབ་དགོད་པའི་ཕྱིར། །ཐུབ་པའི་དབང་པོའི་སྤྱོད་པ་ཇི་ལྟ་བར། །བདག་གི་སྤྱོད་པའང་དེ་དང་འདྲ་བར་ཤོག །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་བདེ་དགེ་
བས་དེ་ཀུན་དེ་ཐོབ་ཤོག །ཚེ་རབས་ཀུན་ཏུ་སྒོ་གསུམ་རིན་ཆེན་དང༌། །བུམ་བཟང་དཔག་བསམ་བ་སོགས་ལྟ་བུར་ཤོག །མགོན་པོ་ཀུན་མཁྱེན་ཐུགས་རྗེའི་བྱིན་རླབས་དང༌། །སྒྲུབ་པ་མཆོག་ལ་རྩེ་གཅིག་སྦྱངས་པ་ཡིས། །བདེ་མཆོག་མཁའ་འགྲོའི་དངོས་གྲུབ་མཆོག་ཐོབ་ནས། །སེམས་ཅན་ཐམས་ཅད་སྨིན་པའི་མཐུ་ལྡན་ཤོག །དབང་དང་མངོན་ཤེས་སོ་སོར་རིག་པ་དང༌། །གཟུངས་དང་རྣམ་པར་ཐར་པའི་སྒོ་རྟོགས་ནས། །ནམ་མཁའི་མཁའ་ཀླས་གྱུར་པའི་སེམས་ཅན་རྣམས། །གནས་དང་ཉེ་བའི་གནས་སོགས་བགྲོད་པར་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡིས། །དམ་བཅས་བསྲུང་ཞིང་དངོས་གྲུབ་མཆོག་སྩོལ་བའི། །ཐུགས་དམ་བཞིན་དུ་རྟག་བསྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་སྩོལ་བར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་བདུག་སྤོས་ཐོགས་ནས་ཀྱང༌། །རོལ་མོ་གླུ་དང་སྒྲ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །སྐད་ཅིག་དེ་ལ་སྣང་བ་གསུམ་ཐོབ་ནས། །གསལ་དང་རྟགས་སྣང་རང་གི་རིགས་རྟོགས་ཏེ། །དུར་ཁྲོད་ལ་སོགས་རྒྱལ་ཉིད་ས་ཐོབ་ནས། །ཙྪནྡྷོ་ལ་སོགས་ས་ལ་བགྲོད་པར་ཤོག །ཤིན་ཏུ་རྣམ་པར་དག་པ་ཀུན་གྱི་མཆོག །གདོད་ནས་རྣམ་པར་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་པོ་ཡི། །སྲས་ཀྱི་དབང་པོ་ཉིད་དུ་བདག་གྱུར་ཅིག །ས་གསུམ་མཐར་ཕྱིན་གསུམ་ཕྲག་གསུམ་གནས་གྱུར། །ཤེས་བརྒྱད་གྱུར་པས་ཡེ་ཤེས་ལྔར་གྱུར་ཏེ། །ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི། །ཆོས་སྐུ་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཆོས་དབྱིངས་ལས་བྱུང་ནམ་མཁའི་མཚན་ཉིད་འདྲ། །ཐོག་མ་དང་ནི་ཐ་མ་མེད་པའི་བདག །སེམས་དཔའ་རྡོ་རྗེ་ཐུགས་
ཀྱི་བདག་པོ་རུ། །རྡོ་རྗེ་སེམས་དཔའ་ཉིད་དུ་བདག་གྱུར་ཅིག །དངོས་གྲུབ་མ་ལུས་པ་ནི་ཀུན་གྱི་བདག །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་པ། །སྟུག་པོའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱལ། །མི་འགྱུར་དམ་པ་ཉིད་དུ་བདག་གྱུར་ཅིག །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་པས། །འདོད་ཆགས་ཀུན་གྱི་རྗེས་སུ་རབ་ཆགས་ལ། །འདོད་ཆགས་མེ་ཀུན་རང་བཞིན་རྣམ་དག་པས། །གསུང་གི་དབང་ཕྱུག་ཉིད་དུ་བདག་གྱུར་ཅིག །ང་རྒྱལ་རྣམ་དག་མཉམ་ཉིད་ལྷུན་གྱིས་གྲུབ། །ཡོན་ཏན་ཡིད་བཞིན་རྒྱ་ཆེན་མཁའ་འདྲ་བས། །གདུལ་བྱ་རྫོགས་སངས་ཉིད་དུ་རེ་སྐོང་བ། །ཁྱབ་བདག་རྡོ་རྗེ་ཉི་མར་བདག་གྱུར་ཅིག །ཕྲག་དོག་དག་པས་བྱ་བ་གྲུབ་བརྙེས་ཤིང༌། །ཕྲིན་ལས་རྒྱ་མཚོས་གདུལ་བྱ་དཔག་མེད་རྣམས། །གྲུབ་མཆོག་ཕྱག་རྒྱ་ཆེ་ལ་དགོད་མཛད་པའི། །བདེ་གཤེགས་གདོན་མི་ཟ་བར་བདག་གྱུར་ཅིག །དུས་གསུམ་བདེ་བར་གཤེགས་པ་ཀུན་གྱི་བདག །དཔལ་ལྡན་བདེ་མཆོག་འཁོར་ལོའི་སྐུར་གྲུབ་ནས། །ནམ་མཁའ་དག་དང་མཉམ་པའི་མཐུ་སྟོབས་ཀྱིས། །འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་ཤོག །དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་སློབ་དཔོན་བྷུ་བ་རི་པས་མཛད་པ་རྫོགས་སོ། །ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། །།དགེའོ།། །།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བཞུགས་སོ།། གསེར་ཆོས།།
རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་«་་་་་སྟོང་པ་»རྣལ་འབྱོར་«་་་་་ཏིང་ངེ་འཛིན་དང་ལྡན་པ་ནི།» མའི་«་་་་་མོ་རྟགས་འཛིན་པ།» སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་རྣལ་«་་་་་བདག་ཉིད་ལྷའི་»འབྱོར་པས་དང་པོ་ཐུན་ཐ་མ་ལ་ཉལ་ལུགས་གང་ཡང་རུང་བའི་ཉལ་༡ བའི་རྣལ་འབྱོར་བྱ། དེ་ནས་གཉིས་པ་ཐོ་རངས་ཌཱ་མ་རུའི་སྒྲས་བསྐུལ་ཏེ་སྡང་༢ བའི་རྣལ་འབྱོར་བྱ། དེ་ནས་གསུམ་པ་བདུད་རྩི་མྱོང་༣ བའི་རྣལ་འབྱོར་བྱས་ལ་ཕྱི་རོལ་གྱི་མཆོད་པ་དང་འབྲེལ་བའི་དུས་སུ་རྣལ་འབྱོར་བའི་མདུན་དུ་མཎྜལ་བྱ། འདི་ཕྱི་མཆོད་དང་འབྲེལ་བས་འདིར་མི་དགོས་སོ། །བཞི་པ་ཚད་མེད་༤ པའི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ལ་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་ལ་དགོད་པར་བྱའོ།«་་་་་སེམས་བསྐྱེད་གཅིག་ལ་བཞི་ཀ་ཚང༌།» །ཞེས་ཚད་མེད་པའི་རྣལ་འབྱོར་སྔོན་དུ་བྱའོ། །དེ་ནས་«་་་་་ལྔ་པ་བླ་མའི་རྣལ་འབྱོར་ནི།» རང་གི་བླ་མ་སྤྱི་བོར་བསྒོམ་པར་བྱའོ། །དེའི་རྗེས་ལ་དྲུག་པ་བདག་ཉིད་ལྷར་བསྐྱེད་པའི་རྣལ་འབྱོར་ནི། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་འོད་ཟེར་སྣ་ཚོགས་འཕྲོ་བ་ལུགས་ལས་བཟློག་པར་བསམ་མོ། །དབུས་
ནི་བྃ་«་་་་་དམར་པོ།» ཡིག་གོ །དེའི་འོད་ཟེར་གྱིས་རང་གི་ལུས་ཁྱབ་པ་རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ། ཡོངས་སུ་དག་པ་ན། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྐུ་ཞལ་གཅིག«་་་་་དེ་བཞིན་ཉིད་ཀྱི་རྟགས།» ཕྱག་གཉིས་པ།«་་་་་བདེན་པ་གཉིས་ཀྱི་རྟགས།» སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན།«་་་་་ཐུགས་རྗེའི་རྟགས།» ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པ།«་་་་་རིགས་ལྔའི་རྟེན།» སྣ་ཚོགས་པདྨ་དང་«་་་་་ཆོས་འབྱུང་གི་ནང་དུ་འཁོར་བ་ལ་མི་གནས་པའི་རྟགས།» ཉི་མའི་གདན་ལ་་་་་་ཁྲོ་མོ་མཚོན་པས།« གཡོན་བསྐུམས་པས་འཇིག་བྱེད་དང༌། གཡས་བརྐྱངས་པ་དུས་མཚན་ཞབས་ཀྱིས་མནན་པ། གཡས་ན་རྡོ་རྗེ་»་་་་་པདྨས་མཚན་པའམ་འདམ་ཀ་ཡིན་གསུངས་ཏེ་ཌཱ་མ་རུ་དང་བཅས་པ་གང་རུང་འཛིན་པར་བསམ། «དང་གྲི་གུག་གཡོན་ཐོད་པ་དང་»་་་་་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངོ་བོ།« ཁ་ཊྭཱྃ་ག་»་་་་་མཚན་ཁུང་དུ་«ཕྲག་པར་བཀལ་བའི་ཚུལ་དུ་འཛིན་པ། དེ་ནས་སླར་ཡང་བརྒྱད་པ་དཔའ་བོ་དང་རྣལ་འབྱོར་མའི་བྱིན་གྱིས་བརླབ་པའི་རྣལ་འབྱོར། ཡིག་འབྲུའི་ཚོགས་ཀྱི་འོད་ཟེར་གྱིས་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་དང་སེམས་ཅན་ཐམས་ཅད་རྣལ་འབྱོར་མའི་སྐུར་བྱས་ལ། སྤྱན་དྲངས་ཏེ་བདག་ཉིད་ལ་གཞུག་པར་བྱའོ། །བདུན་པ། ཡང་དེའི་འོད་ཟེར་གྱིས་འགྲོ་བ»་་་་་འདི་སྔོན་ལ་བྱས་ལ་དེ་ནས་དུས་གཅིག་ཏུ་བསྡུ་གསུངས། «ཐམས་ཅད་དག་
པར་བྱས་ནས་»་་་་་རྗེ་བཙུན་མའི་སྐུར་བསྐྱེད་ལ།« སླར་ལོག་སྟེ་སྔགས་ཀྱི་ཕྲེང་བ་ཉིད་ལ་ཞུགས་པ་དང༌། དགུ་པ་བཟླས་པའི་རྣལ་འབྱོར་ཡིད་ངག་གི་དབྱེ་བས་བཟླ་བར་བྱའོ། །དེ་ལྟར་ཡིད་བཟླས་བྱེད་ན་འདོམ་དུ་ཆོས་འབྱུང་བསམ། དེ་ལ་སྔགས་ཀྱིས་བསྐོར་བར་བསམ། དེ་ནས་རླུང་བསྡོམས་ཏེ་དེ་ལ་དམིགས་འདུན་བྱ། རྒོད་ན་ཡིད་བཟླས་བྱ། དེ་ལ་སྐྱོ་ན་ངག་བཟླས་བྱ། ངག་གི་བཟླས་པ་འབའ་ཞིག་བྱེད་ན་སྙིང་གར་གཏོད་པར་བྱ་གསུངས་སོ། །དེ་ནས་བཅུ་པ་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་བྂ་ཡིག་གི་འོད་ཟེར་གྱིས་ས་གསུམ་དང་ལུས་དང༌། ཡི་གེ་རིམ་གྱིས་ནཱ་ད་སྟོང་པར་བསམ། བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་སྔོན་དུ་འགྲོ་བས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །བཅུ་གཅིག་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི་ཐུན་མཚམས་སུ་རྒྱན་དང་ཕྱག་མཚན་མེད་པར་བྱས་ལ་བྱ་བ་ཐམས་ཅད་རྣལ་འབྱོར་མའི་ང་རྒྱལ་གྱིས་བྱའོ། །ཕྱི་མཆོད་ཀྱང་བྱའོ། །ཐུན་ཐ་མ་ལ་སེང་གེའི་ཁྲིའི་སྟེང་དུ་ཉལ་བར་བསམས་ལ་བླ་མ་སྟེང་གི་ཐད་ཀར་བལྟས་ཏེ་ཕྱག་བྱེད་པར་བསམས་ལ་ཉལ། བསྐྱེད་རིམ་ལ་མོས་པ་ཆེ་ན་དེ་ལྟར་བྱ། དེ་ལྟ་མིན་ན་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ་ལོ། །ལས་དང་པོ་པའི་བསྒོམ་པ་མདོར་བསྡུས་པ་སློབ་དཔོན་ནཱ་རོ་ཏ་པའི་ཞལ་གྱི་གདམས་ངག་བརྒྱུད་པའི་རྗེས་སུ་གནང་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་མ་ཏིའི་ཞལ་སྔ་ནས་དང༌། དགེ་བསྙེན་པྲཛྙཱ་ཀཱིརྟིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༈ །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣལ་འབྱོར་བཅུ་གཅིག་ཉམས་སུ་ལེན་ཚུལ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། རྣམ་ཀུན་མཆོག་ལྡན་ཤེས་རབ་ལྷ་མོ་དང༌། །མཆོག་ཏུ་མི་འགྱུར་བདེ་ཆེན་ཁ་ཊྭཱཾ་ག །ཟུང་འཇུག་ཕྱག་རྒྱ་ཆེན་མོ་ལ་བཏུད་དེ། །རྣལ་འབྱོར་བཅུ་གཅིག་ཉམས་ལེན་བཤད་ཀྱི་ཉོན། །འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ་འདིའི་བྱིན་རླབས་ཀྱི་ཆོ་ག་རྒྱས་བསྡུས་གང་རུང་ཐོབ་པའི་རྣལ་འབྱོར་པས། རྣལ་འབྱོར་བཅུ་གཅིག་ཉམས་སུ་བླང་བར་འདོད་པས། ནུབ་མོ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཉལ། ཐོ་རངས་ལྡང་བའི་ཚེ་ནམ་མཁའ་ནས་ཌཱ་མ་རུའི་སྒྲ་ཨོཾ་གསུམ་མའི་སྔགས་སུ་གྲགས་པས་
བསྐུལ་ཏེ། རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་ཕྱག་མཚན་མེད་པའི་སྐུར་གྱུར་པ་བསམས་ལ། བྱིན་གྱིས་བརླབས་པའི་ནང་མཆོད་དམ་བདུད་རྩི་རིལ་བུ་ཨོཾ་ཨཱཿཧཱུྃ་ཞེས་པས་མྱངས་ཏེ་སྙིང་གའི་བྂ་ཡིག་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་མཆོད་པར་བསམ། སྐྱབས་ཡུལ་གསལ་བཏབ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་མང་བརྗོད། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཕྱིར་དུ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་བགྱིའོ། །ཞེས་ལན་གསུམ་བརྗོད། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྩ་བའི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་སྐུ་མདོག་དམར་པོ་ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་དང༌། ཐོད་པ་བདུད་རྩིས་གང་བ་བསྣམས་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བླ་མ་དེ་རང་ལ་ཐིམ་པས། རང་གི་སྙིང་གར་ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྂ་ཡིག་དམར་པོའི་མཐའ་མར་གཡོན་སྐོར་གྱིས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ། བཛྲ་ཝརྞ་ནཱི་ཡཻ། བཛྲ་བཻ་རོ་ཙ་
ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་ཏེ་གནས་པའི་འོད་ཀྱིས་ལུས་ཐམས་ཅད་གང་བས། ཚེ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་དང་ཉི་མའི་གདན་ལ། ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་འཕྱང་བ། གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་སྟེ་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང༌། དྲིལ་བུ་དང༌། འཕན་རྩེ་གསུམ་པ་འཕྱངས་བཞིན་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྂ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྂ་ཡྂ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མྂ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སྦྱངས་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ཚུར་འདུས་ཏེ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱེས་སུ་གཡོན་དུ་
བསྐོར་ཞིང༌། ཕཻཾ་ཐུགས་ཀའི་བྂ་ཡིག་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བྱོན། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། པད་ཀོར་དང་བཅས་པའི་འཁྱུད་རྒྱ་བྱས་ལ། ཨོཾ་ཡོ་ག་ཤདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ཐུགས་ཀའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས་པས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས་ཏེ་བྂ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམ་ཞིང༌། ཨོཾ་གསུམ་མ་དམ་བཅའ་ཇི་ཙམ་ཡོད་པ་ལས་མི་ཉུང་བར་བཟླ། མཐར་སྙིང་གའི་ཆོས་འབྱུང་ཟླ་བ་ཡིག་འབྲུ་དང་བཅས་པ་བདེ་བ་བསྐྱེད་པར་འདོད་ན་གསང་གནས་དང་མི་རྟོག་པ་བསྐྱེད་པར་འདོད་ན་ལྟེ་བར་ཕབ་ལ་རླུང་ཁ་སྦྱར་ཏེ། ཆོས་འབྱུང་གི་མདུན་རྒྱབ་གཉིས་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་པ་གཡོན་དུ་འཁོར་བ་ལ་སེམས་གཏད་ཅིང་སྔགས་ཀྱི་ཡི་གེ་འབྲུ་གཡོན་སྐོར་དུ་གནས་པ་ལ་ཡིད་ཀྱིས་ལན་བདུན་བཀླག ལྟེ་བའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་ཏེ། གཟུགས་མེད་ཁམས་པ་ལུས་ཀྱི་བསྟོད་ཀྱི་ཆ་ལ། གཟུགས་ཁམས་པ་བར་གྱི་ཆ་ལ། འདོད་ཁམས་པ་སྨད་ཀྱི་ཆ་ལ། རང་གི་སྐུ་སྟོད་སྐུ་སྨད་ནས་རིམ་གྱིས་འདུས་ཏེ་ཆོས་འབྱུང་ལ། ཆོས་འབྱུང་ཟླ་བ་ལ། ཟླ་བ་སྔགས་ཕྲེང་ལ། སྔགས་ཕྲེང་བྂ་ཡིག་ལ། བྂ་ཡིག་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་དའང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པར་བསམ། ལྡང་བའི་ཚེ་རྗེ་བཙུན་མ་ཕྱག་མཚན་མེད་པའི་སྐུར་
ལྡང༌། རྩ་དབུ་མའི་མན་ངག་དང་འདའ་ཁ་མའི་གདམས་ངག་ཡོད་ན་འདིར་བསྒོམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །མཁའ་སྤྱོད་མ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་ཀྱང༌། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ཅིང༌། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེ་ཆོས་གསུང་ཡང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོགས་སྨོན་ལམ་ཅི་ཤེས་གདབ། སྤྱོད་ལམ་གྱི་ཚེ་རང་དང་སྣང་བ་ཐམས་ཅད་རྗེ་བཙུན་མའི་སྐུ། གྲགས་པ་ཐམས་ཅད་ཨོཾ་གསུམ་མའི་སྔགས། སེམས་ཀྱི་དྲན་རིགས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་མ་གཡོས་པར་ཤེས་པའི་སྐུ་གསུང་ཐུགས་ཀྱི་དགའ་བ་གསུམ་དང་མ་བྲལ་བར་བྱའོ། །གཏོར་མ་འབུལ་ན། ཅི་འབྱོར་པའི་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ནཱ་ཡ་ཧོཿ བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕཻཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང༌། རྣལ་འབྱོར་མ་དང༌། ཆོས་སྐྱོང་བ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་གསུམ་མའི་རྗེས་སུ།
ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་ལྔས་ཕུལ། བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ། པུཥྤཾ། དྷུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་འབྲུ་གསུམ་བརྗོད་ཅིང་ནང་བདུད་རྩིས་ཀྱང་མཆོད་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། ཆོས་སྐྱོང་ལ་གཏོར་མ་འབུལ་ན་སྐབས་འདིར་ཕུལ་ལ། རྗེས་ཆོག་ཀྱང་སྤྱི་དང་མཐུན་པར་བྱའོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣལ་འབྱོར་བཅུ་གཅིག་ཉམས་སུ་ལེན་ཚུལ་འདིའང་དོན་གཉེར་མང་པོས་བསྐུལ་བའི་ངོར། ངག་འདོན་རྣམས་བླ་མ་རྡོ་རྗེ་འཆང་ཀུན་དཀའ་བཟང་པོའི་གསུང་རབ་གཞིར་བཞག རྣལ་འབྱོར་ལྷག་མ་རྣམས་དཔལ་ས་སྐྱ་པ་ཆེན་པོའི་གསུང་རབ་ནས་ཁ་བསྐངས་ཏེ། ཉམས་སུ་བླང་བདེ་བར་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་སྦྱར་བའོ།། ༈ །བརྒྱུད་འདེབས་ནི། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་ལོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། ཁ་སྐོང་ནི། ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་དང༌། །བསོད་ནམས་སེང་གེ་སངས་རྒྱས་རིན་ཆེན་ཞབས། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་
གྲུབ་དང༌། །བུདྡྷ་སིཾ་ཧཱ་རྣམས་ལ་གསོལ་བ་འདེབས།»་་་་་འདི་ཡན་ནམ་མཁའ་དཔལ་བཟང་གིས་མཛད། འཕྲོས་རྣམས་གསར་ངུ་བྲིས་པའོ།། «ནམ་མཁའ་དཔལ་བཟང་བསོད་ནམས་ལྷུན་གྲུབ་དང༌། །ཀུན་དགའ་བཀྲ་ཤིས་ཤེས་རབ་འབྱུང་གནས་ཞབས། །དཔལ་མཆོག་རྒྱལ་མཚན་དམ་ཆོས་བསམ་འགྲུབ་དང༌། །སངས་རྒྱས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །བཀྲ་ཤིས་ལྷུན་གྲུབ་བསྟན་འཛིན་ལྷུན་གྲུབ་དང༌། །དཔལ་ལྡན་ཆོས་སྐྱོང་རིན་ཆེན་མཆོག་གྲུབ་ཞབས། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་དང༌། །འཇམ་དཔལ་བཟང་པོ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །བསྐྱེད་རིམ་ཟབ་མོའི་མཁའ་སྤྱོད་རྣལ་འབྱོར་དང༌། །རྫོགས་རིམ་དབུ་མའི་རྣལ་འབྱོར་བསྒོམས་པའི་མཐུས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དང༌། །མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ནཱ་རོ་ཏ་པའི་མན་ངག་གི་ཉེ་བརྒྱུད་ལ་གསོལ་བ་འདེབས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།། ༈ །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་བྱ་ཚུལ་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སིཾ་ཧཱ་ཡ། བླ་མ་ཡི་དམ་དབྱེར་མེད་དང༌། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི། །བྱིན་རླབས་ཇི་ལྟར་བྱ་བའི་ཚུལ། །ཆོ་གའི་རིམ་པ་ཅུང་ཟད་འབྲི། །དེ་ལ་འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། བླ་ཆེན་འཕགས་པས་མཛད་པའི་བྱིན་རླབས་ཀྱི་ཡི་གེ་ལས་རྟོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་སློབ་དཔོན་གྱི་བྱ་བ་ནི། མཆོད་པའི་ཡོ་བྱད་རྣམས་ལ་རྡོ་རྗེའི་རྩེས་ནང་མཆོད་གཏོར་ཏེ། ཨོཾ་སུམྦྷ་སོགས་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨ་བདུན་ལས་ཐོད་པའི་སྣོད་བདུན་གྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་
མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། རོལ་མོ་དང་གྷཎྜི་ར་ཎི་སོགས་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་དང་མཉམ་པའི་སོགས་ནས་འོད་གསལ་སྟོང་པ་ཉིད་དུ་གྱུར་པར་བསམ། ལྡང་བའི་ཚེ་རྗེ་བཙུན་མ་ཕྱག་མཚན་མེད་པའི་སྐུར་ལྡང་ཞེས་པའི་བར་རྗེ་བཙུན་རཏྣ་ནི་ར་བྷོ་གས་མཛད་པའི་ཡིག་ཆ་ལྟར་བྱའོ། །མདུན་བསྐྱེད་བསང་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྂ་ལས་མེ། བྂ་ལས་ཆུ། ལྂ་ལས་ས། ཀྂ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་ལྔས་ཡོངས་སུ་གང་བའི་སྟེང་དུ་པྂ་ལས་པདྨ། རྂ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། ཨེ་ཡིག་ཉིས་བརྩེགས་ལས་བྱུང་བའི་ཆོས་འབྱུང་ཉིས་བརྩེགས་ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པྂ་ལས་པདྨ་རྂ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྂ་ཡིག་དམར་པོའི་ཐ་མར་སོགས་ནས་ཞེས་པས་བསྐོར་ཏེ་གནས་པ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བྱུང་བའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས་ཙཎྜི་ཀའི་ངོ་བོ། ཕཻཾ་ཐུགས་ཀའི་སོགས་ནས་ཤུདྡྷོ྅་ཧཾ། མཆོད་པ་བྱིན་རླབས་སྔ་མ་ལྟར་ལས་ཤབྡ་ཨཱཿཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ཀུན་ལ་སྦྱར་བའི་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། རོལ་ཆེན་དང་གྷཎྜེ་ར་ཎི་སོགས་བརྗོད། མཚན་སྔགས་སྔོན་དུ་འགྲོ་བའི་ཨོཾ་རཱུ་པ་སོགས་ནས་སྤརྵེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཿཧཱུྃ། ཞེས་སོགས་ཕྱག་རྒྱར་བཅས་པས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་
བརླབ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སངས་རྒྱས་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ནང་མཆོད་གཏོར། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་པ་དང་ཕམ་འཐིང་པ། །ཤེས་རབ་བརྩེགས་དང་མལ་ལོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཞལ་དུ་ཨོཾ་ཨཱཿཧཱུྃ། ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང༌། །ཡེ་ཤེས་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་དང༌། །བསོད་ནམས་སེང་གེ་སངས་རྒྱས་རིན་ཆེན་ཞབས། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་དང༌། །བུདྡྷ་སིཾ་ཧའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་དབང་བསྐུར་སོགས་དང༌། ཨོཾ་ཨོཾ་ཨོཾ་སོགས་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བྱ་བའི་རྒྱུད་སོགས་ནས། ལྡན་པར་གྱུར་ཅིག་ཨོཾ་ཨཱཿཧཱུྃ་ཞེས་པའི་བར་མ་རྒྱུད་སྤྱི་དང་མཐུན་པར་བྱའོ། །འབྲུ་གསུམ་གྱིས་བདུད་རྩི་རང་གི་ལྕེ་ལ་མྱོང་ངོ༌། །ན་མོ་ཆོས་ཀྱི་དབྱིངས་སོགས་ནས་སྭཱ་ཧཱས་ཡིད་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། དཔལ་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང་སོགས་ནས་ཧ་ཧོ་ཧྲཱིཿ ཨོཾ་གསུམ་མའི་རྗེས་སུ་ཨོཾ་ཨ་ཀཱ་རོ་སོགས་ནས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཆོས་སྐྱོང་གི་གཏོར་མ་གཏོར་ཆོག་ལྟར་ཕུལ། མཁའ་འགྲོ་སྤྱི་གཏོར་བདེ་མཆོག་ལྟར་བྱའོ། །དེ་ནས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྂ་ལས་པདྨ་དང་
རྂ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྂ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱངས་པ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་ཆུའི་དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་སོགས་ནས་ཐིམ་ཞེས་པའི་བར་སྒྲུབ་ཐབས་ལྟར་བརྗོད་མཚན་སྔགས་རེ་རེ་སྦྱར་བའི་ཨརྒྷཾ་ནས་ཤབྡ་རོལ་ཆེན་དང་བཅས་པས་ཕྱི་མཆོད། ཨོཾ་གསུམ་མའི་རྗེས་སུ་འབྲུ་གསུམ་བཏགས་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད། དཔལ་ལྡན་སོགས་ཀྱིས་བསྟོད། གཟུངས་ཐག་ནས་བཟུང་སྟེ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་ནང་གི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་རྒྱུད་བསྐུལ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཟག་པས་བུམ་པ་གང་བར་གྱུར། ཨོཾ་གསུམ་མ་དང༌། སུམྦྷ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཅི་རིགས་བཟླ། སླར་ཡང་མཆོད་བསྟོད་གོང་ལྟར་བྱ། འདོད་དོན་གསོལ་གདབ་དང༌། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་བརྗོད། ཨོཾ་ཨཱཿཧཱུྃ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་ཅེས་བརྗོད། དེ་ནས་སློབ་དཔོན་གྱི་མདུན་དུ་མཎྜལ་མེ་ཏོག་བུམ་པ་དང་བཅས་པ་སྟ་གོན་བྱས་ཏེ་བྱིན་རླབས་ཀྱི་འཇུག་པ་ནས་བརྩམས་ཏེ་སྤྱད་དུ་གསོལ་གྱི་བར་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་བདག་འཇུག་གི་ཚུལ་དུ་བླང་ངོ༌། །གཏོར་མ་སྐབས་འདིར་ཕུལ་ཀྱང་རུང་བས་གང་བདེ་བྱ་ཆོག་གོ །གཉིས་པ་སློབ་མ་ལ་བྱ་བ་ལ། བདེ་མཆོག་ལཱུ་ནག་སོགས་གང་རུང་གི་དབང་
ཐོབ་པའི་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ནང་གཤིམ་པ་རྣམས་ཁྲུས་བྱས་ནས་གཡོན་སྐོར་ཏུ་གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས། འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གསན་རྒྱུའི་བྱིན་རླབས་ལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པའི་ནང་ནས། འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་གདམས་པ་རྒྱ་མཚོ་ཙམ་བཞུགས་པའི་ནང་ཚན། གཙོ་བོར་མཆོག་སྒྲུབ་པ་ལ་དམར་མོ་སྐོར་གསུམ་དང༌། ལས་རྒྱས་པ་ལ་དམར་པོ་སྐོར་གསུམ་དང་གཉིས་ལས། འདིར་དམར་མོ་སྐོར་གསུམ་གྱི་ཕྱོགས་ཡིན། དེ་ལའང་རྗེ་བཙུན་ནཱ་རོ་ཏ་པས་བདེ་མཆོག་ལེའུ་ཉི་ཤུ་རྩ་གཅིག་པ་ལ་བརྟེན་ནས་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་དང་ལམ་གྱི་ཆ་རྐྱེན་ལ་སོགས་པ་མཛད་དེ། དེ་རྣམས་ལ་ནཱ་རོ་མཁའ་སྤྱོད་ཅེས་གྲགས་སོ། །ཡང་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་རྒྱུད་དེ་ཉིད་ལ་བརྟེན་ནས་ཕག་མོ་ཞལ་གཉིས་མའི་བྱིན་རླབས་དང༌། སྔགས་བཏུ་ལ་སོགས་པའི་གདམས་པ་དང་བཅས་མཛད་པ་རྣམས་ལ་ཨིནྡྲ་མཁའ་སྤྱོད་ཅེས་ཡོངས་སུ་གྲགས་པ་དང༌། ཡང་གྲུབ་ཆེན་མཻ་ཏྲི་པས་རྒྱུད་རལ་པ་གྱེན་བརྫེས་ལ་བརྟེན་ནས་རིག་པ་འཛིན་པ་རྩེན་མའི་བྱིན་རླབས་མན་ངག་དང་བཅས་མཛད་པ་ལ་མཻ་ཏྲི་མཁའ་སྤྱོད་ཅེས་གྲགས་པ་རྣམས་སུ་ཡོད་པ་ལས་འདིར་གྲུབ་ཆེན་ནཱ་རོ་པའི་ཕྱོགས་ལ་བརྟེན་པ་ཡིན། དེ་ལའང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག་དང༌། བསྐྱེད་པའི་རིམ་པ་ནཱ་རོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ། ལམ་གྱི་ཆ་རྐྱེན་པྲ་
སེ་ནཱ་དབབ་པ་དང༌། ལངྐ་ལཱི་ཡ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ཟབ་མོ་སྒྲུབ་པར་བྱེད་པ་ཡིན། དེ་ལ་གང་གིས་སྒྲུབ་པར་བྱེད་པའི་སློབ་དཔོན་ནི། འཁོར་ལོ་བདེ་མཆོག་ལཱུ་ནག་སོགས་གང་རུང་གི་དཀྱིལ་འཁོར་དུ་དབང་ཐོབ་པ། འདིའི་བྱིན་རླབས་ཐོབ་ཅིང་ཆག་མེད་རྒྱུན་དུ་བྱེད་པ་ཞིག་དགོས། གང་ལ་བྱ་བའི་སློབ་མ་ནི། དབང་ཐོབ་ཅིང་བྱིན་རླབས་དོན་དུ་གཉེར་བ་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བྱེད་པའི་སློབ་མ་ཞིག་ལ་བསྟན་པར་བྱ་བ་ཡིན་ལ། ནམ་བྱ་བའི་དུས་ནི་རྩ་རྒྱུད་ལས། ཚེས་བཅུ་ལ་ནི་དེ་རབ་མཆོད། །ཅེས་གསུངས་པས་གཙོ་བོར་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་ལ་མར་ངོའི་ཚེས་བཅུ་དང༌། མཐུན་རྐྱེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པར་བྱེད་པ་ལ་ཡར་ངོའི་ཚེས་བཅུ་གཉིས་ཡོད་པ་ལས། ད་ལན་ཡར་ངོའི་ཚེས་བཅུའི་སྐབས་སུ་བབས་པ་ཡིན། དེ་ལས་གཞན་པའི་ཚེས་གྲངས་ལ་མི་བྱ་སྟེ། དུས་ཚེས་མ་དག་པར་འགྱུར་བའི་ཕྱིར་རོ། །ཚུལ་ཇི་ལྟར་བྱ་བའི་ཆོ་ག་ལ་སྔོན་དུ་འགྲོ་བ་སློབ་དཔོན་གྱི་བྱ་བ་དང་དངོས་གཞི་སློབ་མ་ལ་བྱ་བ་གཉིས་ལས། དང་པོ་སྔོན་དུ་འགྲོ་བ་སློབ་དཔོན་གྱི་བྱ་བ་ལ། མཆོད་པ་བྱིན་རླབས་སྔོན་ཏུ་འགྲོ་བའི་སྒོ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་བསྐྱེད་སྒྲུབ་ཅིང་མཆོད་བསྟོད་བྱ་བ། གཏོར་མ་འབུལ་བ། བུམ་པ་སྒྲུབ་པ། སློབ་མ་ལ་ཇི་ཙམ་བསྐུར་བའི་བྱིན་རླབས་ཐམས་ཅད་སློབ་དཔོན་རང་ཉིད་ཀྱིས་བདག་འཇུག་གི་ཚུལ་དུ་བླང་དགོས་པ་རྣམས་སྔོན་དུ་ལེགས་པར་གྲུབ་ཟིན། གཉིས་པ་དངོས་གཞི་སློབ་མ་ལ་བྱ་བ་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པ། ཞུགས་ནས་བྱིན་རླབས་དབང་བཞིའི་
ཚུལ་དུ་བསྐུར་བ་རྣམ་པ་གཉིས་ཡོད་པ་ལས། ཐོག་མར་བྱིན་རླབས་ཀྱི་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་སློབ་དཔོན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་མཎྜལ་འབུལ་བར་ཞུ། དེ་ནས་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། ནས། འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ནས། སྔོན་ཆད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་དམ་དུ་བཅིངས་པའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་གདོང་བཅིངས་ནས། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་དུ་མི་བཏུབ་པས་ཨུ་དུམ་ཝཱ་ར་ལ་སོགས་པའི་མེ་ཏོག་གི་ཕྲེང་བར་བྱིན་པར་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་པས་མེ་ཏོག་གི་ཕྲེང་བ་གཏད་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་ཁཎྜ་རོ་ཧིའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། ཁྱེད་རང་རྣམས་ལ་བྱིན་གྱིས་བརླབ་པ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་པ་མཛོད། སུམྦྷ་སོགས་བརྗོད་ཅིང་བུམ་ཆུ་གཏོར། སློབ་དཔོན་གྱིས་བདུད་རྩི་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་དང་སྐུ་ལ་གཏོར་ཏེ་བསྲུང་བ་བྱས་པར་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་དེ་ལྟར་ལུས་ཐམས་ཅད་
ཡེ་ཤེས་ཀྱི་བདུད་རྩིས་གང་ཞིང་ཟག་མེད་ཀྱི་བདེ་བས་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། དེ་ནས་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བ་ལྟ་བུ་སྐྱ་ཆིལ་བར་གསལ་བཏབ་ལ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་གྱེན་དུ་ལངས་པར་བྱུང་བར་མོས་ཏེ། བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡཱ་མི་ཞེས་བརྗོད་ནས། སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྙིང་གར་རྡོ་རྗེ་བཞག་པའི་སྒོ་ནས་བརྟན་པར་བྱས་པའི་མོས་པ་མཛོད། སུ་ར་ཏི་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་ནས། གཞན་ཡང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་སྤྱོད་ཐམས་ཅད་སྣོད་དང་མི་ལྡན་པ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསང་བར་གདམས་པ་ནི་མགོ་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པས་གསང་བར་གདམས་ནས། ནང་འཇུག་གི་སླད་དུ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་མགོ་དུད་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཛཿཧཱུྃ་བཾ་ཧོཿ ཞེས་པས་སིནྡྷཱུ་རའི་དཀྱིལ་འཁོར་གྱི་དྲུང་དུ་ཁྲིད་ནས་ཤར་དུ་འཁོད་པར་མོས་པ་མཛོད། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་དབུས་ན་
བཞུགས་པའི་བླ་མ་དང་རྗེ་བཙུན་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པར་མོས་པ་བྱས། དེ་དག་གི་སྤྱན་སྔར་རང་གཞན་གྱི་ཕ་མས་ཐོག་དྲངས་མཁའ་མཉམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་བརྗོད། ཅེས་རྒྱུད་དག་པར་བྱས་ནས་མདོར་ན་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་ཐམས་ཅད་ཚུལ་བཞིན་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། སྲས་བཅས་སངས་རྒྱས་སོགས་གསུམ། ཞེས་པས་སྡོམ་པ་ཐམས་ཅད་ཚུལ་བཞིན་དུ་བཟུང་ནས། སླར་ཡང་དེ་དག་གི་སྤྱན་སྔར་དམ་ཚིག་ཉི་ཤུ་རྩ་གཉིས་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་གཟུང༌། །ཞེས་དམ་ཚིག་བཟུང་བ་དང་བཅས་པ་ནི་སྔོན་འགྲོ་ཡིན། དངོས་གཞི་ལ་ཁྱེད་རང་རྣམས་དམིགས་པ་
འདི་བཞིན་མཛོད། སིནྡྷཱུ་རའི་དཀྱིལ་འཁོར་གྱི་དབུས་སུ་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བཞུགས་པ་དེ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་སྙམ་པའི་མོས་གུས་བྱས་པའི་རྐྱེན་གྱིས་བཅོམ་ལྡན་དས་མའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པར་གང་བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས་ཤིང་སྦྱངས། འོད་ཟེར་རྣམས་ཚུར་འདུས་ཏེ་ཁྱེད་རང་རྣམས་ཀྱི་ལྟེ་བའི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྂ་ཡིག་སོགས་ནས། སྭཱ་ཧཱ་ཞེས་པ་དམར་ཁྱིལ་གྱིས་འཁོར་བའི་མོས་པ་མཛོད། དེ་ལས་འོད་ཟེར་འཕྲོས་སྣོད་ཐམས་ཅད་ལ་ཕོག་པས་ཡོངས་སུ་དག་པའི་གཞལ་ཡས་ཁང་དང༌། བཅུད་ཀྱི་སེམས་ཅན་ལ་ཕོག་པས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། འོད་ཟེར་དེ་རྣམས་ཚུར་འདུས་ཏེ་ཁྱེད་རང་རྣམས་ཀྱི་ལྟེ་བའི་བྂ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་མོས་པ་མཛོད། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས། ཙཎྜི་ཀཱའི་ངོ་བོ་སྟེ་གོ་ཆ་རྣམས་ཀྱང་ངོ་བོ་ལྷ་ཡིན་པ་ལ་རྣམ་པ་ཡིག་འབྲུའི་གཟུགས་སུ་གསལ་ལམ་གྱིས་བཏབ་ནས། བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་ཁྱེད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་སྩལ་ཞིང་བརྟན་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་
མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་དང༌། ཡེ་ཤེས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་མཐེ་བོང་གི་ཚད་ཙམ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་གྱིས་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། མགྲིན་པ་དང་སྙིང་ག་ནས་དམར་ཧྲིལ་གྱིས་སོང་བས་ལྟེ་བའི་ནང་གི་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་ཀྱི་བྂ་ཡིག་ལ་ཐིམ་པས། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཅན་གསལ་ལམ་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱིས་ཨོཾ་གསུམ་མ་བརྗོད་ཅིང་ཏིང་ལོ་སྦྱིན། ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཆོས་འབྱུང་གི་ནང་གི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་བདེ་བ་ཆེན་པོས་ཡོངས་སུ་གང་བས་ལུས་ཀྱི་གནས་ཉི་ཤུ་རྩ་བཞིར་བདེ་བ་ཆེན་པོའི་གར་སྟབས་བསམ་གྱིས་མི་ཁྱབ་པ་བསྒྱུར་པས་ཁྱེད་རང་རྣམས་ཀྱི་ཐུགས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་མོས་པ་མཛོད། ཡང་དམིགས་པ་འདི་བཞིན་དུ་མཛོད། ལྟེ་བའི་ནང་གི་ཆོས་འབྱུང་གི་མདུན་རྒྱབ་གཉིས་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པར་མོས་པ་མཛོད། སླར་ཡང་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཕྱིའི་སྨིན་མཚམས་ཀྱི་ཐད་ཀར་དགའ་བ་འཁྱིལ་བ་གཡོན་སྐོར་དུ་དམར་ཁྱིལ་གྱིས་འཁོར་བ་ལ་སེམས་གཏད་པས་མི་རྟོག་པའི་ཡེ་ཤེས་སྐྱེས་པར་མོས་པ་མཛོད། ཡང་དམིགས་པ་འདི་བཞིན་མཛོད། སྙིང་གའི་བྂ་ཡིག་གི་མཐའ་སྐོར་གྱི་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོར་བ་དང༌། ཆོས་འབྱུང་གི་དགའ་བ་འཁྱིལ་བ་གཡོན་སྐོར་དུ་འཁོར་བ་དང༌། ཕྱིའི་སྨིན་མཚམས་ཀྱི་ཐད་ཀའི་དགའ་བ་འཁྱིལ་བ་གཡོན་སྐོར་དུ་འཁོར་བ་རྣམས་ལ་དུས་ཅིག་ཏུ་ཤེས་པ་གཏད་པས་ཁྱེད་
རང་རྣམས་ཀྱི་རྒྱུད་ལ་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་སྐྱེས་པར་མོས་པ་མཛོད། དེའི་ཚེ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པ་ཐམས་ཅད་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་བ་སྤུའི་བུ་ག་དབང་པོའི་སྒོ་ཐམས་ཅད་ནས་མར་མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་གཉིས་སུ་མེད་པར་ཐིམ་པར་མོས་པ་མཛོད། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཀྱང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་སོགས་ནས། ཐིམ་པས་ལུས་ངག་ཡིད་གསུམ་དང་དབྱེར་མེད་རོ་གཅིག་ཏུ་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། སློབ་དཔོན་གྱིས་ཌཱ་དྲིལ་རོལ་མོ་སོགས་དང༌། ངག་ཏུ་ཨོཾ་གསུམ་མ་བརྗོད། ཅེས་པས་བྱིན་གྱིས་བརླབས་ནས། དེ་ལྟར་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ་བའི་ཕྱིར་དུ་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དོར་བ་ནི་འདི་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། རིམ་པ་ལྟར་བྱོན་ནས་གཡོན་པའི་ཕྱག་གིས་མེ་ཏོག་དེ་རྗེ་བཙུན་མའི་དབུ་ལ་ཕུལ་བར་མོས་ཏེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུང་ཞིང་མེ་ཏོག་དོར་བ་ཞུ། དེ་ཉིད་སློབ་དཔོན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ་ཨོཾ། ཞེས་པས་བྱིན་གྱིས་བརླབས་ནས། སློབ་དཔོན་གྱིས་ཨོཾ་བཛྲ་ནཻ་ཏྲ་
ཨ་པ་ཧཱ་ར་པ་ཊ་ལཾ་ཧྲཱིཿ ཞེས་པས་ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཐོག་དང་མིག་རས་ལྷན་ཅིག་ཏུ་ཕྱེས་ནས་དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ནི། འདི་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ་འོག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ནི་ཀུན་རྫོབ་བརྡར་བཏགས་པའི་དཀྱིལ་འཁོར་བརྡའམ་མཚན་མ་ཙམ་ཡིན་ལ། དེའི་སྟེང་དུ་འབྱུང་བཞི་རི་རབ་ཀྱི་སྟེང་དུ་ཐོད་པ་དཀར་པོ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་ལྔས་གང་བའི་སྟེང་དུ་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཉིས་བརྩེགས་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞབས་གཡས་བརྐྱངས་པས་སོགས་ནས་བཞུགས་པ་སྟེ། མདོར་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གདོས་བཅས་ཀྱི་རྣམ་པ་མ་ཡིན་པར་མེ་ལོང་ནང་གི་གཟུགས་བརྙན་ལྟར་མངོན་སུམ་ལྟ་བུར་གཟིགས་པ་ཡིན་སྙམ་དུ་མོས་པ་མཛོད། དེས་འཇུག་པའི་ཆོ་ག་གྲུབ་ནས། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྣལ་འབྱོར་མ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་མཁའ་སྤྱོད་མ་དཔལ་གཙོ། །དེ་བཞིན་བདག་ལའང་དེང་སྩོལ་ཅིག །ལན་གསུམ། དམིགས་པ་འདི་བཞིན་མཛོད། སིནྡྷཱུ་རའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུ་གསུམ་གྱི་སར། རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཁྱེད་རང་རྣམས་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་
མའི་སྐུ་ཅན་རེ་རེར་གསལ་བར་གྱུར་པའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པར་མོས་པ་མཛོད། ཕཻཾ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་བསྐུར་གྱི་ལྷ་འཁོར་ལོ་བདེ་མཆོག་དྲུག་ཅུ་རྩ་གཉིས་མདུན་གྱི་ནམ་མཁར་བྱོན། ཅེས་སྤྱན་དྲངས་ཏེ། དབང་གི་ལྷས་མདུན་གྱི་ནམ་མཁའི་ལྟོས་ཐམས་ཅད་ཁྱབ་ནས་བཞུགས་པར་མོས་པར་བྱས་ཏེ། ཁྱེད་རྣམས་ཀྱི་ཕྱོགས་སུ་བུམ་པ་ཅུང་ཟད་ཡོ་བ་དང་བཅས་པས་མེ་ཏོག་གི་ཆར་དབབ་ཅིང་བཀྲ་ཤིས་ཀྱིས་མངའ་གསོལ་བར་མོས་པ་མཛོད། བཀྲ་ཤིས་གང་ཞིག་ཅེས་སོགས་ཤློ་ཀ་གསུམ་བྱ། ནམ་མཁར་བཞུགས་པའི་དབང་གི་ལྷའི་གཙོ་མོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་རིགས་ལྔས་བུམ་པ་དཀར་པོ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱི་གླུ་ལེན། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད་པ་དང་བཅས་པའི་སྒོ་ནས་དབང་བསྐུར་བའི་མོས་པར་མཛོད། སློབ་དཔོན་གྱིས་བུམ་པ་སྤྱི་བོར་བཞག་ཅིང༌། ངག་ཏུ་ཇི་ལྟར་བལྟམས་པ་ནས་ཤྲི་ཡེ་ཧཱུྃ་ཙཀྲ་བཱི་ར་སྟྭཾ་ཨ་བྷི་ཥིཉྩ་མི། བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་མོས་པ་མཛོད། སློབ་དཔོན་ནམ་མཁར་བཞུགས་པའི་དབང་གི་ལྷ་རྗེ་བཙུན་མ་འཁོར་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་སོགས་
དང་མེ་ཏོག་སྤྱི་བོར་བཞག་གོ །དེས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ཡིན། སྔགས་ཀྱི་བཟླས་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་རྗེ་བཙུན་མ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་བྱས་པས་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་བྱེ་རུ་བསྟར་ལ་བརྒྱུས་པ་ལྟར་བསམ་གྱིས་མི་ཁྱབ་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་དང༌། བྱིན་རླབས་ཐམས་ཅད་སྔགས་ཀྱི་ཕྲེང་བའི་རྣམ་པར་སྤྱན་དྲངས་ཏེ། ཞལ་ནས་འཐོན་པའི་སྔགས་ཕྲེང་དང་དབྱེར་མེད་དུ་གྱུར་པ་དེ་ཉིད་ཁྱེད་རྣམས་རྗེ་བཙུན་མའི་སྐུ་ཅན་དུ་གསལ་བའི་ཞལ་དུ་ཞུགས་ཐུགས་ཀའི་བྂ་ཡིག་གི་མཐའ་ནས་ཕར་གཡས་སྐོར་དུ་དམར་ཁྱིལ་གྱིས་འཁོད་པར་མོས་པ་བྱས་ནས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨོཾ་ཨོཾ་སོགས་ལན་གསུམ་བརྗོད། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབ། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་ཏེ་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སོགས་ལན་གསུམ། ཁྱེད་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ་བ་དེ་ཉིད་སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བའི་རང་བཞིན་དུ་བྱས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་བརྗོད། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་མའི་གསང་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འཇུག་པར་གྱུར་ཅིག ཅེས་སྔགས་ཀྱི་རྗེས་སུ་གནང་བ་ཡིན། དམ་བཅའ་བའི་ལུང་གི་སླད་དུ་ཉིན་རེ་བཞིན་ལ་སྔགས་ཇི་ཙམ་བཟླ་བའི་དམ་བཅའ་ཁས་ལེན་
དུ་བཅུག་ལ། དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡི་དམ་གྱི་ལྷར་བཟུང་ཞིང་དེའི་གསང་སྔགས་ཨོཾ་གསུམ་མ་ཉིན་རེ་བཞིན་ཉི་ཤུ་རྩ་གཅིག་ལ་སོགས་པ་མ་ཆག་པར་དམ་བཅའ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡི་དམ་གྱི་ལྷར་བཟུང་ཞིང་དེའི་གསང་སྔགས་ཨོཾ་གསུམ་མ་ཉི་མ་རེ་རེ་བཞིན་ཉི་ཤུ་རྩ་གཅིག་ལ་སོགས་པ་མ་ཆག་པར་འདོན་པར་དམ་འཆའ་ལགས་སོ། །དེ་རྣམས་བརྟན་པའི་ཕྱིར་སློབ་དཔོན་གྱིས་གཡོན་པས་སྲིན་ལག་གིས་སིནྡྷཱུ་རའི་རྡུལ་ཚོན་བླངས་ཏེ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རེག་པས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། སློབ་དཔོན་གྱིས་ངག་ཏུ་ཨོཾ་གསུམ་མ་བརྗོད། དེ་ལྟར་ན་བུམ་པའི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་མཛོད། གསང་དབང་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། སིནྡྷཱུ་རའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྷ་ག་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། མཎྜལ་གྱི་འོག་གི་ཐོད་པའི་བདུད་རྩི་དང་འདྲེས་པ་དེ་ཉིད་སློབ་དཔོན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པར་མོས་པ་མཛོད། ཨོཾ་གསུམ་མ་དང༌། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང༌། ཞེས་བྱིན་པའི་བདུད་རྩི་དེ་སངས་
རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ནས་མྱང་བས་བདུད་རྩི་དེས་ལུས་ཐམས་ཅད་ལ་ཁྱབ་པས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རགས་རིམ་འགགས་ནས་གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ནས་དེའི་ངང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། དེ་ལྟར་ན་གསང་བའི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ངག་གི་དྲི་མ་དག ལམ་ཙཎྜ་ལཱིའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པར་མཛོད། ཤེས་རབ་ཡེ་ཤེས་ཀྱི་དབང་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་གཡོན་པའི་སྲིན་ལག་གིས་སིནྡྷཱུ་རའི་རྡུལ་ཚོན་བླངས་ཏེ། ཁྱེད་རྣམས་ཀྱི་དཔྲལ་བ་མགྲིན་པ་སྙིང་ག་གསང་གནས་རྣམས་སུ་ཡས་རིམ་གྱིས་རེག་པས་ནམ་མཁར་བཞུགས་པའི་དབང་བསྐུར་གྱི་ལྷ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དཀར་ལ་དམར་བའི་མདངས་ཆགས་པ་དེ་ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་བྷ་གའི་ནང་ནས་ཞུགས་ཏེ་ལུས་ཐམས་ཅད་ལ་ཁྱབ་པས་རིམ་པ་བཞིན་ལྟེ་བར་བྱོན་པས་དགའ་བ། ལྟེ་བ་ནས་སྙིང་གར་བྱོན་པས་མཆོག་དགའ། སྙིང་ག་ནས་མགྲིན་པར་བྱོན་པས་དགའ་བྲལ་གྱི་དགའ་བ། མགྲིན་པ་ནས་སྤྱི་བོར་བྱོན་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་སྙམ་དུ་མོས་པར་བྱས་ཏེ། ལུས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པས་ཉམས་མྱོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛད་ནས་འཁྱུད་རྒྱ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་
དང་རྗེས་སུ་ཆགས་པའི་བདག་ཉིད་ང་ཡིན་ནོ་ཞེས་པའི་དོན་ཡིན་ནོ། །དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ཡིད་ཀྱི་དྲི་མ་དག ལམ་ཕྱག་རྒྱའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་མཛོད། དབང་བཞི་པ་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ནི། སློབ་དཔོན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཞལ་ནས། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པར་བྱེད་པ་ལ། ལུས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་སོར་བཞག སེམས་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་ཙམ་དུ་ཐག་བཅད། རང་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ཕྱག་རྒྱ་ལ་མཉམ་པར་སྦྱར་བ་དང༌། དེའི་སེམས་རྒྱུད་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་འཛག་མེད་ཀྱི་བདེ་བས་རྒྱུད་གང་བ་དེ་ཡིད་ཡུལ་བྱས་ཏེ། དེའི་ངོ་བོ་ལ་བལྟས་པའི་ཚེ་སྐྱེ་འགག་གནས་པ་ལ་སོགས་པ་ཐམས་ཅད་ཀྱིས་སྟོང་པ་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་སྐྱེ་འགག་མེད་པ་བཞིན་སེམས་ལ་སྐྱེ་འགག་མེད། ནམ་མཁའ་ལ་འགྲོ་འོང་མེད་པ་བཞིན་སེམས་ལ་འགྲོ་འོང་མེད། ནམ་མཁའ་ལ་རྟག་ཆད་མེད་པ་བཞིན་སེམས་ལ་རྟག་ཆད་མེད། ནམ་མཁའ་ལ་མཐའ་དབུས་མེད་པ་བཞིན་སེམས་ལ་མཐའ་དབུས་མེད། ནམ་མཁའ་ལ་འདུས་བྱས་ཀྱི་གནོད་པས་མི་བརྫི་བ་བཞིན་སེམས་ལ་གློ་བུར་གྱི་རྐྱེན་གྱིས་མི་བརྫི། ནམ་མཁས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པ་ལྟར། སེམས་ཀྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པ་སྟེ། མདོར་ན་སྤྲོས་བྲལ་
ནམ་མཁའ་ལྟ་བུའི་ངང་ལ་བློ་ལྷོད་ཀྱིས་ཀློད་ནས་སེམས་ལ་སེམས་ཀྱིས་ལྟ་བའི་ཚུལ་གྱིས་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེ་ལྟར་དབང་བཞི་པ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་མཛོད། དེས་དངོས་གཞི་གྲུབ་ནས། དེ་དག་གི་གནས་སྐབས་སུ་སོགས་རྗེས་ཀྱི་ཆོས་གསུམ་གཞན་དང་འདྲའོ། །དེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཟབ་མོ་གསན་པ་ཡིན་པས་དོ་ནུབ་ནས་བཟུང་སྟེ་ཆག་མེད་ལ་སོགས་པར་བརྩོན་པ་དང་རང་གཞན་གྱི་དོན་རྒྱ་ཆེན་པོར་མཛད་པར་ཞུ། སློབ་དཔོན་གྱིས་བསོད་ནམས་འདི་ཡིས་སོགས་དང་སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་རྗེས་ཆོག་ནི། མཆོད་པ་རྣམས་བསང་སྦྱང་ནས་ཕྱི་ནང་གི་མཆོད་བསྟོད། འདོད་དོན་གསོལ་བཏབ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་བརྗོད་པའི་བར་བུམ་བསྐྱེད་ལྟར་རོ། །མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སོགས་ནས་བཛྲ་མུཿ སིནྡྷཱུ་རའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་དང་བུམ་ནང་གི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཨོཾ་བྂ་སོགས་ཀྱིས་བསྲུང་ངོ༌། །དགེ་བ་འདི་ཡིས་མྱུར་དུ་བདག །སོགས་བསྔོ་སྨོན། བཀྲ་ཤིས་གང་ཞིག་སོགས་ཀྱི་བཀྲ་ཤིས་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་དང་ཆོས་ལྡན་གྱི་བྱ་བ་སོགས་ལ་འཇུག་གོ །ཞེས་པ་འདི་ནི་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་བྱིན་རླབས་ཀྱི་ཡིག་ཆར་མི་གསལ་བ་རྣམས་ཀྱི་གསལ་བྱེད་དུ་བདག་གི་བླ་མས་ཕྱག་ལེན་ཇི་ལྟར་མཛད་པའི་ཚུལ་རྣམས་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་དུ་མཁྱེན་རབ་ཀྱི་དབང་ཕྱུག་རྡོ་རྗེ་འཆང་དཀོན་མཆོག་ལྷུན་
གྲུབ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་བྲང་ཏི་པ་དགེ་སློང་ནམ་མཁའ་དཔལ་བཟང་གིས་ཨེ་ཝྂ་ཐར་པ་རྩེར་སྦྱར་བའོ། །སླར་ཡང་ཕྱི་མོ་ལ་མཆན་དཀྱུས་སུ་ཤོར་བ་སོགས་ཡིག་ནོར་རྒྱུན་འབྱམས་རིགས་ཅུང་ཟད་དག་པར་བགྱིས་ཤིང༌། བྱིན་རླབས་ཀྱི་སྐབས་འཕགས་པ་རིན་པོ་ཆེའི་ཡིག་ཆར་ཞལ་འཕང་མཛད་པ་འགའ་ཞིག་ཕྱོགས་འདིར་ཞལ་འདྲིས་མེད་པའི་ལས་དང་པོ་པ་ལ་ཕན་པར་བསམས་ནས་དཀྱུས་སུ་བྲིས་པ་དགེ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། ༈ །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཟུར་འདེབས་ཉུང་གསལ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཡོ་གི་ནཱི་པཱ་དཱ་ཡ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་བྱ་ཚུལ་མཐོང་བ་དོན་ལྡན་གྱི་ཟུར་འདེབས་ཅུང་ཟད་བརྗོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཚེས་བཅུ་རྣམ་པ་གཉིས་གང་ཡང་རུང་བའི་དུས་ཁྱད་པར་ཅན་གྱི་ཚེ། གནས་དབེན་པར་སྟེགས་བུའི་དབུས་སུ་མཎྜ་ལར་རྡུལ་ཚོན་གྱི་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་ཐམས་ཅད་ཚོན་དམར་པོ། ཕྱི་རོལ་གྱི་བར་ཐམས་ཅད་ལྗང་གུ། བཅད་དཀར་པོ། དབུས་སུ་ཟླ་གདན་ལ་ཚོན་ཕུང་དམར་པོ་བཀོད་པ་ནི་སྐུ་ཚོམ་བུའི་དཀྱིལ་འཁོར། དེའི་སྟེང་དུ་མཉྫིའི་ཁར་ཐོད་པ་བདུད་རྩིས་གང་བ་དར་རམ་རས་དམར་པོས་བཀབ་པ་ནི་གསུང་བདུད་རྩིའི་དཀྱིལ་འཁོར། དེའི་སྟེང་དུ་མེ་ལོང་ལ་སིནྡྷཱུ་ར་བཀྲམ་པར། གསེར་གྱི་ཐུར་མའམ་རྡོ་རྗེའི་རྩེས་ཆོས་འབྱུང་ཉིས་བརྩེགས་ཀྱི་མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་བ་བཞི། དབུས་སུ་བྂ། དེའི་མཐར་མདུན་ནས་བརྩམས་ཏེ་གཡོན་སྐོར་གྱིས་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ་བྲིས་ཏེ་བཤམས་པ་ནི་ཐུགས་སིནྡྷཱུ་རའི་དཀྱིལ་འཁོར་རོ། །དེའི་མདུན་སོགས་གང་བདེར་ཏིང་ལོ་ཆུང་ངུ་འབྲི་མོག་གིས་ཁ་བསྒྱུར་བ་དང༌། སྟེང་དུ་དར་དམར་རམ་ལྭ་དམར་ལྟ་བུའི་གུར་ཁང་མཛེས་པར་ཕུབ་པའི་མཐར་ཤར་ལྷོར་མཚམས་
འཛིན་གྱི་མེ་ཏོག་དང༌། ཤར་དུ་མཆོད་ཡོན་སོགས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡོན་སྐོར། ཤར་ལྷོ་ནས་བྱང་ཤར་གྱི་བར་དུ་གཏོར་མ་གཉིས་སམ་གསུམ། རང་གི་མདུན་དུ་ནང་མཆོད། རྡོ་རྗེ་དྲིལ་བུ། ཌཱ་མ་རུ། བུམ་པ་བཅུད་ལྡན། མཎྜལ། ཉེ་ལོགས་ཅི་བདེ་བར་སྔོན་འགྲོ་གཏོར་མ། སློབ་མ་ལ་དགོས་པའི་མིག་དར། མེ་ཏོག ཏིང་ལོ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ལེགས་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་སློབ་དཔོན་གྱི་བྱ་བ་ནི། སྔོན་འགྲོ་གཏོར་མ་ལ་ཆབ་ཀྱིས་བྲན། རྡོ་རྗེའི་རྩེས་ནང་མཆོད་འཐོར། སུམྦྷས་བསང༌། སྭ་བྷཱ་བས་སྦྱང༌། ལག་པ་གཡས་གཡོན་གཉིས་ཀ་བསྟན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། འབར་བའི་ཕྱག་རྒྱས་བསྐོར་ཞིང་ཕཻཾ་བཛྲ་ཨཱ་རལླི་ཧོཿསོགས་ཀྱིས་སྤྱན་དྲངས་ལ་མཁའ་འགྲོ་སྤྱི་གཏོར་ལྟར་སྔགས་ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་ནས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་ནང་མཆོད་སྲིན་ལག་གིས་གཏོར་ལ་རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་ཡི་ཚོགས་རྣམས་མ་ལུས་དང་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད་པའི་མཐར། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྗེས་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ། སའི་ཕྱོགས་འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་ཞི་བ་དང༌། དེ་ནས་ཀྱང་བྱང་ཆུབ་མ་
ཐོབ་ཀྱི་བར་དུ་སྲུང་ཞིང་དངོས་གྲུབ་སྒྲུབ་པའི་སྡོང་གྲོགས་མཛོད། ཅེས་དང༌། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་བ་དེ་དག་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག སུམྦྷ་སོགས་བརྗོད་ཅིང་རྡོ་རྗེ་གསོར། དྲིལ་བུ་དྲག་ཏུ་དཀྲོལ་ལ་གཏོར་མ་ཕྱི་རོལ་དུ་དོར། གནས་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྂ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞིས་མཛེས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨ་བདུན་ལས་ཐོད་པའི་སྣོད་བདུན་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་གྱུར། སོ་སོའི་སྔགས་རྒྱ་སོགས་དཀྱུས་བཞིན་ལས། གྷཎྜེ་ར་ཎི་ལན་གསུམ་རོལ་མོ་དང་བཅས་པས་བྱིན་དབབ། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་སོགས་སྐྱབས་སེམས་ཀྱི་རྗེས། སྤྲོ་ན་རྡོར་སེམས་ཧེ་རུ་ཀའི་སྒོམ་བཟླས་མ་རྒྱུད་སྤྱི་ལྟར་བྱ། རང་གི་མདུན་གྱི་ནམ་མཁར་སོགས་བླ་མའི་རྣལ་འབྱོར་ནས་བརྩམས་ཏེ་བདག་བསྐྱེད་རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ལྟར་ཉམས་སུ་བླངས་པའི་མཐར། ནཱ་ད་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར་ཅེས་པའི་རྗེས། སླར་ཡང་རང་སྐད་ཅིག་གིས་རྗེས་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་ཅེས་བརྗོད་ཅིང་བསམས་ལ། རང་གི་མདུན་གྱི་ནང་མཆོད་དང༌། གསུང་བདུད་རྩིའི་དཀྱིལ་འཁོར་གཉིས་ཆར་ལ་དམིགས་
ཏེ་བསང་སྦྱང་རྒྱས་པར་སྤྲོ་ན་བདེ་མཆོག་གི་ནང་མཆོད་བྱིན་རླབས་ལྟར་བྱའམ། དེ་ཙམ་མ་གྲུབ་ན་སྒྲུབ་ཐབས་ཀྱི་མཇུག་གི་གཏོར་མ་ལྟར་བྱིན་བརླབ། དེ་ནས་རྡོ་རྗེའི་རྩེས་ནང་མཆོད་བླང༌། དཀྱིལ་འཁོར་གསུམ་ཆར་ལ་གཏོར་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང་སོགས་ནས། ཡོ་ག་ཤུདྡྷོ྅ཧཾ་ཞེས་པའི་བར་བྱིན་རླབས་ཀྱི་དཀྱུས་ལྟར། མཆོད་པ་བསང་སྦྱང༌། སྟོང་པའི་ངང་ལས་ཨ་བདུན་སོགས་བྱིན་རླབས་ཀྱི་དབུ་ནས་འབྱུང་བ་ལྟར་བྱིན་བརླབ། གྷཎྜེ་ར་ཎི་ཏ་མི་དགོས། དེ་ནས་མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་རང་གི་རྩ་བའི་བླ་མ་དང་ཐ་མི་དད་པའི་སྟེང་གི་ཆར་བརྒྱུད་པའི་བླ་མ་རྣམས་དང༌། མཐའ་སྐོར་དུ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་བཞིན་ཏུ་བཞུགས་པར་བསམས་ལ། དེ་རྣམས་ལ་མཆོད་པའི་བསམ་པས་རྒྱས་པར་སྤྲོ་ན་ཕྱི་མཆོད་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གོས་ཟུང༌། རིག་མ་བཅུ་དྲུག རྒྱལ་སྲིད་བདུན། འདོད་ཡོན་ལྔ་རྣམས་ཚིགས་བཅད་དང་སྔགས་སྤེལ་བས་སྤྱི་ལྟར་འབུལ། བསྡུ་ན་ཉེར་སྤྱོད་དང༌། འདོད་ཡོན་ལྔའི་མཆོད་པ་དཀྱུས་སུ་གསལ་བ་ལྟར་གྱིས་མཐུས། ནང་བདུད་རྩིའི་མཆོད་པ་ནི་བྱིན་གྱིས་བརླབས་པའི་ནང་མཆོད་གཡོན་པའི་སྲིན་ལག་གིས་ཐོག་མར་སྤྱི་གཙུག་ནས་འཐོར་ཞིང༌། ཕྱོགས་བཅུ་དུས་གསུམ་སོགས་ནས། རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་སོགས་ནས། སིཾ་ཧའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ནམ་མཁའ་དཔལ་བཟང་བསོད་ནམས་ལྷུན་གྲུབ་དང༌། །ཀུན་དགའ་བཀྲ་ཤིས་ཤེས་རབ་འབྱུང་གནས་ཞབས། །དཔལ་མཆོག་རྒྱལ་མཚན་དམ་ཆོས་བསམ་གྲུབ་དང༌། །སངས་རྒྱས་ཕུན་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། བཀྲ་ཤིས་ལྷུན་གྲུབ་བསྟན་འཛིན་ལྷུན་གྲུབ་དང༌། །དཔལ་ལྡན་ཆོས་སྐྱོང་རིན་ཆེན་མཆོག་
གྲུབ་ཞབས། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་དང༌། །འཇམ་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་དབང་བསྐུར། རྒྱུད་བཤད། མན་ངག་མནོས། ཆོས་ཀྱི་འབྲེལ་བ་ཐོབ་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙིང་གའི་ཐད་ནས་གཏོར་ཏེ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ༴ །གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ནམས་ཀྱི་ཞལ་དུ༴ །དེ་ནས་རང་གི་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་རྣམས་སུ་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ་ཞེས་པས་ལུས་ཀྱི་ལྷ་རྣམས་མཆོད་པར་བསམ། སྐབས་འདིར་གཏོར་མ་ལ་བར་ཕུད་བྲན་ལ་ལྟེ་བའི་ཐད་ནས་གཏོར་ཏེ། དེ་ནས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཨོཾ་ཨཱཿཧཱུྃ། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་དཔལ་མགོན་དམ་ཚིག་ཅན་རྣམས་ཀྱི་ཞལ་དུ༴ །གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚནྡོ་དང་ཉེ་བའི་ཚནྡོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་སྤྲུལ་པའི་སྐུས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ༴ ཞིང་སྐྱོང་བཞི་བཅུ་རྩ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་དང༌། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ༴ གཞན་ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱད། རྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ༴ བོད་ཁམས་སྐྱོང་
བར་ཞལ་གྱིས་བཞེས་པའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་དང༌། གནས་བདག གཞི་བདག ཡུལ་བདག གྲོང་བདག གཉུག་མར་གནས་པ་རྣམས་དང༌། འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་མྱུར་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཨོཾ་ཨཱཿཧཱུྃ། ཞེས་དང༌། རང་གིས་ཀྱང་མྱངས་ལ། ཨོཾ་ཨོཾ་ཨོཾ་སརྦ་སོགས་ལན་གསུམ་བརྗོད་དོ། །དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ནས། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང༌། ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་ཅིང་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ཏེ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ན་མཿས་མནྟ་བུདྡྷ་ནཱཾ། ཨ་བྷི་སྨ་ར་ཡེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀ་ཤཱ་ཡ་ས་མནྟ་མཱཾ། སརྦ་ཏ་ཐ་ག་ཏ་ཨ་པ་རི་ཤོ་དྷཱ་ཡ། མཎྜ་ལེ་མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེནྟ། བནྡྷ་སྭ་སྠཱ་ན་བ་ལེ་ན་ཙཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་སེ་གོལ་ལན་གཉིས་བརྡབ་པ་ནི་ཡིད་བྱུང་གི་མཆོད་པའོ། །བསྟོད་པ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་ཝཱ་རཱ་ཧཱི་བྂ་ཧུཾ་ཧཱུྃ་ཕཊ། ཨོཾ་
ན་མ་ཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་སརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་ཝ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཥ་ནི་ཤོ་ཥ་ནི་རོ་ཥ་ནི་ཀྲོདྷི་ཀ་རཱ་ལི་ནཱི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་སྟྲ་ས་ནི་མཱ་ར་ཎི་སུ་པྲ་བྷཻ་ད་ནི་ཨ་པ་རཱ་ཛཱ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་རཱ་ཧཱི་བྂ་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་བརྒྱད་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤློ་ཀ་གཉིས་ཀྱིས་བསྟོད། རྒྱས་པར་སྤྲོ་ན། ཡེ་ཤེས་ཆེན་པོའི་མཛོད་འཛིན་སོགས་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའང་བྱ། བསྡུ་ན། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་དང༌། བཅོམ་ལྡན་འདས་མས་སོགས་ཀྱིས་གསོལ་བ་གདབ། གཏོར་མ་དཀྱུས་སུ་འདིར་འབུལ་བར་གསུངས་ཀྱང་བདག་འཇུག་གི་རྗེས་སུ་འབུལ་བ་སྟབས་བདེ་བས་ཕྱག་ལེན་ལ་དེ་ལྟར་མཛད། བུམ་པ་དཀྱུས་ལྟར་བསྒྲུབ། བདག་འཇུག་ནི། རང་གི་མདུན་དུ་མཎྜལ་དང་མེ་ཏོག་སོགས་བཤམ། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྂ་ཞེས་བརྗོད་ཅིང་བུམ་ཆུས་ཁྲུས་བྱ། ཨོཾ་བཛྲ་བྷཱུ་མི་སོགས་མཎྜལ་ཚོམ་བུ་བདུན་མའི་མཐར། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་སོགས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། གང་གི་དྲིན་གྱིས་སོགས་ནས། བརླབ་ཏུ་གསོལ། ལན་གསུམ། ཨཱ་ཁཾ་བཱི་ར་ཧཱུྃ་ལན་གཉིས་ཀྱིས་གདོང་བཅིངས་ཤིང༌། མེ་ཏོག་གི་ཕྲེང་བ་བླང་བར་མོས། མདུན་བསྐྱེད་ཀྱི་རྣལ་འབྱོར་མའི་ཐུགས་ཀ་ནས་ཁྲོ་མོ་ཁཎྜ་རོ་ཧཱིའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་རང་ཉིད་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། སུམྦྷ་སོགས་བརྗོད་ཅིང་བུམ་ཆུ་གཏོར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་མྱོང་བས་ནང་རྩ་
ཁམས་ཀྱི་བར་ཆད་ཐམས་ཅད་སྦྱངས་ཤིང་བདེ་བ་ཆེན་པོས་བྱིན་གྱིས་བརླབས་པར་བསམ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། ཨོཾ་སརྦ་སོགས། སྙིང་གར་རྡོ་རྗེ་བཞག་ལ། སུ་ར་ཏི་སོགས་ཀྱིས་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་ཅིང་བརྟན་པར་མོས། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་སོགས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་དུད་ཙམ་དང་བཅས། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་རང་ཉིད་སིནྡྷཱུ་རའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པར་མོས་ཏེ། མདུན་བསྐྱེད་ཚོགས་ཞིང་རྒྱ་མཚོས་བསྐོར་བའི་སྤྱན་སྔར་རྒྱུན་བཤགས། སྡོམ་བཟུང༌། ཁྱད་པར་གྱི་དམ་ཚིག་བཟུང་བ་རྣམས་སོ་སོར་ལན་གསུམ་རེ་བྱ། དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། རང་གི་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས། འོད་ཟེར་རྣམས་ཚུར་འདུས་ཏེ་རང་གི་ལྟེ་བའི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྂ་ཡིག་སོགས་ནས་ཞེས་པས་དམར་ཁྱིལ་གྱིས་བསྐོར་བར་གྱུར། དེ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། འོད་ཟེར་རྣམས་ཚུར་འདུས་ཏེ་ལྟེ་བའི་བྂ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་དང་ཉི་མའི་གདན་ཞེས་སོགས་ནས་ཙཎྜི་ཀཱའི་ངོ་བོ་ཞེས་བརྗོད་ནས་སློབ་དཔོན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་སྩལ་ཞིང་
བརྟན་པར་མཛད་དུ་གསོལ། ཞེས་ལན་གསུམ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་རྗེ་བཙུན་མའི་སྐུ་མཐེ་བོང་གི་ཚད་ཙམ་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་གྱིས་བྱུང་སྟེ་རང་གི་ཞལ་དུ་ཞུགས། མགྲིན་པ་དང་སྙིང་ག་ནས་དམར་ཧྲིལ་གྱིས་སོང་བ་ལྟེ་བའི་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་ཀྱི་བྂ་ཡིག་ལ་ཐིམ་པ་དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་རུ་གྱུར། དེས་ལུས་ཀྱི་གནས་ཉི་ཤུ་རྩ་བཞིར་བདེ་བའི་གར་སྟབས་བསམ་གྱིས་མི་ཁྱབ་པ་བསྒྱུར་བ་དང༌། ནང་གི་ཆོས་འབྱུང་གི་གྲྭ་བཞི་དང༌། ཕྱིའི་སྨིན་མཚམས་ཀྱི་ཐད་རྣམས་སུ་དགའ་བ་འཁྱིལ་པ་གཡོན་ཕྱོགས་སུ་འཁོར་བ་ལ་སེམས་གཏད་པས། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་རང་གི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། ཨོཾ་གསུམ་མ་བརྗོད་ཅིང༌། གུ་གུལ་གྱིས་བདུག རོལ་མོའི་སྒྲ་སྦྱར། སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བཞག་ཅིང༌། ཏིཥྛ་བཛྲས་བརྟན་པར་བྱ། མེ་ཏོག་གི་ཕྲེང་བ་རྗེ་བཙུན་མར་ཕུལ་བའི་མོས་པས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་བརྗོད་ཅིང་དོར་བའི་ཚུལ་བྱ། སླར་ཡང་སྤྱི་བོར་བཞག་པར་མོས་ཏེ། ཨོཾ་པྲ་ཏཱི་གྲྀཧྣ་སོགས་བརྗོད། ཨོཾ་བཛྲ་ནཻ་ཏྲ་སོགས་བརྗོད་ལ་མིག་དར་དབྱེ་བའི་ཚུལ་བྱ། སིནྡྷཱུ་རའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་ཅེས་བརྗོད་ཅིང་བསམས་པ་རྣམས་ནི་འཇུག་པའི་ཆོས་འཁོར་དང་བཅས་པའོ། །དངོས་གཞིའི་དབང་གི་སླད་དུ། མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་དངོས་གཞིའི་ཆོས་རྣམས་སོགས། ཐལ་མོ་སྦྱར་ཏེ། རྣལ་འབྱོར་མ་དཔལ་
སོགས་ལན་གསུམ་གྱིས་གསོལ་བ་གདབ། སིནྡྷཱུ་རའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཅན་དུ་གསལ་བའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་དུ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བས། ཕཻཾ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་མདུན་གྱི་ནམ་མཁར་བྱོན། རྡོར་དྲིལ་འཛིན་པས་མེ་ཏོག་གཏོར་ཞིང༌། བཀྲ་ཤིས་གང་ཞིག་སོགས་ནས། བདེན་པས་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཅེས་བརྗོད་ནས། བུམ་པ་སྤྱི་བོར་བཞག་ཅིང༌། ཇི་ལྟར་བལྟམས་པ་སོགས་ནས་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་ཐམས་ཅད་ཐོབ། ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དབང་གི་ལྷས། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་སྤྱི་བོར་མེ་ཏོག་བཞག་པར་བསམ། རྗེ་བཙུན་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཀྱི་ཕྲེང་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཞལ་ནས་འཐོན། རང་གི་ཞལ་དུ་ཞུགས་ས་བོན་གྱི་མཐར་གཡོན་སྐོར་དུ་འཁོད་པར་གྱུར། ཨོཾ་གསུམ་མ་ལན་གསུམ་བཟླ། བཅོམ་ལྡན་བདག་ལ་སོགས་ལན་གསུམ་བརྗོད་ཅིང་མེ་ཏོག་གཏོར། བཅོམ་ལྡན་འདི་ལ་སོགས་ལན་གསུམ་བརྗོད་ཅིང་མེ་ཏོག་རང་གི་སྤྱི་བོར་བཞག སིནྡྷཱུ་རའི་རྡུལ་ཚོན་གནས་གསུམ་དུ་རེག་པས་བྱིན་རླབས་ཀྱི་རྒྱུན་བརྟན་པར་མོས་ཏེ་ཨོཾ་གསུམ་མ་ལན་གསུམ་བརྗོད། དེ་ལྟར་ན་བུམ་པའི་དབང་སོགས་ནས། རྒྱུད་ལ་བཞག་པ་ཡིན་ནོ། །གསང་དབང་གི་སླད་དུ། མདུན་གྱི་རྗེ་བཙུན་མའི་མཁའ་གསང་ནས་བྱང་སེམས་དཀར་དམར་བསམ་གྱིས་མི་ཁྱབ་
པ་བྱུང་བ་ཐོད་པའི་བདུད་རྩི་དང་འདྲེས་པ་དེ་ཉིད་རང་གི་ལྕེ་ཐོག་ཏུ་བཞག་པར་བསམས་ལ། ཨོཾ་གསུམ་མ་དང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་བདུད་རྩི་མྱངས་པས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རགས་རིམ་དབྱིངས་སུ་འགགས་པའི་གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས། དེ་ལྟར་ན་གསང་བའི་དབང་སོགས་ནས། བཞག་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སིནྡྷཱུ་རའི་དཀྱིལ་འཁོར་ནས་བླངས་པའི་རྡུལ་ཚོན་གྱིས་རང་གི་གནས་བཞིར་རེག་པས་ནམ་མཁར་བཞུགས་པའི་འཁོར་ལོ་བདེ་མཆོག་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དཔག་ཏུ་མེད་པ་བྱུང༌། རང་རྗེ་བཙུན་མར་གསལ་བའི་མཁའ་གསང་ནས་ཞུགས་ཏེ། གནས་བཞིར་དྲངས་པས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཏེ་འཁྱུད་རྒྱ་དང་བཅས་པས། ཨོཾ་སརྦ་སོགས་བརྗོད། དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་སོགས་ནས། བཞག་པ་ཡིན་ནོ། །དབང་བཞི་པའི་སླད་དུ། མདུན་གྱི་རྗེ་བཙུན་མས་གསུངས་པར་བསམས་ལ། དངོས་པོ་མེད་པའི་ནས། བསྒོམ་ཞེས་བརྗོད་ཅིང་དེའི་དོན་བདེ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་ཅུང་ཟད་རེ་མཉམ་པར་གཞག དེ་ལྟར་ན་དབང་བཞི་པ་སོགས་ནས། བཞག་པ་ཡིན་ནོ། །གཙོ་བོས་ཇི་ལྟར་སོགས། ཨོཾ་བཛྲ་བྷཱུ་མི་ནས། དབང་ཡོངས་སུ་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་དབུལ་བར་སོགས་དང༌། དེང་ནས་བརྩམས་ཏེ་སོགས་བརྗོད། གཏོར་མ་བསང་སྦྱང་བྱིན་བརླབས་ལ། སྒྲུབ་ཐབས་ལྟར་འབུལ་ཞིང་འདོད་དོན་གསོལ། གཏོར་མ་གཉིས་པ་ཆོས་སྐྱོང་གི་གཏོར་བསྔོ་རྒྱས་བསྡུས་གང་རིགས་དང༌། གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱི་ཚོགས་འབུལ། བསྡུ་ན་ཆོས་སྲུང་ལ་ལོགས་སུ་མ་ཕུལ་ཀྱང་རུང༌། དེ་ནས་སློབ་མ་ལ་བྱ་བའི་རིམ་པ་ནི་བྱིན་རླབས་
ཀྱི་དཀྱུས་སུ་གསལ་བ་ལྟར་མ་འཁྲུལ་བར་བགྱིས་པས་གྲུབ། གསུམ་པ་རྗེས་ནི། བྱིན་རླབས་ཀྱི་ཆོ་གའི་དཀྱུས་ལྟར་ལ། བཀྲ་ཤིས་ནི་ཚིགས་བཅད་ཀྱི་མཚམས་སུ་དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་དང་བཅས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བས། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེ་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་འབར་བའི་སྐུ་མངའ་བ། །ཧ་ཧའི་གད་རྒྱངས་ས་གསུམ་གཡོ་བར་བྱེད། །ཧཱུྃ་ཧཱུྃ་ཕཊ་ཕཊ་བདུད་ཀྱི་ཀླད་འགེམས་པའི། །བདེ་མཆོག་འཁོར་ལོའི་བཀྲ་ཤིས་དེང་འདིར་སྩོལ། །ཨེ་ཝྂ་མཉམ་པར་སྦྱོར་བ་སྔགས་ཀྱི་སྐུ། །ཨཱ་ལི་ཀཱ་ལི་གཉིས་མེད་རོལ་པའི་གསུང༌། །ཨོཾ་གྱི་ངོ་བོར་སོན་པའི་ཐུགས་མངའ་བ། །རྡོ་རྗེ་ཕག་མོའི་བཀྲ་ཤིས་དེང་འདིར་སྩོལ། །ཞེས་དང༌། གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པས་བདེ་ལེགས་སུ་བྱ་ཞིང༌། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །སྐབས་གཞན་ཏུ་སྒྲུབ་མཆོད་རྒྱས་པར་བྱ་བར་འདོད་ནའང་ཆོ་གའི་འགྲོས་སྤྱིར་གོང་ལྟར་ལ། མཆོད་ཕྲེང་དང༌། བསྟོད་པ་སོགས་ཁ་འཕངས་སུ་བྱས་པ་རྣམས་སྦྱར་བ་ཙམ་གྱིས་ལེགས་པར་གྲུབ་པ་ཡིན་ནོ། །ཚོགས་ཀྱི་མཆོད་པ་མདོར་བསྡུས་བྱེད་ན། ཚོགས་བསགས་པར་འདོད་ན་ཡར་ངོའི་ཚེས་བཅུ་དང༌། སྒྲིབ་པ་སྦྱོང་བ་ལ་མར་ངོའི་ཚེས་བཅུར། སྦྱོར་བའི་སྐབས་གཞན་འདྲ་བ་ལ། དཀྱིལ་འཁོར་གྱི་ཉེ་ལོགས་གང་བདེར་མ་ད་ན་དང༌།»་་་་་ཆང༌།« ཤ་»་་་་་«བཱ་ལ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བའི་ཡོ་བྱད་ཅི་འབྱོར་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། དངོས་གཞི་བདག་འཇུག་གཏོར་བསྔོ་ཡན་ལེགས་པར་གྲུབ་ནས། ཚོགས་ཀྱི་ཡོ་བྱད་རྣམས་ལ་ནང་མཆོད་ཆུ་ཆང་གིས་སྦྱང༌། སློབ་དཔོན་གྱིས་རྡོ་རྗེའི་རྩེས་ནང་མཆོད་གཏོར། བསང་སྦྱང་བྱིན་རླབས་གཏོར་མ་ལྟར་བྱ་ཞིང༌།
ཨོཾ་ཨཱཿཧཱུྃ་དང༌། ཧ་ཧོཿཧྲཱིཿལན་མང་དུ་བརྗོད་པས་བདུད་རྩིར་བསྒྱུར་བའི་དམིགས་པ་ནན་ཏན་ཏུ་བྱ། དེ་ནས་ཕུད་སྣོད་གཙང་མར་བླུགས་ལ་དཀྱིལ་འཁོར་གྱི་མདུན་ཏུ་བཞག གཏོར་མ་རྣམས་ལའང་ཕུལ། སླར་ཡང་བདུད་རྩིས་བྲན། གང་གི་དྲིན་གྱིས་སོགས་བླ་མ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཨོཾ་གསུམ་མའི་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་ལྔས་ཡི་དམ་དང༌། ཆོས་སྐྱོང་ལ་སོ་སོའི་གཏོར་སྔགས་སམ། བསྡུ་ན། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་དང༌། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཀྱིས་ཕུལ། ཚོགས་པ་ཡོད་ན་ཞུ་འབུལ་སྤྱི་ལྟར་དང་བཅས་བཟའ་བཏུང་གི་ཚོགས་རྣམས་རྣལ་འབྱོར་པ་རྣམས་ཀྱི་མདུན་དུ་བསྟར། སྤྲོ་ན་མ་ད་ན་བདུད་རྩིར་བསམ་པའི་ཕུད། རྡོ་རྗེ་འཆང་ཆེན་སོགས་ཀྱིས་ནང་མཆོད་ཀྱི་སྐབས་ལྟར་འབུལ། གང་ལྟར་ཡང་སྙིང་གའི་བྂ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་བསམས་ལ། ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་ལག་གཡོན་པས་བླངས་ཏེ་ཞེན་པ་མེད་པར་ལོངས་སྤྱད། ལྷག་མ་རྣམས་བསྡུས་ལ་ལག་པ་འབར་བའི་ཕྱག་རྒྱ་བྱས་པའི་བར་ནས། ཕཻཾ། ཞེས་བརྗོད་པ་དང་བསྟུན། མ་ད་ནའི་ཁ་ཕྲུ་གདབ། སླར་ཡང་ནང་མཆོད་ཆུ་ཆང་གིས་བྲན། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལེནྟ་བྷཀྵ་སཱི་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་བྱིན་པས་འབྱུང་པོ་ཐམས་ཅད་ཚིམས་པར་བསམས་ལ། མཚན་མོ་ཡིན་ན་དཔལ་འབར་དང་བཅས་ལམ་གྱི་གཞི་མདོར་དོར། ཤེས་ན་བརྟག་གཉིས་ལས་འབྱུང་བའི་ཀོལླ་ཨི་རེཊ་ཋ་སོགས་ཀྱི་རྡོ་རྗེའི་གླུའམ། བདེ་མཆོག་ལས་གསུངས་པའི་དཔྱིད་ཀྱི་རྒྱལ་མོའི་གླུ་བླང༌། གང་ལྟར་ཡང་རོལ་མོའི་སྒྲ་དང་བཅས། བཀྲ་ཤིས་གང་ཞིག་སོགས་ཀྱི་མཐར། འཆི་ཚེ་མགོན་དང་སོགས་སྨོན་
ལམ་གང་ཤེས་གདབ། དེ་ནས་རྗེས་ཆོག་དཀྱུས་ལྟར་བྱའོ། །སྦྱིན་སྲེག་གི་ཆོ་ག་ནི་པཎ་ཆེན་ནམ་མཁའ་དཔལ་བཟང་གི་གསུང་རབ་ལྟར་ལ། སྡིག་སྒྲིབ་སྦྱོང་བའི་སླད་དུ་མར་མེའི་སྦྱིན་སྲེག་བྱེད་པར་འདོད་ན། ཀོང་བུ་ཡངས་པར་རས་དམར་གྱི་ལྡོང་བུ་སྦོམ་པོ་བཙུགས། མར་དཀར་གྱི་ཁུ་བས་དགང༌། དེའི་མདུན་ཏུ་འབྱོར་ན་ཟླུམ་གཏོར་གཅིག་དང༌། མཆོད་པ་ལྔ་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་བྱའམ། ཐུན་མཚམས་ཀྱི་ལྷ་རྡོ་རྗེ་རྣལ་འབྱོར་མར་དྲན་པ་ཙམ་གྱིས་ཀྱང་རུང་སྟེ། གང་ལྟར་ཡང་མར་མེ་སྦར་ལ། སུམྦྷས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་བྂ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས། ཙཎྜི་ཀཱའི་ངོ་བོ། ཕཻཾ། ཐུགས་ཀའི་ནས། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་ཞེས་བྱ་བའི་བར་གྱིས་གསལ་གདབ། དེ་ནས་མདུན་དུ་བསྲེག་རྫས་ཏིལ་ནག་པོ་བཞག་ལ། བདག་གིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྣ་སྒོ་ནས་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ཏེ་མདུན་གྱི་ཏིལ་ལ་ཐིམ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར་བ་དེ་ཉིད་རྗེ་བཙུན་མའི་ཞལ་དུ་ཕུལ་བས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་མཐེབ་སྲིན་གྱིས་བླངས་ཏེ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སམ། ཨོཾ་གསུམ་མའི་མཐར། སརྦ་པཱ་པཾ་སོགས་བཏེགས་པ་གང་ཡང་རུང་བས་མར་མེ་མ་ཟད་བར་དུ་ཕུལ། མར་མེ་ཟད་པར་བརྩམས་པ་ན་མཆོད་གཏོར་ཡོད་ན་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང་བྱིན་རླབས་སྒྲུབ་ཐབས་ལྟར་ཕུལ། གང་ལྟར་ཡང༌། བཅོམ་ལྡན་འདས་
མས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། བསྔོ་སྨོན་ཤིས་བརྗོད་དཀྱུས་ལྟར་བྱས་ལ། མར་མེའི་རོ་མ་ཆུ་བོ་ཆེན་པོའམ་གཙང་སར་དོར་རོ། །འདི་ནི་སྡིག་སྒྲིབ་ཐམས་ཅད་འདག་པ་དང༌། རྗེ་བཙུན་མའི་བྱིན་རླབས་འཇུག་པའི་ཐབས་ཁྱད་པར་ཅན་ཡིན་པར་གསུངས་སོ། །གཞན་ཡང་ལམ་གྱི་ཆ་རྐྱེན་པྲ་སེ་ནཱ་དབབ་པ་སོགས་ལས་ཚོགས་ཕྲ་མོ་རྣམས་ནི་དེང་སང་ལག་ལེན་ཏུ་འདེབས་མཁན་ཉུང་བས་འདིར་མ་བྲིས་ཏེ། རྟོགས་པར་འདོད་ན་ཡིག་རྙིང་སོགས་ལས་ཤེས་པར་བྱའོ། །ཞེས་མཁྱེན་རབ་ཀྱི་དབང་ཕྱུག་ཐར་རྩེ་པཎྜི་ཏ་ཆེན་པོ་ནམ་མཁའ་དཔལ་བཟང་གི་གསུང་བྱིན་རླབས་ཀྱི་ཆོ་གའི་ཞབས་ཏོག་ཏུ་དམིགས་ཏེ། འཕགས་པ་རིན་པོ་ཆེའི་གསུང་རབ་ད་ང༌། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཀྱི་ཟུར་འདེབས་སོགས་ཀྱི་དགོངས་པ་ཇི་ལྟ་བར་མདོར་བསྡུས་སྙིང་པོར་དྲིལ་བའི་ཚུལ་གྱིས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག སརྦ་དཱ་ཀ་ལྱ་ཎཾ་བྷ་བ་ཏུ།། ༈ །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་བཞུགས་སོ། །ན་མཿཤྲཱི་བཛྲ་ཡོ་གི་ནྱཻ། ཡེ་ཤེས་ཆེན་པོའི་མཛོད་འཛིན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གུས་བཏུད་ནས། །རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མར། །དད་པའི་ཡིད་ཀྱིས་ཅུང་ཟད་བསྟོད་པར་བགྱི། །འདབ་བརྒྱའི་ལྟེ་བར་ཉིན་མོར་བྱེད་པའི་དབུས། །ཞལ་གཅིག་ཕྱག་གཉིས་འབར་བའི་སྤྱན་གསུམ་གཡོ། །པདྨ་རཱ་ག་ལྟར་དམར་རྗེ་བཙུན་མ། །མཁའ་སྤྱོད་ལོངས་སྤྱོད་
རྫོགས་ལ་ཕྱག་འཚལ་ལོ། །ཆགས་ཅན་སྐྱེས་བུ་གདུལ་བར་བྱ་བའི་ཕྱིར། །བརྟན་གཡོའི་བདག་པོ་ཧེ་རུ་ཀ་དཔལ་དང༌། །གཉིས་མེད་ལྷན་སྐྱེས་གར་གྱིས་རོལ་མཛད་མ། །མཁའ་སྤྱོད་ཁ་སྦྱོར་ཆེ་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཟག་པ་མེད་པའི་བདེ་བ་ཆེ། །འགྱུར་མེད་དགའ་བ་གྱ་ནོམ་བླ་ན་མེད། །རྒྱུན་མི་ཆད་པའི་བདེ་བའི་རོས་གང་མ། །མཁའ་སྤྱོད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་དབྱིངས། །མཐའ་ཡས་ཡོན་ཏན་མང་པོས་ཉེར་མཛེས་པའི། །རྣམ་པ་ཀུན་གྱི་མཆོག་དང་རབ་ལྡན་མ། །མཁའ་སྤྱོད་རང་བཞིན་མེད་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་རྣམ་པར་མི་རྟོག་ཀྱང༌། །ཐུགས་རྗེ་ཆེན་པོས་སེམས་ཅན་མ་ལུས་ལ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་སྩོལ་མ། །མཁའ་སྤྱོད་སྙིང་རྗེས་ཡོངས་གང་ལ་ཕྱག་འཚལ། །སྲིད་དང་ཞི་བའི་མཐའ་དང་བྲལ་བ་ཡི། །མི་གནས་མྱ་ངན་འདས་པའི་ས་བརྙེས་ནས། །རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་མ། །མཁའ་སྤྱོད་རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེས་གཞན་གྱི་དབང་གྱུར་ནས། །འཁོར་བ་ཇི་སྲིད་གནས་པར་དེ་སྲིད་དུ། །མྱ་ངན་མི་འདའ་རྟག་པར་རབ་བཞུགས་མ། །མཁའ་སྤྱོད་འགོག་པ་མེད་ལ་ཕྱག་འཚལ་ལོ། །དབང་བཞིའི་དོན་ལྡན་བསྐྱེད་རིམ་ཟབ་མོའི་ལམ། །ཐུན་བཞིར་བསྒོམ་ཞིང་གུས་པས་གསོལ་བཏབ་པས། །སྐུ་བཞི་དབྱེར་མེད་ཟུང་འཇུག་རྡོ་རྗེའི་སྐུ། །མཁའ་སྤྱོད་སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གསུམ་ལྡན་པའི་གསང་སྔགས་ཡི་གེའི་ཚོགས། །དུས་གསུམ་ངག་དང་ཡིད་ཀྱིས་རབ་བཟླས་པས། །སྲིད་གསུམ་སྒྲ་དབྱངས་རྣམ་སྤངས་བརྗོད་བྲལ་གསུང༌། །མཁའ་སྤྱོད་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །བདེན་གཉིས་རྣམ་དག་རྫོགས་རིམ་དབུ་མའི་ལམ། །སྒྲིབ་གཉིས་སྦྱོང་ཕྱིར་བརྩོན་
པས་ལེགས་བསྒོམས་པས། །དོན་གཉིས་ལྷུན་གྲུབ་འགྱུར་མེད་བདེ་བའི་ཐུགས། །མཁའ་སྤྱོད་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཉིད་ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་ནས། །ཚེ་འདི་ཉིད་དམ་བར་དོ་ལ་སོགས་པར། །མཁའ་སྤྱོད་ཆེན་མོའི་གོ་འཕང་ཐོབ་པར་ཤོག །མཁའ་འགྲོའི་དབང་ཕྱུག་རྣལ་འབྱོར་མ་དཔལ་ལ། །བསྟོད་པའི་ཚིག་འདི་བཤེས་གཉེན་དམ་པ་འགས། །ཡང་ཡང་བསྐུལ་ནས་དགེ་སློང་རྒྱུད་གསུམ་པས།»་་་་་ཀུན་དགའ་བཟང་པོ། «།མཁས་པའི་ཆོས་གྲྭ་དཔལ་ལྡན་ས་སྐྱར་བྲིས།། ༈ །རྣལ་འབྱོར་མའི་བསྙེན་ཐབས་ཉུང་གསལ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཡོ་གི་ནྱཻ། དབང་དང་བྱིན་རླབས་ཟབ་མོས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་སླད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྙེན་པ་བྱེད་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཅིང་ཡིད་དང་མཐུན་ལ་རང་དབང་འདུས་པའི་སར། ཡར་མར་གྱི་ཚེས་བཅུ་ལྟ་བུའི་དུས་ཁྱད་པར་ཅན་གྱི་སྔ་དྲོའི་ཆར་གནས་ཁང་ཕྱག་དར་བྱ། གོ་ཡུལ་གྱིས་བདེ་ན་རང་ཉིད་ཁ་ནུབ་ཏུ་ཕྱོགས་པའི་མལ་སྟན་བཤམས་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་བྲིས་པའི་ལྟེ་བར་འབྲུ་དཀར་དང་ཀུ་ཤའི་ཆུན་པོ་དགྲམ། མདུན་དུ་རྣལ་འབྱོར་མའི་བྲིས་སྐུ་ཡོད་ན་དགྲམ་པའི་སྤྱན་སྔར་གཏོར་མ་ལྔ་ཚར་སོགས་ཇི་ལྟར་རིགས་པ་མཆོད་པ་དང་བཅས་པ་དང༌། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ་སོགས་ཉེར་མཁོའི་ཡོ་བྱད་དང༌། གཞན་ཡང་སྔོན་འགྲོ་གཏོར་མ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ནི། ཕྱི་དྲོའི་ཆར་གཏོར་མ་ཆ་གསུམ་གཏང་བའམ། ཡང་ན་སྐབས་འདིར་འབྲེལ་ཆེ་བས་སྔོན་འགྲོ་གཏོར་མ་
དཀྱིལ་ཆོག་ནས་འབྱུང་བ་བཞིན་ལ། མི་འདྲ་བའི་ཁྱད་པར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ཟབ་མོ་བགྱིད་པར་འཚལ་ན་ཞེས་དང་བསྙེན་སྒྲུབ་ཀྱི་བྱ་བ་ཞེས་བསྒྱུར། གཏོར་མ་ཕྱིར་བསྐྱལ་བ་དང་མཉམ་དུ་སྔགས་གུ་གུལ་གྱིས་བདུག་ཡུངས་ཀར་གྱིས་བྲབ། བགེགས་རྣམས་ཀྱང་རྒྱང་རིང་དུ་བྱེར་བར་བསམས་ལ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་འཁོར་དུ་གྱུར་པར་མོས་ཏེ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་བརྟན་པར་བྱ། སྒོ་རྩར་མི་མང་སྲུང་ཐུབ་ངེས་ཀྱི་ཐོ་བརྩིགས་ལ་དཀར་རྩིས་བྲན། དེ་ནས་མཚམས་དམ་པར་བཅད་དེ་རྩ་བའི་བླ་མའི་སྐུ་བསྟོད་སོགས་ཆོས་སྤྱོད་རྒྱས་བསྡུས་གང་རིགས་ཀྱི་རྗེས། མཆོད་པ་བྱིན་རླབས་དང༌། བྱིན་གྱིས་བརླབས་པའི་བདུད་རྩི་མྱོང་བ་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནས་བསམ་མི་ཁྱབ་པའི་བར་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་སོགས་ཡིག་ཆ་ཁུངས་ཐུབ་ལྟར་ཉམས་སུ་བླང༌། ཐུན་མཚམས་ཀྱི་ལྷར་ལྡང་ཞིང་སྒྲུབ་ཐབས་ལྟར་གཏོར་མ་འབུལ། ཀྱེ་རྡོར་དང་གུར་ཞལ་སོགས་ཡི་དམ་ཆོས་སྐྱོང་གི་གཏོར་བསྔོ་གཞན་བྱེད་ན་ཕྱག་ལེན་ལྟར་ཤེས་པར་བྱ་ཞིང༌། མི་ཤེས་ན། དུར་ཁྲོད་བདག་པོའི་གཏོར་བསྔོ་དང༌། མཁའ་འགྲོ་སྤྱི་གཏོར་གཉིས་སམ་དེ་ཡང་མི་ནུས་ན་མཁའ་འགྲོ་སྤྱི་གཏོར་ཁོ་ནས་ཀྱང་འཐུས། གང་ལྟར་ཡང་མཐར་གོ་ཆ་དགོད་ཅིང་བསྔོ་སྨོན་སོགས་བྱས་ལ་ཐུན་གྲོལ་ནས་ཇ་སོགས་བཏུང༌། སླར་སྲོད་ཐུན་ལ་སྐྱབས་འགྲོ་ནས་བསྡུ་རིམ་གྱི་བར་དཀྱུས་ལྟར་ལ། ཉལ་བའི་རྣལ་འབྱོར་གྱིས་ཉལ། སང་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལྡངས་ཏེ་བདུད་རྩི་མྱོང་བ་ནས་བརྩམས་ཇི་སྐད་བཤད་པའི་ཉམས་ལེན་རྣམས་ཐུན་བཞིར་བཅད་ལ་ཉམས་སུ་བླང༌། གུང་ཐུན་གྱི་མཚམས་ཟས་ཀྱི་རྣལ་འབྱོར་དང༌། ཕྱི་ཐུན་གྱི་མཇུག་ཏུ་གཏོར་འབུལ་
སོགས་སྤྱི་ལྟར་བྱ། དེ་ཡང་བསྙེན་པ་དངོས་གཞི་ཡུན་རིང་ཐུང་ལ་ལྟོས་ཏེ། ཐོག་མར་སྐྱབས་འགྲོ་དང༌། རྡོར་སེམས་སྒོམ་བཟླས་གཙོ་བོར་བཏོན་ཏེ་སོ་སོར་ཞག་བདུན་གསུམ་སོགས་དང༌། དེ་ནས་དངོས་གཞིར། གཞིའི་བསྙེན་པ་ནི་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་ཡིན་ལ། འབྲུ་འབུམ་བྱེད་ན། འབུམ་ཕྲག་སུམ་ཅུ་སོ་གཉིས་སམ། སོ་ལྔ་བཟླ་ཞེས་གསུངས་ཀྱང༌། དེང་སང་ཕྱག་ལེན་ལ་འབུམ་ཕྲག་སུམ་ཅུ་སོ་བདུན་བཟླ་བར་མཛད་དོ། །བཟླས་དམིགས་གཅིག་ཁོ་ནས་སེམས་དུབ་ན། སྐུའི་རྣམ་པ་སྤྱི་དང༌། བྱེ་བྲག་དང༌། སྔགས་ཀྱི་གཟུགས་དང༌། སྒྲ་རྣམས་ལ་སོ་སོར་སེམས་འཛིན་པ་དང༌། གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ་བ། སྣོད་ཆོས་འབྱུང་གི་ཞིང༌། བཅུད་རྣལ་འབྱོར་མའི་སྐུ། སྒྲར་གྲགས་པ་ཐམས་ཅད་ཨོཾ་གསུམ་མའི་སྔགས་སུ་གསལ་བ་ལ་ཡིད་གཏད་པ་སོགས་མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་དབང་དུ་སྐད་ཅིག་ཀྱང་མི་གཏོང་བར་མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་གྱིས་དུས་འདའ་བར་བྱ་ཞིང༌། གཞན་མཚམས་ཀྱི་སྤང་བླང་སོགས་བསྙེན་ཡིག་སྤྱི་ལྟར་ཤེས་པར་བྱས་ནས་ཉམས་སུ་བླང་ངོ༌། །གསུམ་པ་རྗེས་ནི། བསྙེན་པའི་གྲངས་རྫོགས་པ་དང༌། གྲུབ་ན་སྒྲུབ་པའི་མཚོན་བྱེད་དུ། ཞག་བདུན་ནམ་གསུམ་སོགས་ཇི་ལྟར་རིགས་པ་དཀྱིལ་འཁོར་གསུམ་ཚུལ་བཞིན་དུ་བཤམས་ཏེ་སྒྲུབ་མཆོད་ཐུན་གཉིས་སུ་བྱ། ཡིག་ཆ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་བྱིན་རླབས་ཀྱི་ཆོ་ག་ལ་ཁོ་བོས་བགྱིས་པའི་ཟུར་འདེབས་དཀྱུས་ལྟར་སྦྱར། ཚོགས་ཀྱི་མཆོད་པའང་ཐུན་སོ་སོའམ་ཕྱི་ཐུན་གྱི་མཇུག་ཏུ་བགྱིས་ན་ལེགས། ཁ་སྐོང་གི་སྦྱིན་སྲེག་པཎ་ཆེན་ནམ་མཁའ་དཔལ་བཟང་གི་གསུང་རབ་ལྟར་ལ། སྔགས་ཨོཾ་གསུམ་མ་དང༌། རྫས་ཏིལ་འབའ་ཞིག་ལ་གྲངས་བཟུང་བའི་བསྙེན་པའི་བཅུ་ཆ་འབུལ། དེ་ནས་གཟའ་སྐར་
བཟང་བའི་ཐོར་ཐུན་གྱི་མཇུག་ཏུ་གཏོར་བསྔོ་རྒྱས་པར་བྱ་ཞིང་གཏོར་མ་འབུལ། ཐོ་བླངས་ལ་མཚམས་གྲོལ་ཏེ་གྲོགས་དམ་ཚིག་ལྡན་པ་རྣམས་དང་རིམ་གྱིས་འཕྲད་པ་སོགས་སྤྱི་ལྟར་བྱ་བ་ཉིད་དོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། ༈ །རྡོ་རྗེ་རྣལ་འབྱོར་མའི་ཞི་བའི་སྦྱིན་སྲེག་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སིཾ་ཧཱ་ཡ། ཤེས་རབ་མཆོག་གི་ལྷ་མོ་དང༌། །མི་འགྱུར་བདེ་ཆེན་ཁ་ཊྭཱཾ་ག །ཟུང་འཇུག་ཕྱག་རྒྱ་ལ་བཏུད་དེ། །སྦྱིན་སྲེག་ལག་ལེན་བཤད་ཀྱིས་ཉོན། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི། །བསྙེན་པ་རྫོགས་པའི་རྣལ་འབྱོར་པས། །སྔགས་ཀྱི་ནུས་པ་དབྱུང་བའི་ཕྱིར། །ཞི་བའི་སྦྱིན་སྲེག་བྱེད་པ་ལ། །ས་ཡོངས་སུ་སྦྱངས་པའི་གནས་སུ་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ། དེའི་དབུས་སུ་ཁྲུ་ཕྱེད་ཀྱི་ཟླུམ་སྐོར་དང༌། དེའི་ཕྱི་རོལ་དུ་སོར་བཞི་པ་གཉིས་བསྐོར་བའི་ཟླུམ་སྐོར་གསུམ་སྟེ་ཐབ་ནང་ཁ་ཁྱེར་མུ་རན་དང༌། དེའི་ཕྱི་རོལ་དུ་ཐབ་སྟེགས་སྤྱི་དང་མཐུན་པའི་ནང་དུ་དབུས་སུ་སྲད་བུ་བཟུང་སྟེ། དེ་ནས་དབུས་བར་གྱི་སྲད་བུ་དེས་ཟླུམ་སྐོར་དང་པོའི་གཡས་གཡོན་གྱི་གང་སླེབས་སུ་རྟགས་བྱ། ནུབ་ཏུ་ཡང་སྔ་མའི་རིག་པས་རྟགས་བྱ། དེ་སྟེང་ཐིག་གདབ་པས་ཆོས་འབྱུང་ཉིས་བརྩེགས་འབྱུང༌། དེའི་མདུན་རྒྱབ་ཀྱི་གྲྭ་སྤངས་པའི་གཡས་གཡོན་གྱི་གྲྭ་བཞིར་དགའ་བ་འཁྱིལ་པ་གཡོན་ཏུ་བསྐོར་བ། གཞི་ཚོན་ཐམས་ཅད་དཀར་པོ། ཆོས་འབྱུང་གི་ནང་དམར་པོ། བཅད་དམར་སྐྱས་བྲི། དབུས་སུ་ཉི་གདན་གྱི་སྟེང་དུ་ཚོན་ཕུང་དམར་པོ་དགོད། ཁ་ཁྱེར་གྱི་སྟེང་དུ་བུད་ཤིང་ཁྲུ་ཕྱེད་ཙམ་བརྩིགས་པའི་ཤར་ལྷོར་ཏིང་ལོ་རྩ་སྐམ་པོ་དང་བཅས་པ་བཤམ། ཐབ་ཀྱི་ནུབ་ཏུ་སྟན་ལ་གདུག་པའི་རང་གི་གཡོན་ཐབ་ཀྱི་གཡས་སུ་ཆུ་གཉིས་ཉེར་སྤྱོད་དང་གཏོར་མ་གཉིས་བཤམ། རང་གི་གཡས་ཐབ་ཀྱི་གཡོན་དུ་ཡམ་ཤིང་མར་ཏིལ། ཞོ་མར་ཕྱེ་བ་སྲེས་
པའི་ཟས་མཆོག ཀ་ར་བུ་རམ་སྦྲང་རྩི་སྦྱར་བའི་རིལ་བུ། དཱུརྦ། ཀུ་ཤ་རྣམས་བརྒྱ་རྩ་རེ་དང༌། ཏིལ་ལ་གྲངས་འཛིན་པས་གང་མང་བཤམ་མོ། །མདུན་ཏུ་ནང་མཆོད། རྡོ་རྗེ་དྲིལ་བུ་དགང་བླུགས་གཟར་ཁ་སྦྱར་ཏེ་བཞག་གོ །ཕྱི་མ་རེད་ཀྱི་དུས་སུ། ནམ་མཁའ་དང་མཉམ་པའི་སོགས་ནས་རང་ཉིད་རྗེ་བཙུན་མའི་སྐུར་གྱུར་ཅེས་རྗེ་རཏྣ་ནི་ར་བྷོ་གས་མཛད་པའི་སྒྲུབ་ཐབས་བཞིན་བྱའོ། །དེ་ནས་ཐབ་དང་མཆོད་རྫས་བསྲེག་རྫས་རྣམས་ལ་རྡོ་རྗེའི་རྩེས་ནང་མཆོད་གཏོར་ཞིང༌། སུམྦྷས་བསང༌། སྭ་བྷཱ་བས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པར་མུ་རན་ལ་རྡོ་རྗེའི་ཕྲེང་བས་མཚན་པ། ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་པའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པ་དང་གཉིས་སུ་མེད་པ་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཧཱུྃ་ཡང་ཡང་བརྗོད་པས་བྱིན་གྱིས་བརླབ། བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག་ནས། རོལ་མོ་ལ་སོགས་པའི་མཆོད་རྫས་དང་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བསྲེག་རྫས་ད་ང༌། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་མཆོད་རྫས་བྱིན་གྱིས་བརླབ་བོ། །རྩྭ་གཙང་མ་དང་བཅས་པའི་ཡམ་ཤིང་གི་རྩེ་ལ་མེ་སྤར་ཏེ་གུས་པའི་ཚུལ་གྱིས། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་བརྗོད། ཐབ་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་ཏེ་མེ་ཚང་དུ་གཞུག དེ་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་བླུགས་གཟར་གྱིས་མར་བུད་ཤིང་ལ་ཁྱབ་
པར་བླུགས་ཏེ། ཨོཾ་ཛྭ་ལ་རྂ། ཞེས་ལན་གསུམ་གྱིས་མེ་གསོ། མེ་འབར་བའི་དབུས་སུ་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྂ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་ཀྱི་དང་པོས་མཆོག་སྦྱིན། གཉིས་པས་བགྲང་ཕྲེང༌། གཡོན་གྱི་དང་པོས་དབྱུག་གུ་རྩེ་གསུམ་པ། གཉིས་པས་གུནྡྷེ་འཛིན་པ། རལ་པའི་ཐོར་ཚུགས་དང་ལྡན་ཞིང་ཚངས་པའི་སྐུད་པ་དང༌། ཀྲྀཥྞ་སཱ་རའི་པགས་པའི་སྟོད་གཡོགས་དང༌། དར་དམར་པོའི་ཤམ་ཐབས་ཅན། མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་མདུན་གྱི་ནམ་མཁར་བྱོན། ཞེས་སྤྱན་དྲངས་ནས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བྱོན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུས་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། ལྗགས་ལས་འོད་ཟེར་བྱུང་བས་བྱོན་ཟན་གསོལ་བར་བསམ་ཞིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བདུན་བརྗོད་པའི་རྗེས་སུ། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་གང་བ་དེ་འདྲ་བ་ལན་གསུམ་གྱིས་བྱོན་ཟན་ཕུལ། ཨོཾ་ཨགྣ་ཡེ་ཞེས་པ་ཀུན་ལ་སྦྱར་བའི། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨགྣ་ཡེ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །སོགས་
ཀྱིས་བསྟོད། ཡམ་ཤིང༌།»་་་་་འབར་བའི་མེ་འོད་ལ་དབུལ་བར་བསམ། «ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་གི་མཐར། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱས་ཕུལ། མར་ཡང་སྔགས་འདི་འབའ་ཞིག་གིས་གོང་ལྟར་ཕུལ། ཏིལ་ཟས་»་་་་་འདི་རྣམས་ཞལ་དུ་ཕུལ།« མཆོག མངར་གསུམ་གྱི་རིལ་བུ། དཱུརྦ་»་་་་་དམིགས་པ་གོང་གི་བྱོན་ཟན་དང་འདྲ། འདི་གཉིས་དབུའི་གཙུག་ཏུ་ཕུལ་བར་བསམ། «ཀུ་ཤ་རྣམས་ཕུལ། སླར་ཡང་མཆོད་བསྟོད་སྔར་ལྟར་བྱས་ནས་མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་ཕུལ་བས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། མེ་འབར་བའི་དབུས་སུ་ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་མདུན་རྒྱབ་གཉིས་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་པ་གཡོན་སྐོར་དུ་འཁོར་བའི་དབུས་སུ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་པདྨ་དང་ཉི་མ་ཞེས་སོགས་ནས། ཙཎྜི་ཀཱའི་ངོ་བོ་ཞེས་བསམས་ནས། ཕཻཾ་ཐུགས་ཀའི་བྂ་ཡིག་ལས་འོད་ཟེར་སོགས་ནས་གཉིས་སུ་མེད་པར་ཐིམ་ཞེས་སྒྲུབ་ཐབས་ལྟར་བྱའོ། །དེ་ནས། ཨོཾ་གསུམ་མ་ལན་བདུན་བརྗོད་པའི་ཕཊ་ཀྱི་མཐར། ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་ཟན་ཕུལ། ཨོཾ་བཛྲ་ཡོ་གི་ནཱི་ཞེས་རེ་རེ་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་»་་་་་གྷ་ཎྜེ་ར་ཎི་ཌ་དྲིལ་«ཕྱི་མཆོད་ཨོཾ་གསུམ་མའི་རྗེས་སུ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤློ་ཀ་གཉིས་ཀྱིས་བསྟོད། དེ་ནས་བསྲེག་རྫས་རྣམས་ཨོཾ་གསུམ་མ་འབའ་ཞིག་གིས་བརྒྱ་རྩ་བརྒྱད་ཕུལ། མར། ཏིལ། ཟས་མཆོག་མངར་གསུམ། དཱུརྦ། ཀུ་ཤ་རྣམས་གོང་ལྟར་ཕུལ། ཏིལ་ལ་»་་་་་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གའི་བྂ་ལས་ཀྂ་ནག་པོ་བརྒྱུད་མར་བྱུང་སྟེ་སྣ་སྒོར་སླེབས་པ་དང་སྡིག་པ་རྭ་ཅན་གྱི་གཟུགས་སུ་གྱུར་ནས་མདུན་གྱི་ཏིལ་ལ་ཐིམ་པས་ལྷའི་ཞལ་དུ་ཏིལ་ཟག་མེད་བདུད་རྩིའི་རང་བཞིན་དུ་གྱུར་ནས་ཕུལ་
བ་སྡིག་སྒྲིབ་འདག་ངེས་ཀྱི་ངེས་ཤེས་བརྟན་པོའི་ངང་དུ་ཕུལ།« གྲངས་འཛིན་པས་སྔགས་འབུམ་ཕྲག་བཞི་སོང་བའི་ཁ་སྐོང་དུ་ཏིལ་ཁྲི་ཕྲག་བཞི་འབུལ་ལོ། །སླར་ཡང་མཆོད་བསྟོད་གོང་བཞིན་བྱ། གཏོར་མ་དང་པོ་བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་སོགས་ནས། འདོད་དོན་གསོལ་བ་གདབ་པ་སྒྲུབ་ཐབས་ནང་བཞིན་བྱ་ཞིང་སྤྱན་འདྲེན་མི་དགོས་སོ། །ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད། ཐབ་ཀྱི་ཐལ་བ་ཞིག་བླངས་ཏེ་རང་གི་དཔྲལ་བར་ཐིག་ལེ་བྱའོ། །སླར་ཡང་ཐབ་ནང་དུ་མར་བླུགས་གཟར་གང་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་པས་མེ་ལྷ་ཞལ་ཕྱག་གི་རྣམ་པར་གྱུར། དེ་ལ་ཡམ་ཤིང་སོགས་བདུན་ནམ་ཉེར་གཅིག་ཕུལ་ནས། མཆོད་བསྟོད་གོང་བཞིན་བྱ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ནས། ཨོཾ་ཨགྣ་ཡེ་ན་མཿ»་་་་་ལག་གཡས་མཆོག་སྦྱིན་ཕྱག་རྒྱ་བྱ།« སརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་ཨགྣ་ཡེ་བཛྲམུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཨོཾ་བྂ། ཧྂ་ཡྂ། ཧྲཱིཾ་མྃ། ཧྲིཾ་ཧྲིཾ། ཧུཾ་ཧཱུྃ། ཕཊ་ཕཊ། ཅེས་པས་བསྲུང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་ལ་སོགས་པའི་བཀྲ་ཤིས་དང༌། ལྷ་མོ་ཚད་མ་དམ་ཚིག་སོགས་ཀྱིས་བསྔོ་བ་སྨོན་ལམ་བྱའོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ལག་ལེན་འདི་ནི། དགེ་སློང་བསོད་ནམས་བརྩོན་འགྲུས་པས་ཡང་ཡང་བསྐུལ་ནས། བྲང་ཏི་པའི་བྷིཀྵུ་ག་ག་ན་ཤྲཱི་བྷ་དྲས་ཤིང་མོ་ལུག་གི་ལོ། དཔྱིད་ཟླ་འབྲིང་པོའི་དཀར་ཕྱོགས་ཀྱི་ཚེས་བཅུ་གསུམ་ཉི་མ་མེ་བཞིའི་འགྲུབ་སྦྱོར་འཛོམ་
པའི་ཉིན་ཤྲཱི་ཨེ་ཝྂ་ཐར་པ་རྩེར་སྦྱར་བའོ།།»་་་་་འདིའི་མཆན་བུ་རྣམས་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་སོ།། « ༈ །ནཱ་རོ་མཁའ་སྤྱོད་མའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཡོ་གི་ནྱཻ། དེ་ལ་དབང་དང་བྱིན་རླབས་ཟབ་མོས་རྒྱུད་སྨིན་པའི་གང་ཟག་གིས། རྡོ་རྗེ་རྣལ་འབྱོར་མའི་སྒོམ་བཟླས་མདོར་བསྡུས་ཏེ་ཉམས་སུ་བླང་བ་ནི། སྐྱབས་སེམས་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། །རྩ་བའི་བླ་མ་དཔའ་བོ་རྡོ་རྗེ་ཆོས། །དམར་གསལ་ཌཱ་རུ་ཐོད་པ་ཁ་ཊྭཱྂ་བསྣམས། །རུས་པའི་རྒྱན་མཛེས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །བླ་མ་མཆོག་དང་རྡོ་རྗེ་རྣལ་འབྱོར་མ། །གཉིས་སུ་མེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བླ་མ་འོད་ཞུ་རང་ལ་གཉིས་མེད་ཐིམ། །རང་གི་སྙིང་གར་ཨེ་ཡིག་ཉིས་བརྩེགས་ལས། །ཆོས་འབྱུང་ཟླ་དཀྱིལ་དབུས་སུ་བྂ་ཡིག་མཐར། །སྔགས་ཕྲེང་འཁོར་བའི་ཟེར་གྱིས་སྡིག་སྒྲིབ་སྦྱངས། །རང་ལུས་འོད་ཕུང་གྱུར་ལས་སྐད་ཅིག་གིས། །པད་ཉི་འཇིགས་བྱེད་དུས་མཚན་གདན་གྱི་སྟེང༌། །རྣལ་འབྱོར་མེ་དཔལ་ཞལ་གཅིག་ཕྱག་གཉིས་མ། །དམར་གསལ་སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས། །ཕྱག་གཡས་རྡོ་རྗེའི་གྲི་གུག་ཐུར་དུ་བརྐྱང༌། །གཡོན་པས་ཐོད་ཁྲག་སྟེང་ཕྱོགས་བཟུང་བས་གསོལ། །ཕྲག་པ་གཡོན་པར་རྡོ་རྗེའི་ཁ་ཊྭཱཾ་བསྟེན། །ཐོད་སྐམ་དབུ་རྒྱན་ཤོ་ཤལ་ཕྱག་རྒྱས་སྤྲས། །ཞབས་ཟུང་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་ཀྱིས། །བདེ་ཆེན་ཉམས་འབར་ཡེ་ཤེས་མེ་དབུས་རོལ། །ལུས་གནས་སོ་སོར་ཟླ་བའི་དཀྱིལ་འཁོར་སྟེང༌། །ལྟེ་བར་ཨོཾ་བྂ་དམར་མོ་ཕག་མོ་དང༌། །
སྙིང་གར་ཧྂ་ཡྂ་སྔོན་མོ་གཤིན་རྗེ་མ། །ཁ་ལ་ཧྲཱིཾ་མྂ་དཀར་མོ་རྨོངས་བྱེད་མ། །དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། །སྤྱི་གཙུག་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། །ཚིགས་བརྒྱད་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱ། །ཀུན་ཀྱང་ལྷ་ཉིད་ཡི་གེའི་གཟུགས་སུ་ཤར། །ཐུགས་སྲོག་འོད་ཀྱིས་སྣོད་བཅུད་དངོས་འཛིན་སྦྱངས། །རྡོ་རྗེ་བཙུན་མོའི་ཞིང་སྐུར་ལམ་གྱིས་གསལ། །ཕཻཾ། སླར་ཡང་ཐུགས་ཀའི་བྂ་ལས་འོད་འཕྲོས་པས། །ལྷན་སྐྱེས་ཞིང་སྔགས་རྣལ་འབྱོར་མ་དཔལ་ཀུན། །ཚུར་འདུས་ཛཿཧཱུྃ་བཾ་ཧོཿརང་ལ་ཐིམ། །དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཐུགས་ཀའི་ས་བོན་སྔགས་ཕྲེང་བཅས་པ་ལས། །འཕྲོས་པའི་འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །སྲས་བཅས་རྒྱལ་བའི་བྱིན་རླབས་ནུས་མཐུ་ཀུན། །བསྡུས་ཐིམ་བདག་རྒྱུད་བྱིན་གྱིས་བརླབས་པར་བྱས། །ཨོཾ་ཨོཾ་ཨོཾ་»་་་་་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མ་གང་གི་ཆེད་དུ། «སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ། བཛྲ་ཝརྞ་ནཱི་ཡཻ།»་་་་་རྡོ་རྗེའི་ཁ་དོག་མ་གང་གི་ཆེད་དུ།« བཛྲ་བཻ་རོ་ཙ་ནཱི་ཡཻ།»་་་་་རྡོ་རྗེ་རྣམ་པར་སྣང་མཛད་མ་གང་གི་ཆེད་དུ།« ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་དམ་བཅས་པའི་གྲངས་ལས་མི་ཉུང་བར་བཟླ། སྤྲོ་ན་ཡིད་བཟླས་སོགས་ཀྱང་བྱ། ཐུན་བསྡུ་བ་ན། ཁམས་གསུམ་འོད་ཞུ་རང་ཐིམ་རང་ཉིད་ཀྱང༌། །ནཱ་དའི་བར་ཐིམ་འོད་གསལ་དབྱིངས་སུ་ཡལ། །སླར་ཡང་རྒྱན་དང་ཕྱག་མཚན་སྤངས་པ་ཡི། །ལྷ་སྐུ་གོ་ཆས་མཚན་པར་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ལ། བསྔོ་སྨོན་གྱིས་མཚམས་སྦྱར་ཏེ། དགའ་བ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བའི་ངང་སྤྱོད་ལམ་དགེ་བའི་བྱ་བ་ལ་འཇུག་པར་བྱའོ། །ཞེས་པའང་བློ་དམན་རྣམས་ལ་སྨན་པའི་སླད། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ཀྱི་དགོངས་
པ་ཇི་ལྟ་བར་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ཚིགས་བཅད་ཀྱི་ཕྲེང་བར་སྤེལ་བའི་དགེ་བས་འགྲོ་ཀུན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།། །།
རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་ལུགས་ཀྱི་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར་རྣམས།
རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་ལུགས་ཀྱི་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར་རྣམས་བཞུགས་སོ།། གསེར་ཆོས།།
རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནཱི་སཱ་དྷ་ན། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཤེས་རབ། །སྟོང་པ་ཉིད་དང་ཐབས་སྙིང་རྗེའི་བདག་ཉིད་ཅན། གསང་བ་གསུམ་རྣམ་པར་དག་པའི་དཀྱིལ་འཁོར་གསུམ། །ཁམས་གསུམ་པ་ཡི་ངོ་བོ་ཉིད། དུ་ཉོན་མོངས་པ་བསྲེགས་པས། །བསྐལ་པའི་མེ་ལྟར་འབར་བའི་འོད། དཔལ། །རྡོ་རྗེ་རྣལ་འབྱོར་མ་ཞབས་འདུད། །བླ་མ་བརྒྱུད་པའི་རིམ་པ་ནི། ཨིནྡྲ་བྷཱུ་ཏི་ལྟ་བུ། །རྟོག་པ་གཅིག་པའི་སྤྱོད་ཡུལ་ཏེ། །རྡོ་རྗེ་རྣལ་འབྱོར་མ«འི་»སྒྲུབ་«པའི་»ཐབས། ཕྱི་རབས་ཀྱི་དོན་དུ། །མདོར་བསྡུས་བདག་གིས་བཤད་པར་བྱ།། ༈ །དེ་ལ་དང་པོ་རྟེན་གྱི་གང་ཟག སྔགས་པས་ཐོག་མར་བྱ་བའི་རིམ་པ་རེ་ཞིག་བླ་མ་དང༌། སངས་རྒྱས་«ལ་སོགས་པའི་དཀོན་མཆོག་»རྣམས་ལ་མངོན་པར་གུས་པའི་ཡིད་ཀྱིས་«གཞན་དོན་»བྱང་ཆུབ་ཀྱི་སེམས་བརྟན་པར་བཟུང་སྟེ་«རྡོ་རྗེ་ཐེག་པའི་ཁྱད་ཆོས་སྨིན་གྲོལ་གྱི་»དབང་བསྐུར་ཡང་དག་པར་ཐོབ་ནས་ཆོས་ཐམས་ཅད་«བློ་བུར་བ་མ་ཡིན་ཏེ་གདོད་མ་ནས་རྣམ་པར་དག་པ་»ངོ་བོ་ཉིད་ཀྱིས་འོད་གསལ་བའི་རང་བཞིན་«སྤྲོས་པའི་མཐའ་ཐམས་ཅད་བྲལ་བའི་སྟོང་པ་ཉིད་»ཡིན་ཡང༌། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་«སྒྲུབ་པ་»མངོན་དུ་
བྱ་བའི་ཕྱིར། ༈ །«གཉིས་པ་གནས་བསྟན་པ་»དུར་ཁྲོད་«དམ་ཤིང་གཅིག་ལ་མ་མ་མོའི་གནས་»ལ་སོགས་པ་«ཉམས་དགའ་ཞིང་»ཡིད་དང་རྗེས་སུ་མཐུན་པ་«དེ་ལ་སོགས་པའི་»དབེན་པའི་གནས་སུ་སྟན་འཇམ་པོ་ལ་རྣལ་འབྱོར་གྱི་རོལ་པས་རབ་ཏུ་བསྔགས་པའི་གནས་«་་་་་ནུབ་ཕྱོགས་ཨོ་རྒྱན། »སུ་ཁ་བལྟས་ཏེ་འདུག་ནས། ༈ །«གསུམ་པ་ཆོ་ག་ཉམས་སུ་བླང་བའི་རིམ་པ་བསྟན་པ་»དེའི་རྗེས་ལ་«རྫས་སྔགས་ཏིང་ངེ་འཛིན་གྱིས་»ལུས་དང་ངག་དང་ཡིད་དག་པའི་ཕྱིར་ལྷ་རྫས་ཀྱི་བཏུང་བ་སྦྲང་«ཆང་»ངམ། བུ་རམ་«ཆང་ངམ།» བདུད་རྩི་«་་་་་ཨ་མྲྀ་ཏ། »ནས་«ཀྱི་ཆང་»སྦྱར་བ་ལས་བྱུང་བ་སྟེ། རྣམ་པ་གསུམ་པོ་ཇི་ལྟར་རྙེད་པ་བདུད་རྩི་ལྔ་དང་བཅས་པ་«ཐོད་པ་སོགས་»མཆོད་ཡོན་གྱི་སྣོད་དུ་བཞག་སྟེ། ཡི་གེ་གསུམ་མངོན་པར་བཟླས་ནས་«གནས་གསུམ་དུ་རེག་ཅིང་ལྕེ་ལ་བཞག» བཏུང་«་་་་་དེའི་རྗེས་ལ་ཁྲུས་བྱ་གསུངས། »བ་དེས་ལག་པ་«གཡས་ཀྱིས་»གཡོན་པ་ནས་བརྩམས་ཏེ། ཡན་ལག་དང་ཉེ་བའི་ཡན་ལག་«ལ་གཏོར། དེ་ནས་ལྷག་པ་ཕན་ཚུན་གཉིས་ཏེ་ལུས་ལ་བྱུག» ཐམས་ཅད་ལ་«འབྲུ་གསུམ་བཟླས་པའི་ཆང་གིས་»སྔགས་ཀྱི་ཁྲུས་བྱའོ། །དེ་ཉིད་ཀྱིས་མཆོད་པའི་རྫས་«དང་གཏོར་མ་»རྣམས་«ལ་གཏོར་ནས་སྔགས་སུམྦྷས་»བསང་བར་བྱའོ། །«ལག་པ་བྱིན་གྱིས་བརླབ་པ་ནི་»དེའི་རྗེས་ལ། ཨོཾ་བྂ་«དམར་པོ་མཐིལ་དུ་»ཧྃ་ཡྂ་«སྔོན་པོ་
མཐེའུ་ཆུང༌།» ཧྲིཾ་མྂ། «དཀར་པོ་སྲིན་ལག» ཧྲིཾ་ཧྲིཾ། «སེར་པོ་གུང་མོ།» ཧུཾ་ཧཱུྃ། «དུད་ཀ་མཛུབ་མོ།» ཕཊ་ཕཊ་«ལྗང་གུ་མཐེ་བོང༌།» ཅེས་བྱ་བའི་སྔགས་ཀྱི་ཡི་གེ་འདི་རྣམས་ཀྱིས་ལག་པ་གཡོན་པའི་སོར་མོ་རྣམས་ཡང་དག་པར་སྦྱངས་ཏེ་«ལུས་ངག་ཡིད་གསུམ་གྱི་»དག་པ་བརྗོད་པར་བྱའོ། །«དེའང་དབྱིངས་ཀྱི་དག་པའི་སྔགས་ནི།» ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། «ལུས་ངག་ཡིད་གསུམ་དག་པའི་སྔགས་ནི།» ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། «ཡེ་ཤེས་ཀྱི་དག་པའི་སྔགས་ནི།» ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། «འདི་ཡན་ཆད་ལྷ་བསྐྱེད་པའི་སྔོན་དུ་བྱ་བའོ།» །དེ་«ལྟར་དག་པ་གསུམ་གྱི་སྔགས་ཀྱིས་ལས་ཉོན་དག་»ནས་རང་གི་ལུས་ཁམས་གསུམ་«དང་ས་གསུམ་དང་ལུས་ངག་ཡིད་གསུམ་»རྣམ་པར་དག་པའི་«རྟེན་ཆོས་འབྱུང་གི་»གཞལ་ཡས་ཁང་«ཕྱི་དཀར་ལ་ནང་དམར་བ་ཉིད་»དུ་བསམས་ནས། སྐད་ཅིག་གིས་«བརྟེན་པ་ལྷ།» ལྟེ་བའི་དཀྱིལ་«་་་་་ཐད་ཀ་ཆོས་འབྱུང་གི་སླད་དུ་ནང་གི་རྡོ་རྗེ་ཕག་མོ་ཨོཾ་གི་རང་བཞིན་དུ་གནས་པ་དེ་ནས་ཕྱག་གི་རྣམ་པར་གསལ་བ་ཡིན་གྱི། ས་བོན་སོགས་ལས་བསྐྱེད་པ་མིན་གསུངས། »དུ་རྡོ་རྗེ་ཕག་མོ་ཕྱག་གཉིས་མ་གྲི་གུག་«་་་་་ཤེས་རབ་བརྡ། »དང༌། ཀ་པཱ་ལ་དང་«་་་་་ཐབས། »ཁ་«་་་་་ཟུང་འཇུག་»ཊྭཱཾ་ག་བསྣམས་པ།«་་་་་སྙིང་རྗེ་དང་བདེ་བའི་བརྡ་ཌཱ་མ་རུ་དང་དྲིལ་བུས་མཚན་པ། »དབུ་སྐྲ་གྲོལ་«་་་་་ཆགས་པའི་བརྡ། »བ་གཅེར་མོ་«་་་་་ཉོན་མོངས་པས་མ་གོས་པའི་བརྡ། »སྤྱན་གསུམ་མ་སྟེ། ན་ཚོད་གསར་«་་་་་བཅུ་དྲུག་ལོན་པ་ལྟ་བུ་གདུལ་བྱ་མྱུར་དུ་འདུལ་བའོ། »པས་མཛེས་པ་ལ། །ཕྱག་རྒྱ་«་་་་་རིགས་ལྔ་ཡོངས་སུ་དག་པའི་བརྡ། »ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་«་་་་་རྡོ་རྗེའི་ཕྲེང་བས་བརྒྱུས་པའི་ཐོད་པ་ཁ་དོག་ལྔ་བས་དབུ་གཉིས་ཀ་བརྒྱན་པ་དེའི་སྟེང་ན་སངས་རྒྱས་རིགས་ལྔས་མཚན་པའམ། ཡང་ན་ཐོད་པ་ལྔ་པོ་དེ་རིགས་ལྔའི་ངོ་བོར་བསྒོམ་པའོ།། »ཡི་ཅོད་པན་ཅན། «ཞབས་གཡས་བསྐུམ་པའི་»སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ནི། །པད་ཉི་མེ་ཡི་དབུས་ན་བཞུགས། «པ་སྟེ་འོག་ཏུ་ཆོས་འབྱུང༌། དེའི་སྟེང་པདྨ་དེའི་སྟེང་ངོ༌། །དེའི་སྟེང་ཉི་མ་མེ་ལྟར་འབར་བ།» །ཛ་བ་«་་་་་མེ་ཏོག་དམར་པོ་ཞིག་གོ །བདེ་བ་ཆེན་པོའི་རོ་ལ་མཆོག་ཏུ་ཆགས་པའི་བརྡ། »བིནྡྷུ་ར་ཡི་མདོག །དེ་འདྲའི་གཟུགས་འཆང་ལྷ་མོ་ནི། «བླ་མས་ཇི་ལྟར་བསྟན་པ།» །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དེ་ཡི་གཡས་ན་ཕག་གདོང་སྟེ། «སེར་བ་དང་དམར་བ་གཉིས་ལས་འདི་དམར་བའི་ལུགས་ཡིན། དེའང་དམར་བ་སྤུ་མེད་པ་མཆེ་བ་གཙིགས་པ་སྟེ་ཞལ་ཕྱག་ལ་གཙང་དམེ་མེད་པ་དོན་དམ་པའི་བདེན་པ་ལ་དགེ་མི་དགེ་ཐམས་ཅད་ལ་རྣམ་རྟོག་མེད་པའི་བརྡ།» །དེ་བཞིན་གཡོན་པ་ཁྲོ་མོའི་ཞལ། །
ཀུན་རྫོབ་དང་ནི་དོན་དམ་གཉིས། །ཞལ་ནི་གཉིས་སུ་རབ་ཏུ་བརྗོད། །བླ་མའི་མན་ངག་ལམ་གྱིས་ནི། «ལྷ་སྒྲུབ་པའི་སྒོམ་པ་དང་གོང་གི་སྔགས་ས་བོན་ཡང་རང་རྒྱས་སུ་བསྒོམ། དབུ་རྒྱན་ཡང་རང་ཆས་སུ་སྟེ་རིགས་བདག་ལ་མི་བསྐྱོད་པ་དབུས་སུའོ། །བདག་དོན་དུ་བྱིན་རླབས་ཀྱི་རྒྱུན་བསྒོམ་པ། རྫོགས་པའི་རིམ་པ་དང༌། གཞོན་ནུ་བྱིན་རླབས་ཏེ་བྱིན་རླབས་ཀྱི་རྒྱུན་བསྒོམ་དུ་གཞུག་པའོ། »།རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ཡི་པདྨ་«དམར་བ»འི་ནང་གནས་པའི། «ཆོས་འབྱུང་ཉིས་བརྩེགས་ཀྱི།» །འཁོར་ལོ་དོན་ཀུན་གྲུབ་«པ་སྟེ་དངོས་གྲུབ་རྣམ་པ་གཉིས་»གསོལ་བ། །ཡོན་ཏན་གསུམ་རྒྱན་མཚན་མ་ནི། «རྣམ་ཐར་གསུམ་གྱི་བརྡ་ཆོས་འབྱུང་ནང་དུ་སྔགས་ཕྲེང་གསུམ་བསྒོམ། དེའང་འཁོར་ལོའི་ཚུལ་ལོ།» །འོད་ཆེན་ཁ་དོག་ཤིན་ཏུ་དམར།«་་་་་ཨོཾ་གསུམ་མ་ཡིད་ཀྱིས་བརྗོད་པས་ཆོས་འབྱུང་སྔགས་ཀྱི་འོད་དང༌། སུམ་མདོར་མེ་བསྒོམས་ཏེ་ཆུའི་འོད་གྱེན་ལ་བྱུང་བ་ལྟར། དཔེ་གཅིག་ཏུ་འབར་ཞེས་སྣང༌། »།སྔགས་ཀྱི་ཡི་གེས་«ཏེ་བཾ་ཡིག་ལ་རིམ་པ་བདུན་གྱིས་བསྐོར་ཏེ་»ལེགས་པར་གང༌། «ཆོས་འབྱུང་ལ་བརྟེན་ནས་འཁོར་ལོ་དེ་མྱུར་བས་»རྫ་མཁན་འཁོར་ལོ་བཞིན་དུ་འཁོར། «འོག་སྒོ་སྒོམ་བའི་དུས་སུ།» །སྲིན་པོའི་ཞལ་ནི་ལེགས་བསྡམས་ནས། །མེ་ནི་ཀུན་ནས་སྦར་བར་བྱ། །གཡུང་དྲུང་«གཡོན་དུ་»འཁྱིལ་པ་འཁོར་བ་ཡི། །དཀྱིལ་འཁོར་ཕག་གདོང་«སྨིན་མཚམས་མཐོ་གང་གི་མཐོང་བར་»ཉེ་བར་བལྟ། །ཕྱག་རྒྱ་«བདེ་སྟོང་»གཉིས་ཀྱི་སྦྱོར་བ་ཡིས། །འཇིག་རྟེན་གསུམ་«དུ་གྲགས་པའི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུ་མ་ཟད་སངས་རྒྱས་ཀྱང་འགྲུབ་པར་འགྱུར་བས་དེ་»ཡང་སྒྲུབ་པར་བྱེད། «ཐ་མལ་གྱིས་རྣམ་རྟོག་»སྐད་ཅིག་«ཙམ་ཡང་མི་སྣང་བའི་»རྣམ་པའི་རྣལ་འབྱོར་དག །«ཟབ་མོའི་»རྣལ་འབྱོར་«ལས་»འགྲུབ་«པར་»འགྱུར་«གྱིས་»གཞན་དུ་མིན་ནོ། «དུས་གཅིག་གམ་གཉིས་སམ་རེས་མོས་སུ།། » ༈ «།བཞི་པ་སྔགས་དག་པར་བྱ་བའི་ཕྱིར་བཏུ་བར་བསྟན་པ་ནི།» དེ་ནས་«སློབ་དཔོན་གྱིས་སྔགས་ཀྱི་གནང་བ་སྦྱིན་དགོས་པས་»གཞན་ཡང་བཤད་བྱ་བ། །གསང་སྔགས་བཏུ་བའི་ཆོ་ག་མཆོག །«བདག་གཞན་གཉིས་ཀའི་དོན་གྱི་ཡན་ལག་སྔགས་དག་པར་བྱ་ཕྱིར་བཏུ་བའི་ཐབས་ཀྱི་ཆོ་ག་ལ་ཕྱི་ཆོས་འབྱུང༌།» །དཀྱིལ་འཁོར་གྲུ་གསུམ་ཉམས་དགའ་བར། «བྲི་བར་བྱ་སྟེ།» །རྡོ་རྗེ་«བདེ་བ་དང༌།» ཨཱ་རལླི་«སྟོང་པ་སྟེ་བདེ་སྟོང་ཐབས་ཤེས་ཟུང་འཇུག» ལས་«ཆོས་ཐམས་ཅད་»བྱུང༌། «བས་ན།» །ཆོས་ཀྱི་འབྱུང་གནས་ཞེས་བཤད་ཅིང༌། «མིང་
གི་རྣམ་གྲངས་རྡོ་རྗེ་»བཙུན་མོའི་བྷ་ག་ཞེས་ཀྱང་ངོ༌། «དེ་ལྟ་བུའི་ཆོས་འབྱུང་གི་དབུས་སུ་»ཨཱ་ལི་ཀཱ་ལི་དབྱེ་བས་དེར། །སྡེ་ཚན་བརྒྱད་ནི་རིམ་པས་བྲི། «བར་བྱ་སྟེ།» «བང་རིམ་བདུན་དུ་རེའུ་མིག་གི་ངེས་པ།» །གཟུགས་༡མེ་༢མདའ་༥དང་ཐུབ་༧པ་དང༌། །བུག་༩པ་དྲག་པོ་༡༡འདོད་པ་༡༣ཡིས། །རིམ་པ་མན་ངག་«བརྡས་བཤད་པ་»ཇི་བཞིན་དུ། །རེ་མིག་«བཞི་བཅུ་རྩ་དགུ་»རྣམས་སུ་དགོད་པར་བྱ་«འོ། དེ་ལ་གང་དགོད་ན།» །དང་པོར་ཨ་ཡིག་ནས་བརྩམས་ཏེ། །ཡི་གེ་ཧ་ཡི་མཐར་ཐུག་བར། «ཀྵ་སྤངས་པའི་ཨཱ་ལི་ཀཱ་ལི་བཞིན་བཅུ་རྩ་དགུ »།གཡོན་སྐོར་གྱི་ནི་སྦྱོར་བ་ཡིས། «བཀོད་ནས།» «བཏུ་ཚུལ་དངོས་ནི།» །སྡོམ་པ་རྒྱ་མཚོར་«ཏེ་འཁོར་ལོ་སྡོམ་པའི་རྒྱུད་ལས་»གསུངས་པ་བཞིན། «ཏེ་དེའང་རེའུ་མིག་གི་ནང་དུ་བཀོད་པའི།» །ཐ«འི་ཡི་གེའི་»སྟེང་«་་་་་འཁོར་ལོ་དང་ཞིབ་ཏུ་སྦྱར། མ་ནི་ཨོ་ཡིག་སྟེང་»སུམ་འགྱུར་«ཨོ་ཨོ་ཨོ་ཞེས་»བྱས་ནས་ནི། «།དེ་ལ་»སྒྲ་«སྟེ་ནཱ་ད་»དང་ཐིག་ལས་རྣམ་པར་བརྒྱན། «པས་ཨོཾ་ཨོཾ་ཨོཾ་ཞེས་གྲུབ་བོ། །དེ་བཞིན་དུ།» །བྷ་འཐུག་སྟེང་«ས་»དང་ཚ་སྟེང་«པ་»ཡིག །སྤྱི་བོར་ཏ་ལོག་སྟེང་མ་«ར»ས་བརྒྱན། «པས་སརྦ» །ཙ་སའི་དབུས་ནས་«བ་བླངས་»ནས་སུ། །དེ་བཞིན་ཌ་ཡི་འོག་མ་«ཨུ»ས་བརྒྱན། །ཤ་ལོག་སྟེང་མ་«དྷ»་ར་ཤ་སྟེང་ད་བསྐྱོན། །དེ་བཞིན་ཡང་དག་སྦྱོར་བའོ། «།བུདྡྷ་»ལྀ་ཐུང་འོག་གི་ཡི་གེ་«ཌ་»ལ། །ཉ་ཡི་འོག་མ་«ཨ»འས་རྣམ་པར་བརྒྱན། །ས་སྟེང་«ཀ་»ཏ་ལོག་འོག་མ་«ཨི»ས་སྦྱར། །ཕ་སྟེང་«ན་»ཐ་ལོག་འོག་གི་«ཨཱི་»ས་དབྱེ། «ཌཱ་ཀི་ནཱི།» །ཧ་ད་ཊ་ཡིག་དབུས་«ཡ་»ཡིག་ལ། །ན་ལོག་སྟེང་ན་«ཨ»་གནས་པར་བརྒྱན། «ཡེ་»ཥ་ཡི་འོག་ན་གནས་«པ་»བཟུང༌། །བྷ་འཐུག་འོག་མ་«ཛ་»ན་ལོག་གི །འོག་མ་«ར་»ཡིས་ནི་གདན་དུ་བྱ། «།བཛྲ།» །ཧ་སྟེང་གནས་པའི་ཡི་གེ་«ཝ་»ཉིད། །ར་སྟེང་«ཎ་»ར་ཡི་སྟེང་མ་ཎ་སྦྱར། «དཔེ་ལ་ལར་ཊ་ལོག་ཅེས་སྣང་བ་ཏ་ཡིག་ལ་ངོས་བཟུང་བའི་བཀོད་ལུགས་ཀྱང་འདུག» །ཏ་ལོག་སྟེང་ན་གནས་པ་«ར་»ཡིས། །སྤྱི་བོར་སྦྱར་བ་ཡོངས་སུ་གྲགས། །ཕ་སྟེང་«ན་»ཐ་ལོག་འོག་མ་«ཨཱི་»ཡིས། །རྣམ་པར་སྦྱར་བ་བརྗོད་པ་ཡིན། «བརྞཎ་ནཱི་»ཉ་ཡི་སྟེང་«ཡ་»ན་ན་ལོག་སྟེང༌། «ཨེ་»སྦྱར་བའི་མན་ངག་གིས་ཤེས་བྱ། «ཡེ་»ཙ་སའི་དབུས་ནས་«བ་»བླངས་ནས་ནི། །བྷ་འཐུག་འོག་
མ་«ཛ་»ན་ལོག་གི །འོག་མ་«ར་»ཡི་ནི་གདན་དུ་བྱ། «བཛྲ།» །དེ་བཞིན་ཚ་ཡིག་སྟེང་ནས་«བ་»བླངས། །ཏ་ཡི་སྟེང་ན་གནས་པ་«ཨཻ་»ས་བརྒྱན། །ཐ་སྟེང་«ཨོ་»ན་ལོག་འོག་མ«ར»་ར་བརྒྱན། །དེ་བཞིན་པ་ཡི་འོག་གནས་«ཙ་»ཡིག །དྷ་བའི་དབུས་གནས་ཡི་གེ་«ན་»ལ། །ཐ་ལོག་འོག་མ་«ཨི་»ས་རྣམ་པར་བརྒྱན། «།བེ་རོ་ཙ་ནཱི་»ཉ་ལའི་དབུས་གནས་ཡི་གེ་«ཡ་»ལ། །ན་ལོག་སྟེང་མ་ཨ ས་རྣམ་པར་བརྒྱན། «།ཡེ »།ས་ཡའི་དབུས་གནས་ཡི་གེ་«ཧ་»ལ། །རཱ་རིང་འོག་མ་«ཨཱུ་»ས་དབྱེ་བར་བྱ། །ཐིག་ལེ་ནཱ་ད་ཡང་དག་ལྡན། །དེ་ཡང་བུམ་འགྱུར་བྱ་བ་ཡིན། «ཧཱུྂ་ཧཱུྂ་ཧཱུྂ།» །ན་ཡི་འོག་ནས་«ཕ་»ར་འོག་ཊ་དབྱེ། །དེ་ཡང་སུམ་འགྱུར་བྱ་བའོ། «ཕཊ་ཕཊ་ཕཊ་» །ཀ་ཡི་འོག་«ས་»ནས་ཥ་འོག་«བ་»ཞོན། །ཉ་འོག་«ཨཱ་»གནས་པས་དབྱེ་བར་བྱ། །མ་ཝའི་དབུས་གནས་«ཧ་»ཡང་དག་ལྡན། །ཛ་འཐུག་རྒྱབ་ཀྱི་དབྱངས་ཀྱི་ཨཱས་བརྒྱན། «སྭཱ་ཧཱ་ཞེས་གྲུབ་བོ།» «།དེ་ལྟར» །བླ་མའི་མན་ངག་ལམ་གྱིས་ནི། །གསང་སྔགས་བཏུ་བའང་«ལྷག་ཆད་མེད་པར་»ཤེས་པར་བྱ། «དེ་ལྟར་བཏུས་པའི་དགེས་བ» །གླེགས་བམ་ལས་ནི་«རང་ཤེས་སུ།» བཟུང་བའི་སྔགས། «ཟློ་ལྷུར་བྱེད་པའི་སྔགས་པས།» ཡང་དག་«པའི་གདམས་ངག་མེད་པས་སྔགས་བཏུ་བྱ་དང་»བླང་བ་སྤང་བ་ཡིས། «ནམ་ཡང་མི་འགྲུབ། དེས་ན་སྔགས་བཏུ་བའི་ཆོ་གས་བླངས་པས་གྲུབ་ཀྱི་གཞན་དུ་ན།» །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དངོས་གྲུབ་རྣམས་སུ་མི་འགྱུར་ཉིད། «དེ་རྟེན་འབྲེལ་གྱི་ཆེ་བའོ།། ༈ །ལྔ་པའི་ཕྱི་རོལ་མཆོད་པ་དང་ཚེས་བཅུའི་མཆོད་པ་ཐུན་མོང་དུ་བསྟན་པ།» དེ་ནས་རང་«གཞན་གཉིས་ཀྱི་དོན་དུ་ཐུན་མོང་པ་ཁྱད་པར་གྱི་ཆོ་ག»་ཡང་དག་བཤད་པས་བྱ། །མཆོད་པའི་«ཡེ་ཤེས་»རྡོ་རྗེ་«རང་གཞན་གཉིས་ལ་དོན་»ཀུན་འབྱུང་བ། «།ཡར་མར་གཉིས་ཀྱི་»ཚེས་བཅུའི་དུས་སུ་བབས་པ་ན།«་་་་་སྤྱིར་ཡོ་བྱད་ཀྱི་མཆོད་པ་བྱེད་པ་ལ་དུས་མེད།» «ཡོ་བྱད་བཤམ་པ་ནི།» །མཆོད་པ་ལྔ་དང་ཡང་དག་ལྡན། །བཟའ་བཅའ་དེ་བཞིན་བཏུང་བ་དང༌། །ཕྱི་དང་གསང་བ་ཡང་དག་ལྡན། «མཆོད་པའི་རྟེན་བཤམ་པ་ནི།» །དྲི་མེད་སྣོད་ནི་ཡང་དག་པར། །གུར་གུམ་སོགས་ཀྱིས་བྱུགས་ནས་སུ།«་་་་་དྲི་བཟང༌།» །བཟང་པོའི་
བཏུང་བ་«ཆང་གིས་བྱུགས་པ།» ཡང་དག་ལྡན། །སིནྡྷུར་ཕྱེ་མ་«དར་ཆག་ལ་»གཙགས་པ་ལ། །གསེར་སྨྱུག་གི་ནི་སྦྱོར་བ་ཡིས། །མཁས་པས་ཕྱི་«ཆོས་འབྱུང་གྲུ་གསུམ།» ཨེ་ཝྂ་རྣམ་པར་བྲི། «བའི་དབུས་སུ་བྂ་ཡི།» །དབུས་སུ་གསང་སྔགས་རྒྱལ་པོ་«ཨོཾ་གསུམ་མ་»ནི། །བསྟན་བཅོས་ཀྱི་ནི་རིམ་པས་«ཏེ་སྔགས་བཏུ་བ་བཞིན་གཡོན་སྐོར་དུ་»བྲི། «མི་འགྱུར་བ་དགའ་བ་འཁྱིལ་པ།» །གཡུང་དྲུང་དགེ་བའི་ཕྱག་རྒྱ་«དངོས་གྲུབ་སྟེར་བ་»ནི། །འཁོར་ལོ་ཡི་ནི་ལོགས་སུ་«སྟེ་གྲྭ་ཟུར་བཞི་ལ་»དགོད། «དེའི་མཐའ་སྐོར་དུ »།མེ་ཏོག་«དམར་པོ་གཙོ་བོར་གྱུར་པའི་»རྣམ་པ་སྣ་ཚོགས་པ། «སྟེ་»ཆུ་དང་དེ་བཞིན་ཐང་ལས་སྐྱེས། «ལ་སོགས་ཉེར་སྤྱོད་དང༌།» །སྒྲོན་མ་«སྟེ་ཤ་ལྔ་དང་»ཙཱ་རུ་«སྟེ་ལྷ་བཤོས་དང་»དམ་ཚིག་«གི་རྫས་བདུད་རྩི་ལྔ་རྣམས་ཚོགས་པ་»གཅེས། ༈ «།དྲུག་པ་གཞོན་ནུ་མའི་སྟོན་མོ་གསང་བར་གདམས་པ་དང་བཅས་པ།» །དེ་བཞིན་གཞོན་ནུ་མ་དག་མཆོད། «པ་ནི་འཇམ་དཔལ་ལ་རི་བོ་རྩེ་ལྔར་ཁྱེའུ་ལོ་བརྒྱད་ལོན་པ་ལ་སྟོན་མོ་བྱེད་པ་ལྟར་བུ་མོ་ལོ་བཅུ་དྲུག་ལོན་པ་རྣལ་འབྱོར་མར་བྱིན་གྱིས་བརླབས་ལ་སྟོན་མོ་བྱ་བའི།» །མཆོད་པའི་ལས་ནི་ཁྱད་པར་དུ། «ལྷ་དངོས་མཆོད་པའི་ཕན་ཡོན་འབྱུང་བས་ཐེ་ཚོམ་མེད་པར།» །གདོན་མི་ཟ་བར་«མཆོད་པར་»བྱ་བ་སྟེ། «དེའི་དུས་སུ་སྐྱོད་པའི་ལྟར་བྱ་བ་ནི་སྒྲུབ་པོ་བདག་ཉིད»། །སྐྲ་གྲོལ་གཅེར་བུར་བྱས་པ་ཡིས། །སྔར་བཤད་ཕྱོགས་སུ་«སྟེ་གོང་ནས་འབྱུང་བ་ལྟར་ནུབ་ཕྱོགས་ཨོ་རྒྱན་དུ་»ཁ་བལྟས་ནས། །མཉམ་པར་བཞག་པས་མཆོད་པ་ཡི། །དུས་སུ་«ལྷ་དང་མཆོད་པ་སྔགས་རིན་པོ་ཆེ་ཐམས་ཅད»་ཤིན་ཏུ་གསང་སྟེ་བྱ། མ་གསང་«རང་གཞན་གཉིས་ཀའི་དོན་ལ་བར་ཆད་འཇུག་པའི་»གེགས་ནི་འབྱུང་འགྱུར་ཏེ། །དེ་བཞིན་དུ་ཡང་དངོས་གྲུབ་«སྐྱེ་བ་འདི་ལ་མི་ཐོབ་པས་»ཉམས། «གཞན་ཡང་མ་གསང་བའི་སྐྱོན་»ནད་ཀྱི་རྣམ་པ་སྣ་ཚོགས་པའང༌། །དམ་ཚིག་ཉམས་«ཏེ་གསང་བ་བསྒྲགས་པ་འབའ་ཞིག་»ལས་འབྱུང་བར་འགྱུར། «བས་ན།» །སྲོག་ནི་ཡོངས་སུ་གཏོང་བའམ། །འཆི་བ་དང་ནི་འཕྲད་ཀྱང་སླ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དམ་ཚིག་རྟག་ཏུ་བསྲུང་བར་བྱ། «།སྟེ་གསང་བ་ཁོ་ན་ལ་འབད་པར་བྱའོ།། ༈ །བདུན་འདུས་ཐམས་ཅད་ཀྱི་སྤྱོད་པ་བསྟན་པ།» །འགྲོ་ཀུན་གཡོན་ལས་བྱུང་བ་སྟེ། «ཀུན་རྫོབ་ཏུ་གཡོན་གྱི་བརྡས་ཕུད་
མེད་དོ།» །འཇིག་རྟེན་གསུམ་པོ་བརྟན་དང་གཡོ། «བ་ཐམས་ཅད་དོན་དམ་དུ་གཡོན་གྱི་འོད་གསལ་སྟོང་པ་ལས་བྱུང་བའོ།» «།དེའི་བརྡར་»རྟག་ཏུ་རྣལ་འབྱོར་«པས་»གཡོན་པ་«འི་ཀུན་ཏུ་སྤྱོད་པ་»ས་སྤྱད། «པར་བྱ་སྟེ།» «ཇི་ལྟར་ན།» །རྐང་པ་གཡོན་པ་སྔོན་དུ་དོར། །མཆོད་པ་ལག་པ་གཡོན་གྱིས་བྱ། །གཡོན་གྱིས་«གཞན་ལ་མཆོད་པ་སོགས་»བསྟབ་ཅིང་«རང་གིས་ཀྱང་»བཟའ་བར་བྱ«འོ། གྲོགས་ཕྱག་རྒྱ་རྒྱལ་རིགས་སོགས།» །རིགས་ལྔར་ཀུན་ཏུ་སྤྱོད་པས་ན། «ཐམས་ཅད་»རིགས་གཅིག་ཏུ་ནི་བརྟག་པར་བྱ། «སྟེ་ཕག་མོར་མོས་པར་བྱ།» «གཞན་ལང་སྤྱོད་པའི་ཁྱད་པར་»བཟའ་དང་བཟའ་མིན་དེ་བཞིན་བཏུང༌། །གཙང་རྨེ་«ར་འཛིན་པའི་འདུ་ཤེས་དོར་ནས་རང་ངོ་མི་ཤེས་པའི་སར་བྱིན་ལ་»ངོ་ཚ་སྤང་བར་བྱ། «ཐ་མ་ལ»་ཀུན་རྟོག་ཀུན་ལས་ངེས་གྲོལ་བས། «ཡོད་མེད་རྟག་ཆད་»གཉིས་པ་ཐམས་ཅད་རྣམ་པར་སྤངས། །རྣལ་འབྱོར་«གསང་མཐའ་བདེ་མཆོག་»དྲྭ་བའི་སྡོམ་པ་ཡི། «སྔགས་པས་སྤྱོད་པ་ཇི་ལྟར་བྱེད་ན་»རྣལ་འབྱོར་«པས་རི་དྭགས་ཀྱི་རྒྱལ་པོ་»སེང་གེ་བཞིན་དུ་«འཇིགས་པ་མེད་པར་»སྤྱོད། «པར་བྱའོ།། ༈ །དགུ་པ་སྔགས་ཀྱི་ཆེ་བ་བསྟན་པ། གྲུ་གསུམ་སྔགས་ཀྱིས་གང་བའི་»གསང་སྔགས་རྣལ་འབྱོར་མ་སྟེ་«ལྷ་མོ་»དངོས། «རྗེ་བཙུན་མའི་སྔགས་ལ་ཁྱད་པར་དུ་ཡིད་ཆེས་སྐྱེད་པའི་ཕྱིར་དངོས་གྲུབ་ཡེ་ཤེས་ལྔ་ནང་སྐུ་ལྔར་ལྡན་པས་»རྣལ་འབྱོར་མ་ཡང་གསང་སྔགས་དངོས། «དེའི་ཕྱིར་»གལ་ཏེ་གོ་འཕང་མཆོག་འདོད་ན། «སྔགས་དང་ལྷ»་དེ་དག་ཐ་དད་མི་བྱ་སྟེ། «ཐེ་ཚོམ་མི་ཟ་བར་»བསམ་པ་«རྩེ་གཅིག་པས་»གང་དག་གང་གིས་«སྔགས་བཟླས་ན་»ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། «བ་སྟེ་འདོད་པའི་དངོས་གྲུབ་»དེ་དང་དེ་ཡི་ངོ་བོར་འགྱུར།«་་་་་གསང་སྔགས་གཅིག་ཡིན་ཡང་ཡིད་ཆེས་པ་ལས་དངོས་གྲུབ་ཐམས་ཅད་འབྱུང་བའི་དཔེ་ཟས་ལ་སོགས་པ་དངོས་གྲུབ་ཏུ་འབྱུང༌།།» «བ་ནི།» «།དཔེར་ན་ཟས་གོས་སོགས་»སྣ་ཚོགས་«པའི་འདོད་ཆུའི་ནོར་འབེབས་པ་ཡིད་བཞིན་»ནོར་བུ་ཇི་བཞིན་ནོ། «དེའང༌།» །སེམས་ནི་«བསམ་གཏན་དང་»རྗེས་«སུ་»མཐུན་«པའི་ཏིང་ངེ་འཛིན་ལྷག་པའི་ལྷའི་»རྣལ་འབྱོར་གྱིས། །གང་ཞིག་«གསང་སྔགས་ཀྱི་རྒྱལ་པོའི་བཟླས་བརྗོད་ལ་»གོམས་པར་བྱེད་ན་ནི། «འཇིག་རྟེན་གྲགས་པའི་»བསོད་ནམས་ཆུང་བའི་མི་
ཡིས་ཀྱང༌། «བཟླས་སྒོམ་གཉིས་ཀྱིས་དངོས་གྲུབ་ཐམས་ཅད་མྱུར་དུ་»འགྲུབ་«པར་»འགྱུར་«བ་»འདི་ལ་ཐེ་ཚོམ་མེད། «དེ་དཔལ་ཧེ་རུ་ཀས་གསུངས་པས་སོ།། ༈ །བཅུ་པ་དེ་ཐོབ་པའི་ཐབས་ནང་བླ་མ་མཉེས་པ་ལས་བྱུང་བ་བསྟན་པ།» བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་ནི་དགེ་འདུན་ཏེ། «དཀོན་མཆོག་གསུམ་ཐ་མི་དད་དུ་བལྟའོ། །ཁྱད་པར་ཚེ་གཅིག་གིས་སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྩོལ་བས།» །བླ་མ་དཔལ་ལྡན་རྡོ་རྗེ་ཅན། «ཏེ་རྡོ་རྗེ་འཆང་དང་ཐ་མི་དད་པས་ན། དངོས་གྲུབ་ཐམས་ཅད་བླ་མ་མཉེས་པ་ལས་འབྱུང་གི་གཞན་དུ་ནས་ཡང་མི་འབྱུང་བས།» །འདིར་ནི་བླ་མ་«ཁོན་དངོས་གྲུབ་ཀྱི་»རྒྱུ་ཡིན་ནོ། «།དེས་ན་འབྲས་བུ་དམན་པ་ལ་ཡིད་མི་ཆགས་པར་»སངས་རྒྱས་གོ་འཕང་འདོད་པ་ཡིས། །དེ་ཕྱིར་བླ་མ་མཉེས་པར་བྱ། «བ་ཁོ་ན་ཤིན་ཏུ་གཅེས་སོ།། ༈ །ཞར་བྱུང་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱི་མཚན་ཉིད་»། དགོངས་པ་བླ་ན་མེད་པ་ཉིད། «།དེ་རྣལ་འབྱོར་རྒྱུད་མན་ཆད་ལ་མེད་པའི་བླ་མེད་ཀྱི་ཁྱད་ཆོས་ཚེ་གཅིག་གིས་རྡོ་རྗེ་འཆང་འགྲུབ་པར་བྱེད་པའོ། །མན་ངག་གི་འབྱུང་གནས་བསྟན་པ་»དཔལ་ལྡན་ཨུ་རྒྱན་གནས་ཀྱི་«མཁའ་འགྲོ་མའི་གསང་མཛོད་ཆེན་པོ་ནས་བྱུང་ཞིང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ལས་རིམ་པར་བརྒྱུད་པ་བར་མ་ཆད་པ»འོ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་«གདམས་ངག་»གསང་བ་«ཨིནྡྲ་བྷཱུ་ཏི་ལ་སོགས་པའ»ི་སྙན་ནས་སྙན་དང་ཞལ་ནས་ཞལ་དུ་བརྒྱུད་པའི་རྗེས་སུ་གནང་བའི་གཞུང་ལུགས་སློབ་དཔོན་ཆེན་པོ་དཔལ་ཨོ་རྒྱན་གྱི་མི་དབང་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཔལ་ན་ལེནྡྲ་པ་དང༌། ལོ་ཙཱ་བ་དགེ་སློང་པྲ་ཛྙཱ་ཀཱི་རྟིས་བསྒྱུར་བའོ།། ༈ །ཨིནྡྲ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་བཞུགས་སོ། །པདྨ་མི་རོ་ཉི་མའི་དཀྱིལ་འཁོར་སྟེང༌། །སྐྱེ་རྒུའི་སྐྱབས་གཅིག་རྡོ་རྗེ་རྣལ་འབྱོར་མ། །བདེན་གཉིས་དོན་མཚོན་ཞལ་ཟུང་ལྡན་པ་ཡིས། །འགྲོ་ཀུན་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །འདིར་འཁོར་ལོ་བདེ་མཆོག་གི་དབང་དང་རྗེ་བཙུན་མའི་བྱིན་རླབས་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པས་ཕག་མོ་ཞལ་གཉིས་མ་བསྒོམ་པའི་ཚུལ་ལ། སྐྱབས་སེམས་ཡིག་བརྒྱ་ཚད་མེད་བཞི་སྤྱི་ལྟར་བྱ། སྭ་བྷཱ་བ་སོགས་
བརྗོད། གནས་ལུགས་ཀྱི་དོན་ལ་བློ་ཅུང་ཟད་བཞག སྟོང་པའི་ངང་ལས་སྐད་ཅིག་གིས་ཆོས་འབྱུང་དམར་པོ་གྲུ་གསུམ་པ་ཕྱི་རོལ་ཐམས་ཅད་མེ་རི་འབར་བ། དེའི་ལྟེ་བར་པདྨ་མི་རོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཉིས་ཀྱི་གཡས་དོན་དམ་པ་མཚོན་པའི་ཕག་ཞལ་ནག་པོ། གཡོན་ཀུན་རྫོབ་མཚོན་པའི་ཁྲོ་མོའི་ཞལ་དམར་པོ་ཅུང་ཟད་ཐུར་དུ་གཟིགས་པ། ཞལ་གཉིས་ཀའང་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་བ། ཕྱག་གཡས་གྲི་གུག་འཕྱར་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་པ་ན་ཐབས་མཚོན་པའི་ཁ་ཊྭཱཾ་ག་བསྣམས་པ། སྐུ་གཅེར་བུ་ལ་རུས་པའི་རྒྱན་དང་ལྡན་པ། རིགས་ལྔའི་རང་བཞིན་གྱི་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཞབས་གཡོན་པའི་བརླ་ལ་གཡས་པའི་སོར་མོ་གཏད་པའི་ཕྱེད་ཀྲུང་གི་ཚུལ། ཞབས་གཡོན་པའི་མཐིལ་ཉི་མའི་སྟེང་དུ་བཙུགས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་ཞེས་སོགས་ཀྱི་གོ་ཆ་དཀྱུས་བཞིན། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། འབར་བའི་ཕྱག་རྒྱ་ཕཻཾ་གྱི་སྒྲ་དང་བཅས་པས་ཡེ་ཤེས་པ་སྤྱན་དྲང༌། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་བདག་གི་ལུས་ལ་བསྟིམ། ཡང་འབར་བའི་ཕྱག་རྒྱ་དང་ཕཻཾ་ཞེས་བརྗོད་པས་དབང་སྐུར་གྱི་ལྷ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་སྤྱན་དྲང༌། བདག་ལ་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་བདག་གི་སྤྱི་བོ་ནས་དབང་བསྐུར་ཏེ་ལུས་གང༌། སྒོ་གསུམ་གྱི་དྲི་མ་སྦྱངས། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོའི་སྟེང་དུ་མི་བསྐྱོད་པས་དབུ་བརྒྱན། མཚན་སྔགས་ཀྱི་མཐར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་ད་ང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དེ་ནས་སྤྲོ་ན་རྗེ་བཙུན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་ནས་འབྱུང་བ་བཞིན་རྫོགས་རིམ་ཀྱང་བསྒོམ། བཟླས་པ་ནི་སྙིང་གར་ཉི་མའི་སྟེང་དུ་བྂ་ཡིག་གི་མཐར་སྔགས་ཕྲེང་གིས་
བསྐོར་བ་ལས་འོད་ཟེར་སྤྲོ་བསྡུ་དང༌། ལྷའི་རྣམ་པ་ལ་དམིགས་པ་གཏད་པའི་སྒོ་ནས་ཨོཾ་གསུམ་མ་ཅི་ནུས་བཟླ། མཐར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་ཡིག་བརྒྱ་བརྗོད། དགེ་བ་འདི་ཡིས་མྱུར་དུ་སོགས་ཀྱིས་བསྔོ་བ་བྱ། བྱིན་རླབས་བྱ་བའི་ཚུལ་ནི། ཚེས་བཅུ་གཉིས་གང་ཡང་རུང་བ་ལ། གནས་དབེན་པར་རྡུལ་ཚོན་དམར་པོས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་བྲིས། རྩིབས་དྲུག་ལ་རྡུལ་ཚོན་དཀར་པོས་ཤར་རྩིབས་ནས་བཟུང་སྟེ། ཨོཾ་བྂ། ཧྂ་ཡོྂ། ཧྲཱིཾ་མོྂ། ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་པ་རྣམས་ཡིག་མགོ་ཕྱིར་བསྟན་ལ་བྲི། དེའི་དབུས་སུ་བྂ་བྲི། དེའི་ཁར་མཉྫིའི་སྟེང་ཀ་པཱ་ལའི་ནང་དུ་ཆང་ལ་བདུད་རྩི་རིལ་བུ་སྦྱར་བས་བཀང་བ་དཔྲལ་བ་རང་ལ་བསྟན་པ་བཞག དེའི་སྟེང་མཎྜལ་གྱི་སྟེང་སིནྡྷཱུ་རའི་ཆོས་འབྱུང་ཉིས་བརྩེགས་དེའི་དབུས་སུ་བྂ་གྱི་མཐར་ཆོས་འབྱུང་ཉིས་བརྩེགས་བྲིས་ལ། ཟུར་བཞིར་དགའ་བ་འཁྱིལ་བ་བྲིས་པ་རེ་བཞག དེའི་མདུན་ནམ་ཁོར་ཡུག་ཏུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང༌། གཏོར་མ་གཉིས་སམ་གསུམ་བཤམ། བུམ་པ་དྲི་བཟང་དུང་ཆོས་གཟུངས་རྡོར་དང་བཅས་པ་དང༌། འོག་ཏུ་སློབ་མར་དགོས་པའི་མིག་དར་མེ་ཏོག་སོགས་དང༌། རང་གི་མདུན་དུ་ནང་མཆོད་རྡོར་དྲིལ་བཞག དེ་ནས་སློབ་དཔོན་གདན་ལ་འདུག་ལ་སྐྱབས་འགྲོ་ནས་བཟླས་པའི་བར་མངོན་རྟོགས་དཀྱུས་བཞིན་བསྒོམ། དེ་ནས་རང་གི་མདུན་གྱི་ནང་མཆོད་དང༌། སིནྡྷཱུ་རའི་འོག་ཐོད་ཆང་ལ་དམིགས་ཏེ། བསང་སྦྱང༌། སྟོང་པའི་ངང་ལས་བདུད་རྩི་བྱིན་རླབས་རྒྱས་པའམ་བསྡུ་ན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་བརླབ། སིནྡྷཱུ་རའི་དཀྱིལ་འཁོར་དང་རྡུལ་ཚོན་ལ་དམིགས་ཏེ། སུམྦྷས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་ཉིས་བརྩེགས་མཐའ་མེ་རི་འབར་བ་དང་བཅས་པའི་དབུས་སུ་རྣལ་འབྱོར་མ་མངོན་རྟོགས་བཞིན་བསྐྱེད། དེ་ལ་གོ་ཆ་དགོད། ཡེ་ཤེས་པ་གཞུག དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་ཞིང་མི་བསྐྱོད་པས་དབུ་བརྒྱན་པ་རྣམས་མངོན་རྟོགས་བཞིན་དང༌། མཆོད་པ་
བསང་སྦྱང་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་རའི་མཐར་ཨརྒྷཾ་སོགས་སོ་སོར་སྦྱར་ནས་རོལ་མོའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་བྱིན་རླབས་དྲན་པར་བྱས་ལ། དྲིན་ཆེན་རྩ་བའི་བླ་མ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་གྱི་ལྷ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ༴ །ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རིགས་དྲུག་གི་སེམས་ཅན་ལ་སྦྱིན། ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། བསྡུ་ན། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྂ་ལས་རིན་པོ་ཆེའི་བུམ་པ་དཀྱུས་བཞིན་བསྐྱེད་ལ། དེའི་དབུས་སུ་ཇི་སྐད་བཤད་པའི་གདན་གྱི་སྟེང་དུ་བྂ་ལས་རྡོ་རྗེ་ཕག་མོ་ཞལ་གཉིས་མ་ཡན་ལག་བཞི་རྫོགས་སུ་བསྐྱེད། དེ་ལ་ཕྱི་མཆོད་ནང་མཆོད་དང༌། བསྟོད་པས་བསྟོད་པ་གཟུངས་ཐག་ནས་བཟུང་ལ་ཨོཾ་གསུམ་མ་བཟླས་པས། སྔགས་ཀྱི་འོད་ཟེར་བདག་གི་ཞལ་ནས་འཕྲོས་ཏེ་གཟུངས་ཐག་ལ་འཁྲིལ་ནས་བུམ་ནང་དུ་སོང་བས་རྣལ་འབྱོར་མའི་སྐུ་ལ་ཕོག་པས་སྐུ་ལས་བདུད་རྩིའི་རྒྱུན་བྱུང་སྟེ་བུམ་པའི་ནང་དུ་བདུད་རྩིའི་ཆུ་རྒྱུན་གྱིས་མེར་གང་བར་བསམ་ཞིང་ཨོཾ་གསུམ་མ་བརྒྱ་རྩ་བཟླས། སླར་མཆོད་བསྟོད་བྱས་ལ། དུང་ཆོས་ཀྱི་ཆུ་བུམ་ནང་དུ་བླུགས་པས་རྗེ་བཙུན་མ་འོད་དུ་ཞུ་བ་བདུད་རྩིའི་ཆུ་དང་དབྱེར་མེད་དུ་གྱུར། དེ་ནས་གཏོར་མ་བྱིན་གྱིས་བརླབས་ལ་ཨོཾ་གསུམ་མའི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་སོགས་ལན་གསུམ་གྱིས་གཏོར་མ་དང་པོ་རྣལ་འབྱོར་མ་ལ་ཕུལ། མཚན་སྔགས་སྔོན་དུ་འགྲོ་བའི་ཕྱི་མཆོད་དང་ནང་མཆོད་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། དེ་ནས་གཏོར་མ་གཞན་ལ་དམིགས་ནས་ཆོས་སྐྱོང་གཏོར་མ་བསྔོ་བ་རིམ་པ་བཞིན་དུ་བྱ་བའམ། ཡང་ན་མཁའ་འགྲོ་སྤྱི་གཏོར་དཀྱུས་བཞིན་གྱིས་ཆོག འདིར་
སློབ་དཔོན་གྱིས་བདག་འཇུག་ལེན་པ་མ་གསུངས་པས་མ་བྱས་ཀྱང་འགལ་བ་མེད། སྤྲོ་ན་མཎྜལ་གསོལ་གདབ་ནས་བཟུང༌། གཙོ་བོས་ཇི་ལྟར་གྱི་བར་འོག་ནས་འབྱུང་བ་བཞིན་བླང༌། དེ་ནས་སློབ་མ་བོས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པ་ནས། བྱིན་རླབས་ཀྱི་བཀའ་ཞུ་སྙམ་པའི་བསམ་པ་སེམས་བསྐྱེད་དུ་གཞུག གང་གསན་པར་བྱ་བའི་ཆོས་ནི་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་དམར་མོ་སྐོར་གསུམ་གྱི་ནང་ནས་ཨིནྡྲ་མཁའ་སྤྱོད་ཀྱི་བྱིན་རླབས་ཡིན། དེ་ལ་སྔོན་འགྲོ་སློབ་དཔོན་གྱི་བྱ་བ་བདག་མདུན་བུམ་གསུམ་གྱི་རིམ་པ་རྣམས་བསྒྲུབས་ཟིན། དེ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། སློབ་དཔོན་རྗེ་བཙུན་མར་གསལ་བ་ལ་བྱིན་རླབས་ཀྱི་བཀའ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད་ལ། བླ་མ་ཡི་དམ་གྱི་ལྷ་ལ་གསོལ་བ་གདབ་པ་འདི་གསུང་བར་ཞུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ། དེ་ནས་སྡིག་པ་བཤགས་པ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་དམིགས་པ་བརྡ་སྤྲད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱི་རྒྱུན་བཤགས་ལན་གསུམ། ད་ཁྱེད་རང་རྣམས་ཐུགས་འདུན་པ་མ་ཡེངས་པར་འདི་ལ་སྙན་གཏད་པར་ཞུ། རྟོག་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་རྒྱས་ཕྱིར་བཟློག་ལྟར། །དད་པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་འཇུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ཇི་ལྟར་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །ཅེས་གསུངས་ཏེ་དེའི་དོན་ཡང་རྣམ་པར་རྟོག་པ་ཐམས་ཅད་སྤངས་ལ། བླ་མ་དང་ལྷ་ལ་དད་གུས་དྲག་པོ་བསྐྱེད་ཅིང་ཆོས་ཉམས་སུ་ལེན་པའི་སྤྲོ་བ་དུང་པ་རེ་སྐྱེད་པར་ཞུ། ཀུ་ཤས་བུམ་ཆུ་ནས་གཏོར་ལ། སུམྦྷ་བརྗོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མིག་དར་བཅིང༌། ལག་པ་གཡོན་པས་ཁུ་ཚུར་གྱི་སེ་གོལ་ཕྱོགས་བཞིར་གཏོགས་ཤིང་སུམྦྷ་བརྗོད་པས་བསྲུང་བ་བྱ། སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་དབུས་ནས་
དཀྱིལ་འཁོར་དུ་གཞུག་པའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿབརྗོད། གུ་གུལ་གྱི་དུད་པས་བསྐོར་ཞིང༌། ཡེ་ཤེས་དབབ་པའི་སླད་དུ་ཐུགས་འདུན་འདི་བཞིན་གནང་བར་ཞུ། ཨོཾ་སྭ་བྷཱ་ཝ་སོགས་དང༌། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ལུས་སྣང་སྟོང་སྒྱུ་མ་ལྟ་བུ་དེ་ཡང་མི་དམིགས་པར་བསྒོམ། དེའི་ངང་ལས་སྐད་ཅིག་གིས་ཆོས་འབྱུང་ཉིས་བརྩེགས་མེ་རི་འབར་བའི་ལྟེ་བར་པདྨ་མི་རོ་ཉི་མའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞེས་པ་ནས། མེ་འབར་བའི་དབུས་ན་བཞུགས་པ་ཞེས་པའི་བར་མངོན་རྟོགས་བཞིན་བསྐྱེད་པའམ། ལྟེ་བར་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ་བྂ་ཡིག་སྔགས་ཕྲེང་གིས་བསྐོར་བ། ཟུར་བཞིར་དགའ་བ་འཁྱིལ་པ་གསལ་གདབ། བྂ་དེ་ལས་འོད་ཟེར་འཕྲོས་པས་གཡས་རོ་མ་ནས་ཡར་སོང༌། འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ། སྤྱི་གཙུག་གི་ཧཾ་ལས་བདུད་རྩིའི་རྒྱུན་དབུ་མ་ནས་བྱུང་ནས་ལྟེ་བར་འབབ་པ་ལ་ཐུགས་གཏད་པས་དྲོད་སྐྱེས། ཡང་ལྟེ་བ་ནས་འོད་ཟེར་འཕྲོས། གཡས་རོ་མ་ནས་སོང་སྟེ་ཞལ་གཡས་པའི་ཕག་གདོང་གི་གཡུང་དྲུང་འཁྱིལ་བ་ལ་ཕོག་སྟེ། དེ་གཡོན་དུ་མྱུར་དུ་འཁོར་བ་ལ་དམིགས་པ་གཏད་པར་ཞུ། མི་རྟོག་པ་སྐྱེས། ཡང་ལྟེ་བའི་འཁོར་ལོ་དེ་གསང་གནས་སུ་ཕབ་སྟེ་མྱུར་དུ་འཁོར་བ་ལ་སེམས་གཏད་པར་ཞུ། བདེ་བ་སྐྱེས། དེ་ལྟར་ན་བདེ་བ་མི་རྟོག་པའི་ངང་ལ་ཅུང་ཞིག་འཇོག་པར་ཞུ། དྲིལ་བུའི་སྒྲ་ཆུང་བ་དཀྲོལ་ལ། ཨོཾ་གསུམ་མ་བརྗོད། དེ་ལྟར་ཡེ་ཤེས་ཕབ་པས་ལུས་ཀྱི་བ་སྤུ་ལྡང་བ་ལ་སོགས་པའམ་ངག་ཏུ་སྔགས་བརྗོད་པའམ་སེམས་ལ་མི་རྟོག་པ་སྐྱེ་བ་ལ་སོགས་པ་ཅི་རིགས་པ་འབྱུང་བར་འགྱུར། དེ་བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་ལ། ཨོཾ་ཏིཥྛ་བཛྲ་ཡེ་ཤེས་བརྟན་པར་གྱུར་ཅིག ཅེས་བརྗོད། སྔར་གྱི་མེ་ཏོག་དེ་ཉིད་རྗེ་བཙུན་མར་ཕུལ་ལ་ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿབརྗོད་དུ་འཇུག སླར་མེ་ཏོག་སྔགས་ཀྱི་ཕྲེང་བར་བསྒྱུར་ཏེ་སྤྱི་གཙུག་ཏུ་བཞག་ལ། ཨོཾ་པྲ་ཏི་
གྲྀཧྞ་བཛྲ་སོགས་བརྗོད། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །ཞེས་སོགས་དང་བཅས་པས་མིག་དར་བསལ་ལ་ལྷ་ངོ་བསྟན། དེ་ཡན་ཆད་ཀྱིས་འཇུག་པའི་ཆོས་སོང༌། དངོས་གཞིའི་སླད་དུ་མཎྜལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་གདབ་ལན་གསུམ། ཁྱེད་རང་རྣམས་ཐུགས་འདུན་འདི་བཞིན་དུ་གནང་བར་ཞུ། རྗེ་བཙུན་མའི་མདུན་ངོས་སུ་དབང་སྟེགས་ཆོས་འབྱུང་དམར་པོ་ཉིས་བརྩེགས་ཀྱི་ལྟེ་བར་པད་ཉིའི་སྟེང་དུ་ཁྱེད་རང་རྗེ་བཙུན་མར་གསལ་བའི་སྤྱི་བོར་གདུགས། གཡས་གཡོན་དུ་རྒྱལ་མཚན་བ་དན། ཁོར་ཡུག་ཏུ་མཆོད་པའི་ཕྲེང་བས་བསྐོར་བ་དང་བཅས་ཏེ་བཞུགས་པའི་མོས་པ་གནང༌། སློབ་དཔོན་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་སྤྱན་དྲངས། ཕྱག་ཏུ་བུམ་པ་ཐོགས་ནས་དབང་བསྐུར་བར་བསམ་ཞིང༌། སྤྱི་བོར་བུམ་པ་བཞག་ལ། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲི་ཡེ་ཧཱུྃ་གི་བར་བརྗོད། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྒྱུས་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པའི་མོས་པ་གནང༌། སློབ་དཔོན་གྱི་ཐུགས་ཀའི་བྂ་ཡིག་ལས་སྔགས་ཀྱི་ཕྲེང་བ་ཆད། ཞལ་ནས་ཐོན། ཁྱེད་རང་གི་ཁར་ཞུགས། སྙིང་གའི་བྂ་ཡིག་ལ་གཡོན་སྐོར་དུ་འཁོད་པར་བསམས་ལ། འདིའི་རྗེས་ཟློས་གསུང་བར་ཞུ། ཨོཾ་གསུམ་མ་ལན་གསུམ། སློབ་མས་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་བདག་ལ་སོགས་དང༌། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སོགས་བྱ། དེས་བུམ་པའི་དབང་ཐོབ་པ་ཡིན་ནོ། །ཞེས་ངོ་སྤྲད། དེ་ནས་སིནྡྷཱུ་རའི་ཐོད་ཆང་བླངས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་སློབ་མ་ལ་བདུད་རྩིར་སྦྱིན། སློབ་དཔོན་གྱིས་ཨོཾ་གསུམ་མ་བཟླས། དེས་གསང་དབང་ཐོབ་པ་ཡིན་ནོ། །ཞེས་ངོ་སྤྲད། དེ་ནས་ཡང་སིནྡྷཱུ་རའི་དཀྱིལ་འཁོར་གྱི་སྔགས་ཕྲེང་རྣམས་སློབ་དཔོན་གྱི་སྲིན་ལག་གཡོན་པས་བླངས་ལ་སློབ་མའི་སྲིན་ལག་གཡོན་པར་བསྐུས་ལ་རང་རང་གི་ལྟེ་བར་བྱུག་ཏུ་གཞུག ཆུང་བ་ཡིན། སློབ་དཔོན་གྱིས་ཨོཾ་གསུམ་མ་ཚར་གཅིག་བཟླ། དེ་ནས་སིནྡྷཱུ་རའི་སྔགས་ཕྲེང་རྣམས་ལྟེ་བར་ཐིམ་པར་མོས་པ་མཛོད།
ཡང་དགའ་བ་འཁྱིལ་བའི་སིནྡྷཱུ་ར་རྣམས་བླངས་ལ་ཨོཾ་གསུམ་མ་བཟླ་ཞིང་དཔྲལ་བར་བྱུགས་པས་དགའ་བ་འཁྱིལ་པ་རྣམས་སྨིན་མཚམས་སུ་ཐིམ་པར་བསམ། ཡང་འོག་གི་གོ་ཆའི་རྡུལ་ཚོན་རྣམས་བླངས་ལ། གོ་ཆའི་སྔགས་རྣམས་བཟླ་ཞིང་སྤྱི་གཙུག་ཏུ་བྱུག གོ་ཆའི་སྔགས་རྣམས་སྤྱི་གཙུག་ཏུ་ཐིམ་པར་མོས་པ་མཛོད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ། །ཞེས་ངོ་སྤྲད། དབང་བཞི་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མེད་པར། །སྟོང་པའི་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །ཞེས་གསུངས་ཏེ་དེའི་དོན་ཡེ་གདོད་མ་ནས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་སྐྱེ་འགག་མཐའ་དབུས་དང་བྲལ་བ་དེའི་ངང་དུ་ཅུང་ཞིག་འཇོག་པར་ཞུ། དེ་ནི་དབང་བཞི་པ་ཡིན་ནོ། །ཞེས་ངོ་སྤྲད། དེའི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་སྡོམ་བགྱི་སྙམ་པས། གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་སོགས་འདྲ། སླར་སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕྱི་ནང་གི་མཆོད་པ་དང༌། བསྟོད་པ་བྱ། འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་བརྗོད་ཅིང་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། བསྔོ་བ་དང་ཤིས་བརྗོད་ཀྱི་ཕྲེང་བས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ཨིནྡྲ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཆོ་ག་ཟུང་དུ་འབྲེལ་བ་འདི་ནི་ཕྱག་ལེན་གྱི་བཀའ་མི་ནུབ་པར་བྱ་བའི་ཕྱིར་རྗེ་བཙུན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་དང་ཕག་མོའི་ལས་བཅུའི་ནང་གི་བྱིན་རླབས་ཀྱི་ཆོ་ག་གཞིར་བཞག་ལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོས་བརྒྱན་ཏེ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཆུ་མོ་བྱའི་ལོ་ཟླ་བ་བདུན་པའི་ཡར་ཚེས་བརྒྱད་ཀྱི་ཉིན་སྤུ་དཀར་བླ་བྲང་རྫོང་དུ་བྲིས་པའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ། །འདིས་ཀྱང་བསྟན་པ་དར་ཞིང་སྐྱེ་རྒུ་རྣམས་བདེ་ལེགས་སུ་གྱུར་ཅིག བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། གྲུབ་ཆེན་ལྭ་བ་པ། རྒྱལ་ཆེན་
ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱིཾ་ཀ་ར། བྲམ་ཟེ་བིརྺ་པ། ཤ་བ་རི་པ། གྲུབ་ཆེན་མཻ་ཏྲི་པ། རྒྱ་གར་ཕྱག་ན། བལ་པོ་བྷ་རེནྡྲ་རུ་ཙི། བལ་པོ་ཡེ་ཤེས་རྡོ་རྗེ། ས་སྐྱ་པ་ཆེན་པོ། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཐེག་ཆེན་ཆོས་རྒྱལ། གུ་ཤྲཱི་བ་ནམ་མཁའ་བཟང་པོ། ཉི་ལྡེ་བ་ངག་དབང་གྲགས་པ། རྒྱ་གར་ཤེས་རབ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རིངས་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་བླ་མ་དམ་པ་དབང་ཕྱུག་རབ་བརྟན། དེས་བདག་ལའོ།། ༈ །ཨིནྡྲ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་བཞུགས་སོ། །ཨོཾ་སྭ་སྟི། དཔལ་མཆོག་དང་པོའི་སངས་རྒྱས་རྡོ་རྗེ་འཆང༌། །དཔལ་མོ་མཁའ་སྤྱོད་ཞིང་གཙོ་རྣལ་འབྱོར་མ། །དཔལ་ལྡན་གྲུབ་པའི་དབང་ཕྱུག་ལྭ་བ་པར། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །རྒྱལ་རིགས་གྲུབ་བརྙེས་ཨིནྡྲ་བྷཱུ་ཏིའི་ཞབས། །རྒྱལ་ཡུམ་གཙོ་བོ་ལ་ཀྵྨཱིཾ་ཀ་ར་དང༌། །བྲམ་ཟེའི་རིགས་འཁྲུངས་གྲུབ་ཆེན་བིརྺ་པར། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །བརྟུལ་ཞུགས་གྲུབ་པོ་དཔལ་ལྡན་ཤ་ཝ་རི། །དེ་སྲས་ཐུ་བོ་རྗེ་བཙུན་མཻ་ཏྲི་པ། །པཎ་གྲུབ་རྒྱ་གར་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །བལ་པོའི་པཎ་ཆེན་བྷ་རེནྡྲ་རུ་ཙི། །མཁས་གྲུབ་དམ་པ་ཛྙཱ་ན་བཛྲའི་ཞབས། །བསྟན་པའི་མངའ་བདག་བླ་ཆེན་བརྩེ་བ་ཆེར། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །འཇའ་ལུས་མཁའ་སྤྱོད་བརྙེས་པ་བསོད་ནམས་རྩེ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་ཞབས། །འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏར། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རྗེ། །དེ་སྲས་ཐུ་བོ་ཞང་སྟོན་དཀོན་མཆོག་དཔལ། །རྩེ་གཅིག་སྒྲུབ་པ་མཐར་ཕྱིན་བྲག་ཕུག་པར། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །སྲིད་གསུམ་འགྲན་བྲལ་བསོད་ནམས་རྒྱལ་མཚན་དང༌། །ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་པ། །ཀྭན་
ཏིང་གུ་ཤྲཱི་ནམ་མཁའ་བཟང་པོ་ལ། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །མཁས་མཆོག་ངག་དབང་གྲགས་པ་ཉི་ལྡེ་བ། །མཐུ་སྟོབས་དབང་ཕྱུག་རྒྱ་གར་ཤེས་རབ་མཚན། །བདག་ཆེན་ཆོས་རྗེ་བློ་གྲོས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །མཁས་གྲུབ་དབང་པོ་རྗེ་བཙུན་རྡོ་རིངས་པ། །སྙན་བརྒྱུད་བསྟན་པའི་བདག་པོ་ཚར་པ་རྗེ། །ཐུགས་སྲས་སྙན་བརྒྱུད་འཛིན་པ་མཁྱེན་བརྩེའི་དབང༌། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །ཁྱབ་བདག་བླ་མ་དབང་ཕྱུག་རབ་བརྟན་དང༌། །ཀུན་མཁྱེན་མགོན་པོ་བསོད་ནམས་མཆོག་ལྡན་དཔལ། །རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ །ལུང་གི་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་བ། །ཁ་སྐོང་ནི། སྙན་བརྒྱུད་རྒྱ་མཚོའི་གཏེར་མཛོད་རྨོར་ཆེན་རྗེ། །གནས་གསར་འཇམ་མགོན་ལེགས་པའི་འབྱུང་གནས་ལ། །གསོལ་བ་འདེབས་སོ༴ །མཁས་ཤིང་གྲུབ་བརྙེས་ཀུན་དགའ་བློ་གྲོས་དང༌། །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མའི་ཞབས། །ངག་གི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༴ །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་དང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་མཁའ་སྤྱོད་དངོས་གྲུབ་སྩོལ། །ཞེས་སོ། །དབང་གིས་རྒྱུད་སྨིན་སིནྡྷཱུར་དཀྱིལ་འཁོར་དུ། །བྱིན་རླབས་ཟབ་མོའི་རིམ་པ་ལེགས་ནོས་ཤིང༌། །ཟབ་མོའི་རྒྱུན་གྱི་རྣལ་འབྱོར་བསྒོམས་པའི་མཐུས། །ཚེ་འདིར་མཁའ་སྤྱོད་མྱུར་དུ་འགྲུབ་པར་ཤོག །ཅེས་ཨིནྡྲ་མཁའ་སྤྱོད་ཀྱི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་འདིའང་སྡེ་པ་གློ་མཁར་ནས་ཀྱི་བཞེད་པ་བསྐང་ཕྱིར་མཁྱེན་རབ་བླ་མའི་བྲན་གྱུར་བྱ་བྲལ་བས་འཆི་མེད་ཀླུ་སྡིངས་སུ་བྲིས་པའོ། །སླར་ཡང་བརྒྱུད་པའི་ཞལ་སྐོང་ཤློ་ཀ་གསུམ་མཁྱེན་བརྩེའི་དབང་པོས་བྲིས་པ་སྟེ། ངོར་ལུགས་ཀྱི་བརྒྱུད་པ་ལྟར་ན་རྗེ་བཙུན་གྲགས་པ་མན་ཆད་ཁོ་བོས་བྱས་པའི་མཻ་ཏྲི་མཁའ་སྤྱོད་ཀྱི་བརྒྱུད་པ་དང་འདྲ་བར་ཤེས་པར་བྱའོ།།
གྲུབ་ཆེན་མཻ་ཏྲི་བའི་ལུགས་ཀྱི་མཁའ་སྤྱོད་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར་རྣམས།
གྲུབ་ཆེན་མཻ་ཏྲི་བའི་ལུགས་ཀྱི་མཁའ་སྤྱོད་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར་རྣམས་བཞུགས་སོ།། གསེར་ཆོས།།
རྒྱ་གར་སྐད་དུ། བིདྱ་དྷ་རཱི་ཀེ་ལཱི་ཤྲཱི་བཛྲ་ཝ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་རིག་པ་འཛིན་མའི་རིམ་པ་བསྒོམ་པ་ནི། དགེ་བ་མ་ཡིན་པའི་སྡོམ་པ་རྣམས་བརྩམ་པར་བྱ་སྟེ།«་་་་་ཐ་མལ་པའི་ལུས་འདི་མི་གཙང་བས་གང་བར་བལྟ་བ།» བློ་ཡི་དབང་པོ་«མིག་སོགས་»ལྔ་དང༌། ལས་ཀྱི་དབང་པོ་«རྐང་ལག་གཤང་ལྕི་»ལྔ་ལ་«ཕྱི་ནས་སྡུང་པ་མེ་ལོང་ལ་ཁ་རླངས་ཕོག་པ་ལྟར་»བལྟས་ཏེ་གོང་བུ་བསྡུ་བ་དང་«ནང་ནས་བཤིག་པ་སྟེ་ཆུ་ལ་རྡོ་བ་བརྒྱབ་པ་ལྟར་»རྗེས་སུ་བཤིག་པ་གཉིས་གང་རུང་གིས་དེ་བཞིན་ཉིད་དུ་རབ་ཏུ་གཞུག་པ་ནི། «དང་པོ་»རྐང་གཉིས་ནི་བརླ་གཉིས་ལའོ། །བརླ་གཉིས་ནི་རྐེད་པའི་ཆ་ལའོ། །སྐེད་པ་ནི་སྙིང་གར་རོ། །ལག་པ་དག་ནི་དཔུང་པ་གཉིས་ལའོ། །དཔུང་པ་གཉིས་ནི་སྙིང་«གོང་བུ་བསྡུ་བ་ཕྱག་ལེན་ལ་མཛད་དོ།» ག་ལའོ། །སྙིང་ག་ནི་མགྲིན་པ་ལའོ། །མགྲིན་པ་ནི་མགོ་བོ་ལའོ། །མགོ་བོ་ནི་སེམས་ལའོ། །སེམས་ནི་ནམ་མཁའ་ལ་རབ་ཏུ་གཞུག་གོ །ནམ་མཁའ་ནི་རང་བཞིན་གྱིས་འོད་གསལ་བའོ། །དེ་ལས་ཡོངས་སུ་རྫོགས་པ་མོ་ནི། སྐད་ཅིག་གིས་བཅོམ་ལྡན་འདས་མ་ཕྲེང་བའི་རིག་པ་འཛིན་པ་མོའི་རྡོ་རྗེ་རྣལ་འབྱོར་
མ་སྟེ། «ཀླུ་ཤིང་གི་མེ་ཏོག་གི་ཕྲེང་བ་ཅན་ཐོད་པ་བསྣམས་པ།» ལྡུམ་གྱི་རྭ་བ་རྩེ་མོ་བརྒྱད་དང་ལྡན་པའི་རིན་པོ་ཆེའི་ཁང་པར་རབ་ཏུ་འཇུག་པ་མོ།«་་་་་མེ་ཏོག་གི་རྭ་བ་ལ་གནས་དེ་ནས་ནམ་མཁའ་ལ་རབ་ཏུ་འཕགས་ཏེ་མངོན་དུ་འགྲོ་བར་བསམས་པའི་དུས་སྤྲུལ་པ་དང་བཅས་པར་བསམ་གསུངས།» «ས་བོན་ལས་ཀྱང་»སྤྲོ་ཞིང་ཀུན་ཏུ་སྡུད་པའི་ལུས་སུ་བདག་ཉིད་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་ན་ཇི་ལྟ་བའི་སྦྱོར་བས་དེ་བཞིན་དུ་རྐང་པ་གཡོན་པའི་པུས་མོའི་འོག་ཏུ་ཐོད་པ་བཅས་པའི་ལག་པ་གཡོན་པས་བསྡམས་ལ་རྐང་པ་གཡོན་ས་ལ་བརྡབ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་ཁམས་ཇི་སྙེད་པ་གྲུབ་པའི་དངུལ་ཆུ་ལྟ་བུར་བལྟས་ལ་གཡོན་པའི་སྣའི་བུ་ག་ནས་བཏུང་བར་བྱའོ། །ཡང་སྒྱུ་མ་ལྟ་བུའི་གཟུགས་སྤྲོ་བ་དང་བསྡུ་བ་ཡང་དེ་བཞིན་དུ་བྱའོ། །བསྒོམས་པས་སྐྱོ་ན་སྔགས་བཟླ་བར་བྱའོ། །དེའི་སྤྱོད་པ་བཤད་པར་བྱ་སྟེ། སྒྲུབ་པ་པོ་«ནུས་པ་ཕྲ་མོ་ཐོབ་ནས་དུས་དང་རིགས་ལ་སོགས་པའི་ས་ནས་སྟོན་པ་ལྟར་གང་རུང༌།» རྣམས་ལ་ཕན་པའི་དོན་དུ་ཉི་མའམ་ཟླ་བ་གཟས་བཟུང་བ་ལ་མེ་ལོང་གི་སྟེང་དུ་ཀམྤའི་སིནྡྷཱུ་ར་ལ་གསེར་གྱི་ཐུར་མས་རྗེ་བཙུན་མ་བྲིས་ལ་ཉེ་བར་སྤྱོད་པ་ལྔས་«འདོད་ཡོན་ལྔའི་མཆོད་པ་སྟེ་ཚོགས་མཆོད་»མངོན་པར་མཆོད་ལ། «བཟླས་པ་བཏང་བ་དང༌།» དེའི་སིནྡྷཱུ་ར་བཟུང་ལ་ཟངས་མའི་སྣོད་དུ་བསྡུས་ལ་གཞག་པར་
བྱའོ། །ལངྒ་ལི་ཡའི་ཤིང་«་་་་་འོ་ལམ་སེ་འདྲ་བ་སྦུབས་ཅན། »བཏོན་ལ་རང་གི་གནས་«དགོན་པ་སོགས་»སུ་བསྐྱེད་པར་བྱའོ། །འདི་«ཝརཱཧྲཱིར་བསམས་ལ་»ཟླ་བ་དྲུག་ཏུ་སོ་སོར་«ཤིང་དེ་ལ་ཉི་མ་རེ་རེ་»བཞིན་མཆོད་པར་བྱའོ། །ཕྱག་རྒྱ་ཆེན་པོའི་འབྲས་བུ་བདག་ལ་སྩོལ། «ཅིག་གསོལ་བ་གདབ།» སོ་སོར་ཡང་དག་པར་མཆོད་པ་དང་ཕྱག་བྱའོ། །འདིར་ཟླ་བ་དྲུག་ཏུ་ཡོངས་སུ་རྫོགས་པར་བྱས་ལ། རྣལ་འབྱོར་མ་«དམ་ཚིག་དང་ལྡན་པ་གསུམ་མ་གཅིག་སོགས་»རྣམས་ལ་ཉེ་བར་སྤྱོད་པ་ལྔ་དང༌། སྟོན་མོ་བྱས་ལ་ཕྱག་བྱས་ཏེ་གནང་བ་ནོས་ལ། ལངྒ་ལི་ཡའི་དབུས་སུ་སིནྡྷཱུ་རས་དགང་བར་བྱའོ། །ཟུར་དྲུག་པའི་རྣམ་པ་སིནྡྷཱུ་རས་དཔྲལ་བ་ལ་བྱས་ལ་འཕྱོ་བར་བྱའོ། །ཐོད་པ་བཟུང་ལ་སྨྱོན་པའི་སྤྱོད་པ་སྤྱད་དོ། །ཟླ་བ་དྲུག་ཏུ་སྐུད་པའི་ཚོང་དུས་ཀྱི་གྲོང་དང་ཉེ་བར་བུད་མེད་མང་པོ་དག་ལ་གཡོན་དུ་བསྐོར་བར་བརྩམ་པར་བྱའོ། །སྨྱོན་པའི་སྤྱོད་པས་སྤྱད་དོ། །ཟླ་བ་དྲུག་ན་མཚམས་མེད་པ་ལྔ་བྱེད་པ་ངེས་ཀྱང་འགྲུབ་བོ།«་་་་་གོང་དུ་ལངྒ་ལི་ཡའི་སྒྲུབ་པར་ཟླ་བ་དྲུག་དང༌། སྤྱོད་པ་ཟླ་བ་དྲུག་སྟེ་བཅུ་གཉིས་ན། བདག་གི་དཔྲལ་བའི་འཁོར་ལོ་དེ་གང་གི་དཔྲལ་བར་བྱུང་ན་དེ་རྣལ་འབྱོར་མ་ཡིན་པས་དེ་ལ་གསོལ་བ་བཏབ་པས་བྱིན་གྱིས་བརླབས་ཏེ། »།ཕྲེང་བའི་སྔགས་བཟླ་བར་བྱ་སྟེ། ཨོཾ་བཛྲ་ཝརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རེ་ཙ་ནཱི་ཡེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ།«་་་་་ཟློས་པའི་དུས་སུ་ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་པར་བཟླའོ།» པདྨ་ཅན་གྱི་རིགས་ཀྱི་རང་བྱུང་གི་མེ་ཏོག་དང་ག་པུར་དང་ཙནྡན་དང་སྦྱར་ལ་རྒྱ་སྐྱེགས་དང་བསྲེས་ཏེ་བྲི་བར་བྱའོ། །ཞེས་བྱ་བ་ནི་བརྒྱུད་པའི་མན་ངག་གི་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།«་་་་་རྒྱུད་དུ་མ་དང་སྒྲུབ་ཐབས་གཉིས་བག་རི་མི་འདྲ་བ་ཀུན་ཕྱག་ལེན་སྒྲུབ་ཐབས་བཞིན་བྱེད་གསུངས།།» ཁོ་བོས་རྗེ་བཙུན་ཛ་ཡ་ཤྲཱི་སེན་ལོ་ཙཱ་བ་དང་བཅས་པ་ལས་ཞུས་སོ། །མཆན་འདི་རྣམས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་བཏབ་པའོ། །མངྒལཾ།། ༈ །མཻ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཡོ་གི་ནྱཻ། འགྲོ་ལ་རབ་ཆགས་དམར་བའི་མདངས་ལྡན་ཞལ་གཅིག་སྤྱན་གསུམ་
གྱེན་དུ་གཟིགས། །གཡས་གཡོན་ཕྱག་ཞབས་རྩེན་པའི་གར་གྱིས་མི་རྟོག་བདེ་ཆེན་ཟུང་འཇུག་ཚུལ། །མཁའ་འགྲོ་དཔག་མེད་འཕྲོ་འདུའི་ལུས་ཅན་སྲིད་གསུམ་བདེ་བས་ཚིམ་མཛད་མ། །གྲངས་མེད་མཁའ་འགྲོའི་གཙོ་ལ་བཏུད་དེ་དེ་ཡི་བསྙེན་སྒྲུབ་ཆོ་ག་བཤད། །དབང་ཐོབ་དམ་ཚིག་རྣམ་དག་ཅིང༌། །རྗེས་གནང་ཆོ་གས་རྒྱུད་དག་པ། །ལུང་དང་མན་ངག་ལྡན་པ་ཡི། །རྣལ་འབྱོར་ཅན་གྱིས་དོན་གཉིས་བསྒྲུབ། །དེ་ལ་གསུམ་སྟེ། སྔོན་དུ་བསྙེན་པས་མཉེས་པར་བྱ་བ་དང༌། རང་དོན་དངོས་གྲུབ་བསྒྲུབ་པར་བྱ་བ་དང༌། གཞན་དོན་སློབ་མ་རྗེས་སུ་གཟུང་བའོ། །དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་མཆོད་པ་དང་གཏོར་མ་ཅི་འགྲུབ་པ་བཤམ། བདེ་བའི་སྟན་ལ་སྐྱིལ་ཀྲུང་གིས་འཁོད་དེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་སོང་ནས། རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་དྲན་པར་བྱས་ལ། ཐོད་པར་ཆང་ལ་བདུད་རྩི་རིལ་བུ་སྦྱར་བ་དངོས་སུ་བཤམས་པའམ་མེད་ན་ཡིད་ཀྱིས་བསམ། ལག་པ་གཡོན་པ་མཐེབ་སྲིན་རྩེ་སྤྲད་པས་མདུན་ནས་བཟུང་ནས་གཡོན་སྐོར་དུ་འབྲུ་གསུམ་བརྗོད་ཅིང་ཆོས་འབྱུང་བྲི། དབུས་སུ་བྂ་ཞེས་བརྗོད་པས་བདུད་རྩིར་བྱིན་བརླབ། གཡས་པའི་མཐེབ་སྲིན་གྱིས་གཡོན་པའི་མཐིལ་དང་མཐེའུ་ཆུང་ནས་བརྩམས་ཏེ་སོར་མོ་ལྔའི་རྩ་བར་གོ་ཆའི་ལྷ་མོ་དྲུག་གི་སྔགས་བརྗོད་ཅིང་ཐིག་ལེ་དཀར་པོའི་གནས་དེ་དག་ཏུ་འབྲུ་རྣམས་གསལ་བཏབ་ནས། ལག་པ་གཉིས་ཕན་ཚུན་མཉེས་ལ། གཡོན་གྱི་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་ལྕེ་ལ་བཞག་ཅིང་གནས་གསུམ་དུ་ཐིག་ལེ་བྱའོ། །དེ་ནས་མིག་ལ་སོགས་པའི་བློའི་དབང་པོ་ལྔ་དང༌། རྐང་ལག་ལ་སོགས་པ་ལས་ཀྱི་དབང་པོ་ལྔ་དང༌། ཕྱིའི་ཡུལ་རྣམས་གདོད་མ་ནས་དག་པ་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་བློས་དེ་བཞིན་ཉིད་དུ་རབ་ཏུ་གཞུག་ཅིང༌། དེ་ཡང་གོང་བུ་བསྡུ་བ་དང་རྗེས་སུ་གཞིག་པ་གཉིས་ལས། ཕྱག་ལེན་
སྔ་མ་ལྟར་མཛད་པས། རང་གི་སྙིང་གའི་བྂ་ལས་འོད་འཕྲོས་པས་རང་གི་ལུས་དང་ཁམས་གསུམ་ཐམས་ཅད་གང་བས་ཁམས་གསུམ་ཐམས་ཅད་འོད་དུ་ཞུ། མེ་ལོང་ལ་ཧས་བཏབ་པ་ལྟར་རིམ་གྱིས་བསྡུས་ཏེ་རང་གི་ལུས་ལ་ཐིམ། ལུས་ཀྱི་རྐང་པ་གཉིས་བརླ་ལ། དེ་ལྟོ་བ་ལ། དེ་སྐེད་པ་ལ། དེ་སྙིང་ག་ལ། ལག་པ་གཉིས་དཔུང་པ་ལ། དེ་སྙིང་ག་ལ། དེ་མགྲིན་པ་ལ། དེ་མགོ་བོ་ལ། དེ་སེམས་ལ། དེ་ནམ་མཁའ་ལ། དེའང་རང་བཞིན་གྱིས་འོད་གསལ་བར་བསམས་ལ། དེའི་ངང་ལས་ཆོས་འབྱུང་གི་ནང་དུ་པདྨ་དང་ཉི་མ་ལ་གནས་པའི་བྂ་ཡིག་དམར་པོ་ལས་རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་མར་གྱུར་པ་ནི། ཞལ་གཅིག་ཕྱག་གཉིས་མ་ཛ་བའི་མེ་ཏོག་ལྟར་དམར་བའི་མདངས་ཅན་ཞལ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་བཅས་པས་སྟེང་དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གྱེན་དུ་གཟིགས་པ། དབུ་སྐྲ་ནག་པོ་སིལ་བུ་ཐུར་དུ་འཕྱང་བ། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་དང་བཅས་པས་ཞབས་གཡོན་གྱི་སྒྱིད་ཁུང་ནས་འཁྱུད་ཅིང་སྟེང་དུ་བཏེགས་ནས་ཐོད་པའི་བདུད་རྩི་ཞལ་དུ་གསོལ་བའི་ཚུལ་དུ་འཛིན་པ། གཡས་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པས་ཞབས་གཡས་པུས་མོ་བཙུགས་པའི་རྟིང་པ་ལ་བསྣུན་པ། མནྡ་ར་དང༌། མྱ་ངན་མེད་པ་དང༌། ཡོངས་འདུའི་མེ་ཏོག་གི་ཕྲེང་བ་གཡོན་ན་འཛིན་ཅིང་རྒྱན་གཞན་ཐམས་ཅད་སྤངས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་གནས་རྣམས་སུ་ཟླ་བའི་གདན་ལ་ལྟེ་བར་ཨོཾ་བྂ་དམར་མོ་རྡོ་རྗེ་ཕག་མོར་མོས་པ་བྱ། དེ་བཞིན་དུ་སྙིང་གར་ཧྂ་ཡྂ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། མཚོགས་མར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧུཾ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀར་མོས་པ་བྱའོ། །དེ་ནས་འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་བསྐོར་ཞིང་མིག་གྱེན་དུ་བལྟས་ལ་ཕཻཾ་གྱི་སྒྲ་དྲག་ཏུ་བརྗོད།
བ་གདབ། ནོངས་པ་བཟོད་པར་གསོལ། ཡི་གེ་བརྒྱ་པའི་མཐར་བཛྲ་མུཿས་གཤེགས་སུ་གསོལ། གཏོར་མ་གཙང་སར་བཏང་ཞིང་དགེ་བ་བསྔོ། འདི་ནི་ལས་དང་པོ་པའི་དབང་དུ་བྱས་པ་སྟེ། སེམས་ཅུང་ཟད་བརྟན་ནས་གཏོར་མ་ཡིད་ཀྱིས་བསམས་ཏེ་ཕུལ་ཀྱང་རུང་གསུངས་སོ། །སྤྱོད་ལམ་ལ་འཇུག་པའི་ཚེ་རང་རྗེ་བཙུན་མ་ཕྱག་མཚན་མེད་པའི་སྐུར་བསམ་ཞིང༌། དཔའ་མོའི་གོ་ཆ་དང་ཚོམ་རྔམས་སྔགས་ཀྱིས་བསྲུང་བ་བྱས་ལ། བདག་དང་སྣང་བ་འདི་ཐམས་ཅད་ལྷ། བརྗོད་པ་དང་གྲགས་པ་ཐམས་ཅད་སྔགས། སེམས་ཀྱི་རྣམ་རྟོག་ཡེ་ཤེས་སུ་ཤེས་པའི་ངང་ནས་ཆོས་དང་མཐུན་པའི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཁ་ཟས་ལ་ལོངས་སྤྱོད་པའི་ཚེ་ཁ་ཟས་ལ་གཡོན་གྱི་མཐེབ་སྲིན་གྱིས་རེག་ཅིང་འབྲུ་གསུམ་བརྗོད་པས་བདུད་རྩིར་བསམ། བདག་རྣལ་འབྱོར་མར་གསལ་བའི་ལྟེ་བ་ནས་མེ་འབར་བའི་མེ་ལྕེའི་ཁྲོད་ན་སྙིང་གར་རྗེ་བཙུན་མ་ལ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ཞིང་བླ་མ་དབུའི་ཆ་ལ་བཞུགས་པར་བསམ། ལྟོ་བར་འཇིག་རྟེན་པའི་ཚོགས་བསམས་ལ་དེ་དག་མཆོད་པའི་བསམ་པས་ལོངས་སྤྱད་དོ། །ཉལ་བའི་ཚེ་གོང་བུ་བསྡུ་བའམ། རྗེས་སུ་གཞིག་པ་གང་རུང་གིས་སྟོང་པར་བསམས་ལ་ཉལ། ལྡང་བའི་ཚེ་སྐད་ཅིག་གིས་ལྷ་མོའི་སྐུར་ལྡངས་ལ་སྣོད་བཅུད་ཐམས་ཅད་སྒྱུ་མར་སྤྲོ། ཁྲུས་བྱེད་ན་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྒོ་གསུམ་གྱི་དྲི་མ་དག་པར་བསམ་ཞིང་ཡི་གེ་བརྒྱ་པ་བརྗོད་ཅིང་བཀྲུའོ།། །།དེ་ལྟར་སྒོམ་བཟླས་ལ་གོམས་པའི་རྣལ་འབྱོར་པས་གཉིས་པ་རང་གི་དོན་དུ་དངོས་གྲུབ་བསྒྲུབ་པ་ནི། ཉི་མ་གཟས་འཛིན་དུས་སིནྡྷཱུ་རའི་སྒྲུབ་པ་བྱ་ཞིང༌། དེ་ནས་ལངྒ་ལི་ཡའི་སྒྲུབ་པ་ཟླ་བ་དྲུག་བྱས་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་ན། རྣལ་འབྱོར་མ་མིའི་བུ་མོའི་རྣམ་པ་ཅན་དང་འཕྲད་ནས་མཁའ་སྤྱོད་ལ་སོགས་པ་མྱུར་དུ་འགྲུབ་པར་འགྱུར་རོ། །ཞིབ་ཏུ་གཞན་དུ་ཤེས་པར་བྱའོ།། །།དེ་ལྟར་བསྙེན་སྒྲུབ་སྔོན་དུ་སོང་ནས་དོན་གསུམ་པ་གཞན་དོན་སློབ་མ་
རྗེས་སུ་གཟུང་བའི་ཆོ་ག་ནི། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་དབེན་ཞིང་ཡིད་དང་མཐུན་པའི་གནས་ཁང་ཕྱགས་དར་དང་སྐྱང་ནུལ་བྱས་པར་བླ་བྲེ་དང་རྒྱན་དགྲམ། བྲིས་སྐུ་ལ་སོགས་པའི་རྟེན་བཤམ། མཎྜལ་གྱི་གཞི་བ་བྱུང་ལྔ་དང་དྲི་བཟང་བདུད་རྩི་དང་བཅས་པས་བྱུག དེར་རྡུལ་ཚོན་དམར་པོས་ཆོས་འབྱུང་གྲུ་གསུམ་བྲིས་པའི་དབུས་སུ་རེ་ཁཱ་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བདེ་སྐྱོང་འཆི་མེད་དང་སྦྱར་བའི་མྱོས་བྱེད་ཀྱིས་བཀང་བ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ་གཞག འཁར་བའི་མཎྜལ་དྲི་མ་མེད་པ་ལ་ཆང་གིས་གཏོར་ཏེ་ཕྱིས་པའི་སྟེང་དུ་སིནྡྷཱུ་ར་དར་ཚགས་ཀྱིས་བཙགས་ལ་སྙོམས་པར་དགྲམ། དེར་ལག་པ་གཡོན་གསེར་གྱི་ཐུར་མ་དང་བཅས་པས་ཆོས་འབྱུང་གི་དབུས་སུ་ལྷ་མོའི་སྐུ་མེ་རིའི་བར་ཡོངས་སུ་རྫོགས་པ་རིའི་གཟུགས་གཉིས་དང་བཅས་པ་བྲིས་པ་སྔར་གྱི་ཐོད་པའི་སྟེང་དུ་གཞག་གོ །དེའི་སྟེང་དུ་དར་དམར་པོའི་གུར་གྱིས་གཡོགས་ཤིང་ཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། ཤ་ཁྲག་གིས་བརྒྱན་པའི་གཏོར་མ་བརྒྱད་བཤམ། བུམ་པ་ལྔའམ་ཀ་པཱ་ལ་བདུད་རྩིས་བཀང་བ་ལྔ་གཞག་གསུངས། ཡང་བུམ་པ་གཅིག་གཙང་བར་བྱས་ལ་མགུལ་ཆིངས་དང་ཁ་རྒྱན་བཅུད་རྣམས་དང་བཅས་པ་བཤམས་པའི་སྟེང་དུ་དུང་ཆོས་དྲི་བཟང་པོས་གང་བ་རྡོ་རྗེ་གཟུངས་ཐག་དང་བཅས་པ་གཞག ཐོད་པའམ་མེད་ན་དུང་ཆོས་སམ་ཏིང་ཕོར་བདུད་རྩི་རིལ་བུ་སྦྱར་བའི་ཆུས་ཡོངས་སུ་གང་བ་བཞི་ཕྱོགས་བཞིར་གཞག བདག་གི་མདུན་དུ་ནང་མཆོད་དང་རྡོ་རྗེ་དྲིལ་བུ་གཞག་ཅིང༌། གཞན་ཡང་གདོང་གཡོགས་དང་མེ་ཏོག་ཕྲེང་བ་དང་ཤ་ཆེན་ལ་སོགས་པ་རྣམས་བཤམ་མོ། །དེ་ནས་ཕྱི་མ་རེད་ཀྱི་དུས་སུ་རྡོ་རྗེ་སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་གྲལ་ལ་རིམ་པས་འཁོད་པ་ལ། ལས་ཀྱི་རྡོ་རྗེས་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ལ་རྗེ་བཙུན་མའི་མངོན་རྟོགས་རིམ་པ་གཉིས་བསྒོམ། བཟླས་པ་ཅུང་ཟད་བྱའོ། །དེ་ནས་མདུན་གྱི་མཆོད་པ་རྣམས་ལ་བདུད་རྩི་གཏོར་ཞིང་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་
ཡིད་ཀྱིས་སྙིང་གའི་བྂ་ལས་འཕྲོས་པའི་བོད་ཀྱིས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ནས་ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱའོ། །དེ་ནས་དབང་བསྐུར་ཏེ་མི་བསྐྱོད་པས་དབུར་བརྒྱན་པའམ། ཡང་ན་དབུ་རྒྱན་རང་ཆས་སུ་བསམ་མོ། །བསྐྱེད་པའི་རིམ་པའོ།། །།དེའི་ལྟེ་བར་འཁོར་ལོ་ཟུར་དྲུག་པའི་གཡས་གཡོན་གྱི་ཟུར་བཞི་ལ་དགའ་བ་འཁྱིལ་པ་དང་བཅས་པའི་དབུས་སུ་བྂ་ཡིག་ལ་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ་གཡོན་དུ་མྱུར་དུ་འཁོར་བར་དམིགས་ཤིང༌། དེ་དང་དུས་མཉམ་དུ་སྨིན་མཚམས་སུ་དགའ་བ་འཁྱིལ་པ་གཡོན་དུ་འཁོར་བར་བསམས་ལ། ཡིད་བཟུང་ཞིང་རླུང་ཁ་སྦྱོར་བསྒོམས་པས་དྲོད་དང་མི་རྟོགས་སྐྱེ་བར་འགྱུར་རོ། །གསང་གནས་སུ་འཁོར་ལོ་འཁོར་བ་ལ་དམིགས་པས་བདེ་དྲོད་འབར་བར་འགྱུར་རོ། །རྫོགས་པའི་རིམ་པའོ།། །།དེ་ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྤྱོད་ཡུལ་གྱི་གནས་སུ་འཇུག་པར་འདོད་པས་མཁའ་འགྲོ་སྤྲོ་བསྡུ་དང་བཅས་ནམ་མཁའ་ལ་འཕུར་ཞིང༌། མ་ན་བྷཾ་ག་དང༌། དཔལ་གྱི་རིའི་རྩེ་མོར་རིམ་གྱིས་ཕྱིན་ཏེ། མནྡ་ར་དང༌། མྱ་ངན་མེད་པ་དང༌། ཡོངས་འདུ་རྣམས་སྐྱེས་པའི་ལྡུམ་གྱི་རྭ་བ་རྩེ་མོ་བརྒྱད་དང་ལྡན་པའི་རིན་པོ་ཆེའི་ཁང་པར་ཞུགས་པར་བསམས་ལ། ཞབས་གཡོན་བརྐྱངས་པའི་མཐིལ་རིལ་བརྡབས་པས་བརྟན་གཡོ་ཐམས་ཅད་བསྐྱོད་ཅིང་སེམས་ཅན་གྱི་རྒྱུད་བདེ་བས་གང་ཞིང་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པ་རྣམས་རླུང་འཇུག་པ་དང་བསྟུན་ནས་གཡོན་གྱི་ཐོད་པར་བསྡུས་ཤིང་སྣ་བུག་གཡོན་ནས་བཏུངས་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་བསམ་ཞིང་རླུང་གཟུང༌། ཕྱིར་གཏོང་དུས་སེམས་ཅན་ཐམས་ཅད་སྒྱུ་མ་ལྟ་བུའི་རྣམ་པས་ཕྱོགས་བཅུར་སྤྲོ་ཞིང་སླར་ཡང་བསྡུ་པ་སྔར་བཞིན་བྱའོ། །དེ་ལྟར་རི་གཉིས་ཀྱི་རྩེ་མོར་སྤོས་ཤིང་བསྒོམས་ལ། དེས་སྐྱོ་ན་སྔར་གྱི་གནས་སུ་འདུག་པར་བསམས་ལ་བཟླས་པ་བྱའོ། །དེའི་ཚུལ་ནི་བྂ་ཡིག་ལ་ཨོཾ་གསུམ་མ་གཡོན་དུ་བསྐོར་བའི་འོད་ཀྱིས་བདག་གི་སྡིག་སྒྲིབ་སྦྱངས། ཚོགས་གཉིས་སྤེལ།
སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཇུག་པར་བསམ་ཞིང༌། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླའོ། །བསྙེན་པའི་གྲངས་ནི་འབུམ་བྱའོ་གསུངས་ནའང་འབུམ་ཕྲག་གསུམ་མམ་བཞི་བཟླ་སྟེ། ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བསྒོམ་སུམ་འབུམ་བྱ་བར་བཤད། །ཅེས་དང༌། རྩོད་དུས་བཞི་འགྱུར་དུ་ནི་བཟླ་ཞེས་འབྱུང་བས་སོ།། །།ཐུན་མཚམས་སྲོད་ཐུན་གྱི་མཇུག་ཏུ་གཏོར་མ་ལྔའམ་གཅིག་བཤམས་ལ་མཁའ་འགྲོ་ལྔ་ལ་དབུལ་ཏེ། བྱིན་རླབས་མཁའ་འགྲོ་སྤྱི་གཏོར་ལྟར་བྱས་ལ། མདུན་གྱི་ནམ་མཁར་མཁའ་འགྲོ་ལྔ་འཁོར་དང་བཅས་པ་སྤྱན་དྲངས་པའི་ཞལ་ནས་བྱུང་བའི་འོད་ཀྱི་སྦུ་གུས་གཏོར་མ་དྲངས་པར་བསམས་ཏེ་ཕྱག་རྒྱ་ལྔ་དང་བཅས་པས། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀརྵ་ཡ་ཨཀརྵ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཡཾ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཧཱུྃ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཧྲཱྃ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཧྲཱྃཿ ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཨཱཿ ཨོཾ་སརྦ་ཡོ་གི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཧཱུྃ། ཧ་ཧ་ཧི་ཧི་ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཡོ་གི་ནྱཱཿས་མ་ཡ་སྟྭཾ་དྲྀ་ཤྱ་རཀྵ་རཀྵ་ཧོཿ ཞེས་པ་གསུམ་ལ་སོགས་པས་དབུལ། གལ་ཏེ་གཏོར་མ་ལྔ་ཡོད་ཅིང་སོ་སོར་དབུལ་ན་ཧཱུྃ་ཕཊ་ཡན་ཆད་ཀུན་ལ་སྦྱར་ཞིང་མཁའ་འགྲོ་ལྔ་སོ་སོའི་སྔགས་ལ་ཨོཾ་སརྦ་ཡོ་གི་ནཱི་མན་ཆད་སྦྱར་བ་གསུམ་ལ་སོགས་པས་སོ་སོར་དབུལ། མཆོད་ཡོན་ལ་སོགས་པ་དང་བདུད་རྩིས་མཆོད་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ལ་སོགས་པའམ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ་འདོད་པའི་དོན་ལ་གསོལ་
པའི་ངང་ལས་ཐོད་པའི་སྣོད་རྣམས་སུ་ཨོཾ་ཨཱཿཧཱུྃ་ལས་མཆོད་ཡོན་ལ་སོགས་པ་ངོ་བོ་བཟང་ཞིང་རྒྱ་ཆེ་བར་བསྐྱེད་ལ་སོ་སོའི་སྔགས་དང་འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་མཎྜལ་བསངས་ཤིང་སྦྱངས་ཏེ། སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ་རྗེ་བཙུན་མ་སྒྲུབ་ཐབས་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་སྟེང་དུ་བླ་མ་དང༌། ཁོར་ཡུག་ཏུ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་བསམ། གོང་དུ་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང༌། དེ་བཞིན་དུ་རོལ་མོའི་བར་འདོན་པ་བསྒྱུར་ཞིང་དབུལ། སྔར་བྱིན་གྱིས་བརླབས་པའི་བདུད་རྩི་གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་དང༌། རྗེ་བཙུན་མ་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་དང༌། ཆོས་སྐྱོང་དང་ཕྱོགས་སྐྱོང་དང་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་མཆོད་ཅིང་བྱིན། མཐར་རང་གི་ལྕེ་ལ་མྱང་ཞིང་ཨོཾ་གསུམ་མ་བརྗོད་དེ་པད་ཀོར་གྱི་ཕྱག་རྒྱ་དང༌། འཁྱུད་པའི་ཚུལ་བྱས་པས་མཉེས་པར་བྱའོ། །དེ་ནས་ཡིད་ཀྱིས་སྤྲུལ་པ་དང་བདག་པོས་མ་བཟུང་བའི་མཆོད་པས་མཆོད། ཡུམ་གྱི་རྐང་བརྒྱད་དམ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པས་བསྟོད། གཏོར་མ་དང་རྗེ་བཙུན་མ་ལ་ཨོཾ་གསུམ་མར་ཨོཾ་བཛྲ་ཨ་རལླིཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲི་ཤྱ་ཧོཿཞེས་བཏགས་པས་དབུལ། གཉིས་པ་སྒོས་ཀྱི་ཆོས་སྐྱོང་ལ། དེ་ནས་ལྔའམ་མ་གྲུབ་ན་གཅིག་མཁའ་འགྲོ་སྡེ་ལྔ་ལ་གོང་གི་ཆོ་གས་དབུལ། ཐ་མ་གཞི་བདག་དང་དེའི་ལྷག་མ་རིགས་དྲུག་ལ་སྦྱིན་ནོ། །དེ་ནས་སློབ་མ་གཞུག་པའི་དོན་དུ་གསོལ་བ་གདབ་སྟེ། རྡོ་རྗེ་དྲིལ་བུ་སྤོས་འཛིན་པས། བཅོམ་ལྡན་ཡེ་ཤེས་རྡོ་རྗེ་མཆོག །རིག་འཛིན་རྒྱལ་མོ་ལ་ཕྱག་འཚལ། །སྙིང་རྗེའི་བདག་ཉིད་དཀྱིལ་འཁོར་དུ། །སློབ་མ་
གཞུག་པར་འཚལ་ལགས་ན། །ཇི་ལྟར་རྒྱལ་བ་ཀུན་གྱིས་ཁྱོད། །ཡེ་ཤེས་རྒྱ་མཚོར་བྱིན་བརླབས་པ། །དེ་བཞིན་དུ་ནི་ཡེ་ཤེས་རོལ། །སེམས་ཅན་འདི་ལ་བྱིན་བརླབ་རིགས། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་གཙོ་མོས་གནང་བ་བྱིན་པར་བསམ་མོ། །དེ་ནས་བུམ་པ་བསངས་ཤིང་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བྷྲཱུྂ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ལྷའི་གོས་ཀྱིས་མགུལ་པ་གཡོགས་ཤིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པར་བསྐྱེད་པའི་ནང་དུ་རྗེ་བཙུན་མ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་མཆོད་ཅིང་བསྟོད་དེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འོད་ཟེར་ལྟར་འཕྲོས་པ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་མོའི་ཐུགས་རྒྱུད་བསྐུལ་ནས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བ་བསམ་ཞིང༌། ཨོཾ་གསུམ་མའི་སྔགས་བརྒྱ་རྩ་བརྒྱད་བཟླ། མཐར་མཆོད་ཅིང་བསྟོད་ལ་དུང་ཆོས་ཀྱི་ཆུ་བླུགས་པས་རྐྱེན་བྱས་ཏེ་བདུད་རྩིའི་ངོ་བོར་གྱུར་པས་བསམ་མོ། །དེ་ནས་དད་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང༌། དབང་གིས་སྨིན་པར་བྱས་པའི་སློབ་མ་ཁྲུས་བྱས་ཤིང་ཕྱག་འཚལ་ནས་གྲལ་ལ་རིམ་པས་འཁོད་པ་ལ། བླ་མས་སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བདག་བརྒལ་ཞིང་གཞན་བསྒྲལ་བའི་ཕྱིར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཻ་ཏྲི་མཁའ་ལ་སྤྱོད་པའི་བྱིན་རླབས་ཀྱི་སྒོ་དབྱེ་བ་ཞུ་སྙམ་པ་གྱིས་ལ་མཎྜལ་ལན་གསུམ་ཕུལ་ཏེ་བླ་མ་ལ་གསོལ་བ་ཐོབ་ཅེས་བསྒོས་ལ། ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་བ་བྱང་ཆུབ་བསྒྲུབ་པའི་ཕྱིར། །ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མར། །ཐམས་ཅད་རིག་པར་རང་གིས་བྱིན། །དེ་བཞིན་བདག་ལའང་མགོན་པོ་ཀྱཻ། །ད་ལྟ་ཉིད་དུ་སྦྱིན་པར་རིགས། །ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུག་གོ །དེ་ནས་གོ་སྐབས་ཡངས་ཤིང་བྱེད་པར་སྤྲོ་ན། ཤར་ལ་སོགས་པའི་ཕྱོགས་བཞི་ནས་མཎྜལ་རེ་དང་ཚིག་རེས་གསོལ་བ་གདབ། དེ་
ཙམ་མ་གྲུབ་ན་ཡིད་ཀྱིས་དེ་ལྟར་བསམ་ཞིང༌། དངོས་སུ་མཎྜལ་ལན་བཞི་དབུལ། རྗེ་བཙུན་མ་ལ་གསོལ་བ་ཐོབ་ཅེས་བསྒོས་ལ། ལྷ་མོ་ལུས་ངག་ཡིད་ཀྱིས་སུ། །ཡེ་ཤེས་རྒྱ་མཚོ་ཁྱོད་ཕྱག་འཚལ། །ཇི་ལྟར་སངས་རྒྱས་སྟོབས་ཆེན་གྱིས། །ཐམས་ཅད་ཡེ་ཤེས་བྱིན་བརླབས་པ། །དེ་བཞིན་བདག་རྒྱུད་དག་ལ་ཡང༌། །ཡེ་ཤེས་རྒྱུན་གྱིས་མཛད་དུ་གསོལ། །ཞེས་ལན་བཞི་བརྗོད་དུ་གཞུག་གོ །དེ་ནས་གདོང་བཅིངས་ཏེ་མེ་ཏོག་གི་ཕྲེང་བ་གཏད་དེ། བདུད་རྩི་གཏོར་ཞིང་སུམྦྷས་བསང༌། བདུད་རྩི་ལྕེ་ལ་གཏོར་ཞིང་འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབ། སྙིང་གའི་ནང་དུ་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གཉིས་ཀས་བསམ། བླ་མས་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་སེམས་བསྐྱེད་ནས། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས། རྗེ་བཙུན་མའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཛཿཧཱུྃ་བཾ་ཧོཿ ཞེས་གསུང་ཞིང་དཀྱིལ་འཁོར་དུ་ཁྲིད་པར་མོས་པ་གྱིས་ཞེས་བརྗོད། དེ་ནས་སློབ་མ་རྣམས་ལྷ་མོའི་སྐུར་བསམ་པ་ནི། གོང་བུ་བསྡུ་བ་ནས་གོ་ཆ་བཅིང་བའི་བར་སྒྲུབ་ཐབས་ལྟར་གཉིས་ཀས་བསྒོམ་ཞིང་གནས་གསུམ་བྱིན་བརླབ། ལྷ་མོའི་སྐུ་ལས་མཁའ་འགྲོ་དུ་མ་སྤྲོ་ཞིང་སྡུད་པའི་ལུས་ཅན་དུ་བསམ་ཞིང་ཡིད་གཟུང༌། ཡང་གོང་བུ་བསྡུ་བའམ་རྗེས་སུ་གཞིག་པར་གང་རུང་གི་དམིགས་པ་བྱ། ཡང་སྐད་ཅིག་གིས་ལྷ་མོའི་སྐུར་བསམ། དེའི་ལྟེ་བར་འཁོར་ལོ་ཟུར་དྲུག་པ་ཡིག་འབྲུ་དང་བཅས་པ་འཁོར་བ་དང༌། གསང་བའི་གནས་སུ་འཁོར་བ་དང༌། དགའ་བ་འཁྱིལ་པ་གསང་གནས་སུ་འཁོར་བ་དང༌། མཛོད་སྤུར་འཁོར་བས་ལུས་དྲོད་དང་བདེ་བས་གང༌། ཕྱོགས་བཅུའི་
སངས་རྒྱས་ཐམས་ཅད་རྣལ་འབྱོར་མའི་རྣམ་པས་ལུས་ལ་ཐིམ་ནས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཞུགས་པར་དཔོན་སློབ་གཉིས་ཀས་བསྒོམ་ཞིང་གུ་གུལ་ལ་སོགས་པའི་རྫས་ཀྱི་དུད་པས་བདུག ཌཱ་མ་རུ་ལ་སོགས་པའི་རོལ་མོའི་སྒྲ་དྲག་པོ་བྱ་ཞིང་ཨོཾ་གསུམ་མའི་སྔགས་བརྗོད། དེ་ལྟར་དམིགས་པ་དེ་དག་སྤོགས་ཤིང་ཕབ་པས་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་བབས་པའི་རྟགས་ཅི་རིགས་པ་འབྱུང་ངོ༌། །དེ་བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་གྲམ་དུ་བཞག་ཅིང་ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་དོ། །དེ་ནས་མེ་ཏོག་གི་ཕྲེང་བ་དེ་རྗེ་བཙུན་མའི་དབུ་གཙུག་ཏུ་ཕུལ་བར་སྒོམས་ཞེས་བརྗོད་ལ། དངོས་སུ་ལས་ཀྱི་རྡོ་རྗེས་དབུལ་ཞིང༌། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་དུ་གཞུག་གོ །ཕྲེང་བ་དེ་ཉིད་སྔགས་སུ་བྱིན་གྱིས་བརླབས་ནས་སློབ་མའི་མགོ་ལ་བཞག་ཅིང༌། ཨོཾ་པྲ་ཏི་གྲྀཧྞེ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཨོཾ་ཞེས་བརྗོད་དོ། །དེ་ནས་ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿབྲྂ་ཞེས་བརྗོད་ཅིང་གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་ནོ། །སློབ་མས་བལྟས་ཏེ་གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་ལྷ་མོའི་སྐུ་དངོས་སུ་མཐོང་སྙམ་དུ་བསམ་མོ། །དེ་ནས་དབང་གི་དོན་དུ་མཎྜལ་ཕུལ་ཏེ་གསོལ་བ་ཐོབ་ཅེས་བསྒོས་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་བརྗོད་དུ་གཞུག དེ་ནས་རྗེ་བཙུན་མའི་མདུན་དུ་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་སློབ་མ་ལྷ་མོར་བསྒོམ་དུ་གཞུག དེའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང༌། གཡས་ན་རྒྱལ་མཚན་གཡོན་ན་བ་དན་ཁོར་ཡུག་ཏུ་མཆོད་པའི་སྤྲིན་ཚོགས་དང་བཅས་པ་ལ། རྗེ་བཙུན་མའི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་རྣམས་ཀྱིས་བགེགས་སྐྲོད་པ་དང༌། མཆོད་པ་དང་བཀྲ་ཤིས་ཀྱི་གླུ་དང་བཅས་པ་བརྗོད་ཅིང་གཙོ་མོས་བུམ་ཆུས་དབང་བསྐུར་བར་བསམས་ལ། དངོས་སུ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་ཞིང༌། །ཞེས་སོགས་ཀྱི་མཐར། ཇི་ལྟར་བལྟམས་པ་
ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྂ། ཙཀྲ་ཝཱི་ར་སྟྭཾ་ཨ་བྷི་ཥིཉྩ་མི། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་བསྐུར་བས་སློབ་མའི་ལུས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་གང༌། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་སོགས་སངས་རྒྱས་ལྔས་དབུ་བརྒྱན་པར་བསམ་མོ། །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ནུབ་ཏུ་གནས་པའམ་གནས་པར་མོས་ལ་ལྷ་མོའི་སྐུར་བསྒོམ། བླ་མའི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ཆད་ཅིང་བླ་མའི་ཞལ་ནས་སློབ་མའི་ཁར་ཞུགས། སྙིང་གའི་བྂ་ཡིག་ལ་གཡོན་སྐོར་དུ་འཁོད་པར་བསམ་ཞིང༌། ཨོཾ་གསུམ་མ་ལན་གསུམ་རྗེས་སུ་བཟླས་པས་སྔགས་ཀྱི་ལུང་བྱིན་ལ། བླ་མའི་ལག་པ་གཡོན་པ་རྡོ་རྗེ་དང་བཅས་པ་སློབ་མའི་མགོ་བོར་བཏུད་ཅིང་སྔགས་བརྗོད་པས་བྱིན་གྱིས་བརླབ། དེ་ནས་སློབ་མ་ལྷ་མོའི་ཕྱག་ཞབས་ཀྱི་རྣམ་འགྱུར་ལྟར་བྱེད་དུ་བཅུག་ལ། དེའི་གཡོན་དུ་བདུད་རྩིས་གང་བའི་ཐོད་པ། གཡས་སུ་རྡོ་རྗེ་གཏད་ཅིང་གོང་གི་བཅུད་བསྡུ་བའི་དམིགས་པ་སྒོམ་དུ་བཅུག་ལ་ཐོད་པའི་བདུད་རྩིའི་ཐུང་ངུ་གཞུག་གོ །དེ་དག་ནི་སྔགས་དང་སྤྱོད་པའི་རྗེས་སུ་གནང་བའོ། །དེ་ལྟར་ཁྱེད་ཀྱིས་བུམ་པའི་དབང་ཐོབ་བོ་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་ཤ་ཆེན་ནམ་ཤ་ཕལ་པ་མར་དུ་བཙོས་པ་དང་མཎྜལ་གྱི་འོག་གི་བདུད་རྩི་ལག་པ་གཡས་དང་གཡོན་དུ་སྦྱིན་ནས་གསང་བའི་དབང་ཐོབ་བོ་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་ལྷ་མོའི་དཔྲལ་བ་མགྲིན་པ་སྙིང་ག་གསུམ་ནས་བླངས་པའི་རྡུལ་ཚོན་གྱིས་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱས་པས་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་སྩལ་ཞིང་ལུས་སེམས་ལ་བདེ་བ་རྒྱས་པར་བསམས་ལ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་བོ་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་ངོ་སྤྲད་ལ་འཛིན་མེད་ཀྱི་ངང་ལ་རེ་ཞིག་གཞག་གོ །དེས་དབང་བཞི་པ་ཐོབ་པ་ཡིན་ནོ་ཞེས་རྟོགས་པ་བསྐྱེད། རྗེ་བཙུན་
མའི་སྒྲུབ་ཐབས་མཁའ་སྤྱོད་སྒྲུབ་པ་དང༌། རས་བྲིས་བྲི་ཐབས་དང་བཅས་པ་ཚར་གཅིག་བཤད་ལ་སྒྲུབ་པར་གདམས། སློབ་མས་དམ་ཚིག་དང་སྡོམ་པ་མདོར་བསྡུས་ཏེ་ཁས་བླང་བ་དང༌། ལུས་ལོངས་སྤྱོད་ཐམས་ཅད་གཏང་རག་ཏུ་ཕུལ་ལ། དངོས་སུ་ཅི་འབྱོར་པའི་ཡོན་ཕུལ་ཞིང་བཀའ་དྲིན་ཆེ་བ་ལགས་སོ་ཞེས་ཚིག་གི་གཏང་རག་དབུལ་ལོ། །དེ་ནས་གཏོར་མ་གཏོང་ན་སྐབས་འདིར་བཏང་ལ་དགའ་སྟོན་ལ་ལོངས་སྤྱད། ལག་མཆོད་སྔར་ལྟར་བྱ། མདུན་བསྐྱེད་ལ་མཆོད་བསྟོད་བྱས་ལ་འདོད་པའི་དོན་ལ་གསོལ་བ་གདབ། ནོངས་པ་བཟོད་པར་གསོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་སིནྡྷཱུ་རའི་རང་བཞིན་དུ་གྱུར་པར་བསམ། དགེ་བ་བསྔོ། སིནྡྷཱུ་ར་བསྡུས་ནས་སྣོད་བཟང་པོར་བླུགས་ལ་ཕྱིས་ཀྱི་མཎྜལ་འབྲི་བ་ལ་བསྲེས་ན་ཤིན་ཏུ་བྱིན་རླབས་ཆེ་གསུངས། གཏོར་མའི་མགྲོན་གཤེགས་སུ་གསོལ། གཏོར་མ་གཙང་སར་གཏང༌། བདག་ཉིད་བསྲུངས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལོ་ཀེ་ཤྭ་ར་རི་ཁྲོད་དབང་ཕྱུག་མཻ་ཏྲི་པ། །ཀ་མ་ལ་དང་དེས་རྗེ་ཛ་ཡ་སེ་ན་དང༌། །དར་མ་ཡོན་ཏན་གྲགས་པ་རྒྱལ་མཚན་ཆོས་ཀྱི་རྗེ། །རིན་ཆེན་ཚོགས་དང་ཡོན་ཏན་མཐའ་ཡས་འོད་ཟེར་ཅན། །ཉེ་བརྒྱུད་ཡིན་ཞིང་རིང་བརྒྱུད་གཞན་དུ་ཤེས་པར་བྱ། །རྒྱལ་བའི་ཡེ་ཤེས་སྒྱུ་མ་ལས་བྱུང་བུད་མེད་སྒྱུ་མའི་ཚུལ་འཛིན་པའི། །བུད་མེད་ཡེ་ཤེས་སྒྱུ་མའི་ཚུལ་འདི་གཉིས་མེད་རྡོ་རྗེའི་གསུང་རབ་དང༌།«་་་་་མཻ་ཏྲི་པ།» །མན་ངག་ཇི་བཞིན་བདག་གིས་བཀོད་ལ་བདག་བློའི་ཉེས་གང་བཟོད་པར་གསོལ། །དགེ་བ་གང་དེས་མ་ལུས་འགྲོ་ཀུན་མཁའ་འགྲོའི་དབང་ཕྱུག་ཉིད་གྱུར་ཅིག །རྣམ་འབྱེད་སྟོབས་ཆུང་ལེ་ལོའི་དབང་གྱུར་ཀུན་དགའི་མིང་ཅན་གང་ཡིན་ལ། །བློ་གྲོས་རབ་གསལ་སྡེ་སྣོད་འཛིན་པ་གྲགས་པ་གཞོན་ནུ་ལ་སོགས་པའི། །དོན་གཉེར་འགའ་ཡིས་བསྐུལ་བའི་ཞལ་ངོར་མཁའ་སྤྱོད་སྒྲུབ་པ་རྗེས་གནང་བཅས། །ལྕགས་ཕོ་བྱི་ལོའི་བརྒྱད་པའི་བརྒྱད་ལ་སྤྲུ་ལུང་ནགས་ཕུག་དགོན་པར་སྦྱར།། ༈ །ན་མོ་གུ་རུ་བཛྲ་ཡོ་གི་ནྱཻ། ཡོན་ཏན་མཐའ་ཡས་རྒྱལ་
བ་ཀུན་གྱི་དངོས། །མཁྱེན་བརྩེ་བསིལ་བའི་འོད་ཚོགས་རབ་མངའ་བ། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ནས། །གྲངས་མེད་མཁའ་འགྲོའི་གཙོ་ལ་བསྟོད་པར་བགྱི། །གདོད་ནས་རྣམ་དག་ཆོས་དབྱིངས་ནམ་མཁའ་ལ། །གློ་བུར་དྲི་མའི་རྡུལ་གྱིས་མ་གོས་ཤིང༌། །མཁའ་ལྟར་མཐའ་ཡས་བརྟན་གཡོ་ཀུན་གྱི་དངོས། །མཁའ་སྤྱོད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཟུང་འཇུག་བདེ་ལ་རོལ་པའི་རྣམ་འཕྲུལ་གྱིས། །སྲིད་གསུམ་མ་ལུས་བདེ་བས་ཚིམ་མཛད་ནས། །ཟག་མེད་བདེ་ཆེན་དབྱིངས་སུ་ཐིམ་མཛད་མ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་འདུད། །གང་ཞིག་གང་གིས་འདུལ་བའི་ཐབས་མཁྱེན་ནས། །དེ་དང་དེ་ལ་དེ་ཡི་མོས་པ་བཞིན། །རྣམ་འཕྲུལ་སྣ་ཚོགས་རྣམ་པར་སྤྲུལ་མཛད་མ། །རིག་འཛིན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དབྱིངས་ལས་མ་གཡོས་སྤྲུལ་པའི་སྐུ་བརྙེས་ཀྱང༌། །འགྲོ་ལ་བརྩེ་ཕྱིར་དཔལ་གྱི་རི་སོགས་རྩེར། །རིན་ཆེན་ཁང་པའི་ལྡུམ་རྭ་ཡིད་འོང་བར། །རོལ་ཞིང་རྩེ་བར་སྟོན་ལ་ཕྱག་འཚལ་ལོ། །ཁྱེད་གསུང་མིང་ཚིག་ཡི་གེས་དབེན་གྱུར་ཀྱང༌། །ཕྱག་འཚལ་ཡི་གེ་གསུམ་པའི་རིགས་སྔགས་ཀྱི། །མཐའ་ཡས་གསུང་གི་གསང་བས་འགྲོ་ཀུན་ལ། །སྤྱོད་དང་གྲོལ་བ་སྩོལ་ལ་ཕྱག་འཚལ་ལོ། །རྣམ་རྟོག་མཚན་མའི་སྤྲོས་པ་ཉེར་ཞི་ཡང༌། །ཇི་བཞིན་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་ལས། །ཐུགས་རྗེའི་འོད་ཀྱིས་ས་གསུམ་གསལ་མཛད་མ། །ཟབ་ཅིང་རྒྱ་ཆེའི་ཐུགས་ལ་ཕྱག་འཚལ་ལོ། །ཁམས་གསུམ་རྣམ་དག་སྐུ་ཡི་གཞལ་ཡས་ཁང༌། །སུམ་ཅུ་རྩ་གཉིས་སྔགས་ཀྱིས་རབ་བརྒྱན་ཞིང༌། །ཨེ་ཝྂ་གཡུང་དྲུང་ཐུགས་ཀྱི་རིན་ཆེན་ན། །མི་རྟོག་བདེ་ཆེན་འབྱུང་གནས་མཆོག་ལ་འདུད། །སེམས་ཅན་དོན་ལ་བརྩོན་པའི་རྣམ་འཕྲུལ་དང༌། །སྤྲུལ་པའི་མཁའ་འགྲོ་དཔག་མེད་སྤྲོ་བསྡུ་ཡིས། །མཐའ་ཡས་འགྲོ་བ་བདེ་ལ་འགོད་མཛད་མ། །ཕྲིན་ལས་ཕྲིན་ལས་སྤྱོད་ལ་ཕྱག་འཚལ་ལོ། །ཁྱོད་དང་གཉིས་མེད་བླ་མའི་བཀའ་དྲིན་གྱིས། །
ཁྱོད་ཀྱི་བྱིན་རླབས་རྗེས་སུ་གནང་བ་ཐོབ། །དད་དང་བརྩོན་པས་བསྒྲུབ་ཅིང་གསོལ་འདེབས་ན། །འདི་ལ་ཁྱེད་ཀྱི་ཐུགས་རྗེ་ཅིས་མི་འཇུག །འོན་ཀྱང་སྐལ་ངན་བདག་བློའི་ཉེས་པ་ཡིས། །ཚེ་འདིར་རྗེས་སུ་འཛིན་པའི་སྐལ་མེད་ན། །འཆི་ཁའམ་བར་དོར་ཁྱོད་ཀྱིས་རྗེས་བཟུང་ནས། །མཁའ་སྤྱོད་གནས་སུ་འཁྲིད་པར་མཛད་དུ་གསོལ། །ཁྱོད་ཐུགས་ཡེ་ཤེས་རྒྱ་མཚོར་བདག་ཞུགས་ཤིང༌། །དངོས་གྲུབ་རིན་ཆེན་བང་མཛོད་སྒོ་ཕྱེ་ནས། །ཆོས་ཀྱིས་ཕོངས་པའི་སྐྱེ་རྒུ་ཚིམ་བྱེད་ཅིང༌། །ཕན་བདེའི་འབྱུང་གནས་མཆོག་ཏུ་འགྱུར་བར་མཛོད། །མ་ལྟར་བརྩེ་བས་ཁྱོད་ཀྱིས་འགྲོ་ཀུན་ལ། །ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བྱིན་བརླབས་ཤིང༌། །གསང་ཆེན་བླ་མེད་ཐེག་པ་རབ་ཞོན་ནས། །ཐར་པ་ཆེན་པོའི་གྲོང་དུ་ཕྱིན་པར་མཛོད། །གྲུབ་པའི་རིག་པ་འཛིན་པ་རྩེན་མ་ལ། །བསྟོད་ཅིང་གསོལ་བ་འདེབས་པའི་ཚིག་འདི་དག །རྡོ་རྗེ་འཛིན་པ་ཀུན་དགའ་སྨོན་ལམ་གྱིས། །མི་རྗེའི་བཞུགས་གནས་ཡུལ་ཆོས་ཁབ་ཏུ་སྦྱར། །མངྒ་ལཾ།། ༈ །གྲུབ་ཆེན་མཻ་ཏྲི་པའི་ལུགས་ཀྱི་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག་བཀླགས་པས་གྲུབ་པར་བཀོད་པ་མཁའ་སྤྱོད་གྲུབ་པའི་རྒྱན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཁོར་ལོའི་མགོན་དང་དབྱེར་མེད་པའི། །རིག་པ་འཛིན་མའི་རྗེ་བཙུན་མར། །བཏུད་ནས་དེ་ཡི་བྱིན་རླབས་ཚུལ། །མཁའ་སྤྱོད་གྲུབ་པའི་རྒྱན་དུ་སྦྱིན། །འདི་ལ་བཞི། སྦྱོར་བ། དངོས་གཞི། རྗེས་ཀྱི་ཆོ་ག འཕྲོས་དོན་གཞན་ཅུང་ཟད་བཤད་པའོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང༌། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། དབང་ཐོབ་ཅིང་བྱིན་རླབས་ཟབ་མོས་རྒྱུད་སྨིན་པ། དམ་ཚིག་དང་སྡོམ་པར་ལྡན་ཅིང་གཞིའི་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། མར་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་གྱི་ཚེ་དཀྱིལ་འཁོར་གྱི་བཤམ་བཀོད་དང༌། མཆོད་པའི་ཡོ་བྱད་སོགས་སྤྲུ་ལུང་བ་ཀུན་དགའ་སྨོན་ལམ་གྱིས་མཛད་པའི་ཡིག་ཆ་ལས་འབྱུང་བ་ལྟར་འདུ་བྱ། དེའང་ངག་ཆོས་
པའི་ཡིག་ཆར་སྐུ་འབྲི་མ་ཐུབ་ན་ཚོན་ཕུང་ཙམ་གྱིས་ཆོག་པ་དང༌། མཆོད་པ་དང༌། བུམ་པ་བཅའ་བ་སོགས་ཀྱང་སྤྱི་ལྟར་བྱས་པས་ཆོག་པར་གསུངས་པ་སྤྲོས་པ་བསྡུས་པའི་ཚེ་དགོངས་པར་མངོན་ནའང༌། རྒྱ་གཞུང་ལས་སྔ་མ་ལྟར་འབྱུང་བས་ལེགས་སོ། །གཞན་ཡང་ཆོ་ག་གཞན་དང་མ་འབྲེལ་ན་སྔོན་འགྲོ་གཏོར་མ་དང༌། སློབ་དཔོན་གྱི་མདུན་དུ་ཌཱ་མ་རུ་དང༌། ཚོགས་ཀྱི་མཆོད་པ་བྱེད་ན་ཉེ་ལོགས་ཅི་བདེ་བར་ཚོགས་ཀྱི་ཡོ་བྱད་དང་བཅས་པའང་འདུ་བྱ། གཉིས་པ་ནི། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་རྣམས་ནཱ་རོ་མཁའ་སྤྱོད་སོགས་དང་འདྲ། ཚོགས་པ་མང་པོ་ཡོད་ན་ཞུ་འབུལ་ཕྱག་བཅོ་བརྒྱད་མ་བདེ་ཀྱེ་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་བཞི། བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། སློབ་མ་རྗེས་སུ་གཟུང་བའོ། །དང་པོ་ནི། སྐྱབས་འགྲོ། སེམས་བསྐྱེད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱང་ནཱ་རོ་མཁའ་སྤྱོད་སོགས་ཀྱི་ཆོ་ག་ལས་འབྱུང་བ་ལྟར་བྱ། བདུད་རྩི་བྱིན་རླབས་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་མ་རྩེན་མའི་སྐུར་གྱུར་ཅེས་བརྗོད་ཅིང་བསམས་ལ། སྤྲུ་ལུང་པའི་ཡིག་ཆའི་དཀྱུས་ནས་འབྱུང་བ་ལྟར་འབྲུ་གསུམ་བརྗོད་ཅིང་མྱང་བ་ནས་བཟུང་ཛཿཧཱུྃ་བཾ་ཧོཿཞེས་པའི་བར་དང༌། སྤྲོ་ན་སླར་ཡང་རང་གི་སྙིང་གའི་བྂ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ནས་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་ཞེས་བརྗོད། རྫོགས་རིམ་དང་སྤྱོད་པའི་དམིགས་པ་ཅུང་ཟད་བསྒོམ་ཞིང༌། བཟླས་པ་ཅི་རིགས་པ་བྱས་ལ། བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། གཉིས་པ་ནི། མདུན་གྱི་དཀྱིལ་འཁོར་ལ་བདུད་རྩི་འཐོར་ཞིང་སུམྦྷས་བསང༌།
སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ་ནས། མི་བསྐྱོད་པས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་པའི་ཚིག་དོར། ཨ་བྷི་ཥིཉྩ་ཏུ་མཱཾ་སོགས་ཀྱི་མལ་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་བསྒྱུར། མདུན་བསྐྱེད་ཀྱི་སྟེང་གི་ནམ་མཁར་བླ་མ་དང༌། ཁོར་ཡུག་ཏུ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བར་གྱུར་ཅེས་བརྗོད་ཅིང་བསམས་ལ། སྤྲོ་ན་ནཱ་རོ་མཁའ་སྤྱོད་སོགས་ཀྱི་ཆོ་ག་རྒྱས་པ་ལས་འབྱུང་བ་ལྟར་མཆོད་ཕྲེང་སྤྲོས་ཏེ་བྱས་ཀྱང་རུང་མོད། དཀྱུས་ལྟར་ན་ཕྱི་མཆོད་དང༌། ནང་བདུད་རྩིའི་མཆོད་པའི་རྗེས། ཡིད་བྱུང་གི་མཆོད་པ་ན་མོ་ཆོས་ཀྱི་དབྱིངས་སོགས་ནས། ཙཱ་ཡ་སྭཱ་ཧཱ་ཞེས་པའི་བར་དང༌། རྐང་བརྒྱད་ཀྱི་བསྟོད་པ་རྣམས་ནཱ་རོ་མཁའ་སྤྱོད་ལྟར་བྱ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱས་རྗེས་འདོད་དོན་ལ་གསོལ་བ་གདབ། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་གྱིས་བརླབས་ཏེ་དང་པོ་རྗེ་བཙུན་མ་ལ་དཀྱུས་ལྟར་དབུལ། གཉིས་པ་ནག་པོ་ཆེན་པོ་སོགས་ཆོས་སྐྱོང་འཇིག་རྟེན་ལས་འདས་པ་རྣམས་ལ་གཏོར་ཆོག་ལྟར་དབུལ་བའམ། མ་གྲུབ་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་སོགས་ཆོས་སྐྱོང་ཡེ་ཤེས་པའི་ཚོགས་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀ་རོ་སོགས་ལན་གསུམ་གྱིས་དབུལ། ཕྱི་ནང་གི་མཆོད་པས་མཆོད། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་སོགས་ཀྱིས་བསྟོད། ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་གསོལ། གསུམ་པ་ནས་བདུན་པའི་བར་གྱི་གཏོར་མ་ལྔ་མཁའ་འགྲོ་སྡེ་ལྔ་ལ་དབུལ་ཏེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་ཤྲཱི་ཧེ་རུ་ཀ་སོགས་ལས་སྔགས་ཀྱིས་ཐུགས་
རྒྱུད་བསྐུལ། ཨོཾ་བུདྡྷ་ཌཱ་ཀི་སོགས་གཏོར་མ་དབུལ། ཨོཾ་སརྦ་ཌཱ་ཀི་སོགས་ཀྱིས་བསྟབ་པ་བྱ། གཏོར་མ་གཅིག་ལས་མེད་ན་གཏོར་མ་སོ་སོར་འབུལ་བའི་སྔགས་རྣམས་སྦྲེལ། མཐར་ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་སོགས་དེ་ཉིད་ལྔ་པའམ། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ་སོགས་ཤློ་ཀ་གཅིག་གིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱི་འདོད་དོན་གསོལ། ཐ་མ་གཞི་བདག་ལ་འབུལ་བ་ནི། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དབུལ། ཨརྒྷཾ་སོགས་ཀྱི་མཆོད། གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་གསོལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་གཤེགས་སུ་གསོལ་ལ་ལྷག་མ་ཨ་ཀཱ་རོ་ལན་གསུམ་གྱིས་རིགས་དྲུག་སྤྱི་ལ་བསྔོ། སློབ་མ་གཞུག་པའི་ཆེད་དུ་གསོལ་བ་གདབ་པ་དཀྱུས་ལྟར་བྱ། གསུམ་པ་ནི། བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བྷྲཱུྂ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་ལ་དྭངས་ཤིང་ཐོགས་པ་མེད་པ་ལྷའི་གོས་ཀྱིས་མགུལ་པ་གཡོགས་ཤིང་དཔག་བསམ་གི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ་ཆོས་འབྱུང་གི་ནང་དུ་ནས། མི་བསྐྱོད་པས་དབུར་བརྒྱན་ཞེས་པའི་བར་མདུན་བསྐྱེད་ལྟར། ཕྱི་ནང་གིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱི་བསྟོད། བདག་གི་ཐུགས་ཀ་ནས་སོགས་བཟླས་པ་དང་འོད་ཞུ་བར་དཀྱུས་ལྟར་བྱའོ། །བཞི་པ་ལ་གཉིས། ཐོག་མར་བདག་ཉིད་འཇུག་པ་དང༌། སློབ་མ་རྗེས་སུ་གཟུང་བ་དངོས་སོ། །དང་པོ་ནི། སྤྲུ་ལུང་པའི་ཡིག་ཆར་མི་གསལ་ཡང༌། ངག་དབང་ཆོས་གྲགས་པས་སྤྲོ་ན་བྱ་གསུངས་པ་ལྟར་ཡིག་ཆ་གཞན་ལས་ཀྱང་འབྱུང་བས་སློབ་མ་ལ་ཇི་ཙམ་བསྐུར་བའི་བྱིན་རླབས་ཀྱི་ཆོས་རྣམས་བདག་འཇུག་གི་ཚུལ་དུ་བླང་ངོ༌། །གཉིས་པ་ནི། དབང་བཞི་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་
པར་ལྡན་པའི་སློབ་མ་ཉེར་ལྔ་མན་ཟུང་དུ་མ་གྱུར་པ་རྣམས་ཁྲུས་བྱ། ཕྱག་དང་འཇུག་པའི་ཡོན་ཕུལ་ཏེ་རང་རང་གི་གྲལ་དུ་འཁོད་པ་ལ་སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་ཀྱི་བཀའ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་རྣལ་འབྱོར་བླ་མེད་དང་རྗེས་སུ་འབྲེལ་པའི་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ཞིག་བཀའ་བབས་པའི་ནང་ནས་མཆོག་ཏུ་གྱུར་པ་ལྕགས་རིའི་ཁོངས་ལས་མི་འདའ་བའི་སྙན་བརྒྱུད་གསེར་ཆོས་བཅུ་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། མཆོག་བསྒྲུབས་པས་ཐུན་མོང་ཞར་ལས་འབྱུང་བ་དམར་མོ་སྐོར་གསུམ་དུ་གྲགས་པའི་ཡ་གྱལ། གྲུབ་ཆེན་མཻ་ཏྲི་གུཔྟས་རྒྱུད་རལ་པ་གྱེན་བརྫེས་ལ་བརྟེན་ནས་ལེགས་པར་བཀྲལ་བའི་སྒྲུབ་ཐབས་དང༌། པཎ་གྲུབ་ཛ་ཡ་སེ་ནས་མཛད་པའི་རྗེས་གནང་གི་ཡི་གེ་དང་བླ་མ་བརྒྱུད་པའི་ཕྱག་གཞེས་ལྟར་རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེན་མའི་བྱིན་རླབས་ཟབ་མོ་བསྒྲུབ་པ་ལ་སྔོན་འགྲོ་སློབ་དཔོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ནས། དངོས་གཞི་སློབ་མ་ལ་བྱ་བ་ལ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པ་དང༌། ཞུགས་ནས་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་རྣམ་པ་གཉིས་སུ་ཡོད་པ་ལས། ཐོག་མར་བྱིན་རླབས་ཀྱི་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་སློབ་དཔོན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་མཎྜལ་ལན་གསུམ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་བ་བྱང་ཆུབ་བསྒྲུབ་པའི་ཕྱིར། །ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མར། །ཐམས་
ཅད་རིག་པར་རང་གིས་བྱིན། །དེ་བཞིན་བདག་ལའང་མགོན་པོ་ཀྱེ། །ད་ལྟ་ཉིད་དུ་སྦྱིན་པར་རིགས། །ཞེས་པས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་མོས་པ་བྱས། དེ་དག་གི་སྤྱན་སྔར་རང་གཞན་གྱི་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་བརྗོད། ཅེས་རྒྱུད་དག་པར་བྱས་ནས། སྔོན་ཆད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་སླར་ཡང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་དམ་དུ་བཅིངས་པར་མོས་པ་མཛོད། ཨཱ་ཁྂ་ཝཱི་ར་ཧཱུྃ། ཞེས་གདོང་བཅིང༌། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཨུ་དུམྦ་ར་ལ་སོགས་པའི་མེ་ཏོག་གི་ཕྲེང་བ་རེ་བྱིན་པར་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་པས་མེ་ཏོག་གི་ཕྲེང་བ་གཏད་ལ། བར་ཆད་བསལ་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་མོ་ཁཎྜ་རོ་ཧིའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ཁྱེད་རང་རྣམས་ལ་བྱིན་རླབས་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་པ་མཛོད། སུམྦྷ་སོགས་བརྗོད་ཅིང་བུམ་ཆུ་གཏོར། སླར་ཡང་སློབ་དཔོན་གྱིས་བདུད་རྩི་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་དང༌། སྐུ་ལུས་ལ་གཏོར་ཏེ་ནང་རྩ་ཁམས་ཀྱི་བར་ཆད་ཐམས་ཅད་བསྲུང་བ་བྱས་པར་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དེ་ལྟར་བྱས་པས་ལུས་
ཐམས་ཅད་ཡེ་ཤེས་ཕྱི་བདུད་རྩིས་གང་ཞིང་ཟག་མེད་ཀྱི་བདེ་བས་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་བཅོ་ལྔའི་ཉ་གང་བ་ལྟ་བུ་སྐྱ་འཁྱིལ་བ་རེ་གསལ་བཏབ་ལ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་གྱེན་དུ་ལངས་པ་བྱུང་བར་མོས་ཏེ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་གི་ཙིཏྟ་ཨུཏྤཱ་ད་ཡཱ་མི། སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྙིང་གར་རྡོ་རྗེ་བཞག་པས་བརྟན་པར་བྱས་པར་མོས་པ་མཛོད། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁ། ཞེས་པས་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་ནས། གཞན་ཡང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་སྤྱོད་ཐམས་ཅད་སྣོད་དང་མི་ལྡན་པ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསང་བར་གདམས་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས། ནང་འཇུག་གི་སླད་དུ་རྗེ་བཙུན་མའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཛཿཧཱུྃ་བཾ་ཧོཿཞེས་གསུངས་ཤིང་དཀྱིལ་འཁོར་གྱི་དྲུང་དུ་ཁྲིད་ནས་ཤར་ཕྱོགས་སུ་འཁོད་པར་མོས་པས། སླར་ཡང་ཁྱད་པར་ཅན་གྱི་དོན་ལ་ནན་ཏན་དུ་གསོལ་བ་འདབ་པའི་ཡིད་ཀྱིས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་སློབ་དཔོན་དང་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྗེ་བཙུན་མ་ཐ་མི་དད་པ་ལ་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་བཞིའི་བར་དུ་གནང་བར་ཞུ་ཞེས་མཚམས་སྦྱར་ལ། གོ་སྐབས་ཡངས་ཤིང་བྱེད་པར་སྤྲོ་ན་དཀྱིལ་འཁོར་གྱི་ཕྱོགས་སོ་
སོ་དང༌། དེ་ཙམ་མ་གྲུབ་ན་ཡིད་ཀྱིས་དེ་ལྟར་བྱེད་པར་བསམ་ཞིང་དངོས་སུ་མཎྜལ་རེ་དང༌། ལྷ་མོ་ལུས་ངག་ཡིད་ཀྱིས་སུ། །ཡེ་ཤེས་རྒྱ་མཚོ་ཁྱོད་ཕྱག་འཚལ། །ཇི་ལྟར་སངས་རྒྱས་སྟོབས་ཆེན་གྱིས། །ཐམས་ཅད་ཡེ་ཤེས་བྱིན་བརླབས་པ། །དེ་བཞིན་བདག་རྒྱུད་དག་ལ་ཡང༌། །ཡེ་ཤེས་རྒྱུན་གྱིས་མཛད་དུ་གསོལ། །ཞེས་སྤེལ་ལ་ལན་བཞི་བྱའོ།«་་་་་འདི་སྤྲུ་ལུང་བའི་ཡིག་ཆར་གོང་དུ་འབྱུང་བར་སྐབས་འདིར་བྱས་ན་སྤྱི་དང་མཐུན་པས་ལེགས།» །དེ་ལྟར་གསོལ་བ་བཏབ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གའི་དབུས་སུ་བྂ་ཡིག་དམར་པོ་མར་མེ་ལྟར་འབར་བ་ཞིག་གསལ་བཏབ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་བྃ་ཡིག་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས་དེ་ལས་འོད་ཟེར་འཕྲོས། རང་རང་གི་ལུས་དང་ཁམས་གསུམ་ཐམས་ཅད་གང་བས་ཁམས་གསུམ་ཐམས་ཅད་འོད་དུ་ཞུ། མེ་ལོང་ལ་ཧས་བཏབ་པ་ལྟར་རིམ་གྱིས་བསྡུས་ཏེ་རང་རང་གི་ལུས་ལ་ཐིམ། ལུས་ཀྱི་རྐང་པ་གཉིས་བརླ་ལ། དེ་ལྟོ་བ་ལ། དེ་སྐེད་པ་ལ། དེ་སྙིང་ག་ལ། ལག་པ་གཉིས་དཔུང་པ་ལ། དེ་སྙིང་ག་ལ། དེ་མགྲིན་པ་ལ། དེ་མགོ་བོ་ལ། དེ་སེམས་ལ། དེ་ནམ་མཁའ་ལ། དེའང་རང་བཞིན་གྱིས་འོད་གསལ་བར་གྱུར་པར་མོས་པ་མཛོད། དེའི་ངང་ལས་ཆོས་འབྱུང་གི་ནང་དུ་པདྨ་དང་ཉི་མ་ལ་གནས་པའི་བྂ་ཡིག་དམར་པོ་ལས་ཁྱེད་རང་རྣམས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་པར་གྱུར་པ་ནི། ཞལ་གཅིག་ཕྱག་གཉིས་མ་ཛ་བའི་མེ་ཏོག་ལྟར་དམར་བའི་མདངས་ཅན་ཞལ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་བཅས་པས་སྟེང་དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གྱེན་དུ་གཟིགས་པ། དབུ་སྐྲ་ནག་པོ་སིལ་བུ་ཐུར་དུ་འཕྱང་བ། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་དང་བཅས་པས་ཞབས་གཡོན་གྱི་སྒྱིད་ཁུང་ནས་འཁྱུད་ཅིང་སྟེང་དུ་བཏེག་ནས་ཐོད་པའི་བདུད་རྩི་ཞལ་དུ་གསོལ་བའི་ཚུལ་དུ་འཛིན་པ། གཡས་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པས་ཞབས་གཡས་པུས་མོ་བཙུགས་པའི་རྟིང་པ་ལ་བསྣུན་པ། མནྡ་ར་དང༌། མྱ་
ངན་མེད་པ་དང༌། ཡོངས་འདུའི་མེ་ཏོག་གི་ཕྲེང་བ་གཡོན་ན་འཛིན་ཅིང་རྒྱན་གཞན་ཐམས་ཅད་སྤངས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ་ཟླ་བའི་གདན་ལ་ལྟེ་བར་ཨོཾ་བྂ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྂ་ཡྂ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། མཚོགས་མར་ཧྲིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧུཾ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀ དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། མིག་སོགས་བུ་ག་ཐམས་ཅད་ལ་ཧཱུྃ་ཡིག་རེ་རེས་མཚན་པ། མཁའ་འགྲོ་དུ་མ་སྤྲོ་ཞིང་སྡུད་པའི་སྐུར་གྱུར་པར་མོས་པ་དང་བཅས་ཏེ་སེམས་འཛིན་པར་ཞུ། ཡང་ཁྱེད་རང་རྣམས་ལྷ་མོར་གསལ་བ་བྂ་ཡིག་ཆེན་པོ་གཅིག་ཏུ་གྱུར། དེ་ཇེ་ཆེ་ཇེ་ཆེ་ལ་མཐར་ནམ་མཁའ་དང་འདྲེས་པའི་སྟོང་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པར་ཞུ། སླར་ཡང་ཁྱེད་རང་རྣམས་ལྷ་མོའི་སྐུར་ལམ་སྟེ་གསལ་བའི་ལྟེ་བར་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ་བྂ་ཡིག་ལ་ཨོཾ་གསུམ་མའི་སྔགས་ཀྱི་ཕྲེང་བས་བསྐོར་བ་གྲྭ་བཞིར་དགའ་བ་འཁྱིལ་པ་དང་བཅས་གསལ་བཏབ་ནས་གཡོན་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་བཟུང་བས་དྲོད་ཀྱི་ཡེ་ཤེས་སྐྱེས། འཁོར་ལོ་དེ་ཉིད་གསང་གནས་སུ་འཁོར་བ་དང༌། དགའ་བ་འཁྱིལ་པ་གཡོན་དུ་འཁོར་བ་ལ་སེམས་བཟུང་བས་བདེ་བའི་ཡེ་ཤེས་སྐྱེས། མཛོད་སྤུར་དགའ་བ་འཁྱིལ་པ་གཡོན་སྐོར་དུ་འཁོར་བ་ལ་སེམས་བཟུང་བས་མི་རྟོག་པའི་ཡེ་ཤེས་སྐྱེས་ཤིང་ལུས་ཐམས་ཅད་དྲོད་དང་བདེ་བས་གང༌། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ་ལུས་ལ་སིབ་སིབ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱུད་ལ་ཞུགས་པར་མོས་པ་མཛོད་ཅེས་བརྡ་སྦྱར་ལ། གུ་གུལ་གྱིས་བདུག ཌཱ་མ་རུས་ཐོག་དྲངས་པའི་རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་ཨོཾ་གསུམ་མའི་སྔགས་བརྗོད་པས་དབབ། དེ་ལྟར་ཡེ་ཤེས་ཕབ་པས་ལུས་བདེ་ཞིང་གར་བྱེད་པ་དང༌། ངག་སཾ་སྐྲྀ་ཏའི་སྐད་སྨྲ་བ་དང༌། ཡིད་ལ་
བདེ་བསལ་མི་རྟོག་པའི་ཉམས་ཅི་རིགས་པ་འབྱུང་བ་ཡིན་ལ། དེ་བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱས་པར་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྗོད། དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་འདོར་བ་ནི། འདི་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། རིམ་པ་ལྟར་བྱོན་ནས་གཡོན་པའི་ཕྱག་གིས་མེ་ཏོག་དེ་རྗེ་བཙུན་མའི་དབུ་ལ་ཕུལ་བར་མོས་ཏེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུང་ཞིང་མེ་ཏོག་འདོར་བར་ཞུ། དེ་ཉིད་སློབ་དཔོན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ་སྔགས་ཀྱི་ཕྲེང་བས་བྱིན་གྱིས་བརླབས་པར་མོས་པ་མཛོད། ཨོཾ་པྲ་ཏི་གྲྀཧྣ་སྟྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཨོཾ། ཞེས་པས་བྱིན་གྱིས་བརླབས་ནས། སློབ་དཔོན་གྱིས་ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཊ་ལཾ་ཧྲཱིཿབྲྂ། ཞེས་པས་ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཏོག་དང་མིག་རས་ལྷན་ཅིག་ཏུ་བསལ་ཏེ། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ནི། འདི་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། ཆོས་འབྱུང་ལ་གནས་པའི་པད་ཉིའི་སྟེང་དུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མ་ཞལ་གཅིག་ཕྱག་གཉིས་མ་ཛ་བའི་མེ་ཏོག་ལྟར་དམར་བའི་མདངས་ཅན། ཞལ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་བཅས་པས་སྟེང་དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གྱེན་དུ་གཟིགས་པ། དབུ་སྐྲ་ནག་པོ་སིལ་བུ་ཐུར་དུ་འཕྱང་བ། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་དང་བཅས་པས་ཞབས་གཡོན་གྱི་སྒྱིད་ཁུང་ནས་འཁྱུད་ཅིང་སྟེང་དུ་བཏེག་ནས་ཐོད་པའི་བདུད་རྩི་ཞལ་དུ་གསོལ་བའི་ཚུལ་དུ་འཛིན་པ། གཡས་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པས་ཞབས་གཡས་པུས་མོ་བཙུགས་པའི་རྟིང་པ་ལ་བསྣུན་པ། མནྡ་ར་དང༌། མྱ་ངན་མེད་པ་དང༌། ཡོངས་འདུའི་མེ་ཏོག་གི་ཕྲེང་པ་གཡོན་ན་འཛིན་ཅིང་རྒྱན་གཞན་ཐམས་ཅད་སྤངས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་སྟེ། མདོར་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་མའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་གཟིགས་པའི་མོས་པ་མཛོད། དེས་དཀྱིལ་འཁོར་དུ་
འཇུག་པའི་ཆོས་རྣམས་གྲུབ་ནས། ཞུགས་པའི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་པས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་ཁྱེད་རང་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ང་རྒྱལ་གྱིས་འཁོད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང༌། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། ཁོར་ཡུག་ཏུ་མཆོད་པའི་སྤྲིན་ཚོགས་དང་བཅས་པ་ལ། རྗེ་བཙུན་མའི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་རྣམས་ཀྱིས་བགེགས་སྐྲོད་པ་དང༌། མཆོད་པ་དང་བཀྲ་ཤིས་ཀྱི་གླུ་དང་བཅས་པ་བརྗོད་ཅིང་གཙོ་མོའི་ཕྱག་ན་བུམ་པ་དཀར་པོ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་དབང་བསྐུར་བར་མོས་པ་མཛོད། ལས་ཀྱི་རྡོ་རྗེས་བུམ་པ་སློབ་མའི་ཕྱོགས་སུ་བཏེག སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་འཛིན་ཅིང་མེ་ཏོག་འཐོར་བ་དང་བཅས་ཏེ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེ་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་འབར་བའི་སྐུ་མངའ་བ། །ཧ་ཧའི་གད་རྒྱངས་ས་གསུམ་གཡོ་བར་བྱེད། །ཧཱུྃ་ཧཱུྃ་ཕཊ་ཕཊ་བདུད་ཀྱི་གླད་འགེམས་པའི། །བདེ་མཆོག་འཁོར་ལོའི་བཀྲ་ཤིས་དེང་འདིར་སྩོལ། །ཨེ་ཝྂ་མཉམ་པར་སྦྱོར་བ་སྔགས་ཀྱི་སྐུ། །ཨཱ་ལི་ཀཱ་ལི་གཉིས་མེད་རོལ་པའི་གསུང༌། །ཨོཾ་གྱི་ངོ་བོར་སོན་པའི་ཐུགས་མངའ་བ། །རྡོ་རྗེ་ཕག་མོའི་བཀྲ་ཤིས་དེང་འདིར་སྩོལ། །ཞེས་བརྗོད་པའི་མཐར་བུམ་པ་སྤྱི་བོར་བཞག་ཅིང༌། ཇི་
ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཙཀྲ་ཝཱི་ར་སྟྭཾ་ཨ་བྷི་ཥིཉྩ་མི། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་གང༌། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་སོགས་སངས་རྒྱས་རིགས་ལྔས་དབུར་བརྒྱན། རྗེ་བཙུན་མའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མེ་ཏོག་མ་ལ་སོགས་པ་རྣམས་ཀྱི་ཀྱང་མཆོད་པར་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ནཻ་ཝི་དྱའི་བར་སྦྱར་བས་མཆོད། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་འཁོད་པའམ། འཁོར་བར་མོས་ཏེ་སྔགས་ཀྱི་བཟླས་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་རྗེ་བཙུན་མ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་བྱས་པས་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་བྱེ་རུ་སྟར་ལ་བརྒྱུས་པ་ལྟར་བསམ་གྱིས་མི་ཁྱབ་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང༌། བྱིན་རླབས་ཐམས་ཅད་སྔགས་ཕྲེང་གི་རྣམ་པར་སྤྱན་དྲངས་ཏེ། ཞལ་ནས་ཐོན་པའི་སྔགས་ཕྲེང་དང་དབྱེར་མེད་དུ་གྱུར་པ་དེ་ཉིད་ཁྱེད་རང་རྣམས་རྗེ་བཙུན་མའི་སྐུ་ཅན་དུ་གྱུར་པའི་ཞལ་དུ་ཞུགས། ཐུགས་ཀའི་བྂ་ཡིག་གི་མཐར་གཡོན་སྐོར་དུ་དམར་འཁྱིལ་གྱིས་འཁོད་པར་མོས་པ་བྱས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་བརྗོད་པ་ཨོཾ་གསུམ་མའི་རྗེས་ཟློས་བྱེད་དུ་གཞུག དེ་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་ལག་པ་གཡོན་པ་རྡོ་རྗེ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་སྔགས་བརྗོད་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད་ལ་ཐལ་མོ་
སྤྱི་བོར་བཞག་ཅིང་སྔགས་བརྗོད། སྤྱོད་པའི་རྗེས་གནང་གི་སླད་དུ། ཁྱེད་རང་རྣམས་རྗེ་བཙུན་མའི་སྐུའི་རྣམ་འགྱུར་དུ་བྱས་པའི་ཕྱག་གཡོན་དུ་བདུད་རྩི་དང༌། གཡས་སུ་རྡོ་རྗེ་བཟུང་ནས་དམིགས་པ་འདི་བཞིན་དུ་མཛོད། སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྤྱོད་ཡུལ་གྱི་གནས་སུ་འཇུག་པར་འདོད་པས་མཁའ་འགྲོ་སྤྲོ་བསྡུ་དང་བཅས་ནམ་མཁའ་ལ་འཕུར་ཞིང༌། མ་ན་བྷཾ་ག་དང༌། དཔལ་གྱི་རིའི་རྩེ་མོར་རིམ་གྱིས་ཕྱིན་ཏེ། མནྡ་ར་དང༌། མྱ་ངན་མེད་པ་དང༌། ཡོངས་འདུ་རྣམས་སྐྱེས་པའི་ལྡུམ་གྱི་རྭ་བ་རྩེ་མོ་བརྒྱད་དང་ལྡན་པའི་རིན་པོ་ཆེའི་ཁང་པར་ཞུགས་པར་བསམས་ལ། ཞབས་གཡོན་བརྐྱངས་པའི་མཐིལ་རི་ལ་བརྡབས་པས་བརྟན་གཡོ་ཐམས་ཅད་བསྐྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བདེ་བས་གང་ཞིང་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པ་རྣམས་རླུང་འཇུག་པ་དང་བསྟུན་ནས་གཡོན་གྱི་ཐོད་པར་བསྡུས་ཤིང་སྣ་བུག་གཡོན་ནས་བཏུངས་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་མོས་པ་མཛོད། ཅེས་སྒོམ་དུ་གཞུག་ཅིང་བདུད་རྩི་སྦྱིན། དེ་དག་ནི་སྔགས་དང་སྤྱོད་པའི་རྗེས་སུ་གནང་བ་སྟེ། དེ་ལྟར་ན་ཁྱེད་རྣམས་ཀྱིས་བུམ་པའི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ་པ་ཡིན་ནོ། །གསང་དབང་གི་སླད་དུ། ཐབས་བདེ་བ་ཆེན་པོ་མཚོན་པར་བྱེད་པ་ཤ་ཆེན་ནམ་ཤ་ཕལ་པ་མར་ལ་གཙོས་པ་ཕྱག་གཡས་དང༌། ཤེས་རབ་སྟོང་པ་ཉིད་མཚོན་པར་བྱེད་པ་སིནྡྷཱུ་རའི་དཀྱིལ་འཁོར་གྱི་འོག་གི་ཐོད་པའི་བདུད་རྩི་ཕྱག་གཡོན་དུ་བྱིན་ཏེ་དབང་སྐུར་བར་མོས་པ་མཛོད། ཅེས་བརྗོད་ལ་ཨོཾ་གསུམ་མའི་སྔགས་བརྗོད་བཞིན་དུ་བྱིན། དེས་ཁྱེད་རྣམས་ཀྱིས་གསང་བའི་དབང་བསྐུར་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སིནྡྷཱུ་རའི་མཎྜལ་གྱི་ལྷ་མོའི་གནས་གསུམ་ནས་བླངས་པའི་རྡུལ་ཚོན་གྱིས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིག་ལེ་བཀོད་པ་ལ་བརྟེན་ནས། རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྩལ་ཞིང་ལུས་སེམས་ལ་བདེ་བས་ཁྱབ་ཅིང་རྒྱས་པར་མོས་
པ་མཛོད། རྩ་སྔགས་བརྗོད་བཞིན་དུ་ཐིག་ལེ་བྱ། དེས་ཁྱེད་རྣམས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ་པ་ཡིན་ནོ། །དབང་བཞི་པའི་སླད་དུ། ཆོས་ཐམས་ཅད་སྐྱེ་འགག་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཤེས་པར་བྱས་ཏེ་དེའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེས་ཁྱེད་རྣམས་ཀྱིས་དབང་བཞི་པ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ་པ་ཡིན་ནོ། །བར་འདིར་སྒྲུབ་ཐབས་ཀྱི་ལུང་བཀླག་ཅིང༌། རྗེས་དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ་རྣམས་སྤྱི་ལྟར་བྱ། དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཻ་ཏྲི་མཁའ་སྤྱོད་དུ་གྲགས་པའི་བྱིན་རླབས་ཀྱི་བཀའ་ཟབ་མོ་ལེགས་པར་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང༌། ཚོགས་ཀྱི་མཆོད་པ་ཡོད་ན་སྤྱི་ལྟར་བྱ་ཞིང་དགའ་སྟོན་ལ་ལོངས་སྤྱོད། གསུམ་པ་ནི། མཆོད་པ་རྣམས་ཞལ་གསོས་ལ་བསང་སྦྱང་བྱིན་གྱིས་བརླབ། ཕྱི་ནང་གི་མཆོད་པ་དང༌། བསྟོད་པས་བསྟོད། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སོགས་ནས། བཛྲ་མུཿས་སིནྡྷཱུ་རའི་ཡེ་ཤེས་པ་དང༌། བུམ་ནང་གི་ཡེ་ཤེས་པ་དང༌། གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། མདུན་བསྐྱེད་ཀྱི་དམ་ཚིག་པ་སིནྡྷཱུ་རའི་རང་བཞིན་དུ་གྱུར་པར་བསམ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ལྟེ་བར་ཨོཾ་བྂ་སོགས་གོ་ཆ་དགོད། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་སོགས་བསྔོ་སྨོན་དང་བཀྲ་ཤིས་ཇི་ལྟར་རིགས་པར་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཞི་པ་ནི། བྱིན་རླབས་ཀྱི་སྐབས་ཡིག་རྙིང་དང༌། སྒྲུབ་ཐབས་རིན་འབྱུང་སོགས་ལས་གོང་དུ་བཀོད་པ་དང་ཅུང་ཟད་མི་མཐུན་པའི་ཁྱད་པར། བུམ་དབང་གི་སྐབས་སུ་བྱུར་བསལ་བ་སྔོན་དུ་འགྲོ་བས་སློབ་མ་ལྷ་མོར་བསྐྱེད་ཅིང་གོ་
ཆ་སོགས་དགོད་པར་ཆུ་དབང་བསྐུར། གསང་དབང་འདྲ། བྱིན་རླབས་ཀྱི་དངོས་གཞི་སློབ་མ་ལྷར་གསལ་བ་དང༌། རྩ་སྔགས་ཀྱི་བྱིན་གྱིས་བརླབ་པ་དང༌། བདུད་རྩིས་འཐོར་འཐུང་བྱ་བ་སྔོན་དུ་འགྲོ་བས། གོང་བུ་བསྡུ་བ། རྗེས་གཞིག དྲོད་དང༌། མི་རྟོག་པ་དང༌། བདེ་བའི་ཡེ་ཤེས་དབབ་པ་རྣམས་ཀྱི་མཐར་བརྟན་པར་བྱེད་པ་རྣམས་དབང་གོང་མ་གཉིས་ཀྱི་དོད་ཐུབ་དང༌། སྤྱོད་པའི་རྗེས་གནང་སྦྱིན་པར་མཛད་དེ། རྒྱ་གཞུང་གི་དགོངས་པར་གསུངས་པ་དོན་ལ་གནས་མོད། འདིར་བཀོད་པའང་སྤྲུ་ལུང་བའི་ཡིག་ཆ་ལས། བླ་མ་བརྒྱུད་པའི་ཕྱག་ལེན་གྱིས་གོང་འོག་འབྲེལ་བསྡེབས་ཏེ་དོན་གྱི་གནད་ཚང་བར་མཛད་པ་ལྟར་ལ་རྒྱ་གཞུང་སོགས་ཀྱི་དགོངས་པ་མེད་དུ་མི་རུང་བས་ཅུང་ཟད་བརྒྱན་ཏེ་བཀོད་པ་ཡིན་པས་འགལ་བར་མི་བསམ་ཞིང༌། ཁྱད་པར་རང་ལུགས་ལ་དེང་སང་གི་བར་དུ་བླ་མ་རྣམས་ཀྱི་ཕྱག་གཞེས་ཀྱང་འདི་ལྟར་མཛད་པ་ཡིན་ནོ། །ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་ནི་སྤྲུ་ལུང་པའི་ཡི་གེའི་སྙིང་པོའི་བཅུད་ཕྱུངས་པ་ལྟ་བུར་སྣང་ནའང་ཅུང་ཟད་བསྡུས་ཆེས་བར་སྣང་ངོ༌། །གོང་བུ་བསྡུ་བའི་སྐབས་ཇི་སྐད་དུ། རང་ལུས་སུམ་ཅུ་རྩ་དྲུག་ཁམས་ཀྱི་ཚོགས། །མིག་སྣ་རྣ་ལྕེ་ལུས་ཏེ་དབང་པོ་ལྔ། །ངག་དང་རྐང་ལག་བཤང་གཅི་ལས་དབང་ལྔ། །རང་བཞིན་དག་ཀྱང་དེ་ལྟར་མ་རྟོགས་པའི། །མ་ལུས་འགྲོ་དྲུག་སེམས་ཅན་ཚོགས། །ལས་དང་ཉོན་མོངས་སྡུག་བསྔལ་གྱི། །འཁོར་ལོ་བསྐོར་བ་འདི་དག་ནི། །ངེས་པར་བྱང་ཆུབ་ལ་གཞུག་བྱ། །ཞེས་གསུངས་ཏེ། དེ་ལྟ་བུའི་ཚུལ་ལ་དམིགས་པ་མེད་པའི་སྙིང་རྗེ་སྒྱུ་མ་ལྟ་བུས་སྣོད་བཅུད་འོད་གསལ་དུ་བསྡུ་བ་ལ་འཇུག་པ་ཡིན་ནོ། །རྗེས་སུ་གཞིག་པ་ནི་ཡེ་ཤེས་དབབ་པའི་སྐབས་སུ་བཤད་པ་ལྟར་དང་ལུས་བྂ་ཡིག་ཏུ་གསལ་བ་སྟོང་པར་གཞུག་པ་དེ་ཡིན་ལ། གང་ལྟར་ཡང་སྟོང་ཉིད་ཀྱི་ངང་ལས་རང་རྡོ་རྗེ་རྣལ་འབྱོར་མར་བསྒོམ་པ་མན་ཆད་འདྲའོ། །འདིའི་བསྙེན་སྒྲུབ་ལས་གསུམ་ལ་བརྟེན་ནས་མཁའ་སྤྱོད་ཀྱི་དངོས་གྲུབ་བསྒྲུབ་པའི་ཚུལ་ལ། བསྙེན་པ་ནི་སྤྲུ་ལུང་པའི་ཡིག་ཆའི་
དཀྱུས་སུ་གསལ། སིནྡྷཱུ་ར་སྒྲུབ་པ་དང༌། གྲུབ་ནས་ལས་ལ་སྦྱར་ཏེ་སྤྱོད་པ་བྱ་བའི་ཚུལ་ནི་དཀྱུས་སུ་མདོ་ཙམ་གསུངས་པ་ལྟར། རྒྱས་པར་ནཱ་རོ་མཁའ་སྤྱོད་མའི་མན་ངག་དང་མཐུན་པས་དེའི་ཁྲིད་ཡིག་རྣམས་ལས་གསུངས་པ་ལྟར་ཤེས་པར་བྱའོ། །རིག་པ་འཛིན་མའི་བྱིན་རླབས་ཚུལ། །ཤིན་ཏུ་གསལ་བར་བརྗོད་པའི་དགེས། །མཁའ་སྤྱོད་གྲུབ་པའི་ཚོགས་རྣམས་ཀྱིས། །ས་གསུམ་འཇིག་རྟེན་རྒྱན་གྱུར་ཅིག །ཅེས་པའང་འཇམ་མགོན་ས་སྐྱ་པ་ཆེན་པོ་སོགས་ཀྱི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ཐོབ་པ་བྱ་བྲལ་བ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་མངྒ་ལཾ་བྷཱུ་ཡཱ་ཏྲ།། ༈ །མཻ་ཏྲི་མཁའ་སྤྱོད་མའི་བྱིན་རླབས་ཀྱི་བརྒྱུད་པའི་གསོལ་འདེབས་མཁའ་སྤྱོད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །སྤྱན་རས་གཟིགས་དབང་བློ་གྲོས་རིན་ཆེན་ཞབས། །རི་ཁྲོད་དབང་ཕྱུག་གྲུབ་ཆེན་མཻ་ཏྲི་པ། །བཛྲ་པཱ་ཎི་རྣམས་ལ་གསོལ་བ་འདེབས། །པདྨ་རྡོ་རྗེ་ཛ་ཡ་སེ་ན་དང༌། །སུམ་པ་ལོ་ཙཱ་རྗེ་བཙུན་གྲགས་པའི་ཞབས། །ས་པཎ་འཕགས་པ་ཞང་སྟོན་བྲག་ཕུག་པ། །བློ་གྲོས་བརྟན་པ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་ཚུལ་ཁྲིམས་ངོར་ཆེན་རྡོ་རྗེ་འཆང༌། །སེམས་དཔའ་ཆེན་པོ་ཤེས་རབ་བཟང་པོ་དང༌། །མཁྱེན་རབ་ཆོས་རྗེ་ཤཱཀྱ་དོན་གྲུབ་ཞབས། །ཀུན་དགའ་ལེགས་གྲུབ་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་ཆོས་གྲགས་མཆོག་ལེགས་རྡོ་རྗེ་དང༌། །བསྟན་འཛིན་བཟང་པོ་མཁྱེན་རབ་བྱམས་པའི་དཔལ། །ཀུན་དགའ་ལྷུན་གྲུབ་ལེགས་པའི་འབྱུང་གནས་དང༌། །ཀུན་དགའ་བློ་གྲོས་རྣམས་ལ་གསོལ་བ་འདེབས། །བསྟན་པའི་ཉི་མ་ཀུན་དགའ་རྒྱལ་མཚན་ཞབས། །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་དང༌། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བྱིན་རླབས་བདུད་རྩིས་ཡེ་ཤེས་སྐྱེ་བ་དང༌། །རིམ་གཉིས་
སྤྱོད་པར་བཅས་པའི་བསྙེན་སྒྲུབ་ཀྱིས། །མཁའ་སྤྱོད་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ །ཚར་ལུགས་ཀྱི་བརྒྱུད་པ་ལྟར་ན་རྗེ་བཙུན་གོང་མ་མན་རྨོར་ཆེན་གྱིས་མཛད་པའི་ཨིནྡྲ་མཁའ་སྤྱོད་ཀྱི་བརྒྱུད་པ་དང་འདྲའོ།། །།མངྒ་ལཾ།། །།
དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར་རྣམས།
དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ན་མོ་བཛྲ་ཝ་རཱ་ཧྱེ། ལུས་གཞལ་ཡས་ཁང་དུ་བསྒོམས་པའི་ལྟེ་བར་པདྨ་ཉི་མ་རོའི་གདན་ལ་ཞལ་གཉིས་མ་དམར་མོ་གཡས་ཕག་ཞལ། གཡོན་ལྷའི་ཞལ། གཡས་གྲི་གུག གཡོན་ཐོད་པ། གཡོན་བརྐྱང་གཡས་བསྐུམ་དུ་བསམས་ལ་ཨོཾ་གསུམ་མ་བཟླའོ། །དོན་གྲུབ་མ་དམར་མོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། ཁྲོ་མོ་ཐུང་ལ་སྦོམ་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་བསྒོམས་ལ། ཨོཾ་བཛྲ་ཝ་རཱ་ཧཱི་ཨཱ་ཝེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱ། ཞེས་བཟླའོ། །དབུ་བཅད་མ་སེར་བའི་མདངས་ཅན། གཡས་ཀྱི་གྲི་གུག་གིས་རང་གི་དབུ་བཅད་ནས་གཡོན་པས་སྟེང་ཕྱོགས་སུ་འཛིན་པ། གཡས་གྲི་གུག་འོག་ཕྱོགས་སུ་བརྐྱང་བ། གཡོན་དུ་རབ་བསྔགས་མ་ལྗང་གུ་གཡོན་བརྐྱང་བ། གཡས་སུ་རྡོ་རྗེ་རྣམ་པར་སྣང་མཛད་གཡས་བརྐྱང་བ། གཉིས་ཀའང་གྲི་གུག་དང་ཐོད་པ་འཛིན་པར་བསམས་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞཱ་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ཅེས་བཟླའོ། །བྱིན་རླབས་ལ་གསོལ་བ་གདབ་པ་ནས་ཡེ་ཤེས་དབབ་པའི་བར་གཅིག་ཏུ་
བྱས་ནས་དབང་བཞི་སོ་སོར་བསྐུར། རྗེས་གནང་རྣམས་དུས་གཅིག་ཏུ་མཛད་ནས་གནང་ངོ༌། །ཞེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལས་བྱུང་བའོ།། ༈ །དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་རྒྱན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྩ་བྷེ་ད་སྱ་བཛྲ་ཝ་རཱ་ཧྱཻ། གང་གི་ཞབས་སེན་ཉིན་མོར་བྱེད་པའི་འོད། །ལན་ཅིག་སྙིང་གི་ཆུ་མཚོར་ཤར་ཙམ་གྱིས། །གྲུབ་གཉིས་ཨུཏྤལ་སྙེ་མ་རྒྱས་མཛད་པའི། །བླ་མ་རྡོ་རྗེ་བཙུན་མོར་གུས་བཏུད་ནས། །འཇིག་རྟེན་མིག་གཅིག་དཔྱལ་བ་ལོ་ཙཱ་བའི། །ལུགས་སྲོལ་ཕག་མོ་སྐོར་གསུམ་ཞེས་གྲགས་པའི། །སྒྲུབ་ཐབས་བྱིན་རླབས་རིག་པ་འཛིན་པའི་ཚོགས། །ཀུན་ཏུ་དགའ་བའི་རྒྱན་འདི་སྦྱིན་གྱིས་ལོངས། །དེ་ལ་འདིར་བླ་མ་དཔྱལ་པ་རྣམས་ལས་བརྒྱུད་དེ་འོངས་པའི་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་བྱིན་རླབས་ལྷན་ཅིག་ཏུ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་ཁྱད་པར་དུ་འདི་ཉིད་ཀྱི་བྱིན་རླབས་ལེགས་པར་ཐོབ་པ། དམ་ཚིག་དང་སྡོམ་
པ་ལ་གནས་ཤིང་གཞིའི་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། གནས་དབེན་པར་ཡར་མར་གྱི་ཚེས་བཅུ་གང་ཡང་རུང་བའི་སྟེགས་བུ་ཇི་ལྟར་རིགས་པའི་དབུས་སུ་ཕག་མོ་ཞལ་གཉིས་མའི་སྐུ་ཚོམ་བུའི་དཀྱིལ་འཁོར་མཎྜལ་གྱི་ཁར་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་དམར་པོའི་ལྟེ་བར་ཆོས་འབྱུང་གྲུ་གསུམ་དམར་པོ་རྩེ་མོ་མདུན་བསྟན། དེའི་སྟེང་དུ་མཉྫིའི་ཁར་གསུང་བདུད་རྩིའི་དཀྱིལ་འཁོར་ཐོད་པ་ཆང་གིས་གང་བ་ལ་བདུད་རྩི་རིལ་བུ་བཏབ་པ། དེའི་སྟེང་དུ་ཐུགས་སིནྡྷཱུ་རའི་དཀྱིལ་འཁོར་མེ་ལོང་ལ་སིནྡྷཱུ་ར་བཀྲམ་པར་ཆོས་འབྱུང་གྲུ་གསུམ། དེའི་ནང་གི་ཕྱོགས་བཞིར་དགའ་འཁྱིལ་རེ་རེ། དབུས་སུ་བྃ་ཡིག་གི་མཐར་ཨོཾ་གསུམ་མའི་སྔགས་ཕྲེང་མདུན་ནས་གཡོན་སྐོར་དང༌། གཡས་སུ་དབུ་བཅད་མའི་སྐུ་དཀྱིལ་ཆོས་འབྱུང་དམར་སེར་གྲུ་གསུམ་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་ཟླ་ཉིའི་སྟེང་དུ་གྲི་གུག་གིས་མཚན་པ། དེ་སྟེང་གསུང་དཀྱིལ་ཐོད་པ་བདུད་རྩིས་གང་བ། དེ་སྟེང་ཐུགས་དཀྱིལ་མེ་ལོང་ལ་སིནྡྷུ་ར་བཀྲམ་པར་ཆོས་འབྱུང་གྲུ་གསུམ། དེའི་ནང་གི་ཕྱོགས་བཞིར་དགའ་འཁྱིལ་རེ་རེ། དབུས་སུ་ལྷའི་བཞུགས་ཚུལ་ལྟར་སོ་སོའི་སྔགས་གསུམ་བསྒྲིགས། གཡོན་དུ་དོན་གྲུབ་མའི་སྐུ་ཚོམ་བུའི་དཀྱིལ་འཁོར་ཆོས་འབྱུང་དམར་པོའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མ་དང་རོའི་སྟེང་དུ་ཧྲཱིཿཡིག་གམ་ལྕགས་ཀྱུས་མཚན་པ། དེ་སྟེང་གསུང་དཀྱིལ་ཐོད་པ་བདུད་རྩིས་གང་བ། དེ་སྟེང་ཐུགས་དཀྱིལ་མེ་ལོང་ལ་སིནྡྷུ་ར་བཀྲམ་པར་ཆོས་འབྱུང་གྲུ་གསུམ། ནང་གི་ཕྱོགས་བཞིར་རྡོ་རྗེ་རྒྱ་གྲམ་བཞི། དབུས་སུ་འདི་ཉིད་ཀྱི་རྩ་སྔགས་རྣམས་བྲིས་ལ་དགོད། སོ་སོའི་མདུན་དུ་གཏོར་མ་ཟླུམ་པོ་རེ་རེ། ཐུན་མོང་དུ་མཁའ་འགྲོ་སྤྱི་གཏོར། ཤར་ལྷོར་མཚམས་འཛིན་མེ་ཏོག་གིས་ཐོག་དྲངས་ཏེ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡོན་སྐོར། རང་གི་མདུན་དུ་བུམ་པ་དྲི་བཟང་གི་ཆུས་གང་བ་དུང་ཆོས་རྡོར་གཟུངས་དང་བཅས་པ། ཌཱ་མ་རུ། ནང་མཆོད། རྡོ་རྗེ་དྲིལ་བུ། འཐོར་ནས། སློབ་མ་ལ་དགོས་པའི་མེ་ཏོག མིག་དར་དཔུང་སྐུད་སོགས་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལ་
གཉིས་ལས། དང་པོ་སློབ་དཔོན་གྱི་བྱ་བའི་རིམ་པ་ནི། སྟན་བདེ་བ་ལ་ནུབ་ཀྱི་ཕྱོགས་སམ་ལྷོ་ཕྱོགས་སུ་ཁ་བལྟས་ནས་འདུག་སྟེ། སྔོན་འགྲོ་གཏོར་མ་ལ་རྡོ་རྗེའི་རྩེས་ནང་མཆོད་འཐོར་ཞིང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བསང༌། སྭ་བྷཱ་ཝས་སྦྱངས། ལག་པ་གཡས་གཡོན་གཉིས་ཀ་བསྟན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བརླབ། འབར་བའི་ཕྱག་རྒྱ་བསྐོར་ཞིང༌། ཕཻཾ་ཨོཾ་བཛྲ་ཨ་རལླི་ཧོཿཛཿཧཱུྃ་བཾ་ཧོ། བཛྲ་ཌཱ་ཀི་ནྱེ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་པས་གཏོར་མགྲོན་སྤྱན་དྲངས། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙི། ཨུནྨ་ད། ཨ་པསྨཱ་ར། ཌཱ་ཀ ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞཱནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻ་ཥྚཾ། བྷཉྫ་ཐ། ཛི་གྷ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡཱ། སཏྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀཱ་བྷ་ཝནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ་ནང་མཆོད་སྲིན་ལག་གྱིས་གཏོར། རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །རྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཚོགས་རྣམས་
འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་ཀྱིས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྗེ་བཙུན་རྡོ་རྗེ་ཕག་མོའི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སའི་ཕྱོགས་འདིར་རྗེ་བཙུན་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བ་དང་སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་སྲུང་བ་དང༌། དེ་ནས་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་སྲུང་བ་དང་སྟོང་གྲོགས་མཛོད་ཅིག་ཅེས་དང༌། མུཿ གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་བལྟ་བར་མི་དབང་བ་དེ་དག་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག་ཅེས་དང༌། སུམྦྷ་དྲག་ཏུ་བརྗོད་ཅིང་རྡོ་རྗེ་གསོར། དྲིལ་བུ་དཀྲོལ། མཆོད་གཡོག་པས་གཏོར་མ་ཕྱི་རོལ་དུ་དོར། དེ་ནས་གནས་དང་མཆོད་པའི་ཡོ་བྱད་རྣམས་ལ་དམིགས་ཏེ་རྡོ་རྗེའི་རྩེས་ནང་མཆོད་འཐོར་བཞིན་པས་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་མཛེས་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་བདུན་ལས་ཐོད་སྣོད་བདུན་གྱི་ནང་དུ་ཧཱུྃ་བདུན་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་
གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱ་ཧཱུྃ། རོལ་མོ་དང་བཅས་གྷཎྜེ་ར་ཎི་ཏ་ཚར་གསུམ་གྱིས་བྱིན་དབབ། སྐྱབས་འགྲོ་ནི། སྐྱབས་ཡུལ་གསལ་བཏབ་ལ་འདུན་པ་རྩེ་གཅིག་པས། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་མཐར་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྐྱབས་གསོལ་བྱ། སེམས་བསྐྱེད་ནི་སྨོན་འཇུག་གི་དོན་དྲན་བཞིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་འདྲའི་རིགས་བདག་གི་དབུ་རྒྱན་ཅན། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་
མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཧཱུྃ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང༌། དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང༌། ཡབ་ཡུམ་གྱི་སྐུ་ཐམས་ཅད་ལས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ཏེ་ཤུལ་ཐམས་ཅད་བདུད་རྩིས་གང་བར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་བཛྲ་ཧེ་རུ་ཀ མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱ་ཧཱུྃ་ཕཊ། ཅེས་ཅི་ནུས་ཀྱི་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ། སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་འཇའ་ཚོན་ལྟ་བུར་གྱུར། བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞལ་འཛུམ་བག་དང་ལྡན་ཞིང་རུས་པའི་རྒྱན་གྱིས་སྤྲས་པ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་བཞུགས་པར་བསམས་ལ། སྤྲོ་ན་རིགས་ལྔའི་སྡོམ་པ་གཟུང་བའམ་བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུན་བཤགས་སྡོམ་པ་གཟུང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །
སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་བླ་མ་དེ་ཉིད་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་རྒྱུད་བྱིན་གྱིས་བརླབས་པར་གྱུར་པར་བསམ། དེ་ནས་བདག་དང༌། རྣལ་འབྱོར་དང༌། གནས་བསྲུང་བའི་སླད་དུ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བྃ་ཧྃ་ཡྃ་ཧྲཱིཾ་མོཾ་ཧྲེཾ་ཧྲཱིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ནང་མཆོད་བྱིན་རླབས་རྒྱས་པ་སྐབས་འདིར་བྱས་ཀྱང་རུང་ལ། བསྡུ་ན། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། གཡོན་པའི་མཐེབ་སྲིན་གྱིས་མདུན་ནས་བརྩམས་ཏེ་ཆོས་འབྱུང་གཡོན་སྐོར་དུ་བྲི་ཚུལ་བྱ་ཞིང༌། ཨོཾ་གསུམ་མ་ཚར་གཅིག་བརྗོད། མཐེ་བོང་གི་རྩེར་ཨོཾ། མཐེའུ་ཆུང་གི་རྩེར་ཨཱཿ མཁྲིག་མའི་ངོས་ལ་ཧཱུྃ། ལག་མཐིལ་དུ་བྂ། དེ་ཉིད་ཀྱི་གཟུགས་བརྙན་ཤར་བ་ལྟར། ཆོས་འབྱུང་གི་ནང་དུ་ཡི་གེ་བཞི་འཁོད་པར་གྱུར་པ་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྣམ་པ་ཅན་སྦྱོར་མཚམས་ནས་སྤྱན་དྲངས། ཐོད་པའི་ནང་གི་བདུད་རྩི་ལ་ཐིམ། ཨོཾ་ཨཱཿཧཱུྃ་ལན་གསུམ། གཡས་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ལ། གཡོན་པའི་མཐེ་ཆུང་ནས་མཐེ་བོའི་བར་སོར་མོ་ལྔ་དང༌། ཐམས་ཅད་འདུས་པའི་སེན་མོའི་ངོས་ལ་བདུད་རྩིའི་ཐིག་ལེ་བྱ་ཞིང༌། ཨོཾ་བྂ་ནས་ཕཊ་ཕཊ་ཀྱི་བར་བརྗོད། ཡི་གེ་འབྲུ་གསུམ་བརྗོད་ཅིང༌། དེ་རྣམས་ལ་བདུད་རྩི་གཏོར། ཡང་འབྲུ་གསུམ་བརྗོད་ཅིང་ལུས་ཐམས་ཅད་ལ་བྱུགས་པས། གོ་ཆ་དྲུག་པོ་རང་ལུས་ལ་ཐིམ་པར་བསམ། གཡོན་པའི་མཐེབ་སྲིན་གྱིས་གནས་དང་རྫས་ལ་ཕྱོགས་ཀུན་ཏུ་གཏོར། ཨོཾ་ཨཱཿཧཱུྃ། ཨོཾ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕཊ།
ལན་གསུམ། བགེགས་ཐམས་ཅད་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར་ཅེས་བརྗོད་ཅིང་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསག་པ་རྣམས་སྔོན་དུ་འགྲོ་བར་བྱའོ། །དེ་ནས་ཐོག་མར་ཕག་མོ་ཞལ་གཉིས་མའི་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་སྒོ་གསུམ་སྦྱངས་ཤིང་གཞི་ལམ་འབྲས་གསུམ་རྣམ་པར་དག་པའི་སྟོང་ཉིད་ཀྱི་དོན་དྲན་པར་བྱས་ཏེ། སྟོང་པའི་ངང་ལས་རང་ལུས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་དམར་པོ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པའི་སྟེང་རུ་སྦལ་གྱི་རྒྱབ་ལྟར་མཐོ་བ། དེའི་ནང་དུ་ངག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི། པྂ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་མི་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པ། དེའི་སྟེང་དུ་ཨྂ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་བྂ་ཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་བྂ་ལས་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཉིས་ཀྱི་རྩ་བའི་ཞལ་ཅུང་ཟད་ཁྲོ་ཞིང་འཛུམ་པ། གཡས་ཕག་ཞལ་སྔོན་པོ་ཁྲོ་ཞིང་གྱེན་དུ་གཟིགས་པ། ཞལ་གཉིས་ཀའང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང་དབུ་སྐྲ་ནག་པོ་ཅུང་ཟད་ལི་པ་སིལ་བུར་གྲོལ་ཞིང་ཐུར་དུ་འཕྱངས་བས་སྐེད་པར་སླེབས་པ། ཕྱག་
གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། རྡོ་རྗེའི་ཁ་ཊྭཱཾ་ག་དཀར་པོ་དར་དཔྱངས་དང་བཅས་པ་མཆན་ཁུང་གཡོན་ན་འཆང་བ། རྡོ་རྗེ་ནག་པོའི་ཕྲེང་བ་ལ་བརྒྱུད་པའི་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རྒྱུ་མས་སྦྲེལ་བའི་མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། སྐུ་གཅེར་མོ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། ནུ་མ་རྒྱས་པ། ཞབས་གཡོན་བརྐྱངས་པའི་བྲང་གིས་གདན་ལ་མནན་ཅིང༌། གཡས་བསྐུམ་པའི་སོར་མོ་གཡོན་གྱི་བརླ་ལ་གཏད་པའི་རོལ་པས་བཞུགས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ལྟེ་བར་ཉི་མ་ལ་གནས་པའི་བྂ་ཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། འོག་མིན་ནས་རང་འདྲའི་ཡེ་ཤེས་པ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ཕཻཾ་ཞེས་བརྗོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་ལྟེ་བ་ལ་སོགས་པའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ལྟེ་བར་ཨོཾ་བྂ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡྂ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཀ་ཙཎྜ་ཀའི་ངོ་བོ། ལྟེ་བའི་བྂ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པ་ཕཻཾ་ཞེས་པས་སྤྱན་དྲངས། ཡིད་ཀྱིས་དབང་བསྐུར་བར་གསོལ་བ་བཏབ་པས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པས་དབུར་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ་པར་བསམ། དེ་ནས་དག་པ་དྲན་པར་བྱ་སྟེ། ཉོན་མོངས་པས་མ་གོས་པས་པདྨའི་གདན། རྟོག་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་རོའི་གདན། ཐབས་བདེ་བ་ཆེན་པོའི་སྣང་བ་རྒྱས་པས་ཉི་མའི་གདན། ཐུགས་རྗེས་སེམས་ཅན་ལ་ཆགས་པས་སྐུ་མདོག་དམར་མོ། བདེན་གཉིས་ཟུང་དུ་འཇུག་པས་ཞལ་གཉིས།
དུག་གསུམ་གཅོད་པས་གྲི་གུག བདེ་བ་སྐྱོང་བས་ཐོད་པ། རིགས་ལྔ་དག་པས་ཐོད་པ་ལྔ། ཡི་གེ་ལྔ་བཅུ་དག་པས་མགོ་རློན་གྱི་ཕྲེང་བ། ཕར་ཕྱིན་ལྔ་དག་པས་ཕྱག་རྒྱ་ལྔ། འཁོར་བ་ལས་གྲོལ་བས་ཞབས་གཡས་བསྐུམ་པ། མྱང་འདས་ལ་མི་གནས་པས་གཡོན་བརྐྱང་བ། རྣམ་རྟོག་གི་མཚན་མས་མ་བཅིངས་པས་སྐྲ་གྲོལ་བ། ཐབས་དང་མ་བྲལ་བས་ཁ་ཊྭཱཾ་ག སྒྲིབ་པ་ཐམས་ཅད་དང་བྲལ་བས་སྐུ་གཅེར་བུ། ཡེ་ཤེས་ལྔའི་སྣང་བ་འཕྲོ་བས་མེ་འབར་བའོ།«་་་་་དག་དྲན་འདི་བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་གྱི་ཡིག་ཆ་ལྟར་བྲིས། »།ཞེས་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསམ། སླར་ཡང་ལྟེ་བའི་བྂ་ཡིག་ལས་སྒོ་མཚམས་མ་བརྒྱད་ཀྱི་ངོ་བོ་ལྷ་མོ་ལྗང་སྔོན་ཅང་ཏེའུ་དང་བདུད་རྩིས་གང་བའི་ཐོད་པ་འཛིན་པ། མཆོད་རྫས་སྣ་ཚོགས་ཐོགས་པའི་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་ནམ་མཁའ་གང་བར་སྤྲོས་ཏེ་རང་ཉིད་ལ་མཆོད་པར་བསམས་ལ། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་སྦྱར་བས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། ལྷ་མོ་རྣམས་ཀྱིས་གཡོན་ནས་བསྐོར་ཞིང་ཌཱ་མ་རུའི་སྒྲ་དང་བཅས་པས་བསྟོད་པར་བསམས་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དེ། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་ཤིང༌། །ཡིད་ལ་མི་བྱེད་དྲན་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་པས་བསྟོད། མཆོད་པའི་ལྷ་མོ་རྣམས་རང་གི་ལྟེ་བའི་བྂ་ལ་ཐིམ་པར་
བསམ། བྱིན་གྱིས་བརླབས་པའི་བདུད་རྩི་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་ཅིང་ལན་གསུམ་དུ་མྱང༌། དེ་ནས་བཟླས་པའི་རྣལ་འབྱོར་ནི། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་དམར་པོའི་དབུས་སུ་བྂ། དེའི་ཁོར་ཡུག་ཏུ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག སྡིག་སྒྲིབ་ཐམས་ཅད་དག ཐམས་ཅད་ལྷར་གྱུར། ཚུར་འདུས་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་སྡིག་སྒྲིབ་དག་ཅིང་བྱིན་རླབས་ཞུགས་པར་བསམས་«་་་་་འདིར་བསོད་སྙོམས་པའི་ཡིག་ཆར་སྔགས་ཚན་པ་གསུམ་དུ་བཅད་ན་དབུས་སུ་སརྦ་བུདྡྷ། གཡོན་དུ་བཛྲ་ཝརྞཎ། གཡས་སུ་བཻ་རོ་ཙ་ན་དགོད་པའམ། ཕྲེང་བདུན་དུ་བྱེད་ན་ཨོཾ་གསུམ་དང༌། སྔགས་དངོས་གཞི་ཚན་པ་གསུམ་དང༌། ཧཱུྃ་གསུམ་དང༌། ཕཊ་གསུམ། སྭཱ་ཧཱ་བཅས་ཕྲེང་རེ་རེ་བྱས་ལ་ཀློག་དར་གྱི་ཚུལ་དུ་བཀོད་ནས་བཟླས་པ་བྱ་ཞེས་གསུངས། ས་བོན་རིན་འབྱུང་དུ་འབྲུ་གསུམ་དང་བྂ་ཡིག་བཅས་ཡི་གེ་བཞི་གསུངས་ནའང༌། བསོད་སྙོམས་པའི་ཡིག་ཆར་བྂ་ཁོ་ན་ལས་མི་སྣང་ངོ༌།།» ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞཱ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཨོཾ་གསུམ་མའི་སྔགས་ཅི་ནུས་བཟླས་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་སངས་རྒྱས་མཁའ་འགྲོའི་བསྒོམ་བཟླས་བྱ་བ་ནི། སྭ་བྷཱ་ཝ་སོགས་དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་རང་གི་ལུས་ཆོས་འབྱུང་དམར་སེར་གྲུ་གསུམ་གྱི་དབུས་སུ་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་ཟླ་བ་དང་ཉི་མའི་བར་དུ་བྂ་ལས་གྲི་གུག་བྂ་གྱིས་མཚན་པ་གསུམ་རོ་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། དབུས་སུ་སངས་རྒྱས་མཁའ་འགྲོ་མ་དམར་སེར་དུས་མཚན་མ་དམར་མོའི་སྟེང་ན་ཞབས་གཡས་བརྐྱང་གཡོན་བསྐུམ་པ། ཕྱག་གཡས་ཀྱི་གྲི་གུག་གིས་ཉིད་ཀྱི་དབུ་བཅད་ནས་ཕྱག་གཡོན་ཐོད་པ་དང་བཅས་པས་སྐྲའི་ཕྱེད་བཟུང་ཞིང༌། ཕྱེད་ཀྱིས་ཞལ་བཀབ་པས་ཐུར་དུ་གཟིགས་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་དཀར་པོ་འཛིན་པ། གཙོ་མོའི་གཡོན་
དུ་རབ་བསྔགས་མ་ལྗང་གུ་ཞབས་གཡོན་བརྐྱང་གཡས་བསྐུམ་པ། ཕྱག་གཡས་ཐོད་པ་དང་གཡོན་གྲི་གུག་འཛིན་པ། གཡས་སུ་རྣམ་སྣང་མ་སེར་མོ་ཞབས་གཡས་བརྐྱང་གཡོན་བསྐུམ་པ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གསུམ་ཀའང་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་པ། གཅེར་མོ་དབུ་སྐྲ་གྲོལ་བ། ཞལ་ཅུང་ཟད་ཁྲོ་ཞིང་འཛུམ་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་ཚུལ་གྱིས་སྐད་ཅིག་གིས་གསལ་བར་གྱུར། ཅེས་བརྗོད་ཅིང་བསམ། འདིའི་བདག་བསྐྱེད་ལ་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་མི་དགོས་པར་བཤད།«་་་་་སྐབས་འདིར་བསོད་སྙོམས་པ་སོགས་ཀྱི་ཡིག་ཆ་སྔ་མ་རྣམས་སུ་མདུན་དུ་མཎྜལ་ཚོམ་བུ་དང་བཅས་པ་ལྷ་མོ་གསུམ་དུ་བསྐྱེད་ཅིང་བཟླས་པའི་ཚུལ་སོགས་རྒྱས་པར་འབྱུང་བ་བསྙེན་པ་སོགས་ཀྱི་སྐབས་དེ་བཞིན་དུ་ཅིས་ཀྱང་བྱ་དགོས་ལ། མདུན་བསྐྱེད་དང་འབྲེལ་བའི་བྱིན་རླབས་ཀྱི་སྐབས་སུ་ངག་དབང་ཆོས་གྲགས་ཀྱིས་འདི་ཙམ་གྱིས་འཐུས་པར་མཛད། »བཟླས་པ་བྱ་བ་ནི། གཙོ་འཁོར་གསུམ་ཀའི་གསང་གནས་སུ་ཆོས་འབྱུང་དམར་པོ་རེ་གསལ་བའི་གཙོ་མོའི་ཆོས་འབྱུང་གི་དབུས་སུ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། རབ་བསྔགས་མའི་ཆོས་འབྱུང་གི་དབུས་སུ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། རྣམ་སྣང་མའི་ཆོས་འབྱུང་གི་དབུས་སུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ཅེས་པའི་སྔགས་ཕྲེང་གིས་མཚན་པར་བསམས་ལ་འོག་རླུང་འཐེན་པའི་རྐྱེན་གྱིས་ཆོས་འབྱུང་གི་སྔགས་ཕྲེང་ལས་འོད་ཟེར་བྱུང་བས་རྩ་གསུམ་ནས་གྱེན་དུ་སོང༌། ཕྱིར་འཕྲོས། འཁོར་གྱི་ལྷ་མོ་གཉིས་ལ་ཕོག་པས་འོད་དུ་ཞུ་ནས་གཙོ་མོ་ལ་ཐིམ། ཉིད་ཀྱི་དབུ་ཡང་འབྱར། གཙོ་མོའི་གསང་གནས་ཀྱི་ཆོས་འབྱུང་གི་དབུས་སུ་སྔར་གྱི་སྔགས་གསུམ་མ་འདྲེས་པར་སུམ་བསྒྲིགས་སུ་གསལ་བ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་སྔགས་ཕྲེང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། སྔགས་གསུམ་པོ་དེ་ཉིད་ཅི་ནུས་བཟླ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ།
དེ་ནས་དོན་གྲུབ་མའི་བསྒོམ་བཟླས་བྱ་བ་ནི། དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མ་དང་རོའི་སྟེང་དུ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕག་ཞལ་ཁྲོས་པ་ལྗགས་འདྲིལ་ཞིང་ཁྲོ་གཉེར་བསྡུས་པ། ཕྱག་བཞིའི་གཡས་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་གཉིས་ན་ཐོད་ཁྲག་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ། མི་མགོ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་དོར་སྟབས་ཀྱིས་བསྐུལ་བའི་མེ་ཕུང་འབར་བའི་དབུས་ན་གདུག་པ་ཅན་རྣམས་ཀྱིས་བཟོད་པར་དཀའ་བའི་གད་རྒྱངས་སྒྲོག་ཅིང་བཞུགས་པ། ལྟེ་བར་ཉི་མ་ལ་གནས་པའི་ཧྲཱིཿཡིག་དམར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས། འོག་མིན་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཕཻཾ། ཛཿཧཱུྃ་བཾ་ཧོཿ རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྂ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡྃ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀའི་ངོ་བོ། སླར་ཡང་ལྟེ་བའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། ཡིད་ཀྱིས་དབང་བསྐུར་བར་གསོལ་བ་བཏབ་པས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔའི་ངོ་བོ་སྣ་ཚོགས་རྡོ་རྗེས་དབུར་བརྒྱན་པར་བསམ། ཨོཾ་བཛྲ་ཝ་རཱ་ཧཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་མྱང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་བསྟོད།
བཟླས་པ་བྱ་བ་ནི། དེ་ལྟར་གསལ་བའི་གསང་བའི་ཆོས་འབྱུང་གི་ནང་དུ། ཨོཾ་བཛྲ་ཝ་རཱ་ཧཱི་ཨཱ་ཝེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱ། ཞེས་གནས་པའི་འོད་ཟེར་གྱི་འཕྲོ་འདུས་དོན་གཉིས་བྱས། ཚུར་འདུས་རང་ལ་ཐིམ་པར་བསམས་ལ་སྔགས་བརྒྱ་རྩ་ལ་སོགས་བ་ཅི་ནུས་བཟླ། འདོད་དོན་གསོལ་གདབ་སྔར་བཞིན་བྱའོ། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། ཐོག་མར་དཀྱིལ་འཁོར་གསུམ་ཆར་གྱི་གསུང་བདུད་རྩིའི་ཐོད་པ་ལ་དམིགས་ཏེ་སུམྦྷཱས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཀྂ་ལས་མི་མགོའི་སྒྱིད་པུ་གསུམ་གྱི་སྟེང༌། ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཨོཾ་ཨཱཿཧཱུྃ་བྂ་རྣམས་གནས་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྱན་དྲངས་པ་བདུད་རྩི་ལ་ཐིམ་པས་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་གྱུར། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ཐུན་མོང་དུ་བྱིན་གྱིས་བརླབ། བྱེ་བྲག་ཏུ་དབུས་ཞལ་གཉིས་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་དམིགས་ཏེ་སུམྦྷས་བསང༌། སྭ་བྷཱ་ཝ་སོགས་དག་པ་གསུམ་གྱི་སྔགས་བརྗོད་པས་སྦྱངས། སྟོང་པའི་ངང་ལས་པདྨའི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་བདུད་རྩིའི་ཐོད་པ་ལ་གནས་པའི་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་པྂ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་མི་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པ། དེའི་སྟེང་དུ་ཨྂ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བྂ་དམར་པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞེས་པ་ནས། མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་འདྲའི་ཞེས་པའི་ཚིག་དོར། རང་གི་ཞེས་པར་དེའི་ཞེས་ཚིག་བསྒྱུར་བ་ཙམ་ཁྱད་པར་དང༌། དབང་གི་ལྷ་
རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། ཅེས་བརྗོད། གཡས་ཀྱི་དབུ་བཅད་མའི་དཀྱིལ་འཁོར་གསུམ་ལ་དམིགས་ཏེ། སུམྦྷས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་བདུད་རྩིའི་ཐོད་པ་ལ་གནས་པའི་ཆོས་འབྱུང་དམར་སེར་གྲུ་གསུམ་གྱི་དབུས་སུ་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྂ་ལས་གྲི་གུག་བྂ་གྱིས་མཚན་པ་གསུམ་ཡོངས་སུ་གྱུར་པ་ལས། དབུས་སུ་སངས་རྒྱས་མཁའ་འགྲོ་མ་དམར་སེར་དུས་མཚན་མ་དམར་མོའི་སྟེང་ན་ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། ཕྱག་གཡས་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་ཅིང༌། གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་ཕྱོགས་སུ་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་དཀར་པོས་མཚན་པ། གཙོ་མོའི་གཡོན་དུ་རབ་བསྔགས་མ་ལྗང་གུ་ཞེས་པ་ནས། ཞལ་ཅུང་ཟད་ཁྲོ་ཞིང་འཛུམ་པ་ཞེས་པའི་བར་བདག་བསྐྱེད་བཞིན་ལ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ལྟེ་བར་ཉི་མ་ལ་གནས་པའི་བྂ་ཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཕཻཾ། ཛཿཧཱུྂ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། གཙོ་འཁོར་གསུམ་གྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྂ་ཡྂ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲཱིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀའི་ངོ་བོ་དང༌། གཙོ་མོ་ལ་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། གཡོན་གྱི་དོན་གྲུབ་མའི་དཀྱིལ་འཁོར་གསུམ་ལ་དམིགས་ཏེ། སུམྦས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་བདུད་རྩིའི་ཐོད་པ་ལ་གནས་པའི་ཆོས་འབྱུང་དམར་པོ་གྲུ་གསུམ་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་སོགས་ནས། སྣ་ཚོགས་རྡོ་རྗེས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་བཞིན་ལ་རང་ཉིད་དང་རང་
འདྲའི་ཞེས་པའི་ཚིག་དོར། དེའི་གནས་རྣམས་སུ་སོགས་སྦྱར། དེ་ལྟར་ཕག་མོ་རིགས་གསུམ་གྱི་དཀྱིལ་འཁོར་སོ་སོར་བསྐྱེད་ནས། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། སྔགས་མཆོད་ཀྱི་ཚུལ་དུ་མདུན་བསྐྱེད་ལ་དམིགས་ཏེ་སོ་སོའི་སྔགས་ཅི་ནུས་སུ་བཟླ། སླར་ཡང་མཆོད་བསྟོད་ཐུན་མོང་དུ་བྱ་བར་གསུངས་པས་མཆོད་པ་རྣམས་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་བདུན་ལས་ཐོད་སྣོད་བདུན་གྱི་ནང་དུ་ཞེས་པ་ནས། ཤབྡ་ཨཱཿཧཱུྃ་གི་བར་སྔར་བཞིན་བྱིན་གྱིས་བརླབ། སྤྲོ་ན་འཁོར་ལོ་བདེ་མཆོག་གམ། ནཱ་རོ་མཁའ་སྤྱོད་མའི་མཆོད་ཕྲེང་རྒྱས་པ་ལྟར་ཉེར་སྤྱོད། གོས་ཟུང༌། རིག་མ་བཅུ་དྲུག རྒྱལ་སྲིད་བདུན། འདོད་ཡོན་ལྔ། ནང་མཆོད། ཡིད་བྱུང་གི་མཆོད་པ་རྣམས་བྱ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་སྦྱར་བས་སོ་སོའི་ཕྱག་རྒྱ་དང་བཅས་པ་དང༌། གྷཎྜེ་ར་ཎི་ཏས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པས་ཕྱི་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ། ཤབྡ། གནྡྷེ། རཱ་ས། སྤརྵེ་རྣམས་སྦྱར་བས་ཕྱག་རྒྱ་དང་བཅས་ཏེ་འདོད་ཡོན། བདུད་རྩི་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་སྤྱི་གཙུག་ནས་འཐོར་བཞིན་པས། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུྃ། སྙིང་གའི་ཐད་ནས་འཐོར་ཏེ་ལྷ་སོ་སོའི་སྔགས་ཀྱི་རྗེས་སུ། ཡི་དམ་གྱི་ལྷ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་དང༌། སངས་རྒྱས་མཁའ་འགྲོ་དང༌། དོན་གྲུབ་མ་འཁོར་དང་བཅས་པའི་ཞལ་
དུ་ཨོཾ་ཨཱཿཧཱུྃ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དེ་ནས་རང་གི་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་རྣམས་སུ་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ་ཞེས་པས་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པར་བསམ། སྐབས་འདིར་གཏོར་མ་ལ་བར་ཕུད་བྲན་ལ་ལྟེ་བའི་ཐད་ནས་འཐོར་ཏེ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བགེགས་རིགས་ལན་ཆགས་ཡུལ་ལྷ་གཞི་བདག་རིགས་དྲུག་བར་དོ་དང་བཅས་པ་ལྷར་གསལ་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་དང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ་རང་གིས་མྱངས་པས་ནང་མཆོད། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ནས། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང༌། ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཡུལ་བླ་མ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིགས་གསུམ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་ཅིང་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ཏེ། ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཡེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁྂ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜ་ལེ་མ་མ་པྲ་ཎི་དྷི། པུ་ནྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེནྡྷ། བནྡྷ་སྭ་ན་བ་ལེ་ནི་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་སེ་གོལ་
གཉིས་བརྡབས་པས་ཡིད་བྱུང་གི་མཆོད་པ་རྣམས་དབུལ། བསྟོད་པའི་མཆོད་པ་ནི། ཌཱ་མ་རུས་ཐོག་དྲངས་པའི་རོལ་མོ་དང་བཅས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་སྔར་བཞིན་དང༌། སྤྲོ་ན་ཡུམ་གྱི་རྐང་བརྒྱད་ཀྱིས་ཀྱང་བསྟོད། གཏོར་མ་ལ་དམིགས་ཏེ་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། ཡྂ་ལས་རླུང༌། རྂ་ལས་མེ། ཀྂ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དེའི་ཤར་དུ་གོ་ལས་བ་ལང་གི་ཤ་བྷྲཱུྂ་གྱིས་མཚན་པ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་ཁྂ་གིས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་ཛྲཱིཾ་གིས་མཚན་པ། ལྷོ་རུ་ཀུ་ལས་ཁྱིའི་ཤ་ཨྂ་གིས་མཚན་པ། དབུས་སུ་ན་ལས་མིའི་ཤ་ཧཱུྃ་གིས་མཚན་པ། ཤར་ལྷོར་བི་ལས་དྲི་ཆེན་ལྂ་གྱིས་མཚན་པ། ལྷོ་ནུབ་ཏུ་ར་ལས་རཀྟ་མྂ་གྱིས་མཚན་པ། ནུབ་བྱང་དུ་མ་ལས་རྐང་མར་པྂ་གྱིས་མཚན་པ། བྱང་ཤར་དུ་མུ་ལས་དྲི་ཆུ་ཏྂ་གྱིས་མཚན་པ། དབུས་སུ་ཤུ་ལས་བྱང་སེམས་བྂ་གྱིས་མཚན་པ། དེའི་སྟེང་གི་ནམ་མཁའ་ལ་ཁ་ཊྭཱཾ་ག་དཀར་པོ་མགོ་མཐུར་དུ་བལྟ་བའི་སྟེང་དུ་བྂ་དམར་པོ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་ཀྱི་རྣམ་པར་སྤྱན་དྲངས་ཏེ་བྃ་ལ་ཐིམ། བྂ་ཡིག་ཁ་ཊྭཱཾ་ག་དང་བཅས་པ་ཞུ་ནས་རྫས་ལ་ཐིམ། རླུང་གིས་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་མང་པོར་སྤེལ་བས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས། ཞལ་གཉིས་མ་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ། ཨཱི་དཾ་པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། བ་ལིཾ་གྲྀཧྣ་གྲྀཧྣ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་དང༌། དབུ་བཅད་མ་ལ། ཨོཾ་ཧྲཱིཾ་ཧྂ་ཧྂ་ཧེ་ཧེ་ཧ་ཧ་ཧི་ཧི་ཕེཾ་ཕེཾ་ཕེཾ་ཞེས་དང༌། དོན་གྲུབ་མ་ལ་ཨོཾ་གསུམ་མའི་ཧཱུྃ་གི་གོང་དུ་པུཥྤཾ་སོགས་བཅུག་པ་ཞལ་གཉིས་མ་ལྟར་ཏེ། སོ་སོར་ལན་གསུམ་རེས་དབུལ། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷ་སོགས་ནས་ཤབྡའི་བར་
གྱིས་ཕྱི་མཆོད་དང༌། ཨོཾ་ཨཱ་ཧཱུྃ་གིས་ནང་མཆོད་དབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་ག་མ་རྒྱུད་སྤྱི་ལྟར་བྱའོ།། །།བུམ་བསྐྱེད་ནི། སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྂ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྂ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་མི་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པ་ཞེས་པ་ནས། མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པས་དབུར་བརྒྱན་ཞེས་པའི་བར་ཞལ་གཉིས་མའི་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་སོགས་བདག་བསྐྱེད་དང་འབྲེལ་བའི་ཚིག་རྣམས་དོར། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད་ནས། བཟླས་པ་བྱ་བ་ནི། གཟུངས་ཐག་ནས་བཟུང་སྟེ། རང་གི་ལྟེ་བའི་བྂ་ཡིག་ལས་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པས་བུམ་ནང་གི་ལྷ་མོའི་ཐུགས་རྒྱུད་བསྐུལ་ནས་སྔགས་ཀྱི་འོད་ཟེར་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ། ཨོཾ་གསུམ་མ་ཅི་ནུས་དང༌། མཇུག་ཏུ་ལྷ་མོ་གཞན་གཉིས་ཀྱི་སྔགས་དང༌། སུམྦྷ་དང༌། ཁྲུས་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་པའང་ཅི་རིགས་པར་བཟླ་ཞིང༌། སྤྲོ་ན་སྒོ་མཚམས་མ་བརྒྱད་ཀྱི་སྔགས་ཀྱང་བཟླ་བར་གསུངས།
ཐུན་མཐར་སྔར་བཞིན་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཞེས་སོགས་ཀྱིས་འདོད་དོན་གསོལ་བ་གདབ། ཧེ་རུ་ཀའི་ཡིག་རྒྱ་ལན་གསུམ་བརྗོད། ཨོཾ་ཨཱཿཧཱུྃ། ཞེས་པས་དུང་ཆོས་ཀྱི་ཆུ་མཆོད་ཡོན་གྱི་ཚུལ་དུ་ཕུལ་བའི་བྱིན་གྱིས་བུམ་ནང་གི་ལྷ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ལྟེམ་གྱིས་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་བསམ། «ཡིག་ཆ་སྔ་མ་རྣམས་སུ་བུམ་པའི་ལྷ་ཞུ་བ་དང་གཤེགས་གསོལ་སོགས་གང་ཡང་མི་དགོས་པར་གསུངས་ནའང༌། འདིར་ངག་ཆོས་ཀྱི་ཡིག་ཆར་འོད་ཞུ་བཤད་པ་ལྟར་བྲིས་པའོ།།» དེ་ནས་སློབ་དཔོན་བདག་ཉིད་འཇུག་པ་ནི། མཎྜལ་མེ་ཏོག་བུམ་པ་དང་བཅས་པ་སྟ་གོན་བྱས་ལ་འཇུག་པ་ནས་བཟུང་སྟེ་འོག་ནས་འབྱུང་བ་བཞིན་བླང་བར་བྱའོ།། །།གཉིས་པ་སློབ་མ་ལ་བྱ་བ་ནི། འཁོར་ལོ་བདེ་མཆོག་ལུགས་གཉིས་སོགས་མ་རྒྱུད་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ནང་གཤིན་པ་རྣམས་ཁྲུས་བྱ། ཕྱག་དང་འཇུག་པའི་ཡོན་ཕུལ་ནས་རང་རང་གི་གྲལ་ལ་འཁོད་པ་དང༌། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས་སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་དུས་མྱུར་བ་ཉིད་དུ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དབང་བསམ་པ་
བག་ལ་ཉལ་གྱི་རིམ་པ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཐམས་ཅད་ཀྱང་མདོར་བསྡུ་ན་ཐེག་པ་ཆེན་པོ་དང༌། ཐེག་པ་དམན་པ་གཉིས་སུ་འདུས་པ་ལས། འདིར་ཐེག་པ་ཆེན་པོ་ཡིན། ཐེག་པ་ཆེན་པོ་ལའང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ལས། འདིར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་འཇོག་བྱེད་དྲུག་གི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བའི་དབང་དུ་བྱས་ན། འདིར་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཡིན། དེ་ལའང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་གསུམ་ལས། འདིར་ཤེས་རབ་གཙོ་བོར་བཏོན་པ་མའི་རྒྱུད་ཡིན། དེ་ལའང་ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། །རྣམ་སྣང་རྡོ་རྗེ་ཉི་མ་དང༌། །པདྨ་གར་དབང་རྒྱལ་པོ་དང༌། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་གསུངས་པ་ལྟར་རྒྱུད་སྡེ་དྲུག་ལས། འདིར་ཧེ་རུ་ཀའི་རིགས་སུ་གཏོགས་པའི་རྒྱུད་ཡིན། དེ་ལའང་བདེ་མཆོག་དང༌། ཀྱེ་རྡོར་དང༌། སངས་རྒྱས་ཐོད་པ་དང༌། མཧཱ་མཱ་ཡ་དང༌། ཨཱ་རལླི་སྟེ་ལྔ་ལས། འདིར་བྱིན་རླབས་ཅན་བདེ་མཆོག་འཁོར་ལོའི་སྐོར་ཡིན། དེ་ལའང་ཡབ་ཀ་དང་ཡུམ་ཀ་གཉིས་ལས། འདིར་ཕྱི་མ་ཡིན། དེ་ལའང་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང༌། མ་རྫོགས་པ་གཉིས་ལས། དང་པོ་ནི་སྡོམ་འབྱུང་གི་རྒྱུད་དང༌། ཕྲེང་བ་སོགས་ནས་བསྟན་པའི་ཕག་མོ་སོ་བདུན་མའི་དཀྱིལ་འཁོར་ལྟ་བུ་ཡིན་ལ། ཕྱི་མ་ནི་སློབ་དཔོན་ཀངྐ་དཏྟས་བཀྲལ་བའི་ཕག་མོ་དཀར་མོ་དང༌། གྲུབ་ཆེན་ཤཱ་བ་རིའི་ལུགས་ཀྱི་ཕག་མོ་སེར་མོ་དང༌། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ལ་ཤིན་ཏུ་དར་སྲོལ་ཆེ་བའི་ཕག་མོ་དམར་མོ་སྟེ་གསུམ་ལས། འདིར་ཕྱི་མ་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། འདིར་ནི་དཔལ་མཁའ་འགྲོ་མ་དྲྭ་བ་སྡོམ་པ་རྒྱ་མཚོའི་རྒྱུད་ཅེས་བྱ་བ་ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱི་ཕྱག་ན་ཡོད་པ་དེ་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་
ལྡོང་ངར་བ་ཏིང་འཛིན་རྡོ་རྗེ་དང༌། མཁས་པ་དེ་བ་ཨཱ་ཀར་ཙནྡྲས་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་ཆེ་ཆུང༌། གྲུབ་ཆེན་ཨིནྡྲ་བྷཱུ་ཏིའི་ལྕམ་དཔལ་མོ་དང༌། བྲམ་ཟེ་བི་རཱུ་པས་དབུ་བཅད་མའི་སྒྲུབ་ཐབས་ཆེ་ཆུང༌། བསོད་སྙོམས་པ་ཆེན་པོ་ཨ་ཝ་དྷཱུ་ཏི་པ་དང༌། དེ་བ་ཨཱ་ཀ་རས་དོན་གྲུབ་མའི་སྒྲུབ་ཐབས་ཆེ་ཆུང་སྟེ་གཞུང་དྲུག་མཛད་པ་སོགས་ནས་རིམ་པར་བརྒྱུད། བླ་མ་སྨན་ལུང་པ་དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་བལ་པོར་ལན་གསུམ་བྱོན། ལུས་སྲོག་ལོངས་སྤྱོད་ཀྱི་དཀའ་བ་དཔག་ཏུ་མེད་པ་སྤྱད་ནས་བལ་པོ་ཧང་དུ་དཀར་པོའམ། གྲུབ་པའི་སློབ་དཔོན་བྷ་ལེནྡྲ་རུ་ཙི་ཞེས་གྲགས་པའི་ཞབས་པད་མཉེས་པ་གསུམ་གྱིས་བསྟན་ཏེ་གསན་པ་ནས་བཟུང༌། བདག་ཅག་གི་དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་པའི་དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་ཟབ་མོ་འབུལ་བ་ལ། སོ་སོར་རྐང་ཐོན་དུ་བསྐུར་བ་བྱུང་ན་ལེགས་མོད། འོན་ཀྱང་སྡེབ་གཅིག་ཏུ་བསྐུར་བ་དཔྱལ་པའི་ཡི་གེ་རྙིང་པ་རྣམས་ལས་འབྱུང་ཞིང་བླ་མ་གོང་མ་དག་གི་ཕྱག་ལེན་ལའང་མཛད་པས་ན་འགལ་བ་ཡོད་པ་མ་ཡིན་པའི་ཕྱིར། འདིར་དེ་ལྟར་དུ་བསྒྲུབ་པ་ལ། ཐོག་མར་སྔོན་དུ་འགྲོ་བ་སློབ་དཔོན་གྱི་བྱ་བ་བདག་ཉིད་ཀྱི་བགྱི་པར་འོས་པ་ཐམས་ཅད་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་སིནྡྷུ་རའི་དཀྱིལ་འཁོར་དུ་འཇུག་པ་དང༌། ཞུགས་ནས་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་རྣམ་པ་གཉིས་སུ་ཡོད་པ་ལས། ཐོག་མར་བླ་མ་དང་རྗེ་བཙུན་རྡོ་རྗེ་ཕག་མོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སོགས་ནས། གཞུག་ཏུ་གསོལ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་
དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་རིགས་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་ལྟ་བུར་བཞུགས་པར་མོས་ཏེ། དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། ཞེས་པས་རྒྱུད་དག་པར་བྱས་ནས། རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་རྣམས་ཀྱང་གཟུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་སོགས་ནས། མྱ་ངན་འདས་ལ་དགོད་བར། སླར་ཡང་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱང་ཚུལ་བཞིན་དུ་གཟུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་གཟུང༌། །ཞེས་པས་དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་ནས། སྔོན་ཆད་རྗེ་བཙུན་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་སིནྡྷཱུ་རའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིངས་པར་མོས་པ་
མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་པས་གདོང་བཅིང༌། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་གྱི་སླད་དུ་ཨུ་དུམྦཱ་ར་ལ་སོགས་པའི་མེ་ཏོག་གི་ཕྲེང་བ་རེའང་བྱིན་པར་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་པས་མེ་ཏོག་གི་ཕྲེང་བ་གཏད་ལ། ཕྱིའི་བར་ཆད་བསལ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་མོ་ཁཎྜ་རོ་ཧིའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ཁྱེད་རང་རྣམས་ལ་བྱིན་རླབས་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་པ་མཛོད། སུམྦྷ་སོགས་བརྗོད་ཅིང་བུམ་ཆུ་གཏོར། སླར་ཡང་སློབ་དཔོན་གྱིས་བདུད་རྩི་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་དང་སྐུ་ལུས་ལ་གཏོར་ཏེ་ནང་རྩ་ཁམས་ཀྱི་བར་ཆད་ཐམས་ཅད་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང༌། དེ་ལྟར་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་ཞིང་ཟག་མེད་ཀྱི་བདེ་བས་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་བཅོ་ལྔའི་ཉ་གང་བ་ལྟ་བུ་སྐྱ་འཁྱིལ་བ་རེ་གསལ་བཏབ་ལ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་གྱེན་དུ་ལངས་པ་བྱུང་བར་མོས་ཏེ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྙིང་གར་རྡོ་རྗེ་བཞག་པའི་སྒོ་ནས་བརྟན་པར་བྱས་པའི་མོས་པ་མཛོད། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་ནས། གཞན་ཡང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་སྤྱོད་ཐམས་ཅད་སྣོད་དང་མི་ལྡན་པ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསང་བར་གདམས་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱེད་རྣལ་འབྱོར་མ་ཐམས་ཅད་
ཀྱི་རིགས་སུ་ཞུགས་ཀྱི། རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་རྣལ་འབྱོར་མ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས། ནང་འཇུག་གི་སླད་དུ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཕྱོགས་སུ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་མགོ་འདུད་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཛཿཧཱུྃ་བཾ་ཧོཿ ཞེས་པས་སིནྡྷཱུ་རའི་དཀྱིལ་འཁོར་གྱི་དྲུང་དུ་ཁྲིད་ནས་ཤར་དུ་འཁོད་པར་མོས་པ་དང་བཅས། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས་སྤྱན་དམིགས་འདི་བཞིན་དུ་གནང་བར་ཞུ། སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་པས་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་ཟུར་གསུམ་པའི་ནང་དུ་པྂ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་སོགས་ནས། གཟི་བརྗིད་ཅན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། རང་གི་སེམས་ཉིད་ཅེས་པར་ཁྱེད་རྣམས་ཀྱི་སེམས་ཉིད་ཅེས་དང༌། རང་ཉིད་ཅེས་པར་ཁྱེད་རང་རྣམས་ཞེས་བསྒྱུར། དེ་ནས་ལྟེ་བར་ཉི་མ་ལ་གནས་པའི་བྂ་ཡིག་དམར་པོས་མཚན་པ་ཞིག་གསལ་བཏབ་ནས་སློབ་དཔོན་ལ་རྡོ་རྗེ་ཕག་མོ་ཞལ་གཉིས་མ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པ་ལ་བརྟེན་ནས་སློབ་དཔོན་གྱི་ལྟེ་བའི་བྂ་ཡིག་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་
རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཐམས་ཅད་འོད་ཟེར་དམར་པོ་དང༌། བྂ་ཡིག་དམར་པོའི་ཚོགས་དཔག་ཏུ་མེད་པའི་རྣམ་པར་བྱུང་ནས་ཁྱེད་རང་རྣམས་ཀྱི་ལྟེ་བའི་བྂ་ཡིག་ལ་སིབ་སིབ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་བྱུང་སྙམ་པའི་ཐུགས་མོས་མཛོད། ཅེས་བརྗོད་ལ་གུ་གུལ་གྱི་དུད་པས་བདུག སློབ་དཔོན་གྱིས་ཌཱ་དྲིལ་དང་བསྟུན་ཨོཾ་གསུམ་མ་དྲག་ཏུ་བཟླ། ཡང་སློབ་དཔོན་གྱིས་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཆོས་འབྱུང་དམར་སེར་སོགས་ནས། མེ་འབར་བའི་དབུས་ན་བཞུགས་པ་ཞེས་པའི་བར་མདུན་བསྐྱེད་ཀྱི་མངོན་རྟོགས་ལྟར་ལ། དེ་ནས་ལྟེ་བར་ཉི་མ་ལ་གནས་པའི་བྂ་ཡིག་དམར་པོས་མཚན་པ་གསལ་བཏབ་ནས། སློབ་དཔོན་ལ་རྡོ་རྗེ་ཕག་མོ་སངས་རྒྱས་མཁའ་འགྲོ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པ་ལ་བརྟེན་ནས་སློབ་དཔོན་གྱི་ལྟེ་བའི་བྂ་ཡིག་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དམར་པོ་དང༌། བྂ་ཡིག་དམར་པོའི་ཚོགས་དཔག་ཏུ་མེད་པའི་རྣམ་པར་བྱུང་ནས་ཁྱེད་རང་རྣམས་ཀྱི་ལྟེ་བའི་བྂ་ཡིག་ལ་སིབ་སིབ་ཐིམ་པས་ལུས་ཀྱི་ནང་གང༌། སྡིག་སྒྲིབ་དག བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་བྱུང་སྙམ་པའི་ཐུགས་མོས་མཛོད། གུ་གུལ་གྱི་དུད་པས་བདུག སློབ་དཔོན་གྱིས་ཌཱ་དྲིལ་དང་བསྟུན། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ཎི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ཅེས་བཟླ། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་སོགས་ནས། གད་རྒྱངས་སྒྲོག་ཅིང་བཞུགས་པ་ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་པར་ཁྱེད་རང་རྣམས་ཞེས་བསྒྱུར། ལྟེ་བར་ཉི་མ་ལ་གནས་པའི་ཧྲཱིཿཡིག་དམར་པོས་མཚན་
པ་ཞིག་གསལ་བཏབ་ནས། སློབ་དཔོན་ལ་རྡོ་རྗེ་ཕག་མོ་དོན་གྲུབ་མ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པ་ལ་བརྟེན་ནས་སློབ་དཔོན་གྱི་ལྟེ་བའི་བྂ་ཡིག་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དམར་པོ་དང་ཧྲཱིཿཡིག་དམར་པོའི་ཚོགས་དཔག་ཏུ་མེད་པའི་རྣམ་པར་བྱུང་ནས་ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧྲཱིཿཡིག་ལ་སིབ་སིབ་ཐིམ་པས་ལུས་ཀྱི་ནང་གང༌། སྡིག་སྒྲིབ་དག བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་བྱུང་སྙམ་པའི་ཐུགས་མོས་མཛོད། གུ་གུལ་གྱི་དུད་པས་བདུག སློབ་དཔོན་གྱིས་ཌཱ་དྲིལ་དང་བསྟུན། ཨོཾ་བཛྲ་ཝཱ་ར་ཧཱི་ཨཱ་ཝེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭ་ཧཱ། ཞེས་བཟླ། «ཡེ་ཤེས་འབེབས་པའི་སྐབས་འདིར་ཡིག་རྙིང་སོགས་ལས། སློབ་མའི་སྤྱི་བོར་བླ་མ་ཧེ་རུ་ཀའི་རྣམ་པ། ལྟེ་བར་ཆོས་འབྱུང་གི་ནང་དུ་ཕག་མོ་གར་བྱེད་པ། སློབ་དཔོན་གྱི་ལྟེ་བའི་བྂ་ཡིག་གི་འོད་ཀྱིས་བསྐུལ་བས་ཡེ་ཤེས་ཀྱི་མེས་ལུས་གང་སྡིག་སྒྲིབ་བསྲེགས་པའི་དམིགས་པ་སྤོགས་ཆོག་དང་བཅས་པ་སོགས་གསུངས་ནའང༌། འདིར་གློ་བོ་མཁན་ཆེན་དང༌། ངག་ཆོས་པའི་ཡིག་ཆར་སྤྱི་འགྲེ་ལྟར་གསུངས་པ་བཞིན་བྲིས་པ་ཡིན་ལ། གོང་དུ་སྨོས་པ་ལྟར་བྱེད་ན་སྒྲུབ་ཐབས་རིན་འབྱུང་སོགས་ལས་ཤེས་སོ།།» དེ་རྣམས་བརྟན་པར་བྱ་བའི་ཆེད་དུ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས་བརྟན་པར་བྱས་པའི་ཐུགས་མོས་མཛོད། ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་དཀྱིལ་འཁོར་ལ་མེ་ཏོག་འདོར་བ་ནི། འདི་ན་རྗེ་བཙུན་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་དཀྱིལ་འཁོར་བཞུགས་པ་ཡིན་པས། ཁྱེད་རང་རྣམས་རིམ་པ་བཞིན་དུ་བྱོན་ནས་ཕྱག་གི་མེ་ཏོག་དེ་ཉིད་གཙོ་མོ་གསུམ་གྱི་དབུ་ལ་ཕུལ་བར་མོས་པ་དང་བཅས་ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུངས་ཤིང་མེ་ཏོག་འདོར་བར་ཞུ། ཞེས་གདམས་ཏེ་སིནྡྷཱུ་རའི་དཀྱིལ་འཁོར་གསུམ་གར་མེ་ཏོག་ཕུལ་བའི་སྟངས་ཀ་དང་བཅས་པའི་མཐར་སློབ་དཔོན་ལ་གཏོད་དུ་གཞུག མེ་ཏོག་དེ་ཉིད་སློབ་དཔོན་གྱིས་སླར་བླངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་
ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། རྗེ་བཙུན་རྡོ་རྗེ་ཕག་མོ་རིགས་གསུམ་ཡི་དམ་གྱི་ལྷར་ཟུངས་ཤིག ཅེས་བརྗོད། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་བ་ཊ་ལཾ་བ་ཧྲཱིཿཔྲཱྃ། ཞེས་པས་ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཏོག་དང་མིག་རས་དུས་མཉམ་དུ་བསལ་ནས་དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །ཁྱོད་ལ་མྱུར་དུ་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །གསང་སྔགས་སྒྲུབ་ལ་བརྩོན་པར་གྱིས། །ཞེས་པས་དཀྱིལ་འཁོར་ལ་བལྟ་བར་བསྐུལ་ནས། གང་ལ་བལྟ་བའི་དཀྱིལ་འཁོར་ནི། འདི་ན་རྗེ་བཙུན་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། དེའང་དབུས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དུར་ཁྲོད་བརྒྱད་དང་སྲུང་བའི་འཁོར་ལོས་བསྐོར་བའི་ལྟེ་བར་ཆོས་འབྱུང་དམར་པོ་གྲུ་གསུམ་གྱི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་མི་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཀྱི་རྩ་བའི་ཞལ་ཅུང་ཟད་ཁྲོ་ཞིང་འཛུམ་པ། གཡས་ཕག་ཞལ་སྔོན་མོ་ཁྲོ་ཞིང་གྱེན་དུ་གཟིགས་པ། ཞལ་གཉིས་ཀའང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང་དབུ་སྐྲ་ནག་པོ་ཅུང་ཟད་ལི་པ་སིལ་བུར་གྲོལ་ཞིང་ཐུར་དུ་འཕྱངས་པས་སྐེད་པར་སླེབས་པ། ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། རྡོ་རྗེའི་ཁ་ཊྭཱཾ་ག་དཀར་པོ་དར་དཔྱངས་དང་བཅས་པ་མཆན་ཁུང་གཡོན་ན་
འཆང་བ། རྡོ་རྗེ་ནག་པོའི་ཕྲེང་བ་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རྒྱུ་མས་སྦྲེལ་བའི་མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། སྐུ་གཅེར་མོ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། ནུ་མ་རྒྱས་པ། ཞབས་གཡོན་བརྐྱངས་པའི་བྲང་གིས་གདན་ལ་མནན་ཅིང༌། གཡས་བསྐུམས་པའི་སོར་མོ་གཡོན་གྱི་པདྨ་ལ་གཏད་པའི་རོལ་པས་བཞུགས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། གཡས་སུ་ཆོས་འབྱུང་དམར་སེར་གྲུ་གསུམ་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་ཟླ་བ་དང་ཉི་མའི་སྟེང་དུ། དབུས་སུ་སངས་རྒྱས་མཁའ་འགྲོ་མ་དམར་སེར་དུས་མཚན་མ་དམར་མོའི་སྟེང་ན་ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། ཕྱག་གཡས་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་པ། གཡོན་ཐོད་པ་དང༌། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་དཀར་པོས་མཚན་པ། གཙོ་མོའི་གཡོན་དུ་རབ་བསྔགས་མ་ལྗང་གུ་ཞབས་གཡོན་བརྐྱང་གཡས་བསྐུམ་པ། ཕྱག་གཡས་ཐོད་པ་དང་གཡོན་གྲི་གུག་འཛིན་པ། གཡས་སུ་རྣམ་སྣང་མ་སེར་མོ་ཞབས་གཡས་བརྐྱང་གཡོན་བསྐུམ་པ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གསུམ་ཀའང་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་པ། གཅེར་མོ་དབུ་སྐྲ་གྲོལ་བ། ཞལ་ཅུང་ཟད་ཁྲོ་ཞིང་འཛུམ་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། གཡོན་དུ་ཆོས་འབྱུང་དམར་པོ་གྲུ་གསུམ་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་རྡོ་རྗེ་ཕག་མོ་དོན་གྲུབ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕག་ཞལ་ཁྲོས་པ། ལྗགས་འདྲིལ་ཞིང་ཁྲོ་གཉེར་བསྡུས་པ། ཕྱག་བཞིའི་གཡས་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་གཉིས་ན་ཐོད་ཁྲག་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གྲུ་མོ་
ན་ཁ་ཊྭཱཾ་ག་བསྣམས་པ། མི་མགོ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་དོར་སྟབས་ཀྱིས་བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་གདུག་པ་ཅན་རྣམས་ཀྱིས་བཟོད་པར་དཀའ་བའི་གད་རྒྱངས་སྒྲོག་ཅིང་བཞུགས་པ་སྟེ། མདོར་ན་རྡོ་རྗེ་ཕག་མོ་ཞལ་གཉིས་མ་དང༌། སངས་རྒྱས་མཁའ་འགྲོ་གཙོ་འཁོར་གསུམ་དང༌། དོན་གྲུབ་མ་དང་བཅས་པའི་དཀྱིལ་འཁོར་རྣམས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་མངོན་གསུམ་དུ་གཟིགས་པའི་ཐུགས་མོས་མཛོད། དེས་དཀྱིལ་འཁོར་གྱི་རྣམ་པ་དང་ལྷའི་མངོན་པར་རྟོགས་པ་བསྟན་ནས་དེ་ཁོ་ན་ཉིད་བསྟན་པ་ལ་གསུམ་ལས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཆོས་འབྱུང་ནི་དུག་གསུམ་གྱི་ཆོས་ཉིད། བདུད་རྩིའི་ནང་གི་ཆོས་འབྱུང་ནི་ཁམས་གསུམ་གྱི་དེ་བཞིན་ཉིད། མེ་ལོང་གི་ཆོས་འབྱུང་ནི་སྐུ་གསུམ་གྱི་ཡེ་ཤེས་མཚོན་ནོ། །དགའ་བ་འཁྱིལ་པ་ནི་ཆོས་ཉིད་མི་འགྱུར་བ། བཞི་ནི་དགའ་བ་བཞི། ཡིག་འབྲུ་རྣམས་སྐུ་གསུང་ཐུགས་གཅིག་ཏུ་འདུས་པ། ཟུར་གསུམ་ནི་རྣམ་ཐར་གསུམ། ནང་སྟོང་པ་ཉིད་སྤྲོས་བྲལ། དམར་བ་ནི་སྙིང་རྗེ། རྩ་བ་ཕྲ་བ་ནི་ཉོན་མོངས་སྤངས་པ། གདེངས་ཀ་ཆེ་བ་ནི་ཡེ་ཤེས་དང༌། ཡོན་ཏན་རྒྱས་པ་མཚོན་ཅིང༌། དོན་གྲུབ་མའི་དཀྱིལ་འཁོར་གྱི་རྡོ་རྗེ་རྒྱ་གྲམ་བཞིས་ཕྲིན་ལས་རྣམ་པ་བཞི་མཚོན་ནོ། །སློབ་དཔོན་གྱི་དེ་ཁོ་ན་ཉིད་ནི། སློབ་དཔོན་རྡོ་རྗེ་ཕག་མོར་བསྒོམས་ལ་མོས་གུས་དུང་དུང་པ་བྱོས་ཤིག ལྷའི་དེ་ཁོ་ན་ཉིད་ནི། དབུས་ཀྱི་ཕག་མོ་ཞལ་གཉིས་མའི་ཕག་ཞལ་དོན་དམ་རྟོག་མེད་མཚོན། གྲི་གུག་ཤེས་རབ་སྟོང་ཉིད། ཐོད་པ་ཐབས་བདེ་ཆེན། ཞབས་གཡོན་བརྐྱང་བ་སྙིང་རྗེས་མྱང་འདས་ལ་མི་གནས་པ། གཡས་བསྐུམ་པ་ཤེས་པས་འཁོར་བ་ལ་མི་གནས་པ། ཁྱད་པར་སངས་རྒྱས་མཁའ་འགྲོའི་སྐུའི་རྣམ་འགྱུར་རྩ་གསུམ་བཅད་པ་དུག་གསུམ་གཅོད་པ། ལྷ་གསུམ་ནི་སྐུ་གསུམ། དོན་གྲུབ་མའི་ཕག་ཞལ་ནི་
རྟོག་མེད་དེ་བཞིན་ཉིད་དུ་ཆོས་ཐམས་ཅད་རོ་གཅིག་པ་དང༌། ཕྱག་བཞིས་ལས་བཞི་སྒྲུབ་ཅིང༌། སྐུ་བཞི་འགྲུབ་པ་མཚོན་པ་སྟེ། མདོར་ན་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་བདག་ཉིད་ཡིན་ནོ། །དེས་འཇུག་པའི་རིམ་པ་རྣམས་སོང་ནས། ཞུགས་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྣལ་འབྱོར་མ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལ་དེང་སྩོལ་གཅིག །ཅེས་གསོལ་བ་བཏབ་ནས་ཐོག་མར་བུམ་དབང་གི་སླད་དུ་ཐུགས་དམིགས་འདི་བཞིན་དུ་གནང་བར་ཞུ། ཁྱེད་རང་རྣམས་སིནྡྷཱུ་རའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཆོས་འབྱུང་གི་ནང་དུ་རིན་པོ་ཆེའི་ཁྲིའི་སྟེང་དུ་སྐད་ཅིག་གིས་རྡོ་རྗེ་ཕག་མོ་ཞལ་གཉིས་མར་གསལ་བའི་སྟེང་དུ་གདུགས། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། མཐའ་སྐོར་ཀུན་ཏུ་མཆོད་པའི་ཕྲེང་བས་བསྐོར་བར་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ དེ་རྣམས་དང་སློབ་དཔོན་ལྷན་ཅིག་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་ཀྱིས་མངའ་གསོལ་བར་མོས་པ་མཛོད། ཕུན་གསུམ་ཚོགས་པ་མངའ་བ་སོགས་བརྗོད་ཅིང་མེ་ཏོག་གཏོར། སླར་ཡང་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་«་་་་་གློ་བོ་མཁན་ཆེན་པའི་ཐོ་ཡིག་ཏུ་གསོལ་འདེབས་སྔོན་ལ་མཛད། དེ་ནས་བཀྲ་ཤིས་དང་ཆུ་དབང་བྱ་བར་གསུངས།» གསོལ། ཞེས་གསོལ་བ་བཏབ་པས་སྐུར་བྱེད་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བར་ཐོགས་ཏེ་
དབང་བསྐུར་བར་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང༌། ཇི་ལྟར་བལྟམས་པ་སོགས་ནས། བདག་གིས་དབང་བསྐུར་རོ་ཞེས་དང༌། ཨོཾ་གསུམ་མ་བརྗོད། བུམ་ཆུ་སྦྱིན། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་རྩེ་ལྔ་པ་རྫོགས་པ་རེས་དབུར་བརྒྱན། སླར་ཡང་ཁྱེད་རང་རྣམས་སྐད་ཅིག་གིས་དབང་སྟེགས་ཀྱི་སྟེང་དུ་རྡོ་རྗེ་ཕག་མོ་དབུ་བཅད་མར་གྱུར་པ་ལ་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པའི་ཆུས་དབང་བསྐུར་བར་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ཅེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། སླར་ཡང་ཁྱེད་རང་རྣམས་སྐད་ཅིག་གིས་དབང་སྟེགས་ཀྱི་སྟེང་དུ་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྐུར་གྱུར་པ་ལ་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པའི་ཆུས་དབང་བསྐུར་བར་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་བཛྲ་ཝ་རཱ་ཧཱི་ཨཱ་ཝེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱ།«་་་་་སྤྲོ་ན་སྔགས་འདི་རྣམས་སོ་སོའི་མཐར་ཁྲུས་སྔགས་དང༌། སྒོ་མཚམས་མ་བརྒྱད་ཀྱི་སྔགས་ཀྱང་བརྗོད་པར་གསུངས།» ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྣ་ཚོགས་རྡོ་རྗེས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པའི་ཐུགས་མོས་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་ལྟར་ན་བུམ་པའི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་
མཛོད། དེ་ནས་གསང་བའི་དབང་གི་སླད་དུ། མདུན་གྱི་སིནྡྷུ་རའི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པའི་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་བྷ་ག་ནས་བྱང་སེམས་དཀར་དམར་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། རང་རང་གི་མཎྜལ་གྱི་འོག་གི་ཐོད་པའི་བདུད་རྩི་དང་འདྲེས་པ་དེ་ཉིད་སློབ་དཔོན་གྱིས་རིམ་པར་བླངས་ཏེ་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་བཞག་པར་མོས་པ་མཛོད། ཅེས་བརྗོད་ལ་ཨོཾ་གསུམ་མ་དང༌། སརྦ་བུདྡྷ་དང༌། བཛྲ་ཝ་རཱ་ཧཱི་སྟེ་ལྷ་སོ་སོའི་སྔགས་ལན་གསུམ་བརྗོད་པས་མཉམ་དུ་བྱིན་གྱིས་བརླབས་ནས་དབུས་ཀྱི་ཐོད་ཆང་བླངས་ཏེ། ཨོཾ་གསུམ་མ་དང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བརྗོད་ཅིང་བདུད་རྩི་ལག་གཡོན་པར་སྦྱིན། གཡས་ཀྱི་ཐོད་ཆང་བླངས་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ཅེས་པས་སྦྱིན། གཡོན་པའི་ཐོད་ཆང་བླངས་ཏེ། ཨོཾ་བཛྲ་ཝ་རཱ་ཧཱི་ཨཱ་ཝེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱས་སྦྱིན་ལ་མཐར། ཞེས་བྱིན་པའི་བདུད་རྩི་དེ་རྣམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ནས་མགྲིན་པར་མྱངས་པས་ལུས་ཐམས་ཅད་ལ་ཁྱབ་སྟེ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རགས་རིམ་འགགས་ནས་གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པའི་མོས་པ་མཛོད། དེ་ལྟར་ན་གསང་བའི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ། ངག་གི་དྲི་མ་དག ལམ་ཙཎྜ་ལཱིའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་མཛོད། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། མདུན་གྱི་རྡོ་རྗེ་ཕག་མོ་རིགས་གསུམ་གྱི་སིནྡྷཱུ་རའི་དཀྱིལ་འཁོར་ནས་སློབ་དཔོན་གྱི་སྲིན་ལག་གཡས་པས་རིམ་པར་བླངས་པའི་རྡུལ་དེ་
ཉིད། ཁྱེད་རང་རྣམས་ཀྱི་སྲིན་ལག་གཡོན་པར་བྱིན་ཏེ་ལྟེ་བར་བྱུགས་པས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་ལས་རང་འདྲ་གཉིས་པ་རེ་བྱུང༌། ལྟེ་བའི་བྃ་ལ་ཐིམ་པས་བདེ་སྟོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པར་མོས་པ་མཛོད། ཅེས་བརྡ་སྤྲད་ལ། དབུས་ཀྱི་དཀྱིལ་འཁོར་གྱི་སིནྡྷུ་ར་ནས་བླངས་ཏེ་ཨོཾ་གསུམ་མའི་སྔགས་དང་བཅས་རིམ་པར་སྦྱིན། དེ་བཞིན་དུ་གཡས་ཀྱི་སིནྡྷུ་ར་ནས་བླངས་ཏེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་སྦྱིན། ཡང་གཡོན་གྱི་སིནྡྷུ་ར་ནས་བླངས་ཏེ། ཨོཾ་བཛྲ་ཝ་རཱ་ཧཱི་ཨཱ་ཝེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱ། ཞེས་བརྗོད་ཅིང་བྱིན་པའི་མཐར། དེང་ནས་བརྩམས་ཏེ་ཕྱི་དང་ནང་གི་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པ་དང་འབྲལ་བར་མ་བྱེད་ཅིག ཅེས་གདམས་ཡང་སློབ་མའི་དཔྲལ་བར་སིནྡྷུ་ར་ཕལ་པས་ཐིག་ལེ་བྱས་ཏེ། དེང་ནས་བརྩམས་ཏེ་བླ་མ་དང་འབྲལ་བར་མ་བྱེད་ཅིག ཅེས་བརྗོད། སླར་ཡང་སིནྡྷུ་རའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ལུས་ངག་ཡིད་གསུམ་བདེ་སྟོང་ཟུང་འཇུག་ཏུ་སྒོམས་ཤིག ཅེས་གདམས། དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ། ཡིད་ཀྱི་དྲི་མ་དག ལམ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་མཛོད། དབང་བཞི་པའི་སླད་དུ། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །ཞེས་གསུངས་ཏེ་དེའི་དོན་ནི། ཁྱེད་རང་རྣམས་ཀྱིས་སྔར་དབང་གསུམ་པའི་སྐབས་ཀྱི་ཉམས་སུ་མྱོང་བ་དེའི་ངོ་བོ་ལ་བལྟས་པའི་ཚེ་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་གསལ་རིག་ཏུ་ཉམས་སུ་མྱོང་བ་ཙམ་ལས་དོན་དམ་པར་སྤྲོས་པའི་མཚན་མ་རྡུལ་ཙམ་ཡང་མ་དམིགས་པའི་ཕྱིར། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་
དེ་ལྟ་བུའི་རང་བཞིན་ལས་མ་འདས་པར་ཤེས་པར་བྱས་ལ་སྤྲོས་བྲལ་འཛིན་མེད་ནམ་མཁའ་ལྟ་བུའི་ངང་དུ་བློ་ལྷོད་ཀྱིས་ཀློད་ལ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེ་ལྟར་ན་བཞི་པའི་དབང་བསྐུར་བ་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་མཛོད། དེས་བྱིན་རླབས་ཀྱི་དངོས་གཞི་གྲུབ་ནས་མཐའ་རྟེན་ལ་རྗེས་སུ་གནང་བ་དྲུག་ཡོད་པ་ལས། དང་པོ་ལྷ་བསྒོམ་པའི་རྗེས་སུ་གནང་བ་ནི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་རྡོ་རྗེ་ཕག་མོ་ཞལ་གཉིས་མ་དང༌། དབུ་བཅད་མ་དང༌། དོན་གྲུབ་མ་རྣམས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་ཉིན་ཞག་རེ་ལ་ཐུན་བཞིའམ་གསུམ་ལ་སོགས་པ་བསྒོམ་པར་གྱིས་ཤིག ཅེས་བརྗོད། གཉིས་པ་གསུང་བཟླས་པའི་རྗེས་གནང་གི་སླད་དུ། སློབ་དཔོན་རྡོ་རྗེ་ཕག་མོར་གསལ་བའི་ལྟེ་བ་ནས་སྔགས་ཕྲེང་རྣམས་རིམ་པར་ཕྱུང་སྟེ། ཁྱེད་རང་རྣམས་ཕག་མོར་གསལ་བའི་ལྟེ་བར་ཐིམ་པས་སྔགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ནས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་གསུང་བར་ཞུ། ཨོཾ་གསུམ་མ་ལན་གསུམ་དང༌། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭ་ཧཱ། ལན་གསུམ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ལན་གསུམ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ལན་གསུམ། ཨོཾ་བཛྲ་ཝ་རཱ་ཧཱི་ཨཱ་ཝེ་ཤ་ས་མ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱ། ལན་གསུམ། དེ་ལྟར་ལན་གསུམ་རེ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ལ་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །སློབ་དཔོན་གྱིས་ཀྱང་ཁྱེད་རང་རྣམས་ཀྱིས་ཕུལ་
བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཞག་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འཇུག་པར་མཛད་དུ་གསོལ། །ཞེས་བརྗོད་ཅིང་མེ་ཏོག་སྤྱི་བོར་བཞག དེང་ཕྱིན་ཆད་སྔགས་བཟླ་བ་ལ་བརྩོན་པར་གྱིས་ཤིག ཅེས་གདམས། གསུམ་པ་ལྷ་མཆོད་པའི་རྗེས་གནང་གི་སླད་དུ། ཐོག་མར་ཁྱེད་རང་རྣམས་ཀྱིས་སློབ་དཔོན་དཀྱིལ་འཁོར་བ་དང་བཅས་པ་ལ་ཡིད་ལས་བྱུང་བའི་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔ་སྔགས་དང་ཕྱག་རྒྱ་བཅས་ཏེ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝ་རཱ་ཧཱི་མཎྜ་ལ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པ་ནས། ནཻ་ཝི་དྱའི་བར་སྔགས་རྒྱ་སྦྲགས་པས་འབུལ་དུ་གཞུག མཐར་སློབ་དཔོན་གྱིས། དེ་ནས་རྗེས་སུ་གནང་བ་དངོས་ནི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་རྣལ་འབྱོར་མ་དཔལ་མཆོད། །དེང་ཕྱིན་ཆད་ལྷ་དང་བླ་མ་མཆོད་པ་ལ་བརྩོན་པར་གྱིས་ཤིག ཅེས་བརྗོད། བཞི་པ་སྤྱོད་པའི་རྗེས་གནང་ཡང་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །དེང་ཕྱིན་ཆད་ལས་དང་པོ་པ་ལ་སོགས་པ་རང་རང་གི་རྟོགས་པ་དང་མཐུན་པའི་ལས་གྱིས་ཤིག ཅེས་བརྗོད། ལྔ་པ་གཞན་དོན་བྱ་བའི་རྗེས་གནང་ནི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བཅས་ཤིང༌། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །དེང་ཕྱིན་ཆད་འདི་ལྟ་བུའི་བྱིན་རླབས་དང་གདམས་པ་ལ་སོགས་པ་སྐལ་ལྡན་རྣམས་ལ་བྱིན་ཏེ་
ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གྱིས་ཤིག ཅེས་བརྗོད་པ་ཙམ་མམ། སྤྲོ་ན་དུང་པུསྟི་འཁོར་ལོ་སོགས་གཏད་ནས་ཆོས་བཤད་ཀྱི་རྗེས་གནང་སྤྱི་ལྟར་བྱས་ཀྱང་འགལ་བ་མེད་པར་གསུངས། དྲུག་པ་སྲུང་བའི་རྗེས་གནང་ནི། དཔུང་སྐུད་དམར་པོ་སློབ་མ་ཕོ་གཡས་མོ་གཡོན་གྱི་ལག་པར་ཉིས་སྐོར་དུ་བཅིངས་ཏེ་མདུད་པའི་སྟེང་དུ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་བཞག་ནས་ཨོཾ་སུམྦྷ་སོགས་བརྗོད། ཁྱེད་རང་རྣམས་ཀྱི་ལྟེ་བ་ལ་སོགས་པའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྂ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡྂ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲཱིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀའི་ངོ་བོར་གྱུར་པའི་མོས་པ་དང་བཅས། ཕྱག་གཡོན་པའི་སེ་གོལ་ཕྱོགས་བཞིར་གཏོགས་པས་སྔགས་འདིའི་རྗེས་ཟློས་ཀྱང་མཛད་པར་ཞུ། ཨོཾ་སུམྦྷ་སོགས་བརྗོད། དེས་བྱིན་རླབས་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས་དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཞལ་གྱིས་བཞེས་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། བྱིན་རླབས་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་རྣམས་ཀྱི་སྒོ་ནས་དཔྱལ་ལུགས་རྡོ་རྗེ་ཕག་མོ་སྐོར་གསུམ་དུ་གྲགས་པའི་བྱིན་རླབས་ཟབ་མོ་ལེགས་པར་གསན་པ་ཡིན་པས་འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་རྗེས་ནི། ཐུན་མོང་དུ་མཆོད་
པ་རྣམས་ཁ་གསོ་བསང་སྦྱང་བྱིན་རླབས། ཕྱི་ནང་གི་མཆོད་པ། བསྟོད་པ། འདོད་དོན་གསོལ་གདབ་རྣམས་སྔར་བཞིན་བྱ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱི་རྗེས་སུ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སོགས་ནས། བཛྲ་མུཿ སིནྡྷུ་རའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་དང༌། བུམ་ནང་གི་ཡེ་ཤེས་པ་དང༌། གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་ཛཿཧཱུྃ་བཾ་ཧོཿ རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ལྟེ་བར་ཨོཾ་བྂ་དམར་མོ་རྡོ་རྗེ་ཕག་མོ་ནས། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀའི་ངོ་བོ་ཞེས་པའི་བར་གྱིས་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས་ཞེས་སོགས་བསྔོ་སྨོན་དང༌། ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པའི་ཤིས་པ་བརྗོད་པ་ཅི་རིགས་པ་དང་བཅས་མེ་ཏོག་གི་ཆར་སིལ་མར་དབབ་པ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱའོ། །སླར་སྨྲས་པ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་མཆོག །དཔལ་ལྡན་རྡོ་རྗེ་སེམས་དཔའ་ངུར་སྨྲིག་ཟོལ། །མཁན་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གི །ནོར་བུའི་ཅོད་པན་སྤྱི་བོར་བཅིངས་པ་ལས། །རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་བཙུན་མོ་ནི། །རིགས་གསུམ་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། །ཤིན་ཏུ་གསལ་ཞིང་གོ་སླའི་ངག་ཚིག་གིས། །དོན་མཐུན་རྣ་བར་ཀུན་དགའི་ངལ་འཚོ་བྱིན། །དེ་ལས་བྱུང་བའི་དགེ་ཚོགས་དྲི་མེད་པ། །སྤྲིན་བྲལ་ཉིན་མོར་བྱེད་པའི་འཛུམ་དཀར་གྱིས། །ལུས་ཅན་སྙིང་གི་མུན་པ་ཀུན་བསལ་ནས། །ཟུང་འཇུག་གྲུབ་པའི་ཨུཏྤལ་རྒྱས་གྱུར་ཅིག །དེ་ལྟར་དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་རྒྱན་ཅེས་བྱ་བ་འདིའང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁན་ཆེན་རྡོ་རྗེ་འཆང་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་བྱམས་པ་ཀུན་
དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བཀའི་ཅོད་པན་སྤྱི་བོར་བཅིངས་པ་ལ་བརྟེན་ནས། རྗེ་བཙུན་བླ་མ་དེ་ཉིད་ཀྱི་ཞབས་པད་ལ་ཡན་ལག་མཆོག་གིས་བཏུད་པའི་བཀའ་འབངས་ཀྱི་ཐ་ཤལ་སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་ཐོ་ཡིག་དང༌། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་སོགས་ཀྱི་ཡིག་ཆ་རྣམས་ལ་ལེགས་པར་དཔྱད་དེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའི་ཡི་གེ་པ་ནི་ཤཱི་ལ་སཱ་ག་རས་བགྱིས་པའི་དགེ་བས་དཔལ་ལྡན་བླ་མ་དམ་པའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་དུ་དགའ་བས་རྩེན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །འདིའི་བྱིན་རླབས་ཀྱི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། རྒྱལ་ཡུམ་རྡོ་རྗེ་ཕག་མོ། ལྕམ་ལེགས་སྨིན་ཀ་ར། བྲམ་ཟེ་བིརྺ་པ། ཨ་བ་དྷཱུ་ཏཱི་པ། ལྡོང་ངར་བ་ཏིང་འཛིན་རྡོ་རྗེ། བསོད་སྙོམས་པ་ཆུང་བ་ཏིང་འཛིན་བཟང་པོ། བལ་པོ་བྷ་ལེནྡྲ་རུ་ཙི། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ། ཟང་སྟོན་ཨཱ་ཙཱརྻ། གཙང་ཡང་དག་རྡོ་རྗེ། དབུས་པ་ཤེས་རབ་རྡོ་རྗེ། ལྕེ་མདོ་སྡེ་སེང་གེ གྲུ་ཤཱཀྱ་འབུམ། ལྕེ་བློ་ལྡན་སེང་གེ ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་དགའ་བ་གདོང་པ་ཆོས་རྒྱལ་དཔལ་བཟང༌། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། རྗེ་བཙུན་རྡོ་རིངས་པ་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག གྲུབ་མཆོག་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། སྔགས་འཆང་ཀུན་དཀའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ།
གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། སྡོམ་བརྩོན་ཐོགས་མེད་ཆོས་འཕེལ། ཡོངས་འཛིན་བློ་གྲོས་རྒྱ་མཚོ། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེས་བདག་ཅག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ།། །།དགེའོ།། །།
འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས།
འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨཱརྻ་ཏཱ་རཱ་ཡཻ། མཆོག་དང་ཐུན་མོང་འདོད་དགུའི་གྲུ་ཆར་ནི། །ཐུགས་རྗེའི་སྤྲིན་ལས་རྩོལ་མེད་འཇོ་བ་ཡིས། །རྟག་ཏུ་ཕོངས་པ་ཀུན་གྱི་གདུང་སེལ་མ། །རྗེ་བཙུན་སྒྲོལ་མའི་ཞབས་པད་གཙུག་ཏུ་མཆོད། །རྨད་བྱུང་སློབ་དཔོན་འཕགས་མའི་སྲས། །བླ་མའི་ཞབས་ཀྱི་རིམ་པ་ལས། །སྐལ་བཟང་དཔྱིད་དུ་ལེགས་འོངས་པ། །ངོ་མཚར་སྒྲུབ་ཐབས་གསལ་བར་འཆད། དེ་ལ་གྲུབ་པའི་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ལས་འབྱུང་བ་བཀྲ་ཤིས་ཤིང་དོན་ཀུན་འགྲུབ་པར་བྱེད་པའི་སྒྲོལ་མ་རྣལ་འབྱོར་དུ་བྱེད་པར་འདོད་པའི་སྒྲུབ་པ་པོ་བླ་མ་ལས་རྗེས་སུ་གནང་བ་ཐོབ་ཅིང་བརྟུལ་ཞུགས་ལ་གནས་པས། དབེན་ཞིང་ཡིད་དུ་འོང་བའི་གནས་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པར་མཎྜལ་གཏོར་མཆོད་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱས་ལ། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། རང་གི་སྙིང་གར་པད་ཟླ་ལ་གནས་པའི་མྃ་ཡིག་སེར་པོའི་འོད་ཟེར་གྱིས། འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སླར་
ཡང་སྙིང་གའི་ས་བོན་གྱི་འོད་ཟེར་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་མཆོད། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི་སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག་ཅེས་པའི་བར་གྱིས་བདུན་རྣམ་དག་བྱས་ལ་ཚོགས་ཞིང་མི་དམིགས་པར་བཞག སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྤྱི་ལྟར་བསྒོམ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱ་ཎཱ་སྭཱ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་མྃ་ཡིག་སེར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་སྒྲོལ་མའི་གོ་འཕང་ལ་བཀོད། སངས་རྒྱས་ཐམས་ཅད་མཉེས་པར་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཀྲ་ཤིས་ཤིང་དོན་ཀུན་འགྲུབ་པར་བྱེད་པའི་སྒྲོལ་མ་སྐུ་མདོག་དང་རྩ་ཞལ་གསེར་གྱི་ཁ་དོག་ཅན། གཡས་ཞལ་དཀར་བ། རྒྱབ་ཞལ་སྔོ་བ། གཡོན་ཞལ་དམར་པོ་རྣམས་ཡིད་
འོང་འཛུམ་པའི་མདངས་ཅན། ཕྱག་བརྒྱད་ཀྱི་གཡས་དང་པོས་ནོར་བུས་མཚན་པའི་རྒྱལ་མཚན་བསྣམས་པ། གཉིས་པ་ན་འཁོར་ལོ། གསུམ་པ་ན་པདྨ་དམར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ། བཞི་པ་ན་དུང་བསྣམས་པ། གཡོན་གྱི་དང་པོ་ན་བུམ་པ། གཉིས་པ་ན་དཔལ་གྱི་བེའུ། གསུམ་པ་ན་ཉ། བཞི་པ་ན་གདུགས་བསྣམས་ཤིང་བཀྲ་ཤིས་པར་མཛད་པ། ལྷའི་གོས་སྣ་ཚོགས་པས་སྟོད་གཡོགས་དང་ཤམ་ཐབས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དོ་ཤལ་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པའི་ཐུགས་ཀར་ཟླ་བ་ལ་མྃ་ཡིག་སེར་པོའོ། །ལག་པ་གཉིས་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོའི་སེན་མོ་བཀབ་ལ་སྲིན་ལག་ནང་དུ་བཅུག་སྟེ་མཐེ་བོང་མནན་པ་ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱ་བཅས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་དཀར་པོས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿདམར་པོས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་སྔོན་པོས་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། རྟག་པ། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱིས་མཚན་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་ཡེ་ཤེས་པ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་གྱེན་ཏུ་འཁྱིལ་པ་ལས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་གྱུར། ཨོཾ་ཨཱརྻ་ཏཱ་
རཱ་མངྒ་ལ་སརྦ་ཨརྠ་སཱ་དྷ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ་སྦྱར་ཏེ། པཱ་དྱཾ྄། པུཥྤེ་ཨཱཿཧཱུྃ་སོགས། ཤབྡའི་བར་གྱིས་མཆོད། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མྃ་ཡིག་སེར་པོའི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ་ཞེས་པའི་སྔགས་ཕྲེང་ཁ་དོག་སེར་པོ་གསེར་བཙོ་མ་ལྟ་བུས་བསྐོར་ལ། དེ་ལས་ལྷ་སྐུ་དང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཏེ། བཀྲ་ཤིས་པའི་དོན་ཐམས་ཅད་ཡོངས་སུ་བསྒྲུབས་ཤིང་དངོས་གྲུབ་མཐའ་དག་ཐོགས་མེད་དུ་འགྲུབ་པར་གྱུར། ཅེས་པའི་སྤྲོ་བསྡུ་ཡུན་རིང་དུ་བསྒོམ། དེས་སྐྱོ་ན་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ཞུ་རང་ལ་ཐིམ། རང་ཡང་ཐུགས་ཀའི་ས་བོན་དང་ནཱ་ད་ཤིན་ཏུ་ཕྲ་བའི་བར་འདུས་ཏེ་དེ་ལ་སེམས་འཛིན། ནཱ་དའང་སྟོང་ཉིད་དུ་ཡལ་བའི་རྣམ་པར་མི་རྟོག་པའི་ངང་ལ་ཅི་གནས་མཉམ་པར་བཞག་པ་ལ་ཡང་ཡང་བསླབ། དེས་ཀྱང་སྐྱོ་ན་ངག་བཟླས་བྱ་བ་ནི་སྤྲོ་བསྡུའི་དམིགས་པ་གོང་ལྟར་གསལ་བཏབ་ལ་ཡི་གེ་བཅུ་གཅིག་པ་ཅི་ནུས་སུ་བཟླའོ། །བསྙེན་པའི་ཚད་དང་ཕན་ཡོན་ནི་རྒྱ་གཞུང་ལས། འབུམ་ཕྲག་བཞིའམ་འོན་ཏེ་དྲུག །འབུམ་ཕྲག་བཅུ་ཡིས་ལས་ཀུན་འགྲུབ། །རྣལ་འབྱོར་པ་ནི་གང་ཞིག་གིས། །འདི་དོན་ཉམས་སུ་གང་ལེན་པ། །ཐོག་མ་ཐ་མ་མེད་ཞི་བའི། །སྒྲོལ་མ་ཡུམ་མཆོག་ཉིད་གྱུར་ནས། །དངོས་གྲུབ་གཉིས་སོགས་འཐོབ་འགྱུར་ཏེ། །ཡོན་ཏན་དཔག་མེད་འབྱུང་བར་གསུངས། །ཞེས་བཤད་དོ། །ཐུན་འཇོག་པ་ན། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་རིམ་པར་འོད་དུ་ཞུ་སྟེ་ཐུགས་ཀའི་ས་
བོན་ལ་ཐིམ། ས་བོན་མས་རིམ་གྱིས་ནཱ་དའི་བར་དུ་འདུས། དེའང་མི་དམིགས་པར་ཐིམ། དེ་ལས་ལྡང་བ་ན། སླར་རང་ཉིད་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་སོགས་དགེ་བསྔོ་བྱའོ། །ཐུན་མཐར་གཏོར་མ་འབུལ་བར་སྤྲོ་ན་བསང་སྦྱང༌། སྟོང་པའི་ངང་ལས། གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལན་གསུམ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་དང༌། སྤྲུལ་པའི་བཞུགས་གནས་ལྷོ་ཕྱོགས་གྲུ་འཛིན་གྱི་རི་བོ་ནས་རྗེ་བཙུན་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཡི་གེ་བཅུ་གཅིག་པ་ལ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་བདུན་དང༌། ཨ་ཀཱ་རོ་ལན་གསུམ་གྱིས་གཙོ་འཁོར་སོ་སོར་འབུལ། མཆོད་བསྟོད་མདོར་བསྡུས་དང༌། བཅོམ་ལྡན་སྒྲོལ་མ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ་སོགས་ཀྱིས་ཕྲིན་ལས་ཞུ། རྒྱལ་བ་འབྲོམ་རིན་པོ་ཆེས་མཛད་པར་གྲགས་པ། །འཕགས་མ་སྒྲོལ་མ་དབང་ཕྱུག་མ། །ཆོས་ཀྱི་དབྱིངས་ལས་སྐུ་ཕྱུང་ལ། །སྲིད་གསུམ་འགྲོ་ལ་ཐུགས་རྗེས་ཟུངས། །མ་ལྟར་བྱམས་མཛད་ལྷ་མོ་ཁྱོད། །ཚེ་རབས་གོང་ནས་བདག་གི་ལྷ། །བདག་ཉིད་སྒོ་གསུམ་དད་པ་ཡིས། །ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །གསེར་གྱི་མདངས་ཅན་ཡིད་འོང་མས། །ཉོན་མོངས་གདུང་བས་ཉམ་ཐག་པའི། །མི་ཟད་ཚ་གདུང་བསལ་དུ་གསོལ། །པདྨའི་ཞབས་གདན་དཔའ་
གཅིག་མོ། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །མ་རིག་མུན་པར་རབ་འཐུམས་པའི། །མི་ཤེས་དྲྭ་བ་བཅད་དུ་གསོལ། །དཔལ་ལྡན་མ་གཅིག་ལྷ་ཡི་ལྷ། །རིན་ཆེན་དུ་མའི་དོ་ཤལ་ཅན། །མཚན་དང་དཔེ་བྱད་དཔལ་འབར་མ། །འཕགས་མ་སྒྲོལ་མ་ཁྱོད་ལ་འདུད། །བདག་ནི་ཐོག་མེད་དུས་རིང་ནས། །ལས་ཀྱི་རླུང་གིས་རབ་བདས་ཤིང༌། །ངན་འགྲོ་མུ་མཐའ་མེད་འཁྱམས་ཏེ། །བློ་མིག་མུན་པས་བསྒྲིབས་ལགས་ན། །ད་ནི་འཕགས་མ་ཐུགས་རྗེ་ཅན། །བདག་ཅག་རྣམས་ཀྱི་མིག་མཛད་ལ། །ཡོང་ཡེ་དེ་འདྲའི་སྡུག་བསྔལ་ལས། །སྐྱོབ་པར་མཛོད་ཅིག་སྐྱབས་གཅིག་མ། །དེང་ནས་བརྩམས་ཏེ་དུས་ཀུན་ཏུ། །གང་དུ་སྐྱེ་དང་སྐྱེ་བ་དེར། །མ་གཅིག་ཁྱེད་དང་མཇལ་བར་ཤོག །ཅེས་པས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་གདབ། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་ཞུགས་བྱ། མེད་ན་བཛྲ་མུཿས་གཤེགས་ལ་བཀྲ་ཤིས་བརྗོད། ཐུན་མཚམས་ཀྱི་བྱ་བ་སོགས་ཆོ་གའི་རིམ་པ་རྒྱས་པ་ལ་དགའ་ན་སྒྲོལ་མའི་སྒྲུབ་ཐབས་རིགས་མཐུན་གཞན་ལྟར་བྱ་ཆོག་པར་གསུངས། འདི་ཉིད་ཀྱི་རྗེས་སུ་གནང་བ་སྦྱིན་པར་འདོད་པས་བདག་བསྐྱེད་ལས་ཁ་སྤོས་ཏེ་མདུན་བུམ་སྒྲུབ་པ་དང༌། རྗེས་གནང་དངོས་ཀྱི་བྱ་བ་རྣམས་ནི་སྒྲོལ་དཀར་གྱི་ཡི་གེ་ཟླ་བ་འདོད་འཇོ་ཉིད་ཁ་སྤོས་པས་ཚང་ལ་མ་འཁྲུལ་བ་འགྲུབ་པ་ཡིན་ནོ།། །།ཉེས་ཚོགས་སྨྲིག་རྒྱུའི་ཕྲེང་བ་བཅོམ་པ་དང༌། །དགེ་ལེགས་མཐོང་ན་དགའ་སྟེར་སྐྱེད་མོས་ཚལ། །གྲུབ་གཉིས་གསེར་གྱི་སྙེ་མས་དུད་བྱེད་པ། །འཕགས་མ་རྫོགས་ལྡན་སྤྲིན་གྱི་བླ་བྲེའི་སྤུན། །སྒྲུབ་ཐབས་རྩ་བའི་གཞུང་གི་རྗེས་འབྲངས་པ། །འདི་བྱས་དགེ་བས་དཔལ་ལྡན་བླ་མའི་ཞབས། །རྟག་བརྟན་མཛད་པའི་ཕྲིན་ལས་མཁའ་མཐར་ཁྱབ། །བསམ་དོན་ལྷུན་གྱིས་གྲུབ་པའི་དཔལ་གྱུར་ཅིག །ཅེས་
པ་འདིའང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དཔལ་དབྱངས་ཀྱི་བཀའ་ལུང་གསེར་གྱི་མེ་ཏོག་གཙུག་ཏུ་བཅིངས་ནས། ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་རྒྱལ་བ་ལྷ་ལས་བབས་པའི་དུས། དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཚེས་བཟང་པོར་རྗེ་བཙུན་ཨེ་ཝཾ་པའི་རིང་ལུགས་དྲི་མ་མེད་པར་འཛིན་པའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།
གྲུབ་ཆེན་དཔལ་འཛིན་པའི་ལུགས་ཀྱི་རྡོ་རྗེ་ཕག་མོ་ཁྲོས་མ་དམར་མོ་ལྷ་གསུམ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
གྲུབ་ཆེན་དཔལ་འཛིན་པའི་ལུགས་ཀྱི་རྡོ་རྗེ་ཕག་མོ་ཁྲོས་མ་དམར་མོ་ལྷ་གསུམ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། ཀྲོ་དྷཱི་བཱ་ར་ཧཱི་བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བདེ་ཆེན་དཀྱིལ་འཁོར་དབུས་ན་ཉིད། །གཙོ་མོ་འཇིག་རྟེན་གསུམ་གྱི་མགོན། །སྟོང་ཉིད་སྙིང་རྗེའི་ཐིག་ལེ་མཆོག །རྡོ་རྗེ་རྣལ་འབྱོར་མ་དཔལ་འདུད། ༡ ཨོཾ་ཨཱཿཧཱུྃ། སྔགས་པས་རེ་ཞིག་ཤིན་ཏུ་ཉམས་དགའི་གནས་འདུག་ལ། ལྟེ་དབུས་འཁོར་ལོ་པདྨ་དཀར་རྒྱས་དྲི་མེད་སྟེང༌། །བདེ་ཆེན་འབྱུང་གནས་རབ་ཏུ་དམར་བའི་དཀྱིལ་འཁོར་བསྒོམ། །དེ་སྟེང་རྒྱལ་བ་ལྷ་མོའི་ས་བོན་ཧྲཱིཿཡིག་བལྟ། ༢ །མེ་ཏོག་སྤོས་སོགས་སྣ་ཚོགས་མཆོད་པ་རབ་འབྱམས་དང༌། །ཐུབ་པ་དགེས་པ་སྐྱེ་བོའི་དོན་སྒྲུབ་ཆོས་ཀྱི་སྒྲས། །མཁའ་ཁྱབ་བྱས་ནས་སླར་འདུས་ཡོངས་གྱུར་འབར་བ་ཡི། །ཡེ་ཤེས་གྲི་གུག་རྡོ་རྗེས་མཚན་པ་གསལ་པོར་གྱུར། ༣ །དེ་ལས་སླར་ཡང་འཕགས་ཚོགས་མཆོད་དང་འགྲོ་བ་ཡི། །དོན་སྒྲུབ་བྱས་འབྱུང་དེ་ཉིད་ཡོངས་གྱུར་ལྷ་མོའི་སྐུ། །དམར་མོ་འཇིགས་ཁྲོས་ཕག་
ཞལ་བགྲད་གདངས་བགྱིང་བག་བརྟན། །གྲི་གུག་ཐོད་འཛིན་མི་མགོའི་ཕྲེང་བས་བརྒྱན་པའོ། ༤ །དེ་རྗེས་དེ་གཡས་གྲགས་སྙན་སྔོན་མོ་སྒེག་ཁྲོས་དང༌། །གཡོན་དུ་རྣམ་སྣང་གསེར་མདོག་གཞོན་ནུ་མ་རངས་ཚུལ། །མེ་ལོང་གཟུགས་ལྟར་རྩེ་གཅིག་བསམས་ནས་འོད་ཟེར་གྱི། །ལྕགས་ཀྱུ་རྣོན་པོས་ཡེ་ཤེས་སེམས་མ་རབ་གཞུག་བྱ། ༥ །དུས་གསུམ་རྒྱལ་བས་ཤིན་ཏུ་བྱིན་བརླབས་དབང་བསྐུར་བ། །བདེ་ཆེན་ཡེ་ཤེས་སྙིང་རྗེ་མཆོག་གི་རོ་མྱང་ཞིང༌། །རྣམ་དག་མཆོད་པས་སྔོན་དུ་མཆོད་ལ་དེ་ཉིད་རྗེས། །རྫས་དང་ཡིད་ཀྱིས་སྣ་ཚོགས་མཆོད་སྤྲིན་རབ་འབྱམས་སྤྲོ། ༦ །མགྲིན་པ་ལག་པ་ལུས་ཀྱི་གནས་རྣམས་བྱིན་རླབས་ཀྱིས། །དག་པར་བྱས་པ་རྣལ་འབྱོར་ཆེན་པོའི་ང་རྒྱལ་ཅན། །དམ་ཚིག་མཆོག་རྫས་ཆང་གི་མཆོད་པ་དང་བཅས་ལ། །དེ་ཡིས་མཉེས་གྱུར་སྙིང་གི་པདྨའི་འདབ་མ་ཡི། ༧ །སྔགས་ཕྲེང་གིས་བསྐོར་སེམས་ཀྱི་ཧྲཱིཿཡིག་བྱེ་རུའི་མདོག །སྙིང་གི་མུན་སེལ་མཁའ་ལ་ཉི་ཤར་གསལ་བ་ལྟར། །བརྩེ་བའི་རླུང་བསྐྱོད་ཡེ་ཤེས་འོད་ཟེར་མེ་
འབར་བས། །འགྲོ་རྣམས་ཀུན་གྱི་ལུས་ངག་ཡིད་ཀྱི་སྡིག་བསྲེགས་ནས། ༨ །སླར་འོང་འོད་ཀྱིས་རང་ཉིད་སྙིང་གི་མུན་པ་དག །དེ་ཡིས་ཉེར་བསྲེགས་དྲི་མ་མ་ལུས་རྣམ་པར་བསལ། །མཐའ་དག་སྣང་ཚོགས་རང་སེམས་དྲི་མེད་བདག་ཉིད་དེ། །དེ་བདག་བདག་ཉིད་མཁའ་ལྟར་སྤྲོས་བྲལ་རྣམ་པར་དབེན། ༩ །དེ་ཉིད་འདིར་ནི་བདེ་ཆེན་ཁྲོ་མོའི་སྐུར་བསྟན་པ། །ཟབ་མོའི་སྤྱོད་ཡུལ་དཔའ་བོ་རྣམས་ཀྱིས་བསྒོམ་པར་བྱ། །ཨོཾ་ཀྲོ་དྷཱི་བུདྡྷ་ཌཱ་ཀི་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཅིག་དང་གསུམ་དང་བཞི། །ལྔ་བཟླས་མ་ཡེངས་ཡིད་ཅན་གྱིས། །བགེགས་སྐྲོད་གྲོང་ཁྱེར་བསྡུ་བ་དང༌། །གྲོང་རྡལ་འཇིག་དང་དོན་ཀུན་སྒྲུབ། ༡༠ །དཔལ་ལྡན་མཁའ་འགྲོ་ལྷ་གསུམ་གྱི། །རྣལ་འབྱོར་ཟབ་མོ་བླ་མའི་བཀའ། །ལེགས་རྙེད་སྔགས་སྒྲུབ་སྔགས་པའི་ཕྱིར། །དཔལ་འཛིན་གྱིས་བྱས་མཆོག་སྒྲུབ་རྒྱུ། ༡༡ །དཔལ་རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ། །ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཆུང་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༈ །ཨོཾ་སྭ་སྟི། རྡོ་རྗེ་རྣལ་འབྱོར་མ་དཔལ་ལ། །བཏུད་ནས་འཇིགས་ཁྲོས་ཕག་མོ་ཡི། །སྒྲུབ་ཐབས་དཔལ་འཛིན་གཞུང་བཞིན་དུ། །སྙིང་པོ་ལས་ཀྱང་སྙིང་པོར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ་ལུས་ངག་ཡིད་གསུམ་དག་པར་གྱུར། ལྟེ་བར་པདྨ་དཀར་པོའི་སྟེང་དུ་ཆོས་འབྱུང་དམར་པོའི་ནང་དུ་རང་སེམས་ཧྲཱིཿཡིག་གི་འཕྲོ་འདུ་ལས། གྲི་གུག་ཧྲཱིཿས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས། རང་ཉིད་རྡོ་རྗེ་ཕག་མོ་དམར་མོ་ཕག་ཞལ་ཅན་ཤིན་ཏུ་ཁྲོས་པ།
གཡས་སུ་སྙན་གྲགས་མ་སྔོན་མོ་སྒེག་ཅིང་ཁྲོས་པ། གཡོན་དུ་རྣམ་སྣང་མ་སེར་མོ་ཅུང་ཟད་ཞི་བ། དེ་གཉིས་ལྷ་ཞལ་ཅན། གསུམ་ཀ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་རོ་གདན་གཅིག་ལ་བཞུགས་པ། ཕྱག་རྒྱ་ལྔ་དང༌། མི་མགོའི་དོ་ཤལ་ཅན། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཕཻཾ་ཞེས་ཡེ་ཤེས་པ་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་བཛྲཱིཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བར་གྱུར། རིགས་བདག་རྒྱས་འདེབས་ནི་མེད་དོ། །ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཤིང་མྱང༌། བདེ་ཆེན་དཀྱིལ་འཁོར་དབུས་མ་ཉིད། །གཙོ་བོ་འཇིག་རྟེན་གསུམ་གྱི་མགོན། །སྟོང་ཉིད་སྙིང་རྗེའི་ཐིག་ལེ་མཆོག །རྡོ་རྗེ་རྣལ་འབྱོར་མ་དཔལ་བསྟོད། །སྙིང་གར་པདྨ་ལ་ས་བོན་སྔགས་ཕྲེང་གསལ་བཏབ། དེ་ལས་མེ་འབར་བས་སྡིག་སྒྲིབ་བསྲེག་པར་བསམས་ལ། ཨོཾ་ཀྲོ་དྷཱི་བུདྡྷ་ཌཱ་ཀི་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླས་ལ་མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ལ་དགེ་བ་བསྔོ། འདིར་གཏོར་ཆོག་ནི། ཐོད་པའི་ནང་དུ་ཟླུམ་གཏོར་ཤས་བརྒྱན་པ་ལ་ཆང་བླུགས་ཏེ། ཐོད་པ་ཁེངས་པ་ཙམ་བྱ། བདེ་མཆོག་གི་མངོན་རྟོགས་གང་རུང་ཞིག་དང་བསྟུན་ནས་བྱིན་གྱིས་བརླབ། ཕཻཾ་ཞེས་འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་མགྲོན་ཐམས་ཅད་སྤྱན་དྲངས་ཏེ། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཡོངས་རྫོགས་ལན་གསུམ་གྱིས་འབུལ། བྱ་བ་ལྷག་མ་ཡང་མཁའ་འགྲོ་སྤྱི་གཏོར་ཉིད་ཡིན་ནོ། །འདིའི་རྗེས་གནང་བྱེད་ན་མདུན་བསྐྱེད་མི་དགོས་པས། མངོན་
རྟོགས་ཚར་གཅིག་བླང༌། གཏོར་མ་གཉིས་བཅས་ལ་གཅིག་གཙང་སར་བཏང༌། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱི་གསོལ་བཏབ་དང༌། ཐུགས་ཀྱི་རྗེས་གནང་ལ། ལྟེ་བ་ལ་པདྨ་འདབ་གསུམ་ཧྲཱིཿའབར་བ་དང་བཅས་པ་ལ་སེམས་གཏད་དེ། རླུང་བཟུང་དུ་བཅུག་པས། དེ་ལས་གཏུམ་མོ་འབར། སྤྱི་བོའི་ཐིག་ལེ་ཞུ་བས་བདེ་སྟོང་བསྒོམ་དུ་བཅུག གཞན་མདུན་བསྐྱེད་དང་འབྲེལ་བའི་དམིགས་པ་རྣམས་བོར་ནས་རྗེས་གནང་སྤྱི་ལྟར་དང༌། སློབ་མའི་རྗེས་ཀྱི་བྱ་བའང་འདྲ་ཞིང༌། རྗེས་ཆོག་ནི་མི་དགོས། གཏོར་མ་གཉིས་པ་དེ་གཏོར་ཆོག་གིས་བཏང་ངོ༌། །བུདྡྷ་ཤྲཱིའི་ཐུགས་དམ་གྱི། །ལྷ་རྣམས་ཀུན་གྱི་སྙིང་པོ་འདི། །བྱམས་པའི་དཔལ་ལ་དགའ་བས་གནང༌། །གཞུང་དོན་ཙམ་ཞིག་སྙིང་པོར་བྲིས། །བྲམ་ཟེ་དཔལ་འཛིན་གྱིས་མཛད་པའི་སྒྲུབ་ཐབས་དང་འབྲེལ་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། ༈ །ཨོཾ་སྭ་སྟི། འདིའི་རྗེས་གནང་ལ། མདུན་དུ་ཟླུམ་གཏོར་ཤ་ཆང་གིས་བརྒྱན་པ་གཉིས་དང༌། མཆོད་པ་བཅས་བཤམ། སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས་བདག་བསྐྱེད་དང༌། བཟླས་པ་ཅི་རིགས་པ་བྱ། གཏོར་མ་གཅིག་གཙང་སར་རང་བཞིན་གྱིས་འབུལ། དེ་ནས་སློབ་མ་མདུན་དུ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་གྲུབ་པའི་དབང་ཕྱུག་དཔལ་འཛིན་གྱི་མན་ངག བལ་ཡུལ་མཐིལ་གྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱིའི་ཐུགས་དམ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལ་བཀའ་བབས་པའི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་དམར་མོ་གཙོ་འཁོར་གསུམ་མའི་རྗེས་སུ་གནང་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་
འདེབས་པ་འདིའི་རྗེས་ཟློས་མཛོད། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ལན་གསུམ། བླ་མ་དང་རྗེ་བཙུན་ཕག་མོ་ཁྲོས་མ་དམར་མོ་ཐ་མི་དད་པ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ། ཁྱད་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཁྲོས་མ་དམར་མོའི་རྗེས་གནང་སྩལ་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། ད་རྗེས་གནང་གི་གཞི་དགོད་པའི་སླད་དུ། སློབ་དཔོན་གྱིས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དག་པར་གྱུར་པའི་ལྟེ་བར་པདྨ་སོགས་ནས། དབུས་ན་བཞུགས་པའི་སྐུར་ལམ་སྟེ་བྱུང་བའི་མོས་པ་མཛོད་ཅེས་མངོན་རྟོགས་ལྟར་ལ། རང་ཉིད་ཅེས་པར་ཁྱེད་རང་རྣམས་ཞེས་གྱུར། རྗེས་གནང་དངོས་ལ་གསུམ་ལས། དང་པོ་སྐུའི་རྗེས་གནང་ནི། སློབ་དཔོན་ལ་ཕག་མོ་ཁྲོས་མ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས།
སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་དང་སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེ་ཕག་མོ་ཁྲོས་མ་གཙོ་འཁོར་གསུམ་གྱི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང༌། བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་པ་མཛོད། ཕཻཾ་ཞེས་པའི་སྒྲ་དང་སྔགས་ཀྱི་མཐར་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་སྤོས་རོལ་བྱ། གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་སྙིང་གར་པདྨ་ལ་གནས་པའི་ཧྲཱིཿདམར་པོ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཁ་སྒོ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་པདྨ་ལ་གནས་པའི་ཧྲཱིཿདམར་པོ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པས་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧྲཱིཿཡིག་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག སྔགས་གསུམ་བཟླར་གཞུག དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད་ཅིག བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །
སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་རྗེ་བཙུན་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག གསུམ་པ་ཐུགས་ཀྱི་རྗེས་གནང་ནི། ཁྱེད་རང་རྣམས་ཀྱི་ལྟེ་བར་པདྨ་འདབ་མ་གསུམ་པ་ཧྲཱིཿའབར་བ་དང་བཅས་པ་ལ་སེམས་གཏད་དེ། རླུང་བུམ་པ་ཅན་བཟུང་བས། དེ་ལས་གཏུམ་མོའི་མེ་འབར། སྤྱི་བོའི་ཐིག་ལེ་ཞུ་བས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཅེས་བརྗོད་ལ་རླུང་འཛིན་དུ་གཞུག རྗེས་དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་གཏོར་མ་གཉིས་པ་དེ་མཁའ་འགྲོ་སྤྱི་གཏོར་གྱི་ཚོགས་བཏང༌། ལྷ་སྐུ་མི་དམིགས་པར་སྦྱངས་ལ་བསྔོ་སྨོན་བཀྲ་ཤིས་སོགས་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །།
ཁྲོས་མ་ནག་མོ་གསང་སྒྲུབ་ཀྱི་གཏོར་དབང་དངོས་གྲུབ་དཔལ་སྟེར།
ཁྲོས་མ་ནག་མོ་གསང་སྒྲུབ་ཀྱི་གཏོར་དབང་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་རྡོ་རྗེ་ཕག་མོ་གསང་སྒྲུབ་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། བཤམ་བཀོད་ནི། སྟེགས་བུ་ཆང་དང་བདུད་རྩིས་ཆག་ཆག་བཏབ་ལ། དཀྱིལ་འཁོར་ལྟེ་བ་ཟླུམ་པོའི་ནང་དུ་ཆོས་འབྱུང་སྔོན་པོ་ཟུར་མདུན་བསྟན་གྱི་དབུས་སུ་བྂ་ཡིག་ནག་པོ། དེའི་ཕྱོགས་བཞིར་པདྨ་འདབ་བཞིར་ཕྱོགས་མདོག་ལ་ཧ་རི་ནི་ས་བྲི། མཐའ་རྡོར་མེ་རིས་བསྐོར་བའོ། །དེའི་དབུས་སུ་མཉྫིའི་སྟེང་དུ་གཏོར་མ་ནག་པོ་རྩེ་ཟླུམ་སྟོད་ཟུར་གསུམ་པ་དར་ནག་པོའི་གདུགས་ཕུབ་པ་ཞིག་དང༌། ཕྱོགས་བཞིར་གཏོར་ཆུང་དཀར་ཟླུམ་བཞི། ཤར་དུ་ཁྲོས་མའི་ལྷ་ཙཀ ལྷོར་བདུད་རྩིས་གང་བའི་ཐོད་པ། ནུབ་ཏུ་མེ་ལོང་ལ་སིནྡྷུ་ར་བཀྲམ་སྟེ་ཆོས་འབྱུང་རྐྱང་པ་རྡོ་རྭ་མེ་རི་དང་བཅས་པའི་དབུས་སུ་བྂ་ལ་ཧ་རི་ནི་སས་བསྐོར་བ་བྲིས་པ། བྱང་དུ་སྒྲུབ་ཐབས་ཀྱི་གླེགས་བམ་རྣམས་བཀོད། མཐའ་མཆོད་པས་བསྐོར། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་སྒྲུབ་མཆོད་ནི། སྔོན་གཏོར་དཀར་དམར་གཉིས་བཤམས་པ་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིས་གྱིས་བརླབ། འབར་བའི་ཕྱག་རྒྱ་དང་བཅས་ཕཻཾ་ཞེས་མགྲོན་དགུག གཏོར་མ་དམར་པོ་
དེ་ཨོཾ་ཌཱ་ཀ་ཌཱ་ཀི་ཀྵེ་ཏྲ་པཱ་ལ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྔོས་ལ། མཁའ་འགྲོ་ཞིང་སྐྱོང་ཕྱོགས་སྐྱོང་སོགས་སྲུང་མའི་ཚོགས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་འགལ་རྐྱེན་སོལ་མཐུན་རྐྱེན་སྒྲུབ་པའི་གྲོགས་མཛོད། ཅེས་ཕུལ། དཀར་གཏོར་དེ་ཨ་ཀཱ་རོས་ལན་གསུམ་གྱིས་གཞི་བདག་རྣམས་ལ་འབུལ་ལོ། །གནོད་པའི་བསམ་སྦྱོར་སྤངས་ལ་ཕན་བདེའི་བསམ་པས་བདག་གི་སྟོང་གྲོགས་མཛོད་ཅིག ཅེས་ཕྱིར་དོར་ཞིང་ནག་ཕྱོགས་རྣམས་སུམྦྷའི་དྲག་སྔགས་ཀྱིས་བསྐྲད་དོ། །དེ་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་མདུན་གྱི་ནམ་མཁར་སད་པར་བསམས་ལ། འགྲོ་རྣམས་བསྒྲལ་འདོད་སོགས་དང༌། ཤེས་རབ་སྙིང་རྗེ་སོགས་ཀྱིས་སྐྱབས་སེམས་སྔོན་དུ་འགྲོ་བས། ཡན་ལག་བདུན་པ་ནི། བླ་མ་རྡོ་རྗེ་རྣལ་འབྱོར་མ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །མཆོད་པ་བླ་ན་མེད་པས་མཆོད། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །བདག་གིས་དགེ་བ་ཅི་བསགས་པ། །སེམས་ཅན་ཀུན་ལ་བསྔོ་བར་བགྱི། །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ནང་མཆོད་ལ། སྲིན་ལག་
གིས་ཆོས་འབྱུང་འབྲི་ཚུལ་བྱ་ཞིང༌། དམ་རྫས་འབར་བའི་སྣོད་དུ་ཆོས་འབྱུང་གི་དབུས་སུ་པདྨ་འདབ་བཞི་ལ་ཧ་རི་ནི་ས་གསལ་བར་གྱུར། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། དམ་ཚིག་གི་བདུད་རྩི་ལ་ཐིམ་པས་ཞུ་ཞིང་འདྲེས་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབ། དེ་ལས་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ཏེ་ཨོཾ་ཨཱཿཧཱུྃ་ཞེས་རང་ལུས་ལ་གཏོར་ཞིང་ཁྲུས་བྱས་པས་བདག་དང་རྣལ་འབྱོར་བསྲུང༌། ཕྱོགས་གཡོན་དང་མཚམས་གཡས་སྐོར་གྱིས་བདུད་རྩི་འཐོར་ཞིང་སུམྦྷ་ལན་གཉིས་བརྗོད་པས། བདུད་རྩིའི་ཟེགས་མ་ཌཱ་ཀིའི་སྤྲིན་དུ་གྱུར་པས་བགེགས་ཐམས་ཅད་བསྐྲད། གཞོམ་མེད་བསྲུང་བའི་འཁོར་ལོས་ཕྱོགས་ཐམས་ཅད་བཅིངས་པར་བསམ་པ་ནི་གནས་བསྲུང་བའོ། །དེ་ནས་མཆོད་རྫས་རྣམས་བསང༌། སྟོང་པའི་ངང་ལས་ཨཱཿལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ཞུ་བ་ལས་མཆོད་རྫས་རྣམས་བཟང་ཞིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར་བརྗོད་པས་བྱིན་གྱིས་བརླབ། དེ་ནས་དངོས་གཞི་ནི། ཤཱུ་ནྱ་ཏཱའི་སྔགས་ཀྱི་བདག་དང་མདུན་གྱི་དཀྱིལ་འཁོར་གྱིས་མཚོན་པའི་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་ལུས་སྲུང་འཁོར་དུར་ཁྲོད་བརྒྱད་གཞལ་ཡས་ཁང་གི་ནང་དུ་པདྨ་འདབ་བཞི་ཆོས་འབྱུང་གི་ལྟེ་བར་པད་ཉི་རོ་གདན་དང་བཅས་པར་གྱུར། རང་སེམས་ལྷའི་འཁོར་ལོར་རྫོགས་པ་ནི། གདན་གྱི་སྟེང་བྂ་ཡིག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་ནག་མོ་རྩ་ཞལ་ཀུན་རྫོབ་རྣམ་པར་དག་པ་ཁྲོ་མོའི་ཞལ་དང༌། སྟེང་ཞལ་དོན་དམ་རྣམ་པར་དག་པ་ཕག་གདོང་གཡས་ཕྱོགས་ནས་གྱེན་དུ་ཕྱོགས་པ་ལས་ཕག་སྐད་སྔགས་ཀྱི་སྒྲར་སྒྲོགས་པ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུག་
ཀར་འཛིན་པ། རུས་པའི་ཆ་བྱད་ལྔས་བརྒྱན་ཅིང་སྨྱོན་པའི་ཆ་བྱད་ཅན། ཞབས་གཡས་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མི་རོའི་སྙིང་ག་ནས་བརྫིས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་བ། སྙིང་གར་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་ཁ་ཊྭཱཾ་ག་བསྣམས་པ་ལ་ཡི་དམ་ཐམས་ཅད་ཀྱིས་བསྐོར་བ། ཕོ་བར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཕྱག་རྡོར་སྔོན་པོ་རྡོར་དྲིལ་འཛིན་པ་གཡོན་བརྐྱང་པའི་དོར་སྟབས་ཅན། རྩིབས་བཞིའི་ཤར་དུ་ར་ལས་ཡུལ་འཁོར་སྲུང་དཀར་པོ་གཡས་པི་ཝཾ། ལྷོར་ཙ་ལས་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི། ནུབ་ཏུ་ཏྲི་ལས་མིག་མི་བཟང་དམར་པོ་གཡས་བུ་ཆུང་གི་རོ། བྱང་དུ་ཡྂ་ལས་རྣམ་སྲས་ལྗང་གུ་གཡས་མཆོད་རྟེན། བཞི་ཀ་གཡོན་རིན་པོ་ཆེའི་བུམ་པ་འཛིན་པས་སྒྲུབ་པ་པོ་ལ་དགོས་འདོད་སྟེར་བའོ། །ལྟེ་བར་པདྨ་འདབ་བཞིའི་དབུས་སུ་རང་འདྲ་བའི་རྗེ་བཙུན་ཁྲོས་མ་ནག་མོ། འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་སྔོན་མོ་གཡས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་རིན་པོ་ཆེའི་གྲི་གུག ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་དམར་མོ་གཡས་པདྨའི་གྲི་གུག བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་ལྗང་གུ་གཡས་རྒྱ་གྲམ་གྱི་གྲི་གུག གཡོན་ཐམས་ཅད་ཐོད་ཁྲག་འཛིན་པའོ། །དེ་ལྟར་གཉུག་མའི་སེམས་ཉིད་ལྷའི་འཁོར་ལོར་རྫོགས་པ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གདོད་མ་ཉིད་ནས་རང་བཞིན་དབྱེར་མེད་པའི་བདག་ཉིད་ཆེན་པོར་རྣམ་པར་དག་པར་གྱུར། དེ་ལྟར་གསལ་བའི་ངང་ནས་ལུས་གནད་བཅའ་ཞིང་སྐབས་སྐབས་སུ་ལྟོ་བ་ཕུལ་བ་དང་གཡོན་དུ་བསྐོར། རླུང་སྟེང་འོག་ཁ་སྦྱར་ལ་ཡིད་བཟླས་བྱ། སེམས་བདེ་སྟོང་གི་ཉམས་ལ་ཆེ་རེ་བལྟ། ཡིད་ཆོས་ཉིད་ཀྱི་ངང་ལ་མ་ཡེངས་པར་འཇོག་ཅིང་དྲན་པ་བཞིས་བསྐུལ་བཏབ་ལ་བཟླས་པར་བྱ་སྟེ། སྤྱི་བོའི་བླ་མ་དྲན་པས། ཧ་རི་ནི་ས་ཨེ་རཾ་ཞེས་བཟླ། སྙིང་གའི་ཡི་དམ་དྲན་པས། ཧ་རི་ནི་ས་ཡ་ན་ཏེ། ཞེས་བཟླ། ལྟེ་བའི་མཁའ་
འགྲོ་དྲན་པས། ཧ་རི་ནི་ས་ཨེ་འདུ། ཞེས་བཟླ། ཕོ་བའི་ཆོས་སྐྱོང་དྲན་ལ། ཧ་རི་ནི་ས་ཧཱུྃ་ཕཊ། ཅེས་བཟླའོ། །འདིར་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་བཟླ་བའི་ལུགས་ཡིན་པས་མདུན་བསྐྱེད་ལོགས་སུ་སྒྲུབ་མི་དགོས་སོ། །དེ་ལྟར་ཅི་ནུས་བཟླས་མཐར་མཆོད་བསྟོད་ནི། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ་ནས། པདྨ་ཉི་མ་རྟོག་མེད་གདན་ལ་གར་མཛད་ཅིང༌། །མཐིང་ནག་ཞལ་གཅིག་ཕྱག་གཉིས་རུས་པའི་རྒྱན་གྱིས་སྤྲས། །ཁྲོས་པའི་ཕག་སྐད་འགྲོས་ཀྱིས་འགྲོ་རྣམས་དབང་དུ་སྡུད། །རྡོ་རྗེ་ཕག་མོ་བདེ་བའི་སྟོབས་ལྡན་ཁྱོད་ལ་བསྟོད། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །ཕྱག་ན་རྡོ་རྗེ་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །རྡོ་རྗེ་ཕག་མོ་ལས་བཞི་སྒྲུབ་བྱེད་པའི། །མཁའ་འགྲོ་རྣམས་ལ་སྒོ་གསུམ་གུས་པས་བསྟོད། །ཅེས་བསྟོད། དེ་ནས་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་ཡྂ་ལས་རླུང༌། རྂ་ལས་མེའི་སྟེང་དུ་ཨ་ལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་གང་བ། སྟེང་དུ་ཟླ་ཕྱེད་རྡོ་རྗེས་བརྒྱན་པ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་བཟླས་པས་བྱིན་གྱིས་བརླབ། དེ་ནས་འབར་བའི་རྒྱ་དང་བཅས་ཕཻཾ་ཞེས་བརྗོད་པས་གཏོར་མགྲོན་རྣམས་སྤྱན་དྲངས་ལ། ཨོཾ་གུ་རུ་བཛྲ་ཡོ་གི་ནཱི་བཛྲ་པཱ་ཎི་ཤྲཱི་བཛྲ་ཝཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཧ་རི་ནི་ས་ར་ཙ་ཏྲི་ཡཾ་ཨི་དཾ་བ་ལིཾ་ཏ་སོགས་སྦྱར་བས་ཕྱོགས་གཏོར་བཞི་པོ་མཁའ་འགྲོ་སྡེ་བཞི་དང་རྒྱལ་པོ་སྡེ་བཞི་ལ་ཕུལ། ཐུན་མོང་དུ། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། བཅོམ་ལྡན་རྡོ་རྗེ་ཕག་མོ་ཆེན་མོ་ནི། །འཇིག་རྟེན་གསུམ་དང་ཕྱོགས་གཞན་རྒོལ་བ་འཇོམས། །རྨོངས་བྱེད་སྐྲག་བྱེད་རེངས་པར་བྱེད་པ་མོ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །བླ་མ་བདེ་གཤེགས་ཡི་དམ་ལྷ། །མ་དང་མཁའ་འགྲོ་ཆོས་སྐྱོང་ལ། །ཕྱག་འཚལ་བསྟོད་ཅིང་གུས་པས་མཆོད། །རྨད་དུ་བྱུང་བའི་གཏོར་མ་
འབུལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་འདོད་དོན་གསོལ་བ་གདབ། ཚོགས་མཆོད་ནི་བླ་མེད་མ་རྒྱུད་ཀྱི་ཆོ་ག་སྤྱི་ལྟར་བྱའོ། །དེ་ནས་དབང་བསྐུར་བ་ལ་གཉིས་ལས་དང་པོ་སློབ་དཔོན་བདག་འཇུག་ནི། འོག་ནས་འབྱུང་བའི་སློབ་མ་ལ་ཇི་ལྟར་བྱ་བ་ལྟར་བདག་འཇུག་དབང་བསྐུར་ཏིང་ངེ་འཛིན་གྱི་ཚུལ་དུ་བླང༌། གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། སློབ་བུ་རྣམས་ཁྲུས་དང་ཕྱག་བྱས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་འདེབས་དང་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། འདིར་བླ་ན་མེད་པ་རྣལ་འབྱོར་གསང་མཐའི་རྒྱུད་དང་རྗེས་སུ་འབྲེལ་བ། དེ་ལའང་རྒྱུད་ལུང་མན་ངག་གསུམ་ལས། མན་ངག་གི་རྗེས་སུ་འབྲང་བ་ཌཱ་ཀི་མ་སྙིང་གི་དུམ་བུ་དྲུག་ཅུ་རྩ་བཞི་ཞེས་བཀའ་སྲུང་མཁའ་འགྲོ་སྡེ་བཞིས་རྗེ་བཙུན་དམ་པ་སངས་རྒྱས་ལ་གསུངས་པའི་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་ལན་གཉིས་ཀྱིས་མིག་དར་དང་མེ་ཏོག་གཏད། དེ་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས༴ །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །རྣལ་འབྱོར་མ་དཔལ་དགོངས་སུ་གསོལ། །བྱང་ཆུབ་སེམས་ལས་རྨད་བྱུང་བའི། །སྡོམ་པ་རྒྱ་མཚོ་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སད་པར་མོས་ལ་འདིའི༴ །བླ་མ་རྡོ་རྗེ་རྣལ་འབྱོར་མ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །མཆོད་པ་བླ་ན་མེད་པས་མཆོད། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །བདག་གིས་དགེ་བ་ཅི་བསགས་པ། །སེམས་ཅན་ཀུན་ལ་བསྔོ་བར་བགྱི། །ལན་གསུམ། དེ་ནས་སྤྱི་དང་ཁྱད་པར་གྱི་སྡོམ་
པ་མཐའ་དག་བཟུང་སྙམ་པས་འདིའི་རྗེས༴ །སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་དེང་ནས་བྱང་ཆུབ་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཐར་པ་འདོད་ཕྱིར་སྐྱབས་སུ་མཆི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །བྱང་ཆུབ་སེམས་གསུམ་བསྐྱེད་པར་བགྱི། །བདེ་གཤེགས་རིགས་ལྔའི་སྡོམ་པ་བཟུང༌། །བཅུ་བཞིར་ཕྱེ་བའི་ལྟུང་བ་དང༌། །ཡན་ལག་ཉེས་པ་སྤང་བར་བགྱི། །ལན་གསུམ། ཛཿཧཱུྃ་བཾ་ཧོཿཞེས་པས་དཀྱིལ་འཁོར་དུ་བཅུག་པར་མོས་ལ་ཡོལ་བ་བསལ། དམ་བཞག་ནི། བདུད་རྩི་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཧཱུྃ། དེ་ནས་ཁྱེད་རང་མཉམ་པའི་སྟབས་ཀྱིས་ལངས་ལ་ཐལ་མོ་སྤྱི་བོར་སྦྱོར། ངག་རླུང་ཁ་སྦྱོར་དུ་འཆིངས། སེམས་ཀྱི་གནས་ལུགས་རྡོ་རྗེ་རྣལ་འབྱོར་མ་ནག་མོ། རྩ་ཞལ་ཁྲོ་མོ། གཡས་ཞལ་ཕག་གདོང་གྲི་གུག་དང་ཐོད་ཁྲག་བསྣམས་པ། ཞབས་གར་སྟབས་ལིང་ལིང་བསྒྱུར་བ་ཞིག་ཏུ་ལམ་གྱིས་བསྐྱེད་ལ་བླ་མ་ལ་མོས་གུས་དྲག་པོ་བྱས་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཨོ་རྒྱན་མཁའ་འགྲོའི་གནས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་ལ་ཐིམ་པར་མོས་ལ་སེམས་འཛིན་མེད་ཀྱི་ངང་དུ་ཁྲེས་སེ་བསྒྱུར་ལ་ཞོག་ཅིག སྤོས་རོལ་དང་བཅས་པས་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨ་ཞེས་དྲག་ཏུ་དབབ། དེ་ནས་རྣལ་འབྱོར་མའི་སྐུ་ལ་མེ་ཏོག་ཕུལ་བར་མོས་ལ་འདིའི་རྗེས༴ ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་མེ་ཏོག་དོར། དེ་ཉིད་སྤྱི་བོར་བཅིངས་པར་མོས་ལ། ཨོཾ་པྲ་ཏི་གྲྀཧྣ་སྟྭཾ་ཨི་མཾ་ས་ཏྭ་མཧཱ་བ་ལ། དེ་ནས་ཛྙཱ་ན་ཙཀྵུ་མཎྜ་ལ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཅེས་མིག་དར་བསལ། ཧེ་བཛྲ་པ་ཤྱ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་ཐོང་བར་གྱུར་སྙམ་པའི་མོས་པ་མཛོད། དེ་ནས་དབང་བསྐུར་བ་
དངོས་ལ་བཞི་ལས། དང་པོ་བུམ་དབང་ཞུ་བའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས༴ །བླ་མ་རིན་པོ་ཆེ། བདག་ལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་བུམ་པའི་དབང་སྩལ་དུ་གསོལ། ལན་གསུམ། སློབ་དཔོན་གྱིས་ཤར་གྱི་ཙ་ཀ་ལིའི་སྐུ་མིག་ཏུ་བསྟན་ཅིང་ལག་ཏུ་གཏད་ལ། ཁྱེད་རྣམས་ལུས་ཐ་མལ་དུ་འཛིན་པའི་རྟོག་པ་བོར་ལ། དེང་ཕྱིན་ཆད་མཁའ་འགྲོ་མ་འདི་ཡི་དམ་དུ་བཟུང་ལ། འདི་ལྟར་སྒོམ་པ་ལ་སྣང་སྟོང་ཞེན་བྲལ་དུ་བསྐྱངས་བར་གྱིས་ཤིག དེས་བུམ་དབང་ཐོབ་པས་ལྷ་སྐུ་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་གསང་དབང་ཞུ་བའི་སླད་དུ་འདིའི་རྗེས༴ །བླ་མ་རིན་པོ་ཆེ། བདག་ལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་གསང་བའི་དབང་སྩལ་དུ་གསོལ། ལན་གསུམ། ལྷོའི་བདུད་རྩི་ཐོགས་ཏེ་ཁྱེད་ཀྱི་ངག་ཐ་མལ་དུ་འཛིན་པའི་དྲི་མ་སྦྱང་བའི་ཕྱིར། བཅོམ་ལྡན་བདེ་མཆོག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་འདིས་བྱིན་གྱིས་བརླབས་པས། དེང་ཕྱིན་ཆད་ངག་རྗེ་བཙུན་མའི་སྔགས་སུ་ཤེས་པར་གྱིས་ལ་གྲགས་སྟོང་ཞེན་མེད་དུ་སྐྱོང་བར་མཛོད་ཅིག་བྱས་ལ། ཨོཾ་ཨཱཿཧཱུྃ་ཞེས་བདུད་རྩི་ཧུབ་གསུམ་འཐུང་དུ་གཞུག དེས་གསང་དབང་ཐོབ་པས་རླུང་སྔགས་བཟླས་སྒོམ་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་སླད་དུ་འདིའི་རྗེས༴ བླ་མ་རིན་པོ་ཆེ། བདག་ལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་ཤེས་རབ་ཡེ་ཤེས་ཀྱི་དབང་སྩལ་དུ་གསོལ། ལན་གསུམ། ནུབ་ཀྱི་སིནྡྷཱུ་རའི་དཀྱིལ་འཁོར་སྟོན་ཅིང༌། ཁྱེད་ཀྱི་ཡིད་ཀྱི་དྲི་མ་དག་པར་བྱེད་པ་ལ། སིནྡྷཱུ་རའི་དཀྱིལ་འཁོར་གྱི་ཡི་གེ་འདི་རྣམས་རྣལ་འབྱོར་མ་དངོས་ཡིན། དེ་ཐིམ་པས་འདི་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལས་བདེ་སྟོང་གི་ཉམས་ཁྱད་པར་ཅན་དང་མ་བྲལ་བར་མཛོད། སྔགས་འདི་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཡང་སྔགས་ཀྱི་གཟུགས། །དངོས་གྲུབ་གོ་འཕང་མཆོག་འདོད་ན། །དེ་འདྲ་ཐ་དད་མི་བལྟའོ། །ཞེས་བརྗོད་ཅིང༌། སིནྡྷཱུ་ར་གཡོན་པའི་སྲིན་ལག་གིས་བླངས་ལ་སློབ་མའི་གནས་བཞིར་ཐིག་ལེ་བྱའོ། །དེས་ཤེར་དབང་ཐོབ་པས་ཞུ་བདེ་སྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་
ནས་དབང་བཞི་པ་ཞུ་བའི་སླད་དུ་འདིའི་རྗེས༴ བླ་མ་རིན་པོ་ཆེ། བདག་ལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་དབང་བཞི་པ་ཚིག་དབང་སྩལ་དུ་གསོལ། ལན་གསུམ། བྱང་གི་སྒྲུབ་ཐབས་ཀྱི་དཔེ་མགོ་ཐོག་ཏུ་བཞག་ནས་མཆོག་དང་ཐུན་མོང་གི་དངོས་སྒྲུབ་ཐམས་ཅད་དཔེ་འདི་ནས་བཤད་པ་བཞིན་ཉམས་སུ་བླངས་ན། འབྱུང་པས་ཚུལ་བཞིན་དུ་ཉམས་སུ་ལོང་ལ། སེམས་ཉིད་རྩ་བྲལ་གྱི་དོན་རྟོགས་པར་མཛོད་ཅིག དེ་ནས་དཔོན་སློབ་གཉིས་ཀ་ཁྲོས་མ་ནག་མོ་ཞལ་གཉིས་མ་གྲི་ཐོད་བསྣམས་པ་གཡས་བརྐྱང་གི་གར་སྟབས་ཀྱིས་བཞུགས་པའི་སྤྱི་བོར་རྩ་བརྒྱུད་ཀྱི་བླ་མ། སྙིང་གར་རྣལ་འབྱོར་མ་དམར་མོ་ལ་ཡི་དམ་གྱིས་བསྐོར་བ། ལྟེ་བར་པདྨ་འདབ་བཞིར་ཁྲོས་ནག་རང་འདྲ་བ་ལ་མཁའ་འགྲོ་སྡེ་བཞིས་བསྐོར་བ། ཕོ་བར་འཁོར་ལོ་རྩིབས་བཞི་པར། ཕྱག་རྡོར་ལ་རྒྱལ་ཆེན་སྡེ་བཞིས་བསྐོར་བ་རྣམས་གསལ་ཐོབ། དེ་ནས་དྲན་པ་བཞི་དང་ལྡན་པས་སྔགས་ཀྱི་རྗེས་ཟློས་བྱས་པའི་ཚེ་བླ་མའི་གནས་སོ་སོ་ལས་འོད་ཟེར་བྱུང་བ་སློབ་མའི་གནས་དེ་དང་དེར་ཐིམ་པས་བྱིན་གྱིས་བརླབས་པར་མོས་ལ། དང་པོ་སྤྱི་བོའི་བླ་མ་དྲན་པས་འདིའི་རྗེས༴ ཧ་རི་ནི་ས་ཨེ་རཾ། སྙིང་གའི་ཡི་དམ་དྲན་པས་འདིའི་རྗེས༴ ཧ་རི་ནི་ས་ཡིན་ཏེ། ལྟེ་བའི་མཁའ་འགྲོ་དྲན་པས་འདིའི་རྗེས༴ ཧ་རི་ནི་ས་ཨེ་འདུ། ཕོ་བའི་ཆོས་སྐྱོང་དྲན་པས་འདིའི་རྗེས༴ ཧ་རི་ནི་ས་ཧཱུྃ་ཕཊ། ཅེས་སྔགས་རྣམས་ལན་གསུམ་རེ་བཟླའོ། །ཁྱེད་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འཇུག་པར་གྱུར་ཅིག ཅེས་མེ་ཏོག་འཐོར། དེས་དབང་བཞི་པ་ཐོབ་པས་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་གཏོར་མ་ལ་བརྟེན་ནས་བྱིན་གྱིས་རློབས་པའི་སླད་དུ་གཏོར་སྣོད་དུར་ཁྲོད་བརྒྱད་གཞལ་ཡས་ཁང་གི་ནང་དུ་པདྨ་འདབ་བཞི་ཆོས་འབྱུང་གི་ལྟེ་བར་པད་ཉི་རོ་གདན་དང་བཅས་པའི་སྟེང་དུ་བྂ་ཡིག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་ནག་མོ་རྩ་ཞལ་ཀུན་རྫོབ་རྣམ་པར་དག་པ་ཁྲོ་མོའི་ཞལ་དང༌། སྟེང་ཞལ་དོན་དམ་རྣམ་པར་དག་པ་ཕག་གདོང་གཡས་ཕྱོགས་ནས་གྱེན་
དུ་ཕྱོགས་པ་ལས་ཕག་སྐད་སྔགས་ཀྱི་སྒྲར་སྒྲོགས་པ། སྤྱན་གསུམ་མ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། རུས་པའི་ཆ་བྱད་ལྔས་བརྒྱན་ཅིང་སྨྱོན་པའི་ཆ་བྱད་ཅན། ཞབས་གཡས་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མི་རོའི་སྙིང་ག་ནས་བརྫིས་པ། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་བ། སྙིང་གར་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་ཁ་ཊྭཱཾ་ག་བསྣམས་པ་ལ་ཡི་དམ་ཐམས་ཅད་ཀྱིས་བསྐོར་བ། ཕོ་བར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཕྱག་རྡོར་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པ་གཡོན་བརྐྱང་བའི་དོར་སྟབས་ཅན། རྩིབས་བཞིའི་ཤར་དུ་ར་ལས་ཡུལ་འཁོར་སྲུང་དཀར་པོ་གཡས་པི་ཝཾ། ལྷོར་ཙ་ལས་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི། ནུབ་ཏུ་ཏྲི་ལས་མིག་མི་འཛུམ་དམར་པོ་གཡས་བུ་ཆུང་གི་རོ། བྱང་དུ་ཡ་ལས་རྣམ་སྲས་ལྗང་གུ་གཡས་མཆོད་རྟེན། བཞི་ཀ་གཡོན་རིན་པོ་ཆེའི་བུམ་པ་འཛིན་པས་སྒྲུབ་པ་པོ་ལ་དགོས་འདོད་སྟེར་བ། ལྟེ་བར་པདྨ་འདབ་བཞིའི་དབུས་སུ་རང་འདྲ་བའི་རྗེ་བཙུན་ཁྲོས་མ་ནག་མོ། འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་མོ་གཡས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག ལྷོར་རི་ལས་རིན་ཆེན་མཁའ་འགྲོ་སེར་མོ་གཡས་རིན་པོ་ཆེའི་གྲི་གུག ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་དམར་མོ་གཡས་པདྨའི་གྲི་གུག བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་ལྗང་གུ་གཡས་རྒྱ་གྲམ་གྱི་གྲི་གུག གཡོན་ཐམས་ཅད་ཐོད་ཁྲག་འཛིན་པ། དེ་རྣམས་ཀྱི་ཕྱོགས་མཚམས་སྟེང་འོག་རྣམས་སུའང་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་མུ་མེད་པ་དང་བཅས་པ་རྣམས་ཀྱི་སྐུ་ལུས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་གི་སྤྱི་བོ་ནས་ཞུགས། སྡིག་སྒྲིབ་ནད་གདོན་ཐམས་ཅད་དག སྐུ་གསུམ་ཡེ་ཤེས་ལྔའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པའི་མོས་པ་མཛོད་ཅིག ཧཱུྃ།
ཡེ་ཤེས་མཁའ་འགྲོའི་དམ་རྫས་གཏོར་མའི་དབང༌། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་དག་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་བྂ་ཧ་རི་ནི་ས་སིདྡྷི་ཧཱུྃ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་ཀྲོ་དྷཱི་ཀཱ་ལཱི་ཌཱ་ཀི་ནཱི་བྂ་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་བཞིན་དུ་གཏོར་མ་སྤྱི་བོ། སྙིང་ག ལྟེ་བ། ཕོ་བ་རྣམས་སུ་བཞག མཐར་གཏོར་མ་ལྷར་གསལ་བ་ཁྱེད་རང་ལ་ཐིམ་པས་རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད། མཇུག་ཆོག་དམ་ཚིག་ཁས་ལེན་མཎྜལ་ལུས་ལོངས་སྤྱོད་འབུལ་བ་རྣམས་དང༌། སྒྲུབ་ཐབས་ཀྱི་མཇུག་ཆོག་མཆོད་བསྟོད་བཟོད་གསོལ་བརྟན་བཞུགས་གཤེགས་གསོལ་གང་འོས་སྤྱི་ལྟར་བྱས་ནས། རང་གི་ལྟེ་བའི་བྂ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་རང་ལ་ཐིམ། དེ་བྂ་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། དེ་ནཱ་ད་ལ་ཐིམ། ནཱ་དའང་མི་དམིགས་པར་གྱུར། སླར་ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པའི་གནས་རྣམས་སུ། ཨོཾ་བྂ། ཧྂ་ཡོྂ། ཧྲིཾ་མོཾ། ཧྲིཾ་ཧྲཱིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་གོ་ཆ་བསྒོ། སྤྲོ་ན། དེའི་ལྟེ་བར་ཨོཾ་བྂ་དམར་པོ་རྡོ་རྗེ་ཕག་མོ་སོགས་བདག་བསྐྱེད་ལྟར་བྱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་སོགས་ཧཱུྃ་བཞི་པ་ཚར་གཉིས་ཀྱིས་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་དུ་སེ་གོལ་གཏོགས་ཏེ་བསྲུང༌། བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱའོ། །ཞེས་པ་འདི་ནི་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་ཞི་བྱེད་ལུགས་ཀྱི་ཕག་མོའི་བྱིན་རླབས་རྣམས་ལས་རྗེ་བླ་མའི་བཀའི་དགོངས་པ་བཞིན་དུ་གསང་སྒྲུབ་ཁྲོས་ནག་གི་བྱིན་རླབས་ཟུར་དུ་ཕྱུང་ཞིང་གཏོར་དབང་ཁ་འགེངས་བཅས་བཀླགས་ཆོག་ཏུ་བློ་གཏེར་དབང་པོས་བསྡེབས་པ་དགེ་ལེགས་འཕེལ།། །།
དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ།
དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བཞུགས་སོ།།
ཨོཾ་སྭ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་འདུད། །སྒྱུ་འཕྲུལ་ཆེན་མོའི་རིམ་ལས་འོངས། །དྲན་པ་གཅིག་པ་བཤད་པར་བྱ། །གྲུབ་པའི་སློབ་དཔོན་བྱཱ་ད་ལིས་མཛད་པའི་མ་ཧཱ་མཱ་ཡཱའི་སྒྲུབ་ཐབས་དྲན་པ་གཅིག་པ་བསྒོམ་པར་འདོད་ན། རང་གི་སྙིང་གའི་ཧྲཱིཿའི་འོད་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕཻཾ་ཞེས་སྤྱན་དྲངས། ཡིད་ཀྱིས་སྤྲུལ་བའི་ཕྱི་ནང་གསང་བའི་མཆོད་པས་མཆོད་པར་གྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་ཚར་གསུམ་བྱ། ཤཱུ་ནྱ་ཏཱའི་སྔགས་དོན་བསམ། ཧཱུྃ་ཡིག་ལས་རང་གི་མདུན་དུ་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་པདྨ་དང༌། ཟླ་བ་དམར་སྐྱའི་གདན་ལ། ཧྲཱིཿལས་དཔལ་སྒྱུ་འཕྲུལ་ཆེན་མོ་སྐུ་མདོག་སྔོན་མོ་ཞལ་བཞི་སྔོ་སེར་དམར་ལྗང་བ། ཕྱག་དང་པོ་གཉིས་ཀྱིས་ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་མདའ་གཞུ་འཕྱར་བ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། མི་ལྤགས་ཀྱི་སྟོད་གཡོགས་འཕྱར་བ། ཡུམ་སངས་རྒྱས་མཁའ་
འགྲོ་མ་དམར་མོ་རང་མཚུངས་དང་མཉམ་པར་སྦྱོར་བ། ཐོད་སྐམ་གྱི་དབུ་རྒྱན། མགོ་ཕྲེང་ཕྱག་རྒྱ་ལྔའི་རྒྱན་དང་བཅས་པ། དེ་ལ་ཡིད་ཀྱིས་མཆོད་པ་ཕུལ། དེ་ཉིད་རང་གི་སྙིང་ནང་དུ་ཐིམ་པས། རང་ཉིད་ཧེ་རུ་ཀའི་སྐུ་སྔ་མ་བཞིན་དུ་གྱུར་པ་ལ། སྤྲོ་ན་གོ་ཆའི་ཡི་གེ་རྣམས་དགོད་དེ། མགྲིན་པར་ཨཱཿ རྣ་བ་གཉིས་ལ་ཨ། མིག་ལ་ཨོཾ་རྣམས་དམར་པོ། སྣ་ལ་ཁྂ་དཀར་པོ། དཔྲལ་བར་ཙི་སེར་པོ། སྙིང་གར་ར་དམར་པོའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཨོཾ་ཨཱཿཧྲཱིཿཧཱུྃ། ཨོཾ་ཨཿཨྃ་ཧཱུྃ། ཞེས་བཟླས་པ་ཅི་ནུས་བྱའོ། །རྫོགས་པའི་རིམ་པའང་ཅི་ནུས་སུ་བསྒོམ་སྟེ། བདེ་ཆེན་མྱུར་སྒྲུབ་ཏུ་བཤད་ཟིན་ཏོ། །གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་སྐད་ཅིག་གིས་མདུན་དུ་བྱོན་པ་ལ། ཨོཾ་ཨཱཿགུ་ཧྱ་ཨཱ་བྷཀྵ་བྷཀྵཻ་ཧཱུྃ། ཞེས་ལན་བདུན་གྱིས་ཕུལ། དེ་རང་ལ་བསྟིམ། བྱིན་རླབས་ནི། ཆོས་འབྱུང་དམར་པོ་གྲུ་གསུམ་གྱི་དབུས་སུ་ཐིག་ལེ་དཀར་པོ་ཡོད་པ་ཞིག་བྲི། མཆོད་པ་དང་གཏོར་མ་བཤམ། མངོན་རྟོགས་བསྒོམས་ནས་གཏོར་མ་གོང་བཞིན་འབུལ། མཆོད་པའང་འབྲུ་
གསུམ་གྱི་བྱིན་གྱིས་བརླབས་ནས་ཡིད་ཀྱིས་ཕུལ། སློབ་མས་མཎྜལ་བྱས་ནས། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་ལན་གསུམ་གསོལ་བ་བཏབ། སྒྲུབ་ཐབས་ཀྱི་དམིགས་པ་ཕོག་ནས། སྔགས་བཟླར་བཅུག བུམ་དབང་ངོ༌། །ཞེས་བརྡ་སྤྲད། སྙིང་གར་ཉི་ཟླ་ཁ་སྦྱོར་རྒྱ་སྲན་ཙམ་པའི་དབུས་སུ། ཐིག་ལེ་ཡུངས་འབྲུ་ཙམ་ལ་སེམས་གཏོད་དུ་གཞུག བརྗོད་བྲལ་གྱི་ཉམས་མྱོང་ངོ་སྤྲད་ལ་གསང་དབང་ངོ༌། །ཞེས་བརྗོད། ལྟེ་བའི་ཨ་ཡིག་འབར་བས། སྤྱི་བོའི་ཧྃ་ཞུ་བར་དམིགས་ལ་རླུང་བཟུང་དུ་བཅུག ཐུར་སེལ་བསྡམས་པས་བདེ་སྟོང་གི་ཉམས་སྐྱེས་པར་བསམ། ཤེར་དབང་ངོ༌། །ཆོས་འབྱུང་ནི་དབྱིངས་སྤྲོས་བྲལ། ཐིག་ལེ་ནི་རིག་པ་བདེ་བ་ཆེན་པོའི་བརྡའོ་ཞེས་དབང་བཞི་པའོ། །འདི་ལ་རྗེས་ཆོག་མི་དགོས། རབ་ཟབ་མ་ཧཱ་མཱ་ཡཱའི་གཞུང༌། །ཀུན་གྱི་ཟབ་དོན་དགའ་བས་ཞུས། །ཡང་སྙིང་ལེན་ཚུལ་འདི་འདྲ་བ། །གཞན་ལ་ཡོད་མེད་གསལ་པོར་སྨྲོས། །མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། ༈ །བདེ་ཆེན་མྱུར་སྒྲུབ་བཞུགས་སོ། །ཨོཾ་སྭ་སྟི། ན་མོ་བཛྲ་ཌཱ་ཀཱ་ཡ། དྲན་པ་གཅིག་པ་ཞེས་བྱ་བ། །བདེ་ཆེན་མྱུར་དུ་སྒྲུབ་པའི་ཐབས། །སྒྱུ་འཕྲུལ་ཆེན་མོ་གཙོ་བོ་ལ། །བཏུད་ནས་བདག་གིས་ཏེ་བོར་བྲི། །ཟབ་མོའི་རྒྱུད་སྡེ་ཆེན་པོ་མ་ཧཱ་མཱ་ཡཱའི་དགོངས་དོན་དྲན་པ་གཅིག་པ་ཉམས་སུ་ལེན་པར་འདོད་པས། དང་པོར་བསྐྱེད་རིམ་དྲན་པ་གཅིག་པ་ལ། ཡབ་ཡུམ་ལ་བརྟེན་པ་གཉིས་ལས། ཐོག་མ་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་སྐད་ཅིག་གིས་རྡོ་རྗེ་མཁའ་འགྲོར་གསལ་བའི་སྙིང་གར་ཟླ་བ་ལ་ཧྲཱིཿསྔོན་པོ། དེ་ལས་འོད་འཕྲོས། སྒྱུ་འཕྲུལ་ཆེན་མོ་ལྷ་ལྔའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས།
ཕྱག་འཚལ། ཡན་ལག་བདུན་པ་བྱ། ཚད་མེད་བཞི་བསྒོམས་ཏེ་རང་ལ་བསྟིམ། ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་སྲུང་བའི་འཁོར་ལོའི་ནང་དུ་ཆུད་པའི་དངོས་གྲུབ་སྟེར་བའི་དུར་ཁྲོད་ཆེན་པོའི་དབུས་སུ་ཆུ་སྐྱེས་དམར་པོ་ཀུན་ནས་ཁ་དོག་སྣ་ཚོགས་པའི་འོད་ཕུང་དཀྲིགས་པའི་ལྟེ་བ་ལ། ཨཱཿལས་ཟླ་བ་དམར་པོ་དང༌། ཧྲཱིཿལས་དཔལ་རྡོ་རྗེ་མཁའ་འགྲོ་མ་ཨིནྡྲ་ནཱི་ལ་ལྟར་སྔོ་བ། སྒེག་ཅིང་མཁྲང་བག་ཆགས་པ། སྔོ་སེར་དམར་ལྗང་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མདའ་གཞུ་ཁ་ཊྭཱཾ་ག་ཀ་པཱ་ལ་འཛིན་པའི་ཕྱག་གཞི་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་མགོ་བོའི་ཕྲེང་བ་ཅན། སྐྲ་གྱེན་དུ་བརྫེས་ཤིང༌། ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གི་གར་སྟབས་ཅན། སངས་རྒྱས་མཁའ་འགྲོ་མ་དང་མཉམ་པར་སྦྱོར་བ། མེ་ཕུང་འབར་བའི་དབུས་ན་བཞུགས་པ། རང་གི་སྙིང་གར་ཉི་མ་ལ་ཧྲཱིཿབསམས་ནས། མདུན་གྱི་ཧེ་རུ་ཀ་ལ་ཕྱི་ནང་གི་མཆོད་པས་མཆོད། མཆེ་བ་གཙིགས་ཤིང་སོགས་ཀྱིས་བསྟོད། རྡོ་རྗེ་ཧེ་རུ་ཀས་བདག་ལ་བྱིན་གྱིས་རློབས་ཤིག ཅེས་གསོལ་བ་བཏབ་པས། ཧེ་རུ་ཀའི་སྙིང་གའི་ཧཱུྃཿདང༌། སྲུང་འཁོར་སོགས་ལུས་ལ་ཐིམ་པས། ལུས་རྟེན་གྱི་དཀྱིལ་འཁོར་དང༌། ཧཱུྃཿཡིག་བརྟེན་པའི་དཀྱིལ་འཁོར་ཧེ་རུ་ཀར་གསལ་བར་གྱུར། ནུས་ན་ལྷ་ལྔ་ཀའང་གསལ་འདེབས། ནང་གི་ཧེ་རུ་ཀའི་ཐུགས་ཀར་ཟླ་ཉིའི་བར་དུ་ཧྲཱིཿགསང་སྔགས་ཀྱི་སྒྲ་སྒྲོག་པ་ལ་རྩེ་གཅིག་ཏུ་དམིགས་ནས། ཨོཾ་ཨཱཿཧྲཱིཿཧཱུྃ་ཧཱུྃ། ཞེས་བཟླ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷའི་རང་བཞིན་དུ་ཤེས་པར་བྱས་ཏེ་དགེ་བ་བསྔོས་ནས་ཐུན་མཚམས་ལ་འཇུག་གོ །ཕྱི་མ་ཡུམ་ལ་བརྟེན་པ་ནི། ཕལ་ཆེར་སྔ་མ་ཉིད་ལས་ཁྱད་པར་ནི། ས་བོན་ཧཱུྃ་གི་གནས་སུ་ཨོཾ་དཀར་པོ་བཀོད། སངས་རྒྱས་མཁའ་འགྲོ་མ་ཡབ་དང་
འདྲ་བ་ལས། སྐྲ་གྲོལ་གཅེར་བུ་ལྷ་མོའི་མཚན་ཉིད་ཡོངས་སུ་རྫོགས་པ། རང་སྣང་གི་ཡབ་དང་སྦྱོར་བ། དེའི་མིག་གཉིས་སུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། དཔྲལ་བར་རྩི་སེར་པོ། རྣ་བ་གཉིས་ལ་ཨ་དམར་པོ། སྣར་ཁྃ་དཀར་པོ། སྙིང་གར་ར་དམར་པོ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། མཆོད་པ་ཡན་ཆད་སྔར་བཞིན། ཨོཾ་ཨཱཿཧཱུྃ་ཨྃ་ཧཱུྃ་ཧཱུྃ། ཞེས་དང༌། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུྃ། སྔགས་སོ། །དེ་ནས་རྫོགས་རིམ་དྲན་པ་གཅིག་པ་ནི། ལུས་གནད་རྩའི་ཆུན་པོའི་འདུག་སྟངས་སམ། རྡོ་རྗེ་དང༌། པདྨ་དང་སྲོག་ཤིང་གི་སྐྱིལ་ཀྲུང་གང་རུང་ཅན་གྱི་ཆོས་བདུན་བཅས་རང་ལྷར་གསལ་བའི་ཨ་ཝ་དྷུ་ཏིའི་ནང་ནམ་མཁའི་རླུང་དྭངས་མས་གང་བས་དེའི་ནང་གི་སྤྱི་བོར་རླུང་སྔོན་པོ་ཟླ་གམ། མགྲིན་པར་མེ་དམར་པོ་གྲུ་གསུམ། ལྟེ་བར་ས་སེར་པོ་གྲུ་བཞི། སྙིང་གར་ཆུ་དཀར་པོ་ཟླུམ་པོ་རྣམས་བསྒོམས་ནས་འཁོར་ལོ་ལྟར་བསྐོར་བས་རླུང་རོ་ལན་གསུམ་བུས། རྔུབས་པས་སྤྱི་བོའི་རླུང་སྔོ་བུན་པ་དང༌། མགྲིན་པའི་མེ་དམར་ལྷབ་སོང་བ་གཉིས་སྙིང་གར་གཅིག་ཏུ་འདྲེས་ཉི་མར་གྱུར། ཐུར་སེལ་དྲངས་པས། ལྟེ་བའི་ས་གསེར་ཞུན་མ་ལྟ་བུ་དང༌། སྙིང་གའི་ཆུ་ཟླ་འོད་ལྟར་དཀར་ཕྱུར་བ་གཉིས་སྙིང་གར་འདྲེས་ཟླ་བར་གྱུར། ཉི་ཟླ་སྟེང་འོག་འགྱུར་ཏེ་ཟླ་བ་སྟེང་དུ་ས་བོན། དེ་གཉིས་ཀྱི་དབུས་སུ་ནམ་མཁའི་རླུང་སེམས་དབྱེར་མེད་མ་ཧཱུྃ་གི་རྣམ་པར་གནས་པ། དཔེར་ན་གའུ་ཁ་སྦྱོར་གྱི་དབུས་སུ་ནོར་བུ་བཅུག་པ་ལྟ་བུ། དེ་ལ་རྩེ་གཅིག་ཏུ་བསྒྲིམས་ནས་གཞག དེས་སྐྱོ་ན་ཧཱུྃ་ལས་རླུང་འོད་ཀྱི་བདག་ཉིད་བྱུང༌། ཟླ་བ་སིང་སྒྲ་དང་བཅས་ནས་ཕུག་ཟླ་བའི་བུ་ག་ནས་འགྲོ་འོང་བྱེད་པར་བསམ། ཡི་གེ་གསུམ་གྱི་གདངས་དང་བཅས་ཏེ་རྡོར་བཟླས་བྱ། དམིགས་པས་ལྷག་པར་སྐྱོ་ན་བརྟན་གཡོའི་ཡུལ་སྣ་ཚོགས་ལ་དམིགས་ནས་འོད་ཟེར་འཕྲོ་བ་དང༌། ཡུལ་གྱི་བཅུད་བསྡུ་བའི་བཟླས་པ་བྱ་སྟེ།
ཐོག་མར་ཨོཾ་གྱིས་དབྱུང༌། ཧཱུྃ་གིས་རྔུབ། ཨཱཿཡིས་བཀག་པའི་རྡོར་བཟླས་སོ། །སླར་ཡང་ཟླ་བའི་བུག་པ་ནས་ཧཱུྃ་ལ་སེམས་གཏད། རླུང་མི་བདེ་བ་མེད་ཙམ་དུ་བཟུང༌། དེ་ནས་དལ་བུས་བུས་ལ་དྲག་ཏུ་རྔུབས་ནས་འཛིན། དེ་ཁོ་ན་རྟག་ཏུ་བསྒོམ་པར་བྱའོ། །དེས་མ་གྲུབ་ན་རྦ་རླབས་བཙིར་བའི་ཡེ་ཤེས་ལན་འགའ་རེ་བཟུང་ནས་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བསྒྲུབས་རྗེས་སྔར་གྱི་རྣལ་འབྱོར་ལ་སྦྱར་བས་འགྲུབ་བོ། །རྡོར་བཟླས་གཙོ་བོ་ཡིན་ལ་འདི་གཉིས་བོགས་འདོན་ཏེ། དེའི་ཚེ་སེམས་ཡུད་གཅིག་གནས་ལ་ཡུད་གཅིག་མི་གནས་པ་དེའི་ཚེ། སྨིག་རྒྱུ་ལྟར་འོད་ཀྱི་དྲྭ་བ་མཐོང༌། དེའི་ཚེ་བར་འགང་ཆུ་རླུང་གཅོད་པ་སྟེ་ནཱ་དའི་ཚེ་དེའི་རླུང་སྦྱོར་ཡང་བག་རེ་བྱའོ། །འདིས་བོགས་འདོན་པ་འོག་རྣམས་ལའང་མཚོན་ནོ། །དེ་ནི་རང་གར་རྒྱུ་བ་ལས་འཕྲལ་དུ་འགྲོ་འོང་འགོག་པ་སྟེ། ལྟེ་བར་དྲག་ཏུ་ཁ་སྦྱར་བས་ལུས་ཀུན་ཁྱབ་པར་བསམ་མོ། །དེ་ནས་རྩོལ་བར་བྱས་ན་གང་འདོད་ཀྱི་བར་དུ་གནས་ལ་མེད་པར་འདོད་ན་ཡང་མེད་པར་འགྲོ་བ་ན་དུ་བ་དང་སྤྲིན་གྱི་རྣམ་པ་མཐོང་ངོ༌། །དེ་ནས་རྩོལ་མེད་དུ་གནས་ལ་ཅི་འདོད་དུ་ལྡང་ནུས་པ་ནམ་མཁའི་སྣང་བ་ལྟ་བུ་མཐོང་ངོ༌། །དེ་ནས་སེམས་གནས་པའི་མཐུ་ལས་སྣང་བ་ཀུན་གང་དུའང་མ་གྲུབ་པའི་སྟོང་སང་ངེ་བར་གྱུར་པ་ན་མར་མེ་ལྟ་བུ་མཐོང་ངོ༌། །ཀུན་གྱི་ཐ་མར་ཤིན་ཏུ་སྦྱངས་པའི་ལུས་སེམས་ཀྱི་བདེ་བ་དང་སྟོང་པ་དབྱེར་མེད་དུ་ཤར་བ་ན་ནམ་མཁའ་སྤྲིན་མེད་ཀྱི་སྣང་བ་འབྱུང་སྟེ་རྟགས་ལྔའོ། །དམིགས་པ་ལ་སེམས་གནས་ཙམ་དང༌། ལུས་སེམས་བདེ་སྟོང་ཙམ་རིམ་པ་དང་པོས་ཀྱང་འགྲུབ་མོད། གནས་སྐབས་ལྔ་པོ་འདི་དག་ལ་སྒྲུབ་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་པའང་ཤེས་དགོས་ལ། དེ་བརྟན་པར་གྱུར་ན་ལུས་གནད་ལ་ངེས་པ་མེད་པས་རླུང་སྦྱོར་སྔ་མ་དང་འདྲ་བ་ལས་རྔུབས་པའང་དལ་བུས་བྱས་ལ་དམིགས་པ་ཧཱུྃ་གི་འོད་ཟེར་དྲི་མ་མེད་པས་ཁམས་གསུམ་
འོད་དུ་ཞུ་རང་ལ་ཐིམ། ཡང་ཡང་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་རྒྱུ་བ་མི་མངོན་པ་ཙམ་དུ་འགྱུར། དེ་ཡང་ཇེ་ཕྲ་ལ་སྟོང་པར་སྦྱང༌། དེ་ལྟར་ཡང་ཡང་གོམས་པས་རླུང་དྷུ་ཏིར་འཆིངས་ལ། དེ་ནས་སྟོང་པ་ལས་རླུང་ལྡང་བ་དང་ལྷན་ཅིག་ལྷ་སྐུ་རྣམ་པ་ཐམས་ཅད་དུ་བསྒོམ་པ་སླར་ནས་སླར་དུ་བསྒོམ། འདི་ཁོ་ནས་ཀྱང་ཡོན་ཏན་བརྒྱད་འབྱུང་ལ། ཕལ་ཆེར་ནི་ཡོན་ཏན་བརྒྱད་ལས་ཀྱི་ཕྱག་རྒྱ་ལས་འཐོབ་བོ། །དེ་ལྟར་དགའ་བཞི་སྟོང་པ་དོན་དམ་པ་ལ་སྦྱར་ནས་ལྷ་སྐུ་བདེ་བ་ཆེན་པོར་བསྐྱེད་དེ། འདོད་ཡོན་ལྔ་ལ་སྤྱོད་ན་དགའ་བཞིའི་སྐད་ཅིག་ངོས་ཟིན་པས་སྟོང་ཉིད་དུ་བསྒྲུབ་པར་བྱ་སྟེ། མཐར་གྱིས་དངོས་གྲུབ་མཆོག་ལ་སྦྱོར་བའོ། །བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་བདུད་རྩིར་བསྒོམས་ལ། ཨོཾ་ཨཱཿགུ་ཧྱ་བྷཀྵེ་ཧཱུྃ། ཞེས་བྱིན་གྱིས་བརླབས་ནས་ཐ་མལ་གྱི་རྣམ་རྟོག་སྤངས་ལ་ལོངས་སྤྱད། ཉལ་བའི་ཚེ་དང་པོའི་རྣལ་འབྱོར་པས་སྣང་བ་ཀུན་བསྡུ་རིམ་གྱིས་བསྡུས་ནས་དམིགས་མེད་ཀྱི་ངང་ལ་ཉལ་ཞིང༌། གཉིད་པའི་གནས་སྐབས་རྨི་ལམ་གྱི་མན་ངག་ལ་སྦྱོར་ཞིང༌། གསུམ་པའི་སྐབས་སུ་བདེ་བ་ཆེན་པོའི་ལྷའི་སྐུ་བསྒྲུབ་པར་བྱ་བ་ཉིད་ཡིན་ཏེ། དེ་གཉིས་ཀྱི་མན་ངག་ནི་གཞན་དུ་རྟོགས་པར་བྱའོ། །བདེ་ཆེན་འདུས་མ་བྱས་པའི་རང་ཉམས་ལས། །དབང་སྔོན་འོད་བརྒྱའི་དཔལ་འཛིན་ལོངས་སྤྱོད་རྫོགས། །རྡོ་རྗེ་མཁའ་འགྲོ་མ་གཙོ་མྱུར་འགྲུབ་བྱེད། །བླ་མ་དམ་པའི་མན་ངག་ཇི་བཞིན་བཀོད། །ལུགས་འདི་ལ་འཁོར་ལོའི་རྣལ་འབྱོར་ཟུར་དུ་སྟོན་པར་སྣང༌། ལྷག་མ་དབྱིབས་སྔགས་ཆོས་གསུམ་གྱི་སྙིང་པོ་མཆོག་ཏུ་གྱུར་པ་འདིའང་ཏཱ་ར་ནཱ་ཐས་རང་ལོ་ཉི་ཤུ་པ་ལའོ། །འདི་ལ་མན་ངག་གཉིས་པ་གཞན་ནི་ཅིས་ཀྱང་གལ་ཆེའོ།། ༈ །དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་ཆོ་ག་འོད་གསལ་འཆར་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བཅོམ་ལྡན་མ་ཧཱ་མཱ་ཡཱ་དང༌། །དབྱེར་མེད་ཁྱབ་བདག་བླ་
མའི་ཞབས། །སྙིང་དབུས་ཐིག་ལེར་མཆོད་བྱས་ནས། །བྱིན་རླབས་ཆོ་ག་ཅུང་ཟད་འབྲི། །འདི་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་ཁར་མཎྜ་ལར་ཆོས་འབྱུང་དམར་པོ་གྲུ་གསུམ་གྱི་དབུས་སུ་ཐིག་ལེ་དཀར་པོ་ཡོད་པ་ཞིག་འབྲི། མཆོད་པ་དང་གཏོར་མ་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་དང༌། གཏོར་འབུལ། ཡིད་མཆོད་རྣམས་གཞུང་ལྟར་བྱ། མཎྜལ་ནི་དབང་བཞི་པའི་བརྡ་དོན་ངོ་སྤྲོད་པའི་ཆེད་དུ་བཤམ་པ་ལས་ལྷ་བསྐྱེད་པ་སོགས་མི་དགོས་སོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར་སེམས་བསྐྱེད་གསལ་འདེབས་སོགས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་རྣལ་འབྱོར་བླ་མེད་མ་རྒྱུད་སྒོ་དྲུག་གི་ཡ་གྱལ་ཧེ་རུ་ཀའི་རིགས་དཔལ་མ་ཧཱ་མཱ་ཡཱ་ལ་འཕགས་ཡུལ་དུ་གཙོ་བོར་གྲུབ་པའི་སློབ་དཔོན་ཆེན་པོ་ཀུཀྐུ་རི་ལས་ལེགས་པར་བཀྲལ་ཞིང༌། གཞན་ཡང་སློབ་དཔོན་འདུལ་བས་བྱིན་དང༌། རིན་ཆེན་འབྱུང་གནས་ཞི་བ་སོགས་ཀྱིས་ཀྱང་བཀའ་སྲོལ་མི་འདྲ་བ་རེ་རེ་དར་བར་མཛད་པ་དང༌། གངས་ཅན་གྱི་ལྗོངས་འདིར་ཇོ་བོ་རྗེ་དང༌། མར་འགོས་རྣམ་གཉིས་ཀྱིས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་པས་མཚོན་དར་རྒྱས་སུ་གྱུར་པ་ལགས། འདིར་གྲུབ་ཆེན་ཀུཀྐུ་རི་པ་ལས་སློབ་དཔོན་དྷརྨ་པས་གསན། དེ་ལས་གྲུབ་ཐོབ་བྱཱ་ད་ལི་པས་གསན་ནས་སྒྲུབ་ཐབས་དྲན་པ་གཅིག་པའི་རྣལ་འབྱོར་མཛད་པ་ནས་རིམ་པར་བརྒྱུད་དེ། གྲུབ་ཆེན་ཞི་བའི་ཞབས་ཡབ་སྲས་ཀྱི་ཐུགས་དམ། མཁས་གྲུབ་ཆེན་པོ་ཀུན་དགའ་སྙིང་པོ་ལ་བཀའ་བབས་པའི་དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་རིམ་པ་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་
བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་སློབ་དཔོན་གྱི་སྙིང་གའི་ཧྲཱིཿའི་འོད་ཀྱིས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕཻཾ་ཞེས་པས་སྤྱན་དྲངས་པ་ལ། ཡིད་ཀྱིས་སྤྲུལ་པའི་ཕྱི་ནང་གསང་བའི་མཆོད་པས་མཆོད་པའི་མོས་པ་སྔོན་དུ་འགྲོ་བས་སྡིག་པ་བཤགས་པ་ལ་སོགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག དཀོན་མཆོག་གསུམ་ལ་སོགས། དངོས་གཞི་བུམ་པའི་དབང་གི་སླད་དུ། ཨོཾ་ཤཱུ་ནྱ་ཏཱ་ནས། ཧཾ་ཞེས་པའི་དོན་གཟུང་འཛིན་གཉིས་ཀྱིས་སྟོང་པ་དེ་ཁོ་ན་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་སྙམ་དུ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེའི་ངང་ལས་རང་རང་གི་མདུན་དུ་ཧཱུྃ་ཡིག་ལས་སྣོད་ཀྱི་འཇིག་རྟེན་སོགས་ནས། མཆོད་པ་ཕུལ་བས་དེ་ཉིད་རང་རང་གི་སྙིང་ནང་དུ་ཐིམ་པས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཧེ་རུ་ཀ་སྒྱུ་འཕྲུལ་ཆེན་མོ་ནས། རྒྱན་དང་བཅས་པའི་སྐུར་ལམ་སྟེ་གྱུར་པའི་མགྲིན་པར་ཨཱཿནས་ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་ཉི་ཁ་སྦྱོར་གྱི་བར་དུ་ཧྲཱིཿཡིག་སྔོན་པོ་གསང་སྔགས་ཀྱི་རང་སྒྲ་སྒྲོག་པ་ལ་རྩེ་གཅིག་ཏུ་སེམས་གཏད་ནས་སྔགས་འདི་གསུང་བར་ཞུ། ཨོཾ་ཨཱཿཧྲཱིཿཧཱུྃ། ཨོཾ་ཨཱཿཨྃ་ཧཱུྃ། ཞེས་ཇི་ལྟར་རིགས་པ་བཟླར་གཞུག དེ་ནི་བུམ་པའི་དབང་གི་ངོ་བོའོ། །གསང་དབང་གི་སླད་དུ། རང་རང་གི་སྙིང་གར་ཉི་ཟླ་ཁ་སྦྱོར་རྒྱ་སྲན་ཙམ་པའི་དབུས་སུ། ཐིག་ལེ་ཡུངས་འབྲུ་ཙམ་ལ་སེམས་གཏད་དེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེ་ལྟར་བཞག་པས་གནས་ལུགས་བརྗོད་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་བའི་དབང་གི་ངོ་བོའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། ཁྱེད་རང་རྣམས་ཕྱི་དབྱིབས་ཀྱི་ལུས་དཔལ་སྒྱུ་འཕྲུལ་ཆེན་མོར་གསལ་བཞིན་པའི་ལྟེ་བའི་ཨ་ཡིག་ལ་སེམས་གཏད་པས། དེ་ལས་མེ་དམར་ཁྱུག་གིས་འབར། སྤྱི་བོའི་ཧཾ་ལ་རེག་པས་བྱང་ཆུབ་
ཀྱི་སེམས་སུ་ཞུ་བས་ལུས་ཁྱབ་པར་མོས་ཏེ་རླུང་ཁ་སྦྱར་དུ་བཟུང་ལ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེ་ལས་བདེ་སྟོང་གི་ཉམས་སྐྱེས་པ་ནི་དབང་གསུམ་པའི་ངོ་བོའོ། །དབང་བཞི་པ་ནི། བརྡ་ལ་བརྟེན་ནས་དོན་ངོ་སྤྲད་པ་སྟེ། མདུན་དུ་བཤམས་པའི་མཎྜལ་གྱི་ཆོས་འབྱུང་དམར་པོ་འདི་ནི་དབྱིངས་སྤྲོས་བྲལ། དེའི་དབུས་སུ་ཐིག་ལེ་དཀར་པོ་ནི་རིག་པ་བདེ་བ་ཆེན་པོའི་བརྡའོ། །དེ་ལྟར་ངོ་སྤྲད་པས་སེམས་ཉིད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དབྱིངས་དང་རིག་པ་དབྱེར་མེད་དུ་མཚོན་པ་ནི་དབང་བཞི་པའི་ངོ་བོའོ། །དེས་བྱིན་རླབས་ཀྱི་དངོས་གཞི་གྲུབ་ནས། མཇུག་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང༌། སློབ་དཔོན་གྱིས་རྗེས་ཆོག་གི་བྱ་བ་ཅིའང་མི་དགོས་སོ། །དྲན་པས་ལྷན་ཅིག་སྐྱེད་པ་ཡི། །བདེ་ཆེན་འོད་གསལ་འཆར་བའི་ལམ། །བྱིན་རླབས་རིམ་པ་འདི་བགྱིས་པས། །འགྲོ་ཀུན་ཧེ་རུ་ཀ་ཐོབ་ཤོག །ཅེས་པའང་རང་འདྲའི་བློ་དམན་རྣམས་ལ་ཉེ་བར་མཁོ་བའི་ཆེད་དུ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར་བཀླག་པས་གྲུབ་པར་བསྡེབས་པ་སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །།
དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།། སྒེག་པའི་རྡོ་རྗེའི་ལུགས།།
རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་ས་ཧཱ་ཛ་སཱ་དྷ་ན། བོད་སྐད་དུ། དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དྲི་མེད་ཡེ་ཤེས་གཟི་འོད་ལྡན། །འབར་བའི་སྐུ་མངའ་དཀྱིལ་འཁོར་བདག །དཔག་མེད་སྤྲུལ་པས་འགྲོ་སྐྱོབ་པ། །དཔལ་ལྡན་གསང་འདུས་ལ་ཕྱག་འཚལ། །ཡིད་འོང་རི་བོའི་དྲུང་སོགས་སུ། །བློ་ལྡན་ཞུགས་ཏེ་ཡིད་དྭང་བས། །གདོང་སོགས་དག་བྱས་བསོད་ནམས་བསག །དེ་རྗེས་ཆོས་ཀུན་སྟོང་པར་བསམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ་྅ཧཾ།«་་་་་སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ།» །རྡོ་རྗེའི་གཞི་ལ་རབ་དཀར་དགེ །ཆོས་འབྱུང་དབུས་སུ་པདྨ་དང༌། །ཉི་མ་ལ་གནས་སྣ་ཚོགས་མདོག །རྡོ་རྗེ་ལས་བྱུང་འཁོར་ལོ་ལས། །གྲུ་བཞི་ཟུར་བཞི་སྒོ་བཞི་པ། །སྣ་ཚོགས་རྒྱན་ལྡན་ཀུན་གྱིས་སྤྲས། །བ་དན་དྲིལ་བུས་ཁྱབ་པ་ནི། །ཀུན་ནས་ཉམས་དགའི་ཕོ་བྲང་བསམ། །དེ་དབུས་དབྱངས་ཡིག་རྣལ་བཟློག་ལས། །ཟླ་རྒྱས་གྲུབ་སྟེ་དེ་སྟེང་འདིར། །གསལ་བྱེད་རྣལ་བཟློག་དབྱངས་ཡིག་ཅན། །འཕྲོས་བསྡུས་ལས་གྱུར་
ཧཱུྃ་ཡིག་བལྟས། །མཐའ་ཡས་སྤྲུལ་པས་དོན་བསྒྲུབས་ནས། །རྒྱལ་བ་མཐིང་ག་རབ་མཛེས་སྒེག །གཡས་གཡོན་དཀར་དང་དམར་བའི་ཞལ། །རྡོ་རྗེ་དྲིལ་བུ་རིག་མས་འཁྱུད། །འཁོར་ལོ་རིན་ཆེན་པདྨ་དང༌། །རལ་གྲི་འབར་བ་གཡས་གཡོན་ཕྱག །སྐྱིལ་ཀྲུང་རྣམ་པར་རོལ་པས་བཞུགས། །ནམ་མཁའི་ཚོན་ལྟར་རབ་དྭངས་བསྒོམ། །ཨོཾ་དང་ཨཱཿཞེས་དེ་བཞིན་དུ། །ཧཱུྃ་ཞེས་བྱིན་གྱིས་བརླབས་ནས་ཀྱང༌། །སྙིང་གའི་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་བཀུག་ལ་དབང་བསྐུར་བྱ། །དེ་ནས་ཐབས་ཆེན་ཤེས་རབ་མཆོག །བདེ་ཆེན་ངང་དུ་སྙོམས་ཞུགས་པས། །མི་འགྱུར་ཐིག་ལེའི་རྣམ་པར་ཞུ། །སྤྱན་སོགས་གླུ་ཡིས་སད་པར་བྱས། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།«་་་་་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བདག་ཉིད་ངའོ།» །རང་ཉིད་ཟླ་བ་ཧཱུྃ་དང་ནི། །མགྲིན་པར་པདྨ་ལ་གནས་ཨཱཿ །སྤྱི་བོར་འཁོར་ལོ་ཨོཾ་གྱིས་མཚན། །ཐུགས་གསུང་སྐུ་ཡི་རྡོ་རྗེ་བསྒོམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ྅ཧཾ།«་་་་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་བདག་ཉིད་ངའོ། དེ་བཞིན་དུ། ཝཱ་ཀ་དང༌། ཀཱ་ཡ་བཅུག་པ་དང༌། »
ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་མཛད་ནས། །རྡོ་རྗེའི་ཐུགས་གསུང་སྐུར་མཛད་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།«་་་་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པས་རྡོ་རྗེའི་རང་བཞིན་ངའོ།» །ཤེས་རབ་དམ་པའི་ངོ་བོ་ཉིད། །ཐབས་བཅས་འབྱུང་བ་རང་གི་ལུས། །དགའ་བཞིས་བདེ་གཤེགས་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་ཏུ་བརྩམ། །ཨོཾ་ཨཱཿབཛྲ་དྷྲྀ་ཀ་ཧཱུྃ་སྭཱ་ཧཱ།«་་་་་རྡོ་རྗེ་འཛིན་པ།» ཨོཾ་ཨཱཿབཛྲ་དྷཱ་ཏྭཱི་ཤྭ་རི་མཱུཾ་ཧཱུྃ་སྭཱ་ཧཱ།«་་་་་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།» ཧཱུྃ་གི་རྡོ་རྗེ་ལས་བྱུང་བ། །ཡིད་ཚུལ་དམ་པའི་ཆུ་སྐྱེས་ལ། །གནས་པའི་སྔགས་ཕྲེང་ཕྱུང་ནས་ནི། །རྩེ་གཅིག་ཡིད་ཀྱིས་བཟླ་བར་བྱ། །ཀུན་བརྟག་མཚན་མ་ཀུན་ལས་གྲོལ། །ཡང་དག་རིག་ལས་ཐ་མི་དད། །ཞི་སོགས་ལས་ཀུན་སྒྲུབ་བྱེད་རྒྱུ། །སྙིང་རྗེ་ཅན་གྱིས་མི་འགྲུབ་མེད། །དཔལ་ལྡན་གསང་ཆེན་ལྷན་ཅིག་སྐྱེས། །བསྙེན་པས་དངོས་གྲུབ་བསྒྲུབ་པའི་ཕྱིར། །མདོར་བསྡུས་རིམ་པ་འདི་བརྗོད་པས། །སྐྱེ་བོས་སངས་རྒྱས་ལྔ་འགྲུབ་ཤོག །གསང་ཆེན་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ་རྫོགས་སོ། །ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༈ །ཨོཾ་སྭ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ལ། །གུས་པས་བཏུད་ནས་དེའི་སྒྲུབས་ཐབས། །སྒེག་པའི་རྡོ་རྗེའི་གཞུང་བཞིན་དུ། །མདོ་ཙམ་བདག་གིས་བཤད་པར་བྱ། །སྐྱབས་སེམས་བསོད་ནམས་ཚོགས་བསགས་སོགས་སྤྱི་དང་མཐུན། སྲུང་འཁོར་ཆོས་འབྱུང་པད་ཉི་སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་དབྱངས་བཅུ་དྲུག་ཉིས་འགྱུར་ལས་ཟླ་བ། གསལ་བྱེད་སོ་བཞི་ཉིས་འགྱུར་དབྱངས་བཅུ་གཉིས་དང་བཅས་པ་ལས་ཉི་མ། དབུས་སུ་ཧཱུྃ་ཡིག་དང་བཅས་པའི་འཕྲོ་འདུ་གཅིག་
ཏུ་གྱུར་པ་ལས། རྡོ་རྗེ་འཆང་ཆེན་པོ་མཐིང་ག ནག་དཀར་དམར་བའི་ཞལ་གསུམ། དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རང་དང་འདྲ་བ་ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་དང་པདྨ། གཡོན་གཉིས་རིན་པོ་ཆེ་དང་རལ་གྱི་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་སེམས་དཔའ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿདབང་གི་ལྷ་རྣམས་ཀྱིས། ཨོཾ་ཨཱཿཧཱུྃ་ཞེས་གསུང་ཞིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། རྗེས་སུ་ཆགས་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རང་བཞིན་གྱི་གནས་ན་བཞུགས་པའི་ལྷ་མོ་སྤྱན་མ་ལ་སོགས་པ་རྣམས་ཀྱིས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཅེས་སོགས་ཤློ་ཀ་བཞི་འམ། ཨོཾ་མ་ཧཱ་སུ་ཁཾ་བཛྲ་ས་ཏྭ་ཛཿཧཱུྃ་བཾ་ཧོཿ སུ་ར་ཏ་སྟྭཾ་ཌྲྀ་ཤྱ་ཧོཿ ཞེས་བསྐུལ་བས། སྔོན་བཞིན་དུ་བཞུགས་པར་གྱུར། སྙིང་གར་ཟླ་བ་ལ་ཧཱུྃ། མགྲིན་པར་པདྨ་ལ་ཨཱཿ སྤྱི་བོར་འཁོར་ལོ་ལ་ཨོཾ་རྣམས་ཐུགས་གསུང་སྐུ་རྡོ་རྗེའི་རང་བཞིན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྤྱན་དྲངས། གནས་གསུམ་དུ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་ཝཱཀ་དང་ཀཱ་ཡ་ཞེས་འདོན་པ་སྤོ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་གསུང་སྐུར་མཛད་གསོལ། །ཅེས་བསྐུལ་རྗེས་ཆགས་ཀྱི་བདེ་
བར་བསྒོམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པ་གཙོ་བོར་བཟླ་ཞིང༌། དེའི་བཅུ་ཆ། ཨོཾ་ཨཱཿབཛྲ་དྷཱ་ཏྭཱི་ཤྭ་རཱི་ཧཱུྃ་སྭཱ་ཧཱ། ཞེས་པ་བཟླའོ། །ཐུན་གྱི་མཐར། སྣོད་བཅུད་ཐམས་ཅད་འོད་གསལ་དུ་བསྡུས་ནས་མཉམ་པར་བཞག གཏོར་མའང་བླ་མེད་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་འབུལ་ལོ། །འདིའི་སློབ་མ་རྗེས་འཛིན་ནི། རྗེས་གནང་སྤྱི་དང་འདྲ་བ་ཁོ་ན་ཡིན་ནོ། །ཀུན་ནས་རྙེད་དཀའ་ཆེས་ཟབ་པ། །དགའ་ཆེན་གསང་བ་འདུས་པའི་ལམ། །བསྐྱེད་རིམ་སྙིང་པོའི་སྒྲུབ་ཐབས་འདི། །ཉེར་མཁོར་མཐོང་ནས་གསོལ་བར་བྲིས། །འདི་འཕགས་སྐོར་དང་མཐུན་ཤས་ཆེའང༌། སྒེག་པའི་རྡོ་རྗེའི་ལུགས་ཡིན་པར་ཤེས་པར་བྱའོ། །གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། ༈ །གསང་འདུས་ལྷན་སྐྱེས་ཀྱི་རྗེས་གནང་གི་ཟིན་བྲིས་ཉུང་གསལ་བཞུགས་སོ། །ཨོཾ་སྭ་སྟི། དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་རྗེས་གནང་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་སྟེགས་བུའི་ཁར་མཎྜལ་ཚོམ་བུ་གཅིག་པའི་མདུན་དུ་མཆོད་གཏོར་དང༌། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། ནང་མཆོད་སོགས་བཤམ། འགྲོ་རྣམས་བསྒྲལ་འདོད་སོགས་ཀྱི་སྐྱབས་སེམས་དང༌། སྤྲོ་ན་ཚོགས་བསགས་སྤྱི་ལྟར་བྱ། ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་སྲུང་འཁོར་ཆོས་འབྱུང་སོགས་ནས། རྗེས་ཆགས་ཀྱི་བདེ་བ་བསྒོམ་པའི་བར་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལྟར་བདག་གི་རྣལ་འབྱོར་གསལ་བཏབ། བཟླས་དམིགས་ནི། རང་གི་སྙིང་གར་ཟླ་བ་ལ་ཧཱུྃ། དེ་ལས་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་འཕྲོས་པས་སངས་རྒྱས་ཀྱི་མཛད་
པ་བསྒྲུབས། སླར་འདུས་ས་བོན་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་བཟླས་པ་ཅི་ནུས་བྱ། མཐར་སྣོད་བཅུད་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ། དེ་ལས་སླར་ཡང་རང་སྐད་ཅིག་གིས་དཔལ་གསང་བ་འདུས་པའི་སྐུར་བསམས་ལ། ཚོམ་བུ་ཨོཾ་ཨཱཿབི་གྷྣཱན་ཏ་ཀྲྀ་ཏ་ཧཱུྃ་གིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་སྲུང་འཁོར་སོགས་ནས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་གསལ་བཏབ། མཆོད་པ་བསང་སྦྱང༌། བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རླུང་མེའི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཤ་ལྔ་བདུད་རྩི་ལྔ་འབྲུ་གསུམ་གྱིས་མཚན་པ་སྦྱངས་རྟོགས་སྦར་བས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་སོགས་ཀྱིས་ཕུལ། གོང་ལྟར་མཆོད་བསྟོད་དང་འདོད་དོན་གསོལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར་སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ཐབས་ཀྱི་རྒྱུད་གདུལ་བྱ་འདོད་ཆགས་ཅན་གཙོ་བོར་འདུལ་བ་དཔལ་གསང་བ་འདུས་པ་ལ། འཕགས་ཡུལ་དུ་འདུས་པ་འཕགས་ཞབས་ཀྱི་ལུགས་གཉིས་གཙོ་བོར་གྱུར་པའི་བཀའ་སྲོལ་མི་འདྲ་བ་ཉི་ཤུ་རྩ་བཞི་ཙམ་བྱུང་བར་གྲགས་ཤིང༌། གངས་ཅན་གྱི་ལྗོངས་འདིར་འཕགས་སྐོར་དང༌། ཡེ་ཤེས་ཞབས་ལུགས་གཉིས་གྲགས་ཆེ་ལ། གཞན་ཡང་ཤཱིནྟི་
པ། རྡོ་རྗེ་བཞད་པ། པདྨ་བཛྲ། ཀུན་དགའ་སྙིང་པོ་རྣམས་ཀྱི་ལུགས་ཀྱང་ཅི་རིགས་པར་འགྱུར་བ་ལས། འདིར་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་དང་མཐུན་པར། གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས་ལེགས་པར་བཀྲལ་བའི་དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་འདེབས་ནས་བརྩམས་ཏེ་རྗེས་གནང་གི་དངོས་གཞི་སྤྱི་དང་འདྲ་བ་ལ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཉིད་ཡིན་ཏེ། ཁོ་བོས་བྱས་པའི་ནི་རི་ཏི་པའི་ལུགས་ཀྱི་བྱམས་པའི་རྗེས་གནང་ལ་ལྷའི་མཚན་དང༌། མངོན་རྟོགས། སྔགས་རྣམས་ཁ་སྤོས་པ་ཙམ་གྱིས་ཀྱང་ལེགས་པར་འགྲུབ་བོ། །གསུམ་པ་ནི། ཚོམ་བུའི་ལྷ་ལ་མཆོད་བསྟོད། ནོངས་པ་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ། །ཞེས་པའང་རང་འདྲའི་བློ་གྲོས་ཤིན་ཏུ་དམན་པ་རྣམས་ལ་ཕན་པའི་བསམ་པ་ཁོ་ནས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སུ་ཤྲེ་སོ་བྷ་བ་ཏུ།། །།མངྒལཾ།། །།
སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
ཨོཾ་སྭ་སྟི། དཀྱིལ་འཁོར་ཀུན་གྱི་གཙོ་བོ་འཇམ་དཔལ་དབྱངས། །དབྱེར་མེད་བླ་མ་དམ་པར་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་ཉུང་གསལ་གོ་བདེ་བ། །དང་པོའི་ལས་ཅན་དོན་དུ་བཤད་ཀྱིས་ཉོན། །དེ་ལ་འདིར་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས་འདི་ཉིད་ཀྱི་སྒྲུབ་ཐབས་ཉམས་སུ་ལེན་པའི་ཚུལ་ནི། སྟན་བདེ་བ་ལ་འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །རང་སྐད་ཅིག་གིས་འཇམ་དཔལ་རྡོ་རྗེར་གསལ་བའི་ཐུགས་ཀའི་མཱྃ་ཡིག་སེར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་
ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་མཉྫུ་ཤྲཱི་བཛྲ་ས་པ་རི་ཝཱ་རེ་བྷྱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཨོཾ་ཤུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཀུན་བཟང་ཡབ་ཡུམ་གྱི་ངོ་བོ་ཆོས་འབྱུང་གི་ནང་དུ་རྣམ་སྣང་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གི་ནང་དུ་པདྨ་རྒྱས་པ་དང༌། ཟླ་བའི་གདན་གྱི་སྟེང་དུ་མྃ་ལས་རལ་གྲི་མྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་རྡོ་རྗེ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་སེར་པོ། གཡས་སྔོ། གཡོན་དཀར་པོ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་འོག་མས་རལ་གྲི་དང་མདའ། གཡོན་འོག་མས་ཨུཏྤལ་དང་གཞུ་འཛིན་པ། རིན་པོ་ཆེས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་འཇམ་དཔལ་
རྡོ་རྗེ་ཞལ་གསུམ་ཕྱག་དྲུག་མ་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བས་འཁྱུད་པ། གཉིས་ཀ་གཉིས་སུ་མེད་པའི་སྦྱོར་བ་ལ་གནས་ཤིང་སྤྲུལ་པའི་འོད་ཟེར་འཕྲོ་བ། ཡབ་ཡུམ་གཉིས་ཀའི་གནས་སུ་ཟླ་བའི་གདན་ལ་མིག་ཏུ་ཀྵིཾ་ལས་ས་སྙིང་དཀར་པོ། རྣ་བར་ཛཱིཾ་ལས་ཕྱག་རྡོར་སྔོན་པོ། སྣར་བྃ་ལས་ནམ་སྙིང་སེར་པོ། ལྕེར་ལྃ་ལས་འཇིག་རྟེན་དབང་ཕྱུག་དམར་པོ། ལུས་སྐྃ་ལས་སྒྲིབ་སེལ་ལྗང་གུ། ཡིད་སྃ་ལས་ཀུན་བཟང་སྔོན་པོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་སྔོན་པོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་པོ། དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རལ་གྲི་སེར་པོ་མཱྃ་གྱིས་མཚན་པ། ཐུགས་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་ཐུགས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་སོགས་ནས་ཤབྡའི་བར་གྱིས་མཆོད། ཡེ་ཤེས་པ་དང་ཐུགས་རྡོ་རྗེ་གཉིས་ཀ་རང་གི་སྙིང་གའི་ཐུགས་རྡོ་རྗེ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མགྲིན་པའི་གསུང་རྡོ་རྗེའི་ཨཱཿལས་གསུང་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས། སླར་ཚུར་འདུས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད། ཡེ་ཤེས་པ་དང་གསུང་རྡོ་རྗེ་གཉིས་ཀ་རང་གི་སྙིང་གའི་གསུང་རྡོ་རྗེ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡང་སྤྱི་བོའི་སྐུ་རྡོ་རྗེའི་ཨོཾ་ལས་སྐུ་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛཿ སྔར་བཞིན་མཆོད། ཡེ་ཤེས་པ་དང་སྐུ་རྡོ་རྗེ་གཉིས་ཀ་སྤྱི་བོའི་སྐུ་རྡོ་རྗེ་ལ་ཐིམ་པས། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡང་རང་གི་སྙིང་གའི་མྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ སྔར་བཞིན་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱྃ། ཞེས་གསོལ་བ་བཏབ་པས། རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ལ་མི་བསྐྱོད་པས་དབུར་བརྒྱན། ཨོཾ་མཉྫུ་ཤྲཱི་བཛྲ་ཨརྒྷཾ་ནས་ཤབྡའི་བར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་གི་ཐུགས་ཀར་མྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་རང་ལ་ཐིམ་པས་ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར། ཨོཾ་ཨཱཿམྃ་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཇམ་དཔལ་རྡོ་རྗེའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཆོས་འབྱུང་གཞལ་ཡས་ཁང་དང་བཅས་པ་རང་ཉིད་ལ་ཐིམ། རང་ཉིད་ཐུགས་ཀའི་མྃ་ལ་ཐིམ། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར། དེའི་ངང་ལས་རང་ཉིད་འཇམ་དཔལ་རྡོ་རྗེའི་སྐུར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་རྒྱས་པར་བྱའོ། །ཐུན་མཚམས་
སུ་གཏོར་མ་དབུལ་བར་འདོད་ན། གཏོར་མ་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་ཆུ་ཆང་གིས་སྦྱང༌། ཨོཾ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་མཉྫུ་ཤྲཱི་བཛྲ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷཱཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། མཚན་སྔགས་སྔོན་དུ་འགྲོ་བའི། ཨརྒྷཾ་ནས་ཤབྡའི་བར། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ། བཏགས་པས་ནང་མཆོད་དབུལ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །སོགས་ཀྱི་མཐར། འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས། རྟེན་ཡོད་ན་བརྟན་བཞུགས། མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཅེས་སོགས་ཀྱི་མཐར། བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། དགེ་བ་བསྔོ་བ་སོགས་བྱའོ།། ༈ །འཇམ་པའི་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཞབས། །དཔལ་བདེ་བ་དང་བི་མ་ལ་གུཔྟ། །རིན་ཆེན་རྣམ་གཉིས་རི་སུལ་རྣལ་འབྱོར་མ། །གཉན་ལོ་ཆོས་རྒྱན་རྣམས་ལ་གསོལ་བ་འདེབས། །གོང་མ་ལྔ་དང་དམ་པ་ཀུན་དགའ་གྲགས། །བཀྲ་ཤིས་དཔལ་དང་ཀུན་དགའ་བསོད་ནམས་ཞབས། །རྡོ་དཔལ་ཀཱིརྟི་ཤྲཱི་གངས་པ་དང༌། །ས་བཟང་ཁུ་དབོན་རྣམས་ལ་གསོལ་བ་འདེབས། །ངོར་ཆེན་མུས་ཆེན་རྒྱལ་ཚབ་ཀུན་མཁྱེན་རྗེ། །རཏྣ་ཝརྡྷ་དཀོན་མཆོག་ལྷུན་གྲུབ་དང༌། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་པོ། །མཆོག་ལེགས་ཁུ་དབོན་རྣམས་ལ༴ །སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །འགྲོ་བའི་བླ་མ་མཁྱེན་རབ་བྱམས་པའི་དཔལ། །གདམས་པའི་བཀའ་བབས་རྩ་བའི་བླ་མ་སོགས། །དངོས་བརྒྱུད་ཡོངས་འཛིན་
རྣམས་ལ༴ །དེ་ལྟར་གུས་པས་གསོལ་བ་བཏབ་པའི་མཐུས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷར། །ངེས་པར་ཤེས་ནས་ལུས་རྟེན་འདི་ཉིད་ལ། །འཇའ་ལུས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་འཇམ་རྡོར་མངོན་རྟོགས་བརྒྱུད་པའི་གསོལ་འདེབས་དང་བཅས་པ་འདིའང་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་ཉམས་བཞེས་སུ་བྱ་བྲལ་བས་བཀྲ་ཤིས་པའི་ཆོས་སྡེར་སུག་བྲིས་སུ་བཏབ་པའོ།། ༈ །བརྒྱུད་འདེབས་ཁ་སྐོང་ནི། སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་པོ། །དཔལ་ལྡན་དོན་གྲུབ་རྣམས་ལ་གསོལ་བ་འདེབས། །ཤེར་འབྱུང་ཡེ་ཤེས་བཟང་པོ་བུདྡྷའི་ཞབས། །བསྟན་འཛིན་ལྷུན་གྲུབ་མཁན་ཆེན་མངྒ་ལ། །སངས་རྒྱས་ཡེ་ཤེས་ཀུན་བློ་ནམ་མཁའི་མཚན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གུས་པས་སོགས་སྦྲེལ་ལོ། །སརྦ་མངྒ་ལཾ།། ༈ །འདིའི་རྗེས་གནང་སྒྲུབ་པར་འདོད་པས། གནས་དབེན་པར་མཆོད་སྟེགས་ཇི་ལྟར་འཚམས་པའི་སྟེང་དུ་མཉྫིའི་ཁར་མཎྜལ་ལ་དྲི་བཟང་གི་ཐིག་ལེ་བྱས་ཏེ་འབྲས་སོགས་ཀྱི་ཚོམ་བུ་གཅིག་དགོད། མདུན་དུ་གཏོར་ཟླུམ། དེའི་མཐར་དབང་ལྡན་གྱི་གནས་སུ་མཚམས་འཛིན་གྱི་མེ་ཏོག ཤར་དུ་མཆོད་ཡོན་སོགས་གཡས་སྐོར་དུ་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། མེ་ཏོག སློབ་མ་ལ་བཀྱེ་རྒྱུའི་ནས་སོགས་མཐོང་བ་བརྒྱུད་པའི་ལག་ལེན་ལྟར་སྟ་གོན་བྱའོ། །དངོས་གཞི་ངག་འདོན་ལ། སློབ་དཔོན་གྱིས་མཆོད་པ་རྣམས་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཞེས་པས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་བྱ་ཞིང༌། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ་སོགས་ནས།
ཨོཾ་བཛྲ་ཤབྡ་སྭཱ་ཧཱ། མཐར་རོལ་མོ་དཀྲོལ་ཏེ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་ལན་གསུམ་གྱིས་བྱིན་དབབ་བོ། །དེ་ནས་བདག་བསྐྱེད་ནི། བརྒྱུད་འདེབས་སྔོན་འགྲོས་བདག་དང་འགྲོ་བ་སོགས་ནས། རང་ཉིད་འཇམ་པའི་རྡོ་རྗེའི་སྐུར་གྱུར། ཅེས་བསྡུ་ལྡང་གི་བར་གོང་བཞིན་དང༌། དེ་ནས་མདུན་གྱི་ཚོམ་བུར་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཀུན་བཟང་ཡབ་ཡུམ་གྱི་སོགས་ནས། མི་བསྐྱོད་པས་དབུར་བརྒྱན་ཞེས་པའི་བར་གོང་ལྟར་ལ། རང་ཉིད་ལ་དེ་ཉིད་དང༌། རང་གི་ལ་དེའི་ཞེས་པར་བསྒྱུར། མཆོད་པ་བསང་སྦྱང་བྱིན་བརླབས་ནས། ཨོཾ་མཉྫུ་ཤྲཱི་བཛྲ་ཞེས་པའི་མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་མཆོད་བསྟོད་བྱ། གཏོར་མ་ཆུ་ཆང་གིས་སྦྱང༌། ཨོཾ་ཨཱཿབིགྷྣན་ཏ་ཀྲི་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་མཉྫུ་ཤྲཱི་བཛྲ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། མཚན་སྔགས་སྔོན་དུ་འགྲོ་བའི་ཨརྒྷཾ་ནས་ཤབྡའི་བར། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་དབུལ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །སོགས་ཀྱི་མཐར། འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་ཀྱི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད། འདས་གཏོར་གྱི་ལྷག་མ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། གཡས་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་
ཨཱ་ཀརྵ་ཡ་ཛཿ ཞེས་པས་མགྲོན་དགུག ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། སྔགས་དེ་ཉིད་ཀྱི་མཐར་ཨོཾ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ་ལ། ཏིང་ཤག་བརྡུང༌། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ནས། །ཞི་ཞིང་གུས་པའི་སེམས་སུ་མཛོད། །བདག་ཀྱང་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང༌། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །ཅེས་པས་ཕྲིན་ལས་གཞོལ། མཐེབ་སྲིན་གྱིས་སེ་གོལ་དང༌། ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ་ཞེས་པས་འཇིག་རྟེན་པའི་མགྲོན་གཤེགས་སུ་གསོལ། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཕྲེང་བསམས་ལ། སྤྲོ་བསྡུའི་དམིགས་པས་ཐུགས་རྒྱུད་བསྐུལ་བར་བསམ་ཞིང༌། གོང་ལྟར་བཟླས་པ་ཅི་རིགས་དང༌། ཐལ་མོ་སྦྱར་ལ་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་སོགས་ཀྱིས་གོང་ལྟར་གསོལ་བ་གདབ་བོ། །སློབ་མ་རྣམས་བོས་ནས་སེམས་བསྐྱེད་གསལ་བཏབ་ལ། ད་ལམ་འདིར་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་གཙོ་རྐྱང་གི་རྗེས་སུ་གནང་བ་འབུལ་བ་ལ་སློབ་དཔོན་གྱིས་བགྱི་འོས་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་དཔོན་ལ་འཇམ་པའི་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། བརྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁའ་བླ་མ་དང་གཉིས་སུ་མེད་པའི་འཇམ་པའི་རྡོ་རྗེ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་
ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་ཆེན་པོ་འཐིབས་པ་བཞིན་མངོན་སུམ་ལྟ་བུར་བཞུགས་པར་མོས་པ་བྱས། དེ་དག་གི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ནས་འགྲུབ་པར་ཤོག ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་ལ་སྩལ་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན་ལ། དངོས་གཞི་ལ། སྐུའི་རྗེས་གནང༌། གསུང་གི་རྗེས་གནང༌། ཐུགས་ཀྱི་རྗེས་སུ་གནང་བ་དང་གསུམ་ཡོད་པ་ལས། ཐོག་མར་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་འཇམ་པའི་རྡོ་རྗེ་དངོས་ཡིན་སྙམ་པའི་སེམས་ཀྱིས་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག དེའི་ཐུགས་ནས་འོད་ཟེར་ལྕགས་ཀྱུ་དང་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཉི་མ་ཤར་བ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དང༌། ཁྱད་པར་དུ་རྣམ་སྨིན་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་གཟུང་འཛིན་ཐ་མལ་དུ་འཛིན་པ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པར་མོས། དེ་ཉིད་ལ་སློབ་དཔོན་གྱིས་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། ཞེས་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་སྟོང་པ་ཉིད་དུ་སངས་ཀྱིས་
སྦྱངས་པར་མོས་པ་བྱས། སྟོང་པའི་ངང་ལས་ཀུན་བཟང་ཡབ་ཡུམ་གྱི་ངོ་བོ་ཆོས་འབྱུང་ཞེས་པ་ནས། ཁྱེད་རང་རྣམས་འཇམ་པའི་རྡོ་རྗེ་ཞེས་བསྒྱུར་བས། སྐུ་རྡོ་རྗེ་དཀར་པོ་རྣམས་གསལ་ལམ་གྱིས་བཏབ་ནས། སློབ་དཔོན་ལ་ཁྱེད་རྣམས་ཀྱིས་བསྒོམས་པ་ལྟ་བུའི་འཇམ་པའི་རྡོ་རྗེ་དངོས་ཡིན་སྙམ་པའི་ཡིད་ཀྱིས་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྐུ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཐིམ་པར་མོས་པ་བྱས། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཀྱང་འཇམ་པའི་རྡོ་རྗེའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་ཚད་མེད་གྲངས་མེད་པའི་རྣམ་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་བ་སྤུའི་བུ་ག་དབང་པོའི་སྒོ་ལ་སོགས་པ་རྣམས་ན་མར་མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་སྐུ་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། རོལ་མོ་བྱ་ཞིང༌། ཨོཾ་ཨཱཿམྃ་ཧཱུྃ་གི་མཐར། ཨོཾ་བཛྲ་ཨཱ་ཝེ་ཤཱ་ཡ་ཨཿཨཿཨཿ ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་གཉིས་སུ་མེད་པར་བསྟིམ། དེ་ལྟར་ན་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྐུ་ཡི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ལུས་ཀྱིས་སྐྱེ་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། འཇམ་པའི་རྡོ་རྗེའི་སྐུའི་བྱིན་རླབས་ཞུགས། དེ་ལ་བརྟེན་ནས་སྐུ་བསྒོམ་པ་དང་སྐུའི་འཕྲིན་ལས་མཐའ་དག་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་འཇམ་པའི་རྡོ་རྗེར་གསལ་བའི་ཐུགས་ཀར་མྃ་ཡིག་གི་མཐར་སྔགས་ཕྲེང་དང་བཅས་པ་གསལ་བར་དམིགས། ཁྱེད་རང་རྣམས་
འཇམ་པའི་རྡོ་རྗེའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མྃ་ཡིག་གསེར་བཙོ་མའི་མདོག་ཅན་དུ་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་མྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་པ་བྱས་ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་བརྗོད་ལ། སྔགས་ལན་གསུམ་བརྗོད་པའི་མཐར། དེ་ལྟར་ལན་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་པ་བྱས། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ནས་གསོལ་བ་འདེབས་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ཅེས་གསོལ་བ་བཏབ་པས། ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ་བ་དེ་ཉིད་སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བའི་རང་བཞིན་དུ་བྱས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག དེ་ལྟར་ན་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་གསུང་གི་རྗེས་གནང་ཐོབ། ཁྱེད་རང་རྣམས་ཀྱི་ངག་གིས་སྐྱེ་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། འཇམ་པའི་རྡོ་རྗེའི་གསུང་གི་བྱིན་རླབས་ཞུགས། དེ་ལ་བརྟེན་ནས་གསུང་བཟླས་པ་དང་གསུང་གི་ཕྲིན་ལས་མཐའ་དག་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། ཐུགས་ཀྱི་རྗེས་
སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་འཇམ་པའི་རྡོ་རྗེར་གསལ་བའི་ཞལ་ནས། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལས། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པའང་དམིགས་སུ་མེད་པའོ། །ཞེས་གསུངས་ཏེ། དེའི་དོན་ཁྱེད་རང་རྣམས་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་ཅན་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དེ་ཉིད་ལ་ཡིད་ཆེར་གྱིས་གཏད་པ་ལ་བརྟེན་ནས། རང་ཉིད་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་འཇའ་ཚོན་ལྟ་བུའི་ཚུལ་ཅན་དུ་ལྟེམས་ཀྱིས་ཞུ་སྟེ་ཐུགས་ཀའི་ས་བོན་ལ་ཐིམ་ཞིང༌། ས་བོན་དེའང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ། མཐར་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་རང་ཡལ་དུ་ཡལ་གྱིས་ཡལ་བ་ལ་བརྟེན་ནས་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་མཚན་ཉིད་ཅན་ཁྱེད་རང་རྣམས་ཀྱི་རྒྱུད་ལ་སྐྱེས་པར་མོས་པ་མཛོད། སྤྲོ་ན་མེ་ཏོག་གཏོར་ཏེ། བཅོམ་ལྡན་འདི་ལ་སོགས་དང༌། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད། དེ་ལྟར་ན་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ཡིད་ཀྱིས་སྐྱེ་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། འཇམ་པའི་རྡོ་རྗེའི་ཐུགས་ཀྱི་བྱིན་རླབས་ཞུགས། དེ་ལ་བརྟེན་ནས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་དང༌། ཐུགས་ཀྱི་ཕྲིན་ལས་མཐའ་དག་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། དེས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གྲུབ་སྟེ། མདོར་ན་དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་
ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། རྗེས་གནང་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ། ལུས་ལོངས་སྤྱོད་ལ་སོགས་པའང་སློབ་དཔོན་ལ་དྲིན་ལན་དུ་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ་སོགས་དང༌། བསྔོ་སྨོན་གྱིས་གྲོལ་ལོ། །རྗེས་མཆོད་བསྟོད། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམས་ལ་བཀྲ་ཤིས་དང༌། དགེ་བསྔོས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རྗེ་དེ་ཉིད་ཀྱི་བཞེད་སྐོང་དུ་སྨོར་ཆེན་རྡོ་རྗེ་འཆང་གི་སྒྲུབ་ཐབས་དཀྱུས་སུ་བཅུག རྗེས་གནང་རྒྱ་མཚོ་ནས་བློ་གཏེར་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ།
དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བཞུགས་སོ།།
དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དེ་བསྒོམ་པར་འདོད་པའི་གང་ཟག་གིས་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དཔལ་གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ། རང་གི་ཤེས་པ་ཧཱུྃ་དམར་པོ་ལས། རྡོ་རྗེ་སྔོན་པོ་དང༌། མི་མགོ་སེར་པོས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་གིས་མཚན་པར་གྱུར་པ་ལས་འོད་ཟེར་འཕྲོས་པ་སེམས་ཅན་ཐམས་ཅད་ལ་ཕོག་པས། སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་དམར་པོར་གྱུར། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། མ་ཧེ་དམར་པོ་དང་
ལས་ཀྱི་གཤིན་རྗེ་ཁས་ཕུབ་ཏུ་བསྒྱེལ་བའི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། ཞབས་གཡས་བསྐུམ་པས་མ་ཧེའི་རྭ་བར་དང༌། གཡོན་བརྐྱངས་པས་ཚང་རའི་སྟེང་དུ་བརྫིས་པ། ཕྱག་གཡས་པས་རྡོ་རྗེ་མི་མགོ་དང་བཅས་པའི་དབྱུག་པ་འཕྱར་ཞིང༌། གཡོན་པས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང༌། ཀླུ་ཆེན་པོ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་ཞིང༌། སྤྱན་གསུམ་དང་ལྡན་པ། མཆེ་བ་གཙིགས་ཤིང་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྐུ་མདོག་དམར་མོ། ཕྱག་གཡས་པས་གྲི་གུག་དང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །གཉིས་ཀའི་
དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། གཤིན་རྗེ་གཤེད་རིགས་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། དེ་རྣམས་ལ་ཨོཾ་ཨརྒྷཾ། པཱ་དྱཾ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་པས་མཆོད་ནས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས། ཡེ་ཤེས་ཀྱི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་ཞིང༌། ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་པས་དབང་གི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་གཉིས་ཀའི་སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་ནས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། དབང་གི་ལྷ་ཐམས་ཅད་ཡེ་ཤེས་པའི་ཚུལ་གྱིས་རང་ལ་གཉིས་སུ་མེད་པར་བསྟིམ་པ་དང༌། རང་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་དང༌། དེའི་ཐུགས་ཀར་ཧཱུྃ་དམར་པོ་ནས་འབྲས་ཙམ་གྱི་ཏིང་ངེ་འཛིན་སེམས་དཔའ་དམིགས་ནས། ཡུམ་གྱི་བྷ་ག་པདྨ་འདབ་མ་བརྒྱད་པ་དང༌། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་པར་བསྐྱེད་ནས། སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་ཐིག་ལེས་ཡབ་ཡུམ་གཉིས་ཆར་གྱི་སྐུ་ཡོངས་སུ་གང་ནས། རྗེས་སུ་ཆགས་པ་ལས་བྱུང་བའི་ཟག་པ་མེད་པའི་བདེ་བས་གཉིས་ཀ་མཉེས་པར་བྱས། དེའི་སྟོབས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཉིས་སུ་མེད་པའི་བདེ་བས་མཉེས་
སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི། ཟག་པ་མེད་པའི་བདེ་བ་དང་ལྡན་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། དེ་ནས་ཐིག་ལེ་རྣམས་བ་སྤུའི་བུ་ག་ནས་འོད་ཟེར་འཕྲོས་པའི་རྩེར་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་གནས་པས་བདག་ཉིད་ལ་མཆོད་པར་བསམ་ཞིང༌། ཨོཾ་རཀྟ་ཡ་མཱ་རི་ཨརྒྷཾ་པཱ་དྱཾ། ཞེས་པ་ལ་སོགས་པ་བརྗོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་མཆོད་པའི་ལྷ་མོ་དེ་དག་རང་གི་ཐུགས་ཀར་ཐིམ་པར་བསམ་མོ། །དེ་ནས་ལྷའི་སྐུ་སེམས་དཔའ་སུམ་བརྩེགས་དེ་ཉིད་ལ་དམིགས་ལ་ཡིད་མཉམ་པར་བཞག་གོ །སྔགས་ཟློ་བའི་ཚེ་སྙིང་གའི་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོར་བའི་འོད་ཀྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས། ཕྱིར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམ་ཞིང༌། ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླ་བར་བྱའོ། །སྤྱོད་ལམ་ལ་འཇུག་པའི་ཚེ། བདག་དང་སྣང་བ་ཐམས་ཅད་གཤིན་རྗེ་གཤེད་དུ་བསྒོམས་ནས། ཨོཾ་ཞེས་པ་དང༌། བརྗོད་པ་དང་གྲགས་པ་ཐམས་ཅད་སྔགས་སུ་བསྒོམས་ནས། ཨཱཿཞེས་པ་དང༌། སེམས་ཀྱི་རྟོག་པ་ཐམས་ཅད་ཏིང་ངེ་འཛིན་ཏུ་བསྒོམས་ལ། ཧཱུྃ་ཞེས་པས་དངོས་པོ་ཐམས་ཅད་ལྷའི་ངོ་བོ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་དམིགས་ལ། ཕྱིའི་ལྷས་ནང་གི་ལྷ་ལ་མཆོད་པར་བསམ་ཞིང་ཅི་བདེ་བར་ལོངས་སྤྱད་དོ། །གཏོར་མ་གཏོང་བའི་ཚེ། གཏོར་མ་བཤམས་པ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཨ་ལས་ཐོད་པའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། རང་གི་སྙིང་གའི་ཧཱུྃ་ལས་
འོད་འཕྲོས་པས་རང་གིས་བསྒོམས་པ་ལྟ་བུའི་ཡ་མཱནྟ་ཀ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་བ་དང༌། འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། དེ་རྣམས་ཀྱིས་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་རཀྟ་ཡ་མཱ་རི་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་བིགྷྣན། ཧ་ར་ཧ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་དབུལ། ཨརྒྷཾ་ལ་སོགས་པས་མཆོད་ནས། བདག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས། ཨོཾ་བཛྲ་མུཿཞེས་བརྗོད་ལ་གཏོར་མའི་མགྲོན་གཤེགས་སུ་གསོལ་ལོ། །ཟས་ཟ་བའི་ཚེ། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་གཤིན་རྗེ་གཤེད་དུ་གསལ་བར་དམིགས་པའི་ཐུགས་ཀར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང༌། ལྟོ་བར་ཕྱོགས་སྐྱོང་བ་དང༌། འཇིག་རྟེན་སྐྱོང་བ་དང༌། འབྱུང་པོའི་ཚོགས་ཐམས་ཅད་དམིགས་ལ། དེ་རྣམས་ལ་མཆོད་པའི་བསམ་པས་བཟའོ། །རྗེས་སུ་ཆགས་པའི་རྣལ་འབྱོར་ནི། བསྐྱེད་རིམ་གྱི་བདེ་བ་བསྒོམ་པའི་སྐབས་དང་འདྲའོ། །ཉལ་བའི་ཚེ་སྟོང་པའི་ངང་ལ་ཉལ་ཞིང་ལྡང་བའི་ཚེ། སྐད་ཅིག་གིས་ལྷའི་སྐུར་ལྡང་ངོ༌། །དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱེད་པ་ནི་གནས་སྐབས་སུ་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་གྲུབ་ནས། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཉིད་དོ། །རྒྱལ་བུ་ཨ་རོག་ཆེས་བསྐུལ་ནས། །འཕགས་པས་སྒྲུབ་ཐབས་སྦྱར་བ་ཡི། །དགེ་བས་བདག་དང་སེམས་ཅན་ཀུན། །གཤིན་རྗེ་གཤེད་དཔལ་ཉིད་གྱུར་ཅིག །དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། ཆུ་ཕོ་སྤྲེའུ་ལོ་ཟླ་བ་དྲུག་པའི་ཚེས་ལྔའི་ཉིན་པར་ཤིང་ཀུན་གྱི་ཆར་སྦྱར་བའི་ཡི་གེ་པ་ནི་ཨཱ་ཙ་ར་ཞེས་བྱའོ།། ༈ །གཤིན་
རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་བྱིན་རླབས་ཀྱི་ཆོ་ག་ཡེ་ཤེས་འཆར་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཤིན་ཏུ་སྤྲོས་མེད་ལྷན་སྐྱེས་ཀྱི། །ཡེ་ཤེས་མཆོག་གི་རྣམ་རོལ་ནི། །བླ་མ་གཤིན་རྗེ་མཐར་བྱེད་ལ། །བཏུད་ནས་དེ་ཡི་བྱིན་རླབས་བྲི། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་མཎྜལ་ཚོམ་བུ་གཅིག་པ་དང༌། མཆོད་གཏོར་བཤམ། སློབ་དཔོན་གྱི་མདུན་ཏུ་བུམ་པ་བཅུད་ལྡན། རྡོ་རྗེ་དྲིལ་བུ། ནང་མཆོད་སོགས་དང༌། གཞན་ཡང་རལ་གྲི། གྲི་ཐོད། རྡོ་རྗེའི་དབྱུག་པ་སོགས་ཉེ་མཁོ་ཐམས་ཅད་འདུ་བྱ། མཆོད་པ་བྱིན་རླབས་དང་སྐྱབས་སེམས་སྤྱི་ལྟར་སྔོན་དུ་འགྲོ་བས། སྭ་བྷཱ་བས་རང་དང་ཚོམ་བུ་གཉིས་ཀ་མི་དམིགས་ཏེ་སྟོང་པར་སྦྱང༌། སྟོང་པའི་ངང་ལས་བདག་མདུན་ལྷན་ཅིག་ཏུ་ལྷར་བསྐྱེད་པ་ནས། བཟླས་པའི་བར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་མངོན་རྟོགས་ལྟར་ཉམས་སུ་བླང༌། གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། རང་གི་སྙིང་གའི་ཧཱུྃ་ལས་སོགས་ནས། འཇིག་རྟེན་པ་མཁའ་འགྲོའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲངས་ལ་སྒྲུབ་ཐབས་ལྟར་གཏོར་མ་འབུལ། ཨོཾ་རཀྟ་ཡ་མཱ་རི་ས་པ་རི་ཝཱ་རི་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་ལོ། །གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་དང༌། བདག་གི་སོགས་ནས། འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། བུམ་པ་ལ་དམིགས་ཏེ་ཧྲཱིཿཥྚྲཱིཿཅི་ནུས་བཟླས་པས་བྱིན་གྱིས་བརླབ། གཉིས་པ་ནི། དབང་གིས་སྨིན་པའི་སློབ་མ་རྣམས་ཁྲུས་བྱས་
གྲལ་དུ་འཁོད་པར་སེམས་བསྐྱེད་གསལ་གདབ་ལ། དེ་ལ་རྣལ་འབྱོར་བླ་མེད་ཞེ་སྡང་ཐབས་རྒྱུད་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་ལ་དམར་ནག་འཇིགས་གསུམ་དུ་གྲགས་པའི་ཡ་གྱལ། རྣལ་འབྱོར་དབང་ཕྱུག་ཆེན་པོ་བིརྺ་པའི་མན་ངག མཁས་པ་དང་གྲུབ་པའི་སྐྱེས་བུ་བར་མ་ཆད་པ་ལས་རིམ་པར་འོངས་པའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་བྱིན་རླབས་ཀྱི་རིམ་པ་ཟབ་མོ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། སླར་ཡང་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་སོགས། དེ་ནས་བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ། སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པ་སློབ་དཔོན་གཤིན་རྗེ་གཤེད་དམར་པོ་གསལ་བའི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་རྡོ་རྗེ་རོ་ལངས་མའི་མཁའ་གསང་དུ་ལྷུངས་པ་ལས་སྐད་ཅིག་གིས་པདྨ་དང་ཉི་མའི་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་རེ་རེར་ལམ་སྟེ་གྱུར་པ་ལ། ཡབ་
ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་དབང་བསྐུར། སླར་ཡང་མཁའ་གསང་ནས་ཕྱིར་སྤྲོས་ཏེ་རང་རང་གི་གདན་གྱི་སྟེང་དུ་འཁོད་པའི་མོས་པ་དང་བཅས་སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤིན་རྗེ་གཤེད་དམར་པོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད་ཧྲཱིཿཥྚྲཱིཿའི་མཐར། ཨ་བེ་ཤ་ཡ་ཨཿཨཱཿ ཞེས་བཏགས་པས་ཡེ་ཤེས་དབབ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་ཨོཾ་བཛྲ་ས་མཱ་ཛཿ བུམ་པའི་དབང་བསྐུར་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་དང་དབང་གི་ལྷ་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་སོགས་ནས། ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་རེ་རེས་དབུར་བརྒྱན། ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། དེས་བུམ་པའི་དབང་བསྐུར་བྱིན་རླབས་ཀྱི་ཚུལ་གྱིས་ཐོབ་པའོ། །གསང་བའི་དབང་གི་སླད་དུ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབ། བདུད་རྩིའི་སྟེང་གི་ནམ་མཁར་སྐད་ཅིག་གི་དཔལ་གཤིན་རྗེ་
གཤེད་དམར་པོ་ཡབ་ཡུམ་གསལ་བར་བྱང་ཆུབ་ཀྱི་སེམས་སུ་ཞུ། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ། ཧྲཱིཿཥྚྲཱིཿདང་འབྲུ་གསུམ་བཟླ་བཞིན་པར་སློབ་མ་ལ་སྦྱིན། དེས་གསང་བའི་དབང་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་ཁྱེད་རང་རྣམས་ཀྱི་ལུས་ལྷ་སྐུ་གསལ་དྭང་འཇའ་ཚོན་ལྟ་བུར་སྣང་བ་དང༌། སེམས་རྒྱུད་བདུད་རྩིའི་རོ་མྱོང་བས་བརྗོད་བྲལ་དུ་ཤར་བ་ལ་བློ་བཞག་སྟེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའོ། །དབང་བཞི་པའི་སླད་དུ། གྲུབ་ཆེན་བིརྺ་པས། འདི་ཉིད་གསལ་ཞིང་སྟོང་པ་སྟེ། །རིག་པའི་དེ་ཉིད་མ་འགགས་པ། །རང་རིག་ཡེ་ཤེས་སྐད་ཅིག་མ། །འདི་ནི་ཐོག་མ་དབུས་མཐའ་མེད། །ཅེས་གསུངས་ཏེ། དེའི་དོན་ཉམས་སུ་ལེན་པ་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་སོར་བཞག སེམས་དང་ནམ་མཁའ་རོ་གཅིག་ཏུ་བསྲེས་ཏེ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། དེ་ལྟར་བཞག་པས་སྐྱེ་འགག་གནས་གསུམ་དང་བྲལ་བའི་གཉུག་མའི་ཡེ་ཤེས་བསམ་བརྗོད་ལས་འདས་པར་ཉམས་སུ་མྱོང་བ་ནི་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་དེ། དབང་བཞི་པའི་ངོ་བོའོ། །མཐའ་རྟེན་སྔགས་ཀྱི་རྗེས་གནང་སྦྱིན་པ་ལ་རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་འབྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཧྲཱིཿཥྚཱིཿསོགས། དམ་བཅའ་བའི་ལུང་གི་སླད་དུ། དུས་དེ་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ་
སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །བྱིན་གྱིས་བརླབས་པའི་ལུང་གི་སླད་དུ། སློབ་དཔོན་ལ་མེ་ཏོག་འཐོར་བ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སྤྱི་བོར་བཞག་པས་སྔགས་ཀྱི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། རལ་གྲིའི་རྗེས་གནང་གི་སླད་དུ། ཧཱུྃ་ལས་བྱུང་བའི་བདུད་ཐམས་ཅད་འཇོམས་པར་བྱེད་པའི་རལ་གྲི་ཕྱག་གཡས་སུ་བྱིན་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་བྱ་ཕྱིར་ཟུངས། མངོན་སྤྱོད་ཀྱི་རྗེས་སུ་གནང་བའི་སླད་དུ་མ་རུངས་པ་ཚར་གཅོད་པའི་གྲི་གུག་ཕྱག་གཡས་སུ་བྱིན་པའི་མོས་པ་མཛོད། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །གསོད་པ་གསོད་པ་མ་ཡིན་ཏེ། །དམ་ཚིག་ལ་སྡང་བསད་པ་ཡིན། །སེམས་ཅན་གནོད་བྱེད་བསད་པར་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱའོ། །དམ་ཚིག་ལ་སྡང་དགྲ་ཆེན་པོ། །ངོ་མཐོན་ཁྱོད་ཀྱིས་བསད་པར་བྱོས། །བརྟུལ་ཞུགས་ཀྱི་རྗེས་གནང་གི་སླད་དུ། བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཕྱག་གཡོན་ཏུ་བྱིན་པའི་མོས་པ་མཛོད། ཁམས་གསུམ་ཀུན་གྱི་ཁྲག་ཆེན་པོ། །མ་རུངས་སྙིང་ནས་དྲོངས་བྱོས་ལ། །ཁྲག་ཆེན་ཁྱོད་ཀྱིས་བཏུང་བར་གྱིས། །བརྟུལ་ཞུགས་མཐར་ཐུག་བླ་ན་མེད། །ཕྱག་མཚན་གྱི་རྗེས་གནང་གི་སླད་དུ། རྡོ་རྗེའི་དབྱུག་པ་ཕྱག་གཡས་དང་ཀ་པཱ་ལ་གཡོན་ཏུ་བྱིན་པའི་མོས་པ་མཛོད། གཤིན་རྗེ་
གཤེད་པོའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །རྡོ་རྗེའི་དབྱུག་པ་ཀ་པཱ་ལ། །དཔའ་བོས་ཡང་དག་བཟུང་བར་གྱིས། །དེ་ནས་མདུན་བསྐྱེད་ཀྱི་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་ཁྱེད་རང་རྣམས་ལ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པ་ལ་སློབ་དཔོན་གྱིས་མེ་ཏོག་གི་ཆར་འབེབས་ཤིང་རབ་ཏུ་གནས་པས་བརྟན་པར་བྱས་པའི་མོས་པ་མཛོད། སུ་པྲ་ཏིཥྛ་བརྗོད། མེ་ཏོག་ལ་སོགས་པའི་མཆོད་པས་ཀྱང་མཆོད་པའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱ་ཨཱཿཧཱུྃ། སླར་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཕུན་སུམ་ཚོགས་པ་སོགས་ཤིས་བརྗོད་ཇི་ལྟར་རིགས་པ་བྱ། དེས་བྱིན་རླབས་ཀྱི་དངོས་གཞི་མཐའ་རྟེན་བཅས་ལེགས་པར་གྲུབ་ནས། དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང༌། གསུམ་པ་ནི། སློབ་དཔོན་གྱིས་གཏོར་མགྲོན་ལ་མཆོད་བསྟོད། ནོངས་བཤགས། གཤེགས་གསོལ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱི། །བྱིན་རླབས་ཤིན་ཏུ་སྤྲོས་མེད་པའི། །ཡེ་ཤེས་འཆར་བའི་རིམ་པ་འདིས། །འགྲོ་ཀུན་ལྷན་ཅིག་སྐྱེས་འགྲུབ་ཤོག །ཅེས་པའང་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་རབ་དང་འབྲེལ་བར་བྱིན་རླབས་བྱ་ཚུལ་ཉུང་གསལ་འདིའང༌། ཉེ་བར་མཁོ་བའི་ཡན་ལག་ཏུ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སིདྡྷི་རསྟུ། །མངྒ་ལཾ།། །།
དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་ཝ་དྭི་བྷུ་ཛ་ན་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སྨ་ར་སྨིན་མ་བ་སྤུ་རྫི་མ་དུས་མཐའི་མེ་ལྟར་འབར་ཞིང་ལྗགས་འདྲིལ་བ། །སྤྱན་གསུམ་རྭ་རྣོན་རྣམ་པར་འགྱུར་བ་འཇིགས་གཟུགས་ཀླུ་འདབ་རྒྱ་ཆེན་མ་ཧེའི་ཞལ། །གཡོན་བརྐྱང་རབ་ཏུ་ཁྲོས་པ་སྣ་ཚོགས་པདྨ་ཉི་མའི་སྟེང་ན་ཡོངས་གནས་པ། །ཤིན་ཏུ་རྣོ་བ་གྲི་གུག་ཐོད་པ་འཛིན་པ་མཉམ་མེད་བདེ་བ་སྟེར་ལ་འདུད། །ཕྱག་དང་ཞབས་ནི་སྣ་ཚོགས་པ། །བསྒོམ་པ་རུ་ནི་མི་རུང་བས། །བསྡུས་པའི་རྡོ་རྗེ་འཇིགས་བྱེད་ལ། །སྐྱེ་བོ་ནུས་པ་མི་ལྡན་ཞིང༌། །བློ་དང་ལྡན་པའི་ངོ་རུ་ནི། །མདོར་བསྡུས་པ་ཡི་སྒྲུབ་པའི་ཐབས། །ཇི་ལྟར་དེ་ཉིད་མོས་པ་ལའོ། །སྦྱོར་དོན་སྐྱེས་ལ་བསྐྱེད་པའི་ཕྱིར། །ལས་རྒྱས་རྒྱུན་དུ་གསུངས་པ་ཡི། །རང་གིས་ཤེས་ནས་རབ་ཏུ་འཇུག །གཙོ་བོའི་དམ་ཚིག་རབ་ཏུ་བསྟན། །དེ་ཡི་ཕྱིར་ན་རྒྱས་པར་བཤད། །སྔགས་
པས་རེ་ཞིག་ཐོག་མར་དུར་ཁྲོད་དམ་གཡུལ་ལ་སོགས་པའི་ཡིད་དང་མཐུན་པའི་གནས་སུ་བསྟན་བདེ་བ་ལ་གནས་ནས། ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་བཞིའི་བསྔགས་ཤིང་བྱིན་རླབས་པ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་ར་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱའོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས། བླ་མ་དང་སངས་རྒྱས་ལ་སོགས་པ་ནམ་མཁའི་ཕྱོགས་སུ་སྤྱན་དྲངས་ནས་ཡང་དག་པར་མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པའི་ཆོ་ག་བྱས་ནས། དེ་ནས་སེམས་ཅན་ཚད་མེད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བྱིངས་པའི་ཡུལ་ལ་བལྟས་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། དེ་ལ་ཕན་པ་དང་བདེ་བ་ཉེ་བར་ཐོབ་པར་འདོད་པ་ནི་བྱམས་པའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཐོན་པར་འདོད་པ་ནི་སྙིང་རྗེའོ། །སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ཞིང་བདེ་ལ་སེམས་པ་ནི་དགའ་བའོ། །དེ་ཁོ་ན་ཉིད་དུ་རོ་གཅིག་པས་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་
ཆོས་བརྒྱད་ཀྱིས་མ་གོས་པ་ནི་བཏང་སྙོམས་སོ། །བསྒོམ་པ་དེ་གཟུང་བ་དང་འཛིན་པ་རྣམ་པར་དག་པའི་ཆེད་དུ་སྔགས་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེའི་རྗེས་ལ་ཆོས་ཐམས་ཅད་རང་བཞིན་མེད་པ་རྣམ་པར་བསྒོམ་པར་བྱ་བ་ནི། སེམས་ཙམ་ཉིད་ཀྱི་རྣམ་པར་རྟོག་པ་ཙམ་དུ་རྟོགས་ནས་སྔགས་སྔོན་དུ་བྱ་ཞིང་སྟོང་པ་ཉིད་ཀྱི་སྔགས་བརྗོད་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝཱ་ཨཱཏྨ་ཀོ྅ཧཾ། དེ་ནས་ཐང་ཅིག་ཙམ་དུ་སྟོང་པ་ཉིད་དུ་ལྷག་པར་མོས་པས་དེ་རྗེས་ལ། སྟོང་པ་ཉིད་ལས་ཡང་དག་ལྡན། །ཡྃ་ཡིག་དུ་བ་ལས་བྱུང་བས། །རླུང་གི་དཀྱིལ་འཁོར་གཞུ་དབྱིབས་ཅན། །དེ་སྟེང་ཟླ་བའི་དཀྱིལ་འཁོར་ནི། །ཨ་ཡིག་ས་བོན་ལས་བྱུང་བ། །དྷཱིཿལས་དྷཱིཿཡིག་འོད་འབར་བ། །བསྒོམས་ནས་དེ་ཡི་འོད་ཟེར་གྱིས། །བདེར་གཤེགས་རྒྱལ་བ་ཡང་དག་བསྐུལ། །དེ་རྣམས་ཐམས་ཅད་ཡང་དག་འདུས། །འཇམ་པའི་དབྱངས་སུ་ཡང་དག་བསྒོམ། །རལ་གྲི་པུ་སྟིས་ཕྱག་བྲེལ་བ། །གངྒཱ་གསེར་གྱི་འོད་དང་ལྡན། །དེ་ཡི་སྙིང་གར་བསྒོམ་པ་ནི། །ཨ་ལས་ཉི་མའི་དཀྱིལ་འཁོར་རོ། །དེ་ལས་འོད་ཟེར་ཡང་དག་བྱུང༌། །ཕྱོགས་ན་རྫོགས་སངས་རྒྱས་བཞུགས་དང༌། །ཁྲོ་བོ་བྱང་ཆུབ་སེམས་དཔའ་བཅས། །དེ་བཞིན་རིགས་པའི་ལྷ་མོའི་ཚོགས། །ཡང་དག་ཉི་མ་དེ་ཉིད་ལ། །བསྐུལ་ནས་ཡང་དག་ཞུགས་པར་འགྱུར། །དེ་ཡང་དུས་གཅིག་འཇམ་པའི་དབྱངས། །ཉི་མའི་དཀྱིལ་འཁོར་དུ་ནི་འགྱུར། །རོ་གཅིག་ཏུ་ནི་ཡང་དག་བྱུང༌། །མཆོག་ཏུ་ཤིན་ཏུ་འོད་གསལ་བ། །དཔག་ཚད་བརྒྱ་རུ་རྣམ་རྒྱས་པ། །འཇིག་རྟེན་གསུམ་ཁེངས་གསལ་བ་དང༌། །བདུད་ཀྱི་ཚོགས་ནི་འཇོམས་པར་བྱེད། །ཡིད་ཀྱིས་བརྟན་པར་བསྒོམ་པར་བྱ། །དེ་ཡི་སྟེང་དུ་ནག་པོ་ཆེ། །ཧཱུྃ་གི་འོད་ཟེར་ལྔ་ལྡན་པ། །དེ་ལས་འོད་ཟེར་ངེས་པར་འབྱུང༌། །དེ་ཉིད་དུ་ནི་ཡང་དག་འདུས། །ཡང་ནི་འོད་ཟེར་ཕྲེང་པ་ཡིས། །འགྲོ་
བ་མ་ལུས་སངས་རྒྱས་བྱས། །སངས་རྒྱས་ལྔ་པོ་རབ་སྦྱོར་བ། །ཧཱུྃ་གིས་དེ་ཉིད་རབ་སྦྱོར་བྱས། །རྡོ་རྗེ་ཆེན་པོ་རྣམ་གཙིགས་པ། །རྩེ་དགུའི་འོད་ཟེར་ཤིན་ཏུ་རྣོ། །བསྒོམས་ནས་དེ་ཡི་འོད་ཟེར་གྱིས། །ཕྲ་མོའི་གཟུགས་ཀྱི་རྒྱལ་བ་སོགས། །ཉི་མ་ཡི་ནི་འོད་ཉིད་དུ། །གཟུགས་བརྙན་འདྲ་བར་ཡང་དག་བལྟ། །དེ་ཡིས་སེམས་ཅན་ཡོངས་སུ་སྨིན། །དེ་ནི་ལེགས་པར་ཡང་དག་བསྡུ། །རྡོ་རྗེའི་གཟུགས་བརྙན་གཟུགས་གཅིག་ཏུ། །བློ་ལྡན་གྱིས་ནི་བཞུགས་པར་འཚལ། །དེ་འོད་ཐམས་ཅད་ཡོངས་གྱུར་པ། །བསྐལ་པའི་མེ་ལྟར་བཟོད་དཀའ་བ། །སྐུ་མདོག་ནག་པོ་དྲག་ཆེན་པོ། །འཇིགས་མཛད་ལྗགས་ནི་འདྲིལ་བ་ཡི། །མ་ཧེའི་ཞལ་ནི་སྐུ་ཆེན་པོ། །འཇིག་རྟེན་གསུམ་པོ་ཟ་བར་ནུས། །དཀོན་མཆོག་གསུམ་སོགས་གནོད་པ་ལ། །སྡིགས་མཛུབ་ཀྱིས་ནི་མཆོག་ཏུ་བྱས། །གཞོན་ནུ་གདོང་དྲུག་ལ་སོགས་གསོད། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །དབང་པོ་ཉེ་དབང་དྲག་དང་ཚངས། །ཧ་ཧའི་སྒྲ་ནི་སྒྲོག་པར་བྱེད། །བདུད་ཀྱི་དཀྱིལ་འཁོར་རབ་འཇོམས་པ། །གཡོན་བརྐྱངས་པ་ཡི་ཞབས་ཀྱིས་གསོད། །ས་འོག་ཏུ་ནི་རབ་ཏུ་གཡོ། །མགོ་བོའི་ཕྲེང་བ་ཁྲག་ཆེན་པོ། །ཐོད་པའི་ཅོད་པན་གྱིས་ནི་མཛེས། །ཞལ་གྱི་མཆེ་བ་གཙིགས་པ་དང༌། །སྤྱན་གསུམ་དམར་ཞིང་ཟླུམ་པ་ཡིས། །རྭ་རྣོན་སྐྲ་ནི་འབར་བ་བཞིན། །སྨ་ར་སྨིན་མ་རབ་འཁྱོགས་འཇིགས། །སྣ་ཚོགས་ཆུ་སྐྱེས་ཉི་མར་གནས། །དབང་པོ་ཡི་ནི་གདངས་ཀས་བརྒྱན། །ཐུང་ཞིང་ལྟོ་འཕྱང་བརྗིད་པའོ། །མཚན་མ་གྱེན་བསྒྲེངས་དྲག་དང་བཅས། །གཡས་དང་གཡོན་གྱི་ཕྱག་རྣམས་ན། །ཐོད་པ་དང་ནི་གྲི་གུག་འཛིན། །སྔགས་པ་ཡིས་ནི་རྟག་ཏུ་བསྒོམ། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ནི། །ཡང་ན་ཞལ་གསུམ་ཕྱག་དྲུག་བསྒོམ། །ལྷག་མ་ཌཱ་རུ་ཁ་ཊྭཱཾ་ག ཕྱག་གཉིས་བགེགས་ཀྱི་པགས་པ་འཛིན། །
ཞལ་གསུམ་དཀར་དང་དམར་བའོ། །གཡས་དང་གཡོན་གྱི་བསམ་གཏན་ནི། །དྲག་དང་བཤད་དང་འཇིགས་པ་དང༌། །ལྷག་མ་ཀུན་ནི་སྔར་བཞིན་ནོ། །གཤིན་རྗེ་གདུག་པ་མ་ཧེའི་སྟེང༌། །དེ་ཡི་སྟེང་དུ་མགོན་ནག་ནི། །གཅིག་ཅར་དུ་ནི་ཡང་དག་བསྐྱེད། །རྡོ་རྗེ་འཇིགས་བྱེད་དཔའ་བོ་ཡི། །ཕྱག་དང་ཁ་དོག་མཆོག་ཏུ་འདྲ། །སྤྱན་གསུམ་མཆེ་བ་གཙིགས་པ་ཡི། །རོ་ཡི་སྟེང་ན་ཡང་དག་གནས། །གདུག་པ་ཅན་རྣམས་བསད་པའི་ཕྱིར། །སྙིང་རྗེའི་བདག་ཉིད་ཀྱིས་ནི་བསྒོམ། །དེ་རྗེས་ཡེ་ཤེས་སེམས་དཔའ་དགུག །ཇི་ལྟ་བ་ཡི་ཆོ་གས་གཞུག །མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན། །དམ་ཚིག་ལ་ནི་ཡང་དག་གཞུག །དེ་ནས་དབང་བསྐུར་ཡང་དག་སྦྱིན། །རིགས་ཀྱི་བདག་པོས་སྤྱི་བོར་བརྒྱན། །མཉམ་པར་བཞག་པས་སྔགས་བཟླས་པས། །འབུམ་ཕྲག་གསུམ་གྱི་གྲངས་ངེས་པར། །མྱུར་དུ་འགྲོ་བའི་དོན་ནི་བྱ། །སྔགས་པས་སྐྱོ་བར་གྱུར་ན་ནི། །ལངས་ནས་བྱ་བ་གཞན་དག་ཀྱང༌། །སྨོན་ལམ་དེ་བཞིན་བྱས་ནས་ནི། །རྣལ་འབྱོར་བློ་ལྡན་དེ་ནས་བླང༌། །སྔོན་དུ་བསྙེན་པའི་ཆོ་ག་ནི། །སྙིང་རྗེའི་བདག་ཉིད་སྔགས་བཟླས་པ། །འབུམ་ཕྲག་གསུམ་གྱིས་གྲངས་ངེས་པར། །འགྲུབ་པ་འདི་ནི་ཐེ་ཚོམ་མེད། །སྔགས་ནི་ཡིག་བཅུ་རྒྱུན་མི་བཅད། །རྒྱུན་དེ་ཇི་སྲིད་བཟླས་པ་ན། །རིང་དང་ཐུང་དང་བུལ་བ་མ་ཡིན་བློ་ལྡན་སྨྲ་བར་གྱུར་པས་ཐམས་ཅད་དུ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་སྐུ་ནི་སྔགས་པས་མི་སྤངས་དངོས་གྲུབ་ཀྱི་ནི་གཞི། །ངེས་པར་སེམས་ནི་བརྟན་བྱས་མངོན་པར་འདོད་པའི་ཇི་སྲིད་མཚན་མ་མ་བྱུང་བར་དུའོ། །དེ་ནས་རྣལ་འབྱོར་སྙིང་རྗེའི་མཆོག །ཁྲོས་པའི་ང་རྒྱལ་ཡིད་ཀྱིས་ནི། །བྱས་དང་རྡོ་རྗེ་ཅན་གྱིས་བསད། །འཇིགས་བྱེད་བསད་པའི་ལན་ནི་གཙོ། །གཤིན་རྗེའི་གཟུགས་ནི་བྱ་བ་ཡི། །གྲོག་མཁར་བདུན་གྱིས་ཡང་དག་བྱུང༌། །འཇིགས་བྱེད་རྣལ་འབྱོར་ལྡན་པ་ཡིས། །
དུས་སོགས་ཤེས་པས་འདུས་བྱས་ལ། །གཅེར་བུ་རལ་གྲི་མི་མགོ་བཟུང༌། །གསུས་པ་ཆེ་ལ་ཞལ་གཅིག་པ། །སྐྲ་སེར་གྱེན་བརྫེས་མིག་དམར་བ། །གདུག་སེམས་ཅན་ནི་འཇིགས་པ་ཡི། །དེས་ན་ཁྲུ་གང་ཙམ་གྱི་ཚད། །མི་ཐོད་ལ་བྲིས་སྙིང་གར་གཞུག །བླ་མའི་མན་ངག་རྟོགས་པ་ཡི། །དེ་ཡི་སྒྲུབ་ཐབས་ལེགས་པར་སྦྱར། །ཁ་སྦྱོར་དབྱེ་བར་བྱས་ནས་ནི། །སྲུང་བ་དགག་པའི་སྦྱོར་བ་དང༌། །ལུས་ནི་སྟོང་པར་གྱུར་པ་ལ། །བསད་ན་དངོས་གྲུབ་མྱུར་དུ་ཐོབ། །གཤིན་རྗེའི་ལུས་ནི་ཡོངས་རྫོགས་ཤིང༌། །བསྒྲུབ་བྱ་མདུན་དུ་བྱས་ནས་ནི། །ཉི་མ་བདུན་གྱི་གྲངས་ཀྱིས་ནི། །ཇི་ལྟའི་ཆོ་ག་ཐུན་གསུམ་གྱིས། །བཟླས་དང་སྦྱིན་སྲེག་སོགས་རྫོགས་དང༌། །མངོན་སུམ་དུ་ནི་མཚན་མ་ཐོབ། །མཚན་ཕྱེད་ཀྱི་ནི་དུས་སུ་བྱ། །མི་མགོ་གསུམ་གྱི་སྟེང་དུ་བརྡུང༌། །ཁྲོ་བོའི་ང་རྒྱལ་སེམས་ཀྱིས་ནི། །འདི་ལྟར་བརྟན་བྱས་རྣལ་འབྱོར་པས། །གང་བསྟན་དེ་ནི་བྱས་པ་ན། །ཐམས་ཅད་བོར་ནས་ངེས་པར་འགྲོ། །གང་ཡང་འདིར་ནི་དམྱལ་བ་ཡང༌། །སྤངས་ནས་བདེ་བ་ཅན་དུ་འགྲོ། །སྔགས་དང་རྒྱུད་ཀྱི་མཐུ་དང་ནི། །བསམ་གཏན་བསམ་བྱ་རྣལ་འབྱོར་པས། །སྡིག་པ་ཆེན་པོ་བྱས་པ་ཡང༌། །དེ་ནི་ཐབས་ཀྱི་སྦྱིན་པ་ཡིན། །ཉེ་བར་བྱ་བའི་ཐབས་ཡིན་ནོ། །གཞན་དུ་ན་ནི་སྐྱོན་དུ་འགྱུར། །རྡོ་རྗེ་འཇིགས་བྱེད་ལ་གུས་པས། །གསོལ་བ་བཏབ་ལ་ཐུགས་བརྩེའི་གནས། །རིན་ཆེན་རྡོ་རྗེ་ཟླ་བ་ལྟར། །འདི་ཉིད་ལ་གུས་བདག་གིས་སྦྱར། །ཇི་ལྟར་ཐོབ་པའི་དགེ་བ་དེས། །བདེ་བ་སྒྲུབ་པའི་སྒྲུབ་ཐབས་འདི། །ཆུང་དུ་འདོད་པའི་སེམས་ཅན་ནི། །དེས་ནི་རྡོ་རྗེ་འཇིགས་བྱེད་ཤོག །འཇམ་པའི་དབྱངས་ཀྱིས་མཛད་པ་ཕྱག་གཉིས་པའི་སྒྲུབ་ཐབས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཨཱཙརྻ་ཨཱ་ནནྡ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ༈ །དཔལ་རྡོ་རྗེ་འཇིགས་
བྱེད་ཞལ་གཅིག་ཕྱག་གཉིས་པའི་མངོན་རྟོགས་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་བྷཻ་ར་ཝཱ་ཡ། རོ་གཅིག་ཞལ་དང་བདེན་གཉིས་མཚོན་པའི་ཕྱག །སྐྱོན་དྲུག་གཅོད་ཕྱིར་རྡོ་རྗེ་གྲི་གུག་དང༌། །བདེ་ཆེན་རོས་གང་ཐོད་པ་ཁྲག་བཅས་ཀྱིས། །ཕྱག་གཉིས་སྦས་པའི་ཧེ་རུ་ཀ་ལ་འདུད། །དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་སྙིང་གའི་ཧཱུྃ་ལས་འོད་འཕྲོས། སྡིག་སྒྲིབ་དག བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས་མདུན་གྱི་ནམ་མཁར་དཔལ་ཆེན་པོ་ལ་བླ་མ་མི་བསྐྱོད་པའི་རྣམ་པས་དབུར་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བཛྲ་བྷཻ་ར་ཝི་བྷྱཿ ཨོཾ་བཛྲ་བྷཻ་ར་ཝཱ་ཡ་ཨརྒྷཾ་ནས། ཤབྡའི་བར་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རང་ལ་བསྟིམ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར། མེ་འབར་བའི་སྲུང་བའི་འཁོར་ལོའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་གཡས་རལ་གྲི་གཡོན་ཨུཏྤལ་གྱི་སྟེང་ན་པུསྟི་འཛིན་པ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་སྤྲས་པ། དེའི་ཐུགས་ཀའི་དྷཱིཿལས་འོད་འཕྲོས་པས་དཔལ་ཆེན་པོའི་སྐུ་དང༌། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་འཇམ་དཔལ་ལ་ཐིམ་པས་ཐིག་ལེ་
གཉིས་སུ་གྱུར་པ་ལས་འོག་གི་ཐིག་ལེ་ལས་མ་ཧེ་སྔོ་ནག་རུས་པའི་དྲྭ་བས་རྒྱབ་གཡོགས་པ། སྟེང་གི་ཐིག་ལེ་ཧཱུྃ་ལས་གྲི་གུག་ཡུ་བ་ལ་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་མོར་གྱུར་པ་ཚུར་འདུས་པ་ལས། རང་ཉིད་དཔལ་ཁྲོ་བོའི་དབང་པོ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ། མ་ཧེའི་ཞལ་ཅན་སྤྱན་གསུམ་པ། མཆེ་བ་གཙིགས་པ། དབུ་སྐྲ་སྨིན་མ་ཨག་ཚོམ་མེ་ལྟར་འབར་བ། ཕྱག་གཡས་རྡོ་རྗེ་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཞབས་གཡས་བསྐུམས་པས་མ་ཧེའི་རྭ་བར་དང༌། གཡོན་བརྐྱངས་པས་ཚང་རའི་སྟེང་དུ་བརྫིས་པ། གཅེར་བུ་མཚན་མ་གྱེན་དུ་བསྒྲེངས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། དེའི་མིག་ཏུ་ཀྵིཾ་དཀར་པོ། རྣ་བར་ཛིཾ་སྔོན་པོ། སྣར་ཁྃ་སེར་པོ། ལྕེར་གྃ་དམར་པོ། དཔྲལ་བར་ཀཾ་ལྗང་གུ། ལྟེ་བར་སཾ་དཀར་པོ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར། བཅོམ་ལྡན་འདས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཧཱུྃ་ཞེས་པས་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་
བསམ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གི་མཐའ་མར་སྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ། ཨོཾ་ཧྲཱིཿཥྚཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཅེས་དང༌། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་དང་ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་ར་མ་ཡ་ཧཱུྃ་ཕཊ། ཅེས་པ་རྣམས་ཅི་ནུས་བཟླས་ལ། མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་བཛྲ་བྷཻ་ར་ཝ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཚན་སྔགས་སྦྱར་བའི་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་ཀྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་མཚན་སྔགས་ལ་འབྲུ་གསུམ་བཏགས་པས་ཕུལ་ལ། དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པ། །ཞེ་སྡང་གཤིན་རྗེའི་རྡོ་རྗེ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེའི་སྤྲུལ་པའི་སྐུར་སྟོན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཅེས་པས་བསྟོད། ཐུན་མཚམས་སུ་གཏོར་མ་འབུལ་ན། གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱང༌། ཧྲཱིཿཥྚཱིཿས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རཾ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མིའི་ཤ། ཤར་དུ་གོ་ལས་བ་ལང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་མ་ལས་ཀླད་པ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་ར་ལས་ཁྲག དབུས་སུ་ཧཱུྃ། ཤར་དུ་བྷཱུྃ། ལྷོར་ཨྃ། ནུབ་ཏུ་ཛྲཱིྃ། བྱང་དུ་ཁྃ། རླུང་གཡོས་མེ་
སྦར་རྫས་ཞུ་བའི་རླངས་པ་སྣ་ཚོགས་རྡོ་རྗེར་གྱུར། དེའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ། དམ་ཚིག་གི་བདུད་རྩི་དང་འདྲེས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་ལན་གསུམ་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་དཔལ་རྡོ་རྗེ་འཇིགས་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་བྱས་གདན་ཕུལ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅས་ལ། ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་གྲྀཧྞ་པ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ། གོང་བཞིན་ཕྱི་ནང་གིས་མཆོད། བསྟོད་པ་དང་འདོད་དོན་གསོལ་བ་གདབ། ཕྲིན་ལས་བཅོལ། གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། སྨོན་ལམ་བཀྲ་ཤིས་བྱའོ། །ཞེས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་ཤིན་ཏུ་གསལ་བ་འདིའང་རྭ་ཆེན་དང་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་རབ་ཀྱི་དོན་ངག་འདོན་དུ་བསྒྲིགས། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་རྗེས་གནང་ཡི་གེར་མཁོ་བའི་ལྷན་ཐབས་སུ། དྲིན་ཆེན་རྡོ་རྗེ་འཆང་གསུམ་«་་་་་ས་སྐྱ་པ། མཁྱེན་རབ་རྗེ། རིག་འཛིན་ཆེན་པོ།» གྱི་བཀའ་འབངས་ཀྱི་ཐ་ཤལ་ཤཱཀྱའི་བཙུན་པ་ཨཱ་ནནྡ་ནི་ར་བྷོ་གས་དཔལ་ལྡན་རྨོར་གྱི་བསམ་གཏན་ཁང་བུར་སྦྱར་བ་དགེ་ཞིང་བཀྲ་ཤིས། འདིས་ཀྱང་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་བསྟན་པ་ཕྱོགས་བཅུར་རྒྱས་པར་གྱུར་ཅིག། ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་རྗེས་གནང་གི་ཆོ་ག་གྲུབ་པའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། གཉིས་མེད་ཡེ་ཤེས་རྡོ་རྗེ་ཡིས། །གཟུང་འཛིན་བདུད་སྡེ་འཇིགས་བྱེད་པ། །བླ་མ་འཇམ་དཔལ་ཁྲོས་པ་ལ། །བཏུད་ནས་དེ་ཡི་རྗེས་གནང་འབྲི། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་མཎྜལ་གྱི་ཁར་ཚོམ་བུ་གཅིག དེའི་མདུན་དུ་མཆོད་གཏོར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ནང་མཆོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟླས་པའི་བར་བདག་གི་རྣལ་འབྱོར་རྨོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་མངོན་རྟོགས་གྲུབ་པའི་ཞལ་ལུང་ལྟར་ཉམས་སུ་བླངས་རྗེས། ཚོམ་བུ་ཧྲཱིཿཥྚཱིཿས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་དྷཱིཿལས་རལ་གྲི་སོགས་ནས། དབུར་བརྒྱན་ཅེས་པའི་བར་ཚིག་གི་ཁ་བསྒྱུར་ཅུང་ཟད་ཙམ་མ་གཏོགས་བདག་བསྐྱེད་ལྟར་གསལ་བཏབ། མཆོད་པ་བསང་སྦྱང་བྱིན་རླབས་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་མངོན་རྟོགས་ལྟར་དང་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅུང་ཟད་བྱའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ཞེ་སྡང་ཐབས་རྒྱུད་དམར་ནག་འཇིགས་གསུམ་དུ་གྲགས་པ་ལས་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་དུ་གྱུར་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་ལ། འཕགས་བོད་དུ་སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་མཐའ་ཡས་པར་བྱོན་པ་ལས། འདིར་སློབ་དཔོན་ཆེན་པོ་འཇམ་པའི་དབྱངས་དང༌། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་སོགས་ཀྱིས་ལེགས་པར་བཀྲལ་ཞིང༌། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་བརྒྱུད་པ་བར་མ་ཆད་པ་ལས་རིམ་པར་འོངས་
པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ། ཐོག་མར་སློབ་དཔོན་ལ་དཔལ་རྡོ་རྗེ་འཇིགས་བྱེད་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་རྡོ་རྗེ་ཐལ་མོ་མེ་ཏོག་དང་བཅས་པ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སོགས་ཞེས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ་ཞེས་བྱ་བ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གསུམ་ལས། ཐོག་མར་སྐུའི་རྗེས་གནང་གི་སླད་དུ། སློབ་དཔོན་རྡོ་རྗེ་འཇིགས་བྱེད་དངོས་སུ་གསལ་བ་ལ་གུས་འདུད་དྲག་པོ་མཛད་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་ཉེས་ལྟུང་ལྷ་འདྲེས་
བྱད་དུ་བཅུག་པ་སོགས་སྤང་བྱ་མི་མཐུན་པའི་ཚོགས་དང༌། དེར་མ་ཟད་རྣམ་སྨིན་གདོས་བཅས་ཀྱི་ལུས་ཀྱང་མི་དམིགས་པར་སྦྱངས་ཏེ་འོད་ཀྱི་གོང་བུ་རེ་རེར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་ཤཱུ་ནྱ་ཏཱ་སོགས་དང༌། ཞེས་བརྗོད་པས་འོད་ཕུང་བརྟན་གཡོའི་ཆོས་དང་བཅས་འོད་གསལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུར་གྱུར་པའི་མོས་པ་མཛོད། དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་དྷཱིཿཡིག་གསེར་གྱི་མདོག་ཅན་ལས་རལ་གྲི་དྷཱིཿས་མཚན་པ་སོགས་ནས། ཧཱུྃ་སྔོན་པོ་ཞེས་པའི་བར་རང་ཉིད་ཅེས་པའི་ཚིག་དོར་བ་ཙམ་མ་གཏོགས་མངོན་རྟོགས་ལྟར་གསལ་གདབ། སླར་ཡང་སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོག་མིན་དང༌། ཨོ་རྒྱན་མཁའ་འགྲོའི་གླིང་ན་བཞུགས་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དང༌། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ་ནས། ཆུང་བ་རྡུལ་ཕྲན་ཙམ་གྱི་བར་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་ལུས་ལ་བྱེ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྩ་སྔགས། སྙིང་པོ། ཉེ་སྙིང་རྣམས་སྦྲེལ་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་དང་བཅས་ཡེ་ཤེས་པ་དབབ་ཅིང་བསྟིམ། གསུང་གི་རྗེས་གནང་གི་སླད་དུ། སློབ་དཔོན་ལྷར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་
འཁོར་གྱི་སྟེང་དུ་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་སྐར་མ་ལྟ་བུས་བསྐོར་བ་དང༌། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག་རེ་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྔགས་ཕྲེང་གཉིས་པ་ལན་གསུམ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཧཱུྃ་གི་མཐའ་མར་དང་པོས་འཁོད། གཉིས་པས་བརྟན་པར་བྱས། གསུམ་པས་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཅེས་བརྡ་སྤྲད་ལ་སྔགས་རྣམས་ལན་གསུམ་བཟླར་གཞུག སླར་ཡང་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་པ་དང་བཅས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བརྟན་ཅིང་ནུས་ལྡན་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདས་འདི་ལ་སོགས། དམ་བཅའ་བའི་སླད་དུ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཡི་དམ་གྱི་ལྷར་བཟུང་བར་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ཐུགས་ཀྱི་རྗེས་གནང་གི་སླད་དུ། སློབ་དཔོན་ལ་གུས་འདུད་མཛད་པས་སོགས་གོང་ལྟར་ལ། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྡོ་རྗེ་ནག་པོ་རྩེ་ལྔ་པ་རྭ་གདེངས་པའི་རྣམ་པ་ཅན་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་སྙིང་གའི་
རྡོ་རྗེ་ལ་ཐིམ་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་ང་ཡིན་སྙམ་དུ་བསྒོམས་ལ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། མཇུག་གི་ཆོས་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང༌། གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་གསོས་བསང་སྦྱངས་བྱིན་རླབས། མཆོད་བསྟོད། བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རང་གི་མིག་ཏུ་ཀྵིཾ་སོགས་སྐྱེ་མཆེད་དང་གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི། །རྗེས་སུ་གནང་བའི་ཆོ་ག་ནི། །གྲུབ་པའི་དགོངས་རྒྱན་འདིར་སྦྱར་བས། །འགྲོ་ཀུན་འཇམ་དབྱངས་ཉིད་ཐོབ་ཤོག །ཅེས་པའང་བྱ་བྲལ་བ་མཉྫུ་གྷོ་ཥས་རང་འདྲའི་བློ་དམན་རྣམས་ལ་ཉེ་བར་མཁོ་བའི་སླད་དུ། གནས་གསར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་རབ་ཀྱི་དགོངས་དོན་ཇི་ལྟ་བར་ནག་འགྲོས་བཀླག་ཆོག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།
གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་རྗེས་མན་ངག་དང་བཅས་པ།
གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་རྗེས་མན་ངག་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻཱ་ཨ་བ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་ལས་བྱུང་བ། །རྣམ་ལྔ་བྱང་ཆུབ་ཆེ་བདག་ཉིད། །སྐུ་གསུང་ཐུགས་ཀྱི་ཐུགས་དག་པ། །འཇིག་རྟེན་མགོན་པོ་མཁས་པས་བསྒྲུབ། །པདྨ་ཟླ་དབུས་གཞོན་ནུའི་སྐུ། །སྐྱིལ་ཀྲུང་བརྐྱང་བ་བརྗིད་བག་ལྡན། །ཟླ་བ་རྒྱས་པའི་ཞལ་མཛེས་པས། །ས་གསུམ་བདག་གིར་གཟིགས་མཛད་པ། །མཆོག་སྦྱིན་པདྨོ་གཡས་དང་གཡོན། །རྒྱལ་བའི་ཅོད་པན་རིན་ཆེན་བརྒྱན། །འོད་དཔག་མེད་ཀྱིས་སྤྱི་གཙུག་མཛེས། །དེ་ཡི་ཐུགས་ནི་པདྨར་རྒྱས། །ཧྲཱིཿལས་རང་སེམས་འོད་གསལ་བ། །ས་གསུམ་སྤྱོད་མཛད་ཡི་གེ་བཞི། །འཁོར་ལོ་རྣམ་གསུམ་དམ་ཚིག་བཞི། །སྒྱུ་མ་བྲག་ཅ་འདྲ་བའོ། །ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།།
༈ །ཇོ་བོ་ཁ་སརྤ་ཎིའི་མན་ངག་ལ་དོན་གསུམ་སྟེ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་བཏང་བའོ། །གཉིས་པ་ནི། པདྨ་དང་ཟླ་བའི་གདན་ལ་རང་ཇོ་བོ་ཁ་སརྤ་ཎི་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་པདྨ་འདབ་བརྒྱད་བསྣམས་པ། ཞབས་གཡོན་སྐྱིལ་ཀྲུང་དང་གཡས་བརྐྱང་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྣང་ལ་རང་བཞིན་མེད་པར་བསམ་མོ། །དེ་ནས་ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་ཅི་ནུས་བཟླས་པས་འོད་ཟེར་སྣ་ལྔ་འཕྲོས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བསམ་མོ། །གསུམ་པ་ནི། དགེ་རྩ་བྱང་ཆུབ་ཏུ་བསྔོས་ལ་རང་ལྷའི་ང་རྒྱལ་གྱིས་སྤྱོད་ལམ་ཐམས་ཅད་བྱའོ། །གཏོར་མ་ནི། རང་ཇོ་བོར་གསལ་བཏབ་ལ། གཏོར་སྣོད་རིན་པོ་ཆེ་བཅུད་དྲི་རོ་ཕུན་སུམ་ཚོགས་པར་བསམ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིའི་རྒྱ་མཚོར་བསམ། ཐལ་མོ་ཁ་ཕྱེ་ལ། ཨོཾ་
ཤྲཱི་ལོ་ཀ་ནཱ་ཐ་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་རཀྵ་རཀྵ་ཧཱུྃ། ཞེས་ལན་གསུམ་བརྗོད་པས་ཇོ་བོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་མཉེས་པར་བསམ་མོ། །དེ་ནས་སྨོན་ལམ་གདབ། མདོ་འདོན་ནོ། །རྗེ་མི་ཏྲ་ཛོ་ཀིའི་གདམས་པ༌།། ༈ །བླ་མ་ནོར་བུ་རིན་ཆེན་དང༌། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །འགྲོ་བའི་མགོན་ལ་ཕྱག་འཚལ་ཏེ། །ཞལ་གདམས་རྒྱུན་གྱི་ཡི་དམ་འབྲི། །ཇོ་བོ་ཁ་སརྤ་ཎི་རྒྱུན་གྱི་ཡི་དམ་ནར་མར་བྱེད་པར་འདོད་པའི་གང་ཟག་གིས། འདི་ལྟར་སྤྱི་དོན་གསུམ་གྱིས་ཤེས་པར་བྱ་སྟེ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། གནས་ཡིད་དང་མཐུན་པར་ལུས་སྐྱིལ་ཀྲུང་ལག་པ་མཉམ་གཞག་བྱ་སྟེ། ཁ་ལྷོ་ཕྱོགས་པོ་ཏཱ་ལ་ཀའི་རིའི་ཕྱོགས་སུ་བལྟ་བའམ། ཡང་ན་ཇི་ལྟར་བདེ་བའི་སྤྱོད་ལམ་གྱིས་གནས་ལ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་ལུས་ངག་ཡིད་གསུམ་གྱི་ལྟོས་པ་ཐམས་ཅད་དཀོན་མཆོག་གསུམ་ལ་ལིང་གིས་བསྐྱུར་ལ་སྐྱབས་སུ་འགྲོ་བ་ཅི་རིགས་ཞིག་བྱའོ། །དེའི་རྗེས་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བཟླས་སྒོམ་འདི་ཉིད་ཀྱི་སྒོ་ནས་བསལ་བར་བྱ་སྙམ་དུ་སྙིང་རྗེས་ཀུན་ནས་བསླང་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དངོས་གཞི་ནི། རང་ཐ་མལ་པའི་ལུས་ཀྱི་སྤྱི་བོར་ཤེལ་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་ལུགས། སྒོ་སྟོང་ཐམ་པ་ན་སངས་རྒྱས་སྟོང་ཐམ་པ་བཞུགས་པ། དེའི་དབུས་སུ་ཟླ་བའི་སྟེང་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རང་གི་རྩ་བའི་བླ་མ་དེ་ཉིད་རབ་ཏུ་བྱུང་བ་ཡིན་ཡང༌། སྐུ་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པ། བདེ་བའི་ཆ་ལུགས་ཅན་ཞབས་སྐྱིལ་ཀྲུང་ཕྱག་མཉམ་གཞག་
མཛད་པ་དགྱེས་བཞིན་དུ་འཛུམ་མུལ་ལེ་མཛད་ནས་བདག་ལ་བྱིན་གྱིས་རློབ་རློབ་ལྟར་བཞུགས་པར་བསམ། དེ་ནས་རང་གི་སྙིང་འདི་ངོ་བོ་ཉིད་ཀྱིས་རྩེ་མོ་ཐུར་ལ་བསྟན་པའི་ཚུལ་དུ་གནས་ཀྱང༌། སྒོམ་དུས་སུ་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ་ཁ་གྱེན་ལ་བསྟན་པ། འདབ་མ་རེ་ལ་ཨ་རེ་རེ་ཡོད་པ། དབུས་ཀྱི་ལྟེ་བ་ལ་ཐུགས་རྗེ་ཆེན་པོ་སྐུ་ཆེ་ཆུང་གི་ཚད་སོར་བཞི་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་མདོག་དཀར་ལ་འཚེར་བ་འོད་ཀྱིས་པདྨའི་ནང་དཀར་ཁྲིག་གིས་གང་བ་ཐོད་ཀྱིས་ཡར་བ་དང༌། འཕར་ཏེ་འགྲོ་བ་ལྟ་བུ་ཞིག་བསམ། དེ་ནས་བདག་གི་སྤྱི་བོ་ནས་རྐང་མཐིལ་ལ་ཐུག་གི་བར་དུ་རྩ་ཨ་བ་དྷུ་ཏི་ནང་སྟོང་པ་སོག་སྦུག་ལྟར་དཀར་སང་ངེ་ཡོད་པ་གཅིག་བསམ། ཐུགས་ཀའི་ཐུགས་རྗེ་ཆེན་པོ་དང་སྤྱི་བོའི་བླ་མའི་ཐུགས་ཀ་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་པ་ལ། ཆོས་སྤྱོད་ཡན་ལག་བཞི་པའམ་བདུན་པའམ་དགུ་པ་གང་རུང་བྱ། མེ་ཏོག་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱིས་མཆོད། དེ་ནས་གསོལ་བ་གདབ་པར་བྱ་སྟེ། བླ་མ་དམ་པ་རིན་པོ་ཆེ་དང་ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོས་བདག་གི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་མཛད་དུ་གསོལ། བདག་གི་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་བསྐྱེད་དུ་གསོལ། བདག་གིས་སེམས་ཅན་དཔག་ཏུ་མེད་པའི་དོན་འགྲུབ་པར་མཛད་དུ་གསོལ། ཞེས་རང་གཞན་གྱི་དོན་དུ་གསོལ་བ་གདབ། དེ་ནས་ཛཿཧཱུྃ་བཾ་ཧོཿ བླ་མ་ཡི་དམ་རང་དམ་ཚིག་པ་ལ་དགུག་པ་དང་གཞུག་པ་དང་བཅིངས་པ་དང་གཉིས་སུ་མེད་པར་བྱས་ལ། ཡང་གོང་དུ་བསྟན་
པའི་ཚིག་གིས་གཞན་གྱི་དོན་དུ་གསོལ་བ་གདབ། དེ་ནས་རང་གིས་མོས་པ་དུང་པ་བྱ་སྟེ། དཔེར་ན་སྤྲ་བ་རླན་དང་བྲལ་བ་ལ་མེ་རྩོལ་མེད་དུ་འབྱུང་བ་དང་འདྲའོ། །དེ་ལྟར་མོས་པ་དྲག་པོ་བྱས་པའི་སྟོབས་ཀྱིས་སྤྱི་བོའི་བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་རྒྱུན་དཀར་དམར་བྱུང་སྟེ་སྤྱི་བོ་ནས་ཨ་བ་དྷུ་ཏི་ན་མར་ཞུགས་ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལ་ཐིམ་པས་དེ་ཉིད་ཀྱི་སྐུ་འོད་ཀྱིས་དཀར་ཁྲིག་གིས་ཁེངས། དེ་ལས་ཀྱང་འོད་ཟེར་བྱུང་ནས་པདྨའི་འདབ་མའི་ཨ་རྣམས་ལ་ཕོག་པས། ཨ་རྣམས་ལས་བདུད་རྩིའི་རྒྱུན་དྲི་མ་མེད་པ་བྱུང་ནས་འདབ་མ་རྣམས་བརླན་པར་བྱས་ནས་འོད་ཀྱིས་གང༌། དེ་ལས་ཀྱང་ཕྱིར་འཕྲོས་ནས་ལུས་ཀྱི་ནང་ཐམས་ཅད་གང་སྟེ། བ་སྤུའི་བུ་ག་ནས་སོག་སྦུབ་གཞིབ་པ་འདྲ་བ་དཀར་ན་ར་ར་བྱུང་སྟེ་སེམས་ཅན་ཐམས་ཅད་ལ་ཕོག་ནས་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཕྱི་རུ་སེམས་ཅན་གྱི་སྡུག་བསྔལ་དང་སྡིག་སྒྲིབ་ཇི་ལྟར་བྱང་བ་བཞིན་དུ། ནང་དུ་བདག་ཉིད་ཀྱིའང་བྱང་བར་བསམ། འོད་ཚུར་འདུས་ཐུགས་ཀར་ཐིམ་པས་བདག་གི་རྒྱུད་ལ་རྟོགས་པ་ཐུན་མོང་མ་ཡིན་པ་སྐྱེས་པར་བསམ། འདིའི་དུས་སུ་སྔགས་ཨོཾ་ཨཱཿཧྲཱིཿཧཱུྃ་ཞེས་བཟླའོ། །མོས་གུས་དང་གསོལ་བ་དྲག་ཏུ་གདབ་པ་གལ་ཆེ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་མཆོད་པ་བྱས་ན་དགོས་འདོད་ཆེར་འབྱུང་བ་དང་འདྲའོ། །རྗེས་ནི་རྒྱས་གདབ་པ་དང༌། དགེ་བའི་རྩ་བ་བསྔོ་བ་གཉིས་ལས། དང་པོ་ནི་དུས་རྒྱུན་དུ་ལྷ་དང་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། འབྲལ་མེད་དུ་བཞུགས་པར་བསྒོམ། མི་བསྒོམ་ཙ་ན་ཡང་བདག་གི་སྤྱི་བོ་དང་སྙིང་ག་ན་ལྷ་དང་བླ་མ་རྟག་ཏུ་བཞུགས་སོ་སྙམ་པ་དྲན་པའི་རྒྱ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལས་བྱུང་བའི་དགེ་བའི་རྩ་བ་སེམས་ཅན་ནམ་མཁར་ཁྱབ་པའི་དོན་དུ་
བསྔོའོ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲཱ་ཨཱ་ནནྡའི་གདམས་པ་ཐུགས་རྗེ་ཆེན་པོའི་རྒྱུན་གྱི་ཡི་དམ་རྫོགས་སོ།། ༈ །ཇོ་བོ་ཁ་སརྤ་ཎིའི་སྙིང་གི་མུན་སེལ་གྱི་གདམས་ངག་ལ། དང་པོ་ལུས་བཀྲུས་ལ། ལུས་ཀྱི་བྱུག་པ་ལ་སོགས་པ་བྱ་སྟེ། མཆོད་པའི་རྫས་བཤམ། སྡིག་པ་བཤགས་པ་ལ་སོགས་པ་གཙོར་བྱས་པའི་ཆོས་སྤྱོད་ཅི་ནུས་བྱ། དེ་ནས་པདྨའི་རྫིང་བུ་ཆུ་ཡན་ལག་བརྒྱད་དང་ལྡན་པས་གདབ། མེ་ཏོག་སྣ་ཚོགས་ཀྱིས་ཁ་ཁེབས་པར་གང་བའི་ངོས་ནས། པདྨའི་སྡོང་པོ་ཡལ་ག་ལྔར་གྱེས་པའི་དབུས་ཀྱི་སྡོང་པོའི་པད་འདབ་ཟླ་བ་དང་བཅས་པའི་ནང་དུ་རང་གི་སེམས་ཀྱི་སྣང་བ་སྟོང་ཉིད་ཁ་སརྤ་ཎི་སྐུ་མདོག་དཀར་པོ། རྒྱན་ཆ་ལུགས་སྐུ་བྱད་ཕུན་སུམ་ཚོགས་པ་བལྟ་བས་ཆོག་མི་ཤེས་པར་བསམ། དེའི་གཟུགས་བརྙན་གྱི་ཚུལ་གྱིས་ཕྱོགས་བཞིའི་སྡོང་པོ་པད་འདབ་བཞི་ཟླ་བ་དང་བཅས་པའི་ནང་དུ། ཤར། ལྷོ། ནུབ། བྱང་རིམ་པ་ལྟར་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་བུ་རྣམས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚད་མེད་པ་རྣམས་ཞེ་ཐག་པ་ནས། རྒྱུད་ལ་དུང་དུང་པ་སེམས་བསྐྱེད་པ་སྔོན་དུ་བཏང་ནས། དེའི་སྟོབས་ཀྱིས་ལྷ་རིམ་པར་བསྐྱེད་དོ། །དེའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཞིའི་དབུས་སུ། སེམས་ཧྲཱིཿདཀར་པོ་བསམ། འདབ་བཞིར་ཨོཾ་ཨཱཿཧྲཱིཿཧཱུྃ་ཞེས་པ་བཞི་དགོད། ཟེའུ་འབྲུའི་ཁ་སྐོར་ལ། ཨཱ་ལི་ཀཱ་ལི་རྣམས་བཀོད་ལ། བྱམས་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ནས་སྔགས་དེ་རྣམས་བཟླས། ཡིད་ཀྱིས་སྔགས་ལས་འོད་འཕྲོས་པས། འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱས་ནས་ཚུར་འདུས་པས། རང་ཉིད་ཀྱི་ཉེས་པའི་
ཚོགས་ཐམས་ཅད་དག་པར་བསམ། དེ་ནས་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། དེའང་སྣང་བ་ལྷའི་གཞལ་ཡས་ཁང༌། ལུས་ལྷ་སྐུ། ངག་སྔགས། ཡིད་ཏིང་ངེ་འཛིན་དྲི་མེད་དོ། །སོར་བཞག་དྲན་པ་མ་ཡེངས་ན། །སྣ་ཚོགས་སྣང་བ་རང་གྲོལ་འགྱུར། །རང་གྲོལ་དབྱེ་བ་མེད་གོམས་པས། །འཛིན་པ་ཐམས་ཅད་སྤྲོས་བྲལ་རྟོགས། །མི་རྟོགས་འགྲོ་ལ་བརྩེ་ཆེན་གྱི། །ཡིད་བཞིན་ནོར་བཞིན་རེ་བ་བསྒྲུབ། །ཁ་སརྤ་ཎིའི་སྙིང་གི་མུན་སེལ་གྱི་གདམས་པ། རྗེ་མི་ཏྲ་ཆེན་པོའི་གསུང༌། གནུབས་ལོ་ཙཱ་བས་ལ་སྟོད་སྦྱང་ལུང་དུ་ཡི་གེར་བཀོད་པ་རྫོགས་སོ།། ༈ །གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་འཇིག་རྟེན་མགོན་པོ་དང༌། །དབྱེར་མེད་མི་ཏྲ་ཛོ་ཀི་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་དང༌། །རྗེས་གནང་མན་ངག་སྙིང་པོ་འབྲི། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་སུ་གནང་བའི་ཆོ་ག མན་ངག་གི་ངེས་པའོ། །དང་པོ་ནི། གནས་དབེན་པར་བདེ་བའི་གདན་ལ་བསམ་གཏན་གྱི་རོལ་པས་འདུག་སྟེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་གསལ་བཏབ་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆིས། །ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས།
སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་སྐད་ཅིག་གིས་ཇོ་བོ་ཁ་སརྤ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང༌། གཡོན་གདན་ལ་བརྟེན་པས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། ཐུགས་ཀར་པདྨ་དཀར་པོ་འདབ་མ་བཞི་པ་རྣམ་པར་རྒྱས་པའི་དབུས་སུ་ཧྲཱིཿདཀར་པོ་དང༌། འདབ་མ་བཞི་ལ་སྔགས་ཀྱི་ཡི་གེས་མཚན་པ། སྐུ་དང་སྔགས་ལས་འོད་ཟེར་སྣ་ལྔ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་གྱུར། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་ཅི་ནུས་བཟླས། མཇུག་ཏུ་དགེ་བ་བསྔོས་ལ། ཐུན་མཚམས་ལྷའི་ང་རྒྱལ་བྱ། གཏོར་ཆོག་ནི། མདུན་དུ་སྐད་ཅིག་གིས་སྤྱན་རས་གཟིགས་བཞུགས་པར་གྱུར། གཏོར་སྣོད་རིན་པོ་ཆེའི་སྣོད་དུ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཤྲཱི་ལོ་ཀ་ནཱ་ཐ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་རཀྵ་རཀྵ་ཧཱུྃ། ཞེས་ལན་གསུམ་གྱིས་ཕུལ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་ལ་མི་དམིགས་པར་སྦྱང༌། བསྙེན་པ་བྱེད་ན། ཐུན་བཞིའི་རིམ་པས་འབུམ་ཕྲག་བཅུ་གཉིས་སམ་བཞི་བཟླ་བར་བྱའོ། །གཉིས་པ་རྗེས་གནང་ནི། ཙནྡན་དཀར་པོའམ་ས་དཀར་གྱིས་བྱུགས་པའི་མཎྜལ་གྱི་དབུས་སུ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། དེའི་མདུན་དུ་གཏོར་མ་དང༌། མཆོད་པ་
བཤམ། མཆོད་པ་བྱིན་རླབས་དང༌། བདག་བསྐྱེད་སྔོན་དུ་འགྲོ་བས། ཚོམ་བུ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་གདན་ལ་སྐད་ཅིག་གིས་ཇོ་བོ་ཁ་སརྤ་ཎི་སོགས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་གྱུར། སྔགས་ཅི་ནུས་བཟླ། ཨོཾ་ཤྲཱི་ལོ་ཀ་ནཱ་ཐ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གཏོར་མ་བྱིན་གྱིས་བརླབས་ནས་ཕུལ། དེ་ནས་སློབ་མ་མདུན་དུ་འཁོད་པ་ལ། ཆོས་བཤད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་འདིར་འཕགས་པ་འཇིག་རྟེན་མགོན་པོའི་སྲས་ཀྱི་ཐུ་བོ། འཇམ་གླིང་ན་འགྲན་ཟླ་དང་བྲལ་བའི་གྲུབ་པའི་ཁྱུ་མཆོག་ཆེན་པོ་མི་ཏྲ་ཛོ་ཀིའི་ཐུགས་དམ་ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་རྗེས་གནང་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་གསུང་བར་ཞུ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་བསྐྱེད་ཀྱི་ལྷ་དང༌། སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་སྐྱབས་གསུམ་སྔོན་དུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པས་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཁྱད་པར་འཕགས་
པ་ཐུགས་རྗེ་ཆེན་པོའི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། རྗེས་གནང་གི་གཞི་དགོད་པའི་སླད་དུ། སྭ་བྷཱ་ཝ་སོགས། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། པད་ཟླའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གི་སོགས་ནས། འོད་ཟེར་སྣ་ལྔ་འཕྲོ་བས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་སྐུ་ཅན་དུ་གསལ་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ནས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་མཐའ་རྟེན་དང་བཅས་པ་རྣམས་སུ་ཡོད་པ་ལས། དང་པོ་སྐུའི་རྗེས་གནང་ནི། སློབ་དཔོན་ཐུགས་རྗེ་ཆེན་པོར་གསལ་བ་ལ་མོས་གུས་བྱས་པས། སློབ་དཔོན་གྱི་སྤྱི་བོ་ནས་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་སྐུ་མདོག་དཀར་པོ་མཐེབ་སོར་གྱི་ཚད་ཙམ་པ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག སྐུའི་བྱིན་རླབས་ཞུགས། སྐུའི་རྗེས་སུ་གནང་བ་ཐོབ་པའི་མོས་པ་མཛོད། གཉིས་པ་གསུང་གི་རྗེས་གནང་ནི། ཡང་སློབ་དཔོན་གྱི་མགྲིན་པ་ནས་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་སྐུ་མདོག་དམར་པོ་མཐེབ་སོར་གྱི་ཚད་ཙམ་པ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག གསུང་གི་བྱིན་རླབས་ཞུགས། གསུང་གི་རྗེས་སུ་གནང་བ་ཐོབ་པའི་མོས་པ་མཛོད། གསུམ་པ་ཐུགས་ཀྱི་རྗེས་གནང་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་སྐུ་མདོག་མཐིང་ག་མཐེབ་སོར་གྱི་ཚད་ཙམ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་
པས་ཡིད་ཀྱི་སྡིག་སྒྲིབ་དག ཐུགས་ཀྱི་བྱིན་རླབས་ཞུགས། ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པའི་མོས་པ་མཛོད། སོ་སོའི་མཐར་སྔགས་བཟླ་ཞིང་སྤོས་རོལ་ཀྱང་ཕྱག་ལེན་དུ་མཛད། བཞི་པ་མཐའ་རྟེན་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་སླད་དུ་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཏུ་ཞལ་དུ་ཞུགས། སྙིང་གའི་ཧྲཱིཿལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་བརྒྱ་རྩ་བརྒྱད་མཛད་པར་ཞུ། ཨོཾ་ཧྲཱིཿསྭཱ་ཧཱ། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པ་མན་ཆད་ཀྱིས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད་ཅིག བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་
ཅིང་མེ་ཏོག་འཐོར། རྗེས་དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་ཀྱིས། སློབ་དཔོན་གྱི་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས་སྤྱི་ལྟར་བྱས་ལ་མི་དམིགས་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ། །གསུམ་པ་མན་ངག་གི་ངེས་པ་མདོ་ཙམ་བཤད་པ་ལ་གསུམ། བསྐྱེད་རིམ་གྱི་ཡན་ལག རྫོགས་རིམ་གྱི་ཡན་ལག ཉེར་མཁོའི་ཡན་ལག་གོ །དང་པོ་ནི། ས་གསུམ་གྱི་སྒྲིབ་པ་སྦྱོང་བའི་འཁོར་ལོ་གསུམ་གྱི་མན་ངག་བསྒོམ་པར་བྱ་སྟེ། སྐྱབས་སེམས་དང་བདག་བསྐྱེད་བཟླས་པ་བཅས་པ་སྔོན་དུ་འགྲོ་བས། སྤྱི་བོར་ཨོཾ་ཞེས་བརྗོད་པས་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་འཁོར་ལོ་རྩིབས་སྟོང་པ་འོད་ཟེར་དཀར་པོ་འཕྲོ་བ་ཞིག་བསམ། མགྲིན་པར་ཨཱཿཞེས་བརྗོད་པས་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་འཁོར་ལོ་རྩིབས་སྟོང་པ་ཞིག་བསམ། ལྟེ་བར་ཧཱུྃ་ཞེས་བརྗོད་པས་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས་རལ་གྲིའི་འཁོར་ལོ་རྩིབས་སྟོང་པ་ཞིག་བསམ། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་འཁོར་ལོ་དེ་གསུམ་ལ་རིམ་པ་ལྟར་ཡི་གེ་གསུམ་པོ་གསལ་བར་བསམ། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དེ་བརྟན་པར་བྱས། དེ་ནས་སྤྱི་བོའི་ཨོཾ་གྱི་མཐའ་སྐོར་དུ་ཨ་ཨཱ་ཨི་ཨཱི་ལ་སོགས་པ་དབྱངས་ཡིག་དཀར་པོས་བསྐོར་བར་བསམ། མགྲིན་པའི་ཨཱཿའི་མཐའ་སྐོར་དུ་ཀ་ཁ་ག་གྷ་ང་ལ་སོགས་པ་གསལ་བྱེད་དམར་པོས་བསྐོར་བར་བསམ། ལྟེ་བའི་ཧཱུྃ་གི་མཐར་ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཕྲེང་བ་སྔོན་པོས་བསྐོར་བར་བསམ། དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་དུང་དུང་པ་རུས་པའི་ཁོང་ནས་ཤིང་ཕོན་རླུང་གིས་བུས་པས་མེ་འབར་བ་ལྟར་བསྐྱེད་པས་
ཡེ་ཤེས་ཀྱི་འོད་ཟེར་འཕྲོས་ཏེ། དེའང་ངག་ཏུ་ཨོཾ་ཞེས་པས་ཐོག་དྲངས་ནས་ཨ་ཨཱ་ལ་སོགས་པ་བརྗོད་པས། དེ་མ་ཐག་ཏུ་སྤྱི་བོའི་འཁོར་ལོ་འུ་རུ་རུ་འཁོར་ཏེ། དེའི་འོད་ཟེར་གྱི་རྩལ་དཀར་པོ་ཁོ་རོ་རོ་འཁོར་ཞིང་འབར་བ་འཕྲོས་པས། ས་བླའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཤིང་ཚུར་འདུས་པ་དང༌། རང་ཉིད་ས་བླར་སྐྱེས་པ་དང་སྐྱེ་བའི་སྒྲིབ་པ་ཐམས་ཅད་དག་པར་བསམ། དེ་བཞིན་དུ་ཨཱཿཞེས་པས་ཐོག་དྲངས་ནས་ཀ་ཁ་ག་གྷ་ང་ལ་སོགས་པའི་སྔགས་བརྗོད་པས། མགྲིན་པའི་འཁོར་ལོ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས། ས་སྟེང་གི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་རང་ལ་ཐིམ་པས་ས་སྟེང་དུ་སྐྱེས་པ་དང་སྐྱེ་བའི་སྡིག་སྒྲིབ་དག ཧཱུྃ་ཞེས་པས་ཐོགས་དྲངས་ནས་ཡི་དམ་གྱི་སྔགས་བཟླས་པས་ལྟེ་བའི་འཁོར་ལོ་འཁོར་བ་ལས་འོད་ཟེར་སྔོན་པོ་འཕྲོས། ས་འོག་གི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་རང་ལ་ཐིམ་པས་ས་འོག་ཏུ་སྐྱེས་པ་དང་སྐྱེ་བའི་སྡིག་སྒྲིབ་དག་པར་བསམས་ལ་རྩལ་སྦྱང་ངོ༌། །ཚུལ་འདི་ལྷ་སྔགས་ཁ་བསྒྱུར་བས་ཡི་དམ་གཞན་གང་ལའང་སྦྱར་དུ་རུང་བར་གསུངས་སོ། །གཉིས་པ་ནི། མཚན་བཅས་ཀྱི་རྫོགས་རིམ་དམ་ཚིག་བཞི་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བརྟེན་ནས་བདེ་བ་སྒྲུབ་པའི་དམ་ཚིག མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་གསལ་བ་སྒྲུབ་པའི་དམ་ཚིག སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་མི་རྟོག་པ་སྒྲུབ་པའི་དམ་ཚིག ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་ཕྲིན་ལས་སྒྲུབ་པའི་དམ་ཚིག་གོ །ཁྱད་པར་ཤིན་ཏུ་ཟབ་པ་མཚན་མེད་ཀྱི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་བསོའི་གདམས་ངག་དང༌། བསྐྱེད་རྫོགས་ཀྱི་གནད་བསྡུས་པ་འདི་ཕྱི་བར་དོའི་ཉམས་ལེན་སྙིང་པོ་དོན་གསུམ་གྱི་
གདམས་ངག་དག་བརྒྱུད་ལྡན་གྱི་བླ་མ་ལས་ཉམས་འཁྲིད་ཟབ་མོ་ལེགས་པར་མནོས་ཏེ་ཉམས་སུ་བླང་བ་ནི་ཚུལ་འདིའི་མན་ངག་གི་ཉིང་ཁུར་གྱུར་པ་ཡིན་ནོ། །གསུམ་པ་ལས། རྒྱུན་གྱི་རྣལ་འབྱོར་མན་ངག སྙིང་གི་མུན་སེལ་གྱི་མན་ངག ཕྱི་ནང་གསང་གསུམ་གྱི་མན་ངག བགེགས་འདུལ་བའི་མན་ངག་སོགས་མང་དུ་ཡོད་པ་ལས། སྔ་མ་གཉིས་ཡིག་རྙིང་ལས་ཤེས། ཕྱི་ནང་གསང་གསུམ་གྱི་མན་ངག་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པས་ཇོ་བོ་ཕྱག་བཞི་པ་སྐྱིལ་ཀྲུང་ངམ། ཕྱག་གཉིས་པ་གཡས་མཆོག་སྦྱིན་དང༌། གཡོན་པདྨ་བསྣམས་པ་སྐུ་མདོག་དཀར་ཞིང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའམ། ཨོཾ་ཨཱཿཧྲཱི་ཧཱུྃ། ཞེས་ཅི་ནུས་སུ་བཟླས། འོད་ཟེར་འཕྲོས་པས་འགྲོ་བ་རིགས་དྲུག་གི་ཉེས་པ་ཐམས་ཅད་དག་པར་བསམ། ཕྱིའི་ཐུགས་རྗེ་ཆེན་པོ་བཟླས་པ་དང་བསྒོམ་པའི་མན་ངག་གོ །རྒྱུན་ཆགས་སུ་དྲན་པས་བཟུང་ལ། སྐྱིད་སྡུག་ནམ་བྱུང་བ་དང༌། སྐྱིད་ཅིང་བདེ་བའི་དུས་སུ་བདག་བདེ་ཞིང་སྐྱིད་པ་ལྟར། སེམས་ཅན་ཐམས་ཅད་ཀྱང་བདེ་ཞིང་སྐྱིད་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བློ་སྦྱང༌། སྡུག་བསྔལ་ཞིང་ཉོན་མོངས་སྐྱེས་པ་ནི། བདག་སྡུག་བསྔལ་དང་ཉོན་མོངས་པར་གྱུར་པ་འདིས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཉོན་མོངས་པའི་དོད་སོབས་ནས། སུའང་ཉོན་མོངས་པ་དང་སྡུག་བསྔལ་བར་མ་གྱུར་ཅིག ཅེས་བློ་སྦྱང༌། དེ་ནི་ནང་གི་ཐུགས་རྗེ་ཆེན་པོ་བསྒོམ་པ་ཡིན་ནོ། །དེ་ལྟར་ཕྱི་དང་ནང་གི་ཐུགས་རྗེ་ཆེན་པོ་བསྒོམ་པ་པོ་ཉིད་རང་ངོ་རང་གིས་ཤེས་པར་བྱས་པས་རང་བཞིན་རྟོགས་པར་འགྱུར་ཏེ།
བསྒོམ་པ་དེ་ཉིད་གནས་ཐམས་ཅད་དང་བྲལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། དུས་ཐམས་ཅད་དང་བྲལ་བ་བར་སྣང་ལ་ཤར་བའི་འཇའ་ཚོན་ལྟ་བུ། ངོ་བོ་ཐམས་ཅད་དང་བྲལ་བ་ཆུའི་ནང་གི་ཟླ་བ་ལྟ་བུ་ཡིན་པས། ཡིན་པ་ལ་ཡིན་ཚུལ་ལྟར་ཤེས་པར་བྱས་ནས། དེ་ལ་མ་བཅོས་པར་ལྷོད་དེ་ཤིག་གེ་མཉམ་པར་བཞག་གོ །དེ་ནི་གསང་བའི་ཐུགས་རྗེ་ཆེན་པོ་བསྒོམ་པ་ཡིན་ནོ། །དེ་ནས་རྗེས་ཀྱི་སྤྱོད་ལམ་ནི། དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ནས་སྒྱུ་མ་ལྟ་བུའི་བློས་ཇོ་བོའི་སྐུ་གསུང་ཐུགས་ཀྱི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །ཁ་སརྤ་ཎིས་བགེགས་འདུལ་བའི་མན་ངག་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞིས་བརྒྱན་པ་སྔོན་དུ་བཏང་ལ། སྐད་ཅིག་གིས་རང་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་གཞུང་བཞིན་དུ་བསྐྱེད། དེའི་ཐུགས་ཉི་མའི་འཁོར་ལོ་རྩིབས་སྟོང་ལྡན་དུ་བསམ། སྤྱི་གཙུག་གི་རྩེ་མོར་རྡོ་རྗེ་རྩེ་ལྔ་ཕྱེད་ཚལ་གཅིག་མྱུག་གི་ཡོད་པར་བསྒོམ། བཤང་སྒོར་ཡང་རྡོ་རྗེ་ཕྱེད་ཚལ་གཅིག་གིས་ཁྲིག་གེར་བཀག་པར་བསམ། དེ་ནས་བྱམས་སྙིང་རྗེ་དྲག་པོ་དུང་པས་ཐུགས་ཀའི་ཉི་མའི་སྟེང་དུ་རང་གི་སེམས་ཀྱི་རྣམ་པ་དེ་ཧྲཱིཿནག་པོ་འབར་བ་ཞིག་ཏུ་གྱུར་པར་བསམ། དེ་ནས་འོད་ལྕགས་ཀྱུའི་རྣམ་པས་ནར་གྱིས་བྱུང་སྟེ་བགེགས་ཀྱི་ཚོགས་ཅི་དང་ཅི་ཡོད་པ་བཀུག་སྟེ། མདུན་དུ་པདྨ་འདབ་གཅིག་ལ་ཡེར་ཡེར་བཞུགས་པར་བསམ་མོ། །དེ་ནས་དང་པོ་མགྲོན་བཞི་ལ་གཏོར་མ་བཞི་ཕུལ་ལ། བགེགས་དེའི་སྙིང་པདྨ་འདབ་མ་གཅིག་པའི་སྟེང་དུ་སེམས་ཧཱུྃ་སྔོན་པོ་ཞིག་ཏུ་བསམ། དེའི་རྗེས་ལ་རང་ཉིད་ཀྱི་སྡིག་པ་བཤགས་པ་སྔོན་དུ་སོང་བས་སྐྱབས་འགྲོ་བྱ། གསོལ་བ་དྲག་ཏུ་གདབ། དེ་ནས་སྙིང་རྗེ་དྲག་པོ་དུང་དུང་པ་བསྐྱེད་པ་དང༌། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་མེའི་རྣམ་པ་དམར་
ན་ར་ར་བྱུང་བས་དེའི་སྙིང་གི་དབུས་ཀྱི་ཡི་གེ་ལ་རེག་པར་བསམ། དེ་ལྟར་རེག་པ་ཙམ་གྱིས་མ་བཟོད་པར་འདར་ཤིག་ཤིག་ལྷན་གྱིས་ཞུ་ནས། དེ་ཞུ་བ་ལས་རང་གི་སྙིང་གའི་པདྨའི་ནང་མེར་མེར་གང་བར་བསམ། དེའི་རྗེས་ལ་ཡུལ་དེ་ཉིད་ལ་དམིགས་ལ་ཚད་མེད་པ་བཞི་ལྷང་ལྷང་བ་བསྒོམ། དེ་ནས་བགེགས་དེའི་གཟུགས་ཀྱི་རྣམ་པའང་ལྷའི་གདན་ལ་སིབ་ཀྱིས་ཐིམ་པས་ལུས་ངག་ཡིད་གསུམ་དབང་དུ་འདུས་པར་བསམས་ལ་རང་ཉིད་ལྷའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་སེམས་བཟུང༌། དེའི་རྗེས་ལ་ཡན་ལག་བདུན་པ་ཞིག་བྱས་ནས་བགེགས་ལ་གསོལ་བ་དྲག་ཏུ་གདབ་བོ། །དེ་ལྟར་བྱས་པས་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་གདོན་བགེགས་བྱང་ཆུབ་ཀྱི་ལམ་དུ་འཁོད་པར་འགྱུར་བ་ནི་ཁྱད་པར་གྱི་ཕྲིན་ལས་སོ། །འཕགས་པ་སེམས་ཉིད་ངལ་བསོ་ཡི། །གདམས་ངག་སྙིང་གི་བདུད་རྩིའི་བཅུད། །ཅུང་ཟད་སྤེལ་བའི་ལེགས་བྱས་ཀྱིས། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་པའང་མང་དུ་ཐོས་པའི་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩ་བའི་གཞུང་གསལ་བྱེད་དང་བཅས་པའི་སྙིང་པོ་མདོར་བསྡུས་ཏེ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་བཞུགས་སོ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ་སྔོན་དུ་འགྲོ་བས། གཟུང་འཛིན་ཆོས་རྣམས་སྟོང་པའི་ངང༌། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །པདྨ་ཟླ་དབུས་གཞོན་ནུའི་སྐུ། །སྐྱིལ་ཀྲུང་བརྐྱང་བ་བརྗིད་བག་ལྡན། །ཟླ་བ་རྒྱས་པའི་ཞལ་མཛེས་
པས། །ས་གསུམ་བདག་གིར་གཟིགས་མཛད་པ། །མཆོག་སྦྱིན་པདྨོ་གཡས་དང་གཡོན། །རྒྱལ་བའི་ཅོད་པན་རིན་ཆེན་བརྒྱན། །འོད་དཔག་མེད་ཀྱིས་སྤྱི་གཙུག་མཛེས། །དེ་ཡི་ཐུགས་ནི་པདྨར་རྒྱས། །ཧྲཱིཿལས་རང་སེམས་འོད་གསལ་བ། །ས་གསུམ་སྤྱོད་མཛད་ཡི་གེ་བཞིས། །པདྨའི་འདབ་བཞིར་རྣམ་པར་མཛེས། །སྐུ་དང་སྔགས་ལས་འཕྲོས་པ་ཡི། །འོད་ཟེར་རྣམ་པའི་སྤྲིན་ཆེན་པོས། །རང་གཞན་དོན་གཉིས་རྫོགས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་ཅི་ནུས་སུ་བཟླས། དགེ་བ་འདི་ཡི་མྱུར་དུ་བདག །འཇིག་རྟེན་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ། ལྷར་སྣང་སྒྱུ་མ་ལྟ་བུའི་ང་རྒྱལ་དང་མ་བྲལ་བས་སྤྱོད་ལམ་ལ་འཇུག སྒྲ་ཐམས་ཅད་བྲག་ཅ་ལྟར་གྲགས་སྟོང་དང༌། སེམས་འོད་གསལ་གཉུག་མའི་ཡེ་ཤེས་སུ་ཤེས་པར་བྱའོ། །ཞེས་པའང་འཕགས་པ་དགྱེས་པའི་འབངས་ཀྱི་ཐ་ཆུང་མཁྱེན་བརྩེའི་དབང་པོས་རྒྱ་གཞུང་ཉིད་ངག་དོན་དུ་བསྡེབས་པ་དགེ། །།
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་གཏོར་དབང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་གཏོར་དབང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻ་ལོ་ཀེ་ཤྭ་ར་གུ་ཧྱ་སཱ་དྷ་ནཱ་མ། བོད་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་བྱེད་པའི། །སྤྱན་རས་གཟིགས་དབང་སྒྲུབ་ཐབས་བཤད། །དད་བརྩོན་སྙིང་རྗེར་ལྡན་པ་ཡིས། །དབང་དང་དམ་ཚིག་ལྡན་བྱས་ནས། །དུར་ཁྲོད་གཡའ་རི་གངས་བྲག་གི །ཉམས་དགའ་དབེན་པའི་གནས་དག་ཏུ། །ཕྱི་རྒྱུད་པ་ལ་གཏོར་མ་བཏང༌། །མཎྜལ་གྲུ་བཞི་དྲིས་བྱུགས་པ། །ཆང་དང་བདུད་རྩིས་ཆག་ཆག་གདབ། །ཆོས་འབྱུང་བསྣོལ་མ་པད་འདབ་བརྒྱད། །མུ་ཁྱུད་གྲུ་ཆད་ལྡན་པར་བྲི། །སྒོ་བཞི་རྒྱན་ལྡན་བྲིས་ཀྱང་རུང༌། །རྡོ་རྗེའི་རྭ་བ་མེ་རིས་བསྐོར། །ཆོས་འབྱུང་དམར་པོ་རེ་ཁཱ་དཀར། །མཚམས་སུ་གཡུང་དྲུང་འཁྱིལ་པ་བྲི། །པད་འདབ་ཕྱོགས་མདོག་མཚམས་མཛེས་ཚོན། །གྲུ་ཆད་ལྗང་ལ་སྒོ་བཞི་ཕྱོགས། །སྒོ་རྒྱན་ལ་སོགས་སྤྱི་དང་མཐུན། །
དེ་དབུས་བུམ་པ་རྒྱན་ལྡན་དུ། །ཆང་དང་བདུད་རྩི་རིལ་བུ་བྲུབ། །དགོས་པའི་ཆ་རྐྱེན་ཚང་བར་བཞག །ཐོད་པ་ཆང་དང་བདུད་རྩིས་དགང༌། །བུམ་པའི་ཁར་བཞག་དར་དམར་དགབ། །མེ་ལོང་ཆང་གིས་བྱུགས་པ་ལ། །སིནྡྷུ་ར་བདལ་ཆོས་འབྱུང་དང༌། །ས་བོན་ཡི་གེ་སྔགས་བཅས་དགོད། །ཐོད་པའི་ཁ་རུ་བཞག་པའི་སྟེང༌། །སྨན་སྣ་རིན་ཆེན་སྣ་ཚོགས་དང༌། །དྲི་བཟང་དག་ནི་སྣ་ཚོགས་པ། །ཀ་ར་བུ་རམ་སྦྲང་རྩི་སོགས། །འབྲུ་སྣ་ཚོགས་ཚད་ཕྱེ་མ་ལ། །གུར་གུམ་གི་ཝཾ་སིནྡྷུ་ར། །ཤ་ལྔ་བདུད་རྩི་ལྔ་སྦྱར་བའི། །ཆང་གིས་སྦྲུས་པའི་རིལ་བུ་ལ། །སིནྡྷུ་ར་དང་པད་མཚལ་བྱུག །མོ་སར་ཕྲུ་མར་འཁོར་ལོ་བྲི། །དེ་ཡང་གོང་གི་རྫས་ཀྱིས་བྱུག །རིལ་བུ་འཁོར་ལོའི་ལྟེ་བར་བཞག །དར་གྱིས་དགབ་ལ་མེ་ལོང་ཁར། །བཞག་སྟེ་སྟེང་དུ་དར་གདུགས་ཕུབ། །སྦ་ལྕག་དཀར་པོ་ཚིགས་གསུམ་པའི། །ནང་དུ་སྔགས་དང་འཁོར་ལོ་གཞུག །རིལ་བུ་ལྷ་གྲངས་ལ་སོགས་བླུག །ཁ་བཅད་
མགོ་མཇུག་ཟངས་ཀྱིས་དཀྲི། །ཞིང་ལྤགས་ལྕག་འབྲས་བཏགས་པ་ལ། །རིན་ཆེན་སྣ་ལྔ་དུང་ཤྭ་དང༌། །ཤེལ་དང་ཕ་ཝང་ལོང་བུ་གདགས། །དར་ཚོན་སྣ་ལྔ་སྔགས་ལྡན་བརྒྱན། །དཀྱིལ་འཁོར་དབུས་སུ་གཟུག་པར་བྱ། །གཏོར་མ་མཆོད་པ་ཚོགས་ཀྱི་རྫས། །ཅི་ལྟར་འབྱོར་པའི་བྱེ་བྲག་བཤམ། །རྐང་གླིང་ཐོད་རྔ་ཚིལ་ཆེན་སྤོས། །ཞུན་ཆེན་མར་མེ་ལ་སོགས་བསྲེག །བགེགས་ལ་གླུད་སྦྱིན་མཚམས་བཅད་ལ། །སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། །དཀོན་མཆོག་སྤྱན་དྲངས་ཕྱག་བྱས་ལ། །མཆོད་ཅིང་མཎྜལ་ཕུལ་བ་སྟེ། །བདུན་པོ་རྣམ་པར་དག་པ་དང༌། །གསོལ་བ་དྲག་ཏུ་གདབ་པར་བྱ། །དེ་དག་སྔོན་དུ་འགྲོ་བའོ། །དངོས་གཞི་ཕྱི་ནང་གསང་གསུམ་ལ། །ཕྱི་ལྟར་རྒྱལ་བ་རྒྱ་མཚོའི་ཚོགས། །མ་ལུས་ཕྱི་རུ་དགོད་པ་དང༌། །ནང་ལྟར་ལུས་ལ་དགོད་པ་དང༌། །གསང་བ་རྩེ་ལ་དགོད་པ་དང༌། །ཡང་གསང་དེ་ཉིད་སེམས་ལ་དགོད། །དེ་ཡང་བསྙེན་སྒྲུབ་ལས་གསུམ་སྟེ། །ཡང་གསང་འབྲས་བུའི་ངོ་སྤྲོད་བྱ། །ཕྱི་ལྟར་བསྙེན་པ་བྱ་བ་ནི། །བདེ་བའི་གདན་ལ་བསམ་གཏན་གྱི། །ཕྱག་རྒྱས་བསྡད་ལ་སྐྱབས་འགྲོ་དང༌། །སེམས་བསྐྱེད་བྱས་ལ་སྟོང་པའི་ངང༌། །པད་སྡོང་ཁ་གསུམ་གྱེས་པའི་དབུས། །ཉི་མའི་གདན་ལ་རང་སེམས་ཧྲཱིཿ །འོད་འཕྲོས་སེམས་ཅན་སྒྲིབ་པ་སྦྱངས། །རྒྱལ་བ་རྒྱ་མཚོའི་ཚོགས་སུ་གྱུར། །ཚུར་འདུས་སངས་རྒྱས་བྱིན་རླབས་བསྡུས། །ཧྲཱིཿལ་ཐིམ་པས་འོད་དུ་ཞུ། །བདག་ཉིད་སྤྱན་རས་གཟིགས་དབང་སྐུ། །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཡས་འོག་པདྨའི་བགྲང་ཕྲེང་དམར། །
གཡོན་པ་ཨུཏྤལ་དམར་པོ་འཛིན། །རལ་པའི་ཅོད་པན་དར་གྱིས་མཛེས། །རིན་ཆེན་ཟེའུ་འབྲུའི་པྲོག་ལྡན་པ། །སྤྱན་དམར་ཞལ་འཛུམ་ཐུགས་རྗེས་ཡིས། །སེམས་ཅན་ཡོངས་ལ་གཟིགས་པ་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩས་བསྐོར། །རྒྱལ་བ་རྒྱ་མཚོ་མ་ལུས་པའི། །དཀྱིལ་འཁོར་ཐམས་ཅད་འདུས་པའོ། །བདག་གི་སྤྱི་གཙུག་པད་ཟླའི་སྟེང༌། །རྩ་བའི་བླ་མ་དེ་ཉིད་ནི། །འོད་དཔག་མེད་པའི་ངོ་བོ་སྟེ། །སྐྱིལ་ཀྲུང་མཉམ་བཞག་ཕྱག་རྒྱ་ཅན། །སྤྲུལ་པའི་སྐུ་རུ་བསྒོམས་པ་ལ། །བཀའ་བརྒྱུད་བླ་མ་རིག་འཛིན་རྣམས། །གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན། །རྡོ་རྗེ་དྲིལ་བུས་འཁྱུད་པའོ། །རྡོ་རྗེ་འཆང་གི་རྣམ་པས་བསྐོར། །བྱིན་རླབས་དབང་བསྐུར་བྱེད་པར་བསྒོམ། །གཡས་ཕྱོགས་པད་སྡོང་ཉི་མའི་སྟེང༌། །བདུད་བཞིའི་གདན་ལ་རྟ་མཆོག་སྐུ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ཌཱ་རུ་གཡོན་སྡིགས་མཛུབ། །དྲིལ་བུར་བཅས་པ་དཀུ་ལ་བརྟེན། །སྟག་བཤམ་དུར་ཁྲོད་སྦྲུལ་རྒྱན་ཅན། །ཁྲོ་ཞལ་སྤྱན་གསུམ་མཆེ་བ་གཙིགས། །རལ་པ་དམར་སེར་འཁྱིལ་བའི་དབུས། །རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྔོག་མ་དམར་པོ་མེ་ལྟར་འབར། །མ་མོ་མཁའ་འགྲོ་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་དང༌། །ཀླུ་རྣམས་དབང་དུ་སྡུད་པར་བྱེད། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་ནས། །ཡེ་ཤེས་མེ་ཕུང་ཀློང་ན་བཞུགས། །འཁོར་དུ་དཔའ་བོ་རྒྱ་མཚོའི་ཚོགས། །ཡེ་ཤེས་ཁྲོ་རྒྱལ་བཅུ་ལ་སོགས། །ཧ་ཧ་ཧཱུྃ་ཧཱུྃ་ཕཊ་སྒྲ་སྒྲོགས། །སྣང་སྲིད་ཟིལ་གྱིས་མནན་པར་བསྒོམ། །གཡོན་ཕྱོགས་པད་སྡོང་ཆོས་
འབྱུང་བསྣོལ། །དེ་དབུས་པད་ཉི་རོ་ཡི་སྟེང༌། །གསང་བ་ཡེ་ཤེས་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །ཁྲོ་འཛུམ་མཆེ་གཙིགས་སྤྱན་རྩ་དམར། །དབུ་སྐྲ་གྲོལ་ཞིང་སྐུ་སྟོད་ཁེབས། །གཡས་བསྐུམས་གཡོན་བརྐྱངས་རོ་སྟེང་བརྫིས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཡས་ཀྱི་དང་པོ་གྲི་གུག་འཕྱར། །འོག་མས་རལ་གྲི་བསྣམས་པའོ། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །འོག་མས་ཁ་ཊྭཱཾ་ག་བསྒྲེངས་པའི། །མགུལ་ན་དར་དཔྱངས་ཌཱ་རུ་འཁྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༌། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །རུས་པའི་རྒྱན་ཆ་ལྔ་ཡིས་བརྒྱན། །རིན་ཆེན་དར་དཔྱངས་བརྒྱན་པར་བསྒོམ། །མེ་རི་འབར་བའི་དབུས་བཞུགས་ཤིང༌། །དཔའ་མོ་རྒྱ་མཚོ་མཁའ་འགྲོས་བསྐོར། །ཨཱ་རལླི་དང་ཕེཾ་གྱི་སྒྲས། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སྣང་སྲིད་དབང་དུ་སྡུད་པར་བསྒོམ། །འོག་ཕྱོགས་མེ་རླུང་འཁྲུགས་པ་ཡི། །འབྱུང་བའི་དཀྱིལ་འཁོར་དབུས་སུ་ནི། །རིགས་བཞིའི་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྐྱོང་དམ་ཅན་ཕོ་ཉའི་ཚོགས། །ཕྱི་ནང་སྲུང་མ་མ་ལུས་རྣམས། །མཁའ་འགྲོ་སྡེ་བཞིའི་ངོ་བོར་གྱུར། །གྲི་གུག་ཐོད་པ་ཁ་ཊྭཱཾ་བསྣམས། །ཐོད་པ་སྐམ་རློན་རུས་རྒྱན་ཅན། །རིན་ཆེན་རྒྱན་དང་དར་གྱི་མཛེས། །ཧ་རི་ནི་སའི་སྒྲ་སྒྲོགས་ཤིང༌། །གདན་འོག་པདྨ་འདེགས་པར་བསམ། །དེ་དག་རྒྱལ་བ་རྒྱ་མཚོ་ཡི། །དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །དེ་དག་མ་ལུས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པད་སྟེང་ཨཱཿདམར་པོ། །སྙིང་གར་ཉི་སྟེང་ཧཱུྃ་མཐིང་ག །སྐུ་གསུང་ཐུགས་ནི་བྱིན་
གྱིས་བརླབ། །དེ་ནས་གཙོ་བོའི་ཐུགས་ཀ་རུ། །པདྨ་ཉི་མའི་གདན་སྟེང་དུ། །ཧྲཱིཿལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སྤྱན་དྲངས་མཆོད་པ་བསྟིམ། །རིགས་ལྔ་ཡུམ་བཞི་སེམས་དཔའ་དང༌། །མཁའ་འགྲོའི་ཚོགས་དང་མཆོད་པ་ཡི། །ལྷ་མོར་བཅས་པ་སྤྱན་དྲངས་བསྟིམ། །མཆོད་དེ་དབང་བསྐུར་གསོལ་བ་གདབ། །རྒྱལ་བས་དབང་བསྐུར་དགོངས་པ་མཛད། །ཁྲོ་བོ་རྣམས་ཀྱི་བགེགས་བསྐྲད་ཅིང༌། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་བརྗོད། །མཆོད་པའི་ལྷ་མོས་མཆོད་པ་དང༌། །ཡུམ་ལྔའི་བུམ་པས་དབང་བསྐུར་བས། །སྡིག་སྒྲིབ་དག་ནས་སྤྱི་བོ་རུ། །རིགས་བདག་སྣང་བ་མཐའ་ཡས་དང༌། །རིགས་ལྔས་དབུ་ལ་བརྒྱན་པར་བསྒོམ། །དེ་ལྟར་ཅི་སྲིད་མི་སྐྱོའི་བར། །གསལ་བར་བསྒོམ་པ་བསྐྱེད་རིམ་ཡིན། །བཟླས་པ་བྱེད་པའི་དུས་སུ་ནི། །བདག་དང་རྟ་མགྲིན་གསང་བའི་ཡུམ། །སྤྱི་བོའི་བླ་མ་རིགས་བདག་དང༌། །ཀུན་གྱི་ཐུགས་ཀར་པད་ཉི་དང༌། །ཟླ་བའི་གདན་ལ་ཧྲཱིཿཡི་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་མཆོད། །མཉེས་ནས་བྱིན་རླབས་དངོས་གྲུབ་རྣམས། །བདག་ལ་ཐིམ་པས་སྡིག་སྒྲིབ་དག །ཚོགས་རྫོགས་དབང་བཞི་ཐོབ་པར་བསམ། །ཁམས་གསུམ་འགྲོ་དྲུག་སེམས་ཅན་ལ། །འོད་ཟེར་ཕོག་པས་སྡིག་སྦྱངས་ནས། །ཕྱི་སྣོད་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་ལྷ་ཡི་དཀྱིལ་འཁོར་ཏེ། །ཕོ་རྣམས་སྤྱན་རས་གཟིགས་སུ་གྱུར། །མོ་རྣམས་གསང་བ་ཡེ་ཤེས་ལ། །བདུད་དང་ལོག་འདྲེན་རྟ་མགྲིན་སྐུ། །འོད་དང་མེ་
ཕུང་འབར་བའི་ཞིང༌། །རྒྱལ་བ་རྒྱ་མཚོ་ཚོགས་སུ་བསྒོམ། །གཟུགས་སྣང་ལྷ་ཡི་རང་བཞིན་ལ། །སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ། །སེམས་ཀྱི་དྲན་རྟོག་ཆོས་སྐུའི་ངང༌། །དེ་ལྟར་བཟླས་པ་ཅི་རིགས་བྱ། །རྗེས་སུ་ཕྱི་སྣོད་ནང་བཅུད་ནས། །རིམ་གྱིས་ཐམས་ཅད་བདག་ལ་བསྡུ། །བདག་ཀྱང་ཧྲཱིཿནས་སྟོང་པའི་བར། །མི་དམིགས་མ་བཅོས་སྤྲོས་བྲལ་དང༌། །མི་དམིགས་ཅི་ཡང་མ་བསམ་པར། །ཆོས་སྐུའི་ངང་ལ་ཅི་གནས་བཞག །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཐུན་མཚམས་ལྷ་ཡི་ང་རྒྱལ་གྱིས། །སྤྱོད་ལམ་ཐམས་ཅད་བྱ་བའོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཡབ་ཀྱི་སྙིང་པོའོ། །ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྟ་མགྲིན་གྱི་སྙིང་པོའོ། །ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། གསང་བ་ཡེ་ཤེས་ཀྱི་སྙིང་པོའོ། །ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ། མཁའ་འགྲོ་སྡེ་བཞི་ཡབ་ཡུམ་གྱི་སྙིང་པོའོ། །བ་སུ་སིདྡྷི་ནཱ་ནཱ་ཁཱ་དྷི་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་སིདྡྷི་ས་མ་ཡ་སྡུས་སྡུས། ཧཱུྃ་ཧཱུྃ། པུཥྚིཾ་བཱ་ཤཾ་ཀུ་རུ་ཧཱུྃ། རཏྣ་སིདྡྷི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿ དབང་དུ་སྡུད་པའི་སྙིང་པོའོ། །དེ་ལྟར་ཕྱི་སྒྲུབ་བསྙེན་པ་ལ། །དཀྱིལ་འཁོར་བཅའ་གཞི་མི་དགོས་ཤིང༌། །རྒྱུན་དུ་ཡི་དམ་ནར་མར་བྱ། །ནང་ལྟར་འཇིག་རྟེན་དབང་ཕྱུག་གི །ལུས་ལ་ལྷ་རྣམས་དགོད་པ་ནི། །སྔོན་འགྲོ་ཡན་ལག་བདུན་པ་དང༌། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས། །ཚད་མེད་བཞི་ཡིས་བློ་སྦྱངས་ཏེ། །སྟོང་པའི་ངང་ལས་པད་ཉིད་དང༌། །ཟླ་བའི་གདན་ལ་རང་སེམས་ཧྲཱིཿ། །དམར་པོ་འོད་འཕྲོས་འདུས་པ་ལས། །གོང་ལྟར་བདག་ཉིད་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་སྐུ་
མདོག་དམར། །ཞལ་གཅིག་ཕྱག་བཞི་ཞབས་སྐྱིལ་ཀྲུང༌། །རྒྱན་རྫོགས་འཇའ་འོད་དབུས་བཞུགས་པ། །ཕྱི་སྒྲུབ་ཅི་ལྟ་བ་རུ་གསལ། །བླ་མ་རིགས་བདག་བཀའ་བརྒྱུད་བཅས། །སྤྱི་བོར་རྡོ་རྗེ་འཆང་ལྟར་བསྒོམ། །སྙིང་ནི་པདྨ་འདབ་བརྒྱད་སྟེང༌། །ཉི་ཟླའི་གདན་ལ་རྟ་མགྲིན་ནི། །དམར་ནག་དུར་ཁྲོད་ཆོས་ཀྱི་བརྒྱན། །གཡས་པ་དབང་སྡུད་ཕྱག་རྒྱ་ཡིས། །པདྨའི་ཕྲེང་བ་དམར་པོ་འདྲེན། །གཡོན་པ་ཨུཏྤལ་དམར་པོ་ཡི། །ཞགས་པ་སྡིགས་མཛུབ་བཅས་པ་ཡིས། །དཀུ་ལ་བརྟེན་ནས་གར་སྟབས་མཛད། །དེ་ཡི་ཐུགས་ཀར་པདྨ་དང༌། །ཉི་མའི་དབུས་སུ་ཧྲཱིཿལ་སྔགས། །གཡས་སུ་འཁོར་བར་བསྒོམ་པའོ། །ལྟེ་བར་ཆོས་འབྱུང་བསྣོལ་མའི་སྟེང༌། །པདྨ་ཉི་མ་རོ་སྟེང་དུ། །གསང་བ་ཡེ་ཤེས་ཌཱ་ཀི་མ། །གསང་གནས་པདྨ་འདབ་བཞིའི་སྟེང༌། །རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་སྟེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང༌། །ཡབ་རྣམས་ཡུམ་དང་མཚུངས་པ་སྟེ། །གྲི་གུག་ཐོད་ཁྲག་རྒྱན་དང་ལྡན། །ལྟེ་བའི་ཡུམ་གྱི་གདན་ནས་བཏེགས། །དེ་ནས་སྐུ་གསུང་ཐུགས་བྱིན་བརླབ། །ཡེ་ཤེས་བསྟིམ་ཞིང་དབང་བསྐུར་བསམ། །ལྟེ་བའི་འོག་ཏུ་གཏུམ་མོའི་མེ། །འབར་བ་ལ་དམིགས་རླུང་བཟུང་བས། །གང་བྱེད་དབང་བསྡུས་བྱང་སེམས་རང་བཞིན་བཞུས། །རྔུབས་ནས་མེ་ལ་བསྟིམས་པས་ཡེ་ཤེས་འབར། །འཁོར་འདས་གཉིས་མེད་དགོངས་པ་བསྐྱང་བར་བྱ། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་རླུང་དང་བསྲེ། །མེ་ལ་བསྟིམས་པས་དབང་བསྐུར་བདེ་
ཆེན་བསྐྱེད། །འགྲོ་དྲུག་སེམས་ཅན་དབང་སྡུད་བྱང་སེམས་བསྒོམ། །སྙིང་རྗེའི་ངང་དུ་རླུང་རྔུབས་མེ་ལ་བསྟིམ། །སྤྲུལ་སྐུས་འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན། །དམིགས་མེད་ངང་ནས་རླུང་བཟུང་ཅིར་མི་དགོངས། །མཁའ་ལྟར་དག་པའི་ཆོས་སྐུ་མངོན་དུ་འགྱུར། །སྔགས་བཟླ་དུས་སུ་འོད་ཟེར་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ལ་གདུང་བའི་ཚོགས་འཕྲོས་པས། །སྐྱེ་འགྲོའི་སྙིང་ནས་བཟུང་ནས་བཀུག་བྱས་པས། །རིག་པའི་ངོ་བོ་ཐུགས་ཀའི་ཧྲཱིཿལ་ཐིམ། །ལུས་པོ་འོད་དུ་ཞུ་ནས་ལྟེ་བར་བསྡུ། །ཡབ་ཡུམ་མཁའ་འགྲོ་ཕོ་མོའི་སྙིང་པོ་ལ། །དངོས་གྲུབ་སྡུད་པའི་སྔགས་བཏགས་བཟླས་པ་བྱ། །རྗེས་སུ་རྫོགས་རིམ་ལྷ་རྣམས་རང་སར་གཞུག །མཁའ་ལ་སྤྲིན་དྭངས་ལྟ་བུར་གསལ་བའི་ངང༌། །མ་བཅོས་དམིགས་གཏད་མེད་པའི་ངང་ཉིད་ནས། །མ་ཡེངས་བློ་ཡིས་མི་དཔྱད་མ་བསྒོམ་པར། །གཟུང་འཛིན་ཡིད་བྱེད་བླང་དོར་མེད་པ་ཡི། །དངོས་པོའི་རང་གཤིས་གསལ་དྭངས་བདེ་སྟོང་ཉམས། །ཆགས་འཛིན་མི་བྱ་རྣམ་དག་དེ་ངང་བསྐྱལ། །རྗེས་སུ་ཐུན་མཚམས་བྱ་བ་གོང་ལྟར་སྤྱད། །ནང་ལུས་ལ་ལྷ་དགོད་པ་སྟེ་སྒྲུབ་པའོ། །གསང་བ་རྩ་ལ་དགོད་པ་ཡི། །རིམ་པ་ཉམས་སུ་བླང་བྱ་བ། །གདན་ལ་བསམ་གཏན་ཕྱག་རྒྱས་གནས། །སྔོན་འགྲོ་ཡན་ལག་བདུན་པ་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །ཤཱུ་ཛྙཱ་ཏཱ་ཡིས་སྟོང་པར་བསྒོམ། །ཆོས་ཉིད་སྟོང་པར་བྱང་ཆུབ་དང༌། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །སྟོང་པའི་ངང་ལས་པད་ཉི་དང༌། །ཟླ་བ་རྒྱས་པའི་གདན་བསྒོམ་པ། །ཉི་ཟླའི་གདན་ལ་མངོན་བྱང་ཆུབ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གདན་སྟེང་རང་ཉིད་ཡི་གེ་ཧྲཱིཿ། །གསུང་གི་འབྲུ་ལ་
མངོན་བྱང་ཆུབ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། །ཐུགས་ཀྱི་ཕྱག་མཚན་མངོན་བྱང་ཆུབ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །པདྨ་ཧྲཱིཿས་མཚན་འོད་ཟེར་གྱིས། །འགྲོ་བའི་རྒྱུད་སྦྱངས་ལྷར་གྱུར་ནས། །སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས། །སྔར་གྱི་པདྨ་ཧྲཱིཿས་མཚན་ཐིམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །བདག་ཉིད་ལྷ་ཡི་སྐུ་རྫོགས་པ། །སྐུ་ཡོངས་རྫོགས་པར་མངོན་བྱང་ཆུབ། །བྱ་གྲུབ་ནན་ཏན་ཡེ་ཤེས་སོ། །དེ་ཡང་བདག་ཉིད་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་བརྐྱང་གཡོན་བསྐུམ་གར་གྱིས་བསྒྱིངས། །དབུ་སྐྲ་གྱེན་བརྫེས་དར་གྱིས་བརྒྱན། །རིན་ཆེན་རྒྱན་གྱིས་མཛེས་པར་སྤྲས། །ཕྱག་གཡས་པད་ཕྲེང་གཡོན་པདྨ། །གསང་བ་ཡེ་ཤེས་ཡུམ་གྱིས་འཁྱུད། །དམར་མོ་གཅེར་བུ་སྤྱན་གསུམ་པ། །ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག །ཐོད་པ་སྐམ་པོ་རུས་རྒྱན་ཅན། །རིན་ཆེན་སྣ་ཚོགས་དར་དཔྱངས་བརྒྱན། །ཡེ་ཤེས་མེ་རིའི་དབུས་ན་བཞུགས། །དེ་ཡི་སྐུ་ལ་རྩ་གསུམ་དང༌། །འཁོར་ལོ་བཞི་པོ་གསལ་བཏབ་ལ། །སྤྱི་བོ་བདེ་ཆེན་འཁོར་ལོ་ལ། །རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི། །དབུས་སུ་བདེ་གཤེགས་སྤྱན་རས་གཟིགས། །དཀར་པོ་འཁོར་ལོ་དྲིལ་བུ་ཅན། །བདེ་གཤེགས་མཁའ་འགྲོ་སུམ་ཅུ་གཉིས། །འཁོར་ལོ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །རྩ་འདབ་བཅུ་དྲུག་དབུས་སུ་ནི། །པདྨ་རིགས་ཀྱི་སྤྱན་རས་གཟིགས། །དམར་པོ་པདྨ་དྲིལ་བུ་ཅན། །པདྨ་མཁའ་འགྲོ་བཅུ་དྲུག་བསྐོར། །པདྨ་གྲི་གུག་ཐོད་
ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ། །རྩ་འདབ་བརྒྱད་ཀྱི་དབུས་སུ་ནི། །རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །མཐིང་ག་རྡོ་རྗེ་དྲིལ་བུ་ཅན། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བརྒྱད། །རྡོ་རྗེ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས། །རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། །སེར་པོ་རིན་ཆེན་དྲིལ་བུ་ཅན། །རིན་ཆེན་མཁའ་འགྲོ་དྲུག་ཅུ་བཞི། །རིན་ཆེན་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །གསང་གནས་ནོར་བུའི་འཁོར་ལོ་རུ། །རྩ་འདབ་བཞི་ཡི་དབུས་སུ་ནི། །ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ལྗང་གུ་རྒྱ་གྲམ་དྲིལ་བུ་ཅན། །ལས་ཀྱི་མཁའ་འགྲོ་ལྗང་གུ་བཞི། །རྒྱ་གྲམ་གྲི་གུག་ཐོད་ཁྲག་ཐོགས། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །ཡབ་ཀྱི་ཐུགས་ཀར་རྟ་མགྲིན་དང༌། །སྤྱི་བོར་བླ་མ་ལྟེ་བ་རུ། །དཔའ་བོ་སྡེ་བཞི་བསྒོམ་པར་བྱ། །ཡུམ་གྱི་ཐུགས་ཀར་ཞལ་གཉིས་མ། །སྤྱི་བོར་ན་བཟའ་དཀར་མོ་དང༌། །ལྟེ་བར་རིགས་བཞི་མཁའ་འགྲོ་བསྒོམ། །ཀུན་ཀྱང་ཐོད་པ་སྐམ་རློན་དང༌། །རིན་ཆེན་རུས་རྒྱན་དར་གྱིས་མཛེས། །པདྨ་ཉི་ཟླ་རོ་གདན་ཅན། །མེ་དཔུང་འབར་བའི་དབུས་སུ་འགྱིང༌། །དེ་ལྟར་གསལ་བར་བསྒོམས་བྱས་ནས། །སྐུ་གསུང་ཐུགས་གསུམ་བྱིན་བརླབ་སྟེ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དབང་བསྐུར་དབང་རྟགས་ཀྱིས་བརྒྱན་ལ། །དེ་ནས་རང་གི་འདོམ་བར་ནས། །ཡྃ་ལས་རླུང་གི་དཀྱིལ་འཁོར་གཡོས། །གསང་གནས་ལྷ་ཚོགས་མེ་འབར་ཏེ། །འཁོར་ལོ་བཞི་ཡི་གཙོ་བོ་རྣམས། །ལྟོས་ཐག་མེད་པའི་མེ་འབར་ཏེ། །ལྟེ་བའི་
ཨ་ལ་གཏུགས་ནས་ནི། །སྤྱི་བོའི་ཧཾ་ལ་རེག་པ་ཡིས། །བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས། །འཁོར་ལོ་རྣམ་བཞི་གང་བ་ཡིས། །ལྷ་རྣམས་བདེ་བ་ཆེན་པོར་འབར། །དུས་གསུམ་རྒྱལ་བ་མ་ལུས་དང༌། །སྐྱེ་འགྲོ་སེམས་ཅན་བྱམས་སྡང་སོགས། །དུས་དང་གནད་དུ་གང་འགྲོ་བ། །རླུང་དང་དབྱེར་མེད་བསྡུས་ལ་བསྟིམ། །མེ་འབར་ཉོན་མོངས་རབ་བསྲེགས་ནས། །སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང༌། །གཉུག་མ་ཡིད་ལ་མི་བྱེད་པར། །ཐ་མལ་ཤེས་པ་མ་བཅོས་དང༌། །རང་རིག་སྐྱེ་མེད་སྦྱངས་བྱས་ལ། །རླུང་བཟུང་རིག་པ་ཕྱོགས་མེད་སྦྱང༌། །མདུན་གྱི་དཀྱིལ་འཁོར་བུམ་པ་དང༌། །ཐོད་པ་མེ་ལོང་འཁོར་ལོ་དང༌། །རིལ་བུ་སྦ་ལྕག་དག་ལ་ཡང༌། །རང་ཉིད་ཇི་ལྟར་བསྐྱེད་བསྟིམ་བྱ། །བདག་དང་དེ་རྣམས་ཐུགས་ཀ་ནས། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ལ་གདུང་འཕྲོས་པས། །གང་དམིགས་ལ་སོགས་སྐྱེ་འགྲོ་ཡི། །ཕོ་ཡི་སྙིང་ག་མོ་ཡི་ནི། །གསང་བའི་གནས་ནས་བཟུང་ནས་ནི། །རང་དབང་མེད་པར་མདུན་དུ་བཀུག །འོད་ཟེར་འཕྲོས་པས་ཕོག་པ་ཡིས། །དེ་དག་འོད་དུ་ཞུ་བ་ལས། །བྱང་སེམས་དཀར་དམར་རྣམ་པར་གྱུར། །རིལ་བུ་ལ་སོགས་རྫས་རྣམས་དང༌། །རང་གི་གསང་བར་བསྡུས་ལ་བསྟིམ། །ཐུགས་ཀའི་ཧྲཱིཿལ་འདུས་པར་བསམ། །བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམ། །རླུང་བཟུང་སྔགས་ཟློ་གང་གོམས་བྱ། །ཐུན་རྟིང་རྫོགས་རིམ་ཐུན་མཚམས་སུ། །བསྔོ་བ་སྨོན་ལམ་སྤྱོད་ལམ་བྱ། །ཐུན་བཞི་ཐུན་དྲུག་ལ་སོགས་བཅད། །ཚོགས་དང་གཏོར་མ་ཐུན་མཚམས་མཆོད། །བསྟོད་པས་བསྟོད་ཅིང་
བཀྲ་ཤིས་བརྗོད། །ཡིག་བརྒྱ་ལ་སོགས་བཤགས་པ་བྱ། །རྟགས་དང་ཆོ་འཕྲུལ་མཁའ་འགྲོའི་ལྟས། །དངོས་གྲུབ་མཚན་མ་ལ་སོགས་པ། །བཟང་ངན་བྱེ་བྲག་ཅི་ཤར་དང༌། །རྨི་ལམ་བཟང་དང་ངན་པ་སོགས། །གང་ལའང་དགའ་དང་མི་དགའ་བའི། །མཚན་མར་འཛིན་པར་མི་བྱའོ། །དེ་ལྟར་ཞག་བདུན་ཉེར་གཅིག་སོགས། །ཟླ་གསུམ་ཟླ་དྲུག་ལ་སོགས་པ། །མཆོག་དང་ཐུན་མོང་དངོས་གྲུབ་འགྱུར། །དེ་ནས་སྒྲུབ་པ་ཚར་རྗེས་སུ། །རིལ་བུ་འཁོར་ལོ་ལུས་ལ་བཅང༌། །སིནྡྷུ་ར་ཡིས་སྤྱི་བོ་དང༌། །དཔྲལ་བ་མགྲིན་པ་སྙིང་ག་དང༌། །ལྟེ་བ་གསང་གནས་དག་ཏུ་བྱུག །བུམ་པའི་ཆུ་ཡིས་བཀྲུ་བཏུང་བྱ། །ཐོད་ཆང་བཏུང་ལ་དངོས་གྲུབ་བླང༌། །གཏོར་མ་ལ་སོགས་སྦྱིན་སྲེག་བྱ། །བུམ་ཆུ་གང་བླུད་དཔང་དུ་འགྱུར། །སྦ་ལྕག་གཟུང་ཞིང་ཀླད་ལ་བསྐོར། །འགྲོ་བ་དབང་དུ་འདུས་པར་བསམ། །སྦྱིན་སྲེག་དཀྱིལ་འཁོར་ཟླ་གམ་ཁར། །དབང་གི་ཤིང་དམར་ཟླ་གམ་བརྩིག །མེ་སྦར་ལྷ་ཚོགས་བསྐྱེད་པར་བྱ། །ཡེ་ཤེས་བསྟིམས་ལ་མཆོད་བསྟོད་འབུལ། །བསྲེག་རྫས་འདོད་ཡོན་སྣ་ཚོགས་དང༌། །རིལ་བུ་མར་དང་འབྲུ་མར་བསྲེག །ཟས་ནོར་གོས་དང་རིན་པོ་ཆེ། །ཤིང་ཐོག་འབྲུ་སྣ་ཅི་སྲིད་འབུལ། །གསོལ་བ་གདབ་ཅིང་མཆོད་པ་བྱ། །རྗེས་སུ་ཡེ་ཤེས་སེམས་དཔའ་གཤེགས། །ཐལ་བ་ཆུ་བོའི་གཞུང་དུ་དོར། །དེ་ཡིས་སྣང་བ་དབང་དུ་གྱུར། །རྩ་ལ་དགོད་པ་གསང་སྒྲུབ་ནི། །ལས་སྦྱོར་ལྟ་བུར་བཞེད་པའོ། །ཡང་གསང་སེམས་ལ་དགོད་པ་ནི། །དབེན་གནས་ཕྱི་རོལ་མི་བཙལ་ཏེ། །ལུས་འདི་གཞལ་ཡས་ཁང་ཉིད་ཡིན། །ལྷ་སྐུ་གཞན་དུ་མི་བཙལ་ཏེ། །སེམས་ཉིད་སྐྱེ་འགག་མེད་པ་དེ། །
རིགས་ཀྱི་བདག་པོ་བླ་མ་ཡིན། །མ་རྟོགས་ཉོན་མོངས་གཏི་མུག་སྟེ། །རྟོགས་གྲོལ་ཐུགས་རྗེ་ཆེན་པོ་ཡིན། །ཡིད་བྱེད་རྟོག་པ་འཕྲོ་བ་དེ། །རྟོགས་ན་སངས་རྒྱས་སྟོང་རྩ་ཡིན། །ཞེ་སྡང་གདུག་སེམས་ལྡན་པ་དེ། །གཞི་མེད་རྟོགས་པ་རྟ་མགྲིན་ཡིན། །འདོད་ཆགས་གདུང་སེམས་ཏུར་ཏུར་དེ། །རྩ་བྲལ་ཤར་བ་གསང་ཡེ་ཡིན། །ཉོན་མོངས་ང་རྒྱལ་རྟོག་ཚོགས་རྣམས། །ངར་འཛིན་བྲལ་བ་དཔའ་བོ་ཡིན། །ཕྲག་དོག་རླུང་ལྟར་འཚུབས་པ་དེ། །རེ་དོགས་ཟད་པ་དཔའ་མོ་ཡིན། །ཆུ་ཁམས་ཁྲག་དང་རྣམ་ཤེས་དེ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན། །རྩ་ཁམས་ཤ་དང་ཚོར་བ་ནི། །རིན་ཆེན་མཁའ་འགྲོ་མ་ཞེས་གྲགས། །མེ་ཁམས་དྲོད་དང་འདུ་ཤེས་དེ། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །རླུང་ཁམས་དབུགས་དང་འདུ་བྱེད་དེ། །ལས་ཀྱི་མཁའ་འགྲོ་ཞེས་སུ་བཤད། །ནམ་མཁའི་ཁམས་དང་སེམས་ཉིད་དེ། །གཟུགས་ཀྱི་ཕུང་པོ་བདེ་གཤེགས་རིགས། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །རླུང་ཁམས་དབུགས་དང་འདུ་བྱེད་དེ། །ལས་ཀྱི་མཁའ་འགྲོ་ཞེས་སུ་བཤད། །ནམ་མཁའི་ཁམས་དང་སེམས་ཉིད་དེ། །གཟུགས་ཀྱི་ཕུང་པོ་བདེ་གཤེགས་རིགས། །པདྨ་མཁའ་འགྲོ་དྲྭ་བའོ། །སྐྱེ་མཆེད་ཚོགས་དྲུག་དེ་ཡི་ཡུལ། །འདོད་ཡོན་མཆོད་པའི་ལྷ་མོ་ཡིན། །དྲག་དང་མི་དགེ་རྟོག་ཚོགས་རྣམས། །དམ་ཅན་བཀའ་སྡོད་སྲུང་མར་བཤད། །དེ་ལྟར་སེམས་ཀྱི་ངོ་བོ་དེ། །མ་རྟོགས་འཁྲུལ་པ་འཁོར་བ་སྟེ། །དེ་ཤེས་རྟོགས་པ་མྱ་ངན་འདས། །ལྷ་སྐུ་སེམས་ཀྱི་རིག་རྩལ་དེ། །དངོས་པོར་བཟུང་ནས་འཁྲུལ་པའི་ཕྱིར། །ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ། །སྔགས་ནི་སྨྲ་བརྗོད་བྲལ་བའི་ཕྱིར། །ཕྱི་ནང་རླུང་གི་རྒྱུ་བ་ཡང༌། །གྲགས་ཚད་གྲགས་སྟོང་བརྗོད་མེད་ཡིན། །གདོད་ནས་དག་པའི་རིག་པ་ནི། །ཡེ་ནས་ཆོས་སྐུར་གནས་པ་ལ། །ངོ་
སྤྲོད་དེ་ངོ་ཤེས་པ་ཡིན། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་དེ། །སངས་རྒྱས་ཞེས་སུ་གྲགས་པའོ། །གོམས་འདྲིས་བརྟན་ན་དྲོད་རྟགས་འཆར། །དེ་ལྟར་ཆོས་སྐུའི་ངོ་བོ་ལ། །གཟུང་བར་བྱ་བའི་ཡུལ་ཡང་མེད། །ཁམས་དྲོད་རྟགས་དང་ཉམས་མྱོང་ལ། །མ་ཆགས་རང་བྱུང་རྩ་ནས་དག །རང་དོན་ཆོས་སྐུ་མངོན་གྱུར་ཏེ། །གཞན་དོན་གཟུགས་སྐུ་ལྷུན་གྲུབ་འབྱུང༌། །འཁོར་བ་མྱ་ངན་འདའ་བར་འགྱུར། །སྙན་བརྒྱུད་དྲི་མ་མེད་པའོ། །མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པ་འཇིག་རྟེན་དབང་ཕྱུག་གི་གསང་སྒྲུབ་རྫོགས་སོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་གཞུང་དྲི་མ་མེད་པ། གྲུབ་ཆེན་ཏི་པུ་པ་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་གླན་དར་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་རས་ཆུང་རྡོ་རྗེ་གྲགས་པ་ལ་གཏད་པའོ།། ༈ །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་དུ་བཀོད་པ་བཞུགས་སོ། །བླ་མ་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །དེ་ཉིད་དབང་བསྐུར་ཐོབ་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས་རང་གཞན་གྱི་དོན་དུ་བསྐྱེད་རྫོགས་ཀྱི་ཉམས་ལེན་བྱེད་པར་འདོད་ན། དུར་ཁྲོད། གཡའ་རི། བྲག་རི། གངས་རི་ལ་སོགས་པ་དབེན་ཞིང་ཉམས་དགའ་བ་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས་སུ་སོང་ལ། ཡར་ངོ་དང་མར་ངོ་གང་ཡང་རུང་བའི་ཚེས་བཅུའི་དུས་ཇི་ལྟར་འཚམས་པའི་སྟེགས་བུར་ཆོས་འབྱུང་གྲུ་གསུམ་བསྣོལ་མ་ཕྱི་དཀར་ལ་ནང་དམར་བའི་ལྟེ་བར་ཧྲཱིཿཡིག་དམར་པོ། ཟུར་གྱི་ཁུག་དྲུག་ཏུ་དགའ་འཁྱིལ་དཀར་པོ་གཡོན་
བསྐོར། ཆོས་འབྱུང་གི་ཕྱིར་སྣ་ཚོགས་པདྨ་ལྟེ་བ་དམར། མུ་ཁྱུད་སེར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་མཚམས་བརྒྱད་དང་མུ་ཁྱུད་དམར་ཆེན། དེའི་ཕྱི་རོལ་རྒྱས་པར་ན། དཀྱིལ་འཁོར་གྲུ་བཞི་སྒོ་བཞི། བསྡུ་ན་རྡོ་རྭ་སེར་པོ། མེ་རི་སྣ་ཚོགས་མདོག་གཡས་བསྐོར་བྲི། དེ་དབུས་སུ་སྟེགས་བུའི་སྟེང་དུ་རིན་པོ་ཆེའི་སྣོད་ཆག་གས་མེད་པ་འབྲུ་བཟང་པོས་ཕྱུར་བུར་བཀང་བ། སྟེང་དུ་རིན་པོ་ཆེའི་བུམ་པ་ཡིད་དུ་འོང་བ་སྨན་རིན་པོ་ཆེ་འབྲུ་སྣ་ཚོགས་པ་དང་སྦྱར་བའི་བཏུང་བས་གང་བ། ཁ་རྒྱན་མགུལ་དཀྲིས་དང་བཅས་པ་བཀོད། བུམ་པའི་སྟེང་དུ་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་བདུད་རྩི་རིལ་བུ་དང་སྨན་དྲི་བཟང་རིན་པོ་ཆེ་ཟས་གོས་སྣ་ཚོགས་ཀྱིས་བཀང་བ་དར་དམར་པོས་ཞལ་ཁེབས་བྱས་ལ་བཞག དེའི་སྟེང་དུ་མེ་ལོང་དྲི་མ་མེད་པ་གསལ་ངོས་སུ་སིནྡྷུ་རས་མཐའ་ལ་ཟླུམ་སྐོར། ཆོས་འབྱུང་ཟུར་དྲུག་པ། ཟུར་རྣམས་སུ་དགའ་འཁྱིལ། དབུས་སུ་ཧྲཱིཿཡིག་གི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཞེས་པ་སྔགས་མགོ་ནང་བསྟན་གྱིས་བསྐོར་བ། འདབ་མ་བཞིའི་ཤར་དུ་ཧ་ར། ལྷོར་རི་ཙ། ནུབ་ཏུ་ནི་ཧྲི། བྱང་དུ་ས་ཡ་རྣམས་སྔགས་མགོ་ཕྱིར་བསྟན་བྲིས་ལ་བཞག དར་དམར་པོའི་གུར་ཕུབ། དེ་ནས་དཀྱིལ་འཁོར་གྱི་འགྲམ་ནུབ་ཕྱོགས་སུ་ཤ་ཆང་གིས་བརྒྱན་པའི་གཏོར་མ་ལྔའམ་བདུན་བཤམ། མཐའ་མཆོད་པ་སྣ་ཚོགས་ཀྱིས་བསྐོར་ཞིང༌། ཚོགས་ཀྱི་ཡོ་བྱད་ཀྱང་བཤམས་ལ། བདག་ཉིད་ཀྱི་མདུན་གཡོན་ཕྱོགས་ནས་བརྩམ་ནང་མཆོད། རྡོ་རྗེ་དྲིལ་བུ། ཌཱ་རུ་རྣམས་བཀོད། དེ་ནས་རྣལ་འབྱོར་བསྒོམ་པའི་རིམ་པ་ནི། བདག་
ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོར་གྱུར། ནང་མཆོད་བསང་ཆུས་བྲན་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང༌། རང་གི་ཐུགས་ཀའི་ས་བོན་ལས། །རྃ་ཡྃ་ཀྃ་དང་ཨ་སྤྲོས་ཏེ། །འོད་ཞུ་རླུང་མེ་ཐོད་སྒྱེད་སྟེང༌། །ཐོད་པ་ཕྱི་དཀར་ནང་དམར་དབུས། །གོ་ཀུ་ད་ཧ་ན་ལས་ཤ །བི་མུ་མ་ར་ཤུ་རྣམས་ལས། །བདུད་རྩིའི་ལྔ་སྟེ་རླུང་མེས་སྦར། །རྫས་སུ་རབ་ཏུ་ཁོལ་བར་གྱུར། །ཧཱུྃ། ཐུགས་ཀྱི་བདུད་རྩི་ཁ་དོག་སྔོ། ཨཱཿ། གསུང་གི་བདུད་རྩིའི་རང་བཞིན་དམར། །ཨོཾ། སྐུ་ཡི་བདུད་རྩི་དཀར་པོ་ནི། །འོ་མའི་རྒྱ་མཚོ་ལྟ་བུར་གྱུར། །ནང་མཆོད་ཀྱི་དབུས་སུ་གཡོན་པའི་མཐེབ་སྲིན་སྦྱར་བས་གཡོན་བསྐོར་དུ། ཨོཾ་ཨཱཿཧཱུྃ། ཞེས་ཆོས་འབྱུང་བྲི། དེའི་དབུས་སུ་བཞག་ནས་ཧྲཱིཿཞེས་བརྗོད་པས་བདུད་རྩིར་བྱིན་བརླབ། བགེགས་གཏོར་བཤམས་ལ་བསང་ཆུ་དང་ནང་མཆོད་ཀྱིས་བྲན། ཕྱག་རྒྱ་དང་བཅས་ཏེ། ཨ་ཀཱ་རོས་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལྱཱ་དི་སྭཱ་ཧཱ། གང་དག་དཀྱིལ་འཁོར་བསྒྲུབ་པ་ལ། །མངོན་པར་དགའ་བ་གང་ཡིན་རྣམས། །ལེགས་བཤམས་མཆོད་པ་གཏོར་མ་དག །བཞེས་ནས་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུང༌། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་
རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་ཕུལ་བ་གཙང་སར་དོར། ཨོཾ་བཛྲ་ཀྲོ་དྷ་དང༌། སུཾ་བྷའི་སྔགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབ། མཚམས་བཅད། རྡོ་རྗེའི་ས་གཞི་རྭ་བ་དང༌། །གུར་གྱིས་ཀུན་ནས་གཏམས་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམ། མཆོད་རྫས་རྣམས་ལ་བདུད་རྩི་གཏོར་ཞིང་བསང་སྦྱང༌། སྟོང་པའི་ངང་ལས་ཀ་པ་ལ། །ཡངས་པའི་ནང་དུ་ཧཱུྃ་ཡིག་ལས། །མཆོད་རྫས་དྭངས་ཤིང་ཐོགས་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། བདག་སོགས་མཁའ་མཉམ་སེམས་ཅན་རྣམས། །དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མ་ཡི་དམ་དཀོན་མཆོག་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ནམ་མཁའ་དང་མཉམ་སེམས་ཅན་ཀུན། །བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང༌། །སྤྱན་རས་གཟིགས་ཀྱི་གོ་འཕང་སླད། །རིམ་གཉིས་ཟབ་མོ་བསྒོམ་པར་བྱ། །བདག་ཉིད་རྒྱལ་བ་རྒྱ་མཚོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པདྨ། །གཡོན་པ་བགྲང་ཕྲེང་སྐྱིལ་ཀྲུང་བཞུགས། །རྒྱན་རྫོགས་སྐུ་མདོག་རབ་དམར་བའི། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །བླ་མ་ཡི་དམ་སངས་རྒྱས་དང༌། །
བྱང་སེམས་ཚོགས་བཅས་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁར་བཞུགས་པར་གྱུར། །བཛྲ་ས་མཱ་ཛཿ ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝིདྱ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང༌། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བླ་མ་རྡོ་རྗེ་སློབ་དཔོན་དང༌། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང༌། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང༌། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཐོག་མེད་དུས་ནས་བདག་ཅག་གི །དུག་གསུམ་དབང་གིས་སྒོ་གསུམ་གྱི། །སྡོམ་པ་གསུམ་ལས་འགལ་བ་སོགས། །སྡིག་པའི་ལས་རྣམས་མཐོལ་ལོ་བཤགས། །སྤྲོ་ན་ཇི་སྙེད་སུ་དག་ནས། བྱང་ཆུབ་ཕྱིར་བསྔོའོ་བར་བཟང་སྤྱོད་སྨོན་ཐུང་སྦྱར། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མ་གཅིག་གྲུབ་པའི་རྒྱལ་མོ་ལ་གསོལ་བ་འདེབས། །ཏེ་པུ་དྲི་མེད་བཤེས་གཉེན་ལ་གསོལ་བ་འདེབས། །རས་ཆུང་རྡོ་རྗེ་གྲགས་པ་ལ་
གསོལ་བ་འདེབས། །བླ་མ་ཟངས་རི་རས་པ་ལ་གསོལ་བ་འདེབས། །འགྲོ་མགོན་རས་པ་ཆེན་པོ་ལ་གསོལ་བ་འདེབས། །རྒྱལ་སྲས་པུཎྱེ་བཛྲ་ལ་གསོལ་བ་འདེབས། །གྲུབ་ཆེན་ཀརྨ་པཀྵྀ་ལ་གསོལ་བ་འདེབས། །གཉན་རས་སངྒྷ་ལཀྵ་ལ་གསོལ་བ་འདེབས། །ཆོས་རྗེ་རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས། །མཁས་གྲུབ་གྲགས་པ་སེང་གེ་ལ་གསོལ་བ་འདེབས། །རྟོགས་ལྡན་མགོན་པོ་རྒྱལ་མཚན་ལ་གསོལ་བ་འདེབས། །རང་བྱུང་རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །དཔལ་ལྡན་མཁའ་སྤྱོད་དབང་པོ་ལ་གསོལ་བ་འདེབས། །ཆོས་རྗེ་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས། །སོག་དབེན་རིག་པའི་རལ་གྲི་ལ་གསོལ་བ་འདེབས། །གྲུབ་མཆོག་ཆོས་དཔལ་ཡེ་ཤེས་ལ་གསོལ་བ་འདེབས། །ཀུན་མཁྱེན་མཐོང་བ་དོན་ལྡན་ལ་གསོལ་བ་འདེབས། །བྱང་སེམས་དཔལ་འབྱོར་དོན་གྲུབ་ལ་གསོལ་བ་འདེབས། །རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས། །གར་དབང་ཆོས་ཀྱི་གྲགས་པ་ལ་གསོལ་བ་འདེབས། །གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར་ལ་གསོལ་བ་འདེབས། །མཚུངས་མེད་མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས། །རྒྱལ་དབང་དཀོན་མཆོག་ཡན་ལག་ལ་གསོལ་བ་འདེབས། །རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་གསོལ་བ་འདེབས། །གར་དབང་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས། །ལུང་རིགས་སྨྲ་བའི་ཉི་མ་ལ་གསོལ་བ་འདེབས། །རྗེ་བཙུན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །དུལ་མོ་ཀརྨ་དར་རྒྱས་ལ་གསོལ་བ་འདེབས། །དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ་གསོལ་བ་འདེབས། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ་གསོལ་བ་
འདེབས། །རྒྱལ་དབང་བདུད་འདུལ་རྡོ་རྗེ་ལ་གསོལ་བ་འདེབས། །པདྨ་ཉིན་བྱེད་དབང་པོ་ལ་གསོལ་བ་འདེབས། །ཁྱབ་བདག་ཐེག་མཆོག་རྡོ་རྗེ་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །རྟག་ཏུ་བདེ་ཆེན་གོ་འཕང་ལ། །བཏང་སྙོམས་ཆེན་པོར་གནས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཨོཾ་སྭ་བྷཱ་ཝ་སོགས། གཟུང་འཛིན་ཆོས་རྣམས་སྟོང་པར་གྱུར། །དེ་ཡི་ངང་ལས་རང་སེམས་ཧྲཱིཿ །དམར་པོ་དེ་ལས་འོད་འཕྲོས་པས། །འོད་ཟེར་ལས་གྲུབ་གཞལ་ཡས་ཁང༌། །ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། །དེ་དབུས་པད་སྡོང་ཁ་གསུམ་གྱི། །དབུས་སུ་ཉི་ཟླའི་གདན་སྟེང་ཧྲཱིཿ །བབས་པ་དེ་ལས་འོད་འཕྲོས་པས། །འགྲོ་བའི་སྒྲིབ་སྦྱངས་རྒྱལ་བ་དང༌། །རྒྱལ་སྲས་རྣམས་ཀྱི་བྱིན་རླབས་བསྡུས། །ཧྲཱིཿལ་ཐིམ་པས་འོད་དུ་ཞུ། །བདག་ཉིད་སྤྱན་རས་གཟིགས་དབང་སྐུ། །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཡས་འོག་པདྨའི་བགྲང་ཕྲེང་དམར། །གཡོན་པས་ཨུཏྤལ་དམར་པོ་འཛིན། །རལ་པའི་ཅོད་པན་དར་གྱིས་མཛེས། །རིན་ཆེན་ཟེའུ་འབྲུའི་པྲོག་ལྡན་པ། །སྤྱན་དམར་ཞལ་འཛུམ་ཐུགས་རྗེ་ཡིས། །སེམས་ཅན་ཡོངས་ལ་གཟིགས་པ་ལ། །བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར། །གཡས་ཕྱོགས་པད་སྡོང་ཉི་མའི་སྟེང༌། །བདུད་བཞིའི་གདན་ལ་རྟ་མཆོག་སྐུ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་
པས་ཌཱ་རུ་གཡོན་སྡིགས་མཛུབ། །དྲིལ་བུ་བཅས་པ་དཀུ་ལ་བརྟེན། །སྟག་ཤམ་དུར་ཁྲོད་རུས་རྒྱན་ཅན། །ཁྲོ་ཞལ་སྤྱན་གསུམ་མཆེ་བ་གཙིགས། །རལ་པ་དམར་སེར་འཁྱིལ་བའི་དབུས། །རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྔོག་མ་དམར་པོ་མེ་ལྟར་འབར། །མ་མོ་མཁའ་འགྲོ་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་དང༌། །ཀླུ་རྣམས་དབང་དུ་སྡུད་ལྟར་བྱེད། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་ནས། །ཡེ་ཤེས་མེ་ཕུང་ཀློང་ན་བཞུགས། །འཁོར་དུ་དཔའ་བོ་རྒྱ་མཚོའི་ཚོགས། །ཡེ་ཤེས་ཁྲོ་བོ་བཅུ་ལ་སོགས། །ཧ་ཧ་ཧཱུྃ་ཧཱུྃ་ཕཊ་སྒྲ་སྒྲོགས། །སྣང་སྲིད་ཟིལ་གྱིས་གནོན་པར་གྱུར། །གཡོན་ཕྱོགས་པད་སྡོང་ཆོས་འབྱུང་བསྣོལ། །དེ་དབུས་པད་ཉི་རོ་ཡི་སྟེང༌། །གསང་བ་ཡེ་ཤེས་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཁྲོ་འཛུམ་མཆེ་གཙིགས་སྤྱན་རྩ་དམར། །དབུ་སྐྲ་གྲོལ་ཞིང་སྐུ་སྟོད་ཁེབས། །གཡས་བསྐུམ་གཡོན་བརྐྱང་རོ་སྟེང་བརྫིས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཡས་ཀྱི་དང་པོས་གྲི་གུག་འཕྱར། །འོག་མས་རལ་གྲི་བསྣམས་པའོ། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །འོག་མས་ཁ་ཊྭཱཾ་ག་བསྒྲེང་བའི། །མགུལ་པར་དར་དཔྱངས་ཌཱ་རུ་འཁྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༌། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །རུས་པའི་རྒྱན་ཆ་ལྔ་ཡིས་བརྒྱན། །རིན་ཆེན་དར་དཔྱངས་རྒྱན་གྱིས་སྤྲས། །མེ་རི་འབར་བའི་དབུས་བཞུགས་ཤིང༌། །དཔའ་མོ་མཁའ་འགྲོ་རྒྱ་མཚོས་བསྐོར། །ཨཱ་རལླི་དང་ཕེཾ་གྱི་སྒྲས། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སྣང་སྲིད་དབང་དུ་སྡུད་པར་གྱུར། །རང་གི་སྤྱི་གཙུག་པད་ཟླའི་སྟེང༌། །རྩ་བའི་བླ་
མ་དེ་ཉིད་ནི། །པདྨ་འབྱུང་གནས་རྣམ་པ་སྟེ། །སྐུ་མདོག་ནག་ལ་གཟི་བརྗིད་འབར། །རུས་པའི་འཁོར་ལོ་ལ་སོགས་པ། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །སྣང་སྲིད་བྱིན་གྱིས་རློབ་མཛད་པའི། །ཕྱག་རྒྱ་གར་སྟབས་ཚུལ་གྱིས་བཞུགས། །དེ་ལ་བཀའ་བརྒྱུད་བླ་མ་དང༌། །རིག་འཛིན་བྱེ་བ་དུ་མས་བསྐོར། །འོག་ཕྱོགས་མེ་རླུང་འཁྲུགས་པ་ཡི། །འབྱུང་བའི་དཀྱིལ་འཁོར་དབུས་སུ་ནི། །རིགས་བཞིའི་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྐྱོང་དམ་ཅན་ཕོ་ཉའི་ཚོགས། །ཕྱི་ནང་སྲུང་མ་མ་ལུས་རྣམས། །མཁའ་འགྲོ་སྡེ་བཞིའི་ངོ་བོར་གྱུར། །གྲི་གུག་ཐོད་པ་ཁ་ཊྭཱཾ་བསྣམས། །ཐོད་པ་སྐམ་རློན་རུས་རྒྱན་ཅན། །རིན་ཆེན་རྒྱན་དང་དར་གྱིས་མཛེས། །ཧ་རི་ནི་སའི་སྒྲ་སྒྲོགས་ཤིང༌། །གདན་འོག་པདྨ་འདེགས་པར་བྱེད། །དེ་དག་མ་ལུས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པད་སྟེང་ཨཿདམར་པོ། །སྙིང་གར་ཉི་སྟེང་ཧཱུྃ་མཐིང་ག །གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང༌། །ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས། །བསྐྱེད་པ་དང་འདྲའི་ཡེ་ཤེས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ཕེཾ་ཕེཾ་ཕེཾ། ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་ལས། །དབྱེར་མེད་ཆུ་ལ་ཆུ་བཞག་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རིགས་ལྔ་ཡུམ་བཞི་སེམས་དཔའ་དང༌། །ཁྲོ་བོའི་ཚོགས་དང་མཆོད་པ་ཡི། །ལྷ་མོར་བཅས་པ་སྤྱན་དྲངས་ལ། །ཨོཾ་བཛྲ་ཨརྒྷཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པས་གསོལ་བ་བཏབ་པའི་མོད། །རྒྱལ་བས་དབང་བསྐུར་དགོངས་པ་མཛད། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་ཅིང༌། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་བརྗོད། །མཆོད་
པའི་ལྷ་མོས་མཆོད་པ་དང༌། །ཡུམ་བཞིས་བུམ་པས་དབང་བསྐུར་ཞིང༌། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། བུདྡྷ་ཨ་བྷི་ཥིཉྩ་ཨོཾ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་སྒོ་གསུམ་གྱི། །སྡིག་སྒྲིབ་དག་ཅིང་དབང་བཞི་ཐོབ། །ལྷ་ཚོགས་ཀུན་གྱི་སྤྱི་བོ་རུ། །རིགས་བདག་སྣང་བ་མཐའ་ཡས་དང༌། །རིགས་ལྔས་དབུ་ལ་བརྒྱན་པར་གྱུར། །ཞེས་བསྐྱེད་རིམ་བསྒོམ་ཞིང༌། བཟླས་པ་བྱེད་ན། དེ་ནས་ལྷ་ཚོགས་ཐམས་ཅད་ཀྱི། །ཐུགས་ཀར་པདྨ་ཉི་མ་དང༌། །ཟླ་བའི་གདན་ལ་ཧྲཱིཿཡི་མཐར། །རང་རང་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་མཆོད། །མཉེས་ནས་བྱིན་རླབས་དངོས་གྲུབ་རྣམས། །བདག་ལ་ཐིམ་པས་སྡིག་སྒྲིབ་དག །ཚོགས་གཉིས་རྫོགས་ཤིང་དབང་བཞི་ཐོབ། །ཁམས་གསུམ་འགྲོ་དྲུག་སེམས་ཅན་ལ། །འོད་ཟེར་ཕོག་པས་སྡིག་སྒྲིབ་སྦྱངས། །ཕྱི་སྣོད་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་ལྷ་ཡི་དཀྱིལ་འཁོར་ཏེ། །ཕོ་རྣམས་སྤྱན་རས་གཟིགས་སུ་གྱུར། །མོ་རྣམས་གསང་བ་ཡེ་ཤེས་ལ། །བདུད་དང་ལོག་འདྲེན་རྟ་མགྲིན་སྐུ། །འཇའ་འོད་མེ་དཔུང་འབར་བའི་ཞིང༌། །རྒྱལ་བ་རྒྱ་མཚོའི་ཚོགས་སུ་གྱུར། །གཟུགས་སྣང་ལྷ་ཡི་རང་བཞིན་ལ། །སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ། །སེམས་ཀྱི་དྲན་རྟོག་ཆོས་སྐུའི་ངང༌། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གཙོ་བོའི་ཡི་གེ་བཅུ་པ་མཚན་རྟགས་མཐོན་གྱི་བར་དུ་བཟླས། དེ་ལ་
བསྙེན་པ་འཁྱོལ་ནས་ཡི་གེ་བཅུ་པའི་རྗེས་སུ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་རྟ་མགྲིན་དང་སྦྱར་བའམ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཞེས་ཡུམ་སོགས་དང་སྦྱར་བ་གང་རུང་གི་བཟླས་པ་བྱ་ཞིང་མཐར། ཕྱི་སྣོད་ནང་བཅུད་འོད་དུ་ཞུ། །རིམ་གྱིས་ཐམས་ཅད་བདག་ལ་འདུས། །བདག་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ། །ཧྲཱིཿཡིག་ནཱ་དའི་ངང་དུ་འདས། །བསྒོམ་དུ་མེད་ཅིང་ཡེངས་སུ་མེད། །དགག་ཏུ་མེད་ཅིང་བསྒྲུབ་ཏུ་མེད། །སྤྲོས་པ་ཐམས་ཅད་ཉེར་ཞི་བའི། །ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །ཞེས་ཅི་གནས་སུ་མཉམ་པར་བཞག །སླར་ཡང་བདག་ཉིད་འཇིག་རྟེན་མགོན། །ཞལ་གཅིག་ཕྱག་གཉིས་རྣམ་པར་གྱུར། །མདུན་བསྐྱེད་ཀྱི་དམིགས་རྟེན་ལ་བདུད་རྩི་གཏོར་ཞིང༌། སྭ་བྷཱ་ཝས་བསང་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་གཞིར། །འོད་ཟེར་ལས་གྲུབ་གཞལ་ཡས་ཁང༌། །ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། །དེ་དབུས་པད་སྡོང་ཁ་གསུམ་གྱི། །དབུས་སུ་ཉི་ཟླའི་གདན་སྟེང་ཧྲཱིཿ། །དམར་པོ་དེ་ལས་འོད་འཕྲོས་པས། །འགྲོ་བའི་སྒྲིབ་སྦྱངས་རྒྱལ་བ་དང༌། །རྒྱལ་སྲས་རྣམས་ཀྱི་བྱིན་རླབས་བསྡུས། །ཧྲཱིཿལ་ཐིམ་ཞིང་འོད་དུ་ཞུ། །དེ་ལས་སྤྱན་རས་གཟིགས་དབང་སྐུ། །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཡས་འོག་པདྨའི་བགྲང་ཕྲེང་དམར། །གཡོན་པས་ཨུཏྤལ་དམར་པོ་འཛིན། །རལ་པའི་ཅོད་པན་དར་གྱིས་མཛེས། །རིན་ཆེན་ཟེའུ་འབྲུའི་པྲོག་ལྡན་པ། །སྤྱན་དམར་ཞལ་འཛུམ་ཐུགས་རྗེ་ཡིས། །སེམས་ཅན་ཡོངས་ལ་གཟིགས་པ་ལ། །བསྐལ་བཟང་སངས་རྒྱས་
སྟོང་གིས་བསྐོར། །གཡས་ཕྱོགས་པད་སྡོང་ཉི་མའི་སྟེང༌། །བདུད་བཞིའི་གདན་ལ་རྟ་མཆོག་སྐུ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་ཌཱ་རུ་གཡོན་སྡིགས་མཛུབ། །དྲིལ་བུ་བཅས་པ་དཀུ་ལ་བརྟེན། །སྟག་ཤམ་དུར་ཁྲོད་རུས་རྒྱན་ཅན། །ཁྲོ་ཞལ་སྤྱན་གསུམ་མཆེ་བ་གཙིགས། །རལ་པ་དམར་སེར་འཁྱིལ་པའི་དབུས། །རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྔོག་མ་དམར་པོ་མེ་ལྟར་འབར། །མ་མོ་མཁའ་འགྲོ་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་དང༌། །ཀླུ་རྣམས་དབང་དུ་སྡུད་པར་བྱེད། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་ནས། །ཡེ་ཤེས་མེ་ཕུང་ཀློང་ན་བཞུགས། །འཁོར་དུ་དཔའ་བོ་རྒྱ་མཚོའི་ཚོགས། །ཡེ་ཤེས་ཁྲོ་བོ་བཅུ་ལ་སོགས། །ཧ་ཧ་ཧཱུྃ་ཧཱུྃ་ཕཊ་སྒྲ་སྒྲོགས། །སྣང་སྲིད་ཟིལ་གྱིས་གནོན་པར་གྱུར། །གཡོན་ཕྱོགས་པད་སྡོང་ཆོས་འབྱུང་བསྣོལ། །དེ་དབུས་པད་ཉི་རོ་ཡི་སྟེང༌། །གསང་བ་ཡེ་ཤེས་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཁྲོ་འཛུམ་མཆེ་གཙིགས་སྤྱན་རྩ་དམར། །དབུ་སྐྲ་གྲོལ་ཞིང་སྐུ་སྟོད་ཁེབས། །གཡས་བསྐུམ་གཡོན་བརྐྱང་རོ་སྟེང་བརྫིས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཡས་ཀྱི་དང་པོས་གྲི་གུག་འཕྱར། །འོག་མས་རལ་གྲི་བསྣམས་པའོ། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །འོག་མས་ཁ་ཊྭཱཾ་ག་བསྒྲེང་བའི། །མགུལ་པར་དར་དཔྱངས་ཌཱ་རུ་འཁྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༌། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །རུས་པའི་རྒྱན་ཆ་ལྔ་ཡིས་བརྒྱན། །རིན་ཆེན་དར་དཔྱངས་རྒྱན་གྱིས་སྤྲས། །མེ་རི་འབར་བའི་དབུས་བཞུགས་ཤིང༌། །དཔའ་མོ་མཁའ་འགྲོ་
རྒྱ་མཚོས་བསྐོར། །ཨཱ་རལླི་དང་ཕེཾ་གྱི་སྒྲས། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སྣང་སྲིད་དབང་དུ་སྡུད་པར་གྱུར། །དེ་ཡི་སྤྱི་གཙུག་པད་ཟླའི་སྟེང༌། །རྩ་བའི་བླ་མ་དེ་ཉིད་ནི། །པདྨ་འབྱུང་གནས་རྣམ་པ་སྟེ། །སྐུ་མདོག་ནག་ལ་གཟི་བརྗིད་འབར། །རུས་པའི་འཁོར་ལོ་ལ་སོགས་པ། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །སྣང་སྲིད་བྱིན་གྱིས་རློབ་མཛད་པའི། །ཕྱག་རྒྱ་གར་སྟབས་ཚུལ་གྱིས་བཞུགས། །དེ་ལ་བཀའ་བརྒྱུད་བླ་མ་དང༌། །རིག་འཛིན་བྱེ་བ་དུ་མས་བསྐོར། །འོག་ཕྱོགས་མེ་རླུང་འཁྲུགས་པ་ཡི། །འབྱུང་བའི་དཀྱིལ་འཁོར་དབུས་སུ་ནི། །རིགས་བཞིའི་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྐྱོང་དམ་ཅན་ཕོ་ཉའི་ཚོགས། །ཕྱི་ནང་སྲུང་མ་མ་ལུས་རྣམས། །མཁའ་འགྲོ་སྡེ་བཞིའི་ངོ་བོར་གྱུར། །གྲི་གུག་ཐོད་པ་ཁ་ཊྭཱཾ་བསྣམས། །ཐོད་པ་སྐམ་རློན་རུས་རྒྱན་ཅན། །རིན་ཆེན་རྒྱན་དང་དར་གྱིས་མཛེས། །ཧ་རི་ནི་སའི་སྒྲ་སྒྲོགས་ཤིང༌། །གདན་འོག་པདྨ་འདེགས་པར་བྱེད། །དེ་དག་མ་ལུས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པད་སྟེང་ཨཱཿདམར་པོ། །སྙིང་གར་ཉི་སྟེང་ཧཱུྃ་མཐིང་ག །གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང༌། །ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས། །བསྐྱེད་པ་དང་འདྲའི་ཡེ་ཤེས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ཕེཾ་ཕེཾ་ཕེཾ། རོལ་མོ་བདུག་པ་བཅས། ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །གྲུབ་ཐོབ་བྱེ་བ་འབུམ་གྱི་དབུས། །སློབ་དཔོན་པདྨ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་
མེད། །སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །མཁའ་འགྲོ་བྱེ་བ་འབུམ་གྱི་དབུས། །ཡུམ་གཅིག་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱི་བརླབ་ཏུ་གསོལ། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །དཔའ་བོའི་ཚོགས་རྣམས་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དག་པ་སྐུ་ཡི་གཞལ་ཡས་ནས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མི་འགྱུར་ཐུགས་ཀྱི་གཞལ་ཡས་ནས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་གསུང་གི་གཞལ་ཡས་ནས། །སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཡོན་ཏན་རྒྱས་པའི་གཞལ་ཡས་ནས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་གྲུབ་པའི་གཞལ་ཡས་ནས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །བསམ་གྱིས་མི་ཁྱབ་སྤྲུལ་པའི་ཚོགས། །འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དམ་
ཚིག་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཚོགས། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་བའི་དོན་དུ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བ་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་སྭཱ་ཧཱ། ཨོཾ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་ཆེན་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ། །དབྱེར་མེད་ཆུ་ལ་ཆུ་བཞག་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རིགས་ལྔ་ཡུམ་བཞི་སེམས་དཔའ་དང༌། །ཁྲོ་བོའི་ཚོགས་དང་མཆོད་པ་ཡི། །ལྷ་མོར་བཅས་པ་སྤྱན་དྲངས་ལ། །ཨོཾ་བཛྲ་ཨརྒྷཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པས་གསོལ་བ་བཏབ་པའི་མོད། །རྒྱལ་བས་དབང་བསྐུར་དགོངས་པ་མཛད། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་ཅིང༌། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་བརྗོད། །མཆོད་པའི་ལྷ་མོས་མཆོད་པ་དང༌། །ཡུམ་བཞིས་བུམ་པས་དབང་བསྐུར་ཞིང༌། །སྤྱན་རས་གཟིགས་
དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། བུདྡྷ་ཨ་བྷི་ཥིཉྩ་ཨོཾ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་སྒོ་གསུམ་གྱི། །སྡིག་སྒྲིབ་དག་ཅིང་དབང་བཞི་ཐོབ། །ལྷ་ཚོགས་ཀུན་གྱི་སྤྱི་བོ་རུ། །རིགས་བདག་སྣང་བ་མཐའ་ཡས་དང༌། །རིགས་ལྔས་དབུ་ལ་བརྒྱན་པར་གྱུར། །ཞེས་ཡེ་ཤེས་པ་བསྟིམ་པ་དང་དབང་བསྐུར་རྒྱས་གདབ། མཆོད་རྫས་རྣམས་ལ་བདུད་རྩི་གཏོར་ཞིང་བསང་སྦྱང༌། སྟོང་པའི་ངང་ལས་ཀ་པཱ་ལ། །ཡངས་པའི་ནང་དུ་ཧཱུྃ་ཡིག་ལས། །མཆོད་རྫས་དྭངས་ཤིང་ཐོགས་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དྷཱུ་པེ་དང་པུཥྤེ་བར་དུ་སྦྱར་བས་བརླབ། ཨོཾ། མཆོད་ཡོན་འདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེ་པུཥྤེ་སོགས་སྦྱར་བས་མཆོད་ནས། པདྨ་དབང་གི་དཀྱིལ་འཁོར་དུ། །པདྨ་མཆོག་གི་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་ཐོད་ཕྲེང་རྩལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་འདུད། །ཧྲཱིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་
དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོགས། །ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་མཉམ་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་བདེ་གཤེགས་ཡུམ་གཅིག་མ། །ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །སྐུ་མདོག་དམར་མོ་དབང་གི་ཚུལ། །ཚད་མེད་རྣམ་བཞིས་འགྲོ་དོན་མཛད། །རྣམ་རྟོག་རྩད་གཅོད་གྲི་གུག་གཡས། །འཁོར་བ་དབང་སྡུད་ཐོད་ཁྲག་གཡོན། །སྐྱེ་འཆི་རྩད་གཅོད་རལ་གྲི་གཡས། །དུག་གསུམ་རྩད་གཅོད་ཁ་ཊྭཱཾ་གཡོན། །ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས། །འདོད་ཡོན་རང་དག་རུས་པས་བརྒྱན། །གཞོན་ནུའི་ཆ་ལུགས་ཅུང་ཟད་ཁྲོ། །ཐུགས་རྗེའི་ཆགས་པས་དབང་དུ་སྡུད། །ནམ་མཐོང་དྲན་པས་ཡེ་ཤེས་སྐྱེད། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མས། །ནོར་དང་བསོད་ནམས་དངོས་གྲུབ་སྩོལ། །པདྨ་རིགས་ཀྱི་མཁའ་འགྲོ་མས། །ཆགས་པ་དབང་སྡུད་དངོས་གྲུབ་སྩོལ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་
མས། །དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ། །མཁའ་གསང་ཡེ་ཤེས་མཁའ་འགྲོ་མས། །ཆོས་དབྱིངས་ལྷུན་གྲུབ་དངོས་གྲུབ་སྩོལ། །མཧཱ་མུ་དྲའི་དངོས་གྲུབ་སྩོལ། །ཧཱུྃ། ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་དབང་གི་རྒྱལ། །སྐུ་མདོག་དམར་ནག་དྲེགས་པ་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་གྱི་འཛུམ་ཚུལ་ཐུགས་རྗེས་ཀུན་ལ་སྙོམས། །མཆེ་བཞི་གཙིགས་པས་སྐྱེ་འཆི་རྩད་ནས་གཅོད། །དབུ་གཙུག་རྟ་མགོ་གཞན་གྱིས་འགྲན་དུ་མེད། །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། །དབང་སྡུད་ཕྱག་རྒྱས་སྐྱེ་འགྲོ་ཟིལ་གྱིས་གནོན། །པདྨའི་ཕྱག་མཚན་འཁོར་བའི་སྐྱོན་དང་བྲལ། །རིན་ཆེན་རྒྱན་ཆ་འདོད་ཡོན་མ་སྤངས་དག །ཞབས་གཉིས་བརྐྱང་བསྐུམ་ཡེ་ཤེས་སེམས་དཔའི་ཚུལ། །དབང་ཆེན་རྟ་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །སྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །བསྡུ་བ་རྣམ་བཞིས་འཇིག་རྟེན་དབང་དུ་སྡུས། །འཇིག་རྟེན་ཟིལ་གནོན་ཕྲིན་ལས་དངོས་གྲུབ་སྩོལ། །སྔར་ལྟར་བདུད་རྩི་མཐེབ་སྲིན་གྱིས་མཆོད་ཅིང༌། སྣང་བ་མཐའ་ཡས་སྤྱན་གཟིགས་པདྨ་འབྱུང༌། །གྲུབ་པའི་རྒྱལ་མོ་ཏི་པུ་རས་ཆུང་པ། །ཟངས་རི་རས་པ་རས་ཆེན་སྤོམ་བྲག་པ། །ཀརྨ་པཀྵིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །བླ་མ་གཉན་རས་རང་བྱུང་གྲགས་སེང་བ། །མགོན་པོ་རྒྱལ་མཚན་རོལ་རྡོར་མཁའ་སྤྱོད་དབང༌། །དེ་བཞིན་གཤེགས་པ་རིག་པའི་རལ་གྲི་དང༌། །ཆོས་དཔལ་ཡེ་ཤེས་ཞལ་དུ་ཨོཾ་ཨཱཿཧཱུྃ། །དོན་ལྡན་གོ་ཤྲཱི་ཆོས་གྲགས་རྒྱ་མཚོའི་ཞབས། །སྤྱན་སྔ་ཆོས་
གྲགས་གཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་དང༌། །ཆོས་ཀྱི་དབང་ཕྱུག་ཞལ་དུ་ཨོཾ་ཨཱཿཧཱུྃ། །ལུང་རིགས་ཉི་མ་ཆགས་མེད་དུལ་མོ་བ། །ཆོས་ཀྱི་དོན་གྲུབ་ཆོས་འབྱུང་བདུད་འདུལ་རྗེ། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་འཆང༌། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཞེས་པས་བླ་མ་བརྒྱུད་པ་རྣམས་དང༌། རྗེ་བཙུན་འཕགས་པ་འཇིག་རྟེན་དབང་ཕྱུག་དང༌། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །སྤྱན་རས་གཟིགས་བཞི་རིགས་ཀྱི་ཡུམ་བཞི་མཆོད། །རིགས་བཞིའི་མཁའ་འགྲོ་དཔའ་བོ་རྒྱ་མཚོ་དང༌། །དཔའ་མོ་རྒྱ་མཚོ་གྲུབ་པ་བརྙེས་པ་རྣམས། །དམ་ཅན་རྒྱ་མཚོར་བདུད་རྩིའི་རྒྱུན་འབུལ་གྱི། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པས་དཀྱིལ་འཁོར་པ་ལ་འབུལ། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་བདུད་རྩི་མཆོད་རྫས་དང་གནས་ཁང་དང་རང་ཉིད་ཀྱི་ལུས་ལ་གཏོར། ལྕེ་ཐོག་ཏུ་མྱང༌། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། དེ་ནས་ཚོགས་རྫས་རྣམས་ལ་བདུད་རྩི་འཐོར་ཞིང༌། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང༌། རང་གི་ཐུགས་ཀའི་ས་བོན་ལས། །རྃ་ཡྃ་ཀྃ་དང་ཨ་སྤྲོས་ཏེ། །འོད་ཞུ་རླུང་མེ་ཐོད་སྒྱེད་སྟེང༌། །ཐོད་པ་ཕྱི་དཀར་ནང་དམར་དབུས། །གོ་ཀུ་ད་ཧ་ན་ལས་ཤ། བི་མུ་མ་ར་ཤུ་རྣམས་ལས། །བདུད་རྩི་ལྔ་སྟེ་རླུང་མེས་སྦར། །རྫས་ཞུ་རབ་ཏུ་ཁོལ་བར་གྱུར། །ཧཱུྃ། ཐུགས་ཀྱི་བདུད་རྩི་ཁ་དོག་སྔོ། །ཨཱཿ གསུང་གི་བདུད་རྩིའི་རང་བཞིན་དམར། །ཨོཾ། སྐུ་ཡི་བདུད་རྩི་དཀར་པོ་
ནི། །འོ་མའི་རྒྱ་མཚོ་ལྟ་བུར་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་མང་དུ་བརྗོད་པས་བྱིན་གྱིས་བརླབ་ནས། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཆོད་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་འཕུལ་བའི་གནས་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་ལན་གསུམ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སློབ་དཔོན་པདྨ་དབང་གི་ལྷ། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །རྒྱལ་བ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །གསང་བ་ཡེ་ཤེས་ཌཱ་ཀི་མ། །མཁའ་འགྲོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དཔའ་བོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ས་བླ་ས་འོག་ས་སྟེང་གི །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །འདིར་
གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དེ་ནས་ཚོགས་ཕུད་གཏོར་མར་བྲན་ལ། གཏོར་མ་ཚོགས་མཆོད་ལྟར་བྱིན་བརླབས་ཏེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། གཉན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། མཁས་གྲུབ་གྲགས་པ་སེང་གེ རྟོགས་ལྡན་མགོན་པོ་རྒྱལ་མཚན། རང་བྱུང་རོལ་པའི་རྡོ་རྗེ། དཔལ་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། གྲུབ་མཆོག་ཆོས་དཔལ་ཡེ་ཤེས། ཀུན་མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གར་དབང་ཆོས་ཀྱི་གྲགས་པ། སངས་རྒྱས་གཉེན་པ་གྲུབ་ཆེན། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག ལུང་རིགས་སྨྲ་བའི་ཉི་མ། འགྲོ་མགོན་ཀརྨ་ཆགས་མེད། དུལ་མོ་ཀརྨ་དར་རྒྱས། དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ།
པདྨ་ཉིན་བྱེད་དབང་པོ། ཐེག་པ་མཆོག་གི་རྡོ་རྗེ་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཨི་དཾ་བ་ལིཾ་སོགས། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་ར་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཨི་དཾ་སོགས་བཏགས་པ་དང༌། བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོ། དཔའ་བོ་རྒྱ་མཚོ། དཔའ་མོ་རྒྱ་མཚོ། གྲུབ་ཐོབ་རྒྱ་མཚོ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཡི་དམ་ཆོས་སྐྱོང་གཞན་གྱི་གཏོར་མ་འབུལ་བར་སྤྲོ་ན་སོ་སོའི་ལུགས་ལྟར་རམ། སྤྱི་ཙམ་དུ་མདོར་བསྡུས་པ་འདི་བཞིན་སྦྱར་ཏེ། ཨོཾ། ཆོས་དབྱིངས་རྣམ་དག་ངང་ལས་རླུང་མེ་དང༌། །ཐོད་པའི་སྒྱེད་པུར་པདྨ་བྷཉྫའི་སྣོད། །ཡངས་ཤིང་རྒྱ་ཆེར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བས་དམ་ཚིག་བདུད་རྩི་འབར། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩི་བཀུག །ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས། །འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་འཕྲོ། །ཟག་མེད་བདེ་བ་སྐྱེད་པའི་དམ་རྫས་འདིས། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །བཀའ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོ་མཆོད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་སྲས་དང་བཅས། །འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་མཆོད། །རྒྱུད་སྡེ་བཞི་དྲུག་ཡི་དམ་དཀྱིལ་འཁོར་ལྷ། །དབང་ཆེན་རྟ་མགྲིན་དཔའ་བོ་རྒྱ་མཚོ་མཆོད། །རིགས་ལྔའི་རང་བཞིན་གནས་
ཡུལ་དུར་ཁྲོད་སྐྱོང༌། །གསང་བ་ཡེ་ཤེས་མཁའ་འགྲོ་རྒྱ་མཚོ་མཆོད། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་འཁོར་བཅས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་ཅིང༌། །བསྟན་པ་སྐྱོང་དང་རྣལ་འབྱོར་གྲོགས་མཛད་པ། །འདས་དང་མ་འདས་དམ་ཅན་རྒྱ་མཚོ་མཆོད། །གཙང་རིས་དཔལ་མགོན་ལྷ་སྲིན་སྡེ་བརྒྱད་ཚོགས། །དཀར་ཕྱོགས་སྐྱོང་མཛད་དགེ་བསྙེན་དམ་ཚིག་ཅན། །ཡུལ་གཞི་གནས་ཀྱི་བདག་པོ་མཐུ་བོ་ཆེ། །གཙུག་ལག་ཁང་དང་ཆོས་འཁོར་སྐྱོང་རྣམས་མཆོད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལ། །རབ་ཏུ་གུས་པས་བསྟོད་ཅིང་བསྔགས་པར་བགྱི། །ཕྱི་ནང་གསང་བའི་མཆོད་པས་དགྱེས་ཚིམས་ནས། །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །མཐུན་རྐྱེན་ཡིད་ལ་གང་བསམ་འགྲུབ་པར་མཛོད། །ཐུན་མོང་མཆོག་གི་ལས་དང་དངོས་གྲུབ་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་སོ། །དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་དང༌། ལྷའི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད། ལྷག་མ་བསྡུས་ལ་སློབ་དཔོན་གྱི་ཁ་བཤལ་བའི་ཆུས་བྲན། ཨོཾ་བཛྲ་ཨ་ཧ་ཧ་ཧ་ཨུཙྪིཥྚ་ཏྲེ་པ་ཏྲེ་པི། ཞེས་བྱིན་བརླབ། ཧཱུྃ། ཆོས་ཉིད་རྣམ་དག་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང༌། །ཐབས་ཆེན་ཟླ་གསང་ཐིག་ལེ་ལས། །གཡར་དམ་ཅན་རྣམས་འདུ་བར་མཛོད། །མཁའ་འགྲོ་གིང་དང་དབང་ཕྱུག་དང༌། །མ་མོ་འབྱུང་པོ་ཤ་ཟའི་ཚོགས། །གཤིན་རྗེ་ཡི་དྭགས་མ་ལུས་ཀུན། །དཔལ་གྱི་ཕམ་ཕབ་འདི་བཞེས་ལ། །ཞི་དང་རྒྱས་དང་དབང་
ལ་སོགས། །མངོན་སྤྱོད་ལས་རྣམས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད་ལ་དཔལ་འབར་རོལ་མོ་དང་བཅས་ཕྱི་རོལ་དུ་དོར་རོ། །དེ་ནས་རྗེས་ཆོག་ནི། མཆོད་པ་ཞལ་གསོས་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཀ་པཱ་ལ། །ཡངས་པའི་ནང་དུ་ཧཱུྃ་ཡིག་ལས། །མཆོད་རྫས་དྭངས་ཤིང་ཐོགས་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དྷཱུ་པེ་དང་པུཥྤེ་ནས་ཤབྡའི་བར་དུ་སྦྱར་བས་བརླབ། ཨོཾ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེ་པཥྤེ་སོགས་སྦྱར་བས་མཆོད་ལ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་གུས་པས་ཕྱག་འཚལ་བསྟོད། །ནོངས་བཤགས་ནི་ཡིག་བརྒྱ་བརྗོད། བདག་ནི་མ་རིག་དབང་གྱུར་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང༌། །ཆོ་ག་ལྷག་ཆད་ཅི་མཆིས་པ། །དཀྱིལ་འཁོར་ལྷ་ལ་བཟོད་པར་གསོལ། །རས་བྲིས་སོགས་རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་མེ་
ཏོག་འཐོར་བ་དང་བཅས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་ཨོཾ་ཨཱཿཧཱུྃ་གིས་བདག་ལ་བསྡུ། རྡུལ་ཚོན་ནམ་རྟེན་མེད་ན། མཆོད་ཡོན་སྦྲེང་ཞིང་དྲིལ་བུ་གསིལ་ལ་ཡིག་བརྒྱ་བརྗོད་ཅིང༌། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་སུ་གསོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང༌། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཡེ་ཤེས་སེམས་དཔའ་གཤེགས་གྱུར་ནས། །དམ་ཚིག་པ་རྣམས་འོད་དུ་ཞུ། །རང་གི་སྙིང་གར་ཐིམ་པར་གྱུར། །ཨ་ཀཱ་རོ་སོགས་བརྗོད་བཞིན་པས་མཆོད་གཏོར་རྣམས་བསལ་ཞིང་སིནྡྷུ་རའི་དཀྱིལ་འཁོར་མཐའ་ནས་བསྡུས་ལ་རིམ་བཞིན་རང་གི་གནས་གསུམ་དུ་ཐིག་ལེ་བྱས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། ལྷག་མ་བདུད་རྩི་དང་བསྲེས་ཏེ་རིལ་བུར་བྱས་ལ་དམ་ཚིག་གི་རྫས་སུ་བཟུང་ཞིང་རྡུལ་ཚོན་ཆུ་བོར་དོར། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཀྲ་ཤིས་ནི། སློབ་དཔོན་པདྨའི་བཀྲ་ཤིས་ཤོག །རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག །དཔའ་བོ་རྒྱ་མཚོའི་བཀྲ་ཤིས་ཤོག །དཔའ་མོ་རྒྱ་མཚོའི་བཀྲ་ཤིས་ཤོག །དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །བསྔོ་སྨོན་ནི། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་གདབ་བོ། །ཞེས་པ་འདི་ནི་སྣང་རྩེ་ནས་སྡེ་པ་རིག་འཛིན་ཆེན་པོའི་
ཉམས་གཞེས་ཀྱི་ཆེད་དུ། ཤཱཀྱའི་དགེ་སློང་དཀོན་མཆོག་འབངས་ཀྱིས། དགོན་པ་ཆེན་པོ་མཚུར་ཕུའི་བཀྲ་ཤིས་གསར་སྟེང་དུ་དཔའ་བོ་དགའ་སྟོན་གྱི་གྲལ་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ། «སླར་ཡང་འཇམ་མགོན་བླ་མ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་བརྒྱུད་པའི་ཁ་སྐོང་སོགས་གསལ་བྱེད་གནང་བ་དཀྱུས་སུ་བསྡེབས་ཤིང་བཀླགས་པས་གྲུབ་པར། འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཆེན་པོ་ཡབ་སྲས་ལས་ཚུལ་འདིའི་བཀའ་དྲིན་ཆེད་དུ་ནོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྟན་ཅིང༌། འབྲེལ་ཚད་འགྲོ་ཀུན་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བཏུ།།» ༈ །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་བཀླགས་ཆོག་ཏུ་བཀོད་པ་ཟབ་གསང་དགོངས་འདུས་ཞེས་བྱ་བ་བཞུགས་སོ། །བླ་མ་དང་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །སྲིད་པའི་འཇིགས་ཀུན་ཁྱོད་མཚན་གྱིས། །བཅོམ་པས་རྟག་ཏུ་མི་མཛའ་ཡང༌། །འཁོར་བ་པ་རྣམས་བུ་བཞིན་དུ། །སྐྱོང་མཛད་སྙིང་རྗེའི་གཏེར་ལ་འདུད། །སྨིན་བྱེད་འོ་མའི་རྒྱ་མཚོའི་བཅུད། །གྲུབ་པས་མྱོང་བ་འདི་ཁོ་ན། །བསྐུར་ཐོབ་སྤྲོས་པས་ཚོལ་བ་ཡི། །བྱིན་རླབས་ཆུ་བརྒྱའི་འཇུག་ངོགས་སོ། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བསྐྱེད་རྫོགས་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པ་བཀའ་མ་དང༌། མངའ་བདག་ཉང་རིན་པོ་ཆེ་ལས་བརྒྱུད་པ་གཏེར་མ་གཉིས་ཀའི་སྨིན་བྱེད་ཀྱི་རྩ་བ་གཏོར་མ་ལ་བརྟེན་པའི་བྱིན་རླབས་བྱེད་པར་འདོད་པས། ཐོད་པའམ་རིན་པོ་ཆེའི་སྣོད་དུ་དབུས་དང་རྒྱབ་ཏུ་བླ་མ། གཡས་སུ་ཡི་དམ། གཡོན་དུ་མཁའ་འགྲོ། མདུན་དུ་ཆོས་སྐྱོང་ཕོ་རྒྱུད་ཀྱི་གཏོར་མ་བཅས་ལྔ་ཚར་རྒྱན་གྱིས་མཛེས་པ་མཐོང་བརྒྱུད་བཞིན་བཅས་
ལ་སྟེགས་བཟང་པོར་ཁྲིའུའི་སྟེང་དུ་བཀོད་པའི་མདུན་དུ་མཆོད་ཡོན་ཉེར་སྤྱོད། བདུད་རྩིའི་ཐོད་པ། ཚོགས་ཀྱི་ཡོ་བྱད་སོགས་བཤམ། འབྱོར་ན་ལྷ་ལྔའི་སྐུ་རྟེན་ཀྱང་བཀྲམ། བདུད་རྩི་བྱིན་རླབས་ནས་བཟུང༌། རྒྱ་མཚོ་ལྷ་ལྔའི་བདག་བསྐྱེད་རྫོགས་པར་བསྒོམ། བཟླས་པ་དང་བསྡུ་ལྡང་བྱ། མདུན་བསྐྱེད་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་གཞིར། །གཏོར་མ་ཤ་ལྔ་བདུད་རྩི་ལྔ། །ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །འོད་ཟེར་ལས་གྲུབ་གཞལ་ཡས་ཁང༌། །ཞེས་སོགས་ནས། དྲང་བསྟིམ་མཆོད་བསྟོད་བཟླས་པ་ཡན་ཆད་གྲུབ་པ་དང༌། ལས་བུམ་ཡོད་ཚེ་དེར་སྐད་ཅིག་གིས་རྟ་མགྲིན་དམར་པོ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་ཞགས་པ་བསྣམས་པ་གསལ་བ། བཛྲ་ཀྲོ་དྷའི་སྔགས་ཅི་ནུས་བཟླ། སློབ་མ་རྣམས་ཁྲུས་བྱས། གྲལ་དུ་འཁོད་པ་ལ་སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་དགོངས་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་སྒྲུབ་སྡེ་ཆེན་པོ་བརྒྱད་ལས་གསུང་པདྨ་ཞི་ཁྲོའི་ཆོས་སྐོར་ལས་ཟབ་པ་དང་རྒྱ་ཆེ་བའི་སྨིན་གྲོལ་གྱི་གཞུང་དང་བརྒྱུད་པའི་སྲོལ་ཀ་གནམ་གྱི་སྐར་མ་ཙམ་གྱི་གྲུབ་མཐའ་འཛིན་པ་ཀུན་ལ་ཁྱབ་ཅིང་བརྡལ་བ་ཐམས་ཅད་ཀྱི་ནང་ནས་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། ཆོས་འདི་ཁོ་ནར་གྲུབ་པའི་རྟགས་འཛམ་གླིང་ཁྱབ་པར་སྟོན་པའི་བརྒྱུད་པ་ད་ལྟའི་བར་རྒྱུན་མ་ཆད་པར་བྱོན་པ་སོགས་ཁྱད་པར་དུ་མས་འཕགས་པ་དཔལ་ཀརྨ་ཀཾ་ཚང་གི་ཟབ་ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཡིན་ལ། འདི་ལའང་པདྨ་བཛྲ་ནས་བརྒྱུད། ཛ་ལནྡྷ་རའི་
རྒྱ་གཞུང་ལ་བརྟེན་པ་ལྷ་དགུ་དང༌། རྡོ་རྗེ་སྙིང་པོའི་རྒྱ་གཞུང་ལ་བརྟེན་ཅིང་གྲུབ་པའི་རྒྱལ་མོ་ལས་བརྒྱུད་པ་ལྷ་ལྔ་དང༌། མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ལྷ་ལྔའི་སྐོར་སྲས་འགྲོ་མགོན་ལ་བརྒྱུད་པ་ཐམས་ཅད་གསང་བདག་རས་ཆུང་པ་ཆེན་པོ་ལ་འདུས་ཤིང༌། བརྒྱུད་པ་ཕྱི་མ་རྗེ་དོན་ལྡན་ཞབས་ལ་སངས་རྒྱས་གླིང་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཡང་འདུ་བ་སོགས་བཀའ་གཏེར་དུ་མའི་དགོངས་བཅུད་གཅིག་ཏུ་འབྲལ་ཞིང་བྱིན་རླབས་ཀྱི་ཚན་ཁ་འགྲན་ཟླ་དང་བྲལ་བའི་རྒྱ་མཚོ་ལྷ་ལྔའི་གཏོར་དབང་སྒྲུབ་པར་བྱེད་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སྔོན་དུ་སོང༌། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཟབ་མོ་གཏོར་མའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་རྡོ་རྗེ་འཆང་དབྱེར་མེད། །དམ་པ་རྣམས་ལ་སྐྱབས་སུ་མཆི། །དམ་པས་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་ཡི་བྱིན་རླབས་ལུས་ལ་སྩོལ། །ལུས་ལ་བདེ་བ་སྦར་དུ་གསོལ། །གསུང་གི་བྱིན་རླབས་ངག་ལ་སྩོལ། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ། །མི་རྟོག་ཡེ་ཤེས་སྩལ་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་མ་འདི་ཉིད་དང་ཐ་མི་དད་པར་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་འདི་བཞིན་དུ་བཞུགས་པར་མོས་མཛོད། འོད་ཟེར་ལས་གྲུབ་གཞལ་ཡས་ཁང༌། །ཞེས་སོགས་ནས། གདན་འོག་པདྨ་འདེགས་
པས་བསྐྱེད། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་དྲུང་དུ་ཡན་ལག་བདུན་པ་འབུལ་བའི་བློས་ཐལ་མོ་སྦྱར་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བླ་མ་རྡོ་རྗེ་སློབ་དཔོན་ལ། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟར་ཐུག་གི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །སྡིག་པ་དཔག་མེད་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །སླན་ཆད་བདག་ནི་མི་བགྱིད་དོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་ཉན་ཐོས་རང་རྒྱལ་གྱི། །ཡན་ལག་རྣམས་ཀྱང་གཟུང་བར་བགྱི། །འགྲོ་བ་ཀུན་གྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡི་རང་ངོ༌། །བདེ་གཤེགས་ཆོས་སྐུ་ལ་བཞུགས་པར། །འགྲོ་བ་ཀུན་ལ་ཕན་དོན་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདེ་གཤེགས་མཛད་པ་མཐར་ཕྱིན་ནས། །མྱ་ངན་འདའ་བར་བཞེད་རྣམས་ལ། །བསྐལ་པའི་ཐ་མར་བཞུགས་པར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདག་གི་དགེ་བའི་རྩ་བ་གང༌། །བགྱིས་སམ་བགྱིད་དུ་སྩལ་བ་དང༌། །རྗེས་སུ་ཡི་རང་ཐམས་ཅད་ནི། །འགྲོ་བ་ཀུན་གྱིས་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །བླ་མར་བཅས་པ་ཐམས་ཅད་ལ། །བདག་གི་ལུས་འདི་ཕུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང༌། །ཐེག་ཆེན་བླ་ན་མེད་པའི་
ལམ། །ཟབ་ཅིང་རྒྱ་ཆེ་བསྟན་དུ་གསོལ། །ལན་གསུམ། སླར་ཡང་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང༌། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་དབུས་ཕྱོགས་ཆོས་སྐུ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀྱི་སྨིན་མཚམས་ནས་ལྷ་ཚོགས་དཔག་ཏུ་མེད་པ་ནས་འབྲུ་ཙམ་ཡུངས་འབྲུ་ཙམ་འོད་ཟེར་དམར་པོའི་ཚོགས་དང་བཅས་པ་ལུས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་སང་སང་དག ཆོས་སྐུ་རྒྱལ་བ་རྒྱ་མཚོའི་རྣམ་པར་ལམ་ལམ་གྱུར། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ། རྒྱལ་བ་རྒྱ་མཚོའི་མགྲིན་པ་ནས་ཨཱ་ལི་ཀཱ་ལི་དང་འོད་ཟེར་དམར་པོ་འཕྲོས། མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་སང་གིས་དག གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ། རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་བདུད་རྩི་བྱང་སེམས་ཀྱི་ཆུ་རྒྱུན་དཀར་དམར་ན་ར་ར་བྱུང༌། སྙིང་གར་ཐིམ་པས་སེམས་ཀྱི་སྒྲིབ་པ་ཐམས་ཅད་འོ་མས་སོལ་ཁུ་དེད་པ་བཞིན་ནག་ནུ་རུ་རུ་རྐང་པའི་སོར་མོ་རྣམས་ནས་ཐོན། ཤུལ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། བདེ་སྟོང་གི་སེམས་རྒྱུད་ལ་སྐྱེས་ནས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཆོས་སྐུ་རྒྱལ་བ་རྒྱ་མཚོའི་ངོ་བོར་གྱུར་ནས་ནམ་མཁའ་གང་སྙེད་ཀྱི་ཌཱ་མ་རུ་དང་དྲིལ་བུ་ལ་སོགས་པ་འུར་འུར་ཁྲོལ་ཁྲོལ་གར་སྟབས་
ཀྱིས་བྱོན་ནས། ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་སྒོམས་ཤིག གཏོར་མ་གནས་གསུམ་དུ་བཞག ཡིག་བཅུའི་གཤམ་དུ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བཏགས་པ་དྲག་ཏུ་བརྗོད་ཅིང་སྤོས་དང་རོལ་མོ་བྱ། དེས་གཞན་བཞི་པོ་ལ་འགྲེ་སྟེ། སླར་ཡིད་ཀྱིས་གསོལ་བ་བཏབ་པས། གཡས་ཕྱོགས་རྟ་མགྲིན་དཔའ་བོ་རྒྱ་མཚོའི་སྨིན་མཚམས་ནས་སོགས་གོང་གི་ཚིག་ཁ་བསྒྱུར་བའི་མཐར། བཛྲ་ཀྲོ་དྷའི་སྔགས་ལ་ཨཱ་བེ་ཤ་ཡ་བཏགས་པས་དབང་བསྐུར། སླར་ཡིད་ཀྱིས་གསོལ་བ་བཏབ་པས། གཡོན་ཕྱོགས་གསང་ཡེ་དཔའ་མོ་རྒྱ་མཚོའི་སྨིན་མཚམས་སོགས་དང༌། དྷུ་མ་གྷ་ཡའི་སྔགས་ལ་ཤམ་བུ་བཏགས་པས་དབང་བསྐུར། སླར་ཡིད་ཀྱིས་གསོལ་བ་བཏབ་པས། སྟེང་ཕྱོགས་པད་འབྱུང་གྲུབ་ཐོབ་རྒྱ་མཚོའི་སྨིན་མཚམས་སོགས་དང༌། བཛྲ་གུ་རུའི་སྔགས་ཤམ་བུ་ཅན་གྱིས་དབང་བསྐུར། སླར་ཡིད་ཀྱིས་གསོལ་བ་བཏབ་པས། འོག་ཕྱོགས་མ་མགོན་དམ་ཅན་རྒྱ་མཚོའི་སྨིན་མཚམས་སོགས་དང༌། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། ཏྲག་རཀྵ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཏིཀྵ་ཀཱ་ལི་དུ་ན་བྷྱོ། ཞེས་མ་མགོན་སྔགས་ཨཱ་བེ་ཤའི་ཤམ་བུ་ཅན་གྱིས་དབང་བསྐུར། སླར་ཡིད་ཀྱིས་གསོལ་འདེབས་དྲག་ཏུ་བྱས་པས། ལྷ་ཚོགས་དེ་རྣམས་ཀྱི་སྨིན་མཚམས་དང་མགུལ་དང་ཐུགས་ཀ་དང་ལྟེ་བ་ལ་སོགས་པའི་སྐུའི་གནས་རྣམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང༌། རང་གི་ལུས་ཀྱི་གནས་སོ་སོར་ཐིམ་པས་ནད་གདོན་སྡིག་སྒྲིབ་སོགས་བར་དུ་གཅོད་པ་ཐམས་ཅད་ནི་བསལ། ཚེ་དང་དཔལ་
དང་འབྱོར་པ་ཐམས་ཅད་ནི་ཤིན་ཏུ་རྒྱས། དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་གྱུར། ཅེས་གཏོར་མ་མགོ་བོར་བཀོད། རོལ་མོ་དབྱངས་དང་བཅས་པས། ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །ཞེས་སོགས་སྤྱན་འདྲེན་གྱི་ཚོགས་བཅད་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་ཡུན་རིང་དུ་བརྗོད། དེ་ལྟར་བྱིན་རླབས་ཟབ་མོ་བྱས་པས་ཡེ་ཤེས་ལུས་ལ་བབས་པས་འཕར་ཞིང་འདར། ངག་ལ་བབས་པས་སཾ་སྐྲྀ་ཏའི་སྐད་འདོན། ཡིད་ལ་བབས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་བར་གསུངས་པས་དེ་དག་རྡོ་རྗེ་ཡེ་ཤེས་ཕེབས་པའི་རྟགས་སུ་ངེས་ཤེས་སྐྱེད་ལ་ཡིད་ལ་མི་བྱེད་པའི་ངང་དུ་མཉམ་པར་ཞོག་མཛོད། དེ་ལྟ་བུའི་དབང་གི་ཡེ་ཤེས་བརྟན་པའི་སླད་དུ་རྒྱ་མཚོ་ལྔའི་ལྷ་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་ཤིས་བརྗོད་སྩལ་བའི་མོས་པ་མཛོད། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། །དབྱེར་མེད་འཁོར་འདས་ཡོངས་སུ་རྫོགས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །རྣམ་སྣང་ཡེ་ཤེས་གངས་ཆེན་མཚོ། །མི་འཁྲུགས་རྒྱལ་པོ་ལ་སོགས་པའི། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །ལོངས་སྤྱོད་རྫོགས་པའི་བཀྲ་ཤིས་ཤོག །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །བསྐལ་བཟང་སངས་རྒྱས་སྟོང་གི་དབུས། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ། །སྤྲུལ་སྐུ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུམ་ལྷུན་གྲུབ་ཡོངས་རྫོགས་ཤིང༌། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱིས་
ཐམས་ཅད་མཁྱེན། །སྐུ་བཞི་ཡོངས་རྫོགས་བཀྲ་ཤིས་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་འཇིག་རྟེན་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། ཁྱེད་ཅག་གིས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་གཏོར་མ་ལ་བརྟེན་པའི་དབང་ཐོབ་པ་ཡིན་པས། རྡོ་རྗེ་ཐེག་པའི་དམ་ཚིག་ལ་བསླབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། ཚོགས་ནས་བརྩམ། རྗེས་ཆོག་རྣམས་ཀྱི་མཐར། ཨ་ཀཱ་རོ་སོགས་བརྗོད་ཅིང་གཏོར་མ་གཤེགས་ལ་དངོས་གྲུབ་ཀྱི་ཚུལ་དུ་སློབ་མ་རྣམས་ལ་བྱིན་ནས་བཀྲ་ཤིས་བརྗོད་པར་བྱའོ། །གཏོར་དབང་གི་ཡི་གེ་དོན་ལྡན་ཞབས། ཀརྨ་དཀོན་གཞོན། དཀོན་མཆོག་ཡན་ལག་གིས་མཛད་པ་རྣམས་ཀྱི་རྩ་བ་ནི་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་མཛད་པ་འདི་ཡིན་ཅིང༌། ཐམས་ཅད་ཀྱང་ཚིག་རྒྱས་བསྡུས་ཙམ་ལས་སྔགས་དམིགས་ཀྱི་དོན་ནི་མཚུངས་པ་ཁོ་ན་ཡིན་ལ། ད་ལྟ་དཀོན་མཆོག་འབངས་ཀྱིས་མཛད་པ་ལས་རྒྱུན་གནང་རུང༌། ཅུང་ཟད་བསྡུས་ཆེས་པས་བློ་དམན་རང་འདྲ་རྣམས་ཀྱིས་ཤིན་ཏུ་གལ་ཆེ་བའི་བྱིན་རླབས་དམིགས་རྣམ་བརྡ་མི་འཕྲོད་པར་མུན་པའི་ཀློང་དུ་འཁྱམས་པར་མཐོང་ནས་
རྩ་བ་རང་བྱུང་ཞབས་ཀྱི་གཞུང་གབ་སྤྲད་དེ་གསལ་བར་བཀོད་པའོ། །བ་མཁལ་མར་གྲགས་གཞུང་གཉིས་ཀྱི། །ཐུན་མིན་སྨིན་བྱེད་ཟབ་རྒྱ་ཅན། །གསལ་བར་བཀོད་འདིར་འབྲེལ་ཐོགས་ཀུན། །འཇིག་རྟེན་མགོན་པོས་རྗེས་འཛིན་ཤོག །ཅེས་པའང་གར་དབང་ལྔ་པས་མཛད་པའི་ལྷ་ལྔའི་སྒྲུབ་དཀྱིལ་ཚིགས་བཅད་མ་དང་འབྲེལ་བར་རང་གཞན་ལ་ཉེར་མཁོའི་བཙས་སུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དབེན་པ་ཟླ་མཛེས་སུ་བྲིས་པ་དགེ་ལེགས་འཕེལ།། ༈ །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་གཞུང་རྐྱང་ལུགས་སུ་ཉམས་སུ་ལེན་པའི་ཟིན་བྲིས་པདྨའི་ལྕུག་མ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། རྩ་གསུམ་དཀྱིལ་འཁོར་ཀུན་འདུས་པ། །རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ལ། །བཏུད་ནས་བསྙེན་ཅིང་སྒྲུབ་པའི་ཚུལ། །རྩ་བའི་དགོངས་དོན་སྙིང་པོ་དྲིལ། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་བཀའ་བབས་པའི་ཟབ་ཆོས་ནོར་བུའི་གྲམ་བུར་བརྡལ་བའི་ཡང་གཅེས་མཁའ་འགྲོའི་སྲོག་ཏིག་གི་སྡེ་ཚན་བཀའ་གཏེར་ཆུ་བོ་བཞི་འདུས་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཞེས་ཟབ་པར་གྲགས་ཤིང་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་འདི་ཉིད་ཉམས་སུ་ལེན་ཚུལ་སྦ་ལྕག་མ་དང༌། བ་མཁལ་མའི་ལུགས་གཉིས་སུ་གྲགས་ཤིང་ཕྱི་མ་སྔ་མའི་ལས་ཚོགས་ལྟ་བུར་འགྱུར་བའི་ཕྱིར་ཉམས་སུ་ལེན་བྱའི་རྩ་བ་ནི་སྦ་ལྕག་མ་ཉིད་ཡིན་ལ། དེའི་གདམས་ངག་གྲུབ་ཆེན་པཀྵིའི་གཞུང་བླ་མ་གཉན་རས་ཀྱི་ཟིན་བྲིས་བཅས་པ་དང༌། རྟོགས་ལྡན་མཁའ་སྤྱོད་དབང་པོའི་གསུང་ལ་ཆོས་རྗེ་དེ་བཞིན་གཤེགས་པས་ཟིན་བྲིས་སུ་མཛད་པ་དང༌། མཚུར་ཕུ་འཇམ་དབྱངས་ཆེན་པོས་རྒྱུད་གཞུང་གི་དགོངས་
པ་རྩལ་དུ་བཏོན་པའི་ལུགས་གསུམ་ནི་རྩ་བ་སྟེ། དེ་དག་གང་ལ་ཞུགས་ཀྱང་མཆོག་ཐུན་གྱི་གྲུབ་འབྲས་མི་སླུ་བས་ཁྱད་པར་མ་མཆིས་ལ། ཕྱིས་སུ་གྲུབ་བརྙེས་ཆགས་མེད་ཞབས་ཀྱི་ཟིན་བྲིས་ཆེ་ཆུང་རྣམས་ནི་མཁའ་སྤྱོད་པའི་བཞེད་གཞུང་ལ་གྲུབ་ཆེན་ཆོས་ཀྱི་བླ་མའི་གདམས་ངག་དང་ཉང་དང་སངས་གླིང་སོགས་ཀྱི་གཏེར་ཁའི་ཟབ་གནད་ཀྱང་ཅི་རིགས་པས་རྒྱན་པར་སྣང་ལ། དེ་དག་ལས་དམིགས་པ་ལག་ལེན་རྒྱས་པའི་རིགས་རྣམས་བློ་དམན་དང་འབྱོར་པ་ཆུང་བས་ལག་ཏུ་མི་ལོན་ཅིང༌། གསང་སྒྲུབ་འཁོར་ལོ་གཅིག་མ་སོགས་ཟབ་གནད་ཐུན་མོང་མ་ཡིན་པའི་སྐོར་རྣམས་ཟབ་དབང་སྔོན་ཏུ་སོང་བའི་བརྒྱུད་འཛིན་ལས་ཁྲོམ་ཆོས་སུ་སྤེལ་བར་བྱ་བ་མ་ཡིན་པས། འདིར་རྗེ་དཀོན་མཆོག་ཡན་ལག་གིས་མཛད་པའི་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་མ་དང་འབྲེལ་བར་གཏོར་དབང་གི་བྱིན་རླབས་ཙམ་ནོས་པའི་གང་ཟག་གིས་འབྲེལ་འཇོག་ལྟ་བུར་ཉམས་སུ་ལེན་པའི་ཚུལ་ལ། གཞུང་ལས། ཕྱི་ལྟར་རྒྱལ་བ་རྒྱ་མཚོའི་ཚོགས། །མ་ལུས་ཕྱི་རུ་སྒོམ་པ་དང༌། །ནང་ལྟར་ལུས་ལ་འགོད་པ་དང༌། །གསང་བ་རྩ་ལ་དགོད་པ་དང༌། །ཡང་གསང་དེ་ཉིད་སེམས་ལ་འགོད། །ཅེས་གསུངས་པ་ལྟར་བཞི། ཕྱི་དཀྱིལ་བསྙེན་པའི་རྣལ་འབྱོར། ནང་ལུས་དཀྱིལ་སྒྲུབ་པའི་རིམ་པ། གསང་བ་རྩ་དཀྱིལ་ལས་སྦྱོར་གྱི་ཚུལ། ཡང་གསང་སེམས་དཀྱིལ་སྔ་མ་གསུམ་གྱི་གྲུབ་མཐའ་ལམ་དུ་སློང་བའོ། །དང་པོ་ནི། གཞུང་ལས། དེ་ལྟར་ཕྱི་སྒྲུབ་བསྙེན་པ་ལ། །དཀྱིལ་འཁོར་བཅའ་གཞི་མི་དགོས་ཤིང༌། །རྒྱུན་དུ་ཡི་དམ་ནར་མར་བྱ། །ཞེས་གསུངས་པས་དཀྱིལ་འཁོར་སོགས་བཤམ་བཀོད་ཀྱི་སྤྲོས་པ་མི་དགོས། འབུལ་གཏོར་ལྔ་ཚར་མདུན་དུ། མཆོད་
ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བདུད་རྩི་ཐོད་ཞལ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱ། ཡར་མར་གྱི་ཚེས་བརྒྱད་དགོངས་མོ་དབང་གི་དུས་སུ་དབུ་བརྩམས་ཏེ། གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །སེམས་དཔའ་རང་བྱུང་རྡོ་རྗེ་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །དབུས་མི་འགྱུར་རྡོ་རྗེའི་གདན་སྟེང་ན། །བཅོམ་ལྡན་ཐུགས་རྗེ་ཆེན་པོ་ལ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །གཡས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་ལ། །དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །གཡོན་མཁའ་སྤྱོད་དག་པའི་གཞལ་ཡས་ན། །ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་ལ། །མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །སྟེང་དག་པ་ལྷ་ཡི་གཞལ་ཡས་ན། །སློབ་དཔོན་པདྨ་འབྱུང་གནས་ལ། །གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །འོག་དམ་ཚིག་ཆེན་པོའི་གཞལ་ཡས་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །རྩ་བ་བརྒྱུད་པར་
བཅས་རྣམས་ལ། །དད་ཅིང་གུས་པས་གསོལ་བཏབ་པས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྣམ་པ་ཀུན་མཁྱེན་ཐོབ་པར་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་གླིང་བདེ་བར་མཛད་དུ་གསོལ། །ཅེས་སྣང་སྲིད་བྱིན་རློབ་མའི་གསོལ་འདེབས་དང༌། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བས་ནང་མཆོད་བྱིན་རླབས་བྱས་ལ་ལྕེར་མྱང༌། སྐད་ཅིག་གིས་ཁྲོ་རྒྱལ་རྟ་མགྲིན་དུ་གསལ་བས་བགེགས་གཏོར་བསྔོས། སྐུ་ལས་ཡེ་ཤེས་ཀྱི་མེ་འབར། བགེགས་ལྷག་མ་རྣམས་བསྐྲད། མེའི་རྭ་གུར་དུ་གྱུར། སླར་ཡང་ཕྱག་མཚན་མཚོན་ཆའི་ཚོགས་སྤྲོས། རྡོ་རྗེ་ལ་སོགས་པའི་རྭ་གུར་རུ་གྱུར། སླར་ཁྲོ་ཚོགས་དུ་མ་སྤྲོས་པས་འགའ་ཞིག་ཞལ་ཕྱིར་གཟིགས་ཟློག་པའི་ལས་མཛད། ལ་ལ་ནང་དུ་གཟིགས། སྲུང་བའི་ལས་མཛད་པར་བསྒོམ། མཆོད་པ་བྱིན་རླབས་དང༌། སྐྱབས་སེམས་ཉེར་གཅིག་གམ་གསུམ་ལ་སོགས་པའི་མཐར་སྤྲོ་ན་རྡོར་སེམས་སྒོམ་བཟླས་མ་རྒྱུད་སྤྱི་ལྟར་བྱ། ཚོགས་བསགས། གསོལ་འདེབས། ཚད་མེད་བཞི་བསྒོམས་ལ་ཚོགས་ཞིང་རང་ལ་བསྟིམ་པ་རྣམས་ནི་སྔོན་དུ་འགྲོ་བའོ། །དངོས་གཞི་བསྐྱེད་བཟླས་གཉིས་ལས་བསྐྱེད་ཆོག་ཡན་ལག་བཞི་རྫོགས་ནི། སྟོང་པའི་ངང་ལས་བདེ་བ་ཅན་ལྟ་བུའི་སངས་རྒྱས་ཀྱི་ཞིང་བཀོད་པ་ཕུལ་དུ་ཕྱིན་པའི་དབུས་
སུ་མཚན་ཉིད་རྫོགས་པའི་གཞལ་ཡས་ཁང་གི་ནང་དུ་རིན་པོ་ཆེའི་པདྨའི་སྡོང་བུ་ཁ་གསུམ་དུ་གྱེས་པའི་དབུས་མར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། གཡས་རྟ་མགྲིན་དཔའ་བོ་རྒྱ་མཚོ། གཡོན་གསང་ཡེ་མཁའ་འགྲོ་རྒྱ་མཚོ། སྟེང་གི་བར་སྣང་དུ་སློབ་དཔོན་པདྨ་གྲུབ་ཐོབ་རྒྱ་མཚོ། གདན་འོག་ཏུ་མ་མགོན་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ཏེ་རྒྱ་མཚོ་ལྔའི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་བསྐུར། རང་རིགས་གཙོ་བོར་གྱུར་པས་རྒྱས་གདབ། དེ་ནས་བཟླས་པ་ནི། རྒྱ་མཚོ་ལྔའི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཐུགས་ཀར་པད་ཉི་ཟླ་བའི་གདན་ལ་ཧྲཱིཿཡིག་དམར་པོ་རེ་རེའི་མཐར། གཙོ་བོ་ལ་ཡིག་བཅུ། རྟ་མགྲིན་དང་གསང་ཡེ་ལ་རང་སྔགས། སློབ་དཔོན་པདྨ་ལ་བཛྲ་གུ་རུ། ཆོས་སྐྱོང་མ་མགོན་ལ་རང་སྔགས། གསང་ཡེ་ལ་སྔགས་ངོ་ནང་བསྟན་གཡོན་ཏུ་འཁོར་ཞིང༌། གཞན་རྣམས་ལ་ཕྱིར་བསྟན་གཡས་སུ་འཁོར་བར་མོས། སྔགས་བཟླས་པས་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། ཐུགས་རྒྱུད་མཉེས། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་བྱོན། རང་ལ་ཐིམ་པས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ལས་ཉོན་བག་ཆགས་དང་བཅས་པ་སང་གིས་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། བུམ་གསང་ཤེར་ཡེ་ཚོགས་གི་དབང་བཞི་ཐོབ་པས་རྒྱུད་སྨིན། སླར་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་
ཐམས་ཅད་སྐད་ཅིག་ལ་བྱང༌། ཕྱི་སྣོད་པདྨ་དབང་གི་དཀྱིལ་འཁོར། ནང་བཅུད་ཕོ་ཐམས་ཅད་སྤྱན་རས་གཟིགས། མོ་ཐམས་ཅད་གསང་བ་ཡེ་ཤེས། བདུད་དང་ལོག་འདྲེན་ཐམས་ཅད་རྟ་མགྲིན་དབང་ཆེན། ཕྱོགས་དང་མཚམས་རྣམས་འཇའ་འོད་མེ་དཔུང་ཐིག་ལེས་ཤིག་ཤིག་ཏུ་གང༌། མདོར་ན་གཟུགས་སྣང་ཐམས་ཅད་རྒྱ་མཚོ་ལྔའི་ལྷ་ཚོགས་ཀྱི་རང་བཞིན། སྒྲ་གྲགས་ཐམས་ཅད་ཡི་གེ་བཅུ་པའི་རང་སྒྲ། དྲན་རྟོགས་ཐམས་ཅད་ཆོས་སྐུ་གཉུག་མ་ཕྱག་རྒྱ་ཆེན་པོའི་རང་བབ་ཏུ་མོས་ལ། རིགས་དང་མཐུན་པའི་བགྲང་ཕྲེང་བྱིན་གྱིས་བརླབས་པ་ཐོགས་ཏེ་ཡི་གེ་བཅུ་པ་ལ་བཟླས་པ་དངོས་གཞི་བྱ། ཐུན་མཐར་སྔགས་གཞན་གསུམ་པོའང་ཤམ་བུར་སྦྱར་ཏེ་བདུན་རེ་ཙམ་བཟླའོ། །རྗེས་རྫོགས་པའི་རིམ་པ་བསྒོམ་པ་ནི། ཐུན་འཇོག་པ་ན། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ལྷ་ལ་ཐིམ། དེ་འོད་དུ་ཞུ་འཁོར་རྣམས་ལ་ཐིམ། དེ་རྣམས་བདག བདག་ཉིད་ཀྱང་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་མས་རིམ་གྱིས་ཞུ་སྟེ་ནཱ་དར་ཐིམ། དེའང་སྟོང་ཉིད་དུ་ཡལ། བསྒོམ་མེད་ཡེངས་མེད་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་རང་ངོ་ལ་ཅི་གནས་སུ་མཉམ་པར་བཞག མཐར་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་སུ་ལྡངས་ལ། ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་ལྡན་པས་དགེ་བ་བསྔོ་ཞིང་སྤྱོད་ལམ་ཐམས་ཅད་ཚོགས་ཀྱི་ལམ་དུ་ཁྱེར་བར་བྱའོ། །ཡང་སྐབས་རེར་ཏིང་ངེ་འཛིན་གྱི་ཁྱད་པར་འདི་ལྟར་ཡང་བྱ་སྟེ། བདག་ཉིད་ཀྱིས་སྔགས་བཟླས་པ་ལྟར། གཡས་གཡོན་སྟེང་འོག་གི་ལྷ་ཚོགས་རྣམས་ཀྱིས་ཀྱང་
འུར་དིར་བཟླས་པ་དང་ཆབས་ཅིག་སྐུ་ལས་འོད་ཟེར་མུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་བཀོད། ཉན་རང་རྣམས་ལ་ཕོག ཐེག་ཆེན་གྱི་ལམ་ལ་བཀོད། བྱང་སེམས་རྣམས་ལ་ཕོག ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད། སངས་རྒྱས་རྣམས་ལ་ཕོག ཆོས་གསུང་བ་དང་སེམས་ཅན་གྱི་དོན་ལ་བསྐུལ་བར་བསྒོམ་མོ། །བསྙེན་པའི་ཚད་ནི་དུས་ཞག་བདུན་ནམ་ཉེར་གཅིག གྲངས་ཡིག་བཅུ་འབུམ་ཐེར་གསུམ་མམ་བཅུ། བསྙེན་ཚད་སོང་ནས་རྟ་མགྲིན་སོགས་ཤམ་བུར་སྒྱུར་ནས་བཟླ་སྟེ་གྲངས་ཚད་གསལ་ཁ་མ་གསུངས་སོ། །གལ་ཏེ་སྒྲུབ་མཆོད་དང་གཏོར་དབང་བྱེད་པར་སྤྲོ་ན་སྔར་བཤམས་པའི་གཏོར་མ་ལ་དམིགས་རྟེན་བྱས་ནས་མདུན་བསྐྱེད་ཡན་ལག་བཞི་རྫོགས་མཆོད་བསྟོད་བདུད་རྩི་ཕུལ་བའི་མཐར། བཟླས་པའི་སྐབས་སུ་བདག་མདུན་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་བཅས་སྔར་ལྟར་གསལ། བདག་གི་ཐུགས་ཀ་ནས་འོད་ཟེར་རྩ་བ་གཅིག་ལ་རྩེ་མོ་ལྔའི་རྣམ་པར་འཕྲོས། མདུན་བསྐྱེད་ལྷ་ལྔ་སོ་སོའི་ཐུགས་ཀར་ཐིམ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀར་ཐིམ་པར་བསྒོམ། ཚོགས་མཆོད་སོགས་རྗེས་ཀྱི་བྱ་བ་རྣམས་གཞུང་གསལ་ལྟར་བྱས་པས་འགྲུབ། བསྙེན་པ་ཚུགས་པའི་ནུབ་ཐོག་མ་དང༌། དུས་བཟང་རྣམས་སུ་ཚོགས་མཆོད་བྱ་བའི་ཚེ་གོང་སྨོས་མདུན་བསྐྱེད་ཉིད་གྲུབ་ན་ལེགས་ལ། མ་གྲུབ་ན་བདག་བསྐྱེད་བསྡུ་ལྡངས་མཐར་ཚོགས་བྱིན་བརླབ། ཚོགས་མགྲོན་ནམ་མཁར་སྤྱན་
དྲང༌། ཚོགས་དང་གཏོར་མ་གཉིས་ཀ་བདུད་རྩིར་བརླབས་ཏེ་ཕུལ་ལ་ཚོགས་རྫས་དངོས་གྲུབ་ཏུ་རོལ། ལྷག་མ་དང་རྗེས་ཆོག་གཞུང་གསལ་ལྟར་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་སྐུ་རྟེན་སོགས་ཡོད་ན་རྟེན་བཞུགས་བྱ། མེད་ན་གཤེགས་སུ་གསོལ་ལ་བསྔོ་སྨོན་བཀྲ་ཤིས་རྣམས་བྱའོ། །འདི་ཁོ་ནས་ཀྱང་འབྲེལ་འཇོག་ཙམ་གྱི་བསྙེན་པ་ནི་གྲུབ་པ་ཡིན་ནོ། །གཉིས་པ་ནི། དཀྱིལ་འཁོར་བཅའ་གཞི་མངོན་རྟོགས་ཀྱི་དབུར་གསལ་བ་ལྟར་བཀོད། ཡར་མར་ཚེས་བཅུ་གང་རུང་གི་དུས་སུ་སྔོན་དངོས་ཀྱི་བྱ་བ་རྣམས་ཕྱི་སྒྲུབ་ཇི་ལྟ་བ་བཞིན་ལས་བསྐྱེད་རིམ་གྱི་ཁྱད་པར་རང་ཉིད་རྒྱལ་བ་རྒྱ་མཚོའི་ཐུགས་ཀར་པད་ཉི་བདུད་བཞིའི་གདན་ལ་རྟ་མགྲིན་དམར་ནག་ཁྲོ་ཚུལ་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཕྱག་གཡས་དབང་སྡུད་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་འདྲེན་ཅིང༌། གཡོན་ཨུཏྤལ་དམར་པོའི་ཞགས་པ་སྡིགས་མཛུབ་དང་བཅས་ཏེ་དཀུར་བརྟེན་པ། དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་མཚེར་བས་སྲིད་གསུམ་གཡོ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་ཐུགས་ཀར་པད་ཉི་ལ་ཧྲཱིཿདམར་སྔགས་ཕྲེང་གཡས་སུ་འཁོར་བ། ལྟེ་བར་པདྨའི་ཟེའུ་འབྲུར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་དབུས་སུ་ཆོས་བྱུང་བསྣོལ་མ་ཟུར་དྲུག་དགའ་འཁྱིལ་དང་བཅས་པའི་དབུས་སུ་པད་ཉི་རོའི་སྟེང་དུ་གསང་བ་ཡེ་ཤེས། གསང་བར་པདྨ་འདབ་བཞིར་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་དཀར་སེར་དམར་ལྗང་གྲི་ཐོད་འཛིན་པས་རྣལ་འབྱོར་མའི་གདན་འདེགས་པའི་ཚུལ་ཅན། མགྲིན་པའི་པད་ཟླ་ལ་སྤྱན་རས་གཟིགས་དམར་པོ་བགྲང་ཕྲེང་དང་པདྨ་འཛིན་པས་བཞེངས་སྟབས། སྤྱི་བོར་སློབ་དཔོན་པདྨའམ་སངས་རྒྱས་སྣང་བ་མཐའ་ཡས་བཀའ་བརྒྱུད་བླ་
མའི་ཚོགས་བཅས་གསལ་བཏབ་ལ་ཡན་ལག་བཞི་རྫོགས་གཞུང་ལྟར་བྱ། དེའང་མངོན་རྟོགས་ཀྱི་གཙོ་བོའི་བསྐྱེད་ཆོག་གྲུབ་པའི་མཚམས་སུ་ལུས་དཀྱིལ་འདི་བཞིན་གསལ་བཏབ་ལ་གནས་གསུམ་བྱིན་རླབས་སོགས་ལ་འཇུག མཁའ་སྤྱོད་པའི་བཞེད་པར་ཕྱི་དཀྱིལ་ཡང་བཀོད་པ་ཡིན་ཀྱང་གཞུང་དོན་སྙིང་པོ་འདི་ཉིད་ངོ་མཚར་ཆེའོ། །འདིར་སྤྱི་མགྲིན་གྱི་ལྷ་འགོད་ཚུལ་ཡང་གང་དེའི་བཞེད་པ་ཡིན་ཀྱང་བསྡུ་ན་མགྲིན་པའི་ལྷ་མི་བཀོད། བླ་མ་རིག་བདག་གི་ཚུལ་དུ་བསྒོམས་པས་ཆོག བཟླས་པ་ནི་ནུས་ན་རླུང་བུམ་པ་ཅན་དང་སྦྱར་ནས་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་པ་ལ་གཙོ་བོར་བྱ། མི་ནུས་ན་གཞུང་ལས། རླུང་བཟུང་སྔགས་བཟླ་གང་གོམས་བྱ། །ཞེས་འབྱུང་བས་བར་རླུང་ཙམ་ལ་བརྟེན་ཏེ་ངག་བཟླས་བྱས་ཀྱང་ཆོག་པ་ནི་གསང་སྒྲུབ་ལའང་ཤེས་པར་བྱའོ། །ཏིང་ངེ་འཛིན་ནི་ལྟེ་འོག་ཏུ་གཏུམ་མོ་ཨ་ཤད་དམ་ཐིག་ལེ་མེའི་རང་བཞིན་དམར་ཞིང་འཚེར་བ་གསལ་གདབ། རླུང་ཕྱིར་འགྲོ་བའི་ཚེ་སྙིང་གའི་ས་བོན་སྔགས་ཕྲེང་གཏུམ་མོའི་མེ་དང་བཅས་པའི་འོད་ཟེར་གྱིས་བརྟན་གཡོ་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏུ་བཞུས། རླུང་ནང་དུ་འོང་བའི་ཚེ་དེ་དག་སྣ་བུག་གཉིས་ནས་བརྒྱུད་དེ་ལྟེ་བའི་མེ་ལ་ཐིམ་པས་སྡོང་རྩ་མར་ཁུས་བརླན་པ་བཞིན་ཏུ་གཏུམ་མོའི་མེ་ལྕེ་ཧར་གྱིས་འབར་བས་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་མོས་ལ་སྟོང་ཉིད་ཀྱི་ངང་དུ་བཞག ཡང་འོད་ཟེར་སྔར་བཞིན་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས། བྱང་སེམས་སུ་ཞུ་བ་མེ་ལ་ཐིམ། དབང་དང་བྱིན་རླབས་ཐོབ་ཅིང་བདེ་ཆེན་སྐྱེས། ཡང་འོད་ཟེར་འཕྲོས། འགྲོ་བ་དྲུག་
ལ་ཕོག བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྐྱེད་པས་དེ་དག་བྱང་སེམས་སུ་ཞུ། སྙིང་རྗེའི་ངང་དུ་རླུང་རྔུབས་པས་མེ་ལ་ཐིམ་པར་མོས་ལ་སྟོང་ཉིད་དུ་བཞག མཐར་ལུས་དཀྱིལ་གྱི་ལྷ་རྣམས་རང་གནས་སུ་འོད་དུ་ཡལ་ནས་མཁའ་ལ་སྤྲིན་དེངས་པ་ལྟར་མི་དམིགས་པའི་ངང་ནས་རླུང་བཟླས་བྱ། བཟླ་བྱ་དངོས་གཞི་ཡི་གེ་བཅུ་པ། གྲངས་སྔར་དང་འདྲ། རྟགས་མཐོང་ནས་སྔགས་ཡོངས་རྫོགས་སྦྲེལ་ལ་བཟླ་གསུངས་ཀྱང་ད་ལྟའི་ཕྱག་ལེན་ཏུ་རྟ་སྔགས་མི་སྦྲེལ་བར་འདུག བདག་མདུན་སྒོམ་ཚུལ་རྙིང་མ་སྤྱི་མཚུངས་བྱ་ཆོག་ཀྱང་ཕྱག་རྒྱུན་དུ་ཐུན་སྟོད་བདག་བསྐྱེད་ཐུན་སྨད་མདུན་བསྐྱེད་མཆོད་བསྟོད་སོགས་སྤྲོས་པ་ཆེ་བར་མཛད་པར་སྣང༌། སྒྲུབ་པ་རྫོགས་པའི་མཇུག་ཏུ་དངོས་གཞིའི་བཟླས་སྒོམ་རྣམས་ཁྱུག་ཙམ་རེ་བྱས་ལ། སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་མེ་འོད་ལྟར་རྣོ་ཞིང་ཚ་ལ་གདུང་བ་ཕྲོམ་ཕྲོམ་ཤར་ཤར་དུ་འཕྲོས་པས་སྣོད་བཅུད་ཀྱི་དྭངས་མ་སྤྱི་དང༌། དམིགས་བསལ་ཡིད་ལ་འདོད་པའི་དངོས་པོ་དབང་དུ་བསྡུས་ནས་སྙིང་གའི་ས་བོན་དང་ཐོད་པའི་རྫས་ལ་ཐིམ་པར་མོས་ལ། སྔགས་རྣམས་སྦྲེལ་བའི་ཤམ་དུ། བ་སུ་སིདྡྷི་ནཱ་ནཱ་ཁ་དྷེ་སིདྡྷི་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་སིདྡྷི་ས་མ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ་པུཥྚིཾ་བཱ་ཤཾ་ཀུ་རུ་ཧཱུྃ། རཏྣ་སིདྡྷི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་བཏགས་པ་ཇི་ཙམ་འོས་པ་བཟླའོ། །གསུམ་པ་ནི། བཅའ་གཞི་ནང་སྒྲུབ་ལྟར་བྱ། བསྐྱེད་རིམ་གྱི་སྐབས་སུ། སྔོན་འགྲོའི་ཆོས་རྣམས་སོང་བའི་མཚམས་སུ། ཨོཾ་མཧཱ་ཤཱུ་ནྱ་ཏཱ་སོགས་བརྗོད། གཟུང་འཛིན་ཆོས་རྣམས་སྟོང་པར་གྱུར། །སྟོང་པའི་ངང་ལས་པད་ཉི་དང༌། །ཟླ་བའི་གདན་ལ་རང་སེམས་ཧྲཱིཿ །ཡོངས་གྱུར་པདྨ་ཧྲཱིཿཡིག་
མཚན། །འོད་འཕྲོས་འགྲོ་བའི་རྒྱུད་སྦྱངས་ཤིང༌། །རྒྱལ་བའི་བྱིན་རླབས་བསྡུས་ནས་ཐིམ། །དེ་ལས་བདག་ཉིད་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་བརྐྱང་གཡོན་བསྐུམ་གར་གྱིས་བསྒྱིངས། །དབུ་སྐྲ་གྱེན་བརྫེས་དར་གྱིས་བརྒྱན། །རིན་ཆེན་རྒྱན་གྱིས་མཛེས་པར་སྤྲས། །ཕྱག་གཡས་པད་ཕྲེང་གཡོན་པདྨ། །གསང་བ་ཡེ་ཤེས་ཡུམ་གྱིས་འཁྱུད། །དམར་མོ་གཅེར་བུ་སྤྱན་གསུམ་པ། །ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག །ཐོད་པ་སྐམ་པོ་རུས་རྒྱན་ཅན། །རིན་ཆེན་སྣ་ཚོགས་དར་དཔྱངས་བརྒྱན། །ཡེ་ཤེས་མེ་རིའི་དབུས་ན་བཞུགས། །ཡབ་ཀྱི་སྐུ་ལ་རྩ་གསུམ་དང༌། །འཁོར་ལོ་ལྔ་པོ་གསལ་བ་ཡི། །སྤྱི་བོར་བདེ་གཤེགས་སྤྱན་རས་གཟིགས། །དཀར་པོ་འཁོར་ལོ་དྲིལ་བུ་ཅན། །རྩ་འདབ་མཁའ་འགྲོ་སུམ་ཅུ་གཉིས། །འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན། །མགྲིན་པར་པདྨའི་སྤྱན་རས་གཟིགས། །དམར་པོ་པདྨ་དྲིལ་བུ་ཅན། །རྩ་འདབ་མཁའ་འགྲོ་བཅུ་དྲུག་ནི། །པདྨ་གྲི་གུག་ཐོད་ཁྲག་འཛིན། །སྙིང་གར་རྡོ་རྗེ་སྤྱན་རས་གཟིགས། །མཐིང་ག་རྡོ་རྗེ་དྲིལ་བུ་ཅན། །རྩ་འདབ་རྡོ་རྗེ་མཁའ་འགྲོ་བརྒྱད། །རྡོ་རྗེ་གྲི་གུག་ཐོད་ཁྲག་འཛིན། །ལྟེ་བར་རིན་ཆེན་སྤྱན་རས་གཟིགས། །སེར་པོ་རིན་ཆེན་དྲིལ་བུ་ཅན། །རྩ་འདབ་མཁའ་འགྲོ་དྲུག་ཅུ་བཞི། །རིན་ཆེན་གྲི་གུག་ཐོད་ཁྲག་འཛིན། །གསང་བར་ལས་ཀྱི་སྤྱན་རས་གཟིགས། །ལྗང་གུ་རྒྱ་གྲམ་དྲིལ་བུ་ཅན། །རྩ་འདབ་ལས་ཀྱི་མཁའ་འགྲོ་བཞི། །རྒྱ་གྲམ་གྲི་གུག་ཐོད་ཁྲག་ཐོགས། །ཀུན་ཀྱང་རིན་ཆེན་རུས་པས་བརྒྱན། །ཡབ་རྣམས་ཐུགས་ཀར་རྟ་མགྲིན་དང༌། །ཡུམ་རྣམས་ཐུགས་
ཀར་ཕག་མོ་གསལ། །རང་གི་སྤྱི་བོར་བླ་མ་དང༌། །ལྟེ་བར་དཔའ་བོ་གིང་ཆེན་བཞི། །གསང་ཡེའི་སྤྱི་བོར་ན་བཟའ་དཀར། །ལྟེ་བར་རིགས་བཞིའི་མཁའ་འགྲོ་མ། །ཀུན་ཀྱང་ཐོད་པ་སྐམ་རློན་དང༌། །རིན་ཆེན་རུས་རྒྱན་དར་གྱིས་མཛེས། །པདྨ་ཉི་ཟླ་རོ་གདན་ཅན། །མེ་དཔུང་འབར་བའི་དབུས་སུ་འགྱིང༌། །དེ་དག་མ་ལུས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་སྟེང་སོགས་གནས་གསུམ་བྱིན་རླབས་ནས་དབང་བསྐུར་རྒྱས་གདབ་པར་དཀྱུས་བཞིན་བྱའོ། །བཟླས་པའི་སྐབས། འདོམ་བར་དུ་ཡྃ་ལས་རླུང་དཀྱིལ་ལྗང་གུ་ཡི་གེས་མཚན་པ་ཡང་ཞིང་གཡོ་བ། ལྟེ་འོག་དབུ་མའི་ནང་དུ་ཨ་ཐུང་དམར་པོ་མཚན་ཉིད་བཞི་ལྡན། སྤྱི་གཙུག་དབུ་མའི་ཡར་སྣེར་ཧྃ་ཡིག་དཀར་པོ་འཁྱིལ་ཞིང་འཛག་ལ་ཁད་པ་རྣམས་གསལ་བཏབ་ལ་རླུང་རོ་དགུ་ཕྲུགས་སུ་འབུད། སྟེང་འོག་གི་རླུང་ཁ་སྦྱོར་བའི་རྐྱེན་གྱིས་རླུང་དཀྱིལ་གཡོས། གསང་གནས་ཀྱི་འཁོར་ལོའི་ལྷ་རྣམས་བདེ་བ་ཆེན་པོའི་རང་བཞིན་ཏུ་འབར། དེས་གཏུམ་མོའི་མེ་སྦར། དེས་ལྟེ་བའི་འཁོར་ལོའི་ལྷ་རྣམས་བདེ་ཆེན་ཏུ་འབར་བ་སོགས་རིམ་བཞིན་སྤྱི་བོའི་བར་དུ་འབར་བས་ཧྃ་ཡིག་བཞུས། དེ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས་སྤྱི་བོའི་རྩ་འཁོར་གང༌། དགའ་བའི་ཡེ་ཤེས་སྐྱེས་པར་མོས་ལ་རླུང་བཟུང་ཞིང་ཡིད་བཟླས་བྱ། དེ་བཞིན་དུ་བྱང་སེམས་བབས་པས་མགྲིན་པའི་རྩ་འཁོར་གང༌། མཆོག་དགའ་སྐྱེས། སྙིང་ག་གང༌། ཁྱད་དགའ་སྐྱེས། ལྟེ་བ་གང༌། ལྷན་སྐྱེས་དགའ་བ་ལ་སེམས་བཟུང་ཞིང་ཡིད་བཟླས་སོ་སོར་བྱ། དེ་ནས་རླུང་ཕྱིར་བསལ་བའི་ཚེ་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས། འགྲོ་བ་རིགས་དྲུག་སོགས་འཁོར་འདས་ཕྱི་ནང་
སྣོད་བཅུད་ཐམས་ཅད་རླུང་ནང་དུ་རྔུབས་པ་དང་དབྱེར་མེད་དུ་བསྡུས། དངོས་འཛིན་འཁྲུལ་རྟོག་གི་བག་ཆགས་ཐམས་ཅད་བདེ་ཆེན་འབར་བའི་མེས་བསྲེགས། རླུང་སེམས་ཡེ་ཤེས་ཆེན་པོའི་རང་བཞིན་དྭངས་མའི་ཐིག་ལེར་ཐིམ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཐ་མལ་ཤེས་པ་མ་བཅོས་གཉུག་མ་ཁྱབ་བརྡལ་ཆེན་པོ་ཕྱོགས་མེད་རིས་མེད་ཀྱི་རྩལ་ཆེན་སྦྱོང་ལ་བཟླས་པ་བྱ། མདུན་རྟེན་ལའང་རང་ཉིད་ཇི་ལྟ་བར་བསྐྱེད་ཅིང་སྤྲོ་བསྡུ་བྱ། ཐུན་མཐར་བདག་མདུན་ཐུགས་ཀའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཚ་ལ་གདུང་བས་སྐྱེ་འགྲོ་ཕོ་མོའི་སྙིང་ག་དང་གསང་གནས་ནས་བཟུང་སྟེ་རང་དབང་མེད་པར་མདུན་ཏུ་བཀུག སླར་ཡང་འོད་ཟེར་གྱིས་གདུངས་པས་མར་གསར་ཉི་མས་བཞུ་བ་བཞིན་དེ་དག་བྱང་སེམས་དཀར་དམར་གྱི་ངོ་བོར་ཞུ་བ་སྒྲུབ་རྫས་དང་རང་གི་གསང་བའི་ལམ་ནས་དྲངས་ཐུགས་སྲོག་ཧྲཱིཿལ་ཐིམ་པར་མོས་ལ་བྱམས་སྙིང་རྗེ་དྲག་ཏུ་བསྒོམ། བཟླ་བྱའི་སྔགས་ཤམ་བུ་བཅས་ཀྱི་གྲངས། དུས། ཟློ་ཚུལ་སོགས་གོང་དང་མཚུངས། འདིར་ཐུན་མོང་གི་ལས་གཙོ་བོར་སྒྲུབ་ན་སྦ་ལྕག་དང་བ་མཁལ་སོགས་ཀྱི་བཅའ་གཞི་དགོས་ཀྱང་མཆོག་སྒྲུབ་ལ་དེ་དག་མེད་ཀྱང་ཆོག་པས་འཇུག་པ་བདེ་བ་གཙོར་བཏོན་པ་ཡིན་ནོ། །སྒྲུབ་པ་དེ་ཉིད་གྲུབ་མ་ཐག་པར་མར་ཁུ་ཡམ་ཤིང༌། རིན་ཆེན་ཟས་ནོར་གོས་དང་འབྲུ་སྣ་ཤིང་ཏོག་སོགས་གང་འབྱོར་ལ་སྣང་བ་དབང་སྡུད་ཀྱི་སྦྱིན་སྲེག་སྤྲོས་མེད་ལུགས་སྤྱི་ལྟར་བྱའོ། །བཞི་པ་ནི། ལུས་གཞལ་ཡས་ཁང༌། སེམས་ཉིད་ཀྱི་ངོ་བོ་བླ་མ། གཏི་མུག་སྤྱན་རས་གཟིགས། རྟོག་ཚོགས་སངས་རྒྱས་སྟོང་རྩ། ཞེ་སྡང་རྟ་མགྲིན། འདོད་
ཆགས་གསང་ཡེ། ང་རྒྱལ་དཔའ་བོ། ཕྲག་དོག་དཔའ་མོ། ཁམས་ལྔ་རིགས་ལྔའི་མཁའ་འགྲོ། ཚོགས་དྲུག་ཡུལ་དང་བཅས་པ་མཆོད་པའི་ལྷ་མོ། དགེ་སྡིག་གི་རྟོག་པ་དམ་ཅན་སྲུང་མ་སྟེ། དེ་དག་མ་རྟོགས་པས་འཁོར་བའི་རྣམ་པ། རང་བཞིན་རྟོགས་པས་མྱང་འདས་ཀྱི་ངོ་བོ། ལྷ་སྐུ་སེམས་ཀྱི་རང་རྩལ། སྒྲ་གྲགས་སྟོང་བརྗོད་མེད། རིག་པ་གདོད་ནས་སྤྲོས་བྲལ་ཆོས་སྐུ། ཡུལ་དང་ཡུལ་ཅན་ལས་འདས་པའི་གནས་ལུགས་གཉུག་མའི་དོན་ལ་བློ་རང་བབ་ཏུ་གནས་པས་སྒོམ་བཟླས་ཐམས་ཅད་མཐར་ཐུག་གི་ལམ་དུ་བསླང་བར་བྱའོ། །གཞན་ཡང་གྲུབ་ཆེན་ཀརྨ་པའི་གདམས་ངག་བསྲེ་བ་སྐོར་གསུམ་ཞེས་ལྷ་དགུ་ལྷ་ལྔ་བསྙེན་སྒྲུབ་སྤྱིའི་ཟབ་གནད་འདི་ལྟར་གསུངས་ཏེ། རླུང་རོ་དྲག་ཏུ་འབུད། མེ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ལྟེ་བའི་མེ་དང་ཐུགས་ཀའི་ཧྲཱིཿལ་ཐིམ། ལུས་ཀྱི་ནང་མེས་གང༌། མོས་གུས་དྲག་ཏུ་བྱ། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསྒོམ། མཐར་གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་པ་ནི་ལོངས་སྐུར་བསྲེ་བའོ། །ཡང་རེས་འགའ་གཞན་དབང་དུ་བྱ་འདོད་པའམ། ཡིད་ཡུལ་དུ་སྡུག་ཅིང་ཆགས་པའམ། སྙིང་རྗེ་བའམ། ཞེ་སྡང་བ་སོགས་གང་བྱུང་ཡང་རང་ཉིད་སྐུ་མདོག་དམར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། དམིགས་ཡུལ་གྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བཀུག བྱམས་སྙིང་རྗེ་དྲག་ཏུ་བསྒོམ། ལྟེ་བའི་མེ་དང་ཐུགས་ཀའི་ཧྲཱིཿལ་ཐིམ། མཐར་མི་དམིགས་པའི་ངང་དུ་བཞག་པ་ནི་སྤྲུལ་སྐུར་བསྲེ་བའོ། །དེ་ནས་ལུས་བཏང་སྙོམས་
སྐྱིལ་ཀྲུང་མཉམ་བཞག ངག་བཏང་སྙོམས་སྨྲ་བརྗོད་བྲལ་བ། སེམས་བཏང་སྙོམས་ཕྱག་རྒྱ་ཆེན་པོའི་ངང་ལ་བླ་མའི་རྣལ་འབྱོར་དང་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། ཕྱི་སྣང་བ་རྒྱ་ཡན། ནང་རིག་པ་རང་གྲོལ། ལུས་ཡེ་ཤེས་ཀྱི་ལུས། རྩ་ཡེ་ཤེས་ཀྱི་རྩ། རླུང་ཡེ་ཤེས་ཀྱི་རླུང༌། དེ་ཉིད་ཀྱི་ངང་ལས་གློ་བུར་གྱི་རྣམ་རྟོག་དཀར་ནག་གང་སྐྱེས་ཀྱང་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རྟོག་པ་དེ་རང་སྐྱེ་མེད་རྩ་བྲལ། འགག་པ་མེད་པ། དམིགས་གཏད་བྲལ་བ་ལྷང་ལྷང་འཆར་རོ། །འདི་ནི་ཆོས་སྐུ་དང་བསྲེ་བ་མཆོག་གི་གཏུམ་མོ་ཞེས་བྱའོ། །ཞེས་གསུངས་པ་ཉིད་རྒྱུན་གྱི་ཉམས་སུ་བླང་བྱའི་སྙིང་པོའོ། །སྒྲུབ་པ་སྔ་རྗེས་ཀྱི་བར་དུ་མཆོད་གཏོར་ཁ་གསོ་བའམ། ཡུན་རིང་ན་བརྗེ་བ་དང༌། ནང་གསང་སྒྲུབ་པ་ལ་དགོངས་མོའི་ཐུན་ཐམས་ཅད་དུ་ཚོགས་མཆོད་གྲུབ་ན་ལེགས་ཤིང་མ་གྲུབ་ན་སྒྲུབ་པ་གང་ཡིན་གྲུབ་པའི་མཇུག་ཏུ་ཚོགས་གཏོར་རྒྱས་པ་བྱ། གྲོལ་ཁར་གཏོར་དབང་ཙམ་ལ་བརྟེན་པའི་དངོས་གྲུབ་བླང་ཆོག་དང་མཐའ་རྒྱས་སོགས་མཚམས་ཀྱི་ཁྲིགས་དང་སྤང་བླང་སྤྱི་ལྟར་ལ། འདི་ཉིད་མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཤིན་ཏུ་གཉན་པའི་གནད་ཀྱིས་ནང་གསང་སྒྲུབ་པ་ལ་ཞུགས་ཁར་དམ་ཚིག་སེལ་སྤྱོད་དང་མཁའ་འགྲོ་ཆོས་སྲུང་ལ་ཚོགས་གཏོར། མཚམས་འོག་ཏུ་དམ་སེལ་ཅན་གྱི་འགྲུལ་མི་བྱ་བ་སོགས་དཀྱུས་ལས་དམ་ཙམ་བྱ་བ་གལ་ཆེའོ། །འཁྲུལ་བློས་ཉེས་བྱས་རྒྱ་མཚོ་ལྔ་ཡི་ལྷས། །ཚངས་པར་བཞེས་ལ་འབྲེལ་བཅས་རྣལ་འབྱོར་ཀུན། །པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་དུ། །མི་ཟད་རྒྱན་གྱི་འཁོར་ལོ་ལྔ་འགྲུབ་
ཤོག །ཅེས་པ་འདིའང་ཁྱབ་བདག་འཇིག་རྟེན་དབང་ཕྱུག་ཀུན་མཁྱེན་བླ་མའི་བཀའ་ཡིས་རྗེས་སུ་གནང་བ་ལྟར། སྤྱན་རས་གཟིགས་དབང་ཀརྨ་པའི་ཆོས་རིགས་སུ་སྐྱེས་པ་བློ་གྲོས་མཐའ་ཡས་ཀྱིས་གཞུང་དང་ཡིག་རྙིང་གཏེར་ཁ་རྣམས་ཀྱི་དགོངས་པ་གུང་སྤྲོས་ཏེ་སྦྱར་བ་དགེ་ལེགས་འཕེལ།། ༈ །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱུན་ཁྱེར་འཁོར་ལོ་གསུམ་པ་པདྨའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །པདྨ་རྣམ་པར་རྒྱས་པའི་ལྷ། །རྒྱ་མཚོ་ལྔ་ལ་གུས་བཏུད་དེ། །ཡང་ཟབ་རྒྱུན་གྱི་རྣལ་འབྱོར་ནི། །འཁོར་ལོ་གསུམ་དྲིལ་གདམས་པ་འཆད། །ཐོག་མར་སྐྱབས་སུ་འགྲོ་བ་ནི། །བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མ་ཡི་དམ་དཀོན་མཆོག་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། །ནམ་མཁའ་དང་མཉམ་སེམས་ཅན་ཀུན། །བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང༌། །སྤྱན་རས་གཟིགས་ཀྱི་གོ་འཕང་སླད། །རིམ་གཉིས་ཟབ་མོ་བསྒོམ་པར་བྱ། །བསྐྱེད་པའི་རིམ་པ་ལུས་ལྷའི་འཁོར་ལོ་ལ་བརྟེན་པ་ནི། རང་གི་སྙིང་དབུས་ཧྲཱིཿཡིག་དམར། །འོད་འཕྲོས་བདག་ལུས་འོད་དུ་ཞུ། །ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར། །དམར་གསལ་ཞལ་གཅིག་ཞི་ཞིང་འཛུམ། །ཕྱག་བཞིའི་དང་པོ་ཐལ་མོ་སྦྱར། །མཐའ་གཉིས་པད་ཕྲེང་པདྨ་དམར། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས། །དབུ་གཙུག་སྣང་བ་མཐའ་ཡས་དམར། །མཉམ་བཞག་སྤྲུལ་པ་སྐུ་ཡི་ཆས། །ཐུགས་ཀར་རྟ་མཆོག་ཡེ་ཤེས་སེམས། །དམར་པོ་པད་ཕྲེང་དབང་སྡུད་རྒྱ། །བརྐྱང་བསྐུམ་
ཞི་མ་ཁྲོ་ཡི་ཚུལ། །པད་ཉི་མེ་དཔུང་ཀློང་དུ་གསལ། །ཐུག་སྲོག་ཧྲཱིཿཡིག་དམར་པོས་མཚན། །ལྟེ་བར་གསང་བ་ཡེ་ཤེས་དམར། །ཁྲོ་འཛུམ་ཆགས་ཉམས་རུས་རྒྱན་ཅན། །ཕྱག་བཞིས་གྲི་ཐོད་རལ་གྲི་དང༌། །ཁ་ཊྭཱཾ་ག་འཛིན་བརྐྱང་བསྐུམ་ཞབས། །པདྨའི་གདན་ལ་རིགས་བཞི་ལ། །མཁའ་འགྲོས་བཏེགས་ཤིང་གཙོ་བོ་ལ། །བདེ་བའི་ལོངས་སྤྱོད་འབུལ་བར་མཛད། །དམ་ཡེ་དབྱེར་མེད་གདོད་མ་ནས། །རང་བྱུང་ལྷུན་གྲུབ་ཆེན་པོའོ། །བཟླས་པའི་རིམ་པ་ངག་སྔགས་ཀྱི་འཁོར་ལོ་ལ་བརྟེན་པ་ནི། རང་གི་ཞལ་ནས་སྔགས་བཟླས་པས། །མཁའ་འགྲོས་སྔགས་སྒྲོག་འོད་དམར་གྱིས། །སྙིང་གའི་ལྷ་བསྐུལ་བཟླས་པ་དང༌། །འོད་ཀྱིས་སྤྱི་བོའི་རིགས་བདག་བསྐུལ། །ངེས་ཀྱང་སྔགས་བཟླས་འོད་དམར་འཕྲོས། །རྒྱལ་རྣམས་སེམས་ཅན་དོན་ལ་བསྐུལ། །བྱང་སེམས་ཤེས་སྒྲིབ་ཕྲ་མོ་སྦྱངས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྐྱེད། །ཉན་རང་ཐེག་པ་ཆེན་པོར་བསླངས། །ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་བཅོམ། །ཚུར་འདུས་སྒོ་གསུམ་སྒྲིབ་དག་ནས། །ཡེ་ཤེས་རང་གསལ་ངང་གནས་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨའི་ཧཱུྃ། །ཞེས་ཡིག་བཅུ་ཁོ་ན་གཙོ་བོར་བཟླ། །ཐུན་མཐར་སྤྲོ་ན་དེའི་ཤམ་དུ། །ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཞེས་བཏགས་པའང་ཅི་རིགས་བཟླའོ། །རྫོགས་པའི་རིམ་པ་སེམས་ཉིད་འོད་གསལ་གྱི་འཁོར་ལོ་ལ་བརྟེན་པ་ནི། ལུས་ལྷ་སོ་སོའི་གནས་སུ་ཐིམ། །རང་ཡང་འོད་ཞུ་ཐུགས་སྲོག་ཧྲཱིཿར། །དེ་ཡང་མས་རིམ་འོད་དུ་ཡལ། །ནཱ་ད་སྟོང་ཉིད་འོད་གསལ་དང༌། །སྤྲོས་པའི་མཐའ་བྲལ་ལྟ་བ་རྟོགས། །མ་བཅོས་རང་ལུགས་
སྒོམ་པར་གནས། །དེ་ལས་མི་འདའ་མཉམ་ཉིད་སྤྱོད། །བརྟན་ཐོབ་འབྲས་བུ་སྐུ་བཞིའི་བདག །ཐུགས་རྗེ་ཆེན་པོའི་མཆོག་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །ཅེས་དགེ་བ་བསྔོ་ཞིང་ཁྱེར་སོ་གསུམ་གྱི་གྲུབ་མཐའ་ལམ་དུ་བསླང་བར་བྱའོ། །སྒྲིབ་པ་མྱུར་དུ་སྦྱོང་བའི་ཕུལ། །མཆོག་ཐུན་གཅིག་ཅར་སྒྲུབ་པའི་ཐབས། །འདིས་ཀྱང་མུ་མཐའ་མེད་པའི་འགྲོ། །སྲིད་པའི་མཚོ་ལས་རབ་སྒྲོལ་ཤོག །བ་མཁལ་མའི་གཞུང་གི་དངོས་བསྟན་ལ་རིགས་འགྲེས་མ་བསླད་པའི་རྒྱུན་ཁྱེར་འདིའང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བ་དགེ་ལེགས་འཕེལ།། ༈ །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལུགས་གཉིས་གང་ལ་སྦྱར་ཡང་རུང་བའི་གནས་ལུང་ཁྱེར་བདེར་བསྡུས་པ་ཐུགས་རྗེའི་འཕྲུལ་ཞགས་ཞེས་བྱ་བ་བཞུགས་སོ། །མི་བཟད་ངན་འགྲོའི་སྡུག་བསྔལ་ནི། །མཚན་ཙམ་གྱིས་ཀྱང་སྐྱོབ་མཛད་པ། །ཐུགས་རྗེའི་དབང་ཕྱུག་ལ་བཏུད་ནས། །གནས་ལུང་ཆོ་ག་འདུས་གསལ་སྤེལ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་རྟག་ཏུ་གནས་ཤིང་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་གང་ཞིག ལས་དང་བག་ཆགས་ཀྱི་གཞན་དབང་དུ་གྱུར་པས་འཁོར་བའི་འཁོར་ལོར་ཡང་སྲིད་ལུ་གུ་རྒྱུད་དུ་ཉིང་མཚམས་སྦྱོར་བའི་འགྲོ་བ་ལ་ཕན་གདགས་པར་འདོད་པས་གནས་ལུང་གི་ཆོ་ག་བརྩམ་པར་སྐབས་སུ་བབས་པ་ནི། རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གང་དང་འབྲེལ་བ་དེའི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆས། ཚོགས་ཀྱི་ཡོ་བྱད་དང་བཅས་པ་རྣམས་དང༌། ལྷོ་སྒོར་སྦྱོང་སྟེགས་འཁོར་ལོ་དཀར་པོ་རྩིབས་བརྒྱད་བྲིས་པའི་
གདན་ལ་ཚེ་འདས་ཀྱི་མིང་བྱང་དྲི་རྟེན་གོས་བཟང་གིས་ཀླུབས་པ། བགེགས་གཏོར། གུལ་ཡུངས། ཏིལ་ནག ཁྲུས་ཆས། ཟས་བསྔོ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱས་ལ། བདག་མདུན་བུམ་སྒྲུབ་བདག་འཇུག་ཚོགས་མཆོད་ཀྱི་བར་དུ་དཀྱུས་ལྟར་བཏང༌། ཚོགས་ལ་མ་རོལ་པའི་བར་དེར་འདིར་འཇུག ལྷ་ལྔའི་སྐབས་བདག་མདུན་བཟླས་པ་ཡན་གྲུབ་ནས་དཀྱིལ་ཆོག་ཆེན་མོ་གཏང་སྐབས་བུམ་སྒྲུབ་ལྷ་དགུས་རིགས་འགྲེ་བསྐྱེད་ཆོག་འདོར་ལེན་ཕྱེད་པར་བྱ་ཞིང༌། བསྡུས་པ་ཚིགས་བཅད་མའི་སྐབས་སུ། བསང་སྦྱང༌། པད་ཟླའི་སྟེང་དུ་བྃ་དཀར་ལས། །མཚན་ཉིད་ཡོངས་རྫོགས་བུམ་པའི་དབུས། །པདྨ་ཉི་སྟེང་ཧྲཱིཿདམར་ལས། །བཅོམ་ལྡན་རྒྱལ་བ་རྒྱ་མཚོ་གསལ། །སྟེང་དང་གཡས་གཡོན་འོག་གི་ཆར། །པད་འབྱུང་གྲུབ་ཐོབ་རྒྱ་མཚོ་དང༌། །རྟ་མགྲིན་དཔའ་བོ་རྒྱ་མཚོ་དང༌། །གསང་ཡེ་དཔའ་མོ་རྒྱ་མཚོ་དང༌། །མཁའ་འགྲོ་དམ་ཅན་རྒྱ་མཚོ་རྣམས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །གསལ་ལ་མ་འདྲེས་ཡོངས་སུ་རྫོགས། །ལས་བུམ་ནང་དུ་རྟ་མགྲིན་རྒྱལ། །དམར་པོ་ཕྱག་གཡས་རྡོ་རྗེ་དང༌། །གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས། །ཁྲོ་བོའི་ཆས་ལྡན་མེ་དཔུང་ཀློང༌། །བརྐྱང་བསྐུམ་པད་ཉིའི་གདན་ལ་འགྱིང༌། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང༌། །ཐུགས་སྲོག་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་གཙོ་འཁོར་ཀུན། །འོད་དཔག་མེད་པས་རྒྱས་
བཏབ་གྱུར། །མཆོད་རྫས་རྣམས་ལ་བདུད་རྩི་གཏོར་ཞིང་བསང་སྦྱང༌། སྟོང་པའི་ངང་ལས་ཀ་པཱ་ལ། །ཡངས་པའི་ནང་དུ་ཧཱུྃ་ཡིག་ལས། །མཆོད་རྫས་དྭངས་ཤིང་ཐོགས་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ་དང་པུཥྤེ་ནས་ཤབྡའི་བར་དུ་སྦྱར་བས་བྱིན་བརླབ། ཨོཾ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ་དྷཱུ་པེ་དང་པུཥྤེ་སོགས་སྦྱར་བས་མཆོད། ཨོཾ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོགས། །ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་མཉམ་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམས་ཀུན་ཏུ། །
མཆོག་ཏུ་གུས་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། རང་སྲོག་སྔགས་ལས་འོད་ཟེར་སེར་པོ་འཕྲོས། །གཟུངས་ཐག་བརྒྱུད་དེ་བུམ་ལྷའི་རྒྱུད་བསྐུལ་གྱུར། །ཡིག་བཅུ་སོགས་བཟླ། ལས་བུམ་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་ལ། བུམ་ལྷ་བདེ་ཆེན་བདུད་རྩིའི་ངོ་བོར་གྱུར། །ཁྲོ་བོའི་རྒྱལ་པོས་ལས་རྣམས་བསྒྲུབ་པར་མཛོད། །དེ་ནས་དམིགས་རྟེན་མདུན་དུ་བཀོད། ལས་བུམ་གྱི་ཆུས་བྲན་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཡི་གེ་ནྲྀ་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་གསོན་པོའི་དུས་ཀྱི་གཟུགས་དང་ཆ་ལུགས་ཇི་ལྟ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གདོང་ཕྱོགས་ཏེ་འདུད་པས་གནས་པར་གྱུར། རང་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་རླུང་མེད་པའི་མར་མེ་ལྟ་བུ་བཀུག་སྟེ་དེའི་སྤྱི་བོ་ནས་ཞུགས་སྙིང་གར་གནས་པར་གྱུར། ཧཱུྃ་མཛད་ཀྱི་རྒྱས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པའི་མཐུས། ཚེ་ལས་འདས་པའི་རྣམ་པར་ཤེས་པ་རིགས་དྲུག་སྐྱེ་གནས་བཞི་གར་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག ལན་གསུམ་གྱིས་བཀུག ཛཿཧཱུྃ་བཾ་ཧོཿས་བསྟིམ། བགེགས་གཏོར་ཨ་ཀཱ་རོས་བརླབ་གཡས་
གཡོན་ཏུ་བསྐོར་ལ། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཤ་དང་མར་དང་ཁུར་བ་དང༌། །ཛ་གད་གཏོར་མ་འདི་སྦྱིན་གྱིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །ལྟོ་འཕྱེ་ས་བདག་རིགས་རྣམས་དང༌། །གྲུལ་བུམ་དང་ནི་གཉན་གྱི་རིགས། །ཡི་དྭགས་ཤ་ཟའི་རིགས་རྣམས་དང༌། །དེ་བཞིན་སྟོབས་ཆེན་བདུད་ཀྱི་རིགས། །བཙན་དང་རྒྱལ་པོ་འཁོར་བཅས་དང༌། །མ་མོ་གཤིན་རྗེ་ལ་སོགས་པ། །ཁྱེད་རྣམས་ཀུན་གྱི་ལན་ཆགས་ནི། །སྐད་ཅིག་ཉིད་ལ་བྲལ་གྱུར་ཏེ། །ཚེ་འདས་རིགས་ཀྱི་བུ་འདི་དང༌། །ལུས་དང་གྲིབ་བཞིན་མ་འགྲོགས་ཤིག །ངན་སོང་གསུམ་གྱི་ལམ་མ་སྟོན། །ཚེ་ལས་འདས་པའི་སེམས་ཅན་འདིའི། །སེམས་ཀྱི་མདུད་པ་མྱུར་དུ་ཁྲོལ། །གཏོར་མ་དོར་ལ་བགེགས་བསྐྲད་པ་ནི། ཧཱུྃ། ང་ནི་པདྨ་དབང་ཆེན་ཏེ། །ཐམས་ཅད་ང་ཡིས་རང་དབང་སྒྱུར། །ང་ཡི་བཀའ་ལས་མ་འགལ་བར། །རང་རང་གནས་སུ་བྱེར་བར་གྱིས། །རྟ་སྔགས་དང་སུམྦྷ་དྲག་ཏུ་བརྗོད། གུ་གུལ་དང་ཡུངས་ཀར་གྱིས་བསྐྲད། ཏིལ་དང་མེ་ཆུ་བཤམས་ལ། ཚེ་ལས་འདས་པའི་སྙིང་གར་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་ཀཾ་ནག་པོ་ལས་སྡིག་པ་རྭ་ཅན་གྱི་རྣམ་པར་གནས་པ་དེ། ལྟེ་བ་ནས་ཡེ་ཤེས་ཀྱི་མེའི་འོད་ཀྱིས་དེད་པས་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། མེར་སྲེག་ཅིང་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། ལན་གསུམ། སྔགས་བཏབ་པའི་བྱེ་ཡུངས་ཀྱིས་བྲབས་ལ་ཡིག་བཅུ་དང༌། སྦྱོང་རྒྱུད་ནས་གསུངས་པའི་སྔགས་གང་ལྕོགས་དང༌། ཀཾ་ཀ་ནི་དང་ཡིག་
བརྒྱ་བཟླ། དེ་ནས་རྟེན་ལ་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེས་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལ་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ། ཞེས་རྒྱན་དང་ན་བཟའ་ཕུལ། ཁྲུས་ཆུ་ལས་བུམ་དུ་བླུགས་པས་
དམིགས་རྟེན་བཀྲུ་ཞིང༌། ཚེ་ལས་འདས་པ་རིགས་ཀྱི་བུ། །ཉོན་དྲུག་རྒྱུ་ལས་ལོག་པའི་གནས། །འདི་ནས་སྟེང་འོག་འཇིག་རྟེན་ན། །འགྲོ་དྲུག་ཅེས་བྱ་འཇིགས་རུང་བའི། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །མི་བཟད་ཁྱོད་ཀྱིས་མྱོང་འགྱུར་ཏེ། །དེ་ལས་བསྒྲལ་བར་བྱ་བའི་ཕྱིར། །ཕྱིན་དྲུག་ཆུ་བོ་འདིས་བཀྲུའོ། །ཡི་གེ་བཅུ་པ་དང༌། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པ་ཙམ་མམ། ཅུང་ཟད་སྤྲོ་ན། གཟུགས་ཀྱི་ཕུང་པོ་རྣམ་དག་པས། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་ཁྲུས་གསོལ་ལོ། །སྔགས་བརྗོད་པ་འགྲེ། རྣམ་ཤེས་ཕུང་པོ་རྣམ་དག་པས། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་ཁྲུས་གསོལ་ལོ། །ཚོར་བའི་ཕུང་པོ་རྣམ་དག་པས། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་ཁྲུས་གསོལ་ལོ། །འདུ་ཤེས་ཕུང་པོ་རྣམ་དག་པས། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་ཁྲུས་གསོལ་ལོ། །འདུ་བྱེད་ཕུང་པོ་རྣམ་དག་པས། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་ཁྲུས་གསོལ་ལོ། །བུམ་ཆུས་རྟེན་ལ་བྱབ་ཅིང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ཞེས་དང༌། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་
བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་འབྱུང་བཞིའི་ནང་དུ་སོང༌། །ཚེ་ལས་འདས་པའི་ཉོན་མོངས་པ་དུག་གསུམ་དཀོན་མཆོག་གསུམ་གྱི་བདེན་པས་འབྱུང་བའི་བག་ལ་ཞ་བར་གྱུར་ཅིག འབྱུང་བའི་ངང་དུ་ཐིམ་པར་གྱུར་ཅིག མེ་ཏོག་འཐོར་ཞིང༌། སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱོད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་ཀུན་ཏུ་བདེ་ལེགས་ཤོག །ཁྱོད་ཅག་སྡིག་པར་མ་གྱུར་ཅིག །ཚེ་ལས་འདས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག དེ་ནས། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བར། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །དམིགས་ཡུལ་འཇིགས་པས་རྣམ་སྐྲག་སྟེ། །ཀུན་ཏུ་བཟང་ལ་དམིགས་ཡུལ་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །དམིགས་ཡུལ་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་
ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་གསོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་འཇིགས་པ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །ཞེས་ཕྱག་བྱ། དེ་ནས་དབང་བསྐུར་བ་ནི་ལྷ་དགུ་ཡིན་ན་དབང་བསྐུར་ཡོངས་རྫོགས་སམ། དབང་བཞི་པ་ཡན་ཆད་དམ། རིག་པའི་དབང་ལྔ་ཡན་ཆད་ཚང་བར་བསྐུར། ལྷ་ལྔ་ལའང་དེ་ལྟར་བྱས་ཀྱང་རུང་མོད། འདིར་བསྡུས་པ་ལ་དགའ་བས། ཁྲུས། མཎྜལ། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་སྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང༌། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ལན་གསུམ། སྤྲོ་ན། ཕྱོགས་བཅུ་དུས་གསུམ་སོགས་ནས། ཟབ་ཅིང་རྒྱ་ཆེ་བསྟན་ཏུ་གསོལ། །བར་གཞུང་ལྟར་ལ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་
གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད། ཁྱེད་རང་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བའི། །ལྟེ་བར་པད་སྟེང་གཡུང་དྲུང་གཡོན་ཏུ་འཁྱིལ། །ཧྲཱིཿལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །སངས་རྒྱས་བྱང་སེམས་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཆར་ལྟར་བབ་བྱོན་ལུས་ངག་ཡིད་ལ་ཐིམ། །ལུས་སེམས་བདེ་བ་ཆེན་པོས་ཁྱབ་པར་གྱུར། །སྔགས་ཤམ་དུ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་བཏགས་པ་བཟླ། སྤྱི་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་རྣམས་ཀྱིས་དབང་བསྐུར་བར་གྱུར། བུམ་པས་དབང་བསྐུར་ལ། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཡིག་བཅུའི་ཤམ་དུ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲི་ཧཱུྃ། དེ་ལྟར་དབང་བསྐུར་བས་ཉོན་མོངས་པ་ལྔ་དག ཕུང་པོ་ལྔ་གནས་གྱུར། འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཐོད་པའི་བདུད་རྩི་སྦྱིན་ལ། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང༌། །སངས་རྒྱས་རྣམས་ཀྱིས་རབ་བསྒྲུབས་པ། །དེ་
རིང་ཁྱོད་ལ་བསྐུར་བར་བགྱི། །གསང་མཆོག་ཐོད་པའི་དབང་འདི་ཡོངས་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཨ་བྷི་ཥིཉྩ་ཏུ་མཱཾ། སིནྡྷཱུ་རའི་མེ་ལོང་གཏད་ལ། སངས་རྒྱས་ཀུན་གྱི་ཤེས་རབ་དབང༌། །སངས་རྒྱས་ཀུན་གྱིས་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཤེས་རབ་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག །ཨོཾ་དྷཱུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཨ་བྷི་ཥིཉྩ་ཏུ་མཾ། རྡོ་རྗེ་བསྟན་ལ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་ངོ་སྤྲད། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པའོ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ངེས་ཤེས་བསྐྱེད་པ་བཞི་པའོ། །ལྷ་དང་སྔགས་དང་སྟོང་པ་ཉིད། །བདེ་སྟོང་འདྲེས་པར་བསྒོམ་པ་དབང༌། །ཐ་མལ་ལུས་ཀྱི་རྣམ་རྟོག་ནི། །དང་པོ་བུམ་པའི་དབང་གིས་བཅད། །རང་བཞིན་ལྷ་ཡི་རྣམ་པར་བསྒོམ། །ཐ་མལ་ངག་གི་རྣམ་རྟོག་ནི། །གཉིས་པ་གསང་བའི་དབང་གིས་བཅད། །བཟླས་བརྗོད་རྒྱུན་ཏུ་བཟླས་པའོ། །ཐ་མལ་སེམས་ཀྱི་རྣམ་རྟོག་ནི། །གསུམ་པ་ཤེས་རབ་དབང་གིས་བཅད། །བདེ་དང་སྟོང་པའི་དོན་དྲན་བྱ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། །བཞི་པ་ཡེ་ཤེས་དབང་ཡིན་ནོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །མཎྜལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་དབང་བསྐུར་བས་ཚེ་འདས་ཀྱི་སྒོ་གསུམ་ལྷའི་ངོ་བོར་གྱུར། འདོད་ཡོན་རྣམས་བསང་སྦྱང༌། ཨ་
ཀཱ་རོས་བརླབ། ཨོཾ། ཟས་ལོངས་ཚེ་འདས་རིགས་ཀྱི་བུ། །ང་ནི་དབང་ཆེན་དཔལ་གྱི་སྐུ། །སངས་རྒྱས་ཀུན་དང་རབ་སྦྱོར་བའི། །ཡེ་ཤེས་འོད་ཟེར་ཀུན་ཏུ་འཕྲོ། །ཐམས་ཅད་འདོད་པ་ཚིམས་བྱེད་པ། །བཅུད་ཆེན་རོ་མཆོག་སྟོང་དང་ལྡན། །འདི་ནི་སྔོན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས། །སྔོན་ཚེ་རྒྱལ་པོ་ཚེ་འདས་རྣམས། །ཟས་གཏད་ཚིམས་ཤིང་གྲོལ་བ་ལྟར། །ཚེ་འདས་ཁྱོད་ལ་ཟས་གཏད་ཀྱི། །ཟས་འདི་ལོངས་ལ་རང་སེམས་ལྟོས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང༌། །ཕྱིས་ནས་རྒྱུ་འདི་མ་ལེན་པར། །སྐྱེ་མེད་བྱང་ཆུབ་དྲན་པར་གྱིས། །རང་སྣང་ཆོས་ཉིད་དབང་ཐོབ་ཤོག །བདེ་བ་ཅན་གྱི་ཞིང་ཁམས་ནས། །ཆོས་ཉིད་འོད་གསལ་ལྷུན་རེ་སྟུག །ཟས་འདི་ལོངས་ལ་དབྱིངས་སུ་གཤེགས། །འཁོར་བ་འདི་ལ་མ་ཆགས་ཤིག །དེ་ནས་དམིགས་རྟེན་ལག་ཏུ་ཐོགས་ཏེ། རྒྱས་པར་ན། ཆོས་སྐུ་དྲི་མེད་རྡོ་རྗེ་འཆང༌། །སྤྱན་རས་གཟིགས་དབང་འགྲོ་བའི་མགོན། །ཚེ་འདས་སེམས་ཉིད་མཆོད་པར་འབུལ། །གཏི་མུག་དབྱིངས་སུ་སྒྲོལ་མཛད་གསོལ། །བྱང་སེམས་རྣམ་པར་དག་པ་ཡི། །རྣམ་སྣང་རྒྱལ་པོ་གངས་ཆེན་མཚོ། །ཚེ་འདས་ཕུང་པོ་མཆོད་པར་འབུལ། །མ་དག་གཟུགས་ཀྱི་ཕུང་པོ་སྒྲོལ། །མི་འགྱུར་རྡོ་རྗེ་ལྟ་བུ་ཡི། །མི་བསྐྱོད་རྡོ་རྗེ་རིགས་ཀྱི་གཙོ། །ཚེ་འདས་རྣམ་ཤེས་མཆོད་པར་འབུལ། །ཞེ་སྡང་དབྱིངས་སུ་སྒྲོལ་མཛད་གསོལ། །དྲི་མེད་པདྨ་ལྟ་བུ་ཡི། །འཆི་མེད་རྒྱལ་པོ་འོད་དཔག་མེད། །ཚེ་འདས་འདུ་ཤེས་མཆོད་པར་འབུལ། །འདོད་ཆགས་དབྱིངས་སུ་སྒྲོལ་མཛད་གསོལ། །ཡིད་བཞིན་ནོར་བུ་ལྟ་
བུ་ཡི། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཚེ་འདས་ཚེ་རབ་མཆོད་པར་འབུལ། །ང་རྒྱལ་དབྱིངས་སུ་སྒྲོལ་མཛད་གསོལ། །ཕྲིན་ལས་ཐམས་ཅད་ཡོངས་རྫོགས་ཤིང༌། །རྒྱལ་བའི་དགོངས་པ་རྫོགས་མཛད་པ། །ཚེ་འདས་འདུ་བྱེད་མཆོད་པར་འབུལ། །ཕྲག་དོག་དབྱིངས་སུ་སྒྲོལ་མཛད་གསོལ།། ༈ །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཚེ་འདས་སྐྱེ་མཆེད་མཆོད་པར་འབུལ། །ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ། །རང་བཞིན་གདོད་ནས་དག་པ་ལ། །ཚོགས་གཉིས་ཟུང་འཇུག་ཕྲིན་ལས་ཀྱིས། །བར་དོར་གནས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། །ཞེས་སམ། བསྡུ་ན། དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་མན་བརྗོད། དེ་ནས། ཚེ་འདས་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །སྔགས་རྣམས་བརྗོད་ཅིང་མིང་བྱང་བསྲེགས་ལ་ཐལ་བ་སཱཙྪ་གདབ་པའམ་གཙང་སར་དོར། ལམ་བསྟན་པ་ནི། འདི་ནས་ཕྱོགས་བཅུའི་འཇིག་རྟེན་ན། །དྲི་མ་མེད་པའི་འོད་ལ་སོགས། །རྣམ་དག་སངས་རྒྱས་ཞིང་རྣམས་ནི། །པདྨོའི་དཔལ་སོགས་བདེ་གཤེགས་རྣམས། །འཚོ་གཞེས་ཁྱོད་ལ་ཉེར་དགོངས་ཏེ། །ཚེ་འདས་སྐལ་ལྡན་རིགས་ཀྱི་བུ། །རྒྱལ་བ་དེ་དག་ཞིང་དུ་གཤེགས། །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣེ་སཾ་བྷ་ཝེ། རཏྣ་ཀཱི་ར་ཎེ། རཏྣ་མཱ་ལཱ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཀྱང༌། །སྲིད་པའི་
པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་བ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟུ་སྭཱ་ཧཱ། རིགས་ཀྱི་བུ་དེ་འོད་དཔག་མེད་སོགས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་སུ་གྱུར་ཏེ་དེ་ལ་རྒྱལ་སྲས་ཐམས་ཅད་ཀྱིས་མཆོད་ཅིང་བདེ་བར་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་བར་གྱུར་ཏོ། །ཤིས་བརྗོད་དང་བསྔོ་སྨོན་བྱ། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་དང་རྗེས་ཀྱི་ཆོ་ག་རྣམས་ནི་གཞུང་ལས་འབྱུང་བ་ལྟར་བྱའོ། །རང་བྱུང་ནམ་མཁར་སྤྱོད་པའི་གཞུང་བཟང་ལས། །དཀོན་མཆོག་འབངས་ཀྱིས་བསྡུས་ཤིང་གསལ་བར་མཛད། །དེ་ལས་རང་འདྲའི་ཤེར་བརྩོན་དམན་རྣམས་ཕྱིར། །བསྡུས་ཏེ་བཀླགས་ཆོག་ཉིད་དུ་བཀོད་པའི་དགེས། །འཇིགས་རུང་སྲིད་པའི་འཁྲུལ་འཁོར་ལ། །ལས་ཀྱིས་བཅིངས་པའི་འགྲོ་བ་ཀུན། །པདྨས་བརྒྱན་པའི་ཞིང་མཆོག་ཏུ། །འཇིག་རྟེན་མགོན་པོས་དགྲོལ་བར་ཤོག །ཅེས་པའང་ཐུགས་རྗེ་ཆེ་དངོས་ཀུན་མཁྱེན་བླ་མ་མཚོ་སྐྱེས་དགྱེས་པའི་བཀའ་ལུང་རྗེས་སུ་བསྒྲུབ་སླད། ཟབ་ཆོས་འདི་ཉིད་ཀྱི་སྣོད་ལྡན་ཏུ་གྱུར་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །རྩ་གསུམ་སྤྱི་ལ་སྦྱར་དུ་རུང་བའི་སྲེག་བླུགས་ཀྱི་ཆོ་ག་མདོར་བསྡུས་པ་ཀུན་ལ་ཕན་པ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་མཱཾ་གུ་ར་བེ། ཇི་ལྟར་ནོར་བུའི་རྒྱལ་པོ་ནི། །སྣ་ཚོགས་ཚོན་གྱི་མདངས་འཛིན་ལྟར། །མོས་པ་དང་མཚུངས་མཆོག་དངོས་ཀྱི། །འདོད་པ་འཇོ་བ་དེ་ལ་འདུད། །རྣལ་འབྱོར་
རྒྱུན་གྱི་བྱ་བའམ། །གང་དག་བསྙེན་པའི་ཁ་སྐོང་དང༌། །སྤྲོས་མེད་སྤྱོད་དང་འཚམས་པ་ཡི། །སྲེག་བླུགས་བྱ་བ་མདོར་བསྡུས་བཤད། །ལས་ཉེ་བར་བསྡུས་པའི་ཆོ་ག་འདི་ལ་དོན་གསུམ། སྤྱིར་སྦྱིན་སྲེག་བསྡུས་པའི་ལག་ལེན། བྱེ་བྲག་བསྙེན་པ་ཁ་སྐོང་བྱ་ཚུལ། སྤྲོས་མེད་རྫས་གཅིག་ཁོ་ན་ལ་བརྟེན་པ་རྣམས་སོ། །དང་པོ་ནི། ཞི་རྒྱས་དབང་དྲག་གང་བྱེད་ཀྱི་མེ་ཐབ་སྤྱི་མཐུན་བྲིས་ལ། ལས་དང་མཐུན་པའི་བུད་ཤིང་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་སྟེ་སོ་སོའི་དབྱིབས་སུ་བརྩིག བྲིས་ཐབ་ཙམ་ཡང་མ་གྲུབ་ན་ས་སྟེགས་ལ་ལྷ་གྲངས་དང་མཐུན་པའི་ཚོམ་བུ་ལས་མདོག་བཀོད་ཀྱང་རུང་བར་གསུངས། ཞི་རྒྱས་དབང་གསུམ་ལ་རང་གི་གཡོན་ཕྱོགས་སུ་ཕྱི་མཆོད་ཕྲེང་ཚར། ལས་མཐུན་གྱི་འབུལ་གཏོར་ཆེ་ཆུང་གཉིས། གཡས་སུ་བསྲེག་རྫས་ཀྱི་གཙོ་བོ་མར་ཁུ་དང་ཡམ་ཤིང༌། དེའང་ཞི་བ་ལ་བ་ལུ་སོགས་འོ་མ་ཅན་གྱི་ཤིང་མཐེའུ་ཆུང་གི་ཚད་སོར་བཅུ་གཉིས་པ་སྦྲང་འོ་མ་མར་ཁུས་སྦགས་པ་དང༌། ཏིལ། ཡུངས་ཀར། གྲོ། རྒྱས་པ་ལ་ཤུག་པ་དང་འོ་སེ་སོགས་འབྲས་བུ་ཅན་གྱི་ཤིང་སྦོམ་པོ་ཁྲུ་གང་པ་དྲི་བཟང་མར་གྱིས་བགོས་པ་དང༌། དཱུརྦ། ཞོ། འབྲས། ནས། སྲན་མ། སོ་བ། ཤིང་ཏོག དབང་ལ་འོམ་བུ་དང་མཛོ་མོ་ཤིང་སོགས་མེ་ཏོག་འབྲས་བུ་དམར་ཞིང་རོ་སྐྱུར་བའི་ཤིང་སྲིན་མཛུབ་གྱི་ཚད་སོར་བརྒྱད་པ་བདུད་རྩི་ལྔ་དང་མངར་གསུམ་གྱིས་བྱུགས་པ་དང༌། ཟས་མཆོག མེ་ཏོག་དམར་པོ། དྲག་པོ་ལ་སྐྱེར་ཚེར་སོར་བཅུ་གཉིས་པ་དུག་ཁྲག་ཏུ་བསྙུགས་པ་དང༌། ཚ་བ་གསུམ་བསྲེས་པའི་བག་ཕྱེའི་ལིང་ཆུང་དང་ཤ་ཁྲག་བཅས་འདུ་བྱ། མར་ཁུ་དང་ཡམ་ཤིང་ནི་མེད་དུ་མི་རུང་ལ། གཞན་སྡིག་པ་ཞི་བ་ལ་
ཏིལ། བགེགས་ཞི་བ་ལ་ཡུངས་ཀར། ཚེ་རྒྱས་པ་ལ་དཱུརྦས་མཚོན་སྐབས་ཀྱི་དགོས་པ་དང་བསྟུན་གང་འཛོམ་གྱིས་ཆོག་ཅིང༌། དེ་དག་ཀྱང་སོ་སོར་མི་འདོད་ན། ཞི་སོགས་གསུམ་ལ་ཕྱེ་མར་ལ་སོ་སོའི་རྫས་གང་འཛོམ་དང་སྨན་སྣ་རིན་པོ་ཆེ་དར་ཟབ་ཤིང་ཏོག་སོགས་བསྲེས་པའི་རྫས་སྤུངས་ཁོ་ན་བཤམ། ནང་མཆོད། ཀུ་ཤའི་ཆུན་པོ་ལྔ། བསང་ཆུ། དགང་བླུགས། མེ་ཡོལ་སོགས་སྤྱི་ལྟར་འདུ་བྱ། བདག་བསྐྱེད་ལྷའི་རྣལ་འབྱོར་བཟླས་པ་བསྡུ་ལྡངས་བཅས་གྲུབ་པ་དང༌། བསང་སྦྱང༌། བསང་ཆུའི་སྟེང་དུ་ཧཱུྃ་ཡིག་ལས། །བགེགས་རྣམས་མཐར་བྱེད་བདུད་རྩི་འཁྱིལ། །ལྗང་གུ་རྒྱ་གྲམ་སྡིགས་མཛུབ་ཅན། །ཁྲོ་ཆས་རབ་འབར་སྐུར་གསལ་བའི། །ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལ། །སྔགས་ཕྲེང་གཡས་སུ་བསྐོར་བར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅི་འགྲུབ་བཟླ། ཁྲོ་བོ་འོད་ཞུ་ཆུ་ཡི་རྔུལ། །བགེགས་རྣམས་བསྐྲད་པའི་ནུས་ལྡན་གྱུར། །དཀྱིལ་འཁོར་སོ་སོའི་ལས་བུམ་སྒྲུབ་པ་དང་འབྲེལ་ན་འདི་མི་དགོས་ལ། སྤྱི་ཙམ་དུ་འདི་ཡིས་ཆོག་གོ །རྡོ་རྗེ་བཟུང་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ། དྲིལ་བུ་བཟུང་ལ། ཨོཾ་བཛྲ་གཎྜེ་ཨཿ དཔལ་འབར་ལ་བསང་ཆུ་འཐོར། ལས་སྔགས་བརྗོད། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོ་ནས་སྤར། ཨོཾ་ཨཱཿཧཱུྃ་གིས་རླུང་གཡབ། དཀྱིལ་འཁོར་སོ་སོའི་ལས་སྔགས་སམ་སྤྱི་ཙམ་དུ་བཛྲ་ཨ་མྲྀ་ཏ་བརྗོད་ལ་མར་ཁུ་དགང་བླུགས་གསུམ་གསུམ་འབུལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྟེང༌། །
བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་སྔགས་ལན་ལྔ་བརྗོད་ལ་ཀུ་ཤའི་ཆུན་པོ་གཅིག་ཐབ་ཀྱི་སྟེང་དུ་བཞག་པ་མེ་ལྷའི་གདན་ཏུ་བསམ། བཞི་པོ་རང་གི་གཡོན་ནས་བརྩམས་ཏེ་ཐབ་ཀྱི་ཕྱོགས་བཞིར་རྩེ་མོ་མདུན་དུ་བལྟ་བ་སྔོན་འགྲོས་བཀྲམ། མཆོད་རྫས་རྣམས་རང་གཞུང་མཆོད་པ་བྱིན་རླབས་དང༌། བསྲེག་རྫས་རྣམས་སོ་སོའི་བདུད་རྩི་བྱིན་རླབས་ལྟར་བརླབས་པའི་རྗེས་སུ། ངོ་བོ་བདུད་རྩིའི་རང་བཞིན་ལ། །རྣམ་པ་བསྲེག་རྫས་སོ་སོར་གྱུར། །ཨོཾ་ཨཱཿཧཱུྃ། ཨོཾ་ཋཿཋཿཋཿཋཿཋཿཋཿཋཿ དགང་བླུགས་ཁ་སྦྱར་བས་རེག་སྟེ། མར་ཁུ་ལ། ཨོཾ་ཨཱཿསྭཱ་ཧཱ། ཡམ་ཤིང་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་སྤྱིར། ཨོཾ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཐབ་བསང་སྦྱང༌། སྟོང་པའི་ངང་ལས་ལས་མཐུན་གྱི། །ཐབ་ཁུང་མཚན་ཉིད་ཡོངས་རྫོགས་དབུས། །ཞི་བའི་མེ་ལྷ་དཀར་པོ་ནི། །ཞེས་སམ། རྒྱས་པའི་མེ་ལྷ་སེར་པོ། དབང་གི་མེ་ལྷ་དམར་པོ། དྲག་པོའི་མེ་ལྷ་ནག་པོ་ཞེས་སོ་སོར་བསྒྱུར། ཞལ་གཅིག་ཕྱག་གཉིས་མེ་ཐབ་དང༌། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །ར་སྐྱེས་ལ་གནས་གནས་གསུམ་དུ། །འབྲུ་གསུམ་འོད་ཀྱིས་སྤྱན་དྲངས་གྱུར། །ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་རྒྱལ་པོ་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊཀྐི་ཧཱུྃ་ཛཿ ཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཕངས་ལ། ཐབ་ཀྱི་ཤར་ལྷོར་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་པཱ་
དྱཾ་སྦྱར་བས་ཆུ་གཉིས་ཀྱིས་མཆོད། ལག་གཡས་རྩེ་གསུམ་རྒྱ་བཅས། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ་སརྦ་བྷསྨིན་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཞེས་དམ་ལ་བཞག ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །སླར་ཡང་དབང་ལྷས་དབང་བསྐུར་ཏེ། །རིགས་ཀྱི་བདག་པོས་དབུར་བརྒྱན་གྱུར། །ཨོཾ་ཨགྣ་ཡེ་ས་པཱ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཤབྡའི་བར་དུ་འགྲེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །བྱོན་ཟན་འབུལ་བ། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷ་ཅུང་ཟད་ཞལ་གདངས་པའི། །ལྗགས་ལ་རྃ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ན་མཿས་མནྟ་བུདྡྷ་ནཱཾ་ཨོཾ་ཨགྣ་ཡེ་ཧ་བྱ་ཀཱ་བྱ་བཏྣ་ཡ་ཨཱ་དི་བྱ། ཞེས་གསུམ་མམ་བདུན་གྱི་མཐར། སྤེལ་ཚིག་ནི། ཞི་བ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང༌། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཀུན། །སརྦ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང༌། །ཚེ་དང་བསོད་ནམས་དཔལ་འབྱོར་དང༌། །ནོར་དང་ལོངས་སྤྱོད་སྙན་གྲགས་སོགས། །སརྦ་པུཥྚིཾ་ཀུ་རུ་ཨོཾ། དབང་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་འཚོ་རྐྱེན་དང༌། །སྲིད་གསུམ་སྐྱེ་དགུ་འཇིག་རྟེན་གྱི། །ཚེ་དཔལ་འབྱོར་པ་
སྲོག་བཅུད་རྣམས། །སརྦ་བ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང༌། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། དེ་ནས་བསྲེག་རྫས་ཡམ་ཤིང༌། ཨོཾ་ཨགྣ་ཡེ་ས་པ་རི་བཱ་རེ་བྷྱཿ ཞེས་ལན་གཅིག ཨོཾ་བོ་དྷཱི་བྲྀཀྵ་ཡ་སྭཱ་ཧཱ། ཞེས་པས་བདུན་སོགས་ཕུལ་མཐར། ཨོཾ་བོ་དྷི་བྲྀཀྵ་ཡ་བདག་ཅག་དཔོན་སློབ་སོགས་འདོད་གསོལ་སྦྱར་བ་རིགས་འགྲེ། མར་ཁུ་ལྷ་སྔགས་དེ་མཐར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་སྤེལ་ཚིག་བཅས་ལས་བཞི་ཀར་གསོག ཞི་བའི་སྐབས། ཆེད་དུ་སྡིག་པ་ཞི་འདོད་ན་ཏིལ་ནག ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། བགེགས་ཞི་བར་འདོད་ན་ཡུངས་ཀར། ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ནད་ཞི་བར་འདོད་ན་གྲོ། ཨོཾ་བཛྲ་གྷསྨ་རྻཻ་སྭཱ་ཧཱ། རྒྱས་པ་ལ། ཚེ་རྒྱས་པར་འདོད་ན་དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཤེས་རབ་ལ་ཞོ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། དཔལ་འབྱོར་ལ་འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། ལུས་ཀྱི་ཤུགས་ལ་ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྟོབས་ལ་སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ནོར་འབྲུ་ལ་སོ་བ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། རིགས་བརྒྱུད་ལ་ཤིང་ཏོག ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། དབང་ལ། བདེ་སྐྱིད་དངོས་གྲུབ་སྡུད་ན་ཟས་མཆོག ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། སྤྱི་ལ་ལྷ་སྔགས་ཤམ་དུ་འབྲུ་གསུམ་སྦྱར་བས་མེ་ཏོག་དམར་པོ་སོགས་ཕུལ། དྲག་པོ་ལ་ལིངྒ་ཤ་ཁྲག་བཅས་ལྷ་སྔགས་འབྲུ་གསུམ་སྦྱར་བས་ཏེ། དེ་ལྟར་རྫས་སོ་སོར་ལྷག་པར་ཕུལ། ཆེད་དུ་
མི་སྤྲོ་བའམ་རྫས་མ་འཛོམ་ན་མར་ཁུ་ཡམ་ཤིང་གཉིས་པོ་ཁོ་ནས་ཆོག་གོ །མཐར། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་རྫས་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་ཐོག་མཐའ་དེས་འགྲེ་བའི། ཤབྡའི་བར་དང༌། པཉྩ་ཨ་མྲྀ་ཏ། མ་ཏཾ་གི་«་་་་་འདི་བསང་མཆོད་ཡིན་པས་འཁྱུད་རྒྱ་མཛད་སྲོལ་ཡོད།» རྣམས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དགང་བླུགས་ལན་གསུམ་ཕུལ། ལས་སྔགས་དང་བསང་ཆུ་འཐོར། མེ་ལྷ་འོད་ཞུ་འབར་བ་ཡི། །རྣམ་པར་གྱུར་པ་དེ་ཡི་དབུས། །ཞེས་མཚམས་སྦྱར་ནས་ལྷ་སོ་སོའི་མདུན་བསྐྱེད་དབང་བསྐུར་རྒྱས་གདབ་བར་ཡན་ལག་བཞི་རྫོགས་སུ་བསྒོམ། དེའང་རྒྱལ་རྒྱམ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་མ་དཀོན་མཆོག་འབངས་ཀྱིས་མཛད་པ་ལ་མཚོན་ན། འོད་ཟེར་ལས་གྲུབ་གཞལ་ཡས་ཁང༌། །ཞེས་པ་ནས། རིགས་ལྔས་དབུ་ལ་བརྒྱན་པར་གྱུར། །ཅེས་པའི་བར་མདུན་བསྐྱེད་ཀྱི་དཀྱུས་ལྟར་སྦྱར་བའི་མཐར། ཞི་བ་ལ། ལྷ་ཚོགས་ཐམས་ཅད་ཞི་ཞིང་འཛུམ་པ་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། རྒྱས་པར། ལྷ་ཚོགས་ཐམས་ཅད་བརྗིད་ཅིང་ལྷུན་ཆགས་པ་འོད་ཟེར་སེར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། དབང་ལ། ལྷ་ཚོགས་ཐམས་
ཅད་སྒེག་ཅིང་ཆགས་པ་འོད་ཟེར་དམར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། དྲག་པོར། ལྷ་ཚོགས་ཐམས་ཅད་ཁྲོ་གཏུམ་འཇིགས་རུང་འོད་ཟེར་མཐིང་གའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཞེས་བསྒྱུར་དེ་ནས་བྱོན་སྐྱེམས་ནི། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་འདས་ཀྱི་ལྗགས་ལ་ཡང༌། །ཧཱུྃ་ཡིག་དག་གིས་མཚན་པ་ཡིས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །དཀྱིལ་འཁོར་གང་ཡིན་གྱི་གཙོ་བོའི་སྙིང་པོས་དགང་བླུགས་ལན་གསུམ་ཕུལ། སྤེལ་ཚིག་མེ་ལྷ་ལྟར་བརྗོད། དེ་ནས་སོ་སོའི་གཞུང་ལྟར་མཆོད་བསྟོད་ཚང་བ་རྒྱས་བསྡུས་གང་འགྲུབ་བྱ། དེའང་རྒྱལ་རྒྱམ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་མར་མཚོན་ན། ཨོཾ། མཆོད་ཡོན་བདུག་སྤོས་སོགས་ཀྱིས་མཆོད། བསྟོད་པ་དཀྱུས་ལྟར་རམ་བསྡུ་ན། ཨོཾ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ་སོགས་ནས། འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་དང༌། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། དེ་ནས་བསྲེག་རྫས་རྣམས་ལྷ་སྔགས་ཚར་རེའི་རྗེས་རྫས་སྔགས་ཉེར་གཅིག་ལ་སོགས་པ་ཅི་འགྲུབ་མཐར་སྤེལ་ཚིག་སྦྱར་བ་མེ་ལྷའི་སྐབས་ལྟར་འབུལ། ཡང་ན་མར་ཁུ་ཡམ་ཤིང་མ་གཏོགས་པའི་རྫས་གཞན་གང་འབྱོར་ཕྱོགས་གཅིག་བསྲེས་པའི་རྫས་སྤུངས་ཉིད་ལྷ་སྔགས་མཐར། ས་པ་རི་བཱ་ར་ཨོཾ་ཨཱཿཧཱུྃ། ཞེས་སྦྱར་བ་ཁོ་ནས་འབུལ་བ་ལ་གྲངས་འཛིན་པའང་ཕྱག་སྲོལ་བར་མ་ཆད་པ་ཡིན་ནོ། །དེ་ནས་ཞི་བའི་སྐབས། བསྲེག་རྫས་ཕུལ་བས་ལྷ་ཚོགས་རབ་ཏུ་མཉེས། ལྷ་རྣམས་སྐུ་ལས་འོད་ཟེར་མུ་ཏིག་མདོག །བདེ་བའི་རེག་བྱ་ལྡན་པ་དཔག་མེད་འཕྲོས། །
འགྲོ་བ་ཀུན་དང་བདག་དང་བསྲུང་བྱ་ཡི། །ཚངས་བུག་ནས་ཞུགས་ལུས་གང་ནད་གདོན་སྡིག །བ་མོར་ཉི་ཟེར་ཕོག་ལྟར་དག་གྱུར་ཏེ། །བདེ་སྟོང་ཉམས་སྐྱེས་དྲི་མེད་ཤེལ་ལྟར་གྱུར། །རྒྱས་པ་ལ། བསྲེག་རྫས་ཕུལ་བས་ལྷ་ཚོགས་རབ་ཏུ་མཉེས། །ལྷ་རྣམས་སྐུ་ལས་འོད་ཟེར་གསེར་གྱི་མདོག །བདག་དང་བསྲུང་བྱ་ལ་ཕོག་ཚེ་བསོད་འཕེལ། །འོད་ཟེར་གསེབ་ནས་རིན་ཆེན་ཆར་འབེབས་གྱུར། །དབང་ལ། བསྲེག་རྫས་ཕུལ་བས་ལྷ་ཚོགས་རབ་ཏུ་མཉེས། །ལྷ་རྣམས་འོད་ཟེར་པདྨ་རཱ་གའི་མདོག །ལྕགས་ཀྱུའི་དབྱིབས་འཕྲོས་འཇིག་རྟེན་སྤྱི་དང་ནི། །བྱེ་བྲག་དམིགས་བྱ་གང་ཡིན་མདུན་དུ་བཀུག །གུས་འདུད་ལྡན་པ་ཆགས་པའི་མེ་ཡིས་ཞུ། །འོད་དམར་གྱུར་ནས་བདག་ལ་ཐིམ་པར་བསམ། །དྲག་པོ་ལ། ལྷ་རྣམས་ཞལ་ཁྱིམ་གནམ་ས་ཙམ་དུ་གདངས། །དེ་ནང་ཤ་ཁྲག་ལིངྒ་ཕུལ་བ་དེ། །དགྲ་བགེགས་དངོས་ཉིད་རྐང་རྟིང་སྐྱ་ལྷག་ལྷག །མགོ་མཇུག་ལྡོག་སྟེ་དྲག་ཏུ་གསོལ་བར་བསྒོམ། །དེ་ལྟར་བསྲེག་རྫས་རྫོགས་མཐར་ལས་བཞི་ཀར་དཀྱིལ་འཁོར་རང་གཞུང་ལྟར་མཆོད་ཅིང་བསྟོད། གཏོར་མ་བདུད་རྩི་ལྟར་བྱིན་བརླབ། །སྙིང་པོའི་མཐར། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་
བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་གྲུབ་མཛོད། །འདོད་དོན་གསོལ་བ་ནི། སྙིང་པོའི་སྔགས་ཀྱིས་དགང་བླུགས་ལན་གསུམ་ཕུལ་ལ། བདག་ཅག་དཔོན་སློབ་སོགས་གོང་ལྟར་བརྗོད། ཡིག་བརྒྱ་བཟླ་ཞིང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཾཿས་ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ། དམ་ཚིག་པ་རང་ལ་ཐིམ་པར་གྱུར། མར་ཁུ་བླུགས་གཟར་གང་ཕུལ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། སླར་ཡང་མེ་ལྷ་འབར་བའི་རྣམ་པ་ལས། བཞེངས་ཏེ་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། ཡམ་ཤིང་མར་ཁུ་སོགས་བསྲེག་རྫས་རྣམས་ལན་གསུམ་སོགས་འབུལ། སྤེལ་ཚིག་མི་སྦྱར། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་སྦྱར་བས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་
བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། གཏོར་མ་ཨ་ཀཱ་རོས་བྱིན་བརླབ། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནད་མེད་ཚེ་དང་སོགས་གོང་ལྟར་བརྗོད། ཐལ་མོ་སྦྱར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ་ཞེས་སོགས་ལས་བཞི་གང་ཡིན་གྱི་འདོད་དོན་དམིགས་སུ་གསོལ། ཡིག་བརྒྱ། བཟོད་གསོལ་གྱི་རྗེས་སུ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །ཞེས་དང་བསྔོ་སྨོན་བཀྲ་ཤིས་བརྗོད་ལ། རྗེས་མེ་ཐལ་གྱི་བྱ་བ་སྤྱི་ལྟར་བྱའོ། །གཉིས་པ་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་ལ། དཀྱིལ་འཁོར་གྱི་བསྙེན་པ་ཡོངས་སུ་རྫོགས་ནས་སྔགས་དང་འབྲེལ་པའི་སྦྱིན་སྲེག་ཁྲི་ཕྲག་གཅིག་གིས་ལྷ་ཚིམ་པར་བྱ་དགོས་པ་རྒྱུད་སྡེ་མང་པོ་ལས་གསུངས་ཤིང༌། དེའང་ལེགས་གྲུབ་ཀྱི་རྒྱུད་ལས་ཉིན་པར་བཟླས་པ་དུ་སོང་གི་བཅུ་ཆའི་སྦྱིན་སྲེག་མཚན་མོར་བྱ་བ་དང༌། ཡང་ན་སྔགས་བཅུ་བཅུ་བཟླས་ཤིང་སྦྱིན་སྲེག་རེ་རེ་བྱས་པས་སྔགས་འབུམ་དང་སྦྱིན་སྲེག་ཁྲི་དུས་མཉམ་དུ་འགྲོ་བ་དང༌། སམྦུ་ཊི་ལས། དང་པོར་སྔགས་འབུམ་བཟླས་ནས་ནི། །ཕྱིས་ནས་ལས་ནི་ཡང་དག་བརྩམ། །ཞེས་
གསུངས་པའི་ལུགས་གསུམ་ལས་ད་ལྟ་ཕྱི་མ་ཉིད་ལག་ལེན་ཏུ་མཛད་པས་དེའི་ཚུལ་ལའང་གྲུབ་མཐའ་ཕལ་མོ་ཆེས་བསྙེན་པའི་ཁ་སྐོང་ཡིན་ཕྱིན་ཆད་སྔགས་ཀྱི་ལྷག་ཆད་སྐོང་བ་ལ་གཙོ་བོར་དགོངས་ནས་ཞི་བའི་སྦྱིན་སྲེག་ཁོ་ན་མཛད་པར་སྣང་ཞིང༌། དེ་ལའང་རྒྱས་བསྡུས་གཉིས་ལས་རྒྱས་པར་སྤྲོ་ན་ཞི་བའི་སྲེག་བླུགས་གོང་སྨོས་སམ། དེ་ལས་རྒྱས་པའང་གྲུབ་ན་ལེགས་པའི་ཆ་ལས་སྐྱོན་མེད་ཅིང༌། མདོར་བསྡུས་པའི་ཕྱག་བཞེས་ནི། ཞི་ཐབ། བུད་ཤིང༌། མཆོད་རྫས། བསྲེག་རྫས་མར་ཁུ་ཡམ་ཤིང་ཏིལ་ནག རྫས་གཞན་མ་འཛོམ་ནའང་ཆོག་ཅིང་དགང་བླུགས་སོགས་མཁོ་བའི་ཡོ་བྱད་སྟ་གོན་ཏུ་བྱས་ལ་ཁ་ཤར་དུ་ཕྱོགས་པས་བདག་གི་རྣལ་འབྱོར་བཟླས་པ་བསྡུ་ལྡངས་བར་བྱས་ལ། མཆོད་བསྲེག་རྫས་བྱིན་བརླབ། ཐབ་ཁུང་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ལ། ཨོཾ་བཛྲ་ཨུདྡིཥྚས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་རྫོགས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་མེ་སྦར་ཞིང་རླུང་གཡབ་མར་ཁུས་གསོས་ལ་དེ་ནས་བརྩམས་སྦྱིན་སྲེག་གྲུབ་ཀྱི་བར་མེ་མ་ཤི་བར་བྱ། དེ་ནང་དུ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ནམ་མཁར་བཞུགས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐབ་ཀྱི་དབུས་སུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། མཆོད་བསྟོད་སྒྲུབ་ཐབས་ལྟར་གྲུབ་ནས། ལྷ་སོ་སོའི་སྔགས་མཐར་རྫས་སྔགས་དང༌། བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སམ། ཤིན་ཏུ་བསྡུ་ན་འབྲུ་གསུམ་གྱི་མཐར་སྤེལ་ཚིག་སྦྱར་བའང་སྣང་ཞིང་གང་ལྟར་སྔགས་འབུམ་ཕྲག་རེ་ལ་སྦྱིན་སྲེག་ཁྲི་རེ་འགྲོ་བ་དང་རྫས་ཀྱང་ཏིལ་ནག་ལ་གཙོ་
བོར་བྱ། ཐུན་མཐར་དཀྱིལ་འཁོར་པ་ལ་མཆོད་བསྟོད་དངོས་གྲུབ་བླང༌། ནོངས་པ་བཤགས། ལྷ་རྣམས་རང་ལ་བསྡུ། མེ་ཐབ་ས་གསར་པས་གཡོགས་ལ་སྦ། ནངས་པར་ཆོ་ག་ལ་སྔར་བཞིན་འཇུག ཡང་ཕྱག་ལེན་འགའ་ཞིག་ཏུ་ལྷ་སྤྱི་ཁྱབ་ལ་ཞི་བ། ཚེ་ནོར་གྱི་ལྷ་ལ་རྒྱས་པ། དབང་དྲག་ལའང་སོ་སོའི་སྲེག་བླུགས་ཀྱིས་ཁ་སྐོང་བའང་སྣང་བས་དེ་ལྟ་ན་སྤེལ་ཚིག་ཀྱང་སོ་སོར་བསྒྱུར་ཤེས་པར་བྱའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་རྫས་གཅིག་ཁོ་ན་ལ་བརྟེན་པ་ནི། ཐབ་ཀྱི་མེའམ། མདུན་ཏུ་མེ་ཁྲོལ་སོགས་མེ་སྣོད་བཞག ཞི་བ་ལ་ཏིལ་ཡུངས་འདུ་བྱས་པ་ལ་སྣ་གཡས་ནས་རླུང་བུས་ལ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན། །བསྡུས་ཏེ་ཏིལ་ལ་ཐིམ་པར་གྱུར། །མེ་དབུས་ཞི་བའི་ཐབ་ཁུང་ཡོངས་རྫོགས་ནང༌། །ཡི་དམ་གཙོ་རྐྱང་མདོག་དཀར་འོད་ཟེར་འབར། །ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ་ཡི། །ཞལ་དུ་བསྲེག་རྫས་ཕུལ་བས་སྒྲིབ་སྦྱངས་གྱུར། །ཞེས་མོས་ལ་ཡི་དམ་གང་ཡིན་གྱི་སྔགས་ཤམ་དུ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སརྦ་པཱ་པྃ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ཁོ་ནས་ཅི་འགྲུབ་ཕུལ་ལ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ཤྭ་ལོ་ཀ་གཅིག་གིས་བསྟོད། ལྷ་ཉིད་འོད་ཞུ་རང་ལ་ཐིམ་པར་མོས། རྒྱས་པ་ལ་རིན་ཆེན་ཕྱེ་མ་འབྲུ་སྣ་ཟས་སྣ་དར་སྣ་སོགས་གང་འཛོམ་བྲན། ཨ་ཀཱ་རོ་ལན་གསུམ་བརྗོད་པས། བསྲེག་རྫས་རྣམས་བདུད་རྩིའི་རང་བཞིན་དུ་གྱུར། མེ་དཀྱིལ་རྒྱས་པའི་ཐབ་ཁུང་མཚན་ཉིད་རྫོགས། །དེ་དབུས་ཡི་དམ་གསེར་
མདོག་འོད་ཟེར་འབར། །བསྲེག་རྫས་བདུད་རྩིའི་དྭངས་མ་ཕུལ་བས་མཉེས། །རིན་ཆེན་ཆར་འབེབས་འབྱོར་དྲུག་སྤེལ་བར་གྱུར། །སྔགས་ཤམ་དུ། ཛྭ་ལ་རཾ་རཾ་རཏྣ་སིདྡྷི་ཧཱུྃ། ཞེས་ཅི་ནུས་འབུལ། མཆོད་བསྟོད་བསྡུ་བ་སྔར་དང་འདྲ། དབང་ལ་མེ་ཏོག་དམར་པོ་དངོས་སམ་འབྲུ་ལ་ཚོན་གྱིས་ཁ་བསྒྱུར་བ། སིནྡྷུ་ར། ཆང་གི་གླུམ། ཤིང་ཏོག་དམར་པོ་ལ་སོགས་པ་ཕྱོགས་གཅིག་ཏུ་བྲན། གོང་ལྟར་བྱིན་བརླབ། མེ་དཀྱིལ་དབང་གི་ཐབ་ཁུང་མཚན་ཉིད་རྫོགས། །དེ་དབུས་ཡི་དམ་གཙོ་རྐྱང་སྐུ་མདོག་དམར། །འོད་ཟེར་དམར་པོས་སྣང་སྲིད་དབང་དུ་སྡུད། །བསྲེག་རྫས་མྱོས་བྱེད་བདུད་རྩི་གསོལ་བར་གྱུར། །རྩ་སྔགས་ཤམ་དུ། སརྦ་ལོ་ཀ་བ་ཤཾ་ཀུ་རུ་ཧྲཱིཿ ཞེས་ཅི་ནུས་འབུལ་ལ་མཆོད་བསྟོད་སོགས་གོང་ལྟར་རོ། །དྲག་པོ་ལ་ཐོད་ཏིང་ཟངས་ལྕགས་ཀྱི་སྣོད་དུ་ཡུངས་ཀར་བླུགས། རང་ཉིད་ཡི་དམ་ཐུགས་ཀའི་འོད་ཟེར་གྱིས། །དགྲ་བགེགས་བཀུག་ནས་རྫས་ལ་ཐིམ་པར་གྱུར། ཧཱུྃ། དཀོན་མཆོག་གསུམ་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས། །གནོད་བྱེད་དགྲ་བགེགས་བྱད་མ་རྣམས། །དྲག་པོའི་བསྲེག་རྫས་འདི་ལ་ཁུག །ནྲི་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད། མེ་ནང་དྲག་པོའི་ཐབ་ཁུང་རབ་ཏུ་འབར། །དེ་དབུས་དྲག་པོའི་ལྷ་མཆོག་འཇིགས་སུ་རུང༌། །ཞལ་དང་སྐུ་ལུས་མེ་ཡི་རང་བཞིན་ཅན། །གནམ་ས་ཙམ་གྱི་ཞལ་ཆེན་གདངས་པའི་ནང༌། །ཡུངས་འབྲུ་རེ་རེ་དགྲ་བགེགས་དངོས་གྱུར་པ། །མགོ་མཇུག་ལྡོག་སྟེ་རྐང་མཐིལ་སྐྱ་ལྷག་བཞེས། །ལུས་ངག་ཡིད་གསུམ་དངོས་མེད་བསྲེགས་ཤིང་བཅོམ། །
སེམས་ཉིད་སྟོང་གསལ་ཆོས་སྐུར་ཐིམ་པར་གྱུར། །སྔགས་ཤམ། གནོད་བྱེད་དགྲ་བགེགས་བྱད་མ་མཱ་ར་ཡ་ཕཊ། ཅེས་པ་བརྒྱ་རྩ་སོགས་ཕུལ། མཆོད་བསྟོད་བསྡུ་རིམ་གོང་ལྟར་བྱ། དེ་ལྟར་སྤྲོས་མེད་ལུགས་འདི་ལ་ཚེ་སྲོག་གི་ངོ་བོ་གདོད་ནས་གོས་དཀར་མོའི་ངོ་བོར་རྣམ་པར་དག་པ་ཤེས་པས་མེ་ལྷ་མཆོད་པའི་དོན་ཚང༌། འཁོར་རྣམས་ཉི་མ་དང་འོད་ཟེར་བཞིན་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་ཡིན་པར་ཤེས་པས་ཟུར་དུ་བསྐྱེད་མི་དགོས། བསྲེག་རྫས་རྣམས་ཀྱང་སྣེ་རེ་རེའམ་གང་འབྱོར་ཙམ་གྱིས་ཆོག་པས་ཏིང་ངེ་འཛིན་གཙོ་བོར་བྱེད་པའི་རྣལ་འབྱོར་པ་རྣམས་ལ་ཟབ་ཅིང་ལག་ཏུ་བླང་བདེ་བའི་གདམས་པའོ། །ཉོན་མོངས་བསྲེག་ཟ་དྲི་མེད་ཡེ་ཤེས་ཀྱི། །མེ་དཔུང་ཁམས་གསུམ་ཡོངས་ལ་མཆེད་ནས་ཀྱང༌། །སྲིད་པའི་རྒྱ་མཚོ་གཏིང་ནས་སྐམ་པ་དང༌། །སེམས་དཔའ་རྡོ་རྗེའི་བདེ་དྲོད་རབ་འབར་ཤོག །ཅེས་པ་འདིའང་འཁོར་ལོའི་དབང་ཕྱུག་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་བཀའ་ཡིས་རྗེས་སུ་གནང་བ་ལྟར། འདུ་གསུམ་གྱི་རྣལ་འབྱོར་སྤྱོད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། ༈ །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་ཀུན་མཁྱེན་རང་བྱུང་ཡབ་སྲས་ཀྱི་བཞེད་པའི་སྙིང་པོ་བསྡུས་པ་རྣམ་དག་དགོངས་གསལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་རཱ་ཛ་ཡ། རབ་བརྟན་ཡེ་ཤེས་རྡོ་རྗེ་དམ་ཚིག་གི །ཕྱག་རྒྱའི་སྲོག་ཏུ་གཞུག་ཚེ་བེམ་པོས་ཀྱང༌། །སངས་རྒྱས་ཕྲིན་ལས་ལྷུན་གྱིས་གྲུབ་མཛད་པ། །
དངོས་ཀུན་ཁྱབ་བདག་གང་དེས་ཤིས་པ་སྩོལ། །རབ་ཏུ་གནས་པའི་ཆོ་ག་མཁས་རྣམས་ཀྱིས། །རྒྱས་བསྡུས་མང་དུ་མཛད་མོད་རང་མཉམ་གྱིས། །ལག་ཏུ་ལེན་བདེ་རྒྱུད་འགྲེལ་རྩ་བའི་དོན། །རང་བཟོ་མེད་པར་འཆད་ལ་སྐྱོན་ཡོད་མིན། །རྟེན་གསུམ་ལ་སོགས་པ་རྣམས་གསང་གསུམ་ཕྲིན་ལས་དང་བཅས་པ་སོ་སོའི་བདག་ཉིད་དུ་ལྷག་པར་རབ་ཏུ་གནས་པར་སྒྲུབ་པ་ལ། ཇོ་བོ་རྗེས། དོན་དམ་སྤྲོས་བྲལ་རབ་གནས་དང༌། །ཀུན་རྫོབ་སྐུ་གསུང་ཐུགས་ཀྱིའོ། །ཞེས་གསུངས་པ་ལྟར་གཉིས་ལས། སྔ་མ་ནི་ཡེ་ཤེས་ལ་དབང་ཐོབ་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་དགོངས་པ་གཏད་པ་ཙམ་གྱིས། རི་བྲག་སོགས་རང་བྱུང་དང་བཅོས་པའི་རྟེན་གང་ཡིན་ཀྱང་ཡེ་ཤེས་ཆེན་པོའི་འཁོར་ལོར་བྱིན་གྱིས་རློབ་ནུས་པས་ཆོ་ག་ལ་མ་ལྟོས་ཤིང༌། ཕྱི་མ་ནི། རྡོ་རྗེ་གུར་ལས། རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ཏུ་གནས་པ་མཆོག་ཏུ་འགྱུར། །ཅེས་གསུངས་པའི་དོན་རྒྱུད་སྡེ་སོ་སོའི་དགོངས་པ་དང་མཐུན་པའི་ཆོ་ག་ཚད་དང་ལྡན་པ་རྒྱས་འབྲིང་བསྡུས་པ་གང་རུང་གིས་བྱ་དགོས་ལ། དེའང་གང་ལ་རབ་ཏུ་གནས་པའི་རྟེན་ཆགས་ཚད་དང་ལྡན་པ། གང་གིས་རབ་གནས་བྱེད་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ། ཇི་ལྟར་རབ་ཏུ་གནས་པའི་ཆོ་གའི་ཚུལ་ཕྱིན་ཅི་མ་ལོག་པ་ཁོ་ན་གལ་ཆེ་སྟེ། དེ་དག་ཚད་དང་མི་ལྡན་པས་ནི་འཕྲལ་ཡུན་ཀུན་ཏུ་ཉེས་པ་དུ་མ་སྐྱེད་པར་བྱེད་ལ། དེ་ལས་ལྡོག་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་འཇོ་བ་རྡོ་རྗེ་འཆང་ཉིད་ཀྱིས་ཡང་གདམས་པར་མཛད་པ་ལྟར་རྒྱ་བོད་
ཀྱི་གཞུང་ཚད་མ་རྣམས་ལས་རྒྱས་བསྡུས་ལག་ལེན་ཅི་རིགས་འབྱུང་བ་ལས། སྒྲུབ་བརྒྱུད་ཀཾ་ཚང་གི་ཕྱོགས་སུ་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་མཛད་པའི་རབ་གནས་བུམ་གཉིས་མཁོ་ན་རྩ་བར་སྣང་བས་གཞུང་དེར་མདོ་ལུགས་དང་སྔགས་ལུགས་གཉིས་སུ་གསུངས་པའི་དང་པོ་ནི། རྒྱལ་ཚབ་བྱམས་པ་དང་ཐོགས་མེད་སྐུ་མཆེད་ནས་བརྒྱུད་པ་དཔལ་ལྡན་ཨ་ཏི་ཤའི་གདམས་ངག་ཇོ་བོ་བཀའ་གདམས་པ་རྣམས་ཀྱི་ཕྱག་བཞེས་ཏེ། དཀྱིལ་འཁོར་སྒྲུབ་མཆོད་མི་དགོས་ཤིང་རྟེན་རྣམས་ཐུབ་པའི་དབང་པོར་བསྐྱེད་པ་ལ་མདོ་ལུགས་ཞེས་ཐ་སྙད་དུ་མཛད་པ་ལས། བདག་བུམ་རྟེན་གྱི་བསྐྱེད་ཆོག་ཡན་ལག་བཞི་ཚང་བར་དགོས་པས་དོན་ལ་རྒྱུད་སྡེ་འོག་མ་དང་གཙོ་བོར་འབྲེལ་བ་ཐུན་མོང་པའི་ལུགས་སོ། །གཉིས་པ་ནི། རྒྱུད་སྡེ་རྣམས་ལས་གསུངས་ཤིང་གྲུབ་པའི་སློབ་དཔོན་སོ་སོས་བཀྲལ་བ་ལྟར་རྒྱུད་སྡེའི་དཀྱིལ་འཁོར་བཞེངས་ཤིང་རྟེན་རྣམས་ཀྱང་དེར་བསྐྱེད་པ་སོགས་སྔགས་ཀྱི་ལུགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའོ། །དེ་གཉིས་ཀ་ལྟའང་ཕྱིས་སུ་རྒྱས་འབྲིང་བསྡུས་པའི་ཕྱག་ལེན་མང་དུ་སྤྲོས་པར་སྣང་བ་ལས། འདིར་ཉེ་བར་མཁོ་བའི་དབང་གིས་བསྡུས་པ་དང་ཤིན་ཏུ་བསྡུས་པའི་ལག་ལེན་བཤད་པར་བྱ་སྟེ། དེའང་སློབ་དཔོན་ཨ་བྷཱ་ཡས། མདོར་བསྡུས་པའི་རབ་གནས་བྱ་བ་ནི། སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྗེས་ལ་སྐད་ཅིག་གིས་དེ་དང་དེའི་དམ་ཚིག་སེམས་དཔའ་སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་བསྐྱེད་ནས། དེ་ལ་དེའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་
ཟེར་གྱིས་བཀུག་ནས་ཅུག་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ལ་སོགས་པ་དག རང་གིས་ཀྱང་བུམ་པའི་ཆུས་དབང་བསྐུར་ཏེ་མཆོད་ནས་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །ཞེས་པས་ནི་སྐུ་གཟུགས་ལ་སོགས་པའི་རབ་ཏུ་གནས་པར་འགྱུར་རོ། །ཞེས་གསུངས་པ་རྩ་བར་བཟུང་ནས་སློབ་དཔོན་རྣམས་ཀྱིས་ཕྱག་བཞེས་ཅི་རིགས་མཛད་པ་ལས། འདིར་དཔལ་རང་བྱུང་ཞབས་ཀྱི་བཞེད་པ་ལྟར་འཆད་པ་ལ་གཉིས། མདོ་ལུགས་དང༌། སྔགས་ལུགས་སོ། །དང་པོ་མདོ་ལུགས་ལྟར་ན་གསུམ། སྟ་གོན། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གསུམ། ཡོ་བྱད། ཆོ་ག རྟེན་གྱི་སྟ་གོན་ནོ། །དང་པོ་ནི། གང་ལ་རབ་གནས་བྱ་བའི་རྟེན་གྱི་མདུན་ཏུ་སྟེགས་བུ་གཙང་མའི་དབུས་སུ་མཆོད་པའི་མཎྜལ་ཚོམ་བུ་བདུན་མ་ལ་བཀྲ་ཤིས་རྟགས་བརྒྱད་རི་མོར་བྲིས་པས་བསྐོར་བའམ། སྟབས་བདེར་བྱེད་ན་ཙ་ཀ་ལི་མི་བཞག་པར་མཎྜལ་ཚོམ་བུ་སོ་བདུན་མ་བཀོད་ཀྱང་རུང༌། དེའི་གཡས་སུ་བུམ་གདན་པདྨ་འདབ་བརྒྱད་དམ་ཚོམ་བུའི་ཁར་རྣམ་རྒྱལ་བུམ་པ་མགུལ་ཆིངས་སེར་པོ་བཟང་ཤིང་གི་ཁ་རྒྱན་གྱི་གསེབ་ཏུ་དུང་ཆོས་འོ་མས་བཀང་བ་གཟུངས་རྡོར་དང་བཅས་པ། ནང་དུ་དྲི་བཟང་གི་ཆུ་དང་ཉེར་ལྔའི་རྫས་ཀྱིས་བཀང་བ་བཞག གཡོན་ཕྱོགས་སུ་ལས་བུམ་བཅུད་ལྡན་མགུལ་ཆིངས་ལྗང་གུ་ཅན། མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། ཙཱ་རུའི་བཟའ་བ་དཀར་གསུམ་གྱི་ཞལ་ཟས་ཅི་འབྱོར། ཕྱོགས་གཅིག་ཏུ་ཆོས་སྐྱོང་གི་གཏོར་མ་དམར་གཏོར་རྒྱན་ལྡན་ཅིག འཐོར་ནས་འབྲུ་དཀར་བཟང་པོ། མེ་ལོང་སྐུ་ཕྱི་ན་
བཟའ་སོགས་ཁྲུས་ཀྱི་ཆས། གུ་གུལ། ཡུངས་ཀར། དྲི་བཟང་གི་ཆུ་སྣོད། སྦྱོང་གཏོར། ཏིལ་ནག་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། སངས་རྒྱས་ཆོས་ཆོགས་སོགས་ཀྱིས་སྐྱབས་སེམས་ལན་གསུམ་སྔོན་ཏུ་སོང་ནས། དཔོན་སློབ་ཐམས་ཅད་ཀྱིས་དོན་ཞགས་ལས་འབྱུང་བའི་ཐེག་པ་ཆེན་པོའི་གསོ་སྦྱོང་ལེན་པར་གྲུབ་ན་ལུགས་འདིར་དམིགས་སུ་གསུངས་པས་ཤིན་ཏུ་ལེགས་སོ། །གང་ལྟར་སློབ་དཔོན་ཉིད་བསྙེན་སོགས་ལས་སུ་རུང་བའི་ཡི་དམ་བདག་བསྐྱེད་བསྡུས་པ་ཞིག་བསྒོམ་ལ་བཟླས་པ་ཅུང་ཟད་བྱའོ། །དེའང་ད་ལྟའི་ཚུལ་དང་མཐུན་པ་ལ་བདེ་ཕག་རྒྱལ་རྒྱམ་མི་འཁྲུགས་པ་སྒྲོལ་དཀར་ལྟ་བུ་གང་བྱེད་ཀྱང་ཁྱད་པར་མེད་ཅིང༌། བདེ་མཆོག་ལ་མཚོན་ན་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་ལྷན་སྐྱེས་སྒོམ་བཟླས་ཙམ་བྱ་ཞིང༌། བཟླས་པ་གྲུབ་མ་ཐག་པར་བུམ་བསྐྱེད་ལ་འཇུག་པ་ལས་བསྡུ་ལྡངས་ལུགས་འདིར་མ་གསུངས་སོ། །དེ་ནས་རྣམ་རྒྱལ་བུམ་པ་ཧཱུྃ་བཞིའི་སྔགས་ཀྱིས་བསང༌། སྭཱ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་གཞལ་ཡས་ཁང་གི་ངོ་བོའི་དབུས་སུ་རིན་པོ་ཆེའི་ཁྲི་དང་པདྨའི་སྟེང་དུ་ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། གསེར་གྱི་ཁ་དོག་ཅན་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། ས་གནོན་མཉམ་གཞག་གི་
ཕྱག་རྒྱ་ཅན། ཆོས་གོས་རྣམ་པ་གསུམ་གྱིས་ཀླུབས་པ། ཐུགས་ཀར་ཟླ་བའི་སྟེང་དུ་རྟེན་འབྲེལ་སྙིང་པོ་འོད་དང་བཅས་པ་དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་སྤྱན་དྲངས་པར་གྱུར། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷྲེ། ནཻ་ཝི་དྱ། ཤབྡ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། བདག་ཉིད་ལྷའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་བྱུང༌། གཟུངས་ཐག་ལ་བརྒྱུད་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཕོག་པས་ཐུགས་ཀྱི་རྒྱུད་བསྐུལ། རྟེན་འབྲེལ་སྙིང་པོ་ལས་བདུད་རྩི་དཀར་པོ་བབས་པས་བུམ་པ་གང་བར་གྱུར། གཟུངས་ཐག་འཇུས་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶཾ་གྷཱ་ཡ། ཨོཾ་ཡེ་དྷརྨཱ་སོགས་རྟེན་སྙིང་ཅི་འགྲུབ་བཟླས་པའི་མཐར། ཨོཾ་བཛྲ་ས་ཏྭ་ཧཱུྃ་གིས་དུང་ཞལ་ཕུལ་བས། བུམ་པའི་ལྷ་བདུད་རྩིའི་ཆུ་རྒྱུན་ཏུ་གྱུར། ལས་བུམ་མི་དམིགས་པ་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེའི་བུམ་པའི་དབུས་སུ། པད་ཉི་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་གཡས་རྡོ་རྗེའི་དབྱུག་པ་དང༌། གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་དང་ལྡན་པ་ཞགས་བརྐྱང་བསྐུམ་གྱིས་བཞེངས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་
ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་རིགས་ལྔ་སྤྱན་དྲངས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་དབང་བསྐུར་བས་དྲི་མ་དག་སྟེ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་ཁྲོ་བོའི་རང་བཞིན་གྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅི་འགྲུབ་དང༌། ཁྲུས་ཀྱི་དོན་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲི་ཧཱུྃ། ཞེས་པའང་ཅི་འགྲུབ་བཟླ། མཐར། བདུད་རྩི་འཁྱིལ་པས་རབ་ཏུ་གནས་པའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཟློག་པ་དང་བར་ཆད་བསྲུང་བའི་ཕྲིན་ལས་མཛོད་ཅིག མེ་ཏོག་ལ། འབྲུ་རྣམས་རྟེན་འབྲེལ་སྙིང་པོའི་ཡིག་འབྲུའི་རང་བཞིན་གསེར་བཙོ་མའི་ཁ་དོག་ཏུ་གྱུར། ན་མོ་བུདྡྷཱ་ཡ་སོགས་ཡེ་དྷར་ཆེན་མོ་ཅི་རིགས་བཟླ། དྲི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ་བཟླ། ཡུངས་ཀར་ཁྲོ་བོ་དང་ཁྲོ་ཆུང་གི་སྤྲིན་དཔག་ཏུ་མེད་པར་གྱུར། ཞེས་གུལ་ཡུངས་ལ་ཧཱུྃ་བཞི་པ་དང་ཨ་མྲྀ་ཏ་བཟླས་པས་བྱིན་བརླབ་བོ། །གསུམ་པ་ལ། བགེགས་སྦྱོང་བ་ནི། གཏོར་མ་ཅོག་རྡོག་གསུམ་པོ་རྟེན་ལ་བསྐོར་ཞིང༌། སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་གསུམ་དང༌། རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཞི་བས་སྤྱད་པར་འོས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནས་གཞན་དུ་སོང་ཞིག ཞེས་གཏོར་མ་སྣོད་དུ་སྤུངས་ཏེ་གནས་དཔགས། ཏིང་ལོ་ཆངས་བུ་བསྐོར་ཞིང༌། སུཾ་བྷས་བསྐྲད་པ་ལན་གསུམ་མཐར། རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་
གདོན་བགེགས་ཞི་དྲག་ཕྱེད་མས་སྦྱང་བར་འོས་པ་ཐམས་ཅད་ཏིང་ལོ་ཆངས་བུ་དང་བཅས་པས་ཚིམ་པར་གྱིས་ལ་གཞན་དུ་སོང་ཞིག གལ་ཏེ་མི་འགྲོ་བ་དེ་དག་རྡོ་རྗེའི་མེ་ལྕེས་བརླག་པར་འགྱུར་རོ། །ཞེས་བརྗོད་ལ། གཏོར་མ་ཕྱིར་བཏང༌། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོ་བོའི་སྐུར་གྱུར་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པར་གྱུར། འདིར་སྤྲོ་ན། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཅེས་བརྗོད། གང་ལྟར་ཡང༌། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་བཱ་ར་བཛྲ་ས་མཱ་ཛྲཿ ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་བཏགས་པས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད་ནས། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་རབ་ཏུ་གནས་པ་སྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགེམས་
འགྱུར་ཞིང༌། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ཞེས་བསྒོས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་དང་སུཾ་བྷའི་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། བདག་དང་གནས་དང་རྣལ་འབྱོར་བསྲུང་བར་གྱུར། ཞེས་སྲུང་བའི་འཁོར་ལོ་བསྒོམས་ལ་མཚམས་བཅིང་ངོ༌། །བྱུར་བསལ་བ་ནི། བདག་དང་སྦྱིན་བདག་རྟེན་གྱི་སྙིང་གར་ཀཱཾ་ལས་སྡིག་སྒྲིབ་ཀྱི་ངོ་བོ་སྡིག་པའི་གཟུགས་སུ་གྱུར་པ་ལྟེ་བ་ནས་ཧཱུྃ་ལས་རྡོ་རྗེ་གནོད་སྦྱིན་དུ་གྱུར་པས་སྣ་སྒོའི་ལམ་ནས་དེད་ཅིང་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ཏིལ་མེ་ཆུར་དོར་ལ། ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་མཐར། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས་གཡོན་ཏུ་རྒྱ་མཚོ་ཆེན་པོར་དོར་བས་བྱང་ཞིང་དག་པར་གྱུར། ཞེས་ཀྱང་བརྗོད་དེ་ཕྱིར་དོར་རོ། །དེ་ནས་བཀྲུ་ཞིང་ཕྱི་བ་ནི་མེ་ལོང་ཁྲུས་དར་དང་ལས་བུམ་ཐོགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བདག་གིས་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཞེས་སྙན་བརྣན། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་སྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་
བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་དྲིའི་འདག་ཆལ་བྱུག ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡི། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །རྒྱལ་བའི་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་པའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་ཨ་མྲྀ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །སྔགས། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བི་ཤོ་དྷ་ནི་ཧཱུྃ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་གང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཉིན་མོ་བདེ་ལེགས་སོགས་དང་སྔགས་བརྗོད་ལ་ཁྲུས་གསོལ། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་པས། །མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་
ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཁྲུས་རས་ཀྱིས་ཕྱི། གོས་ཟུང་ཐོགས་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ། ཞེས་དབུལ་ལོ། །གཉིས་པ་ཆོ་གའི་དངོས་གཞི་ལ་གསུམ། རྟེན་སྒྲུབ་པ། རབ་ཏུ་གནས་པ། མངའ་འབུལ་བའོ། །དང་པོ་ལ་རྟེན་བསྐྱེད་པ་ནི། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་བརྗོད་ཅིང༌། སྔགས་ཕྲེང་འོད་དང་བཅས་པ་གཡས་བསྐོར་དུ་འཁོར་བ་དེ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བསྣམས་པ། ཆོས་གོས་ངུར་སྨྲིག་གསོལ་བ། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་དཔེས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ། ཡེ་
དྷརྨཱ་ནས་ཤྲ་མ་ཎཿའི་བར་བརྗོད། ཅེས་པའི་སྔགས་ཕྲེང་འོད་དང་བཅས་པ་གཡས་སྐོར་དུ་འཁོར་བ་དེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། སྤོས་དང་རོལ་མོ་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཛོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུ། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་བཞིས་འཛམ་བུའི་གླིང་གཟིགས་ཤིང༌། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་ཞུགས་བཞིན། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང༌། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་ཁྱོད་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟྭཾ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་
རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་གུས་པས་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། སྙན་གསན་དབབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྲས་དང་བཅས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་དགོངས་སུ་གསོལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་དོན་ཏུ་རབ་ཏུ་གནས་པ་བགྱིད་པར་འཚལ་ན་འདུས་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང་ད་ལྟར་རྟེན་འདི་ལ་འབྱོན་པར་མཛད་དུ་གསོལ། ཞེས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག འདི་དག་གི་སྐབས་སུ་མེ་ཏོག་ནི་བྱིན་རླབས་མ་བྱས་པའི་འབྲུ་འཐོར་དགོས་སོ། །དེ་ནས་གསོལ་བ་གདབ་པ་ནི། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེའི་རིགས་དང༌། རིན་པོ་ཆེའི་རིགས་དང༌། པདྨའི་རིགས་དང༌། ལས་ཀྱི་རིགས་དང༌། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་འགྲོ་བ་ལྷ་དང་བཅས་པ་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་
པར་མཛད་དུ་གསོལ། ཞེས་མེ་ཏོག་འཐོར་ཞིང་རོལ་ཆེན་དང་བཅས་པ་ལན་གསུམ་དུ་བརྗོད་པའི་ཐ་མ་ལ། བྱོན་ནས་ཀྱང་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད་ལ་སྔར་ནམ་མཁར་བཞུགས་པའི་ཡེ་ཤེས་པ་རྣམས་རྟེན་ལ་ཐིམ་པར་མོས། དེ་ནས། ཨོཾ་ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཅི་རིགས་སུ་བཟླ་ཞིང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཡུན་རིང་དུ་བསྒོམས་ལ་རྟེན་དང་དོན་དམ་གྱི་ཡེ་ཤེས་དབྱེར་མེད་ལ་ཅི་གནས་སུ་མཉམ་པར་བཞག་གོ །དེ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་འབྲུ་དང་ཐ་དད་མེད་པར་བྱོན་ནས་རྟེན་སོ་སོ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཨོཾ་ན་མོ་བུདྡྷ་ཡ་སོགས་ཡེ་དྷར་ཆེན་མོ་བརྗོད་ཅིང་བྱིན་གྱིས་བརླབས་པའི་མེ་ཏོག་གི་ཆར་དབབ། རོལ་མོ་བསྒྲགས་ལ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །དེ་ནས་རྣམ་རྒྱལ་བུམ་པ་ཐོགས་ལ། བདག་
དང་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཕྱག་ཏུ་ཐོགས་ནས་བྱོན་ཏེ་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲི་ཧཱུྃ། ཞེས་བརྗོད་ལ་བུམ་ཆུ་འཐོར། རྟེན་དངོས་སམ་མེ་ལོང་དུ་ཤར་བ་ལ། དྲིའི་ཆུས་གནས་གསུམ་དུ་རེག་སྟེ། ཨོཾ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར། གསེར་གྱི་ཐུར་མ་ཐོགས་ལ་སྤྱན་དབྱེ་ཚུལ་བྱ་ཞིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀྵུརྦི་ཤོ་དྷ་ནི་སྭཱ་ཧཱ། ཤེས་བྱ་ཐམས་ཅད་ལ་གཟིགས་པའི་སྤྱན་ཕུན་སུམ་ཚོགས་པ་མངའ་ཞིང་སྦྱིན་བདག་ལ་ཞི་བས་གཟིགས་པ་ལྷུར་ལེན་པར་གྱུར། གཉིས་པ་ནི། སློབ་དཔོན་གྱི་རྡོ་རྗེས་རྟེན་ལ་རེག་ཅིང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་རྟེན་འདི་རྣམས་འབྱུང་བ་ཆེན་པོ་བཞིའི་གནོད་པས་ཞིག་པར་
མ་གྱུར་གྱི་བར་དུ་སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྟེན་འདི་རྣམས་ལ་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་རྟེན་ཞལ་བསྒྱུར་བ་ནི། མགོན་པོ་སྐལ་བ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང༌། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ཏུ། །དེས་ནི་འགྲོ་བའི་དོན་ཀུན་མཛོད། །བཅོམ་ལྡན་འདས་ཐུབ་པ་ཆེན་པོ་འོད་དུ་ཞུ་བ་ལས་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོའི་རྣམ་པར་གྱུར། གསུམ་པ་ལ་གཉིས། སྤྱིར་མཆོད་བསྟོད་ཀྱིས་མངའ་དབུལ་བ་དང༌། བྱེ་བྲག་རྫས་ཀྱིས་མངའ་དབུལ་བའོ། །དང་པོ་ནི། མཆོད་པ་རྣམས་སླར་ཁ་གསོས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང༌། བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང༌། རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག ན་མཿསརྦ་བུདྡྷ་བོ་དྡྷི་སཏྭཱ་ནཱཾ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ལན་བརྒྱད་ཀྱིས་བྱིན་བརླབ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདིས། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། མཆོད་ཡོན་ཅེས་པའི་གནས་སུ། ཞབས་བསིལ་ཅེས་དང༌། ཨརྒྷཾ་ཞེས་པའི་གནས་སུ་པཱ་དྱཾ། མེ་ཏོག པུཥྤེ། བདུག་
སྤོས། དྷཱུ་པེ། སྣང་གསལ། ཨཱ་ལོ་ཀེ། དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་དྱ། སྒྲ་སྙན། ཤབྡ། ཞེས་སྦྱར་བས་ཕྱི་མཆོད་འབུལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམས་བྱེད་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྵེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་འདོད་ཡོན་ལྔ་འབུལ། སྤྲོ་ན། ཨོཾ། རྡོ་རྗེ་སེམས་དཔའ་བསྡུས་པ་ནི། །ཨོཾ་བཛྲ་ལཱ་སེ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། །ཨོཾ་བཛྲ་མ་ལེ་ཏྲཱཾ། རྡོ་རྗེ་ཆོས་ནི་གླུར་བླངས་པ། །ཨོཾ་བཛྲ་གཱི་ཏི་ཧྲཱིཿ རྡོ་རྗེ་ལས་ཀུན་བྱེད་པར་གྱུར། །ཨོཾ་བཛྲ་ནྲྀ་ཏྱེ་ཨཱཿ ཞེས་ནང་གི་ལྷ་མོ་བཞིས་མཆོད། ཡང༌། ཨོཾ་བཛྲ་ས་ཏྭ་སུ་སཾ་གྲ་ཧཱ་ཏཱཾ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་པུཥྤེ་ཏྲཾ། བཛྲ་དྷརྨ་གཱ་ཡ་ནཱི། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་ཀརྨ་ཀ་རོ་ཏ་བྷ་ཝེ། ཨོཾ་བཛྲ་གནྡྷེ་ཨཱཿ ཞེས་ཕྱིའི་ལྷ་མོ་བཞིའི་མཆོད་པ་སྟེ། སྒེག་སོགས་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་ལ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་
རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་བརྗོད། བསྟོད་པ་ནི། དཀོན་མཆོག་རྗེས་དྲན་ནམ། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགགས་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །
འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཅེས་སངས་རྒྱས་སྤྱིའི་བསྟོད་པས་བསྟོད་ཀྱང་ལེགས། བསྡུ་ན། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང༌། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་བཟང༌། །རྒྱལ་བའི་ཞབས་ནི་འཁོར་ལོས་བྲིས་པ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟེང༌། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། གཉིས་པ་བྱེ་བྲག་རྫས་ཀྱིས་མངའ་དབུལ་བ་ནི། གླིང་བཞི་རི་རབ་དང་བཅས་པའི་རི་བོ། ཁྲུས་ཆབ། ན་བཟའ་རྒྱལ་སྲིད་བདུན། འཕན་གདུགས་སོགས། བཀྲ་ཤིས་རྟགས་རྫས། འདོད་ཡོན་ལྔ། ལྔ་ཕྲག་ལྔ། སེང་གེའི་ཁྲི་རྣམས་རིམ་པར་ཕུལ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་
བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ་སྭཱ་ཧཱ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་དང༌། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་ཏིང་འཛིན་འཕན། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བསྟེན་ནས། །བིལ་བ་སྟར་ག་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །ཨོཾ་ཨཥྚ་མངྒ་ལ་པཱུ་ཛ་མེ་གྷ་ཨཱཿ
ཧཱུྃ་སྭཱ་ཧཱ། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ལོངས་སྤྱོད་རྣམས། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ་སྭཱ་ཧཱ། རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀང་བ་འདི། །སྤྲོས་བྲལ་རྒྱལ་བ་རྣམས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་སིཾ་ཧ་ཨཱ་ས་ན་ཨཱཿཧཱུྃ་སྭཱ་ཧཱ། ཙཱ་རུའི་བཟའ་བ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ལ། ཞལ་ཟས་རོ་བརྒྱ་ལྡན་ཅིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་བཛྲ་དཱི་བྱ་ཨནྣེ་ས་མཱ་དྷི་དྷྱ་ན་པྲེ་ཎ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་འབུལ་ལོ། །སྔགས་ཀྱི་མངའ་དབུལ་ནི། སློབ་དཔོན་གྱིས་རྡོ་རྗེས་རྟེན་ལ་རེག་པའམ་གཟུངས་ཐག་བཏགས་པའི་སྣ་བཟུང༌། ཐམས་ཅད་ཀྱིས་མེ་ཏོག་འཐོར་ལ། ན་མོ་བུདྡྷ་ཡ་སོགས་ཡེདྷར་ཆེན་མོ་དང༌། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿབྷྲཱུྃ་ཁྃ་བཛྲ་བྷ་ཝདྲྀ་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། ཞེས་པ་རྣམས་ལ་རེ་རེ་ཞིང་ཉེར་གཅིག་
གམ་བདུན་ཙམ་བཟླས་ནས་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པའང་བརྗོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། གཏོར་མ་བཏང་བ་ནི། གྲུབ་ན་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཆ་གསུམ་གཏོར་མ་བཏང༌། དེ་ནས་མ་མགོན་ལྕམ་དྲལ་དང་རྣམ་ཐོས་སྲས་ལ་སོགས་པ་ལ་གཏོར་ཆོག་མདོར་བསྡུས་པས་གཏོར་མ་བསྔོ་སྟེ་འདིར་མཚོན་ན། མ་དག་སྣོད་བཅུད་སོགས་རྒྱུན་གྱི་གཏོར་བསྔོ་བསྡུས་པའམ། ཡང་ན་རྒྱལ་རྒྱམ་ལྷ་ལྔའི་ནང་གི། ཨོཾ། ཆོས་དབྱིངས་རྣམ་དག་ངང་ལས་རླུང་མེ་དང༌། །སོགས་ཀྱིས་གཏོར་མ་བཏང་བའི་རྗེས་སུ། གཏའ་གཏོར་བཏེགས་ལ། ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་ཀྱིས་རབ་ཏུ་གནས་པར་བྱས་པའི་རྟེན་འདི་རྣམས་ཀྱི་ཡོན་བདག་གྱིས་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྲུངས་ཤིག་སྐྱོབས་ཤིག་ཕྲིན་ལས་སྤེལ་ཅིག ཅེས་བརྗོད་པའི་མཐར་རོལ་ཆེན་དང་བཅས་ཏེ་གཏའ་གཏོར་རྟེན་གྱི་དྲུང་དུ་དེ་ཉིད་ལ་ཕྱོགས་པས་བཞག དེ་ནས་མཆོད་ཅིང་བཟོད་པར་གསོལ་བ་ནི། མཆོད་པ་བཟང་དུ་བཤམས་ལ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སོགས་བཟང་སྤྱོད་ལས་གསུངས་པའི་མཆོད་པའི་ཡན་ལག་གི་ཚིགས་བཅད་གསུམ་གྱིས་མཆོད། ཡིག་བརྒྱ་ལན་གསུམ་དང༌། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོ་ག་བྱ་བ་ལ། །འགལ་ཞིང་འཁྲུལ་པ་གང་མཆིས་དང༌། །མ་ཚང་བ་དང་ལྷག་པ་རྣམས། །ནོངས་པར་གྱུར་པ་གང་ལགས་ཏེ། །ཀུན་ཏུ་བཟོད་པར་མཛད་དུ་གསོལ། །སྦྱིན་བདག་བསྒོ་བ་དང་དེའི་ཤིས་བརྗོད་སོགས་ནི་བསྡུས་པའི་སྐབས་འདིར་མ་གསུངས་ལ་གལ་ཏེ་
སྤྲོ་བར་འདོད་ན་གཞན་དང་མཐུན་ནོ། །དེ་ནས་སློབ་དཔོན་ལ་ཅི་འབྱོར་པའི་ཡོན་འབུལ་བ་སོགས་དགའ་སྟོན་བྱ་ཞིང༌། དེས་ཀྱང་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ། །རྗེས་ཤིས་པ་བརྗོད་པ་ནི། སྟོན་མཆོག་དམ་པར་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་སྔོན་ཏུ་འགྲོ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར་བ་དང་རོལ་མོའི་སྒྲ་བསྒྲག་གོ །དེ་ལྟར་བསྡུས་པའི་ཆོ་ག་དག་ཀྱང་མི་འགྲུབ་པས་ནི་རྗེ་དགུ་པས་མཛད་པའི་རབ་གནས་བསྡུས་པ་རིགས་གཉིས་སམ། ཡང་ན་རྩ་བའི་དགོངས་པ་བསླད་མེད་ལྟར་སེམས་བསྐྱེད་ལ་རང་ཡི་དམ་དུ་སྐད་ཅིག་གིས་གསལ། དྲག་སྔགས་ཀྱིས་བགེགས་བསྐྲད། སྭ་བྷཱ་བས་རྟེན་སྦྱངས་ལ་ཐུབ་པའི་དབང་པོར་བསྐྱེད། སྐུ་གསུང་ཐུགས་བྱིན་བརླབ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ་ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར། གསོལ་གདབ་ཀྱི་གཤམ། རྟེན་འདི་རྣམས་ལ་བརྟན་པར་
བཞུགས་སུ་གསོལ། ཞེས་དང༌། སུ་པྲ་ཏིཥྛ་བརྗོད་ལ་ཞལ་བསྒྱུར། མཆོད་བསྟོད་མདོར་བསྡུས་ཀྱིས་མངའ་དབུལ་ཞིང་བཀྲ་ཤིས་བརྗོད་པས་འགྲུབ་བོ། །གཉིས་པ་སྔགས་ལུགས་ཀྱི་རབ་གནས་བསྡུས་པ་ནི། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན་བཤམ་བཀོད་ཀྱི་སྤྲོས་པའང་སོ་སོའི་ལུགས་བཞིན་ལ། རབ་གནས་ཀྱི་ཡོ་བྱད་ནི་སྔར་དང་མཚུངས། ཐོག་མར་བདག་མདུན་བུམ་པ་སྒྲུབ་ཅིང་བདག་ཉིད་འཇུག་པ་སོགས་གྲུབ་པ་དང༌། དྲི་དང་མེ་ཏོག་སོགས་བྱིན་བརླབས་ལ་སྦྱང་ཁྲུས་བྱ། རྟེན་རྣམས་དཀྱིལ་འཁོར་གང་ཡིན་གྱི་ལྷ་དེར་བསྐྱེད། དབང་བསྐུར་རྒྱས་གདབ་སོ་སོའི་ལུགས་བཞིན་བྱ། མཆོད་བསྟོད་ཀྱང་དེ་མཚུངས་དང་ཙཱ་རུའི་བཟའ་བའི་སྐབས་གཏོར་འབུམ་དང་ཚོགས་ཀྱི་འཁོར་ལོ་བྱ། རྗེས་ཆོག་གོང་སྨོས་གྲུབ་ནས་སླར་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་བྱ། གཞན་གོང་དུ་སྨོས་པ་ལྟར་རོ། །དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་བའི་ཤིན་ཏུ་བསྡུས་པར་འདོད་ན། རྣམ་རྒྱལ་བུམ་པ་མགུལ་ཆིངས་དཀར་པོ། ཁ་རྒྱན་ཀུ་ཤ་སོགས་གཟུགས། བདག་བསྐྱེད་གང་ལ་བརྟེན་པའི་གཏོར་འབུལ་སྤྲོ་ན་གཏོར་མ་འདུ་བྱ། ཡོ་བྱད་གཞན་གང་དང་མཚུངས། གསོ་སྦྱོང་མི་དགོས་པས། ཐོག་མར་སྐྱབས་སེམས་ནས་བརྩམས་བདག་གི་རྣལ་འབྱོར་བཟླས་པ་བཅས་བྱ། དེ་ནས་རྣམ་བུམ་བསང་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་དཀར་པོ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་
བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་ཉམས་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཿབྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་བསྟོད། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལས་བརྒྱུད་དེ་བུམ་ལྷའི་ཐུགས་ཀར་ཕོག་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཞེས་མོས་ལ་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླ། མཐར་འོད་ཞུ་དང༌། ལས་བུམ་སྒྲུབ་པ། དྲི་སོགས་བྱིན་རླབས། སྦྱོང་ཁྲུས་སོགས་གོང་དུ་བཤད་པ་ལྟར་ལ། རྟེན་བསྐྱེད་པའི་སྐབས་སུ་སློབ་དཔོན་ཀུན་དགའ་སྙིང་པོས། རྡོ་རྗེ་སློབ་དཔོན་གང་ཞིག་ལ། །མཚན་མི་ཤེས་པའི་ལྷ་རྣམས་ནི། །རབ་ཏུ་གནས་པར་བྱེད་པ་ན། །ཐེ་
ཚོམ་གྱུར་པས་བཞག་བྱ་མིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་ངོ་བོ་རྡོ་རྗེ་སེམས། །ཡིན་པས་འགལ་བར་མི་འགྱུར་ཕྱིར། །རྡོ་རྗེ་སེམས་དཔས་རབ་གནས་བྱའོ། །ཞེས་གསུངས་པས། ཐམས་ཅད་རྡོར་སེམས་གོང་སྨོས་ལྟར་བསྐྱེད་ཀྱང་ཤིན་ཏུ་རུང་མོད་ཀྱི། རིགས་ལྔ་སོ་སོར་བསྐྱེད་པར་སྤྲོ་ན། རྟེན་བསང་སྦྱང༌། སྟོང་པའི་ངང་ལས་སྐུ་རྟེན་དང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་པ་སེང་གེས་བཏེགས་པའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ལས་པདྨ་ཨོཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། བང་མཛོད་དང་རིན་པོ་ཆེའི་རིགས་རྣམས་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་རིན་
ཆེན་འབྱུང་ལྡན་སེར་པོ་གཡས་རིན་པོ་ཆེ་དང་གཡོན་དྲིལ་བུ་འཛིན་པ། མ་མཱ་ཀི་སེར་མོ་གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། རོལ་མོ་གོ་ཆ་སྲུང་བའི་རིགས་རྣམས་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱ་ལས་རྒྱ་གྲམ་ཧཱས་མཚན་པ་ལས་དོན་ཡོད་གྲུབ་པ་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་མཐའ་ཡས་པར་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསམ་མོ། །བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ དེ་ནས་སྤྱན་དྲངས་པ་སོགས་སྔར་ལྟར་ལ། སྙིང་པོ་ཡིག་བརྒྱ་བཟླ། དབང་བསྐུར་བའི་སྐབས། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱིས་
སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛོད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཞིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་དང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཔཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ། ཞེས་དབུ་རྒྱན་གྱིས་དབང་བསྐུར། ཨོཾ་ཏྲུཾ། ཞེས་གོ་བསྒོས། ཨོཾ་ཏུ་ཥྱུ་ཧོཿ ཞེས་རྡོ་རྗེ་ཐལ་མོས་མཉེས་པར་བྱ། བསྟོད་པ་ངེས་པར་མཉམ་མེད་མས་བསྟོད། ཚོགས་དང་གཏོར་འབུལ་སྤྲོ་ན་ཙཱ་རུའི་བཟའ་བའི་གོང་དུ་བྱ། མི་སྤྲོ་ན་ངེས་པར་དགོས་པ་མ་ཡིན། རྗེས་བདག་བསྐྱེད་བསྡུ་ལྡངས་སོགས་བྱའོ། །དེ་ལས་ཀྱང་བསྡུ་ན། བདག་བསྐྱེད་སྔོན་ཏུ་འགྲོ་བས་ལས་བུམ་བསྒྲུབ། སྦྱོང་ཁྲུས་ནས་བརྩམས་རྟེན་བསྒྱུར་བའི་བར་
སྔར་བཞིན་ལ། མཆོད་བསྟོད་ཙམ་དང་སྔགས་ཀྱིས་མངའ་དབུལ། རྗེས་མཆོད་པ་བཟོད་གསོལ་བསྔོ་སྨོན་ཤིས་བརྗོད་དང༌། བདག་བསྐྱེད་ཀྱི་རྗེས་ཆོག་བྱས་པས་འགྲུབ་བོ། །ཤིན་ཏུ་བསྡུ་ན། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། དྲག་སྔགས་བརྗོད་ཅིང་བགེགས་བསྐྲད། རྟེན་བསྐྱེད། སྤྱན་དྲང༌། དམ་ཡེ་བསྲེ། དབང་བསྐུར་རྒྱས་གདབ་བྱ། སྤྱན་དབྱེ། ཞལ་བསྒྱུར་ལ་བརྟན་བཞུགས་ཀྱིས་གསོལ་བ་གདབ་ལ་འབྲུ་འཐོར། མཆོད་བསྟོད་ཀྱིས་མངའ་དབུལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པས་འགྲུབ་བོ། །བདེན་གཉིས་དབྱེར་མེད་རབ་ཏུ་གནས་པའི་ཚུལ། །རྒྱ་བོད་མཁས་པའི་གཞུང་ལུགས་བྱེ་བའི་བཅུད། །རང་བྱུང་རྒྱལ་བ་གཉིས་པའི་དགོངས་དོན་ལ། །རང་བཟོས་མ་བསླད་འཇུག་བདེར་ལེགས་པར་བཤད། །ཀུན་རྫོབ་རྟེན་ལ་དོན་དམ་ཡེ་ཤེས་ཀྱི། །སྙིང་པོ་འབྲལ་བ་མེད་པར་རྟག་བཞུགས་ནས། །མངོན་པར་མཐོ་དང་ངེས་པར་ལེགས་པ་ཡི། །བཀྲ་ཤིས་རྒྱ་མཚོའི་སྤྲིན་ཆེན་བཀོད་གྱུར་ཅིག །ཅེས་པའང་ཀུན་མཁྱེན་བླ་མ་འཇམ་མགོན་དགྱེས་པའི་ཞབས་ཀྱིས་བཀའི་གནང་བ་སྩལ་བ་དང༌། རང་གཞན་ལ་ཕན་པར་འདོད་པའི་བསམ་པས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རྒྱལ་བ་ལྷ་ལས་བབས་པའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་སྦྱར་བ་དགེ་ལེགས་འཕེལ།། །།
ཆོས་རྗེ་རིན་པོ་ཆེའི་ཐུགས་དམ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ།
ཆོས་རྗེ་རིན་པོ་ཆེའི་ཐུགས་དམ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བཞུགས་སོ།། མར་རྔོག་དང་ཇོ་བོ་ལུགས་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པ།།
འཕགས་མ་སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། «།གྲུབ་ཐོབ་ཆེན་པོ་ཀརྨ་པ་ཆོས་ཀྱི་བླ་མའི་ཐུགས་དམ་སྒྲོལ་མ་དཀར་མོའི་གཞུང་འདི་ལ་གཉིས། རྩ་བའི་སྒྲུབ་ཐབས་དང༌། ཡན་ལག་གཞན་བཤད་པའོ། །དང་པོ་ལ་གཉིས། རིང་བརྒྱུད་མར་རྔོག་ལུགས། ཉེ་བརྒྱུད་དུས་མཁྱེན་གྱི་ཐུགས་དམ་དང་འབྲེལ་བའོ། །དང་པོ་ནི་རྩ་བར་གྱུར་པའི་མངོན་རྟོགས་བསྡུས་པ་སྟེ། དེ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་སྦྱོར་བ་ནི། རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་ལ་གནས་པས་ཚེ་རིང་ཞིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་སོགས་ཀྱི་ཕྱིར་་་་་་»སྒྲོལ་མ་བསྒོམ་པར་འདོད་པའི་གང་ཟག་གིས། དང་པོ་«་་་་་སྐྱབས་འགྲོ་སྔོན་ཏུ་སོང་ནས།» བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། «སྨོན་པའི་སེམས་་་་་་»སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། «འཇུག་པའི་སེམས་་་་་་»དེའི་ཆེད་དུ་སྒྲོལ་མ་དཀར་མོ་བསྒོམ་སྙམ་དུ་ཡང་ཡང་བསམ་ཞིང༌། «གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་པ་དང༌། བཟླས་པའི་རིམ་པའོ། །དང་པོ་ལ་གསུམ། དམ་ཚིག་སེམས་དཔའ་བསྒོམ་པ། ཏིང་ངེ་འཛིན་སེམས་དཔས་བྱིན་གྱིས་བརླབ་པ། ཡེ་ཤེས་སེམས་དཔའ་བསྟིམ་པའོ། །དང་པོ་ནི། འཆི་སྲིད་སྦྱོང་བའི་ཕྱིར། སྟོང་པ་ཉིད་ཀྱི་ངང་ལས་་་་་་»བདག་ཉིད་སྐད་ཅིག་ཙམ་གྱིས་«སྐྱེ་སྲིད་སྦྱོང་བའི་ཕྱིར།» པདྨ་«་་་་་མངལ་»ཉི་མ་«་་་་་རྡུལ་»ཟླ་བའི་«་་་་་ཁུ་བ་དག་པ།» གདན་གྱི་སྟེང་དུ་«རླུང་སེམས་ཙམ་གྱི་བར་སྲིད་སྦྱོང་ཕྱིར། »སྒྲོལ་མ་དཀར་མོ་སྐུ་མདོག་ཤིན་ཏུ་དཀར་བ་«་་་་་ལ་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ་ཆུ་
ཤེལ་དྭངས་པ་ལྟ་བུ།» ཞལ་གཅིག་ཕྱག་གཉིས་པ་སྐུ་ལ་རིན་པོ་ཆེའི་«་་་་་དབུ་རྒྱན་སྙན་རྒྱན་སོགས་»རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དབུ་སྐྲ་རལ་པ་ནག་པོའི་ཐོར་ཚུགས་གྱེན་ལ་བཅིངས་པ་ལ་«མཆོག་གི་་་་་་»རིན་པོ་ཆེ་ལྔ་ཡིས་བརྒྱན་པ། ཞལ་འཛུམ་མུ་ལེ་མཛད་ཅིང་སྤྱན་གཉིས་«་་་་་ཟིམ་བུས་འགྲོ་ལ་སྙིང་རྗེས་གཟིགས་པའི་ཉམས་»ཁྲ་ས་གེ་འདུག་པ། ཕྱག་གཡས་པ་སྐྱབས་སྦྱིན་«་་་་་མཆོག་སྦྱིན་དང་དོན་གཅིག» གཡོན་པས་ཨུཏྤལ་དཀར་པོ«་་་་་ཐུགས་ཀར་མཐེབ་སྲིན་སྦྱར་བས་»འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དར་ཤ་མི་སྒྲིབ་པ་དཀར་པོས་སྐུའི་སྟོད་སྨད་གཡོགས་པ། རྒྱལ་བ་ལོངས་སྤྱོད་རྫོགས་པའི་«་་་་་ཁ་སྦྱོར་གྱི་ཡན་ལག་རྫོགས་པ།» ཆ་བྱད་ཅན་སྣང་ལ་རང་བཞིན་མེད་པར་«་་་་་འཇའ་ཚོན་གཟུགས་བརྙན་ཆུ་ཟླའི་ཚུལ་ཅན་»བསྒོམས་པ་ནི་«གཟུགས་ཡོངས་སུ་རྫོགས་པས་ལུས་དག་པ་སྐུ་རྡོ་རྗེའི་རང་བཞིན།» དམ་ཚིག་སེམས་དཔའོ། «།གཉིས་པ་ནི། རྣམ་ཤེས་ཡུལ་ལ་འཇུག་པ་སྦྱོང་ཕྱིར་»དེ་ནས་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི། རང་གི་ཐུགས་ཀར་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། ཡི་གེ་ཏཱྃ་དཀར་པོ་ཞིག་བསྒོམ། ཏཱྃ་ལས་འོད་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ལ་ཕོག་པས་ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ་བ་ལས་གཞལ་ཡས་ཁང་
དཀར་པོ་«རྒྱ་ཁྱོན་ཚད་མེད་པར་་་་་་»ཆོས་ཀྱི་དབྱིངས་དང་མཉམ་པར་བསྒོམ་ཞིང༌། དེའི་ནང་དུ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་སྒྲོལ་མ་དཀར་མོ།«་་་་་ཞལ་ཕྱག་རྒྱན་ཆ་ཡོངས་རྫོགས་»གསལ་བར་བསྒོམ་པ་ནི་«ཡུལ་ཤེས་ཐ་མལ་གྱི་ཞེན་པ་བཅད་པས་སེམས་དག་པ་ཐུགས་རྡོ་རྗེའི་རང་བཞིན། »ཏིང་ངེ་འཛིན་སེམས་དཔའོ། «།གསུམ་པ་ནི། ལྷ་དང་བདག་ཐ་དད་དུ་ལྟ་བ་སྦྱོང་ཕྱིར།» ད་ནི་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། ཐུགས་ཀའི་ཏཱྃ་ལས་འོད་ཟེར་དཀར་པོ་འོག་མིན་གྱི་གནས་སུ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་མའི་ངོ་བོར་སྤྱན་དྲངས་ཤིང་བདག་ལ་རྒྱུན་ཆད་མེད་པར་བསྟིམ་པར་«་་་་་དམ་ཡེ་གཉིས་སུ་མེད་པར་མོས་ཏེ་རྩེ་གཅིག་མཉམ་པར་བཞག་པས་འཁོར་འདས་གཉིས་འཛིན་གྱི་ཀུན་རྟོག་འཇོམས་པ་འཕོ་བ་དག་པ་ཡེ་ཤེས་རྡོ་རྗེའི་རང་བཞིན་ནོ།།» བྱའོ། «གཉིས་པ་ལ་གཉིས། བཟླས་པའི་རྣལ་འབྱོར་དངོས། ཞར་བྱུང་ཕན་ཡོན་བསྟན་པའོ། །དང་པོ་ནི། ཡི་གེའི་རང་བཞིན་ཅན་གྱི་ངག་ཐ་མལ་དུ་འཛིན་པ་སྦྱོང་བའི་ཕྱིར། »ད་ནི་བཟླས་པའི་རྣལ་འབྱོར་ནི། རང་གི་ཐུགས་ཀའི་ཏཱྃ་ལས་སྔགས་«ཡི་གེ་བཅུ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་སྔགས་ངོ་ནང་བསྟན་་་་་»འདིས་གཡོན་སྐོར་དུ་དཀར་སྒ་ར་ར་འཁོར་བར་བསྒོམ་ཞིང་དེ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། སྒྲོལ་མའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་བདག་ལ་བྱིན་གྱིས་རློབ་པར་བསམ་ཞིང༌། དངོས་གྲུབ་«་་་་་རྣམ་པ་གཉིས།» ཐོབ་པར་བསྒོམ། སྔགས་འདི་རྒྱུན་ཆད་མེད་པར་«རྡོར་བཟླས། ཡིད་བཟླས། ངག་དང་བཅས་པའི་»བཟླ་བར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། «དེ་ལྟར་བཟླས་པས་མིང་ཚིག་སྒྲར་འཛིན་གྱི་བག་ཆགས་སྦྱངས་ནས་ངག་དག་པ་གསུང་རྡོ་རྗེའི་རང་བཞིན་མངོན་དུ་འགྱུར་རོ། །གཉིས་པ་ནི། བསྙེན་ཚད་བྱེ་བ་གཅིག་སྟེ་་་་་་»འབུམ་ཚོ་བརྒྱ་བཟླས་«་་་་་གསུངས་པ་དེའོ་»ན་ཡོན་ཏན་འཕགས་མ་སྒྲོལ་མ་དང་མཉམ་པར་འགྱུར་རོ། «།མཆོག་སྒྲུབ་གཙོར་སྟོན་མར་རྔོག་གི་གདམས་ངག་དང་འབྲེལ་བའོ།» །སྐད་ཅིག་དྲན་རྫོགས་སུ་བསྒོམ་པའི་གདམས་པ་རྫོགས་སོ།། ༈ །སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ལོ། «།གཉིས་པ་མངོན་རྟོགས་རྒྱས་པ་བསྟན་པ་ལ་བཞི། སྦྱོར་བ། དངོས་གཞི། ཐུན་མཚམས་ཀྱི་བྱ་བ། དཀྱིལ་འཁོར་གྱི་དགོས་དོན་བཤད་པའོ། །དང་པོ་ནི། སྤྲོས་པ་ལ་
དགའ་བས་སྔ་མ་ལས་ཅུང་ཟད་་་་་་»རྒྱས་པར་བསྒོམ་པར་འདོད་པའི་གང་ཟག་གིས། དང་པོར་སྐྱབས་སུ་སོང་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། «སྨོན་པ་་་་་་»སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། «འཇུག་སེམས་་་་་་»དེའི་ཆེད་དུ་ཚོགས་རྣམ་པ་གཉིས་སྦྱང༌། ལུས་«་་་་་ལྷ་བསྒོམ།» ངག་«་་་་་སྔགས་བཟླས།» ཡིད་«་་་་་ཏིང་ངེ་འཛིན་བསྒོམ་པ་སོགས་»གསུམ་གྱི་སྒོ་ནས་དགེ་བ་ཆུ་བོའི་ཀླུང་བཞིན་ཏུ་རྒྱུན་ཆད་མེད་པར་བསྒྲུབ་པར་བྱ་སྙམ་དུ་བསམ་ཞིང༌། «གཉིས་པ་ལ་གཉིས། བསྐྱེད་པའི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། བྱང་ཆུབ་པ་བཞིའི་ཚུལ་གྱིས་དམ་ཚིག་པ་བསྐྱེད་པ། རྒྱལ་བ་སྤྱི་སྒྲུབ་ཀྱི་ཚུལ་གྱིས་ཡེ་ཤེས་པ་བསྟིམ་པའོ། །དང་པོ་ནི།» ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པ་ཙམ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པའི«་་་་་ཆོས་ཏེ་མདོར་ན་གཟུང་འཛིན་གཉིས་བསྡུས་ཀྱི་»ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ«་་་་་པས་གཉུག་མའི་སེམས་དག་པར་བྱ་»ཞིང༌། དེའི་ངང་ལས་རང་གི་རྣམ་པར་ཤེས་པ་ཡི་གེ་ཏཱྃ་དཀར་པོ་ཞིག་ཏུ་གྱུར་ཅིང༌། «ཏཱྃ་་་་་»དེ་ལས་དཀར་པོ་འཕྲོས་ཏེ་འོད་དུ་ཞུ་བ་ལས། པདྨ་དཀར་པོ་འདབ་མ་བརྒྱད་པ་«་་་་་ཟེའུ་འབྲུ་དང་བཅས་པ་»ཞིག་ཏུ་བསམ། «ཡང་ས་བོན་ལས།» མ་«་་་་་དམར་པོ་»དང་ཨ་«་་་་་དཀར་པོ་»གཉིས་འཕྲོས་པ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དུ་བསམ། དེའི་སྟེང་དུ་ཡི་གེ་ཏཱྃ་དཀར་པོ་ལས«་ཡེ་ཤེས་ཀྱི་རང་བཞིན་་་་་་»འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང༌། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་རྣམས་«་་་་་དངོས་པོའི་མཚན་འཛིན་དང་སྒྲིབ་གཉིས་སྦྱངས་ཏེ།» འོད་དུ་ཞུ་བ་ལས། ཕྱི་སྣོད་འཇིག་རྟེན་གྱི་ཁམས་ཀྱི་ནང་«་་་་་གི་ཆ»་གཞལ་ཡས་ཁང་«བཀོད་པ་ཚད་མེད་ཅན་»དུ་འདུག་པ། ཕྱི་«་་་་་འི་ཆ་ཞྭ་ཐེབས་ཁ་སྦྱར་བ་ལྟ་བུའི།» འཁོར་ལོ་རྩིབས་བརྒྱད་«་་་་་རྩེ་མོ་རྣོན་པོ་»དུ་འདུག་པ། ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་«རྡོ་རྗེའི་རང་བཞིན་་་་་»བརྟན་ཞིང་སྲ་བ་དེའི་ནང་དུ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་སྒྲོལ་མ་དཀར་མོར་གྱུར་པར་བསྒོམ«་་་་་པས་ཀུན་རྟོག་གི་གཉིས་སུ་འཛིན་པ་འཇུག་པའི་ཡུལ་དག་པར་བྱ།» ཞིང༌། འོད་ཟེར་ཚུར་འདུས་རང་གི་ས་བོན་ཏཱྃ་ལ་ཐིམ་ཞིང་ཏཱྃ་འོད་
དུ་ཞུ་བ་ལས་«་་་་་སེམས་ཉིད་ཀྱི་ངོ་བོའི་ལྡོག་པ་ཡེ་ཤེས་ལྔར་མཚོན་པ་དབུས་སུ་གཙོ་མོ་སྒྲོལ་དཀར་སྐུའི་ངོ་བོ།» རང་གི་མདུན་ངོས་སུ་སྒྲོལ་མ་ལྗང་གུ་«་་་་་ཕྲིན་ལས་ཀྱི་ངོ་བོ།» གཡས་ངོས་སུ་སེར་མོ།«་་་་་ཡོན་ཏན་གྱི་ངོ་བོ། »རྒྱབ་ངོས་སུ་སྔོན་མོ།«་་་་་ཐུགས་ཀྱི་ངོ་བོ།» གཡོན་ངོས་སུ་དམར་མོ།«་་་་་གསུང་གི་ངོ་བོ་སྟེ་ལས་རིགས་ལ་རིགས་ཆུང་ལྔར་དབྱེ་བའོ།» །སྒྲོལ་མ་གཙོ་འཁོར་ལྔར་ལྷག་གི་བསྒོམ་པ་ནི། ཁ་དོག«་་་་་སོ་སོར་ཕྱེ་བ་»མ་གཏོགས་པ་ཕྱག་མཚན་རྒྱན་ཆ་ལུགས་རྣམས་གཙོ་མོ་ཅི་ལྟར་བསྒོམ་པ་«་་་་་དེ་»བཞིན་«་་་་་ཏུ་འཁོར་རྣམས་ཀྱང་»བསྒོམ་པར་བྱའོ། །དེ་ལ་«གཙོ་མོ་་་་་་»བདག་ཉིད་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། གཙོ་འཁོར་ཐམས་ཅད་«་་་་་ཞབས་»གཡས་བསྐུམས་གཡོན་བརྐྱངས་པ། ཕྱག་གཡས་པ་རྣམས་ཀྱིས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་ཕྱག་གི་མཐིལ་ན་སྲུང་བྱེད་ཀྱི་འཁོར་ལོ་རེ་རེ་ཡོད་པ་«་་་་་དེའང་མཚོན་ཆ་འཁོར་ལོ་སྦུབས་སྟོང་གི་རྣམ་པ།» དཀར་པོ་རྩིབས་བརྒྱད་པ། ཕྱག་གཡོན་པ་རྣམས་ཨུཏྤལ«་་་་་རང་མདོག་དང་མཚུངས་པ།» རེ་རེ་འཛིན་པ་ལ་ནོར་བུ་རིན་པོ་ཆེ་འབྲས་བུའི་ཚུལ་དུ་ཡོད་པ། སྒྲོལ་མའི་ཁ་དོག་བཞིན་ཏུ་དབུ་རྒྱན་གྱི་ཁ་དོག་ཀྱང་དེ་བཞིན་ཏུ་ཤེས་པར་བྱའོ། །དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་ཏུ་བཅིངས་པ་ལ་དབུ་རྒྱན་«་་་་་རིན་པོ་ཆེའི་»རྩེ་བྲན་ལྔ་ལྔ་དང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། རྒྱལ་བ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་«་་་་་རྣམ་པ་སྒྲོལ་མ་ལ་ངོ་བོ་»རིགས་ཀྱི་ཡུམ་ལྔའི་ལྷ་ཚོགས་སུ་«་་་་་མོས་པར་»བསྒོམ«་་་་་པས་གཉུག་མའི་ལུས་དག་པར་བྱ། »ཞིང༌། «ཡེ་ཤེས་ཀྱི་རང་མདངས་་་་་་»འོད་ཟེར་ཁ་དོག་སྣ་ལྔ་འཇའ་འོད་ཀྱི་ཚུལ་དུ་གསལ་བར་ཕྱོགས་«་་་་་མཚམས་སྟེང་འོག»་ཀུན་ཏུ་འཕྲོས་པས་«ཚེ་དང་ཐར་པ་སོགས་ལ་་་་་་»བར་ཆད་དང་བདུད་«་་་་་བཞིའི་»དཔུང་ཐམས་ཅད་ཟློག་པ་གསལ་བར་བསྒོམ་པར་བྱའོ། «།གཉིས་པ་ནི།» དེ་ལྟར་དུ་བརྟན་ཅིང་གསལ་བར་བསྒོམས་པའི་གཙོ་འཁོར་ལྔའི་ཐུགས་ཀར་པདྨ་«་་་་་དཀར་པོ་»ཉི་མ་ཟླ་བའི་གདན་སྟེང་དུ་ཡི་གེ་«་་་་་ས་བོན་ཏཱྃ་དང་སྔགས་ཕྲེང་བཅས་སོ་སོའི་རང་མདོག» ཁ་དོག་ལྔ་བསྒོམ་ཞིང༌། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་འོག་མིན་བདེ་བ་ཅན་«་་་་་སྡུག་བསྔལ་སྤངས་པའི་དོན་»
གྱི་ཕོ་བྲང་ནས་«ངོ་བོ་་་་་་»རིགས་ལྔ་ཡབ་ཡུམ་བཅུ་«རྣམ་པ་་་་་་»རིགས་ཀྱི་ཡུམ་ལྔའི་«རང་བཞིན་ནམ་»ངོ་བོར་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པར་བསམས་པ་ལ་ཡན་ལག་བདུན་པ་«་་་་་དཔལ་མོས་མཛད་པ་ལྟ་བུ་»དང་མཆོད་པ་རྒྱ་ཆེན་པོའི་འབུལ་ཞིང༌། ཛཿཧཱུྃ་བཾ་ཧོཿ བྱས་པ་ཙམ་གྱིས་གཙོ་འཁོར་ལྔ་ལ་སོ་སོར་ཐིམ་པར་བསྒོམ་ཞིང༌། «སླར་ཡང་»ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་«ཐིམ་པར་»བསྒོམ་པར་བྱའོ། «།གཉིས་པ་བཟླས་པའི་རྣལ་འབྱོར་ལ་གསུམ། བཟླས་པའི་གཞི་དགོད་པ། བཟླས་པ་དངོས། བཟླ་ཚུལ་གཞན་བསྟན་པའོ། །དང་པོ་ལ་དངོས་དང་སྤྲོ་བསྡུ་ཞར་བྱུང་བསྙེན་པའི་ཚད་བསྟན་པ་དང་བཅས་པ་ནི།» ད་ནི་བཟླས་པ་བྱེད་པར་འདོད་པས་བདག«་་་་་གཙོ་བོ།» «འཁོར་བཞིའི་་་་་»གཞན་གཙོ་འཁོར་ཀུན་གྱི་ཐུགས་ཀ་ན་«སོ་སོའི་རང་མདོག་དང་མཚུངས་པའི་་་་་་»ཏཱྃ་ཁ་དོག་ལྔ་བསྒོམ་པ་ལ། «བཟླ་བྱའི།་་་་་»སྔགས་འདིས་གཡོན་«ངོ་ནང་ལྟ་»སྐོར་དུ་འཁོར་བར་བསྒོམ་ཞིང༌། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པས་«་་་་་ཕྱོགས་བཅུ་དུས་གསུམ་གྱི་»སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། «དེ་དག་གི་་་་་་»སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཀྱིས་«རྟེན་འབྲེལ་དམིགས་རྣམ་འོད་ཟེར་ཁ་དོག་ལྔའི་ཐིག་ལེ་ཆར་ལྟར་བབས་ནས།» བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བསྒོམ་ཞིང་«་་་་་དངོས་ཉམས་རྨི་ལམ་དུ།» གྲུབ་རྟགས«་་་་་སམ་མཚན་མ»་མ་ཐོན་གྱི་བར་དུ་བསྒོམ་«་་་་་ཞིང་བཟླས་པ་ལ་རྩེ་གཅིག་ཏུ་འབད་»པར་བྱའོ། «།གཉིས་པ་ནི།» ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། «ཞེས་པ་ནི་སྒྲོལ་མ་རིགས་ཐམས་ཅད་ཀྱི་རྩ་བའི་སྔགས་རྡོ་རྗེའི་ཡི་གེ་བཅུ་པའོ། །གསུམ་པ་ནི།» སྔགས་འདི་ལ་«ཀུ་སཱ་ལིའི་ལུགས་་་་་»གཅིག་གིས་བཟླ་བ། «འབྱོར་ལྡན་གྱིས་་་་་་»སྔགས་རྒྱུན་བྱེད་པ་དང་«གཞན་ཡང་དབྱངས་སུ་གྱེར་བ་དང་རྡོར་བཟླས་སུ་སྦྱོར་བ་སོགས་་་་་»ཟློ་ལུགས་མང་པོ་ཡོད་པ་ཡིན«་་་་་ཀྱང་དཀྱུས་སུ་ཤུབ་བུར་བཟླ་བ་ལེགས། རྩ་བའི་གསུམ་པ་ཐུན་མཚམས་ཀྱི་་་་་་»སྐབས་སྐབས་སུ་དཔའ་མོ་མྱུར་མ་«་་་་་ཕྱག་འཚལ་ཉེར་གཅིག་སོགས་སོ།» ཅན་ལ་སོགས་པའི་བསྟོད་པ་ཡང་བྱའོ། «།འདིས་མཚོན་ཏེ་མཎྜལ་གྱི་ཆོ་ག་སོགས་ཤུགས་ལས་བསྟན་ཏོ། །མངོན་རྟོགས་སྔ་ཕྱི་འདི་དག་ལ་བསྡུ་རིམ་མི་འབྱུང་བ་ནི། གོམས་
པ་བརྟན་པའི་གང་ཟག་ཆུ་བོ་རྒྱུན་གྱི་དབང་དུ་མཛད་པ་ཡིན། ལས་དང་པོ་དག་གིས་བཟླས་པའི་རྗེས་ཐོག་ཏུ་འོད་གསལ་དུ་བསྡུ་བ་དང༌། ཟུང་འཇུག་གི་སྐུར་ལྡང་བ་ལ་སོགས་སྤྱི་ལྟར་བྱ་དགོས་ཏེ་ཐུན་མཚམས་ཀྱི་བྱ་བའི་ཤུགས་ལས་ཐོན་པ་ཡིན་ནོ། །བཞི་པ་ནི། »སྒྲོལ་མ་«ལྷ་ལྔ»འི་དཀྱིལ་འཁོར་འདི་གྲུབ་ན་སྒྲོལ་མ་«་་་་་བརྒྱ་རྩར་བཤད་པ་སོགས་སྒྲོལ་མའི་དཀྱིལ་འཁོར་»ཐམས་ཅད་འགྲུབ་པ་ཡིན་པས་སྒྲོལ་མ་དཀར་མོར་བསྒོམ་པ་སྐུའི་ལྷ་ཚོགས། «སྒྲོལ་མ་བླ་མེད་ཀྱི་རྩ་བའི་ལྷ་་་་་་»ལྗང་གུ་ཕྲིན་ལས་ཀྱི་སྒྲོལ་མ། «རྡོ་རྗེ་སྒྲོལ་མའི་རྩ་བའི་ལྷ།» སེར་མོ་ཡོན་ཏན་གྱི་སྒྲོལ་མ། དམར་མོ་དབང་གི་སྒྲོལ་མ་ཀུ་རུ་ཀུལླེ་«་་་་་སྒྲོལ་མའི་མཚན་གྱི་རྣམ་གྲངས་ཕུག་གནས་མ།» སྔོན་མོ་ཐུགས་ཀྱི་སྒྲོལ་མ། རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་«ལྔ་ཚན་ལྔའི་ཡ་གྱལ། ལས་དང༌། དངོས་གྲུབ་ཐམས་ཅད་སྒྲུབ་པ།་་་་་»སྒྲོལ་མ་ཡིད་བཞིན་འཁོར་ལོའི་མངོན་རྟོགས། བླ་མ་ཀརྨ་པ་ཡིས་རྒྱས་པར་བཀོད་པ་རྫོགས་སོ།། ༈ «།གཉིས་པ་ལས་ཁ་ཚར་བསྟན་པ་ལ་བཀྲ་ཤིས་པའི་གྲངས་ཀྱིས་བསྡམས་ཏེ། ཕན་ཡོན་སྲུང་ཟློག་ཚེ་སྒྲུབ་དང༌། །སྲུང་འཁོར་སྲིད་གསོ་ལོ་རྒྱུས་དང༌། །བུམ་ཆོག་རྟགས་ཚད་བསྟན་པའོ། །དེ་ལ་དང་པོ་བསྙེན་སྒྲུབ་ཀྱི་ཕན་ཡོན་ཞར་བྱུང་རྒྱུ་མཚན་དང་བཅས་པ་ནི། གྲུབ་པའི་གསུང་རྒྱུན་ཏུ།» སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་ཡོད། །བྱ་བ་ཡིན་པས། འདི་ལ་«བདག་བསྐྱེད་ལ་བརྟེན་པ་་་་་་»བསྙེན་«མདུན་བསྐྱེད་ལ་བརྟེན་པ་་་་་་»སྒྲུབ་ཚད་དུ་སྐྱོལ་ན་ཡོན་ཏན་རིགས་ཀྱི་ཡུམ་ལྔ་དང་མཉམ་པ་འབྱུང་བ་ཡིན། རྒྱུད་སྡེ་བཞི་ཡི་«་་་་་སྤྱིར་རྒྱུད་ལ་བརྟེན་པའི་ལས་དང་དངོས་གྲུབ་མྱུར་ཞིང་དེ་ཐམས་ཅད་ཀྱིའང་ཕྲིན་ལས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་བྱིན་རླབས་དངོས་གྲུབ་ཆེས་ཤིན་ཏུ་མྱུར་བའི་དོན་ཏོ།» ལྷ་ཚོགས་རྣམས་ཀྱིས་ཀྱང་ལས་ཀྱི་ལྷ་མོར་མངའ་གསོལ་བ་སྒྲོལ་མ་ཡིན་པས་འཇིགས་པ་«་་་་་བརྒྱད་དང་བཅུ་དྲུག་སོགས་»ཐམས་ཅད་ལས་སྒྲོལ་ཞིང༌། «གནས་སྐབས་མཐར་ཐུག་གི་་་་་་»འཇིགས་པ་ཐམས་ཅད་ལས་སྐྱོབ་པ་དང༌། «ཁྱད་པར་དམ་པའི་ཆོས་འཛིན་སྐྱོང་སྤེལ་བའི་་་་་་»བར་ཆད་ཐམས་ཅད་སྲུང་བའི་ཕྱིར་ན་སྒྲོལ་མ་ཞེས་བྱ་བའི་«་་་་་མཚན་གྱི་»དོན་དེ་ཡིན། «མཚན་དོན་བསྟན་པའོ།་་་་་»སྒྲོལ་མ་ཡིད་བཞིན་འཁོར་ལོའི་གདམས་
ངག་རྫོགས་སོ།། ༈ «།གཉིས་པ་སྙན་བརྒྱུད་སྲུང་ཟློག་བྱ་བའི་ཚུལ་ནི།» བར་ཆད་ཟློག་བྱེད་སྒྲོལ་མའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། «།གནས་སྒྲུབས་གང་ཡང་རུང་བར་་་་་་»འཕགས་མ་སྒྲོལ་མའི་«རྣལ་འབྱོར་དང་ལྡན་པས་བར་ཆད་མི་འབྱུང་བའི་»སྲུང་འཁོར་དང༌། «བྱུང་ན་་་་་་»ཟློག་པའི་རིམ་པ་བསྒོམ་པར་འདོད་པའི་གང་ཟག་གིས། སྔར་བཞིན་ཏུ་«་་་་་སྐྱབས་སེམས་སྔོན་ཏུ་སོང་བའི་»བསྐྱེད་རིམ་རྒྱས་པར་བསྒོམ་ཞིང༌། «སྔོན་ཏུ་་་་་་»བསྙེན་པ་ཐེམས་པར་བྱས་ནས། པདྨ་ཉི་མ་ཟླ་བའི་གདན་སྟེང་ན་ཏཱྃ་དཀར་པོ་ཞིག་ཡོད་པར་བསྒོམ། ཏཱྃ་ལས་བྷྲཱུྃ་«དཀར་པོ་»ཞིག་འཕྲོས། བྷྲཱུྃ་འོད་དུ་ཞུ་བ་ལས་«ཞྭ་ཐེབས་ཁ་སྦྱར་བ་ལྟ་བུའི་»འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་«་་་་་སྦུབ་སྟོང༌།» ཡངས་ཤིང་རྒྱ་ཆེ་བ་ཕྱི་མཚོན་ཆ་སྣ་ཚོགས་སུ་«་་་་་རྩིབས་རྣམས་ལས་མཚོན་ཆ་ཉི་རྡུལ་ལྟར་འཕྲོ་བ་»འདུག་པ། ནང་གཞལ་ཡས་ཀྱི་ཁང་«་་་་་པ་ཟླུམ་པོ་»གུར་ཐབས་སུ་འདུག་པ། «དཔངས་་་་་་»མཐོ་དམན་གནམ་ས་ཙམ་ལ་«རྒྱ་་་་་་»ཡངས་དོགས་སྟོང་གསུམ་དང་མཉམ་པ། དེའི་དབུས་སུ་ཏཱྃ་དཀར་པོ་འོད་དུ་ཞུ་བ་ལས། བདག་ཉིད་སྒྲོལ་མ་དཀར་མོ་«་་་་་ཆས་སོགས་གོང་དུ་བསྟན་པ་ལྟར་རྡོ་རྗེའི་རང་བཞིན་ཅན་གྱི་»སྲ་ལ་བརྟན་པའི་སྐུ་ཅན་དུ་བསྒོམ་ཞིང༌། རྩིབས་བརྒྱད་ལ་«་་་་་སྦུབས་སྟོང་གི་ཐད་ཀྱི་ནམ་མཁར་་་་་་»སྒྲོལ་མ་ཁྲོ་གཉེར་ཅན་གཡས་པས་«མཚོན་ཆའི་་་་་་»འཁོར་ལོ་རྩིབས་བརྒྱད་པ་བསྣམས་ཤིང༌། གཡོན་པས་སྡིགས་མཛུབ་དང་«བཅས་པའི་་་་་་»རྡོ་རྗེ་ལྕགས་ཀྱུ་བསྣམས་པ་«བརྒྱད་ཀ་་་་་་»ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། «པད་ཉི་ཟླ་གདན་རེ་རེ་ལ་་་་་་»ཞབས་གཡས་བསྐུམ་གཡོན་བརྐྱང་བ། སྟག་ལྤགས་ཀྱི་ཤམ་ཐབས་བྱས་ཤིང་ཁྲོ་མོའི་ཆ་ལུགས་ཅན་«ཅུང་ཟད་འབུར་བའི་མཆེ་བ་བཞི་གཙིགས་ཤིང་»སྐུ་ལ་བསྐལ་པའི་མེ་ཕུང་འབར་བ་«མི་དང་མི་མིན་གྱི་བྱད་སྟེམས་སོགས་་་་་་»ལས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་དང་གནོད་བྱེད་ཐམས་ཅད་སྐད་ཅིག་གིས་སྲེག་པར་ནུས་པ་དེ་ལྟ་བུར་གསལ་བར་«ཡུན་རིང་་་་་»བསྒོམ་ཞིང་«་་་་་གསལ་སྣང་བརྟན་པ་ན།» ཕྱིའི་འཁོར་ལོ་གཡས་སྐོར་དུ་སྒ་ར་ར་འཁོར་བ་ལས། «ཁྲོ་མོ་ལས་སྤྲུལ་པའི་ཁྲོ་མོ་དཔག་ཏུ་མེད་པས་་་་་་»འཁོར་ལོའི་རྩིབས་«་་་་་ཀྱི་རྩེ་»ལ་དགྲ་བགེགས་བྱད་མ་
ལ་སོགས་པ་བསྐྱོན་པ་དང་«རྩིབས་རྣམས་ལས་་་་་་»མཚོན་ཆ་དང་ཡེ་ཤེས་ཀྱི་མེ་རླུང་འཚུབས་མ་འཁྱིལ་བས་བྱད་མ་དང་གནོད་བྱེད་ཐམས་ཅད་སྐད་ཅིག་གིས་«་་་་་གཅད་ཅིང་བསྲེག་གཏོར་ནས་»རྡུལ་ཕྲན་བཞིན་དུ་གཏོང་བར་བསྒོམ་པ་ནི་«ཕྱི་རོལ་འཁོར་ལོའི་གུར་ལ་བརྟེན་ནས་་་་་་»སྲུང་བ་དང་ཟློག་པ་དང་བསད་པ་«་་་་་སྟེ་གདམས་ངག་གསུམ་དུས་གཅིག་ཏུ་»འབྲེལ་པའོ། །རང་ཉིད་གཙོ་མོ་སྒྲོལ་མ་དཀར་མོ་བསྒོམས་པའི་ཐུགས་ཀ་ན་གདན་ཐབས་«ཆོས་་་་་་»ཀྱི་འཁོར་ལོ་རྩིབས་བརྒྱད་པ་བརྟན་པ་མི་བསྒུལ་«བས་»འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྟེང་ན། ལྟེ་བ་ལ་ཡི་གེ་ཏཱྃ་དཀར་པོ་«་་་་་དེའི་མདུན་གྱི་»གཡས་ཕྱོགས་སུ་ཨོཾ། གཡོན་ཕྱོགས་སུ་ཧཱ། རྩིབས་བརྒྱད་ལ་ཏཱ། རེ། ཏུད། ཏཱ། རེ། ཏུ། རེ། སྭཱ། བརྒྱད་«་་་་་ཐམས་ཅད་ངོ་ནང་ལྟ་ཁ་དོག་དཀར་པོར་»ཡོད་པར་བསམ་ཞིང༌། ཐུགས་ཀའི་ཏཱྃ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པས། སྲུང་བྱེད་ཀྱི་ཁྲོ་བོ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་མ་«་་་་་འཇིགས་སྐྱོབ་»ལྷ་དགུའི་ངོ་བོར་བྱོན་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ། «ཚིགས་བཅད་གང་ཡང་རུང་བས་་་་་་»ཡན་ལག་བདུན་པ་དང་མཆོད་པ་དང་«འདོད་པའི་དོན་ལ་་་་་»གསོལ་བ་གདབ་ཅིང་མོས་གུས་དྲག་ཏུ་བྱས་ནས་བདག་དང་བསྲུང་བྱ་ཐམས་ཅད་«་་་་་དང་དམིགས་བསལ་»ཡོན་བདག་དང་བཅས་པ་«་་་་་གུར་ཁང་ནང་དུ་འཁོད་པར་བསྒོམ་པ་»རྣམས་ལ་ཡང་ཡང་བསྟིམ་ཞིང་ཤིན་ཏུ་བརྟན་པར་བྱ་བ་དང༌། དངོས་གྲུབ་ཐོབ་མི་འཐོབ་དེ་དད་པ་མོས་གུས་ལ་རགས་ལུས་པ་ཡིན་པས་དུས་རྒྱུན་ཏུ་«་་་་་གཡོ་ཟོལ་དུ་མ་སོང་བར་སྙིང་ཐག་པ་ནས»་མོས་གུས་དྲག་ཏུ་བྱེད་པ་གལ་ཆེ། བཟླས་པ་བྱེད་པར་འདོད་ན། ཐུགས་ཀའི་ཏཱྃ་ལ་སྔགས་འདིས་གཡོན་སྐོར་དུ་འཁོར་བར་བསྒོམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་ཡོན་མཆོད་འཁོར་དང་བཅས་པ་སྲུངས་ཤིག་སྭཱ་ཧཱ། ཞེས«་་་་་བརྒྱ་སྟོང་སོགས»་བརྗོད་པ་ཙམ་གྱིས་སྒྲོལ་མ་ཞི་ཁྲོའི་ལྷ་ཚོགས་ཀྱིས་«་་་་་གུར་གྱི་ཕྱི་ནང་»སྟེང་འོག་ཕྱོགས་མཚམས་ཐམས་ཅད་གང་བར་བསྒོམ་ཞིང་བདག«་་་་་དང་»གཞན«་་་་་བསྲུང་བྱ་»ཐམས་ཅད་སྲུང་བར་བསམ་«་་་་་སྲུང་བ་ལ་སྔགས་དམིགས་འདི་གཙོ་བོར་བྱ། »ཕྱིར་ཟློག་པའི་སྔགས་ནི་
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་འཁོར་དང་བཅས་པ་ལ་གནོད་བྱེད་ཐམས་ཅད་ཟློག་ཟློག་སྭཱ་ཧཱ། ཞེས«་་་་་བརྒྱ་སྟོང་སོགས»་བརྗོད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲོལ་མ་ཞི་ཁྲོའི་ལྷ་ཚོགས་ཀྱིས་གང་བར་བསྒོམ་ཞིང་མཚོན་ཆ་«་་་་་འཁོར་ལོ་དང་ལྕགས་ཀྱུ་སོགས།» རྣམ་པ་སྣ་ཚོགས་ཐོགས་པས་གནོད་བྱེད་ཐམས་ཅད་ཚར་བཅད་པར་བསྒོམ་པར་བྱའོ། «།ཟློག་པའི་སྐབས་འདི་གཙོ་བོར་བྱ་»སྲུང་ཟློག་བྱེད་ན་ཡང༌། རང་གཅིག་པུས་བསྒྲུབ་ཀྱང་ཉན། རྒྱལ་བརྒྱུད་ལ་སོགས་པའི་ཆེད་དུ་«་་་་་སྐུ་རིམ་ཆེན་པོ་»བྱེད་ན་«སྒྲུབ་པ་པོ་»བརྒྱ་ལ་སོགས་པ་མང་པོས་«་་་་་ཉིན་མཚན་དུ་ཐུན་མི་ཆད་པའི་»སྔགས་རྒྱུན་དང༌། འུར་འདོན་དང་རྒྱུན་ཆད་མེད་པར་བསྒྲུབ་པར་བྱའོ།«་་་་་དེ་ནི་ལྷག་པར་ནུས་པའི་རྩལ་ཆེའོ།» །རྗེ་དུས་གསུམ་མཁྱེན་པའི་སྲུང་བ་རྡོ་རྗེའི་གོ་ཆ། སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྙན་བརྒྱུད་གནད་ཀྱི་གདམས་ངག མན་ངག་ཐུགས་ལ་གབ་པ་གསལ་བྱེད་འཕྲུལ་གྱི་མེ་ལོང་ཞེས་བགྱི་བ། བླ་མ་ཀརྨ་པས་«་་་་་སྲུང་ཟློག་གི་ཡི་གེའོ།» སྐལ་བ་དང་ལྡན་པའི་སློབ་མ་རྣམས་ཀྱི་དོན་ཏུ་བཀོད་པ་རྫོགས་སོ།། ༈ «།གསུམ་པ་སྙན་བརྒྱུད་སྲུང་འཁོར་དང་འབྲེལ་བར་རང་གཞན་གྱི་ཚེ་སྒྲུབ་པའི་གདམས་ངག་སྙན་དུ་བརྒྱུད་པ་ནི།» སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ལོ། །སྒྲོལ་མའི་སྒོ་ནས་ཚེ་བསྲིང་བར་འདོད་པའི་གང་ཟག་གིས། སྲུང་འཁོར་«་་་་་གོང་གསལ་རྩིབས་བརྒྱད་པ་འཁོར་གྱི་ཁྲོ་མོ་བརྒྱད་དང་བཅས་པ་»བཞིན་རྒྱས་པར་བསྒོམས་ནས་མདུན་གྱི་ནམ་མཁའ་ལ་སྒྲོལ་མ་«་་་་་ལྷ་ལྔ་»ཁ་དོག་ལྔ་འཆི་བ་མེད་པའི་ཚེའི་བུམ་པ་ཐོགས་པ་ལྔ་ཡིས་«བུམ་པའི་ཁ་ནས་་་་་་»ཡེ་ཤེས་ཀྱི་བདུད་རྩི་«་་་་་ཆུ་བོའི་རྒྱུན་ལྟ་བུ་»རང་དང་བསྲུང་བྱ་གང་དང་གང་ཡིན་པའི་སྤྱི་བོ་ནས་མར་བླུགས་པ་ཙམ་གྱིས་«་་་་་དྲི་མ་དག ལུས་གང༌།» འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་«་་་་་སྔགས་བཟླ།» «ཡང་་་་་་»རང་གི་ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འཆི་བ་མེད་པ་ཚེའི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་སྐད་ཅིག་ཙམ་གྱིས་«་་་་་འོད་ཟེར་དང་ཐིག་ལེ་བདུད་རྩིའི་རྣམ་པར་»བསྡུས་ནས་
རང་དང་བསྲུང་བྱ་གང་ཡིན་ལ་ཐིམ་པ་ཙམ་གྱིས་«་་་་་སྐྱེ་འགག་འཕོ་འགྱུར་དང་བྲལ་བ»། འཆི་བ་མེད་པ་«རྡོ་རྗེ་་་་་་»ཚེའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྫྙ་ན་བྷྲཱུྃ་སྭཱ་ཧཱ། ཞེས་མང་དུ་«་་་་་བཟླ་བ་དང༌། འབྱོར་པ་ལྡན་ན་»སྔགས་རྒྱུན་དང་བཅས་བསྒྲུབ་པར་བྱའོ། «།ཚེ་སྒྲུབ་གཙོར་བཏོན་གྱི་ལེའུའོ།་་་་་»སྒྲོལ་མའི་ཚེ་སྒྲུབ་ཀྱི་གདམས་ངག་རྫོགས་སོ།། ༈ «།བཞི་པ་གཞན་ལ་ཕན་གདགས་པ་སྲུང་འཁོར་བཅའ་སྒྲུབ་བྱེད་པའི་ཚུལ་ནི།» འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གཞན་ལ་«བྲིས་པའི་་་་་་»སྲུང་འཁོར་བྱེད་པར་«་་་་་འདོགས་པར་»འདོད་ན། དར་དཀར་པོའམ། ཤོག་བུའམ། གྲོ་ག་ལ་«་་་་་གང་ཡང་རུང་བ་གཙང་ཞིང་དྲི་མ་མེད་པ།» «ཡར་ངོར་རྒྱལ་སོགས་་་་་་»གཟའ་སྐར་བཟང་པོའི་ཉིན་པར་དྲི་བཟང་གི་ཆུ་ཡིས་འཁོར་ལོ་«་་་་་མུ་ཁྱུད་གསུམ་བསྐོར་བའི་མུ་ཁྱུད་གཉིས་པར་»རྩིབས་བརྒྱད་པ།«་་་་་རྒྱབ་ཏུ།» མེ་རི་«གཡས་སྐོར།» དང་བཅས་པ་བྲི་ཞིང༌། ལྟེ་བ་ལ་ཏཱྃ། གཡས་གཡོན་ན་ཨོཾ་དང་ཧཱ། རྩིབས་བརྒྱད་ལ«་་་་་ཏཱ་རེ་སོགས་»ཡི་གེ་བརྒྱད་བྲི་ཤིང༌། འཁོར་ལོའི་ལྟེ་བ་ལ་«ཏཱྃ་གྱི་རྒྱབ།» «ཨོཾ་ཏཱའི་བར་ཏུ་་་་་་»ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བསྲུང་བྱ་དང་བསྒྲུབ་བྱ་གང་ཡིན་པ་ལ་སྲུངས་ཤིག་སྭཱ་ཧཱ། བྱ་བ་བྲི། མུ་ཁྱུད་རྒྱབ་མའི་བར་ཏུ་རྟེན་འབྲེལ་སྙིང་པོའི་ཞབས་སུ་སྲུངས་ཤིག་སྲུངས་ཤིག བྲི་བར་བྱའོ། «།འཁོར་ལོ་གོང་གསལ་འཇིགས་སྐྱོབ་ལྷ་དགུ་གུར་ཁང་བཅས་པར་བསྐྱེད།» «སྙིང་པོ་དང་རྟེན་སྙིང་བརྒྱ་སྟོང་བཟླ་ཞིང་མེ་ཏོག་འཐོར་བ་སོགས་་་་་་»བསྒོམ་ལུགས་དང་རབ་གནས་བྱ་ལུགས་སྲུང་ཟློག་གི་རིམ་པ་བཞིན་ཏུ་བྱའོ། «།ནུས་པ་དང་ལྡན་ངེས་པའི་་་་་་»སྲུང་འཁོར་གཤའ་མར་བྱེད་ན་ཟླ་བ་རེ་རེ་ཙམ་དུ་བསྒྲུབ་དགོས་པ་ཡིན། ཡིད་བཞིན་འཁོར་ལོའི་«་་་་་བྲིས་པའི་»སྲུང་འཁོར་གཞན་ལ་འདོགས་པའི་གདམས་ངག་རྫོགས་སོ།། ༈ «།ལྔ་པ་རིགས་བརྒྱུད་སྤྱི་དང་ཁྱད་པར་སྲིའུ་གསོ་བ་ལ་གཅེས་པའི་གདམས་པ་ནི།» སྲུང་བྱེད་ལྷ་མོ་ལ་ཕྱག་འཚལ་ལོ། །སྒྲོལ་མའི་ལུགས་ཀྱིས་«སྔར་བྱིས་པ་མང་དུ་ཤི་བའི་རྗེས་སུ་སྐྱེས་པའི་་་་་་»སྲིའུ་གསོ་བ་ནི། བསྒོམ་ལུགས་ཐམས་ཅད་«་་་་་ལྷ་དགུའི་»སྲུང་འཁོར་བསྐྱེད་རིམ་བཞིན་དུ་བསྒོམ་ནས། བུ་ཚའི་མ་དེ་སྒྲོལ་མ་དཀར་མོར་བསྒོམ་ཞིང༌། སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་སྒྲོལ་མའི་ངོ་བོར་སྤྱན་དྲངས་ཤིང༌། བུ་ཚ་མ་བུའི་ལུས་ངག་ཡིད་གསུམ་ལ་«་་་་་རྒྱུན་ཏུ་»བསྟིམ་ཞིང༌། «བུམ་སྒྲུབ་བགྱིས་པའམ་རྩ་སྔགས་ཙམ་གྱིས་ཡུན་དུ་སྔགས་པའི་་་་་་»གཟུངས་ཆུ་རྒྱུན་ཆད་མེད་པར་བྱ་ཞིང་བླུད། སྲུང་བའི་འཁོར་ལོ་«་་་་་རྟག་ཏུ་མི་བསྡུ་བར་»རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །བུ་ཚ་«ཐོག་མར་་་་་་»སྐྱེ་བའི་དུས་སུ་«སྲོག་གི་དྭངས་མའི་རྟེན་་་་་་»ཚོན་སྐུད་སྣ་ལྔ། བྱིན་རླབས་«་་་་་ཟོལ་མེད་ཀྱི་»དམ་རྫས་དང༌། རིན་པོ་ཆེ་སྣ་བདུན་ལ་«སྙིང་པོ་དང་རྟེན་སྙིང་གིས་་་་་་»བྱིན་རླབས་བྱས་པ་དང༌། «ལྷན་ཅིག་ཏུ་»སྲུང་འཁོར་རབ་གནས་གཟབས་པའང་གདགས་པར་བྱའོ། །གཞན་ཡང་«་་་་་སོ་སོས་རྟག་ཏུ་བསྟེན་པའི»་ཆོས་སྐྱོང་ལ་གཏོར་མ་གཏོང་བ་དང༌། འབྱུང་པོ་«་་་་་སྤྱི་ལ»གཏོར་མ་གཏོང་བ་དང༌། «ནུས་པ་དང་ལྡན་པས་དྲག་པོའི་སྒོ་ནས»་ཆུང་སྲི་མནན་པ་དང༌། དགེ་འདུན་ལ་ཆོས་སྟོན་དྲངས་ཤིང་«རིང་པོར་འཚོ་བའི་་་་་་»སྨོན་ལམ་གདབ་«་་་་་ཏུ་གཞུག»་པ་དང༌། «རིས་མེད་པའི་་་་་་»སེམས་ཅན་ལ་སྦྱིན་པ་«་་་་་རྣམ་གསུམ་»གཏོང་བྱ་ལ་སོགས་པ་ཚོགས་བསག་པའི་རིམ་པ་མང་པོ་བྱའོ། །ཡང་ན་སྨན་བཟང་དྲུག་གི་རིལ་བུ་«་་་་་གཙང་མ་དག་པ་»གཟབས་ནས་རིལ་བུ་བརྒྱ་རྩ་བརྒྱད་ལ་སོགས་པ་བྱ། «གང་སྨྲོས་་་་་་»ཚེ་སྒྲུབ་ལྟར་ཡུན་རིང་དུ་བསྒྲུབས་ནས་«ཆུར་སྦྱངས་ཏེ་»བསྲུང་བྱའི་ལུས་ལའང་བྱུགས། «ཁམས་མཐུན་གྱི་རས་ཐུམ་བྱས་ལ་་་་་་»མགུལ་དུ་ཡང་བཏགས་«་་་་་པ་དེ་ནི།» སྲུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན། འཕགས་མ་སྒྲོལ་མའི་«་་་་་སྒོ་ནས»་སྲིའུ་གསོ་བའི་གདམས་པ་རྫོགས་སོ།། ༈« །དྲུག་པ་ལོ་རྒྱུས་མདོར་བསྡུས་ཞར་བྱུང་བསྒོམས་པའི་ཡོན་ཏན་འབྱུང་ཚུལ་དང་བཅས་པ་ནི། རྒྱུད་སྡེ་བཞི་ལས་གསུངས་པའི་»སྒྲོལ་མའི་རྒྱུད་«་་་་་རྣམས་»ཀྱི་དོན་གཅིག་ཏུ་བསྡུས་པ་«མར་རྔོག དྭགས་པོ། དུས་མཁྱེན་སོགས་»བླ་མ་བརྒྱུད་པ་རྣམས་ཀྱི་ཡི་དམ། གྲུབ་རྟགས་«ཚེ་རིང་བ་དང་རྟོགས་པ་ཐོབ་པ་སོགས་»རྒྱུན་ཏུ་ཐོན་པ་«བརྒྱུད་པ་འདི་ལ་བཀའ་བབས་པས་་་་་་»ཤིན་ཏུ་ཁྱད་དུ་འཕགས་པའི་གདམས་ངག་ལས་རབ་འབྱམས་རྒྱ་མཚོའི་སྒྲུབ་ཐབས་«རྒྱུད་དང་བླ་མའི་གདམས་ངག་གིས་ཕྱེ་བའི་་་་་་»ལས་ཁ་ཚར་སྟོང་བརྒྱ་རྩ་བརྒྱད་ཡོད་པ་ལས། འདིར་«་་་་་འཕྲལ་དུ་མཁོ་བའི་»ཉམས་ལེན་སྙན་«་་་་་བརྒྱུད་»གྱི་
ཞལ་གདམས་མདོར་བསྡུས་ཏེ་གསལ་བར་བཀོད་པའོ། །འདི་ལ་གང་ཟག་གཅིག་གིས་«་་་་་རྣམ་གཡེང་གཞན་གྱིས་»རྒྱུན་ཆད་མེད་པར་བསྒོམས་ན་«ཞི་སོགས་་་་་»ཕྲིན་ལས་བཞི་དང་«རལ་གྲི་བཅུད་ལེན་སོགས་་་་་་»གྲུབ་ཆེན་བརྒྱད་དང༌། «ལྷའི་མིག་སོགས་་་་་་»སྤྱན་ལྔ་«སྔོན་གནས་མཁྱེན་པ་སོགས་་་་་་»མངོན་ཤེས་དྲུག་ལ་སོགས་པ་«་་་་་དང༌།» «གཞན་ཡང་འདོད་དགུར་སྒྱུར་བའི་རྫུ་འཕྲུལ་སོགས་་་་་་»ཡོན་ཏན་དཔག་ཏུ་མེད་པ་«་་་་་ཚེ་འདི་ལ་»འབྱུང་བར་འགྱུར་རོ། །རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་«རྒྱུ་མཚན་དང་ཡོན་ཏན་བསྟན་པའོ།་་་་་»འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་གདམས་ངག་རྫོགས་སོ།། ༈ «།བདུན་པ་སྡིག་སྒྲིབ་ནད་གདོན་ལ་སོགས་པ་ཞི་བའི་ཕྱིར་བུམ་པ་ལ་བརྟེན་ནས་ཁྲུས་ཀྱི་ཆོ་ག་བཤད་པ་ནི།» སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་དཀར་མོའི་གཟུངས་ཆོག་བྱེད་པར་འདོད་པས། བུམ་པ་ཚད་དང་ལྡན་པ། «ཤིང་ལོའི»་ཁ་རྒྱན་དང་མགུལ་ཆིངས་«་་་་་དཀར་པོ་»དང༌། གཟུངས་ཐག་དང༌། བུམ་སྨན་«་་་་་བཅོ་ལྔ་»དང༌། བུམ་སྙིང་«རིན་པོ་ཆེ་དང་སྙིང་པོ་ལྔ་སོགས་»དང་མཆོད་པའི་ཚོགས་རྣམས་འཛོམ་པར་བྱས་ནས། «བདག་བསྐྱེད་སྔོན་ཏུ་སོང་ནས་་་་་»སྟོང་པའི་ངང་ལས་བུམ་པ་«་་་་་ནང་»གཞལ་ཡས་ཁང་དང་«་་་་་ཕྱི་»འཁོར་ལོ་ཐ་དད་མེད་པར་བསྒོམ་ཞིང༌། དེའི་དབུས་སུ་སྒྲོལ་མའི་ལྷ་ཚོགས་རྣམས་མངོན་རྟོགས་«་་་་་ལྷ་ལྔའམ་གཙོ་རྐྱང་»བཞིན་ཏུ་རྒྱས་པར་བསྐྱེད་ནས། རང་ཉིད་སྒྲོལ་མར་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ་འཕྲོས་པས། རིགས་ལྔ་ཡབ་ཡུམ་བཅུའི་བྱིན་རླབས་ཐམས་ཅད་སྒྲོལ་མའི་«་་་་་ལྷ་ལྔའམ་གཙོ་རྐྱང་གི»་ངོ་བོར་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། «སྔགས་ཙམ་མམ་ཚིགས་བཅད་དང་བཅས་པས་་་་་་»མཆོད་པ་དང་གཏོར་མ་རྒྱས་པར་ཕུལ་ཞིང་«བསྟོད་པ་དང་གཏོར་འབུལ་མཐར་་་་་་»ཛཿཧཱུྃ་བཾ་ཧོཿབྱས་པ་ཙམ་གྱིས་ཁ་རྒྱན་དང་ཐ་དད་མེད་པར་«ཞུགས་ནས་སྔར་བསྐྱེད་པའི་་་་་་»བུམ་པའི་ལྷ་ཚོགས་རྣམས་ལ་ཐིམ་པར་བསྒོམ་ཞིང་གཟུངས་ཐག་རང་གིས་བཟུང་ནས། གཟུངས་ཐག་དང་ཐ་དད་མེད་པར་སྒྲོལ་མའི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཐམས་ཅད་«་་་་་འོད་ཟེར་
གྱི་རྣམ་པར་བྱུང༌། »ཡོན་བདག་རྣམས་བུམ་པའི་ལྷ་ཚོགས་སུ་«་་་་་དང་མཐུན་པའི་སྒྲོལ་མའི་རྣམ་པར་རང་མདུན་དུ་»གནས་པ་ལ་ཐིམ་པ་ཙམ་གྱིས་ནད་དང་གནོད་པ་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསྒོམ་ཞིང་སྔགས་འདི་འདོན་པར་བྱའོ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་ཏིཥྛ་ཛྭ་ལ་སརྦ་སིདྡྷི་ལོ་ཙ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་རཾ་ཧོ་ཡཾ་ཤུདྡྷེ་ཨེ་རཾ་བྷི་ན་ཡ་ཤུདྡྷེ་སྭཱ་ཧཱ། ཞེས་མང་དུ་བཟླས་ཤིང་བསྙེན་པ་ཡུན་རིང་དུ་བྱའོ། །ཡོན་བདག་ལ་ཁྲུས་ནམ་བྱེད་པའི་དུས་སུ་བུམ་པའི་ལྷ་ཚོགས་«་་་་་ཡེ་ཤེས་པ་གཤེགས་དམ་ཚིག་གི་ལྷ།» འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསྒོམ་ཞིང་ཁྲུས་བྱའོ། «།འདིར་བཤད་་་་་་»གཟུངས་ཆོག་དང་«སྔར་བསྟན་པའི་་་་་་»སྲུང་འཁོར་«་་་་་དང༌།» ཚེ་སྒྲུབ་རྣམས་«་་་་་བསྙེན་པ་སྔོན་ཏུ་སོང་ནས་»དུས་གཅིག་ལ་བསྒྲུབས་ཀྱང་ཉན་པ་ཡིན། སྒྲོལ་མ་ཡིད་བཞིན་འཁོར་ལོའི་གཟུངས་ཆོག་གི་གདམས་ངག་ཤིན་ཏུ་ཟབ་པ། «བུམ་ཆོག་ལེའུའོ།་་་་་»བླ་མ་ཀརྨ་པས་རྒྱས་པར་བཀོད་པ་རྫོགས་སོ།། ༈ «།བརྒྱད་པ་རྟགས་ཆད་བསྟན་པ་ནི།» སྒྲོལ་མའི་རྨི་ལམ་གྱི་ལྟས་ནི། «གྲིབ་མེད་ཅིང་འདུ་བ་མ་འཁྲུགས་པའི་ཐོ་རངས་ཀྱི་ཆར་་་་་»ནམ་ལངས་པ་དང༌། ཁྲུས་བྱེད་པ་དང༌། ཉི་མ་ཤར་བ་དང༌། མེ་ཏོག་«་་་་་སེར་པོ་སོགས་ཀྱི་ཚལ་»གི་དབུས་སུ་ཕྱིན་པ་དང༌། «མཛེས་མ་་་་་་»བུད་མེད་ཀྱི་ཚོགས་ཀྱིས་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་དང༌། «རབ་ལ་་་་་་»སྒྲོལ་མས་དངོས་སུ་ལུང་བསྟན་པ་དང༌། རང་གི་ལུས་ངག་ཡིད་གསུམ་སྒྲོལ་མར་གསལ་བ་«་་་་་རིག་མཐོང་གི་མཚན་མ་ལ་ཉིད་གདེངས་ཐོབ་པ་དང༌། གཞན་གྱིས་མཐོང་བ་»དང༌། མེ་ཕུང་འབར་བས་ནགས་རི་ཚིག་པ་དང༌།«་་་་་སྡིག་སྒྲིབ་ཞི་བའི་རྟགས་རྨི་ལམ་དུ་མཐོང་བ་འདིས་གཞན་ལས་འབྱུང་བ་དང༌། རིགས་པས་དཔྱད་ནས་རྒྱས་པར་རྟོགས་པར་བྱའོ།» །སྒྲོལ་མ་ཡིད་བཞིན་འཁོར་ལོའི་གདམས་ངག «རྟགས་ཚད་ཀྱི་ལེའུའོ།་་་་་»བླ་མ་ཀརྨ་པས་བཀོད་པ་རྫོགས་སོ། །རྗེ་དུས་གསུམ་མཁྱེན་པའི་བུ་སློབ་ཀྱིས་སྒྲུབ་ན་ལོ་བརྒྱ་རེ་ཐུབ་པ་ཡིན། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་ཏུ་
ཤོག། «།།གྲུབ་ཆེན་ཀརྨ་པ་ལ་སྒྲོལ་དཀར་གྱི་གདམས་ངག་མར་རྔོག་ནས་བརྒྱུད་པ་དང༌། ཇོ་བོ་ལུགས་དང༌། བ་རི་ལུགས་དང༌། ཉེ་བརྒྱུད་དག་སྣང་གི་ཁྱད་པར་དཔག་ཏུ་མེད་པ་བཞུགས་པའི་ཕྱིར། གཞུང་འདི་དུས་མཁྱེན་གྱི་དགོངས་པ་སོར་བཞག མན་ངག་བཅུད་འདུས་ཀྱི་བེའུ་བུམ་དུ་གསལ་ཞིང༌། བྱིན་རླབས་ཀྱི་ཚན་ཀ་ཁྱད་པར་ཅན་དང་ལྡན་པ་ཡིན་ནོ། །ཞེས་པའི་མཆན་ཆུང་མདོ་ཙམ་གྱིས་གསལ་བར་བྱེད་པ་པོ་བློ་གྲོས་མཐའ་ཡས་ཏེ་མཆན་དཀྱུས་སུ་བསྲེ་བར་མི་བྱའོ། །མངྒ་ལཾ།།» ༈ །སྒྲོལ་དཀར་ཇོ་བོ་ལུགས་ཀྱི་མངོན་རྟོགས་ཚེ་སྒྲུབ་དང་བཅས་པ་བཞུགས། །དགེ་ལེགས་འདོད་པའི་འབྲས་སྩོལ་མ། །འཆི་མེད་ཚེ་ཡི་དཔལ་སྦྱིན་མ། །སྲིད་པའི་སྡུག་བསྔལ་ཀུན་སེལ་མ། །འཕགས་མ་སྒྲོལ་མས་ཤིས་པར་མཛོད། །འདིར་ཐོག་མར་སྐྱབས་སེམས་སྤྱི་དང་མཐུན། བསྡུ་ན་སངས་རྒྱས་ཆོས་དང་སོགས་འདི་ཇོ་བོའི་གསུང་ཡིན་ངེས་ཀྱིས་ཡིད་ཆེས་ཆོག་ཤེས་འཚལ། དེ་ནས་སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་སྲུང་འཁོར། པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། རང་སེམས་ཨུཏྤལ་དཀར་པོ་ཏཱྃ་གྱིས་མཚན་པ་ལས། སྒྲོལ་མ་དཀར་མོ་ཕྱག་གཡས་མཆོག་སྦྱིན། གཡོན་རབ་ཏུ་རྒྱས་པའི་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་འདབ་ལྟར་རབ་ཏུ་ཡངས་པའི་སྤྱན་བདུན་དང་ལྡན་པ། ཟླ་བའི་རྒྱབ་ཡོལ་ཅན། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཐུགས་ཀའི་དབུས་སུ་ཏཱྃ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར་སྐུ་གང་དྲི་མ་དག འོད་དཔག་མེད་ཀྱིས་དབུར་བརྒྱན། སྤྲོ་ན་སྐབས་འདིར་མཆོད་བསྟོད་བྱ། སྙིང་གར་འཁོར་ལོ་གསལ་གདབ་ལ་ཐུན་གྱི་ཐོག་མཐའ་གཉིས་སུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུ་ཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་རིགས་དང༌། བཟླས་པའི་
དངོས་གཞི་ཡི་གེ་བཅུ་པ་ཉིད་ལ་བྱེད་དེ་བཟླས་པའི་སྒོ་ནས་ཚེ་སྲིང་བའོ། །སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་ཕྱོགས་ཐམས་ཅད་དུ་འཕྲོས། རང་གི་ཕྱི་རོལ་འདོམ་གང་ཙམ་དུ་གུར་ཁྱིམ་དཀར་པོར་གྱུར་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བསམ། དེ་བཞིན་ཏུ་སེར་པོས་ཚེ་དང་བསོད་ནམས་རྒྱས་པར་བསམ། དམར་པོས་ཐམས་ཅད་དབང་དུ་བསྡུས་པར་བསམ། སྔོན་པོས་དགྲ་བགེགས་ཐམས་ཅད་ཚར་བཅད། ལྗང་གུས་ལས་ཐམས་ཅད་འཕྲལ་དུ་འགྲུབ། མཆིན་ཁས་ལས་གྲུབ་པ་ལ་བར་ཆད་བསལ། འོད་ཟེར་འཁོར་ལོ་དེ་རྣམས་སོ་སོའི་བར་ལ་འདོམ་གང་ཙམ་རེ་ཡོད་པ། བར་མཚམས་ཐམས་ཅད་ཨུཏྤལ་གསར་དུ་ཁ་བྱེ་བས་གང་བར་བསམས་ལ་བཟླས་པ་ཅི་རིགས་བྱ། མཐར་འོད་ཟེར་འཁོར་ལོ་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་ཐིམ་པ་མཐར་སྙིང་གའི་སྔགས་ཕྲེང་ལ་བསྡུ། སྲུང་འཁོར་གྱིས་ཚེ་སྲིང་བའོ། །སྙིང་གའི་འཁོར་ལོའམ་ས་བོན་ལས་འོད་འཕྲོས། འབྱུང་བཞིའི་བཅུད་ཐམས་ཅད་བདུད་རྩིར་བསྡུས། རང་ཉིད་ལ་ཐིམ་པས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་པས་སྲ་བརྟན་རྡོ་རྗེའི་ཚེ་ཐོབ་པར་མོས་ཤིང་བཟླས་བརྗོད་ཅི་རིགས་བྱ། དེ་བཞིན་ཏུ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་གནོད་པ་མེད་པར་བླངས་ནས་སྔ་མ་ལྟར་བྱ་སྟེ་བཅུད་བསྡུ་བས་ཚེ་སྲིང་པའོ། །སྙིང་གར་ཟླ་བ་ལ་ཏཱྃ་ལས་དབུགས་ཕྱིར་འགྲོ་བའི་ཚེ་འོད་ཟེར་སྤྲོ། ནང་དུ་འོང་བའི་ཚེ་བསྡུ། གནས་པའི་ཚེ་ཏཱྃ་ལ་སེམས་གཏད་པའི་དམིགས་པ་ལན་བརྒྱ་ཕྲག་ཙམ་བསྒོམ་པ་ནི་རྡོ་རྗེའི་བཟླས་པས་ཚེ་སྲིང་བའོ། །རང་ལུས་ཀྱི་དབུས་སུ་སྲོག་པ་རྩ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་ཡས་སྣ་ཐིག་ལེ་དཀར་པོ་དང༌། མས་སྣ་ཐིག་ལེ་དམར་པོས་བཀག་པ། ནང་སྙིང་གའི་ཏཱྃ་ལས་བྱུང་བའི་སྲོག་གི་རླུང་སྔོ་དམར་གྱིས་འགྲོ་འོང་མེད་པར་གང་བ་ལ་སེམས་གཏད་དེ། རླུང་བུམ་པ་ཅན་ཅི་རིགས་སུ་འཛིན་པ་ནི་སྙིང་གར་ཚེ་ཕུར་གདབ་པ་ལ་བརྟེན་ནས་ཚེ་སྲིང་བའོ། །ཕྱི་མ་བཞི་པོ་
དེ་གང་ཡང་རུང་བ་རེ་བྱས་པས་ཆོག སྙིང་གར་འཁོར་ལོ་བསྒོམ་ཚུལ་ནི་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མཐའ་མུ་ཁྱུད་དང་བཅས་པ། ལྟེ་བའི་དབུས་སུ་ཧཱ་ཏཱྃ་ཨོཾ་གསུམ་ཡས་རིམ་གྱིས་བརྩེགས་པ། དེའི་མཐའ་མ་ལ་མིང་འདི་ཞེས་བགྱི་བའི་ཚེ་དང་བསོད་ནམས་རྒྱས་པར་མཛོད་ཅིག རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡི་གེ་བརྒྱད་པོ་ཐམས་ཅད་ཁ་ནང་བལྟས་མགོ་གྱེན་བསྟན། འོད་ཟེར་དཀར་པོ་འབར་བ་བསྒོམ་པ་ཡིན། ཏཱ་ར་ནཱ་ཐས་མཛད་པའོ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བདུད་རྩིའི་ཐིགས་པ་བཞུགས་སོ། །སྭ་སྟི། འཆི་མེད་མཆོག་སྩོལ་རྒྱལ་ཀུན་ཡུམ། །ཡིད་བཞིན་འཁོར་ལོ་ལྷག་པའི་ལྷར། །བཏུད་ནས་དེ་ཉིད་སྒྲུབ་པའི་ཐབས། །སྙིང་པོའི་ཉམས་ལེན་འཇུག་བདེར་བཤད། །སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས། སྭ་བྷཱའི་སྔགས་བརྗོད་དོན་དྲན་པས། །ཆོས་ཀུན་སྟོང་ཉིད་སྤྲོས་བྲལ་རྩལ། །ཧཱུྃ་ལས་སྲུང་བའི་གུར་ཁང་དབུས། །པྃ་ལས་པདྨ་ཨ་ཡིག་ལས། །ཟླ་སྟེང་རང་སེམས་ཨུཏྤལ་དཀར། །ཏཱྃ་ཡིག་གིས་མཚན་ཡོངས་གྱུར་པ། །འཕགས་མ་སྒྲོལ་མ་ཟླ་བའི་མདོག །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །པད་འདབ་ལྟར་ཡངས་སྤྱན་བདུན་མ། །ཞི་འཛུམ་མཚན་དཔེའི་ལང་ཚོ་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་ཨུཏྤལ། །དཀར་པོའི་སྡོང་བུ་ཐུགས་ཀར་འཛིན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་པའི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང༌། །ཐུགས་ཀར་ཏཱྃ་མཚན་དེ་ལས་འོད། །འཕྲོས་པས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་མེད་གྱུར། །སླར་ཡང་དབང་ལྷ་སྤྱན་དྲངས་པར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་
དབང་བསྐུར་དྲི་མ་སྦྱངས། །སྐུ་གང་སྤྱི་བོར་བརྟན་པ་ལས། །འོད་དཔག་མེད་ཀྱིས་དབུར་བརྒྱན་གྱུར། །ཨརྒྷཾ་ལ་སོགས་མཆོད་པ་དང༌། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྙིང་གར་པད་ཟླའི་སྟེང་འཁོར་ལོ། །དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང༌། །བཅས་པའི་ལྟེ་བར་ཏཱྃ་དཀར་པོ། །དེ་མཐར་སྔགས་ཀྱི་ཕྲེང་བ་ནི། །ཨོཾ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། ཞེས་དང་འཁོར་ལོ་རྩིབས་བརྒྱད་ལ། །ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། །ཞེས་པ་བརྒྱད་འཁོར་དེ་རྣམས་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་དོན། །བྱས་ནས་ཚུར་འདུས་ས་བོན་དང༌། །སྔགས་ཕྲེང་ལ་ཐིམ་བཀྲག་མདངས་དང༌། །གཟི་བརྗིད་ཚེ་དཔལ་རྒྱས་པར་གྱུར། །ཅེས་པའི་དོན་ལ་མཉམ་བཞག་ནས། །ཡི་གེ་བཅུ་པ་གཙོ་བོར་བཟླ། །ཐུན་ཤམ་སྤེལ་ཚིག་ལས་སྔགས་ཀྱང༌། །ཅི་རིགས་བཟླ་ཞིང་རྒྱུན་བཟླས་ནི། །ལས་སྔགས་ཉིད་ལ་བྱེད་པ་ཡིན། །དེ་ནི་བཟླས་པས་ཚེ་སྲིང་བའོ། །སྙིང་གའི་སྔགས་ལས་འོད་དཀར་འཕྲོས། །ཕྱི་རོལ་གུར་ཁྱིམ་དཀར་པོས་བཅིངས། །འགལ་རྐྱེན་མི་མཐུན་ཞི་བར་བསམ། །དེ་བཞིན་སེར་པོས་ཚེ་བསོད་སྤེལ། །དམར་པོས་ཁམས་གསུམ་དབང་དུ་བསྡུས། །སྔོན་པོས་དགྲ་བགེགས་ཚར་བཅད་ནས། །ལྗང་གུས་ལས་ཀུན་མྱུར་དུ་བསྒྲུབས། །མཆིན་ཁས་བར་ཆད་བསལ་བསམ་ཞིང༌། །གུར་ཁྱིམ་དྲུག་པོའི་བར་སྟོང་ནི། །འདོམ་གང་ཙམ་སྟེ་དྭངས་གསལ་བར། །ཨུཏྤལ་གསར་པས་གང་བསམས་ནས། །སྔར་བཞིན་བཟླས་པ་ཅི་ནུས་བྱ། །སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས། །འཁོར་ལོ་ཕྱི་ནས་རིམ་པ་བཞིན། །སྙིང་གའི་སྔགས་ཕྲེང་ཉིད་ལ་བསྟིམ། །སྲུང་འཁོར་ལ་བརྟེན་ཚེ་སྲིང་བའོ། །སླར་ཡང་སྙིང་གའི་སྔགས་ཕྲེང་ལས། །ཕྱི་སྣོད་འབྱུང་བཞིའི་དངོས་པོ་དང༌། །ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ། །
བསྡུས་ནས་བདག་བསྟིམ་ལུས་ཀྱི་བཟུང༌། །སྲོག་གི་རྟེན་བྱས་རྡོ་རྗེའི་ཚེ། །མི་ཤིགས་རྟག་བརྟན་གཞོམ་མེད་གྱུར། །བཅུད་བསྡུའི་སྒོ་ནས་ཚེ་སྲིང་བའོ། །རླུང་འོད་སྤྲོ་བསྡུ་གནས་པ་གསུམ། །འབྲུ་གསུམ་སྦྱར་བ་རྡོ་རྗེ་ཡི། །བཟླས་པའི་སྒོ་ནས་ཚེ་སྲིང་བའོ། །རང་ལུས་དབུས་སུ་སྲོག་པ་རྩ། །དྭངས་གསལ་སྲོག་ཤིང་ལྟ་བུ་ཡི། །ཡས་མས་ཐིག་ལེ་དཀར་དམར་གྱིས། །བཀག་ནས་སྙིང་གའི་ཏཱྃ་ཡིག་ལས། །འོད་ཟེར་སྔོ་དམར་འཁྱིལ་བ་ལ། །སེམས་གཏད་བུམ་ཅན་སྦྱོར་བས་གཅུན། །ཚེ་ཕུར་གདབ་པས་ཚེ་སྲིང་བའོ། །དེ་ལྟར་ཕྱི་མ་བཞི་པོ་ནི། །གང་འདོད་ཁོལ་བུར་བསྒྲུབས་པས་ཀྱང༌། །འདོད་པའི་དོན་ལ་འབྲས་འབྱིན་བྱེད། །ཐུན་མཐར་སྔར་བཞིན་ཉེར་བསྡུ་བྱ། །ཐུན་མཚམས་གཏོར་མ་འབུལ་བ་ནི། །གཙང་ཞིང་དག་པ་ལེགས་པར་བཤམ། །བསང་སྦྱང་སྟོང་པའི་ངང་ཉིད་ལས། །རིན་ཆེན་སྣོད་དུ་ཨོཾ་ཨཱཿཧཱུྃ། །ཡོངས་གྱུར་འདོད་ཡོན་ལྔ་ལྡན་གྱུར། །ཨོཾ་ཨཱཿཧཱུྃ་ཞེས་བྱིན་བརླབ་ནས། །ཨཱརྻ་ཏཱ་རེ་ས་མཱ་ཛཿ མདུན་མཁར་རྩ་བའི་སྔགས་ཀྱི་མཐར། །ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་པ་བདུན་གྱིས་ཕུལ་བའི་མཐར། །ལྷ་དང་ལྷ་མིན་གྱིས་བསྟོད་ཅིང༌། །འདོད་དོན་གསོལ་གདབ་གཤེགས་གསོལ་བྱ། །དགེ་བ་བྱང་ཆེན་མཆོག་ཏུ་བསྔོ། །ཞེས་པ་ལྷ་རིགས་ངག་གི་དབང༌། །ཀུན་བཟང་ཕུན་ཚོགས་རྣམ་རྒྱལ་དཔལ། །བཟང་པོའི་མིང་གིས་བསྐུལ་བ་བཞིན། །འགྱུར་མེད་རྡོ་རྗེས་སྨྲས་པའོ།། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྒྱུན་ཁྱེར་བཞུགས། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང༌། །འགྲོ་བའི་དོན་ཏུ་འཕགས་མ་བསྒྲུབ། །ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །པད་དཀར་ཟླ་སྟེང་སྒྲོལ་མའི་སྐུ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་མཆོག་སྦྱིན་གཡོན་པ་ཡིས། །ཨུཏྤལ་མཆོག་གསུམ་ཕྱག་རྒྱས་འཛིན། །རྒྱན་ལྡན་སྐྱིལ་མོ་ཀྲུང་གིས་
བཞུགས། །སྣང་ལ་རང་བཞིན་བྲལ་བའི་སྐུ། །རང་སྣང་གདོད་ནས་དམ་ཚིག་པར། །རང་སེམས་ཡེ་ཤེས་སེམས་དཔའ་ཉིད། །གདོད་ནས་ཟུང་འཇུག་རང་རིག་པ། །དབང་བསྐུར་རྒྱས་གདབ་ཆེན་པོ་སྟེ། །དེ་ཡི་ཐུགས་ཀར་ཟླ་བའི་གདན། །འཁོར་ལོ་སྔགས་བཅས་གསལ་བ་ལས། །འོད་འཕྲོས་རང་གཞན་སྡིག་སྒྲིབ་སྦྱངས། །འཕགས་པ་རྣམས་ཀྱི་བྱིན་རླབས་དང༌། །བརྟན་གཡོ་སྲིད་བཅུད་དངོས་གྲུབ་བསྡུས། །འཁོར་ལོར་ཐིམ་པས་འཆི་མེད་གྲུབ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་དང་མཐར། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླའོ། །གཞན་དོན་དང་འབྲེལ་ན། དེ་ནས་རང་མདུན་ཟླ་བའི་སྟེང༌། །བསྲུང་བྱ་ཐ་མལ་རྣམ་པར་གསལ། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །སྒྲོལ་མ་དཔག་མེད་སྤྱན་དྲངས་ནས། །བུམ་པའི་བདུད་རྩིས་བསྲུང་བྱ་ཡི། །ནད་གདོན་བར་ཆད་སྡིག་སྒྲིབ་བཀྲུས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བསྲུང་བྱ་འདི་ཞེས་བྱ་བའི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ། ཐ་མ་བསྲུང་བྱའི་དྲི་མ་ཀུན། །དག་ནས་བདུད་རྩིས་ལུས་གང་སྟེ། །སྒྲོལ་མའི་སྐུ་རུ་ལམ་གྱིས་གྱུར། །མི་ཕྱེད་རྡོ་རྗེའི་སྐུ་འགྲུབ་བོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཤིས་བརྗོད་བྱའོ། །ཞེས་རྗེ་བཙུན་འཕགས་མས་རྗེས་བཟུང་སི་ཏུ་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའོ།། །།མངྒ་ལཾ།། །།
འཕགས་མ་ཡིད་བཞིན་འཁོར་ལོའི་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་སྟེར།
འཕགས་མ་ཡིད་བཞིན་འཁོར་ལོའི་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡཻ། འཆི་མེད་མཆོག་སྦྱིན་དུས་གསུམ་རྒྱལ་བའི་ཡུམ། །བཅོམ་ལྡན་འོད་དཔག་མེད་པའི་དབུ་རྒྱན་ཅན། །སྟོན་ཟླའི་འོད་འཕྲོ་ཡིད་བཞིན་འཁོར་ལོ་འཆང༌། །རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབས། །འཕགས་མས་རྗེས་བཟུང་མཆོག་ཐུན་གྲུབ་པའི་གཙོ། །ཕྱོགས་ལས་རྣམ་རྒྱལ་མཧཱ་པཎྜི་ཏ། །བདེ་མཆོག་རྡོ་རྗེའི་སྐུ་རུ་རྟག་བཞུགས་པ། །ངག་གི་དབང་ཕྱུག་གྲགས་པར་གསོལ་བ་འདེབས། །སྲས་བཅས་རྒྱས་བ་ཀུན་གྱི་བགྲོད་གཅིག་ལམ། །མཁའ་ཁྱབ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཚུལ་བཞིན་རྟོགས་པའི་མངའ་བདག་གསེར་གླིང་པ། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བོད་ཡུལ་རྨོངས་མུན་ཆོས་ཀྱི་དབུལ་བ་དག །གཅིག་ཅར་སེལ་བྱེད་ལྷག་པའི་བསླབ་པ་གསུམ། །དགོས་འབྱུང་ནོར་བུའི་མཛོད་ཀྱིས་རྒྱུད་གཏམས་པ། །དཔལ་ལྡན་ཨ་ཏི་ཤ་ལ༴ །སྤྱན་རས་གཟིགས་དངོས་འབྲོམ་སྟོན་རིན་པོ་ཆེ། །ཡེ་ཤེས་ཚུལ་ཁྲིམས་འབར་བའི་སྤྱན་སྔ་བ། །ཟུང་འཇུག་བྱང་ཆུབ་སེམས་འབྱོངས་སྒྲེ་པ་ཆེ། །དགེ་བའི་བཤེས་གཉེན་རྣམས་ལ༴ །རྒྱལ་བས་
ལུང་བསྟན་དགེ་སློང་འཚོ་བྱེད་ཞབས། །དུས་གསུམ་མཁྱེན་པ་རས་ཆེན་སངས་རྒྱས་གྲགས། །བསོད་ནམས་རྡོ་རྗེ་གྲུབ་ཆེན་ཀརྨ་པ། །མཆོག་བརྙེས་རིན་ཆེན་དཔལ་ལ༴ །རང་བྱུང་རྒྱལ་བ་གཡུང་སྟོན་ཆོས་ཀྱི་གྲགས། །མཁའ་སྤྱོད་དབང་པོ་ཐུབ་ཆེན་དེ་བཞིན་གཤེགས། །རིག་རལ་མཐོང་བ་དོན་ལྡན་འཇམ་དཔལ་བཟང༌། །དཔལ་འབྱོར་དོན་ཀུན་གྲུབ་ལ༴ །ཆོས་གྲགས་རྒྱ་མཚོ་སངས་རྒྱས་མཉན་པ་ཆེ། །མི་བསྐྱོད་རྡོ་རྗེའི་དབྱངས་ཅན་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་གར་དབང་དྷརྨའི་མཚན། །ལུང་རིག་སྨྲ་བའི་ཉི་མར༴ །ཀརྨ་ཆགས་མེད་ཆོས་རྗེ་དུལ་མོ་བ། །ཆོས་ཀྱི་དོན་གྲུབ་ཀུན་མཁྱེན་ཆོས་ཀྱི་འབྱུང༌། །བདུད་འདུལ་རྡོ་རྗེ་རིགས་བརྒྱའི་འཁོར་ལོས་སྒྱུར། །པདྨ་ཉིན་བྱེད་དབང་པོར༴ །ཁྲིད་ཀྱི་བརྒྱུད་པའི་ཁྱད་པར། ཀརྨ་ཆགས་མེད་པདྨ་ཀུན་དགའི་ཞབས། །ཕྲིན་ལས་དབང་འབྱུང་ཀུན་གཟིགས་ཤེས་རབ་གྲགས། །བསྟན་འཛིན་དོན་གྲུབ་ཐེག་མཆོག་བསྟན་འཕེལ་རྗེ། །རྩ་བའི་བླ་མ་རྣམས་ལ༴ །ཞེས་སོ། །ངག་གི་དབང་ཕྱུག་མར་པ་ལྷོ་བྲག་པ། །རྔོག་སྟོན་བདུན་བརྒྱུད་པཎ་ཆེན་བྱམས་གླིང་པ། །སྤྱན་སྔ་ཆོས་གྲགས་བཀྲ་ཤིས་
དཔལ་འབྱོར་སོགས། །རྔོག་ལུགས་བརྒྱུད་པ་རྣམས་ལ༴ །བཅོམ་ལྡན་འདས་མ་བསྟན་སྐྱོང་ཚུལ་ཁྲིམས་གྲགས། །མཁས་ཤིང་གྲུབ་བརྙེས་བ་ན་རཏྣའི་ཞབས། །སྙིང་པོའི་དོན་གཟིགས་ཤཱཀྱ་མཆོག་ལྡན་སོགས། །ཉེ་བརྒྱུད་བླ་མ་རྣམས་ལ༴ །རྡོ་རྗེ་སྒྲོལ་མའི་སྐུ་བརྙེས་ཛེ་ཏཱ་རི། །ཐུབ་དབང་རྒྱལ་ཚབ་རྡོ་རྗེ་གདན་པ་གཉིས། །རིན་ཆེན་གྲགས་པ་ཀུན་སྙིང་ངོར་ཆེན་སོགས། །བ་རི་བརྒྱུད་པ་རྣམས་ལ༴ །ངག་དབང་གྲགས་པ་པཎ་ཆེན་འབུམ་ཕྲག་གསུམ། །མཐུ་སྟོབས་དབང་ཕྱུག་ལོ་ཆེན་དར་མ་གྲགས། །ཁའུ་པ་དང་རྡོ་རྗེ་བདུད་འཇོམས་སོགས། །གཉན་ལུགས་བརྒྱུད་པ་རྣམས་ལ༴ །མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས། །གཅིག་འདུས་སྐྱབས་ཀྱི་སྙིང་པོ་རྡོ་རྗེ་འཛིན། །བྱིན་རླབས་འབྱུང་གནས་རྩ་བའི་བླ་མ་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཚེ་འདིར་མངོན་ཞེན་འཁོར་བ་བདེ་བར་ཤེས། །རང་དོན་གཅེས་འཛིན་དངོས་མཚན་ཡང་དག་ལྟ། །རྒྱུ་འབྲས་ལས་ལ་ཡིད་ཆེས་མི་སྐྱེ་བ། །ཕྱིན་ལོག་དྲི་མ་དག་པར་མཛད་དུ་གསོལ། །འདི་ལས་ཕྱི་མ་རང་ལས་གཞན་དོན་དང༌། །ལས་འབྲས་དོན་གཉེར་སྡུག་ལ་སྡུག་བསྔལ་ཤེས། །དོན་དམ་སྟོང་ཉིད་ཀུན་རྫོབ་སྒྱུ་མར་རྟོགས། །ཡང་དག་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །མི་དང་མི་མ་ཡིན་པའི་འཚེ་བ་དང༌། །འབྱུང་བ་ལུས་འཁྲུགས་ནད་ཀྱི་ཟུག་རྔུ་དང༌། །ཆོས་འགལ་རྣམ་པར་རྟོག་དང་ཉོན་མོངས་སོགས། །དམ་ཆོས་སྒྲུབ་པའི་བར་ཆད་ཞི་བར་མཛོད། །རྟག་བརྟན་ཡུན་ཏུ་འཚོ་བའི་འཆི་མེད་ཚེ། །འདོད་དགུ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་དང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་མངའ་ཐང་སོགས། །ཆོས་མཐུན་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །མི་རྟག་འཆི་བ་སྙིང་ནས་དྲན་པ་ཡིས། །ཆོས་བརྒྱད་འཁྲུལ་པའི་འཆིང་བ་རང་སར་གྲོལ། །དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ། །བདག་གཞན་རྒྱུད་ལ་མྱུར་དུ་སྐྱེ་བར་ཤོག །བསླུ་མེད་ལས་དང་འབྲས་བུར་ཡིད་ཆེས་པས། །
ལུས་ངག་ཡིད་གསུམ་ཆོས་སྤྱོད་ཆོས་སུ་སོང༌། །ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །བདག་གཞན་རྒྱུད་ལ་མྱུར་དུ་སྐྱེ་བར་ཤོག །བྱམས་དང་སྙིང་རྗེ་བཅོས་མིན་སྐྱེས་ནས་སུ། །འགྲོ་ཀུན་སྡུག་བསྔལ་ཁུར་པོ་ཁྱེར་ནུས་པའི། །ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། །བདག་གཞན་རྒྱུད་ལ་མྱུར་དུ་སྐྱེ་བར་ཤོག །གནས་ལུགས་ལྟ་བ་སྤྲོས་པ་ཀུན་བྲལ་རྟོགས། །ཡེ་ཤེས་རང་གསལ་སྒོམ་པ་ཚད་ལ་ཕེབས། །ཆོས་ཀུན་སྒྱུ་འདྲར་ཤེས་ནས་རང་གྲོལ་སྤྱོད། །སྤང་ཐོབ་མེད་པའི་འབྲས་བུ་ཐོབ་པར་ཤོག །ཨུཏྤལ་སྣ་ཚོགས་འོད་དང་རྩིབས་བཅུ་པའི། །གུར་ཁྱིམ་དབུས་སུ་རབ་དཀར་ལྷག་པའི་ལྷ། །ནུས་པའི་བཅུད་ཀྱིས་རྒྱས་ལ་སེམས་བརྟན་པས། །འཆི་བདག་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །རྡོ་རྗེའི་ལང་ཚོ་རྫོགས་པའི་བཅོམ་ལྡན་མ། །ཡང་ཡང་དྲན་པས་གསལ་སྣང་རབ་མཐར་ཕྱིན། །སྒྱུ་འདྲའི་ལྷ་ཡང་ནཱ་དར་སྙོམས་ཞུགས་པ། །རིམ་གཉིས་དབང་དོན་ཡེ་ཤེས་བརྙེས་པར་ཤོག །འཁོར་འདས་ལམ་གསུམ་བཅུད་དང་དྭངས་མ་ཀུན། །འཆི་མེད་འོད་འཕྲོ་ཡིད་བཞིན་འཁོར་ལོའི་དབུས། །རླུང་སྔགས་རྡོ་རྗེའི་བཟླས་པས་རབ་བསྡུས་ཏེ། །རབ་བརྟན་སྲོག་གི་ཀ་བ་ཚུགས་པར་ཤོག །ཐབས་ཤེས་ཐིག་ལེས་བཀག་པའི་དྷཱུ་ཏི་ན། །སྙིང་པོའི་ཏཱྃ་ཡིག་འགྱུར་བ་མེད་པ་དེར། །སྲོག་རླུང་ཆ་དང་བཅས་པ་ཡོངས་ཞུགས་པས། །འཕོ་བྲལ་མི་ཕྱེད་རྡོ་རྗེ་གསུམ་གྲུབ་ཤོག །མདོར་ན་འདི་བཟུང་བྱང་ཆུབ་སྙིང་པོའི་བར། །ཡུམ་གྱུར་འཕགས་མ་སྒྲོལ་མས་རྗེས་བཟུང་སྟེ། །མཆོག་ཐུན་གྲུབ་པ་བདེ་བླག་བརྙེས་པ་དང༌། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདིའང་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེ་ཀུན་གཟིགས་འཇམ་དཔལ་མཚན་ཅན་གྱི་བཀའ་ཕེབས་ལྟར། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐུན་མཚམས་སུ་ཡོན་ཏན་རྒྱ་མཚོས་བྲིས་ཏེ་གསོལ་བ་བཏབ་པ་དགེ། །།མངྒ་ལཾ།། ༈ །རྗེ་བཙུན་
ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་དང་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་ཟླ་བ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡཻ། དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་ལས། །ཚེ་དབང་བདུད་རྩིའི་ཟིལ་དངར་རྟག་ཕེབས་པ། །སྲས་བཅས་རྒྱལ་བ་སྐྱེད་པའི་ཟ་མ་ཏོག །རྗེ་བཙུན་འཕགས་མ་སྙིང་གི་ཐིག་ལེར་མཆོད། །ངོ་མཚར་བཀའ་བབས་སྒྲུབ་ཐབས་ཆུ་རྒྱུན་ལས། །ཁྱད་འཕགས་བྱིན་རླབས་ཡན་ལག་བརྒྱད་ལྡན་ཀླུང༌། །མར་མེ་མཛད་དང་དྭགས་པོའི་བཀའ་སྲོལ་ལས། །འགྲོ་བའི་ཉེར་འཚོར་བབས་དེ་འདིར་བཤད་བྱ། །དེའང་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་དང་རྒྱལ་བའི་མྱུ་གུ་མཐའ་དག་སྐྱེད་པའི་ཡུམ་མཆོག་རྗེས་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་འཕྲལ་ཡུན་གྱི་དོན་ཆེན་སྒྲུབ་པའི་ཐབས་བཤད་པ་ལ་དོན་བརྒྱད། བྱུང་ཁུངས། རྗེས་གནང༌། བསྙེན་པ། སྒྲུབ་པ། སྦྱིན་སྲེག ལས་སྦྱོར། བསྙེན་ཐབས་ཀྱི་ལག་ལེན། ཕན་ཡོན་སྨྲོས་པའོ། །དང་པོ་གང་ལས་བྱུང་བའི་ཁུངས་སྨོས་པ་ལ་གཉིས། རྒྱུད་གང་ལས་བསྟན་པ་དང༌། གདམས་ངག་གང་ལས་བྱུང་བའོ། །དང་པོ་ནི། ཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས། འཁོར་ལོ་ལྗང་གུ་རྩིབས་བརྒྱད་པ། །དངོས་སུ་བསྒྲུབ་བྱ་དགོད་པར་བྱ། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །སྔགས་ཀྱི་གྲོང་ཁྱེར་བདག་པོས་བསྐོར། །ལྗང་གུས་སྲུང་བར་འགྱུར་བ་སྟེ། །འཆི་བ་སླུ་བྱེད་དཀར་པོའོ། །ཞེས་དང༌། རྡོ་རྗེ་གདན་བཞིའི་རྒྱུད་ལས་སྒྲོལ་མ་ལྗང་གུའི་སྒྲུབ་ཐབས་བཤད་པའི་འཕྲོས་སུ། འཁོར་ལོ་པདྨ་འདབ་བརྒྱད་པ། །ཕྱི་རོལ་མུ་ཁྱུད་བསྐོར་ནས་སུ། །དབུས་སུ་ཐོག་མ་ཐ་མ་སྟེ། །བཟླས་པ་ཐམས་ཅད་བཞག་པར་བྱ། །མུ་ཁྱུད་དབྱངས་ཀྱིས་བསྐོར་ནས་སུ། །འཁོར་ལོ་དཀར་པོ་བསམ་པར་བྱ། །ཞེས་འབྱུང་བ་འདིའི་ཁུངས་སུ་སྒྲོལ་མགོན་ཞབས་དང་བསྟན་པའི་ཉིན་བྱེད་ཡབ་སྲས་བཞེད་དོ། །བོད་སྔ་
མ་དག་བྱ་རྒྱུད་པདྨའི་རིགས་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་སོགས་ལ་བརྟེན་པར་བཞེད་ཀྱང་འདི་དང་སྒྲོལ་མ་ལས་«་་་་་འདི་སྒྲོལ་མགོན་ཞབས་ཀྱིས་རྒྱུད་ཀྱི་དུམ་བུར་བཞེད་ཅིང་ཀུན་མཁྱེན་དྷརྨ་ཀ་རས་ཀྱང་རྒྱུད་ཚད་ལྡན་དུ་མཛད།» སྣ་ཚོགས་སོགས་ལས་སྤྱིར་སྔགས་དང་ལས་བཞིའི་བྱེ་བྲག་བསྟན་མོད་ཀྱི། ཡིད་བཞིན་འཁོར་ལོའི་གསལ་ཀ་རྒྱུད་ཚིག་གོང་སྨོས་ལྟ་བུ་མ་མཆིས་སོ། །གཉིས་པ་ནི། རྗེ་བཙུན་སྒྲོལ་མས་དངོས་སུ་རྗེས་སུ་བཟུང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མདོ་རྒྱུད་སྣ་ཚོགས་ནས་བཏུས་པའི་འཆི་བདག་སླུ་བའི་རྟོག་པར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གསལ་རྒྱས་སུ་བཞུགས་པ་དེ་ཉིད་པཎྜི་ཏ་ཐུ་བོ་ཞེས་བྱ་བས་ལོགས་སུ་བཀོལ་བ་ལ་བརྟེན། བོད་འདིར་རྔོག་ལུགས། ཇོ་བོ་ལུགས། བ་རི་ལུགས། གཉན་ལུགས། ནགས་རིན་ལུགས་བཅས་བྱོན་པ་ལས་ཁྱད་པར་འཕགས་པ་ནི་ཇོ་བོ་ལུགས་ཏེ། ཇོ་བོ་ཉིད་དང་ཉིད་ཀྱི་བླ་མ་གསེར་གླིང་པ་གཉིས་ཀའང་རྗེ་བཙུན་མའི་ཞལ་རྟག་ཏུ་གཟིགས་ཤིང་ཉེ་བརྒྱུད་སྩལ་བ་དང༌། ཕྱོགས་འདིར་ལུགས་སྲོལ་གྱི་ཐོག་མ་ལྟ་བུ་ཡིན་ཞིང་དེ་ལས་བརྒྱུད་པ་ལ་ད་ལྟའི་བར་དུ་སྤྱིར་དངོས་གྲུབ་རྣམ་པ་གཉིས་དང་ཁྱད་པར་སྐུ་ཚེའི་དངོས་གྲུབ་བརྙེས་པ་ཟམ་མ་ཆད་པར་བྱོན་ཅིང༌། དེ་ལས་བརྒྱུད་པའི་བཀའ་སྲོལ་མང་དུ་གྱེས་པ་ལས་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་སྒམ་པོ་ལུགས་ཀྱི་ནང་ཚན་ཀརྨ་ཀཾ་ཚང་གི་བཀའ་སྲོལ་ཏེ། འདི་ཉིད་ལའང་རྔོག་ལུགས་གཙོས་བཀའ་བབས་སྔ་ཕྱི་ཐམས་ཅད་ཀྱི་གདམས་ངག་གི་ཆུ་བོ་གཅིག་ཏུ་འདུས་པར་མ་ཟད། གྲུབ་ཆེན་པཀྵི་དང་ཆོས་རྗེ་རོལ་པའི་རྡོ་རྗེ་ལ་རྗེ་བཙུན་མས་དངོས་སུ་སྩལ་བའི་གདམས་ངག་ཉེ་བརྒྱུད་ཀྱང་འདྲེས་ཤིང༌། ཕྱིས་དུས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱང་རྗེ་བཙུན་མས་ངེས་པར་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བའོ། །འདི་བྱ་རྒྱུད་ལྟར་གཙང་སྦྲས་སྒྲུབ་པའི་ཕྱག་སྲོལ་བྱུང་བ་ནི་ཇོ་བོ་ཕེབས་པའི་སྐབས་སུ་བོད་རྣམས་
ཀྱིས་སྔགས་བླ་མེད་འཆད་པ་བཀག་པས་ཐུན་མོང་ཐེག་པ་དང་སྒོ་བསྟུན་པའི་སྲོལ་ཀ་འཇག་པ་སྟེ། རྟ་མགྲིན་ཤྭ་ན་བཞི་སྐོར་ཇོ་བོའི་ཞལ་གཟིགས་སུ་གྲགས་ཀྱང་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལས་དངོས་སུ་བསྟན་པས་མཚོན་ནོ། །གཉིས་པ་ཉམས་ལེན་སྣོད་རུང་དུ་སྒྲུབ་པ་རྗེས་སུ་གནང་བ་སྦྱིན་པ་ལ་གཉིས། སྦྱོར་བ་དང་དངོས་གཞིའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་འདི་ཉིད་ཀྱི་བསྙེན་སྒྲུབ་མཐར་ཕྱིན་ཅིང་དྲོད་ཚད་ཐོབ་པས་སློབ་མ་རྗེས་སུ་བཟུང་བའི་ཚེ། དུས་བཟང་པོར་སྒྲུབ་མཆོད་སྐབས་སུ་སྨོས་པ་བཞིན། མཎྜལ། སྐུ་བརྙན། གཡས་སུ་རྣམ་བུམ། གཡོན་ཏུ་ལས་བུམ། དར་དང་རིན་པོ་ཆེའི་རྒྱན་དང༌། ཕྱག་མཚོན་ཨུཏྤལ་དཀར་པོའི་ཙཀ་ལི། མདུན་ཏུ་མཆོད་གཏོར། གཏོར་དབང་དང་འབྲེལ་ན། རྒྱབ་ཏུའང་དེ་འདྲ་བ་རྒྱན་སྤྲོས་ཅན། ཆུ་གཉིས་ཉེར་སྤྱོད་སོགས་དང༌། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། འཐོར་ནས། སྦྱར་སྤོས། སྟེགས་ཟུར་པར་སྔོན་འགྲོ་དཀར་གཏོར་གཉིས་སོགས་འདུ་བྱའོ། །གཉིས་པ་དངོས་གཞིའི་དང་པོ་བདག་མདུན་བུམ་གསུམ་སྒྲུབ་པ་ནི། སྒྲུབ་པའི་སྐབས་ལྟར་བསང་ཆུ་བྱིན་རླབས་དང་སྔོན་གཏོར་ནས་བརྩམ་བདག་བསྐྱེད་བཟླས་པ་བསྡུ་ལྡང༌། མདུན་བསྐྱེད་མཆོད་བསྟོད་མདོར་བསྡུས་དང་བཟླས་པ། རྣམ་བུམ་དང་ལས་བུམ་སྒྲུབ་པ་བཅས་འོག་ཏུ་འབྱུང་བ་བཞིན་གྲུབ་ནས། སློབ་མ་རྣམས་ལས་བུམ་གྱི་ཆུ་དང༌། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས་ནས་མཆིལ་མ་ཕུད་དེ་ཕྱག་བཅས་གྲལ་དུ་འཁོད། སྔོན་འགྲོ་གཏོར་མ་ལ་ཆབ་བྲན། བསང་སྦྱང་བྱིན་རླབས་ནས། ཕྲིན་ལས་བཅོལ་བ་ཡན་མདུན་བསྐྱེད་སྐབས་ལྟར་གྲུབ་ནས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་
བསླུ་བ་མེད་པའི་བདེན་པ་དང༌། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ། བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་བསྒྲུབ་པ་ལ། བར་དུ་གཅོད་པ་དང་གླགས་ལྟ་ཐོ་འཚམས་པར་བྱེད་ཅིང་ཁྱད་པར་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་འདིར་མ་གནས་བར་གཞན་ཏུ་སོང་ཞིག གང་མི་འགྲོ་བ་དེ་དག་ཐམས་ཅད་ནི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་དང་བཅས་པས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཨོཾ་སུམྦྷ་ནི་སོགས་དྲག་ཏུ་བརྗོད་ཅིང་རོལ་མོ་བསྒྲག ཡུངས་ཐུན་དང་གུ་གུལ་དུད་པས་བསྐྲད། རང་གི་སྙིང་ག་ནས་འཕྲོས་པའི་ཁྲོ་བོའི་ཚོགས་དུ་མས་བགེགས་རྣམས་བསྐྲད་པར་གྱུར་སྙམ་དུ་བསམ། སླར་ཡང་ཁྲོ་བོ་རྣམས་བདག་ཉིད་ལ་ཐིམ་པར་གྱུར་པར་བསྒོམས་ནས། ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས་བྱུང་བའི་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་ཀུན་ནས་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་མཚམས་སྦྱོར་ཆོས་བཤད་རྒྱས་པའམ། བསྡུ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་ཚེའི་བར་ཆད་ཞི་ཞིང༌། མཐར་ཐུག་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདག་ཉིད་རྗེ་བཙུན་སྒྲོལ་མའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལྷག་པའི་ལྷ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་ཟབ་མོ་ཞུ་སྙམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། མདོ་རྒྱུད་ནས་ཇི་སྐད་གསུངས་པའི་ཆོས་གསན་པའི་ཀུན་སྤྱོད་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེའང་རྗེ་བཙུན་སྒྲོལ་མ་དཀར་མོ་འདི་ཉིད་རྒྱུད་གང་ལས་བསྟན་པ་སོགས་ནས། རྗེས་སུ་བཟུང་བའོ། །ཞེས་པའི་བར་གོང་སྨོས་ཉིད་འདིར་བླངས་ནས། དེ་ལྟ་བུའི་བཀའ་སྲོལ་ཁྱད་པར་འཕགས་པ་ལས་
བྱོན་པའི་གདམས་ངག་འདི་ལ་ཡིག་ཆ་དང་ཕྱག་ལེན་རྒྱས་བསྡུས་སྣ་ཚོགས་སུ་མཆིས་ཀྱང་ད་ལམ་གྱི་སྐབས་སུ་བབས་པ་ནི། རིག་འཛིན་ཞིག་པོ་གླིང་པའི་གཏེར་ལུང་ལས། ཨཱི་ཤྭའི་མིང་ཅན་ཅོད་པན་ནག་པོ་འཛིན། །མ་རུངས་བདུད་འཇོམས་སངས་རྒྱས་བསྟན་པ་སྐྱོང༌། །ཞལ་མཇལ་ཙམ་གྱིས་ངན་སོང་སྐྱེ་སྒོ་ཁོགས། །ཞེས་སོགས་ལུང་གིས་བསྟན་པ་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུའི་རྣམ་རོལ་དགུ་པ་དབང་ཕྱུག་རྡོ་རྗེ་ལ་ཨཱརྻ་ཏཱ་རཱ་སོགས་ལྷག་པའི་ལྷ་རྣམས་ཀྱིས་གསུང་གི་གནང་བ་སྩལ་ནས་གསར་རྙིང་སྒྲུབ་ཐབས་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པའི་མངོན་རྟོགས་རིན་ཆེན་ཕྲེང་བ་དང་རྗེས་གནང་གཅིག་ཤེས་ཀུན་གྲོལ་གྱི་ལུགས་ཀྱི་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་པས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་འཚལ། ཞེས་མཎྜལ་འབུལ་གཞུག བླ་མ་དང་ཡིད་བཞིན་འཁོར་ལོ་ཐ་མི་དད་པའི་དྲུང་དུ་རྗེས་གནང་ཟབ་མོ་ཞུ་བའི་དོན་ཏུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཡིད་བཞིན་འཁོར་ལོ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་དུ་གཞུག ཁྱེད་རང་སློབ་མ་རྣམས་ཀྱི་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་དབྱེར་མེད་པའི་མདུན་ཏུ་བདུན་རྣམ་དག་སྔོན་ཏུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཅེས་པས་བརྡ་སྦྱར་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། ཅེས་བརྡ་སྦྱར་ལ་ལས་བུམ་ཆུས་བྲན་ཏེ། ཨོཾ་བཛྲ་ཀྲོ་དྷས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་གུར་མེ་
རི་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པྃ་ལས་པདྨ་དཀར་པོ་སོགས། དྲི་མ་དང་བྲལ་བ། དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཏཱྃ་དཀར་པོ་ལས་སོགས་དང༌། ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་འཕགས་མ་སྒྲོལ་མ་སོགས་མངོན་རྟོགས་ལྟར་དགོད་པ་ལས་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་སྒོམས་མཛོད། དེས་ཁྱེད་རང་དབང་ལེན་པ་པོ་རྣམས་ཡི་དམ་འཕགས་མ་སྒྲོལ་མར་བསྐྱེད་ནས། ད་གང་ལ་དབང་བླང་བའི་ཡུལ་གསལ་གདབ་པ་ནི། ཁྱེད་རང་རྣམས་ཀྱི་མདུན་དུ་བཤམས་པའི་མདུན་བསྐྱེད་ཀྱི་དམིགས་རྟེན་མཎྜལ་དབུས་ཀྱི་ཚོམ་བུ་སྐུ་བརྙན། གཏོར་དབང་སྦྲེལ་ན། འདིར་བཤམས་པའི་གཏོར་མ་དང་བཅས་པ་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་གུར་མེ་རི་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ་པད་དཀར་དང་ཟླ་བའི་གདན་ལ་འཕགས་མ་སྒྲོལ་མ་སོགས། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། སློབ་དཔོན་ཀྱང་ཡིད་བཞིན་འཁོར་ལོ་དངོས་སུ་གསལ་བ་ལ་མོས་འདུན་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀ་དང༌། སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་མདུན་བསྐྱེད་ལ་ཕོག མདུན་བསྐྱེད་ཀྱི་ཐུགས་ཀ་དང༌། སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པར་བྱས་ཏེ་ཐིམ་པས་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱས། བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་དང༌། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་མཆོག་གསུམ་རྩ་བ་གསུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་
གསུམ་དང་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པའི་ངང་ནས་སེམས་མ་བཅོས་པ་ལྷོད་གློད་ལ། བདེ་བ་ཆེན་པོ་འོད་གསལ་བའི་ངང་དུ་གཡོ་འགུལ་མེད་པར་ཅི་གནས་སུ་ཞོག་མཛོད། དེ་ལྟར་ནན་ཏན་དུ་བསྒོམས་ལ་དྲི་བཟང་གི་སྤོས་དུད་དང་འཇམ་རོལ་ཡུན་རིང་གཏང༌། སྙིང་པོའི་གཤམ་དུ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཿཨཱཿ ཨོཾ་ཨཱཿཧཱུྃ་ཛཿཧཱུྃ་བཾ་ཧོཿ ཞེས་བཏགས་པ་ལན་མང་དུ་བརྗོད། བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྗོད། དེས་རྗེས་གནང་གི་གཞི་འགོད་པ་སོང་ནས། རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ལས་དེ་དག་ཞུ་བའི་དོན་ཏུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སློབ་དཔོན་གྱིས། །བདག་ལ་ཡིད་བཞིན་འཁོར་ལོ་ཡི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ། །ལན་གསུམ། དེ་ནས་དང་པོ་སྐུའི་རྗེས་གནང་ནི། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་དང་མདུན་བསྐྱེད་དང་ཁྱེད་རང་གི་ཐུགས་ཀའི་ཧཱུྃ་རྣམས་ལས་འོད་ཟེར་འཕྲོས། རང་བཞིན་གནས་དང༌། རང་རང་གི་གནས་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཁྱེད་རང་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རང་འདྲའི་རིགས་ལྔ་ཡབ་ཡུམ་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་པ་བྱོན་ནས་ཁྱེད་རང་རྣམས་ལ་དབང་བསྐུར་བར་བསམ། ཞེས་བུམ་པ་མགོར་བཟུང་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་གུ་ཧྱ་པྲཛྙཱ་ཛྙཱ་ན་ཙ་ཏུར་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་
རྣམས་སུ་བཞག བུམ་ཆུ་བླུད། དེ་ལྟར་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང༌། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང༌། ཁྱད་པར་ལུས་ལ་གནོད་ཅིང་འཚེ་བའི་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་བྱང་ཞིག་དག དབང་བཞི་ཐོབ། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པས་དབུར་བརྒྱན་ཅིང༌། དབང་ལྷ་རྣམས་ཀྱང་ཡེ་ཤེས་པའི་ཚུལ་དུ་རང་ལ་དབྱེར་མེད་དུ་ཐིམ་པས་ཁྱེད་རང་རྣམས་འཕགས་མ་སྒྲོལ་མ་དངོས་ཡིན་སྙམ་དུ་ངེས་ཤེས་བསྒོམས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་ཤློ་ཀ་གཅིག་གིས་བཀྲ་ཤིས་བརྗོད། རོལ་མོ་དཀྲོལ། ནས་འཐོར། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག ལུས་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི། ལུས་ཀྱི་སྒོ་ནས་ཡིད་བཞིན་འཁོར་ལོའི་སྐུ་བསྒོམ་པ་ལ་དབང༌། སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་མཚན་དཔེས་བརྒྱན་པའི་སྤྲུལ་སྐུ་འགྲུབ་པར་འགྱུར་བ་ནི་སྐུའི་རྗེས་གནང་ངོ༌། །གཉིས་པ་གསུང་གི་རྗེས་གནང་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་པད་ཟླ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ། མཐའ་སྐོར་དུ་ཨོཾ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་སྔགས་ཀྱི་ཡིག་འབྲུ་དཀར་པོ་མགོ་གྱེན་བསྟན། ཁ་ནང་དུ་ཕྱོགས་པ་འོད་ཟེར་དཀར་པོ་འབར་བའི་རྣམ་པ་ཅན་ཏུ་བཞུགས་པར་མོས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀར་ཡང་དེ་བཞིན་གསལ་བ་ལས་སྔགས་ཕྲེང་གཉིས་པ་དང་འོད་ཟེར་མདོག་མཚུངས་འཕྲོས། ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཁ་སྒོ་ནས་ཞུགས། སྙིང་གར་ཐིམ་པས་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་དང་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་གསུང་གི་
བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་སྙམ་དུ་བསམས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ཞིང༌། ཕྲེང་བ་སྦྲེལ་ལ་ཡི་གེ་བཅུ་པ་ལན་བདུན། སྤེལ་ཚིག་ཅན་ལན་གསུམ་རྗེས་ཟློས་བྱར་གཞུག སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་བསམས་ནས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས། སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས་ཁྱེད་རང་རྣམས་ཀྱི་མགོ་ལ་བཅིངས་པའི་མོས་པ་མཛོད། ཅེས་དྲིལ་བུ་དཀྲོལ་ཞིང་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འཇུག་པར་གྱུར་ཅིག དེ་ཡིས་ཉེ་བར་བསྟན་པའི་སོགས་བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི། ངག་གི་སྒོ་ནས་འཕགས་མ་སྒྲོལ་མའི་སྔགས་བཟླ་བ་ལ་དབང༌། གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་བཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་འགྱུར་བ་ནི་གསུང་གི་རྗེས་གནང་ངོ༌། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། སློབ་དཔོན་རྗེ་བཙུན་མ་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་མཐུ་དང་ནུས་པ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་
དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་མཚན་ཨུཏྤལ་དཀར་པོའི་རྣམ་པ་ཆར་བཞིན་ཏུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་རྐྱེན་གྱིས་ས་བོན་ལས་འོད་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྐུ་གསལ་ལ་རྫོགས་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ། རྗེ་བཙུན་སྒྲོལ་མའི་ཐུགས་དང་རོ་གཅིག་ཏུ་གྱུར་སྙམ་པའི་ངང་དུས་གསུམ་གྱི་སྤྲོས་པ་ཆོད་ལ་གསལ་རིག་སྟོང་གསུམ་དབྱེར་མེད་མ་བཅོས་གཉུག་མ་ཁྱབ་བརྡལ་གྱི་ངང་དུ་མཉམ་པར་ཞོག་མཛོད། སྐུ་བརྙན་མགོར་བཞག སྙིང་པོའི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་ས་མ་སྟྭཾ་བཏགས་པ་བརྗོད། དགེ་འདུན་དམ་པ་ཆོས་ལྡན་སོགས་བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི། ཡིད་ཀྱི་སྒོ་ནས་རྗེས་བཙུན་སྒྲོལ་མའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང༌། ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་དང་ལྡན་པའི་ཆོས་ཀྱི་སྐུ་འགྲུབ་པར་འགྱུར་བ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །བཞི་པ་ཡོན་ཏན་གྱི་རྗེས་གནང་ནི། ཁྱེད་རང་རྣམས་ལྷར་གསལ་བ་ལ་རྒྱན་ཆ་གཏད་པས་དངོས་སུ་རྒྱན་ཆའི་རྣམ་པ་དང༌། བརྒྱུད་ནས་ཡོན་ཏན་གྱིས་བརྒྱན་པར་མཚོན་པ་ལྷ་འདི་དང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དངོས་གྲུབ་ཐོབ་བྱུང་སྙམ་པ་མཛོད། ཅེས་རྒྱན་ཆ་གཏད་ལ། འདི་ནི་རྗེ་བཙུན་སྒྲོལ་མ་ཡི། །དར་དང་རིན་ཆེན་རྒྱན་སོགས་ཏེ། །ཁྱོད་ཀྱིས་རྟག་ཏུ་བཅང་བ་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང༌། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་འཐོབ་པར་འགྱུར། །ཨོཾ་ཨ་ལངྐཱ་ར་རཏྣ་པ་ཊ་ཀཱ་ཡ་
བྷཱ་སཾ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། བགེགས་རིགས་སྟོང་ཕྲག་སོགས་བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་བསགས་པའི་སྙོམས་འཇུག་གི་སྒྲིབ་པ་དག རྩ་རླུང་ཐིག་ལེ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་ཐམས་ཅད་ཞི། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་སྒོ་ནས་ལམ་གྱི་ཡོན་ཏན་མཐའ་དག་བསྒྲུབ་པ་ལ་དབང༌། ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་དང་ལྡན་པ་བདེ་བ་ཆེན་པོའི་སྐུ་འགྲུབ་པར་འགྱུར་བ་ནི་ཡོན་ཏན་གྱི་རྗེས་གནང་ངོ༌། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ནི། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་སྔོན་པོ། ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་པའི་འོད་ཟེར་ལྗང་གུ་རྣམས་འཕྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཕྲིན་ལས་བཞིའི་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཏུ་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཞི། ཚེ་བསོད་ཡེ་ཤེས་རྒྱས། གྲུབ་གཉིས་དབང་དུ་འདུས། བདུད་བཞི་གནོད་བྱེད་ཚར་བཅད། ལས་རབ་འབྱམས་ཐམས་ཅད་གྲུབ། སླར་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་བཅས་ཏེ་འོད་ཟེར་ཚུར་འདུས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱལ་བ་རབ་འབྱམས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་བདག་ཉིད་ངའོ་སྙམ་དུ་བསམས་ལ་སློབ་མ་རྗེས་སུ་བཟུང་བ་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་སྒྲུབས་ཤིག རྡོར་དྲིལ་གཏད་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་
མའི་ཚོགས་རྣམས་བསྡུ་བར་གྱིས། །ཕྲིན་ལས་ཀུན་ཀྱང་ཁྱོད་ཀྱིས་སྒྲུབས། །ཞེས་དང༌། མཐའ་རྟེན་ཕྱག་མཚན་གྱི་རྗེས་གནང་ནི། འདི་ནི་རྗེ་བཙུན་སྒྲོལ་མ་ཡི། །ཕྱག་མཚན་ཨུཏྤལ་དཀར་པོ་སྟེ། །ཁྱོད་ཀྱིས་རྟག་ཏུ་བཅང་བ་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང༌། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་ཀུན་ལ་དབང་ཐོབ་སྟེ། །མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར། །ཨོཾ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཤཱནྟིཾ་ཀུ་རུ་པུཥྚིཾ་ཀུ་རུ་ཝ་ཤཾ་ཀུ་རུ་མཱ་ར་ཡ་བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ལག་ཏུ་གཏད། གནས་སྐབས་སུའང་འགལ་རྐྱེན་ཐམས་ཅད་ཞི། མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང༌། ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག སྒོ་གསུམ་ཆ་མཉམ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་ཐམས་ཅད་ཞི། ལས་རབ་འབྱམས་བསྒྲུབ་པར་དབང༌། མཁའ་ཁྱབ་རྡོ་རྗེ་མངོན་ཏུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་སྒྲུབ་པ་ལ་དབང་བ་ངོ་བོ་ཉིད་སྐུ་འགྲུབ་པར་འགྱུར་བ་ནི་ཕྲིན་ལས་ཀྱི་རྗེས་གནང་ངོ༌། །དེ་ནས་ཡོངས་གྲགས་སྒྲོལ་དཀར་སོགས་ལ་གཏོར་དབང་གི་སྲོལ་མེད་ཀྱང་རྗེ་དགུ་པས་འདམ་གར་གསུངས་པ་ལྟར་ད་ལྟ་ཀཾ་ཚང་གི་ཕྱག་རྒྱུན་ཏུ་གཏོར་དབང་ཡང་མཛད་པས་དེ་ལྟར་སྤྲོ་ན། ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མ་གནས་གསུམ་ཡིག་འབྲུ་གསུམ་དང་བཅས་པ་གསལ་ཐོབ། གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལས་ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་
ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག རྗེ་བཙུན་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་སོགས་བརྒྱུད་པའི་མཚན་དང༌། རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང༌། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས་རྡོ་རྗེ་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་སྩོལ་བར་མཛད་དུ་གསོལ། འདི་རྣམས་ཀྱི་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས། བདུད་དང་གནོད་བྱེད་མ་རུངས་པ་ཐམས་ཅད་ཚར་བཅད། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྩལ་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༌། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་ཨཱཿཧཱུྃ་བ་ལིཾ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཛཿཧཱུྃ་བཾ་ཧོཿ རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་སོགས། ཨོཾ་བཛྲ་རཀྵ་ཧཱུྃ། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་ལྷག་པའི་ལྷའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་མོས་མཛོད། ཅེས་གཏོར་ཟན་དངོས་གྲུབ་ཏུ་སྦྱིན་ལ། དམ་ཚིག་ཁས་བླང༌། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱའོ། །རྗེས་ཆོག་གཏོར་མ་འབུལ་ཞིང༌། མཆོད་བསྟོད། འདོད་དོན་གསོལ་གདབ། ནོངས་བཤགས། བརྟན་བཞུགས་
སམ། གཤེགས་བསྡུ། བཀྲ་ཤིས་བཅས་ཀྱིས་ལེགས་པར་གྲུབ་བོ། །གསུམ་པ་བདག་བསྐྱེད་ལ་བརྟེན་ནས་བསྙེན་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་བརྒྱའམ་ཉེར་གཅིག་སོགས་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ། སླར་ཡང་སྐྱབས་སེམས་མདོར་བསྡུས་སུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞེས་སོགས་ལན་གསུམ་བརྗོད། གཉིས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་གཉིས་ཀྱི་དང་པོ་ནི། རང་ཉིད་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་དམར་པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁར་སྟེང་གི་ཆ་ལ་རྩ་བའི་བླ་མ་འོད་དཔག་ཏུ་མེད་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། འོག་གི་ཆ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ གང་གི་དྲིན་གྱིས་བདེ་ཆེན་ཉིད་ཅེས་པ་ནས། པད་ལ་འདུད་དང༌། དུས་གསུམ་སངས་
རྒྱས་སྐྱེད་པའི་ཡུམ། །འཆི་མེད་ཚེ་ཡི་དཔལ་སྦྱིན་མ། །འདོད་པ་ཐམས་ཅད་རབ་སྩོལ་བའི། །སྒྲོལ་མ་ལྷ་ཚོགས་བཅས་ལ་འདུད། །ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨརྒྷཾ་གྱི་སར་པཱ་དྱཾ་སྦྱར། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃཿ དེ་བཞིན་དུ་དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་གུར་ནས་འབྱུང་བའི་རྒྱུན་བཤགས་སོགས་སམ། ཕྱག་ལེན་དུ། བཅོམ་ལྡན་འདས་མ་ཁྱོད་ལ་ཕྱག་འཚལ་ནས། །མཆོད་པ་རྣམ་པ་དུ་མས་རབ་མཆོད་དེ། །ཉེས་གསུམ་མཐར་བྱེད་ཁྱོད་ཀྱི་སྤྱན་སྔ་འདིར། །སྡིག་པ་མཐའ་དག་བཤགས་ཤིང་བསྡམ་པར་བགྱི། །འགྲོ་བའི་དགེ་ལེགས་ཀུན་ལ་དགའ་བསྐྱེད་དེ། །སྲིད་ཞི་ཀུན་ཏུ་བཅོམ་ལྡན་འདས་མ་ཁྱོད། །རབ་བདེ་བླ་མེད་ཆོས་ཀྱི་འཁོར་ལོ་མཆོག །རྟག་པར་བསྐོར་བས་མཐའ་དག་ཚིམ་པར་གསོལ། །ནམ་ཡང་ཁྱོད་ཚུལ་ནུབ་མེད་བཀའ་དྲིན་དང༌། །དགེ་ཀུན་ཁྱོད་ཉིད་ཁོ་ནའི་རྒྱུར་གསོལ་ཞིང༌། །དགེ་ལེགས་སྙིང་པོའི་དཔལ་འབྲས་ཁྱོད་དང་བདག །རྣམ་པ་ཀུན་ཏུ་མི་ཕྱེད་ཉིད་གྱུར་ཅིག །ཅེས་སོ། །གལ་ཏེ་ཚེ་ཁྲིད་ཀྱིས་བཅད་ཚང་བར་བྱེད་ན་སྐྱབས་སེམས་སྔོན་རྗེས་གང་རུང་རྡོར་སེམས་སྒོམ་བཟླས་རང་ལུགས་ཐུན་མིན། སྐབས་འདིར་མཎྜལ་དང་བརྒྱུད་པའི་གསོལ་འདེབས་སམ་སྐྱབས་བདུན་མའི་མཐར་དབང་བཞི་ལེན་ཅིང་ཚོགས་ཞིང་རང་ལ་བསྟིམ། དཀྱུས་ཙམ་ལ་ཡན་ལག་བདུན་པའི་རྗེས་སུ། ཨོཾ་བཛྲ་མུཿཞེས་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་ནི། ཆོས་ཐམས་ཅད་རང་གི་སེམས་ཙམ་དང༌། སེམས་ཉིད་གསལ་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ་ལ་མཉམ་པར་བཞག་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། གཉིས་པ་དངོས་གཞི་མཉམ་པར་བཞག་པའི་རྣལ་འབྱོར་ལ་གཉིས། བསྐྱེད་རིམ་དང༌། རྫོགས་
རིམ་མོ། །དང་པོ་ལ་གཉིས། ལྷའི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། ཡན་ལག་བཞི་ལྡན་གྱིས་ལྷའི་རྣལ་འབྱོར་སྒྲུབ་པ། མཆོད་བསྟོད། གསལ་བརྟན་དག་དྲན་ལ་བསླབ་པའོ། །དང་པོ་ནི། སྟོང་པའི་ངང་ལས་མ་བཅོས་པའི་སེམས་སྣང་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བ་དང་བཅས་པ་ལས་རྡོ་རྗེའི་སྲུང་འཁོར་རྭ་གུར་མེ་དཔུང་འབར་བ་ཡངས་ཤིང་རྒྱ་ཆེ་བར་གྱུར་བའི་དབུས་སུ་བྷྲཱུྃ་ལས་ཟླ་བ་ཆུ་ཤེལ་གྱི་གཞལ་ཡས་ཁང༌། དེའི་དབུས་སུ་པྃ་ལས་པདྨ་དཀར་པོ་སྡོང་བུ་དང་བཅས་པ་རབ་ཏུ་རྒྱས་པའི་སྟེང་དུ་ཨ་ལས་ཟླ་བ་ཉ་གང་བ་རྙོག་པའི་དྲི་མ་དང་བྲལ་བ། དེའི་སྟེང་དུ་རང་སེམས་ཏཱྃ་དཀར་པོ་ལས་ཨུཏྤལ་དཀར་པོ་ཏཱྃ་ཡིག་དཀར་པོས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཤིང་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་ཟླ་བ་ཆུ་ཤེལ་ལྟར་དཀར་ཞིང་འོད་ཟེར་ལྔ་ལྡན་ཏུ་འཕྲོ་བ། སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། ཞི་བ་ཆེན་པོའི་འཛུམ་ཞལ་ཅན་དབུ་ལ་སྤྱན་གསུམ་དང་ཕྱག་ཞབས་བཞིའི་མཐིལ་དུ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། ཕྱག་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པ་མཐེབ་སྲིན་སྦྱར་བས་ཨུཏྤལ་དཀར་པོ་འདབ་བརྒྱ་སྙན་དྲུང་དུ་རྒྱས་པའི་ཡུ་བ་ཐུགས་ཀར་འཛིན་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དོ་ཤལ་སེ་མོ་དོ་དཔུང་རྒྱན་ཕྱག་ཞབས་ཀྱི་གདུ་བུ་སྐ་རགས་གཡེར་ཁའི་ཕྲེང་བ་དང་བཅས་པ། ལྷ་རྫས་ཀྱི་མེ་ཏོག་དུ་མས་མཛེས་པ། ལྷ་རྫས་ཀྱི་དར་དཀར་པོའི་སྟོད་གཡོགས་དང་དབང་པོའི་གཞུ་ལྟ་བུའི་དར་གྱི་སྨད་གཡོགས་གསོལ་བ། དབུ་སྐྲ་ལི་བ་ལྟག་པར་བཅིངས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཟླ་བའི་རྒྱབ་ཡོལ་ཅན་ཏུ་གྱུར། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ།
ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་པད་དཀར་དང་ཟླ་བ་ལ་ཏཱྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་ཏུ་སྦྱར་ཏེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ས་བོན་གྱི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་སྔ་མ་ལྟར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། གཉིས་པ་ནི། སྤྲུལ་པའི་མཆོད་ལྷ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་མོས། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་གོང་བཞིན་བརྗོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་ཤློ་ཀ་གཅིག་གིས་བསྟོད། གསུམ་པ་ནི། ལྷ་སྣང་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པས་རྟག་ཆད་དུ་མ་ལྷུངས་པའི་བསྐྱེད་པའི་རིམ་པ་ལ་ཡུན་རིང་དུ་མཉམ་པར་བཞག་ལ་ཐ་མལ་གྱི་སྣང་ཞེན་གཅོད་པའི་ནུས་པ་ཐོབ་པར་བྱའོ། །གཉིས་པ་ལ་གཉིས། འཁོར་ལོ་བསྒོམ་པ་དང༌། བཟླས་པ་དངོས་སོ། །དང་པོ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ། འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཏཱྃ། དེའི་མཐར་མདུན་ནས་གཡས་སྐོར་དུ།
ཨོཾ་མ་མ་ཨཱ་ཡཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ། ཏཱ། རེ། ཏུཏ། ཏཱ། རེ། ཏུ རེ། སྭཱ། ཡི་གེ་རྣམས་མུ་ཏིག་གི་རྡོག་པོ་ལྟར་དཀར་ཧྲམ་མེ་མི་གཡོ་བར་གནས་པ། ཞེས་གསལ་སྣང་ཐོན་ངེས་སུ་བསྒོམ་མོ། །གཉིས་པ་ལ་གསུམ། འགོག་བཟླས། རྡོར་བཟླས། སྤྲོ་བསྡུ་དང་བཅས་པའི་ངག་བཟླས་སོ། །དང་པོ་ནི། རླུང་ཅི་བདེར་བཞག སེམས་སྙིང་གའི་ཡིག་འབྲུའི་གཟུགས་དང་སྒྲ་གདངས་ལ་རྩེ་གཅིག་ཏུ་གཏད་པའོ། །གཉིས་པ་ནི། དབུགས་ཕྱིར་འགྲོ་བའི་ཚེ་སྙིང་གའི་ཏཱྃ་ལས་འོད་ཟེར་སྤྲོ། ནང་དུ་འོང་བའི་ཚེ་བསྡུ། གནས་པའི་ཚེ་ཏཱྃ་ལ་སེམས་གཏད་པ་ལན་བརྒྱ་ཕྲག་ལ་སོགས་པ་བསྒོམ་པའོ། །གསུམ་པ་ནི། བསྒོམས་པས་ངལ་ན་ངག་བཟླས་བྱ་སྟེ། དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། སེམས་ཅན་རྣམས་ཀྱི་ཚེ་སྤེལ་བ་སོགས་ཀྱི་དོན་བྱས། འཕགས་པ་རྣམས་ཀྱི་བྱིན་རླབས་དང༌། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་དངོས་གྲུབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས། ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་འབར་ཞིང་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཅེས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་སྔགས་ཡི་གེ་བཅུ་པ་ལ་ཐུན་གྱི་དངོས་གཞི་བྱ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་་མ་མ་ཨཱ་ཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་དང་བཅས་པའི་ལས་སྔགས་ཏེ་ཐུན་སོ་སོའི་རྫོགས་མཚམས་སུ་བརྒྱ་རྩ་བརྒྱད་རེ་བཟླའོ། །གཉིས་པ་རྫོགས་རིམ་ལ་གཉིས། མཚན་བཅས་དང་མཚན་མེད་དོ། །དང་པོ་ལ་གཉིས། སྲུང་འཁོར་དང༌། སྙིང་གར་ཚེ་ཕུར་གདབ་པའོ། །དང་པོ་ནི། བདག་བསྐྱེད་དང་འབྲེལ་ན་འོག་ནས་འབྱུང་བ་ལྟར་བསྡུ་རིམ་གྲུབ་ནས་ཟུང་འཇུག་གི་སྐུར་མ་ལྡང་བའི་བར་དང༌། དུས་སྐབས་ཅི་བདེར་
བསྒོམ་པར་འདོད་ན་འདི་ཉིད་ནས་འཇུག་སྟེ། སྟོང་པའི་ངང་ལས་སྐད་ཅིག་གིས་འཁོར་ལོ་དཀར་པོ་རྩིབས་བཅུ་པ་གུར་ཐབས་སུ་གནས་ཤིང་མི་མངོན་པར་མྱུར་དུ་འཁོར་བའི་ལྟེ་བ་ཟླུམ་པོ་ཡངས་པའི་ནང་དུ་རང་ཉིད་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། རང་ཉིད་ཀྱི་སྟེང་དུ་ཨོཾ། འོག་ཏུ་ཧཱ། རྩིབས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་སྐོར་དུ་ཡི་གེ་བརྒྱད་བཅས་ཀྱི་ཡིག་འབྲུ་རྣམས་དཀར་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་ཤེལ་ལྟ་བུ། སེར་པོ་གསེར་ལྟ་བུ། དམར་པོ་པདྨ་རཱ་ག་ལྟ་བུ། ལྕགས་ཁ་ཐོ་རེངས་ཀྱི་གནམ་ལྟ་བུ། ལྗང་གུ་མརྒད་ལྟ་བུ། མཆིན་ཁ་ཨིནྡྲ་ནཱི་ལ་ལྟ་བུ་རྣམས་རིམ་པར་སྤྲོས། སེམས་ཅན་གྱི་དོན་བྱས། རྒྱལ་བ་རྣམས་མཆོད། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་འོད་ཟེར་དཀར་སེར་དམར་སྔོ་ལྗང་མཐིང་གི་རྣམ་པར་རིམ་པར་བྱོན། རང་གི་ཐུགས་ཀའི་འཁོར་ལོ་ལ་ཐིམ་པས། ཞི་རྒྱས་དབང་དྲག་ལས་སྣ་ཚོགས་པའི་དངོས་གྲུབ་ཐོབ་ཅིང་བརྟན་པར་བྱས། འོད་ལྷག་མ་རྣམས་འཁོར་ལོའི་གུར་ཁང་གི་ཕྱི་ནས་འདོམ་གང་ཙམ་ནས་འོད་དཀར་པོའི་གུར་ཁང༌། དེའི་ཕྱིར་སེར་པོ། དེའི་ཕྱིར་དམར་པོ། དེའི་ཕྱིར་ལྕགས་ཁ། དེའི་ཕྱིར་ལྗང་གུ། དེའི་ཕྱིར་འོད་མཆིན་ཁའི་གུར་ཁང་རྣམས་ཀྱང་འདོམ་རེའི་བར་ཐག་ཅན། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཁོར་བའི་ཟླུམ་པོའི་རྣམ་པ་ཅན་སྲ་བ་བརྟན་པ་སྲུབ་མེད་པ་རླུང་སེར་བུ་ཙམ་ཡང་མི་ཐར་བ། བར་སྟོང་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་བར་གྱུར། ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་བྱེད། མཐར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ངོ༌། །འདི་མཚན་བཅས་ཀྱི་རྫོགས་རིམ་དུ་བརྒྱུད་པའི་བླ་མ་རྣམས་བཞེད་དོ། །གཉིས་པ་ནི། རང་སྒྲོལ་མར་གསལ་བའི་ལུས་ཀྱི་དབུས་སུ་སྲོག་པ་རྩ་ཤེལ་གྱི་ཀ་བ་
བཙུགས་པ་ལྟ་བུ་ཡས་སྣ་ཐིག་ལེ་དཀར་པོ་དང༌། མས་སྣ་ཐིག་ལེ་དམར་པོས་བཀག་པ། ནང་སྙིང་གའི་ཏཱྃ་ལས་བྱུང་བའི་སྲོག་གི་རླུང་སྔོ་དམར་གྱིས་འགྲོ་འོང་མེད་པར་གང་བ་ལ་སེམས་གཏད་དེ། རླུང་བུམ་ཅན་ཅི་རིགས་སུ་འཛིན་ནོ། །གཉིས་པ་མཚན་མེད་རྫོགས་རིམ་ནི། སྣང་སྲིད་ཐམས་ཅད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་སྲུང་འཁོར་ལ་ཐིམ། རང་ཉིད་རྟེན་དང་བརྟེན་པར་བཅས་པའང་རིམ་གྱིས་ཐུགས་ཀའི་ཏཱྃ་ལ་ཐིམ། དེའང་མས་རིམ་གྱིས་འོད་གསལ་དུ་ཞུགས་པར་གྱུར། ཅེས་རྣམ་ཀུན་མཆོག་ལྡན་གྱི་འོད་གསལ་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་སྟེ་ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་རྒྱས་པ་རྗེ་དགུ་པ་ལ་སོགས་པའི་གསུང་ལྟར་གནད་དུ་བསྣུན་པར་བྱའོ། །གསུམ་པ་ཐུན་མཚམས་ཀྱི་བྱ་བ་ལ་གཉིས། ཟུང་འཇུག་གི་སྐུར་ལྡང་བ་དང༌། བྱ་བའི་རིམ་པ་གཞན་བསྟན་པའོ། །དང་པོ་ནི། སླར་རང་ཉིད་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། སྣང་གྲགས་ཀྱི་ཆོས་ཐམས་ཅད་དོན་དམ་པ་རང་བཞིན་མེད་པ་སྣང་ཆ་སྒྱུ་མ་ལྟ་བུ་ཡེ་ཤེས་ལྔའི་ངོ་བོར་རྣམ་པར་དག་གོ །དགེ་བ་འདི་ཡིས་སོགས་བྱ། གཉིས་པ་ལ་བརྒྱད། གཏོར་མ་འབུལ་བ། མཎྜལ། བསྟོད་པ། སྐོར་བ། སཱཙྪ། ཁྲུས་གསོལ། འདོད་དོན་གསོལ་གདབ། ཆུ་སྦྱིན་ནོ། །དང་པོ་ནི། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་མམ་བདུན། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་ལྷོ་ཕྱོགས་པོ་ཏ་ལའི་རི་བོ་ནས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་
ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གཏོར་མ་གསོལ་བར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་རྗེ་བཙུན་མ་དང༌། ཨ་ཀཱ་རོ་ལན་གསུམ་གྱིས་འཁོར་ཚོགས་རྣམས་ལ་འབུལ། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་ཀུན་ལས་སྐྱོབ། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །གང་གི་ཐུགས་རྗེའི་འོད་དཀར་གྱིས། །མ་ལུས་འགྲོ་བའི་དོན་མཛད་ཅིང༌། །མགོན་མེད་རྣམས་ཀྱི་མགོན་དང་སྐྱབས། །རྒྱལ་བ་སྲས་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འཕགས་མ་སྒྲོལ་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་ཁྱད་པར་དུ་འཕྲལ་ཡུན་གྱི་འཇིགས་པ་ལས་སྐྱོབ་ཅིང་ཆོས་སྤྱོད་བཞིན་པར་ཡུན་རིང་དུ་འཚོ་བའི་མཆོག་སྦྱིན་པར་མཛད་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། སུ་པྲ་ཏིཥྛས་གཏོར་མགྲོན་རྣམས་རྟེན་ལ་བཞུགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་རྒྱས་བསྡུས་གང་འོས་བྱའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་སེམས་བསྐྱེད་སྔོན་ཏུ་འགྲོ་བས། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་པས་ས་གཞི་བསྲུང༌། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་དྲི་བཟང་དང་བའི་རྣམ་ལྔ་སྦྱར་བ་བྱུགས་ལ་མཎྜལ་ཟླ་བའི་དཀྱིལ་འཁོར་དུ་བསམ། ཏཱྃ་དཀར་པོ་ལས་འོད་འཕྲོས་སྒྲོལ་མ་རིགས་བཞི་ཡབ་ཡུམ་དང་བཅས་པ་སྤྱན་དྲངས། མཎྜལ་གྱི་དབུས་དང་ཕྱོགས་མཚམས་སུ་བཞུགས་པར་མོས། སྤྱན་འདྲེན་གྱི་ཚིགས་བཅད་སྤྲོ་ན་བརྗོད། དེ་ནས་པུཥྤེ་ཀེ་ཏུའི་སྔགས་ལན་བདུན་བརྗོད་པས་བྱིན་གྱིས་བརླབས་པའི་མེ་ཏོག ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་
རཱ་ཡ་པུཥྤེ་པྲ་ཏཱིཙྪ་ན་མཿ ཞེས་པས་ལན་བདུན་ནམ་ཉེར་གཅིག་ལ་སོགས་པའི་ཕུལ། སྤྲོ་ཞིང་ནུས་ན་གཙོ་འཁོར་མཚན་སྔགས་སོ་སོར་སྦྱར་ལ་མཎྜལ་སྟེང་དུ་འབུལ། ཉེར་སྤྱོད་ལྔ་ཡིས་མཆོད། བདུན་རྣམ་དག་བྱ། དེ་ལ་སེམས་གཏད་དེ་ཡི་གེ་བཅུ་པ་དང་སྐབས་སུ་བབས་པའི་ཤམ་འདོགས་བཅས་བཟླས་པ་འགྲུབ་ཚད་བྱས་ལ། མཐར་འདོད་དོན་གསོལ། ཨོཾ་བཛྲ་མུཿཞེས་པས་གཤེགས་ལ་མེ་ཏོག་གཙང་སར་དོར། ཡང་ཞི་བའི་ལས་སོགས་ལ་སྒྲོལ་མ་དཀར་མོ་འཇིགས་པ་བརྒྱད་སྐྱོབ་ཀྱི་ངོ་བོ་རང་འདྲ་བརྒྱད་ཀྱིས་བསྐོར་བ་ཡན་ལག་བཞི་རྫོགས་སུ་བསྐྱེད། ཐོག་མཐའ་གཞན་མཎྜལ་དཀྱུས་བཞིན་བྱ་བའང་ཤིན་ཏུ་བྱིན་རླབས་ཆེའོ། །གསུམ་པ་ནི། ས་ཕྱོགས་དག་པའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ་དཔག་བསམ་ལྗོན་ཤིང་ནམ་མཁའ་གང་བ་ཙམ་གྱི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་ཟླ་བའི་གདན་དང་རྒྱབ་ཡོལ་བཅས་པའི་སྟེང་དུ་སྒྲོལ་མ་དཀར་མོ་ལ། སྒྲོལ་མ་ཉེར་གཅིག་སོགས་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་བསྐྱེད་པའམ། སྤྱན་དྲངས་ནས་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་གུས་པ་ཆེན་པོས་བསྟོད་པར་མོས་ལ། ཕྱག་འཚལ་ཉེར་གཅིག འཁོར་བ་ལས་སྒྲོལ། མཚན་བརྒྱ་སོགས་དང༌། གཞན་ཡང་གང་ཟག་ཁྱད་པར་ཅན་རྣམས་ཀྱིས་མཛད་པའི་བསྟོད་པའི་རྣམ་གྲངས་ཅི་ཤེས་པས་བསྟོད་པས་དགྱེས་ཏེ་མཆོག་ཐུན་མོང་གཉིས་དང༌། ཁྱད་པར་འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་མོས་ལ་འདོད་དོན་གསོལ། མཐར་རང་ལ་བསྡུ་བའམ་མི་དམིགས་པར་བཞག བཞི་པ་ནི། སྒྲོལ་མའི་སྐུ་བརྙན་ལ་སོགས་པའི་རྟེན་ལ་དངོས་སུ་བསྐོར་བའམ། ཡང་ན་འགྲོ་བའི་དུས་སུ་མདུན་གྱི་ནམ་མཁའ་པདྨའི་སྡོང་པོ་རིམ་པ་གསུམ་གྱི་དང་པོར་བརྒྱུད་པའི་བླ་མ། གཉིས་པར་རྗེ་བཙུན་མ་དང་རིགས་ཀྱི་ཡུམ་བཞི་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གསུམ་པར་སངས་རྒྱས་དང་བྱང་ཆུབ་
སེམས་དཔའི་ཚོགས་ཐམས་ཅད་རིན་པོ་ཆེ་དང་སེང་གེའི་ཁྲི་ལ་བཞུགས་པར་མོས་ཏེ། བསྐོར་བའི་གཟུངས་སྔགས་སྔོན་ཏུ་འགྲོ་བས་སྙིང་པོ་བཟླ་བཞིན་ཏུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་བསྐོར་བ་བྱས་པས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། བདག་གཞན་གྱི་མི་མཐུན་པ་ཞི་ཞིང་མཐུན་རྐྱེན་ལེགས་པའི་ཡོན་ཏན་རྒྱས་པར་མོས། དངོས་སུ་བྱེད་ན་མཐར་འདོད་དོན་གསོལ། ཡིད་ཀྱིས་བྱེད་ན་མཐར་མི་དམིགས་པར་བཞག ཕྱག་འཚལ་བའི་ཚེ་ནའང་གཟུངས་སྔགས་ཁ་བསྒྱུར་བ་ལས་གཞན་འདྲའོ། །ལྔ་པ་ནི། དྲི་ཞིམ་དཀར་བའི་ས་བླངས་ཏེ་དྲི་བཟང་བའི་ཆུས་སྦྲུས་འཇིམ་པའི་ཕུང་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེའི་དབུས་སུ་ཏཱྃ་ལ་རིགས་ལྔའི་ས་བོན་གྱིས་བསྐོར་བ་ལས་སྒྲོལ་མ་ཡན་ལག་བཞི་རྫོགས་སུ་བསྐྱེད་པའམ་སྐད་ཅིག་གིས་བསྐྱེད། རང་སྒྲོལ་མའི་ང་རྒྱལ་གྱིས་ལག་པ་གཡས་འཇིམ་པ་ལ་རེག་སྟེ་ཏཱྃ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་སམ། ཨོཾ་ཨཾ་ཛྲཱི་ཨཱཿཧཱུྃ། ལན་ལྔ་སོགས་བཟླས་པས། སྒྲོལ་མ་དེ་རིགས་ལྔའི་རང་བཞིན་ཏུ་གྱུར་པ་འོད་དུ་ཞུ་བ་ལས་འཇིམ་པའི་ཕུང་པོར་གྱུར་པར་བསམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་དང༌། ཡི་གེ་བརྒྱ་པ། རྟེན་འབྲེལ་སྙིང་པོ་བཟླ་བཞིན་ཏུ་གདབ། ནང་དུ་གཟུངས་སྔགས་སམ་བྱིན་གྱིས་བརླབས་པའི་འབྲུ་སོགས་བཅུག་ལ་སྟེགས་ཀྱི་ཁར་བཞག བཏབ་ཟིན་ནས་རབ་ཏུ་གནས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སཱཙྪ་མི་དམིགས་པ་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་མཆོད་རྟེན་དཀར་པོ་ཆེན་པོ་དང་མང་པོར་གྱུར་པའི་བུམ་པའི་དབུས་སུ་པད་ཟླ་ལ་ཏཱྃ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་དཀར་མོ་འོད་དཔག་མེད་པའི་དབུ་རྒྱན་ཅན། མཆོག་སྦྱིན་དང་ཨུཏྤལ་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཟླ་བའི་རྒྱབ་ཡོལ་ཅན་ཏུ་གྱུར། དེའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་དང་ཐུགས་ཀའི་ཏཱྃ་ལས་འོད་འཕྲོས་རང་བཞིན་གྱི་གནས་
ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཏཱ་རེ་སོགས་གོང་གི་སྔགས་དང༌། ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱཾ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་དང༌། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པ་རྣམས་ལན་གསུམ་གསུམ་བརྗོད་ཅིང་མེ་ཏོག་འཐོར། ཨརྒྷཾ་སོགས་ཀྱི་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། སྒྲོལ་མ་རྟེན་བཅས་འོད་དུ་ཞུ་བ་ལས་སཱཙྪའི་རྣམ་པར་གྱུར། སླར་ཡང་མེ་ཏོག་འཐོར་ཞིང༌། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །རྗེས་བཙུན་སྒྲོལ་མའི་བཀྲ་ཤིས་ཤོག །དགེ་དེས་བདག་སོགས་སེམས་ཅན་ཀུན། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཞི། །ཚེ་དཔལ་བསོད་ནམས་ཡེ་ཤེས་རྒྱས། །སྒྲོལ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྗོད་ལ་མཆོད་རྟེན་གྱི་ཁང་བུ་སོགས་སུ་བཞུགས་སུ་གསོལ་ལོ། །དྲུག་པ་ནི། རབ་གནས་བྱིན་རླབས་དང་ལྡན་པའི་རྟེན་བཤམ། སྲོག་ཆགས་མེད་པའི་ཆུ་ལ་དྲི་བཟང་སྨན་སྣ་སྦྱར་བ་གར་སླ་གཉིས། ལྡེ་གུ་དང་གསུམ་བྱ། སེམས་བསྐྱེད། བདག་ཉིད་འཕགས་མ་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ་ལས་འོད་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཕོག རང་བཞིན་གྱི་གནས་ནས་རྗེ་བཙུན་མ་སྤྱན་དྲངས་རྟེན་ལ་ཐིམ་པས་རྟེན་དེ་དག་སྒྲོལ་མ་དངོས་སུ་གྱུར་པར་མོས། སྤྲོ་ན་སྤྱན་འདྲེན་ཚིགས་བཅད་བརྗོད། དམིགས་པ་ཉིད་གལ་ཆེ། དེ་ནས་ཇི་ལྟར་བལྟམས་པ་སོགས་དང༌། སྭ་བྷཱ་ཝའི་སྔགས་བཟླ་བཞིན་ཏུ་རྟེན་དབུ་ཞབས་མ་ལོག་པར་ཆོས་སྐོར་དུ། དྲི་ཆབ་སླ་བས་བཀྲུ། བསྐ་བས་བྱུགས། ལྡེ་གུ་དབུལ། ཁྲུས་ཆུ་ལ་རྟེན་འབྲེལ་སྙིང་པོ་བཟླས་པས་ས་ཕྱོགས་གཙང་མར་རང་ཉིད་ལ་ཁྲུས་བྱས་པས་སྡིག་པ་དག་པའི་མཚན་མ་འབྱུང་སྟེ།
སྔགས་ཅན་ཆུ་ཡིས་ཁྲུས་བྱས་ན། །ལུས་ཅན་སྡིག་པ་དག་པར་འགྱུར། །ཞེས་སོ། །བདུན་པ་ནི། གཏོར་འབུལ་ལ་སོགས་པ་གོང་སྨོས་དེ་དག་ཐམས་ཅད་ཀྱི་རྗེས་སུ་མོས་གུས་རྩེ་གཅིག་པས་མཎྜལ་གྱི་ཆོ་ག་སོགས་ལས་འབྱུང་བའི་འདོད་དོན་གསོལ་བ་སྤྱི་དང༌། ཁྱད་པར་འཇིགས་པ་ཀུན་ལས་སྐྱོབ་པར་འདོད་ན་རྗེ་བཙུན་མ་འཁོར་དང་བཅས་པའི་སྐྱབས་སྦྱིན་ཕྱག་རྒྱས་སྲུང་བར་མོས་ལ། གནས་སྐྱེ་བ་མེད་པའི་ཆོས་དབྱིངས་ན། །ཡུམ་རྗེ་བཙུན་འཕགས་མ་སྒྲོལ་བ་བཞུགས། །ཁྱེད་སེམས་ཅན་ཀུན་ལ་བདེ་སྟེར་མས། །བདག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རང་ཆོས་སྐུ་ཡིན་པར་མ་ཤེས་པར། །སེམས་ཉོན་མོངས་དབང་དུ་གྱུར་པ་ཡི། །མར་འཁོར་བར་འཁྱམས་པའི་སྡུག་བསྔལ་ལས། །ཡུམ་ཡང་དག་ལྷ་མོས་བསྐྱབ་ཏུ་གསོལ། །ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་ཏེ། །ཚིག་ཐ་སྙད་རྗེས་སུ་འབྲངས་པ་ལས། །མཐར་གྲུབ་མཐའ་ངན་པས་བསླུས་པ་རྣམས། །ཡུམ་སྤྲོས་བྲལ་ལྷ་མོས་བསྐྱབ་ཏུ་གསོལ། །རྟོགས་པར་དཀའ་བ་རང་གི་སེམས། །མཐོང་ནས་གོམས་པར་མི་བྱེད་པར། །བྱ་བ་ངན་པས་གཡེངས་པ་རྣམས། །ཡུམ་དྲན་པའི་ལྷ་མོས་བསྐྱབ་ཏུ་གསོལ། །དེ་ཉིད་ཀྱི་དོན་ལ་བསམས་བྱས་ཀྱང༌། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས། །ཤེས་བྱའི་གནས་ལ་རྨོངས་པ་རྣམས། །ཡུམ་ཀུན་མཁྱེན་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་རང་བྱུང་ཡེ་ཤེས་གཉིས་མེད་ལ། །གཉིས་འཛིན་འཁྲུལ་པའི་བག་ཆགས་ཀྱིས། །ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས། །ཡུམ་གཉིས་མེད་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་མཐའ་བྲལ་གཉུག་མའི་མཚན་ཉིད་ཅན། །ཐབས་མཆོག་བདེ་དང་གཉིས་མེད་ཀྱང༌། །ད་དུང་དུ་སློབ་པའི་གང་ཟག་རྣམས། །ཡུམ་རྫོགས་སངས་རྒྱས་མས་བསྐྱབ་ཏུ་གསོལ། །ཞེས་རང་བྱུང་ཞབས་ཀྱིས་མཛད་པར་གྲགས་པའམ། ཡང་ན། འཕགས་མ་སྒྲོལ་མ་དབང་ཕྱུག་མ། །
ཆོས་ཉིད་དབྱིངས་ལས་སྐུ་ཕྱུང་ལ། །སྲིད་གསུམ་འགྲོ་ལ་ཐུགས་རྗེས་ཟུངས། །མ་ལྟར་བྱམས་མཛད་ལྷ་མོ་ཁྱོད། །ཚེ་རབས་གོང་ནས་བདག་གི་ལྷ། །བདག་ཉིད་སྒོ་གསུམ་དང་བ་ཡིས། །ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཟླ་བའི་མདངས་ཅན་ཡིད་འོང་མས། །ཉོན་མོངས་གདུང་བས་ཉམ་ཐག་པའི། །མི་བཟད་ཚ་གདུང་གསལ་དུ་གསོལ། །པདྨའི་ཞབས་གདན་དཔའ་གཅིག་མོ། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །མ་རིག་མུན་པར་རབ་འཐུམས་པའི། །མི་ཤེས་དྲྭ་བ་བཅད་དུ་གསོལ། །དཔལ་ལྡན་མ་གཅིག་ལྷ་ཡི་ལྷ། །རིན་ཆེན་དུ་མའི་དོ་ཤལ་ཅན། །མཚན་དང་དཔེ་བྱད་དཔལ་འབར་མ། །ཡིད་བཞིན་འཁོར་ལོ་ཁྱོད་ལ་འདུད། །བདག་ནི་ཐོག་མེད་དུས་རིང་ནས། །ལས་ཀྱི་རླུང་གིས་རབ་བདས་ཤིང༌། །ངན་འགྲོ་མུ་མཐའ་མེད་འཁྱམས་ཏེ། །བློ་མིག་མུན་པས་བསྒྲིབས་ལགས་ནི། །ད་ནི་འཕགས་མ་ཐུགས་རྗེ་ཅན། །བདག་ཅག་རྣམས་ཀྱི་མིག་མཛོད་ལ། །ཡང་ཡེ་དེ་འདྲའི་སྡུག་བསྔལ་ལས། །སྐྱོབ་པར་མཛོད་ཅིག་སྐྱབས་གཅིག་མ། །དེང་ནས་བརྩམས་ཏེ་དུས་ཀུན་ཏུ། །གང་དང་གང་དུ་སྐྱེ་བ་དེར། །མ་གཅིག་ཁྱེད་དང་མཇལ་བར་ཤོག །ཅེས་རྒྱལ་བ་འབྲོམ་གྱིས་སྒྲོལ་མ་ཞལ་གཟིགས་དུས་གསུངས་པའི་བྱིན་རླབས་ཅན་གྱིས་གསོལ་བ་གདབ། ཚེ་འཕེལ་བའི་དངོས་གྲུབ་ཞུ་བའི་སྐབས་མཆོག་སྦྱིན་ཕྱག་རྒྱས་འདོད་དོན་སྩོལ་བར་མོས་ལ། བླ་མ་ཡིད་བཞིན་འཁོར་ལོ་ཡིས། །དཔལ་ལྡན་བླ་མའི་ཞབས་བརྟན་ཅིང༌། །བཞེད་དོན་འགྲུབ་པར་མཛད་དུ་གསོལ། །བདག་སོགས་སེམས་ཅན་ཐམས་ཅད་ཀུན། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་སོགས། །ཕྱི་ནང་འཇིགས་པ་ཀུན་ལས་སྐྱོབས། །སྡུག་བསྔལ་སྲིད་པའི་མཚོ་ལས་སྒྲོལ། །ཚེ་ཡི་བར་ཆད་མ་ལུས་སོལ། །དུས་དང་དུས་མིན་
འཆི་ལས་སྐྱོབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཉི་ཟླ་ལྟ་བུར་གསལ་བར་མཛོད། །ཆུ་བོའི་རྒྱུན་ལྟར་རིང་བར་མཛོད། །མཚོ་ལྟར་འགྲིབ་པ་མེད་པར་མཛོད། །རི་བོ་ལྟ་བུར་བརྟན་པར་མཛོད། །ནམ་མཁའ་ལྟ་བུར་ཡངས་པར་མཛོད། །རྡོ་རྗེ་ལྟ་བུར་རྟག་བརྟན་ཞིང༌། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཞེས་གསོལ་བ་དྲག་ཏུ་གདབ་པས་འདོད་པའི་དོན་སྩོལ་བར་མོས། བརྒྱད་པ་ནི། མཚོའམ་ཁྲོན་པ་འབབ་ཆུ་ལ་སོགས་པའི་འགྲམ་དུ་སོང་སྟེ། རྗེ་བཙུན་མའི་བདག་བསྐྱེད་རྒྱས་བསྡུས་གང་འོས་བྱས་ལ། བདག་གི་ཐུགས་ཀའི་ས་བོན་ཏཱྃ་སོགས་ལས་འོད་འཕྲོས་པས་ཡི་དྭགས་ཀྱི་ཚོགས་ཐམས་ཅད་བཀུག་ནས་མདུན་ཏུ་ཟས་ཟ་བའི་ཕྱིར་ལྷགས་ཏེ་ཁ་བཟེད་པ་ལ་བདག་གི་མཆོག་སྦྱིན་ལས་བདུད་རྩི་དང་བཟའ་བཏུང་གི་རྒྱུན་བབས། ངོམས་པར་ལོངས་སྤྱོད་དེ་ཚིམས་པར་གྱུར། ཅེས་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པྲེ་ཏ་བྷྱཿསྭཱ་ཧཱ། ཆུ་ཐིགས་པ་རེ་དང་སེ་གོལ་རེ་སྦྲགས། ཉེར་གཅིག་ལ་སོགས་པས་སྦྱིན། དེ་ལྟར་བྱིན་པས་ཁ་ཟས་ཟོས་པ་ཙམ་གྱིས་ཚིམས་ཤིང་སྒྲིབ་པ་དང་བྲལ་སྒྲོལ་མའི་སྐུར་གྱུར་ཏེ། གཏང་རག་ཏུ་བདག་ལ་ཤིས་པ་བརྗོད་ཅིང་རང་རང་གི་གནས་སུ་སོང་བར་གྱུར་སྙམ་དུ་བསམ། སྔགས་འདི་འབུམ་ཕྲག་གསུམ་ཆུ་ལ་བཏབ་སྟེ་མཚོ་མྱ་ངམ་གྱི་ཐང་སོགས་ལ་བླུགས་པས་ཐམས་ཅད་ཚིམས་ཤིང་ཡི་དྭགས་ཀྱི་ལུས་སྤངས་ནས་ལྷར་སྐྱེའོ། །ཐུན་མཚམས་ཀྱི་བྱ་བ་བརྒྱད་པོ་འདི་ནི་བསྙེན་སྒྲུབ་ཀྱི་སྐབས་ཐམས་ཅད་དུ་འཇུག་ཅིང་དགོས་པ་ཆེན་པོ་དང་ལྡན་པའོ།། །།བཞི་པ་མདུན་བསྐྱེད་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། བསྙེན་པ་སྔོན་ཏུ་སོང་བའི་གང་ཟག་གིས་སྒྲུབ་པ་ལ་འཇུག་པ་ནི། གནས་གཙང་མ་བྱི་དོར་བྱས་ཤིང་མཆོད་པའི་ཡོ་བྱད་ཀྱིས་བརྒྱན་པའི་གུང་དུ་དཀོན་མཆོག་གི་རྟེན་སྤྱི་དང༌། རྗེ་བཙུན་མའི་བྲིས་སྐུ་རབ་གནས་ཅན་བཀྲམ། དེའི་མདུན་ཏུ་སྟེགས་
གཙང་ཁེབས་ལྡན་དབུས་སུ་མཎྜལ་ལ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་འབྲས་དཀར་གྱི་ཚོམ་བུ་བཀོད། དེའི་སྟེང་མཉྫི་ལ་རྗེ་བཙུན་མའི་སྐུ་བརྙན་བཞུགས་སུ་གསོལ། མདུན་ཏུ་འབུལ་གཏོར་ཅོག་ཟླུམ་དཀར་པོ་པད་འདབ་བཞི་པ་རྒྱན་སྤྲོས་ཅན་དཀར་མངར་ཤིང་ཐོག་སོགས་བཟའ་བཅའ་བཏུང་བ་བླུགས་པ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པའི་རིགས་ཚར་ཇི་ཙམ་མང་བཞིན་ལེགས་མོད། དཀྱུས་ལ་ཚར་བཞི་ཡོད་ན་ཕྱོགས་བཞིར་བཀྲམ། གཅིག་ལས་མེད་ན་གཡས་སྐོར་དུ་བཤམ། འདོད་ཡོན་ལྔ་སོགས་མཆོད་པའི་སྐབས་སུ་སྨོས་པ་རྣམས་བྲིས་འབུར་གྱི་གཟུགས་བརྙན་ཡོད་ན་བཀོད་ལེགས་སུ་བཀྲམ། མཆོད་པའི་མཎྜལ། སྦྱར་སྤོས་ལ་སོགས་པ། སྔོན་གཏོར། རང་གི་མདུན་ཏུ་རྡོ་རྗེ་དྲིལ་བུ། མེ་ཏོག་གིས་གང་བའི་སྣོད། དུང་ཆོས་དྲི་བཟང་གི་ཆུས་གང་བ། ཀུ་ཤའི་འཐོར་གཡབ་སོགས་འདུ་བྱའོ། །གལ་ཏེ་བུམ་པ་སྒྲུབ་པ་དང་འབྲེལ་ན་རིན་པོ་ཆེའི་བུམ་པ་མཚན་ལྡན་གས་ཆག་སོགས་སྐྱོན་མེད་པར་ཁྱེའུ་འམ་བུ་མོ་གཙང་མས་བླངས་པའི་རྒྱུན་འབབ་ཀྱི་ཆུས་སུམ་གཉིས་དགང༌། དྲི་བཟང་དང་བུམ་རྫས་ཉེར་ལྔ་ཚད་ལྡན་སྦྱར་བ་བླུག མགུལ་ཆིངས་དཀར་པོ་དང་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། དུང་ཆོས་གཟུངས་རྡོར་དང་ལྡན་པར་མཎྜལ་གྱི་གཡས་སམ་རྒྱབ་ཏུ་བཀོད། སྐུ་བརྙན་མི་འཛོམ་པའམ་དམིགས་བསལ་བུམ་སྒྲུབ་ཁོ་ན་བྱེད་ན་མཎྜལ་སྟེང་དུ་བཀོད། རྗེས་གནང་སོགས་ལ་སྤྲོས་པ་ཆེ་བར་བྱེད་ན་ལས་བུམ་མགུལ་ཆིངས་ལྗང་གུ་དང་ལྡན་པའང་མཎྜལ་གཡོན་ནམ་བྱང་ཤར་དུ་བཞག་གོ །གཉིས་པ་ལ་གཉིས། སྔོན་འགྲོ་དང༌། སྒྲུབ་པ་དངོས་སོ། །དང་པོ་ལ་གསུམ། བསང་ཆུ་བསྒྲུབ་པ། བགེགས་བསྐྲད་སྲུང་འཁོར། གནས་ཡོ་བྱིན་རླབས་སོ། །དང་པོ་ནི། རང་སྐད་ཅིག་གིས་སྒྲོལ་མ་དཀར་མོར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་ཉེར་གཅིག་གམ། བརྒྱ་ཙམ་བཟླ་ཞིང་
སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་ཀུ་ཤའི་འཐོར་གཡབ་བཟུང་ངོ༌། །གཉིས་པ་ནི། སྔོན་འགྲོ་གཏོར་མ་ལ་ཆབ་བྲན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ལྕགས་ཀྱུའི་རྒྱ་དང༌། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག རྡོར་ཐལ་ཕྱེ་བས། སརྦ་བྷཱུ་ཏ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་གྲྀཧྣེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ། རལ་གྲི་འདེབས་པའི་རྒྱ་དང༌། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོ། གཡས་རྡོ་རྗེ་དང་བཅས་པའི་མཆོག་སྦྱིན་གཡོན་དྲིལ་བུ་གསིལ་ལ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་ཏུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ་གཏོར་མ་དོར། ཡི་དམ་ཁྲོ་བོའི་ང་རྒྱལ་གྱིས་རྡོ་རྗེའི་ཚྭ་ཚྭ་འཕྲོས་པས་བགེགས་ལྷག་མ་བསྐྲད་པར་མོས་ལ། སུམྦྷ་ནིའི་སྔགས་བརྗོད། ཡུངས་ཐུན་གཏོར། གུ་གུལ་བདུག ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ས་གཞི། རྭ་བ་དྲྭ་བ་གུར་བླ་བྲེ་མེ་རི་དང་བཅས་པའི་སྲུང་འཁོར་ཡེ་ཤེས་ཀྱི་རང་བཞིན་བདུད་བཞི་སོགས་ཀྱིས་མི་ཤིགས་པ་ཀུན་ནས་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་དང༌། སྒྲོལ་མ་ལས་སྣ་ཚོགས་རྒྱུད་ལས་གསུངས་པ། ཨོཾ་བཛྲ་ཏེ་ཛོ་བཛྲ་ཨཱ་ས་ན་ཧཱུྃ་ཕཊ། ཅེས་པས་སྲུང་ཞིང་བརྟན་པར་བྱ། གསུམ་པ་ནི། བསང་ཆུ་གནས་ཁང་དང་མཆོད་རྫས་ལ་འཐོར་ཞིང༌། བསང་སྦྱང༌།
སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པ་རྣམས་ཀྱི་ནང་དུ་བྷྲཱུྃ་ལས་ཁམས་གསུམ་གྱི་རྫས་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་མི་འགྱུར་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་པའི་ཡོན་ཏན་ལྔ་དང༌། རིན་པོ་ཆེ་སྣ་བདུན་དང༌། མཆོད་པའི་ལྷ་མོ་ལ་སོགས་པ་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐར་ཁྱབ་པར་རྒྱས་པར་འགེངས་ཤིང༌། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང༌། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་དང༌། སོ་སོའི་རྒྱ་བཅས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་ཏུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡའི་བར་དང༌། མཆོད་པའི་སྤྲིན་གྱི་གཟུངས། རོལ་མོ་བྱིན་རླབས་སྔགས་ལན་གསུམ་བརྗོད་དོ། །གཉིས་པ་སྒྲུབ་པ་དངོས་ལ་བཞི། བདག་བསྐྱེད། མདུན་བསྐྱེད། བུམ་པ་བསྒྲུབ་པ། གཏོར་མ་འབུལ་བའོ། །དང་པོ་ནི། སྐྱབས་སེམས་ནས་བརྩམ་རྗེས་སྡུད། ཟུང་འཇུག་གི་ལྷ་སྐུར་ལྡང་བ་ཡན་བསྙེན་པའི་སྐབས་ལྟར་ཚང་བར་ཉམས་སུ་བླང༌། འོན་ཀྱང་བཟླས་པའི་སྐབས་སྤྲོ་བསྡུའི་བཟླས་པ་ཙམ་གྱིས་ཆོག་གི་བཟླས་པའི་རྣམ་གྲངས་གཞན་དང་མཚན་བཅས་ཀྱི་རྫོགས་རིམ་སོགས་སྐབས་འདིར་མི་དགོས་སོ། །གཉིས་པ་ལ་ལྔ། ཡན་ལག་བཞི་རྫོགས་ཀྱི་རྟེན་
བསྐྱེད་པ། མགྲོན་ཐབས་ཀྱི་ཚོགས་ཞིང་སྤྱན་འདྲེན་པ། ཚོགས་བསགས། མཆོད་བསྟོད། བཟླས་པ་ཡན་ལག་དང་བཅས་པའོ། །དང་པོ་ནི། དཀྱིལ་འཁོར་དང་རྟེན་བསང་སྦྱང༌། སྟོང་པའི་ངང་ལས། ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བ་ཞེས་པ་ནས། རང་སེམས་ཞེས་དང༌། རང་ཉིད་ཅེས་པ་དོར། བཛྲ་ས་མཱ་ཛཿ ཞེས་པའི་བར་བདག་བསྐྱེད་ལྟར་གོང་ནས། སྤོས་རོལ་མོས་གུས་བཅས། ཨོཾ་ཐུགས་རྗེ་རྨད་བྱུང་བཅོམ་ལྡན་འདས། །འཇིག་རྟེན་དབང་པོའི་སྲས་མོ་མཆོག །མ་ལུས་རྒྱལ་བ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མ་འདིར་གཤེགས་གསོལ། །སྒྱུ་འཕྲུལ་འཛིན་མ་ཆོས་ཀྱི་སྐུ། །ཆོས་དང་དེ་བཞིན་ལོངས་སྤྱོད་རྫོགས། །སྲིད་ཞི་ཀུན་ཏུ་རྣམ་འཕྲུལ་མ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་སེམས་མ་བདེ་ཆེན་ཡུམ། །དོན་དམ་ཕྱག་རྒྱ་ཆེན་མོའི་སྐུ། །གདོད་ནས་དྲི་བྲལ་གསང་ཆེན་མ། །གཉིས་མེད་རོ་མཉམ་གཤེགས་སུ་གསོལ། །འགྲོ་འོང་མེད་ཀྱང་འགྲོ་འོང་ལྟར། །སྟོན་མཛད་ཕྲིན་ལས་རྒྱ་མཚོའི་གཏེར། །དོན་གཉིས་མཐའ་དག་འགྲུབ་མཛད་མ། །ཐུགས་རྗེ་མངའ་བ་འདིར་གཤེགས་གསོལ། །ཨོཾ་གུ་རུ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲང༌། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་སྔགས་ཙམ་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལེགས་སོ་བཅོམ་ལྡན་འདས་མ་ཁྱོད། །བརྩེ་བས་འདིར་ནི་གཤེགས་པ་ལས། །བདག་ཅག་སྐལ་དང་ལྡན་མཛད་དེ། །བྱང་ཆུབ་སྙིང་པོར་རབ་བརྟན་གྱུར། །ལྷ་དང་ལྷ་མིན་སོགས་དབང་པོ། །བྱེ་བའི་གཙུག་གིས་རབ་བཏུད་པའི། །གདན་ཁྲི་མཆོག་ཏུ་མཛེས་པ་འདིར། །དགྱེས་ལྡན་རྟག་པར་བཞུགས་སུ་གསོལ། །ཨོཾ་གུ་རུ་ཨཱརྻཱ་ཏཱ་རཱ་པདྨ་ཀ་མ་ལཱ་ཡ་སྟྭཾ། སླར་ཡང་ཐུགས་ཀའི་ས་བོན་སོགས། བདག་ལ་ཞེས་པར་ལྷ་ལ་ཞེས་བསྒྱུར་ཏེ། འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། གཉིས་པ་ནི།
སླར་ཡང་རང་གི་སྙིང་གའི་འོད་ཟེར་གྱིས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་གི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་རྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་གསོལ་བ་གདབ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ཕྱི་འབྲང་གི་བགེགས་བསྐྲད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །སོགས་ཤློ་ཀ་གཉིས་དང༌། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བཞུགས་སུ་གསོལ། གསུམ་པ་ནི། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་རྒྱས་པའི་རིགས་སམ། ཡང་ན། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཕྱོགས་བཅུ་དུས་གསུམ་སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་དགེ་སློང་མ་དཔལ་མོས་མཛད་པའི་རྒྱུན་བཤགས་བྱ། རྗེས་གནང་དཀྱུས་མའི་སྐབས་ས་བཅད་གཉིས་པ་དང་གསུམ་པ་འདི་དག་མི་དགོས་ཤིང་གོང་གི་སྤྱན་འདྲེན་བཞུགས་གསོལ། འོག་གི་མཆོད་བསྟོད་ཀྱང་མདོར་བསྡུས་པ་ཙམ་ལས་བརྗོད་མི་དགོས་སོ། །བཞི་པ་ལ་བཅུ་སྟེ། དང་པོ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། མཆོད་པའི་སྤྲིན་གྱི་གཟུངས་སྔགས་ལན་གསུམ་བརྗོད་དོ། །གཉིས་པ་ཆུ་གཉིས་ཉེར་སྤྱོད་འབུལ་བ་ནི། ཚིགས་བཅད་གང་ཡང་རུང་བ་བརྗོད་པས་ཆོག་མོད་ཀྱི།
སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད་ལས་འབྱུང་བ་གསུང་རྒྱུན་གྱིས་ཁ་བསྐངས་པ་དང་བཅས་པ་ལྟར་ན། ལྷ་ཡི་ཆུ་བོ་ཡན་ལག་བརྒྱད་ལྡན་སོགས། །གཙང་ཞིང་ཡིད་འོང་མཆོད་ཡོན་རྨད་བྱུང་བ། །རབ་འབྱམས་ཞིང་རྣམས་གང་བར་སྤྲུལ་བྱས་ཏེ། །འཕགས་མ་སྒྲོལ་མ་འཁོར་དང་བཅས་རྣམས་མཆོད། །ཨོཾ་ཨཱརྻཱ་ཏཱ་རཱ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། དེ་བཞིན་ཏུ་མཆོད་ཡོན་གནས་སུ། ཞབས་བསིལ། ཞེས་དང༌། ཨརྒྷཾ་གནས་སུ། པཱ་དྱཾ་སྦྱར། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པ་ཡི། །ཕྱེ་མའི་ཕུར་མ་བདུག་པའི་བྱེ་བྲག་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿབཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ༴ གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས༴ དེ་བཞིན་གཤེགས་པའི་ཡུམ་མཆོག་སངས་རྒྱས་སྤྱན། །མེ་ཏོག་སིལ་མ་ཕྲེང་བའི་བྱེ་བྲག་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ༴ པུཥྤེ༴ གང་ཡང་ཕྱོགས་བཅུའི༴ དེ་བཞིན་གཤེགས་པའི་ཡུམ་མཆོག་རིན་པོ་ཆེ། །རིན་ཆེན་མར་མེའི་བྱེ་བྲག་ཕྲེང་བ་རྣམས། །རྒྱལ་བ་སྐྱེད་པའི༴ ཨཱ་ལོ་ཀེ༴ གང་ཡང་ཕྱོགས་བཅུའི༴ དེ་བཞིན་གཤེགས་པའི་ཡུམ་མཆོག་ན་བཟའ་དཀར། །དྲི་ཞིམ་ཆུ་གཙང་སྤོས་དང་ལྡང་བའི་ཆུ། །རྒྱལ་བ་སྐྱེད་པའི༴ གནྡྷེ༴ གང་ཡང་ཕྱོགས་བཅུའི༴ རྒྱལ་བ་སྐྱེད་པའི་ཡུམ་མཆོག་ཕྲིན་ལས་ལྡན། །བཟའ་དང་བཅའ་བ་ལ་སོགས་ཞལ་ཟས་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་དབུལ་བར་བགྱི། །ནཻ་ཝི་དྱ༴ སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་མཛད་པའི། །གླུ་དང་རོལ་མོ་སིལ་སྙན་བཅས་པའི་སྒྲ། །གདུགས་དང་རྒྱལ་མཚན་བ་དན་འཕན་ལ་སོགས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་གྱུར་ཅིག །ཤབྡ༴ གསུམ་པ་འདོད་ཡོན་
ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས། བཞེས་ན༴ ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴ བཞེས་ནས༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ནས༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས༴ བཞེས་ནས༴ སྤརྴེ༴ བཞི་པ་སྒེག་སོགས་བརྒྱད་ནི། ཨོཾ། རྡོ་རྗེ་སེམས་དཔའ་བསྡུས་པ་ནི། །ཨོཾ་བཛྲ་ལཱ་སེ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། །ཨོཾ་བཛྲ་མཱ་ལེ་ཏྲཱྃ། རྡོ་རྗེ་ཆོས་ནི་གླུར་བླངས་པ། །ཨོཾ་བཛྲ་གཱི་ཏི་ཧྲཱིཿ རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཨོཾ་བཛྲ་ནྲྀ་ཏྱེ་ཨཱཿ ཞེས་ནང་གི་ལྷ་མོ་བཞིས་མཆོད། ཡང༌། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཱཏ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། བཛྲ་དྷརྨ་གཱ་ཡ་ནཱི། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་ཀརྨ་ཀ་རོ་ཏ་བྷ་ཝེ། ཨོཾ་བཛྲ་གནྡྷེ་ཨཱཿ ཞེས་ཕྱིའི་ལྷ་མོ་བཞིའི་མཆོད་པ་སྟེ། རྣལ་འབྱོར་རྒྱུད་ཆོག་སྤྱི་ལྟར་འབུལ་ལོ། །ལྔ་པ་རྒྱལ་སྲིད་སྣ་བདུན་ནི། ཞིང་འདིར་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་ནོར་བུ་རིན་ཆེན་གྱིས། མཁས་པ་དག་གིས༴
དངོས་གྲུབ་འདོད་པ༴ ཉིན་རེ་ཤེས་རབ༴ མ་ཎི༴ ཞིང་འདིར་བཙུན་མོ༴ མཁས་པ་དག་གིས༴ དངོས་གྲུབ་འདོད་པ༴ ཉིན་རེ་ཤེས་རབ༴ ཝསྟྲཱི༴ ཞིང་འདིར་བློན་པོ༴ མཁས་པ་དག་གིས༴ དངོས་གྲུབ་འདོད་པ༴ ཉིན་རེ་ཤེས་རབ༴ མཧཱ་ཏ༴ ཞིང་འདིར་གླང་པོ༴ མཁས་པ་དག་གིས༴ དངོས་གྲུབ་འདོད་པ༴ ཉིན་རེ་ཤེས་རབ༴ ཧསྟི། ཞིང་འདིར་རྟ་མཆོག༴ མཁས་པ་དག་གིས༴ དངོས་གྲུབ་འདོད་པ༴ ཉིན་རེ་ཤེས་རབ༴ ཏུ་རཾ་ག༴ ཞིང་འདིར་དམག་དཔོན། མཁས་པ་དག་གིས༴ དངོས་གྲུབ་འདོད་པ༴ ཉིན་རེ་ཤེས་རབ༴ ཁཌྒ༴ ཞེས་སམ། བསྡུ་ན། གསེར་གྱི་འཁོར་ལོ་ནོར་བུ་རིན་པོ་ཆེ། །བཙུན་མོ་ཁྱིམ་བདག་གླང་པོ་རྟ་མཆོག་དང༌། །གཡུལ་ལས་རྒྱལ་བྱེད་དམག་དཔོན་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་ཡང་དབུལ་བར་བགྱི། །ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ སཔྟ་རཏྣ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། དྲུག་པ་བཀྲ་ཤིས་རྟགས་བརྒྱད་ནི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར། །དབུ་ལ་གདུགས་ཀྱི་མཆོད་པ་དབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ མངྒ་ལ་ཚཱ་ཏྲཾ་པྲ་ཏཱིཙྪ་སྭཱ་ཧཱ། བཀྲ་ཤིས་གང་ཞིག་མཆོད་པའི༴ ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་སྤྱན་ལ༴ སྤྱན་ལ་གསེར་ཉའི་མཆོད་པ༴ མཏྶྱ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས་ལ༴ ལྗགས་ལ་པདྨའི༴ པདྨ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་མགུལ་ལ༴ མགུལ་ལ་བུམ་པའི༴ ཀུམྦྷ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་དཔལ་གྱི་བེའུ་རབ་འབར་བ། །བསྣམས་ནས་རྒྱལ་བའི་ཐུགས་ལ༴ ཐུགས་ལ་དཔལ་བེའུའི༴ པཏྶ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་རྒྱལ་མཚན་རབ་
མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ༴ སྐུ་ལ་རྒྱལ་མཚན༴ དྷྭ་ཛ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོགས་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ༴ གསུང་ལ་དུང་གི༴ ཤཾ་ཁ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །བསྣམས་ནས་རྒྱལ་བའི་ཞབས་ལ༴ ཞབས་ལ་འཁོར་ལོའི༴ ཙཀྲ༴ ཞེས་སམ། རིན་ཆེན་གདུགས་དང་པདྨ་གསེར་ཉ་དུང༌། །བུམ་པ་དཔལ་བེའུ་རྒྱལ་མཚན་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱད་རྣམས་ནི་དབུལ་བར་བགྱི། །ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ ཨཥྚ་མངྒ་ལ་ཧེ་ཏུ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། བདུན་པ་བཀྲ་ཤིས་རྫས་བརྒྱད་ནི། ཚེ་མཆོག་འཕེལ་བྱེད་བདུད་རྩི་སྨན་གི་རྩྭ། །དཱུར་བ་སྔོ་ལྗང་མྱུ་གུའི་ཕྲེང་བ་ཅན། །ཡིད་བཞིན་འཁོར་ལོ་སྲས་དང་བཅས་ལ་འབུལ། །འཆི་མེད་རྡོ་རྗེའི་ཚེ་དབང་ཐོབ་པར་ཤོག །ཨོཾ་ཨཱརྻཱ་ཏཱ་ར་ས་པ་རི་བཱ་རེ་བྷྱཿམངྒ་ལ་དཱུར་བ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། དེས་འགྲེས་ཏེ། དྲི་མེད་ཤིན་ཏུ་དྭངས་པ་བཞིན་གྱི་སྣོད། །སྣོད་བཅུད་དགེ་མཚན་རི་མོ་གསལ་ལ་རྫོགས། །ཡིད་བཞིན་འཁོར་ལོ༴ ཇི་ལྟ་ཇི་སྙེད་མཁྱེན་ཉིད་མྱུར་ཐོབ་ཤོག །སྔགས་སྔར་ལྟར་ལ། །མངྒ་ལ་ཨཱ་དརྴ༴ མཚལ་ཆེན་ཆུ་ལས་སྐྱེས་པའི་སིནྡྷཱུ་ར། །སྲིད་གསུམ་བརྟན་པ་འཕྲོག་པའི་དམར་འོད་ཅན། །ཡིད་བཞིན་འཁོར་ལོ༴ སྣང་སེམས་མཐའ་དག་རང་དབང་འདུ་བར་ཤོག །མངྒ་ལ་སིནྡྷཱུ་ར༴ རྒྱུ་ཆུང་འཕེལ་ཆེ་ངོ་མཚར་ལྗོན་པའི་འབྲས། །ཡིད་འོང་བིལྦ་བཀྲ་ཤིས་དཔལ་ཀྱི་གཟུགས། །ཡིད་བཞིན་འཁོར་ལོ༴ ཆོས་ལྡན་དཔལ་འབྱོར་དབྱར་མཚོ་ལྟར་རྒྱས་ཤོག །མངྒ་ལ་བིལྦ༴ ཟུག་རྔུ་འཇོམས་བྱེད་གི་ཝཾ་སྨན་གྱི་མཆོག །དྲི་ངད་རོ་བཅུད་ནུས་མཐུ་ཕུན་སུམ་ཚོགས། །ཡིད་བཞིན་འཁོར་ལོ༴ རྒྱུ་འབྲས་ནད་རིགས་གཏན་ནས་སྤོང་བར་ཤོག །མངྒ་
ལ་གོ་རོ་ཙ་ན༴ དཀར་ཟླུམ་སྐྱེ་བ་ལྔ་ལྡན་གཡས་སུ་འཁྱིལ། །སྙན་པའི་སྒྲ་ཡིས་ས་གསུམ་ཁྱབ་བྱེད་པ། །ཡིད་བཞིན་འཁོར་ལོ༴ ཐེག་ཆེན་བླ་མེད་ཆོས་སྒྲ་སྒྲོགས་པར་ཤོག །མངྒ་ལ་ཤངྑ༴ མཐོང་བས་བྱ་བ་ཀུན་ལ་དགེ་ལེགས་བྱེད། །མྱང་བས་ལུས་སྲོག་འཚོ་བའི་བཅུད་ལྡན་ཞོ། །ཡིད་བཞིན་འཁོར་ལོ༴ ཆགས་ཐོགས་མེད་པའི་བློ་གྲོས་རྩལ་ལྡན་ཤོག །མངྒ་ལ་ད་དྷི༴ བགེགས་རིགས་ཀུན་འཇོམས་རྡོ་རྗེ་ཁྲོ་བོའི་མཚོན། །འཇིགས་མེད་དཔའ་བོ་ཡུངས་ཀར་གསེར་གྱི་མདོག །ཡིད་བཞིན་འཁོར་ལོ་སྲས་དང་བཅས་ལ་འབུལ། །འཇིགས་བརྒྱད་བདུད་བཞི་འགལ་རྐྱེན་ཀུན་ཞི་ཤོག །མངྒ་ལ་སཏྤི་ཏ༴ ཞེས་སམ། མེ་ལོང་ལི་ཁྲི་ཡུངས་ཀར་བིལྦ་དང༌། །གི་ཝཾ་དུང་དཀར་ཞོ་མཆོག་དཱུརྦ་སྟེ། །རྒྱལ་བས་བྱིན་རླབས་བཀྲ་ཤིས་རྫས་ཆེན་བརྒྱད། །རྗེ་བཙུན་སྒྲོལ་མ་འཁོར་དང་བཅས་ལ་འབུལ། །སྔགས་ཐོག་མཐའ་འདྲ་བ་ལ། ཨཥྚ་མངྒ་ལ་དྲ་བྱ༴ སྦྱར། བརྒྱད་པ་མཎྜལ་འབུལ་བ་ནི། མཆོད་པའི་མཎྜལ་ལ་ཚོམ་བུ་བཀོད་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། རྡོ་རྗེའི་ཁོར་ཡུག ཨོཾ་བུདྡྷ་བཛྲཱ་ཡ་ཨཱཿཧཱུྃ། རྣམ་སྣང་གི་ཞིང་གི་རང་བཞིན་རྡོ་རྗེའི་རི་རབ། ཨོཾ་བཛྲ་བཛྲཱ་ཡ་ཨཱཿཧཱུྃ། མི་བསྐྱོད་པའི་ཞིང་གི་རང་བཞིན་རྡོ་རྗེའི་ལུས་འཕགས། ཨོཾ་རཏྣ་བཛྲཱ་ཡ་ཨཱཿཧཱུྃ། རིན་འབྱུང་གི་ཞིང་གི་རང་བཞིན་རྡོ་རྗེའི་འཛམ་བུ་གླིང༌། ཨོཾ་པདྨ་བཛྲཱ་ཡ་ཨཱཿཧཱུྃ། སྣང་མཐའི་ཞིང་གི་རང་བཞིན་རྡོ་རྗེའི་བ་ལང་སྤྱོད། ཨོཾ་ཀརྨ་བཛྲཱ་ཡ་ཨཱཿཧཱུྃ། དོན་གྲུབ་ཀྱི་ཞིང་གི་རང་བཞིན་རྡོ་རྗེའི་སྒྲ་མི་སྙན། དེ་དག་རེ་རེ་ཞིང་ཡང་བྱེ་བ་དུང་ཕྱུར་བསམ་གྱིས་མི་ཁྱབ་པ་མཆོད་རྫས་དུ་མས་ཡོངས་སུ་གང་བས་དུས་རྟག་ཏུ་མཆོད་པར་གྱུར། ཞིང་ཁམས་རྣམ་དག་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་རི་རབ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་བསམ་ཡས་རྡོ་རྗེའི་རྒྱན་ཕྲེང་འབར། །རྡོ་རྗེའི་མཎྜལ་བླ་མེད་བཀོད་པ་འདི། །
རྡོ་རྗེ་སྒྲོལ་མ་སངས་རྒྱས་ཀུན་ཡུམ་ལ། །མཆོག་ཏུ་དད་པས་ཀུན་ཏུ་བདག་འབུལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དགུ་པ་མཆོད་པ་སྣ་ཚོགས་པ་ནི། དཔག་བསམ་གྱི་ནི་ཤིང་དག་དང༌། །ལྗོན་པའི་ཤིང་དང་ཤིང་དག་གི །དྲི་ཞིམ་ལོ་འདབ་བཅས་པའི་ཤིང༌། །ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག །སྤོས་ཀྱི་དྲི་ངད་ལྡང་བའི་ཆར། །འབྲུ་དང་མེ་ཏོག་ལ་སོགས་པའི། །ཡིད་དུ་འོང་བའི་དྲི་ཞིམ་ཆར། །ངེས་པར་ཀུན་ཏུ་འབབ་པར་ཤོག །འབབ་ཆུ་ལྟེང་ཀ་ལུ་མ་དང༌། །མཚོ་དང་རྫིང་བུ་དག་དང་ནི། །རོ་བརྒྱ་དག་དང་ལྡན་པའི་མཚོ། །ངང་པ་ལ་སོགས་བཅས་པ་ཡི། །རིན་ཆེན་ཁང་པ་ཡིད་འོང་བའི། །དྲྭ་བ་དྲྭ་བ་ཕྱེད་པ་དང༌། །ཤར་ནུབ་འོད་བཅས་ཉི་ཟླ་དག་དང་ནི། །ཁང་པ་ཤིན་ཏུ་ཡིད་ཏུ་འོང་བ་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །སྔགས་ཐོག་མཐའ་འདྲ་བ་ལས། བི་བི་དྷཱ་ནཾ་སྦྱར། བཅུ་པ་བསྟོད་པ་ནི། སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང༌། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཞབས་ཀྱི་པདྨ་གཉིས་ལ་ནི། །ཡན་ལག་མཆོག་གིས་རབ་ཏུ་གཏུགས་གྱུར་ན། །མངོན་འདོད་བདེ་བའི་འབྲས་བུ་སྨིན་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ །འདབ་མ་བརྒྱ་ལྡན་ཡངས་པའི་སྙིང་པོ་ནི། །གསེར་ཞུན་ཉི་མ་འཆར་ཀའི་མདོག་འདྲ་ཞིང༌། །རྡུལ་བྲལ་སྟོན་ཀའི་ཟླ་ལྟར་དྲི་མེད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ །དྲང་སྲོང་གཙོ་དང་གྲུབ་པ་ལྟོ་འཕྱེ་ཆེ། །གཤིན་རྗེ་སྲིན་པོ་གནོད་སྦྱིན་ལྷ་མིན་དང༌། །ལྷ་ཚོགས་རྣམས་ཀྱིས་ཞབས་ལ་ཕྱག་བྱས་པའི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ །གླིང་དང་ནགས་ཚལ་སྟུག་པོ་རི་ཁྲོད་དང༌། །ཕུག་དང་ཆུ་ཀླུང་རི་བོའི་རྩེ་རྣམས་སུ། །དུས་རྣམས་ཀུན་ཏུ་བཞུགས་པར་གྱུར་པ་ཡི། །
བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ །སེང་གེ་སྟག་དང་གླང་པོ་མཚོ་ཆེན་དང༌། །མེ་དང་འཆིང་བ་རྐུན་པོ་སྦྲུལ་གདུག་གི །གནོད་པ་ཐམས་ཅད་རབ་ཏུ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ ཏཱ་རེ་ཏུཏྟཱ་རེ་དང་ཏུ་རེ་ཡིས། །གཡུལ་གྱི་མཚོན་ཆ་ཟློག་མཛད་ཕན་པར་དགོངས། །འཇིགས་དང་རྨི་ལམ་ངན་པ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ ཐུགས་རྗེས་ནོན་པའི་ཐབས་ཀྱིས་གང་དང་གང༌། །སེམས་ཅན་གཟིགས་གྱུར་དེ་ཡི་དཔལ་འཕེལ་འགྱུར། །སྒྲོལ་མས་མི་བསླུའི་འབྲས་བུ་མྱུར་ཐོབ་མཛད། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་དང༌། ཨོཾ་འཁོར་བ་ལས་སྒྲོལ་སོགས་ངག་དབང་གྲགས་པས་མཛད་པ། གཞན་ཡང་ཕན་ཡོན་ཆེན་པོ་དང་ལྡན་པའི་མཚོན་བརྒྱ་རྩ་བརྒྱད་པའང་ཤེས་ན་ཀློག་པར་བྱའོ། །ལྔ་པ་ནི། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་སོགས་ནས། དེ་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ལྷ་དང་མིའི་འགྲོ་བ་རྣམས་ཀྱི་ཚེ་དང་བསོད་ནམས། བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་རྩི་སྨན་རིན་པོ་ཆེ་ལ་སོགས་པའི་ནུས་པ་བྱིན་རླབས་དངོས་གྲུབ་མཐའ་དག་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་སྤྱན་དྲངས། རང་དང་མདུན་བསྐྱེད་ལ་ཐིམ་པས་འཆི་བ་མེད་པ་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་ཐོབ། སླར་ཡང་མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་སྣོད་བཅུད་ཐམས་ཅད་ལ་ཕོག་པས་ཚེ་བསོད་དཔལ་འབྱོར་སྤང་རྟོགས་ཡོན་ཏན་མཐའ་དག་རྒྱས་པར་གྱུར། ཅེས་པ་གཙོ་བོ་དང༌། ནད་གདོན་ཞི་བ་དང༌། སྲུང་བ་ལ་སོགས་སྐབས་དང་སྦྱར་བའི་དམིགས་པ་འཕྲུལ་ཤེས་པས། ཡི་གེ་བཅུ་པ་དང༌། ཚེ་སྤེལ་བ་ལ་ཚེ་ཤམ་ཅན་སོགས་ཤམ་བུ་བཏགས་པ་བཟླས་པའི་དངོས་གཞི་བྱས་ལ། ཐུན་གྱི་མཇུག་མཆོད་བསྟོད་མདོར་
བསྡུས་དང༌། འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །གསུམ་པ་ནི། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཡངས་པ། མགྲིན་པ་རིང་བ། མཆུ་འཕྱང་བ། དྭངས་ཤིང་ཐོགས་པ་མེད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ལྷའི་གོས་ཀྱིས་མགྲིན་པ་བཅིངས་ཤིང་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ནང་དུ་ལྔ་ཚན་ལྔ་དང་བདུད་རྩིའི་ཆུས་ཡོངས་སུ་གང་བའི་དབུས་སུ། པྃ་ལས་པདྨ་དཀར་པོ་སོགས་ནས་དབང་བསྐུར་རྒྱས་གདབ་པར་བདག་བསྐྱེད་ལྟར་ལ། རང་ཉིད་སོགས་ཀྱི་ཚིག་འབྱིན་འཇུག་མདུན་བསྐྱེད་ལྟར་བྱའོ། །མཆོད་པ་ཁ་གསོ། བྱིན་རླབས་གོང་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །འཕགས་མ་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་ཏུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་ནས། ཤབྡའི་བར་ཚིགས་བཅད་སྔགས་དང་བཅས་པས་འབུལ། བསྟོད་པ་ནི། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟཱ་རེ། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱིས་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་མ་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་རྣམས་ལས། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མར་གྱུར་བཅོམ་ལྡན་འདས། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ངག་དབང་གྲགས་པས་མཛད་པས་བསྟོད། བཟླས་
པ་ནི། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་པོའི་རྣམ་པ་བར་མ་ཆད་དུ་བྱུང༌། གཟུངས་ཐག་ལ་བརྒྱུད་དེ་བུམ་ལྷའི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བྱིན་རླབས་དང་བརྟན་གཡོ་མ་ལུས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་བདུད་རྩིའི་ངོ་བོར་སྤྱན་དྲངས་བུམ་ལྷའི་ཐུགས་ཀར་ཐིམ་པས། འཁོར་ལོ་ཡིག་འབྲུ་དང་བཅས་པ་དང་སྐུའི་གནས་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་རྒྱུན་བབས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་དམིགས་གནད་དང་ལྡན་པས་ཡིག་བཅུ་དང་ཤམ་ཅན་བཟླ། ཞི་བ་ལ་སོགས་པའི་ལས་དམིགས་བསལ་བྱེད་ན་དམིགས་པ་དང་སྔགས་ཀྱི་ཤམ་བུ་ཁ་བསྒྱུར། མཇུག་ཏུ་མཆོད་བསྟོད་དང་འདོད་གསོལ་ཉུང་བསྡུས་བྱ། དུང་ཆོས་ཀྱི་ཆུ་མེ་ཏོག་དང་བཅས་གཟུངས་ཐག་དང་མ་བྲལ་བར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཞེས་མཆོད་ཡོན་གྱི་ཚུལ་དུ་བུམ་པར་བླུགས། དྲིལ་བུ་གསིལ་བཞིན་ཡིག་བརྒྱ་ཚར་གསུམ་བརྗོད། བཅོམ་ལྡན་འདས་མ་ཐུགས་ཀའི་འཁོར་ལོ་དང་བཅས་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཏུ་ཞུ་བ་དམ་ཚིག་གི་བུམ་པའི་ཆུ་དང་དབྱེར་མེད་པར་གྱུར། བུམ་པ་རྡོ་རྗེའི་དྲྭ་བས་གཡོགས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་བསྲུངས་བར་བྱའོ། །རྗེས་གནང་སོགས་ལ་ཕྱག་རྒྱུན་ལྟར་ལས་བུམ་བསྒྲུབ་ན་པདྨའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་གྱི་སྒོམ་བཟླས་བྱས་ཀྱང་འབྲེལ་མོད། འདིར་སྤྱི་ཙམ་དུ་ལས་བུམ་བསང་སྦྱང༌། སྟོང་པའི་ངང་ལས། ལས་བུམ་གྱི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་གཡས་རྡོ་རྗེའི་བེ་ཅོན་དང་གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་སྔགས་གང་འགྲུབ་བཟླ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་བདུད་
རྩིའི་ཐལ་མོ་ལེགས་སྦྱར་བས། །བྱང་སེམས་སྤྱི་བོར་གཤེགས་པའི་མཐུ་སྟོབས་ཀྱིས། །བདུད་བཞི་རྩད་ནས་བཅད་པའི་དགྲ་ཐབས་མཁན། །བཅོམ་ལྡན་ཁྲོ་བོ་ཆེན་པོར་ཕྱག་འཚལ་བསྟོད། །ཅེས་བསྟོད། ཁྲོ་བོ་བདུད་རྩི་འཁྱིལ་པ་འོད་དུ་ཞུ་བས་ཆུའི་རྡུལ་ཕྲ་རབ་ཇི་སྙེད་པ་ཁྲོ་བོའི་ཚོགས་སུ་གྱུར། ཅེས་པ་སྟེ། སྤྲོས་པ་བསྡུ་ན་གོང་དུ་བསང་ཆུ་བསྒྲུབས་པ་ཉིད་ཀྱིས་འཐུས་པ་ཡིན་ནོ། །བཞི་པ་ལ་གཉིས། འཇིག་རྟེན་ལས་འདས་པ་དང༌། མ་འདས་པའོ། །དང་པོ་ནི། གཏོར་མ་བསང་སྦྱང་བྱིན་རླབས་ནས་བརྩམས་ཕྲིན་ལས་བཅོལ་བའི་བར་བསྙེན་པའི་སྐབས་སུ་སྨོས་པ་ལྟར་བྱ་བ་ལས། གཏོར་མགྲོན་སྤྱན་འདྲེན་པ་འདིར་མི་དགོས་སོ། །གཉིས་པ་ནི། ཆ་གསུམ་ཀུན་རིག་ལས་འབྱུང་བ་ལྟར་རམ། ཡང་ན་མཎྜལ་ཆོ་གར་བཤད་པ་ལྟར། ཆོས་སྐྱོང༌། གཞི་བདག ལན་ཆགས་གཏོར་མ་བཅས་གཏང་ངོ༌། །སྐབས་འདིར་བཀྲུ་བྱབས་ཀྱི་ཆོ་ག རྗེས་གནང༌། སྦྱིན་སྲེག་ལ་སོགས་ལས་རབ་འབྱམས་གང་བརྩམས་པ་ལ་འཇུག་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བདུན། མཆོད་བསྟོད། འདོད་གསོལ། ནོངས་བཤགས། བསྡུ་རིམ། བསྔོ་བ། སྨོན་ལམ། བཀྲ་ཤིས་སོ། །དང་པོ་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབ། དཀོན་མཆོག་ཏ་ལ་ནས་གསུངས་པའི་མཆོད་ཚིག མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་མོ་འཕགས་མ་འཁོར་བཅས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞབས་བསིལ་ནས་རོལ་མོའི་བར་སྤེལ་ཚིག་སྔགས་དང་བཅས་པས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། གཉིས་པ་ནི། རྗེ་
བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །སོགས་དང༌། ཐུན་མཚམས་ཀྱི་བྱ་བར་སྨོས་པའི་གསོལ་གདབ་གང་རུང་སྐབས་དང་འབྲེལ་བར་བྱའོ། །གསུམ་པ་ནི། དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་རྣམས་ལན་གསུམ་མམ་བདུན་བརྗོད་ཅིང༌། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །བདག་ཅག་ལས་དང་པོ་པའི་གང་ཟག་བསམ་པ་ཉོན་མོངས་པ་ཅན་གྱི་བྱིང་རྒོད་དབང་དུ་གྱུར་ནས་ཏིང་ངེ་འཛིན་མ་གསལ་བ་དང༌། ཡོ་བྱད་མ་ཚང་ཞིང་མཆོད་ཚོགས་ཉུང་ལ་གཙང་སྦྲས་མ་ཕྱེད་པ་དང༌། སྔགས་མ་དག་ཅིང་ཆོ་ག་ལྷག་ཆད་ནོར་འཁྲུལ་སོགས་ནོངས་པའི་ལས་ཅི་མཆིས་པ་ཐམས་ཅད་འཕགས་མ་ཐུགས་རྗེ་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་ན་འཕྲལ་ཡུན་སྒྲིབ་པར་མི་འགྱུར་བ་དག་ཚངས་སུ་དབུགས་དབྱུང་ཞིང་ལས་དང་དངོས་གྲུབ་ཐོགས་པ་མེད་པ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། བཞི་པ་ནི་མཆོད་ཡོན་སྦྲེང༌། ཡིག་བརྒྱ་བརྗོད། མདུན་བུམ་གྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱ། རྟེན་མེད་ན། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས། ཨོཾ་ཨཱཿཧཱུྃ། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། མཆོད་སྦྱིན་གནས་འདིར་གང་ལྷགས་པ། །སོགས་ཀྱིས་འཇིག་རྟེན་པ་རང་གནས་སུ་གཤེགས། ཨ་ཀཱ་རོས་རྡུལ་ཚོན་མཐའ་ནས་དབུས་སུ་བསྡུ། ལྷ་མཚན་ཅུང་ཟད་རང་གི་སྤྱི་བོར་བཀོད་པར་བྱའོ། །ལྔ་པ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་སོགས་རྒྱས་བསྡུས་གང་འཐད་བརྗོད། དྲུག་པ་སྨོན་ལམ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དགེ་འདུན་བདག་ལ་དགོངས་སུ་གསོལ། །བདག་སོགས་སེམས་ཅན་
ཐམས་ཅད་ཀྱིས། །ཐོག་མེད་འཁོར་བ་ཆེན་པོ་ནས། །སྦྱིན་དང་ཚུལ་ཁྲིམས་སྒོམ་པ་ཡི། །དགེ་བགྱིས་བགྱིད་སྩལ་རྗེས་ཡི་རང༌། །དེ་ལྟར་བགྱིས་པའི་དགེ་བ་ཡི། །སྦྱིན་པ་དམ་པ་སེམས་ཀྱི་ནི། །རྒྱན་དང་ཡོ་བྱད་རྣལ་འབྱོར་གྱི། །ཚོགས་སུ་གྱུར་ཏེ་ཕ་མ་དང༌། །མཁན་པོ་སློབ་དཔོན་ལ་སོགས་ཀྱི། །ཆེད་དུ་སངས་རྒྱས་ཐོབ་པར་ཤོག །མ་ཐོབ་བར་དུ་བདག་དགེ་འདིས། །ཐེག་ཆེན་བླ་མ་མཆོག་བསྟེན་ནས། །སྡོམ་གསུམ་གནས་པའི་ལུས་བཟུང་ཞིང༌། །ཡིད་ལ་འདོད་པ་ཀུན་འགྲུབ་སྟེ། །ཕན་ཚུན་སྡིག་པ་མི་སོག་ཤོག །འདིར་ཡང་དགེ་འབྱུང་བསོད་ནམས་ཀྱིས། །ཚེ་དང་བསོད་ནམས་ལོངས་སྤྱོད་དང༌། །འཁོར་དང་དགེ་སྦྱོར་ལ་སོགས་པའི། །ཕུན་སུམ་ཚོགས་པ་ཀུན་གྱིས་འབྱོར། །བར་ཆད་མ་ལུས་ཞི་བར་ཤོག །ཅེས་རྗེ་བཙུན་མི་ལ་ལ་སྒྲོལ་མས་དངོས་སུ་གསུངས་པའི་སྨོན་ལམ་གདབ། བདུན་པ་བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་སོགས་དཀོན་མཆོག་གསུམ་གྱི་ཤིས་བརྗོད་སྔོན་ཏུ་འགྲོ་བས། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །གང་ལ་རྒྱལ་ཀུན་གུས་བཏུད་དེ། །ཕྱག་འཚལ་ཐལ་སྦྱར་རབ་བསྟོད་པ། །ལྷ་རྣམས་ཀུན་གྱི་ལྷར་གྱུར་པ། །བཅོམ་ལྡན་སྒྲོལ་མའི་བཀྲ་ཤིས་ཤོག །བདག་དང་སྐྱེ་དགུ་ཐམས་ཅད་པ། །འཇིགས་པ་ཀུན་ལས་རབ་སྒྲོལ་ཞིང༌། །ཕན་དང་བདེ་བ་རབ་འཕེལ་མ། །འདོད་དོན་ཀུན་འགྲུབ་བཀྲ་ཤིས་ཤོག །ཅེས་དང༌། གཞན་ཡང་འབྲེལ་ཆགས་པའི་ཤིས་བརྗོད་རྒྱས་པར་བྱའོ།། །།ལྔ་པ་སྦྱིན་སྲེག་གི་ཆོ་ག་ལ་གསུམ། བྱ་བའི་དུས། བྱས་པའི་དགོས་པ། ལག་ལེན་དངོས་བཤད་པའོ། །དང་པོ་ནི། བསྙེན་པའི་ཁ་སྐོང་ཡིན་ན་བསྙེན་སྒྲུབ་ཟིན་པའི་རྗེས་ཐོག་དེ་ཉིད་དུ་བྱ་ཞིང༌། ནད་གདོན་
ཞི་བ་དང༌། ཚེ་བསོད་སྤེལ་བ་སོགས་ལས་བྱེ་བྲག་པ་སྒྲུབ་ན་ཞི་བ་མར་ངོ་དང༌། རྒྱས་པ་ཡར་ངོ་སོགས་སོ་སོའི་དུས་སྐབས་སུ་བབས་པའི་ཚེ་བྱའོ། །གཉིས་པ་ནི། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས། སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །དེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ནི་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ནི་དེ་ཀུན་དགང༌། །ཞེས་པས་ཆོ་ག་དང་སྔགས་ཀྱི་ལྷག་ཆད་ཁ་སྐོང་བ་དང༌། འདོད་པའི་འབྲས་བུ་མྱུར་དུ་སྟེར་བར་བྱེད་པའོ། །གསུམ་པ་ལ་གཉིས། ཞི་བ་དང༌། རྒྱས་པའོ། །དེའང་ཁ་སྐོང་ལ་ཞི་བ་གཙོར་བྱེད་པ་ཡིན་ཞིང༌། ལས་སོ་སོ་ལ་སོ་སོའི་ཆོ་ག་དང་རྫས་ཀྱི་བུམ་བསྐྱེད་པའང་ཤེས་པར་བྱའོ། །དང་པོ་ལ་གསུམ། ཐབ། ཡོ་བྱད། ཆོ་གའི་རིམ་པའོ། །དང་པོ་ནི། སྦྱིན་སྲེག་གང་དུ་བྱ་བའི་སར་ཕྱིན་ལ། བདག་ཉིད་རྡོ་རྗེ་ཁྲོ་བོ་ཧཱུྃ་མཛད་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། ཧཱུྃ་བཞིའི་སྔགས་ལན་བདུན་བརྗོད། སྔོན་གཏོར་བཏང༌། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ། ཞེས་ལན་གསུམ་བརྗོད། དཀྱིལ་འཁོར་གྱི་གནས་དེ་ཉིད་དུ་བྱེད་པ་ཡིན་ན་འདི་མི་དགོས་སོ། །གཙང་མའི་ས་ལ་སྟེགས་བུ་ཟླུམ་པོ་ཙནྡན་དཀར་པོ་ལ་སོགས་པས་བྱུགས་པར། ཚངས་ཐིག་ཟུར་ཐིག་བརྒྱད་པོ་གདབ། དབུས་ནས་ཐིག་སྐུད་མཐོ་གང་གིས་ཟླུམ་པོར་བསྐོར་བ་ཐབ། དེ་རྒྱབ་སོར་བཞི་པ་གཉིས་བསྐོར་བ་མུ་རན་དང་ཁ་ཁྱེར་ལྟེ་བ་ནས་མུ་རན་གྱི་མཐའི་ཚད་ཉིས་འགྱུར་གྱིས་ཟུར་ཐིག་སྟེང་བྱ་རྗེས་བཏབ་པའི་སྟེང་ནས་ཕྱོགས་བཞིར་གྲུ་བཞིར་བཅད། དེ་རྒྱབ་སོར་གཉིས་བསྣན་ནས་བཅད་པའི་དབུས་སུ་པདྨ་འདབ་བརྒྱད། མུ་རན་ལ་ཟེའུ་འབྲུ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲ་
བཞིར་ཟླ་ཕྱེད་རྡོ་རྗེ། པདྨའི་ལྟེ་བར་ཨུཏྤལ་རྡོ་རྗེས་མཚན་པ་སོར་བརྒྱད་པ་རྣམས་བྲི། དེ་དག་གི་གཞི་དཀར་པོ་ལ་མ་འདྲེས་པའི་ཚོན་གྱིས་རེ་ཁཱ་བཅད། ཟླུམ་ཐིག་ནང་མའི་ནང་ནས་དྲི་ཞིམ་པོའི་བུད་ཤིང་གིས་ཟླུམ་པོར་བརྩིག་མེ་ཚང་ངམ་ཏིང་ལོ་བཞག་གོ །གཉིས་པ་ནི། རང་གི་གཡོན་ཏུ་མཆོད་ཡོན་གྱི་སྣོད་ཆེ་ཆུང་གཉིས། བསང་གཏོར་གྱི་སྣོད་གཅིག ཉེར་སྤྱོད་ལྔ། ཟླུམ་གཏོར་དཀར་པོ་ཆེ་ཆུང་གཉིས། ཀུ་ཤའི་འཐོར་གཡབ་སོགས་བཞག གཡས་སུ་མར་ཁུ་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་རིམ་ཅན་ཏུ་བསྒྲིགས་པ་དང་མེ་ལྷ་ལ་ཐམས་ཅད་ཕྱོགས་སུ་བསྡུས་པ་ཚོ་གཅིག འཇིག་རྟེན་འདས་པ་ལ་རྫས་སྤུངས་གྲངས་གསོག་འབུལ་ན་སྣོད་ཆེ་བར་ཕྱོགས་སུ་བསྲེས་པ་བཅས་བཤམ། གཞན་ཡང་སྡིག་པ་ཞི་པའི་ཆེད་དུ་ཏིལ་ནག ནད་ཞི་བ་ལ་གྲོ་སོགས་དམིགས་བསལ་གྲངས་གསོག་དགོས་ན་དེ་དང་དེ་ལ་འོས་པ་བུམ་པ་སྐྱེད་ལ་བཞག རང་དང་ཐབ་ཀྱི་བར་དུ་མེ་ཡོལ་དེ་དང་རང་གི་བར་དུ་དྲིལ་བུ། དེའི་མདུན་ཏུ་རྡོ་རྗེ། དེ་གཉིས་བར་དུ་དགང་བླུགས་ཁ་སྦྱར། ཀུ་ཤའི་ཆུན་པོའང་གང་བདེར་བཞག འདུག་སྟངས་ཆས་གོས་བསམ་པ་སོགས་སྤྱི་ལྟར་ཤེས་པར་བྱའོ། །གསུམ་པ་ནི། སྒྲུབ་མཆོད་སོགས་དང་འབྲེལ་ན་བདག་མདུན་ལས་བུམ་སྒྲུབ་པ་སོགས་སྔོན་ཏུ་བཏང༌། དེ་དག་དང་མ་འབྲེལ་བ་དུས་གང་ཡང་རུང་བར་སྦྱིན་སྲེག་ཁོ་ན་བྱེད་ན། བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་སྔོན་ཏུ་སོང་ནས་མདུན་བསྐྱེད་སྐབས་ལྟར་བསང་ཆུ་བྱིན་བརླབ། ལས་བུམ་ཡོད་པའི་རིགས་ཡིན་ན་བསང་ཆུ་ཟུར་དུ་མི་དགོས། དེ་ནས་ཨོཾ་བཛྲ་ཨ་མྲྀ་ཏྭ་སོགས་དང༌། ཨོཾ་ཨཱཿཧཱུྃ་བརྗོད་བཞིན་བསང་ཆུས་གནས་ཁང་ཡོ་བྱད་ཀུན་ལ་གཏོར། མདུན་བསྐྱེད་ལྟར་མཆོད་པ་བྱིན་བརླབ། བསྲེག་རྫས་རྣམས་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་གཏད་ནས། ཨོཾ་སྭཱ་ཧཱ་ལན་གསུམ་གྱིས་མ་དག་པ་བཀྲུས་པར་བསམ། ཨོཾ་ཨཱཿ
སྭཱ་ཧཱ། གསུམ་གྱིས་ཡམ་ཤིང་དང༌། ཨོཾ་ཤྲཱིཾ་སྭཱ་ཧཱ་གསུམ་གྱིས་ཞུན་མར་དང༌། ཨོཾ་ཛྲཱིཾ་སྭཱ་ཧཱ་གསུམ་གྱིས་འབྲུ་ཐམས་ཅད་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། གསུམ་གྱིས་རྫས་གཞན་རྣམས་བྱིན་བརླབ། ཨོཾ་ཨཱཿཧཱུྃ་གིས་མེ་བླང༌། སྒྲོན་མེ་སྦར། ཨ་མྲྀ་ཏས་དེ་ལ་བསང་ཆུ་གཏོར། ཨ་མྲྀ་ཏ་བཟླ་བཞིན་ཏུ་ཐབ་ལ་གཡས་སྐོར་བྱ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་མེ་སྒྲོན་ཐབ་ནང་དུ་གཞུག ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར་རོ། །ཐབ་ཁུང་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས། ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཁྲུ་གང་བ། མུ་རན་དང་ཁ་ཁྱེར་གྱིས་བསྐོར་ཞིང༌། སྟེགས་བུའི་གྲ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ་པདྨ་རྒྱས་པའི་དབྱིབས་ཅན། དྭངས་ཤིང་ཐོགས་པ་མེད་པར་གྱུར། དེའི་ནང་དུ་རྃ་ལས་མེའི་དཀྱིལ་འཁོར་རྃ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཞི་བའི་མེ་ལྷ་དཀར་པོ། ཕྱག་གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ་རྣམ་སྣང་གི་དབུ་རྒྱན་ཅན། མེ་ལྕེ་དཀར་པོའི་ཕྲེང་བ་དཀྲིགས་ཤིང༌། ར་སྐྱེས་དཀར་པོའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། རལ་པའི་ཐོར་ཚུགས་དང་ལྡན་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས། སྐྱབས་སྦྱིན་གྱི་ཕྱག་རྒྱ་ལས་མཐེ་བོང་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེགས་བླུགས་ཞལ་ཟས་བཞེད་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀརྨ་པྲ་སཱ་དྷ་ཀ མ་ཧཱ་བྷཱུ་ཏ། དེ་ཝ་རྀ་ཥི་དྭི་ཛ་ས་ཏྭཱཾ། གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏིཾ་ཨཱ་ཧ་ར་ཨསྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་སྤྱན་དྲང༌། བསང་ཆུ་གཏོར་ཞིང༌། ཨ་མྲྀ་ཏས་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཀུ་ཤའི་རྩེ་མོ་གཡས་ཕྱོགས་སུ་བསྟན་
ནས་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་བཀོད་ལ། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་བདག་གི་བགེགས་ཞི་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག ཨོཾ་བཛྲ་སཏྭ་ཨཱཿ ཀུ་ཤའི་འཐོར་གཡབ་ཀྱིས་བསང་གཏོར་བྱེད་པ་དང་ལྷན་ཅིག་ཏུ། མཆོད་ཡོན་གྱི་སྣོད་ཆུང་བ་ནས་བཟེད་ཞལ་དུ་བླུགས་ཏེ། ཨོཾ་ཨཱཿཧྲཱི་པྲ་ཝ་ར་སཏྐ་རཱ་རྠཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་ཉེར་སྤྱོད་ཕུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་སརྦ་བྷ་སྨིན་ཀུ་རུ་སརྦ་དུཥྚཱ་ན་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་ལན་གསུམ་གྱིས་དམ་ལ་བཞག དེ་ནས་མེ་ལྷའི་ཐུགས་ཀར་ཧཱུྃ། ལྗགས་ལ་རྡོ་རྗེ་རྩེ་གཅིག་པ་རྃ་གྱིས་མཚན་པ། དགང་བླུགས་ཀྱི་ཁ་ལའང་ཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ། ཨཱ་དཱི་བྱ་ཨཱ་དཱི་བྱ། ཨཱ་བི་ཤ་ཨཱ་བི་ཤ །མ་ཧཱ་ཤྲཱི་ཡེ། ཧ་བྱ་ཀ་བྱ་བཧྣཱ་ཡ། བདག་གི་སྡིག་སྒྲིབ་བར་ཆད་ནད་གདོན་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་བདུན་གྱིས་དགང་བླུགས་འབུལ། དེ་བཞིན་ཏུ་སྔགས་དེ་ཉིད་ཀྱིས་ཡམ་ཤིང་ལན་གསུམ་ཕུལ། སླར་ཡང་སྔགས་དེ་ཉིད་ལན་ཇི་ལྟར་འོས་པས། བསྲེག་རྫས་ཐམས་ཅད་བསྲེས་པ་ཇི་ལྟར་རིགས་པར་འབུལ་ལོ། །ཨོཾ་ཨགྣཱ་ཡེ་སྭཱ་ཧཱ། ཞེས་པས་མར་བླུགས་གཟར་གང་ཐབ་ཏུ་ཕུལ། འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །སླར་ཡང་བསང་སྦྱང༌། མེ་ལྷའི་ཐུགས་ཀ་རབ་ཏུ་
ཡངས་པའི་དབུས་སུ། བྷྲཱུཾ་ལས་ཟླ་བ་ཆུ་ཤེལ་གྱི་གཞལ་ཡས་ཁང་སོགས་ནས་བཛྲ་ས་མཱ་ཛཿའི་བར་མདུན་བསྐྱེད་སྐབས་ཇི་ལྟ་བ་ལ། གལ་ཏེ་དཀྱིལ་འཁོར་དང་འབྲེལ་ན་སློབ་དཔོན་ནམ་ལས་སློབ་དཀྱིལ་འཁོར་གྱི་དྲུང་དུ་ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེང༌། སྤོས་ཕོར་འཛིན་པས། རྟེན་ནི་རྡུལ་ཚོན་དཀྱིལ་འཁོར་ལ། །བཞུགས་པའི་བརྟེན་པ་དཀྱིལ་འཁོར་པ། །ཐབ་ཀྱི་དབུས་ཀྱི་དཀྱིལ་འཁོར་དུ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཞེས་སྙན་གསན་དབབ་སྟེ། སྙིང་པོ་བརྗོད་བཞིན་པས་མེ་ཏོག་ལྷའི་ངོ་བོར་མོས་ཏེ་རྡུལ་ཚོན་ནས་ལེན་པའི་ཚུལ་གྱིས་རིན་པོ་ཆེའི་སྣོད་དུ་བླངས་ཤིང་བཀུར་སྟི་དང་བཅས་སྦྱིན་སྲེག་ཁང་པར་སྤྱན་དྲངས་ཏེ། ཨོཾ་ཐུགས་རྗེ་རྨད་བྱུང་སོགས་གཞུང་ལྟར་ལ། ཛཿཧཱུྃ་བཾ་ཧོཿ ཞེས་པའི་སྐབས་སུ་མེ་ཏོག་ཐབ་ཏུ་དོར་ལ་དབང་བསྐུར་རྒྱས་གདབ་པར་བྱའོ། །དེ་ནས་མཆོད་ཡོན་གྱི་སྣོད་གཉིས་པ་ནས་ཀུ་ཤས་བསང་གཏོར་འབུལ་བཞིན་ཏུ་བཟེད་ཞལ་དུ་བླུག ཡི་གེ་བཅུ་པའི་མཐར་གོང་གི་མཆོད་ཡོན་གྱི་སྔགས་སྦྱར་བས་མཆོད་ཡོན་འབུལ། མེ་ཏོག་ནས་རོལ་མོའི་བར་དང༌། འཁོར་བ་ལས་སྒྲོལ་ལྟ་བུས་བསྟོད། སྤྲོས་པ་ལ་དགའ་ན་མདུན་བསྐྱེད་སྐབས་སུ་འབྱུང་བའི་མཆོད་བསྟོད་རྒྱས་པ་སྦྱར། དེ་ནས་བསྲེག་རྫས་འབུལ་བ་ནི། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། བཅོམ་ལྡན་འདས་མའི་ལྗགས་ལ་ཡང༌། །ཏཱྃ་ཡིག་དག་གིས་མཚན་པ་ཡིས། །བསྲེག་རྫས་བདུད་རྩིས་བཞེས་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ལན་གཅིག ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན། བདག་གི་སྡིག་སྒྲིབ་བར་ཆད་ནད་གདོན་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལན་གཅིག་སྤེལ་བས་མཚོན། བསྲེག་རྫས་སོ་སོར་གྲངས་ཀ་ཇི་ཙམ་འབུལ་ཡང་དེས་འགྲེས་ཤེས་པར་བྱ་སྟེ། དེ་ནི་མར་
ཁུའི་སྔགས་སོ། །དེ་བཞིན་ཏུ། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཡམ་ཤིང་གི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦ་དང༌། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུས་པ་དང༌། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་དང༌། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། འབྲས་སོ་བ་དང༌། ཨོཾ་བཛྲ་མཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་དང༌། ཨོཾ་བཛྲ་མཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་དང༌། ཨོཾ་བཛྲ་གྷསྨ་རྻཻ་སྭཱ་ཧཱ། གྲོ་དང༌། ཨོཾ་སརྦ་ཨརྠ་སིདྡྷཱ་ཡ་སྭཱ་ཧཱ། ཡུངས་ཀར་གྱི་སྔགས་སོ། །གཞན་ཡང་ཟས་སྣ་སྨན་འབྲུ་རིན་ཆེན་དར་ཟབ་སོགས་མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་པར་བྱ་སྟེ། སྙིང་པོའི་སྔགས་ཀྱིས་འབུལ་བར་བྱའོ། །དེ་ལ་མར་དང་ཡམ་ཤིང་ནི་མེད་དུ་མི་རུང་བ་ཡིན་ལ། རྫས་གཞན་དེ་དག་ཇི་ཙམ་རྙེད་པ་དེ་ཙམ་འབུལ་བ་ཡིན་ཀྱང༌། ལས་ཐམས་ཅད་པ་ལ་ལྟ་ཅི་སྨོས། ཞི་བ་རྐྱང་པ་ལའང་རྫས་དེ་དག་འཛོམས་ན་ལེགས་ཤིང༌། རབ་གནས་དང་རང་གཞན་གྱི་ཞི་བའི་ལས་སྤྱི་འགྲོ་ཙམ་བསྒྲུབ་པ་ལ། བསྲེག་རྫས་སོ་སོར་རེ་ནས་བརྒྱ་ཕྲག་རེ་རེ་ཙམ་དང༌། རྫས་སྔགས་ཀྱང་དེ་ཙམ་འཕུལ་བ་ཡིན་ལ། ཚེའི་བར་ཆད་ཁོ་ན་ཞི་བར་བྱེད་པ་སོགས། ཞི་བའི་ལས་ཉེ་ཚེ་བ་ལ། སོ་སོའི་རྫས་དང་སྔགས་སྣ་རེ་རེ་དེ་ཁོ་ན་བྱེད་པ་སོགས་ཡོད་ཀྱང༌། དངོས་གྲུབ་ཀྱི་དོན་དང༌། བསྙེན་པའི་ཁ་སྐོང་ལ་ཐོག་མར་མར་ཁུ། ཡམ་ཤིང་མང་ཙམ་དང༌། ལྷག་མ་བསྲེག་རྫས་སོ་སོ་ལ་གྲངས་མཉམ་པ་མང་ཉུང་གང་འོས་རེ་ཕུལ་བའི་རྗེས་སུ་རྫས་སྤུངས་རྣམས་སྙིང་པོའི་སྔགས་ཁོ་ནས་སྲེག་པར་བྱེད་པ་ཉིད་ལ་ཇི་ཙམ་དགོས་པའི་གྲངས་འཛིན་པ་ཉིད་བཟང་བ་ཡིན་ནོ། །བསྲེག་རྫས་རྫོགས་པའི་མཐར་མདུན་བསྐྱེད་སྐབས་ལྟར་གཏོར་འབུལ། མཆོད་བསྟོད། ཞི་བའི་འདོད་གསོལ་གང་འོས་བྱ། ཡིག་བརྒྱ་ལན་གསུམ་
བཟླ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་རིང་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཞེས་ཡེ་ཤེས་ཀྱི་འཁོར་ལོ་རང་བཞིན་གྱི་གནས་སུ་གཤེགས་ཤིང༌། དམ་ཚིག་པ་རང་ལ་བསྡུ་བའམ། གཉིས་ཀར་ཡང་རང་གི་སྙིང་གར་བསྡུ་བ་སྐབས་སུ་གང་བབ་སྦྱར་རོ། །གལ་ཏེ་སྔོན་ཏུ་ཚོམ་བུ་སྤྱན་དྲངས་ཡོད་ན་སྐབས་འདིར། སློབ་དཔོན་གྱིས་ཡིག་བཅུ་བརྗོད་བཞིན་མེ་ཏོག་ཐབ་དབུས་ནས་ལེན་པའི་ཚུལ་གྱིས་སྤྱན་འདྲེན་པའི་སྐབས་ལྟར་ཁྱེར་ལ་དཀྱིལ་འཁོར་དུ་བཞུགས་སུ་གསོལ་ཏེ། ཡིག་བཅུའི་མཐར་བཛྲ་ས་མ་ཡ་སྟྭཾ། ཞེས་དང༌། རྡུལ་ཚོན་གྱི་ནི་དཀྱིལ་འཁོར་ལ། །སྤྱན་དྲངས་དཀྱིལ་འཁོར་ཐིམ་པར་གྱུར། །ཅེས་མོས་ཏེ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །དེ་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མར་བླུགས་གཟར་གང་ཕུལ། མཆོད་ཡོན་ནས་རོལ་མོའི་བར་གྱིས་མཆོད་པ་གོང་བཞིན། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་
ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། མེ་ལྷའི་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ནས། བཧྣ་ཡ་ལ། ཨ་ཀཱ་རོ་མུ་ཁཾ་སོགས་སྦྱར་ལ་ལན་བདུན་གྱིས་གཏོར་མ་འབུལ། ཡང་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །མེ་ལྷ་འཁོར་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་ནས། ཀུན་འགྲུབ་ཤོག་གི་བར་གྱིས་ཕྲིན་ལས་བཅོལ། གོང་བཞིན་མཆོད་ཡོན་ཕུལ། གང་ཡང་བདག་བློ་རྨོངས་པ་ཡི། །སོགས་བཟོད་པར་གསོལ། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིང༌། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨཱཿབཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བའི་མེའི་ངང་དུ་ཐིམ་པར་གྱུར། སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱ། མེ་རང་བཞིན་གྱིས་ཞི་བར་མ་གྱུར་གྱི་བར་དུ་དཀྲུག་པར་མི་བྱ་ལ། གློ་བུར་དུ་ལས་རྗེས་བསྡུ་དགོས་པ་བྱུང་ན། འོ་མ་དང་དྲི་བཟང་གི་ཆུ་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་པ་བརྒྱ་རྩ་ཙམ་བཟླས་ཏེ་མེ་ལ་བླུག་གོ །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། སྟེགས་བུ་གྲུ་བཞི། ཐབ་ཀྱི་གཞི་སེར་པོ་ལ་རེ་ཁཱ་མ་འདྲེས་པས་བཅད་ཅིང༌། ལྟེ་བར་ཨུཏྤལ་རིན་པོ་ཆེས་མཚན་པ་འབྲི་བ་དང༌། བསྲེག་རྫས་ཀྱི་གཙོ་བོ་ཚེ་འཕེལ་བ་ལ་དཱུརྺ། བསོད་ནམས་རྒྱས་པ་ལ་འབྲས་སོ་བ་ལ་སོགས་བུང་བསྐྱེད། འདུག་སྟངས་
ཆས་གོས་སོགས་བསྒྱུར། འདོན་བྱའི་སྐབས་སུའང་ཟླུམ་པོ་ལ་གྲུ་བཞི། དཀར་པོ་ལ་སེར་པོ་སོགས་དང༌། བསྲེག་རྫས་འདོད་གསོལ་སྐབས་བདག་གི་ཚེ་བསོད་དཔལ་འབྱོར་སྙན་གྲགས་མངའ་ཐང་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བསྒྱུར་བ་ཙམ་ལས་གཞན་ཞི་བའི་སྦྱིན་སྲེག་སོར་བཞག་ཉིད་ཀྱིས་འཐུས་ལ། སྤྱིར་ཕྱག་ལེན་གྱི་བབས་སོགས་སྦྱིན་སྲེག་སྤྱིའི་གོ་བ་ཆགས་ཤིང་ཁོག་ཁྲོལ་བ་ཞིག་ཅི་ནས་གལ་ཆེ། འདི་ལས་སྤྲོས་པ་རྒྱས་པ་འདོད་ན་རྗེ་དགུ་པས་མཛད་པའི་ཡིག་ཆ་ལ་སོགས་པ་ལྟར་རམ། ལུགས་རྙིང་སོར་བཞག་སྤྲོ་ན་གཙང་པ་བློ་བཟང་པའི་ཡིག་ཆ་ལ་རྗེ་པདྨ་དཀར་པོས་ལྷན་ཐབས་སུ་སྤྲོས་པ་ཉིད་འདུས་ཤིང་གསལ་བས་དེ་ལྟར་བྱའོ། །དྲུག་པ་ལས་ལ་སྦྱོར་བ་ལ། སྡོམ་ནི། འཁོར་ལོ་སྲུང་འཁོར་འཇིགས་དང་སྡང༌། །ལམ་དགྲ་ཇག་རྐུན་དུག་དང་མཛེ། །འབོགས་པའི་ནད་དང་མཚོན་ཆ་སྲུང༌། །བཙོན་འདོན་འཐབ་རྒྱལ་མིག་ནད་བསལ། །ངག་འགྲོལ་ནད་གསོལ་བར་ཆད་སེལ། །ཁྲུས་ཆོག་རྨིས་བརྟག་དབང་གི་ལས། །སྲིད་སྤེལ་བདེར་བཙའ་བྱིས་པ་གསོ། །ནོར་དང་བློ་གྲོས་ཚེ་སྤེལ་བའོ། །དེའང་རྗེ་བཙུན་སྒྲོལ་མ་དཀར་མོའི་བསྙེན་སྒྲུབ་སྦྱིན་སྲེག་བཅས་གྲངས་དུས་རྟགས་གསུམ་གྱིས་སྒྲུབ་པ་པོ་ནུས་པ་ཐོབ་པའམ། ཐ་ནའང་རྩ་བའི་སྔགས་ཡི་གེ་བཅུ་པའི་བཟླས་པ་བྱེ་བ་སྔོན་ཏུ་སོང་བའི་གང་ཟག་གིས་ལས་སོ་སོ་ལ་སྔགས་དང་དམིགས་པའི་གནད་ཅུང་ཟད་ཁ་བསྒྱུར་བས་ཕྲིན་ལས་བརྩམས་པ་འགྲུབ་སྟེ། འཕགས་པ་ཀླུས། རང་གི་ལས་དང་མཐུན་པ་ཡི། །སྒྲོལ་མ་ཡི་ནི་ཏིང་འཛིན་གྱིས། །ལས་གཞན་དག་ཀྱང་བྱ་བར་ནུས། །ཞེས་གསུང་སོ། །དེ་ལ་དང་པོ་གདགས་པའི་འཁོར་ལོ་ནི། དར་རས་གཙང་མར་སྐྱེས་པ་ལ་གུར་གུམ། བུད་མེད་ལ་གི་ཝཾ་གིས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ། དེ་མཐར་སྲུང་བ་ཡིན་ན། ཨོཾ་ཆེ་གེ་མོ་ལ་ནད་གདོན་
འཇིགས་བརྒྱད་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་ཧཱ། ལྟ་བུ་དང༌། རྒྱས་པའི་ལས་ཡིན་ན། ཨོཾ་ཆེ་གེ་མོའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་ཉམས་རྟོགས་ལ་སོགས་པ་པུཥྚིཾ་ཀུ་རུ་ཧཱ། ལྟ་བུ་ཁ་བསྒྱུར་རིག་པས་འཕྲུལ། རྩིབས་བརྒྱད་ལ་མདུན་ནས་གཡས་སྐོར་དུ། ཏཱ། རེ། ཏུཏཱ། ཏཱ། རེ། ཏུ། རེ། སྭཱ། དེ་རྒྱབ་མུ་ཁྱུད་བདུན་བསྐོར་བའི་དང་པོ་ལ་ཡེ་དྷར། གཉིས་པར་རྡོ་རྗེའི་ཕྲེང་བ་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ་ཧཱ་ཆེ་གེ་མོ་ལ་རཀྵ་རཀྵ་ཧཱུྃ། གསུམ་པར་དབྱངས་གསལ། བཞི་པར་བདུད་རྩི་འཁྱིལ་བའི་གཟུངས་རིང༌། ན་མཿས་མནྟ་བུདྡྷ་བྷྱོ། ན་མོ་མཧཱ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾ་ཥྚོཏྐ་ཊ་བྷེ་ར་བཱ་ཡེ། བཛྲ་སནྟོཧ་དརྤཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ལྔ་པ་རལ་གྲི་རྩེ་མོ་ཕྱིར་བསྟན་ཏཱྃ་གིས་མཚན་པ། དྲུག་པ་ལ་ཧཱུྃ་ཡིག་ཤ་སྟག བདུན་པར་མེ་རི་བཅས་བྲིས་ནས་རང་སྔགས་དང་ཡེ་དྷར་གྱིས་རབ་ཏུ་གནས། རིན་པོ་ཆེའི་སྣོད་དུ་ཞག་བདུན་སོགས་ལྷར་བསྐྱེད་ལ་སྒྲུབ་ཅིང་མཆོད། སྒྲོལ་མ་ཞུ་ནས་ཏཱྃ་ཡིག་ཏུ་གྱུར་པར་མོས་ལ་དྲིལ་ཏེ་རིན་པོ་ཆེའི་སྣོད་དུ་བཅུག སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་ནས་གཉིས་ཀའི་མགུལ་དུ་བཏགས། ཕན་ཡོན་ནི་གཤམ་དུ་འབྱུང་ངོ༌། །སྲུང་བ་ལ་འཁོར་ལོ་ལྗང་གུ་དང་ཆེ་སྤེལ་བ་ལ་དཀར་པོ་གཙོ་བོ་ཡིན་མོད་ཀྱི་དཀར་པོས་ཀྱང་ཐམས་ཅད་འགྲུབ་བོ། །ཡང་ཡིག་རྙིང་ལྟར་ན་མུ་ཁྱུད་རིམ་བཞིའི་ལྟེ་བར་ཨོཾ་གྱེན་བསྟན། ཧཱ་ཐུར་བསྟན། དེ་གཉིས་བར་དུ་འཆང་བ་པོ་ལ་རཀྵ་རཀྵ་ཀུ་རུ། རྩིབས་བརྒྱད་ལ་ཡིག་འབྲུ་བརྒྱད། རྩིབས་མཆན་ལ་དབྱངས་བཅུ་དྲུག་གཉིས་རེ། དེ་རྒྱབ་པད་དཀར། དེ་རྒྱབ་རྡོ་རྗེའི་རྭ་བས་བསྐོར་བ་བྲི། མཎྜལ་སྟེང་བུམ་པའི་ཁར་བཞག ཙཀྲ་ཆུ་བོ་ཆེན་པོའི་སྟེང་དུ་བཞུགས་པར་བསམ། མདུན་བསྐྱེད་ལྟར་བསྒྲུབས་ལ་རབ་ཏུ་གནས་ཏེ་གདག་གོ །འཁོར་ལོ་འདི་དག་གིས་བཅིངས་པ་དགྲོལ་བ། བློ་འཕེལ། དབང་སྡུད་
སོགས་ཁ་སྒྱུར་ཇི་ལྟར་འོས་པ་འགྲུབ་པར་གསལ་ཏེ། འཕགས་པ་ཀླུས། སྦྱོར་བ་དེ་ཡིས་རྒྱལ་པོ་ཡི། །བཙོན་ར་ལ་སོགས་བསྲུང་བར་བྱ། །སྒྲོལ་མའི་ལས་ཀྱི་སྦྱོར་བ་ལས། །ལས་རྣམས་ཡང་དག་བསྒྲུབ་བྱ་སྟེ། །ནད་སོགས་ཞི་བའི་ལས་དང་ནི། །དབང་དུ་བྱ་བའི་སྦྱོར་བ་ལའང༌། །ཆོ་ག་གོང་མ་དེ་ཉིད་ལས། །འཁོར་ལོ་ལ་སོགས་ཁ་དོག་དང༌། །སྔགས་ཀྱི་སྤེལ་བ་བསྟན་པར་བྱ། །ཞེས་དང༌། བསྒྲུབ་བྱ་ཤེས་རབ་ཞེན་པ་དང༌། །ལེ་ལོ་ཅན་སོགས་རྣམས་ལ་ནི། །གོང་མའི་ཆོ་ག་དེ་ཉིད་ལས། །གཞན་ཏུ་བྱ་བར་བསྟན་པ་སྟེ། །འཁོར་ལོ་སྔ་མ་དེ་ཉིད་ལས། །སྔགས་རྣམས་གཡོན་བསྐོར་དག་ཏུ་འགོད། །མུ་ཁྱུད་ལ་ཡང་ཨ་སོགས་འགོད། །དེ་ལྟར་བསྒོམ་དང་བཟླས་བྱས་ན། །བློ་དམན་རྣམས་ནི་བློ་ལྡན་འགྱུར། །ཞེས་དང༌། གྲོ་ག་ལ་སོགས་གཞི་ལ་ནི། །འཁོར་ལོ་གོང་མ་ལྟར་བྲིས་ནས། །ལུས་ལ་བཅངས་པར་བྱས་ན་ཡང༌། །དེ་ཙམ་གྱིས་ཀྱང་བསྲུང་བར་འགྱུར། །ཞེས་སོགས་རྒྱས་པར་འབྱུང་ངོ༌། །གཉིས་པ་ཆག་ཆེ་བ་ལ་འཁོར་ལོའི་གུར་ཁང་གིས་སྲུང་བ་ནི། མཚན་བཅས་རྫོགས་རིམ་སྐབས་ལྟར་ལ་འོད་ཁྱིམ་རིམ་པ་དྲུག་མི་དགོས། འཁོར་ལོའི་རྒྱབ་ཏུ་རྡོ་རྗེ་དང་མེ་རི་དཀར་པོའི་གུར་ཁང་བསྒོམ་པ་གསུང་རྒྱུན་ལས་འབྱུང༌། བསྲུང་བྱ་གཞན་ཡོད་ནའང་གུར་ཁང་ནང་དུ་སྒྲོལ་མའི་སྐུར་གྱུར་ནས་ཆུད་པར་བསྒོམས་ལ། ཡིག་བརྒྱད་གཤམ་དུ། ནད་གདོན་བར་ཆད་ཐམས་ཅད་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ལྟ་བུ་འཇིགས་པ་གང་ཡིན་དེའི་མིང་ནས་སྨོས་པའི་སྤེལ་ཚིག་སྦྱར། ཤིན་ཏུ་ཟབ། ཡང་གྲུབ་ཆེན་ཀརྨ་པའི་གདམས་ངག་སྒྲོལ་དཀར་ལྷ་ལྔ་ལས་འབྱུང་བ་ལྟར་ན་པད་ཉི་ཟླ་གདན་ལ་ཏཱྃ། དེ་ལས་བྷྲཱུྃ་ཆད་པས། གུར་ཐབས་ཀྱི་འཁོར་ལོ་ཕྱི་མཚོན་ཆ། ནང་གཞལ་ཡས་ཁང་པའི་དབུས་སུ་རང་ཉིད་ཏཱྃ་ལས་སྒྲོལ་མ་དཀར་མོ་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། རྩིབས་བརྒྱད་ལ་སྒྲོལ་མ་ཁྲོ་གཉེར་ཅན་
དཀར་མོ་བརྒྱད། གཡས་འཁོར་ལོ་རྩིབས་བརྒྱད། གཡོན་སྡིགས་མཛུབ་ལྕགས་ཀྱུ། ཞབས་གཡས་བསྐུམས་གཡོན་བརྐྱངས་སྟག་ཤམ་ཅན། ཁྲོ་མོའི་རྣམ་གྱུར་ཡོངས་སུ་རྫོགས་པ། སྐུ་ལ་བསྐལ་མེ་འབར་བས་བྱད་མ་གནོད་བྱེད་སྲེག་པ། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ནམ་མཁར་བཞུགས་པ་ལ་ཡན་ལག་བདུན་པ་དང་པཱུ་ཛ་ཕུལ། གསོལ་བ་གདབ་པས་བདག་དང་བསྲུང་བྱ་ལ་ཡང་ཡང་ཐིམ་པས་བྱིན་གྱིས་བརླབས། གུར་ཁང་གཡས་སུ་འཁོར་བའི་རྩིབས་རྩེས་བྱད་མ་གནོད་བྱེད་གཏུབས། མཚོན་ཆ་དང་མེ་རླུང་འཚུབས་མས་གནོད་བྱེད་སྐད་ཅིག་ལ་རྡུལ་ཕྲན་བཞིན་བརླག་པར་བསམ། བཟླས་པ་བྱེད་འདོད་ན་ཐུགས་ཀའི་ཏཱྃ་ལ་སྔགས་ཀྱིས་གཡོན་ཏུ་བསྐོར། སྟེང་འོག་ཕྱོགས་མཚམས་སྒྲོལ་མ་ཞི་ཁྲོའི་ལྷ་ཚོགས་ཀྱིས་གང་ནས་སྲུང་བར་བསྒོམས་ལ། ཡིག་བརྒྱད་གཤམ་དུ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་སྲུངས་ཤིག་སྭཱ་ཧཱ། ཞེས་བཟླ། ཟློག་པ་བྱེད་ན། འཇིག་རྟེན་ཁམས་རྣམས་སྒྲོལ་མ་ཞི་ཁྲོས་གང༌། མཚོན་ཆ་སྣ་ཚོགས་ཀྱིས་གནོད་བྱེད་ཚར་བཅད་པར་མོས། སྔགས་གཤམ། བདག་འཁོར་དང་བཅས་པ་ལ་གནོད་བྱེད་ཐམས་ཅད་ཟློག་ཟློག་སྭཱ་ཧཱ། ཞེས་བཏགས། རྗེ་དུས་གསུམ་མཁྱེན་པའི་སྲུང་བ་རྡོ་རྗེའི་གོ་ཆ་སྙན་བརྒྱུད་ཐུགས་ལ་གབ་པ་ཡིན་གསུངས།། །།གསུམ་པ་དགྲ་དང་གཅན་གཟན་སྦྲུལ་ལ་སོགས་པའི་འཇིགས་པ་སྤྱི་སྲུང་བ་ནི། རང་གི་གོས་ཀྱི་མཐའ་འམ་སྐ་རགས་སམ་སྐྲའི་སྟེང་དུ་ཟླ་བ་ལ་ཏཱྃ་དཀར་པོ། དེའི་འོད་ཀྱིས་གནོད་བྱེད་བཀུག་སྟེ་བཅིངས་པར་བསམ། རྩ་སྔགས་ལ་རཀྵ་བཏགས་པ་ལན་བདུན་བརྗོད་ཅིང་དབུགས་བསྡོམས་ལ་མདུད་པ་གསུམ་བོར། འཇིགས་པ་ལས་ཐར་ནས་བཀྲོལ། ཡང་ཐོ་རངས་མཎྜལ་དུ་ཡན་ལག་བཞི་རྫོགས་བསྐྱེད། མཆོད་བསྟོད་གཏོར་མ་ཡན་ལག་བདུན་པ་བྱས་པས་ཕྱག་གཡས་མི་འཇིགས་པའི་རྒྱས་
རང་གི་སྤྱི་བོར་རེག་པར་བསམས་ལ་དངོས་སུ་ཕྱག་རྒྱ་སྤྱི་བོར་གཏུགས་པས་འཇིགས་པ་མཐའ་དག་ལས་སྐྱོབ་ཅིང་བཙོན་ལས་ཀྱང་ཐར་གསུངས། འཇིགས་བརྒྱད་སོ་སོར་སྲུང་བའི་བསྒོམ་བཟླས་རྣལ་འབྱོར་མའི་རྒྱུད་དུ་འབྱུང་ཡང་ཞིབ་པར་ན་ཕྱག་བརྒྱད་སྒྲོལ་མའི་དཀྱིལ་འཁོར་དང་འབྲེལ་ཞིང༌། སྤྱི་ཙམ་དུ་རྩ་སྔགས་ཡི་གེ་བཅུ་པའི་ལས་ཚོགས་སུ་སྦྱོར་དུ་རུང་བས་སྤྲོ་ན་གཞན་ཏུ་ཤེས་པར་བྱའོ། །ཡང་བུ་མོ་མགོ་གཙང་གིས་སྲུང་སྐུད་དཀར་པོ་རིང་པོ་ཞིག་བྱས་པ་བསང་སྦྱང༌། མདུད་པ་ཉེར་གཅིག་བྱས་ལ་རེ་རེ་བཞིན་སྒྲོལ་མར་བསྒོམ། ཡིག་བརྒྱད་གཤམ་དུ། འདི་འཆད་པ་ལ་ཆོམ་རྐུན་དང་གཅན་གཟན་གྱི་འཇིགས་པ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། ལྟ་བུ་སྤེལ་ཚིག་བསྒྱུར་བ་བརྒྱ་སྟོང་ཅི་ནུས་བཟླ། ལྷ་བསྟིམ། རྟེན་སྙིང་གིས་རབ་གནས་བྱས་པ་བསྲུང་བྱ་ལ་བཏགས་པས་སྲུང་བའི་མཆོག་ཏུ་འགྱུར་རོ། །ཡང་འོག་ཏུ་སྲིད་སྤེལ་སྐབས་སུ་སྨོས་པའི་ཏཱ་རི་ཎིའི་སྔགས་བྲིས་ཏེ་རྐེའམ་དཔུང་བར་བཏགས་པས་ཀྱང་འཇིགས་པ་ཐམས་ཅད་ལས་སྲུང་བར་བྱེད་དོ། །བཞི་པ་རང་ལ་སྡང་བ་བཅིང་ན། སོ་ཕག་ལ་ཡུང་བའི་ཁུ་བས་ཡི་གེ་ལྃ་ཆེན་པོ་འབྲི། དེའི་ཁོག་པར། ཨོཾ་བྷ་ཧཱ་ལི་བྷ་རཱ་ལི་བ་ར་ཧ་མུ་ཁ་སི་དཱ་དུ་ཏཾ་ན་དུ་ཤ་ནི་མུ་ཁི། ཆེ་གེ་མོ་སྟྭམྦྷ་ཡ་སྭཱ་ཧཱ། ཞེས་བྲི། སྒྲོལ་མའི་ང་རྒྱལ་གྱིས་རྩ་སྔགས་དང༌། སྔགས་འདིའང་བཟླས་ལ་ལམ་རྒྱ་གྲམ་གྱི་འོག་ཏུ་མནན་པས་སྡང་བྱེད་ཐམས་ཅད་འཆིང་བར་འགྱུར་རོ། །ལྔ་པ་ལམ་དགྲ་སྲུང་བ་ནི། དར་རམ་ཤོག་བུ་ལ་ཅེ་སྤྱང་གི་གཟུགས་སྔགས་བཅས་དཔེའུ་ཆུང་ལྟར་བཀོད། དེ་ནས་དབེན་པའི་གནས་སུ་རིན་པོ་ཆེའི་སྣོད་དུ་གཞུག མཆོད་པ་ལྔ་བཤམ། །གཏོར་མ་ཞིག་ཀྱང་བཤམ། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་དུ་བདག་གི་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་བསྲུང༌། དེའི་ཆེད་དུ་འདི་བྱ་སྙམ་དུ་བསམས་ལ། དེ་ནས་མདུན་གྱི་གཟུགས་བརྙན་དེ་མི་
དམིགས་པ་ལས་སྒྲོལ་མའི་སྤྲུལ་པ་སྟེ། ངོ་བོ་རྗེ་བཙུན་མ་ལ་རྣམ་པ་ཅེ་སྤྱང་སྔོན་མོར་བསམས་ལ། རང་ཡི་དམ་དུ་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འདིར་བསྐྱེད་པ་ཁོ་ན་དང་འདྲ་བ་ཞིག་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ལ་དགུག་གཞུག་བཅིང༌། དགྱེས་པ་བསྐྱེད། མཆོད་པ་ལྔ་འབུལ། གསོལ་བ་བཏབ། དེ་ནས། ཨོཾ་སཱུ་མི་སུ་མ་བདྷྱ་དྷེ་མ་སྭཱ་ཧཱ། ཞེས་ཁྲི་ལ་སོགས་པ་བཟླ། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པའི་ནས་འབྲུ་གཟུགས་ལ་གཏོར། གཏོར་སྔགས་བ་ལིནྟ་དང་ཁ་འབར་མའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཅེ་སྤྱང་ལ་ཕུལ་ནས་གསོལ་བ་བཏབ། དེ་ནས་ལེགས་པར་དྲིལ་ཏེ་སྲུང་བ་ལུས་ལ་བཏགས། ལམ་དུ་འགྲོ་དུས་མདུན་ཏུ་ཅེ་སྤྱང་ཝལ་གྱིས་བསྐྱེད་ལ་ཡེ་ཤེས་པ་བསྟིམ། དཔལ་བི་མ་དེ་བའི་ཅེ་སྤྱང་སྔོན་མོ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ། དེ་ནས་རང་གི་གོམ་པ་བདུན་བོར་སྣ་དྲངས་ནས་ཕྱིན་ན་ངེས་པར་འགྲུབ་བོ། །ཅེ་སྤྱང་སྔོན་མོའི་ལམ་སྲུང་དུ་གྲགས་པ་ཟབ། གཞན་ཡང་འགྲོ་བའི་ནམ་མཁར་སྒྲོལ་མ་སྐྱབས་སྦྱིན་མཛད་པའི་ཕྱག་འོག་ནས་འགྲོ་བར་བསམས་ལ་ཡིག་བཅུ་གཤམ་ཅན་བཟླ། བསྟོད་པ་བྱ། མོས་གུས་བཅས། བདག་འཇིགས་པ་གང་ཡིན་པ་ལས་བསྐྱབ་ཏུ་གསོལ། ཞེས་གསོལ་བ་རྩེ་གཅིག་བཏབ་པས་འཇིགས་པ་དང་མི་འཕྲད་ཅིང་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཆུ་དང་གཡང་ས་ལྟ་བུ་ལ་འོག་ནས་ཡར་བསྐྱོར་བར་མཛད་པར་བསྒོམ་གསུངས། དྲུག་པ་ཇག་རྐུན་ལས་སྲུང་བ་ནི། ལམ་དུ་ཞུགས་པའི་ཚེ་ལམ་ཁར་རྐང་པས་མདའ་གཞུའི་གཟུགས་བྲིས་ལ་རྐང་པ་གཉིས་ཀྱིས་འགེངས་པའི་ཚུལ་བསྟན་ཏེ། དེ་ཉིད་ལྕགས་ཀྱི་མདར་སོང་ནས་རང་གར་འགྲོ་བ་དེར་ཏལ་གྱིས་སོང་བར་བསམ། སྔགས་འདི་བརྒྱ་རྩ་བརྒྱད་བཟླའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་དྷ་ན་ཆོམ་རྐུན་དང་མི་རྒོད་ཆིངས་ཤིག་
སྭཱ་ཧཱ། ཨོཾ་ཐར་ནི་ཐར་ནི་མ་ཧཱ་ཐར་ནི་སྭཱ་ཧཱ། ཞེས་བཟླས་ན་ལམ་གྱི་འཇིགས་པ་འབྱུང་མི་སྲིད་དོ། །བདུན་པ་དུག་སྲུང་བ་ནི། ཚལ། གི་ཝཾ། དྲི་ཆུ་བར་བ། ཕུག་པ་ཁ་བྱང་བསྟན་གྱི་གཏིང་དུ་ཁྲུ་གང་བརྐོས་པའི་ས། ཙིཏྲ་ཀ བཙན་དུག གླ་རྩི། མིའི་རོ་ཚན་རྣམས་ཆ་མཉམ་པའམ། གླ་སྒང་པ་དང་ལི་ག་དུར་རྩ་བ། ཟས་མ་ཟོས་པའི་བེའུའི་ལྕི་བ་རྣམས་ཡར་ཚེས་གསུམ་ལ་སོགས་གཟའ་ཚེས་དགེ་བར་སྦྱར་བའི་རིལ་བུ་སྲན་མ་ཙམ་བྱས། རིན་པོ་ཆེའི་སྣོད་དུ་བཞག སྒྲོལ་མར་བསྐྱེད། བཟླས་པ་བརྒྱ་སྟོང་བྱ། ཞུ་བ་ལས་རིལ་བུ་བདུད་རྩིར་བསྒོམ། བཟའ་བའི་ཚེ་ནའང་འཁོར་ལོ་བསྒོམ་ཞིང་བཟླས་པ་བྱ། ལྟོ་སྟོང་ལ་ལན་རེ་བཏང་བས་ཟླ་རེ་བསྲུང༌། དུག་གིས་ཟིན་པ་ལ་སྨན་མཆོག་ཏུ་འགྱུར་རོ། །བརྒྱད་པ་མཛེ་ནད་གསོ་སྲུང་ནི། གུ་གུལ་དཀར་པོ། ཤིང་དཱ་ལིའི་འདབ་མ། རུ་རྟ། གླ་རྩི། བཙན་དུག་བཅས་ཆ་མཉམ་པའམ། ཡང་ན་ཤུ་དག་དང་ཤིང་ཀུན་སྦྱར་བའི་རིལ་བུ་ལ་སྔགས་སྤེལ་ཚིག་ཅན་འབུམ་བཟླས་པ་བཟའ་བ་དང༌། རང་གི་དྲི་ཆུ་གླ་རྩི་སྦྱར་བ་ལའང་སྔགས་འབུམ་བཟླས་ཏེ་གནས་ལྔར་སྲིན་ལག་གིས་བྱུག་ཅིང༌། རྐང་པ་ལའང་བྱབས་པས་མཛེ་ནད་སྲུང་ཞིང༌། དེ་ལྟར་ཟླ་བ་དྲུག་གི་བར་དུ་བསྟེན་ན་མཛེ་ནད་ཀྱིས་ཟིན་པའང་གསོ་བར་འགྱུར་རོ། །དགུ་པ་འབོགས་ནད་སྲུང་བ་ནི། མཛེ་རུས། བྱ་རོག་མིག གསེར་གྱི་ཕྱེ་མ་བཅངས་ཤིང༌། སྔགས་གཤམ་དུ། ཨོཾ་སུམྦྷི་རོ་བྷ་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་བརྒྱ་བཟླས་པས་གཟའ་ཕོག་པ་ལྟ་བུའི་འབོགས་ནད་སྲུང་བར་བྱེད་དོ། །བཅུ་པ་མཚོན་སྲུང་ནི་ཡིག་བཅུའི་གཤམ་དུ། ཏདྱ་ཐཱ། ཡ་མ་བ་ཏི་དྷ་བ་ཏི་དྷ་བ་ཏི། དྷ་ར་ཀཱི། ཀུ་ལུ་རུ་ལུ་མེ་སྭཱ་ཧཱ། ཞེས་མཐིང་ཤོག་ལ་གསེར་གྱིས་བྲིས། རབ་གནས་ཚད་ལྡན་བྱས་ལ་དབུ་ཞབས་མ་ལོག་པར་སྤྱི་བོར་གདགས། གཡུལ་འགྱེད་པའི་དུས་སུ་རང་རྗེ་བཙུན་མ་བསྒོམས་ལ་གོང་གི་སྔགས་བཟླ། ཐེ་ཚོམ་མི་བྱ་བ་དམ་ཚིག་ཡིན་ནོ། །བཅུ་གཅིག་པ་
བཙོན་ལས་འདོན་པ་ནི། དཀྱིལ་འཁོར་ཁྲུ་གང་ལས་མི་ཆུང་བ་བའི་ལྕི་བས་བྱུག་པར་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དབུས་སུ་ལྕགས་ཀྱུ་ཛཿཡིག་གིས་མཚན་པ་བྲི། མཐའ་སྐོར་དུ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་བཀོད། མཆོད་གཏོར་བཤམས་ལ་བདག་མདུན་སྒྲུབ་ཅིང་མཆོད་བསྟོད་གསོལ་གདབ་སྤྱི་དང་ཕྱག་འཚལ་ཉེར་གཅིག་མང་དུ་བརྗོད། བདག་བསྐྱེད་ལྷ་མོའི་ཐུགས་ཀའི་ཛཿལས་ལྕགས་ཀྱུ་སྤྲོས་པས་བཙོན་འདོན་པར་བསམས་ལ་ཡིག་བཅུ་ཁྲིའི་བསྙེན་པ་སོང་ནས། མཚན་ཐོག་ཐག་གཅིག་ཏུ་སྨྲ་བ་བཅད་དེ་སྔགས་བརྒྱ་རེ་ལ་མཆོད་བསྟོད་གསོལ་གདབ་ཚར་རེ་སྦྱར་བས་ལས་ལ་སྦྱོར་བར་བྱའོ། །ཡང་སྒྲོལ་མའི་ཏིང་ངེ་འཛིན་གྱིས། ཡིག་བཅུའི་གཤམ་དུ། ཨོཾ་མོ་ཙ་ནི་མོ་ཙ་ཡ། མོཀྵ་ནི་མོཀྵ་ཡ། ཆེ་གེ་མོ་ཛཱི་བི་བ་ར་དེ་སྭཱ་ཧཱ། ཞེས་པའི་སྔགས་གྲོ་ག་ལ་སྐྱེས་པ་ལ་གུར་གུམ། བུད་མེད་ལ་གི་ཝཾ་གིས་བྲིས་ཏེ་བཅིངས་པའི་མགོ་བོ་ལ་བཏགས་པའམ། ཆུ་ལ་ལན་བདུན་བསྔགས་ཏེ་དུས་གསུམ་དུ་སྙིམ་པ་བདུན་བདུན་ཕྱོགས་དེར་གཏོར་བས་བཙོན་གྱི་འཆིང་བ་ལས་གྲོལ་ལོ། །བཅིངས་པ་རང་གིས་བཟླ་ཤེས་ན་མཆོག་སྟེ་རྟག་ཏུ་བཟླའོ། །གོང་སྨོས་ཀྱི་དཀྱིལ་འཁོར་སྒྲུབ་པའི་སྐབས་སུའང་འདི་སྦྱར་ན་ལེགས་འདྲ། བཅུ་གཉིས་པ་འཐབ་རྩོད་ལས་རྒྱལ་བར་བྱེད་ན། བདག་བསྐྱེད་སྔོན་ཏུ་འགྲོ་བས། བུམ་པ་གསར་པ་དྲི་བཟང་གི་ཆུས་བཀང་བའི་ནང་དུ། གྲོ་ག་ལ་གུར་གུམ་གྱིས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་རང་མིང་སྦྱར་མོཀྵ་ཡ་ཛཱི་པཾ་སྭཱ་ཧཱ། ཞེས་བྲིས་པ་སྤྲ་ཚིལ་གྱིས་གཏུམས་ཏེ་བཅུག བུམ་སྒྲུབ་གཞུང་ལྟར་བྱ། མེ་ཏོག་དང་དྲི་བཟང་པོས་མཆོད། སྔགས་དེ་ཉིད་ཅི་འགྲུབ་བཟླས་པའི་ཆུ་འཐུང་པས་འཐབ་མོ་དང་རྩོད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །བཅུ་གསུམ་པ་མིག་ནད་བསལ་བ་ནི། ན་མོ་བི་ག་ཏ་རཱ་ག་མི་ཏྲི་ཡ་སིཾ་ཧ་ལོ་ཙ་ནི་སྭཱ་ཧཱ། ཞེས་པའི་བསྙེན་པ་ཁྲི་ཕྲག་སྔོན་ཏུ་སོང་ནས། ཐོ་རངས་ལ་བརྒྱ་རྩ་རེ་བཟླས་ཤིང་
སྔགས་ཆུས་མིག་བཀྲུས་ན་རབ་རིབ་མཐའ་དག་སེལ་ལོ། །ཡང་ན། ཨོཾ་བཛྲ་ཏཱིཀྵྞ་ཡ་ཧཱུྃ་ཕཊ། འོ་མ་ལ་ལན་བདུན་བསྔགས་པས་བཀྲུས་ནའང་མིག་ནད་སེལ་བར་གསུངས་སོ། །ཡང་ན། འོག་ཏུ་དབང་གི་ལས་སུ་སྨོས་པའི་པདྨའི་སྔགས་ཀྱིས་བ་དམར་སྐྱའི་ལྕི་ཐལ་ལམ། དགེ་སློང་གི་ཐབ་ཀྱི་ཐལ་བ་ལ་བསྔགས་ཏེ་མཐེབ་སྲིན་གྱིས་བཟུང་སྟེ་སྟེང་དུ་ལྟ་བས་མིག་ལ་བྱབས་པའི་ཚུལ་བྱས་ཏེ་ཐལ་བ་དོར་བའམ། སྔགས་དེའི་སུ་བྷ་གེ་ཕྱི་མའི་གོང་དུ་མིང་སྦྱར་བ་བརྒྱ་དང་བརྒྱད་རྩིག་ངོས་ལོགས་སུ་བྲིས་པ་ལ་ཡང་དང་ཡང་དུ་བལྟས་པས་མིག་ནད་ཞི་བ་དང་སྔགས་དེས་ནད་མེད་པའི་མིག་ལ་ལན་མང་དུ་བསྔགས་པས་གཡོན་འགུལ་ན་མི་དགེ་བའི་ལྟས་དང༌། གཡས་འགུལ་ན་དགེ་བའི་ལྟས་སྟོན་པའང་བྱེད་དེ་ངེས་པ་ཉིད་དོ། །བཅུ་བཞི་པ་ངག་གི་བྱད་འགྲོལ་བ་ནི། རྗེ་བཙུན་མ་མདུན་གྱི་ནམ་མཁར་སྤྱན་དྲངས། མཆོད་པ་ལྔ་འབུལ། བདུན་རྣམ་དག་བྱ། བདག་གི་ངག་བཅིངས་པ་དང་མནན་པ་ལས་འགྲོལ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རང་གི་སྙིང་གར་རཾ་ལས་མེའི་རང་བཞིན་གྲུ་གསུམ་དམར་པོ། མགྲིན་པར་ཡི་གེ་ན་ནག་པོ། ལྕེ་རྩེར་སྟྭཾ་ནག་པོར་བསམ། ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང་རང་གི་སྙིང་གར་ཕོག་པས་དམར་ལམ་གྱི་སོང༌། ན་དང་སྟྭཾ་གཉིས་ཐུལ་གྱིས་ཚིག་པར་བསམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་བྷཱ་ག་ཝ་ཏཱི་ཛི་ཧྣ་བཱ་ཀ་བནྡྷ་མོ་ཙ་ནི་སྭཱ་ཧཱ། སྔགས་སྟོང་ཕྲག་བརྒྱད་བཟླས་པས་ལྕེ་རྡོ་རྗེ་དཀར་པོ་རྩེ་ལྔས་འབར་བ་མཐུ་དང་ལྡན་པར་གྱུར། ཡི་དམ་རང་ལ་ཐིམ་པར་བསམས་ལ། ཨོཾ་བཛྲ་ཛི་ཧྭཱ་སཾ་རཀྵ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་ལྕེ་མཐུ་དང་ལྡན་ཏེ་ཅིས་ཀྱང་མི་ཚུགས་སོ། །བཅོ་ལྔ་པ་ནད་གདོན་བསལ་བ་ནི། རང་གི་དོན་བྱེད་ན། སྒྲོལ་དཀར་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་གུས་པ་ཆེན་པོ་ལ་ཡན་ལག་བདུན་པ། བསྟོད་པ། གསོལ་གདབ་བྱ། སྔགས་གཤམ། བདག་གི་ནད་གདོན་
ཐམས་ཅད་ཤཱནྟཱིཾ་ཀུ་རུ་སྭཱ་ཧཱ། ཞེས་སམ་ནད་གདོན་དམིགས་བསལ་ཁ་བསྒྱུར་གང་འོས་བྱས་པ་ཅི་ནུས་བཟླ་ཞིང༌། འཕགས་མའི་སྐུ་ལས་བདུད་རྩི་འོད་ཟེར་དཀར་པོའི་རྒྱུན་ཆི་ལི་ལི་བབས་རང་གི་སྤྱི་བོ་ནས་ཞུགས། ནད་གདོན་སྡིག་སྒྲིབ་བཀྲུས་ནས་ལུས་ཤེལ་གོང་ལྟར་གྱུར། མཐར་གསོལ་བ་གདབ་པས་འོད་ཞུ་རང་ལ་ཐིམ་པར་མོས། གཞན་ལ་བྱེད་ན་རང་སྒྲོལ་དཀར་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་སྒྲོལ་མ་དང་སངས་རྒྱས་བྱང་སེམས་ཐམས་ཅད་སྒྲོལ་དཀར་ཕྱག་ན་བུམ་པ་ཐོགས་པའི་རྣམ་པར་སྤྱན་དྲངས། ནད་པའི་སྟེང་ཐོད་དུ་བཞུགས་པར་མོས་ལ་བསྟོད་གསོལ་སྔགས་བཟླས་སྔར་ལྟར་ལ། བུམ་ཆུས་ནད་གདོན་བཀྲུས་པར་བསྒོམ། མཐར་དེ་རྣམས་ནད་པ་ལ་བསྟིམ། དམིགས་པ་གསལ་ན་ཐུན་གཅིག་གིས་ནད་ལས་གྲོལ་བ་མང་གསུངས། ཡང་ན་རང་མདུན་ཟླ་བའི་སྟེང་དུ་བསྲུང་བྱ་གནས་པར་བསམ། དམིགས་བཟླས་གཞན་སྔར་ལྟར་ལ། མཐར་བསྲུང་བྱ་ལ་ལྷ་ཐིམ་པས་སྒྲོལ་མའི་སྐུར་གྱུར་པའང་མོས་ཏེ་སྔ་ཕྱི་གཉིས་ལ་ཟབ་ཁྱད་ཅུང་ཟད་ཡོད་དོ། །བཅུ་དྲུག་པ་བར་ཆད་ཞི་བར་བྱེད་པ་ལྟས་ངན་གཡང་དུ་ལེན་པའི་གདམས་ངག་ནི། རང་གཞན་ལ་འདྲེའི་ཆོ་འཕྲུལ་སོགས་གློ་བུར་བ་བྱུང་ན། རང་སྒྲོལ་མ་ཡན་ལག་བཞི་རྫོགས་སུ་བསྒོམས་པ་ལས་འོད་འཕྲོས། གནོད་བྱེད་ཡི་དྭགས་སམ་བར་དུ་གཅོད་པ་དེ་མདུན་ཏུ་བཀུག རང་གི་འོད་ཟེར་གྱིས་སྒྲོལ་མ་དཀར་མོར་བསྒྱུར། ཡེ་ཤེས་པ་བཅུག རང་གི་ཐུགས་ལས་སྤྲོས་པའི་མཆོད་པ་རྣམ་ལྔས་མཆོད་པས་མཉེས། སྒྲོལ་མ་དཀར་མོ་ཁྱེད་ཀྱིས་བདག་གི་ནད་དམ་གདོན་ནམ་བར་ཆད་ཆེ་གེ་མོ་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། བཛྲ་མུཿས་གཤེགས་ལ་བསྔོ་སྨོན་བྱས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པའི་སྟེང་དུ་སླར་གྲོགས་སུ་འགྱུར་གསུངས། བཅུ་བདུན་པ་ཁྲུས་ཀྱི་ཆོ་ག་ནི། རྒྱས་པར་བྱེད་ན་བདག་མདུན་
བུམ་པ་གོང་སྨོས་ལྟར་བསྒྲུབ། གཏོར་མ་འབུལ། སྦྱོར་བ་སྔོན་ཏུ་བཏང༌། བསྡུ་ན་བདག་བསྐྱེད་དང་བུམ་པ་བསྒྲུབས་ཟིན་ནས་བཀྲུ་བྱབས་སྲུང་གསུམ་གྱི་ཆོ་ག་སྤྱི་དང་འདྲ་བར་བྱས་པས་བྱིན་རླབས་མཆོག་ཏུ་ཆེའོ། །གྲུབ་ཆེན་པཀྵིའི་གདམས་པར་གཟུངས་ཆོག་སྤྱི་དང་འདྲ་བ་ལས་ཡིག་བཅུའི་གཤམ་དུ། སྤྱན་མའི་སྔགས་དང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཨེ་ཧོ་ཤུདྡྷེ་སོགས་ཁྲུས་བདུན་གྱི་རིག་པ་བཟླ་བར་གསུངས་སོ། །བཅོ་བརྒྱད་པ་རྨི་ལམ་བརྟག་པ་ནི། སྔོན་ཏུ་རང་ཡི་དམ་དུ་བསྒོམས་ལ་མངོན་པར་རྟོགས་པ་ཚར་གཅིག་ལེགས་པར་བྱ། དེའི་ངང་ནས་བདག་ཉིད་སྒྲོལ་མ་དཀར་མོར་ཀྲོང་གིས་བསྐྱེད། སྙིང་གའི་པདྨ་ཁ་བྱེ་བའི་ལྟེ་བ་ལ། ཡི་གེ་ཏཱྃ་དཀར་པོ་ལས་འོད་འབར་བས་ལུས་ཀྱི་ནང་ཁོང་སྟོང་དུ་འདུག་པ་མེར་གྱིས་གང་བར་བསམ་མོ། །ཏཱྃ་ཡིག་གི་ཕྱོགས་བཞིར་དངུལ་གྱི་མེ་ལོང་བཞི་ལ་ཨ་ནུ་ཏ་ར། ཞེས་པ་ཤར། ལྷོ། ནུབ། བྱང་གི་མེ་ལོང་བཞི་ལ་རིམ་པར་གཟུགས་བརྙན་ལྟར་བསམ། ཏཱྃ་དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་སྒྲོལ་མ་སྤྱན་དྲངས་ལ་བསྟིམ། རྟེན་འབྲེལ་མངོན་ཤེས་སུ་འཆར་བའི་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་རང་གི་དོན་གང་ཡིན་པ་ཏཱྃ་དཀར་པོ་ཞིག་ཏུ་བསམས་ལ། དེ་ལས་འོད་ཟེར་འཕྲོས། རྒྱལ་ཁམས་ཀྱི་འགྲོ་བ་ཐམས་ཅད་ཀྱི་དོན་བྱས་ཤིང༌། ཁྱད་པར་རང་གི་དོན་གང་ཡིན་པ་བྱས་ནས་ཏཱྃ་གི་འོད་ཟེར་སྐར་མདའ་ལྟ་བུ་བྱུང་བ་བདག་གི་སྨིན་མཚམས་སུ་ཟུག་པར་བསམ། དངོས་གྲུབ་དེ་ཞུ་བའི་འདུན་པ་དྲག་པོས་ཏཱྃ་དེ་ཁྱུར་མིད་བྱས་པར་བསམ། དེ་ནས་སྙིང་གའི་ཏཱྃ་ལ་ཐིམ་པས། གང་འདོད་པ་དེ་རྨི་ལམ་དུ་ཐེ་ཚོམ་མེད་པར་འཆར་བར་བསམ་མོ། །དེ་ནས་སེང་གེའི་ཉལ་སྟབས་ཀྱིས་གཉིད་ལོག ཤར་གྱི་མེ་ལོང་ལ་ཨ་ཡོད་པས། ཨས་མཚོན་པའི་མིང་གི་སྣང་བ་གང་བྱུང་ཚད་དོན་མི་འགྲུབ་པར་
བསྟན་ཏོ། །ལྷོའི་མེ་ལོང་ལ་ནུ་ཡོད་པས། ནུའི་མིང་ཡིག་གིས་མཚོན་པའི་སྣང་ཚད་དོན་འགྲུབ་པར་བསྟན་ཏོ། །ནུབ་ཀྱི་མེ་ལོང་ལ་ཏ་ཡོད་པས། ཏའི་ཡི་གེས་མཚོན་པའི་སྣང་བ་བྱུང་ན་མི་མཚོན་པའི་རྣམ་པར་ཤར་བ་ཐམས་ཅད་མི་འགྲུབ་པར་བསྟན་པ་ཡིན་ནོ། །མཚོན་པའི་གཟུགས་སུ་སྣང་བ་བྱུང་ཚད་ནི་འགྲུབ་པར་བསྟན་པ་ཡིན་ནོ། །བྱང་གི་མེ་ལོང་ལ་ར་ཡོད་པས། དེས་མཚོན་པའི་མིང་ཡིག་སྣང་བ་བྱུང་ན། སྲོག་ཆགས་ཀྱི་སྣང་བ་ཤར་ཚད་དོན་འགྲུབ་པར་བསྟན་པ་ཡིན་ནོ། །སྲོག་ཆགས་མ་ཡིན་པའི་གཟུགས་སུ་ཤར་ཚད་ནི་དོན་མི་འགྲུབ་པར་བསྟན་པ་ཡིན་ནོ། །རྗེ་བཙུན་མ་ལ་གཏང་རག་གི་མཆོད་པ་འབུལ་ལོ། །རྟེན་འབྲེལ་མངོན་སུམ་དུ་འཆར་བའི་གདམས་ངག་གོ །ཞེས་བཤད་དོ། །བཅུ་དགུ་པ་དབང་གི་ལས་ནི། རང་ལ་མི་དད་ཅིང་སྡང་སེམས་སུ་ལྟ་བ་ཡོད་ན་བྱ་སྟེ། སེམས་བསྐྱེད་མཆོད་པ་སྔོན་ཏུ་སོང་ནས། རང་རྗེ་བཙུན་མ་སྐུ་མདོག་དམར་མོ། སྨིན་མཚམས་སུ་པདྨ་དམར་པོར་ཏཱྃ་ལ་ཡི་གེ་བཅུ་པས་བསྐོར་བར་མོས་ལ་བཟླས་པ་བྱས་པས། དེ་ལས་འོད་འཕྲོས་མི་གུས་པ་དེ་ལ་ཕོག་པས་མདུན་ཏུ་བཀུག དེའང་རྗེ་བཙུན་མ་དམར་མོ་སྨིན་མཚམས་སྔགས་ཡོད་པ་ཞིག་ཏུ་བསྒོམ། མཐར་མི་དམིགས་པར་བཞག དེ་ལྟར་ཡང་ཡང་བྱས་པས་གུས་ཤིང་དད་པར་འགྱུར་རོ། །ཨོཾ་པདྨེ་པདྨཱ་ཀྵི་པདྨ་སུ་བྷ་གི་ཕུཿ པདྨེ་པདྨེ། ཨཀྵེ་པདྨ། སུ་བྷ་གེ་ཕུཿསྭཱ་ཧཱ། སྔགས་འདིས་ལན་བདུན་མངོན་པར་བསྔགས་པའི་མིག་གིས་བལྟས་པས་མཐོང་མ་ཐག་ཏུ་ཁྲོས་པ་ཞི་ནས་རབ་ཏུ་དད་པར་འགྱུར། ལན་བདུན་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ། །ན་མོ་བྷ་ག་བ་ཏེ། ཨུཥྞཱི་ཥཱ་ཡ་དྷ་རེ་དྷ་རནྟི་ཡེ་སྭཱ་ཧཱ། སྔགས་འདི་གི་ཝཾ་ལ་བརྒྱ་རྩ་བརྒྱད་བཟླས་པས་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་བལྟས་པ་ཐམས་ཅད་དགའ་བར་
འགྱུར། མིག་རྩི་ལ་བརྒྱ་རྩ་བཟླས་ནས་མིག་ལ་བྱུགས་པས་ཀྱང་དེ་བཞིན་ནོ། །ཆུ་ཁྱོར་གང་ལ་ལན་བདུན་བཟླས་ཏེ་འཐུང་ན་ཟས་རྙེད། གོས་ཀྱི་མཐའ་ལ་ལག་པ་གཡོན་པས་བཟུང་ལ་ལན་ཉེར་གཅིག་བཟླས་ཏེ་ཚོགས་པའི་ནང་དུ་ཕྱིན་པས་ཚིག་བཙན་པར་འགྱུར་བ་སོགས་ཡོན་ཏན་མང་ངོ༌། །ཉི་ཤུ་པ་སྲིད་འཕེལ་བར་བྱེད་པ་ནི། རང་ཉིད་སྒྲོལ་མའི་ང་རྒྱལ་དང་ལྡན་པས། གི་ཝཾ། ཡུང་བ། གླ་རྩི་གསུམ་བསྲེས་པའི་ཁུ་བས་ཤོག་བུའམ་གྲོ་ག་ལ་ཡིག་བཅུ་དང་འོག་གི་གཟུངས་སྔགས་བྲིས་ལ་བུམ་པའི་ཁ་རྒྱན་གསེབ་ཏུ་གདགས། བུམ་པ་མཚན་ཉིད་དང་ལྡན་པར་ལྔ་ཚན་ལྔའི་རྫས་དང༌། བོ་དྷི་ཙེ་མིག་མ་ཕུག་པ་རྡོག་པོ་འགའ་ཞིབ་པར་བཏགས་པ་བ་དམར་གྱི་འོ་མ་དང་མར་བསྲེས་ནས་བླུག མགུལ་ཆིངས་གཟུངས་རྡོར་ཁ་རྒྱན་དང་བཅས་པ་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ། བུམ་སྒྲུབ་གོང་སྨོས་ལྟར་ལ་ཁྱད་པར་ཐུན་འཇོག་ཁར་ལག་པ་གཡས་པས་བུམ་པའི་ཁ་བཀབ་ནས། ཨོཾ་ཏཱ་ར་ནི། ཏཱ་ར་ཡ། ཨོཾ་མོ་ཙ་ནི། མོ་ཙ་ཡ། ཨོཾ་མོཀྵ་ནི་མོཀྵ་ཡ། ཛཱི་བཾ་བ་ར་དེ་སྭཱ་ཧཱ། ཞེས་བརྒྱ་ཕྲག་ཙམ་བཟླས་ནས་མཆོད་བསྟོད་བྱ། བུམ་ལྷ་ཞུ་བ་བུམ་པའི་ཆུར་བསམ། ཐུན་མཚམས་སུ་གཏོར་མ་འབུལ། འདོད་དོན་འགྲུབ་པར་གསོལ་བ་བཏབ། དེའང་ཐུན་བཞིར་བཅད་པའི་ཞག་བདུན་ཙམ་བྱ། དེ་ནས་བུམ་ཆུ་དེ་བུད་མེད་དུས་ཀྱི་ཟླ་མཚན་ཆད་ནས་ཞག་གསུམ་ལོན་པ་ལ་བླུད་ཅིང་ཁྲུས་བྱས་ན་མོ་གཤམ་ལའང་བུ་སྐྱེའོ། །ཉེར་གཅིག་པ་སྦྲུམ་མ་བདེ་བར་བཙའ་བ་ནི། གོང་གི་སྔགས་གདགས་པའི་བུམ་པར་དྲི་བཟང་གི་ཆུ་དང་ཉེར་ལྔའི་རྫས་སྦྱར་བ་བླུག མཆོད་ཅིང་གསོལ་བ་བཏབ། བུམ་སྒྲུབ་གོང་ལྟར་བྱས་ལ་ཉིན་ཐོག་ཐག ཨོཾ་ཏཱ་རེ་སྭཱ་ཧཱ། ཞེས་གཙོ་བོར་བཟླ། མཚན་མོར་ཡིག་བཅུ་བཟླ། སྐབས་སུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་མོཀྵ་ཡ་ཛཱི་བཾ་སྭཱ་ཧཱ། ཞེས་བརྒྱ་སྟོང་བཟླས་པས་བུམ་ཆུ་སྔགས་ལ། ནམ་
ཕྱེད་ཡོལ་གྱི་དུས་སུ་སྦྲུམ་མ་ཀུ་ཤའི་གདན་ལ་བཞག བགེགས་སྦྱོང་བ་སོགས་སྔོན་དུ་འགྲོ་བས་ཁ་ཤར་དུ་བལྟས་ལ་ཁྲུས་བྱ་ཞིང་བླུད། མར་ལ་སྔགས་པས་སྦྲུམ་མའི་ལུས་དང་བྷ་ག་ལ་བྱུགས་ན་ན་ཚ་མེད་པར་བདེ་བར་བཙའོ། །ཉེར་གཉིས་པ་བྱིས་པ་གསོ་བ་ནི། མ་བཙས་པར་མ་དང་བཅས་ནས་བུ་ལ་སྒྲོལ་མའི་སྲུང་འཁོར་གདགས། སྐྱེས་མ་ཐག་པ་དང་གྲུབ་ན་ཉིན་རེ་བཞིན་མ་བུ་གཉིས་ལ་བསྒྲུབས་པའི་བུམ་ཆུ་བླུད་ཅིང་བཀྲུ་བྱབས་སྲུང་གསུམ་བྱ། རྗེ་བཙུན་མ་ལ་མཎྜལ་གྱི་ཆོ་གས་མཆོད་ཅིང་གསོལ་བ་གདབ། བགེགས་དང་འབྱུང་པོ་ལ་གཏོར་མ་བཏང༌། བུ་རམ་མ་ནུ་གཉིས་རིལ་མ་ཙམ་རེ། རྒྱ་ཚྭ་ནས་ཙམ། གླ་བ་སྲན་མ་ཙམ་བཅས་ནུ་ཞོ་དང་སྦར་ནས་བྱིས་པ་ལ་བྱིན་པས་ངེས་པར་འཚོའོ། །གྲུབ་ཆེན་པཀྵིའི་གདམས་པ་ལས། བུ་ཚའི་མ་སྒྲོལ་མར་བསྒོམ། མ་བུ་གཉིས་ཀྱི་སྒོ་གསུམ་ལ་ཡེ་ཤེས་པ་ཡང་ཡང་བསྟིམ། གཟུངས་ཆུ་ཆད་མེད་བླུད། སྲུང་འཁོར་རྟག་ཏུ་བསྒོམ། ཚེ་རིལ་ལུས་ལ་བྱུགས་ཤིང་མགུལ་ཏུ་བཏགས། སྐྱེ་བའི་དུས་སུ་རིན་པོ་ཆེ་སྣ་བདུན་ཚོན་སྐུད་སྣ་ལྔ་དམ་རྫས་ལ་བྱིན་རླབས་བྱས་པ་དང་སྲུང་འཁོར་གདགས་པར་གསུངས་སོ། །ཉེར་གསུམ་པ་ནོར་སྤེལ་བ་ནི། སེམས་བསྐྱེད། བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ། སྒྲོལ་མ་དཀར་མོ་གནས་འགྱུར་གསེར་ཅན་སྒྲོན་མ་སེར་མོ་གཡས་རིན་པོ་ཆེའི་བུམ་པ། གཡོན་སྙེ་མ་འཛིན་པར་བསམ། །ཨོཾ་ཛམྦྷེ་མོ་ཧེ་སྭཱ་ཧཱ། ཞེས་པ་དེ་ལ་བསྙེན་པ་འབུམ་ཚོ་བདུན་བསྐྱར། ལས་ལ་སྦྱོར་ཙ་ན་ཇོ་མོའི་སྐུ་རབ་གནས་བྱས་པ་ཞིག་མདུན་ཏུ་དགྲམ། ཁ་ལྷོ་ཕྱོགས་སུ་བལྟས་ལ་མཆོད་པ་ལྔ་བཤམ། མེ་ཏོག་སེར་ཆེན་རེ་རེ་བཞིན་ལག་ཏུ་ཐོགས་ལ་འབུལ་ཞིང༌། ཨོཾ་ཛམྦྷེ་མོ་ཧ་མ་མ་བཱ་སུ་པུཥྜིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འབུམ་ཕྲག་བཟླས་ལ་མཆོད་པ་འབུལ། གཏོར་མ་བཏང༌། འདོད་པའི་དོན་ལ་གསོལ་བ་གདབ། དེ་ལྟར་བྱས་པས་ཡོ་
བྱད་འདུ་ལོང་བག་རེ་བྱུང་ན་སྒྲུབ་པ་ལ་བརྩོན་འགྲུས་སུ་བྱ། མ་བྱུང་ན་བསྙེན་པ་ལོག་པོར་བསྐྱར་དགོས། དེས་མི་འགྲུབ་མི་སྲིད་དོ། །མེ་ཏོག་མ་རྙེད་ན་འབྲུ་ལ་གི་ཝཾ་བྱུགས་པས། དེའི་དོད་པོ་ཡོང་གསུངས་སོ། །ཉེར་བཞི་པ་ཤེས་རབ་སྤེལ་བ་ནི། བདག་བསྐྱེད་སྒྲོལ་དཀར་རྣམ་སྣང་གི་དབུ་རྒྱན་ཅན་ཏུ་བསྒོམ། བསྙེན་པ་འབུམ་བསྐྱར། སེར་པོ་ཁྲག་རྐང༌། དོང་གྲ། ཟི་ར་དཀར་ནག པི་པི་ལིང༌། རུ་རྟ། ལ་ལ་ཕུད་རྣམས་ཞིབ་པར་བཏགས་ལ་ར་དམར་མོའི་མར་དང་འོ་མ་ལ་སྦྱར་བའམ། ཡང་ན། ཤུ་དག་དཀར་པོ་དང་སེར་པོ་ཁྲག་རྐང་སྦྱར་བ་དཀྱིལ་འཁོར་གྱི་དབུས་སུ་བཞག མདུན་བསྐྱེད་འཁོར་དུ་གཡས་སུ་དྲན་པའམ། མདུན་ཏུ་ཤེས་རབ་མ། རྒྱབ་ཏུ་བློ་གྲོས་མ། གཡོན་ཏུ་ཡིད་གཞུངས་མ་སྟེ་འཁོར་བཞི་གཙོ་མོ་དང་མཚུངས་པར་བསྒོམ། ཟླ་བ་ཕྱེད་དུ་སྒྲུབ་ཅིང་མཆོད། ཡིད་བཞིན་འཁོར་ལོ་སྤྱི་མཚུངས་བསྒོམ། ཡིག་བཅུའི་གཤམ་དུ། པྲཛྙཱ་མ་ཏི་པུཥྚིཾ་ཀུ་རུ། ཞེས་བཏགས་པ་བཟླ། འཐུང་བ་དང་ཟོས་པས་བློ་གྲོས་འཕྲལ་དུ་འཕེལ་བར་འགྱུར་རོ། །ཡང་ན་བདག་བསྐྱེད་ལྷ་ལྔ་བསྒོམས་པའི་གཙོ་མོའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་འོད་ཟེར་གྱི་ཕྲེང་བ་རྒྱུན་མི་ཆད་པར་བྱུང་བས། ལུས་གང༌། ངག་གི་དབང་ཕྱུག་ཐོབ་པར་མོས། ཨོཾ་ལ་སེམས་རྩེ་གཅིག་ཏུ་གཏད་དེ། ཨོཾ་ཧྲཱིཿམ་ཧཱ་མཱ་ཡཱ་དཱེ་མ་ཧཱ་ས་ར་སྭ་ཏྱཻ་ན་མཿ ཞེས་མི་སྨྲ་བ་ཡིད་བཟླས་བྱ། ཤུ་དག ཤིང་མངར། རྒྱམ་ཚྭ། ཨ་རུ། བཅའ་ལྒ། ལ་ལ་ཕུད། རུ་རྟ། པི་ལིང༌། ཟི་ར་དཀར་ནག་སྦྱར་བའི་རིལ་བུ་རྟེན་ཏུ་བྱས་ལ་མདུན་བསྐྱེད་བསྒྲུབ། ཨོཾ་བཱགྡཱ་དི་ནི་བ་ཙརྨ་ནི་ཡཙྪ་ས་ར་སྭ་ཏཱི་མ་ཧཱ་ཤྭེ་ཏེ་སྭཱ་ཧཱ། ཞེས་པའང་བཟླས་ལ་ནངས་མོ་མཆོད་པ་སྔོན་ཏུ་འགྲོ་བས་རིལ་བུ་ཟླ་བ་གཅིག་བསྟེན་ན་བློ་གྲོས་སྐྱེ་ལ། དྲུག་བསྟེན་པས་ཐོས་པ་འཛིན་པར་འགྱུར་རོ། །ཡང་ཡིག་རྙིང་ལྟར་ན། སེམས་བསྐྱེད། རང་མདུན་སྨིན་མཚམས་ཐད་ཀར་འཁོར་ལོ་དཀར་པོ་རྩིབས་དྲུག་
ལྟེ་བར་ཏཱྃ། རྩིབས་རྣམས་ལ། ཨོཾ་ཏུ་རེ་པྲ་ཛྙཱ་ཛྭཱ་ལ་སིདྡྷི་ཧཱུྃ། ཞེས་ཁ་དོག་དཀར་པོས་བསྐོར་བ། འཁོར་ལོ་གཡོན་སྐོར་དུ་འཁོར་བར་བསམ་ལ་ཅི་ནུས་བཟླ། སྐྱོ་ན་ཡིད་བཟླས་བྱ། འཕྲོ་གཅོད་དུས་འཁོར་ལོ་སྙིང་གར་བསྟིམ། ཤིན་ཏུ་ཟབ་གསུངས། ཉེར་ལྔ་པ་ཚེ་སྤེལ་པའི་ལས་སྦྱོར་ལ་གཉིས། དངོས་དང༌། ཞར་བྱུང་བཅུད་ལེན་གྱི་རྣམ་གྲངས་བཤད་པའོ། །དང་པོ་ནི། འཆི་བདག་སླུ་བའི་རྟོག་པ་ལས། །སྔགས་ནི་ཡི་གེའི་གྲངས་ཀྱི་འབུམ། །སྒྲོལ་མའི་སྤྱན་སྔར་བཟླས་ནས་ནི། །ཞོ་དང་སྦྲང་རྩིས་སྔར་སྤགས་པའི། །དཱུརྦའི་མྱུ་གུའི་རྩེ་མོ་ནི། །ཤར་དང་བྱང་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་ལས་ལས་སྐྱེས་ལྡང་བའི། །འཆི་བའང་ངེས་པར་ཟློག་པར་བྱེད། །ཅེས་གསུངས་པ་ལྟར་ངེས་པར་སྒྲུབ་པའི་བཟླས་པ་འབྲུ་འབུམ་སྔོན་ཏུ་སོང་ནས་ཞོ་དང་སྦྲང་རྩིས་བྱུགས་པའི་དཱུརྦའི་མྱུ་གུ་མ་ཉམས་པ་བུང་བསགས་ལ། རྒྱས་པའི་སྦྱིན་སྲེག་སྔར་སྨོས་པ་ལྟར་ལ་དཱུརྦའི་རྫས་ཁོ་ན་གྲངས་འབུམ་ཕྲག་ལ་སོགས་པ་མ་སོང་གི་བར་དུ་སྙིང་པོ་སྤེལ་ཚིག་ཅན་གྱིས་རྩེ་མོ་ཤར་དང་བྱང་དུ་བསྟན་ལ་འབུལ་བས་རང་གཞན་གང་ཡིན་པའི་ཚེ་སྤེལ་བ་ལ་མཆོག་ཏུ་བསྔགས་སོ། །གཉིས་པ་ནི། གཤེད་དམར་རྒྱུད་ལས། ཨ་རུ་ར། སྐྱུ་རུ་ར། བྷྲྀངྒ་རཱ་ཛ། པི་ལིང༌། ན་ལེ་ཤམ། ལྕགས་ཕྱེ་རྣམས་སྦྲང་དང་ཀ་ར་སྦྱར་བས་རིལ་བུར་དྲིལ་ལ་ཟླ་བ་གཅིག་ཟོས་པས་ཚེ་ལོ་སུམ་བརྒྱར་འཚོ་བར་བཤད་པ་དང༌། སློབ་དཔོན་ཀོ་ཀི་ལའི་ཚེ་སྒྲུབ་པའི་གདམས་ངག་ལས་སྦྱར་སླ་བ་ནི། མར་དང་སྦྲང་རྩི་འོ་མ་མཉམ། །སྣུམ་པའི་སྣོད་ལ་སྦྱར་བྱས་ནས། །ནས་ཀྱི་སྤང་མར་ཞག་གཅིག་བཞག །དེ་ནས་བཏོན་ལ་ཉེ་བར་བཟའ། །སོ་དང་སེན་མོ་ཟླ་དྲུག་གིས། །བརྗེ་འགྱུར་ལོ་ནི་སྟོང་ཐུབ་སྟེ། །རྟགས་ནི་མིག་རྣོ་སྟོབས་ལྡན་ནོ། །ཉེ་ཤིང་རྩ་བ་གྲིབ་སྐམ་བཏགས། །འོ་མ་དང་སྦྱར་སྐྲོག་པའི་མར། །ཐོ་རངས་ཞག་པོ་ཉེར་གཅིག་ཟ། །ནད་སེལ་ལུས་ཡང་ལོ་དྲུག་
ཟོས། །རྣམ་རྟོག་བྲལ་ཞིང་ཚེ་འགྲུབ་བོ། །ཞེས་དང༌། འབྲས་བུ་གསུམ་དང་བྷྲིང་གའི་ཕྱེ། །མར་དང་སྦྲང་རྩི་སྦྱར་ལ་བཟའ། །སྨན་ཉིད་ཞུ་བའི་དུས་སུ་ནི། །ལོ་མ་འབྲས་བསྐོལ་བཟའ་བར་བྱ། །མིག་རྣོ་ནད་མེད་གསུམ་བརྒྱ་ཐུབ། །སོགས་དང༌། འབྲས་བུ་གསུམ་གྱི་ལྡེ་གུ་ནི། །ལྕགས་ཀྱི་སྣོད་དུ་བསྐུས་བྱས་ལ། །ཉིན་མཚན་གཉིས་ནི་ཁྲུས་བྱས་ནས། །མར་དང་སྦྲང་རྩི་སྦྱར་ལ་བཟའ། །ལོ་གཅིག་སྦྱོར་བས་སུམ་བརྒྱ་ཐུབ། །ནད་བྱང་སོ་དང་སེན་མོ་བརྗེ། །ཀོ་ཀི་ལ་འདྲའི་སྐད་ལྡན་འགྱུར། །ཞེས་སོགས་འབྱུང་ཞིང༌། རྟོག་པ་ལས། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། པོ་སོ་བྷྲིངྒ་རཱ་ཛར་བཅས། །རྣལ་འབྱོར་པ་ཡིས་རྟག་སྤྱད་ན། །བདུད་རྩི་ལྔ་ཡི་བཅུད་ལེན་ཏེ། །གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེའི་ལུས་བཞིན་གཟུགས་བཟང་ལྡན། །བསྐལ་པ་ལ་སོགས་གྲངས་ཀྱིས་ནི། །འཆི་བའང་ངེས་པར་ཟློག་པ་ཡིན། །ཞེས་བཤད་པ་དག་གམ། གྲུབ་ཆེན་ཀརྨ་པས་བཟང་དྲུག་དང་བུམ་རྫས་སྦྱར་བའི་རིལ་བུ་བསྒྲུབས་ནས་ཟོས་པས་སྲུང་བ་དང་ཚེ་རིང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པར་གསུངས་པ་དང༌། གཞན་ཡང་རྟོག་པ་དང་གསོ་དཔྱད་ཀྱི་གཞུང་ལས་འབྱུང་བའི་རྩི་བཞི་དྭངས་མ་ལྔའི་བཅུད་ལེན་གྱི་རིལ་བུ་སོགས་ཀྱང་འདི་ཉིད་ཀྱི་སྒོ་ནས་ཚུལ་བཞིན་བསྒྲུབས་ཏེ་བསྟེན་པས་ཕན་ཡོན་ལྷག་པར་ཐོབ་པར་འགྱུར་རོ། །འདིར་བྷྲྀངྒ་རཱ་ཛ་སྟེ་བུང་བའི་རྒྱལ་པོ་ཞེས་པའི་སྨན་ནི་མིང་གི་རྣམ་གྲངས། མཱརྐ། ཀེ་ཤ་རཉྫ་སོགས་སུ་གྲགས་པ་སྐྲ་ནག་པོར་སྒྱུར་བྱེད་ཀྱི་བཅུད་ལེན་གྱི་སྨན་ཞིག་སྟེ་མ་རྙེད་ན་ར་མོ་ཤག་གིས་ཚབ་རུང་བ་རྗེ་བཙུན་གྲགས་པས་བཞེད། འདི་ཐད་འཆི་སླུ་གསར་འགྱུར་དུ་གོང་སྨོས་ལྟར་སྣང་ཡང༌། སྔོན་དུས་བཤད་རྒྱུན་ཡོད་སྐབས་ཀྱི་འགྱུར་རྙིང་མཆན་ཅན་ལས། སོ་སོ་བྷྲྀངྒ་རཱ་ཛ་སོགས་དང༌། ཕན་ཞིང་བདུད་རྩིར་འགྱུར་བ་སྟེ། ཞེས་འབྱུང་བས་འབྲས་བུ་གསུམ་ཕྱོགས་གཅིག་གམ། སོ་སོ་ལ་
བྷྲྀངྒ་རཱ་ཛ་སྦྱར་བའི་དོན་དང༌། གྲངས་ལྔར་ཡང་ངེས་པ་མེད་པ་རྗེ་བླ་མས་བཞེད་ལ་ཀོ་ཀི་ལའི་བཅུད་ལེན་དང་ཡང་འགྲིགས་པར་སྣང༌། ཀུན་མཁྱེན་ཆེན་པོས་གསར་འགྱུར་གྱི་རྒྱ་དཔེ་མ་དག་པ་མང་བས་སླར་དཔྱད་གཞིར་མཛད་པ་ལྟར་གོང་འོག་ཀུན་ཏུ་སྐད་དོད་ལ་ཐེ་ཚོམ་ཆེ་ཞིང༌། པོ་སོའི་ཐད་དརྤིཏ་ཞེས་པའང་ཡོངས་གྲགས་ང་རྒྱལ་ལ་འཇུག་གི་པོ་སོ་ལ་མི་འཇུག་པ་དང༌། པོ་སོ་ནི་མ་ང་ན་པ་ལ་སྟེ་མྱོས་བྱེད་འབྲས་བུར་གྲགས་པ་བཅུད་ལེན་ཏུ་མི་འགྱུར་ཞིང༌། དརྦྷིཏ་བྱས་ན་བྱིངས་དོན་ལས་སོ་སོའི་སྐད་དོད་དུ་ངེས་པར་འགྲོ་བས་རྗེ་བླ་མའི་གསུང་དེ་ལེགས་པར་གསུངས་པའོ། །གལ་ཏེ་གཞན་དོན་ཏུ་ཚེ་སྒྲུབ་ལ་སོགས་བྱེད་ན་བསྙེན་སྒྲུབ་ལས་སྦྱོར་གྱི་གཞུང་གོང་དུ་སྨོས་པ་ལྟར་ལ། སྔགས་གཤམ་མ་མ་ཞེས་པའི་ཚབ་ཏུ་བསྲུང་བྱའི་མིང་སྦྱར་བ་ནི་ཁྱད་པར་རོ། །ལས་ཚོགས་འདི་རྣམས་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལ་བསྟེན་ཅིང་ཁ་ཅིག་དཔའ་བོ་གཅིག་གྲུབ་དང་ཡང་གཅིག་པར་སྣང་ལ་རྒྱུད་སྡེ་སྣ་ཚོགས་ལས་བླངས་པའི་མན་ངག་གི་དུམ་བུ་ཕྱོགས་སུ་བསྡེབས་པ་མང་མཁར་བ་བློ་གྲོས་བཟང་པོའི་སྒྲོལ་དཀར་བེའུ་བུམ་སོགས་བྱིན་རླབས་ལག་ལེན་གྱི་ཁུངས་དང་ལྡན་ཞིང་ལུང་རྒྱུན་བཞུགས་པ་རྣམས་ལས་མདོར་བསྡུས་པ་སྟེ། རྒྱས་པར་ནི་གྲུབ་ཆེན་པཀྴིས་སྒྲོལ་དཀར་ཁོ་ནའི་ལས་ཚོགས་སྟོང་རྩ་ཡོད་པར་གསུངས་པ་ལྟར་མཐའ་ཡས་སོ། །བདུན་པ་ལག་ལེན་བཤད་པ་ལ་གསུམ། བསྙེན་པའི་ལག་ལེན། བསྙེན་ཚད། སྒྲུབ་པ་ལས་སྦྱོར་གྱི་ལག་ལེན་ནོ། །དང་པོ་ནི། བྲིས་སྐུ་བྱ་ཐབས་དང་ལག་ལེན་དངོས་སོ། །དང་པོ་ནི། དམ་ཚིག་གི་རྟེན་བྲིས་སྐུ་བྱ་བར་འདོད་ན་རབ་བཞིའི་ཚེས་བརྒྱད་དམ། ཉའི་ཉིན་མོར་ལྷ་འཕྲོད་དགེ་བསྙེན་ཡན་ཆད་ཀྱི་སྡོམ་པ་དང་ལྡན་པས་ཁྲུས་དང་གཙང་སྦྲ་གསོ་སྦྱོང་ལ་གནས་ཤིང་ཟས་དཀར་གསུམ་བརྟེན་ཏེ་ཉི་མ་གཅིག་ལ་རབ་གནས་བཅས་གྲུབ་པ་དང༌། ཁྱད་པར་ཉ་དྲུག་འཛོམ་པའི་བརྒྱད་
དམ་བཅོ་ལྔ་ལ་ཉིན་རྫོགས་བྱས་པ་ནི་ཁྱད་པར་དུ་གྱུར་པ་སྟེ། མ་གྲུབ་ན་ཚེས་གཅིག་ནས་བཅོ་ལྔའི་བར་དུ་བྲིས་ལ་ཡོན་ལྷ་བཟོ་རང་གིས་ཇི་ཙམ་འདོད་པ་སྦྱིན་ནོ། །བདག་བསྐྱེད་སྒོམ་བཟླས་དང༌། བུམ་པར་ཡིག་བཅུ་བཟླས་པའི་ཆུས་སྐུ་ཁྲུས་གསོལ། རས་བྲིས་ཡན་ལག་བཞི་རྫོགས་སུ་བསྐྱེད། སྤྱན་དབྱེ། སྙིང་པོའི་གཤམ་དུ་རྟེན་སྙིང་སྦྲེལ་བའི་མེ་ཏོག་དབུ་ལ་གདགས། ན་བཟའ་འབུལ། དེ་ནས་ཡན་ལག་བདུན་པ་དང་བཟླས་པ་བྱ། ཉིན་རྫོགས་ཁྱད་པར་ཅན་གྱི་སྐུ་ལ་ཆོ་ག་གཞན་མེད་ཀྱང༌། ཁྲུས་དང་རྟེན་སྙིང་མཆོད་པ་ཙམ་མམ། མེ་ཏོག་དབུ་ལ་ཕུལ་བ་ཁོ་ནས་ཆོག་གསུངས། ལུགས་སྐུ་སོགས་ལའང་དེ་བཞིན་ནོ། །གཉིས་པ་ནི། རབ་བཞིའི་བརྒྱད་ལ་སོགས་པ་ཡར་ཚེས་གཟའ་སྐར་བཟང་པོ་ལ་བབས་བའི་ཚེ་བསྙེན་སྒྲུབ་ལས་སྦྱོར་གྱི་དབུ་བརྩམ། བྲིས་སྐུ་མཎྜལ་མཆོད་གཏོར་སོགས་ཞལ་ལྷོར་བསྟན་ལ་བཤམ། འདི་རྒྱས་པའི་ལས་སྒྲུབ་གཙོ་ཆེ་བས་རང་ཉིད་གདོང་བྱང་དུ་ཕྱོགས་པས་འཁོད། རྣལ་འབྱོར་མའི་རྒྱུད་ཁུངས་སུ་བྱེད་པ་ལྟར་ན་གཙང་སྦྲ་སོགས་མ་གྲུབ་ཀྱང་དོ་གལ་ཆུང་མོད། འོན་ཀྱང་ཇོ་བོ་ཆེན་པོའི་ཕྱག་སྲོལ་དཀྱུས་སུ་འཇག་པ་ལྟར་རྣམ་འཇོམས་ལ་སོགས་པ་བཟླས་པའི་ཁྲུས་ཆབ་ཀྱིས་གནས་ཁང་ཡོ་བྱད་རང་དང་བཅས་པ་ལ་ཁྲུས་བྱ་ཞིང་བསྙེན་པའི་ཚེ་ཤ་ཆང་སོགས་སྤངས་ནས་རྡོར་དཀར་གདན་གཅིག་གྲུབ་ན་རབ། ཡུན་རིང་བ་ལྟ་བུས་མ་ནུས་ཀྱང་སྒོག་བཙོང་སོགས་ངག་གི་ནུས་པ་ཉམས་པ་དང༌། ཆང་དང་གོས་ངན་སོགས་གཉིད་རྨུགས་ཉམས་གྲིབ་གཡེང་བ་འབྱུང་བའི་རྒྱུ་རྣམས་རིང་དུ་སྤངས་ལ་གཟུངས་ཆུས་ཁྲུས་ཡང་ཡང་བྱ། གལ་ཏེ་གསོ་སྦྱོང་ལ་གནས་པར་འདོད་ན་སློབ་དཔོན་བྷ་བ་བྷ་དྲས་མཛད་པ་ལྟར་ལེགས། ཐོག་མར་འདི་ལ་འཇུག་པས་འགྲུབ་པའི་སྐལ་པ་ཡོད་མེད་བརྟག་ན་བློ་བཟང་པའི་ཡིག་ཆ་ལྟར་བྱ། ཚེ་བསོད་ཉམས་རྟོགས་འཕེལ་
བའི་རྟེན་འབྲེལ་དུ་ཐོ་རངས་སམ། ཉི་ཤར་ནས་ཐུན་གྱི་དབུ་བཙུགས་ཏེ་ཚེ་ཁྲིད་ལྟར་ཉམས་སུ་ལེན་ན་སྔོན་འགྲོ་རྒྱས་པར་དགོས་ཀྱང་བསྙེན་པ་དཀྱུས་མ་ཙམ་ལ། སྔོན་གཏོར་བཏང༌། སྒོ་རྩར་ཐོ་དཀར་པོ་བརྩིགས་པ་རྒྱལ་ཆེན་བཞིའམ་བདུད་རྩི་འཁྱིལ་པར་མངའ་གསོལ། ཡུངས་ཐུན་གུ་གུལ་དུད་པ་དྲག་སྔགས་སོགས་ཀྱིས་བགེགས་བསྐྲད་ལ་སྲུང་འཁོར་སྤྱི་འགྲོ་བརྟན་པར་བསྒོམས་ཏེ་བསྙེན་པ་མ་གྲོལ་བར་དུ་མི་བསྡུ་བར་ཡང་ཡང་གསལ་འདེབས། བསང་ཆུ་བསྒྲུབ། གནས་ཡོ་བྱིན་རླབས་བྱས་ལ། སྐྱབས་སེམས་ལན་གྲངས་ནན་ཏན་དང༌། ཚོགས་བསགས་ནས་བརྩམས་བདག་བསྐྱེད་མཆོད་བསྟོད་བར་དུ་བཏང་ལ། ཐོག་མར་ལྷའི་སྐུ་གཞལ་ཡས་ཁང་གདན་དང་བཅས་པ་གསལ་གདབ་ལ་སེམས་འཛིན། དེ་ནས་ཐུགས་ཀའི་ཡིད་བཞིན་འཁོར་ལོ་གསལ་འདེབས། དེ་དག་ལ་གསལ་སྣང་ཅི་རིགས་མ་སྐྱེས་བར་དུ་ངག་བཟླས་ལ་མི་རྔམས་པར་རྩེ་གཅིག་ཏུ་བསྒོམ། མན་ངག་འདིའི་ལུགས་ཀྱིས་འཁོར་ལོ་ཡང་ཐོག་མར་རྩིབས་བརྒྱད་ལྟེ་བར་ཏཱྃ། ཀླད་ཀོར་གྱི་སྟེང་དུ་ཨོཾ་བྱ་ལྡིང་བ་ལྟ་བུ། འ་འདོགས་ཀྱི་འོག་འཁོར་ལོའི་ལྟེ་བ་ཁོང་སེང་ན་ཧཱ། རྩིབས་བརྒྱད་ལ་འབྲུ་བརྒྱད་བསྒོམ་པར་བཞེད། ཚེ་ཤམ་སྤྲེལ་སྐབས་བཟླས་དམིགས་དཀྱུས་ལྟར་བསྣན་པ་ཡིན། ཕྱག་མཚན་མེ་ཏོག་རྩེ་མོ་གསུམ་པ་དང༌། འཁོར་ལོ་མུ་ཁྱུད་རིམ་ལྔར་དབྱངས་གསལ་རྟེན་སྙིང་རྡོ་རྭ་མེ་རིས་བསྐོར་བ་ནི་བ་རི་ལུགས་སོགས་ཀྱི་འགྲེས་ཤོར་བ་ཡིན། ཇོ་ལུགས་རང་རྐང་ལ་མེད་དེ་རྩ་བའི་རྒྱ་གཞུང་དང་ཁུངས་ཐུབ་ཀྱི་མཁས་པ་མང་པོའི་ཡིག་ཆར་གསལ་བ་མ་ཟད། བླ་མའི་ཞལ་རྒྱུན་ལའང་དེ་ལྟར་དུ་འབྱུང་ངོ༌། །ཞྭ་དམར་དྲུག་པས་ངག་བཟླས་ཀྱི་ཚེ་འཁོར་ལོ་དང་ཡིག་འབྲུ་གཡས་གཡོན་ཏུ་འཁོར་བར་གསུངས་པའང་འཇམ་དཀར་གྱི་འགྲེས་ཤོར་བ་སྟེ་གཞན་གྱིས་མི་བཞེད། དེས་ན་འཁོར་ལོ་ཡིག་འབྲུ་རྣམས་གཡོ་མེད་ཤིན་ཏུ་བརྟན་པ། དཀར་
པོ་འོད་ཟེར་འབར་བ་དང༌། སྐུ་མི་འགྱིང་དྲང་པོར་བསྒོམ་པ་གནད་དུ་གསུངས་སོ། །དེ་ལྟར་བསྒོམས་པས་གསལ་སྣང་ཅི་རིགས་སྐྱེས་ནས། ཐོག་མར་འགོག་བཟླས། དེ་ནས་རྡོར་བཟླས་གང་འགྲུབ་དང༌། སྤྲོ་བསྡུ་བཅས་ཡི་གེ་བཅུ་པའི་ངག་བཟླས་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཐར་གཤམ་ཅན་བརྒྱ་རྩ་རེ་ཙམ་བཟླས་ཀྱང་རུང༌། སྐབས་འདིར་ངེས་པར་དགོས་པ་ནི་མ་ཡིན། ཐུན་མཐར་མཚན་བཅས་ཀྱི་རྫོགས་རིམ་གཉིས་ཀ་ཁྱུག་ཙམ་མམ་སྲོད་དང་ཐོ་རངས་ཐུན་མཐར་སྲུང་འཁོར་བཟླས་པ་སྟོང་ཕྲག་ཙམ་རེ། ཐུན་གཞན་གཉིས་ཀྱི་མཇུག་གམ་གང་བདེར་ཚེ་ཕུར་གདབ་པ་ཚར་རེ་བསྒོམ། ཐུན་མཐར་བསྡུ་ལྡང་དགེ་བསྔོ་གྲུབ་ནས་གཏོར་འབུལ་ཆག་མེད་དུ་བྱ། ཐུན་མཚམས་སུ་བྱ་བའི་རིམ་པ་གཞན་བདུན་པོ་ཐམས་ཅད་ཆག་མེད་དུ་འགྲུབ་དགོས་པ་མ་ཡིན་ཀྱང་རེ་རེ་ལའང་དགོས་པ་ཕན་ཡོན་ཆེན་པོ་དང་ལྡན་པས་ལག་ལེན་ཏུ་གང་ཐེབས་ངེས་པར་བྱའོ། །སླར་ཐུན་ལ་འཇུག་པ་ནི། སྐྱབས་སེམས་ནས་བརྩམ། གཏོར་འབུལ་གྲུབ་ཀྱི་བར་བཏང་ནས་ཡིག་བཅུ་ལ་བསྙེན་ཚད་རབ་འབྲིང་ཐ་མ་གང་རུང་མ་སོང་བར་དུ་དེ་ཁོ་ན་ལྟར་བྱ། སྤྱིར་འདི་ཁོ་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པའི་ལུང་དང་ལོ་རྒྱུས་རྒྱ་ཆེར་འབྱུང་མོད་ཀྱི། སྐབས་འདིར་གཙོ་བོར་ཚེ་སྒྲུབ་པ་ཡིན་པས་བསྙེན་ཚད་སོང་ནས་དམིགས་གནད་དཀྱུས་ལྟར་ལ་གཙོ་བོར་ཚེ་ཤམ་ཅན་བཟླ་བའི་ཕྱག་ལེན་སྣང་ཞིང་དེའི་བར་སྐབས་སུ་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི་བཅུད་བདུད་རྩིར་བསྡུས། ཕྱག་གི་ལྷུང་བཟེད་ནང་དུ་ཞུགས། ཞུ་ཞིང་ཁོལ་བའི་བདུད་རྩིའི་རྒྱུན་རང་གི་ཚངས་བུག་ནས་མར་ཞུགས། ལུས་ཐམས་ཅད་གང་བར་མོས་གསུངས། འོན་ཀྱང་ཇོ་བོའི་ལུགས་ཀྱི་ཚེ་སྲིང་བའི་དམིགས་པའི་གཙོ་བོ། སྤྲོ་བསྡུ། བཟླས་པ། རྡོར་བཟླས། སྲུང་འཁོར། ཚེ་ཕུར་གདབ་པ་ལྔ་པོ་ཡིན་པས་དཀྱུས་སུ་བསྟན་པ་ཉིད་ལ་མཆོག་སྒྲུབ་པ་དང་ཚེ་སྲིང་བའི་
དམིགས་གནད་ཐམས་ཅད་ཚང་བས་ངག་བཟླས་སྐབས་ཐུན་གྱི་ཐོག་མཐར་གཤམ་ཅན་ཅུང་ཟད་རེ་དང་དངོས་གཞི་ཡིག་བཅུ་ཁོ་ན་བཟླས་ཀྱང་ལེགས་པ་ཉིད་དོ། །གལ་ཏེ་རང་དོན་བསྙེན་སྒྲུབ་སྔོན་ཏུ་སོང་བས་བླ་མའི་སྐུ་རིམ་ལྟ་བུར་བྱེད་ན། འོད་ཟེར་གྱིས་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བར་ཆད་བསལ། འཕགས་མ་སྒྲོལ་མ་མཆོག་གསུམ་རྩ་གསུམ་དང་བཅས་པའི་བྱིན་རླབས། ཁྱད་པར་འཆི་མེད་ཚེའི་དངོས་གྲུབ། བརྟན་གཡོའི་བཅུད་ལ་སོགས་པ་བསྡུས། བླ་མ་ལ་ཐིམ་པས་སྐུ་ཚེ་མཛད་ཕྲིན་འགྲོ་དོན་མཐའ་དག་རྒྱས་པར་མོས། རྩ་བའི་བླ་མ་ཡིན་ན་རང་གི་སྤྱི་བོར་བཞུགས་པ་དང༌། གཞན་ལ་གང་དུ་བཞུགས་པ་དེར་ཐིམ་པར་བསམ། སྔགས་གཤམ་མ་མའི་ཚབ་ཏུ་མཚན་སྔགས་སྦྱར། གང་ཟག་གཞན་ལའང་དེས་རིགས་འགྲེ། ཚེ་སྒྲུབ་གཙོ་བོའི་བཟླས་པའི་སྐབས་འདིར་ནི་རབ་ཏུ་ཐུན་བཞི་ཀའི་མཐར། འབྲིང་དུ་སྔ་ཐུན་དང་སྲོད་ཐུན་གཉིས། ཐ་མས་ཀྱང་སྔ་ཐུན་གྱི་མཇུག་ཏུ་མཆོད་ཆོག་རྒྱས་པ་རེ་ངེས་པར་བྱ་ཞིང༌། གཞན་རྣམས་ལ་གཏོར་འབུལ་ཁོ་ན་བྱ། དེའང་ཐུན་བསྡུ་གྲུབ་ནས། བསང་ཆུ་དང་གནས་ཡོ་བྱིན་རླབས་ཐུན་འགོར་གྲུབ་ན་འདིར་མི་དགོས་པས། མཎྜལ་དང་རྟེན་ལ་མདུན་བསྐྱེད་ཡན་ལག་བཞི་རྫོགས་བསྐྱེད། སླར་ཡང་ཚོགས་ཞིང་སྤྱན་འདྲེན་སོགས་མདུན་བསྐྱེད་སྐབས་ལྟར་ལ། མ་ལུས་སེམས་མགོན་ཙམ་ལས་ཚིགས་བཅད་རིགས་མི་དགོས། སྔགས་ཙམ་གྱིས་ཆོག ཆུ་གཉིས་ཉེར་སྤྱོད། མཎྜལ། བསྟོད་པ་འཁོར་བ་ལས་སྒྲོལ། གཏོར་འབུལ་ཐུན་མཚམས་བྱ་བའི་སྐབས་བཞིན་དང༌། འདོད་དོན་གསོལ་གདབ་སོགས་བྱ་བ་ཡིན་ནོ། །བགྲང་ཕྲེང་དུང་ཤེལ་གསེར་སོགས་ལས་མཐུན་ལ་རྗེ་དགུ་པ་སོགས་ཀྱིས་བྱ་རྒྱུད་ལྟར། ཨོཾ་བ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། ཞེས་དང༌། ཨོཾ་བཛྲ་ཨཙྪིནྡྷ་ལ་སྭཱ་ཧཱ། ཞེས་ལན་བདུན་ལ་སོགས་པས་བྱིན་གྱིས་བརླབ་པར་བཞེད། ཐུན་མཐར་
བཟླས་པའི་ཁ་སྐོང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་སོགས་བཟླ་བར་སྤྲོ་ནའང་འགལ་བ་མེད་དོ། །སྤྱོད་ལམ་ཐམས་ཅད་དུ་རང་རྗེ་བཙུན་མར་མོས། སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཡེ་ཤེས། ཐམས་ཅད་ཀྱང་བདེན་མེད་སྒྱུ་མ་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར། ཟས་སྐོམ་འབྲུ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་རང་ཉིད་ལྷར་གསལ་བ་ལ་མཆོད་པའི་ཚུལ་དང༌། གོས་སྟན་རྣམས་ཀྱང་འབྲུ་གསུམ་གྱིས་ཡེ་ཤེས་རང་སྣང་གི་རྒྱན་ཏུ་བྱིན་གྱིས་བརླབས་ལ་ལོངས་སྤྱོད། ཉལ་བའི་ཚེ་མཚན་མེད་རྫོགས་རིམ་ལྟར་སྟོང་པ་ལ་བློ་བཞག་པའམ། ཐུགས་སྲོག་གི་བར་དུ་བསྡུས་ནས་ཏཱྃ་ཡིག་ལ་བློ་བཞག་པའམ། རང་ཡི་དམ་གསལ་བའི་ཐུགས་སྲོག་ཏཱྃ་ཡིག་འོད་འབར་བ་ལ་སེམས་གཏད་ནས་གཉིད་དུ་འགྲོ་བ་གང་བདེར་བསླབ། ལྡང་བའི་ཚེ་ཡི་དམ་ནམ་མཁར་བྱོན་ནས་ཡི་གེ་བཅུ་པའི་སྒྲས་བསྐུལ་བར་བསམས་ལ་ལྡང་ངོ༌། །གཉིས་པ་བསྙེན་ཚད་ལ་གསུམ། དུས། རྟགས། གྲངས་སོ། །དང་པོ་ནི། ངག་གི་དབང་ཕྱུག་གིས། རྩེ་གཅིག་པ་ཡི་སེམས་ཀྱིས་ནི། །ངེས་པ་བརྟན་པོས་ཟླ་དྲུག་བསྒོམ། །ཡི་གེ་བཅུ་པའི་སྔགས་འདི་ནི། །སྐྱོ་བ་མེད་པའི་སེམས་ཀྱིས་བཟླ། །ཞེས་དང༌། དེ་ཉིད་ཀྱི་སློབ་མ་ཐུ་བོས། ཆེད་དུ་ཟླ་བ་དྲུག་གི་བར། །སྒྲོལ་མའི་ཐུགས་ཀྱི་འཁོར་ལོ་ནི། །བསྒོམས་པས་དངོས་གྲུབ་ཀུན་ཐོབ་ཅིང༌། །འཆི་བའི་སྐྱོན་གྱིས་མི་གོས་སོ། །ཞེས་པ་ནི་དུས་བསྙེན་རྒྱས་པའི་ལུགས་དང༌། འབྲིང་ཟླ་གསུམ། ཐ་མ་ཟླ་གཅིག་ལ་སོགས་པར་བཟླས་པ་ཅི་འགྲུབ་བྱས་པས་ཕན་ཡོན་དཔག་ཏུ་མེད་ཅིང༌། ཡང་མཐར་ཞག་བདུན་ཙམ་ལ་མཚམས་བཅད་དེ་གུས་སྤྲོ་དང་བཅས་ཏེ་བཟླས་པས་ཀྱང་དུས་མ་ཡིན་པའི་འཆི་བ་ཟློག་ནུས་པ་མྱོང་བས་གྲུབ་བོ་ཞེས་ཀུན་མཁྱེན་ཆེན་པོས་གསུངས། རབ་གཉིད་གཅག་སྔགས་དང་མ་བྲལ་བར་བགྲངས་ན་ཞག་བདུན་ལ་འགྲུབ་ཅིང་གྲངས་དུས་ལས་ལྷག་པར་འགྲུབ་ན་ངེས་པར་ཞལ་
མཐོང་ཞིང་ལས་རབ་འབྱམས་འགྲུབ་ཅེས་རྗེ་དགུ་པས་གསུངས་སོ། །གཉིས་པ་ནི། རྟགས་དངོས་ལས་དང་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བ་ཡིན་མོད་ཀྱི། དེ་དག་འགྲུབ་པའི་སྔ་ལྟས་ཙམ་མམ། རྗེ་བཙུན་མས་བྱིན་གྱིས་རློབ་ཅིང་རིག་སྔགས་ལ་ནུས་པ་མངའ་བའི་རྟགས་ལས་དང་པོ་པ་ལ་ཉམས་དང་རྨི་ལམ་དུ་འབྱུང་བར་རིགས་པ་སྟེ། སློབ་དཔོན་ལྷན་སྐྱེས་རོལ་པས་གཙུག་དྲིའི་འགྲེལ་པར། རྨི་ལམ་དུ་བྱུང་བ་ནི་རྗེས་སུ་སྤྱོད་པའི་རྟགས་ཏེ། ལས་དང་པོ་པས་མང་དུ་བརྗོད་ན་བྱ་བ་དང་བྱ་བ་མ་ཡིན་པ་སྔགས་ཀྱི་མཐུས་རྨི་ལམ་དུ་ཤེས་པར་བྱེད་དོ། །ཞེས་གསུངས་སོ། །དེས་ན་རྨི་ལམ་དུ་བླ་མ་གོང་མ་ཐུགས་དགྱེས་པ། བུད་མེད་ཆས་བཟང་གྱོན་པས་སྤྲས་པ་དང་དཀར་གསུམ་སྦྱིན་ཅིང་ལུང་སྟོན་པ། གོས་དཀར་རྒྱན་བཟང་ཐོགས་པ། ཉི་ཟླ་ཤར་བ། རོལ་མོ་བསྒྲགས་པ། ཕྱག་མཚན་མཆོད་རྟེན་སྐུ་གཟུགས་མཇལ་བ། འཇིགས་པ་ལས་ཐར་པ་སོགས་དང༌། ཁྱད་པར་གྱི་རྟགས། སྒྲེ་པའི་ཞལ་ནས། མེ་ཏོག་དང་སཱཙྪ་རྨིས་ན་འཆི་བ་དང་བར་ཆད་བཟློག་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས། འབུམ་ཕྲག་གསུམ་མམ་འབུམ་ཕྲག་དྲུག །འབུམ་ཕྲག་བཅུ་བཟླས་ལས་ཀུན་འགྲུབ། །ཅེས་དང༌། ངག་དབང་གྲགས་པས། སྔགས་ནི་ཡི་གེའི་གྲངས་ཀྱི་འབུམ། །ཞེས་གསུངས་པས་འབྲུ་འབུམ་གཅིག་བསྙེན་ཚད་ཡིན་ལ། རྩོད་དུས་སུ་ནི་བཞི་འགྱུར་ལ་སོགས་པར་བཟླ་དགོས་པའང་བཞེད། གྲུབ་ཆེན་རིན་པོ་ཆེས། ཡིག་བཅུ་འབུམ་ཚོ་བརྒྱ་བཟླས་ན་ཡོན་ཏན་འཕགས་མ་སྒྲོལ་མ་དང་མཉམ་པར་གསུངས་སོ། །ཞེས་གསུངས་ཤིང༌། བྱེ་བ་གཅིག་སོང་ན་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་བར་བཤད། འོན་ཀྱང་སྤྱན་སྔ་བའི་ཞལ་ནས། འདིའི་བསྙེན་པ་འབུམ་ཚོ་གཅིག་བསྐྱལ་ན་བར་ཆད་གང་གིས་ཀྱང་མི་ཚུགས། འདི་ཕྲིན་ལས་ཀྱི་ལྷ་ཡིན་པས་
འགྲུབ་སླ་ཞིང་གེགས་མེད་ཅེས་གསུངས་ཏེ་རྒྱུད་ཀྱི་ལོ་རྒྱུས་སོགས་ལས་རྒྱས་པར་བཤད་པ་བཞིན་རྒྱུ་མཚན་ཆེ་བས་ཡིད་ཆེས་པའི་གནས་སོ། །གསུམ་པ་ནི། བསྙེན་པ་གྲུབ་མ་ཐག་ཏུ་སྒྲུབ་པའི་བཅའ་གཞི་བཤམ། ཐུན་བཞི་ལ་བདག་མདུན་བུམ་པ་སྒྲུབ་ཅིང་གཏོར་འབུལ་རྗེས་ཆོག་བཅས་ཚང་བར་བྱེད་པ་ལས། བཟླས་པའི་གཙོ་བོ་མདུན་བསྐྱེད་དང༌། གལ་ཏེ་བུམ་ཆུ་སྒྲུབ་པ་སོགས་དང་འབྲེལ་ན་བུམ་བཟླས་བུང་བསྐྱེད། རྗེས་ཀྱི་མཆོད་བསྟོད་སོགས་མདོར་བསྡུས་དང་གཤེགས་གསོལ་མི་བྱ་བར་བརྟན་བཞུགས་ཁོ་ན་བྱ། ཞག་བདུན་ཡན་ཆད་སྒྲུབ་པའི་གྲངས་ཐེམས་ནས། བསྙེན་སྒྲུབ་ཀྱི་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་གོང་བསྙེན་ཇི་ཙམ་འགྲུབ་པའི་བཅུ་ཆ་གཅིག་ངེས་པར་བྱ། ཚར་ལུགས་སོགས་ཀྱིས་ལས་སྦྱོར་གྱི་བརྡར་བཞག་པ་བཞིན། དམིགས་བསལ་ཚེ་སྤེལ་བར་འདོད་ན་རྒྱས་པའི་སྦྱིན་སྲེག་དུས་སྐབས་དེ་ཉིད་དམ་གཞན་ཏུའང་རུང་འབུམ་ཕྲག་ལ་སོགས་པའི་གྲངས་ཇི་ཙམ་མང་བ་ལེགས་པས་དེ་བཞིན་དང༌། གལ་ཏེ་ལས་ཚོགས་སུ་བཤད་པའི་སྲུང་འཁོར་ལ་སོགས་པ་བསྒྲུབ་པར་འདོད་ནའང་སྒྲུབ་པའི་མཇུག་ཐོག་དེར་ཞག་གསུམ་བདུན་ལ་སོགས་པའམ། དུས་གཞན་ཏུའང་རུང་བདག་མདུན་བཟླས་པ་དང་བཅས་པའི་སྒོ་ནས་སྒྲུབ་ཅིང༌། སྒྲུབ་པ་ཟིན་པའི་རྗེས་སུ་རྗེ་དགུ་ལ་སོགས་ཀྱིས་བདག་འཇུག་རྒྱས་པར་བཤད་ཀྱང་འདིར་བཏང་སྙོམས་སུ་བྱས་ལ། སྤྲོ་ན་རྗེས་གནང་ལྟར་རང་གིས་བླངས་ཀྱང་འགལ་བ་མེད། རྗེས་ཀྱི་བྱ་བ་རྣམས་ནི་རྒྱས་པར་བྱ་ཞིང་བུམ་ཆུ་སོགས་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་ལོངས་སྤྱད། མཚམས་ཀྱི་སྤང་བླང་རྣམས་ནི་སྤྱི་ལྟར་ཤེས་དགོས་ཀྱང༌། མདོར་ན་དད་པ་དང་དམ་ཚིག་གཉིས་ལ་རགས་ལས་ཏེ། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་ལས། དད་དང་ལྡན་པའི་མི་རྣམས་ནི། །སངས་རྒྱས་ལས་ཀུན་འགྲུབ་པར་འགྱུར། །
ལྷ་རྣམས་ཀུན་དང་ཁྱད་པར་དུ། །གསང་སྔགས་རྣམས་ནི་ཐམས་ཅད་ནི། །དད་པ་མེད་ན་མི་འགྲུབ་བོ། །ཞེས་དང༌། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་མདོ་ལས། མེ་ཏོག་སད་ཀྱིས་ཁྱེར་བའི་འབྲས་བུ་ལ། །སོ་ནམ་བྱས་ཀྱང་མྱུ་གུ་མི་སྐྱེ་ལྟར། །སྡོམ་ཉམས་ཐེ་ཚོམ་ཟོས་པའི་གང་ཟག་གིས། །ཤིན་ཏུ་ཟབ་པའི་རིག་སྔགས་བསྒྲུབས་གྱུར་ཀྱང༌། །བྱིན་རླབས་འབྱུང་ངོ་སྙམ་ཡང་འབྱུང་མི་སྲིད། །རྩོལ་བ་དེ་དག་ངལ་བ་དོན་མེད་འགྱུར། །རིག་སྔགས་དེ་ཡང་སྐྱེ་བོའི་ཚིག་དང་མཚུངས། །ཏིང་འཛིན་རྣམས་ཀྱང་བྱིས་པའི་བསམ་པ་འདྲ། །སྐྱོན་མེད་སྐྱེས་བུས་རིག་སྔགས་དེ་བསྒྲུབས་ན། །ཇི་ལྟར་འདོད་པ་བཞིན་ཏུ་མྱུར་དུ་འགྲུབ། །དཔེར་ན་ནྱ་གྲོ་དྷ་ཡི་ས་བོན་ནི། །ཤིན་ཏུ་ཕྲ་ཡང་ཆུ་ལུད་ལེགས་བྲན་ན། །དགུན་ཟླ་བདུན་ན་དཔག་ཚད་ཙམ་དུ་སྐྱེ། །བེམས་པོ་ཕྱི་ཡི་འགྱུར་ཡང་དེ་འདྲ་ན། །རིག་པས་རིག་པ་བསྒྲུབ་པ་ལྟ་ཅི་སྨོས། །འོད་གསལ་ནང་གི་འགྱུར་ལ་དཔག་ཏུ་མེད། །ཅེས་གསུངས་སོ། །དེ་དག་ཡོད་དུ་ཟིན་ཀྱང་ཆོ་ག་ལོག་པར་བསྒྲུབས་ན་མདའ་མེད་པའི་གཞུ་ལྟར་དོན་མི་འགྲུབ་པས་ཆོ་ག་ཚད་ལྡན་ཏུ་བསྒྲུབ་པ་གལ་ཆེ་སྟེ། རལ་པ་གྱེན་བརྫེས་ལས། དངོས་གྲུབ་དཔལ་དོན་གཉེར་བའི་མི། །བརྒྱ་བྱིན་བདེ་སོགས་བདག་པོ་ཡང༌། །ཆོ་ག་ཉམས་ན་མི་འགྲུབ་སྟེ། །ཆོ་ག་ཡང་དག་ལྡན་གྱུར་ན། །མི་ཡི་སྐྱེ་བོ་ཕལ་པ་ལའང༌། །འབད་པ་ཡིས་ནི་ལས་རྣམས་ཀུན། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་ལ་འཕྲིགས་ཚུད་དེ། ད་ལྟ་ལྷ་འདི་ཉིད་ལ་གཡར་དམ་དུ་འཆའ་བ་ཁ་ཅིག་ཀྱང་ཆོ་ག་ཉམས་པ་བཞིར་བཞག བཟླ་ཚུལ་སོགས་མི་ཚེ་འཕུལ་བའི་ལས་ཐབས་ཙམ་དུ་མཐོང་ནས་ཁོ་བོས་ཀྱང་བླ་མའི་བཀའ་བཞིན་ཅི་ནུས་སུ་ཕྱེས་ཏེ་རང་གཞན་ལ་ཕན་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་པས་སོ། །བརྒྱད་པ་དེ་
ལྟར་བསྒྲུབས་པའི་ཕན་ཡོན་མདོར་བསྡུས་སྨོས་པ་ལ་གཉིས། རྩ་སྔགས་ཀྱི་ཕན་ཡོན། སྒོམ་བཟླས་སྤྱིའི་ཕན་ཡོན་ནོ། །དང་པོ་ནི། སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལས། ཡི་གེ་བཅུ་པ་གསུངས་པའི་འཕྲོས་སུ། འདི་ནི་དངོས་གྲུབ་ཐམས་ཅད་བྱེད་པའོ། །ཞེས་དང༌། ལས་སྣ་ཚོགས་པའི་རྒྱུད་ལས། འཇམ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང་སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུར་རོ། །མི་ཁོམ་པ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཚེ་རབས་དྲན་པ་དང་དབང་པོ་གསལ་བ་དང་ཡིད་གཞུངས་པར་འགྱུར་རོ། །བཟོའི་གནས་ཐམས་ཅད་ལ་མཁས་པར་འགྱུར་རོ། །སྟོབས་དང་མདངས་དང་གཟི་མདངས་ཕུན་སུམ་ཚོགས་པར་འགྱུར་རོ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་སྲུང་བ་དང་སྐྱོབ་པ་དང་སྦེད་པ་དང་ཕན་པར་བྱེད་དེ། གང་དུ་ཕྱིན་པ་ཐམས་ཅད་དུ་བཀྲ་ཤིས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་འབྱུང་སྟེ་མཆོག་ཐུན་མོང་ལས་ཚོགས་དང་བཅས་པ་སྔགས་འདི་ཁོ་ནས་འགྲུབ་པར་བྱེད་དོ། །གཉིས་པ། ཡིད་བཞིན་འཁོར་ལོ་སྒོམ་པ་དང་འབྲི་བ་དང་འདོགས་པ་དང་མཆོད་པ་ལ་སོགས་པའི་ཕན་ཡོན་སྒྲོལ་མ་མངོན་འབྱུང་ལས། ནད་དང་བཙོན་ལས་ཐར་བ་དང༌། །ཚེ་དང་ལོངས་སྤྱོད་བརྩོན་འགྲུས་དང༌། །དབང་ཕྱུག་དང་ནི་བློ་གྲོས་འཕེལ། །ཞེས་དང༌། སློབ་དཔོན་ངག་དབང་གྲགས་པས། ཚངས་དབང་ཁྱབ་འཇུག་ཉི་ཟླ་དང༌། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང༌། །བ་སྤུའི་རྩེ་མོའང་མི་གཅོད་པར། །འཆི་བདག་ལྟ་བུར་འཆི་ལས་རྒྱལ། །སྐྲ་དཀར་གཉེར་མ་སྐལ་ངན་དང༌། །ནད་དང་དབུལ་བ་ཀུན་ཟད་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་ནི་འཇིག་པར་བྱེད། །མ་བསླངས་པར་ནི་ཟས་སྐོམ་སོགས། །ཁང་བཟང་གོས་ལ་སོགས་པ་རྙེད། །རལ་གྲི་མིག་སྨན་རྐང་བྱུག་དང༌། །བུམ་བཟང་ལ་སོགས་དངོས་གྲུབ་རྣམས། །སྙན་ངག་སྨྲ་མཁས་རྩོད་པ་བྱང༌། །
གཅིག་ཏུ་དྲི་མེད་ཤེས་རབ་དང༌། །འདོད་པའི་དངོས་གྲུབ་གཞན་དག་ཀྱང༌། །འཁོར་ལོ་འདི་ལས་ལེགས་པར་འབྱུང༌། །ཞེས་དང༌། གྲུབ་ཆེན་པཀྵིས། སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་ཡོད། །བྱ་བ་ཡིན་པས། འདི་ལ་བསྙེན་སྒྲུབ་ཚད་དུ་སྐྱོལ་ན་ཡོན་ཏན་རིགས་ཀྱི་ཡུམ་ལྔ་དང་མཉམ་པ་འབྱུང་བ་ཡིན། རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཀྱིའང་ལས་ཀྱི་ལྷ་མོར་མངའ་གསོལ་བ་སྒྲོལ་མ་ཡིན་པས་འཇིགས་པ་ཐམས་ཅད་ལས་སྒྲོལ་ཞིང་སྐྱོབ་པ་དང༌། བར་ཆད་ཐམས་ཅད་སྲུང་བའི་ཕྱིར་ན་སྒྲོལ་མ་ཞེས་བྱ་བའི་དོན་དེ་ཡིན་ནོ། །ཞེས་དང༌། རྗེ་བཙུན་གྲགས་པས། མཆོག་ལ་བདེ་མཆོག་དང༌། ཐུན་མོང་ལ་སྒྲོལ་མ་ལས་ཟབ་པ་དང་མྱུར་བ་མེད་ཅེས་དབུ་བསྙུང་བཞེས་པར་གྲགས་ཤིང༌། ཆོས་ཀྱི་རྒྱལ་པོ་འཕགས་པས། ཐུན་མོང་ལྷ་ལ་སྒྲོལ་མ་དང༌། །ཐུན་མོང་མིན་ལ་བདེ་བའི་མཆོག །ཤིན་ཏུ་སྒྲུབ་ཐག་ཉེའོ་ཞེས། །བླ་མ་མཆོག་གི་གསུང་ལས་བྱུང༌། །འདི་ལ་གཏན་ཚིག་བཟང་པོ་མཐོང༌། །ཞེས་གསུངས་ཏེ་གཏན་ཚིགས་ནི་རྒྱུད་དང་ལོ་རྒྱུས་གསེར་ཕྲེང་སོགས་ལས་རྟོགས་པར་འགྱུར་རོ། །རྟག་བདེའི་རང་བཞིན་དངོས་ཀུན་ཟ་མ་ཏོག །རྒྱལ་བ་ཉི་མ་འཆར་བའི་ཟབ་གསལ་མཁའ། །འགྲོ་དྲུག་སྒྲོལ་མཛད་ཞབས་སེན་ཟླ་བ་ནི། །རལ་པའི་ཁྲི་ལ་འབྲལ་བ་མེད་པར་བསྟི། །རིང་དུ་འཚོ་དང་ཐར་པ་དོན་གཉེར་བ། །མཐོ་རིས་འཇིག་རྟེན་ནོར་གྱི་མཆོག་སྒྲུབ་ན། །མཚུངས་མེད་ཐབས་འདི་སྐོམ་པས་བདུད་རྩི་བཞིན། །མི་བསྟེན་མི་ཡི་འགྲོ་བ་འགའ་ཡོད་དམ། །དྲི་མེད་གཞུང་ལུགས་ཟླ་བའི་མེ་ལོང་ན། །འཚོ་ཐབས་བདུད་རྩིའི་རེ་ཁཱ་རྫོགས་པ་ལས། །འཆི་མེད་དགོས་རྒུའི་འདོད་པ་འཇོ་བ་གང༌། །འཕགས་མའི་བྱིན་རླབས་རི་མོར་ཤར་བ་སྙམ། །རང་དང་གཞན་ལ་ཕན་འདོད་བློ་གྲོས་ཀྱིས། །གསལ་བར་ཕྱེས་འདིར་གྲོང་ཁྱེར་ལམ་སྲང་ལྟར། །ཞུགས་ནས་འཆི་
མེད་རྟག་པའི་ཁང་བཟང་དུ། །རྡོ་རྗེ་བཙུན་མོའི་རྒྱལ་སྲིད་ལ་སྤྱོད་ཤོག །དུས་མིན་དུས་ཀྱི་ཆད་པ་ཕྱིར་བསྙིལ་བའི། །རྣམ་རྒྱལ་ས་ལ་མི་ཕྱེད་རྡོ་རྗེ་བཞི། །གྲུབ་པའི་བཅུད་ལེན་མཁའ་ཁྱབ་འགྲོ་བ་ལ། །སྦྱིན་བྱེད་འཇིག་རྟེན་གསུམ་གྱི་ཡུམ་གྱུར་ཅིག །ཅེས་པ་འདིའང་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་བཙུན་བླ་མ་འཇམ་དཔལ་དབྱངས་དངོས་མཁྱེན་ནུས་བརྩེ་བའི་གཏེར་ཆེན་མཆོག་གིས་ཡང་ཡང་བཀའ་སྩལ་གནང་བ་གཙུག་ཏུ་མཆོད་ནས། སྒྲོལ་མ་བླ་མེད་དང་ཇོ་བོ་ལུགས་དང་བ་རི་ལུགས་ཀྱི་ཚེ་ཁྲིད་རིགས་གཉིས་གཙོས་འདི་ཉིད་ཀྱི་ལུགས་སྲོལ་མང་དུ་ཐོས་ཤིང་ཅུང་ཟད་ཁོང་དུ་ཆུབ་པ། རྫོགས་པའི་སངས་རྒྱས་པདྨ་ཉིན་བྱེད་དབང་པོའི་ཞབས་པད་རིགས་བདག་ཏུ་བྱེད་པའི་དགེ་སྦྱོང་ལྟར་སྣང་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། རྗེ་དགུ་པ་དབང་ཕྱུག་རྡོ་རྗེ། རྗེ་བཙུན་ཏཱ་ར་ནཱ་ཐ། ཀུན་མཁྱེན་དྷརྨཱ་ཀ་ར་སོགས་བྱིན་རླབས་དང་ལུང་རྒྱུན་ལྡན་པའི་གསུང་གསང་འདོན་ཆའི་རིགས་བསླད་མེད་གཞིར་བཞག རྒྱུད་དང་ཡིག་རྙིང་གི་དགོངས་པ་ཕྱོགས་སུ་བསྡེབས་ཏེ་འདུས་ཤིང་གསལ་བར་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་དཀར་པོའི་གྲལ་ཚེས་ཟླ་བ་གྲོ་བཞིན་ལ་སྤྱོད་པའི་འགྲུབ་སྦྱོར་བཟང་པོར། རྒྱས་པའི་དུས་ཀྱི་ཆར་འགྲུབ་པར་བགྱིས་པ་དཔལ་ལྡན་བླ་མ་དང་བསྟན་འཛིན་སྐྱེས་བུ་རྣམས་ཞབས་པད་རྡོ་རྗེ་ལྟར་བརྟན་ཅིང༌། མཐའ་ཡས་པའི་སྐྱེད་གུས་རྗེ་བཙུན་འཕགས་མའི་གསང་བ་གསུམ་འགྲུབ་པའི་རྒྱུར་གྱུར་ཅིག དགེ་ལེགས་འཕེལ།། ༈ །སྒྲོལ་དཀར་རིལ་སྒྲུབ་ཀྱི་ལག་ལེན་བཞུགས་སོ། །ནོ་མོ་ཨཱརྻཱ་ཏཱ་རཱ་ཡཻ། སྒྲོལ་དཀར་རིལ་བུ་སྒྲུབ་ཚུལ་ཡིག་རྙིང་ལས་དོན་གྱིས་བསྟན་ཅིང༌། གྲུབ་ཆེན་ཀརྨ་པ་སོགས་ཀྱིས་ཆེ་ཐང་དུ་གསུངས་པ་ལྟར། མཁས་གྲུབ་ཀྱི་སྐྱེས་བུ་མང་པོས་ཕྱག་གཞེས་བར་མ་ཆད་པར་མཛད་པའི་ཚེའི་ནོར་བུ་བསྒྲུབ་པར་འདོད་པས། རྒྱུད་དང་གྲུབ་ཆེན་རྣམས་ཀྱི་
དགོངས་པ་ལྟར། འབྲས་བུ་གསུམ་ཆ་མཉམ། དེ་གསུམ་དང་ཆ་མཉམ་བྷྲྀངྒ་རཱ་ཛའམ་མ་རྙེད་ན་ར་མོ་ཤག་དུས་བརྐོས་ཏེ་སྨན་སྣ་ཞི་དང༌། བཟང་པོ་དྲུག ལྔ་ཚན་ལྔ་རྣམས་རྩ་བར་སྦྱར། ནུས་སྐྱེད་ཀྱི་ཡན་ལག་ཏུ་རྩ་བ་ལྔ་དང༌། རྟག་དུ་རིགས་གསུམ། ཁྱད་པར་རྒྱུད་ཡན་ལག་བརྒྱད་པ་ལས་གསུངས་པ། ཅོང་ཞི། བྲག་ཞུན། བུ་རཾ། སྦྲང་རྩི། མར་གསར་འོ་མ་དང་བཅས་ཏེ་དྭངས་མ་ལྔ་དང༌། ཤུག་འབྲུ། བ་ལུ། འཚེ། མཁན་དཀར་ཏེ་བདུད་རྩི་བཞི་བཅས་རྒྱུད་དེ་ཉིད་ལས་བཤད་པའི་ཕྱག་ལེན་ཚད་ལྡན་ཏུ་སྦྱར་བ་སྟེ་སྨན་རྣམས་གཙང་ཞིང་དག་པ་དང༌། གོང་མ་རྣམས་ཀྱིས་བསྒྲུབས་པའི་ཚེ་རིལ་དང་ཚེ་ཆུ་རིལ་བུ་སེལ་མེད་སྐྱོབས་སུ་སྦྱར་ཏེ་གླ་བའི་རིལ་མ་ཙམ་ལས་མི་ཆུང་བའི་རིལ་བུ་ཟླ་བའི་མདངས་ཅན་སྐམ་ཐག་ཆོད་པ་དང༌། གུ་གུལ་དུད་པས་བདུག་ཅིང་སྦྱོང་བ་བགེགས་བསྐྲད་ཁྲུས་གསོལ་ལེགས་པར་བྱས་ནས། བུམ་པ་ཆེ་ཚད་ཁ་རྒྱན་མགུལ་ཆིངས་དང་ལྡན་པའི་ནང་དུ་བླུགས་ལ་གཟུངས་ཐག་བཏགས་ཏེ་དཀྱིལ་འཁོར་དུ་བཀོད། ཚེ་བསོད་རྒྱས་པའི་ལས་སྒྲུབ་པ་མཚོན་སླད་ན་བཟའ་སེར་པོ་གསོལ་ཀྱང་རུང༌། བདག་མདུན་བུམ་པའི་སྒྲུབ་ཚུལ་སྤྱིར་གཞུང་བཤད་ཁོ་ན་ལྟར་ལས། ཁྱད་པར་བུམ་བསྐྱེད་སྐབས། ནང་དུ་ལྔ་ཚན་ལྔ་སོགས་བཅུད་ཀྱི་རིལ་བུས་ཡོངས་སུ་གང་བའི་དབུས་སུ། ཞེས་དང༌། ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་རིལ་བུ་རྣམས་ལ་ཐིམ་པས་འཆི་མེད་གྲུབ་པའི་བཅུད་ལེན་གྱི་མཆོག་ཏུ་གྱུར། ཅེས་དང༌། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཏུ་ཞུ་བ་རིལ་བུ་རྣམས་དང་དབྱེར་མེད་པར་གྱུར། ཅེས་བསྒྱུར། རྗེས་ཆོག་སྐབས་བརྟན་བཞུགས་ནན་ཏན་དང་རྟེན་འབྲེལ་སྙིང་པོ་ལ། སུ་པྲ་ཏིཥྛ་བཏགས་པ་ལན་བདུན་ལ་སོགས་པ་བརྗོད། དེ་ལྟར་བསྒྲུབས་པའི་རིལ་བུ་དེ་བྱིན་ནུས་དགོས་པ་མཆོག་དང་ལྡན་པ་ཡིན་པས་གཟའ་སྐར་བཟང་པོའི་ཐོ་རངས་ནས་བརྩམ། རྒྱུན་ཏུ་རེ་རེ་བསྟན་ཅིང་དམ་ཚིག་མི་
གཙང་བ་དང་སྡིག་ཅན་སོགས་ལ་སྦྱིན་པར་མི་བྱའོ། །ཞེས་པའང་སྔར་བརྩམས་པའི་ཆོ་གའི་ཟུར་འདེབས་སུ་བློ་གྲོས་མཐའ་ཡས་ཀྱིས་སོ། །དགེ་ལེགས་འཕེལ།། ༈ །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒོམ་བཟླས་རྡོ་རྗེའི་ཡ་ལད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བརྩེ་ལྡན་འཇིགས་པ་ཀུན་སྐྱོབ་མ། །མྱུར་མཛད་དཔའ་མོ་ལ་བཏུད་ནས། །གང་ཞིག་དྲན་ན་འཇིགས་སེལ་བ། །རྒྱུད་དང་གྲུབ་པའི་གསུང་བཞིན་འཆད། །གང་སྒྲུབ་པ་པོ་ཡི་གེ་བཅུ་པའི་བཟླས་པ་ཐེམས་ཤིང་ཏིང་ངེ་འཛིན་ལ་གསལ་སྣང་ཅི་རིགས་སྐྱེས་པས་འཇིགས་བརྒྱད་སྐྱོབ་པའི་ལས་བྱེ་བྲག་ལ་ལག་ཏུ་ལེན་པར་འདོད་ན། སྐྱབས་སེམས་སྔོན་ཏུ་བཏང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་རང་སེམས་ཏཱྃ་ལྗང་གུ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་ཨུཏྤལ་སྔོན་པོ་ཏཱྃ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་ཞལ་བཞི་ཕྱག་བརྒྱད་མ། པཱ་ལ་ཤའི་ཁ་དོག་ལྟར་ལྗང་གུ། ཕྱག་དང་པོ་གཉིས་ཨུཏྤ་ལའི་ཕྱག་རྒྱ་ཐུགས་ཀར་འཆིང་བ། ལྷག་མ་གཡས་གསུམ་ཕྲེང་བ་དཀར་པོ་མདའ་ཆེན་འཁོར་ལོ། གཡོན་གསུམ་རྒྱལ་མཚན་གཞུ། བདུད་རྩིས་གང་བའི་བུམ་པ་བསྣམས་པ། འཛུམ་པའི་མདངས་ལྡན་འོད་ཟེར་འཕྲོ་བའི་སྐུ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ཏཱྃ་ཡིག་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱི་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ས་བོན་གྱི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་བདུད་རྩིའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་སྤྱི་བོར་འཁྱིལ་
པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ༴ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤབྡའི་བར། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག་གིས་བསྟོད། ཐུགས་ཀར་པད་ཟླ་ལ་འཁོར་ལོ་ལྗང་གུ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ། དེའི་མཐར་མདུན་ནས་གཡས་སྐོར་གྱིས། ཨོཾ་མཱཾ་སརྦ་བྷ་ཡེ་བྷྱོ་རཀྵ་ཧཱ།«་་་་་གཞན་སྲུང་ན་མཱཾ་གྱི་མལ་དུ་གང་བསྲུང་བའི་མིང་གཞུག» རྩིབས་བརྒྱད་ལ་འབྲུ་བརྒྱད། དེ་ཙམ་མམ། རྒྱས་པར་སྤྲོ་ན། དེའི་ཕྱི་རོལ་མུ་ཁྱུད་བདུན་དང་ལྡན་པའི་དང་པོ་ལ་ཡེ་དྷར། གཉིས་པར་རྡོ་རྗེའི་ཕྲེང་བ་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཧཱ་བསྲུང་བྱ་ལ་རཀྵ་རཀྵ་ཧཱུྃ། གསུམ་པར་དབྱངས་གསལ། བཞི་པར་འཁྱིལ་བའི་«་་་་་ཕྲེང་སྔགས་སོ།» གཟུངས། ལྔ་པར་རལ་གྲི་ཏཱྃ་གྱིས་མཚན་པ། དྲུག་པ་ལ་ཧཱུྃ་ཡིག བདུན་པར་མེ་དཔུང་གི་ཕྲེང་བས་བསྐོར་བ། ཐམས་ཅད་ཀྱང་ཁ་དོག་ལྗང་གུ། འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་བྱིན་རླབས་བསྡུས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་བསལ་ནས་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་འཁོར་ལོ་ལ་ཐིམ་པས་ནུས་སྟོབས་མཆོག་ཏུ་འབར་བར་གྱུར། ཅེས་མོས་ལ་རྩ་སྔགས་ཡི་གེ་བཅུ་པ་གྲངས་སམ་རྟགས་མཐོང་དུ་བཟླ་ཞིང༌། ཐུན་མཐར་གཤམ་ཅན་ཡང་བརྒྱ་རྩ་ཙམ་རེ་བཟླས་ལ་མཆོད་བསྟོད་བྱ། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་ཐམས་ཅད་རང་ཉིད་ལ་འདུས། རང་ཐུགས་ཀའི་འཁོར་ལོ། དེ་ཏཱྃ་ཡིག དེའང་མས་རིམ་གྱིས་ཡལ་ཏེ་སྤྲོས་པ་ཀུན་དང་བྲལ་བའི་སྟོང་པ་ཉིད་དོ། །སླར་སྐད་ཅིག་གིས་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱ། འདི་ཉིད་རྒྱུད་ནས་དངོས་སུ་བསྟན་ཅིང་འཇིགས་བརྒྱད་སྐྱོབ་པའི་སྒོམ་བཟླས་རྣམས་ཀྱང་འདིའི་ཡན་ལག་ཡིན་པས་བསྙེན་པ་ཟུར་དུ་ཐོན་ན་ལེགས་ཤིང༌།
གལ་ཏེ་མི་འགྲུབ་པའམ་མི་སྤྲོ་བར་སྒྲོལ་དཀར་ལྟ་བུའི་རྣལ་འབྱོར་ལ་བརྟེན་ནས་ལས་ཚོགས་འདི་རྣམས་སྦྱར་བར་འདོད་ན། སྒྲོལ་དཀར་ཉིད་ཕྱག་བརྒྱད་སྒྲོལ་མར་གནས་འགྱུར་བའམ། སྒྲོལ་དཀར་རྣལ་འབྱོར་ཁོ་ནས་ཀྱང་རུང་སྟེ། སྔོན་ལ་ཡི་གེ་བཅུ་པའི་བཟླས་སྒོམ་ཅུང་ཟད་རེ་བྱས་ནས་འཇིགས་སྐྱོབ་སྒྲོལ་མ་གང་ཡིན་པ་དེ་ཐུགས་ཀ་ནས་སྤྲོ། །བཟླས་པ་ཅི་འགྲུབ་བྱ། མཐར་མཚན་བརྒྱ་གང་འགྲུབ་འདོན། སླར་ལྷ་མོ་རང་གི་ཐུགས་ཀར་བསྡུས་ལ་བདག་བསྐྱེད་བསྡུ་ལྡང་བྱའོ། །དེ་ལ་དང་པོ་སེང་གེ་སྟག་གཟིག་དྲེད་སྤྱང་སོགས་གཅན་གཟན་གྱི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་ལྷ་མོ་སེང་གེའི་གདོང༌། །ནག་མོ་འཁོར་ལོ་མེ་དཔུང་འཛིན་པ་ནི། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །གདུག་པའི་གཅན་གཟན་ལུས་རེངས་སེམས་རྨོངས་ཤིང༌། །ཁ་བཅིངས་ཡུལ་ཁམས་གཞན་ཏུ་བསྐྲད་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྷ་ཡ་ཤ་མ་ནི་སརྦ་དུརྒ་ཏི་ཏཱ་ར་ནི་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ། །གཉིས་པ་གླང་ཆེན་མ་ཧེ་གཡག་རྒོད་སོགས་ཕྱུགས་ཀྱི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་ལྷ་མོ་གླང་ཆེན་གདོང༌། །དུད་ཀ་གསུས་པ་འཕྱང་ཞིང་མཆེ་བ་གཙིགས། །གཡས་གཡོན་རལ་གྲི་ཤརྦུ་ལ་བསྣམས་པ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །འཚེ་སེམས་ལྡན་རྣམས་སེམས་དངངས་ལུས་འདར་ཞིང༌། །དྲག་ཤུལ་སྦྱོར་བས་བསྐྲད་ཅིང་བྱེར་བར་གྱུར། །ཨོཾ་དཱི་ར་ད། བ་ད་ནི་ཨེ་ཀ་དཾཥྚཱི་མཧཱ་ན་སེ་ལམྦོདྷ་རི་ཀརྡྷ་ཀརྡྷ་ཏྲ་ས་ཡ་ཏྲ་ས་ཡ་ཤོ་ཥ་ཡ་ཤོ་ཥ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསུམ་པ་དགོན་གནས་གྲོང་ཁྱེར་ནགས་ཚལ་སོགས་ལ་མེའི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་དྲག་མོ་མེ་ཡི་མདོག །ཞལ་རས་བདུན་མངའ་ལྗགས་བདུན་གློག་ལྟར་སྐྱོད། །ཕྱག་གཉིས་ནོར་བུ་ཆུ་ཡི་དལ་བསྣམས་པ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །ཆུ་རྒྱུན་ཆེན་པོས་མེ་
ཡི་འཇིགས་འཇོམས་གྱུར། །ཨོཾ་ཤི་ཁཱི་བ་ད་ནེ་མ་ཧཱ་ཨུལྐཱ་མུ་ཁཱི། ཛྭ་ལ་མཱ་ལི་ནཱི་སབྟ་ཛི་ཧཱི། སཔྟ་མུ་ཁཱི་བི་ཤྭ་ན་རི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བཞི་པ་དུག་ཐམས་ཅད་དང༌། སྦྲུལ་སྡིགས་སོགས་ཁུང་བུར་གནས་པའི་སྲོག་ཆགས་རྣམས་ཀྱི་འཇིགས་པ་སྐྱོབ་པ་ནི། རང་གི་ཐུགས་ལས་ལྷ་མོ་ཆུ་ཤེལ་མདོག །སྦྲུལ་མགོའི་གདེངས་ཀ་བདུན་ལྡན་སྦྲུལ་རྒྱན་ཅན། །ཕྱག་བཞིས་བུམ་པ་སྦྲུལ་ཞགས་ནོར་བུ་དང༌། །སྨན་གྱི་དབང་པོའི་སྣོད་འཛིན་ཡིད་ཙམ་ཁྲོ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་ནི། །བདུད་རྩིའི་རྒྱུན་གྱིས་བརྟན་གཡོའི་དུག་རིགས་རྣམས། །བ་མོར་ཉི་ཟེར་ཕོག་བཞིན་བཅོམ་པར་གྱུར། །ཨོཾ་པ་ནཱི་མ་ཧཱ་པ་ནཱི་ཀྲྀཥྞ་ནོ་ཏྲི་ཨེ་ཀ་ད་ན་ཛི་ཧྭཱི་ཀ་རེ་ཎ། ཙ་ལཱ་ཡ་ཙ་ལཱ་ཡ་མཧཱ་བི་ཥ་བྷ་ཀྵི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལྔ་པ་ཆོམ་རྐུན་དགྲ་ཇག་སོགས་མིའི་འགྲོ་བའི་གནོད་པ་སྲུང་བ་ནི། རང་གི་ཐུགས་ལས་ཁྲོ་མོ་མིག་སྨན་མདོག །དབུ་སྐྲ་གྱེན་བརྫེས་ཕྱག་དྲུག་རལ་གྲི་མདུང༌། །དགྲ་སྟྭ་མདའ་གཞུ་ཕུབ་ཆུང་འཛིན་པ་ནི། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །གནོད་བྱེད་ཐམས་ཅད་རྨོངས་བསྐྲད་དབྱེ་རེངས་སོགས། །ཚར་བཅད་བསྲུང་བྱ་མི་འཇིགས་གོ་ལྡན་གྱུར། །ཨོཾ་ཁཌྒ་ཧ་སྟི་བྷྲྀ་ཀུ་ཊཱི་མུ་ཁཱི་ཨུདྡྷ་ཀེ་ཤ་མ་ཧཱ་ན་དི་ཀྲྀཥྞ་ཨཉྫ་ན་བྷརྞ་ཙིནྡ་ཙིནྡ་བྷིནྡ་བྷིནྡ་ཨུཏྟ་ར་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དྲུག་པ་བཙོན་ར་ལྕགས་སྒྲོག་ཞགས་པ་ཆད་པ་སོགས་རྒྱལ་པོའི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོ་ནི། །པདྨ་རཱ་གའི་མདངས་ལྡན་ཞི་མ་ཁྲོ། །གཡས་བཞིས་ལྕགས་ཀྱུ་གཡོན་བཞིས་ཞགས་པ་བསྣམས། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །སེམས་བསྒྱུར་ཡིད་གཡོས་ཁྲོས་པའི་ངར་ཞི་ནས། །བརྩེ་ཞིང་ཆགས་ཏེ་བཅིངས་པ་རང་གྲོལ་གྱུར། །ཨོཾ་རཀྟ་ཝརྞེ་པཱ་ཤཱངྐུ་ཤ་ཧ་སྟི་མཧཱ་ར་བི། མཧཱ་བ་ལ་ས་ར་ས་ར་བི་ས་ར། གྲྀཧྣ་གྲྀཧྣ་ཨཱ་ཀརྦྷ་ཨཱ་ཀརྦྷ་མཧཱ་དུརྒ་ན་མུ་ཙཱ་ལཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བདུན་པ་ཆུ་ཆེན་
གྲུ་ཟམ་ཤྭ་སྒུད་སོགས་ཆུའི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་ལྷ་མོ་གསེར་གྱི་མདོག །གཡས་གཡོན་རི་རབ་ས་ཡི་དཀྱིལ་འཁོར་བསྣམས། །ནོར་བུ་མེ་འབར་ཕུང་པོ་ལ་གནས་པ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །མར་ལ་ལྕགས་སྲེག་ཕོག་བཞིན་ཆུ་རྒྱུན་སྐེམས། །ཆུ་འདྲེ་ཚར་བཅད་མཱ་ཀིའི་རང་བཞིན་གྱུར། །ཨོཾ་ཛ་ལེ་ཛ་ལེ་མཧཱ་ཛ་ལེ་ཏཱ་ར་ཡ་ཏཱ་ར་ཡ་ཨུ་ཏཱ་ར་ཡ་ཨུ་ཏཱ་ར་ཡ། ཤྲྀངྑ་ལ་ཧ་སྟི་མཧཱ་ཛ་ཝེ་ཨེ་ཀ་བཱི་རི་མཧཱ་ཀཱ་རུ་ཎེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བརྒྱད་པ་ཤ་ཟ་སྲིན་པོ་གནོད་སྦྱིན་གཟའ་ཀླུ་སོགས་གདོན་གྱི་འཇིགས་པ་སྐྱོབ་པ་ནི། རང་གི་ཐུགས་ལས་ལྷ་མོ་ཟླ་བའི་མདོག །ཕྱག་བཅུ་དང་པོས་སྐྱབས་སྦྱིན་ཆོས་འབྱུང་འཛིན། །ལྷག་མ་བརྒྱད་ཀྱིས་གདོན་ཆེན་བཅོ་བརྒྱད་སྡིགས། །བཅུ་ཕྲག་ཞབས་ཀྱིས་གདོན་ཆེན་རྣམ་པར་གནོན། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །གདོན་བགེགས་བསྲེགས་མནན་བསྡིགས་ཤིང་གཟིར་ནས་ཀྱང༌། །དབང་མེད་རྒྱ་མཚོའི་ཕ་མཐར་བསྐྲད་པར་གྱུར། །ཨོཾ་མཧཱ་གམ་གྷཱི་རེ་ཡེ་མཧཱ་ཀཱ་རུ་ཎི་ཀ་བྷ་ག་ཝཱཾ་བཱ་ལེ་བ་ར་ད་ཨ་བྷ་ཡ་ཧ་སྟྭི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྔགས་མང་དུ་བཟླ། འདི་དག་གི་རྗེས་ཀྱི་བྱ་བ་ནི་གོང་དུ་སྨོས་པ་ལྟར་རོ། །དེའང་བསྙེན་སྒྲུབ་གྲངས་རྟགས་སྔོན་ཏུ་ཐེམས་པའི་རྣལ་འབྱོར་པས། རང་གཞན་གང་ཡང་རུང་བར་འཇིགས་པ་དེ་དག་བྱུང་མ་ཐག་སྒོམ་བཟླས་བྱ་བའི་ཚུལ་ནི་བཤད་མ་ཐག་པ་ལྟར་ལ། མ་བྱུང་བའི་སྔ་རོལ་ནས་སྲུང་འདོད་པས། སྒྲོལ་དཀར་ཆོག་གཞུང་ལས་ཚོགས་སྐབས་སུ་བཤད་པའི་སྲུང་འཁོར་ཆེ་བ་སྤེལ་ཚིག་ཁ་བསྒྱུར་སོ་སོར་བཅས་བྲི་གཞི་དཀར་པོར་ཙནྡན་དཀར་པོའི་ཁུ་བ་བསྲེས་པའི་རྫས་ཀྱིས་བྲིས་པ་དང་ལྷན་ཅིག ལྟེ་བའི་ཐད་དུ་འཇིགས་སྐྱོབ་སོ་སོའི་སྔགས་བྱང་ཤོག་བུ་གྲུ་བཞིར་ཕྲེང་དུ་བྲིས་ཏེ་གཞུག་ལ་རབ་གནས་སྐབས། འཇིགས་སྐྱོབ་སོ་སོའི་ལྷ་རང་ཐུགས་ནས་སྤྲོས་བསྐྱེད་བསྟིམས་མཆོད་ཞུ་བ་སོགས་བྱས་ནས་བསྲུང་བྱ་ལ་གདགས་
པའམ། སོ་སོའི་སྐུ་དང་སྔགས་བྱང་རབ་གནས་ལྡན་པའམ། མ་འགྲུབ་ན་སྲུང་སྐུད་དཀར་པོ་ལ་མདུད་པ་བོར་ཏེ་འཇིགས་སྐྱོབ་ཀྱི་ལྷར་བསྒོམས་ནས་སྔགས་གདབ་ཅིང་བཏགས་པས་ཀྱང་སྲུང་བའི་མཆོག་ཏུ་འགྱུར་རོ། །ཚུལ་བཞིན་བསྒྲུབས་ན་སྨོས་ཅི་དགོས། །དྲན་པ་ཙམ་གྱིས་འཇིགས་སྐྱོབ་མའི། །སྒོམ་བཟླས་རྒྱུད་བཞིན་བྲིས་པའི་དགེས། །ལུས་ཅན་གཏན་གྱི་འཇིགས་སེལ་ཤོག །ཅེས་པའང་སྐྱེ་དགུ་ལ་མི་འཇིགས་པ་སྦྱིན་པའི་གོ་ཆ་གཟོད་ནས་བཞེས་པ། ཀུན་མཁྱེན་བླ་མའི་བཀའ་ལུང་རྗེས་སུ་སྒྲུབ་སླད། སྒྲོལ་མ་འབྱུང་བའི་རྒྱུད་གསང་བདག་སྒྲོལ་བའི་མགོན་པོའི་ཕྱག་མཚན་ཅན་གྱི་དགོངས་པ་མ་འཁྲུལ་བ་ཁྱེར་བདེར་བསྡེབས་པ་སྟེ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུའོ། །དགེ་ལེགས་འཕེལ།། ༈ །སྒྲོལ་དཀར་སྨོན་ལམ་བསམ་འགྲུབ་ལྷའི་ལྗོན་ཤིང་ཞེས་བྱ་བ། ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡེ། དུས་གསུམ་གཤེགས་པའི་ཡུམ་མཆོག་རྗེ་བཙུན་མ། །ཡིད་བཞིན་འཁོར་ལོ་རྒྱལ་བ་སྲས་དང་བཅས། །གཤེགས་བཞུགས་འདུ་འབྲལ་མེད་ཀྱང་གཉུག་མའི་རྩལ། །གཟུང་འཛིན་འཁྲུལ་པས་བསླད་པའི་སྣང་ཚུལ་དུ། །སྔོན་གྱི་ཐུགས་དམ་ཆེན་པོ་དེང་བསྐུལ་ན། །གསོལ་འདེབས་བུ་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །མཚན་དཔེའི་དཀྱིལ་འཁོར་སྙིང་དབུས་དྲི་མེད་མཁའ། །བདེ་ཆེན་འཁོར་ལོར་བྱང་ཆུབ་སྙིང་པོའི་བར། །རྟག་བརྟན་ཞི་བ་ཐེར་ཟུག་ངོ་བོ་རུ། །བཞུགས་ནས་ཡེ་ཤེས་ཆེན་པོའི་བྱིན་རླབས་སྩོལ། །དོན་དམ་སྐྱབས་གསུམ་རང་བཞིན་འཕགས་མའི་འཕྲུལ། །འཁོར་འདས་སྤྲོས་བྲལ་ངང་དུ་མཉམ་ཕྱག་འཚལ། །དམིགས་མེད་སྙིང་རྗེ་རིས་མེད་དམ་ཆོས་བཟུང༌། །ཚད་མེད་ཞིང་སྦྱོང་ཀུན་བཟང་མཆོད་པས་མཆོད། །འཁོར་གསུམ་གདོད་ནས་མ་གྲུབ་ལྟ་བའི་མཁར། །དུག་གསུམ་ཉེས་པའི་རྒྱུ་འབྲས་སྟོངས་པས་བཤགས། །འདུས་མ་བྱས་པ་ཀུན་ཁྱབ་བདེ་གཤེགས་སྙིང༌། །ཟག་མེད་དགེ་བའི་ཕུལ་
ལ་རྗེས་ཡི་རང༌། །བརྗོད་པ་ལས་འདས་སྟོང་ཉིད་ཆོས་ཀྱི་རྔ༌། །སྲིད་ཞི་ཀུན་འགེངས་དབྱངས་སུ་བརྡུང་དུ་གསོལ། །སྐྱེ་བ་མེད་པས་འགག་པའི་མཐའ་བྲལ་ཕྱིར། །མི་གནས་གནས་པ་ཆེན་པོར་བཞུགས་སུ་གསོལ། །སེམས་ཅན་བྱང་ཆུབ་གཉིས་སུ་མ་གྲུབ་པས། །ཆོས་རྣམས་ངོ་བོ་ཡོངས་གྲུབ་གཤིས་སུ་བསྔོ། །སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་སླད་དུ།«་་་་་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་མདོ་ཚིག» །བྱང་ཆུབ་སེམས་ནི་བདག་གིས་བསྐྱེད་པར་བགྱི། །བདག་གིས་སེམས་ཅན་ཐམས་ཅད་མགྲོན་ཏུ་གཉེར། །བདུད་རྩིའི་བདེ་བས་ཡང་དག་ཚིམས་པར་བགྱི། །གཉིད་ཀྱིས་རབ་ལོག་སེམས་ཅན་ཤེས་རབ་ཀྱི། །མཐུ་དང་སྒྲུབ་པས་རྣམ་པར་སད་པར་བགྱི། །རྣམ་པར་འཕྲུལ་བ་མཐའ་ལས་སྟོན་བྱེད་ཅིང༌། །བདེ་བར་གཤེགས་བཀའ་ཡིད་འོང་ཡེ་ཤེས་དང༌། །ཆགས་པ་མེད་པའི་སྤྱོད་མཆོག་སྟོན་པར་བགྱི། །རྒྱལ་བ་རྣམས་ཀྱིས་ཤིན་ཏུ་བསྔགས་མཛད་པ། །མཁས་པ་ཀུན་ཏུ་བཟང་དང་འཇམ་དཔལ་དབྱངས། །རྗེ་བཙུན་སྒྲོལ་མས་བྱང་ཆུབ་སྤྱོད་མཛད་པ། །ཐམས་ཅད་མ་ལུས་བདག་གིས་སློབ་པར་བགྱི། །དེ་དག་ལ་སོགས་ཞིང་རྡུལ་གྲངས་སྙེད་ཀྱི། །མི་མཆོག་དཔའ་བོ་དུས་གསུམ་གཤེགས་རྣམས་ཀྱི། །ཐུགས་བསྐྱེད་སྨོན་ལམ་རྣམ་ཐར་ཏིང་ངེ་འཛིན། །མ་ལུས་བདག་གཞན་ཀུན་གྱིས་འགྲུབ་པར་ཤོག །བདག་དང་ཕ་མ་མཁའ་མཉམ་འགྲོ་བ་ཀུན། །སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་པར། །བསམ་བཞིན་སྲིད་པར་འཇུག་པ་མ་གཏོགས་པ། །མ་དག་ཞིང་དང་ངན་འགྲོར་མི་སྐྱེ་ཤོག །དག་པའི་ཞིང་སྐྱེས་མངོན་པར་ཤེས་དང་ལྡན། །སངས་རྒྱས་བྱང་སེམས་ཡང་དག་དགེ་བའི་བཤེས། །མཇལ་ཞིང་རྗེས་བཟུང་ཐུགས་ཡིད་གཅིག་ཏུ་འདྲེས། །ལོག་ལྟ་དམ་སེལ་མིང་ཡང་མི་གྲགས་ཤོག །སྐྱེ་བ་ཀུན་ཏུ་བྱང་སེམས་མི་བརྗེད་ཅིང༌། །ཐེག་ཆེན་ཆོས་སྤྱོད་དགེ་བའི་གྲོགས་དང་འགྲོགས། །ཁྱད་པར་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །ཚེ་གཅིག་གདོད་མའི་གྲུབ་མཐའ་
སྙོགས་པར་ཤོག །བསླབ་པ་གསུམ་དང་རྡོ་རྗེའི་དམ་ཚིག་ལ། །ཉམས་ཆགས་འགལ་སོགས་སྡིག་ལྟུང་སྒྲིབ་པའི་ལས། །སྔར་བསགས་མ་ལུས་གཏན་ནས་བྱང་བ་དང༌། །ཕྱིན་ཆད་རྨི་ལམ་དུ་ཡང་མི་འབྱུང་ཤོག །མཐོ་རིས་ཡོན་ཏན་བདུན་ཐོབ་ཁྱད་པར་དུ། །ནད་མེད་ཚེ་དང་འགྲིབ་མེད་བསོད་ནམས་དང༌། །དྲི་མེད་བློ་གྲོས་ཡར་ངོའི་ཟླ་བ་དང༌། །དབྱར་གྱི་ཆུ་གཏེར་ལྟ་བུར་རྒྱས་པར་ཤོག །ཐོས་བསམ་སྒོམ་བྱུང་ཤེས་རབ་མཁའ་ལྟར་ཡངས། །འཆད་རྩོད་རྩོམ་པའི་སྣང་བ་ཉེ་བཞིན་བརྡལ། །མཁྱེན་བརྩེ་ནུས་པ་རྒྱ་མཚོའི་སྤྲིན་ཆེན་ལས། །མཁའ་མཉམ་སྨིན་གྲོལ་བདུད་རྩིའི་ཆར་འབེབས་ཤོག །བདུད་ཀྱི་ལས་རྣམས་རྟག་ཏུ་སྤོང་བ་དང༌། །ཆོས་སྤོང་ལས་ཀྱིས་ནམ་ཡང་མི་བསྒྲིབས་ཤིང༌། །ཆོས་དང་ཡོན་ཏན་ཀུན་གྱི་སྣོད་གྱུར་ནས། །ཕྱོགས་དུས་རྒྱལ་བའི་བསྟན་པ་འཛིན་བྱེད་ཤོག །དཔའ་བོ་སྙིང་སྟོབས་ཆེན་པོ་དུས་གསུམ་དུ། །གཤེགས་རྣམས་རྣམ་ཐར་བདག་ཉིད་ཁོ་ནས་བཟླུམ། །སྲས་བཅས་རྒྱལ་བས་ཡལ་བར་འདོར་བ་ཡི། །རྨུ་རྒོད་ཇི་སྙེད་བདག་གིས་འདུལ་བར་ཤོག །སྨོན་ལམ་དབང་གིས་སྲིད་ལ་མཚམས་སྦྱོར་ཀྱང༌། །མི་ཁོམ་བརྒྱད་དང་ཁྱད་པར་ལྟ་སྤྱོད་ལོག །ཟོག་པོ་ཁྲིམས་འཆལ་སྡིག་སྤྱོད་རྒྱལ་བློན་འབངས། །དུག་ཆང་སྨད་འཚོངས་ཐོན་པ་མུ་སྟེགས་ཅན། །ལུས་ངག་ཡིད་ཀྱི་དབང་པོར་སྐྱོན་ཞུགས་པ། །མདོར་ན་གཞན་ལ་གནོད་ཅིང་རང་རྒྱུད་ལ། །ཡོན་ཏན་སྐྱེ་བའི་རྒྱུ་རྐྱེན་མ་ཚོགས་པའི། །འགྲོ་བའི་ལུས་སུ་ནམ་ཡང་མི་སྐྱེ་ཤོག །སྒོ་གསུམ་ཁ་ན་མ་ཐོའི་སྐྱོན་བྲལ་ཞིང༌། །མཐོང་ཐོས་དྲན་རེག་ཐམས་ཅད་རང་བཞིན་གྱིས། །ཐར་པའི་ས་ལ་ཁ་ལོ་སྒྱུར་ནུས་པའི། །སྤྲུལ་པའི་ལུས་མཆོག་དཔག་མེད་འགྱེད་པར་ཤོག །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་དང༌། །རྨི་ལམ་དུ་ཡང་འབྲལ་བ་མ་མཆིས་པར། །རྗེས་སུ་བཟུང་ནས་བྱིན་
གྱིས་རློབ་པར་ཤོག །བག་ཆགས་དྲི་མའི་ཚོགས་ཀྱིས་མི་བསྒྲིབས་པར། །མཚན་དཔེའི་སྐུ་མཆོག་མངོན་སུམ་མཐོང་བ་དང༌། །ཚངས་དབྱངས་གསུང་གི་གདམས་པ་རྒྱུན་ཏུ་ནོད། །བདེ་སྟོང་ཐུགས་ཀྱི་དབྱིངས་དང་རོ་མཉམ་ཤོག །ནད་གདོན་སྡིག་སྒྲིབ་གློ་བུར་ཡེ་འདྲོག་དང༌། །འཇིགས་པ་བཅུ་དྲུག་དུས་མིན་འཆི་བའི་རྐྱེན། །མི་མཐུན་གནོད་པ་མཐའ་དག་རྗེ་བཙུན་མའི། །ཞབས་པད་དྲན་པའི་མོད་ལ་ཞི་གྱུར་ཅིག །ལུང་རྟོགས་ཡོན་ཏན་འབྱོར་པའི་ཕུན་ཚོགས་དྲུག །ཁྱད་པར་ཆོས་བཞིན་རིང་དུ་འཚོ་བའི་མཆོག །མངོན་པར་འདོད་པའི་དོན་འབྲས་ཅི་ཡང་རུང༌། །རྗེ་བཙུན་ཐུགས་རྗེ་ཅན་མས་མྱུར་སྩོལ་ཤོག །འཕགས་མས་བདག་གི་ཅོ་ཏོ་ནས་བཟུང་སྟེ། །ཉེས་པའི་ལམ་ལས་རྟག་ཏུ་ལྡོག་པ་དང༌། །ལེགས་པའི་ལམ་ལ་རྟག་ཏུ་འཁྲིད་པ་སོགས། །མ་ཡིས་བུ་གཅིག་བཞིན་ཏུ་བསྐྱང་གྱུར་ཅིག །ནམ་ཞིག་བེམ་རིག་བྲལ་ཚེ་གནད་གཅོད་ཀྱི། །སྡུག་བསྔལ་ཚོར་བ་སྤུ་ཙམ་མི་མྱོང་བར། །ལྷན་སྐྱེས་མཛེས་མ་ཤེས་རབ་ཕར་ཕྱིན་ཞལ། །མཐོང་བའི་དགའ་བས་གཞི་ཐོག་རང་གྲོལ་ཤོག །སྲིད་པ་བར་དོ་རྨི་ལམ་ཙམ་ཤར་ཡང༌། །སྐད་ཅིག་དེ་རུ་བཅོམ་ལྡན་འདས་མ་བྱོན། །མངོན་སུམ་ལག་པའི་མཁྲིག་མ་ནས་བཟུང་སྟེ། །བདེ་བ་ཅན་གྱི་ཞིང་དུ་འཁྲིད་པར་ཤོག །ཚེ་རབས་འདི་དང་ལུས་རྟེན་འདི་ཉིད་ལས། །སྲིད་པ་གཞན་ཏུ་ཉིང་མཚམས་མི་སྦྱོར་བར། །བདག་དང་བདག་གི་འབྲེལ་ཐོགས་འགྲོ་བ་ཀུན། །འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བར་ཤོག །ལས་ཀྱི་དབང་གིས་ཞིང་མཆོག་མི་བགྲོད་ན། །སྐྱེ་གཞན་མི་འཁྱམས་མཁའ་འགྲོའི་བསུ་བ་བཅས། །རི་བོ་ཏ་ལར་ཡིད་བཞིན་འཁོར་ལོའི་དྲུང༌། །མདའ་འཕངས་བཞིན་ཏུ་སྐྱེ་བ་ལེན་པར་ཤོག །ཡེ་ཤེས་ལང་ཚོས་གང་བའི་རྗེ་བཙུན་མ། །མངོན་སུམ་མཐོང་ནས་གདམས་པའི་བདུད་རྩི་ནོད། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་རབ་སྤྱོད་དེ། །འཕགས་མའི་རྣམ་ཐར་ཕྲིན་ལས་ཀུན་འགྲུབ་ཤོག །སྒྲིབ་པའི་
ལྷག་མ་མཐའ་དག་ཕྱིར་བསྙིལ་ཏེ། །མཁའ་ཁྱབ་འགྲོ་ཀུན་བདེ་བ་ཅན་ལ་སོགས། །ཕྱོགས་བཅུའི་ཞིང་ན་ད་ལྟར་འཚོ་གཞེས་པའི། །སངས་རྒྱས་རྣམས་ཀྱི་དྲུང་དུ་འདྲེན་པར་ཤོག །ཀུན་ཀྱང་སངས་རྒྱས་མཇལ་ཞིང་དམ་ཆོས་ཉེན། །བྱང་ཆུབ་མཆོག་ཏུ་ལུང་བསྟན་མྱུར་ཐོབ་སྟེ། །བཟང་པོ་སྤྱོད་པས་ཞིང་རྡུལ་གྲངས་སྙེད་ཀྱི། །ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱོང་བར་ཤོག །མཁའ་མཉམ་འགྲོ་བ་རེ་རེས་མཐའ་ཡས་པའི། །སངས་རྒྱས་མཛད་པ་སྒྲུབ་ལ་བདག་ལོ་ནས། །འཁོད་པར་གྱུར་ཚེ་བདག་ཉིད་དེ་ཀུན་གྱི། །རྣམ་ཐར་ཡོངས་རྫོགས་བྱང་ཆུབ་མངོན་བྱེད་ཤོག །བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཁྱད་པར་རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡུམ། །བདེན་པའི་མཐུ་ཡིས་བདག་གིས་གང་བཏབ་པའི། །སྨོན་ལམ་འདི་དག་གེགས་མེད་འགྲུབ་གྱུར་ཅིག །དེ་བཞིན་གཤེགས་པ་གཉིས་སུ་མི་གསུང་ཞིང༌། །ཆོས་ཉིད་བདེན་པ་གཞན་དུ་མི་འགྱུར་ལ། །བདག་གི་ལྷག་བསམ་རྣམ་པར་དག་པ་ཡི། །བདེན་པས་འདིར་བཏབ་སྨོན་ལམ་མྱུར་འགྲུབ་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཅེས་པ་འདིའང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ལ་བློ་སྦྱངས་ཤིང་ཉམས་རྟོགས་ཡོན་ཏན་གྱིས་བརྒྱན་པ། སྤང་ཕུག་བླ་མ་ཀརྨ་ངེས་དོན་ནས་ཆེད་དུ་བསྐུལ་མཛད་ངོར། སྒྲོལ་མའི་འབངས་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་དབེན་སྒྲོལ་མ་དགྱེས་པར་བྲིས་པ་སིདྡྷི་རསྟུ།། །།ཤུ་བྷཾ།། །།
དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག
དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡཻ། ག་བུར་ཉིང་ཁུས་བྱུགས་པའི་མཚན་དཔེ་ནི། །བདུད་རྩིའི་ཟེར་བརྒྱ་འཛག་པས་འཇིག་རྟེན་གྱི། །རིང་པོར་འཚོ་བའི་ཆུ་གཏེར་ཇི་སྙེད་སྤེལ། །སྙིང་གི་དཔྱིད་དུ་བླ་མའི་ངོ་བོར་བསྟི། །གང་ལས་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །ལམ་སྲོལ་འདི་ལས་གྲུབ་གཉིས་གཏེར་གྱི་མཛོད། །རང་གིས་སྤྱོད་ཅིང་གཞན་ལ་སྦྱིན་མཛད་པ། །དེ་དག་ཞབས་ལ་ཡན་ལག་མཆོག་གིས་བཏུད། །སྲོལ་མང་བདུད་རྩི་སྙིང་ལ་སེམས་མོད་ཀྱི། །ནུས་བཅུད་ཁྱད་འཕགས་རང་སྲོལ་ཇོ་བོའི་ལུགས། །ཀརྨ་ཀཾ་ཚང་རྗེ་བཙུན་ཇོ་ནང་པའི། །གདམས་ངག་ཆུ་བོ་གཅིག་ཏུ་བསྡུས་ནས་འཆད། །དེ་ལ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱད། །གང་ཕྱིར་རིག་པས་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་པ་ཡིན། །ཅེས་གསུངས་པ་ལྟར། བྱང་ཆུབ་སྒྲུབ་པའི་རྟེན་མཆོག་ལྷ་ལས་
ལྷག་པ་འདི་ཉིད་རིང་པོར་འཚོ་བའི་ཐབས་ལ་ཐོག་མ་ཉིད་དུ་སྒོ་ཐམས་ཅད་ནས་འབད་པར་རིགས་ཤིང༌། དེ་ལྟ་བུའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པ་ཐུགས་རྗེ་ཅན་དེའི་རིང་ལུགས་ལས་འབྱུང་བ་ལས། རྫས་སྨན་རྟེན་འབྲེལ་ཚོགས་བསགས་སོགས་ཕྱིའི་བྱ་བ་ལས་ཁྱད་པར་དུ་འཕགས་ཤིང༌། ནང་གི་རྣལ་འབྱོར་ལ་བརྟེན་པ་རྣམས་ཀྱི་རབ་དང་ཕུལ་དུ་གྱུར་པ། གནས་སྐབས་བརྒྱད་དང་བཅུ་དྲུག་སོགས་བྱང་ཆུབ་སྒྲུབ་པའི་གེགས་དང་བར་ཆད་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང༌། འཆི་བ་མེད་པའི་ཚེ་དང༌། མཐར་ཐུག་མཆོག་གི་དངོས་གྲུབ་དུས་ཐུང་ངུས་བདེ་བླག་ཏུ་འཐོབ་པར་བྱེད་པ། སྔགས་བླ་མེད་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་རྟའི་རྒྱལ་པོའི་རིགས་སྒྲོལ་མ་མངོན་འབྱུང་སོགས་ལས་གསལ་བར་གསུངས་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་གདམས་ངག་བདུད་རྩིའི་ཆུ་སྲོལ། གངས་ཅན་གྱི་ལྗོངས་འདིར་བཞི་དང་ལྔ་དང་དྲུག་སོགས་སུ་བབས་པ་ལས། སྐུ་ཚེའི་དངོས་གྲུབ་དང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཏེ་གྲུབ་གཉིས་བར་མ་ཆད་དུ་བརྙེས་པས། ཡིད་ཆེས་མྱོང་རྟགས་ཅན་གྱི་བརྒྱུད་སྲོལ་ཁྱད་པར་དུ་འཕགས་པ། འཇིགས་བྲལ་གྱི་སློབ་དཔོན་ངག་
དབང་གྲགས་པ་དང་མགོན་པོ་གསེར་གླིང་པའི་རྗེས་འབྲང་དཔལ་ལྡན་མར་མེ་མཛད་དང༌། རྒྱལ་བ་གཉིས་པ་དགེ་སློང་འཚོ་བྱེད་ལས་རིམ་པར་བརྒྱུད། འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཡབ་སྲས་ཀྱི་ཐུགས་དམ་ལས་བྱོན་པ་དང༌། རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་སྒྲོལ་བའི་མགོན་པོའི་གསུང་གི་བདུད་རྩི་གུང་སྤྲོས་ཏེ་དཔལ་ལྡན་བླ་མའི་ཞལ་སྒོ་ལས་ཇི་ཙམ་ཐོབ་པ་ནོར་བུའི་སྙིང་པོ་ལྟ་བུའི་ཟབ་མོའི་གདམས་ངག་བསླད་མེད་རྐང་ཚུགས་འཆད་པར་བྱེད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐུན་མོང་སྔོན་འགྲོ་བཞི་སྦྱོར། ཐུན་མིན་ཚོགས་བསགས་གཉིས་སོ། །དང་པོ་ལ་བཞི། རྒྱུད་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ལམ་ལོག་པ་དང་དམན་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད། ཚོགས་རྫོགས་པར་བྱེད་པ་མཎྜལ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཐོ་རངས་བྱ་རོག་གི་སྐད་མ་གྲག་གོང་དུ་ལངས་ལ་ཁྲུས་གཙང་མ་བྱ། སྟན་བདེ་བར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་ལ་སྡིག་སྒྲིབ་དང་ཚེའི་བར་ཆད་བསལ་བར་མོས་ལ་རླུང་རོ་ལན་གསུམ་བསལ། རང་ཐ་མལ་པར་གནས་པའི་སྤྱི་གཙུག་ཏུ་པད་ཟླའི་གདན་ལ་བླ་མ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། མཚན་དཔེ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་ཡི་གེ་བརྒྱ་པའི་སྔགས་ཕྲེང་མུ་ཏིག་རྡོག་མ་ལྟར་འཁོད་པ། རང་གི་སྙིང་གར་པད་ཟླའི་གདན་ལ་བཅོམ་ལྡན་འདས་མ་ཐུགས་ཀར་ཏཱྃ་ཡིག་དང་བཅས་པ་བླ་མ་དང་དབྱེར་མེད་པའང་བཞུགས་པར་བསམས་ལ། ཉེས་བྱས་ལ་འགྱོད་སེམས་དང་བླ་མ་ཡི་དམ་དབྱེར་མེད་པ་ལ་མོས་གུས་དྲག་པོས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །
གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་རྩ་བ་དང་ཡན་ལག་གི་དམ་ཚིག་ཆག་ཉམས་ཐམས་ཅད་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་རྡོར་སེམས་ཞལ་འཛུམ་པ་དང་བཅས་འོད་དུ་ཞུ་སྤྱི་གཙུག་ནས་ཞུགས། སྙིང་གའི་སྒྲོལ་མ་དཀར་མོ་ལ་ཐིམ། བཟླས་པ་དང་མོས་གུས་ཀྱི་ཐུགས་རྒྱུད་བསྐུལ་བས། བཅོམ་ལྡན་འདས་མའི་ཐུགས་ཀའི་ཏཱྃ་ཡིག་ལས་བདུད་རྩི་འོད་ཟེར་དཀར་པོའི་རྒྱུན་བྱུང༌། སྐུ་ཡི་ནང་གང༌། ཕྱག་གཡས་མཆོག་སྦྱིན་གྱི་སྲིན་ལག་རྩེ་ནས་བདུད་རྩི་འོ་མའི་རྒྱུན་ལྟར་བབས། རང་གི་ལུས་ཀྱི་ནང་གང༌། སྡིག་སྒྲིབ་ནད་གདོན་དུས་དང་དུས་མ་ཡིན་པར་འཆི་བ་དམ་ཚིག་ཉམས་ཆག་ཐམས་ཅད་སྦུན་པ་ཆུས་དད་པ་ལྟར་བ་སྤུའི་བུ་ག་ནས་ཕྱིར་ཐོན། ལུས་ཕྱི་ནང་སྒྲིབ་པ་མེད་པ་ཤེལ་གོང་ལྟ་བུ་དག་ཅིང་དཀར་གསལ་དུ་གྱུར་སྙམ་དུ་བསམས་ལ། ཡི་གེ་བཅུ་པ་དང་རྡོར་སེམས་ཡིག་བརྒྱ་སྦྲེལ་བ་ཅི་ནུས་བཟླས་ལ་མཐར། དེ་ལྟར་འདོད་དོན་གསོལ་འདེབས་བཤགས་སྦྱང་སོགས་བྱས་པས་བཅོམ་ལྡན་འདས་མ་འོད་དུ་ཞུ། རང་ཉིད་ལ་ཐིམ་པས། རང་ཉིད་བཅོམ་ལྡན་འདས་མ་དངོས་སུ་གྱུར་སྙམ་དུ་བསམས་ལ་འཁོར་གསུམ་མི་རྟོག་པ་ཆོས་ཉིད་ཀྱི་ངང་དུ་བཞག འདི་ཁོ་ནར་ཐུན་དུ་བཅད་པ་ཡིན་ན་མཐར་དགེ་བ་བསྔོ་བའང་བྱ་དགོས་ཏེ་འོག་མ་རྣམས་ལའང་འགྲེའོ། །རྒྱུན་གྱི་ཉམས་ལེན་ལྟ་བུར་བསྡུས་པར་སྤྲོ་ན། རང་ཐ་མལ་པའི་སྙིང་གར་ཟླ་བའི་སྟེང་དུ་ཏཱྃ་ཡིག་དཀར་པོའི་མཐར་ཡིག་བརྒྱ་མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་ཟླ་བ་ལྟ་བུ་བྱུང༌། ལུས་གང༌། ནད་གདོན་སྡིག་སྒྲིབ་ལས་དང་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་རང་བཞིན་ཏུ་གྱུར་པར་མོས་ལ། ཡིག་བཅུ་དང་ཡིག་བརྒྱ་བཟླས་མཐར། ལྷ་མོ་བདག་
ནི། དམ་ཚིག་ལས་ནི། བླ་མ་སྒྲོལ་མས། སོགས་གོང་ལྟར་གསོལ་བ་བཏབ་པས། ཡི་གེ་གདན་བཅས་འོད་དུ་ཞུ། རང་ཉིད་ལ་ཐིམ་པས་སྦྱང་བྱ་གདོད་མ་ནས་མ་དམིགས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཞེས་མཉམ་པར་བཞག འདི་ཁྲིད་རིམ་སྤྱི་དང་བསྟུན་ན་སྐྱབས་སེམས་ཀྱི་རྗེས་སུ་བྱེད་པ་ཡིན་ཅིང་མཐའ་གཅིག་ཏུ་ཁྲིགས་ཆགས་མི་དགོས་ཀྱང་ཡིག་རྙིང་ལུགས་སྲོལ་སོར་བཞག་པའོ། །དཔེར་ན་སྣོད་མ་དག་པ་ལ་ཟས་སོགས་བླུགས་ན་ཆུད་འཛའ་བ་ལྟར། སྒྲིབ་པ་ཅན་ལ་ལམ་གྱི་མངོན་རྟོགས་མི་སྐྱེ་བས་ཐོག་མར་སྣོད་ཀྱི་སྒྲིབ་པ་ཉེས་ལྟུང་སྦྱངས་ན་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལ་དཀའ་ཚེགས་མེད་པས། ཐོག་མར་འདི་བསྒོམ་པ་ནི་སྣོད་བཀྲུ་བཤལ་བྱེད་པའི་ཚབ་ཡིན་པས་གལ་ཤིན་ཏུ་ཆེའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཡལ་ག་ལོ་འབྲས་ཕུན་སུམ་ཚོགས་ཤིང་འདབ་མ་བཞིར་བྱས་པའི་དབུས་སུ། ངོ་བོ་རྩ་བའི་བླ་མ་དང་རྗེ་བཙུན་མ་དབྱེར་མེད་པ་ལ་རྣམ་པ་མགོན་པོ་འོད་དཔག་མེད་བླ་མ་ཀུན་འདུས་ཀྱི་སྐུར་བཞུགས་པ། མདུན་གྱི་འདབ་མ་ལ་འཕགས་མ་སྒྲོལ་མ་ཡི་དམ་ཀུན་འདུས། གཡས་སུ་ཤཱཀྱའི་དབང་པོ་སངས་རྒྱས་ཀུན་འདུས། རྒྱབ་ཏུ་ཡུམ་ཆེན་མོ་ཉིད་དམ་ཆོས་དཀོན་མཆོག་ཐམས་ཅད་ཀྱི་ངོ་བོ། གཡོན་ཏུ་སྤྱན་རས་གཟིགས་དགེ་འདུན་ཀུན་འདུས། ཁོར་ཡུག་དང་བར་མཚམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་གཏིབས་པ་ལྟར་ཞུགས་པར་མོས། སྤྲོ་ན་མཆོད་བསྟོད་གསོལ་བ་གདབ། དཀྱུས་ལ་མི་དགོས། རང་གིས་གཙོར་བྱས་མ་རྒན་སེམས་ཅན་ཐམས་ཅད་ཁྲོམ་ཚོགས་སུ་འཁོད་པར་བསམ། དེ་རྣམས་ཀྱིས་སྡུག་བསྔལ་མྱོང་ཚུལ་ལ་བསམ། སྡུག་བསྔལ་དེ་དག་ལས་ཁྱེད་རྣམས་ཀྱིས་སྐྱོབ་པར་མཛད་དུ་གསོལ་སྙམ་དུ་སེམས་ཐག་པ་ནས་བསམས་ལ་རང་གིས་འདྲེན་དཔོན་བྱས་པས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྒོ་གསུམ་གུས་
པའི་སྒོ་ནས་སྐྱབས་འགྲོ་དི་རི་རི་བྱེད་པར་མོས་ལ། བདག་དང་འགྲོ་བ་སོགས་དང༌། སངས་རྒྱས་ཆོས་ཚོགས་སོགས་གྲངས་ཇི་ལྟར་རིགས་པ་གསག སེམས་བསྐྱེད་པ་ནི། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། འདི་རྣམས་ཀྱིས་ཐོག་མ་མེད་པ་ནས་བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད། འདོད་པ་བདེ་བ་འདོད་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བཟོད་དཀའ་བ་ལ་གཏན་ཏུ་ཐར་དུས་མེད་པར་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་གཅིག་ཀྱང་མ་ལུས་པ་འཆི་མེད་རྟག་པ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་དང༌། དེའི་ཆེད་དུ་གནས་སྐབས་སུ་ཚེ་རིང་བ། ནད་མེད་པ། བར་ཆད་ཞི་བ། ཁྱད་པར་བླ་མའི་སྐུ་ཚེ་བརྟན་ཅིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ། མཐར་ཐུག་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གྱུར་འཕགས་མ་སྒྲོལ་མའི་གོ་འཕང་དུས་མྱུར་བ་ཉིད་དུ་བདེ་བླག་ཏུ་འཐོབ་པར་བྱ་བའི་ཕྱིར་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྐྱེད་རྫོགས་ལ་འཇུག་ཅིང་བརྩོན་པ་ཆེན་པོས་མཐར་དབྱུང་སྟེ། ཡི་དམ་འདི་ཉིད་མ་འགྲུབ་བར་དུ་སྲོག་ལ་བབས་ཀྱང་མི་གཏོང་སྙམ་པ་དམ་བཅའ་དེའི་རྗེས་སྒྲུབ་ལ་ཞུགས་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ལེགས་པར་བསྐྱེད་དེ། དག་ཏུ་བྱང་མཆིས་མ་སོགས་ཚིགས་བཅད་རྒྱས་པའམ། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་སོགས་ལན་ཁ་ཡར་བརྗོད། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་བླ་མ་ལ་ཐིམ། དེའང་འོད་དུ་ཞུ་ནས་རང་ལ་ཐིམ་པས་དཀོན་མཆོག་བླ་མའི་བྱིན་རླབས་བདག་རྒྱུད་ལ་ཞུགས་པར་བསམ། འདི་བསྒྲུབས་པས་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་འབྱུང་ངེས་སྙམ་དུ་ཡིད་ཆེས་དང་དད་པའི་རྒྱུན་མ་བྲལ་ན་དོན་ཐམས་ཅད་མྱུར་དུ་འགྲུབ་པའི་གདམས་ངག་ཡང་དག་པའོ།། །།གསུམ་པ་ནི། ཐོག་མར་སྒྲུབ་པའི་མཎྜལ་བསང་སྦྱང༌།«་་་་་བསང་ཆུས་བྲན་པ་སོགས་མི་དགོས།» ཧཱུྃ་ཞེས་པས་བར་ཆད་སྲུང་བར་མོས་ལ་སྤྲོ་ན་
འབྲུའི་ཚོམ་བུ་ཆུང་ངུ་ཞིག་དོར། ཨོཾ་བཛྲ་བྷཱུ་མཱི་ཨཱཿཧཱུྃ། གསེར་གྱི་ས་གཞིའི་སྟེང་དུ་རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་མཆོད་པའི་ཡོ་བྱད་ཐམས་ཅད་དང་ལྡན་པའི་རི་གླིང་རྣམས་ལ་པད་ཟླའི་གདན་དང་བཅས་པ་གྲུབ་པར་བསམ། བ་བྱུང་ལྔ་དང་དྲི་བཟང་གི་ཆུས་བྱུགས་ལ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། བར་མཚམས་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པའི་སྤོས་ཆུས་གང་ཞིང་ཕྱི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ། དབུས་ཀྱི་གདན་ལ་ཏཱྃ། ཕྱོགས་གཞིར་ཏཱྃ་མུྃ་ཨ་ཧྲཱིཿརྣམས་གསལ་བར་མོས། རང་ཉིད་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏྲཱྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའ་སྟེང་གི་ཆ་ལ་རྩ་བའི་བླ་མ་འོད་དཔག་ཏུ་མེད་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། འོག་གི་ཆ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་སྤྱན་དྲང༌། འཕགས་ཡུལ་བའི་ལུགས་ལྟར་ན་མེ་ཏོག་གསར་པའམ། མ་རྙེད་ན་བོད་ཀྱི་ལག་ལེན་ལྟར་འབྲུའི་ཚོམ་བུ་དབུས་དང་ཕྱོགས་བཞིར་བཀོད་པ་དང་མཉམ་དུ། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་པས་ཡེ་ཤེས་པ་རྣམས་གདན་གྱི་ས་བོན་ལ་ཐིམ་སྟེ་ཡོངས་སུ་གྱུར་པ། རི་རབ་ཀྱི་སྟེང་དུ་བླ་མ་སྒྲོལ་མ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། ཤར་ལུས་འཕགས་པོར་སྒྲོལ་མ་བརྒྱ་རྩ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག ལྷོ་ཛམྦུའི་གླིང་དུ་ཤཱཀྱ་ཐུབ་པ་ལ་དུས་གསུམ་སངས་རྒྱས། ནུབ་བ་ལང་སྤྱོད་དུ་ཡུམ་ཆེན་མོ་ལ་དམ་ཆོས་གླེགས་བམ་གྱི་རྣམ་པ། བྱང་སྒྲ་མི་སྙན་ཏུ་སྤྱན་རས་གཟིགས་ལ་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱིས་བསྐོར་བ། མཚམས་རྣམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས་ལ་མཎྜལ་དེ་ཉིད་མདུན་གྱི་སྟེགས་བུ་མཐོན་པོར་བཞག འབྱོར་དུ་རུང་ན་ཕྱི་མཆོད་དངོས་སུ་བཤམ་མོ། །བདག་དང་སེམས་
ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་བླ་མ་ལ་ཕྱག་བྱས་པར་མོས་ཏེ། ན་མོ་གུ་རུ་བྷྱཿ ཞེས་དང༌། ཡི་དམ་འཁོར་བཅས་ལ་དམིགས་ཏེ། ན་མ་ཨཱརྻཱ་ཏཱ་ར་སོགས་དང༌། གང་དྲིན་མ་སོགས་ཚིགས་བཅད་གཉིས་ཀྱང་བརྗོད། རང་གི་སྙིང་གའི་འོད་ཟེར་ལས་སྤྲུལ་པའི་ལྷ་མོ་རྒྱན་དང་རྣམ་འགྱུར་མཚར་སྡུག་ཕུལ་དུ་བྱུང་བ་མང་པོས་སོ་སོར་མཆོད་པར་མོས། ཨརྒྷཾ་སོགས་སྔགས་དམིགས་ཕྱག་རྒྱ་རིམ་པར་སྦྱར་ཏེ། མཆོད་པའི་ལྷ་མོ་དཀར་མོ་རྣམས་ཀྱིས་གསེར་དང་བཻ་ཌཱུརྻའི་བྱ་མ་བུམ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུའི་ཨརྒྷཾ་སྦྲེང་བ་དང༌། ལྷ་མོ་དམར་མོས་བདུད་རྩི་ལྔ་དང་ཤུན་པ་ལྔ་སོགས་འདག་ཆལ་དང་ལྡན་པས་ཆུ་གཙང་གིས་ཞབས་བསིལ་བ་དང༌། ལྷ་མོ་དཀར་མོས་ཆུ་སྐྱེས་ཐང་སྐྱེས་ཡིད་བྱུང་གི་མེ་ཏོག་ལྟ་ན་སྡུག་པ་དབུ་ལ་འཐོར་བ་དང༌། ལྷ་མོ་དུད་ཀས་རང་བྱུང་དང་སྦྱར་བའི་བདུག་སྤོས་དྲི་བསུང་ཅན་ཤངས་ལ་འབུལ་བ་དང༌། ལྷ་མོ་དམར་སྐྱས་རིན་ཆེན་ཉི་ཟླ་སྒྲོན་མེའི་རིགས་གྱུར་ཕྱོགས་བཅུའི་འཇིག་རྟེན་ལྷམ་མེར་བྱེད་པ་སྤྱན་ལམ་དུ་བསྟར་བ་དང༌། ལྷ་མོ་ལྗང་གུས་ག་བུར་གུར་གུམ་ཙནྡན་ལ་སོགས་པའི་དྲིའི་ཆབ་དུང་ཕོར་ནས་བླངས་ཏེ་ཐུགས་ཀ་ལ་སོགས་པའི་སྐུའི་གནས་རྣམས་སུ་འཐོར་བ་དང་བྱུགས་པ་དང་ཐིག་ལེ་བྱེད་པ་དང༌། ལྷ་མོ་དམར་མོས་སྦྱར་བ་དང་ཡོངས་སུ་གྱུར་པ་དང་ལྷན་ཅིག་སྐྱེས་པའི་ལྷ་མིའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ལྗགས་ལ་འབུལ་བ་དང༌། ལྷ་མོ་སྔོན་མོས་སིལ་སྙན་གླིང་བུ་པི་ཝཾ་རྔ་ཟླུམ་སོགས་ལྷའི་རོལ་མོའི་རིགས་གྱུར་སྙན་ལམ་དུ་འཁྲོལ་བས་ཚོགས་ཞིང་རྣམས་ཟག་མེད་བདེ་བས་དགྱེས། ལྷ་མོ་རྣམས་རང་ཐུགས་ས་བོན་ལ་ཐིམ་པར་བསམ། དེ་དག་གི་དོན་བསྐྱར་ནས་གསལ་འདེབས་པ་དང༌། ཡན་ལག་ལྷག་མ་རྣམས་རྫོགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་མ་སོགས་བརྗོད་བཞིན་ཏུ། མཆོད་པ་གཞན་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་མཐའ་དག་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲུལ་ནས་ལྟོས་པ་མེད་པར་འབུལ། བདག་
གཞན་རྣམས་ཀྱི་བཅས་དང་རང་བཞིན་གྱིས་ཁ་ན་མ་ཐོ་བས་མཚོན་སྡིག་པ་སྔར་བྱས་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་ཤིང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱི་ཞིང་སྡོམ་པར་དམ་བཅའ། འཁོར་འདས་གཉིས་ཀྱི་ཁོངས་སུ་རྣམ་བྱང་དང་མཐུན་པའི་ཆོས་ཀྱི་ཡོན་ཏན་དང་དགེ་བ་ཅི་མཆིས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང༌། ཇི་ལྟར་ཚངས་པ་ཆེན་པོས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་གསོལ་བ་བཏབ་པ་ལྟར་ཐེག་མཆོག་བླ་ན་མེད་པའི་ཆོས་འཁོར་དུས་རྒྱུན་ཆད་མེད་པར་བསྐོར་བ་བསྐུལ། འཁོར་བ་མ་སྟོངས་ཀྱི་བར་དུ་བླ་མ་རྗེ་བཙུན་མའི་སྐུའི་རྣམ་པའི་ཚུལ་འདི་ཁོ་ན་ནུབ་པ་མེད་པར་རྟག་བརྟན་ཐེར་ཟུག་ཏུ་བཞུགས་པར་གསོལ་བ་འདེབས། དུས་གསུམ་གྱི་དགེ་རྩ་ཐམས་ཅད་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་རྗེ་བཙུན་སྒྲོལ་མའི་གོ་འཕང་འཐོབ་པའི་ཕྱིར་དུ་བསྔོ། དེ་དག་གི་དགེ་བས་ཚེ་རབས་ཀུན་ཏུ་རྗེ་བཙུན་ཡིད་བཞིན་འཁོར་ལོ་དང་མི་འབྲལ་ཞིང་རྗེས་སུ་བཟུང་ནས་བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པ་སྨོན་ནོ། །དེ་ནས་ཚོགས་ཞིང་གི་ལྷ་ལ་སེམས་གཏད་ནས་ཡི་གེ་བཅུ་པ་དང་སྤེལ་ཚིག་ཅན་ཇི་ལྟར་རིགས་པ་བཟླ། དེ་ནས་མཆོད་པའི་མཎྜལ་རྡུལ་ཕྱི། རིན་པོ་ཆེའམ་དྲི་བཟང་གི་ཆུས་བརླན་པའི་ཚོམ་བུ་བཀོད་ལ། སྤྱི་མཐུན་སོ་བདུན་མ་འབུལ་ཡང་རུང་མོད། རྗེ་དགུ་པའི་བཞེད་པ་ལྟར་ན། མདུན་བསྐྱེད་སྐབས་སུ་བཤད་པའི་ཚོམ་བུ་ལྔ་མ་དང་ཞིང་ཁམས་རྣམ་དག་སོགས་ཀྱིས་གྲངས་བཟུང༌། མཐར་དཔག་བསམ་གྱི་ནི་སོགས་མཆོད་པ་སྣ་ཚོགས་པའང་འབུལ་ཞིང༌། ཕྱི་རི་རབ་གླིང་བཞིའི་རྣམ་པ། ནང་རང་གི་ཕུང་ཁམས་དང་དབྱེར་མེད་ཅིང༌། གཞན་རིགས་ལྔའི་ཞིང་གི་རང་བཞིན་རྡོ་རྗེའི་རི་རབ་ལ་སོགས་པ་མཆོད་པའི་བྱེ་བྲག་རྒྱན་བཀོད་པ་ཚད་མེད་པ་དང་ལྡན་པ་ཉིད། དེ་ཁོ་ན་ཉིད་འོད་གསལ་རང་སྣང་གི་ལོངས་སྤྱོད་དུ་དབུལ་བས་དགྱེས་པའི་ཕུལ་དུ་
སོན་པར་བསམས་ལ། བླ་མ་ཡིད་བཞིན་འཁོར་ལོ་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ། སྒྲུབ་པའི་མཎྜལ་གྱི་ཚོམ་བུ་བསྡུས་ནས་མགོ་བོར་བཞག་པ་དང་མཉམ་དུ། ཚོགས་ཞིང་རྣམས་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་ཚོགས་གཉིས་རྫོགས་པའི་འབྲས་བུའི་སྐུ་དང་དབྱེར་མེད་དུ་གྱུར་པ་མོས། འདིར་ཡང་སྤྲོ་ན་སྤྱན་འདྲེན་གདན་འབུལ་ཕྱག་མཆོད་ཡན་ལག་བདུན་པ་རྣམས་ཀྱི་ཚིགས་བཅད་རྒྱས་པ་སྦྱོར་བ་ཡིན་ཅིང་ཚུལ་དེ་དང་དེ་རིགས་རྗེ་དགུ་པའི་སྒྲོལ་དཀར་ཆེན་མོར་གསལ། འདིར་ཚེ་ཁྲིད་རྐང་ཚུགས་འཆད་ཅིང་ཐུན་སོ་སོར་ཉམས་སུ་ལེན་པའི་དབང་དུ་བྱས་ཀྱི། དཀྱིལ་འཁོར་དང་འབྲེལ་པའམ། མ་འབྲེལ་ཡང་སྤྲོས་པས་མི་ལྕོགས་ན་སྒྲུབ་པའི་མཎྜལ་བསྒྲུབ་བསྐྱེད་ཀྱི་བྱ་བ་གང་ཡང་མི་དགོས་ཤིང༌། སྒྲུབ་ཐབས་དཀྱུས་སུ་བསྟན་པ་ལྟར་ཚོགས་ཞིང་ནམ་མཁར་སྤྱན་དྲངས་པ་ལ་ཡན་ལག་བདུན་པ་དང༌། མཎྜལ་འབུལ་ཞིང༌། སྤྲོས་པ་ཤིན་ཏུ་ཆུང་བར་བྱེད་ན། དེ་ཀའི་མུར་གསོལ་འདེབས་དབང་ལེན་བགྱིས་པས་བླ་མའི་རྣལ་འབྱོར་ཡང་འགྲུབ་པ་ཡིན་ནོ།། །།བཞི་པ་ནི། རང་གི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་མོ་སྟོན་ཟླའི་འོད་དང་མཚུངས་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བར་མོས། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་རྣམས་དང་དཀོན་མཆོག་རྣམས་རེ་རེ་ནས་སྤྱན་དྲངས། བླ་མ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་གྱུར། མདོར་ན་དཀོན་མཆོག་རྒྱ་མཚོ་དངོས། །མཆོག་དང་ཐུན་མོངས་དངོས་གྲུབ་ཀུན། །དྲན་པ་ཙམ་གྱིས་སྩོལ་མཛད་པ། །ཡིད་བཞིན་ནོར་བུ་ལྟ་བུའོ། །ཞེས་ངེས་པའི་
ཤེས་པ་བསྐྱེད། འདིར་ཡང་སྤྲོ་ན་མཆོད་བསྟོད་བྱ་བར་གསུངས། དེ་ནས་བརྒྱུད་པའི་གསོལ་འདེབས་ཟུར་དུ་གསལ་བ་ལྟར་ཚར་གཅིག་གི་རྗེས།«་་་་་ཁྲིད་ཀྱི་སྐབས་འདིར་པདྨ་ཉིན་བྱེད་རྗེ་ཀརྨ་ཐེག་མཆོག་བསྟན་འཕེལ་ངེས་པར་འཛུད་དགོས།» གསོལ་འདེབས་ཀྱི་བསྙེན་པ་བྱ་བར་སྤྲོ་ན་འདིར་དམིགས་བསལ་མ་གསུངས་ཀྱང་བཀའ་བརྒྱུད་རིན་པོ་ཆེ་སྤྱིའི་ཕྱག་བཞེས་བཞིན་མ་ནམ་བཞི་སྐོར་ལ་གྲངས་བཟུང༌། དཀྱུས་སུ་བསྟན་པ་ནི་སྐྱབས་བདུན་མ་སྟེ། གནས་སྐྱེ་བ་མེད་པའི་སོགས་ཚར་ཇི་ཙམ་འོས་པ་དང་མོས་ཀྱི་གདུང་ཤུགས་དྲག་པོ་དང་ལྡན་པས་བརྗོད་མཐར་ཐལ་མོ་སྦྱར་ཏེ། བླ་མ་ཡིད་བཞིན་འཁོར་ལོ་སོགས་ཀྱིས་འདོད་དོན་གསོལ་བ་གདབ། ལམ་དུས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ལེན་པ་ནི། བླ་མ་དང་བཅོམ་ལྡན་འདས་མ་ཐ་མི་དད་པའི་དཔྲལ་བ་ནས་སྐུའི་བདུད་རྩི་དང་འོད་ཟེར་དཀར་པོ། མགྲིན་པ་ལས་གསུང་གི་བདུད་རྩི་དང་འོད་ཟེར་དམར་པོ། ཐུགས་ཀ་ནས་ཐུགས་ཀྱི་བདུད་རྩི་དང་འོད་ཟེར་སྔོན་པོ། ལྟེ་བ་ནས་ཡེ་ཤེས་ཀྱི་བདུད་རྩི་དང་འོད་ཟེར་སེར་པོ་བྱོན་ཏེ་རང་གི་གནས་བཞིར་ཞུགས། ལུས་ཐམས་ཅད་གང༌། སྒྲིབ་པ་བཞི་དག དབང་བཞི་ཐོབ། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་ཞུགས། སྐུ་བཞི་མངོན་དུ་འགྱུར་བའི་སྐལ་བ་ཅན་ཏུ་བྱས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པ་མོས་ལ་གཉུག་མའི་རང་ངོར་མཉམ་པར་བཞག་གོ །གལ་ཏེ་ཉམས་ལེན་བསྡུས་པའི་དབང་དུ་བྱེད་ན། གོང་སྨོས་ཚོགས་ཞིང་སྤྱན་དྲངས། ཕྱག་མཆོད་སོགས་དང་མཎྜལ་ཕུལ་བའི་རྗེས་སུ། ཚོགས་ཞིང་གི་འཁོར་ཐམས་ཅད་གཙོ་མོ་ལ་ཐིམ། བླ་མ་དང་བཅོམ་ལྡན་འདས་མ་ཐ་དད་མེད་པ་དེ་ཉིད་རང་གི་སྤྱི་བོར་བྱོན་ཏེ་པད་ཟླའི་གདན་ལ་བཞུགས་པར་གྱུར། ཅེས་མོས་ལ་གསོལ་འདེབས་སོགས་བྱས་པའི་རྗེས་སུ་བླ་མ་བཅོམ་ལྡན་འདས་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་གཉིས་སུ་མེད་པར་གྱུར་པ་མོས་པ་ཙམ་གྱིས་དབང་
བཞི་དོན་གྱིས་ཚང་ངོ༌།། །།གཉིས་པ་ལ་གཉིས། ཀུན་རྫོབ་བསོད་ནམས་དང༌། དོན་དམ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྤྱིར་གོང་དུ་སྨོས་པའི་མཎྜལ་གྱི་བྱ་བ་ལ་སོགས་པ་དེ་རྣམས་ཀྱང་ཚོགས་བསགས་པ་ཡིན་མོད་ཀྱི། དེ་དག་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་ཐབས་སུ་གྱུར་པ་ཡིན་ལ། སངས་རྒྱས་སྒྲུབ་པ་ལ་མེད་ན་མི་འབྱུང་གི་རྒྱུའི་རྐྱེན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན་པས་འདིར་དམིགས་སུ་ཕྱེ་ནས་སྟོན་པ་སྟེ། དང་པོ་ནི། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཕྲལ་དང་ཡུན་ཏུ་བདེ་བ་དང་ལྡན་པར་མ་ཟད། དེའི་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་ལ་ངང་གིས་སྤྱོད་པར་གྱུར་ཅིག་སྙམ་པ་བྱམས་པ་ཚད་མེད། དེས་འགྲེས་ཏེ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྒྱུར་བཅས་སྤོང་བ་ལ་ངང་གིས་འཇུག་པར་གྱུར་ཅིག་སྙམ་པ་སྙིང་རྗེ་ཚད་མེད། གནས་སྐབས་ལྟར་སྣང་གི་བདེ་བ་ཙམ་མ་ཡིན་པར་སྡུག་བསྔལ་དང་གཏན་དུ་བྲལ་བའི་བདེ་བ་དམ་པ་ལས་ནམ་ཡང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་ཚད་མེད། ཐམས་ཅད་ཀྱང་དགྲ་གཉེན་སོགས་ཉེ་རིང་ཕྱོགས་ལྷུང་ཆགས་སྡང་གི་འདུ་ཤེས་དང་བྲལ་ནས་གྲུ་གཅིག་པའི་ནང་གི་མགྲོན་པོ་ལྟར་མཉམ་པ་ཆེན་པོའི་སེམས་ཐོབ་པར་གྱུར་ཅིག་སྙམ་པ་བཏང་སྙོམས་ཚད་མེད་པ་བཞིའི་དོན་ནན་ཏན་ཏུ་དྲན་བཞིན་ཏུ། ངག་འདོན་དལ་བར་བརྗོད། འདི་ཙམ་བསྒོམས་པས་ཚངས་རིས་ཀྱི་གནས་སུ་སྐྱེ་བར་བྱེད་ཅིང༌། དེའི་སྟེང་དུ་ཐམས་ཅད་མཁྱེན་པའི་སེམས་དང་འབྲལ་བས་མཐར་ཐུག་གི་ཚངས་པ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་འགྱུར་བས་ཚངས་གནས་བཞིའམ། སེམས་ཅན་རེ་རེ་ཙམ་དང་དུས་ཉི་ཚེ་བ་མ་ཡིན་པར་མཐའ་ཡས་པའི་འགྲོ་བ་ཐམས་ཅད་གཏན་གྱི་བདེ་བ་ལ་འགོད་པའི་ལྷག་པའི་བསམ་པ་ལ་ཞུགས་པས་ཚད་མེད་བཞི་ཞེས་ཀྱང་བྱའོ།། །།གཉིས་པ་ནི། གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས་དཔྱད་མཐར་སྟོང་པར་འཇོག་པ་ནི་སྐབས་འདི་དག་ཏུ་མཐའ་
གཅིག་ཏུ་དགོས་པ་མ་ཡིན་ལ། རྣམ་པར་མི་རྟོག་པའི་མཉམ་གཞག་ནི་ངེས་པར་དགོས་ཏེ། དེའང་གཤིས་ཅིར་ཡང་མ་གྲུབ་པ་ཙམ་གྱི་སྟོང་ཉིད་དང༌། མ་གྲུབ་པ་དེ་ཀུན་རྫོབ་སེམས་སྣང་ཙམ་དང་སྦྲེལ་བའི་རིག་པ་སྒྱུ་མ་ལྟ་བུ་ལ་ཟུང་འཇུག་ཏུ་བཏགས་པ་ཙམ་མ་ཡིན་པ། སྟོང་ཉིད་རྣམ་གྲངས་ཐམས་ཅད་ཀྱི་མཆོག་སྤྲོས་བྲལ་གྱི་རིག་པ་དོན་དམ་རྣམ་པ་ཐམས་ཅད་པ་ལ་མཉམ་པར་འཇོག་པ་སྟེ། དེ་ཉིད་ལས་དང་པོ་པས་རྒྱས་འདེབས་དང༌། གནས་ལུགས་རྟོགས་པ་རྣམས་ཀྱི་རང་ངོར་འཇོག་པ་ཚིག་གིས་གསལ་འདེབས་པའི་ཕྱིར། ཤཱུ་ནྱ་ཏཱའི་སྔགས་བརྗོད། སྔགས་དོན་ནི། ཤཱུ་ནྱ་ཏཱ་སྟོང་ཉིད་དེ། སེམས་ལས་གཞན་པ་ཕྱི་སྣོད་ནང་ལུས་སོགས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་རྣམས་མེད། རྣམ་རིག་ཙམ་གྱི་སེམས་དེའང་རང་གི་ངོ་བོས་མ་གྲུབ་སྟེ་གདོད་ནས་སྟོང་པའོ། །ཛྙཱ་ན་ཡེ་ཤེས་ཏེ། འོན་ཀྱང་བེམ་སྟོང་ནམ་མཁའ་ལྟ་བུ་མ་ཡིན་པ། དོན་དམ་པའི་རིག་པ་རྣམ་པ་ཐམས་ཅད་པར་འཆར་བའོ། །བཛྲ་ནི་རྡོ་རྗེ་སྟེ་དེ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་རང་བཞིན་ཏུ་གང་གསུངས་པ་དེའོ། །སྭ་བྷཱ་བ་རང་བཞིན་ཏེ་ཡེ་ཤེས་རྡོ་རྗེ་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང་བཞིན་ཏུ་ཡོད་པའོ། །ཨཱཏྨ་ཀ་བདག་ཉིད་དེ་གནས་ལུགས་སུ་བདེན་པས་དོན་དམ་པའི་བདག་ཉིད་དོ། །ཨ་ཧཾ་ངའོ་ཞེས་པ་སྟེ་རང་གི་སེམས་ཀྱི་རང་བཞིན་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་བཟུང་བའོ། །སྟོང་པ་ཉིད་ཅེས་པས་ཀུན་རྫོབ་སྤྲོས་པའི་མཐའ་སྤངས་ལ། ཡེ་ཤེས་སོགས་ཀྱིས་དོན་དམ་ཡེ་ཤེས་རྡོ་རྗེ་བསྟན་པའི་དོན་གོ་བར་བྱས་ཏེ་གཤིས་ལུགས་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ། །།གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་རིམ་དང༌། རྫོགས་རིམ་མོ། །དང་པོ་ལ་གཉིས། ལྷའི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལའང་གསུམ། ཡན་ལག་བཞི་ལྡན་གྱིས་ལྷའི་རྣལ་འབྱོར་སྒྲུབ་པ། མཆོད་བསྟོད། གསལ་བརྟན་དག་དྲན་ལ་བསླབ་པའོ། །དང་པོ་
ནི། སྟོང་པ་ཉིད་དེའི་ངང་ལས། མཚན་རྟོག་གིས་མ་བཅོས་པའི་སེམས་ཉིད་གཉུག་མའི་སྣང་ཆ། ཧཱུྃ་ཞེས་པའི་སྒྲ་གདངས་ནམ་མཁའ་གང་བར་སད་པའི་རྐྱེན་གྱིས། འོག་ཏུ་རྡོ་རྗེའི་ས་གཞི། དེ་ལ་བརྟན་པའི་ལོགས་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར་རྡོ་རྗེའི་ཏོག་དང་བཅས་པ། རྭ་གུར་གྱི་ནང་མཚམས་སུ་རྡོ་རྗེའི་བླ་བྲེ། ཕྱི་ངོས་སུ་རྡོ་རྗེའི་དྲྭ་བ་དཔྱངས་པ། གུར་ཁང་དེ་ལ་ལྟོང་ཟུབ་ཅིང་རྡོ་རྗེའི་མདེའུ་ཕྱི་རོལ་དུ་བསྟན་པའི་མདའི་དྲྭ་བ་བསྣོལ་མ། ཐམས་ཅད་ཀྱང་ཁ་དོག་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། བགེགས་དང་ལོག་འདྲེན་ལྟ་ཅི་སྨོས་བསྐལ་པའི་མེ་རླུང་གིས་ཀྱང་གཞིག་མི་ནུས་པ། དེའི་དབུས་སུ་རྣམ་སྣང་ས་བོན་ཡི་གེ་བྷྲཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་ཟླ་ཤེལ་ཏེ་ནོར་བུ་ཆུ་ཤེལ་འབའ་ཞིག་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་ཤིང་རྒྱན་དང་མཆོད་པའི་བྱེ་བྲག་རྣམ་པ་མཐའ་ཡས་པ་དང་ལྡན་པ། དེའི་དབུས་སུ་པྃ་ཡིག་དཀར་པོ་ལས་ཆུ་སྐྱེས་ཀྱི་བྱེ་བྲག་པདྨ་དཀར་པོ་འདབ་མ་དང་ལོ་འདབ་རབ་ཏུ་རྒྱས་ཤིང་རིན་པོ་ཆེའི་སྡོང་བུ་སྲ་ཞིང་མཁྲེགས་ལ་གེ་སར་དང་བཅས་པའི་སྟེང་དུ། ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་རྙོགས་པའི་དྲི་མ་དང་བྲལ་བ། གདན་དེ་དག་གི་སྟེང་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་དབང་གིས་རང་གི་སེམས་ཉིད་ཏཱྃ་ཡིག་ཁ་དོག་དཀར་པོ་རིང་ཆ་ཟླ་ཚེས་ཐིག་ལེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཨུཏྤལ་དཀར་པོ་ལོ་འདབ་སྡོང་བུ་དང་བཅས་པ་ཏཱྃ་དཀར་པོས་མཚན་པ། དེ་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་ཐོགས་པ་མེད་པར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་འཇིགས་པ་བརྒྱད་དང་བཅུ་དྲུག་བསལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་དེ་དག་ཚུར་འདུས་ཨུཏྤལ་དང་ཏཱྃ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མ་སྒྲོལ་མ་སོགས་མངོན་རྟོགས་ལྟར་ཤར་བསྒོམ་དུ་བྱ་ཞིང༌། ཟླ་བའི་རྒྱབ་ཡོལ་ཅན་དུ་གྱུར། ཅེས་སྐུ་ཡོངས་རྫོགས་
གསལ་འདེབས་པ་བསྙེན་པའི་ཡན་ལག དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ། ཐུགས་ཀའི་དབུས་སུ་པད་དཀར་དང་ཟླ་བ་ལ་ཏཱྃ་ཡིག་དཀར་པོ་འོད་ཟེར་དང་བཅས་པ་གསལ་བར་བསྒོམས་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག དེ་ལས་འོད་ཟེར་འཕྲོས། ཆོས་ཀྱི་དབྱིངས་དང་པོ་ཏ་ལ་ལ་སོགས་པ་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿདང༌། རྡོ་རྗེ་བསྡུ་བའི་རྒྱས་སྤྱན་དྲངས་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པ་ལ། སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿཞེས་པས་རང་དམ་ཚིག་པ་ལ་ཐིམ་སྟེ་གཉིས་སུ་མེད་པར་གྱུར། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནམ་ཡང་མི་གཤེགས་པར་བསམས་པ་སྒྲུབ་པའི་ཡན་ལག སླར་རང་ཐུགས་ས་བོན་ཏཱྃ་གྱི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སེམས་དཔའ་ཁྲོ་བོ་ཡབ་ཡུམ་རྣམས་སྤྱན་དྲངས། གོང་བཞིན་མཆོད་པས་མཆོད། དབང་བསྐུར་བར་གསོལ་བ་བཏབ་པས་རིགས་ལྔས་དགོངས་པ་མཛད། སེམས་དཔའ་སེམས་མས་མཆོད་ཅིང་ཤིས་པ་བརྗོད། ཁྲོ་བོ་ཁྲོ་མོས་བགེགས་བསྐྲད། ཡུམ་ལྔས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བ་ཐོགས་ཏེ་སྔགས་དང་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བས། བུམ་པའི་ཆུས་ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་དམར་པོ་མཉམ་གཞག་ལྷུང་བཟེད་བསྣམས་པས་དབུར་བརྒྱན། དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་བསམས་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །གཉིས་པ་ནི། འཕྲུལ་དགའི་ལྷའི་སྤྱོད་ཡུལ་ལྟར་རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ཉིད་ལ་མཆོད་པའི་བྱེ་བྲག་གོང་དུ་སྨོས་པ་ལྟ་བུས་མཆོད་ཅིང༌། དབྱངས་ཀྱི་ཡན་ལག་བརྒྱ་དང་ལྡན་པས་བསྟོད་པར་མོས་ལ་མཐར་ལྷ་མོ་རྣམས་ཀྱང་རང་ལ་བསྡུའོ།། །།
གསུམ་པ་ལ་གསུམ། ལྷ་སྣང་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་ལ་བསླབ་པའོ། །དང་པོ་ནི། དེ་ལྟར་ཡན་ལག་བཞི་རྫོགས་ཀྱིས་ལྷ་བསྐྱེད་ཅིང་མཆོད་བསྟོད་བཅས་ཟིན་ནས་གསལ་སྣང་ལ་རྩེ་གཅིག་ཏུ་བསླབ་དགོས་ཤིང༌། འདི་ནི་རིམ་པ་དང་པོའི་དངོས་གཞི་ཡིན་ལ་སྔགས་བཟླས་ཙམ་ནི་དེའི་ཡན་ལག་ཉིད་དོ། །དེའང་ལས་དང་པོ་པས་རིམ་པར་གསལ་འདེབས་ལ། གསལ་སྣང་ཅུང་ཟད་ཐོབ་ནས་གཅིག་ཆར་གསལ་འདེབས། དེས་ན་ཐོག་མར་སྐུའི་ཆ་ཤས་རེ་རེ་ནས་གསལ་འདེབས་པ་སྟེ། སྐུ་མདོག་སྟོན་ཀའི་ཟླ་བ་དཀར་ཞིང་ནོར་བུ་ཆུ་ཤེལ་ལྟར་དྭངས་ལ་ལྟ་བས་མི་བཟོད་པའི་འོད་ཟེར་ལྔ་ལྡན་རིང་དུ་འཕྲོ་བ། སྤྱན་དཀྱུས་དང་སྙན་ཤལ་རིང་ཞིང་སྤྱན་དཀར་ནག་ཕྱེད་པ་ལ་བ་མཆོག་ལྟ་བུའི་རྫི་མ་དང་ཅུང་ཟད་འཁྱོག་པའི་སྨིན་མས་མཛེས་པ། ཤངས་དང་ཞལ་ནས་ཨུཏྤ་ལའི་དྲི་བསུང་འཐུལ་ཞིང་མཆུ་སྒྲོས་གཙང་ལ་དམར་བ། ཚེམས་ཕྲེང་བཞི་བཅུ་ཐགས་བཟང་ཞིང་ལྗགས་སྲབ་ཅིང་མཉེན་པ། བུང་བའམ་ཏོང་ཟིལ་ལྟར་གནག་པའི་དབུ་སྐྲ་ལི་བ་ལྟག་པའི་གནས་སུ་བཅིངས་ཤིང་ལྷག་མ་རལ་པའི་ཟར་བུ་གཡས་གཡོན་ཏུ་འཕྱངས་པ། རི་མོ་གསུམ་དང་ལྡན་པའི་མགྲིན་པ་ཟླུམ་པ། ཕྱག་སོར་རྣམས་པད་སྣལ་ལྟར་ཕྲ་ཞིང་མཉེན་པ་སོགས་མཚར་སྡུག་ཕུལ་དུ་བྱུང་བ། ལྟ་བས་མི་ངོམས་པའི་སྒེག་པའི་ཉམས་མཐོང་བ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྦྱིན་པ། མཁྲང་ཤིང་ཟླུམ་པའི་ནུ་འབུར་ཟུང་དང་རྐེད་སྐབས་ཕྲ་ཞིང་སྨད་ཀྱི་ཞིང་རྒྱས་ལ་གསང་བའི་པདྨ་རུ་སྦལ་གྱི་རྒྱབ་ལྟར་མཐོ་བ་སོགས་གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་འཛུམ་ཞིང་ཆགས་པའི་ཉམས་ཀྱིས་འཇིག་རྟེན་གསུམ་གྱི་བརྟན་པ་འཕྲོག་པ། དཔྲལ་བའི་ངོས་དང་བཅས་པའི་དབུ་ལ་སྤྱན་གསུམ། ཕྱག་ཞབས་བཞིའི་མཐིལ་དུ་སྤྱན་རེ་རེ་སྟེ། བསྡམས་པས་རྣམ་པར་བཀྲ་ཤིང་འཛུམ་པའི་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ།
ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱངས་པ། གཡོན་པ་ཐུགས་ཀར་མཐེབ་སྲིན་སྦྱར་ཞིང་ལྷག་མ་བསྒྲེངས་པས་ལོ་མ་དང་ཁ་དོག་དྲི་བསུང་ཕུན་སུམ་ཚོགས་པའི་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ཆེ་སྣ་ཚོགས་པ་ལས་བྱས་པའི་རྒྱན་བརྒྱད་ཀྱིས་སྤྲས་པ་སྟེ། དེའང་སྐྲ་མཚམས་སུ་གསེར་གྱི་པདྨ་ཁ་བྱེ་བའི་ཕྲེང་བ་ལ་གནས་པའི་ལྷ་མིའི་ནོར་བུ་འོད་ཟེར་རིང་དུ་འཕྲོ་བས་དབུ་བརྒྱན་པ། རིན་པོ་ཆེའི་རྣ་སྐོར་ཟླུམ་པོ་ནོར་བུའི་ཕྲ་ཚོམ་ཅན་གྱི་སྙན་རྒྱན། མགྲིན་པ་མཛེས་པའི་མགུལ་རྒྱན། དེ་ལས་རིང་བ་ནུ་མའི་ཐད་དུ་སླེབས་པའི་སེ་མོ་དོ། ལྟེ་བའི་འོག་ཡན་འཁོར་བའི་དོ་ཤལ། དཔུང་པ་དང་མཁྲིག་མ་གཉིས་ལ་ཆེ་ཆུང་ཙམ་ལས་དབྱིབས་གཅིག་པའི་ཕྱག་གདུབ། ལོང་བུའི་གནས་སུ་དཀྲིས་པའི་ཞབས་གདུབ་སྟེ་ཐམས་ཅད་ཀྱང་རིན་པོ་ཆེའི་གཞུང་གསུམ་སོགས་ཇི་ལྟར་མཛེས་པ་རིན་པོ་ཆེའི་ཕྲེང་བ་གསུམ་གཤིབས་ལ་སོགས་པས་སྤེལ་ཞིང་ནོར་བུའི་ཆུན་འཕྱང་ཕྲ་མོ་དུ་མས་སྤྲས་པ། གསེར་གྱི་སྐེ་རགས་ནོར་བུའི་ཕྲ་ལྡན་ལ་བརྟེན་པའི་འོག་ལྤགས་རིན་པོ་ཆེའི་དྲྭ་བ་དང་ཆུན་འཕྱང་རྣམས་ཀྱི་སྣེར་དངུལ་གྱི་གཡེར་ཁ་འཁྲོལ་བ། དར་དཀར་གསེར་གྱི་རི་མོ་ཅན་གྱི་སྟོད་གཡོགས། འཇའ་ཚོན་ལྟ་བུའི་དར་སྣ་ཚོགས་པའི་ཤམ་ཐབས་དང་མཐིང་ཤུན་གྱི་མདོག་ཅན་གྱི་འོག་ལྤགས་ཏེ་རིང་ཐུང་རིམ་པ་གཉིས་དང་ལྡན་པ་ལྷའི་མེ་ཏོག་ཚར་དུ་དངར་བ་དུ་མས་སྐུའི་སྟོད་སྨད་ཐམས་ཅད་དུ་འཕྱོར་སྒེག་ཏུ་སྤྲས་པ། པད་ཟླའི་གདན་ལ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཤིང་སྐུ་དྲང་པོར་བསྲངས་ཏེ་བཞུགས་པ་དྭངས་ཤིང་རྙོགས་པ་དང་བྲལ་བ་བསིལ་ཟེར་རིང་དུ་འཕྲོ་བའི་ཟླ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པ་ལ་རྒྱབ་བརྟེན་པ། སྤྱི་བོའི་རིགས་བདག གནས་གསུམ་འབྲུ་གསུམ། ཐུགས་ཀའི་ཡིད་བཞིན་འཁོར་ལོ། གདན་པད་ཟླ། ཆུ་ཤེལ་གྱི་གཞལ་ཡས་ཁང༌། ཕྱི་རོལ་སྲུང་བའི་འཁོར་
ལོའི་བར་དུ་ནང་ནས་ཕྱིར་རིམ་པ་བཞིན་གསལ་འདེབས་ཤིང་སེམས་འཛིན། རེས་སྲུང་འཁོར། གཞལ་ཡས་ཁང༌། གདན། སྐུའི་རྣམ་པ་སོགས་ཕྱི་ནས་ནང་དུ་གསལ་འདེབས། ཁྱད་པར་ཆ་ཤས་སམ་རྣམ་པ་གང་གསལ་བ་ལ་སེམས་རྩེ་གཅིག་བཟུང་བས། དེས་གསལ་སྣང་མཆེད་པ་ན་རྣམ་པ་སྤྱི་ལ་བསླབ་ཅིང༌། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན། གསལ་ལ་མ་འདྲེས་པ་དབང་པོའི་གཞུ། ཀུན་ལ་ཁྱབ་པ་ཆུ་ཟླ་ལྟ་བུར་ཡུན་རིང་དུ་བསྒོམས་པས། ཐ་མ་ཡིད་ཡུལ་དུ་གསལ་བ། འབྲིང་མངོན་སུམ་དང་མཚུངས་པ། རབ་དེ་ལས་ཀྱང་གསལ་ཞིང་བརྟན་པར་གྱུར་ན་ཇི་སྐད་བཤད་པའི་ལས་དང་དངོས་གྲུབ་ཐོགས་པ་མེད་པར་འགྲུབ་པ་ཡིན་ནོ།། །།གཉིས་པ་ནི། སྐུའི་རྣམ་པ་གསལ་རུང་མི་གསལ་རུང༌། རང་ཐ་མལ་དུ་འཛིན་པའི་འདུ་ཤེས་དོར་ཏེ་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་དངོས་ཡིན་ནོ། །དེའི་སྐུ་གསུང་ཐུགས་ཡོན་ཏན་མཛད་པ་ཕྲིན་ལས་དང་བཅས་པ་ཐམས་ཅད་བདག་ལ་ཡོད་དོ་སྙམ་པའི་ང་རྒྱལ་ཐུན་དང་ཐུན་མཚམས་ཐམས་ཅད་དུ་རྒྱུན་བསྐྱངས་པས་བྱིན་རླབས་མ་ལུས་པ་འདི་ལས་བྱུང་ངོ༌།། །།གསུམ་པ་ནི། ལྷའི་སྐུ་དེའང་ཐ་མལ་པའི་ལུས་འདུས་ཤིང་དངོས་པོར་གྲུབ་པ་ཅན་ལྟ་བུ་མ་ཡིན་པ། འབྲས་ཆོས་ཀྱི་ཡོན་ཏན་ཐམས་ཅད་གཟུགས་ཀྱི་རྣམ་པར་སྟོན་པ་སྟེ། སྒྲིབ་གཉིས་བག་ཆགས་བཅས་པ་སྤངས་པས་སྐུ་མདོག་དཀར་མོ། ཡེ་ཤེས་ལྔའི་རང་རྩལ་ཕྱོགས་མེད་དུ་འཆར་བས་རང་འོད་ལྔ་ལྡན་འཕྲོ་བ། དེ་བཞིན་ཉིད་རོ་གཅིག་པའི་ཞལ། བདེན་གཉིས་ཟུང་འཇུག་གི་ཕྱག སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་ཞབས། རྣམ་ཐར་སྒོ་གསུམ་གྱི་ཆོས་ཉིད་ཇི་ལྟ་བར་གཟིགས་ཤིང༌། ཚད་མེད་པ་བཞིས་ཆོས་ཅན་ཇི་སྙེད་པ་ལ་ཐུགས་རྗེ་འཇུག་པའི་སྤྱན་བདུན། ཕྱག་གཡས་གྲུབ་པ་གཉིས་ཀྱི་མཆོག་
སྦྱིན་པ། ཕྱག་གཡོན་མཐེབ་སྲིན་སྦྱར་བས་ཐབས་ཤེས་ཟུང་འཇུག ལྷག་མ་བསྒྲེངས་པས་དཀོན་མཆོག་གསུམ་མཚོན་ཅིང༌། སྤང་བྱའི་སྦུབས་གྲོལ་ཞིང་རྟོགས་བྱའི་ཡོན་ཏན་རབ་ཏུ་རྒྱས་པས་ཨུཏྤལ་དཀར་པོ་བསྣམས་པ། སྤྲོས་མཐའ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྡམས་པས་དབུ་སྐྲ་གཅིག་ཏུ་བཅིངས་པ། རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་དུ་གྱུར་ཅིང་འགྲོ་བ་ཐུགས་རྗེས་མི་གཏོང་བས་སྒེག་ཅིང་ཆགས་པའི་ཉམས་ཅན། ཡོན་ཏན་དང་མཛད་པ་མཐའ་ཡས་པ་མངའ་བས་དར་དང་རིན་པོ་ཆེ་སྣ་ཚོགས་པའི་རྒྱན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མི་གཡོ་བས་སྐུ་དྲང་པོར་བཞུགས་པ། ཉོན་མོངས་པས་མི་ཕྱེད་པས་རྡོ་རྗེའི་སྐྱིལ་ཀྲུང་བཅས་པ། འོད་དཔག་མེད་པས་རང་རིགས་མཚོན་ཅིང་ཟག་མེད་བདེ་བ་རྒྱས་པས་ཟླ་བ་ལ་རྒྱབ་བརྟེན་པ། དོན་དམ་བྱང་ཆུབ་ཀྱི་སེམས་ཆ་གང་བས་ཟླ་བ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བར་འཇུག་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་དཀར་པོ་སྟེ། བྱང་སེམས་གཉིས་ལ་རྟག་ཏུ་གནས་པས་གདན་གྱི་རྣམ་པར་ཤར་བ་སོགས་སུ་ཤེས་པས་གྱ་ནོམ་ལྷར་ཞེན་གྱི་མཚན་རྟོག་ལས་སྐྱོབ་པར་འགྱུར་རོ།། །།གཉིས་པ་བཟླས་པའི་རྣལ་འབྱོར་ལ་གཉིས། འཁོར་ལོ་བསྒོམ་པ་དང༌། བཟླས་པ་དངོས་སོ། །དང་པོ་ནི། རང་ཉིད་སྒྲོལ་མ་དཀར་མོར་གསལ་བའི་ཐུགས་ཀའི་དབུས་དྲང་པོར། པདྨ་དཀར་པོ་འདབ་མ་བརྒྱད་པ་དང་ཟླ་བའི་དཀྱིལ་འཁོར་ལེབ་ཆགས་སུ་གནས་པའི་སྟེང་དུ། ཆོས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཏཱྃ་དཀར་པོ། བཟླས་པའི་དངོས་གཞི་ཡི་གེ་བཅུ་པ་བྱེད་པའི་སྐབས་སུ། ཏཱྃ་གྱི་ཐིག་ལེའི་སྟེང་དུ་ཨོཾ་བྱ་ལྡིང་བ་ལྟ་བུ། ཏཱྃ་གྱི་འོག་འཁོར་ལོའི་ལྟེ་བའི་ཁོང་སེང་དུ་ཧཱ། རྩིབས་བརྒྱད་ལ་ཡི་གེ་བརྒྱད་ཁོ་ན་བསྒོམ་པ་ཡིན་ཅིང༌། སྔགས་ཤམ་ཅན་བཟླ་བ་དང་འབྲེལ་ན། འཁོར་ལོའི་ལྟེ་བར་ཏཱྃ། དེའི་མཐར་མདུན་ནས་གཡས་སྐོར་དུ།
ཨོཾ་མ་མ་ཨཱཿཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམ། ཏཱ། རེ། ཏུཏཱ། ཏཱ། རེ། ཏུ། རེ། སྭཱ་རྣམས་ཡིག་ངོ་ནང་ལྟ། ཐམས་ཅད་ཀྱང་མུ་ཏིག་གི་རྡོག་པོ་ལྟར་ཁ་དོག་དཀར་པོ་རང་འོད་འཕྲོ་བ། ཤིན་ཏུ་མི་གཡོ་བ་བརྟན་པར་གནས་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་ཐོན་ངེས་སུ་བསྒོམ་མོ།། །།གཉིས་པ་བཟླས་པ་དངོས་ལ་གསུམ། འགོག་བཟླས། རྡོར་བཟླས། སྤྲོ་བསྡུ་དང་བཅས་པའི་ངག་བཟླས་སོ། །དང་པོ་ནི། རླུང་རྒྱུ་བ་རང་བབས་སུ་བཞག ཐུགས་ཀའི་འཁོར་ལོ་དང་ཡིག་འབྲུ་རང་སྒྲ་སི་ལི་ལི་ཡོད་པ་ལ་རྩེ་གཅིག་ཏུ་དམིགས་པ་ནི་སེམས་འགོག་པའི་སྦྱོར་བའོ།། །།གཉིས་པ་ནི། རླུང་རོ་ལན་གསུམ་བསལ་བས་སྡིག་སྒྲིབ་བག་ཆགས་ཚེའི་བར་ཆད་བསལ་བར་བསྒོམ། འཇམ་རླུང་ངམ་བར་རླུང་ཙམ་ལ་བརྟེན་ཏེ་དབུགས་ཕྱིར་འགྲོ་བའི་ཚེ་སྙིང་གའི་ཏཱྃ་ལས་འོད་ཟེར་སྤྲོ། ནང་དུ་འོང་བའི་ཚེ་བསྡུ། གནས་པའི་ཚེ་ཏཱྃ་ལ་སེམས་གཏོད་པ་ལན་བརྒྱ་ཕྲག་ལ་སོགས་པ་བསྒོམ་མོ།། །།གསུམ་པ་ནི། སྒོམ་པ་དེ་རྣམས་ཀྱིས་ངལ་ཞིང་སྐྱོ་བའམ། དེ་དག་ལ་གསལ་སྣང་ཐོབ་ན་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་འབྲེལ་བའི་ངག་བཟླས་བྱ་སྟེ། ལས་མཐུན་ནམ་བོ་དྷི་ཙེའི་བགྲང་ཕྲེང་བྱིན་རླབས་བྱས་པ་ཐོགས་ཏེ་མྱུར་བུལ་ལ་སོགས་པའི་སྐྱོན་བརྒྱད་སྤངས་ནས་བཟླས་པ་བྱས་པས། འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་དཀར་པོས་ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་ནད་གདོན་དུས་མ་ཡིན་པའི་འཆི་བ་ཁྱད་པར་དུ་སྲོག་བཅད་དང་འཚོ་བའི་རྐྱེན་འཕྲོག་པ་སོགས་ཚེ་ཐུང་བར་འགྱུར་བའི་ལས་སྒྲིབ་ཐམས་ཅད་སངས་ཀྱིས་དག འོད་ཟེར་ཕྱི་རོལ་དུ་འཕྲོས། ས་ཆུ་མེ་རླུང་སྟེ་འབྱུང་བཞིས་བསྡུས་པའི་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་བཅུད་དང་དྭངས་མ་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས། རང་ལུས་ཐུགས་ཀའི་འཁོར་ལོ་དང་བཅས་པ་ལ་ཐིམ་པས་ལུས་ཀྱི་ཟུངས་
དང་སེམས་ཀྱི་རྟེན་དུ་གྱུར་ནས་སྲ་བརྟན་རྡོ་རྗེའི་ཚེ་ཐོབ་པར་མོས། ཡང་འོད་ཟེར་འཕྲོས། ཚེའི་རིག་འཛིན། ལྷ་དང་དྲང་སྲོང༌། མཁས་གྲུབ་དགེ་བཤེས། འཁོར་ལོས་སྒྱུར་རྒྱལ། ཕྱོགས་སྐྱོང་སྡེ་བརྒྱད་སོགས་གཡོ་བ་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ཚེ་བསོད་ཀྱི་བཅུད་གནོད་པ་མེད་པར་བསྡུ་བསྟིམ་གོང་གིས་འགྲེ། ཡང་འོད་ཟེར་འཕྲོས། མཆོག་གསུམ་རྩ་གསུམ་མ་ལུས་པ་མཆོད་ཅིང་ཐུགས་དམ་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། མཁྱེན་བརྩེ་ནུས་པའི་ཡོན་ཏན། ཁྱད་པར་དུ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བསྟིམས་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་འབར། རྡོ་རྗེའི་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་བསྙེན་པའི་སྐབས་ཡི་གེ་བཅུ་པ་དང༌། སྒྲུབ་པ་དང་ལས་སྦྱོར་གྱི་དུས་སྤེལ་ཚིག་ཅན་གཙོ་བོར་བཟླ། ཚེ་ཤམ་ཅན་བཟླ་བའི་ཚེ། སྐབས་སུ་མོས་གུས་ཀྱི་ཤུགས་ཀྱིས་སྤྱི་བོའི་རིགས་བདག་གི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བདུད་རྩིར་བསྡུས་ཏེ་ཕྱག་གི་ལྷུང་བཟེད་ནང་དུ་ཞུགས། ཞུ་ཞིང་ཁོལ་བའི་བདུད་རྩིའི་རྒྱུན་རང་གི་ཚངས་བུག་ནས་མར་ཞུགས། ལུས་ཐམས་ཅད་ཤེལ་བུམ་འོ་མས་གང་བ་ལྟར་གྱུར་པ་བསྒོམ། ཐུན་མཇུག་ཏུ་དབྱངས་གསལ་ཡིག་བརྒྱས་ཁ་སྐོང་བ་དང༌། ཡེ་དྷར་གྱིས་བརྟན་པར་བྱེད་པ་སོགས་སྤྱི་དང་མཐུན་པར་སྦྱོར་ཞིང༌། རྫོགས་པའི་རིམ་པ་གང་རུང་ལ་འཇུག་གོ། །།དངོས་གཞི་གཉིས་པ་རྫོགས་རིམ་ལ་གཉིས། མཚན་བཅས་དང༌། མཚན་མེད་དོ། །དང་པོ་ལའང་གཉིས། སྲུང་འཁོར་བསྒོམ་པ་དང༌། སྙིང་གར་ཚེ་ཕུར་གདབ་པའོ།། །།དང་པོ་ནི། བདག་བསྐྱེད་དང་འབྲེལ་ན་བཟླས་པ་གྲུབ་པའི་རྗེས་སུ་འོག་ཏུ་འཆད་པ་ལྟར་བསྡུ་རིམ་བྱས་ཤིང་ཟུང་འཇུག་གི་སྐུར་མ་ལྡང་བའི་བར་དང༌། དུས་སྐབས་ཅི་བདེར་བསྒོམ་ན་འདི་ཁོ་ན་ལྟར་བསྒོམ་སྟེ། སྟོང་པའི་ངང་ལས་སྐད་ཅིག་
གིས་འཁོར་ལོའི་གུར་ཁང་དཀར་པོ་ཕྱོགས་མཚམས་བརྒྱད་དུ་རྩིབས་བརྒྱད། སྟེང་འོག་ཏུ་གཉིས་བཅས་རྩིབས་བཅུ་རྩེ་མོ་རིམ་གྱིས་རྣོ་ཞིང་གཡས་སྐོར་དུ་མྱུར་བ་མི་མངོན་པ་ཙམ་དུ་འཁོར་བའི་ལྟེ་བ་ཟླུམ་པའི་དབུས་སུ་པད་ཟླའི་གདན་ལ། རང་ཉིད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་རྒྱན་ཆ་ལུགས་རིགས་བདག་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། སྟེང་གི་རྩིབས་ཀྱི་སྦུབས་མདོར་ཨོཾ། འོག་རྩིབས་སུ་ཧཱ། ཕྱོགས་མཚམས་རྩིབས་རྣམས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ། ཞེས་པ་སྟེ་ཡིག་འབྲུ་ཐམས་ཅད་ཁ་དོག་དཀར་པོ་འོད་ཟེར་རབ་ཏུ་འབར་བ། ཡིག་འབྲུ་འཁོར་ལོ་དང་བཅས་པ་སྲ་བ་བརྟན་པ་སྲུབས་མེད་པ་བསྐལ་པའི་རླུང་སེར་བུས་ཀྱང་མི་ཐར་བར་བསམས་ལ་ཡུན་རིང་དུ་མཉམ་པར་བཞག འདིར་སྲུང་འཁོར་གཙོ་བོར་བྱེད་ཚེ། བླ་མ་རྣམས་སྟེང་གི་ཆ་དང༌། བསྲུང་བྱ་གཞན་མཆོག་དམན་གྱི་རིམ་པས་གཡས་གཡོན། དུད་འགྲོ་སོགས་རང་གི་འོག་སྟེ་ཐམས་ཅད་ཀྱང་འཁོར་ལོའི་གུར་ནང་དུ་བསྒོམ་ཞིང༌། འོག་གི་འོད་ཟེར་སྤྲོ་བསྡུའི་སྐབས་རྣམས་སུ་བསྲུང་བྱ་རྣམས་ལའང་སྤྲོ་བསྟིམ་བྱ་དགོས་སོ། །དེ་ནས་རང་གི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བའི་ཟེར་མ་ལྟ་བུ་འཕྲོས། ལུས་གང༌། སྡིག་སྒྲིབ་ནད་གདོན་བགེགས་དང་བར་གཅོད་དུས་དང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་བསལ། སླར་འོད་ཟེར་ཕྱིར་འཕྲོས། སྣོད་བཅུད་ཀྱི་དྲི་མ་སྦྱངས། སྣོད་བདེ་བ་ཅན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྒྲོལ་མའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་དེ་དག་གི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས། རང་གི་ལུས་གང་ཞིང་ཐུགས་ཀའི་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས་ཞི་བའི་ལས་འགྲུབ་
ཅིང་གཟི་བརྗིད་འོད་དུ་འབར། འོད་ལྷག་མ་རྣམས་འཁོར་ལོའི་གུར་ཁང་གི་ཕྱི་རོལ་འདོམ་གང་གི་སར་ཟླུམ་པོར་འཁོར་བས་འོད་ཟེར་དཀར་པོའི་གུར་ཁང་སྲ་བརྟན་སྲུབས་མེད་བསྐལ་པའི་རླུང་གིས་ཀྱང་མི་ཐར་བ། ནང་གི་བར་སྟོང་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་ཞིང་གཏམས་པར་མོས་ལ་མཉམ་པར་བཞག་པའམ། སྲུང་འཁོར་གཙོར་བཏོན་ན་སྔགས་ཡི་གེ་བཅུ་པ་བཟླའོ། །དེས་འགྲེས་ཏེ། སླར་ཡང་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་འཕྲོས། ལུས་གང༌། འཆི་བ་བསལ། ཚེ་བསོད་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་སྙན་གྲགས་ཉམས་རྟོགས་ཤེས་རབ་རྒྱས། འོད་ཟེར་ཕྱིར་འཕྲོ་བ་སོགས་ནས། འོད་ཟེར་སེར་པོའི་རྣམ་པར་སྤྱན་དྲངས། རྒྱས་པའི་ལས་འགྲུབ། འོད་ལྷག་མ་འོད་གུར་དཀར་པོའི་ཕྱི་རོལ་འདོམ་གང་གི་སར་ཟླུམ་པོར་འཁོར་བའི་བར་མཚམས་ཨུཏྤལ་སྔོན་པོས་གཏམས་པར་བསྒོམ། དེ་བཞིན་ཏུ་ཐམས་ཅད་ལ་སྦྱར་ཏེ། འོད་ཟེར་དམར་པོ་པདྨ་རཱ་ག་ལྟ་བུས་བརྟན་གཡོ་འཁོར་འདས་མཁྱེན་བརྩེ་ནུས་གསུམ་ཐམས་ཅད་དབང་དུ་བསྡུས། འོད་ཟེར་དམར་པོ་བསྟིམས་པས་དབང་གི་ལས་གྲུབ་ཅིང༌། འོད་གུར་གཉིས་པའི་ཕྱི་རོལ་དུ་འོད་དམར་པོའི་གུར་ཁང༌། འོད་ཟེར་ལྕགས་ཁ་ཐོ་རེངས་ཀྱི་གནམ་ལྟ་བུས། དུག་ལྔ་དགྲ་བགེགས་བར་ཆད་ལོག་འདྲེན་སོགས་མི་མཐུན་ཕྱོགས་ཐམས་ཅད་ཚར་བཅད། འོད་ཟེར་སྔོན་པོ་བསྟིམས་པས་དྲག་པོའི་ལས་འགྲུབ། འོད་གུར་གསུམ་པའི་ཕྱི་རོལ་དུ་འོད་སྔོན་པོའི་གུར་ཁང༌། འོད་ཟེར་ལྗང་གུ་མ་རྒད་ལྟ་བུས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཅར་བསྒྲུབས། འོད་ཟེར་ལྗང་གུ་བསྟིམས་པས་ལས་སྣ་ཚོགས་འགྲུབ། འོད་གུར་བཞི་པའི་ཕྱི་རོལ་དུ་འོད་ལྗང་གུའི་གུར་ཁང༌། འོད་ཟེར་མཆིན་ཁ་ཨིཎྡྲ་ནཱི་ལ་ལྟ་བུས་ལས་དང་དངོས་གྲུབ་ཐམས་ཅད་མི་ཉམས་ཤིང་བརྟན་པར་བྱས།«་་་་་མཐིང་ཁ་སྨུག་ཞད་ཅན་ཡིན་གསུངས།» འོད་ཟེར་མཆིན་ཁ་བསྟིམས་པས་བྱིན་རླབས་དང་ལས་འགྲུབ་པ་རྣམས་
བརྟན་ཅིང་གང་གིས་ཀྱང་གཞོམ་གཞིག་མི་ནུས་པར་གྱུར། འོད་གུར་ལྔ་པའི་ཕྱི་རོལ་དུ་འོད་མཆིན་ཁའི་གུར་ཁང་སྟེ་དྲུག་རིམ་ཐམས་ཅད་ཀྱང་གོང་གི་ཞི་བའི་འོད་དཀར་པོའི་འགྲེས་སྦྱར་ཏེ་ཚིག་བརྗོད་མིན་གང་ལྟར། དེ་ན་རེ་རེ་བཞིན་རྒྱས་པར་གསལ་འདེབས་ལ། མཐར་དེ་ཐམས་ཅད་ཀྱང་སྒྱུ་མ་ཆུ་ཟླ་མིག་ཡོར་སྨྲིག་རྒྱུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བདེན་རྫུན་དང་བྲལ་བ་སྣང་ལ་རང་བཞིན་མེད་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་དོ། །ཞེས་ཟུང་འཇུག་ཆུ་ཟླ་ལྟ་བུ་བདེ་ལ་མི་ཞེན་གསལ་ལ་མི་འཛིན་པར་ཡུན་རིང་དུ་མཉམ་པར་བཞག བསྒོམས་པས་སྐྱོ་ན། ཕྱི་ནང་གི་སྒྲ་སྐད་དང་དབུགས་ཀྱི་འགྱུ་བ་ཐམས་ཅད་སྒྲོལ་མའི་སྔགས་ཀྱི་རང་སྒྲར་རང་བཞིན་གྱིས་གྲགས་པ། དེའང་བྲག་ཅ་ལྟར་གྲགས་སྟོང་བདེན་རྫུན་དང་བྲལ་པའི་ངང་དུ་ཤེས་པ་ཁོང་གློད་ཅིང་ལྕེ་རྩེ་གཡོ་ཙམ་དུ་ཡི་གེ་བཅུ་པ་ཅི་ནུས་བཟླས་པའི་མཐར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ངོ༌། །འདི་ལ་སྔོན་གྱི་ཡི་གེ་ཁ་ཅིག་ཏུ་འོད་གུར་བདུན་རིམ་སོགས་གསུངས་ཀྱང་ད་ལྟ་དྲུག་རིམ་འདི་བྱེད་པ་ཡིན་ནོ།། །།གཉིས་པ་ནི། རང་ཡིད་བཞིན་འཁོར་ལོར་གསལ་བའི་སྐུའི་ནང་སྟོང་སང་ངེ་བ། དར་དཀར་གྱི་གུར་ཕུབ་པའམ་ཤེལ་དཀར་གྱི་བུམ་པ་ལྟ་བུའི་སྐུ་ལུས་ཀྱི་ནང་གི་དབུས་དྲང་པོར། སྲོག་པ་རྩ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ། ཡར་སྣ་སྤྱི་བོ་ལ་ཅུང་ཟད་མ་རེག་ཅིང་མས་སྣ་གསང་གནས་ལ་ཅུང་ཟད་མ་རེག་པའི་ཡར་སྣར་ཐིག་ལེ་དཀར་པོ་བདེ་བའི་རང་བཞིན་ཅན་དང༌། མར་སྣར་ཐིག་ལེ་དམར་པོ་དྲོད་ཀྱི་རང་བཞིན་ཅན་གྱིས་བཀག་པ། སྙིང་གའི་ཐད་ཀྱི་ནང་དབུས་སུ་རླུང་སེམས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་འོད་ཟེར་འཕྲོ་བ་ཞིག་བརྟན་པར་བསྒོམ། གསལ་ཐེབས་པ་ན་རླུང་རོ་བསལ། བུམ་ཅན་བཟུང་བས་ཏཱྃ་ལས་བྱུང་བའི་སྲོག་གི་རླུང་སྔོ་དམར་གྱིས་སྲོག་རྩའི་ནང་འགྲོ་འོང་མེད་པར་གང་བར་དམིགས་ཏེ་སེམས་བཟུང་ངོ༌།། །།གཉིས་པ་མཚན་མེད་རྫོགས་རིམ་ནི། རང་གི་
ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣང་སྲིད་ཐམས་ཅད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་གྱུར་པ་རྣམས་འོད་དུ་བྱས་ཏེ། སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེའང་འོད་དུ་ཞུ་རང་ལ་ཐིམ། རང་ཉིད་གདན་དང་བཅས་པ་ཡས་ནས་མར། མས་ནས་ཡར་འདུས་ཏེ་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་ཡིག་འབྲུ། དེ་རྣམས་ཏཱྃ་ཡིག དེའང་འ་ཆུང་ཏ་ལ། ཏ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། དེ་ནཱ་ད་སྐྲ་རྩེ་ཙམ། དེའང་ཇི་ཕྲར་མཐར་མི་དམིགས་པར་ཡལ་ཏེ་ཡུལ་ཡུལ་ཅན་གྱི་རྣམ་པ་གང་ཡང་མ་ལུས་པ་དབྱིངས་ནམ་མཁའ་ལྟར་དག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་རང་བཞིན་གྱིས་འོད་གསལ་བ་ལ་མཉམ་པར་བཞག་སྟེ། དེའང་འདས་པའི་རྗེས་མི་བཅད། མ་འོངས་པ་མི་སེམས། ད་ལྟ་བ་ལ་མི་རྟོག འཁོར་འདས་སོགས་ཅིར་ཡང་མི་དམིགས་པའི་གནས་ལུགས་དེའི་ངང་དུ་བསྒོམ་བྱ་སྒོམ་བྱེད་སོགས་དང་བྲལ་བའི་མི་དམིགས་མི་རྟོག་ཡིན་མིན་གང་དུའང་མི་འཛིན་པར་གྲིམས་ལྷོད་རན་པོས་རང་བབས་སོ་མ་མ་བཅོས་ལྷུག་པར་བཞག རྣམ་རྟོག་ཐོལ་སྐྱེས་ལ་སྣ་མི་བསྐྱིལ། འཕྲོ་མི་མཐུད། རྦད་ཆོད་དུ་བཏང་སྟེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རང་ལུགས་སུ་བཞག་སྟེ་བལྟས་པས། ཆོས་རྣམས་ཀྱི་གནས་ལུགས་གདོད་ནས་རྣམ་པར་དག་པ་རང་བཞིན་འོད་གསལ་བ་གསལ་སྟོང་ཟུང་འཇུག ཡོད་མེད་བདེན་རྫུན་སོགས་གཉིས་སྣང་སྤྲོས་པ་གང་གིས་ཀྱང་མ་གོས་པའི་དབྱིངས་རིག་དབྱེར་མེད། ལྷན་སྐྱེས་ཡེ་ཤེས་ཅིའང་མ་ཡིན་པ་ལ་ཅིར་ཡང་འཆར་བ། སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་དག་པའི་དཀྱིལ་ལྟར་དངོས་གསལ་ཀུན་ཁྱབ་མཐའ་དབུས་མཚན་མ་ཀུན་བྲལ་དེ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་མེད་པའི་ཚུལ་དུ་མཐོང་བ་ལ། ཆེད་དུ་མི་སྒོམ་ཞིང་འདུ་མི་བྱེད་པར་མ་བཅོས་རང་བབས་སུ་བཞག་པས་སྤྲོས་མཚན་ལས་འདས་པའི་ཆོས་ཉིད་གསལ་བར་མཐོང་བ་ནི་ལྷག་མཐོང༌།
དེ་ཉིད་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་འཛིན་སྟངས་དང་བྲལ་བར་རང་བབས་ལྷུན་གྲུབ་ཏུ་གནས་པ་ནི་ཞི་གནས། ཡང་རྟོག་པ་རང་ཞིར་སོང་ནས་རང་ངོ་མི་རྟོག་པར་གནས་པའི་གནས། དེའི་ངོ་བོ་སྤྲོས་བྲལ་དུ་ཤེས་ཤིང་ཐག་ཆོད་པའི་རྟོགས་པ་མངོན་ཏུ་གྱུར་པ་ལྷག་མཐོང༌། དེ་གཉིས་ཟུང་དུ་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་ཞི་ལྷག་ཟུང་འབྲེལ་བླ་ན་མེད་པ་ཡིན་པར་ངོ་ཤེས་པར་བྱ་སྟེ། འདི་ནི་ཆུ་བོའི་རྒྱུན་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱ་བའི་དོན་པོ་ཡིན་ནོ། །དེས་ན་བསྐྱེད་བཟླས་ཐམས་ཅད་ཀྱི་མཇུག་ཏུ་སྦྱོར་དགོས་པ་གཞིར་བཅས། དངོས་གཞིའི་སྐབས་སུ་བསྐྱེད་བཟླས་དང་མཉམ་གཞག་འདྲེ་བ་བྱུང་ན་ཟུང་འཇུག་གི་རྣལ་འབྱོར་དུ་འགྱུར་རོ།། །།གསུམ་པ་རྗེས་ཀྱི་བྱ་བ་ནི། འོད་གསལ་དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་འཕར་བའི་ཚུལ་དུ་ཡིད་བཞིན་འཁོར་ལོ་རྣམ་པ་ཐམས་ཅད་ཀྱི་གཟུགས་སྐུ་ཡོངས་སུ་རྫོགས་པ། སྒྱུ་མ་ལྟར་བདེན་རྫུན་དང་བྲལ་བའི་རང་བཞིན་ཏུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དཀར་དམར་མཐིང་གསུམ་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པས་སྒོ་གསུམ་ལ་བར་ཆད་འཇུག་པའི་སྐབས་ཀྱིས་མི་ཕྱེད་པ། སྣང་གྲགས་རྟོག་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མ་གྲུབ་ཅིང༌། སྣང་ཆ་སྒྱུ་མ་ཙམ་དུ་རྗེ་བཙུན་མའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་ཏུ་དག་པའི་བསྐྱེད་རིམ་གྱི་གྲུབ་མཐའ་ཆེན་པོ་ལམ་དུ་བསླང་བར་བྱའོ། །ཐུན་མཚམས་སུའང་ཏིང་ངེ་འཛིན་དང་མ་བྲལ་བར། གཏོར་འབུལ། མཎྜལ། བསྟོད་པ། སྐོར་བ། སཱཙྪ་གདབ་པ། ཁྲུས་གསོལ། འདོད་དོན་གསོལ་གདབ། ཆུ་སྦྱིན། སྲོག་སླུ། སྦྱིན་གཏོང་སོགས་སྤྱི་དང་བྱེ་བྲག་གི་དགེ་བའི་བྱ་བ་གང་ལྕོགས་ལ་འབད་ཅིང་ཉམས་སུ་བླངས་པས། ཚེ་དང་བློ་གྲོས་དང་ནོར་ལ་སོགས་པ་གནས་སྐབས་དང༌། བདེ་སྟོང་གི་ཡེ་ཤེས་སོགས་མཐར་ཐུག་གི་དངོས་གྲུབ་ཡིད་ལ་འདོད་པའི་དོན་ལོ་ཟླ་ཙམ་གྱིས་འགྲུབ་ཅིང༌། ཚེ་རབས་ཀུན་ཏུ་བཅོམ་
ལྡན་འདས་མས་རྗེས་སུ་བཟུང་ནས་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ཏུ་བྱེད་པར་འགྱུར་རོ། །ཚེ་ཁྲིད་འདི་ཀཾ་ཚང་བཀའ་བརྒྱུད་ལ་སྔོན་དུས་ཤིན་ཏུ་དར་སྲོལ་ཆེའང༌། བར་དུ་དབང་ལུང་ཙམ་ལས་ཁྲིད་རྒྱུན་དངོས་ཆད་ཅིང་རྗེ་ཀུན་མཁྱེན་ཆེན་པོས་རིག་འཛིན་ཆེན་པོ་དང༌། དེས་དབུས་ཆུ་ལྷོ་ཁའི་སྒྲུབ་ཆེན་ཞིག་ལས་གསན་པ་བརྒྱུད་ཡིག་མ་བྱུང་ཡང༌། པཎ་ཆེན་བྱམས་གླིང་པའི་ཕྱོགས་ནས་བརྒྱུད་པའི་འཕྲོས་འདུག་གསུངས། དེ་དག་སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པའི་ཁྲིད་ཡིག་ལས་འཆད་ཉན་མཛད་ཡོད་པར་སྣང་ཡང་དེང་སང་དེའི་རྒྱུན་མི་འདུག འོན་ཀྱང་བརྒྱུད་འདེབས་སུ་སྨོས་པའི་གསེར་ཕྲེང་རྣམས་བྱིན་རླབས་བརྒྱུད་པར་བར་མ་ཆད་པ་གཞིར་བྱས། བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་དོན་བརྒྱུད་མཐའ་དག་གཏད་ཅིང་བཟུང་བར་མ་ཟད། རྣམ་པ་ཙམ་དུའང་རྗེ་བཙུན་མ་ཐུགས་དམ་གྱི་ལྷར་མཛད་ཅིང་ཞལ་གཟིགས་བརྒྱུད་པ་བར་མ་ཆད་པ་རྗེ་དྷཱརྨཱ་ཀ་ར་ཡན་ཆད་སྨོས་མ་དགོས། བདུད་འདུལ་རྡོ་རྗེ་དང་པདྨ་ཉིན་བྱེད་ཡབ་སྲས་གཉིས་ཀས་ཀྱང་རྗེ་བཙུན་མ་ཐུགས་དམ་དུ་མཛད་པས་མངོན་རྟོགས་སྐུ་ཚེའི་དངོས་གྲུབ་ཁྱད་འཕགས་བརྙེས་པ་ཡོངས་སུ་གསལ་བ་དང༌། རྡོ་རྗེ་འཆང་པདྨའི་མཚན་ཅན་ཐུགས་སྲས་ཟུང་དང་བཅས་པ་ལས་ཁོ་བོ་རྗེས་སུ་གནང་བ་སོགས་ཞུས་པ་ཡིན་མོད་ཀྱི། ཁྱད་པར་རྗེ་བླ་མ་ཐེག་མཆོག་བསྟན་འཕེལ་ཞབས་ཀྱིས་སྒྲོལ་དཀར་ལྷ་ཁྲིད་གནས་མདོ་ཕྱོགས་ནས་རྩ་བ་ཙམ་དང༌། ཇོ་ནང་ཁྲིད་བརྒྱ་ལྟར་ཚར་གཅིག་གསན་ནས་ཉམས་བཞེས་ཟླ་བ་དྲུག་མཛད་འདུག་ཅིང༌། དེ་ཉིད་ཀྱིས་ཆེད་དུ་གསོལ་བ་མ་བཏབ་པར་ཡང་ཐུགས་རྗེས་གཟིགས་ཏེ་ཁོ་བོ་ལ་རྗེས་གནང༌། ལུང༌། ལྷ་ཁྲིད་ཞིབ་རྒྱས་སུ་སྩལ་བ་ཚིག་ཁྲིད་ཁྲིགས་ཆགས་མའི་རྒྱུན་བར་སྐབས་སུ་ཆད་པ་ལྟར་སྣང་ཡང༌། དོན་གྱི་ངོ་བོ་གོང་སྨོས་ལྟར་མ་ཆད་པར་མ་ཟད། ཁྲིད་དང་ཆོ་ག་བསྲེས་པ་རྗེ་དགུ་པའི་སྒྲོལ་དཀར་རྒྱས་པ་སོགས་ལུང་ཁྲིད་སྦྲགས་མ་བཞུགས་བཞིན་པ་དང༌། ཁོ་བོས་ཀྱང་
དེ་དག་དང་ཇོ་ནང་ཁྲིད་བརྒྱའི་ནང་ཚན། ཁྱད་པར་ཀུན་གཟིགས་འཇམ་པའི་དབྱངས་ལས་བ་རི་ལུགས་ཀྱི་ཚེ་ཁྲིད་རྒྱས་པར་ནོས་ཏེ་ཉམས་ལེན་འདྲའང་བགྱིས་ནས། ཡིག་ཆ་འདིའང་རྗེ་དགུ་པའི་གསུང་གི་བཅུད་ཕྱུང༌། ཀུན་མཁྱེན་ཆེན་པོའི་དགོངས་དོན་གཞིར་བཞག རྗེ་བཙུན་རིན་པོ་ཆེ་ལས་བརྒྱུད་པའི་གདམས་ངག་གིས་ཟུར་བརྒྱན་པ་ཡིན་པས། ཕྱིན་ཆད་རང་ལུགས་འཛིན་པ་རྣམས་ཀྱིས་ཀྱང་རང་ནོར་ལ་རང་བརྙས་མི་བྱེད་པར་ཁྲིད་སྲོལ་འདི་བསྐྱངས་ཐུབ་པ་བྱུང་ན་ཤིན་ཏུ་གལ་གནད་ཆེ་བ་ཡོད་དོ།། །།མོས་པ་ཞན་དང་བསྟན་པའི་བབ་ཡོལ་བས། །ཁྲིད་སྲོལ་ཆུ་བྲན་ས་ལ་ཐིམ་ཉེ་བར། །དད་དང་བརྩོན་པས་ཆུ་རྐ་བཙུགས་ཟིན་གྱི། །ཆོས་རྗེས་འབྲང་རྣམས་བདུད་རྩིར་བསྟེན་པར་རིགས། །གྲགས་རྗེས་རྒྱུག་རྣམས་སུས་ཀྱང་མི་མགུ་བས། །རང་གི་ཆོས་ཉིད་ཀྱིས་ཐོབ་ཟང་ཟིང་དང༌། །གྲགས་སྐམ་ཕྱི་སའི་ཕུང་པོར་མནོག་ནོར་བཞིན། །ལྟོ་འགེངས་སྤྱོད་པས་མི་ཚེ་འཕུལ་འཚལ་ལོ། །ཐུབ་བསྟན་སྒྲོན་མེ་རྣམས་ཀྱི་ཞབས་བརྟན་ཅིང༌། །ལུང་རྟོགས་དཔལ་རྒྱས་བདག་ཀྱང་སྐྱེ་ཀུན་ཏུ། །བླ་མ་ཡིད་བཞིན་འཁོར་ལོས་རྗེས་བཟུང་སྟེ། །འཆི་མེད་བཅུད་ཀྱིས་འགྲོ་བ་འཚོ་བྱེད་ཤོག །ཅེས་པ་འདིའང་ཐུབ་བསྟན་ཡོངས་རྫོགས་ཀྱི་བཤེས་གཉེན་བཀའ་དྲིན་གསུམ་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ལུང་ཟླ་ཟེར་བདུད་རྩིའི་རྒྱུན་གྱིས་དྲན་པས་སྤྲོ་བའི་ཀུ་མུད་ཅུང་ཟད་དགོད་དེ། རང་ལ་ལེགས་པར་འདོད་པ་རྣམས་ཀྱི་ཆ་རྐྱེན་ཏུ། བྱམས་མགོན་ཏཱའི་སི་ཏུའི་བཀའ་འབངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། མཁས་པ་དང་གྲུབ་པའི་སྐྱེས་བུ་རྒྱུན་མི་ཆད་པར་འབྱུང་བའི་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་འབྱོར་དྲུག་རྒྱས་པའི་དུས་ཚེས་བཟང་པོར་བྲིས་པ་བསྟན་འགྲོ་ལ་སྨན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།
སྒྲོལ་མ་རྣལ་འབྱོར་མའི་རྒྱུན་ཁྱེར་དམ་ཚིག་ངེས་པའི་ཐིག་ལེ།
སྒྲོལ་མ་རྣལ་འབྱོར་མའི་རྒྱུན་ཁྱེར་དམ་ཚིག་ངེས་པའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཏཱ་རཱ་ཡཻ། སངས་རྒྱས་ཕྲིན་ལས་ཀུན་འབྱུང་ཞིང༌། །འདོད་ལྡན་རྣམས་ལ་བྱང་ཆུབ་སྟེར། །མཁའ་འགྲོ་མ་ཡི་རིགས་འདུས་པ། །དམ་ཚིག་སྒྲོལ་མ་ལ་བཏུད་ནས། །རྣལ་འབྱོར་དང་པོའི་དམ་ཚིག་གིས། །ཕྱག་རྒྱ་ཉེ་བར་སྒྲུབ་པའི་ཐབས། །ལྷ་དང་སྔགས་སུ་བྱིན་བརླབས་པ། །བསྡུས་ཏེ་བྱ་བའི་རིམ་པ་བཤད། །དེ་ཡང་སྔགས་བརྗོད་བདུན་ལས་ལས་དང་པོ་པ་ཡེ་ཤེས་མི་གསལ་བའི་གང་ཟག་སྤྲོས་པ་ལ་དགའ་ཞིང་སྤྲོས་བཅས་མི་འཁྱོང་བ་དག་གིས་ཡོངས་སུ་བརྟགས་པའི་རྣལ་འབྱོར་རྒྱུན་ཁྱེར་བྱ་བ་ལ་གསུམ་སྟེ་ཐོག་མར་ཚོགས་བསག་པ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སྒྲོལ་མར་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་ཏཱྃ་ཡིག་གི་འོད་ཀྱིས་ལུས་ཀྱི་ནང་གང༌། སྡིག་སྒྲིབ་ཐམས་ཅད་དག ཨོཾ་པདྨ་ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་བརྩེགས་པར་གྱུར། རང་གི་སྙིང་གའི་འོད་ཀྱིས་སྒྲོལ་མ་འཁོར་བཅས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ་ས་པ་རི་བཱ་ར་ཨརྒྷཾ། པུཥྤཾ་སོགས་ནས། ཤབྡཾ་པྲ་ཏཱིཙྪ་ན་མ། ཨོཾ་ལས་བྱུང་བའི་མེ་ཏོག་ཕུལ་པར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ་སུ་པུཥྤེ་
པུཥྤ་ཨུཏ་བྷ་བེ་པུཥྤ་ཀི་ར་ཎེ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ལན་གསུམ། རྗེས་བཙུན་མ་འཕགས་མ་སྒྲོལ་མས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ། སེམས་ཅན་ཐམས་ཅད་སོགས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ནི། སྙིང་གའི་འོད་ཀྱིས་སྣང་བ་ཐམས་ཅད་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ། བདག་ཉིད་ཀྱང་ཐུགས་ཀའི་ཏཱྃ་ལ་ཐིམ། སྣང་བ་ཙམ་གྱི་རྣམ་ཤེས་ནི། །སེམས་ཙམ་དུ་ནི་རྣམ་པར་བརྟག །ནམ་མཁར་རྡོ་རྗེར་གནས་སེམས་འདི། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །ས་བོན་དེ་ཉིད་ཀྱང་འོད་གསལ་གྱི་དབྱིངས་སུ་ཐིམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། རང་སེམས་སྒྲོལ་མ་སྐྱབས་སྦྱིན་དང་ཨུཏྤལ་འཛིན་པའི་ཕྱག་གཉིས་པའི་རྣམ་པས་ནམ་མཁར་གནས། རང་སེམས་ཀྱི་སྣང་བ་ལས་བྱུང་བའི་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་སྲུང་བའི་འཁོར་ལོའི་ནང་དངོས་གྲུབ་འབྱུང་བའི་དུར་ཁྲོད་བརྒྱད་ཀྱི་དབུས་སུ་རིན་པོ་ཆེའི་གཞལ་
མེད་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ལྟེ་བར་པད་ཟླའི་གདན་ལ། ཨོཾ་ལས་བྱུང་བའི་ཟླ་བ་ལ་ཨཱ་ལིས་མཚན་པ་དང༌། ཨཱཿལས་བྱུང་བའི་ཉི་མ་ཀཱ་ལིས་མཚན་པ་ལ་ནམ་མཁའི་ལྷ་མོ་ཐིམ། ཟླ་བའི་དབུས་སུ་ཏཱྃ་ལྗང་སྔོན། དེ་ལས་ཨུཏྤལ་སྔོན་པོར་གྱུར། དེ་ཐམས་ཅད་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྒྲོལ་མའི་རྣམ་པར་སྤྱན་དྲངས་ཏཱྃ་ལ་ཐིམ། ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་བཅོམ་ལྡན་འདས་མ་ཆེན་མོ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་ཞལ་གཅིག་ཕྱག་བརྒྱད་མ། སྐུ་མདོག་སྔོ་ཞིང་ཡིད་ཙམ་ལྗང་བ། པདྨ་རཱ་ག་ལྟ་བུའི་འོད་ཟེར་དམར་བ་འབར་བ། ཕྱག་གཡས་ཀྱི་དང་པོས་མཆོག་སྦྱིན། གཉིས་པ་ན་གྲི་གུག གསུམ་པ་ན་ཅང་ཏེའུ། བཞི་པ་ན་མདའ། གཡོན་གྱི་དང་པོས་རབ་ཏུ་རྒྱས་པའི་ཨུཏྤལ་སྔོན་པོའི་སྡོང་བུ་ཐུགས་ཀར་འཛིན་པ། གཉིས་པ་ན་ཀ་པཱ་ལ་ཁྲག་གིས་གང་བ། གསུམ་པ་ན་མདུང་རྩེ་གསུམ། བཞི་པ་ན་མེ་ཏོག་གི་གཞུ་འཛིན་པ། མཆན་ཁུང་གཡོན་ཏུ་རྡོ་རྗེ་ཁ་ཊྭཱཾ་ག་བསྒྲེངས་པ། སྟག་གི་པགས་པའི་ཤམ་ཐབས་དང༌། རུས་པའི་ཕྱག་རྒྱས་སྐུ་ལ་བརྒྱན་ཅིང༌། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། མགོ་རློན་གྱི་ཕྲེང་བ་དང་ཨུཏྤལ་དམར་པོའི་དོ་ཤལ་འཕྱང་བ། དྲག་མོ་ཆེན་མོ། སྤྱན་གསུམ་དང་ལྡན་ཞིང༌། མཆེ་བ་ཅུང་ཟད་གཙིགས་པ། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། ཞབས་གཡོན་བསྐུམ་གཡས་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་ཤིང༌། ཕྱི་རོལ་དུ་མེ་དཔུང་འབར་བའི་ཕྲེང་བ་འཁྲུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། གནས་རྣམས་སུ་ཟླ་བའི་གདན་ལ་མིག་ཏུ་ཨོཾ་ཏཱ་རེ་སྭཱ་ཧཱ་དཀར་པོ། རྣ་བར་ཨོཾ་ཏུཏྟཱ་རེ་སྭཱ་ཧཱ་སྔོན་པོ། ལྕེ་ལ་ཨོཾ་ཏུ་སྭཱ་ཧཱ་དམར་པོ། སྙིང་
གར་ཨོཾ་རེ་སྭཱ་ཧཱ་སྔོན་པོ། སྤྱི་བོར་ཨོཾ་ཏཱ་རེ་ཎི་སྭཱ་ཧཱ་ལྗང་གུ། མིག་ཏུ་ཀྵིཾ་དཀར་པོ། རྣ་བར་ཛྲིཾ་ནག་པོ། སྣར་ཁྃ་སེར་པོ། ལྕེར་གྃ་དམར་པོ། དཔྲལ་བར་སྐྃ་ལྗང་གུ། ལྟེ་བར་སྃ་སྔོན་པོ། སྙིང་གའི་དབུས་སུ་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་རབ་ཏུ་ཁྲོས་པ། དེའི་ཐུགས་ཀར་ཟླ་བ་ཨུཏྤལ་ཏཱྃ་ཡིག་ལྗང་སྔོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཕཻཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། སླར་ཡང་སྙིང་གའི་འོད་ཀྱིས་དབང་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་ཡུམ་ལྔས་བུམ་པ་ལ་སོགས་པའི་དབང་བསྐུར་བར་གྱུར། ཨོྃ་ལྃ་མཱྃ་པཱྃ་ཏཱྃ་ཧཱུྃ་ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ།«་་་་་བུམ་དབང༌། »ཨོཾ་བྷྲཱུྃ་ཨཱྃ་ཛྲིྃ་ཁྃ་ཧཱུྃ་ཧཱུྃ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ།«་་་་་ཅོད་པན།» ཨོཾ་ཧཱུྃ་ཁྃ་ཧཱུྃ་«རྡོ་རྗེ་་་་་་»བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ།« མིང་དབང༌།་་་་་»ཨོཾ་ཛཿཧཱུྃ་བཾ་ཧོཿ བཛྲ་སཏྭ་སྟྭཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ།«་་་་་རྡོ་རྗེའི་བརྟུལ་ཞུགས།» སྟྭཾ་དྷ་ར་ཡཱ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུྃ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། «དྲིལ་བུ།» «གསང་དབང༌།་་་་་»གཙོ་མོ་དང་དོན་གྲུབ་ཡབ་ཡུམ་སྙོམ་པར་ཞུགས་པའི་བྱང་ཆུབ་སེམས་ཁར་བྱིན་པར་གྱུར། ཨོཾ་ཨཱཿཧཱུྃ། བདག་ཉིད་ཡབ་དང་ལྷ་མོ་རྣམས་དམ་ཚིག་སྒྲོལ་མར་«་་་་་ཤེར་དབང༌།» «བདག་པོའི་དབང༌།» གྱུར་པ་དཀྱིལ་འཁོར་གྱི་གཙོ་བོས་གཏད་པ་ལ་སྙོམས་པ་བཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། དབང་ལྷ་རྣམས་རིགས་བདག་དོན་ཡོད་གྲུབ་པའི་རྣམ་པར་གྱུར་ནས་དབུ་བརྒྱན། «བཞི་པའོ།་་་་་»ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མཚན་ཉི་ཤུ་རྩ་བརྒྱད་པའམ། མཚན་ངེས་པར་གྲགས་པས་བསྟོད་དེ།
དེ་ནས་བཅོམ་ལྡན་འདས་མ་ཆེན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་དམ་ཚིག་སྒྲོལ་མ་ཞེས་བྱ་བ། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱུ་བ་དང༌། མི་རྒྱུ་བའི་བྱེད་པ་པོ། བརྟན་པ་དང༌། གཡོ་བའི་རང་བཞིན། གསང་བ་ལས་ཆེས་ཤིན་ཏུ་གསང་བ། གསང་བ་ཆེན་པོའི་དབང་ཕྱུག་མས་བདག་ཉིད་ཀྱི་རྡོ་རྗེའི་མིང་འདི་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །བཅོམ་ལྡན་འདས་མ་སྒྲོལ་མ། རྡོ་རྗེ་མ། དམ་ཚིག་སྒྲོལ་མ། རྡོ་རྗེ་རྣལ་འབྱོར་མ་ཆེན་མོ། ཡེ་ཤེས་ལྔས་བརྒྱན་པ་མ། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་མ། ཡེ་ཤེས་དཀྱིལ་འཁོར། ཟླ་བའི་བདེ་མ། ངོ་མཚར་བདེ་མ། སྐུ་དང་གསུང་དང་ཐུགས་ཀྱི་འདོད་མ། ཕུང་པོའི་བདག་མོ། སྐྱེ་མཆེད་ཀྱི་བདག་མོར་གྱུར་པ། འབྱུང་བ་རྣམས་རབ་ཏུ་ཐོབ་པ། ཡུལ་དང་བྲལ་བའི་རང་བཞིན། རྒྱུད་ཀུན་གྱི་དབང་ཕྱུག་མ། ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ། རྡུལ་དང་བྲལ་བ། དྲི་མ་མེད་པ། གསང་སྔགས་ཆེན་པོ། ཤིན་ཏུ་ཕྲ་བ། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། དག་བྱེད་དག་བྱེད་ཆེན་མོ། ལས་ཐམས་ཅད་གྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཡི་གེ་བཅུའི་སྒྲ་སྒྲོགས་མ། སྒྲ་སྒྲོགས་དགྱེས་མ། གདུང་མ། མྱུར་བ་མ། རྣམ་པར་ཤེས་པ་ཡོངས་སུ་དག་པ། སྲ་ཞིང་བདེ་བ་ཡེ་ཤེས་སྙིང་པོ། བདེ་བ་ཆེན་མོའོ། །དེ་སྐད་ཀྱང་བཀའ་སྩལ་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏཱི་ར་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་གི་མཐར། ཡི་གེ་བཅུ་པས་གཡས་བསྐོར་དུ་བསྐོར་བ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། སླར་འདུས་ཏེ་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་བའི་ཡིག་བཅུ་ཅི་
ནུས་བཟླ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཧཱུྃ་ཕཊ། སྐུའི་བཟླས་པའོ། །ཨོཾ་ཏཱ་རེ་སྭཱ་ཧཱ། གསུང་གི་བཟླས་པའོ། །ཨོཾ་ཨཱཿཏཱྃ་ཧཱུྃ། ཐུགས་ཀྱི་བཟླས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་རྻ་ཨ་ཝ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲི་ཏེ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ལས་ཀྱི་སྔགས་ཏེ་ཅུང་ཟད་རེ་བཟླའོ། །གསུམ་པ་རྗེས་ཀྱི་བྱ་བ་ལས་རྗེས་སུ་བཟུང་བ་ནི། རང་གི་སྙིང་ག་ནས་སྒྲོལ་མ་ཕྱག་གཉིས་མ། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་ཨུཏྤལ་ཐོགས་པ་བརྒྱད་སྤྲོས་ཏེ། སེམས་ཅན་རྣམས་ཀྱི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་བསྐྱབས་པར་བསམས་ལ། ཨོཾ་ཨོཾསྭཱ་ཧཱ། ཨོཾ་ཏཱ་སྭཱ་ཧཱ། ཨོ་རེ་སྭཱ་ཧཱ། ཨོཾ་ཏུ་ཏ་སྭཱ་ཧཱ། ཨོཾ་ཏཱ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཨོཾ་ཏུ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཞེས་བཟླ། ཚར་གཅད་པ་ནི། ཧཱུྃ་ཞེས་བརྗོད་པས་ཐུགས་རྗེ་ཆེན་པོས་ཁྲོས་ཏེ་ཐུགས་ཀ་ནས་ཕོ་ཉ་ཕྱག་བརྙན་མོ་བཅུ་གཉིས་སྤྲོས་ཤིང༌། དེ་ལས་ཀྱང་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་མཐའ་ཡས་པ་སྤྲོས་ཏེ་བདུད་བཞི་ལ་སོགས་པ་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་མ་རུངས་གདུག་པ་ཅན་ཐམས་ཅད་ལ་ཕུར་བུས་བཏབ་ཅིང་ཚར་བཅད་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་བནྡྷ་ཧཱུྃ་ཕཊ། ཞེས་བཟླ། འདི་གཉིས་རྒྱུན་གྱི་རྣལ་འབྱོར་ལ་མ་བྱས་ཀྱང་ཆོག དེ་ནས། ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། སོགས་ཀྱིས་བསྟོད། བཛྲ་ས་མ་ཡ་ཧཱུྃ། རྟེན་གྱི་དཀྱིལ་འཁོར་རང་གི་ལུས་ལ་ཐིམ། རང་ཉིད་ཀྱང་ཐུགས་ཀའི་ཏཱྃ་ལ་ཐིམ། དེ་ཡང་ཆ་ལྔའི་རིམ་པས་ནཱ་ད་ལ་བསྡུས། དེ་ཡང་སྟོང་པ་ཉིད་དུ་ཐིམ་པར་གྱུར། ཨཱཿ ཞེས་རང་བཞིན་མེད་པའི་གཟུངས་ཀྱི་སྒོ་ལ་ཅི་རིགས་གནས་ཤིང་ལྡང་བ་ན། སླར་བདག་ཉིད་བཅོམ་ལྡན་འདས་མའི་སྐུར་གྱུར། དགེ་བ་བསྔོ། གཏོར་འབུལ་དང༌། རྣལ་འབྱོར་ཕྱི་མ་
གསུམ་གྱི་སྙིང་པོ་བསྒོམ་པར་འདོད་ན་གཞན་དུ་ཤེས་པར་བྱ། ཡང་ན་རྒྱུན་གྱི་རྣལ་འབྱོར་ལ་རྩ་བའི་ལྷ་དཔའ་མོ་གཅིག་པ་ཞལ་གཅིག་ཕྱག་གཉིས་པའི་སྒོམ་བཟླས་བྱས་ཀྱང་ལེགས་ཤིང་འབྲེལ་ཆགས་པའོ། །དྲན་པས་འཇིགས་པ་མ་ལུས་འཇོམས། །བསྒོམས་པས་སྙིང་ལ་བདེ་ཆེན་སྟེར། །སྒྲོལ་མའི་རྣལ་འབྱོར་འདི་བྱས་པས། །བདག་དང་འགྲོ་ཀུན་རྗེས་འཛིན་ཤོག །ཅེས་པའང་ཀུན་མཁྱེན་མཉྫུ་ཤྲཱི་དང༌། རང་སློབ་ཨཱི་ཤྭ་ར་སོགས་ཀྱི་སྔ་ཕྱིར་བསྐུལ་མ་མཛད་པ་ལྟར། ཡོན་ཏན་རྒྱ་མཚོས་དཔལ་སྤུངས་རི་ཁྲོད་དུ་འགྲུབ་སྦྱོར་དང་ལྡན་པའི་ཚེས་བཟང་པོའི་སྔ་དྲོའི་ཐུན་མཚམས་སུ་ལྷ་དང་བླ་མས་གནང་བའི་མཚན་མ་དགེ་བ་དང་བཅས་སྦྱར་བ་དགེ་ལེགས་འཕེལ།། ༈ །སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཏཱ་རེ་ཏཱ་རཱ་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ས་མ་ཡ་སྠི་ཏེ། བྷ་ར་བྷ་ར་སརྦ་བྷ་ར་ཎ་བི་བྷཱུ་ཥི་ཏེ། པདྨེ་ནི་པདྨེ་མ་ཧཱ་པདྨེ་ཨ་ས་ན་སྠི་ཏེ། ཧ་ས་ཧ་ས་ཏྲཻ་ལོ་ཀྱ་པ་ར་བེ་ཤ་སརྦྦཱ་དེ་བ་དཱ་ན་བ། པཱུ་ཛི་ཏེ་སྨ་ར་ཧི། བྷ་ག་བ་ཏི་ཏཱ་རེ་སྨ་ར་ཧི་བྷ་ག་བནྟ་ཏ་ཐཱ་ག་ཏ་སྱ། སུ་ར་ཏེ་ས་མ་ཡཾ་དྷ་ར་དྷཱ་ར་མཧཱ་སཏྭ་བི་ལོ་ཀི་ཏེ། མ་ཎི་ཀ་ན་ཀ་བི་ཙི་ཏྲ་བྷ་ར་ཎེ་ཨོཾ་བི་ལོ་ཀཱ་ཡ། བྷ་ག་བ་ཏི་ཏཱ་རེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཕཊ་སྭཱ་ཧཱ། འདི་ཕན་ཡོན་དཔག་ཏུ་མེད་ཅིང་འབེ་ལོ་ཙཱ་བས་རྒྱ་དཔེ་ལ་གཏུགས་པས་དག་པར་ཡོད་དོ།། ༈ །དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་པ་གཏད་པའི་ཆོ་ག་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །སངས་རྒྱས་ཕྲིན་ལས་དམ་ཚིག་གིས། །འགྲོ་ཀུན་སྒྲོལ་མཛད་དེར་བཏུད་ནས། །ལས་དང་པོ་ལ་གཅེས་པ་ཡི། །རིག་པ་གཏད་པའི་ཆོ་ག་དགོད། །མ་རྒྱུད་རྟའི་རྒྱལ་པོའི་རིགས་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་མ་ཞུགས་པའི་ལས་དང་པོ་པ་ལ་སྔགས་ཀྱི་རིག་པ་གཏད་པའི་ཆོ་གས་སྣོད་རུང་དུ་བསྒྲུབ་པ་ལ། སློབ་དཔོན་གྱི་མདུན་ནམ་གང་བདེར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་
བཅས་པ་མེ་ཏོག་གི་ཕྲེང་བ་དངོས་སམ་རི་མོར་བྲིས་པ་རྣམས་དགོད། ཕྱི་མཆོད་ཕྲེང་ཚར་དུ་གཤམ། རུས་པའི་ཕྲེང་བ་དང་འཐོར་ནས་སོགས་ཉེར་མཁོ་རྣམས་ཀྱང་ཚོགས་པར་བྱ། བགེགས་སྦྱོང་བའི་གཏོར་མ་སྣོད་གཅིག་ཏུ་འབྲས་ཟན་དང་ཤིང་ཏོག་བསྲེས་པ་ལྔ་ཚོམ་ལ་དཔལ་འབར་ལྔ་བཙུགས་པའང་བཞག་གོ །དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་ནས་བརྩམས། ལྷ་བསྐྱེད། བཟླས་པ་ཅི་འགྲུབ། བསྡུ་ལྡང་གི་བར་བདག་བསྐྱེད་རྒྱས་བསྡུས་གང་རུང་ཞིག་བྱས་ལ། བུམ་པའི་ཆུ་ལ་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་སྔགས་ཅི་ནུས་བཟླ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། ཨོཾ་ཏཱ་རེ་སྭཱ་ཧཱ། ཨོཾ་ཨཱཿཏྲཱྃ་ཧཱུྃ། ཞེས་སྐུ་གསུང་ཐུགས་སྔགས་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སྟྭཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། སརྦ་དུཥྚཾ། སྟྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་ལས་སྔགས་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། ཨོཾ་ཏཱ་རེ་ཤཱནྟཱིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏཱ་རེ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཏཱ་རེ་ཝ་ཤ་མ་ན་ཡ་ཧོཿ ཨོཾ་ཏཱ་རེ་ནི་ཝ་ར་ཡ་ཕཊ། ཨོཾ་ཏ་ཐཱ་ག་ཏ་ཏཱ་རེ་ལྃ་ཧཱུྃ། ཨོཾ་རཏྣ་ཏཱ་རེ་མཱྃ་ཧཱུྃ། ཨོཾ་པདྨ་ཏཱ་རེ་བཱྃ་ཧཱུྃ། ཨོཾ་བཛྲ་ཏཱ་རེ་ཧཱུྃ་ཧཱུྃ། ཨོཾ་ཨངྐུ་ཤ་ཏཱ་རེ་ཛཿཧཱུྃ། ཨོཾ་པཱ་ཤ་ཏཱ་རེ་ཧཱུྃ་ཧཱུྃ། ཨོཾ་ཤྲཱི་ཁ་ལ་ཏཱ་རེ་བཾ་ཧཱུྃ། ཨོཾ་གྷཎྜེ་ཏཱ་རེ་ཧོཿཧཱུྃ། ཨོཾ་མོ་ཧ་ནི་ཏཱ་རི་མྃ་ཧཱུྃ། ཨོཾ་པྲ་ཤ་མ་ནི་ཏཱ་རེ་སྭཱ་ཧཱ་ཧཱུྃ། ཨོཾ་སྟྭ་མ་བྷ་ནི་ཏཱ་རེ་ལྃ་ཧཱུྃ། ཨོཾ་ཛམྦྷ་ནི་ཏཱ་རེ་ཁྃ་ཧཱུྃ། ཨོཾ་ཨཱ་ཀརྵ་ཎི་ཏཱ་རེ་ཧྲཱིཿཧཱུྃ། ཨོཾ་ཀཱི་ལ་ཀ་ཏཱ་རེ་ཛཿཧཱུྃ། ཨོཾ་ཨུཙྪཱ་ཊ་ཀ་ཏཱ་རེ་ཕཊ་ཧཱུྃ། ཨོཾ་དྭེ་ཥ་ཀ་ཏཱ་རེ་ཕཊ་ཧཱུྃ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་ཀ་ནི་བྷུ་ནི་ཧཱུྃ་ཕཊ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཨོཾ་ཨ་མྲྀ་ཏུ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་མཚན་སྔགས་ཀྱི་ཕྲེང་བ་རྣམས་ཀྱང་ལན་ཉེར་གཅིག་གམ་བདུན་སོགས་གང་རུང་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་རྣམས་ལས་སྔགས་
ཨ་མྲྀ་ཏ་བཟླས་པའི་ཆུས་ཁྲུས་བྱ། ནང་དུ་མེ་ཏོག་བཅས་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་ཐོག་མ་དང་ཐ་མ་མ་མཆིས་པའི་བསྐལ་པ་རྣམས་སུ་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་འགྲོ་བ་མ་བསྒྲལ་བ་ཐམས་ཅད་ཡང་དག་པར་སྒྲོལ་ཞིང༌། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ལས་བདེ་བླག་ཏུ་སྐྱོབ་པར་མཛད་པའི་ཐུགས་རྗེའི་མཐུ་སྟོབས་ཤིན་ཏུ་མྱུར་བས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་མཛད་པ་རྗེ་བཙུན་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ་སྒྲུབ་ཐབས་ཀྱི་རིམ་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། ཆེས་ཟབ་ཅིང་དཀོན་ལ་ཁྱད་པར་དུ་འཕགས་པ་རྣལ་འབྱོར་མ་རྒྱུད་རྟའི་རྒྱལ་པོའི་རིགས་སྒྲོལ་མ་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལ་བརྟེན་པའི་སྨིན་གྲོལ་གྱི་གདམས་པ་རིང་བརྒྱུད་བྷཾ་ག་ལའི་གྲུབ་ཐོབ་ཧ་ཡ་པཱ་ལ་སོགས་ལས་བྱུང་ཞིང་འཕགས་པ་ཀླུ་སྒྲུབ་དང་ཉི་མ་སྦས་པ་སོགས་ཀྱིས་རྒྱ་ཆེར་སྤེལ་བ་དང༌། ཉེ་བརྒྱུད་གྲུབ་ཆེན་ཏེ་ལོ་པ་ལ་སྒྲོལ་མ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་རྒྱུད་གཏད་པ་ནས་རིམ་པར་རྩོད་དུས་ཀྱི་གྲུབ་པའི་དབང་ཕྱུག་ཞི་བ་སྦས་པ་ལ་བཀའ་བབས་ཤིང༌། དེ་ཉིད་ཀྱི་སློབ་མའི་ཐུ་བོ་སངས་རྒྱས་སྦས་པའི་མགོན་པོ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གསན་ཏེ་རྩ་བའི་བླ་མ་དམ་པའི་བར་བྱིན་རླབས་ཀྱི་ཆུ་རྒྱུན་ཟམ་མ་ཆད་པར་བྱོན་པ་འདི་ལ་སྨིན་གྲོལ་གྱི་གདམས་པའི་བཀའ་སྲོལ་ཟབ་མོ་རྒྱ་ཆེར་བཞུགས་པ་ལས། འདིར་དབང་པོ་དམན་པ་རྣམས་རྗེས་སུ་འཛིན་པ་སྔགས་ཀྱི་རིག་པ་གཏད་པའི་ཆོ་ག་བསྒྲུབ་པ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་གྲུབ་པ་ཡིན་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རིག་གཏད་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག གུས་པ་ཆེན་པོས་ཐལ་མོ་སྦྱར་ལ་དོན་གཉེར་གྱི་བསམ་པ་ཁྱད་པར་ཅན་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཨོཾ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་
ལ་ཕྱག་འཚལ་ལོ། །བདག་ལ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། བགེགས་གཏོར་དཔལ་འབར་སྤར་བ་ཐོགས་ལ། ཁྱེད་རང་གི་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་གསང་བའི་འཁོར་ལོའི་དབུས་སུ་སངས་རྒྱས་སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། སྒྲོལ་མ་སྟེ་ཡུམ་ལྔ་གསལ་བའི་སྐུ་ལས་འོད་ཟེར་བྱུང༌། ཁམས་ལྔ་ལ་བརྟེན་པའི་ནད་གདོན་རྣམ་པར་རྟོག་པ་ཐམས་ཅད་ཁྱི་དང་སྤྲེའུའི་ཚུལ་གྱིས་ཕྱིར་བྱུང་སྟེ་སྒྲོན་མེ་ལྔ་ལ་ཐིམ་པར་སྒོམས་ཤིག བྱས་ལ་སྔགས་ཚན་གོ་རིམ་བཞིན་སློབ་མའི་ལྟེ་བ་སོགས་གནས་ལྔར་བསྐོར་ཞིང་དྲིལ་བུ་གསིལ་བ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི། སརྦ་ཨརྠ་སཱ་དྷ་ཡ་སྭཱ་ཧཱ། ཞེས་ལྟེ་བ། ཨོཾ་བཛྲ་མཱ་མ་ཀཱི་གི་རི་གི་རི་ཧཱུྃ་སྭཱ་ཧཱ། སྙིང་ག ཨོཾ་ཀ་ཊེ་བི་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱ་ཧཱ། མགྲིན་པ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི། སརྦ་དུཥྚཾ་ཧ་ན་ཧ་ན་ད་ཧ་ད་པ་ཙ་པ་ཙ་བི་དྷྭན་ས་ཡ་བི་དྷྭ་ན་ས་ཡ་ཧཱུྃ་ཕཊ་སྭཱ་ཧཱ། སྤྱི་བོ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསང་གནས་སུ་བསྐོར་ལ་ཕྱིར་དོར། གུ་གུལ་བདུག ཡུངས་ཀར་གཏོར་ལ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱི་ཎཱཾ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྚ་ཏིཥྚ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀ མ་ཧཱ་ག་ཎ་པ་ཏི་ཛི་ཝི་ཏཱནྟ་ཀ་རཱ་ཡ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད། དེ་ལྟར་བར་དུ་གཅོད་པའི་བགེགས་བསྐྲད་པ་དེ་དག་སླར་མི་འཇུག་པའི་ཆེད་དུ་རྡོ་རྗེའི་གོ་བསྐོན་པའི་མོས་པ་མཛོད། ཡི་གེ་བཅུ་པའི་མཐར། རཀྵ་རཀྵ། ཞེས་པས་སྤྱི་མགྲིན་སྙིང༌། དཔུང་པ་གཉིས། དཔྱི་གཉིས་ཏེ་གནས་བདུན་དུ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཞག་གོ །རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་བཅོམ་
ལྡན་འདས་མ་དམ་ཚིག་སྒྲོལ་མ་དངོས་སུ་གསལ་བ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆི་ཞིང༌། སྒོ་གསུམ་གྱི་སྡིག་པའི་ལས་རྣམས་གནོད་འགྱོད་དྲག་པོས་བཤགས་པ་དང༌། འཕགས་སྐྱེའི་དགེ་བ་མཐའ་དག་ལ་རྗེས་སུ་ཡི་རང་བ་དང༌། འགྲོ་བའི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སླད་དུ་བྱང་ཆུབ་ཀྱི་སེམས་བཟུང་ཞིང་དེའི་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ལན་གསུམ། དེ་ནས་ཁྱེད་རང་དམ་ཚིག་སྒྲོལ་མ་རྩ་བའི་ལྷ་འདི་ལྟར་དུ་གསལ་ཐོབ་ཅིག ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སེམས་ཉིད་ཏཱྃ་ཡིག་ལྗང་སྔོན་ལས་ཨུཏྤལ་སྔོན་པོ་ཏཱྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྒྲོལ་མའི་རྣམ་པར་སྤྱན་དྲངས་ས་བོན་ཕྱག་མཚན་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྗེ་བཙུན་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་སྐུ་མདོག་སྔོ་ཞིང་ཡིད་ཙམ་ལྗང་ལ་འོད་ཟེར་འཕྲོས། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་པས་མཆོག་སྦྱིན་དང་གཡོན་པས་རབ་ཏུ་རྒྱས་པའི་ཨུཏྤ་ལའི་སྡོང་བུ་ཐུགས་ཀར་འཛིན་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་གཡོན་བསྐུམ་ཞིང་གཡས་བརྐྱང་བསྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། གནས་རྣམས་སུ་ཟླ་བའི་
གདན་ལ་མིག་ཏུ་ཨོཾ་ཏཱ་རེ་སྭཱ་ཧཱ་དཀར་པོ། རྣ་བར་ཨོཾ་ཏུཏྟཱ་རེ་སྭཱ་ཧཱ་སྔོན་པོ། ལྕེ་ལ་ཨོཾ་ཏུ་སྭཱ་ཧཱ་དམར་པོ། སྙིང་གར་ཨོཾ་རེ་སྭཱ་ཧཱ་སྔོན་པོ། སྤྱི་བོར་ཨོཾ་ཏཱ་རེ་ཎི་སྭཱ་ཧཱ་ལྗང་གུ། མིག་ཏུ་ཀྵིཾ་དཀར་པོ་སའི་སྙིང་པོའི་ངོ་བོ། རྣ་བར་ཛྲིཾ་ནག་པོ་ཕྱག་ན་རྡོ་རྗེའི་ངོ་བོ། སྣར་ཁྃ་སེར་པོ་ནམ་མཁའི་སྙིང་པོའི་ངོ་བོ། ལྕེར་གྃ་དམར་པོ་འཇིག་རྟེན་དབང་ཕྱུག་གི་ངོ་བོ། དཔྲལ་བར་སྐྃ་ལྗང་གུ་སྒྲིབ་པ་རྣམ་སེལ་གྱི་ངོ་བོ། ལྟེ་བར་སྃ་སྔོན་པོ་ཀུན་ཏུ་བཟང་པོའི་ངོ་བོར་གསལ་བར་གྱུར། ཐུགས་ཀའི་ཧཱུྃ་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མའི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཡང་ཐུགས་ག་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་རྒྱལ་བ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ནམ་མཁར་བཞུགས་པར་གྱུར། པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུས་གང་བས་དབང་བསྐུར་བར་གྱུར། བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་སྤྱི་བོར་བཞག་བུམ་ཆུ་འཐོར་བླུད་བྱ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་དབང་རྟགས་སུ་རིན་པོ་ཆེའི་ཅོད་པན་སྤྱི་བོར་བཅིངས་པས་རིགས་ཀྱི་བདག་པོས་རྒྱས་བཏབ་པར་མོས་ཤིག མེ་ཏོག་ཕྲེང་བ་མགོར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་
གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། བཟླས་པའི་ལུང་གི་སླད་དུ་མོས་པ་འདི་བཞིན་ཏུ་མཛོད། སློབ་དཔོན་དམ་ཚིག་སྒྲོལ་མར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཁྱེད་རང་སྒྲོལ་མར་གསལ་བའི་ཞལ་དུ་བཞུགས། སྙིང་གར་ཟླ་སྟེང་ཏཱྃ་ཡིག་གི་མཐར་འཁོད་པའི་མོས་པས་འདི་ཡི་རྗེས་ཟློས་ལན་གསུམ་མཛོད། མི་རུས་ཀྱི་ཕྲེང་བ་མགྲིན་པར་བཞག་ལ་ཡི་གེ་བཅུ་པའི་རྗེས་ཟློས་ལན་གསུམ་བྱར་གཞུག རྗེས་བྱིན་གྱིས་བརླབ་པའི་སླད་དུ་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་ཏུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས་མེ་ཏོག་སྤྱི་བོར་བཞག བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་ཉིད་ཀྱི་རྒྱུད་ལ། བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་འཁོར་དང་བཅས་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་ཐོགས་མེད་དུ་འཇུག་པར་གྱུར་ཅིག ཅེས་དང་རྟེན་སྙིང་བརྗོད། དེང་ཕྱིན་ཆད་བླ་མ་ནམ་དུའང་སྤང་བར་མ་བྱེད་ཅིག ཅེས་པ་སྒོ། དེ་དག་གིས་ལས་དང་པོ་པ་དང་དབང་པོ་དམན་པ་རྣམས་རྗེས་སུ་འཛིན་པར་བྱེད་པ་རིག་པ་གཏད་པའི་དབང་གི་ཆོ་ག་གྲུབ་པ་ཡིན་པས་ཇི་སྐད་བཤད་པའི་དམ་ཚིག་ལས་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། སློབ་དཔོན་གྱིས་སྒྲུབ་ཐབས་རྒྱས་པ་བསྒོམས་ན་གཏོར་ཆོག་ཕྱིན་ཆད་དཀྱུས་བཞིན་དང༌། བསྡུས་པའི་སྐབས། ཡིག་བརྒྱ་ལན་གསུམ་བཟླས་ལ། དགེ་བསྔོ་ཤིས་བརྗོད་ཙམ་བྱའོ། །རྩ་བའི་དབང་ལས་རིག་གཏད་ཁོལ་ཕྱུང་དུ་བསྐུར་བའི་ཚུལ་འདི་རྗེ་བཙུན་ཐམས་ཅད་མཁྱེན་པས་དཀྱིལ་ཆོག་གཞན་ལ་ཕན་པར་དངོས་སུ་གསུངས་ཤིང༌། དེར་
རིགས་ལྔའི་སྡོམ་བཟུང༌། སེམས་བསྐྱེད་དང་དམ་བཞག་བཞི། ཡེ་ཤེས་དབབ་པ། ནང་དབང་བཅས་དོར་བའི་འཇུག་ཆོག་རྫོགས་པར་གསུངས་པ་ནི་མདུན་བསྐྱེད་དཀྱིལ་འཁོར་དང་འབྲེལ་བའི་ཆོ་ག་རྒྱས་པའི་ཕྱོགས་ཡིན་ལ། བསྡུ་ན་འདི་ཙམ་གྱིས་དགོངས་དོན་འགྲུབ་བོ། །ཆོས་འདི་ཐབ་འོག་གཏེར་བཞིན་ཏུ། །གྱུར་ལ་འདི་ཙམ་ཉིད་ཀྱིས་ཀྱང༌། །ཁ་བྱང་བཞིན་གྱུར་མཐའ་ཡས་པའི། །སྐལ་ལྡན་ཀུན་སྤྱོད་རྒྱུར་གྱུར་ཅིག །ཅེས་པའང་བཅོམ་ལྡན་འདས་མས་དངོས་སུ་རྗེས་སུ་བཟུང་བའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཁྱབ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ལུང་ཨུ་དུམྦ་རའི་ཕྲེང་བ་ཐོད་དུ་བཅིངས་ཏེ། ཀུ་སཱ་ལི་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་འཕགས་མ་དགྱེས་པའི་བསྟི་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གཉན་སྒྲོལ་ཡན་ལག་དྲུག་པའི་སྐོར་རྣམས།
སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གཉན་སྒྲོལ་ཡན་ལག་དྲུག་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཏཱ་ར་བྷཊྚཱ་ར་ཀ་ནཱ་མཱཥྚོཏྟ་ར་ཤ་ཏི་ཀཾ། བོད་སྐད་དུ། རྗེ་བཙུན་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡིད་འོང་གྲུ་འཛིན་ན། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །ལྗོན་པ་འཁྲི་ཤིང་ཅི་ཡང་བཀྲམ། །འདབ་ཆགས་དུ་མ་སྒྲ་འབྱིན་ཅིང༌། །འབབ་ཆུ་སྣ་ཚོགས་ལྷུང་ལྷུང་སྒྲོག །འོད་ཟེར་དུ་མས་ཀུན་ཏུ་དཀྲིས། །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱི། །དྲི་ཡིས་ཀུན་ཏུ་བཀང་བ་སྟེ། །ཡིད་འོང་འབྲས་བུ་དུ་མར་ལྡན། །བུང་བ་རྣམས་ཀྱང་གླུ་དབྱངས་སྒྲོག །མིའམ་ཅི་མོ་གླུ་སྙན་ལེན། །མྱོས་པའི་གླང་པོས་ཀུན་ཏུ་གང༌། །གྲུབ་པ་རིག་འཛིན་ཚོགས་རྣམས་དང༌། །དྲི་ཟ་རྣམས་ཀྱང་གླུ་ལེན་པ། །ཆགས་བྲལ་ཐུབ་པ་རྣམས་དང་ནི། །གཞན་ཡང་བྱང་ཆུབ་སེམས་དཔའི་ཚོགས། །ས་བཅུའི་དབང་ཕྱུག་ལ་སོགས་དང༌། །རིག་པའི་རྒྱལ་མོ་སྟོང་གིས་ཀྱང༌། །འཕགས་མ་ལྷ་མོ་སྒྲོལ་མ་ནི། །རྟག་པར་ཡོངས་སུ་བསྟེན་པ་སྟེ། །གཞན་ཡང་ཁྲོ་བོའི་རྒྱལ་པོའི་ཚོགས། །རྟ་མགྲིན་ལ་སོགས་རྣམས་ཀྱིས་བསྐོར། །སེམས་
ཅན་ཀུན་ལ་ཕན་བརྩོན་པ། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་པ་དེ་ཕྱིར་དཔལ་དང་ལྡན། །པདྨའི་སྙིང་པོའི་ཁྲིར་གནས་ཤིང༌། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་པ་དང་ནི་སྙིང་རྗེ་ལྡན། །ལྷ་ཡི་འཁོར་ནི་ཆེན་པོ་ལ། །ཆོས་ཀྱང་སྟོན་པས་བཞུགས་པ་ནི། །གནས་འདིར་ལག་ན་རྡོ་རྗེ་ནི། །སྟོབས་ཆེན་མཆོག་ཏུ་བརྩེར་ལྡན་པ། །བཞུད་ནས་སྤྱན་རས་གཟིགས་ལ་ཞུས། །ཆོམ་རྐུན་སྦྲུལ་དང་སེང་གེ་མེ། །གླང་པོ་སྟག་དང་རྒྱལ་པོ་ཆུ། །སེམས་ཅན་འཇིགས་པ་ཞི་མཛད་ཅིང༌། །འཁོར་བའི་རྒྱ་མཚོར་བྱིང་བ་དང༌། །ཀུན་འགྲོའི་ཞགས་པས་བཅིངས་པ་རྣམས། །ཆགས་སྡང་གཏི་མུག་དྲི་མ་ལས། །གང་གིས་སེམས་ཅན་གྲོལ་འགྱུར་བ། །ཐུབ་པ་ཆེན་པོ་བདག་ལ་གསུངས། །དེ་སྐད་གསོལ་ནས་འཇིག་རྟེན་མགོན། །དཔལ་ལྡན་སྤྱན་རས་གཟིགས་ཀྱིས་ནི། །ཕྱག་ན་རྡོ་རྗེ་རབ་རྟོགས་སླད། །སྙན་པའི་གསུང་གིས་བཀའ་སྩལ་པ། །ཉོན་ཅིག་གསང་བའི་རྒྱལ་དབང་པོ། །སྐྱོབ་པ་འོད་དཔག་མེད་པ་ཡི། །སྨོན་ལམ་དབང་གིས་རབ་འཁྲུངས་པ། །འཇིག་རྟེན་ཡུལ་དུ་བདག་གིས་ཤེས། །ཐུགས་
རྗེ་ཆེན་པོ་དང་ལྡན་པས། །འགྲོ་བ་སྒྲོལ་བར་བརྩོན་མཛད་མ། །ཉི་མ་འཆར་ཀ་དང་མཚུངས་ཤིང༌། །དྲི་མེད་ཟླ་བ་ཉ་བའི་འོད། །ལྷ་དང་ལྷ་མིན་ཡིད་ཅན་རྣམས། །དེ་དག་ཐམས་ཅད་གསལ་བར་མཛད། །མཆོག་སྦྱིན་ཨུཏྤལ་ལྔ་ལྡན་ཕྱག །འཇིག་རྟེན་གསུམ་ལ་ཐུགས་བརྩེ་བས། །འཇིགས་པས་སྐྲག་པར་གྱུར་པ་ལ། །མ་འཇིགས་མ་འཇིགས་ཞེས་གསུངས་ཤིང༌། །ནམ་མཁའ་ལ་གནས་མི་ཕམ་མ། །འབྲོག་དགོན་མཚོན་ཆ་སྣ་ཚོགས་པ། །གནས་པའི་འཇིགས་པས་ཀུན་འཁྲུགས་ལས། །འགྲོ་བ་ཡང་དག་སྲུང་དོན་དུ། །བདག་གིས་སེམས་ཅན་བསྒྲལ་བགྱི་ཞེས། །ལྷ་མོའི་མཚན་ནི་དྲན་པ་ཡིས། །སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་སྒྲོལ་བར་ཞལ་བཞེས་པ། །དེས་ན་བདག་ལ་འཇིག་རྟེན་དུ། །སྐྱེས་མཆོག་ཐུབ་པས་སྒྲོལ་མར་བསྒྲགས། །བར་སྣང་ལ་གནས་ཐུབ་པ་ལ། །དེ་ནས་ཐལ་མོ་སྦྱར་བྱས་ཏེ། །རྨད་བྱུང་གུས་དང་བཅས་པ་ཡིས། །ཚིག་འདི་དག་ནི་རབ་ཞུས་པ། །གང་ཞིག་རྒྱལ་བས་སྔོན་བསྒྲགས་པའི། །མཚན་བརྒྱ་རྩ་བརྒྱད་བདག་གིས་བརྗོད། །ས་བཅུའི་དབང་ཕྱུག་མགོན་རྣམས་དང༌། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྡིག་པ་ཀུན་འཕྲོག་བསོད་ནམས་དང༌། །བཀྲ་ཤིས་གྲགས་པ་འཕེལ་བར་བྱེད། །ནོར་དང་འབྲུ་དང་ནད་མེད་པ། །དེ་བཞིན་རྒྱས་ཤིང་འཕེལ་བར་བྱེད། །སེམས་ཅན་ལ་དམིགས་བྱམས་པ་ཡིས། །ཐུབ་པ་ཆེན་པོས་དེ་སྐད་བསྒྲགས། །དེ་ལྟར་བརྗོད་ནས་བཅོམ་ལྡན་འདས། །སྤྱན་རས་གཟིགས་ནི་རབ་ཏུ་བཞད། །ཕྱོགས་རྣམས་ཐམས་ཅད་རྣམ་གཟིགས་ནས། །འདི་ལྟར་བྱམས་པས་སྤྲོ་བ་ཡི། །གཡས་པའི་ཕྱག་གིས་དུལ་མཛད་ནས། །ཡོངས་རྫོགས་མཚན་གྱིས་བརྒྱན་པ་ཡི། །ཤེས་རབ་ཆེན་པོས་འདི་སྐད་གསུངས། །ལེགས་སོ་ལེགས་སོ་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་མཉེན་གཤིན་པ། །ཀལྤ་ཆེན་པོའི་མི་རྣམས་ཉོན། །ཡིད་ཅན་
གང་ཞིག་འདི་སྒྲོག་པ། །ལྷ་དང་ལྷ་མིན་གང་དག་འཕེལ། །ནད་རྣམས་ཐམས་ཅད་རྣམ་པར་གྲོལ། །དབང་ཕྱུག་ཡོན་ཏན་ཀུན་དང་ལྡན། །དུས་མིན་འཆི་བ་ངེས་པར་སྲེག །ཤི་ནས་བདེ་བ་ཅན་འགྲོ་བ། །དེ་ནི་བདག་གིས་བཤད་པར་བྱ། །ལྷ་མོ་སེང་གེའི་ཁྲིར་བཞུགས་མ། །དེ་ནི་ཐུབ་པའི་བརྟུལ་ཞུགས་ཀྱི། །ཆོས་ལ་རྗེས་སུ་ཡི་རངས་གྱིས།། ༈ །ཨོཾ་དགེ་བ་ཅན་མ་གཟི་བརྗིད་ཅན། །འཇིག་རྟེན་གསོ་བྱེད་གྲགས་བྱེད་མ། །མཚོ་ལྡན་མ་དང་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་སྦྱིན་མ་དང་རྒྱས་སྦྱིན་མ། །ཨོཾ་མཛད་མ་དང་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་བརྩོན་མ། །གཡུལ་ལས་སྒྲོལ་མ་རྒྱལ་བ་མ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྔ་ཆེན་དུང་ཆེན་རྒྱལ་བ་མ། །རིག་སྔགས་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་ཞལ་མ་དཀར་ཆེན་མ། །མི་ཕམ་མ་དང་གོས་སེར་མ། །སྒྱུ་མ་ཆེན་མོ་དཀར་མོ་ཆེ། །སྟོབས་ཆེན་མ་དང་ཕ་རོལ་གནོན། །གཏུམ་པོ་ཆེན་མོ་དྲག་མོ་ཆེ། །གདུག་པའི་སེམས་ཅན་འཇོམས་བྱེད་མ། །རབ་ཏུ་ཞི་བ་ཞི་གཟུགས་མ། །རྣམ་པར་རྒྱལ་བ་འོད་འབར་མ། །རྣམ་གསལ་ཕྲེང་ལྡན་རྒྱལ་མཚན་མ། །རལ་གྲི་གཞུ་དང་འཁོར་ལོ་ཅན། །རྨུགས་བྱེད་རེངས་བྱེད་ནག་པོ་མ། །དུས་མཚན་མ་དང་མཚན་རྒྱུ་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མ། །མཛེས་མ་དགེ་མ་འགྲོ་ལྡིང་མ། །ཚངས་པ་མོ་དང་རིག་བྱེད་ཡུམ། །གསང་བ་མ་དང་ཕུག་གནས་མ། །བཀྲ་ཤིས་བདེ་བྱེད་ཞི་བ་མོ། །རིག་བྱེད་རིག་མ་ཡིད་མགྱོགས་མ། །ཐོད་པ་ཅན་མ་ཤུགས་ཅན་མ། །མཚན་ལྡན་བདེན་མ་གཞན་མི་ཐུབ། །དེད་དཔོན་སྙིང་རྗེར་གཞུག་པ་མ། །འདྲེན་བྱེད་ལས་ནི་རབ་མཐོང་མ། །མཆོག་སྟེང་བསྟན་མ་སྟོན་པ་མ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོ་མ་དང་རྣལ་འབྱོར་མ། །གྲུབ་པ་གཏུམ་མོ་བདུད་རྩི་མ། བརྟན་མ་ནོར་ཅན་བསོད་ནམས་མ། །སྐལ་ཆེན་
སྐལ་བཟང་མཐོང་དགའ་མ། །མཐར་བྱེད་སྐྲག་མ་འཇིགས་བྱེད་མ། །དྲག་མོ་མི་བཟད་དཀའ་ཐུབ་ཆེ། །འགྲོ་ལ་གཅིག་ཏུ་ཕན་བརྩོན་མ། །སྐྱབས་མེད་གུས་ལ་མཉེན་གཤིན་མ། །ངག་གི་དབང་ཕྱུག་ཞི་ཁྲོ་མ། །རྟག་དོན་ཀུན་འགྲོ་རྗེས་འགྲོ་མ། །དོན་ཀུན་འགྲུབ་བྱེད་བཟང་པོ་མ། །སྦེད་མ་མ་མ་ནོར་སྟེར་མ། །འཇིགས་མེད་བསོད་ནམས་རིགས་མཆོག་མ། །དཔལ་ལྡན་འཇིག་རྟེན་དབང་བདག་སྲས། ༈ །ཡོན་ཏན་མཐའ་ཡས་སྒྲོལ་མའི་མཚན། །བསམ་པ་ཐམས་ཅད་ཡོངས་གང་མ། །འཕགས་མ་སྒྲོལ་མའི་བསྟོད་པ་ནི། །མཆོག་ཏུ་བརྒྱ་རྩ་བརྒྱད་པ་འདི། །ལྷ་མོ་རྨད་བྱུང་རྙེད་དཀའ་བ། །སྔོན་གྱི་རྒྱལ་བས་གང་བསྒྲགས་པ། །སྐལ་བཟང་སྐལ་བ་ལྡན་བྱེད་ཅིང༌། །སྡིག་པ་ཐམས་ཅད་ཉམས་པར་བྱེད། །མཆོག་གི་དངོས་གྲུབ་ཐམས་ཅད་དང༌། །སེམས་ཅན་ཀུན་ལ་བདེ་བྱེད་པ། །བློ་ལྡན་མཉམ་གཞག་གཙང་སྦྲ་བྱ། །གང་ཞིག་དུས་གསུམ་ཀློག་བྱེད་ན། །དེ་ནས་དུས་མི་རིང་བ་རུ། །རྒྱལ་སྲིད་དཔལ་ནི་ཐོབ་པར་འགྱུར། །སྡུག་བསྔལ་རྟག་ཏུ་བདེ་བར་བྱེད། །དབུལ་པོ་རྣམས་ནི་ནོར་ལྡན་འགྱུར། །རྨོངས་པ་ཤེས་རབ་ཆེན་པོར་བྱེད། །ཐེ་ཚོམ་མེད་པར་ཡིད་གཞུངས་འགྱུར། །བཅིངས་པ་རྣམས་ནི་འཆིང་ལས་གྲོལ། །ཐ་སྙད་ཀུན་ལས་རྒྱལ་བར་བྱེད། །དགྲ་བོ་མཛའ་བཤེས་འགྱུར་བ་སྟེ། །རྭ་ཅན་མཆེ་བ་ཅན་རྣམས་དང༌། །དོགས་པའི་ཡུལ་ནི་བརྒལ་དཀའ་བའི། །འཇིགས་པ་སྣ་ཚོགས་འཁྲུགས་པ་ལ། །ལྷ་མོའི་མཚན་ནི་དྲན་པ་ཡིས། །འཇིགས་པ་དེ་དག་ཐམས་ཅད་འཇོམས། །དུས་མིན་འཆི་ལས་སྒྲོལ་བར་བྱེད། །སྙན་པའི་གྲགས་པ་རྒྱ་ཆེན་ཐོབ། །མི་ཡི་སྐྱེ་བ་འབྲས་བུར་བཅས། །བདག་ཉིད་ཆེན་པོ་དེ་གཅིག་པུ། །འདི་ནི་སྔ་བར་ལངས་བྱས་ཏེ། །ཡིད་ཅན་གང་ཞིག་སྒྲོག་བྱེད་ན། །དཔལ་དང་སྤྱོད་པ་བློ་དང་ནི། །དུས་རིང་ཚེ་དང་ལྡན་པར་འགྱུར། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང༌། །མི་དང་དྲི་ཟ་ལུས་སྲུལ་
པོ། །འབྱུང་པོ་ཤ་ཟ་སྲིན་པོ་དང༌། །སྡང་བའི་སེམས་ལྡན་མང་པོ་དང༌། །མཁའ་འགྲོ་གནོན་པོ་ཡི་དྭགས་དང༌། །སྐེམ་བྱེད་སྨྱོ་བྱེད་གདོན་ཆེན་པོ། །གྲིབ་གནོན་དང་ནི་རྗེད་བྱེད་དང༌། །བྱད་སྟེམས་བྱེད་པ་ལ་སོགས་དང༌། །རོ་ལངས་སྣ་ཚོགས་ལ་སོགས་པ། །གཞན་ཡང་གདུག་པའི་སེམས་ལྡན་རྣམས། །གྲིབ་མ་ཡང་ནི་འགོམ་མི་འགྱུར། །སླར་ཡང་ཇི་ལྟར་རྩོད་པར་བྱེད། །གདུག་པས་འཆིང་བར་མི་ནུས་ཤིང༌། །ནད་ཀྱིས་ཐེབས་པར་མི་འགྱུར་རོ། །ལོངས་སྤྱོད་དབང་ཕྱུག་ཡོན་ཏན་ལྡན། །བུ་དང་ཚ་བོ་འཕེལ་འགྱུར་ཞིང༌། །སྐྱེ་བ་དྲན་པའི་བློ་ཅན་འགྱུར། །བལྟ་ན་སྡུག་ཅིང་རིགས་དང་ལྡན། །ཤེས་རབ་སྤོབས་པ་ཆེར་ལྡན་ཞིང༌། །བསྟན་བཅོས་ཀུན་ལ་འཇིགས་མེད་གྱུར། །དགེ་བའི་བཤེས་གཉེན་ཡང་དག་བསྟེན། །བྱང་ཆུབ་སེམས་ཀྱིས་རྣམ་བརྒྱན་ཞིང༌། །གང་ནས་གང་དུ་སྐྱེས་པ་དེར། །རྟག་ཏུ་སངས་རྒྱས་ཀྱིས་མི་སྤངས། །ཞེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པའི་འཕགས་མ་ལྷ་མོ་སྒྲོལ་མ་དགེ་བ་ཅན་མའི་བསྟོད་པ་རྫོགས་སོ། །འདི་ལ་འགྱུར་སྔ་ཕྱི་མང་དུ་འདུག་ནའང་སླར་གྱིས་རྒྱ་གར་གྱི་དཔེ་ཁ་ཡར་ལ་གཏུགས་ནས། དཔལ་ས་སྐྱ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་དག་པར་བསྒྱུར་བའོ།། ༈ །སྒྲོལ་མའི་མངོན་རྟོགས་ཡན་ལག་དྲུག་པ་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཤེས་རབ་དངོས། །དཔལ་ལྷ་མོ་དེར་ཕྱག་བྱས་ནས། །དེ་མཉེས་བྱ་བའི་ཆོ་ག་ནི། །ཤིན་ཏུ་གསལ་བར་བྲི་བར་བྱ། །བདེ་བ་ཅན་གྱི་འཇིགས་རྟེན་གྱི་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེས། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སངས་རྒྱས་གཞན་གྱི་ཞིང་དུའང་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་པ་ལས། མི་བརྗེད་འདིར་ཡང་སྐྱེས་པས་འདུལ་བ་ལ་སྤྱན་རས་གཟིགས་
དང༌། བུད་མེད་ཀྱིས་འདུལ་བ་ལ་རྗེ་བཙུན་སྒྲོལ་མའི་སྐུར་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེ་ཡང་འཛམ་བུའི་གླིང་གི་ལྷོ་ཕྱོགས་རི་གྲུ་འཛིན་ཞེས་བྱ་བའི་སྟེང་ན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་ལྷ་ཤས་ཆེ་བ་ལ་ཆོས་གསུང་ལ། འོག་ན་རྗེ་བཙུན་སྒྲོལ་མ་འཁོར་ཀླུ་དང་ལྷ་མ་ཡིན་ཤས་ཆེ་བ་ལ་ཆོས་གསུང་སྟེ། སྤྲུལ་པའི་སྐུ་ཡི་གཙོ་བོ་གཉིས་ནི་དེ་ན་བཞུགས་པ་ཡིན་ནོ། །གཞན་ཡང་རི་དེ་ན་སངས་རྒྱས་ཀྱི་སྤྲུལ་པ་བྱང་ཆུབ་སེམས་དཔའ་དུ་མས་གང་ནས་བཞུགས་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལ་རི་དེར་སངས་རྒྱས་ཀྱིས་སྒྲོལ་མའི་རྒྱུད་ཀྱང་གསུང་པ་ཡིན་ནོ། །དེ་ཡང་སྒྲོལ་མ་རྒྱ་མཚོའི་རྒྱུད་ཅེས་བྱ་བ་གསུངས་ནས། གསུངས་པ་ཙམ་གྱིས་སེམས་ཅན་གྱི་དོན་བྱས་ནས། མ་འོངས་པའི་སེམས་ཅན་ལ་མཁོ་བར་མི་འགྱུར་བའི་ཕྱིར་རྒྱ་མཚོར་ནུབ་བོ། །དེའི་རྗེས་སུ་རྒྱུད་ཆུང་བ་ཞིག་གསུངས་ནས་ཀྱང་དེ་བཞིན་དུ་ནུབ་བོ། །དེ་ནས་མ་འོངས་པའི་སེམས་ཅན་གྱི་དོན་དུ་སྒྲོལ་མ་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་གསུངས། སྤྱན་རས་གཟིགས་ཀུ་རུ་ཀུལླེ་ཞེས་བྱ་བའི་རྟོག་པ་གསུངས་སོ། །དེ་ལ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲོལ་མའི་སྒྲུབ་ཐབས་མཛད་དེ། སེམས་ཅན་རྣམས་ལ་རྒྱ་ཆེར་བསྟན་པ་ཡིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱིས་སློབ་མ་བ་ལིཾ་ཏ་པ་ལ། དེས་སངས་རྒྱས་ཡེ་ཤེས་ཞབས། དེས་མར་མེ་མཛད་བཟང་པོ། དེས་དཔལ་བདེ་བ། དེས་བི་མ་ལ་གུཔྟ་ལ། དེས་རིན་ཆེན་རྡོ་རྗེ་ལ། དེས་རཏྣ་ཀཱིརྟི་ལ། དེས་བེནྡ་པ་ཆེན་པོ་ལ། དེས་དགེ་བཤེས་གཉན་ལོ་ཙཱ་བ་ཆེན་པོ་ལ། དེས་གནམ་ཁའུ་པ་ལ། གཉན་དང་ཁའུ་པ་གཉིས་ཀ་ལས་ས་སྐྱ་པ་ཆེན་པོས་གསན། དེས་བདག་ལ་སྟེ་བརྒྱུད་པའོ། །རྗེ་བཙུན་མའི་མངོན་པར་རྟོགས་པ་འདི་ལ་དོན་དྲུག་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ཐུན་མཚམས་སུ་གཏོར་མ་དང༌། སྲུང་འཁོར་དང༌། ཆོམ་རྐུན་འཆིང་བ་དང༌། མཚན་བརྒྱ་རྩ་བརྒྱད་པ་དང་གཟུངས་སྔགས་ཀྱི་ལུང་བླང་ཞིང་གདོན་པའི་ཆོ་གའོ། །དེ་ལ་
དང་པོ་བསྙེན་པ་ནི། དབང་ཐོབ་པའམ་མིན་ཀྱང་འཇུག་པ་སེམས་བསྐྱེད་བྱས་པའི་གང་ཟག་སྡོམ་པ་དང་ལྡན་པས་གདོང་ལ་སོགས་པ་དག་པར་བྱས་ཏེ་བདེ་བའི་སྟན་ལ་བསྡད་ལ་བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་གཞུག་པར་བྱ་བའི་ཕྱིར་རྗེ་བཙུན་སྒྲོལ་མ་བསྒྲུབ་པར་བྱའོ་སྙམ་པའི་སེམས་བསྐྱེད་པའི་བསམ་པ་དང་ལྡན་པས་འདི་ལྟར་བསྒོམ་པར་བྱ་སྟེ། རང་གི་སྙིང་གར་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཏཱྃ་ལྗང་གུ་བསྒོམ་མོ། །དེ་ལས་འོད་འཕྲོས་པས་རྗེ་བཙུན་མ་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ་ཡིད་ལས་བྱུང་བའི་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་སྔགས་དང་བཅས་པས་དབུལ། དེའི་སྤྱན་སྔར་གུར་ལས་བྱུང་བའི་ཚིགས་སུ་བཅད་པས་ཡན་ལག་བདུན་པ་བྱ་སྟེ། དེའང་འདི་སྐད་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གིས་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བས་སོ། །དེ་ཡང་ཡན་ལག་བདུན་དུ་ཇི་ལྟར་ཞེ་ན། རྐང་པ་དང་པོ་གཉིས་རྟེན་གྱི་སྤྱན་སྔར་སྡིག་པ་བཤགས་པ་དང༌། རྐང་པ་གསུམ་པས་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང༌། རྐང་པ་བཞི་པས་དོན་དམ་བྱང་ཆུབ་སེམས་བདག་མེད་པར་བསྒོམ་པ་དང༌། ལྔ་པ་དང་དྲུག་པས་སྐྱབས་སུ་འགྲོ་བ་དང༌། དེ་ནས་ཚིགས་སུ་བཅད་པ་གཅིག་གིས་སྨོན་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། དེ་ནས་རྐང་པ་གཅིག་འཇུག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །མཇུག་
གི་རྐང་པ་གཅིག་གིས་ཡོངས་སུ་བསྔོ་བ་སྟེ་བདུན་ནོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དམ་པ་དང་ཡུན་རིང་དུ་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཆོས་བརྒྱད་ལ་སྙོམས་པར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཏེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་སྣང་བ་མི་དམིགས་པའི་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་ལྷའི་སྐུ་སྒྱུ་མ་ལྟ་བུར་ལངས་ལ་སེམས་ཅན་གྱི་དོན་བྱ་སྙམ་པ་དང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱྃ་ལས་ཨུཏྤལ་ཏཱྃ་གྱིས་མཚན་པ་དེ་ལས་འོད་ཟེར་ཕར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་བདག་ཉིད་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་བྱད་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དར་ཕྲ་མོས་ནུ་མ་བཀབ་པ། དབུ་སྐྲ་ལི་བ་གཡོན་ཕྱོགས་གྱེན་དུ་བརྫེས་པ། གཡས་ཕྱོགས་ན་མར་ཅུང་ཞིག་འཕྱང་བ། ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཨུཏྤ་ལའི་རྩ་བ་བཟུང་ནས་མེ་ཏོག་གིས་རྣ་བའི་ཐད་ཀར་སླེབས་པ། ཟླ་བའི་རྒྱབ་ཡོལ་ཅན་གྱི་སྐུར་བསམ་པར་བྱའོ། །དེ་ནས་དེའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཏཱྃ་བསམ། དེའི་འོད་ཀྱིས་པོ་ཏ་ལ་ནས་རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་ལ། དེ་ལ་མེ་ཏོག་ལ་སོགས་པའི་པཱུ་ཛ་ལྔས་མཆོད་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་
ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་བརྗོད་ལ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་པར་བསམ་ཞིང༌། བུམ་པ་བདུད་རྩིའི་ཆུས་གང་བས་དབང་བསྐུར་ནས་ཆུ་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་དབང་བསྐུར་གྱི་ལྷ་དེ་རྣམས་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་ནས། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་དགུག་གཞུག་བྱས་པས་དེ་རྣམས་བདག་གི་ལུས་ལ་ཐིམ་པར་བསམ་མོ། །དེ་ནས་ཨུཏྤལའི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ཡང་ཐལ་མོ་སྦྱར་ལ་སྡིགས་མཛུབ་གཉིས་ཀྱིས་གུང་མོའི་སེན་མོ་བཀང་སྟེ་སྲིན་ལག་གཉིས་ནང་དུ་བཅུག་ལ་མཐེ་བོས་མནན་པ་ནི་ཨུཏྤལ་ཁ་བྱེ་བ་སྟེ། འདི་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། དཔུང་མགོ་གཉིས་ཏེ་གནས་ལྔར་གཏུགས་ཤིང་ཡི་གེ་བཅུ་པ་ཚར་རེ་བཟླས་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་བཟླ་བར་བྱ་སྟེ། སྙིང་གར་ཏཱྃ་ཡིག་ལ་ཡི་གེ་བཅུ་པ་ཁ་དོག་དཀར་པོ་མགོ་གྱེན་ཏུ་བསྟན་པས་བསྐོར་བར་བསམས་ལ། དེ་ལ་ཀློག་དར་ལྟ་བུའི་ཚུལ་དུ་དམིགས་ལ་བཟླ་བར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་འབུམ་ཕྲག་བཅུ་གསུམ་བཟླ་བར་བྱའོ། ཞེས་གསུངས་ནའང་འབུམ་ཕྲག་བརྒྱད་ཅུས་གྲངས་ཀྱི་བསྙེན་པ་རྫོགས་པ་ཡིན་ནོ། །ཐུན་མཚམས་སུ་གཏོར་མ་ལ་སོགས་པ་བྱ་སྟེ་འོག་ཏུ་བརྗོད་པར་བྱའོ། །སྔོན་དུ་བསྙེན་པ་སྟེ་དང་པོའོ། །གཉིས་པ་སྒྲུབ་པ་ནི། བསྙེན་པ་ཡོངས་སུ་རྫོགས་པའི་གང་ཟག་གིས། མཎྜལ་ལ་བརྟེན་ཏེ་དབང་དུ་བྱ་བར་འདོད་ན། གནས་དབེན་པར་ཟངས་ལ་སོགས་པའི་མཎྜལ་དམར་པོ་ཞིག་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་ལ་པཱུ་ཛ་ལྔ་བཤམ། གཏོར་མའང་དམར་པོ་བཤམས་ལ། སྔ་མ་བཞིན་ཚོགས་གཉིས་བསགས་པ་སྔོན་
དུ་སོང་ནས། པདྨ་དང་ཟླ་བ་ལ་ཏཱྃ་ཡིག་དམར་པོ་ལས་ཨུཏྤལ་ཏཱྃ་གྱིས་མཚན་པ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་དམར་མོ། གཡས་ལྕགས་ཀྱུ། གཡོན་ཨུཏྤལ་འཛིན་པར་བསྒོམ་ཏེ། དེ་ལ་དབང་བསྐུར་བ་དང་ཡེ་ཤེས་པ་གཞུག་པ་དང་གནས་ལྔར་བྱིན་གྱིས་བརླབ་པ་སྔ་མ་བཞིན་དུ་བྱས་ལ། དེ་ནས་རང་གི་སྙིང་གར་ཏཱྃ་ཡིག་དམར་པོ་ལས་རྗེ་བཙུན་མ་རང་འདྲ་བ་དཔག་ཏུ་མེད་པ་སྤྲོས་ཏེ། རྒྱལ་པོ་ལ་སོགས་པ་གང་དབང་དུ་བྱེད་པ་དེའི་སྙིང་གར་ལྕགས་ཀྱུས་ཕུག མགྲིན་པ་ཨུཏྤ་ལའི་ཞགས་པས་བཅིངས་ཏེ་མདུན་གྱི་མཎྜལ་གྱི་སྟེང་དུ་བདག་ལ་གུས་པའི་ཚུལ་གྱིས་འགྱེལ་བར་བསམ། དེ་ནས་ཡང་སྙིང་གའི་ཏཱྃ་གྱི་འོད་དམར་པོས་དེའི་ལུས་ལ་ཕོག་པས་དམར་ལམ་ལམ་སོང་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཆེ་གེ་མོ་བྷ་སྭཱ་ན་མ་ན་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླའོ། །ཐུན་འཇོག་ཁར་བསྒྲུབ་བྱ་བདག་ལ་བསྟིམས་ལ་གཏོར་མ་གཏོང་སྟེ་ཇི་ལྟར་བདེ་བར་སྤྱད་པར་བྱའོ། །དེ་ལྟར་ཐུན་བཞིའི་ངེས་པས་ཞག་བཅོ་ལྔ་ན་འགྲུབ་པར་འགྱུར་རོ། །གཉིས་པ་སྒྲུབ་པའོ། །དེ་ནས་གསུམ་པ་ཐུན་མོང་དུ་གྱུར་པ་ཐུན་མཚམས་ཀྱི་བྱ་བ་གཏོར་མ་གཏང་བར་འདོད་ན། བདག་ཉིད་ཀྱི་ཁ་ལྷོ་ཕྱོགས་པོ་ཏ་ལའི་ཕྱོགས་སུ་ལྟ་བའམ་དངོས་སུ་མ་གྲུབ་ན་བལྟས་པར་བསམ། རྡོ་རྗེའི་སྐྱིལ་ཀྲུང་བྱ་བའམ་བྱས་པར་བསམ། ལག་པ་རྡོ་རྗེ་ཐལ་མོ་ཁ་སྦྱར་ལ་གཏོར་མ་འབྲུ་གསུམ་གྱིས་བདུད་རྩིའི་རྒྱ་མཚོ་ཚད་མེད་པར་བྱིན་གྱིས་བརླབ། རི་བོ་པོ་ཏ་ལ་ནས་རྗེ་བཙུན་མ་བདག་ལ་ཐུགས་རྗེས་དགོངས་པའི་ཚུལ་གྱིས་བཞུགས་པར་བསམས་ལ། དེའི་ལྗགས་ཀྱིས་གཏོར་མ་གསོལ་བར་བསམ་ཞིང༌། སྔགས་འདི་སྐད་དུ། ན་མཿསརྦཱ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་སཏྭཱ་སརྦྦ་བུདྡྷཱཿཨ་ཝ་ལོ་ཀི་ཏེ། མཱ་བི་ལམྦ། བཱ་བི་ལམྦ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཧཱུྃ་ཧཱུྃ། སརྦྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་དབུལ། དེ་ནས་རྗེས་བཙུན་མས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་
ཐམས་ཅད་སྩལ་དུ་གསོལ། གཞན་ཡང་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་མཛད་དུ་གསོལ་ཞེས་བྱ་བ་དང༌། སྲིད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དུ་གསོལ་ཞེས་པའི་མཐར་རང་འདོད་པའི་དོན་གཞན་ཡང་གསོལ་བ་གདབ་གསུངས་སོ། །གཏོར་མའི་ཆོ་གའོ། །བཞི་པ་སྲུང་འཁོར་ནི། ཟླ་བ་ཡར་གྱི་ངོའི་ཚེས་གྲངས་ཁ་ཡར་བ་ལ། རས་སམ་ཤོག་བུའམ་གྲོ་གའམ་ཤིང་ཤུན་ལ། སྣག་ཚ་ནི། སྐྱེས་པ་སྲུང་བ་ལ་གུར་གུམ། བུད་མེད་སྲུང་བ་ལ་གྷི་ཝཾ་གིས་བྲིས་ཏེ། རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་དང་བཅས་པའི་ལྟེ་བར་ཨོཾ་དང་ཧཱའི་བར་དུ་ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་པ་བྲི། རྩིབས་བརྒྱད་ལ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ་ཞེས་པ་བརྒྱད་གཡས་སྐོར་དུ་བྲི། མུ་ཁྱུད་ལ་ཀཱ་ལི་གཡས་སྐོར། ཨཱ་ལི་གཡོན་སྐོར་དུ་བྲི། ཡང་ན་ནང་གི་མུ་ཁྱུད་ལ་ཨཱ་ལི་གཡོན་སྐོར། ཕྱིའི་མུ་ཁྱུད་ལ་ཀཱ་ལི་གཡས་སྐོར་དུ་བྲིས་ལ། དེ་ནས་མཎྜལ་བྱ། ཟངས་གཞོང་ལ་སོགས་པར་འཁོར་ལོ་བཞག་ལ་རང་རྗེ་བཙུན་མར་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་པས་འཁོར་ལོ་སྟོང་པར་བསམ། དེའི་ངང་ལས་ཏཱྃ་གྱུར་པ་ལས་སྔགས་ཀྱི་འཁོར་ལོ་བྲིས་པ་ཇི་ལྟ་བ་བཞིན་བསམ། དེའི་ཡི་གེ་རྣམས་དང་སྙིང་གའི་ས་བོན་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་དེ་ལ་བསྟིམ། དེ་ནས་མཆོད་པ་འབྱོར་ཚད་དབུལ། དེ་ནས་རྗེ་བཙུན་མའི་གཏོར་མའང་གཏང༌། དེ་ནས་འཁོར་ལོ་དེ་དྲིལ་ལ་རང་ངམ་གཞན་གང་ཡིན་པའི་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས། གང་རུང་གི་མགུལ་དུ་བཏགས་ན་སྲུང་བའི་མཆོག་གོ །ལྔ་པ་ཆོམ་རྐུན་འཆིང་བར་འདོད་པས། བདག་ཉིད་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཏེ་ཁ་པོ་ཏ་ལར་བལྟས་ལ་ལག་པ་ཐལ་མོ་ཁ་སྦྱར་ལ། རྗེ་བཙུན་མ་སྒྲོལ་མ་རི་བོ་ཏ་ལའི་བྲག་གསེབ་ནས་བདག་ལ་ཐུགས་རྩེ་གཅིག་ཏུ་དགོངས་པར་བསམས་ལ་གུས་པ་བྱ། དེ་ནས་བདག་གི་དབུགས་ཕྱིར་རྒྱུ་བའི་དུས་སུ་སྣ་གཡོན་ནས་འོད་ཟེར་སོང་ནས། རྗེ་
བཙུན་མའི་ཤངས་གཡས་པར་ཞུགས། ཤངས་གཡོན་ནས་འོད་བྱུང་ནས་བདག་ཉིད་ཇི་སྲིད་དུ་འགྲོ་དགོས་པའི་གནས་ནས་བསྐོར་ཏེ་རང་གི་གོས་ལ་སོགས་པ་ལ་སྣ་གཏད་མདུད་པ་བྱས། དབུགས་བསྡམས་ལ་གོམ་པ་ཉི་ཤུ་རྩ་གཅིག་ཏུ་འགྲོ། དེའི་བར་ལ་གཟུངས་སྔགས་འདོན་དེ་ལྟར་བྱས་ན་ཟླ་བ་གཅིག་གི་ལམ་དུ་འགྲོའང་ཐུབ་ལ། ཉིན་མོ་བྱས་ན་སྲོད་ལ་བསྡུ། མཚན་མོ་བྱས་ན་ཐོ་རངས་བསྡུའོ། །མ་བསྡུས་ན་དེའི་ཁོངས་ན་གནས་པ་རྣམས་ལ་གནོད་པའི་ཕྱིར་རོ། །ཤིན་ཏུ་འཇིགས་པ་ཆེ་བའམ་རྐུན་པོ་ཡོད་དུ་དོགས་ན། བླ་མ་བ་རི་བའི་གདམས་པ་ནི། མུ་སྟེགས་གཅེར་བུ་སྔོ་ཀྲོང་ངེ་བ་ཕྲག་པ་གཡས་ལ་བེར་ག་བཀལ་བའི་མདུན་ཕྱོགས་སུ་རྔ་བཏགས། རྒྱབ་ངོས་སུ་ཌཱ་མ་རུ་བཀལ་བ་གཉིས་གཡས་གཡོན་གཉིས་ན་རེ་རེ་འདུག་པར་བསམ་མོ། །དེས་གཅན་གཟན་གདུག་པ་ཅན་དང་ཆོམ་རྐུན་ལ་སོགས་པ་ཐམས་ཅད་ཐུབ་པར་འགྱུར་རོ། །ཆོམ་རྐུན་འཆིང་བ་བསྟན་པའོ། །དྲུག་པ་མཚན་བརྒྱ་རྩ་བརྒྱད་པ་དང༌། གཟུངས་སྔགས་ཀྱི་ལུང་བླང་ཞིང་གདོན་པའི་ཆོ་ག་ལ་གཉིས་ཏེ། ལུང་བླང་བ་དང༌། གདོན་པའོ། །དང་པོ་ལ་གཉིས་ཏེ། རྗེས་སུ་བཟླས་པའི་ལུང་དང༌། དམ་བཅའ་བའི་ལུང་ངོ༌། །དེ་ལ་དང་པོ་མཚན་བརྒྱ་རྩ་བརྒྱད་པའི་རྗེས་སུ་བཟླས་པའི་ལུང་ལེན་པར་འདོད་ན། གཏོར་མ་བཅས་ནས་སློབ་མས་ཕྱག་བཙལ་ཏེ་མེ་ཏོག་ལག་ཏུ་བཟུང་བས་ཐལ་མོ་སྦྱར་ཏེ། སློབ་དཔོན་རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པར་བསམ། དེའི་གསུང་གིས་བདག་ལ་བྱིན་གྱིས་རློབ་པར་བསམས་ལ། སློབ་དཔོན་གྱི་རྗེས་སུ་སྙིང་པོ་དང༌། གཟུངས་སྔགས་དང༌། མཚན་བརྒྱ་རྩ་བརྒྱད་པ་ལན་གསུམ་གསུམ་བཟླའོ། །དེ་ནས་གཉིས་པ་དམ་བཅའ་བའི་ལུང་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་དེང་ནས་བཟུང་ནས། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྗེ་བཙུན་མའི་སྙིང་པོ་འདི་སྙེད་ཅིག་ཅེའམ་གཟུངས་སྔགས་འདི་སྙེད་ཅིག་ཅེའམ། མཚན་བརྒྱ་རྩ་བརྒྱད་
པ་འདི་སྙེད་ཅིག་འདོན་པར་དམ་བཅའ་བ་ལགས་སོ། །ཞེས་སློབ་དཔོན་གྱི་རྗེས་སུ་ལན་གསུམ་བཟླའོ། །དེ་ནས་མེ་ཏོག་དེ་དག་བླ་མ་ལ་དབུལ་བར་བྱའོ། བླ་མས་ཀྱང་སླར་སློབ་མའི་སྤྱི་བོར་བཞག་གོ །དེ་ཕྱིན་ཆད་བླ་མ་དང་བྱིན་རླབས་མཉམ་བོར་འབྱུང་གསུང་ངོ༌། །དེ་ནས་འདོན་པར་འདོད་ན་རྗེ་བཙུན་མའི་ཞབས་གཡས་ཀྱི་མཐེ་བོང་བདག་གི་དཔྲལ་བར་རེག་ཅིང༌། སྤྱི་བོར་མཆོག་སྦྱིན་གྱི་ཕྱག་རྒྱ་རེག་པས་བྱིན་གྱིས་བརླབས་པར་བསམས་ལ་གཟུངས་སྔགས་དང་བསྟོད་པ་འདོན་ན། ཐོན་པ་དང་སྤྱི་བོ་ནས་མར་ཐིམ་པས་བྱིན་རླབས་ཞུགས་པར་བསམ་མོ། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མ་ཨརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ། མ་མ་ཀྲྀ་ཏེ། སརྦ་དུཥྚཾ་པྲ་དུཥྚཾ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧཱ་ཡ། བྷིནྡྷ་ཡ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། གཟུངས་སྔགས་སོ། །མཚན་བརྒྱ་རྩ་བརྒྱད་པ་ནི་ལོགས་སུ་བརྗོད་པར་བྱའོ། །དྲུག་པ་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པའི་ལུང་བླང་བའི་ཆོ་ག་བསྟན་ཟིན་ཏེ། ཐམས་ཅད་ཀྱང་བསྟན་ཟིན་ཏོ། །ཀླུ་སྒྲུབ་ཡེ་ཤེས་ཞབས་ལས་འོངས་པ་ཡི། །སྒྲོལ་མའི་སྒྲུབ་ཐབས་དུག་ཆུ་སྤངས་པ་འདི། །ལེགས་པར་བཀོད་ལས་བྱུང་བའི་དགེ་བ་དེས། །འགྲོ་ཀུན་འོད་དཔག་མེད་པར་ཐོབ་པར་ཤོག །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མངོན་པར་རྟོགས་པ་ཡན་ལག་དྲུག་དང་ལྡན་པ། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།། ༈ །འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གཉན་སྒྲོལ་གྱི་སྒྲུབ་ཐབས་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གཉན་གྱི་སྒྲོལ་མ་སྒྲུབ་པར་འདོད་པས། གནས་དབེན་པར་བླ་མ་དང་དཀོན་མཆོག་ལ་སྐྱབས་འགྲོ་བྱས་པའི་མཐར། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་
རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་མ་སྒྲོལ་མའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཏཱྃ་ལྗང་གུ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། དེ་ལ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་ཞེས་པ་རྣམས་ཕྱག་རྒྱ་དང་བཅས་པས་མཆོད། ཐལ་མོ་སྦྱར་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་སོགས་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་ནམ་མཁའ་ལྟ་བུར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྱུ་མའི་སྣང་བ་ལྟ་བུ་དེ་ཉིད་ཏཱྃ་ལས་ཨུཏྤལ་ལྗང་གུ་ཏཱྃ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏཱྃ་ཡིག་ཨུཏྤལ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང༌། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་རྩ་བ་ཐུགས་ཀར་བཟུང་སྟེ་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་ལི་བ་གཡོན་ཕྱོགས་སུ་བརྫེས་ཤིང༌། གཡས་ངོས་ནས་མར་ཅུང་ཟད་འཕྱང་བ། ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་ལུགས་ཅན། ཟླ་བ་ལ་སྐུ་རྒྱབ་བརྟེན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྲབ་མོའི་སྟོད་གཡོགས་ཀྱིས་ནུ་མ་བཀབ་ཅིང༌། དར་སྣ་
ཚོགས་ཀྱི་ཤམ་ཐབས་གསོལ་བ། ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་ལྗང་གུ། དེ་ལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས་རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། གོང་ལྟར་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དབང་གི་ལྷ་དེ་རྣམས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར་ཏེ་རང་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཐལ་མོ་སྦྱར་བའི་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར། སྲིན་ལག་གཉིས་ནང་དུ་བཅུག་ལ་མཐེ་བོས་མནན་པ་ཨུཏྤལའི་ཕྱག་རྒྱ། དཔྲལ་བ། མགྲིན་པ། སྙིང་ག དཔུང་མགོ་གཉིས་དང་བཅས་པར་རེག་ཅིང་ཡི་གེ་བཅུ་པ་ཚར་རེ་བརྗོད་པས་བྱིན་གྱིས་བརླབས་ཏེ། སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་ཡུན་རིང་དུ་གཏད། སྐྱོ་ན། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་གི་མཐར་ཡི་གེ་བཅུ་པ་ཁ་དོག་དཀར་པོ་མགོ་བོ་གྱེན་དུ་བལྟ་བས་བསྐོར་བར་བསམས་ལ། དེ་ལ་ཀློག་པའི་ཚུལ་དུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པ་གཙོ་བོར་བཟླ། སྤྲོ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། མ་མ་ཀྲྀ་ཏེ། སརྦ་དུཥྚཾ་པྲ་དུཥྚཾ། ཛཾ་བྷ་ཡ། སྟྭམ་བྷ་ཡ། མོ་ཧ་ཡ། བནྡྷ་
ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟྭམྦྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་གཟུངས་སྔགས་ཅི་ནུས་བཟླ། མཐར་འདོད་དོན་ཞུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་ཞུ་སྟེ་རང་ལ་ཐིམ་པར་བསམས་ལ་བསྔོ་བ་དང་སྨོན་ལམ་བྱ་ཞིང༌། སྤྲོ་ན་ཐུན་མཚམས་སུ་རྗེ་བཙུན་མ་མདུན་གྱི་ནམ་མཁར་བཞུགས་པའི་ཞབས་ཀྱི་མཐེ་བོང་རང་གི་དཔྲལ་བར་རེག་ཅིང༌། མཆོག་སྦྱིན་གྱི་ཕྱག་རྒྱ་བདག་གི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པར་བསམ་ཞིང་མཚན་བརྒྱ་རྩ་བརྒྱད་པ་དང༌། གཟུངས་རིང་ཅི་ནུས་ཀྱི་མཐར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་དེ། མཇུག་ཏུ་རང་ལ་ཐིམ་པར་བསམ་མོ། །དེ་ལྟ་བུའི་སྒོ་ནས་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་གསུམ་མམ་འབུམ་ཕྲག་བརྒྱད་ཅུས་གྲངས་ཀྱི་བསྙེན་པ་རྫོགས་པ་ཡིན་ནོ། །སྒྲུབ་པའི་སྒོ་ནས་དབང་དུ་བསྡུ་བ། གཏོར་མའི་ཆོ་ག རང་གཞན་ལ་སྲུང་འཁོར་གདགས་པའི་ཆོ་ག ཆོམ་རྐུན་སྲུང་ཐབས། མཚན་བརྒྱ་རྩ་བརྒྱད་པ་དང༌། གཟུངས་སྔགས་ཀྱི་ལུང་བླང་བའི་ཆོ་ག་རྣམས་ནི་རྗེ་བཙུན་རིན་པོ་ཆེས་མཛད་པ་ལས་རྟོགས་པར་བྱའོ། །གཉན་སྒྲོལ་ཡན་ལག་དྲུག་པའི་ཆོ་ག་འདི་ནི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་ལོགས་སུ་བཀོལ་ཏེ་ངག་འདོན་བདེ་བར་སྦྱར་བའོ། །གཏོར་མ་འབུལ་བར་འདོད་ན་དཀར་ཆ་བཞིའི་ནང་ནས་འབྱུང་བའི་ཆོ་གས་དབུལ་ལོ།། ༈ །གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང་ཐུན་མོང་མ་ཡིན་པ་བཞུགས་སོ། །ཏཱ་རེ་ན་མོ། འཕགས་པ་ཀླུ་སྒྲུབ་དང༌། སངས་རྒྱས་ཡེ་ཤེས་ཞབས་སོགས་ནས་བརྒྱུད་པའི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་དམ་གཉན་གྱི་སྒྲོལ་མའི་རྗེས་གནང་དང༌། མཚན་བརྒྱ་རྩ་བརྒྱད་པའི་ལུང་བླང་བའི་ཕྱག་ལེན་ནི། མཎྜལ་དང་མཆོད་གཏོར་བཤམས་ལ། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་དུ་མཎྜལ་གྱི་སྟེང་དུ་རྗེ་བཙུན་མ་སྒྲུབ་ཐབས་ལྟར་བསྐྱེད་ཅིང་ཡན་ལག་བཞི་རྫོགས་བྱ། མཆོད་པ་རྣམས་
བྱིན་གྱིས་བརླབས་ལ་དབུལ། བསྟོད་པ་བྱ། གཏོར་མ་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཕུལ་ལ་མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་སོགས་ཀྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་རྒྱུན་བཤགས་བྱ། དེ་ནས་རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་ལ་རྗེ་བཙུན་མ་དངོས་ཡིན་སྙམ་པའི་མོས་པ་བྱས་པས། དེའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་ལྗང་གུ་དཔག་ཏུ་མེད་པ་འཕྲོས་པས། སློབ་མའི་ལུས་ལ་ཕོག་པས་སྡིག་སྒྲིབ་དང་བར་དུ་གཅོད་པ་ཐམས་ཅད་སྦྱངས། ལུས་འོད་ཀྱི་རང་བཞིན་དུ་གྱུར་པར་བསམ། དེའི་ངང་ལས་སྐད་ཅིག་གིས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱྃ་ལས་ཨུཏྤལ་ཏཱྃ་གྱིས་མཚན་པ་དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སློབ་མ་རྣམས་སྒྲུབ་ཐབས་ལྟར་རྗེ་བཙུན་མར་བསྐྱེད། སླར་ཡང་སློབ་དཔོན་ལ་མོས་གུས་བྱས་པས་དེའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། སློབ་མ་ལ་ཐིམ་པར་བསམས་ལ་སྔགས་དང་དྲིལ་གསིལ་བྱ་བ་ནི་གཞི་དགོད་པའོ། །དངོས་ལ་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་ནི། སློབ་དཔོན་ལ་རྗེ་བཙུན་མར་མོས་པ་བྱས་ལ། སློབ་དཔོན་ཁྱོད་ཀྱིས་བདག་ལ་རྗེ་བཙུན་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པའི་ལུང་དང་གསང་སྔགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། གསོལ་གདབ་འདི་སྤྱི་དང་མཐུན་པར་རྒྱུན་བཤགས་ཀྱི་མཇུག་ཏུ་བྱས་ཀྱང་རུང་ངོ༌། །དེ་ནས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས་དེ་འདྲ་བ་དུ་མ་བྱུང་ནས་ཞལ་ནས་འཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བ་ལ་ཏཱྃ་
ཡིག་གེ་མཐར་འཁོད་པར་མོས་པ་བྱས་ལ་སྙིང་པོ་དང་གཟུངས་ཀྱི་རྗེས་ཟློས་ལན་གསུམ་བྱ། མཚན་བརྒྱ་རྩ་བརྒྱད་པའི། དཔལ་ལྡན་ཡིད་འོང་པོ་ཏ་ལ་ཞེས་པ་ནས། ལེགས་པར་གདམས་པར་གྱུར་ལ་བསྟོད།«་་་་་འདིའི་ཚིག་རིས་གོང་གི་མཚན་བརྒྱད་ཅུང་ཟད་མི་གཅིག་པ་ནི་འགྱུར་གྱི་ཁྱད་ཡིན་ནོ།།» ཅེས་པའི་བར་སློབ་དཔོན་གྱིས་ཚར་གཅིག་བཀླག ཨོཾ་དགེ་བ་ཅན་ནི་ཞེས་སོགས་ནས། སྤྱན་རས་གཟིགས་དབང་བདག་ཉིད་སྐྱེས་ཞེས་པའི་བར་གྱི་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག དེ་མན་ཆད་ཀྱི་ཕན་ཡོན་རྣམས་སློབ་དཔོན་གྱིས་ཚར་གཅིག་ཀློག དེ་ནས་སློབ་མས་བཅོམ་ལྡན་བདག་གིས་སོགས་བརྗོད་ཅིང་མེ་ཏོག་གཏོར། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སོགས་བརྗོད་ཅིང་མེ་ཏོག་མགོ་བོར་བཞག་གོ །གཉིས་པ་དམ་བཅའ་བའི་ལུང་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་སྒྲོལ་མ་ཡི་དམ་དུ་གཟུང་སྙམ་པའི་བསམ་པས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་མ་སྒྲོལ་མ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ཞེས་ལན་གསུམ་དང༌། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སོགས་ཤློ་ཀ་གཅིག་དང༌། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མ་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག་ཅེས་བརྗོད་ཅིང་མེ་ཏོག་གཏོར་རོ། །གསུམ་པ་བྱིན་གྱིས་རློབ་པའི་ལུང་ནི། མདུན་བསྐྱེད་ཀྱི་རྗེ་བཙུན་མ་ལ་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས། ཐུགས་ཀ་ནས་དེ་འདྲ་བའི་རྗེ་བཙུན་མ་མཐེ་བོང་ཙམ་ཞིག་བྱོན་ཏེ་སློབ་མའི་སྤྱི་གཙུག་ནས་ཞུགས། ཐུགས་ཀའི་ཏཱྃ་ཡིག་དང་དབྱེར་མེད་འདྲེས་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། སློབ་དཔོན་གྱིས་མེ་ཏོག་གཏོར་ཏེ། རྗེ་བཙུན་མ་འཕགས་མ་སྒྲོལ་མས་རྡོ་རྗེ་སློབ་མ་འདི་རྣམས་གནས་སྐབས་སུ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱངས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་དུ་གསོལ། མཐར་ཐུག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད། རྗེས་ཀྱི་བྱ་བ་སྤྱི་དང་མཐུན། འདི་ལ་ཐུགས་དམ་རྒྱུན་དུ་བྱས་ན་གཉན་གྱི་མགོན་པོས་སྲུང་སྐྱོབ་མཛད་པ་ཡིན་ཞེས་གསུངས་སོ། །གཉན་སྒྲོལ་
ཡན་ལག་དྲུག་པའི་རྗེས་གནང་ཐུན་མོང་མ་ཡིན་པ་བྱ་ཚུལ། འདྲེན་མཆོག་ཆོས་ཀྱི་རྒྱལ་པོའི་གསུང་བཞིན་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས་ཨེ་ཝྃ་དུ་བྲིས་པའོ། །སྐྱེ་བོ་མང་པོ་ལ་བྱེད་ན་གཞན་རྣམས་འདྲ་བ་ལས་གཟུངས་རིང་དང་མཚན་བརྒྱ་རྩ་བརྒྱད་པའི་ལུང་བླང་བ་དོར་བས་རུང་ངོ༌།། ༈ །གཉན་སྒྲོལ་ཡན་ལག་དྲུག་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བློ་དམན་འཇུག་བདེ་བཞུགས་སོ། །ན་མོ་གུ་རུ་ཨཱརྻ་ཏཱ་རཱ་ཡཻ། ཐུགས་རྗེའི་བདག་ཉིད་ཤེས་རབ་དངོས། །དཔལ་ལྷ་མོ་དེར་ཕྱག་བྱས་ནས། །གང་གི་སྒྲུབ་ཐབས་རྗེས་གནང་ནི། །ཤིན་ཏུ་གསལ་བའི་ངག་གིས་བཤད། །འཕགས་པ་ཀླུ་སྒྲུབ་དང་སངས་རྒྱས་ཡེ་ཤེས་ཞབས་སོགས་ནས་བརྒྱུད་པའི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་དམ་གཉན་གྱི་སྒྲོལ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱ་ཚུལ་ནི། གནས་དབེན་པར་སྟེགས་བུ་ཁེབས་ལྡན་ལ་མཉྫི་སོགས་ཀྱི་སྟེང་མཎྜལ་ལ་དྲི་བཟང་གི་ཐིག་ལེ་ཟླུམ་སྐོར་གྱི་ཁར་ནས་འབྲས་སོགས་ཀྱི་ཚོམ་བུ་ཆེ་ཆུང་ཅི་རིགས་གཅིག དེའི་མདུན་དུ་ཟླུམ་གཏོར་གཅིག ཆུ་གཉིས་སྔོན་འགྲོའི་མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་བཅས་སྦྲེང་ཚར། རང་ཉིད་སྟན་ལ་འདུག་པའི་དྲུང་དུ། རྡོར་དྲིལ། འཐོར་ནས། སློབ་མ་ལ་དགོས་པའི་མཎྜལ། འཐོར་ནས། ཆབ་བུམ་བཅས་བཤམ། འདི་བླ་མེད་ཡིན་པས་རྡོར་དཀར་ནི་མི་དགོས། མཆོད་པ་རྣམས་རྡོ་རྗེ་གསོར་ཞིང༌། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷ་རྨཱ་ར་ཎི་ཏ་སོགས་ཚར་
གསུམ་ལ་དྲིལ་གསིལ་དང་རོལ་མོ་བཅས་པས་མཆོད་པ་བྱིན་གྱིས་བརླབས་ནས། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ཞེས་ལན་ཉི་ཤུ་རྩ་གཅིག་བརྗོད། ཐལ་མོ་སྦྱར་ལ། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་མ་སྒྲོལ་མའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། དེ་ལ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་ཞེས་པ་རྣམས་ཕྱག་རྒྱ་དང་བཅས་པས་མཆོད། ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་པའི་བར་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ནས། གནས་པར་གྱུར་ཅིག་གི་བར་ལན་གཅིག་བརྗོད་པས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་ནམ་མཁའ་ལྟ་བུར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟར་སྣང་བ་དེ་ཉིད་ཏཱྃ་ལས་ཨུཏྤལ་ལྗང་གུ་ཏཱྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས།
འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཏཱྃ་ཡིག་ཨུཏྤལ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་བ་ལས་རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང༌། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་རྩ་བ་ཐུགས་ཀར་བཟུང་ནས་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་ལི་བ་གཡོན་ཕྱོགས་སུ་བརྫེས་ཤིང་གཡས་ངོས་ནས་མར་ཅུང་ཟད་འཕྱང་བ། ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་ལུགས་ཅན་ཟླ་བ་ལ་སྐུ་རྒྱབ་བརྟེན་པ། དར་སྲབ་མོའི་སྟོད་གཡོགས་ཀྱིས་ནུ་མ་བཀབ་ཅིང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་ལྗང་གུ། དེ་ལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས། རྗེ་བཙུན་མ་སྒྲོལ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་བར་གོང་བཞིན། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱི་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་སོགས་ནས། དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དོན་ཡོད་གྲུབ་པས་དབུར་བརྒྱན། དབང་གི་ལྷ་དེ་རྣམས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར་ཏེ་རང་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿཞེས་དང་ཨུཏྤ་ལའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་ཀྱི་སེན་མོ་བཀབ་སྟེ། སྲིན་ལག་གཉིས་ནང་
དུ་བཅུག་པ་མཐེ་བོས་མནན་པ་ནི་ཨུཏྤལ་ཁ་བྱེ་བའི་རྒྱ་སྟེ། འདི་ཉིད་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། དཔུང་མགོ་གཉིས་ཏེ་གནས་ལྔར་གཏུགས་ཤིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་ཚར་རེ་བརྗོད། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་ཡུན་རིང་དུ་གཏད། སྤྲོ་ན། ཐུགས་ཀར་ཏཱྃ་ཡིག་གི་མཐར་ཡི་གེ་བཅུ་པ་ཁ་དོག་དཀར་པོ་མགོ་གྱེན་དུ་བལྟ་བས་བསྐོར་བར་གྱུར། དེ་ལ་ཀློག་པའི་ཚུལ་དུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པ་གཙོ་བོར་བཟླ། སྤྲོ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་ས་ཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། མ་མ་ཀྲྀ་ཏེ། སརྦ་དུཥྚཾ་པྲ་དུཥྚཾ། ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བྷནྡྷ་ཡ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟཱམྦྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་གཟུངས་རིང་ཅི་ནུས་བཟླ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ། ཚོམ་བུ་ལ་རྡོ་རྗེ་གསོར་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤལ་ལྗང་གུ་ཞེས་པ་ནས། དབུར་བརྒྱན་ཞེས་པའི་བར་གོང་བཞིན་ལ། དབང་གི་ལྷ་དེ་རྣམས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར་ཏེ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ མཆོད་པ་བསང་སྦྱང་བྱིན་རླབས་གོང་བཞིན་ལ་དྷརྨཱ་ར་ཎི་མི་དགོས། ཨོཾ་ཨཱརྻཱ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པ་དྱཱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་རིགས་འགྲེ། དྲིལ་གསིལ་དང་དྷརྨཱ་ར་ཎི་སོགས། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་མམ། ཡང་ན། གློག་དང་འདྲ་བའི་སྤྱན་མངའ་མ་ནས། མཐའ་བྲལ་
ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །བར་མཎྜལ་བཞི་ཆོག་ལྟར་བྱ། གཏོར་མ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་ལ། ན་མཿསརྦྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་ས་ཏྭཱ་སརྦྦ་བུདྡྷཿཨ་ཝ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ། ཨི་དཾ་བ་ལིཾ་གྲྀཧྞ་པ་ཡ། གྲྀཧྞ་པ་ཡ། ཧཱུྃ་ཧཱུྃ་སརྦྦ་བི་སཉྩ་རེ་སྭཱ་ཧཱ། ཨོཾ་ཨཱརྻཱ་ཏཱ་རཱ་ཨརྒྷཾ་སོགས་མཆོད་པ་དང༌། ལྷ་དང་ལྷ་མིན་སོགས་ཀྱི་བསྟོད་པ་གོང་བཞིན། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབ་ཏུ་གསོལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་མྱུར་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། མདུན་བསྐྱེད་ལ་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སོགས་ཡི་གེ་བཅུ་པ་ཕྲེང་འཁོར་དང༌། གཟུངས་རིང་འདོད་གསོལ་བཅས་བདག་བསྐྱེད་བཞིན། སློབ་མ་རྣམས་ལ་ཆབ་བཏང༌། སློབ་མས་ཡོན་ཕུལ། མཎྜལ་གྱི་ནས་གྲལ་མགོན་ནས་བཀྱེ་གྲལ་གཤམ་ནས་བསྡུས་ཚར་བ་དང་སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་འདིར་བདག་ཅག་གི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཅན་དེས་གསུངས་པའི་དམ་པའི་ཆོས་རྣམས་བསྡུ་ན་མདོ་སྔགས་གཉིས་ལས། སྔགས་ཀྱི་ཐེག་པ་ལ་རྒྱུད་སྡེ་བཞིར་བཞུགས་པའི་བླ་མེད་མ་རྒྱུད་དུ་གཏོགས་པ་རྗེ་བཙུན་སྒྲོལ་མའི་སྐོར་ཡིན། དེ་ལའང་ལུགས་སྲོལ་མང་དུ་ཡོད་པ་ལས་འདིར་བདེ་བ་
ཅན་གྱི་འཇིག་རྟེན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སངས་རྒྱས་གཞན་གྱི་ཞིང་ཁམས་སུ་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས། མི་མཇེད་འཇིག་རྟེན་འདི་ཡང་སྐྱེས་པས་འདུལ་བ་ལ་སྤྱན་རས་གཟིགས། བུད་མེད་ཀྱིས་འདུལ་བ་ལ་རྗེ་བཙུན་སྒྲོལ་མར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེ་ལ་ཛམྦུའི་གླིང་གི་ལྷོ་ཕྱོགས་རི་བོ་གྲུ་འཛིན་ཞེས་བྱ་བའི་སྟེང་ན་ཨཱརྻ་ལོ་ཀེ་ཤྭ་ར་འཁོར་ལྷ་ཤས་ཆེ་བ་ལ་ཆོས་གསུང་ལ། འོག་ན་རྗེ་བཙུན་མ་སྒྲོལ་མ་འཁོར་ཀླུ་དང་ལྷ་མ་ཡིན་ཤས་ཆེ་བ་ལ་ཆོས་གསུང་སྟེ། སྤྲུལ་པའི་སྐུ་ཡི་གཙོ་བོ་གཉིས་དེ་ན་བཞུགས་སོ། །གཞན་ཡང་རི་དེ་ན་སངས་རྒྱས་ཀྱི་སྤྲུལ་པ་བོ་དྷི་སཏྭ་དུ་མས་གང་ནས་བཞུགས་སོ་ཞེས་འབྱུང་ངོ༌། །རི་དེར་སངས་རྒྱས་ཀྱིས་སྒྲོལ་མའི་རྒྱུད་ཀྱང་གསུངས་ཏེ། སྒྲོལ་མ་རྒྱ་མཚོའི་རྒྱུད་ཅེས་བྱ་བ་གསུངས་ནས། གསུངས་ཙམ་གྱིས་སེམས་ཅན་གྱི་དོན་བྱས་ནས་མ་འོངས་པའི་སེམས་ཅན་ལ་མཁོ་བར་མི་འགྱུར་བའི་ཕྱིར་རྒྱ་མཚོར་ནུབ་བོ། །དེའི་རྗེས་སུ་རྒྱུད་ཆུང་ཞིག་གསུངས་ནས་ཀྱང་དེ་བཞིན་དུ་ནུབ་བོ། །དེ་ནས་མ་འོངས་པའི་དོན་དུ་སྒྲོལ་མ་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་དང༌། སྤྱན་རས་གཟིགས་ཀུ་རུ་ཀུལླེ་ཞེས་བྱ་བའི་རྟོག་པ་གསུངས་སོ། །དེ་ལས་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲོལ་མའི་སྒྲུབ་ཐབས་མཛད་དེ་སེམས་ཅན་རྣམས་ལ་རྒྱ་ཆེར་བསྟན་ཏོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་སློབ་མ་བ་ལིཾ་ཏ་པ་ལ། དེས་སངས་རྒྱས་ཡེ་ཤེས་ཞབས་ལ། དེས་མར་མེ་མཛད་བཟང་པོ་ལ། དེས་དཔལ་བདེ་བ་ལ། དེས་བི་མ་ལ་གུཔྟ་ལ། དེས་རིན་ཆེན་རྡོ་རྗེ་ལ། དེས་རཏྣ་ཀཱིརྟི་ལ། དེས་བནྡེ་པ་ཆེན་པོ་ལ་གནང་ངོ༌། །དེ་ལ་གཉན་ལོ་ཙཱ་བས་གསན་པའི་ཚུལ་ནི། བླ་མ་གཉན་ལོ་ཙཱ་བ་ཆུང་དུས་ནས་རྒྱ་གར་དུ་བྱོན་ཀྱང༌། གཞོན་པའི་རྒྱུ་མཚན་གྱིས་སློབ་གཉེར་དྲག་པོའང་མ་མཛད་པ་ལྟད་མོ་ཀ་མཛད། རེ་ཞིག་ན་མཚོ་ཞིག་གི་མཐའ་ན་སྒོ་ང་ཁྲ་གཙིག་གེ་བ་འདུག་ནས་བཏོན་ནས་ཁྱེར་བ་ན།
མཚོ་ཁ་ནས་ཤིང་ལོ་ཞིག་རླུང་གིས་ཁྱེར་ནས་མཚོ་ནང་དུ་སོང་བ་དེ་ཉ་ཞིག་གིས་ཁྱེར་ནས་མཚོ་སྟེང་དུ་སོང་བ་དང༌། སྐད་སེག་ལིང་ཟེར་བ་ཞིག་བྱུང་བ་རྣ་བར་ཞེན་ཏེ། ནང་དུ་སླེབས་པ་ནའང་སེག་ལིང་སེག་ལིང་ཞེས་བཟླས་པས། སློབ་དཔོན་མ་ཏིའི་ཞལ་ནས། བུ་ཤིང་ལོ་ཉ་ཁྱེར་སྐད་ཅིག་བྱུང༌། །དེ་རིང་གར་བྱོན་ཕྱིན་ཤོད་ཅིག །མ་བཤད་ན་ཉེས་པ་ཆེན་པོ་བྱུང་དོགས་ཡོད་གསུངས། དེ་རྣམས་བཤད་པས་མ་ལེགས་སོ། །དུག་སྦྲུལ་གྱི་སྒོ་ང་ཡིན། ད་ཁོ་ཡོང་གསུངས་ནས། སྡོང་པོ་ལ་ཁོག་བྲུས་པའི་ནང་ན་སློབ་དཔོན་དགོངས་པ་ལ་མཉམ་པར་བཞག ལོ་ཙཱ་བ་སྒྲོལ་མའི་སྐུ་རྒྱབ་ཏུ་བཞག ཟངས་ཚོན་ལ་གླ་རྩི་བྱུགས་པའི་ནང་དུ་ཉེ་གནས་སྦས་ཏེ་བཞུགས་པའི་ཚེ་མཚན་མོ་ཇི་ཞིག་ན་དུག་སྦྲུལ་བྱུང་སྟེ། སློབ་དཔོན་ནི་མ་མཐོང༌། ལོ་ཙཱ་བ་གཡོན་ནས་ཉུལ་ཞིང་ལྕེ་ཉུག་ཉུག་མང་པོ་བྱས་ཀྱང་སྒྲོལ་མས་བསྐྱབས་པས་གནོད་མ་ཐུབ། ནམ་ལངས་ཀྱི་བར་ཟངས་ལ་གླ་རྩི་བྱུགས་ཀྱང་དེ་འཁྱུད་པས་ཟངས་ཀྱི་འོག་གི་ཉེ་གནས་ཀྱི་ལུས་སྦང་ཟན་ཞིག་པ་ལྟར་སོང༌། ལོ་ཙཱ་བ་བོད་དུ་བྱོན་དུས་སྒྲོལ་མ་དེ་བླ་མས་གནང་བ་བསྣམས་ནས་བྱོན། གཙང་ཆུ་མིག་སྒྲོལ་མར་གྲགས་ཏེ་ལོ་ཙཱ་བ་འཇིགས་པ་བརྒྱད་ཀ་ལས་བསྐྱབས་སོ། །དེ་ལྟ་བུའི་བྱིན་རླབས་ཅན་སྔ་ཐོག་གཙང་ཆུ་མིག་གི་གཙུག་ལག་ཁང་དང་ཕྱིས་སུ་དོལ་ཆོས་འཁོར་གནས་ན་བཞུགས་པར་གྲགས་ཀྱང་དེང་སང་གར་བཞུགས་ནི་ཁོ་བོས་མ་རྟོགས། གོང་ལྟར་གཉན་ལོ་ཙཱ་བས་ཁའུ་པ་དང་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་གཉིས་ལ་གནང༌། དེ་ནས་རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། བྱང་ཆུབ་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། གྲགས་པ་ཚུལ་ཁྲིམས། ཤེས་རབ་རྡོ་རྗེ། གྲགས་བཟང་པ། བྱང་ཆུབ་སེང་གེ ཡེ་ཤེས་རྒྱལ་མཚན། ཀུན་དགའ་བཟང་པོ། ཀུན་དགའ་དབང་ཕྱུག དཀོན་མཆོག་འཕེལ་བ། དཀོན་མཆོག་ལྷུན་གྲུབ། ནམ་མཁའ་དཔལ་བཟང༌། དཔལ་
ལྡན་དོན་གྲུབ། བསོད་ནམས་མཆོག་ལྡན། ངག་དབང་བློ་བཟང་རྒྱ་མཚོ། གོང་དཀར་བ་ཕྲིན་ལས་རྣམ་རྒྱལ། གོང་དཀར་བ་བློ་གྲོས་དབང་ཕྱུག གནས་གསར་རྡོ་རྗེ་འཆང་ཀུན་དགའ་ལེགས་པའི་འབྱུང་གནས་སོགས་ཀྱི་བར་དུ་བྱོན་པ་དང༌། ཡང་བརྒྱུད་རིམ་སྔ་མ་གོང་བཞིན་ལ། དཀོན་མཆོག་འཕེལ་ནས། ལྷ་མཆོག་སེང་གེ ངོར་ཆེན་སངས་རྒྱས་སེང་གེ རྗེ་ཀུན་དགའ་ལུང་རིག ནགས་དགོན་པ་སྦྱིན་པ་གྲགས་པ། ས་སྐྱ་པ་ཨ་མེས་ཞབས་ཀུན་དགའ་བསོད་ནམས། རྒྱལ་རྩེ་བདག་པོ་བསོད་ནམས་རྒྱལ་མཚན། འབུམ་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་སངས་རྒྱས་ཕུན་ཚོགས། རྗེ་བསྟན་འཛིན་ལྷུན་གྲུབ། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་སོགས་ཀྱི་བར་དུ་བྱོན་པ་དང༌། གཞན་ཡང་གོང་གི་བརྒྱུད་པ་དེ་དག་ལ་བླ་མ་འགའ་ཞིག་བཞུགས་པ་དང་མ་བཞུགས་པ་སོགས་བརྒྱུད་པའི་རྣམ་གྲངས་ཕྲན་བུ་དང་བཅས་པ་ལས་ཉེ་བར་བརྒྱུད་པའི་རྗེ་བཙུན་མ་སྒྲོལ་མའི་རྗེས་སུ་གནང་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས་ཁྱོད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཨོཾ་བཛྲ་བྷཱུ་མི་སོགས་ཚོམ་བུ་བདུན་མ་ཚིག་ལྷུག་གམ། ཡང་ན་ས་གཞི་སྤོས་ཆུས་སོགས་གང་རིགས། ཚིག་ལྷུག་ལྟར་ན་ཞུ་བའི་ཡོན་དུ་ཞེས་སྦྱར། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པ་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་ཕྱིར། མདུན་གྱི་མཎྜལ་གྱི་ཚོམ་བུ་འདི་རྗེ་བཙུན་མར་བསྐྱེད་པ་ལ་སྐྱབས་གནས་ཐམས་ཅད་ཀྱིས་བསྐོར་བའི་དྲུང་དུ་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་བརྗོད། དཀོན་མཆོག་གསུམ་ལ་སོགས་ནས། འགྲུབ་པར་ཤོག དེ་ནས་རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་ལ་རྗེ་
བཙུན་མ་དངོས་ཡིན་སྙམ་པའི་མོས་པ་བྱས་པས་དེའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་ལྗང་གུ་དཔག་ཏུ་མེད་པ་འཕྲོས་ཏེ་སློབ་མའི་ལུས་ལ་ཕོག་པས་སྡིག་སྒྲིབ་དང་བར་དུ་གཅོད་པ་ཐམས་ཅད་སྦྱངས་ནས་ལུས་འོད་ཀྱི་རང་བཞིན་དུ་གྱུར། དེའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤལ་ཏཱྃ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞེས་པ་ནས། གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའི་བར་བདག་བསྐྱེད་བཞིན། སླར་སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རྣམས་ལ་ཐིམ། རྡོ་རྗེ་གཡབ་དྲིལ་བུ་གསིལ། སློབ་མ་རྣམས་གུ་གུལ་གྱིས་བདུགས་ལ་སྔགས་རིང་ཐུང་བཟླ། དྲིལ་གསིལ། སྤོས་བདུག་བཞག་ལ། དེ་རྣམས་རྗེས་གནང་གི་གཞི་དགོད་པ་ཡིན། དངོས་གཞི་ལ་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་ནི་སློབ་དཔོན་རྗེ་བཙུན་སྒྲོལ་མར་མོས་པ་བྱས་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་ཁྱེད་ཀྱིས་བདག་ལ་རྗེ་བཙུན་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པའི་ལུང་དང་སྔགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས་དེ་འདྲ་བ་དུ་མ་བྱུང་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བ་ལ་ཏཱྃ་ཡིག་གི་མཐར་འཁོད་པར་མོས་པ་བྱས་ལ་སྔགས་འདི་གཉིས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛོད། ཨོཾ་ཏཱ་རེ་སོགས་ཡི་གེ་བཅུ་པ་དང༌། ན་མོ་རཏྣ་སོགས་གཟུངས་རིང་ལན་གསུམ། དེ་ནས་མཚན་བརྒྱ་རྩ་བརྒྱད་པའི་ལུང་བྱ་བ་ལ་ཐོག་མར་གླེང་གཞི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དཔལ་ལྡན་ཡིད་འོང་གྲུ་འཛིན་ན་ཞེས་
པ་ནས། ཆོས་ལ་རྗེས་སུ་ཡི་རང་གྱིས་བར་སློབ་དཔོན་གྱིས་ཚར་གཅིག་བློ་ནས་བརྗོད་པའམ་དཔེ་ལས་བཀླག དེ་ནས་ཁྱེད་རང་རྣམས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་དགེ་བ་ནས། དཔལ་ལྡན་འཇིག་རྟེན་དབང་བདག་སྲས་པར་ལན་གསུམ། དེ་ནས་སློབ་དཔོན་གྱིས་ཕན་ཡོན་བརྗོད་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། ཡོན་ཏན་མཐའ་ཡས་སྒྲོལ་མའི་མཚན་ནས། དགེ་བ་ཅན་མའི་བསྟོད་པ་རྫོགས་སོ་བར་ལན་གཅིག་བརྗོད་ཀློག་གང་རུང༌། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །སློབ་དཔོན་གྱིས་ཀྱང་ཁྱེད་རང་རྣམས་ལ་མེ་ཏོག་གཏོར་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་པ་ནི་རྗེས་སུ་བཟླས་པའི་ལུང་ཡིན། གཉིས་པ་དམ་བཅའ་བའི་ལུང་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་སྒྲོལ་མ་ཡི་དམ་དུ་གཟུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ཞེས་ལན་གསུམ་དང༌། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སོགས་ཤློ་ཀ་གཅིག་དང༌། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མ་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་གཏོར་བ་ནི་དམ་བཅའ་བའི་ལུང་ཡིན། གསུམ་པ་བྱིན་གྱིས་བརླབ་པའི་ལུང་ནི། མདུན་བསྐྱེད་ཀྱི་རྗེ་བཙུན་མ་ལ་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་དེ་འདྲ་བའི་རྗེ་བཙུན་མ་མཐེ་བོང་ཙམ་ཞིག་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ནས་ཞུགས། ཐུགས་ཀའི་ཏཱྃ་ཡིག་དང་དབྱེར་མེད་དུ་འདྲེས་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སློབ་
དཔོན་གྱིས་མེ་ཏོག་གཏོར་ཏེ། རྗེ་བཙུན་མ་འཕགས་མ་སྒྲོལ་མས་རྡོ་རྗེ་སློབ་མ་འདི་རྣམས་གནས་སྐབས་སུ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་དུ་གསོལ། མཐར་ཐུག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པ་ནི་བྱིན་གྱིས་བརླབ་པའི་ལུང་ཡིན། དེ་ལྟར་ལུང་གསུམ་གྱི་སྒོ་ནས་རྗེ་བཙུན་སྒྲོལ་མའི་རྗེས་གནང་གསན་པ་ཡིན་པས་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །རྗེས་གནང་ཐོབ་པའི་ཡོན་དུ་མཎྜལ་འབུལ་བར་ཞུ་ཞེས་དང༌། མཎྜལ་ཚིག་ལྷུག་བཅད་གང་རུང་གོང་བཞིན་ལ་ལྷུག་པ་ལྟར་ན་ཐོབ་པའི་ཡོན་ཏུ་འབུལ་བར་བགྱིའོ། །ཞེས་སོགས་དང༌། དེ་ལྟར་མཎྜལ་ཕུལ་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་སྒྲོལ་མའི་རྗེས་གནང་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་བརྗོད་ལ་སློབ་མ་རང་གནས་སུ་གཏང༌། མདུན་བསྐྱེད་ལ་མཆོད་བསྟོད་གོང་བཞིན། འདོད་གསོལ་བདག་བསྐྱེད་ཀྱི་མཇུག་བཞིན། རྡོར་སེམས་ཡིག་བརྒྱ་བཟླ་བ་གྲངས་སྐབས་དང་སྦྱར། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་འཕགས་མས་བཟོད་པར་མཛོད། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ
ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ལྷ་དང་ལྷ་མིན་སོགས་གོང་བཞིན་ལ། སྒྲོལ་མ་ཡུམ་གྱི་བཀྲ་ཤིས་ཤོག །ཅེས་སོགས་ཅི་ཤེས་བརྗོད། བསྙེན་པ་དང་རྒྱུན་གྱི་ཉམས་ལེན་ནི་སྐྱབས་འགྲོ་ནས་གདན་བསྡུ་བའི་བར་བྱས་ལ། སྤྲོ་ན་ཐུན་མཚམས་སུ། རྗེ་བཙུན་མ་མདུན་གྱི་ནམ་མཁར་བཞུགས་པའི་ཞབས་ཀྱི་མཐེ་བོང་རང་གི་དཔྲལ་བར་རེག་ཅིང༌། མཆོག་སྦྱིན་གྱི་ཕྱག་རྒྱ་བདག་གི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་ཞེས་དང༌། སྤྲོ་ན་པོ་ཏ་ལ་ནས། འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག་བར། ཡང་ན་རྒྱ་གར་སྐད་ནས་ཡི་རང་གི་བར་ཚར་གཅིག ཨོཾ་དགེ་བ་ནས། དབང་བདག་སྲས་བར་ཚར་གསུམ་སོགས་ཅི་ནུས། གཟུངས་རིང་ཕྲེང་སྐོར་སོགས་ཅི་ནུས། དེ་ནས། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ་ཞེས་སོགས་ཕྱག་འཚལ་ཉེར་གཅིག་ཅི་འགྲུབ་མཐར། ལྷ་མོ་ལ་གུས་སོགས་ཕན་ཡོན་བརྗོད་པ་ཚར་གཅིག ཡན་ལག་བདུན་པ་དང་འདོད་གསོལ་རྒྱས་པར་བྱའམ། ཡང་ན། དགེ་བ་འདི་ཡིས་ཞེས་སོགས་གོང་བཞིན། གཏོར་མ་འབུལ་ན། ཕན་ཡོན་དྲན་པ་རྫོགས་འཕྲལ་ཟླུམ་གཏོར་ཆབ་ཀྱིས་བྲན། འབུལ་ཚུལ་གོང་བཞིན། དམིགས་པ་ནི། པོ་ཏ་ལ་ནས་རྗེ་བཙུན་མའི་ལྗགས་ཀྱི་འོད་ཟེར་གྱིས་གཏོར་མ་གསོལ་བར་བསམ། ཚུལ་དེ་ལྟ་བུའི་སྒོ་ནས་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་གསུམ་མམ། བརྒྱད་ཅུས་གྲངས་བསྙེན་རྫོགས་པ་ཡིན་ནོ། །ལས་ཚོགས་དབང་སྡུད། སྲུང་འཁོར། ཆོམ་རྐུན་སྲུང་བ་གསུམ་གྱི་སྟེང་དུ། གོང་གི་སྒྲུབ་ཐབས། རྗེས་གནང༌། གཏོར་མ་གསུམ་བསྣན་པ་ལ་ཡན་ལག་དྲུག་པར་གྲགས་ཤིང༌། སྦྱིན་སྲེག་བྱེད་ན་ལུགས་འདི་དང་རྗེས་སུ་འབྲེལ་བ་ནས་ཁ་སྐོང་དགོས་ཏེ། དེ་དག་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལྟར་རོ། །ཞེས་གཉན་སྒྲོལ་ཡན་ལག་དྲུག་པ་ལས་ཡན་ལག་གསུམ་ནག་
འགྲོས་སུ་བཀོད་ཅིང༌། གསུམ་ཞར་ལ་བསྟན་པ་འདིའང་འབྲུག་པ་ཆོས་རྗེ་ཞེས་བྱ་བས་བསྐུལ་བའི་ངོར། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་བྲིས་པ་མངྒ་ལཾ།། ༈ །གཉན་སྒྲོལ་ཡན་ལག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་པར་གཞག་པ་ཨུཏྤལ་ཆུན་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡཻ། འདིར་རྣལ་འབྱོར་མ་རྒྱུད་སྒྲོལ་མ་མངོན་པར་འབྱུང་བ་ལ་བརྟེན་ནས་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ལེགས་པར་བཀྲལ་ཞིང༌། གངས་ཅན་གྱི་ལྗོངས་འདིར་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་སྤྱན་དྲངས་ཏེ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ་ལ་འཕགས་མ་སྒྲོལ་མའི་ལུང་བླང་བ་དང༌། བསྙེན་པ་དང༌། སྒྲུབ་པ་དང༌། གཏོར་མའི་ཆོ་ག་དང༌། སྲུང་བའི་འཁོར་ལོ་དང༌། ཆོམ་རྐུན་འཆིང་བ་སྟེ་ཡན་ལག་དྲུག་དང་ལྡན་པའི་གདམས་པ་ཟབ་མོ་ཉམས་སུ་བླང་བའི་ཚུལ་ལ་གཉིས། སྔོན་དུ་ལུང་བླང་བ་དང༌། ཉམས་ལེན་དངོས་སོ། །དང་པོ་ནི། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་དང༌། དེ་ཉིད་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་བཀླག་ཆོག་ཏུ་བསྡེབས་པ་དག་གི་དགོངས་དོན་ལྟར་བླ་མ་ལས་ནོད་དེ་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་རྒྱུད་སྦྱང་བར་བྱའོ། །གཉིས་པ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། གནས་དབེན་པར་ཕྱག་དར་བྱས་ཏེ། སྒྲོལ་མའི་སྐུ་རྟེན་བཤམས་པའི་མདུན་ལ་སོགས་པ་གང་བདེར་ཟླུམ་གཏོར་གཅིག་དང༌། ཉེར་སྤྱོད་སྤྱི་ལྟར་བཤམ། རང་ཉིད་ཁ་ལྷོ་ཕྱོགས་སུ་ལྟ་བ་འགྲིགས་ན་རབ། མ་འགྲིགས་ན་མོས་པ་བྱས་པའི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་དང༌། དང་པོར་འཇུག་པའི་སྔོན་འགྲོར་ཆ་གསུམ་གྱི་གཏོར་མ་བཅས་བཤམས་ལ། ཆ་གསུམ་སྤྱི་ལྟར་གཏང༌། སྒོ་རྩར་མཚམས་ཐོ་བརྟན་པར་གཟུགས། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནས་བཟུང་རྗེ་དཀོན་མཆོག་ལྷུན་གྲུབ་དང༌། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་སྒྲུབ་ཐབས་
གང་རིགས་ལྟར་ཉམས་སུ་བླང༌། ཐུན་གྱི་དངོས་གཞིར་སྙིང་པོ་ཡི་གེ་བཅུ་པ་ཁོ་ན་དང༌། ཐུན་མཐར་གཟུངས་རིང་ཡང་ཅུང་ཟད་བཟླ། དམིགས་པ་ནི་གཙོ་བོར་སྔགས་ཕྲེང་ལ་ཡིད་གཏད་དེ་ཀློག་པའི་ཚུལ་དུ་བཟླ་ཞིང༌། དེ་ལ་གསལ་སྣང་ཁྱད་པར་ཅན་ཐོབ་པ་ན། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པའི་སྣ་ལ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ་འཕགས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས་ཏེ་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་རྗེ་བཙུན་མའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་དང་ཁྱད་པར་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་རྒྱས་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་གུའི་རྣམ་པར་ཚུར་བསྡུས་ནས་རང་ལ་ཐིམ་པར་བསམ་པའི་སྤྲོ་བསྡུའི་དམིགས་པ་དང༌། རང་རྗེ་བཙུན་མའི་སྐུ་སྣང་སྟོང་ཟུང་འཇུག་དང༌། སྔགས་ཀྱི་སྒྲ་གྲགས་སྟོང་ཟུང་འཇུག་དང༌། དྲན་རྟོགས་ཐམས་ཅད་རིག་ཙམ་རང་གི་ངོ་བོས་སྟོང་པའི་ཟུང་འཇུག་བརྗོད་བྲལ་ཏེ་རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལས་ནམ་ཡང་མ་ཡེངས་པའི་ངང་ནས་སྔགས་བཟླ་བ་ནི་གལ་ཆེའོ། །ཐུན་བསྡུ་བ་ན་འདོད་དོན་གསོལ་གདབ་གང་རིགས་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ་མོ། །གཏོར་མ་འབུལ་བ་ནི། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་དང༌། འབྲུ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ལྷོ་ཕྱོགས་པོ་ཏ་ལ་ནས་སྒྲོལ་མ་འཁོར་དང་བཅས་པ་བདག་ལ་ཐུགས་རྗེས་དགོངས་བཞིན་དུ་བཞུགས་པས་གཏོར་མ་གསོལ་བར་བསམས་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ན་མཿསརྦྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་
པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མཧཱ་ས་ཏྭཱ་སརྦྦ་བུདྡྷཿཨ་ཝ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ། ཨི་དཾ་བ་ལིཾ་གྲྀཧྞ་པ་ཡ། གྲྀཧྞ་པ་ཡ། ཧཱུྃ་ཧཱུྃ། སརྦྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ནས། ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ། རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབ་ཏུ་གསོལ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་ཀྱིས་བསྔོ་བ་སྨོན་ལམ་བྱ། སྤྲོ་ན་ཐུན་མཚམས་སུ་རང་རྗེ་བཙུན་མའི་ང་རྒྱལ་གྱིས་གནས་པས། རྗེ་བཙུན་མ་མདུན་གྱི་ནམ་མཁར་བཞུགས་པའི་སོགས་ནས་ཕྱག་འཚལ་ཉེར་གཅིག་གིས་བསྟོད་དེ་རང་ལ་ཐིམ་པའི་དཀྱུས་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའམ་གསུམ་དུ་བཅད། སྔ་ཐུན་ནམ་ཕྱི་ཐུན་གྱི་མཇུག་ཏུ་གཏོར་མ་དབུལ། བསྙེན་པའི་ཚད་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་གསུམ་བཟླ་བ་ནི་ལས་རུང་དང༌། འབུམ་ཕྲག་བརྒྱད་ཅུ་བཟླས་པས་སྒྲོལ་མའི་སྔགས་རྒྱུད་རྣམས་ལས་གསུངས་པའི་ལས་རབ་འབྱམས་བསྒྲུབ་པ་ལ་ཐོགས་པ་མེད་པར་འགྱུར་བ་ཡིན་ལ། ཁ་སྐོང་གི་སྦྱིན་སྲེག་བྱེད་པར་སྤྲོ་ན་གསང་བ་སྤྱིའི་ཆོ་ག་ལ་འདི་ཉིད་ཀྱི་ལྷ་སྔགས་སྦྱར་བས་འགྲུབ་པར་འགྱུར་ཞིང༌། གཞན་མཚམས་ཀྱི་སྤང་བླང་དང་གྲོལ་ཚུལ་སོགས་བསྙེན་ཐབས་སྤྱི་ལྟར་ཤེས་པར་བྱའོ། །གཉིས་པ་སྒྲུབ་པ་བྱ་བར་འདོད་ན། བསྙེན་པ་མཐར་ཕྱིན་པ་དེས། མཎྜལ་ལ་བརྟེན་ཏེ་དབང་དུ་བྱ་བ་ནི། གནས་དབེན་པར་ཟངས་ལ་སོགས་པའི་མཎྜལ་ལ་འབྲས་དམར་པོའམ་སྨུག་རྩིས་ཁ་བསྒྱུར་བའི་ཚོམ་བུ་བཀོད་ལ། ཉེར་སྤྱོད་དང་མདུན་དུ་གཏོར་མ་དམར་པོ་
གཅིག་བཅས་བཤམས་ལ་མཆོད་པ་བྱིན་གྱིས་བརླབ། ཚོགས་གཉིས་བསགས་པ་ཡན་ཆད་གོང་བཞིན་སྔོན་དུ་སོང་ནས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱྃ་ཡིག་དམར་པོ་ལས་ཨུཏྤལ་དམར་པོ་ཏཱྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ལྕགས་ཀྱུ་དང་གཡོན་ཨུཏྤལ་དམར་པོ་འཛིན་པ། ཞལ་འཛུམ་པ་དང་སྒེག་ཅིང་ཆགས་པའི་ཉམས་དང་ལྡན་པ། དབུ་སྐྲ་ལི་བ་གཡོན་ཕྱོགས་སུ་བརྫེས་ཤིང་གཡས་ངོས་ནས་ཅུང་ཟད་འཕྱང་བ། ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་ལུགས་ཅན། དར་སྲབ་མོའི་སྟོད་གཡོགས་ཀྱིས་ནུ་མ་བཀབ་ཅིང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་ཅུང་ཟད་བརྐྱང་བ་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་ཏཱྃ་ཡིག་དམར་པོ་སོགས་ནས་དེ་ལ་དབང་བསྐུར་བ་དང༌། ཡེ་ཤེས་པ་གཞུག་པ་དང༌། གནས་ལྔ་བྱིན་གྱིས་བརླབ་པ་རྣམས་སྔར་བཞིན་བྱས་ལ། དེ་ནས་རང་གི་སྙིང་གར་ཏཱྃ་ཡིག་དམར་པོ་ལས་རྗེ་བཙུན་མ་རང་འདྲ་བ་དཔག་ཏུ་མེད་པ་སྤྲོས་ཏེ། རྒྱལ་པོ་ལ་སོགས་པ་གང་ལ་བྱ་བ་དེའི་སྙིང་གར་ལྕགས་ཀྱུས་ཕུག མགྲིན་པར་ཨུཏྤ་ལའི་ཞགས་པས་བཅིངས་ཏེ་མདུན་གྱི་མཎྜལ་གྱི་སྟེང་དུ་བདག་ལ་གུས་པའི་ཚུལ་གྱིས་བཀུག་པར་བསམ་མོ། །ཡང་སྙིང་གའི་ཏཱྃ་གྱི་འོད་དམར་པོ་དེས་ལུས་ལ་ཕོག་པས་དམར་ལམ་སོང་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཆེ་གེ་མོ་ཝ་ཤ་མ་ན་ཡེ། ཞེས་བཟླའོ། །ཐུན་འཇོག་ཀར་བསྒྲུབ་བྱ་བདག་ལ་བསྟིམས་ལ། གཏོར་མ་གཏང་བ་སོགས་གོང་བཞིན་བྱའོ། །དེ་ལྟ་བུ་ཐུན་བཞིའི་ངེས་པས་ཞག་བཅོ་ལྔ་ནས་འགྲུབ་པར་གསུངས་སོ། །གསུམ་པ་ལས་སྦྱོར་ལ། སྲུང་བའི་འཁོར་ལོ་དང༌། ཆོམ་རྐུན་འཆིང་བའི་མན་ངག་གཉིས་ཏེ་རྗེ་བཙུན་རིན་པོ་ཆེས་མཛད་པའི་རྩ་བའི་ཡི་གེ་
ལས་རྟོགས་པར་བྱའོ། །ཞེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡིག་ཆ་སྔ་མའི་དོན་གྱི་བཅུད་ཕྱུང་སྟེ་བྲིས་པའི་དགེ་བས་འགྲོ་ཀུན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང་གི་བརྒྱུད་འདེབས་ཨུཏྤལ་ཟིལ་དངར་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་སྒྲོལ་མ་འཕགས་མཆོག་ཀླུ་སྒྲུབ་ཆེ། །བ་ལིཾ་ཏ་པ་སངས་རྒྱས་ཡེ་ཤེས་ཞབས། །མར་མེ་མཛད་བཟང་དཔལ་བདེ་དྲི་མེད་སྦས། །རིན་ཆེན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་གྲགས་པའི་ཞབས་དང་བནྡེ་པ། །གཉན་ལོ་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དཔལ། །ཀུན་དགའ་སྙིང་པོ་གྲགས་པ་རྒྱལ་མཚན་དང༌། །ས་སྐྱ་པཎ་ཆེན་རྣམས་ལ༴ །མཁན་ཆེན་བྱང་ཆུབ་དཔལ་དང་བདེ་བ་དཔལ། །གྲགས་པ་གཞོན་ནུ་བསོད་ནམས་གྲགས་པ་དང༌། །གྲགས་པ་ཚུལ་ཁྲིམས་ཤེས་རབ་རྡོ་རྗེའི་ཞབས། །གྲགས་པ་བཟང་པོ་རྣམས་ལ༴ །བྱང་ཆུབ་སེང་གེ་ཡེ་ཤེས་རྒྱལ་མཚན་དང༌། །ངོར་ཆེན་རྡོ་རྗེ་འཆང་དབང་རྒྱལ་ཚབ་རྗེ། །དཀོན་མཆོག་འཕེལ་དང་ལྷ་མཆོག་སེང་གེའི་ཞབས། །སངས་རྒྱས་སེང་གེ་རྣམས་ལ༴ །ཀུན་དགའ་ལུང་རིགས་སྦྱིན་པ་གྲགས་པ་དང༌། །ཀུན་དགའ་བསོད་ནམས་བསོད་ནམས་རྒྱལ་མཚན་དཔལ། །ཀུན་དགའ་དཔལ་འབྱོར་སངས་རྒྱས་ཕུན་ཚོགས་ཞབས། །བསྟན་འཛིན་ལྷུན་གྲུབ་རྣམས་ལ༴ །ནམ་མཁའ་བསམ་འགྲུབ་ཀུན་དགའ་བློ་གྲོས་དང༌། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་ཞབས། །ཚུལ་འདིའི་བཀའ་དྲིན་སྩོལ་མཛད་བླ་མ་སོགས། །དངོས་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་དང༌། །ཡན་ལག་དྲུག་ལྡན་རྣལ་འབྱོར་ཟབ་མོའི་མཐུས། །འཕགས་མ་དགྱེས་པའི་ཕྲིན་ལས་ཡོངས་རྫོགས་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་བྱམས་པ་ཀུན་
དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
སློབ་དཔོན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་བློ་གསལ་ཉེར་མཁོ།
སློབ་དཔོན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་བློ་གསལ་ཉེར་མཁོ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། གང་ཞིག་བསྟེན་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་མྱུར་དུ་སྩོལ་མཛད་པའི། །ཕོངས་པ་ཀུན་སྐྱོབ་རྗེ་བཙུན་སྒྲོལ་མ་ལ། །ཉེ་བར་བཏུད་ནས་དེ་ཡི་རྗེས་གནང་བྲི། །འདིར་གྲུབ་པའི་སློབ་དཔོན་ཆེན་པོ་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་གནང་བྱ་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟེགས་མཐོ་བར་རྟེན་ཁེབས་ཀྱིས་བཀབ་པའི་སྟེང༌། དབུས་སུ་མཉྫིའི་ཁར་མཎྜལ་དྲི་བཟང་གི་ཐིག་ལེ་བྱུགས་པའི་སྟེང་དུ་འབྲས་ཀྱི་ཚོམ་བུ། དེའི་མདུན་དུ་དཀར་གཏོར་རྒྱན་ལྡན། དེ་དག་གི་མདུན་དུ་ཕྲེང་ཚར་གྱིས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། རང་གི་མདུན་དུ་རྡོར་དྲིལ། ནང་མཆོད། མེ་ཏོག་གི་སྣོད། སློབ་མ་ལ་བཀྱེ་བསྡུའི་ཆས་མཎྜལ་མེ་ཏོག་དང་བཅས་པ་སྟ་གོན་བྱ། རྗེས་གནང་སྤྲེལ་ནས་བྱེད་ན་དུ་བྱེད་ཀྱི་གྲངས་ཀྱི་ཚོམ་བུ། ཞལ་ཟས། གཏོར་མ་ཁ་གསོ་བའི་མཐེབ་ཀྱུ་ཡང་བཤམ། གཉིས་པ་དངོས་གཞི་ལ། ཐོག་མར་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་ནི། སྟན་བདེ་བ་ལ་འདུག མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་
ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་རོལ་མོ་དཀྲོལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བདུན་སོགས་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་མ་སྒྲོལ་མ་བསྒོམ་པར་བགྱི། ལན་གསུམ། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་བླ་མ་འོད་དཔག་མེད་ཀྱིས་
དབུར་བརྒྱན་པའི་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྗེ་བཙུན་སྒྲོལ་མ་ཉི་ཤུ་རྩ་གཅིག་དང་བཅས་པའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡའི་བར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་སེང་ལྡིང་ནགས་ཀྱི་སྒྲོལ་མ་སྐུ་མདོག་མ་རྒད་ལྟར་ལྗང་བ། ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བ། དབུ་སྐྲ་ཕྱེད་དུ་ལི་བ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་ཅུང་ཟད་བརྐྱང་པའི་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་མ་སྒྲོལ་མའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་སོགས་ནས་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལ་དམིགས་པ་གཏད་དེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར་བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་བརྗོད། དེ་ནས་ཚོམ་བུ་
བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་ཞེས་པ་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན་ཞེས་པའི་བར་གོང་བདག་བསྐྱེད་ལྟར་ལས་རང་ཉིད་ཅེས་པ་དོར། དེ་ནས་མཆོད་པ་ཁ་གསོ། བསང་སྦྱང་བྱིན་རླབས་དྷརྨཱ་ར་ཎི་དོར་བ་གོང་ལྟར། ཨོཾ་ཨཱརྻཱ་ཏཱ་རཱ་ཨརྒྷཾ་ཤབྡའི་བར་མཚན་སྔགས་སྦྱར་བས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག་གིས་བསྟོད། གཏོར་མ་ལ་ཆུས་བྲན། བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་པས་བྱིན་གྱིས་བརླབ། ཡི་གེ་བཅུ་པའམ་མཚན་སྔགས་ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝ་ར་ཞེས་པའི་མཐར། ཨོཾ་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་དབུལ། གོང་ལྟར་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ་བ་གདབ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཞིག་བྱ། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་གྲུབ་ནས། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཉམས་སུ་བླང་སྙམ་པ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ་ཞེས་སོགས་ཆོས་བཤད་རྒྱས་བསྡུས་གཞན་ནས་འབྱུང་བ་ལྟར་འཚམ་པར་བཤད་ནས། ད་ལམ་འདིར་གསན་བྱ་ཆོས་ཀྱི་ངོ་བོ་ནི་རྒྱུད་སྡེ་བཞིའི་ནང་ནས་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་དང་རྗེས་སུ་མཐུན་པར་བཀྲལ་བ་རྗེ་བཙུན་མ་སྒྲོལ་མ་ཡིན་ཞིང༌། དེ་ལའང་ལུགས་སྲོལ་མི་འདྲ་བ་དུ་མ་ཡོད་པ་ལས། འདིར་སྐབས་སུ་བབ་པ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཉི་མ་སྦས་པའི་ཞལ་སྔ་ནས་ལེགས་པར་བཀྲལ་བའི་སྒྲོལ་མ་ཉེར་གཅིག་གི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཐོག་མར་སེང་ལྡེང་ནགས་སྒྲོལ་གྱི་རྗེས་སུ་གནང་བ་
ཡིན། དེ་ལའང་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས། དང་པོ་སློབ་དཔོན་གྱིས་བགྱིད་འོས་ཐམས་ཅད་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ། ཐོག་མར་སློབ་དཔོན་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་འབུལ་དུ་གཞུག དེ་ལྟར་མཎྜལ་ཕུལ་ནས་ཕྱག་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛད་པར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་མ་ཉེར་གཅིག་གི་ལྷ་ཚོགས་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། ཞེས་པ་རྣམས་སྔོན་དུ་འགྲོ་བའི་རིམ་པ་ཡིན། དངོས་གཞི་ལ་ཐོག་མར་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་མོས་གུས་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། སླར་ཡང་སློབ་དཔོན་གྱིས་དེ་ཉིད་ལ་དམིགས་ཏེ་ཨོཾ་སྭ་བྷཱ་ཝ་ནས་ཧཾ་ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པ་ཉིད་དུ་སངས་ཀྱིས་སྦྱངས་པའི་མོས་པ་མཛོད། སྟོང་པའི་ངང་ལས་པདྨ་
དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་མ་ཞེས་པ་ནས། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་པའི་བར་བདག་བསྐྱེད་ལྟར་བྱ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མའི་སྐུ་ཆེ་བ་རི་རབ་ཙམ། བར་པ་མི་ཚད་ཙམ། ཆུང་བ་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་བྱོན་པ་མཚོ་ཆེན་པོ་ལ་ཆར་བབས་པའམ། རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་གཉིས་སུ་མེད་པར་ཐིམ་ནས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ་རོལ་མོ་དང་གུ་གུལ་གྱིས་བདུག་ཅིང༌། ཡི་གེ་བཅུ་པའི་མཐར་ཨཱ་ཝེ་ཤ་ཡ་ཨཿཨཿ ཞེས་ཡང་ཡང་བརྗོད། དེས་རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས་ནས་རྗེ་བཙུན་མའི་སྐུ་དང་ནུས་པ་མཉམ་པར་བྱས་པའི་མོས་པ་མཛོད། དེ་ནས་གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཏཱྃ་ཡིག་གི་མཐར་ཡི་གེ་བཅུ་པའི་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་ཡི་གེ་བཅུ་པའི་རྗེས་ཟློས་ལན་གསུམ་བྱ། དེ་ལྟར་བྱས་པས་དང་པོས་འཁོད། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པའི་མོས་པ་བྱས་ནས་སློབ་དཔོན་ལ་དྲིན་ལན་དུ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད། སློབ་དཔོན་གྱིས་ཀྱང་ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་དབུ་གཙུག་ཏུ་གཏོར་ནས་བྱིན་གྱིས་བརླབས་
པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མ་སྒྲོལ་མའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དེས་རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས་ནས་རྗེ་བཙུན་མའི་གསུང་དང་ནུས་པ་མཉམ་པར་བྱས་པའི་མོས་པ་མཛོད། ཐུགས་ཀྱི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག གཉིས་ཀའི་ཐུགས་ཀའི་འོད་ཟེར་གྱིས་ལྷོ་ཕྱོགས་པོ་ཏ་ལ་ན་བཞུགས་པའི་རྗེ་བཙུན་མའི་ཐུགས་བརྒྱུད་བསྐུལ་བས་དེའི་ཐུགས་ཀ་ནས་རྗེ་བཙུན་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཨུཏྤལ་ལྗང་ཁུ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་སིབ་སིབ་ཐིམ་པས་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐུགས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་བྱས་ལ་སྔར་ལྟར་དྲིལ་གསིལ་དང་སྔགས་བརྗོད། དེས་རྗེ་བཙུན་མའི་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས་ནས་རྗེ་བཙུན་མའི་ཐུགས་དང་ནུས་པ་མཉམ་པར་བྱས་པའི་མོས་པ་མཛོད། རྗེས་གནང་སྦྲེལ་ནས་བྱེད་ན། དེས་དང་པོ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་སུ་གནང་བ་ལེགས་པར་ཐོབ་པ་ཡིན་ཞེས་བརྗོད་ནས། དེ་བར་ལ་ཕྱི་མའི་ལུང་བཀླག མཆོད་གཡོག་པས་མཆོད་པ་ཁ་གསོ། མཚན་སྔགས་སྔོན་འགྲོའི་ཉེར་སྤྱོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གཅིག་བརྗོད། བཛྲ་མུཿཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད་ནས། སླར་ཡང་མཆོད་
གཏོར་ཁ་གསོ། ཚོམ་བུ་གསར་པ་དགོད། མཆོད་པ་བྱིན་རླབས་གོང་ལྟར་བྱ། སངས་རྒྱས་ཆོས་ཚོགས་མ་ལན་རེ་བརྗོད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཞེས་སོགས་སོ་སོའི་བདག་བསྐྱེད་བཟླས་པ་ཅུང་ཟད་དང་བཅས་པ་བྱ། ཚོམ་བུ་བསང་སྦྱངས། བདག་བསྐྱེད་ཡན་ལག་བཞི་རྫོགས་བྱ། མཆོད་པ་བསང་སྦྱངས། མཚན་སྔགས་སྔོན་འགྲོ་ཉེར་སྤྱོད་དང༌། ནང་མཆོད། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱི་བྱིན་གྱིས་བརླབ། མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། མཆོད་བསྟོད་གོང་ལྟར་བྱ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། དེ་བར་ལ་སློབ་མ་རྣམས་ཀྱིས་ཕྱག་འཚལ་ཉེར་གཅིག་འདོན། དེ་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ཞེས་སོགས་སེམས་བསྐྱེད་གསལ་བཏབ་ནས། གསན་བྱ་ཆོས་ཀྱི་ངོ་བོ་ནི། འདིར་གྲུབ་པའི་སློབ་དཔོན་ཉི་མ་སྦས་པའི་ཞལ་སྔ་ནས་ཀྱིས་སྒྲོལ་མ་ཉེར་གཅིག་བླ་མེད་དུ་བཀྲལ་བའི་ནང་ནས་དང་པོ་སྒྲོལ་མ་མྱུར་ཞིང་དཔའ་བའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་དབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་སྒྲོལ་མ་མྱུར་ཞིང་དཔའ་བའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ། དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གོང་དུ་རྒྱས་པར་བསྟན་པ་ལྟར་འོག་མ་ཐམས་ཅད་ལ་རྒྱ་འབག་གི་མིག་ལྟར་འཁྲུལ་ཤེས་པར་བྱའོ། །གསུམ་པ་རྗེས་ནི། མཇུག་ཏུ། དེས་རྗེས་གནང་གི་དངོས་གཞི་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་
རག་ཏུ་མཎྜལ། དེང་ནས་བརྩམས་ཏེ་སོགས་བརྗོད། དེས་སློབ་དཔོན་ཆེན་པོ་ཉི་མ་སྦས་པའི་ཞབས་ཀྱིས་ཉེ་བར་བཀྲལ་བའི་ཕྱག་འཚལ་ཉེར་གཅིག་ལས་འདི་ཞེས་བྱ་བའི་རྗེས་སུ་གནང་བ་ལེགས་པར་གསན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས་སོགས་ཐམས་ཅད་ལ་རིགས་འགྲེ་ཤེས་པར་བྱས་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་སྤྱི་འགྲོའི་ཆིངས་རྣམས་ལ་གོ་བ་ལེགས་པར་ཆགས་པར་བྱས་ནས། དེ་ནས་སོ་སོའི་མངོན་རྟོགས་བསྟན་པས་ཤེས་པར་འགྱུར་བའི་ཕྱིར་དང་པོ་སྒྲོལ་མ་མྱུར་ཞིང་དཔའ་བའི་མངོན་རྟོགས་ནི། ༈ །ཆོས་འབྱུང་གི་དབུས་སུ་པདྨ་སེར་པོ་དང་ཟླ་བའི་གདན་ལ་ཨོཾ་ལས་སྒྲོལ་མ་རབ་ཏུ་དཔའ་མོ་སྐུ་མདོག་དམར་མོ་མེ་ཕུང་འཕྲོ་བ། ཞལ་གཅིག་ཕྱག་བརྒྱད་ཀྱི་དང་པོ་གཉིས་སྤྱི་བོར་བསྣོལ་བའི་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཉིས་པ་གཉིས་ན་མདའ་དང་གཞུ། གསུམ་པ་གཉིས་ན་འཁོར་ལོ་དང་དུང༌། བཞི་པ་གཉིས་ན་རལ་གྲི་དང་ཞགས་པ་བསྣམས་པ། ཞི་བའི་ཉམས་ཅན། རིགས་བདག་རྣམ་སྣང་ངོ༌། །བསྟོད་པ་ནི། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཞེས་པས་བསྟོད། སྤྲོ་ན་རྣམ་དག་གཙུག་ནོར་མའི་བསྟོད་པ་ཡང་སོ་སོར་བྱའོ། ༈ །གཉིས་པ་དཀར་མོ་ཟླ་མདངས་ཀྱི་སྒྲོལ་མ་ནི། པད་ཟླ་ལ་ཏཱ་ལས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་དཀར་སྔོ་སེར་བའི་ཞལ་གསུམ་ཕྱག་བཅུ་གཉིས་མ། དང་པོ་གཉིས་མཉམ་གཞག གཡས་ལྷག་མས་ཁ་ཊྭཱཾ་ག འཁོར་ལོ། ནོར་བུ། རྡོ་རྗེ། མེ་ཏོག་གི་ཕྲེང་བ་འཛིན་པ། གཡོན་རྣམས་ཀྱིས་སྤྱི་བླུགས། ཨུཏྤལ། དྲིལ་བུ། བུམ་པ། པུསྟི་འཛིན་པ། ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་འོད་དཔག་མེད། བསྟོད་པ། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཞེས་སོ།། ༈ །གསུམ་པ་གསེར་མདོག་ཅན་མའི་སྒྲོལ་མ་ནི།
པདྨ་དང་ཉི་མའི་གདན་ལ་རེ་ལས་སྒྲོལ་མ་གསེར་མདོག་ཅན་མ་ཞལ་གཅིག་ཕྱག་བཅུ་མ། གཡས་པ་རྣམས་ཀྱིས་ཕྲེང་བ། རལ་གྲི། མདའ། རྡོ་རྗེ། དབྱུ་གུ། གཡོན་པ་རྣམས་ཀྱིས་དར་དཔྱངས། ཞགས་པ། པདྨ། དྲིལ་བུ། གཞུ་བསྣམས་པ། རོལ་སྟབས་ཀྱིས་བཞུགས་པ། རིགས་བདག་རིན་འབྱུང༌། བསྟོད་པ། ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉི་མ། །ཞེས་སོ། ༈ །བཞི་བ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲོལ་མ་ནི། པདྨ་སེར་པོ་དང་ཟླ་བ་ལ་ཏུ་ཏ་ལས་སྒྲོལ་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་མཆོག་སྦྱིན་དང་ཕྲེང་བ། གཡོན་སྤྱི་བླུགས་དང་དབྱུག་པ་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་ཅན། རིགས་བདག་དོན་གྲུབ། བསྟོད་པ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མུ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཞེས་སོ། ༈ །ལྔ་པ་ཧཱུྃ་སྒྲ་སྒྲོག་པའི་སྒྲོལ་མ་ནི། པདྨ་དང་ཟླ་བ་ལ་ཏཱཾ་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་སྐྱབས་སྦྱིན། གཡོན་པདྨ་སེར་པོ་བསྣམས་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ཅན། རིགས་བདག་འོད་དཔག་མེད། བསྟོད་པ། ཕྱག་འཚལ་ཏུཏྟཱ་རེ་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་བར་ནུས་མ། །ཞེས་སོ། ༈ །དྲུག་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཉི་མའི་གདན་ལ་རེ་ལས་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོས་རྡོ་རྗེ། གཉིས་པས་རལ་གྲི། གཡོན་དང་པོས་སྡིགས་མཛུབ། གཉིས་པས་ཞགས་པ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད། བསྟོད་པ། ཕྱག་འཚལ་བརྒྱ་བྱིན་མེ་
ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཞེས་སོ། ༈ །བདུན་པ་རྒོལ་བ་འཇོམས་པའི་སྒྲོལ་མ་ནི། པདྨ་སེར་པོ་དང་ཉི་མའི་གདན་ལ་ཏུ་ལས་སྒྲོལ་མ་སྐུ་མདོག་ནག་མོ་ན་བཟའ་སེར་པོ་བསྣམས་པ། དྲག་མོ་དབུ་སྐྲ་གྱེན་དུ་བརྫེས་པ། ཞལ་གཅིག་ཕྱག་བཞི་གཡས་ཀྱི་དང་པོས་འཁོར་ལོ། གཉིས་པས་རལ་གྲི། གཡོན་དང་པོས་པདྨ་ལ་གནས་པའི་རྡོ་རྗེ། གཉིས་པས་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རིགས་བདག་རིན་འབྱུང༌། བསྟོད་པ། ཕྱག་འཚལ་ཏྲཏ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཞེས་སོ། ༈ །བརྒྱད་པ་དབང་མཆོག་སྟེར་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་དང་ཆུ་སྲིན་རྣམས་བརྩེགས་པའི་གདན་ལ་རེ་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་པདྨ། འོག་མ་གཉིས་ནོར་བུ་དང་བཅས་པའི་མཆོག་སྦྱིན་དང་བུམ་པ་བསྣམས་པ། ཞབས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་པ། རིགས་བདག་དོན་གྲུབ། བསྟོད་པ། ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཞེས་སོ། ༈ །དགུ་པ་བསྟོད་པའི་གོ་རིམ་ལ་སེང་ལྡེང་ནགས་སྒྲོལ་བཤད་ཀྱང་གོང་དུ་བཤད་ཟིན་ནས། དཀྱུས་ལྟར་མཆོག་སྩོལ་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བའི་གདན་ལ་སྭཱ་ལས་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་དགའ་བའི་ཕྱག་རྒྱ་སྤྱི་བོར་འཆིང་བ། གཡས་འོག་མ་གར་གྱི་ཚུལ་གྱིས་སེ་གོལ་གཏོགས་པ། གཡོན་འོག་མས་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པས་འགྲོ་བ་
རྣམས་ལ་རིན་པོ་ཆེའི་ཆར་འབེབས་པ། ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་དོན་གྲུབ། བསྟོད་པ། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སེར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཞེས་སོ། ༈ །བཅུ་པ་མྱ་ངན་སེལ་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་ལས་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། འོག་མ་གཉིས་རལ་གྲི་དང་ཨ་ཤོ་ཀའི་ཡལ་ག་མེ་ཏོག་དམར་པོ་ཅན་འཛིན་པ། རིགས་བདག་དོན་གྲུབ། བསྟོད་པ། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་རེ་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཞེས་སོ། ༈ །བཅུ་གཅིག་པ་ཕོངས་པ་སེལ་བའི་སྒྲོལ་མ་ནི། པདྨ་དང་ཉི་མའི་གདན་ལ་ཧཱ་ལས་སྒྲོལ་མ་སྐུ་མདོག་ནག་མོ་དྲག་མོའི་སྐུ་ཅན། ཞལ་གཅིག་ཕྱག་གཉིས་གཡས་གཟའ་བརྒྱད་འགུགས་པའི་ལྕགས་ཀྱུ་དང༌། གཡོན་ཕོངས་པ་སེལ་བའི་ལྕགས་ཀྱུ་ཞགས་པ་དང་བཅས་པ་བསྣམས་པ། གཡས་བརྐྱང་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་རིན་འབྱུང༌། བསྟོད་པ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཞེས་སོ། ༈ །བཅུ་གཉིས་པ་བཀྲ་ཤིས་སྣང་བའི་སྒྲོལ་མ་ནི། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན་རྩེ་གསུམ། ལྕགས་ཀྱུ། རྡོ་རྗེ། རལ་གྲི། གཡོན་པ་རྣམས་ན་ཐུགས་ཀར་གཏོད་པའི་རིན་པོ་ཆེ། ལྕགས་ཀྱུ། དབྱུ་གུ། བུམ་པ་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་རྣམ་སྣང༌། བསྟོད་པ། ཕྱག་འཚལ་ཟླ་བའི་དུམ་བུས་དབུར་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་
ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཞེས་སོ། ༈ །བཅུ་གསུམ་པ་ཡོངས་སུ་སྨིན་པར་མཛད་པའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཉི་མའི་གདན་ལ་བྷྲཱུཾ་ལས་སྒྲོལ་མ་དམར་མོ་དྲག་མོའི་སྐུ་ཅན། ཕྱག་གཡས་ཀྱི་དང་པོས་རལ་གྲི། གཉིས་པས་མདའ། གཡོན་གྱི་དང་པོས་འཁོར་ལོ། གཉིས་པས་གཞུ་འཛིན་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། རིགས་བདག་འོད་དཔག་མེད། བསྟོད་པ། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཞེས་སོ། ༈ །བཅུ་བཞི་པ་ཁྲོ་གཉེར་གཡོ་བའི་སྒྲོལ་མ་ནི། པདྨ་དམར་སེར་དང་ཉི་མ་ལ་མི་རོའི་སྟེང་དུ་ཧཱུྃ་ལས་སྒྲོལ་མ་ཁྲོ་གཉེར་ཅན་སྐུ་མདོག་མཐིང་ནག་ནག་དཀར་དམར་བའི་ཞལ་གསུམ་ཁྲོ་གཉེར་བསྡུས་པ་མིའི་རྒྱུ་མ་ཞལ་དུ་གསོལ་བ། ཕྱག་དྲུག་གཡས་པ་རྣམས་ཀྱིས་རལ་གྲི། ལྕགས་ཀྱུ། དབྱུག་པ། གཡོན་པ་རྣམས་ཀྱིས་«དཔེ་འདིའི་དཀྱུས་སུ་ཧཱུྃ་ཞེས་ཡོད། ཡིག་རྙིང་དུ་ཕཊ་ཅེས་བྱུང༌། སྒྲུབ་རིན་ལས་ཨཏ་ཅེས་སྣང་བ་ཡི་གེ་མ་དག་པ་ཡིན་ནམ་སྙམ།» ཐོད་པ། ཞགས་པ། ཚངས་མགོ་འཛིན་པ། མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། སྟག་སྤགས་དང་སྦྲུལ་གྱིས་བརྒྱན་པ། ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་རིན་པོ་ཆེའི་ཤིང་མྱུ་གུ་སྐྱེས་པ། ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་དོན་གྲུབ། བསྟོད་པ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཞེས་སོ། ༈ །བཅོ་ལྔ་པ་དགེ་ལེགས་སྟེར་བའི་སྒྲོལ་མ་ནི། པདྨ་དཀར་པོ་དང་ཟླ་བ་ལ་ཎི་ལས་སྒྲོལ་མ་ཞི་བ་ཆེན་པོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་དྲུག་གི་གཡས་གསུམ་ཕྲེང་བ། མཆོག་སྦྱིན། དབྱུག་པ། གཡོན་གསུམ་པདྨ། རིལ་བ། སྤྱི་
བླུགས། པདྨའི་སྟེང་ན་པུསྟི་འཛིན་པ། རིགས་བདག་འོད་དཔག་མེད། བསྟོད་པ། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཞེས་སོ། ༈ །བཅུ་དྲུག་པ་ཆགས་པ་འཇོམས་པའི་སྒྲོལ་མ་ནི། པདྨ་དམར་སེར་དང་ཉི་མའི་གདན་ལ་ཧཱུྃ་ལས་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ཐུགས་ཀར་རྩེ་གསུམ་དང༌། གཡོན་སྡིགས་མཛུབ་འཕྱར་བས་སྙིང་པོ་དང་འབྲས་བུར་བཅས་པའི་ཤིང་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་མི་བསྐྱོད་པ། བསྟོད་པ། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཞེས་སོ། ༈ །བཅུ་བདུན་པ་བདེ་བ་སྒྲུབ་པའི་སྒྲོལ་མ་ནི། པདྨ་དཀར་པོ་དང་ཉི་མའི་གདན་ལ་ཧཱུྃ་ལས་སྒྲོལ་མ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱིས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་དོན་གྲུབ། བསྟོད་པ། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་པོ་གཡོ་བ་ཉིད་མ། །ཞེས་སོ། ༈ །བཅོ་བརྒྱད་པ་རབ་ཏུ་རྒྱས་པའི་སྒྲོལ་མ་ནི། པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཀི་ལས་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་སྤྱི་བོར་ཐལ་མོ་བསྣོལ་ནས་སྦྱར་བས་ལྕགས་ཀྱུ་འཛིན་པ། འོག་མ་གཉིས་མཆོག་སྦྱིན་དང༌། ཨུཏྤལ་གྱི་སྟེང་ན་པུསྟི་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་ཅན། རིགས་བདག་འོད་དཔག་མེད། བསྟོད་པ། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་རེ་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཞེས་སོ། ༈ །བཅུ་དགུ་པ་
སྡུག་བསྔལ་སྲེག་པའི་སྒྲོལ་མ་ནི། པདྨ་དཀར་པོ་དང་ཉི་མའི་གདན་ལ་ཛ་ལས་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཐུགས་ཀར་མེ་ཐབ་བསྣམས་པ། ཞབས་གཡས་ཅུང་ཟད་བརྐྱང་པའི་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་རྣམ་སྣང༌། བསྟོད་པ། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་སོ། ༈ །ཉི་ཤུ་པ་དངོས་གྲུབ་འབྱུང་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བའི་སྟེང་དུ་ཙ་ལས་སྒྲོལ་མ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱིས་ཐུགས་ཀར་གསེར་གྱི་བུམ་པ་བསྣམས་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་དོན་གྲུབ། བསྟོད་པ། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཞེས་སོ། ༈ །ཉེར་གཅིག་པ་ཡོངས་རྫོགས་བྱེད་པའི་སྒྲོལ་མ་ནི། ཧ་ལས་སྐྱེས་པའི་ཁྱུ་མཆོག་གླང་དཀར་པོའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཕ་ལས་སྒྲོལ་མ་སྐུ་མདོག་དཀར་མོ་ཅུང་ཟད་ཁྲོ་ཞིང་སྤྱན་གསུམ་རྣམ་ཐར་སྒོ་གསུམ་ལ་གཟིགས་མ། ཕྱག་གཡས་མདུང་རྩེ་གསུམ་དང༌། གཡོན་མུ་ཏིག་གི་ཕྲེང་བ་འཛིན་པ། སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་ཤིང་སྟག་གི་པགས་པའི་ཤམ་ཐབས་ཅན། རིགས་བདག་རིན་འབྱུང༌། བསྟོད་པ། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་བསྟོད་དོ། །དེ་ལྟར་སྒྲོལ་མ་ཉེར་གཅིག་པོ་ཐམས་ཅད་ལ་རྗེས་གནང་གི་དུས་སྔགས་ཡི་གེ་བཅུ་པ་འབའ་ཞིག་བྱ་ཞིང༌། ས་བོན་ཀྱང་ཐམས་ཅད་ཏཱྃ་ཡིག་རྐྱང་པས་ཀྱང་རུང་ལ། ཞབས་སྟབས་མི་གསལ་བ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་ངོ༌། །འདི་བླ་མེད་དུ་བཀྲལ་བ་ཡིན་པས་
ཤིན་ཏུ་ལེགས་ཤིང་སོ་སོའི་ལས་ཚོགས་སྒྲུབ་པའི་སྔགས་དང་བྱ་ཚུལ་སོགས་རྒྱ་གཞུང་དུ་གསལ་ལོ། །པཎ་ཆེན་ཉི་མ་སྦས་པའི་བཞེད་པའི་སྲོལ། །ཕྱག་འཚལ་ཉེར་གཅིག་སྒྲུབ་ཐབས་རྗེས་གནང་བཅས། །གསལ་བར་བཀོད་འདིས་ལུགས་འདིའི་བཀའ་སྲོལ་རྣམས། །མི་ཉམས་མཆོག་ཏུ་དར་བའི་རྒྱུར་གྱུར་ཅིག །ཅེས་རྗེ་བཙུན་མ་ཉེར་གཅིག་བླ་མེད་ལྟར་བཀྲལ་བ་སློབ་དཔོན་ཆེན་པོ་སཱུརྻ་གུཔྟའི་བཞེད་པ་ལྟར་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་བློ་གསལ་ཉེར་མཁོ་ཞེས་བྱ་བ་འདི་ཡང་འདི་གཉིས་ཀྱི་བཀའ་མི་ནུབ་པར་བྱ་བའི་ཕྱིར་རྒྱ་གཞུང་དང༌། བསྟོད་པ་རྣམ་དག་གཙུག་ནོར། རྗེ་བཙུན་ཆེན་པོའི་གསུང་རབ་རྣམས་ཀྱི་དགོངས་དོན་སོར་བཞག རང་གི་བླ་མ་ལས་ཇི་ལྟར་ཐོས་པའི་གསུང་རྒྱུན་རྣམས་གོ་བདེ་བར་ཤཱཀྱའི་བཙུན་པ་ཀུན་དགའ་ལྷུན་གྲུབ་ཀྱིས་བགྲང་གཞི་བཅུ་ཕྲག་དྲུག་དང་ཉག་མ་དྲུག་ཏུ་སླེབས་པ་སྒྱུར་བྱེད་ཀྱི་ལོ་ཁྲུམས་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ལ་དབེན་གནས་སྨོན་དགའ་རིན་ཆེན་བསམ་གཏན་གླིང་གི་རང་གི་བསམ་གཏན་ཁང་བུར་སྦྱར་བའི་ཡི་གེ་པ་ནི་ཤིང་མང་བཀའ་བཅུ་ཀུན་དགའ་བསམ་འགྲུབ་ཀྱིས་བགྱིས་པ་འདིས་ཀྱང་ལུགས་འདིའི་བཀའ་མི་ནུབ་ཅིང་འཕེལ་བའི་རྒྱུར་གྱུར་ཅིག། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ།«་་་་་སླར་ཡང་རྒྱ་བོད་ཀྱི་གཞུང་གི་ཡི་གེ་རྙིང་པ་ལ་གཏུགས་ཏེ་ཅུང་ཟད་དག་པར་སྤེལ་བ་མངྒ་ལཾ།།» ༈ །སྒྲོལ་མའི་ཆོས་སྐོར་ལས་སྤྱིའི་སྒྲུབ་ཐབས་བཞུགས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བརྒྱུད་ལྡན་བླ་མའི་ཚོགས་དང་སྒྲོལ་མ་ལ། །གུས་པས་བཏུད་ནས་ཀླུ་སྒྲུབ་ལས་འོངས་པའི། །སྒྲོལ་མའི་སྒྲུབ་ཐབས་བསྙེན་དང་སྒྲུབ་ལྡན་པ། །དེ་ཡི་མངོན་རྟོགས་གསལ་པོར་བྲི་བར་བྱ། །འདིར་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲོལ་མ་སྤྱིའི་སྒྲུབ་པའི་ཐབས་འདི་ནི་དཔལ་ལྡན་རྡོ་རྗེ་གདན་བཞི་དང༌། རྡོ་རྗེ་མཁའ་འགྲོ་དང༌། ཡང་དག་པར་སྦྱོར་བའི་ཐིག་ལེ་དང༌། ལས་སྣ་ཚོགས་འབྱུང་བའི་རྒྱུད་ལ་བརྟེན་ནས་འགྲོ་བ་རྣམས་ཀྱི་དོན་དུ་མཛད་པ་ཡིན་ནོ། །དེ་ལ་གཉིས། བསྙེན་པ་དང་
སྒྲུབ་པའོ། །དང་པོ་ནི་སྟན་བདེ་བ་ལ་འདུག་ནས། མཆོད་པ་དང༌། གཏོར་མ་སྔོན་དུ་འགྲོ་བ་ཅན་བྱས་ཏེ། རང་སྐད་ཅིག་གིས་སྒྲོལ་མར་བསམས་པའི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཏཱྃ་བསམས་པ་ལས་འོད་ཁ་དོག་སྣ་ཚོགས་པ་འཕྲོས་པས་མདུན་གྱི་ནམ་མཁའི་གནས་སུ་བླ་མ་དང༌། སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་སྤྱན་དྲངས། ཡང་སྙིང་གའི་འོད་ཟེར་ལས་མཆོད་པའི་ཚོགས་སྤྲོས་ཤིང༌། ཨོཾ་བཛྲ་པུཥྤེ་ཧཱུྃ་ཞེས་བྱ་བ་ལ་སོགས་པ་བརྗོད་པས་མཆོད་པ་བྱ། དེ་ནས་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྔོ་བ་བླ་ན་མེད་པ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ལུས་དབུལ་བ། གནང་བ་ནོད་པ་སྟེ་བདུན་སོ་སོར་བྱ་བའམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་པ་ལ་སོགས་པ་གུར་ནས་འབྱུང་བ་བཞིན་དུ་གང་རུང་གིས་བྱས་ནས། ཚད་མེད་པ་རྣམ་པ་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་བསགས་ནས། ཤཱུ་ནྱ་ཏཱ་ལ་སོགས་པས་ཡེ་ཤེས་ཀྱི་ཚོགས་བསག་པ་སྟེ་སྟོང་པ་ཉིད་བསྒོམ། དེའི་ངང་ལས་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པའི་སྟོབས་ཀྱིས་གཟུགས་ཀྱིས་སྐུར་ལངས་ལ་སེམས་ཅན་ཀྱི་དོན་བྱའོ་ཞེས་བསམས་ནས། པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ལས་ཨུཏྤལ་ཏཱྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་ཐིམ་པའི་སྐད་ཅིག་ལ་བདག་སྒྲོལ་མ་སྐུ་མདོག་ལྗང་སྔོན། ཕྱག་གཡས་པས་མི་འཇིགས་པ་སྟེར་བའི་སྐྱབས་སྦྱིན། གཡོན་པས་ཨུཏྤལ་བཟུང་བའི་འདབ་མས་རྣ་བར་རེག་པ། སྐྲ་ཅུང་ཟད་ལི་བ་གཡས་སུ་ཅུང་ཟད་འཕྱང་བ། དར་གྱི་ན་བཟས་བཀླུབས་ཤིང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ལང་ཚོ་དར་ལ་བབ་པ། རབ་ཏུ་འཛུམ་པའི་སྐུར་བསམས་ནས། ཡན་ལག་བྱིན་གྱིས་བརླབ་པ་ནི། མིག་ཏུ་ཨོཾ་ཏཱ་རེ་སྭཱ་ཧཱ་དཀར་མོ། རྣ་བ་རུ་ཨོཾ་ཏུཏྟཱ་རེ་སྭཱ་ཧཱ་སྔོན་མོ། སྣ་ལ་ཨོཾ་ཏུ་རེ་སྭཱ་ཧཱ་སེར་མོ། ལྕེ་ལ་ཨོཾ་ཏུ་སྭཱ་ཧཱ་དམར་མོ། སྙིང་གར་ཨོཾ་རེ་སྭཱ་ཧཱ་སྔོན་མོ། སྤྱི་བོར་ཨོཾ་ཏཱ་རེ་ཎི་སྭཱ་ཧཱ་ལྗང་གུ་བསམ་པ་སྟེ། ཐམས་ཅད་ཟླ་བའི་
གདན་ལ་བཞུགས་པའོ། །དེ་ནས་སྙིང་གའི་ཏཱྃ་ལས་འོད་འཕྲོས་པས་པོ་ཏ་ལ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ། གསོལ་བ་བཏབ་ནས་དབང་བསྐུར་ཏེ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམས་ལ། སྙིང་གར་པདྨ་དང་ཟླ་བའི་སྟེང་གི་ཏཱྃ་ལ་ཡི་གེ་བཅུ་པས་བསྐོར་བར་བསམས་ནས་ཡི་གེ་བཅུ་པ་ཉིད་བཟླ་བར་བྱའོ། །དེ་ལྟར་ཐུན་གྲངས་དང་ཐུན་ཚད་ནི་ཅི་རིགས་པར་བྱ་ལ། སྤྱོད་ལམ་ཐམས་ཅད་ནི་ལྷའི་ང་རྒྱལ་དང་ལྡན་པར་བྱའོ། །དེ་ལྟ་བུའི་གྲངས་ཀྱི་བསྙེན་པ་ཐ་མས་འབུམ་ཕྲག་གསུམ། འབྲིང་གིས་དྲུག རབ་ཀྱིས་བཅུ། ཡང་རབ་ཀྱིས་བཅུ་གཉིས་བཟླས་ན་འགྲུབ་པར་འགྱུར་རོ། །ཞེས་གསུངས་ཀྱང་ཐམས་ཅད་ཀྱིས་འབུམ་ཕྲག་བཅུ་གསུམ་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གའོ། །སྒྲུབ་པ་དང་ལས་ལ་སྦྱར་བའི་སྔོན་དུ་བསྲུང་བར་འདོད་ན། ལྷའི་རྣལ་འབྱོར་སྔ་མ་བཞིན་དུ་བསྐྱེད་པའི་སྙིང་གར་འཁོར་ལོ་རྩིབས་བརྒྱད་པ་ལྟ་བ་དང་མུ་ཁྱུད་དུ་བཅས་པ་ཁ་དོག་ལྗང་གུ་བསམས་པའི་ལྟེ་བར་ཨོཾ་དང་ཧཱའི་བར་དུ་ཆེ་གེ་མོ་རཀྵ་རཀྵ་དང་བཅས་པ་སྤེལ་མར་བསམས་ལ། རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་བསམ། མུ་ཁྱུད་ལ་ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར་དུ་བསམས་ནས་འཁོར་ལོ་དང་ཡི་གེ་དང༌། དེ་དག་ལས་འོད་ཟེར་ལྗང་སྔོན་གྱི་རྣམ་པ་འཕྲོས་ཏེ་བསྒྲུབ་བྱའི་ལུས་ལ་བཀང་བས་བསྲུང་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་རཀྵ་རཀྵ་སྭཱ་ཧཱ་ཞེས་བཟླས་ན་བསྲུང་བ་དང༌། འཆི་བ་བསླུ་བར་འགྱུར་རོ། །འོན་ཀྱང་འཆི་བ་སླུ་བའི་སྒྲོལ་མ་ནི་དཀར་མོ་ཡིན་ནོ། །གཞན་བཙོན་ར་ལས་ཐར་བར་བྱ་བ་དང༌། ནད་ལ་སོགས་པ་ཞི་བར་བྱ་བའི་ལས་རྣམས་ལས་སྒྲོལ་མ་དཀར་མོ་དང༌། འཁོར་ལོ་དང་ཡིག་འབྲུ་དཀར་པོར་བསམས་ནས་ཇི་ལྟར་འདོད་པའི་སྔགས་ཀྱི་སྤེལ་ཚིག་དང་བཅས་པས་སྤེལ་ཏེ་འོད་ཟེར་འཕྲོ་བ་ལ་སོགས་པ་ཆོ་ག་ལྷག་མ་སྔ་མ་བཞིན་དུ་བྱས་ན་དེ་དང་དེ་འགྲུབ་པར་འགྱུར་རོ། །དབང་དུ་བྱ་བ་ནི་རྗེ་བཙུན་མ་དམར་མོར་བསྒོམ་པ་དང༌། ཙཀྲ་དང་ཡི་གེའི་
ཁ་དོག་དང་འོད་ཟེར་ཡང་དམར་པོར་བྱ་ཞིང་ཆེ་གེ་མོ་བ་ཤྱཾ་ཀུ་རུ་ཧོའི་སྔགས་ཀྱི་སྤེལ་ཚིག་དང་བཅས་པ་བཟླས་ཏེ། ཆོ་ག་ལྷག་མ་ནི་སྔ་མ་བཞིན་བྱས་ན་དབང་དང་འགུགས་པའི་ལས་འགྲུབ་པར་འགྱུར་རོ། །ལོངས་སྤྱོད་རྒྱས་པ་ལ་སོགས་པའི་ལས་ལ་རྗེ་བཙུན་མ་སེར་མོ་དང༌། འཁོར་ལོ་དང༌། ཡི་གེའི་ཁ་དོག་དང༌། འོད་ཟེར་ཡང་སེར་པོར་སྤྲོ་ཞིང་པུཥྚིཾ་ཀུ་རུ་ཨོཾ་གྱི་མཐའ་རྟེན་དང་བཅས་པ་བཟླས་ཏེ། ཆོ་ག་ལྷག་མ་སྔ་མ་བཞིན་བྱས་ན་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་འགྲུབ་པར་འགྱུར་རོ། །ཤེས་རབ་ཞན་པ་དང༌། ལེ་ལོ་ཅན་དང༌། དད་པ་ཆུང་བ་རྣམས་ལ་ནི་རྗེ་བཙུན་མ་དཀར་མོ་དང༌། འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་དང་ཧཱའི་བར་དུ་ཆེ་གེ་མོ་ཤེས་རབ་འཕེལ་བར་མཛོད་ཅིག་ཅེས་པ་བསམས་ཏེ། ཆོ་ག་ལྷག་མ་རྣམས་ནི་སྔ་མ་ལྟར་ཡིན་གྱི་འོན་ཀྱང་གོང་མའི་འཁོར་ལོའི་ཡི་གེ་རྣམས་ནི་གཡས་སྐོར་ཨཱ་ལི་གཡོན་སྐོར་ཀཱ་ལི་གཡས་སྐོར་ཡིན་པ་ལས་འདིར་འཁོར་ལོ་ལ་དགོད་པའི་ཡི་གེ་ཐམས་ཅད་ནི་གཡོན་སྐོར་དུ་བཀོད་ནས་འོད་ཟེར་དཀར་པོ་འཕྲོ་བ་དང༌། ལས་ཀྱི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ན་ཤེས་རབ་འཕེལ་བ་ལ་སོགས་པའི་ལས་འགྲུབ་པར་འགྱུར་རོ། །འདི་རྣམས་འཁོར་ལོ་སྙིང་གར་བསྒོམ་པའི་ལས་ཡིན་ནོ། །འཁོར་ལོ་དེ་རྣམས་གྲོ་ག་ལ་སོགས་པའི་གཞི་ལ་གུར་གུམ་ལ་སོགས་པས་ཇི་ལྟ་བ་བཞིན་བྲིས་ཏེ་བསྒྲུབས་ན་ཡང་གོང་གི་ལས་རྣམས་འགྲུབ་པར་འགྱུར་རོ། །དེ་རྣམས་ཀྱི་དོན་ནི་འདི་ཡིན་ཏེ། བསྙེན་པ་སྔོན་དུ་སོང་བས་ལས་ལ་སྦྱོར་བ་ལ། སྒྲོལ་མ་དང་འཁོར་ལོ་དང་ཡི་གེའི་ཁ་དོག་སོ་སོར་བསྒྱུར་བ་དང༌། ཡི་གེ་དགོད་པ་གཡས་སྐོར་དང་གཡོན་སྐོར་གྱི་བྱེ་བྲག་དང༌། བསྒྲུབ་བྱ་སོ་སོ་ལ་དམིགས་པ་དང༌། འོད་ཟེར་ཁ་དོག་སོ་སོར་སྤྲོ་བ་དང༌། ངག་གི་བཟླས་པའི་མཐར་རཀྵ་སོགས་ཀྱི་སྔགས་ཀྱི་སྤེལ་ཚིག་བསྒྱུར་བ་དང༌། འཁོར་ལོའི་དབུས་ཀྱི་སྤེལ་ཚིག་བསྒྱུར་བ་སྟེ་དྲུག་གིས་ཤེས་པར་བྱ་བ་ཡིན་ནོ། །མདོར་ན་ལྷའི་ཁ་དོག་སོ་སོ་ལ་སོགས་པས་ཇི་ལྟར་འདོད་པའི་ལས་སོ་སོ་རྣམས་འགྲུབ་པར་འགྱུར་བ་ཁོ་ན་ཡིན་ནོ། །སྤྱིའི་སྒྲུབ་
ཐབས་ཀྱི་བརྗེད་བྱང༌།། ༈ །སོ་སོའི་སྒྲུབ་ཐབས་བཞུགས། ཨོཾ་སྭ་སྟི། ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །སྤྱིའི་སྒྲུབ་ཐབས་བཞིན་བསྙེན་པ་ཡོངས་སུ་རྫོགས་ནས་སྒྲུབ་པ་དང་ལས་སྦྱོར་གྱི་དུས་ཀྱི་རྣལ་འབྱོར། ཕྱག་འཚལ་ཉེར་གཅིག་གི་མངོན་པར་རྟོགས་པ་རྣམས་ཀྱི་སྤྱིའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། ཚོགས་བསག་པའི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་མཆོད་པ་དང༌། ཡན་ལག་བདུན་པ་དང༌། ཚད་མེད་པ་བཞི་བསྒོམ་པ་སྟེ། བསོད་ནམས་ཀྱི་ཚོགས་བསག ཡེ་ཤེས་ཀྱི་ཚོགས་བསག སྟོང་ཉིད་བསྒོམ། སྟོང་པའི་ངང་ལས་པདྨ་དང་ཉི་མ་ལ་སོགས་པའི་སོ་སོའི་གདན་གྱི་སྟེང་དུ་རང་རང་གི་ས་བོན་ཙམ་ལས་སྐད་ཅིག་གིས་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། སྐུ་གསུང་ཐུགས་དང༌། ཡན་ལག་དྲུག་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། དབང་བསྐུར་བས་རང་རང་གི་རིགས་ཀྱི་བདག་པོའི་རྒྱས་གདབ་སྟེ། རང་རང་གི་ས་བོན་ལས། རང་རང་གི་དམ་ཚིག་སེམས་དཔའ་བསྐྱེད་པའི་སྐུ་མདོག་དང༌། ཕྱག་མཚན་དང༌། ཞལ་ཕྱག་གི་གྲངས་དང༌། གདན་དང༌། བཞུགས་ཚུལ་གྱི་ཁྱད་པར་དང༌། ཞི་ཁྲོ་དང༌། སྔགས་ཀྱི་ཁྱད་པར་རྣམས་སོ་སོའི་གཞུང་ནས་འབྱུང་བས་དེ་རྣམས་མ་གཏོགས་པའི་སྔོན་དུ་འགྲོ་བ་དང་མཇུག་གི་ཆོ་ག་རྣམས་ནི་སྤྱིའི་སྒྲུབ་ཐབས་དང་མཐུན་པས། འདིར་ཐོ་ཡིག་ཙམ་ལས་མ་བསྟན་པ་ཡིན་ནོ། །གཞུང་སོ་སོའི་མི་གསལ་བ་རྣམས་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། དང་པོ་དེ་བཞིན་གཤེགས་པའི་རིགས་ཀྱི་སྒྲོལ་མ་ཨོཾ་སེར་པོ་ལས་པཾ་ཞེས་པའི་སྒྲ་འབྱུང་བའི་སྐད་ཅིག་མས་བསྐྱེད་པར་བྱས་ནས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པའོ། །གཞུང་ལས། རབ་ཏུ་དགའ་བའི་ཕྱག་རྒྱ་ཞེས་བྱ་བ་ནི། རྡོ་རྗེ་དྲིལ་བུ་བསྣོལ་ཏེ་ཐུགས་ཀར་འཛིན་པའོ། །གཉིས་པ་གསུང་གི་རིགས་ནི་ཏཱ་ལས་བསྐྱེད་ནས་ཟླ་བའི་སྟེང་དུ་བཞུགས་པ་ནི་འོད་དཔག་མེད་ཀྱིས་དབུར་བརྒྱན་པའོ། །དྲུག་པ་ན་པུསྟི་བསྣམས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
པུསྟིའོ། །གསུམ་པ་རིན་པོ་ཆེའི་རིགས་ཀྱི་སྒྲོལ་མ་ནི་རེ་ལས་བསྐྱེད་པར་བྱའོ། །བཞི་པ་ལས་ཀྱི་རིགས་ནི་ཏུཏ་ལས་བསྐྱེད་པར་བྱའོ། །ལྔ་པ་གསུང་གི་རིགས་ནི་ཏཱ་ལས་སོ། །དྲུག་པ་གསུང་གི་རིགས་ནི་རེ་ལས་སོ། །བདུན་པ་རིན་པོ་ཆེའི་རིགས་ནི་ཏུ་ལས་སོ། །སྐྱེ་གནས་ཀྱི་སྟེང་ན་ཞགས་པ་བསྣམས་པ་ཞེས་བྱ་བ་ནི་པདྨའོ། །བརྒྱད་པ་ལས་ཀྱི་རིགས་ནི་རེ་ལས་སོ། །དགུ་པ་ལས་ཀྱི་རིགས་ནི་སྭཱ་ལས་སོ། །ཕྱག་དང་པོ་གཉིས་སྤྱི་བོར་རབ་ཏུ་དགའ་བའི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བ་ནི་སྤྱི་བོར་པད་ཀོར་མཛད་པའོ། །བཅུ་པ་རིན་པོ་ཆེའི་རིགས་ནི་ཧཱ་ལས་ཅུང་ཟད་ཁྲོ་བ་བསྐྱེད་པར་བྱའོ། །བཅུ་གཅིག་པ་དེ་བཞིན་གཤེགས་པའི་རིགས་ནི་ཨ་ལས་སོ། །བཅུ་གཉིས་པ་པདྨའི་རིགས་ནི་བྷྲཱུྃ་ལས་བསྐྱེད་པར་བྱའོ། །བཅུ་གསུམ་པ་ལས་ཀྱི་རིགས་ནི་ཨ་ལས་སོ། །ཕྱོགས་དང་མཚམས་མྱུ་གུ་འཛིན་པ་ཞེས་བྱ་བ་ནི། ཕྱོགས་མཚམས་བརྒྱད་དུ་པཾ་ལས་རཏྣའི་ལྗོན་ཤིང་བསམ་པར་བྱའོ། །བཅུ་བཞི་པ་གསུང་གི་རིགས་ནི་ཏཱ་ལས་སོ། །པུསྟི་བསྣམས་པ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟིའོ། །བཅོ་ལྔ་པ་ཐུགས་ཀྱི་རིགས་ནི་ཨ་ལས་སོ། །གཡོན་པ་སྙིང་པོ་དང་བཅས་པའི་ཕྱག་རྒྱ་ཞེས་པ་ནི་ཨུཏྤལ་བསྣམས་པའོ། །བཅུ་དྲུག་པ་ལས་ཀྱི་རིགས་ནི་ཤཾ་ལས་སོ། །བཅུ་བདུན་པ་གསུང་གི་རིགས་ནི་ཏཱྃ་ལས་སོ། །ཕྱག་དང་པོ་གཉིས་དགའ་བའི་ཕྱག་རྒྱ་དང་ལྡན་པ་ཞེས་པ་ནི། ཕྱག་གཉིས་ཐུགས་ཀར་འཁྱུད་པའི་སྟངས་སོ། །སྤྱི་བོར་པད་ཀོར་ཕྱག་རྒྱ་མཛད་པའོ། །བཅོ་བརྒྱད་པ་དེ་བཞིན་གཤེགས་པའི་རིགས་ནི་ཛཾ་ལས་སོ། །བཅུ་དགུ་པ་ལས་ཀྱི་རིགས་ནི་རྩེ་ལས་སོ། །ཉི་ཤུ་པ་རིན་པོ་ཆེའི་རིགས་ནི་ཕེཾ་ལས་བསྐྱེད་པར་བྱའོ། །སྐུ་མདོག་ལ་སོགས་པ་ནི་སོ་སོའི་གཞུང་ཉིད་དུ་གསལ་ལོ། །དབང་བསྐུར་ནས་རིགས་ཀྱི་བདག་པོ་ནི། རང་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན་པ་ཡིན་ནོ། །སོ་སོའི་སྔགས་ནི་རང་རང་གི་འོག་ནས། རང་རང་གི་ལས་ཀྱི་ཚོགས་ནས་འབྱུང་བས་དེར་བལྟ་བར་བྱའོ། །གོང་གི་ཆོ་ག་རྣམས་ནི་སྔར་ཉིད་དུ་བརྗོད་པར་
བས་སོ། །སྒྲུབ་ཐབས་སོ་སོའི་མངོན་པར་རྟོགས་པའི་བརྗེད་བྱང༌།། ༈ །བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང་བཞུགས། ཨོཾ་སྭ་སྟི། ཐུན་མཚམས་སུ་ཕྱག་འཚལ་ཉེར་གཅིག་པ་གདོན་པར་འདོད་པས། ཐོག་མར་སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ཆེན་པོ་ནས་བསྒྲལ་ལ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་སྙམ་དུ་སེམས་བསྐྱེད། དེ་ནས་མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཆེན་པོའི་སྟེང་དུ། རྗེ་བཙུན་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ་རཏྣའི་རྒྱན་དུ་མས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་པ་འོད་དཔག་མེད་ཀྱི་དབུར་བརྒྱན་ཅིང༌། ཕྱག་གཡས་པས་མཆོག་སྦྱིན། གཡོན་པས་པདྨ་ཐུགས་ཀར་འཛིན་པའི་པདྨ་ཁ་བྱེ་བའི་སྟེང་ན་རྗེ་བཙུན་མ་སྒྲོལ་མ་བདག་ལ་ཞལ་གཟིགས་ཤིང་བཞུགས་པ། བདག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ་ཐ་མལ་པའི་ང་རྒྱལ་གྱིས་ཀྱང་བཏུབ་སྟེ། ཡི་གེ་བཅུ་པ་ཅི་རིགས་པ་ཞིག་དང༌། གཟུངས་སྔགས་ཉི་ཤུ་རྩ་གཅིག་པ་གཅིག་བརྗོད་ནས། ཕྱག་འཚལ་ཉི་ཤུ་རྩ་གཅིག་ཅི་འགྲུབ་གདོན་ཏེ། གཞུང་ནས་འབྱུང་བའི་ཆེ་བའི་ཡོན་ཏན་བསམ་ཞིང་གདོན་པར་བྱའོ། །དེ་ནས་རྗེ་བཙུན་མ་ལ་གསོལ་བ་གདབ་པ་དང༌། སྨོན་ལམ་རྣམ་པར་དག་པ་བཏབ་སྟེ། རྟེན་རྣམས་བདག་ལ་ཐིམ་པའམ་མི་དམིགས་པར་བྱས་ཏེ་ཅི་བདེ་བར་གནས་པར་བྱའོ། །འདོན་པའི་ཐབས་ཀྱི་ལོ་རྒྱུས་ནི་འདི་ཡིན་ཏེ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱས་ནས་སེམས་ཅན་དཔག་ཏུ་མེད་པ་གྲོལ་བར་བྱས་པ་དང༌། སེམས་ཅན་ཇི་ཙམ་ཞིག་གིས་ཉུང་བར་འགྱུར་ཞེས་བལྟས་པ་ན། བྲི་བ་དང་གང་བ་གང་ཡང་མ་གཟིགས་ནས་ཐུགས་མུག་པས་སྤྱན་ཆབ་བྱུང་བས། དེ་ལས་པདྨ་སྐྱེས། པདྨ་ཁ་བྱེ་བའི་ནང་ནས་རྗེ་བཙུན་མ་སྒྲོལ་མ་བྱུང་སྟེ། དེའི་ཞལ་ནས་ཐུགས་མུག་པར་མི་བྱ་སྟེ། ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་གྲོགས་ནི་བདག་གིས་བྱ་སྟེ། སེམས་
ཅན་དཔག་ཏུ་མེད་པ་བསྒྲལ་བར་བྱའོ། །ཞེས་གསུངས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་ནི་ཕྱག་འཚལ་སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་སྒོ་ནས་བསྟོད་པ་དང༌། གཉིས་པ་རྒྱན་དང་འོད་ཟེར་གྱི་སྒོ་ནས་བསྟོད་པ་དང༌། གསུམ་པ་སྐུ་མདོག་དང་ཕྱག་མཚན་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་བསྟོད་པ་དང༌། བཞི་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟེན་པར་བྱས་ཤིང་དེ་རྣམས་ཀྱི་གཙུག་གི་ནོར་བུའི་སྒོ་ནས་བསྟོད་པ་དང༌། ལྔ་པ་འཇིག་རྟེན་གསུམ་འདུལ་བའི་སྒོ་ནས་བསྟོད་པ་དང༌། དྲུག་པ་འཇིག་རྟེན་པའི་ཆེ་བ་རྣམས་ཀྱིས་མཆོད་པའི་སྒོ་ནས་བསྟོད་པ་དང༌། བདུན་པ་བརྒྱད་པ་ཕ་རོལ་གྱི་བྱད་བཟློག་པའི་སྒོ་ནས་བསྟོད་པ་དང༌། དགུ་པ་འཇིག་རྟེན་པ་རྣམས་བདག་ལ་མོས་པར་བྱ་བའི་ཕྱིར་དབང་དུ་མཛད་པའི་སྒོ་ནས་བསྟོད་པ་དང༌། བཅུ་པ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བའི་སྒོ་ནས་བསྟོད་པ་དང༌། བཅུ་གཅིག་པ་རྒྱན་དང་རིགས་ཀྱི་བདག་པོའི་སྒོ་ནས་བསྟོད་པ་དང༌། བཅུ་གཉིས་པ་དང༌། བཅུ་གསུམ་པ་དྲག་པོའི་ལྷ་མོས་གདུག་པ་ཅན་ཐམས་ཅད་འདུལ་བའི་སྒོ་ནས་བསྟོད་པ་དང༌། བཅུ་བཞི་པ་སྡིག་པ་ཐམས་ཅད་འཇོམས་པའི་སྒོ་ནས་བསྟོད་པ་དང༌། བཅོ་ལྔ་པ་རྩ་བའི་སྔགས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། བཅུ་དྲུག་པ་ས་བོན་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། བཅུ་བདུན་པ་བརྟན་པ་དང་གཡོ་བའི་དུག་སེལ་བའི་སྒོ་ནས་བསྟོད་པ་དང༌། བཅོ་བརྒྱད་པ་ཐམས་ཅད་ཀྱིས་མཆོད་ཅིང་རྩོད་པ་དང་རྨི་ལམ་ངན་པ་སེལ་བའི་སྒོ་ནས་བསྟོད་པ་དང༌། བཅུ་དགུ་པ་རྒྱན་དང་ཆ་ལུགས་དང༌། སྔགས་ཀྱིས་ཤིན་ཏུ་དྲག་པོའི་རིམས་ནད་སེལ་བའི་སྒོ་ནས་བསྟོད་པ་དང༌། ཉི་ཤུ་པ་གདོན་དང་རོ་ལངས་ལ་སོགས་པ་གདུག་པ་ཅན་ཐམས་ཅད་འཇོམས་པའི་སྒོ་ནས་བསྟོད་པ་དང༌། ཉི་ཤུ་རྩ་གཅིག་པ་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐམས་ཅད་རྗེ་བཙུན་མ་ཁྱོད་ཉིད་ལ་ལྡན་ནོ་ཞེས་བསྟོད་པའོ། །ཉི་ཤུ་རྩ་གཉིས་པ་རྩ་བའི་སྔགས་མངོན་དུ་བརྗོད་ཅིང་བསྟོད་པ་
བརྗོད་པའི་གང་ཟག་ལ་ཕན་ཡོན་གྱི་ཚོགས་རྣམས་འབྱུང་བར་བསྟན་ཏོ། །བསྟོད་པ་འདོན་པའི་ཐབས་ཀྱི་བརྗེད་བྱང༌། །སྤྱིའི་སྒྲུབ་ཐབས་དང༌། སོ་སོའི་མངོན་པར་རྟོགས་པའི་རབ་ཏུ་གསལ་བ་དང༌། ཉི་ཤུ་རྩ་གཅིག་འདོན་པའི་ཆོ་ག་འདི། །བྱས་པའི་དགེ་དེས་འགྲོ་རྣམས་སངས་རྒྱས་ཤོག །སྤྱི་དང་སོ་སོའི་མངོན་པར་རྟོགས་པ་དང༌། བསྟོད་པ་འདོན་པའི་ཐབས་ཀྱི་བརྗེད་བྱང༌། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ།། ༈ །ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཟིན་བྲིས་སྐལ་བཟང་ཉེར་མཁོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཁོར་ལོའི་མགོན་པོ་རྗེ་བཙུན་མར། །བཏུད་ནས་དེ་ཡི་སྒྲུབ་པའི་ཐབས། །ཉི་མ་སྦས་པའི་ཞལ་ལུང་ལས། །ཉེར་མཁོའི་ཟིན་བྲིས་ཅུང་ཟད་བྲི། །འདི་ལ་གསུམ། རྗེས་སུ་གནང་བ་དང༌། བསྙེན་པ་དང༌། ལས་སྦྱོར་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་སོ། །དང་པོ་ནི། རྨོར་ཆེན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་བློ་གསལ་ཉེར་མཁོ་ལས་རྩ་བའི་སྒྲོལ་མ་སེང་ལྡེང་ནགས་སྒྲོལ་སྤྱིར་བཏང་ལྟར་མཛད་པ་ན་གཞུང་དེ་ཉིད་དུ་ཤེས་ལ། ཡིག་རྙིང་དང་སྒྲུབ་ཐབས་རིན་འབྱུང་སོགས་ལས་སྒྲོལ་མ་སྤྱི་སྒྲུབ་ཉིད་རྩ་བར་བཀོད་ཅིང་དེའི་རྗེས་གནང་ཡང་བཞུགས་པས། སྤྱིར་སྦྱོར་དངོས་རྗེས་གསུམ་གྱི་ཆིངས་རྣམས་བློ་གསལ་ཉེར་མཁོ་ལྟར་ལ་བདག་མདུན་གྱི་མངོན་རྟོགས་ཁོ་བོས་བྱས་པའི་རྣལ་འབྱོར་ཉེར་མཁོ་ལྟར་སྦྱར། བུམ་པ་སྤྱི་ལྟར་བཅས་ལ་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཏཱྃ་ཡིག་སོགས་ནས། དོན་ཡོད་གྲུབ་པས་དབུར་བརྒྱན་ཞེས་པའི་
བར་མདུན་བསྐྱེད་ལྟར། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང༌། བུམ་པའི་ལྷའི་ཐུགས་ཀར་ཞུགས་པས་ཐུགས་རྒྱུད་བསྐུལ། སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་དང་ཡི་གེ་བརྒྱ་པ་བརྗོད། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་པའི་ལྷ་མོ་འོད་དུ་ཞུ་བའི་ཆུ་ནུས་པ་དང་ལྡན་པར་བསམ། གཏོར་མ་གཞུང་ལྟར་དབུལ། རྗེས་གནང་གི་ལོ་རྒྱུས་སྐབས། ཐོག་མར་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་སྒྲོལ་མ་སྤྱི་སྒྲུབ་ཀྱི་རྗེས་སུ་གནང་བ་ཡིན་ཞེས་སོགས་མཚན་འབྱིན་འཇུག་དང༌། མངོན་རྟོགས་ཀྱི་ཁྱད་པར་མ་འཁྲུལ་བར་སྦྱར། ཡེ་ཤེས་པ་བསྟིམས་རྗེས། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་ནས་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པའི་མོས་པ་མཛོད། དེས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུའི་རྗེས་སུ་གནང་བ་ཐོབ་སོགས་སྦྲེལ། བཟླས་ལུང་གི་རྗེས། དམ་བཅའ་བའི་སླད་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་དུ་གཟུང་ངོ་བདག་ཐུགས་ཀྱི་མ་གཏོང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་ནས་འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་འདི་ཙམ་རེ་འདོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད།
དེས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་གསུང་གི་རྗེས་སུ་གནང་བ་ཐོབ་སོགས་སྦྲེལ་ལོ། །གཞན་ཡང་ཡིག་རྙིང་དང་སྒྲུབ་ཐབས་རིན་འབྱུང་སོགས་ལས་དཀར་མོ་ཟླ་མདངས། གསེར་མདོག་ཅན། ཧཱུྃ་སྒྲ་སྒྲོག་མ། བཀྲ་ཤིས་སྣང་བ། ཁྲོ་གཉེར་གཡོ་བའི་སྒྲོལ་མ་རྣམས་ཞབས་ཀྱི་བཞུགས་སྟངས་དམིགས་བསལ་མེད་པས་རྡོ་རྗེའི་སྐྱིལ་ཀྲུང་དུ་མཛད། རིན་འབྱུང་ལས་དགུ་པ་མཆོག་སྩོལ་སྒྲོལ་མའི་འཕྲོས་དོན་དུ་སེང་ལྡེང་ནགས་སྒྲོལ་གཙོ་རྐྱང་རྨོར་ཆེན་གྱི་སྒྲུབ་ཐབས་དཀྱུས་ལས་འབྱུང་བ་ལྟར་དང༌། གཙོ་འཁོར་གསུམ་མ་གཉིས་བཀོད་སྣང་ནའང༌། གཙོ་འཁོར་གསུམ་མའི་རྗེས་གནང་སྐབས་འདིར་ན་ཡམ་དུ་བཀོད་པ་ཙམ་ཡིན་པས་རྗེས་གནང་དངོས་སུ་མི་དགོས། དེས་ན་རྨོར་ཆེན་གྱི་སྒྲུབ་ཐབས་དཀྱུས་ལྟར་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་དང༌། འདིར་བཤད་པ་ལྟར་སྒྲོལ་མ་སྤྱི་སྒྲུབ་ཀྱི་རྗེས་གནང༌། རྨོར་ཆེན་པའི་ཡིག་ཆ་ལྟར་ལས་ཚོགས་སོ་སོའི་རྗེས་གནང་ཉེར་གཅིག་བཅས་རྗེས་གནང་ཉི་ཤུ་རྩ་གསུམ་གྱི་རྒྱུན་སོ་སོར་བཞུགས་པ་ཡིན་པས་ཕྱག་ལེན་མ་ཉམས་པར་བྱ། དེའང་ལས་ཚོགས་སོ་སོའི་སྒྲུབ་ཐབས་ཀྱི་སྐབས་རྗེ་བཙུན་གྲགས་པའི་ཡིག་ཆར་མིག་སོགས་ཡན་ལག་དྲུག་བྱིན་རླབས་དང༌། དབང་བསྐུར་རྒྱས་གདབ་རྣམས་དགོས་པར་གསུངས་པ་ནི་ལས་ཀྱི་ལྷ་མོ་སོ་སོའི་བསྙེན་པ་བྱེད་པའི་སྐབས་ལ་དགོངས་ཤིང༌། རིན་འབྱུང་དུ་དེ་ལྟར་མི་དགོས་པར་གསུངས་པ་ནི་རྗེས་གནང་ཙམ་གྱི་སྐབས་ཟོར་ཡང་བའི་དབང་དུ་མཛད་པ་ཡིན། བུམ་དབང་ཡང་སྤྱི་སྒྲུབ་མ་གཏོགས་གཞན་ལ་མི་དགོས་པར་གསུངས་སོ།། །།གཉིས་པ་བསྙེན་པ་ནི། དེ་ལྟ་བུའི་རྗེས་སུ་གནང་བས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པར་ལྡན་པས་འདིའི་བསྙེན་པ་བྱ་བའི་ཚུལ་ལ་གཉིས། སྤྱི་དང༌། སོ་སོའི་བསྙེན་པའོ། །དང་པོ་ནི། གནས་དབེན་པར་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་བཀྲམ་པའི་སྤྱན་སྔར་མཆོད་གཏོར་བཤམ། མཚམས་དམ་དུ་བཅད་ལ་ཐུན་བཞིའི་རིམ་པར་སྒྲོལ་མ་སྤྱི་སྒྲུབ་ཀྱི་མངོན་
པར་རྟོགས་པ་བསྒོམས་ནས། སྔགས་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་གསུམ་བཟླ་བར་བྱའོ། །གཉིས་པ་ནི། དེ་ལྟ་བུའི་རྩ་བའི་བསྙེན་པ་སྔོན་དུ་སོང་བས་ལས་ཀྱི་ལྷ་མོ་ཉི་ཤུ་རྩ་གཅིག་པོ་སོ་སོའི་སྒྲུབ་ཐབས་ཇི་སྐད་བཤད་པ་བཞིན་བསྒོམས་ལ་བཟླས་པ་རབ་ཁྲི་ཕྲག་བཞི། འབྲིང་ཁྲི། ཐ་མའང་སྟོང་ཕྲག་བཞི་རེ་བཟླས་པས་ལས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ལས་ཚོགས་ནི། སྒྲོལ་མ་སྤྱི་སྒྲུབ་དང་འབྲེལ་བའི་ལས་ཚོགས་སྲུང་བ། ཞི་བ། དབང༌། རྒྱས་པ། ཤེས་རབ་སོགས་སྤེལ་བ་རྣམས་རྗེ་བཙུན་རིན་པོ་ཆེའི་ཡི་གེ་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླང་བར་བྱ་ཞིང༌། དེའང་སྒོམ་པ་དང༌། བཟླས་པ་དང༌། བྲིས་པའི་འཁོར་ལོའི་སྒོ་ནས་ལས་ལ་སྦྱར་བའི་ཚུལ་ལྷ་དང༌། འཁོར་ལོ་དང༌། ཡི་གེའི་ཁ་དོག་སོ་སོར་བསྒྱུར་བ་སོགས་ཁྱད་པར་དྲུག་གི་སྒོ་ནས་མ་འདྲེས་པར་རྟོགས་པར་བྱའོ། །བྱེ་བྲག་གི་ལས་ཚོགས་ནི། རྗེ་བཙུན་རིན་པོ་ཆེས། ཕྱིར་ཟློག་ཡམས་ཞི་ཚེ་འཕེལ་གསད་པ་དང༌། །དབང་བྱེད་སྒྲིབ་སྦྱོང་འཕོ་བ་རྫོགས་རིམ་དང༌། །རབ་གནས་དབང་བསྐུར་ནོར་སྤེལ་སྦྱིན་སྲེག་དང༌། །འབྱུང་པོ་བཟློག་དང་འཁྲུལ་འཁོར་ཁྲུས་ཆོག་དང༌། །བློ་འཕེལ་ཆོམ་རྐུན་བཅིངས་དང་ཀླུ་ནད་གསོ། །ཁྲི་མུན་ལས་ཐར་མི་སྣང་མཁའ་སྤྱོད་དོ། །སྤྱིར་འགྲོའི་ཡན་ལག་རྣམ་པ་ལྔ་ཡིན་ཏེ། །གཏོར་མ་ཆུ་སྦྱིན་སཱཙྪ་དུས་གསུམ་བརྟག །བུ་ཆུང་གཞོན་ནུ་བསྐྱེད་བསྲུང་དང་བཅས་ཏེ། །ལས་ཀྱི་རྣམ་གྲངས་ཉི་ཤུ་རྩ་དྲུག་ཡིན། །ཞེས་གསུངས་པ་ལྟར་སྒྲོལ་མ་སོ་སོའི་སྒྲུབ་ཐབས་དང་འབྲེལ་བའི་ལས་ཚོགས་ཉི་ཤུ་རྩ་གཅིག་དང༌། ཐུན་མོང་དུ་དགོས་པའི་ཡན་ལག་ལྔ་སྟེ་ཉི་ཤུ་རྩ་དྲུག་ལས། སོ་སོའི་ལས་ཚོགས་རྣམས་ལའང་བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའི་ཚུལ་རྒྱ་གཞུང་དང༌། རྗེ་བཙུན་རིན་པོ་ཆེས་མཛད་པའི་གསལ་བྱེད་ས་བཅད་དང་བཅས་པ་རྣམས་ཞིབ་མོར་སྦྱར་ནས་རྒྱ་ཆེར་ཤེས་པར་བྱ་བ་ཉིད་དོ། །གྲུབ་ཆེན་ཉི་མ་སྦས་པའི་ལུགས། །འཕགས་མའི་རྗེས་གནང་སྒྲུབ་
ཐབས་བཅས། །གསལ་བྱེད་སྐལ་བཟང་ཉེར་མཁོ་བའི། །ཚུལ་འདིས་གཞན་ལ་སྨན་གྱུར་ཅིག །ཅེས་གཞུང་སྔ་མ་དག་ལས་ཉེར་མཁོའི་ཚུལ་མདོ་ཙམ་བཏུས་པ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་མངྒ་ལཾ་བྷ་བ་ཏུ།། ༈ །གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་སྤྱི་སྒྲུབ་ཀྱི་མངོན་རྟོགས་རྣལ་འབྱོར་ཉེར་མཁོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་མཆོག་དང་དབྱེར་མེད་པའི། །རྗེ་བཙུན་འཕགས་མར་གུས་བཏུད་ནས། །ཉི་མ་སྦས་པའི་མན་ངག་བཞིན། །སྒྲུབ་ཐབས་རྣལ་འབྱོར་ཉེར་མཁོ་བྲི། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། རྒྱུད་སྦྱང་བ་དང༌། ཚོགས་བསག་པའོ། །དང་པོ་ནི། མདུན་གྱི་ནམ་མཁར་བླ་མ་དོན་ཡོད་གྲུབ་པས་དབུར་བརྒྱན་པའི་རྗེ་བཙུན་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མངོན་སུམ་བཞིན་དུ་དམིགས་ལ་འདུན་པ་རྩེ་གཅིག་པས་སྐྱབས་སེམས་རྒྱས་བསྡུས་གང་རུང་སྤྱི་ལྟར་བྱའོ། །གཉིས་པ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ནི། རང་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མར་གསལ་བའི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཏཱྃ་ལྗང་གུ། དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས་མདུན་གྱི་ནམ་མཁའི་གནས་སུ་བླ་མ་དང་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲངས། ན་མོ་གུ་རུ་བྷྱཿཞེས་པས་བླ་མ་དང༌། ན་མཿཨཱརྻཱ་ཏཱ་རཱ་ས་པ་རེ་ཝ་རེ་བྷྱཿས་སྒྲོལ་མ་འཁོར་བཅས་ལ་ཕྱག་བྱ། སྙིང་གའི་འོད་ཟེར་ལས་མེ་ཏོག་སོགས་མཆོད་པའི་ཚོགས་ནམ་མཁའ་གང་བར་སྤྲོས་ཏེ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་བདུན་རྣམ་དག་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད་པས་ཚད་མེད་བཞི་བསྒོམ། གཉིས་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་
ཨཱཏྨ་ཀོ྅ཧཾ། ཞེས་པས་གཟུང་འཛིན་གྱི་ཆོས་ཐམས་ཅད་སྟོང་པར་བསམས་ལ་བློ་གཞག་གོ །གཉིས་པ་དངོས་གཞི་ལ་གཉིས། ལྷ་བསྒོམ་པ་དང༌། སྔགས་བཟླ་བའོ། །དང་པོ་ལ་བཞི་ལས། དང་པོ་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་ནི། དེ་ནས་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པའི་སྟོབས་ཀྱིས་གཟུགས་ཀྱི་སྐུར་ལངས་ལ་སེམས་ཅན་གྱི་དོན་བྱའོ་བསམས་པས་མཚམས་སྦྱར་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ལས་ཨུཏྤལ་ཏཱྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་ཐིམ་པའི་སྐད་ཅིག་ལ་བདག་ཉིད་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་སྔོན། ཕྱག་གཡས་པས་མི་འཇིགས་པ་སྟེར་བའི་སྐྱབས་སྦྱིན། གཡོན་པས་ཨུཏྤལ་བཟུང་བའི་འདབ་མས་རྣ་བར་རེག་པ། སྐྲ་ཅུང་ཟད་ལི་བ་གཡས་སུ་ཅུང་ཟད་འཕྱང་བ། དར་གྱི་ན་བཟས་བཀླུབས་ཤིང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ལང་ཚོ་དར་ལ་བབས་པ། རབ་ཏུ་འཛུམ་པའི་སྐུར་གྱུར་པར་བསམ། གཉིས་པ་ཡན་ལག་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཉེ་བར་སྒྲུབ་པའི་ཡན་ལག་ནི། དེའི་མིག་ཏུ་ཨོཾ་ཏཱ་རེ་སྭཱ་ཧཱ་དཀར་པོ། རྣ་བར་ཨོཾ་ཏུཏྟཱ་རེ་སྭཱ་ཧཱ་སྔོན་པོ། སྣ་ལ་ཨོཾ་ཏུ་རེ་སྭཱ་ཧཱ་སེར་པོ། ལྕེ་ལ་ཨོཾ་ཏུ་སྭཱ་ཧཱ་དམར་པོ། སྙིང་གར་ཨོཾ་རེ་སྭཱ་ཧཱ་སྔོན་པོ། སྤྱི་བོར་ཨོཾ་ཏཱ་རེ་ཎི་སྭཱ་ཧཱ་ལྗང་གུ་སྟེ། དེ་ཐམས་ཅད་ཀྱང་ཟླ་བའི་གདན་ལ་གནས་པ། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟེང་དུ་ཧཱུྃ་སྔོན་པོ། དབུས་སུ་པདྨ་དང་ཟླ་བ་ལ་གནས་པའི་ཏཱྃ་ལྗང་གུ། གསུམ་པ་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་ནི། དེ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་རང་འདྲ་བའི་ཡེ་ཤེས་སེམས་མ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། བཞི་པ་དབང་བསྐུར་ཞིང་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ནི། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་
བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམས་ལ། ལྷའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ལ་སེམས་ཡུན་རིང་དུ་གཟུང་ངོ༌། །གཉིས་པ་ནི། བསྒོམས་པས་དུབ་ན་ཐུགས་རྒྱུད་བསྐུལ་བའི་ཕྱིར་བསྙེན་པའི་རྣལ་འབྱོར་ནི། རང་གི་སྙིང་གར་ཏཱྃ་ཡིག་ལ་ཡི་གེ་བཅུ་པའི་སྔགས་ཀྱིས་བསྐོར་བ་ལ་སེམས་གཏད། གསལ་སྣང་སྐྱེས་པ་ན། དེ་ལས་སྐུ་དང་སྔགས་ཕྲེང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་པར་དུ་རྗེ་བཙུན་མ་སྒྲོལ་མ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐུགས་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་ཏེ་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པའི་སྔགས་ཅི་ནུས་སུ་བཟླའོ། །གསུམ་པ་ནི། ཐུན་དེ་ལས་ལྡང་བ་ན། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ། དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག ཐུན་མཚམས་སུ་གཏོར་མ་གཏང་བར་འདོད་ན། ཅི་འབྱོར་པའི་གཏོར་མ་དང་ནང་མཆོད་བཅས་བཤམས་ལ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་
བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཕགས་མ་སྒྲོལ་མའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཡི་གེ་བཅུ་པའི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་དབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས་སོགས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་གདབ། ཡི་གེ་བརྒྱ་པའི་མཐར། མ་འབྱོར་པ་དང་སོགས་བཟོད་གསོལ་དང༌། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་བཛྲ་མུཿས་གཤེགས་སུ་གསོལ། ཞར་བྱུང་འཇིག་རྟེན་པའི་གཏོར་མ་གཏང་བར་འདོད་ན། གསེར་ལ་སོགས་པའི་སྣོད་གས་ཆག་མེད་པ་མཛེས་པའི་ནང་དུ། འོ་མ། མར། སྲན་ཆེན། མེ་ཏོག འབྲས་ཡོས། དྲི་ཞིམ་ཞིང་སྲོག་ཆགས་མེད་པའི་ཆུ། ཁུར་བ། ཤ་བཙོས། ཆང་ལ་སོགས་པ་བླུགས་ཏེ། མ་འབྱོར་ན་ནི་ཟན་དང་ཆུ་གཙང་ལ་སོགས་པ་ཅི་ཙམ་འབྱོར་བ་ལ་བྱའོ། །དེ་ནས་བདག་ཉིད་སྒྲོལ་མའི་ང་རྒྱལ་དང་ལྡན་པས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་སྣོད་རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བ། བཅུད་བདུད་རྩིའི་ངོ་བོས་གང་བར་བསམས་ལ། ཨོཾ་ཨ་ཀཱ་རོའི་སྔགས་ལན་གསུམ་བརྗོད་ཅིང་སེ་གོལ་གསུམ་གཏོགས་པས་ཕྱོགས་སྐྱོང་བཅུས་གཙོ་བྱས་པའི་རིགས་དྲུག་ཐམས་ཅད་ཚིམ་པར་བསམ། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་གཞོལ། གཏོར་མ་དབེན་པའི་གནས་སུ་གཏང་བར་བྱའོ། །དེ་ལྟ་བུའི་རིམ་པས་ཐུན་བཞིའི་རྣལ་འབྱོར་ལ་བསླབ་ཅིང༌། བསྙེན་པ་འབུམ་ཕྲག་བཅུ་གསུམ་བཟླས་པས་ལས་ཚོགས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །ཀླུ་སྒྲུབ་ཉི་མ་སྦས་པ་ཡི། །མན་ངག་འཕགས་མ་སྒྲུབ་པའི་ཐབས། །རྣལ་འབྱོར་ཉེར་
མཁོའི་ཟིལ་དངར་གྱིས། །མཆོག་ཐུན་བཅུད་ལེན་འགྲུབ་གྱུར་ཅིག། །།ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལ་གསལ་བྱེད་ཅུང་ཟད་དང་བཅས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་སུ་ཤྲཱི་ཡོ་བྷ་བ་ཏུ།། །།
ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ།
རྒྱ་གར་སྐད་དུ། དེ་བཱི་ཏཱ་རཱ་ཨེ་ཀ་བིངྴ་ཏི་སྟོ་ཏྲ་བི་ཤུདྡྷེ་ཙུཎྜ་མ་ཎི་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱག་འཚལ་རབ་ཏུ་དཔའ་བའི་སྒྲོལ་མ། །སྤྲོས་མེད་རྣམ་དག་ནམ་མཁའི་དཀྱིལ་ན། །པདྨ་གསེར་མདོག་གདན་ལ་བཞུགས་པའི། །སྐུ་མདོག་དམར་མོ་མེ་ཡི་འོད་ཅན། །ཕྱག་འཚལ་ཞལ་གཅིག་ཕྱག་བརྒྱད་སྤྱན་རྒྱས། །དགའ་བའི་ཕྱག་རྒྱ་དང་པོ་གཉིས་ནི། །རྡོ་རྗེ་དྲིལ་བུ་སྤྱི་བོར་བསྣོལ་ནས། །གཡས་འོག་མདའ་གཞུ་ཐུགས་ཀར་འཛིན་མ། །ཕྱག་འཚལ་གསུམ་པས་འཁོར་ལོ་བསྣམས་ཏེ། །བཞི་པ་ཤེས་རབ་རལ་གྲི་འདེབས་ཚུལ། །གཡོན་གྱི་གསུམ་པས་ཐུགས་ཀར་དུང་འཛིན། །བཞི་པ་ན་ནི་ཞགས་པས་བརྒྱན་མ། ༡ །ཕྱག་འཚལ་དཀར་མོ་ཟླ་མདངས་སྒྲོལ་མ། །སྐུ་གསུམ་རྫོགས་པའི་ཞལ་གསུམ་གཡས་སྔོ། །གཡོན་ཞལ་འཛམ་བུ་ཆུ་བོའི་གསེར་མདོག །རྟེན་འབྲེལ་དག་པའི་ཕྱག་ནི་བཅུ་གཉིས། །ཕྱག་འཚལ་དང་པོ་མཉམ་པའི་ཕྱག་རྒྱ། །གཉིས་པ་ན་ནི་ཁ་ཊྭཱཾ་ག་བསྣམས། །འབར་བའི་འཁོར་ལོ་གསུམ་པས་ལེགས་འཛིན། །བཞི་པ་ཡིད་བཞིན་ནོར་བུ་བསྣམས་མ། །ཕྱག་འཚལ་ལྔ་པ་རྡོ་རྗེ་རབ་འཆང༌། །དྲུག་པ་ན་ནི་མེ་ཏོག་ཕྲེང་འཛིན། །གཡོན་གྱི་གཉིས་པ་རིལ་བ་སྤྱི་བླུགས། །ཉོན་མོངས་དྲི་མ་མ་ལུས་འཁྲུད་མ། །ཕྱག་འཚལ་གསུམ་པས་ཨུཏྤལ་ལེགས་འཛིན། །སྟོང་པའི་སྒྲ་སྒྲོགས་བཞི་པ་དྲིལ་བུ། །ལྔ་པ་གཏེར་གྱི་བུམ་པ་ཐོགས་མ། །དྲུག་པ་པོ་ཏིས་འགྲོ་ལ་ཆོས་སྟོན། ༢ །ཕྱག་འཚལ་གསེར་མདོག་ཅན་གྱི་སྒྲོལ་མ། །སྣ་ཚོགས་པདྨ་ཟླ་བའི་གདན་ལ། །རྡོ་རྗེ་སྐྱིལ་ཀྲུང་ཤིན་ཏུ་མཛེས་བརྗིད། །ཕྱོགས་བཅུ་ཕ་རོལ་ཕྱིན་བཅུ་དག་མ། །ཕྱག་འཚལ་དང་པོ་ཐུགས་ཀར་ཕྲེང་འཛིན། །གཉིས་པ་ན་ནི་ཤེས་རབ་རལ་གྲི། །གསུམ་པ་མདའ་འཕེན་ཉོན་
མོངས་འབིགས་མ། །བཞི་པ་རྡོ་རྗེ་ལྔ་པ་དབྱུ་གུ། །ཕྱག་འཚལ་གཡོན་གྱིས་དར་དཔྱངས་རབ་བསྣམས། །གཉིས་པ་ཞགས་པ་གསུམ་པ་པདྨ། །བཞི་པའི་ཕྱག་གིས་དྲིལ་བུ་དཀྲོལ་མ། །ལྔ་པ་ན་ནི་སྙིང་རྗེའི་གཞུ་ཐོགས། ༣ །ཕྱག་འཚལ་གཙུག་ཏོར་རྒྱལ་བའི་སྒྲོལ་མ། །ཆུ་སྐྱེས་པདྨ་སེར་པོའི་སྟེང་དུ། །ཟག་མེད་བདེ་རྒྱས་ཟླ་བའི་གདན་སྟེང༌། །སེམས་དཔའི་སྐྱིལ་ཀྲུང་བརྟན་པར་བཞུགས་མ། །ཕྱག་འཚལ་དགེ་མ་གསེར་གྱི་མདོག་ཅན། །ཐུགས་རྗེའི་རང་བཞིན་འགྲོ་ལ་རབ་བརྩེ། །ཞལ་གཅིག་ཕྱག་བཞི་བདུད་བཞི་འཇོམས་མ། །གཡས་ཀྱི་དང་པོས་དངོས་གྲུབ་མཆོག་སྩོལ། །ཕྱག་འཚལ་རྒྱུན་མི་འཆད་པའི་བསམ་གཏན། །གཉིས་པ་ན་ནི་ཕྲེང་བ་འཛིན་མ། །གཡོན་གྱི་དང་པོའི་ཕྱག་མཚན་ཀུནྡྷ། །གཉིས་པ་རིན་ཆེན་དབྱུ་གུ་བསྣམས་མ། ༤ །ཕྱག་འཚལ་ཧཱུྃ་སྒྲ་སྒྲོགས་པའི་སྒྲོལ་མ། །དྲི་མེད་ཟླ་བའི་གདན་གྱི་སྟེང་ན། །ཉོན་མོངས་སྐྱོན་བྲལ་དག་པའི་སྐུ་མདོག །བཙོ་མ་གཡའ་བྲལ་གསེར་གྱི་མདངས་ལྡན། །ཕྱག་འཚལ་དཔའ་མོ་ཤེས་རབ་བདག་ཉིད། །ཐུགས་རྗེས་འཁོར་བ་ཞི་ལ་མནན་ནས། །མ་རུངས་འདུལ་ཕྱིར་ཧཱུྃ་གི་སྒྲ་སྒྲོགས། །དུག་གསུམ་སྲིད་པའི་གཡུལ་ལས་རྒྱལ་མ། །ཕྱག་འཚལ་བདེན་གཉིས་དག་པའི་ཕྱག་རྒྱ། །འགྲོ་རྣམས་ཐུགས་རྗེས་རབ་ཏུ་གཟུང་ཕྱིར། །གཡས་པའི་ཕྱག་གིས་མཆོག་སྦྱིན་མཛད་ཅིང༌། །གཡོན་པས་པདྨ་སེར་པོ་འཛིན་མ། ༥ །ཕྱག་འཚལ་རྣམ་པར་རྒྱལ་བའི་སྒྲོལ་མ། །ཆུ་སྐྱེས་པདྨ་དམར་པོའི་སྟེང་དུ། །གཏི་མུག་དག་ཕྱིར་ཉི་མའི་གདན་སྟེང༌། །སེམས་དཔའི་སྐྱིལ་ཀྲུང་འགྲོ་ལ་གཟིགས་མ། །ཕྱག་འཚལ་ལྷ་དང་དྲང་སྲོང་རྣམས་ཀྱིས། །ཁྱོད་ཞབས་པདྨོ་སྤྱི་བོར་བླངས་ནས། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་རབ་བསྟོད། །འགྲོ་བ་ཀུན་གྱི་རེ་གནས་གྱུར་མ། །ཕྱག་འཚལ་པདྨ་རཱ་གའི་མདངས་ལྡན། །ཕྱག་བཞི་གཡས་ཀྱི་དང་པོ་ཉིད་ནི། །རྡོ་རྗེ་འཕྱར་ཞིང་དེ་འོག་རལ་གྲི། །གཡོན་གྱིས་སྡིགས་མཛུབ་ཞགས་པ་བསྣམས་ན། ༦ །ཕྱག་འཚལ་རྒོལ་
བ་འཇོམས་པའི་སྒྲོལ་མ། །པདྨ་སེར་དང་ཉི་མའི་གདན་ལ། །དཔའ་བའི་སྟང་སྟབས་འགྱིང་བག་གཡོན་བརྐྱང༌། །ཚོམ་རྔམས་ནག་མོ་ཁྲོས་པའི་བཞིན་འཕྱར། །ཕྱག་འཚལ་ན་བཟའ་གསེར་མདོག་གོས་གྱོན། །དབུ་སྐྲ་གྱེན་བརྫེས་ལྟོ་འགྲོས་བརྒྱན་མ། །རིན་ཆེན་ཅོད་པན་མཁའ་ལ་རབ་འཕྱར། །ཕྱག་ཞབས་རིན་ཆེན་གདུབ་བུས་བརྒྱན་མ། །ཕྱག་འཚལ་ཕྱག་བཞི་གཡས་ཀྱི་དང་པོ། །འཁོར་ལོ་འཛིན་ཅིང་གཉིས་པ་རལ་གྲི། །སྐྱེ་གནས་སྟེང་དུ་ཞགས་པ་བསྣམས་ནས། །གཡོན་གྱི་ཐ་མས་སྡིགས་མཛུབ་རབ་གདེངས། ༧ །ཕྱག་འཚལ་དབང་མཆོག་སྟེར་བའི་སྒྲོལ་མ། །ཉི་མ་པདྨ་དཀར་པོའི་སྟེང་དུ། །གདུག་པ་འདུལ་ཕྱིར་ཆུ་སྲིན་གདན་སྟེང༌། །སྐྱིལ་ཀྲུང་ཕྱེད་མ་གསེར་གྱི་མདོག་ཅན། །ཕྱག་འཚལ་ཁྲོས་པའི་གཉེར་མ་དང་ལྡན། །བརྗིད་པའི་སྐུ་མདོག་ཞལ་གཅིག་ཕྱག་བཞི། །གཡས་ན་མྱ་ངན་མེད་པའི་ཡལ་ག །གཉིས་པ་རིན་ཆེན་བསྣམས་ཤིང་མཆོག་སྩོལ། །ཕྱག་འཚལ་གཡོན་གྱི་དང་པོ་པདྨ། །ཉོན་མོངས་སྐྱོན་གྱིས་མ་གོས་ཕྱིར་བསྣམས། །གཡོན་གྱི་ཐ་མས་བུམ་པ་ལེགས་ཐོགས། །འགྲོ་བ་ཀུན་ལ་དབང་མཆོག་སྟེར་མ། ༨ །ཕྱག་འཚལ་སེང་ལྡེང་ནགས་ཀྱི་སྒྲོལ་མ། །ཡི་གེ་ཏཱྃ་ལས་འཁྲུངས་པའི་ལྷ་མོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པའི། །སྐྲ་འཁྱིལ་མེ་ཏོག་གིས་བརྒྱན་མཛེས་མ། །ཕྱག་འཚལ་གཡས་བརྐྱང་ཞབས་ལ་གཡོན་པས། །ཐབས་དང་ཤེས་རབ་མི་འབྲལ་འཁྲིལ་བས། །པདྨ་ཟླ་བའི་སྟེང་ན་བཞུགས་མ། །ཞལ་གཅིག་ཕྱག་གཉིས་ཞི་བའི་གཟུགས་ཅན། །ཕྱག་འཚལ་གཡས་པས་འགྲོ་ལ་མཆོག་སྩོལ། །གཡོན་ན་ཨུཏྤལ་རྒྱན་རྣམས་ཡོངས་རྫོགས། །སྔོ་ལྗང་འགྱིང་བག་ལོ་མའི་མདོག་ཅན། །གཞོན་ནུ་སྤྱན་ཡངས་ནུ་མ་རྒྱས་མ། ༩ །ཕྱག་འཚལ་མྱ་ངན་སེལ་བའི་སྒྲོལ་མ། །མ་ཆགས་པདྨ་དམར་པོའི་སྟེང་དུ། །ཟླ་བའི་དཀྱིལ་འཁོར་ཞབས་ཀྱི་མནན་ཏེ། །རོལ་པའི་འདུག་སྟངས་འགྱིང་བག་མཛེས་མ། །ཕྱག་འཚལ་འཇིག་རྟེན་དབང་དུ་
མཛད་མ། །སྐུ་མདོག་པདྨ་རཱ་ག་ལྟར་དམར། །བཞད་པའི་གད་རྒྱངས་ཏུཏྟཱ་ར་ཡིས། །འགྲོ་བའི་ཉོན་མོངས་མ་ལུས་སེལ་མ། །ཕྱག་འཚལ་ཞལ་གཅིག་ཕྱག་བཞིས་བདུད་འདུལ། །དང་པོ་གཉིས་ནི་སྤྱི་བོར་ཐལ་སྦྱར། །གཡས་འོག་རལ་གྲི་ཕྱག་རྒྱ་དང་ལྡན། །གཡོན་ན་མྱ་ངན་མེད་པའི་ཡལ་ག ༡༠ །ཕྱག་འཚལ་འགྲོ་བ་འགུགས་པའི་སྒྲོལ་མ། །གཟི་བརྗིད་ཕུང་པོ་ཉི་མའི་སྟེང་ན། །པདྨའི་གདན་ལ་རོལ་པས་གཡས་བརྐྱང༌། །འགྱིང་བག་ནག་མོ་དབང་གི་ལས་མཛད། །ཕྱག་འཚལ་དཔའ་མོ་གྱད་ཀྱི་ཆ་བྱད། །མཚན་མོ་སྤྲིན་རུམ་མུན་པའི་མདོག་ཅན། །ཤིན་ཏུ་འཇིགས་རུང་བདུད་དཔུང་ཟིལ་གནོན། །ནོར་གྱི་ཆར་འབེབས་ཕོངས་པ་སེལ་མ། །ཕྱག་འཚལ་ཡི་གེ་ཧཱུྃ་གི་སྦྱོར་བས། །ཕྱོགས་མཚམས་རྣམས་ནས་གཟའ་ཆེན་བརྒྱད་འགུགས། །ཞལ་གཅིག་ཕྱག་གཉིས་གཡས་པ་ལྕགས་ཀྱུ། །གཡོན་པས་རོལ་པའི་ཞགས་པ་བསྣམས་མ། ༡༡ །ཕྱག་འཚལ་བཀྲ་ཤིས་སྟེར་བའི་སྒྲོལ་མ། །སྣ་ཚོགས་པདྨ་ཟླ་བའི་གདན་ལ། །རྡོ་རྗེ་སྐྱིལ་ཀྲུང་གསེར་གྱི་མདངས་ལྡན། །ཞལ་གཅིག་ཕྱག་བརྒྱད་ཟླ་ཚེས་བརྒྱན་མ། །ཕྱག་འཚལ་གཡས་ཀྱི་དང་པོ་རྩེ་གསུམ། །གཉིས་པ་ན་ནི་ཐུགས་རྗེའི་ལྕགས་ཀྱུ། །གསུམ་པ་རྡོ་རྗེས་བདུད་གྱི་དཔུང་འཇོམས། །བཞི་པ་ཤེས་རབ་རལ་གྲི་བསྣམས་མ། །ཕྱག་འཚལ་གཡོན་གྱི་དང་པོ་ནོར་བུ། །ལོངས་སྤྱོད་སྤེལ་ཕྱིར་ཐུགས་ཀར་བསྣམས་ནས། །འགྲོ་བ་ཀུན་ལ་བཀྲ་ཤིས་སྟེར་མ། །གཉིས་པ་ལྕགས་ཀྱུ་གསུམ་པ་དབྱུ་གུ། །བཞི་པ་ནོར་གྱི་བུམ་པ་བསྣམས་མ། ༡༢ །ཕྱག་འཚལ་སྨིན་པར་བྱེད་པའི་སྒྲོལ་མ། །བསྐལ་པའི་མེ་ལྟར་འབར་བའི་དབུས་སུ། །ཉི་མ་པདྨ་དམར་པོའི་གདན་ལ། །བཞེངས་པའི་འདོར་སྟབས་གཡས་བརྐྱང་གཡོན་བསྐུམ། །ཕྱག་འཚལ་སྐུ་མཆོག་ཤིན་ཏུ་མི་བཟད། །པདྨ་རཱ་ག་ལྟ་བུར་དམར་ཞིང༌། །དཔའ་བའི་ཆ་བྱད་ཞལ་གཅིག་ཕྱག་བཞི། །དྲག་མོ་ཆེན་མོ་དགྲ་དཔུང་འཇོམས་མ། །ཕྱག་འཚལ་གཡས་ཀྱི་དང་པོ་རལ་གྲི། །གཉིས་པ་
མདའ་ཡིས་ཉོན་མོངས་འབིགས་མ། །གཡོན་པ་འཁོར་ལོ་གཉིས་པ་གཞུ་ཐོགས། །མཆུ་དང་སྨིན་མ་ཁྲོ་གཉེར་གྱེན་ཟློག ༡༣ །ཕྱག་འཚལ་ཁྲོ་གཉེར་གཡོ་བའི་སྒྲོལ་མ། །ཉི་མ་པདྨ་དམར་པོའི་གདན་ལ། །གཡས་བརྐྱང་གར་གྱིས་མི་རོ་མནན་ནས། །སྐུ་མདོག་ནག་མོ་འཇིགས་གཟུགས་ལྡན་མ། །ཕྱག་འཚལ་ཞལ་དང་སྨིན་མ་རབ་བསྡུས། །གཡས་དཀར་གཡོན་དམར་ཁྲོ་གཉེར་དང་ལྡན། །དམར་བའི་སྤྱན་གསུམ་སྡང་མིག་རབ་བགྲད། །མི་ཡི་རྒྱུ་མ་ཞལ་དུ་གསོལ་མ། །ཕྱག་འཚལ་སྦྲུལ་དང་སྟག་གི་གོས་གསོལ། །ཐོད་པའི་ཅོད་པན་མགོ་བོའི་དོ་ཤལ། །རལ་གྲི་དབྱུ་གུ་ལྕགས་ཀྱུ་བསྣམས་ནས། །གཡོན་པ་མགོ་ཐོད་ཞགས་པ་འཛིན་མ། ༡༤ །ཕྱག་འཚལ་དགེ་ལེགས་ཞི་བའི་སྒྲོལ་མ། །པདྨ་དཀར་པོ་ཟླ་བའི་གདན་ལ། །རྡོ་རྗེའི་སྐྱིལ་ཀྲུང་ཟླ་བའི་མདོག་ཅན། །ཞལ་གཅིག་ཕྱག་དྲུག་སྡིག་པ་འཇོམས་མ། །ཕྱག་འཚལ་དོན་རྟོགས་གཡས་ཀྱི་དང་པོ། །རྒྱལ་བའི་སྤྱོད་ཡུལ་ཐུགས་ཀར་ཕྲེང་འཛིན། །གཉིས་པ་ན་ནི་ལེགས་པའི་ཕྱག་རྒྱ། །གསུམ་པའི་ཕྱག་གིས་དབྱུ་གུ་འཛིན་མ། །ཕྱག་འཚལ་གཡོན་གྱི་དང་པོ་པདྨ། །གཉིས་པ་ན་ནི་རིལ་བ་སྤྱི་བླུགས། །གསུམ་པ་འདབ་རྒྱས་ཨུཏྤལ་སྟེང་དུ། །འགྲོ་བའི་ལམ་སྟོན་པོ་ཏི་བསྣམས་མ། ༡༥ །ཕྱག་འཚལ་ཆགས་པ་འཇོམས་པའི་སྒྲོལ་མ། །པདྨ་དམར་པོ་ཉི་མའི་གདན་ལ། །སྤྲོས་མེད་སེམས་དཔའི་སྐྱིལ་ཀྲུང་མཛེས་བརྗིད། །ཞལ་གཅིག་སྤྱན་གསུམ་བྱི་རུའི་མདོག་ཅན། །ཕྱག་འཚལ་ཧཱུྃ་གི་རིག་པ་དང་ལྡན། །ཐབས་དང་ཤེས་རབ་འབྲེལ་བའི་ཕྱག་གཉིས། །གཡས་པས་རྩེ་གསུམ་ཐུགས་ཀར་བསྣམས་ནས། །དགྲ་ཡི་ལུས་ལ་རབ་ཏུ་བསྣུན་མ། །ཕྱག་འཚལ་གཡོན་པས་སྡིགས་མཛུབ་རབ་འཕྱར། །སྙིང་པོ་འབྲས་བུར་བཅས་པའི་ཤིང་འཛིན། །ཐུགས་ཀྱི་སྙིང་པོ་ཡི་གེ་བཅུ་པས། །དགོས་པའི་དངོས་གྲུབ་མ་ལུས་འབྱུང་མ། ༡༦ །ཕྱག་འཚལ་བདེ་བ་སྒྲུབ་པའི་སྒྲོལ་མ། །པདྨ་དཀར་པོ་འབར་བའི་སྟེང་དུ། །ཟླ་བའི་དཀྱིལ་
འཁོར་ཉི་མའི་གདན་ལ། །སེམས་དཔའི་སྐྱིལ་ཀྲུང་དཔའ་བར་བཞུགས་མ། །ཕྱག་འཚལ་བདེ་བའི་སྐུ་མདོག་དམར་སེར། །ཞལ་གཅིག་ཕྱག་གཉིས་ཧཱུྃ་གི་འཕྲིན་ལས། །འཇིག་རྟེན་གསུམ་པོ་དབང་དུ་བསྡུས་ནས། །བདེ་བ་ཐམས་ཅད་གྲུབ་པར་མཛད་མ། །ཕྱག་འཚལ་ཐོགས་མེད་ནམ་མཁའི་ལུས་ཅན། །ཕྱག་གཉིས་ཐུགས་ཀར་འཛིན་པའི་ཕྱག་རྒྱ། །ཟླ་བའི་དཀྱིལ་འཁོར་རབ་ཏུ་བསྣམས་ནས། །རིན་ཆེན་དུ་མའི་རྒྱན་གྱིས་མཛེས་མ། ༡༧ །ཕྱག་འཚལ་རྣམ་པར་རྒྱལ་བའི་སྒྲོལ་མ། །པདྨ་དཀར་པོའི་སྟེང་གི་ཟླ་བའི། །དཀྱིལ་འཁོར་དབུས་ན་འདབ་བཟང་ངང་པའི། །སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་བཞུགས་མ། །ཕྱག་འཚལ་ཟག་མེད་བདེ་ཆེན་རབ་རྒྱས། །སྐུ་མདོག་དཀར་མོ་དུང་གི་མདངས་ལྡན། །ཞལ་གཅིག་ཕྱག་བཞི་ཏཱ་ར་གཉིས་བརྗོད། །ཡི་གེ་ཕཊ་ཀྱིས་དུག་རྣམས་སེལ་མ། །ཕྱག་འཚལ་དགའ་བའི་ཕྱག་རྒྱ་དང་ལྡན། །ཕྱག་གཉིས་སྤྱི་བོར་ལྕགས་ཀྱུ་རབ་འཛིན། །གཡས་འོག་མཆོག་སྦྱིན་གཡོན་གྱི་གཉིས་པ། །ཨུཏྤལ་སྟེང་དུ་པོ་ཏི་བསྣམས་མ། ༡༨ །ཕྱག་འཚལ་སྡུག་བསྔལ་སྲེག་བྱེད་སྒྲོལ་མ། །པད་དཀར་ཟླ་བའི་དཀྱིལ་འཁོར་དབུས་ན། །བདེ་བའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང༌། །ཅུང་ཟད་གཡས་བརྐྱང་པར་ནི་བཞུགས་མ། །ཕྱག་འཚལ་དཀར་མོ་དུང་གི་མདངས་ལྡན། །སྣ་ཚོགས་དཀར་དམར་འོད་ཟེར་ཕྲེང་བས། །འགྱིང་བག་སྐུ་ལ་རབ་ཏུ་བརྒྱན་ནས། །འགྲོ་བའི་ཉོན་མོངས་མ་ལུས་སེལ་མ། །ཕྱག་འཚལ་བདེན་གཉིས་དག་པའི་ཕྱག་རྒྱ། །ཕྱག་གཉིས་ཐུགས་ཀར་མེ་ཐབ་བསྣམས་ནས། །སྡུག་བསྔལ་མ་ལུས་སྲེག་པར་མཛད་ཅིང༌། །འགྲོ་རྣམས་ཐར་པའི་ལམ་ལ་འགོད་མ། ༡༩ །ཕྱག་འཚལ་དངོས་གྲུབ་འབྱུང་བའི་སྒྲོལ་མ། །སྐུ་མདོག་དམར་སེར་ལས་ཀྱི་རིགས་མཚོན། །པདྨ་དཀར་པོའི་སྟེང་གི་ཟླ་བའི། །དཀྱིལ་ན་སེམས་དཔའི་སྐྱིལ་ཀྲུང་བཞུགས་མ། །ཕྱག་འཚལ་དཔལ་མོ་ཞལ་གཅིག་ཕྱག་གཉིས། །ཐབས་དང་ཤེས་རབ་འབྲེལ་བའི་ཕྱག་རྒྱ། །ཐུགས་ཀར་
གསེར་གྱི་བུམ་པ་བསྣམས་པས། །དངོས་གྲུབ་མ་ལུས་པར་ནི་སྟེར་མ། །ཕྱག་འཚལ་བུམ་པ་བཟང་དང་ནོར་བུ། །འདོད་འཇོའི་བ་དང་དཔག་བསམ་ཤིང་ཆེན། །ཁྱོད་ཞབས་དྲན་པས་འདོད་རྒུ་འབྱུང་འགྱུར། །གང་ལ་ཅི་འདོད་རེ་བ་སྐོང་མ། ༢༠ །ཕྱག་འཚལ་ཡོངས་སུ་རྫོགས་བྱེད་སྒྲོལ་མ། །ཧ་ལས་སྐྱེས་པའི་ཁྱུ་མཆོག་སྟེང་དུ། །པདྨ་ཟླ་བའི་དཀྱིལ་འཁོར་གདན་ལ། །ཕྱེད་སྐྱིལ་རོལ་པའི་འདུག་སྟངས་མཛེས་བརྗིད། །ཕྱག་འཚལ་དཀར་མོ་ཞལ་གཅིག་སྤྱན་གསུམ། །རྣམ་པར་ཐར་པའི་སྒོ་གསུམ་གཟིགས་མ། །ཞེ་སྡང་མ་སྤངས་གནས་སུ་དག་ཕྱིར། །དུར་ཁྲོད་སྟག་གི་ཤམ་ཐབས་བཅིངས་མ། །ཕྱག་འཚལ་གཡས་པས་མུ་ཏིག་ཕྲེང་འཛིན། །ཐུགས་རྗེ་མི་བཟད་རབ་ཏུ་ཁྲོས་པས། །གཡོན་པའི་ཕྱག་ན་རྩེ་གསུམ་མདུང་ཐོགས། །དུག་གསུམ་འཁོར་བའི་རྒྱུ་ལ་བསྣུན་མ། ༢༡ །ཟླ་བ་ཡར་ངོའི་ཚེས་བརྒྱད་དག་ལ། །གང་གིས་རྣམ་དག་གཙུག་གི་ནོར་བུ། །བསྟོད་པའི་རྒྱལ་པོ་གུས་པའི་བློ་ཡིས། །ལན་གྲངས་ཉི་ཤུ་རྩ་གཅིག་བརྗོད་ན། །རྒྱལ་པོ་སྤྲུལ་དང་སྲིན་པོ་མི་རྒོད། །མེ་དང་ཆུ་དང་སྟག་དང་སེང་གེ །འཇིགས་པ་ཆེན་པོ་བརྒྱད་ལས་གྲོལ་འགྱུར། །མུ་གེ་ནད་དང་འབྱུང་པོས་འཚེ་བ། །སྡུག་བསྔལ་ཡིད་མི་བདེ་ལས་གྲོལ་འགྱུར། །སྡིག་པ་ཆེན་པོ་རྣམས་དང་སྐལ་ངན། །འཁྲུག་དང་འཐབ་རྩོད་ཉེས་པ་མི་འབྱུང༌། །ཉོན་མོངས་མྱ་ངན་གདུང་བ་རྣམས་སེལ། །ས་འོག་གཏེར་དང་མིག་སྨན་རིལ་བུ། །རྐང་མགྱོགས་ལ་སོགས་དངོས་གྲུབ་བརྒྱད་ཐོབ། །སྐུ་དང་གསུང་དང་ཐུགས་ཀྱི་དབང་ཕྱུག །རྫུ་འཕྲུལ་ཀུན་འགྲོ་གནས་ལ་སོགས་པའི། །དབང་ཕྱུག་ལས་ལ་དཀའ་བ་མ་ཡིན། །བདག་པོར་བྱེད་དང་དགའ་མགུར་བསྒྲུབ་པའི། །འདོད་རྒུ་འབྱུང་བའི་དངོས་གྲུབ་འགྲུབ་པ། །དེ་བཞིན་ཡོན་ཏན་བརྒྱད་ཀྱང་ཐོབ་འགྱུར། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དང༌། །དཔལ་ལྡན་འདོད་འཇོའི་བ་དང་བུམ་མཆོག །བདེ་བ་དང་བཅས་ནོར་
རྣམས་འགྲུབ་འགྱུར། །མཚན་མོ་རྒྱུ་དང་ལྟོ་འཕྱེ་འབྱུང་པོ། །ཤ་ཟའི་ཚོགས་ཀྱིས་གླགས་རྙེད་མི་འགྱུར། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེན་པོ། །འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཀྱིས། །དགོས་པའི་དོན་རྣམས་འགྲུབ་པར་མཛད་ཅིང༌། །བར་དུ་གཅོད་པ་རྣམས་ནི་སེལ་འགྱུར། །གང་དུ་ཚེ་ཡི་འདུ་བྱེད་བཏང་དུས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་འགྱུར། །དངོས་གྲུབ་འབྱུང་གནས་རྗེ་བཙུན་སྒྲོལ་མའི། །ལྷ་མཆོག་རྣམས་ལ་བདག་གིས་བསྟོད་པས། །དགེ་བ་དྲི་མེད་ཟླ་བ་རྒྱས་འདྲའི། །འོད་ལྟར་དཀར་བ་ཐོབ་པ་དེས་ནི། །འཇིག་རྟེན་རྩོད་པའི་སྐྱོན་བྲལ་རྫོགས་པའི། །སངས་རྒྱས་ཐོབ་ནས་སེམས་ཅན་རྣམས་ལ། །བདེ་ཆེན་ཆར་པ་འབེབས་པར་ཤོག་ཅིག །སྒྲོལ་མ་མངོན་པར་འབྱུང་བའི་ལེའུ་བདུན་ཅུ་རྩ་གཉིས་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས་ལྷའི་རྣམ་གྲངས་བསྟན་པའི་ལེའུ་བཅུ་གསུམ་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་དང་མཐུན་པར། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སཱུརྻ་གུཔྟའི་ཞབས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།། ༈ །སྒྲོལ་མ་ཉེར་གཅིག་སོ་སོའི་སྒྲུབ་པའི་སྐབས་སོགས་སུ་བསྟོད་པ་འདི་ཉིད་ཁོལ་དུ་ཕྱུང་ནས་བསྟོད་པའི་ཚེ། རང་རང་གི་བསྟོད་པའི་མགོར་ཕྱག་འཚལ་ཉེར་གཅིག་ཤློ་ཀ་རེས་ཐོགས་དྲངས་ཏེ། གཤམ་དུ། ཐུགས་རྗེའི་རང་བཞིན་འཕགས་མ་ཁྱོད་ལ། །རྩེ་གཅིག་གུས་པས་མངོན་པར་བསྟོད་ཅིང༌། །ཕྱག་འཚལ་གསོལ་བ་བཏབ་པའི་མཐུ་ལས། །བདག་ཅག་རྗེས་སུ་འཛིན་པར་མཛོད་ཅིང༌། །གནས་སྐབས་མི་དང་མི་མིན་འཚེ་བ། །སྡིག་དང་སྡུག་བསྔལ་འཇིགས་ཆེན་བརྒྱད་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད། །ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས། །ཡེ་ཤེས་ཡོན་ཏན་ཕྲིན་ལས་
རྣམ་བཞི། །གྲུབ་པ་དབང་ཕྱུག་ཡོན་ཏན་བརྒྱད་སོགས། །ཕུན་སུམ་ཚོགས་པས་འབྱོར་བར་མཛོད་ཅིག །མཐར་ཐུག་བདེ་ཆེན་ཞིང་དུ་སྐྱེས་ནས། །རྫོགས་སྨིན་སྦྱངས་གསུམ་ཕ་རོལ་སོན་ཅིང༌། །དོན་གཉིས་མཐར་ཕྱིན་བྱང་ཆུབ་གོ་འཕང༌། །མྱུར་དུ་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་འདོད་དོན་གསོལ་འདེབས་སུ་སྦྱར་རོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །།
རྗེ་བཙུན་སྒྲོལ་མ་བཙོན་འདོན་མའི་བསྙེན་སྒྲུབ་ཀྱི་ཆོ་ག་མན་ངག་དང་བཅས་པ།
རྗེ་བཙུན་སྒྲོལ་མ་བཙོན་འདོན་མའི་བསྙེན་སྒྲུབ་ཀྱི་ཆོ་ག་མན་ངག་དང་བཅས་པ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷི། «གྲུབ་པའི་སློབ་དཔོན་ཆེན་པོ་ཉི་མ་སྦས་པས་མཛད་པའི་རྗེ་བཙུན་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་ལས། བཅུ་དགུ་པ་རྗེ་བཙུན་སྒྲོལ་མ་སྡུག་བསྔལ་ཐམས་ཅད་སྲེག་པར་བྱེད་པའི་ལས་ཀྱི་ཡན་ལག་ཁྲི་མུན་ལས་ཐར་པའི་ཆོ་ག་ལ་གཉིས། རྩ་བའི་གཞུང་དགོད་པ་དང༌། དེའི་མན་ངག་དབྱེ་བའོ། །དང་པོ་ནི།» ཕྱག་འཚལ་ལྷ་ཡི་ཚོགས་རྒྱལ་པོ་དང༌། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། «།གཉིས་པ་ལ་ལྔ། དགོས་པ། རྟེན་བཤམ་པ། ཉེ་བར་བསྙེན་པ། སྒྲུབ་པ། གསང་སྔགས་བསྟན་པའོ། །དང་པོ་ནི། ས་བླ། ས་སྟེང༌། ས་འོག་སྟེ།» ས་གསུམ་«གྱི་»དབང་པོ། «ཚངས་པ་དང༌། བརྒྱ་བྱིན་སོགས་འདོད་ཁམས་པའི་ལྷའི་ཚོགས་རྣམས་དང༌། འཁོར་ལོས་བསྒྱུར་བ་སོགས་མིའི་རྒྱལ་པོ་འབངས་དང་བཅས་པ་རྣམས་དང༌། རྒྱ་མཚོ་ཆེན་པོ་ལ་དབང་བསྒྱུར་བའི་ཆུའི་ལྷ་དང༌། དེས་མཚོན་ཏེ་རི་དང༌། ཤིང་དང༌། ཁྱིམ་གྱི་ལྷ་ལ་སོགས་པ་ལྷའི་ཁྱད་པར་དང༌། མིའམ་ཅི་ལ་སོགས་པའི་མི་མ་ཡིན་དབང་ཆེ་བ་རྣམས་ཀྱིས་སྒྲུབ་པ་པོའི་ཞབས་ཀྱི་པདྨོ་ལ་གུས་པས་རབ་ཏུ་མཆོད་ཅིང༌། བསྙེན་པར་འགྱུར་པ་དང༌།» ཀུན་ནས་«ཏེ་དུས་རྟག་ཏུ་ཕན་པ་དང་བདེ་བའི།» དགའ་«བ་»སྐྱེད་«བར་མཛད་པ། རྗེ་བཙུན་མ་སྒྲོལ་མའི་ལྷའི་སྐུ་དང༌། སྔགས་ཀྱི་གོ་ཆ་སྟེ་སྲུང་བ་ཆེན་པོ་རབ་ཏ»ུ་འབར་བ་ཡི། «
ལྷ་སྔགས་ཡེ་ཤེས་ཀྱི་»གཟི་ཡིས་«དམིགས་བྱ་གང་ལ་»བལྟས་ན་«སྟེ་དམིགས་པ་ཙམ་གྱིས་རྒྱལ་པོའི་ཁྲི་མུན་དུ་ཆུད་པས་མཚོན། མུ་སྟེགས་སོགས་ཕ་རོལ་གྱི་རྒོལ་བས་བརྩོད་པ་དང༌། རྨི་ལམ་ངན་པ་སོགས་ལུས་ངག་ཡིད་ལ་མི་བདེ་བར་བྱེད་པའི་»སྡུག་བསྔལ་«ཐམས་ཅད་ངེས་པར་»སེལ། «བར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་མན་ངག་ཐོབ་ཅིང༌། དམ་ཚིག་དང་ལྡན་པ། རང་གཞན་གྱི་ཕན་པ་དང་བདེ་བའི་དོན་ལ་རབ་ཏུ་ཞུགས་པ་རྣམས་ཀྱིས་»བརྩོན་པ་«ཆེན་པོ་»ས་«ཉིན་མཚན་»དུས་དྲུག་ཏུ་བསྒོམ་པར་བྱ«འོ།» «གཉིས་པ་ནི། ལག་ལེན་གྱི་སྐབས་སུ་བསྙེན་པའི་ཚེའང་རྟེན་བཤམ་པར་མཛད་པ་ལྟར་ས་བཅད་འདིར་བཞག་ཀྱང༌། གཞུང་གི་གོ་རིམ་ལ་འོག་གི་སྒྲུབ་པའི་སྐབས་སུ་འབྱུང་བ་ཉིད་དོ། །གསུམ་པ་ནི། པྃ་ལས་»པདྨ་དཀར་«པོ་»དང་«རྃ་ལས་»ཉི་«མའི་དཀྱིལ་འཁོར་གྱི་སྟེང་དུ། ཛཿདཀར་པོ་ལས་ཕྱག་མཚན་ཛཿས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སྒྲོལ་མ་སྡུག་བསྔལ་ཐམས་ཅད་ངེས་པར་སྲེག་མ་ཞབས་»གཡས་བརྐྱང་«བའི་»སྐྱིལ་ཀྲུང་«ཕྱེད་པའི་རོལ་པ་ཅན། མེ་ཏོག་»ཀུནྡའི་མདོག་«ལྟར་དཀར་བ་ཁ་དོག་»སྣ་ཚོགས་«པའི་»འོད་«ཟེར་གྱི་»ཕྲེང་«བ་དུ་མ་དང༌། དར་དང་རིན་པོ་ཆེས་»སྐུ་«ལ་»བརྒྱན་ནས། «སྒེག་ཅིང་རོལ་པའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱི་ཐུགས་ཀར་»མེ་«འབར་བ་དང་བཅས་པའི་»ཐབ་«ཁུང་»བསྣམས་ཤིང་«སྡུག་བསྔལ་ཅན་རྣམས་ཀྱི་»སྡུག་
བསྔལ་«གྱི་བུད་ཤིང་ངེས་པར་»སྲེག་«པ་སྟེ།» «དེ་ལྟ་བུའི་ལྷ་མོ་དམ་ཚིག་པ་བསྒོམ། གནས་གསུམ་བརླབ། ཡེ་ཤེས་པ་གཞུག དབང་འགྱུར་ཞིང་རིགས་བདག་གི་རྒྱས་གདབ་པ་དང་བཅས་ལྷ་སྐུའི་གསལ་སྣང་སྒྲུབ་ཅིང༌། སྔགས་བཟླས་པས།» ལྟས་མཐོང་«བའི་བར་དུ་ཉེ་བར་»བསྙེན་པར་བྱའོ། །«བཞི་པ་ནི།» «ལྟས་མཐོང་ནས་ཀྱང་སྒྲུབ་པ་པོ་»ས་འཕགས་མ་ཉིད། །སྐྱབས་«སུ་རྩེ་གཅིག་ཏུ་»གཟུང་«སྟེ།» «རྣམ་པར་གཡེང་བའི་»སྦྱོར་«བ་»གཞན་«ཐམས་ཅད་»སྤངས་ནས་ནི། «རྟེན་བཤམ་པ་ལ། རང་གི་མདུན་དུ།» བ་ལང་«གི་»ལྕི་«བ་ས་ལ་མ་ལྷུང་བས་»བྱུགས་«པའི་»དཀྱིལ་འཁོར་«ངོས་འཇམ་པར་བྱ།» «ས་ལ་»དབུས་སུ་«ཕྱག་མཚན་ས་བོན་དང་བཅས་པ་བྲི། མཆོད་པ་བཤམ། རྟེན་དེ་ཉིད་ཇི་སྐད་བཤད་པའི་རྗེ་བཙུན་སྒྲོལ་མའི་»གསུང་«ཡིག་འབྲུ་ལས་»ཐུགས་«ཕྱག་མཚན་དང༌། དེ་ལས་»སྐུ་«ཡོངས་རྫོགས་སུ་»བསྐྱེད་«པར་བྱས་»ནས། «དེའི་གནས་གསུམ་བྱིན་གྱིས་བརླབ་ཅིང༌། ཡེ་ཤེས་པ་»དེ་«ལྟ་བུ་»ཉིད་སྤྱན་དྲངས་«ཏེ་བསྟིམ་ཞིང་དབང་བསྐུར་བ་རིགས་བདག་གི་རྒྱས་གདབ། མཆོད་ལོན་སོགས་ཀྱིས།» མཆོད་«པ་དང༌། བསྟོད་པ་»སྔོན་«དུ་»འགྲོ་«བས།» «བསྒྲུབ་བྱ་བཙོན་ར་ལས་ཐར་པར་མཛད་དུ་གསོལ་སྙམ་པའི།» གསོལ་«བ་དྲག་ཏུ་»བཏབ་«ནས་»སྙིང་བརྩེ་«བའི་ཡིད་རྩེ་གཅིག་པ་»ས་བསྙེན་པ་«ཁ་»གསོ། «བའི་ཚུལ་གྱིས། རྒྱལ་པོ་ལ་སོགས་པའི་»ཁྲི་«མུན་གྱི་»བཙོན་«རར་ཆུད་པ་གང་ཡིན་པ་དེའི»་ལོ་གྲངས་«ཀྱི་ཆོ་ག་དང༌།» «ཆོ་ག་རེ་རེ་ཞིང་སྔགས་»བརྒྱ་རྩ་བརྒྱད། «སོགས་བཟླ།» «ཐུན་མཚམས་སུ་»མཆོད་«པ་དང་»བསྟོད་«པ་དང་»གསོལ་བ་«གདབ་པ་རྣམས། སྒྲུབ་པ་པོའི་སྒོ་གསུམ་གཞན་དུ་»མ་ཡེངས་«པར་འཇུག་པ་གཅིག་ཏུ་དྲིལ་ནས་ཇི་སྲིད་བཙོན་ར་ལས་དངོས་སུ་འཐོན་པའམ། རྨི་ལམ་ལ་སོགས་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་དུ་»བྱ། «བ་ཡིན་ནོ། །ལྔ་པ་ནི། དེ་ལྟ་བུའི་ལྷ་བསྒོམ་པའི་སྐབས་སུ་བཟླ་བྱའི་སྔགས་ནི།» ན་མོ་རཏྣ་ཏྲ་ཡཱ་ཡ།«་་་་་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།» ན་མོ་ཨཱརྻ་ཨ་བ་ལོ་ཀེ་ཏེ་ཤྭ་རྭ་ཡ།«་་་་་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།» བོ་དྷི་སཏྭཱ་ཡ།«་་་་་བྱང་ཆུབ་སེམས་དཔའ་»མ་ཧཱ་སཏྭཱ་ཡ།«་་་་་སེམས་དཔའ་ཆེན་པོ་»མ་ཧཱ་ཀ་རུ་ཎི་ཀཱ་ཡ།«་་་་་ཐུགས་རྗེ་ཆེན་པོ་དང་ལྡན་པ།» ཏ་དྱ་ཐཱ།«་་་་་འདི་ལྟ་སྟེ།» རྀ་ཛུ་ཀརྨ་ནིརྻ་ཏེ།«་་་་་འཆིང་བའི་ལས་ལས་དབུགས་འབྱིན་པ།» ཏཱ་རེ་ཏཱ་རཱ་ཡ།«་་་་་ཀྱེ་སྒྲོལ་མ་སྒྲོལ་བའི་ཆེད་དུ།
» བྷ་ག་ཝ་ཏཱི་ཏུཏྟཱ་རེ། «ཀྱེ་བཅོམ་ལྡན་འདས་མ་གདུང་བ་སྐྱོབ་མ།» བྲ་ཧྨ་བྷཱ་ཡ། «ཚངས་པའི་འཇིགས་པ་ལས།» མོ་ཙ་ནི། «གྲོལ་བར་མཛོད་ཅིག» ཏུ་རེ་སྭཱ་ཧཱ།«་་་་་ཀྱི་མྱུར་མ་བདེ་བ་ཀུན་སྩོལ་ཅིག» རྗེ་བཙུན་མ་སྒྲོལ་མ་སྡུག་བསྔལ་སྲེག་པའི་ཁྲི་མུན་ལས་ཐར་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་པས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཆེན་པོ་དེ་ཉིད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས་ཉེ་བར་ཕྱུང་བའོ། «།ཞེས་པ་འདི་ལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ས་བཅད་དང༌། སྔ་ཕྱིའི་མཆན་རྣམས་སྒོ་བསྟུན་ཏེ་དག་པར་བྲིས་པ་དགེ།» ༈ །བཅུ་དགུ་པ་བཙོན་ར་ལས་ཐར་བ་ལ་བཞི། དགོས་པ་དང༌། རྟེན་བཤམ་པ་དང༌། ཉེ་བསྙེན་དང༌། ལས་སྦྱོར་རོ། །དང་པོ་ནི། མིའི་བདག་པོ་ལ་སོགས་པས་རབ་ཏུ་བསྡམས་པ་ལས་ཐར་བར་བྱ་བའི་ཕྱིར་རོ། །གཉིས་པ་ནི། དཀྱིལ་འཁོར་ཁྲུ་གང་པ་བ་ལང་གི་ལྕི་བས་བྱུགས་པའི་དབུས་སུ་ཨུཏྤ་ལ་ཛཿས་མཚན་པ་བྲི། དེར་མེ་ཏོག་ཚོམ་བུ་དགོད། མེ་ཏོག་ཚོམ་བུ་ལྔ་ཕྱི་རོལ་དུ་དགོད་པའོ། །གསུམ་པ་ཉེ་བསྙེན་ནི། ཡན་ལག་བཞིས་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། མདུན་དུ་མཎྜལ་གྱི་སྟེང་དུ་ཡན་ལག་བཞིས་བདག་ལྟ་བུའི་རྗེ་བཙུན་མ་བསྐྱེད་ལ། ཕྱག་འཚལ། མཆོད་པས་མཆོད། བསྟོད་པ་རྩ་གཅིག་པ་དང་ཡན་ལག་བདུན་པ་བྱས་ནས། བཙོན་ར་ལས་ཐར་བར་མཛོད་ཅེས་གསོལ་བ་གདབ། དེ་ནས་རང་སྒྲོལ་མ་དཀར་མོར་བསམས་པའི་ཛཿལས་འོད་འཕྲོས། བསྒྲུབ་བྱ་ཐམས་ཅད་ཁྲི་མུན་ལ་སོགས་པ་ལས་ཐར་བར་བསམ་ཞིང༌། ཐུན་བཞིའི་ངེས་པས་ཁྲི་ཕྲག་ཡན་
ཆད་བཟླ། ཐུན་མཚམས་སུ་མཎྜལ་གྱི་སྒྲོལ་མའི་ཡེ་ཤེས་པ་གཤེགས་པ་དང་དམ་ཚིག་པ་བདག་ལ་བསྡུའོ། །བཞི་པ་སྒྲུབ་པའམ་ལས་སྦྱོར་ནི། རྟེན་བཤམ་པ་ནས་མདུན་དུ་བསྐྱེད་པ་ལ་མཆོད་པ་ཡན་ལག་བདུན་པ་སྔར་བཞིན་བྱས་ནས་སྨྲ་བཅད་བྱས་ལ། སྔགས་བརྒྱ་རྩ་བརྒྱད་རེ་ཐོན་པ་དང༌། མཆོད་པ་དང༌། བསྟོད་པ་དང༌། གསོལ་བ་གདབ་པ་བྱ་བ་མཚན་ཐོག་ཐག་གཅིག་གམ། བཙོན་ར་ལས་ཐར་པའི་མཚན་མ་དངོས་སམ། རྨི་ལམ་དུ་བྱུང་བའི་བར་དེ་སྲིད་དུ་བྱའོ། །འཕགས་མ་སྒྲོལ་མ་སྡུག་བསྔལ་ཐམས་ཅད་སྲེག་པའི་ལས་ཀྱི་ཡན་ལག་ཁྲི་མུན་ལས་ཐར་བ་སྟེ་བཅུ་དགུ་པའོ། །ཞེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གསལ་བྱེད་ཀྱི་ཡི་གེ་ལས་བྱུང་བའོ།། །།རྗེ་བཙུན་སྒྲོལ་མ་བཙོན་འདོན་མའི་ཆོ་ག་བཀླག་པས་གྲུབ་པར་བཀོད་པ་བྱིན་རླབས་ཐུགས་རྗེའི་གདུགས་དཀར་ཅེས་བྱ་བ་བཞུགས་སོ།། །།སངས་རྒྱས་ཀུན་དངོས་བླ་མ་དང༌། །ལྷ་མོ་ཐུགས་རྗེ་ཆེ་ལྡན་པ། །དུཿཁ་སྲེག་མཛད་ལ་བཏུད་ནས། །ཁྲི་མུན་ལས་ཐར་བྱེད་པ་བྲི། །དེ་ལ་འཕགས་མ་སྒྲོལ་མའི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་བའི་གྲུབ་ཆེན་ཉི་མ་སྦས་པས་ལེགས་པར་བཀྲལ་བའི་རྗེ་བཙུན་མའི་ཆོས་སྐོར་ལས། སྡུག་བསྔལ་ཐམས་ཅད་ངེས་པར་སྲེག་པའི་སྒྲོལ་མ་ལ་བརྟེན་ནས་ཡིད་ཅན་གང་ཞིག་བཙོན་རར་བཅུག་པའི་འཇིགས་པ་ལས་འདོན་པའི་ཆོ་ག་བཀླག་པས་གྲུབ་པར་དགོད་པ་ལ་གཉིས། སྔོན་དུ་ལྷ་ཉེ་བར་བསྙེན་པ་དང༌། བསྙེན་པ་རྫོགས་ནས་ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི།
རྗེས་སོ། །དང་པོ་ནི། རེ་ཞིག་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འདིའི་རྗེས་སུ་གནང་བ་མན་ངག་དང་བཅས་པ་ལེགས་པར་ཐོབ་པ། སྙིང་རྗེ་ཆེན་པོ་དང་ལྡན་པའི་སྔགས་པས། གནས་གཙང་ཞིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པར་ཁྲུས་བྱ། གོས་གཙང་མ་གྱོན། མདུན་དུ་ས་གཞིའམ་མཎྜལ་གཙང་མ་བ་བྱུང་གི་ལྕི་བ་ས་ལ་མ་ལྷུང་བས་བྱུགས་པར་དཀྱིལ་འཁོར་བྱ་སྟེ། དེའི་དབུས་སུ་ཨུཏྤ་ལ་ཛཿས་མཚན་པ་བྲི། དེར་མེ་ཏོག་གི་ཚོམ་བུ་དགོད། ཕྱི་རོལ་དུ་མེ་ཏོག་གི་ཚོམ་བུ་ལྔ་དགོད། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང༌། གཏོར་མ་སྒྲོལ་མའི་གཅིག དེ་ནས་རང་གི་ཆོས་སྐྱོང་དང༌། མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་སོགས་ལ་སྤྱི་ལྟར་བཤམ། འདི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བརྟེན་པ་ཡིན་པས། འབྱོར་ན་རང་གི་མདུན་དུ་ནང་མཆོད་ཀྱང་བཤམ། མདུན་དུ་རས་བྲིས་ལ་སོགས་པའི་རྟེན་དགྲམ། གཉིས་པ་ལ་གསུམ། བདག་གི་རྣལ་འབྱོར། མདུན་བསྐྱེད་བསྒོམ་པ། ཐུན་མོང་དུ་བཟླས་པས་སྒྲུབ་པའོ། །དང་པོ་ནི། རང་ཉིད་སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨོཾ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་ཀྱི་བྱེ་
བྲག་ཇི་སྙེད་ཡོད་པ་ཐམས་ཅད་རང་བཞིན་སྟོང་པ། རྣམ་པ་མཆོད་ཡོན་ལ་སོགས་པའི་མཆོད་རྫས་སོ་སོར་སྣང་བ། ངོ་བོ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་ནུས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ། ནམ་མཁའི་མཐའ་དང་མཉམ་པ། བླ་མ་དང་རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། མཆོད་པའི་སྤྲིན་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎེ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་དམིགས་ཏེ། སྦྱིན་པའི་བདག་པོས་ཐོག་དྲངས་བདག་གཞན་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་
ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། དྲིན་ཅན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་དང༌། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདུན་ནམ་ཉེར་གཅིག བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གི་བསྒོམ་བཟླས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ལན་གསུམ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕགས་མ་སྒྲོལ་མའི་རྣལ་འབྱོར་གྱི་སྒོ་ནས་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ལ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་དུས་རྟག་ཏུ་མི་འབྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་མཐའ་དག་དང་བྲལ་ནས་ཆགས་སྡང་མེད་པའི་ངང་དུ་སེམས་བཏང་སྙོམས་པར་བྱ། ཞེས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསག ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ་གིས་གཟུང་
འཛིན་གྱི་ཆོས་ཐམས་ཅད་སྟོང་པར་བསམས་ལ་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཚོགས་གཉིས་ཀྱི་རང་འབྲས་སྒྱུ་མ་ལྟ་བུའི་ལྷའི་སྐུ་བསྒོམ་པ་ནི། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛཿཟླ་བའི་མདོག་ཅན། དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལའམ། མེ་ཐབ་ཛཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་སྒྲོལ་མ་དུཿཁ་ཐམས་ཅད་སྲེག་མ་ཞེས་བྱ་བ། སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཐུགས་ཀར་མེ་ཐབ་བསྣམས་པ། པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་ལ་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་དང༌། འོད་ཟེར་སྣ་ཚོགས་པའི་ཕྲེང་བས་བརྒྱན་པ། གཟི་བརྗིད་དཔག་ཏུ་མེད་པ་དང་ལྡན་པར་བསྐྱེད། དེའི་ཐུགས་ཀའི་ཕྱག་མཚན་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་པུཥྤེ་ནས། ནཻ་ཝི་དྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་མཆོད་པ་ལྔས་མཆོད། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བཅིང་ཞིང་མཉེས་པར་བྱས་ནས་རང་དང་གཉིས་སུ་མེད་པར་བསམ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་བསམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་
རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་པུཥྤེ་སོགས་མཆོད་པ་ལྔས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་པས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་«་་་་་ཁ་ཅིག་དབང་དང་ལས་ཀྱི་རིགས་སུ་འདོད་པ་ཡོད་ཀྱང༌། དེ་བཞིན་གཤེགས་པའི་རིགས་སུ་འདོད་པ་ཉིད་དུ་འཐད་པས།» རིགས་བདག་རྣམ་སྣང་གིས་དབུར་བརྒྱན་པར་བསམ། གཉིས་པ་ནི། དེ་ནས་མདུན་གྱི་ཚོམ་བུ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭཱ་བྷཱ་ཝས་སྟོང་པར་སྦྱངས་པ་སྔོན་ཏུ་འགྲོ་བས། སྟོང་པའི་ངང་ལས་སོགས་ནས། རིགས་བདག་རྣམ་སྣང་གིས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ཇི་ལྟ་བ་བཞིན་ཡན་ལག་བཞི་རྫོགས་སུ་བསྐྱེད། དབང་གི་ལྷ་ལ་གསོལ་བ་གདབ་པའི་སྐབས། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱི་མལ་དུ། འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་བསྒྱུར། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབས་ལ། ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་མཆིས་པ་དང༌། །བདག་གི་གུས་པས་བཤམས་པ་འདི། །རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་དང༌། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་
མ་ཡེ་ཧཱུྃ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་དང༌། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ་རྣམས་བཅུག་ལ་སོ་སོའི་ཕྱག་རྒྱ་དང་བཅས་པ་དང༌། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཅིང༌། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཤབྡ་སོགས་རོལ་མོ་དང་བཅས་པས་མཆོད། བསྟོད་པ་ནི། རྒྱས་པར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའམ། བསྙེན་པའི་སྐབས་དེ་ཙམ་མ་གྲུབ་ན། ཕྱག་འཚལ་ལྷ་ཡི་ཚོགས་རྒྱལ་པོ་དང༌། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་པས་བསྟོད་ལ། སྐབས་འདིར་རྗེ་བཙུན་རིན་པོ་ཆེའི་ཡིག་ཆར་ཡན་ལག་བདུན་པ་བྱ་བར་གསུངས་པས། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཞེས་སོགས་སྤྱི་ལྟར་བྱ། རང་དང་མདུན་བསྐྱེད་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་ཛཿཡིག་དཀར་པོའི་མཐར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། རྀ་ཛུ་ཀརྨ་ནིརྻཱ་ཏེ། ཏཱ་རེ་ཏཱ་རཱ་ཡ། བྷ་ག་ཝ་ཏཱི་ཏུཏྟཱ་རེ། བྲཧྨ་བྷཱ་ཡ་མོ་ཙ་ནི་ཏུ་རེ་སྭཱ་ཧཱ། ཞེས་པ་བཀོད་དེ། དེ་ལས་འོད་དཀར་པོ་སྟོན་ཀའི་ཟླ་བ་ལྟར་གཟི་བརྗིད་ཆེ་བ་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཁྱད་པར་བཙོན་དུ་བཟུང་བའི་ལས་དང་ཉོན་མོངས་པ་ཐམས་ཅད་བསྲེགས་ནས། འོད་ཟེར་ཚུར་འདུས་ནས་
ཡིག་འབྲུ་ལ་ཐིམ་པས་གཟི་བརྗིད་བསྐྱེད་པར་བསམ། སྔགས་བརྒྱ་རྩ་རེ་སོང་བ་དང༌། ཐལ་མོ་སྦྱར་ཏེ། བསྒྲུབ་བྱའི་མིང་ནས་སྨོས་ལ་ཆེ་གེ་མོ་བཙོན་ར་ནས་ཐར་བར་མཛོད་ཅིག ཅེས་པའི་སྤེལ་ཚིག་བཅུག་ལ་བདུན་བདུན་བཟླ། དེ་ལྟར་ཐུན་བཞིར་བཟླས་པས་བསྙེན་པ་ཁྲི་ཕྲག་གཅིག་ཡན་ཆད་རྫོགས་པར་བྱ། གསུམ་པ་ནི། ཐུན་ཐམས་ཅད་ཀྱི་མཇུག་གི་ཐུན་མཚམས་སུ་མཆོད་པ་ཞལ་གསོ། བསང་སྦྱངས་བྱིན་གྱིས་བརླབས་ལ། གོང་ལྟར་མཆོད་ཕྲེང་རྒྱས་པའམ། སྔགས་ཙམ་གྱིས་མཆོད། བསྟོད་པས་བསྟོད། གཏོར་མ་གཏོང་བ་ནི་འོག་ནས་འབྱུང་བ་ལྟར་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཀྱི་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་སོགས་རྒྱས་བསྡུས་གང་རུང་གིས་ནོངས་པ་བཤགས། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་བདེ་བ་ཉིད་དང་ཡིད་བདེ་བ་ཉིད་ཀྱིས་མིའི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་བསྔོ་སྨོན་བྱ། ཨོཾ་«་་་་་ཚོམ་བུའི་གཤེགས་གསོལ་འདི་གྲོལ་རྒྱུའི་ཐུན་རྗེས་མ་བར་མ་བྱས་པར། དེའི་ཚབ་ཏུ་བརྟན་ཞུགས་སྤྱི་ལྟར་བྱས་ཀྱང་རུང་མོད། རྩ་བའི་ཡི་གེ་སོར་བཞག་ལྟར་བྲིས་པའོ།།» ཁྱོད་ཀྱིས་སེམས་
ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ མདུན་བསྐྱེད་ཚོམ་བུའི་ཡེ་ཤེས་པ་དང༌། རྟེན་ལ་མ་བརྟེན་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་དང༌། སྟོན་མཆོག་དམ་པ་སོགས་སམ། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་མེ་ཏོག་གི་ཆར་དབབ་ཅིང་སྤྱོད་ལམ་དགེ་བའི་བྱ་བ་ལ་འཇུག ཐུན་བར་རྣམས་སུའང་འགྲུབ་ཏུ་རུང་ན། རྟེན་གསུམ་བྱིན་ཅན་ལ་མཆོད་འབུལ། མཎྜལ། ཕྱག་བསྐོར། མདོ་སྡེ་ཟབ་མོ་ཀློག་པ། སཱཙྪ་དང༌། ཆུ་གཏོར་སོགས་དགེ་བའི་དཔུང་བསྐྱེད་པས་ལས་ཀྱི་སྒྲིབ་པ་སྦྱོང་བ་དང༌། བསོད་ནམས་སྐྱེད་པའི་ཐབས་ལ་བརྩོན་པར་བྱའོ། །གཉིས་པ་དེ་ལྟར་བསྙེན་པ་རྫོགས་ནས་ལས་སྦྱོར་ནི། མདུན་གྱི་དཀྱིལ་འཁོར་རྒྱས་པར་བྱེད་ན། ལེའུ་བཅུ་པར་བཤད་པའི་དཀྱིལ་འཁོར་དང་འདྲ་བ་ལ། ཁྱད་པར་དབུས་སུ་འདིར་སྡུག་བསྔལ་སྲེག་པའི་སྒྲོལ་མ་བསྐྱེད། འཁོར་དུ་བླ་མ་མལ་གྱོས་ལྷ་བཅུ་དྲུག་གིས་བསྐོར་བ་བཞེད། པུ་རྩེར་གྱིས་པད་འདབ་ཉི་ཤུའི་ལྟེ་བར་པདྨ་འདབ་བརྒྱད་བྱས་པའི་ལྟེ་བར་གཙོ་མོ་དང༌། འདབ་བརྒྱད་ལ་རིགས་བཞིའི་ཡུམ་བཞི་དང༌། པད་འདབ་ཉི་ཤུ་ལ་ཕྱག་འཚལ་ཉི་ཤུའི་ལྷ་མོ་འགོད་དེ། དེ་བཞིན་བྱེད་ན་དཀྱིལ་ཆོག་ལས་ཤེས་པར་བྱའོ། །འདིར་ལག་ཏུ་
ལེན་རྒྱུ་བསྡུས་པའི་ལུགས་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ལས་སྦྱོར་འདི་ལ་སྒྲུབ་པའི་གྲོགས་ངེས་པར་དགོས་ཤིང༌། དེ་ཐམས་ཅད་ཀྱང་སྔོན་དུ་བསྙེན་པ་ཐོན་པ་བྱུང་ན་ལེགས་པས། གནས་ཁང་གཅིག་ཏུ་བསྙེན་པ་གཏང་བའམ། སོ་སོར་གཏང་ནའང་རུང༌། གང་ལྟར་ཡང་སྒྲུབ་པའི་སྐབས་ལྷན་ཅིག་ཏུ་ཚོགས་དགོས་པས། བསྙེན་པའི་མཇུག་དེ་ཉིད་དུ་སྒྲུབ་པ་བྱེད་པ་ཡིན་ན་སྔར་གྱི་མཆོད་གཏོར་སོགས་རྙིང་པ་བརྗེས་ནས་གསར་དུ་བཤམ་པ་ཙམ་གྱིས་རུང་མོད། བསྙེན་སྒྲུབ་སོ་སོར་བྱེད་ན་རྟེན་དང་མཆོད་གཏོར་སོགས་བསྙེན་པའི་སྐབས་ཇི་ལྟ་བ་བཞིན་བཤམ། སྒྲུབ་པའི་གྲོགས་དང་བཅས་པའི་དགེ་འདུན་བཞི་སྡེ་ལས་མི་ཉུང་བས་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་ཆོ་ག་ལ་འཇུག་པར་བྱའོ། །གཉིས་པ་ནི། བདག་བསྐྱེད་ཀྱི་རྣལ་འབྱོར། མདུན་བསྐྱེད་བསྒོམ་པ། བཟླས་པ་བྱ་བ་རྣམས་སྔར་བསྙེན་པའི་སྐབས་སུ་ཇི་སྐད་བཤད་པ་བཞིན་བྱ་བ་ལས། མཆོད་པ་རྒྱས་པས་མཆོད་ཅེས་འབྱུང་བས། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་པའི་རྗེས་སྤྲོ་ཞིང་ནུས་ན་རིན་ཆེན་སྣ་བདུན་འབུལ་བ་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར། ཞེས་སྤརྴེའི་བར་གྱི་མགོར་སྦྱར། ཙཀྲ་རཏྣ་ཞེས་གོ་བརྗེ། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པ་སྤརྴེའི་བར་གྱི་མཇུག་ཏུ་སྦྱར། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ། བཙུན་མོ་རིན་ཆེན་
འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །སྟྲི་རཏྣ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །པུ་རུ་ཥ་རཏྣ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་ཐམས་ཅད་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་འགྲོ་བར་ཤོག །ཧསྟི་རཏྣ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ཡོངས་གྲོལ་ཞིང༌། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཏུ་རངྒ་ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ། བཀྲ་ཤིས་རྫས་བརྒྱད་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་རྗེ་བཙུན་སྒྲོལ་མ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨཥྚ་མངྒ་ལ་དྲ་བྱ། འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །རཱུ་པ་ཀཱ་མ་གུ་ཎ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། །མོས་བློས་སོགས་ཚིག་རྐང་ཐ་མ་གཉིས་བགྲེ། ཤབྡ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་
པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴ རཱ་ས། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ སྤརྴེ། གོས་ཟུང་ནི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝཱ་ས་སེ་སྭཱ་ཧཱ། །ཞེས་པས་དབུལ། མཎྜལ་ཚོམ་བུ་སོ་བདུན་མའམ། བདུན་མ་སྤྱི་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བསྒྲུབ་བྱའི་མིང་ནས་སྨོས་པའམ། སྦྱིན་པའི་བདག་པོ་བཙོན་རའི་འཇིགས་པ་ལས་མྱུར་དུ་ཐར་ནས་ལུས་ངག་ཡིད་གསུམ་བདེ་བ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྒྱ་རྩ་སོགས་ཅི་ནུས་དབུལ། ཕྱག་འཚལ་ཉེར་གཅིག་གིས་བསྟོད། རྗེ་བཙུན་འཕགས་མ་སྒྲོལ་མ་དང་སོགས་ཡན་ལག་བདུན་པ་བྱ། སྨྲ་བ་གཞན་བཅད་ལ་འདོད་དོན་ལ་གསོལ་བ་འདེབས་པའི་ཡིད་རྩེ་གཅིག་པས་སྒྲུབ་པའི་གྲོགས་རྣམས་དང་བཅས་ཏེ་སྔགས་རྒྱུན་མི་འཆད་པར་བཟླ། བཟའ་བཏུང་སོགས་ཀྱང་རེས་མོས་སུ་བྱ། སྔགས་བརྒྱ་རྩ་རེ་སོང་བ་དང་མཆོད་བསྟོད་གསོལ་འདེབས་སྔར་བཞིན་བསྡུས་པ་རེ་བྱ། བརྒྱད་བརྒྱ་རེ་ཐོན་པ་དང་བསྟོད་པ་རྒྱས་པ་རེ་བྱ། དེ་ཡང་ཕྱག་འཚལ་ཉེར་གཅིག་ཚར་བདུན་སོགས་ཅི་རིགས་པ་དང༌། མཐར་ལྷ་མོ་ལ་གུས་སོགས་བསྟོད་པའི་ཕན་ཡོན་ཀྱང་དྲན་བཞིན་པས་གདོན། སྤྲོ་ཞིང་ནུས་ན་སློབ་དཔོན་ཉི་མ་སྦས་པ་དང༌། ཙནྡྲ་གོ་མི་དང༌། ཐམས་ཅད་
མཁྱེན་པའི་བཤེས་གཉེན་སོགས་ཀྱིས་མཛད་པའི་བསྟོད་པ་བྱིན་རླབས་ཅན་རྣམས་ཀྱིས་ཀྱང་རེས་མོས་སུ་བསྟོད་ན་ལེགས་མོད། མ་བྱུང་ཀྱང་འགལ་བ་མེད། གང་ལྟར་ཡང་གཏོར་མ་འབུལ་བ་ལ་གསུམ་ལས། དང་པོ་ཡི་དམ་གྱི་ལྷ་རྗེ་བཙུན་སྒྲོལ་མ་ལ་འབུལ་བ་ནི། གཏོར་མ་ནང་མཆོད་ཆུ་ཆང་གིས་བྲན། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡྃ་ལས་རླུང༌། རྃ་ལས་མེ། ཨ་ལས་ཐོད་པའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་ཡེ་ཤེས་ལྔ་དང༌། དེ་དག་གི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཨཱཿས་མཚན་པ། ཨཱཿལས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས། མེ་སྦར་བས། ཤ་ལྔ་དང༌། བདུད་རྩི་ལྔ་དང༌། ཡེ་ཤེས་ལྔ་ཞུ་བའི་རླངས་པ་སྣ་ཚོགས་རྡོ་རྗེ་ལ་ཕོག་པས། ལྟེ་བའི་ཨཱཿལས་བདུད་རྩིའི་རྒྱུན་བབས་ཤིང༌། སླར་ཡང་སྣ་ཚོགས་རྡོ་རྗེའི་འོད་དང༌། རླངས་པ་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྩི་སྤྱན་དྲངས་པ། སྣ་ཚོགས་རྡོ་རྗེ་དང་ལྷན་ཅིག་ཏུ་ཐོད་པའི་ནང་དུ་ལྷུང་བས། ཁ་དོག་དང༌། དྲི་དང༌། རོ་དང༌། བཅུད་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་མང་དུ་བརྗོད་པས་བརླབ། མདུན་བསྐྱེད་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་ཀཱ་རོ་སོགས་ལན་བདུན་གྱིས་དབུལ། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་རྒྱས་བསྡུས་གང་རིགས་ཀྱིས་བསྟོད་ལ། རྗེ་བཙུན་སྒྲོལ་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་
བདག་ཅག་འཁོར་བཅས་སོགས་འདོད་དོན་གསོལ། གཉིས་པ་རང་གི་སྒོས་ཀྱི་ཆོས་སྐྱོང་གང་བྱེད་རྣམས་ལ་དབུལ་ཞིང༌། མཁའ་འགྲོ་སྤྱི་གཏོར་ཀྱང་བླ་མེད་མ་རྒྱུད་སྤྱི་ལྟར་བྱ། གསུམ་པ་འབྱུང་པོ་སྤྱི་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས་དྲན་པར་བྱས་ལ། ཨོཾ་མ་ཧཱ་བྷཱུ་ཏ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་མ་ཧཱ་བྷཱུ་ཏ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། མཆོད་སྦྱིན་གཏོར་མ་སོགས་ཕྲིན་ལས་བཅོལ། འདོད་པའི་དོན་ལ་གསོལ་བ་དྲག་ཏུ་གདབ་བོ། །ཆོ་ག་ཚར་རེའི་ཁོངས་སུ་དེ་ལྟ་བུ་གང་འགྲུབ་བྱ། ཐུན་ཁོངས་སུ་བཟླས་པ་རྒྱུན་མི་ཆད་པ་བྱུང་ན་ལེགས་པས། སྒྲུབ་པ་པོ་ཕྱེད་ཀྱིས་མཆོད་བསྟོད་སོགས་ཀྱི་བར། ཕྱེད་ཀྱིས་སྔགས་རྒྱུན་བྱ། གཅིག་ཤོས་ཀྱིས་སྔགས་རྒྱུན་ཚུགས་པ་དང་ཕྱེད་ཀྱིས་མཆོད་བསྟོད་བྱ་བ་སོགས་རེས་མོས་སུ་བྱས་ན་ལེགས། །གསུམ་པ་ནི། གང་ལྟར་ཡང་ཐུན་ལས་ལྡང་བ་ན་གཏོར་འབུལ་གྱི་མཇུག་ཏུ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བ་ནས་བཀྲ་ཤིས་ཀྱི་བར་བསྙེན་པའི་སྐབས་ལྟར་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །དེ་ལྟ་བུའི་ཚུལ་གྱིས་ཆོ་ག་ཉིན་དུས་གསུམ་དང༌། མཚན་དུས་གསུམ་སྟེ་དྲུག་ཏུ་བྱ་བར་གསུངས་པ་ལྟར་རྩེ་གཅིག་ཏུ་བསྒྲུབ་བྱའི་ལོ་གྲངས་སོགས་འབད་ནས། བསྒྲུབ་བྱ་གང་ཡིན་པ་བཙོན་ར་ལས་དངོས་སུ་ཐར་བའམ། རྨི་ལམ་དུ་ཉི་ཟླ་ཤར་བ། ཆུ་བོ་ལས་བརྒལ་བ། ཉམ་ང་བའི་གཡང་ས་དང་བཙོན་ར་ལས་ཐར་བ། བཅིངས་པ་འགྲོལ་བ་སོགས་ཀྱི་མཚན་མ་བརྟན་པོ་མ་བྱུང་གི་བར་དུ་བྱའོ། །སྒྲོལ་མ་བཙོན་འདོན་གྱི་ཆོ་ག ཉི་མ་སྦས་པའི་གཞུང་ལ་བརྟེན་ནས། བླ་མ་བརྒྱུད་པ་གཉིས་ཀྱི་
མན་ངག་བཞིན་དུ་བུ་སྟོན་གྱིས་བཀོད་པའོ། །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག ཅེས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་རབ་ཚིག་གཅིག་ཀྱང་མ་ལུས་པར་བཀོད་ནས། ལག་ལེན་དང་ངག་འདོན་སོགས་དགོས་རིགས་ཐམས་ཅད་དཔལ་ཞྭ་ལུ་པའི་བླ་མ་མཁས་པ་རྣམས་ཀྱི་གསུང་རྒྱུན་གྱི་རྗེས་སུ་འབྲངས་ཏེ། བྱ་བྲལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀླག་པས་གྲུབ་པར་བྲིས་པའི་དགེ་བས་ཡིད་ཅན་ཐམས་ཅད་གནས་སྐབས་མཐར་ཐུག་གི་འཇིགས་པ་ཐམས་ཅད་ལས་གྲོལ་ཏེ། བླ་ན་མེད་པའི་བདེ་བ་མཆོག་དམ་པ་དང་ལྡན་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ་སུ་སཱ་དྷུ་བྷ་བ་ཏུ།། །།