སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ།
བྷགཝཱྃསྟྲིསམཡབྱཱུཧརཱཛྙ྄སཱདྷནཱནུཛྙཱསོཔདེཤབིཧརཏིསྨ།།
བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། བྷ་ག་ཝཱྃ་སྟི་ས་མ་ཡ་བྱཱུ་ཧ་རཱ་ཛྙཱ་སཱ་དྷ་ནཾ། བོད་སྐད་དུ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལྷ་སྔགས་ཆོ་གའི་ཆ་ཤས་ཡོངས་གང་འོད་དཀར་ཅན། །འདའ་བར་མི་བྱ་དམ་ཚིག་གསུམ་བཀོད་ཟླ་བ་ནི། །རྩེ་གཅིག་བསྙེན་ལས་དངོས་གྲུབ་ཟིལ་དངར་མཆོག་ཐོབ་ཕྱིར། །དད་པས་བཏུད་དེ་སྒྲུབ་ཐབས་བདུད་རྩིའི་ཤིང་རྟ་དབྱེ། །སྐལ་བཟང་གང་ཞིག་སྲིད་ལས་ངེས་པར་འབྱུང་བ་དང་སྙིང་རྗེ་ཆེན་པོས་ཡིད་རང་དབང་མེད་པར་བསྐྱོད་དེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་མྱུར་དུ་འགྲུབ་པར་འདོད་པས། འདིའི་རྗེས་སུ་གནང་བ་མནོས་ནས་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཡང་དག་པར་གནས་ཏེ། གཙང་ཞིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པའི་སྒྲུབ་པའི་ཁང་པར་ཀུ་ཤ་ལ་སོགས་པའི་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ་ཁྲུས་དང་གཙང་སྦྲ་ལ་གནས་པས་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལ་ཐོག་མ་
ཁོ་ནར་རྒྱུད་ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་གསལ་བར་བལྟས་ལ། མཐའ་ཡས་འཇིག་རྟེན་ཁམས་རྣམས་ན། །ཇི་སྙེད་རྒྱལ་བ་སྲས་བཅས་ལ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །ཀུན་ནས་བདག་ནི་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་ཏེ་སྐྱབས་སུ་འགྲོ་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང༌། སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་དང༌། ལུས་ཅན་རྣམས་ཀྱི་བྱང་ཆུབ་ཕྱིར། །ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །སེམས་ཅན་ཀུན་ལ་སྨན་འགྱུར་ཕྱིར། །བཟང་
པོ་སྤྱོད་པ་སྤྱད་པར་བགྱི། །ཞེས་ལན་གསུམ་སོགས་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་བསྒོམ། དེ་ནས་ཁྲུས་དང༌། བགེགས་བསལ་བ་དང༌། རྣལ་འབྱོར་ལ་འཇུག་པའི་བྱ་བ་སོགས་རྒྱུད་དང་རྒྱ་གཞུང་རྣམས་ལས་རྒྱ་ཆེར་འབྱུང་ནའང༌། འདིར་སྒྲུབ་ཐབས་རྒྱ་མཚོའི་སྤྱི་འགྲོ་ལྟར་སྤྲོས་པ་མདོར་བསྡུས་པའི་དབང་དུ་བྱས་ནས་བསོད་ནམས་ཀྱི་ཚོགས་བསག་པ་ནི། རང་སྐད་ཅིག་གིས་ཐུབ་པ་དམ་ཚིག་གསུམ་བཀོད་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏྲཻ་ཡིག་གསེར་གྱི་མདོག་ཅན་དེ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཡེ་ཤེས་ཀྱི་ཚོགས་བསག་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ཆོས་ཐམས་ཅད་རང་གི་སེམས་སུ་འདུས་ཤིང༌།
སེམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་ངེས་པས་དྲངས་ཏེ་དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ། ཚོགས་གཉིས་ཀྱི་རང་འབྲས་སྒྱུ་མ་ལྟ་བུའི་ཟབ་གསལ་དབྱེར་མེད་ཀྱི་ལྷའི་སྐུར་བསྒོམ་པ་ན། སྟོང་པའི་ངང་ལས་པྃ་ལྗང་གུ་ལས་སྣ་ཚོགས་པདྨ་པྃ་གྱིས་མཚན་པ་དང༌། ཨ་ལས་ཟླ་བའི་གདན་ལ་ཏྲཻ་ཡིག་གསེར་གྱི་མདོག་ཅན་དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་རྒྱལ་པོ་སྐུ་མདོག་གསེར་ལྟར་འབར་བ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བའོ། །སྐུའི་གཡས་སུ་རྡོ་རྗེ་འཛིན་སེར་པོ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་རྡོ་རྗེ་སེར་པོ་འཛིན་པ། གཡོན་དུ་རྡོ་རྗེ་འཛིན་མ་སེར་མོ་གཡས་ནོར་བུ་དང༌། གཡོན་རྡོ་རྗེ་འཛིན་པ། གཡོན་གྱི་མདུན་དུ་བུ་མོ་མཐའ་ཡས་མ་ལྗང་གུ་གཡས་ཕྱག་འཚལ་བའི་ཚུལ་དང༌། གཡོན་པདྨ་འཛིན་པ། འཁོར་དེ་གསུམ་ཞི་བ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཕྱེད་སྐྱིལ་གྱིས་བཞུགས་པའོ། །གཡས་ཀྱི་མདུན་དུ་ཁྱེའུ་མཐའ་ཡས་པ་དམར་པོ་གཡས་གྲི་གུག་དང༌། གཡོན་ཐོད་པ་མེ་ཏོག་གིས་གང་བ་འཛིན་པ། ཁྲོ་བོའི་ཆ་བྱད་རྫོགས་ཤིང་སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུབ་པ་དམ་ཚིག་གསུམ་བཀོད་གཙོ་འཁོར་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་ཝེ་ཤ་ཨཱཿ གཉིས་སུ་མེད་པར་ཐིམ། ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ
ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་བཅོམ་ལྡན་འདས་ལ་རྣམ་པར་སྣད་མཛད་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་པར་བསམས་ལ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བའམ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟ་བུ་ལ་ཡུན་རིང་དུ་སེམས་གཟུང༌། དེ་ནས་བཟླས་པ་བྱ་བ་ནི། གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་སྔགས་ཕྲེང་གསེར་གྱི་མདོག་ཅན་གཡས་སྐོར་ཏུ་བཀོད་པ་ལ་དྲན་པ་མངོན་དུ་བཞག་སྟེ་བཟླས་པའི་སྐྱོན་དང་བྲལ་བར་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཤུབ་བུར་བཟླ་སྟེ། ན་མ་སྟྲཻ་ཡཱ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་ཝཱཔྟི། དྷརྨ་ཏཱ་བཱ་ལི་ནཾ། ཨཾ་ཨ་ས་མ། ས་མནྟ་ཏོ། ཨ་ནནྟ་བཱཔྟི་ཤཱ་ས་ནཱཾ། ཧ་ར་ཧ་ར། སྨ་ར་སྨ་ར་ཎཱཾ། བི་ག་ཏཱ་རཱ་ག བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བཱ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་ཝ་ར་ཎ། ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཐུན་འཇོག་པའི་ཚེ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ་བ་གདབ། ཛཿཧཱུྃ་བཾ་ཧོཿ འཁོར་བཞི་པོ་རང་ལ་ཐིམ་པར་གྱུར། ཅེས་དམིགས་ལ་བསྔོ་བ་དང་སྨོན་ལམ་སྤྱི་མཐུན་བྱ། རང་དམ་ཚིག་པའི་ང་རྒྱལ་ལ་གནས་པས་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག ལྷ་སྔགས་འདི་དམ་ཚིག་གསུམ་བཀོད་པའི་རྒྱུད་ལ་བརྟེན་ཅིང་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོའི་རྒྱུད་ཡིན་ཀྱང་སངས་རྒྱས་གསང་བས་བྱ་རྒྱུད་རྣམས་རང་ལུགས་མི་མཛད་པར་སྤྱོད་རྒྱུད་དུ་འགྲེལ་པར་མཛད་པ་ལྟར་འདིའང་དེའི་རྗེས་སུ་འབྲང་བར་མངོན་པས་བདག་བསྐྱེད་ལ་བརྟེན་ནས་བསྙེན་པ་གཏོང་ན། བྱ་རྒྱུད་རང་ལུགས་ཀྱི་སྔོན་རྗེས་ལ་སོགས་པ་ཆོ་གའི་ཆིངས་རྣམས་སྦྱོར་བར་མི་ནུས་ཀྱང༌། མདོར་
བསྡུས་ཡར་ངོའི་དུས་ཚེས་བཟང་པོ་ལ་བསྙེན་པའི་དབུ་འཛུགས། གནས་ཁང་ཕྱག་དར་གཙང་མ་བྱ་ཞིང་དྲི་ཆབ་ཀྱིས་བརླན། དྲི་བཟང་པོའི་ཤིང་ངམ་སྤོས་ཀྱིས་བདུག དཀོན་མཆོག་གི་རྟེན་དང་ཐུབ་དབང་གི་སྐུ་གཟུགས་བཞུགས་པའི་སྤྱན་སྔར་ཆུ་གཉིས་ཉེར་སྤྱོད་བཤམ། བདུད་རྩི་འཁྱིལ་བའི་སྔགས་རིང་ཐུང་རྣམས་བཟླས་པའི་ཆུས་ཁྲུས་ལེགས་པར་བྱ། གདན་གཙང་མ་ལ་གོས་གསར་པ་གྱོན་ནས་འདུག་སྟེ། ཆོས་དང་གང་ཟག་གི་བདག་མེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་ལ་གཞི་བཅས་ཏེ་སྲུང་བའི་འཁོར་ལོ་བརྟན་པོར་གསལ་གདབ། སྒྲུབ་ཐབས་ལྟར་སྔོན་འགྲོའི་རིམ་པ། དངོས་གཞི་ལྷ་བསྐྱེད་རྣམས་ཚིག་ཙམ་དུ་མ་ཤོར་བར་རེ་རེ་བཞིན་གསལ་ཐེབས་ངེས་སུ་བསྒོམ། ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་མཉམ་པར་གཞག བོ་དྷི་ཙིའི་བཟླས་ཕྲེང་རས་བལ་གྱི་ཕྲེང་ཐག་བྱས་ལ་ཁྲུས་ནས་ཕྱུང་ཞིང་སྤོས་ཀྱིས་བདུགས་པ་བླང༌། མདུན་དུ་གཤེགས་རིགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་སྐད་ཅིག་གིས་གསལ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨདྦྷཱུ་ཏི་བི་ཛ་ཡ་སིདྡྷཱརྠེ་སྭཱ་ཧཱ། ཞེས་ལན་བདུན་དང༌། ཕྲེང་བ་སྙིམ་པར་བཅུག་སྟེ་གཤེགས་རིགས་ཀྱི་ཕྲེང་བའི་སྔགས། ཨོཾ་ན་མོ་བྷ་ག་ཝ་ཏེ། སིདྡྷི་སཱ་དྷ་ཡ་སཱ་དྷ་ཡ། སིདྡྷཱརྠེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླ། ཐུན་ཕྱི་མ་རྣམས་ལའང་སྔགས་གཉིས་པ་ཚར་གསུམ་རེ་བརྗོད། བཟླས་དམིགས་གསལ་བཏབ་ལ་ཡིག་བརྒྱ་ཉིད་ཅི་ནུས་བཟླ། རྒྱུད་ལས་གསུངས་པའི་སྔགས་བསྡུས་པ་ནི། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱ་བི་ར་ཧཱུྃ་ཁཾ། ཞེས་པའང་ཅི་རིགས་པ་བཟླ། ཡིག་བརྒྱ་འབུམ་ཐེར་ཡུན་ཐུང་ངུས་མི་འགྲུབ་པ་སོགས་ལའང་ཁ་སྐོང་དུ་སྦྱོར་ཆོག་པར་མངོན་ནོ། །བཟླས་པའི་མཐར་བུམ་པའི་ཕྱག་རྒྱ་བཅས་ལ། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི། དམ་ཚིག་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །འཕགས་པ་ཁྱེད་
ཀྱིས་བདག་ལ་དམ་ཚིག་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། འཁོར་རྣམས་རང་ལ་ཐིམ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྤྱི་བོར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་ག་ག་ནེ་ག་ག་ནེ། ཞེས་གསུམ་དང༌། ཛི་ན་ཛིཀ྄ །གསུམ་བརྗོད། མགོ་བོའམ་སྙིང་གར་ཟླ་བ་ལ་བྷྲཱུྃ་ཡིག་འཁོད་པར་བསམ་ཞིང་བསྔོ་སྨོན་བྱས་ཏེ་ཐུན་མཚམས་ཀྱི་སྤྱོད་པ་ལ་འཇུག ནུས་ན་གུང་ཚིགས་མ་གཏོགས་ཕྱི་དྲོའི་ཁ་ཟས་སྤང༌། དཀར་གསུམ་ལ་སོགས་པའི་བཟའ་བཏུང་རྣམས་ལུགས་འདིའི་སྔགས་ཀྱིས་བྱིན་རླབས་པ་ལ་ལོངས་སྤྱད། ཤ་ཆང་སྒོག་བཙོང་ལ་ཕུག་སྔོ་རྔད་འབགས་ལྷག་སོགས་བཟའ་བ་མ་ཡིན་པ་ཐམས་ཅད་སྤང༌། ཟས་ཟོས་རྗེས་སོགས་ལ་སྔགས་བཏབ་པའི་ཆུས་ཁྲུས་དང་ཉེ་རེག་བྱ། ཐུན་གྱི་སྐབས་ལུད་པ་གཡལ་བ་སྦྲིད་པ་འོག་རླུང་ཤོར་བ་བྱུང་ན་དེ་མ་ཐག་ཏུ་ཆབ་བླངས་ལ་ཕྲེང་བའི་མཚམས་དེ་ཡན་གྲངས་ལ་མི་བརྩི་བར་བསྐྱར་བ་སོགས་སྤང་བླང་གི་གནད་རྒྱུད་སྡེ་འོག་མ་སྤྱི་ལྟར་ཤེས་པར་བྱའོ། །དེ་ནས་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་ན། སྟེགས་བུ་གྲུ་བཞི་རས་གཙང་མས་གཡོགས་པའི་སྟེང་དུ་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་ཚོམ་བུ་སེར་པོ་ཆེ་གཅིག གཡས་གཡོན་གཉིས་སུ་སེར་པོ་རེ། གཡས་མདུན་དམར་པོ། གཡོན་དུ་ལྗང་གུ་རྣམས་ཆུང་ངུ་རེ་བཀོད། དེ་མདུན་འབུལ་གཏོར་རིན་པོ་ཆེའི་སྣོད་དུ་ཟླུམ་གཏོར་རྒྱན་ལྡན་དཀར་གསུམ་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་རྣམས་གཙང་ཞིང་མཛེས་པར་བཤམ། བདག་བསྐྱེད་བཟླས་པ་བཅས་པ་སྔོན་དུ་བཏང་ནས་འཁོར་བཞི་རང་ལ་བསྡུ། མཆོད་པ་བྱིན་རླབས་ནི། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་
པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་རོལ་མོ་བཅས་བྱིན་བརླབ། དཀྱིལ་འཁོར་བསྐྱེད་ཆོག་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་མདུན་གྱི་མཎྜལ་གྱི་དབུས་སུ་པྃ་ཡིག་ལྗང་གུ་ཞེས་པ་ནས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་སོགས་ནས། ཨོཾ་བཛྲ་ས་མཱ་ཛཿ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགེས་པར་མཛོད། བྷྲཱུྃ་ཛི་ན་ཛིཀ྄ །ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི། ཞེས་ལན་གསུམ་གྱིས་སྤྱན་དྲང༌། ཐལ་མོ་ཁ་ཕྱེ་བའི་མཛུབ་མོ་གཉིས་རྩེ་སྦྱར་བས་ཆུ་གཙང་མེ་ཏོག་དང་བཅས་ཏེ་སྤྱི་བོའི་ཐད་ནས་ཕུལ། པདྨ་ཁ་ཕྱེ་བའི་ཕྱག་རྒྱས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཀ་མ་ལཱ་ཡ་སྭཱ་ཧཱ། ཞེས་བཞུགས་སུ་གསོལ། ཨོཾ་བཛྲ་ཨངྐུ་ཤ་ཛཿ ནས། གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་བསམ་བར་སྒྲུབ་ཐབས་ལྟར་རོ། །དེ་ནས་མཆོད་པ་ནི། མཆོད་ཡོན་སྦྲེང་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཁྲུས་གསོལ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་བཀྲུས་གྱུར་པ། །དེ་བཞིན་བདག་གིས་ལྷ་རྣམས་ལ། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་དེ་བ་ཏ་ཨརྩི་ཏ་ཨ་མྲྀ་ཏ་སྭཱ་ཧཱ། ཉེར་སྤྱོད་འབུལ་བ་ནི། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །
ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་སོགས། ཨཱ་ཧ་ར་སོགས། དྲི་ཡི་སྦྱར་བ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གིས་དད༴ །ཨཱ་ཧ་ར༴ སྨན་རྣམས་བཅུད་ནི་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས༴ །ཨཱ་ཧ་ར༴ གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས༴ །ཨཱ་ལོ་ཀ་ཨཱ་ལོ་ཀ་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། བདག་ཏུ་མ་བཟུང་བའི་མཆོད་པ་ནི། ཨོཾ་སེམས་ཅན་ཁམས་ན་གང་ང་ཡི་བ་མེད་ཅིང་ཡོངས་སུ་གཟུང་བ་མེད་པའི་མཆོད་པའི་ཚོགས་ཆུ་དང་ཐང་ལས་སྐྱེས་པ། རིན་པོ་ཆེའི་རི་དང༌། རྒྱ་མཚོའི་རིན་པོ་ཆེ་ལ་སོགས་པ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པའི་ཕྲིན་ལས་ཀྱིས་དབུལ་བར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་དང༌། བདག་གི་བསོད་ནམས་ཀྱི་སྟོབས། རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་རྒྱ་ཆེན་པོའི་གོང་མ་ལས་བླ་མར་མངོན་པར་བསྒྲུབས་པའི་མཆོད་པའི་སྤྲིན་རབ་ཏུ་འབར་བར་གྱུར་ཅིག ན་མཿསརྦ་བུདྡྷ་བོ་དྷི་ས་ཏཱ་ནཾ། སརྦ་ཐཱ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། སྔགས་འདི་ལན་བརྒྱད་བརྗོད། བསྟོད་པ་ནི། ཨོཾ། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །སོགས་ཀྱིས་བསྟོད་དེ་འདི་ནི་སློབ་དཔོན་རིན་འབྱུང་སྦས་པས་དམ་ཚིག་གསུམ་བཀོད་ཀྱི་བསྟོད་པ་ཡིན་པར་བཤད་པས་བོད་དུ་མ་འགྱུར་བའི་བྱ་སྤྱོད་ཀྱི་རྒྱུད་ལས་འབྱུང་བར་མངོན་ནོ། །དེ་ནས་མདུན་བསྐྱེད་ཀྱི་སྔགས་ཕྲེང་ལ་དམིགས་ཏེ་ཡི་གེ་བརྒྱ་པ་ཅི་ནུས་དང༌། སྔགས་ཐུང་ཡང་ཅི་འགྲུབ་བཟླས་ལ། ཐུན་མཐར། གཏོར་མ་བསང་སྦྱང༌། ཨོཾ་ཨ་ཀཱ་རོ་ལན་གསུམ་
གྱིས་བདུད་རྩིར་བྱིན་བརླབ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ས་པ་རི་ཝཱ་རེ་བྷྱཿཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་གསོལ་བ་གདབ། རྗེས་ཆོག་ནི། སླར་མཆོད་པ་ཁ་གསོས་ལ་བྱིན་བརླབས་ལ་སྔགས་སྤྱི་འགྲོས་ཕུལ། མཉམ་མེད་མས་བསྟོད། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་གྱི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་རང་རང་གི་སྐལ་བ་དང་འཚམས་པའི་ཕྲིན་ལས་རྣམ་པ་གསུམ་དང་དངོས་གྲུབ་རྣམ་པ་གསུམ་དང་བྱང་ཆུབ་རྣམ་པ་གསུམ་གྱི་བཀའ་དྲིན་སྩལ་ནས། མཐར་ཐུག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ས་ལ་འཇོག་པར་མཛད་དུ་གསོལ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་ངན་འགྲོའི་འགྲོ་བ་དང༌། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པ་དང༌། སྡིག་པའི་ལས་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་དང༌། འདོད་པའི་བསམ་གཏན་གྱི་བདེ་བ་ཁ་ན་མ་ཐོ་བ་མེད་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱས་པ་དང༌། རྣམ་དཀར་དགེ་བ་ཆོས་ཀྱི་དགའ་སྟོན་བླ་ན་མེད་པ་ཐོབ་པར་མཛད་དུ་གསོལ། བདག་ཅག་རྣམས་ཀྱི་དོན་གྱི་མཆོག་ཐམས་ཅད་འགྲུབ་པར་གྱུར་ཅིག ཅེས་སོགས་འདོད་དོན་གསོལ། མ་འབྱོར་པ་དང་སོགས། ལྷག་པ་དང་ནི་སོགས་བཟོད་གསོལ་ཚིག་སྤྱི་འགྲེ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་བརྗོད་ལ་ཡེ་ཤེས་པ་གཤེགས་པའང་རྟེན་ཡོད་ན་བརྟན་བཞུགས་བྱས་ཀྱང་རུང༌། དམ་ཚིག་པ་རང་ལ་ཐིམ། སྟོན་མཆོག་དམ་པ་སོགས་བཀྲ་ཤིས་པའི་ཚིགས་བཅད་རྒྱས་པར་བརྗོད་རོལ་མོ་རྒྱ་ཆེར་བྱའོ། །སྒྲུབ་ཐབས་རྒྱ་མཚོ་ལས་དཀྱིལ་འཁོར་སྒྲུབ་པ་མ་བཤད་ཀྱང༌། འདིའི་དཀྱིལ་འཁོར་རྒྱས་པའི་
སྒྲུབ་མཆོད་ཕྱག་ལེན་མཛད་པ་དཀོན་ཅིང་འདི་ལྟར་སྒྲུབ་ན་ཕན་ཡོན་ཆེས་ཆེ་བ་རྒྱུད་དོན་ལས་གསལ་ཕྱིར་མདོར་བསྡུས་སུ་བཀོད་པ་ཡིན། འདི་དག་གི་ཐུན་མཚམས་རྣམས་སུ་བསག་སྦྱོང་གི་རིགས་དགེ་བའི་བྱ་བ་ཅི་འགྲུབ་བསྒྲུབ་པ་དང༌། ཁྱད་པར་སྡོང་པོ་བཀོད་པ་སོགས་མདོ་སྡེ་རྣམས་བཀླག མི་འགྲུབ་པས་ཀྱང་མདོའི་གླེགས་བམ་ཁྲི་འུར་བཀོད་ནས་ཕྱག་མཆོད་བྱ་དགོས་པར་གསུངས་སོ། །དེ་ནས་རྗེས་གནང་གི་བྱ་བ་ནི། བཅའ་གཞི་མདུན་བསྐྱེད་སྐབས་ལྟར་ལ། སྒྲུབ་ཐབས་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་གཏོང༌། འཁོར་རྣམས་རང་ལ་བསྟིམ། དེ་ནས་མཆོད་པ་བྱིན་བརླབ། ཨོཾ་སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་མཎྜལ་གྱི་དབུས་སུ་པྃ་ལྗང་གུ་ཞེས་སོགས་སྒྲུབ་ཐབས་ལྟར་ལ་རང་ཉིད་ཅེས་པ་དོར། དབུར་བརྒྱན་པར་གྱུར་ཅེས་པའི་བར་ཡང་དེ་ལྟར་ལ། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་ཅེས་བསྒྱུར། མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཤབྡ་ཨཱཿཧཱུྃ་གི་བར་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་དང༌། གསང་སྔགས་བདག་དང་གཟུངས་སྔགས་རྒྱལ། །རིག་རྒྱལ་རིགས་ཀྱི་ལྷ་མོ་སྟེ། །བཅོམ་ལྡན་དམ་ཚིག་གསུམ་བཀོད་རྒྱལ། །མཉེས་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཟླས་པ་བདུན་ཙམ་གྱིས་མཉེས་པར་བྱས། གཏོར་འབུལ་མདུན་བསྐྱེད་སྐབས་སུ་བཤད་པ་ལྟར་ཕུལ། དེ་ནས་མཆོད་གཡོག་པས་སློབ་མ་རྣམས་ལ་ཁྲུས་ཀྱི་ཆབ་བཏང་ལ་གྲལ་དུ་འཁོད། མེ་ཏོག་བཀྱེ་བ་ཆ་གཉིས་སུ་བྱས་ལ་ཕྱེད་མཎྜལ་དུ་བསྡུས། ཕྱེད་བཟུང་སྟེ་གསོལ་གདབ་གྱི་དུས་སུ་ཐལ་མོ་སྟོང་པར་མ་སོང་བར་བྱ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེའང་རང་རེ་རྣམས་དལ་འབྱོར་གྱི་ལུས་
རྟེན་བཟང་པོ་ཐོབ་པའི་དུས་འདིར་དམ་པའི་ཆོས་ལ་འབད་དགོས། གང་ཞིག་འབད་པར་བྱ་བའི་ཆོས་ལའང་ངོ་བོ་ལ་དབྱེ་བ་མེད་ཀྱང་གནས་སྐབས་གདུལ་བྱ་དྲང་བའི་དོན་དུ་རྒྱལ་བས་ཐེག་པ་གསུམ་བསྟན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་གསུངས། ཐེག་པ་གསུམ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ། རང་རྒྱལ་གྱི་ཐེག་པ། ཐེག་པ་ཆེན་པོ་གསུམ་དེའི་དང་པོ་གཉིས་ནི་རང་དོན་ཡིད་ལ་བྱེད་པ་ཅན་ཡིན་ཞིང༌། ཕྱི་མ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱ་བ་ཁོ་ན་དོན་དུ་གཉེར་བའི་ཕྱིར། ཐེག་དམན་དང་ཐེག་ཆེན་ཞེས་གཉིས་སུ་རྣམ་པར་བཞག་པའི་ཕྱི་མ་ལ་རྒྱུ་འབྲས་ལམ་དུ་བྱེད་པའི་ཁྱད་པར་གྱིས་ཕར་ཕྱིན་དང་སྔགས་ཀྱི་ཐེག་པ་གཉིས་སུ་དབྱེར་ཡོད་པ་ཡིན་ལ། ཕྱི་མ་སྔགས་ཀྱི་ཐེག་པ་ལའང་རྒྱུད་སྡེའི་དབྱེ་བསྡུ་བཞག་འཇོག་དུ་མ་ཞིག་འབྱུང་སྟེ། ཇོ་བོ་རྗེའི་ལམ་སྒྲོན་གྱི་རང་འགྲེལ་ལས་རྒྱུད་སྡེ་བདུན་དུ་བཞག་པ་དང༌། མཁའ་འགྲོ་རྒྱ་མཚོ་ལས་ལྔར་བཞག་པ་དང༌། སྒེག་པའི་རྡོ་རྗེའི་སྔགས་དོན་རྣམ་གཟིགས་ལས་གསུམ་དུ་བཤད་པ་སོགས་མང་དུ་ཡོད་ཀྱང༌། བཞིར་བཞག་པ་ཉིད་གྲགས་ཚོད་ཆེ་བའི་དབང་ནི། བྱ་སྤྱོད། རྣལ་འབྱོར། བླ་མེད་རྒྱུད་དེ་བཞིའོ། །དེ་ལས་འདིར་བྱ་བའི་རྒྱུད་ལ་གཙོ་བོ་དེ་བཞིན་གཤེགས་པ་དང༌། པདྨ་དང༌། རྡོ་རྗེའི་རིགས་གསུམ། ཕལ་པ་ནོར་ཅན་གྱི་རིགས། རྒྱས་པའི་རིགས། འཇིག་རྟེན་པའི་རིགས་ཏེ་དྲུག་ཏུ་བཞུགས་ཤིང༌། དེ་རྣམས་ལས་དེ་བཞིན་གཤེགས་པའི་རིགས་ལའང་རིགས་ཀྱི་གཙོ་བོའམ་བདག་པོ། རིགས་ཀྱི་ཡུམ། གཙུག་ཏོར། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རིགས་ཀྱི་ཕོ་ཉ་མོ། དེ་བཞིན་གཤེགས་རིགས་སུ་བསྡུས་པའི་བྱང་སེམས། གནས་གཙང་མའི་ལྷ་ལ་སོགས་པའི་རྒྱུད་དང་བརྒྱད་དུ་ཡོད་པ་ལས། རིགས་ཀྱི་གཙོ་བོ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད་ལས་བྱུང་བ་བཅོམ་ལྡན་
འདས་དམ་ཚིག་གསུམ་བཀོད་ཀྱི་དཀྱིལ་འཁོར་རྒྱས་པ་ལ་བརྟེན་ནས་དབང་བསྐུར་བའི་ཆོ་ག་ཇོ་བོ་རྗེ་ལས་བརྒྱུད་པ་དང༌། གཙོ་འཁོར་ལྔ་པ་ལ་བརྟེན་ནས་རྗེས་གནང་བྱ་བའི་ལུགས་གཉིས་སུ་ཡོད་པ་ལས་སྐབས་འདིར་རྗེས་གནང་བྱ་བ་ཡིན། དེའང་ཡི་དམ་ལྷའི་སྒྲུབ་ཐབས་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ཡིན་ལ། དེ་ལས་རྒྱས་པ་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་བསྡུས་པ་སྒྲུབ་ཐབས་ཀུན་ལས་བཏུས་སམ། སྒྲུབ་ཐབས་རྒྱ་མཚོར་གྲགས་པའི་ནང་ནས་ཐོག་མར་གྱུར་པ་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་རྗེས་གནང་ཐོབ་པ་གལ་ཆེ་བས། དེ་ལ་ངེད་ཀྱི་བྱ་བ་རྣམས་སྔོན་དུ་སོང་ནས། རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་སློབ་མས་མཎྜལ་ཕུལ། ཡང་བླ་མས་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིག རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་གི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་སྐྱབས་གསུམ་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་དང༌། ཁྱད་པར་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ལ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ད་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛད་པར་ཞུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པའི་ངང་
ལས། པྃ་ལྗང་གུ་ལས་སོགས་དང༌། ཁྱེད་རང་རྣམས་བཅོམ་ལྡན་འདས་ཐུབ་པ་ཞེས་སོགས་ནས། ཐུགས་ཀར་ཧཱུྃ་ཞེས་པའི་བར་གཙོ་འཁོར་ལྔ་བདག་བསྐྱེད་བཞིན་གསལ་གདབ་བོ། །རྗེས་གནང་གི་དངོས་གཞི་ལ་གསུམ་ལས། དང་པོ་སྐུའི་རྗེས་གནང་ནི། དེ་ནས་སློབ་དཔོན་ཡང་རང་གིས་བསྒོམས་པ་དང་འདྲ་བའི་ཐུབ་པ་དམ་ཚིག་གསུམ་བཀོད་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུབ་པ་དམ་ཚིག་གསུམ་བཀོད་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དྲིལ་བུ་དང་ཏིང་ཤགས་འཁྲོལ། རོལ་མོ་བྱ། སྤོས་འགྲིམ། ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་བཅོམ་ལྡན་འདས་ལ་རྣམ་པར་སྣང་མཛད་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་པར་གྱུར། གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སེར་པོ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་སེར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག ན་མ་སྟྲཻ་སོགས་བརྗོད། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད་ཅིག བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ་ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་བཅོམ་ལྡན་འདས་ཐུབ་པ་དམ་ཚིག་གསུམ་བཀོད་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག གསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་དང༌། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་གྱི་ལྷའི་ཐུགས་ཀ་ནས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ནས་འདིའི་རྒྱ་གཞུང་སྒྲུབ་ཐབས་ཀྱི་ལུང་ཡང་སྤྲོ་ན་བྱའོ། །དེ་དག་ནི་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་ལུང་དང་བཅས་པའོ། །དེ་ནས་གཙོ་བོས་ཇི་ལྟར་སོགས་གསུམ་གྱིས་དམ་ཚིག་གཟུང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་ཚར་གསུམ་བྱས་པས་འགྲུབ། རྗེས་ཆོག་ནི་མདུན་བསྐྱེད་གཤམ་དུ་སྨོས་པ་ལྟར་བྱའོ། །འདིའི་མན་ངག་རྒྱུད་ལས་གསུངས་པ་རྒྱ་ཆེན་མཆིས་ཀྱང་ཕན་ཡོན་ཆེ་ཞིང་
ཕྱག་ལེན་ཐེབས་པ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་བརྟེན་ནས་སྡིག་པ་བཤགས་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དཔྱིད་ཟླ་ར་བ་ལ་སོགས་པ་དུས་ཁྱད་པར་ཅན་གྱི་ཟླ་བ་གང་ཡང་རུང་པའི་ཚེས་གཅིག་གི་སྔ་མའི་ཉིན་ཁྲུས་དང་གཙང་སྦྲ་ལ་གནས་པས། དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་ངེས་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་ཉེ་འཁོར་ཐམས་ཅད་དུ་ཕྱག་དར་ལེགས་པར་བྱས་ལ་དྲི་ཞིམ་པོའི་ཆུས་ཆག་གདབ། མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པ་རྒྱ་ཆེར་བཤམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྟེན་དེ་དང་དབྱེར་མེད་དུ་བཞུགས་པར་མོས་ལ་སྙན་གསན་དབབ་པའི་ཚུལ་དུ་ཡན་ལག་བདུན་པ་རྒྱས་པར་བྱས་ལ་དགེ་བའི་སེམས་ཀྱིས་ཉལ་ལོ། །གཉིས་པ་ནི། སངས་ཚེས་གཅིག་གི་ནང་པར་སྔ་བར་ལྡངས་ཏེ་མཆོད་པ་བཤམ། ཁྲུས་དང་གཙང་སྦྲ་ལ་གནས་པས་རྟེན་གྱི་སྤྱན་སྔར་འཁོད་དེ། སངས་རྒྱས་ཆོས་ཚོགས་སོགས་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། ཐེག་པ་ཆེན་པོའི་གསོ་སྦྱོང་བླང༌། བདེན་པའི་སྟོབས་བརྗོད་པས་གནས་དང་མཆོད་པའི་ཡོ་བྱད་རྣམས་བྱིན་གྱིས་བརླབ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པའམ་ཐ་མལ་གྱི་རྣམ་པས་ཀྱང་རུང་སྟེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སེམས་མངོན་དུ་བྱས་ལ། འདུན་པ་རྩེ་གཅིག་པས་སྤོས་བཏུལ་ལ་སྙན་པའི་དབྱངས་དང་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཀྱིས་སྤྱན་དྲངས་བས། སྨོན་ལམ་དང་ཐུགས་རྗེའི་མཐུ་ཐོགས་པ་མེད་པས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་སྐྱོང་བའི་ཚོགས་དང་བཅས་པ་སྐད་ཅིག་གིས་མངོན་སུམ་དུ་གཤེགས་ཏེ་མདུན་གྱི་རྟེན་དང་དབྱེར་མེད་བཞུགས་པར་མོས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །སོགས་འབྱོན་ལེགས་དང་གདན་ཕུལ། ཁྲུས་གསོལ་རྣམས་ཚིགས་བཅད་རྒྱས་པ་སྤྱི་ལྟར་བྱ། ཐལ་མོ་སྤྱི་བོར་སྦྱར་བས་བཏུད་དེ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་འབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་བདག་ལ་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་ཡོངས་སུ་གཟུང་བར་གྱུར་ཅིག བདག་ལ་གྲུབ་པ་དང་མཆོག་སྩོལ་ཅིག །ཅེས་ལན་གསུམ་གྱིས་བདག་དབུལ། དེ་ནས་སྡིག་པ་བཤགས་པ་སོགས་དམ་ཚིག་གསུམ་བཀོད་ཀྱི་རྟོག་པ་ཉིད་ལས་འབྱུང་བ་ལྟར་རམ། སྤྱི་ཙམ་དུ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ལན་གསུམ་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། སྨོན་ལམ་གྱི་སྟོབས་དང༌། གཟུངས་སྔགས་ཀྱི་མཐུ་ལ་ལྷག་པར་དད་པའི་དྲན་པ་མངོན་དུ་བཞག་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང༌། སྨོན་ལམ་གྱི་སྟོབས་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་བདག་གིས་དེ་བཞིན་གཤེགས་པའི་སྙིང་པོ་འདི་བཟླས་པས་འཁོར་བར་གྱུར་བའི་ཉོན་མོངས་པ་དང་སྡུག་བསྔལ་བ་ལ་སོགས་པ་རབ་ཏུ་སྤང་བ་དང་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་སྨོན་པའི་སེམས་རྩེ་གཅིག་པས། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བཱཔྟི། དྷརྨ་ཏཱ་བཱ་ལི་ནཱཾ། ཨོཾ་ཨ། ས་མ་ས་མ། ས་མནྟ་ཏོ་བཱཔྟི། ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎེ། བི་ག་ཏ་རཱ་ག བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ། ཛྭཱ་ལ་ཛྭཱ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དག་པར་བཟླས་ཏེ་ལངས་ལ། སྐོར་བའི་སྔགས་སྔོན་དུ་འགྲོ་བས་གཟུངས་འདི་ཉིད་བཟླ་བཞིན་དུ་རྟེན་ལ་བསྐོར་བ་བྱའོ། །དེའི་ཚེ་མདུན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙུག་ཏོར་དང་སྨིན་མཚམས་ནས་འོད་ཟེར་མཐའ་ཡས་པ་འཕྲོས། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས།
སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སླར་འདུས་རང་ལ་ཐིམ་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་ཏེ་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཇི་སྲིད་ངལ་བར་མ་གྱུར་གྱི་བར་དུ་བཟླས་བརྗོད་དང་བསྐོར་བ་བྱའོ། །ད་ལན་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་སྟེ། རྟེན་གྱི་དྲུང་དུ་འཁོད་ལ་བུམ་པའི་ཕྱག་རྒྱ་བཅས། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་ཞི་བའི་དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །འཕགས་པ་ཁྱེད་ཀྱིས་བདག་ལ་སྡིག་སྒྲིབ་ཐམས་ཅད་ཞི་བའི་དངོས་གྲུབ་སྩལ་དུ་གསོལ། ཅེས་གསོལ་བས་གནང་བ་བྱིན་པར་བསམ། བུམ་པའི་ཕྱག་རྒྱ་ནི་སྲིན་ལག་སོ་སོའི་རྒྱབ་ཏུ་གུང་མོ་སྦྱར། དེ་གཉིས་གཡས་པའི་རྒྱབ། གཡོན་པའི་མདུན་དུ་སྦྱར་ཏེ་བསྣོལ། གཡས་གཡོན་གྱི་མཛུབ་མོ་སོ་སོ་གུང་སྲིན་ལ་འཁྱུད། མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་ལ་བཞག མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་བའོ། །དེ་ནས་ཡན་ལག་བདུན་པ་བྱ། མདུན་གྱི་ལྷ་རང་བཞིན་གྱི་གནས་སུ་གཤེགས་པའམ། མི་དམིགས་པར་བློ་བཞག་སྟེ་གོང་གི་སྨོན་ལམ་དང༌། གཞན་ཡང་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །དེ་ལྟ་བུའི་རིམ་པས་ཐུན་གསུམ་མམ་བཞིར་ཉམས་སུ་བླང༌། ཐུན་མཚམས་སུ་མཎྜལ་སོགས་དགེ་བའི་ལས་ཅི་འགྲུབ་དང༌། ཁྱད་པར་སྡོང་པོ་བཀོད་པ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་ཀློག ཉལ་བའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབ་པ་དང༌། བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་སྩོལ་ཅིག རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཆོས་ཀྱི་འདུ་ཤེས་ཀྱིས་ཉལ། ལྡང་བ་ན་སྙིང་རྗེ་ཆེན་པོའི་འདུ་ཤེས་ཀྱིས་ལངས་ཏེ་སྔ་མ་ལྟར་བྱའོ། །དེ་ལྟར་ཚེས་གཅིག་ནས་བཅུ་བཞིའི་བར་ཉིན་དང་མཚན་དུ་འབད་པ་ཆེན་པོས་གཟུངས་
སྔགས་འབུམ་ཕྲག་གཅིག་བཟླ་བ་ནི་བསྙེན་«་་་་་ལན་གཅིག་གིས་བཟླས་གྲངས་འགྲུབ་དཀའ་བས་ཟླ་བ་དང་པོའི་ཡར་ཚེས་ལ་དབུ་བཟུང༌། ཟླ་བ་བྱུང་ངོ་ཅོག་གི་ཡར་ཚེས་རྣམས་ལ་བསྐྱར་ནས་གྲངས་ཚང་རྫོགས་པར་གྲུབ་ན་ལེགས་སོ། །མཆན། »པའོ། །བསྙེན་པའི་སྐབས་འདིར་རྟེན་ལ་བསྐོར་བ་མ་གྲུབ་ཀྱང་འགལ་བ་མེད་དོ། །དེ་ནས་ཚེས་བཅོ་ལྔའི་ཉིན་མོ་བསྐོར་བ་དང་བཅས་པས་སྔགས་སྟོང་ཕྲག་བརྒྱད་བཟླ་བ་ནི་སྒྲུབ་པའོ། །དེའི་མཚན་ཐོག་ཐག་ཏུ་བཟླ་བ་ནི་ལས་སྦྱོར་ཏེ། ཐོ་རངས་ཀྱི་དུས་སུ་དངོས་སམ་རྨི་ལམ་དུ། སྡིག་པ་དག་པའི་རྟགས་མཐོང་བ་ནི་ངེས་པའོ། །དེ་དག་གི་སྐབས་ཅི་རིགས་པར་མདུན་གྱི་རྟེན་ལ་ཁྲུས་གསོལ་བའི་ཁྲུས་ཆུས་བདག་གཞན་ལ་ཁྲུས་བགྱིས་པས་སྡིག་པ་བྱང་བར་འགྱུར་རོ། །གསུམ་པ་རྗེས་ནི། ཚེས་བཅུ་དྲུག་གི་ཉིན་མོ་ཡན་ལག་བདུན་པ་སོགས་གཏང་རག་གི་མཆོད་པ་རྒྱ་ཆེར་བྱ་ཞིང་སྨོན་ལམ་རྒྱས་པར་གདབ། རྟེན་གྱི་དྲུང་དུ་དྲི་ཞིམ་པོའི་ཤིང་ལ་མེ་སྦར་ཏེ། ཀུ་ཤའི་ཆུས་བསང་ཞིང་ཨ་མྲྀ་ཏེ་བརྗོད། མ་ལུས་སེམས་ཅན་སོགས་ཀྱིས་རྟེན་གྱི་ལྷ་ཐབ་ཏུ་སྤྱན་དྲངས་ལ། ཡམ་ཤིང་དང༌། མར་དང༌། ཏིལ་རྣམས་གཟུངས་སྔགས་ཁོ་ནས་བརྒྱ་རྩ་བརྒྱད་ཕུལ་སྡིག་སྒྲིབ་ལྷག་མེད་དུ་བྱང་བར་གསོལ་བ་གདབ། སླར་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམས་ལ་མཆོད་ཅིང་ཕྱག་འཚལ། མེ་ཏོག་ལ་སོགས་པའི་མཆོད་རྫས་དམན་མ་རྣམས་ཀྱང་མེར་བསྲེགས་ཏེ་ཐལ་བ་ཆུ་ཀླུང་ཆེན་པོར་དོར། ལས་ཀྱི་རྗེས་མི་མངོན་པར་བྱ། སྤྱིར་རྟེན་ལ་ཕུལ་བའི་མེ་ཏོག་རྙིང་པ་གཙང་སྦྲ་དང་བཅས་ཏེ་བཅངས་ལ། ཆར་མི་འབབ་པའི་དུས་སུ་དྲི་ཞིམ་པོའི་མེ་ཏོག་དཀར་པོ་གཞན་དང་བཅས་ཆུ་ཀླུང་ཆེན་པོར་དོར་ཞིང་སྨོན་ལམ་བཏབ་པས་ཆར་འབབ་པ་དང༌། ཆར་ཧ་ཅང་ཆེ་བ་ལ་བ་ལང་གི་ལྕི་བའི་མེ་ལ་བསྲེགས་པས་ནམ་མཁའ་དྭངས་པ་དང༌། འབྱུང་པོས་ཟིན་པ་ལ་གུ་གུལ་དང་བཅས་ཏེ་བདུག་པས་བྱེར་བ་དང༌། དུད་འགྲོ་སོགས་དམན་པའི་སེམས་ཅན་འཆི་བའི་ཚེ་དུད་པས་བདུགས་ན་མཐོ་རིས་སུ་སྐྱེ་བ་སོགས་ལས་ཀྱི་རིག་པ་ཅི་ཡང་འགྲུབ་པར་འགྱུར་རོ། །སྦྱིན་སྲེག་གི་ཚེ་ནའང༌། ནད་ཞི་བར་འདོད་ན་གང་ན་བའི་
གཉེར་པོའི་སྨན་ནམ། སྨན་དེས་བསྒོས་པའི་མེ་ཏོག་གི་སྦྱིན་སྲེག་བརྒྱ་རྩ་ལ་སོགས་པ་ཕུལ་ལ་ནད་ཞི་བས་མཚོན་རིག་པར་བྱའོ། །འདིའི་གཟུངས་ལས་ཚེས་གཅིག་ནས་བརྩམས་ཟླ་བ་གཅིག་ཏུ་གསུངས་པ་ནི་ཇི་སྲིད་ཟླ་བ་ཉ་གང་བའི་བར་དུ་སྟེ་དཀར་པོའི་ཕྱོགས་གཅིག་ཅེས་པའི་ཐ་ཚིག་གོ །ཡང་གཞན་དུ་ན་ཐུབ་པ་ཆེན་པོའི་སྙིང་པོའི་སྔགས་ལ་བསྙེན་པ་འབུམ་ཕྲག་བཞི་སྔོན་དུ་སོང་ནས། རྒྱུད་ལས་དེ་བཞིན་དུ་མཆོད་རྟེན་ལ་བསྐོར་བ་བྱེད་ཅིང་སྟོང་ཕྲག་བརྒྱད་བཟླས་ན་སྡིག་པ་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་བཟླ་བའི་དུས་སུ་ཇི་སྐད་བཤད་པའི་སྦྱོར་བ་དང་བཅས་ཉམས་སུ་བླངས་པས་སྡིག་པ་ལས་གྲོལ་བ་ནི་མན་ངག་གི་ངེས་པའོ། །གཞན་ཡང་དཀྱིལ་འཁོར་བཞེངས་ཏེ་ཆོ་ག་བྱས་ལ་མེ་ཏོག་ལ་སོགས་པས་མངོན་པར་མཆོད་ལ། མཆོད་རྟེན་ནམ་ལུགས་སྐུ་ལ་མངོན་དུ་ཕྱོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་འབུལ་ཞིང་བཟླས་པ་སྟོང་ཕྲག་བརྒྱད་བྱས་ན་དམ་པའི་ཆོས་སྤོང་བ་དང་འཁོར་བ་ཐོག་མ་མེད་པའི་ལས་ཀྱི་སྒྲིབ་པ་རྣམས་བྱང་བར་འགྱུར་བ་དང༌། ཆུ་བོའི་འགྲམ་དུ་མཆོད་རྟེན་བྱས་ལ་ཆུ་བོའི་ནང་དུ་སྐེ་ནུབ་ཙམ་དུ་ཞུགས་ནས། བཟླས་པ་བྱས་ན་ལས་སྒྲིབ་ཐམས་ཅད་ཟད་པར་འགྱུར་བ་དང༌། དབེན་པར་མིག་བཙུམས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ནས་མིག་བཙུམས་པ་དེ་ཁོ་ནས་དེ་བཞིན་གཤེགས་པ་ཡིད་ཀྱིས་མཐོང་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱས་ན་སྡིག་པའི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བ་དང༌། མི་སྨྲ་བར་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཞིང་དམ་ཆོས་ཐམས་ཅད་ཀྱང་ཤེས་པར་འགྱུར་བ་དང༌། ཉིན་རེ་བཞིན་མ་ཆག་པར་བཟླས་ནས་ཕྱོགས་དེ་བསྲུང་བར་བྱས་པར་འགྱུར་བ་དང་བྱང་ཆུབ་སེམས་ཀྱི་ས་བོན་འཕེལ་ཞིང་མི་ཉམས་པར་རྒྱས་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་རྒྱུད་ཉིད་ལས་འབྱུང་ངོ༌། །དེ་ཐམས་ཅད་དུའང་ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ནས་ཕྱག་བྱ། སེམས་ཅན་ཐམས་ཅད་ལ་དམིགས་པའི་
བྱང་ཆུབ་ཏུ་སེམས་བསྐྱེད། འགྱོད་པ་དང་ཞུམ་པའི་སེམས་སྤང༌། སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་རྒྱུན་མི་བཅད། དད་པ་དང་ལྡན་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སངས་རྒྱས་བྱང་སེམས་རྣམས་ལ་གུས་ཤིང་བསྟན་པ་ལ་ཆེད་ཆེར་བྱེད་པ། འདུ་འཛི་སྤོང་བ་རྣམས་ཀྱིས་མྱུར་དུ་འགྲུབ་ཅིང༌། དད་པ་མེད་པ་དང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པས་ནི་འགྲུབ་པར་མི་འགྱུར་བར་གསུངས་སོ། །འདི་སྒྲུབ་པ་ལ་གེགས་དང་བར་ཆད་ནི་ནམ་ཡང་མེད་ཅིང༌། བྱ་རྒྱུད་སྤྱི་ལྟར་གྱི་གཙང་སྦྲའི་ཀུན་སྤྱོད་མེད་ཀྱང་འགྲུབ་པར་གསུངས་ཏེ་རྒྱུད་ཉིད་ལས། ཐོགས་པ་མེད་པ། དོན་ཡོད་པར་གྲུབ་པའི་སྙིང་པོ་འདི་ཡང་བསོད་ནམས་དང་ལྡན་པའམ། བསོད་ནམས་དང་མི་ལྡན་པས་ཀྱང་རུང་འགྲུབ་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་ཡང་རུང༌། ཚུལ་ཁྲིམས་དང་མི་ལྡན་པས་ཀྱང་འགྲུབ་པར་འགྱུར་རོ། །ཐབས་དང་ལྡན་པའམ་ཐབས་དང་མི་ལྡན་པས་ཀྱང་འགྲུབ་པར་འགྱུར་རོ། །མཁས་ཀྱང་རུང་མི་མཁས་ཀྱང་རུང་ངེས་པར་དོན་ཡོད་པར་འགྱུར་རོ། །གཞན་དུ་དད་པ་མེད་པ་དང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ཀྱིས་མ་ཡིན་ནོ། །བྲིས་སྐུ་མེད་ཀྱང་རུང༌། མཆོད་ཀྱང་རུང་མཆོད་པ་མེད་ཀྱང་རུང༌། ཁྲུས་ལ་སོགས་པ་མེད་ཀྱང་རུང༌། ཕྱིའི་སྤྱོད་པ་གཙང་སྤྲ་ལ་སོགས་པ་མེད་ཀྱང་རུང༌། ཉ་ཤ་དང་ཤ་དག་ལ་སོགས་པ་ཡོངས་སུ་མ་སྤངས་ཀྱང་རུང་འགྲུབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པ་བསྒོམས་པའི་སེམས་ཀྱིས་འགྲུབ་བོ། །ཞེས་གསུངས་སོ། །ཐུབ་ཆེན་ཐུགས་རྗེ་གཟུངས་སྔགས་ནུས་པའི་སྟོབས། །དུས་མཐའི་ཞུགས་ཀྱིས་བདག་གཞན་འགྲོ་རྒྱུད་ཀྱི། །སྒྲིབ་པའི་ཚང་ཚིང་ལྷག་མེད་རབ་སྦྱངས་ཏེ། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །འདི་ཉིད་ཀྱི་སྟོད་ཆ་མངོན་རྟོགས་ཙམ་རྗེ་བླ་མ་རིན་པོ་ཆེ་ཉིད་ཀྱིས་མཛད་ནས་འཕྲོ་ལུས་སུ་གྱུར་པ། རྗེ་བཙུན་བཀའ་དྲིན་མཚུངས་མེད་མཆོག་དེའི་དགོངས་པ་སྐོང་བའི་སླད་དུ་འདུ་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྔར་འཕྲོས་རྫོགས་པར་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བྲིས་པ་དགེ་ལེགས་འཕེལ།། །།
ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པའི་ཕྱག་མཆོད་རྗེས་གནང་དང་བཅས་པ།
ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པའི་ཕྱག་མཆོད་རྗེས་གནང་དང་བཅས་པ་བཞུགས་སོ།།
བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ཚུལ་བཟུང་ནས་བྱང་ཆུབ་སེམས་དཔའི་འཕྲིན་ལས་མཛད་པ་གནས་བརྟན་ཆེན་པོ་བཅུ་དྲུག་ལ་གསོལ་བ་འདེབས་པར་འདོད་པས། ཁྲུས་དང་གཙང་སྦྲ་དང་ལྡན་པར་བྱས་ཏེ། མཎྜལ་པདྨ་འདབ་མ་བཅུ་དྲུག་པ་གྲུ་བཞི་སྒོ་བཞི་པ་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་དང་གཏོར་མ་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཕྱོགས་བཅུའི་སངས་རྒྱས་དང་གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་
ཅད་དང༌། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང༌། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པ། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང༌། །གསེར་བེའུ་བྷ་ར་བྷྭ་ཛ་གསེར་ཅན་དང༌། །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་ཟིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་
རྒྱས་ཀྱང༌། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང༌། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བ། །གནས་བརྟན་བཅུ་དྲུག་འདིར་སྤྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང༌། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པའི་དབུས་སུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཕྱག་གཡས་པ་ས་གནོན། གཡོན་པ་མཉམ་གཞག རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཤར་གྱི་པད་འདབ་བཞི་ལ་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་ཕྱག་གཡས་རིན་པོ་ཆེའི་པྲོག་ཞུ་བསྣམས་པ། གནས་བརྟན་ཆེན་པོ་ལམ་ཕྲན་བརྟན། ཕྱག་གཉིས་མཉམ་པར་བཞག་པ། གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ཕྱག་གཡས་ན་གླེགས་བམ། གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བསྣམས་པ། གནས་བརྟན་ཆེན་པོ་ལམ་བརྟན་ཕྱག་གཡས་ན་གླེགས་བམ། གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའོ། །ལྷོའི་པད་འདབ་བཞི་ལ་གནས་བརྟན་ཀླུའི་སྡེ་ཕྱག་གཡས་བུམ་པ། གཡོན་འཁར་གསིལ་བསྣམས་པ། གནས་བརྟན་ཆེན་པོ་སྦེད་བྱེད་ཕྱག་ན་གླེགས་བམ་བསྣམས་པ། གནས་བརྟན་ཆེན་པོ་མི་ཕྱེད་པ་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་བྱང་ཆུབ་ཆེན་པོའི་མཆོད་རྟེན་བསྣམས་པ། གནས་བརྟན་ཆེན་པོ་ཡན་ལག་འབྱུང་ཕྱག་གཉིས་ཐལ་མོ་སྦྱར་བའི་དབུས་ན་སྤོས་ཕོར་བསྣམས་པ།
མཆན་ཁུང་གཡོན་ན་རྔ་ཡབ་བསྣམས་པའོ། །ནུབ་ཀྱི་པད་འདབ་བཞི་ལ། གནས་བརྟན་ཆེན་པོ་མ་ཕམ་པ་ཕྱག་གཉིས་མཉམ་པར་བཞག་པ། གནས་བརྟན་ཆེན་པོ་ནགས་ན་གནས་ཕྱག་གཡས་ཞི་བའི་སྡིགས་མཛུབ། གཡོན་རྔ་ཡབ་བསྣམས་པ། གནས་བརྟན་ཆེན་པོ་དུས་ལྡན་ཕྱག་ན་གསེར་གྱི་རྣ་ཀོར་བསྣམས་པ། གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་ཕྱག་གཡས་ཞི་བའི་སྡིགས་མཛུབ་མཛད་པ། གཡོན་རྔ་ཡབ་བསྣམས་པའོ། །བྱང་གི་པད་འདབ་བཞི་ལ། གནས་བརྟན་ཆེན་པོ་བཟང་པོ་ཕྱག་གཡས་ཆོས་འཆད། གཡོན་མཉམ་པར་བཞག་པ། གནས་བརྟན་ཆེན་པོ་གསེར་བེའུ་ཕྱག་གཉིས་རིན་པོ་ཆེའི་ཞགས་པ་བསྣམས་པ། གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཅན་ཕྱག་གཉིས་མཉམ་པར་བཞག་པ། གནས་བརྟན་ཆེན་པོ་བ་ཀུ་ལ་ཕྱག་ན་ནེའུ་ལེ་བསྣམས་པའོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང༌། འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ཕྱག་ན་རྔ་ཡབ་དང་བུམ་པ་བསྣམས་པ། རལ་པའི་ཐོད་བཅིངས་པ། སྡེ་སྣོད་ཀྱི་གླེགས་བམ་མང་པོ་ཁུར་བ། མདུན་གྱི་ནམ་མཁའ་ལ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ། དར་གྱི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་བ། པུས་མོ་བརྫེས་པ། པུས་མོ་གཡས་པ་ལས་སྟག་གི་ཚོགས་སྤྲུལ་པ། དགེ་བསྙེན་གྱི་ཚོགས་དང་བཅས་པ་བཞུགས་ཤིང་མདུན་གྱི་ནམ་མཁའ་ལ་བླ་མ་དགེ་བའི་བཤེས་གཉེན་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དགྲ་བཅོམ་པའི་ཚོགས་དཔག་ཏུ་མེད་པ་བཞུགས་པར་བསམ་ཞིང༌། དེ་རྣམས་ཀྱི་ཐུགས་དགོངས་གཅིག་པས་བྱིན་གྱིས་བརླབས་པར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་རྟག་ཏུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་ཀུན་གྱི་བསོད་ནམས་ཀྱི་དཔལ་ཞིང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ། མྱ་ངན་ལས་མི་འདས་བར་འཇིག་རྟེན་ན་མངོན་སུམ་དུ་བཞུགས་ཤིང༌། བཀའ་ལུང་གི་རྗེས་སུ་བསྒྲུབ་པ། འཕགས་པའི་ཚིག་ངེས་པས་ཞལ་གྱིས་བཞེས་པ། གངས་རི་ཆེན་པོ་ཏི་སེ་ལ་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང༌། འཁོར་དགྲ་བཅོམ་པ་སྟོང་དང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །འདི་མན་འགྲེའོ། །དྲང་སྲོང་རིའི་ཤེལ་ནགས་ན་འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་པ་འཁོར་དགྲ་བཅོམ་པ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །དེའི་ནགས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན། འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ཟངས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །སིངྒ་ལའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ཆུ་བོ་ཡ་མུ་ནཱའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །
ཁ་ཆེའི་ཡུལ་ན་འཕགས་པའི་གནས་བརྟན་ཆེན་པོ་གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ནུབ་ཀྱི་བ་ལང་སྤྱོད་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཅན་འཁོར་དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བྱང་གི་སྒྲ་མི་སྙན་ན་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལ་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །པྲི་ཡཾ་ཀུའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་འཁོར་དགྲ་བཅོམ་པ་སྟོང་དང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བྱ་རྒོད་ཕུང་པོའི་རི་ལ་འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་འཁོར་དགྲ་བཅོམ་པ་སྟོང་དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ཤར་གྱི་ལུས་འཕགས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པའི་གནས་བརྟན་ཆེན་པོ་ལམ་བརྟན་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །རིའི་རྒྱལ་པོ་ངོས་ཡངས་ལ་འཕགས་པའི་གནས་བརྟན་ཆེན་པོ་ཀླུའི་སྡེ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །རིའི་རྒྱལ་པོ་བྷི་ཧུ་ལར་འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །གངས་ཅན་རིའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་
ཆེན་པོ་མི་ཕྱེད་པ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་འཁོར་དགེ་བསྙེན་གྱི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་གདབ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་མང་དུ་བཟླའོ། །བསྟོད་པ་བྱ། མཆོད་པ་དང་གཏོར་མ་དབུལ། གསོལ་བ་གདབ། དེ་ནས། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གིས། །འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་གསོས་གྱུར་དགྲ་བཅོམ་པ། །རིག་དང་ཞབས་ལྡན་སྐྱེ་དགུའི་སྦྱིན་གནས་ཆེ། །འཕགས་པའི་གང་ཟག་ཆེན་པོ་ཁྱེད་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། བདག་གི་དགེ་བའི་རྩ་བ་འདི་ཡིས་ནི། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིང༌། །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཅིང༌། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་ཀུན་རྫོགས་ནས། །
འཇིག་རྟེན་ཀུན་ལས་ཁྱད་པར་འཕགས་པར་ཤོག །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་བ་མཉམ་པའི་གདུལ་བྱ་སྨིན་མཛད་པའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་དུ་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་འདི་ཇོ་བོ་རྗེ་ལྷ་གཅིག་ཉིད་ཀྱི་གདམས་པ་ཡིན། ཇོ་བོ་བོད་དུ་བྱོན་པའི་དུས་སུ་ཕྱག་ཕྱི་བ་པཎྜི་ཏ་གསུམ་བྱོན་པའི་ནང་ནས་སེམས་ཙམ་རྣམ་རྫུན་གྱི་གྲུབ་མཐའ་འཛིན་པའི་པཎྜི་གཅིག་ལ་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཞུས། དེ་ལ་དགེ་བཤེས་ཆེན་པོ་པོ་ཏོ་བས་ཞུས། དེ་ལ་དགེ་བཤེས་ཆེན་པོ་ཤ་ར་བས་ཞུས། དེ་ལ་དགེ་བཤེས་འཆད་ཁ་བས་ཞུས། དེ་ལ་དགེ་བཤེས་སེ་སྐྱིལ་བས་ཞུས། དེ་ལ་དགེ་བཤེས་ལྷ་སྤྱིལ་བས་«་་་་་འོད་ཟེར་བླ་མ། »ཞུས། དེ་ལ་དགེ་བཤེས་དྲེའུ་ལྷས་«་་་་་ཚུལ་ཁྲིམས་འོད་ཟེར། »པས་ཞུས། དེ་ལ་བླ་མ་«་་་་་རྒན་ལྷས་པ་མ་ཎི་ཧཱུྃ་འབར། »དགེ་བའི་བཤེས་གཉེན་ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་ཞིང་སྙན་པའི་འོད་ཟེར་འབར་བས་ཕྱོགས་བཅུར་ཁྱབ་པས་ཞུས། དེ་ལ་ཁོ་བོས་ཞུས། བླ་མའི་ཞལ་གྱི་གདམས་པ་དགེ་སློང་ནམ་མཁའ་གྲགས་ཀྱིས་བསྡེབས་པའོ། །བླ་མའི་ཞལ་ནས་འདིའི་བསྙེན་པའི་ཚད་ཁྲི་ཚོ་གསུམ་ཡིན་གསུང༌། འདིའི་སྒྲུབ་ཐབས་དང་ཡེར་པའི་རས་བྲིས་བཅུ་བདུན་ཀླུ་མེས་འབྲོམ་ཆུང་ཞེས་པས་རྒྱ་ཡུལ་ནས་སྤྱན་དྲངས་པ་ཡིན་གསུངས་སོ།། ༈ །ཐུབ་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་རྗེས་གནང་གི་ཟིན་བྲིས་བཞུགས་སོ། །ཨོཾ་སྭ་སྟི། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་གནས་བརྟན་བཅུ་དྲུག་འཕགས་པའི་དགེ་བསྙེན་དྷརྨ་ཏཱ་དང་བཅས་པའི་རྗེས་གནང་བྱ་བར་འདོད་པས། ཡིད་དང་མཐུན་པའི་གནས་སུ་
སྟེགས་ཇི་ལྟར་རིགས་པའི་སྟེང་དུ། མཎྜལ་ལ་སོགས་པར་ཚོན་གྱིས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི། མཐའ་མེ་རིས་བསྐོར་བ། སྣ་ཚོགས་རྡོ་རྗེ་མི་དགོས། གཞན་རྟ་བབས་སོགས་དཀྱིལ་འཁོར་སྤྱི་དང་མཐུན། ལྷ་རྣམས་ཕྱོགས་མདོག་ཅན་གྱི་ལྟེ་བར། སྣ་ཚོགས་པདྨ་འདབ་མ་བཅུ་དྲུག་བྲིས་པའི་དབུས་སུ། ཟླ་གདན་མཚོན་བྱེད་ཚོན་དཀར་པོ། དེའི་སྟེང་དུ་མཉྫིའི་ཁར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་རབ་གནས་ཅན་བཞག འདབ་མ་བཅུ་དྲུག་དང༌། སྒོ་བཞིར་ཚོན་སྤུངས་ལྗང་གུ་རེ་དང༌། དྷརྨ་ཏཱའི་ཚོན་སྤུངས་ཤར་ཕྱོགས་ཀྱི་པདྨའི་ཕྱི་རོལ་དུ་བཀོད། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང༌། མཚམས་འཛིན་གྱི་མེ་ཏོག་སོགས་དཀྱིལ་འཁོར་སྤྱི་དང་མཐུན་པར་གཡས་སྐོར་དུ་བཤམ། གཏོར་མ་ཟླུམ་གཏོར་གཉིས་དཀྱིལ་འཁོར་གྱི་གཡས་གཡོན་དུ་བཤམ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། མེ་ཏོག་གི་ནས་དང༌། སློབ་མ་ལ་དགོས་པའི་ཡོ་བྱད་མཎྜལ་མཆོད་འབྲུ་དང་བཅས་པ་བཤམ། དེ་ནས་བདག་མདུན་ཐུན་མོང་དུ་བསྒྲུབ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་བདག་དང་དཀྱིལ་འཁོར་སྦྱོང་བ་སོགས་སྤྱི་དང་མཐུན། སྟོང་པའི་ངང་ལས་བདག་དང་མདུན་གྱི་མཎྜལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མུྃ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། གཡས་ས་གནོན། གཡོན་མཉམ་གཞག ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ན་བཟའ་ངུར་སྨྲིག་གསུམ་གསོལ་བ། ཤར་གྱི་པད་འདབ་བཞིའི་དང་པོ་ལ་འཕགས་
པའི་གནས་བརྟན་སྒྲ་གཅན་འཛིན། ཕྱག་གཉིས་ཀྱིས་རིན་པོ་ཆེའི་པྲོག་ཞུ་བསྣམས་པ། གཉིས་པ་ལ་འཕགས་པའི་གནས་བརྟན་ལམ་ཕྲན་བརྟན་ཕྱག་གཉིས་མཉམ་གཞག གསུམ་པ་ལ་འཕགས་པའི་གནས་བརྟན་བྷ་ར་དྷྭ་ཛ་ཕྱག་གཡས་གླེགས་བམ། གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བསྣམས་པ། བཞི་པ་ལ་འཕགས་པའི་གནས་བརྟན་ལམ་བརྟན་གཡས་གླེགས་བམ། གཡོན་ཆོས་འཆད། ལྷོའི་པད་འདབ་བཞིའི་དང་པོ་ལ་འཕགས་པའི་གནས་བརྟན་ཀླུའི་སྡེ་གཡས་བུམ་པ། གཡོན་འཁར་གསིལ་འཛིན་པ། གཉིས་པ་ལ་འཕགས་པའི་གནས་བརྟན་སྦེད་བྱེད་ཕྱག་གཉིས་གླེགས་བམ་འཛིན་པ། གསུམ་པ་ལ་འཕགས་པའི་གནས་བརྟན་མི་ཕྱེད་པ་ཕྱག་གཉིས་ཀྱིས་བྱང་ཆུབ་མཆོད་རྟེན་བསྣམས་པ། བཞི་པ་ལ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་ཕྱག་གཡས་སྤོས་ཕོར། གཡོན་རྔ་ཡབ་འཛིན་པ། ནུབ་ཀྱི་པད་འདབ་བཞིའི་དང་པོ་ལ། འཕགས་པའི་གནས་བརྟན་མ་ཕམ་པ་ཕྱག་གཉིས་མཉམ་གཞག གཉིས་པ་ལ་འཕགས་པའི་གནས་བརྟན་ནགས་ན་གནས་གཡས་སྡིགས་མཛུབ། གཡོན་རྔ་ཡབ་འཛིན་པ། གསུམ་པ་ལ་འཕགས་པའི་གནས་བརྟན་དུས་ལྡན་ཕྱག་གཉིས་ཀྱིས་རྣ་ཀོར་འཛིན་པ། བཞི་པ་ལ་འཕགས་པའི་གནས་བརྟན་རྡོ་རྗེ་མོའི་བུ་ཕྱག་གཡས་ཞི་བའི་སྡིགས་མཛུབ། གཡོན་རྔ་ཡབ། བྱང་གི་པད་འདབ་བཞིའི་དང་པོ་ལ་འཕགས་པའི་གནས་བརྟན་བཟང་པོ་གཡས་ཆོས་འཆད། གཡོན་མཉམ་གཞག གཉིས་པ་ལ་འཕགས་པའི་གནས་བརྟན་གསེར་བེའུ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཞགས་པ་བསྣམས་པ། གསུམ་པ་ལ་འཕགས་པའི་གནས་བརྟན་བྷ་ར་དྷྭ་ཛ་གསེར་ཅན་མཉམ་གཞག་མཛད་པ། བཞི་པ་ལ་འཕགས་པའི་གནས་བརྟན་བ་ཀུ་ལ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ནེའུ་ལེ་འཛིན་པ། ཤར་
ཕྱོགས་སུ་དགེ་བསྙེན་དྷརྨ་ཏཱ་གཡས་རྔ་ཡབ་དང་སྤོས་ཕོར། གཡོན་བུམ་པ། རལ་པའི་ཐོད་བཅིངས། རྒྱབ་ཏུ་སྡེ་སྣོད་ཀྱི་གླེགས་བམ་ཁུར་བ། མདུན་གྱི་ནམ་མཁར་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ། དར་གྱི་ན་བཟའ་ལྷབ་ལྷུབ་ཏུ་བཀླུབས་པ། པུས་མོ་བརྫེས་པ། པུས་མོ་གཡས་པ་ནས་སྟག་གི་ཚོགས་སྤྲོ་བ། ཤར་སྒོར་རྒྱལ་ཆེན་ཡུལ་འཁོར་སྲུང༌། ལྷོ་སྒོར་འཕགས་སྐྱེས་པོ། ནུབ་སྒོར་སྤྱན་མི་བཟང༌། བྱང་སྒོར་རྣམ་ཐོས་སྲས། མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ནས་གནས་བརྟན་ཕྱག་མཆོད་ཚིག་ལྷུག་པ་ཇོ་བོས་མཛད་པ་བཀླག ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བཟླས་ཤིང༌། གསོལ་བ་བཏབ། དེ་ནས་གཏོར་མ་ཆབ་ཀྱིས་བྲན་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་མ་ཧཱ་མུ་ནི་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སོགས་ཚར་ལྔས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། དྲིལ་གསིལ་བྱ་ཞིང༌། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །སོགས་ཤློ་ཀ་གཅིག་གིས་བསྟོད། ཐུབ་པ་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་སྤྱི་འགྲོ། གཏོར་མ་གཉིས་པ་ཕྱོགས་སྐྱོང་ལ་འབུལ། བྱིན་རླབས་གོང་གིས་འཐུས། ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མཱ་ཛཿ ཨོཾ་ཨིནྡྲཱ་ཡ་སོགས་ཆ་གསུམ་གཏོར་མའི་ཕྱོགས་སྐྱོང་ལྟར་གསུམ་གྱིས་ཕུལ་ལ། དྲིལ་བུ་གསིལ་ཞིང༌། ཕྱོགས་སྐྱོང་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་སྤྱི་
འགྲོ་སྟེ། སློབ་དཔོན་གྱི་བྱ་བའོ། །སློབ་མའི་བྱ་བ་ནི། སློབ་མ་དུ་ཡོད་ཁྲུས་བྱས། གྲལ་ལ་འཁོད་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་གནང་ཟབ་མོ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འཁོར་གནས་བརྟན་ཆེན་པོ་བཅུ་དྲུག་གིས་བསྐོར་བའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་བདག་མདུན་ཐུན་མོང་དུ་བསྒྲུབས་ཏེ། ཕྱག་མཆོད་བསྡུས་པ་དང་བཅས་པ། གཏོར་མ་འབུལ་བ་སོགས་ལེགས་པར་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། བླ་མ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐ་མི་དད་པ་ལ་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། ཐུབ་པ་མཆོག་དང་འཕགས་པའི་ཚོགས། །འགྲོ་བའི་མུན་སེལ་མགོན་རྣམས་ཀྱི། །ཚོགས་ལའང་བདག་ནི་སྐྱབས་སུ་མཆི། །རྗེས་སུ་གནང་བ་སྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་ཕྱིར་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་གནས་བརྟན་ཆེན་པོ་བཅུ་དྲུག་སོགས་ལ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་པའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས། སྡིག་པ་བཤགས་པ་སོགས་ཡན་ལག་བདུན་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། འགྲོ་ལ་ཕན་ཕྱིར་
སངས་རྒྱས་འགྲུབ་པར་ཤོག །བར་བརྗོད། དེ་ལྟར་རྒྱུད་དག་པར་བྱས་ནས་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་གུས་འདུད་དྲག་པོ་དུང་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་མུྃ་ལས་འོད་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀའི་མུྃ་ལ་ཕོག་པས། དེ་ལས་འོད་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ལུས་འོད་ཀྱི་གོང་བུ་ཞིག་ཏུ་གྱུར་པའི་མོས་པ་མཛོད། དེ་ལ་སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་པར་གྱུར། སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི། ཞེས་པ་ནས། བྱང་སྒོར་རྣམས་ཐོས་སྲས། ཞེས་པའི་བར་གོང་བཞིན་ལ། བྱང་སྒོར་རྣམ་ཐོས་སྲས་རྣམས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་རྣམས་ཀྱིས་རྒྱས་གདབ་པའི་མོས་པ་མཛོད། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་སྐུའི་རྗེས་སུ་གནང་བ་སྩལ་དུ་གསོལ། སྙམ་པའི་གུས་འདུད་དུང་དུང་པ་བྱས་པས་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་སྟོན་པ་འཁོར་བཅས་ཀྱི་སྐུའི་རྣམ་པ་དཔག་ཏུ་མེད་པར་བྱོན་ནས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད་ཅིང་དྲིལ་བུ་དཀྲོལ། ཏདྱ་ཐཱའི་སྔགས་ལན་གསུམ། དེ་རྣམས་ཀྱིས་སྐུའི་རྗེས་གནང་ཐོབ་པས་གནས་སྐབས་སུ་ལུས་ཀྱི་སྒྲིབ་པ་དག་ཅིང༌། མཐར་ཐུག་སྟོན་པ་འཁོར་བཅས་ཀྱི་སྐུའི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། གསུང་གི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀའི་མུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་ནས་ཡོད་པ་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་མདུན་
བསྐྱེད་དང་བཅས་པའི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་ཁར་མུྃ་ཡིག་གི་མཐར་དང་པོས་འཁོད། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛད་ནས། འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། ཏདྱ་ཐཱ་སོགས་བརྗོད། དེ་ནས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་མེ་ཏོག་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པའི་མོས་པ་མཛོད། ཅེས་དང༌། མེ་ཏོག་འཐོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་པ་སློབ་མ་མང་ཉུང་དང་བསྟུན་ལ་ཇི་ལྟར་རིགས་པ་བརྗོད། དམ་བཅའ་བའི་ལུང་གི་དོན་དུ། ཁྱེད་རང་རྣམས་དུས་ད་ནས་སངས་རྒྱས་མ་ཐོབ་ཀྱི་བར་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྟོན་པ་གཙོ་འཁོར་ཐམས་ཅད་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། སློབ་དཔོན་དགོངས་སུ་གསོལ། རང་རང་གི་མིང་ནས་བརྗོད་དེ། བདག་མིང་འདི་ཞེས་བགྱི་བར་དུས་ད་ནས་བཟུང་སྟེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་སྟོན་པ་གཙོ་འཁོར་ཐམས་ཅད་ཡི་དམ་དུ་བཟུང་བར་བགྱིའོ། །སློབ་དཔོན་གྱིས་མེ་ཏོག་འཐོར་བཞིན་པས། བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་
འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་སློབ་མ་རྣམས་ལ་མེ་ཏོག་གཏོར། དེ་རྣམས་ཀྱིས་གསུང་གི་རྗེས་སུ་གནང་བ་ཐོབ་པས་གནས་སྐབས་སུ་ངག་གི་སྒྲིབ་པ་དག་ཅིང༌། མཐར་ཐུག་སྟོན་པ་འཁོར་བཅས་ཀྱི་གསུང་གི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། ཐུགས་ཀྱི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་མདུན་བསྐྱེད་དང་བཅས་པ་ལ་གུས་འདུད་དྲག་པོ་དུང་དུང་པ་བྱས་པས། དེ་དག་གི་ཐུགས་ཀ་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན། རིན་པོ་ཆེའི་པྲོག་ཞུ། གླེགས་བམ། རྔ་ཡབ། འཁར་གསིལ་ལ་སོགས་པ་ཕྱག་མཚན་གི་རྣམ་པ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། ལྷའི་སྐུ་གསུང་ཐུགས་དང༌། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་པར་རྒྱུད་བྱིན་གྱིས་བརླབས་པའི་མོས་པར་མཛོད། ཅེས་བརྗོད་ཅིང་དྲིལ་བུ་དཀྲོལ། ཏདྱ་ཐཱའི་སྔགས་ལན་གསུམ། དེ་རྣམས་ཀྱིས་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་པས་གནས་སྐབས་སུ་ཡིད་ཀྱི་སྒྲིབ་པ་དག་ཅིང་མཐར་ཐུག་སྟོན་པ་འཁོར་བཅས་ཀྱི་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། དེ་ལྟར་རྗེས་སུ་གནང་བ་ལེགས་པར་ཐོབ་པས། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་ཚོགས་ལ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་མཎྜལ་ཕུལ། དེང་ནས་སོགས་དང༌། བསོད་ནམས་འདི་ཡིས་སོགས་ཀྱི་སྒོ་ནས་སློབ་མ་རྣམས་སོ་སོར་བཏང་ལ། རྗེས་ཀྱི་བྱ་བ་ནི། མཆོད་པ་རྣམས་ཁ་གསོས་ཏེ། བྱིན་རླབས་བསྡུས་པ་སྤྱི་ལྟར་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱཀྱ་མུ་ནི་ཡེ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དྲིལ་བུ་གསིལ་ཞིང༌། ཐབས་མཁས་
ཐུགས་རྗེས། སོགས་ཤློ་ཀ་གཅིག་གིས་བསྟོད། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། དབུས་ཀྱི་ཐུབ་པའི་སྐུ་ལ་བརྟན་བཞུགས། གཞན་རྣམས་ལ་གཤེགས་གསོལ། བསྔོ་བ་བཀྲ་ཤིས་སོགས་བྱའོ། །བསྟན་པའི་གཙོ་བོ་ཐུབ་པ་ཆེན་པོ་འཁོར་གནས་བརྟན་ཆེན་པོ་བཅུ་དྲུག་དགེ་བསྙེན་དྷརྨ་ཏཱ་དང་བཅས་པའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་འདི་ནི། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་སེམས་དཔའ་ཆེན་པོ་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས་རྒྱལ་མཚན་དཔལ་བཟང་པོ་དགུང་ལོ་བརྒྱད་ཅུ་རྩ་དགུ་བཞེས་པའི་དུས་སུ་ཐུགས་དགྱེས་བཞིན་གནང་བ་ལྟར། འདིའི་ཡིག་ཆ་ཧ་ཅང་གསལ་བ་ཞིག་མི་འདུག་པས། གསུང་རྒྱུན་ཟིན་བྲིས་སུ་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ནག་པ་ཟླ་བའི་ཉེར་ལྔའི་ཉིན་ཆོས་མེད་སྙོམ་ལས་མཁན་དཔལ་ས་སྐྱ་པ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་བྲིས་ཤིང༌། སྤྱན་སྔ་རིན་པོ་ཆེའི་སྤྱན་ལམ་ཕབ་སྟེ་ཞུས་དག་བྱས་པ་ཡིན་པས། དག་ཅིང་ཡིད་ཆེས་པར་ཡོད་པས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།
ཤོག་སྟོང་།
ནོར་བུ་བསྟན་པ་སྤྱི་དབང་བྱ་ཐབས་ཆོས་སྤྱོད་བཅུ་ཉམས་སུ་ལེན་ཚུལ་དང་བཅས་པ་བསྟན་པའི་ཚལ་འབྱེད།
ནོར་བུ་བསྟན་པ་སྤྱི་དབང་བྱ་ཐབས་ཆོས་སྤྱོད་བཅུ་ཉམས་སུ་ལེན་ཚུལ་དང་བཅས་པ་བསྟན་པའི་ཚལ་འབྱེད་ཅེས་བྱ་བ་བཞུགས་སོ།།
གང་གི་དྲིན་གྱིས་སྐུ་གསུམ་རིན་ཆེན་གླིང༌། །སྣང་མཛད་སྲིད་མཚོ་སྒྲོལ་བའི་གྲུ་འཛིན་མཆོག །ཐུགས་རྗེའི་རླུང་དར་སྐྱོད་མཁས་བླ་མ་རྗེ། །མཆོག་གསུམ་དབྱེར་མེད་ཞབས་ལ་སྤྱི་བོས་འདུད། །རྒྱལ་བསྟན་ལུང་རྟོགས་ཟུང་འཇུག་གི །ངོ་མཚར་རྙེད་དཀའི་དགའ་སྟོན་ལ། །ཅི་དགར་འཕྲུལ་བའི་དབང་བྱེད་པོ། །ནོར་བུ་བསྟན་པ་སྤྱི་དབང་བརྗོད། །དེ་ཡང་ཡིད་དུ་འཐད་པའི་གནས་སུ་གནས་ཁང་བྱི་དོར་ཆག་ཆག་གདབ་ཅིང༌། དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ། སྟེགས་ཀྱི་ཁར་ཚོན་ནམ་འབྲས་ཀྱི་པདྨ་འདབ་བརྒྱད་བཀོད། དེའི་ལྟེ་བར་མཉྫིའི་ཁར་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྐུ་རབ་གནས་དང་ལྡན་པ་བཤམ་ཞིང༌། དེའི་མདུན་ནམ་གཡས་ལྟ་བུ་གང་འོས་སུ། བཀའ་བསྟན་བཅོས་ཀྱི་གླེགས་བམ་ཡང་བཤམ། མཐའ་མཆོད་པས་བསྐོར། སློབ་མ་མདུན་དུ་འཁོད་ལ་ཅི་འབྱོར་པའི་ཡོན་ཕུལ། ལག་ཏུ་མེ་ཏོག་གཏད་དེ་མཎྜལ་ཕུལ། སློབ་དཔོན་གྱིས་འདི་སྐད་དུ། འདིར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ཐུགས་སྲས་འབྲོམ་སྟོན་པ་ཆེན་པོ་ནས་བཀའ་གདམས་རིན་
པོ་ཆེ་ཞེས་གྲགས་པ་ལས་སྟོན་པ་ཆེན་པོའི་ཐུགས་སྲས་དགེ་བཤེས་སྐུ་མཆེད་གསུམ་ནས་གཞུང་གདམས་ངག་གཉིས་སུ་བྱུང་བ་ལས་གཞུང་པའི་སྲོལ་འཛིན་པའི་དགེ་བའི་བཤེས་གཉེན་པུ་ཏོ་བ་ཆེན་པོ་དེའི་སློབ་མ་ཉི་མ་ལྟ་བུ་ཞང་ཤ་ར་བ་ཡོན་ཏན་གྲགས། དེའི་སློབ་མ་བྱིན་རླབས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས། དེའི་ཐུགས་སྲས་འཕགས་པའི་གནས་བརྟན་གྱི་རྣམ་འཕྲུལ་དུ་གྲགས་པ་དཔལ་ལྡན་གྲོ་མོ་ཆེ་བདུད་རྩི་གྲགས་ཅེས་བྱ་བ་དེ་ལ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་གིས་དངོས་སུ་གནང་བའི་ནོར་བུ་བསྟན་པ་སྤྱི་དབང་ཞེས་བྱ་བ་འདི་ནོད་པ་ལ་བརྟེན། གསུང་རབ་ཡན་ལག་བཅུ་གཉིས་ཆོས་སྤྱོད་རིན་པོ་ཆེ་རྣམ་པ་བཅུའི་བདག་ཉིད་ཀྱི་བཀའ་བསྟན་བཅོས་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་དབང་བའི་རྗེས་སུ་གནང་བ་ཐོབ་པར་འགྱུར་བ་ཡིན་པས། འདི་ཉིད་ཀྱི་ཕྱག་བཞེས་དཔལ་ལྡན་གྲོ་མོ་ཆེའི་སློབ་མ་སྣར་ཐང་སངས་རྒྱས་སྒོམ་པ་སེང་གེ་སྐྱབས་དེའི་ཐུགས་སྲས་དགེ་བའི་བཤེས་གཉེན་སྣར་ཐང་པ་མཆིམས་ཆེན་པོ་ནམ་མཁའ་གྲགས་ཀྱིས་མཛད་པ་ཇི་ལྟ་བ་བཞིན་དུ་སྒྲུབ་
པར་བྱེད་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ། ནོར་བུ་བསྟན་པ་སྤྱི་དབང་ཞུ་སྙམ་པས་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ནས། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་མགོན་པོ་ཐུབ་ཆེན་གྱིས། །བློ་མཆོག་ཏིང་འཛིན་རྙེད་པར་མཛོད། །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །ཤློ་ཀ་གཅིག་ལན་གསུམ་བརྗོད། མདུན་གྱི་ནམ་མཁའ་འདི་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨོ་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པ་བཀོད་པའི་སྟེང་དུ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་བཞུགས་པར་མོས་ཏེ། དེའི་དྲུང་དུ་ཡན་ལག་བདུན་པ་རྒྱས་པར་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། སྤྲོ་ན། ཇི་སྙེད་སུ་དག་སོགས་དང༌། བསྡུ་ན། སྒོ་གསུམ་གུས་པས་ཕྱག་འཚལ་ཞིང༌། །མཆོད་སྤྲིན་རྒྱ་མཚོས་རབ་ཏུ་མཆོད། །སྡིག་ཀུན་སོ་སོར་བཤགས་པར་བགྱི། །དགེ་ཚོགས་རྣམས་ལ་ཡི་རང་ཞིང༌། །ཆོས་འཁོར་རྒྱ་ཆེན་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་ལན་གསུམ། དེ་ནས་བླ་མ་དང་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ལ་རང་གི་ལུས་རྡུལ་གྱི་གྲངས་སྙེད་དུ་སྤྲུལ་ཞིང་ལྕེ་དེ་སྙེད་དང་ལྡན་པས་དབྱངས་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པའི་སྒྲ་སྐད་ཀྱིས་རྒྱལ་བའི་ཡོན་ཏན་མཁའ་ལྟར་མཐའ་ཡས་ཤིང་ཚད་བཟུང་དུ་མེད་པ་ལ་བསྔགས་པའི་བསྟོད་པ་བརྗོད་པར་མོས་པས་རྗེས་ཟློས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་
རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང༌། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་ནས། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་ཤློ་ཀ་གཅིག་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱིས་བླ་མ་བཅོམ་ལྡན་འདས་ཤཱཀྱའི་དབང་པོ་དངོས་ཡིན་སྙམ་པའི་མོས་གུས་དུང་དུང་པ་བྱས་ནས། བླ་མ་ཡང་སྐད་ཅིག་གིས། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་བཀོད་པའི་ཁྱད་པར་ཚད་མ་མཆིས་པས་མངོན་པར་འཕགས་པའི་སྟེང་དུ་ལྷ་རྫས་ཀྱི་གོས་པཉྩ་ལི་ཀ་རིན་ཐང་མེད་པ་དུ་མས་ལེགས་པར་བཀབ་པའི་དབུས་སུ། དེ་བཞིན་གཤེགས་པའི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་པདྨ་ཆེན་པོ་འདབ་མ་སྟོང་དང་ལྡན་པ་ཀ་ཙ་ལི་ཀཱ་ལྟར་རེག་ན་བདེ་བ་ཁ་དོག་བཟང་པོ་ལྟར་མི་བཟོད་པའི་གཟི་འོད་དང་ལྡན་པ་ཐ་གྲུ་ཚད་མེད་པ་དང་ལྡན་པའི་ལྟེ་བར། ཟླ་བའི་དཀྱིལ་འཁོར་ཉ་གང་བ་དྲི་མ་མེད་པའི་འོད་དཀར་པོ་འཕྲོ་བའི་གདན་གྱི་སྟེང་དུ། མུྃ་ཡིག་གསེར་གྱི་ཁ་དོག་ཅན་འོད་མཐའ་ཡས་པ་འབར་བའི་འོད་ཟེར་གྱིས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཉི་མ་འབུམ་གྱི་འོད་ལས་ལྷག་པའི་འོད་འདོམ་གང་བ་དང༌། འོད་ཟེར་མཐའ་ཡས་པར་མངའ་བ། སྐུ་ལ་ངུར་སྨྲིག་གི་ན་བཟའ་ཆོས་གོས་གསུམ་མནབས་ཤིང༌། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུའི་གཙུག་ཏོར་ལྟར་མི་མངོན་པ་དང་ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། ཕྱག་ཞབས་ཀྱི་སོར་མོ་ཟངས་མདོག་
སྣུམ་ཞིང་ཕྱག་སོར་ཟླུམ་རྒྱས་རིང་བ་དྲྭ་བས་འབྲེལ་པ་སོགས་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སྐུ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ་སྐྱེད་པ་དེ་ལྟ་བུའི་སྐུར་ཀྲོང་གིས་གྱུར་པར་བསྒོམ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་ཁ་དོག་དཀར་པོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར་མུྃ་ཡིག་སེར་པོའི་མཐའ་སྐོར་དུ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གསེར་གྱི་མདོག་ལྟ་བུས་བསྐོར་བར་གསལ་ཐོབ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་ཡི། །དབང་བསྐུར་དམ་པ་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་གྱི་མཎྜལ་གྱི་དབུས་སུ་བཞུགས་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྐུ་རབ་གནས་མཚན་ཉིད་དང་ལྡན་པ་འདི་ངོ་བོ་ཉིད་ཀྱིས་ཀྱང་བཅོམ་ལྡན་འདས་ཉིད་མངོན་སུམ་བཞུགས་པ་དང་ཁྱད་མེད་ཅིང༌། ཁྱེད་རང་རྣམས་ཀྱི་ཡིད་ཀྱིས་ཀྱང་དེ་ལྟར་བཞུགས་པ་ཡིན་སྙམ་པའི་མོས་འདུན་དུང་པར་བྱས་པས། གང་གི་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །བྱ་བའི་དོན་ཅན་དུ་འོང་བ་ཡིན། །དེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་འཁོར་ལོ་ས་བོན་སྔགས་ཕྲེང་སོགས་སློབ་དཔོན་གྱི་ཐུགས་ཀར་བསྒོམས་པ་བཞིན་དུ་འོད་ཀོར་རེ་ཡོད་པར་སྒོམས། སློབ་དཔོན་བཅོམ་ལྡན་འདས་ཐུབ་པ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པའི་སྡེ། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །ཞེས་པའི་གསུང་རབ་ཡན་ལག་བཅུ་གཉིས་དང༌།
ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ངོ་བོར་གྱུར་པའི་འོད་ཟེར་གསེར་བཙོ་མའི་ཁ་དོག་ལྟ་བུ་དཔག་ཏུ་མེད་པ་དང་ཨཱ་ལི་ཀཱ་ལི་དབྱངས་གསལ་གྱི་ཡིག་འབྲུ་ཁ་དོག་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པ་རྣམས། སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་རྩ་བའི་ཉོན་མོངས་པ་དྲུག ཉེ་བའི་ཉོན་མོངས་པ་ཉི་ཤུ། གཟུང་འཛིན་རྣམ་རྟོག་གི་འཆིང་བ་ལ་སོགས་པའི་ཉོན་མོངས་པ་དང༌། ཤེས་བྱས་བསྡུས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག ཁྱད་པར་དུའང་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་བ་ལ་བར་དུ་གཅོད་པའི་བགེགས་ཆེན་པོ་བཞི་དང༌། མི་ཤེས་པའི་རྒྱུ་བཞི་དང༌། མ་རིག་པ་གཉིས་དང༌། རྨོངས་པའི་དྲི་མ་ཐམས་ཅད་གཞོམ་ནས་སྒོ་གསུམ་ཤེལ་གྱི་གོང་བུ་ལྟར་རྣམ་པར་དག་པར་གྱུར་སྙམ་པའི་མོས་པ་གྱིས། བྱས་ལ་ཐུབ་པའི་སྐུ་སྤྱི་བོར་བཞག་ལ། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་ཡི། །དབང་བསྐུར་དམ་པ་ཁྱོད་ལ་སྦྱིན། །ཅེས་བརྗོད་པའི་རྗེས་སུ་མེ་ཏོག་གཏོར་ཞིང༌། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་ལུས་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་སྐུ། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་གཉིས་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། སྐུ་ལ་ན་བཟའ་ཆོས་གོས་གསུམ་མནབས་ཤིང༌། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འོད་དང་འོད་ཟེར་འཕྲོ་བའི་སྐུར་གྱུར། ཁྱེད་རང་རྣམས་ཀྱི་ངག་གསུང་རབ་ཡན་ལག་གཅུ་གཉིས་དང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ངོ་བོར་གྱུར། ཁྱེད་རང་རྣམས་ཀྱི་ཡིད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཅན་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་དང་བྲལ་བའི་བློ་གྲོས་ཕུན་སུམ་ཚོགས་པར་གྱུར་སྙམ་པའི་ངེས་ཤེས་བརྟན་པོ་སྒོམས། དེ་ནས་ཡང་མཎྜལ་གྱི་
དབུས་སུ་བཞུགས་པའི་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་ཐུགས་ཀའི་འཁོར་ལོ་ས་བོན་སྔགས་ཕྲེང་དང་བཅས་པ་དེ་འདྲ་བ་གཉིས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས་ཞལ་ནས་ཐོན། སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ཀྱང་དེ་འདྲ་བ་གཉིས་པ་བྱུང་བ་ཞལ་ནས་ཐོན་པ་དག་ལྷན་ཅིག་ཏུ་སློབ་མ་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོར་ལོ་མུྃ་ཡིག་སྔགས་ཕྲེང་དང་བཅས་པ་འོད་ལྷག་གེར་གསལ་བའི་སྔགས་ཕྲེང་རྣམས་ཀོར་ཀོར་འཁོར་བ་མོས་ལ་སྔགས་བརྒྱ་རྩ་བརྒྱད་གསུང་བར་ཞུ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། སྔགས་བརྒྱ་རྩ་བརྒྱད་འདོན། བཀའ་བསྟན་བཅོས་ཀྱི་གླེགས་བམ་གང་ཡང་རུང་བ་ཞིག་སྤྱི་བོར་བཞག་ནས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་ཡི། །ལུང་མཆོག་དམ་པ་ཐོབ་གྱུར་ཅིག །ཅེས་དང༌། མེ་ཏོག་མགོར་བཞག་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད། དེ་ནས་སློབ་དཔོན་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྐུར་གསལ་བ་ཡང་འོད་ཟེར་གྱི་ཕུང་པོར་གྱུར་ཏེ་ཁྱེད་རང་རྣམས་ལ་ཐིམ། ཁྱེད་རང་རྣམས་བཅོམ་ལྡན་འདས་ཀྱི་སྐུར་གསལ་བ་ཡང་འོད་ཀྱི་རང་བཞིན་དུ་གྱུར་པའི་ངང་ནས་གང་དུའང་དམིགས་སུ་མེད་པའི་འོད་གསལ་བ་ཇི་ལྟར་བཙལ་ནའང་ཅི་ཡང་མ་མཐོང་བ་དེ་ལྟར་བལྟའོ། །འདི་ལྟར་སེམས་དང་དམིགས་པ་ཐ་དད་པར་མི་མཐོང་བ་དེའི་ཚེ་ཡང་དག་པར་མཐོང་བ་སྟེ། ཇི་སྐད་དུ། ཀུན་རྫོབ་ཇི་ལྟར་སྣང་བ་འདི། །རིག་པས་བརྟག་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་ཇོ་བོ་ཆེན་པོའི་གསུང་ལས་མཐོང་བ་དེ་ལྟ་བུ་ལ་དྲན་པ་དང་ཤེས་རབ་
ཀྱིས་མ་ཡེངས་པར། སེམས་གཏད་ཅིང་མཉམ་པར་ཞོག་ཅིག ཅེས་དར་ཅིག་བསྒོམ་དུ་གཞུག དེའི་ངང་ནས་དོན་དམ་པའི་རང་བཞིན་ནམ་མཁའ་ལྟ་བུ་ལ་ལྟ་བའི་ཤེས་རབ་ཀྱི་མིག་དང་མི་འབྲལ་ཞིང༌། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུ་ལ་ལྟ་བའི་ཡེ་ཤེས་ཀྱི་མིག་དང་བྲལ་བའི་སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐུལ་བས། སླར་ཡང་སྒྱུ་མ་ལྟ་བུའི་ལུས་ཀྱིས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པ་ལ་བརྩོན་པར་བྱའོ། །དེ་ལྟར་བྱས་པས་ཁྱེད་རང་རྣམས་ཆོས་སྤྱོད་བཅུའི་སྒྲུབ་པ་རིན་པོ་ཆེ་ཉམས་སུ་ལེན་པ་དང༌། རྒྱལ་བའི་བཀའ་བསྟན་བཅོས་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་བགྱིད་པ་ལ་དབང་ཐོབ་པ་ཡིན་པས་བཀའ་དྲིན་གཏང་རག་གི་ཡོན་དུ་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ལྟོས་མེད་དུ་འབུལ་སྙམ་པ་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །བརྗོད་ཅིང་མཎྜལ་འབུལ་ལོ། །འདིའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པའི་གནས་བརྟན་ཡན་ལག་འབྱུང༌། དཔལ་ལྡན་གྲོ་མོ་ཆེ་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ། སྣར་ཐང་སངས་རྒྱས་སྒོམ་པ་སེང་གེ་སྐྱབས།«་་་་་འདི་གཉིས་གྲོ་མོ་ཆེའི་སློབ་མར་འདུག་པ་བར་འདིར་ཞང་སྟོན་དགོས་མི་དགོས་བརྟག »དགེ་བའི་བཤེས་གཉེན་མཆིམས་ནམ་མཁའ་གྲགས། ཞོར་བ་འཁོར་ལོ་སེང་གེ ལ་རུ་བ་བསོད་ནམས་སེང་གེ མཁན་ཆེན་འོད་ཟེར་སེང་གེ ཀུན་མཁྱེན་མུས་སྲད་པ་དཔལ་ལྡན་སེང་གེ གཉགས་དབོན་མཁན་ཆེན་བསོད་ནམས་བཟང་པོ། ཀུན་མཁྱེན་བན་སྒར་བ་འཇམ་དཔལ་བཟང་པོ། རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོ། ངོ་ཁྲོ་རབ་འབྱམས་པ་པཎ་ཆེན་དབང་ཕྱུག་དཔལ། བླ་མ་མ་ཎི་བ་ཀུན་དགའ་རྣམ་རྒྱལ། སི་ཏུ་རིན་པོ་ཆེ་རྗེ་བཙུན་ཆོས་ཀྱི་གོ་ཆ།
བླ་མ་རིན་པོ་ཆེ་ཀརྨ་བཟང་པོ། དེས་བདག་དགེ་སློང་ཆོས་ཀྱི་རྒྱལ་མཚན་ལའོ། །དེ་ལྟར་དབང་ཐོབ་ནས་རྒྱལ་བསྟན་རིན་པོ་ཆེ་ལུང་རྟོགས་ཀྱི་ཉམས་ལེན་ཐམས་ཅད་གཅིག་ཏུ་བསྡུས་པ། ཆོས་སྤྱོད་བཅུ་ཉམས་སུ་ལེན་ཚུལ་དགེ་བའི་བཤེས་གཉེན་སྣར་ཐང་པ་ཆེན་པོ་མཆིམས་ནམ་མཁའ་གྲགས་ཀྱི་གསུང་བཞིན་བརྗོད་པ་ལ། དང་པོ་ཡི་གེ་འབྲི་བ་ནི། སྦྱོར་བ་གནས་ཁང་ཆག་ཆག་གདབ། ཕྱགས་དར་བྱས་ལ་མཎྜལ་བྱུགས་ཏེ། རེ་ཁཱ་གཉིས་སྐོར་དང༌། མེ་ཏོག་ཚོམ་བུ་དགུ་བཀོད་ལ། དེའི་སྟེང་དུ་ཁྲི་བཞག་དེ་ལ་ཁྲི་གཡོགས་བཀབ། དེའི་སྟེང་དུ་དཔེ་བཞུགས། མཆོད་པ་ཅི་འབྱོར་བཤམ། རང་སྟན་བདེ་བ་ལ་འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་བྱ། མཆོད་པ་ཕུལ་ལ་གསོལ་བ་གདབ། དཔེ་ཞལ་ཕྱེ་བའི་ཚེ་དེའི་ཡིག་འབྲུ་རྣམས་འོད་ཀྱི་རྣམ་པར་བྱོན་ནས་བདག་གི་སྤྱི་བོར་ཐིམ་པས་ཉོན་མོངས་པ་དང་སྡིག་སྒྲིབ་དག་པར་བསམ་པ་ལན་གསུམ་ཙམ་བྱས་ལ། དངོས་གཞི་བྲིས་པའི་ཡི་གེ་སྤྲུལ་པའི་སྐུར་བྱོན་པར་བསམ་སྟེ་དོན་ཡང་དེ་ལྟར་ཡིན། སངས་རྒྱས་ཀྱིས་བྱིན་གྱིས་མ་བརླབས་ན་ཡི་གེ་འབྲིར་མི་བཏུབ་པ་ཡིན་ནོ། །མཇུག་དགེ་བ་བསྔོ་ཞིང་མི་དམིགས་པས་རྒྱས་གདབ་བོ་གསུངས། གཉིས་པ་མཆོད་པ་ནི། རྟེན་མཆོད་པ་བཤམས་པ་སྔོན་དུ་བཏང་བ་ལ་མཎྜལ་གྱི་སྟེང་དུ་གླེགས་བམ་བཞུགས་ཏེ་སྦྱོར་རྗེས་སྔར་བཞིན་ལས། དངོས་གཞི་ཡིག་འབྲུ་ལས་འོད་བྱུང་ནས་བདག་ལ་ཞུགས་པས་སྡིག་སྒྲིབ་དག་པར་བསམ་ཞིང་མཆོད་པ་འབུལ། འདི་བཅུ་ཀ་ལ་དགོས་པའི་ཐུན་མོང་གི་ཆོས་སོ་གསུངས། གསུམ་པ་གླེགས་བམ་སྦྱིན་པ་ནི། ཡུལ་དང་ཆོས་ལ་གདན་དང་མཆོད་པ་བཤམས་ལ། ཡུལ་དང་དབུལ་བ་པོ་གཉིས་ཀས་སེམས་བསྐྱེད་པ་དང༌། ལྷག་པར་དད་པ་དང༌། སེམས་དྭང་བ་སྟེ་ཆོས་གསུམ་གསུམ་དྲུག་དང་ལྡན་པར་དགོས་ཀྱིས། གཞན་དུ་ན་གཉིས་ཀ་མི་རུང་ངོ༌། །ཚུལ་ནི་ཕྱག་ཏུ་ཕུལ་བ་འདི་ལ་ཆོས་སྤྱོད་བཅུ་རྫོགས་པར་མཛོད་ལ་སེམས་
ཅན་གྱི་དོན་མཛད་པར་ཞུ། ཞེས་བརྗོད་དོ། །ཡུལ་གྱིས་ཀྱང་དེ་ལྟར་ཁས་བླང༌། སྦྱོར་རྗེས་སྔར་བཞིན་ནོ་གསུངས། བཞི་པ་ཉན་པའི་ཆོས་ནི་སྦྱོར་རྗེས་འདྲ། དངོས་གཞི་ནི་འཆད་པ་པོ་ལ་སྟོན་པའི་འདུ་ཤེས་སུ་བྱས་ལ་ཞལ་གྱི་སྒོ་དང་ཕྱག་དཔེ་ཡིག་འབྲུ་ལས་འོད་བྱུང་སྟེ། ལྷ་མ་སྲིན་སྡེ་བརྒྱད་དང་འཁོར་རྣམ་བཞི་ལ་སོགས་པ་འཁོར་ཐམས་ཅད་ལ་ཕོག་པས་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྡིག་སྒྲིབ་དག་པ་ལ་སོགས་པ་ལན་གསུམ་ཙམ་བྱ་སྟེ། མ་ཡེངས་པར་ཉན་པར་བྱའོ་གསུངས། ལྔ་པ་ཀློག་པའི་ཆོས་སྤྱོད་ནི། སྦྱོར་བ་བཀོད་པ་བཤམས་པ་སྔོན་དུ་བཏང་ནས། སྟོན་པའི་སློབ་མ་སེམས་ཅན་གང་སུ་དག །འཇིག་རྟེན་ཁམས་ན་གནས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །སུ་དག་ཉན་པར་འདོད་པ་འདིར་ཤོག་ཅིག །ཅེས་བརྗོད་ལ་མདོར་ན་བརྗོད་བྱ་རྗོད་བྱེད་དང་བཅས་པ་ལ་ཡིད་གཏོད་པ་དང༌། གཞན་ལ་ཆོས་སྟོན་པ་དང༌། བསྟན་པ་ཀླད་ལ་བཀུར་བ་དང༌། བྱང་ཆུབ་སེམས་ཀྱི་འདུ་ཤེས་ཏེ། འདུ་ཤེས་བཞི་བཞག་ལ། དངོས་གཞི་རྐྱེན་མྱུར་བུལ་ལ་སོགས་པའི་སྐྱོན་སྤངས་ཏེ། ཐུན་མཚམས་སྐབས་བུ་ཆུང་དུ། ཚིག་འཕྲོ་བཟང་པོ་ལ་བཞག་ཅིང་རྗེས་སྔར་བཞིན་ནོ་གསུངས་སོ། །དྲུག་པ་ལེན་པ་ནི་སྦྱོར་རྗེས་སྔར་བཞིན་ལས། དངོས་གཞི་དཔེ་ལས་ཚིག་དོན་ལེན་པ་སྟེ་ཅི་ཙམ་ནུས་པ་རྨི་ལམ་སྒྱུ་མ་ལྟ་བུའི་བློས་ཕར་ཕྱིན་དྲུག་ལྡན་དུ་ལེན་པ་ཡིན་ལ། བདུན་པ་འཆད་པ་ནི། སྦྱོར་རྗེས་གཞན་འདྲ་བ་ལ་རང་གི་ལྕེ་ལས་འོད་འཕྲོས་ཏེ་འཁོར་ཐམས་ཅད་ལ་ཕོག་པས་ཆོས་སྤངས་ལ་སོགས་པ་ཆོས་རྟོགས་པའི་གེགས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ཞིང༌། ཆོས་སྒྲོགས་པ་སྔོན་དུ་བཏང་སྟེ་སྟོན་པར་འདུ་ཤེས་པས་བཤད་པར་བྱའོ་གསུངས། བརྒྱད་པ་ཁ་ཏོན་བྱེད་པ་ཀློག་པ་བཞིན་ལས་ཡིག་འབྲུ་ལས་འོད་འཕྲོས་པ་མི་
དགོས་གསུངས། དགུ་པ་དེ་སེམས་པ་ནི་ཚུལ་བཞིན་སེམས་པ་སྟེ། དཔེ་ལས་སེམས་ན་སྦྱོར་བ་འབྲི་བ་བཞིན་ལས་དངོས་གཞི་ཇི་ཙམ་ནུས་པ་སེམས་ལ། དཔེ་མེད་ནའང་དཔེ་བཞུགས་པ་ལས་གཞན་འདྲའོ། །བཅུ་པ་བསྒོམ་པ་ནི། སྤྱིར་ཆོས་སྤྱོད་བཅུའི་གཙོ་བོ་ཐོས་བསམ་སྒོམ་གསུམ། དེ་ཡང་གཙོ་བོ་སྒོམ་པ། དེ་ལ་གཞུང་དང་དོན་བསྒོམ་པ་གཉིས་ལས། དང་པོ་ནི་གཞན་དག་སེམས་དྲུག་གིས་སྒོམ་པར་བྱེད་དེ། འདིར་དེ་དག་ཐུན་མོང་མ་ཡིན་པ་ཁོ་ན་བསྒོམ་པ་མ་ཡིན་གསུངས། གཉིས་པ་ལ་སྙིང་པོའི་དོན་བསྒོམ་པ་ནི། བདག་མེད་གཉིས་ལ་སོགས་པ་དབུ་མའི་དོན་སྤྱིར་བསྒོམ་པ་ཡིན་ལ། མངོན་པར་རྟོགས་པའི་དོན་བསྒོམ་པ་ནི་མཁྱེན་པ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། སྦྱོར་བཞིའི་ཚུལ་དུ་ཉམས་སུ་ལེན་པ་སྟེ། རྣམ་པའི་ཁྲིད་དུ་བསྟན་པ་ལྟར་ཉམས་ལེན་དུ་བྱའོ། །དེ་ལྟར་རྗེས་རྨི་ལམ་སྒྱུ་མ་ལྟ་བུའི་བློས་ཕར་ཕྱིན་དྲུག་ལྡན་དུ་ཆོས་སྤྱོད་བཅུ་ལ་འབད་པས་མཉམ་གཞག་གི་རྟོགས་པ་འཕེལ་ལ། མཉམ་གཞག་སྲིད་ཞི་མཉམ་ཉིད་ལེགས་པར་སྐྱེས་ན་ཡང་རྗེས་དེ་ལྟར་འབྱུང་སྟེ། མཉམ་རྗེས་རྒྱུ་འབྲས་ཀྱི་ཚུལ་ལོ་གསུངས། དེ་ལྟར་ནོར་བུ་བསྟན་པ་སྤྱི་དབང་བསྐུར་ཚུལ་ཆོས་སྤྱོད་རིན་པོ་ཆེ་རྣམ་པ་བཅུའི་ཉམས་ལེན་དང་བཅས་པ་འདི་ནི། ཏཱའི་སི་ཏུར་གྲགས་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོས་རྒྱལ་མཁར་རྩེའི་སྐྱེད་མོས་ཚལ་དུ་གོང་ར་ལོ་ཆེན་པའི་དབོན་པོ་རིག་འཛིན་མ་ཧཱ་ལོ་ཙཱ་བ་ངག་དབང་བཟང་པོར་འདི་ཉིད་ཀྱི་དབང་བསྐུར་བགྱིས་པའི་ཚེ་ཟིན་བྲིས་སུ་བཀོད་པ་སྟེ། དེ་ལྟར་དགེ་བས་བདག་གཞན་འགྲོ་བ་རྣམས། །ཟུང་འཇུག་མཆོག་ཏུ་མི་འགྱུར་བདེ་ཆེན་གྱི། །རྣམ་པ་ཀུན་ལྡན་རྡོ་རྗེ་སེམས་འགྲུབ་སྟེ། །ལུང་རྟོགས་བསྟན་དོན་མཐར་ཐུག་མངོན་གྱུར་ཤོག། །།སརྦ་དཱ་མངྒ་ལཾ།། །།
མདོ་སྡེ་ཟབ་མོ་འདོན་པའི་གདམས་ངག་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ
མདོ་སྡེ་ཟབ་མོ་འདོན་པའི་གདམས་ངག་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་བཞུགས་སོ།།
ཁ་ཏོན་དང་གླེགས་བམ་ཀློག་པའི་སྔོན་དུ་འགྲོ་བའི་ཆོ་ག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་བྱང་ཆུབ་སེམས་དཔའ་ཐེག་ཆེན་གྱི་ཆོས་ཁ་ཏོན་དུ་བྱ་བར་འདོད་པ་དང༌། གླེགས་བམ་དུ་བྱ་བ་ཀློག་པར་འདོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་སྟེ་ཡིད་ཀྱིས་ཀུན་ཏུ་དམིགས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཚོགས། ཕྱག་འཚལ་བ་ལ་སོགས་པ་ཡན་ལག་བདུན་གྱི་ཚུལ་དུ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ། །དེའི་རྗེས་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་བཞག་སྟེ། ཡང་དག་པའི་ལྷག་པའི་བསམ་པ་དེ་ལྟར་བསམས་པའི་རྗེས་ལ། ཚིག་ལན་གསུམ་བརྗོད་པར་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ཚིག་གཅིག་གི་དོན་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་ཡང་ཡིན་ལ། འོན་ཀྱང་བདག་ནི་རང་གི་ལས་ཀྱི་ཉེས་པས་ཤེས་རབ་ཆུང་ཞིང་བློ་ཞན་ཏེ། དེ་ལྟ་ཡིན་དུ་ཟིན་ཀྱང༌། གང་བཅོམ་ལྡན་འདས་
ཀྱི་གསུང་རབ་བཟུང་ནས། དེ་བདག་གིས་ཁ་ཏོན་བྱ་སྟེ། ཆོས་ཀྱི་སྒྲ་དེ་སེམས་ཅན་གང་གི་རྣ་ལམ་དུ་གྲགས་པ་དེ་དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་པར་གྱུར་ཅིག ཅེས་སམ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ཚིག་གཅིག་གི་དོན་གང་ཡིན་དེ་ནི་ཆོས་ཐམས་ཅད་ཀྱི་ཡང་ཡིན་ན། འོན་ཀྱང་བདག་ནི་རང་གི་ལས་ཀྱི་ཉེས་པས་ཤེས་རབ་ཆུང་ཞིང་བློ་ཞན་ཏེ། དེ་ལྟ་ཡིན་དུ་ཟིན་ཀྱང་བདག་གིས་གླེགས་བམ་དུ་བྱས་པའི་ཆོས་བཀླག་པར་བྱ་སྟེ། ཆོས་ཀྱི་སྒྲ་དེ་སེམས་ཅན་གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་པར་བྱའོ། །ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་འགྲོ་བའི་ཆོ་ག སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༈ །སྡུད་པ་སོགས་ཤེར་མདོ་འདོན་ཐབས་བཞུགས། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྡུད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པར་འདོད་ན། ཐོག་
མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། ཟབ་པ་དང་རྒྱ་ཆེ་བའི་མདོ་འདོན་པར་བྱའོ་སྙམ་དུ་ཡུན་རིང་དུ་བསམ་པར་བྱའོ། །དེ་ནས་གང་ཟག་དབང་པོ་རབ་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བརྗོད་དུ་མེད་པའི་རང་བཞིན་ཅན་གྱི་ངོ་བོར་བསམས་ལ། དེའི་ངང་ལས་མ་གཡོས་བཞིན་དུ་མདོ་འདོན་པར་བྱའོ། །དེ་ཡང་མདོ་ལས། གཟུགས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་གསུངས་པའི་དོན་ཡིན་ནོ། །གང་ཟག་དབང་པོ་འབྲིང་གིས་བརྗོད་པ་དང་བྲལ་བའི་དོན། དེ་ཡང་སྔོན་དུ་དྲན་པར་བྱས་ལ། མདོ་ཀློག་པ་ལ་སོགས་པའི་བྱ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ངང་ནས་བྱ་སྟེ། མདོ་ལས། གཟུགས་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་བྱ་བའི་བར་དུ་གསུངས་པའི་གདམས་ངག་ཡིན་ནོ། །གང་ཟག་དབང་པོ་ཐ་མས་སྔོན་དུ་བརྗོད་བྲལ་དང༌། རྨི་ལམ་སྒྱུ་མ་དྲན་པར་བྱས་ལ། ཚིག་ཏུ་འདོན་པའི་སྒྲ་ལ་སེམས་གཏད་དེ་མ་ཡེངས་པར་བྱས་ལ། མཐོང་ཐོས་ལ་སོགས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་སྙམ་དུ་ཤེས་པར་བྱས་ལ་འདོན་ནོ། །དེ་ཡང་གཟུགས་ནི་གཟུགས་ཀྱིས་སྟོང༌། སྒྲ་ནི་སྒྲས་སྟོང༌། ཞེས་པ་ལ་སོགས་པའི་གདམས་ངག་ཡིན་ནོ། །དེ་ལྟར་གང་ཡང་རུང་སྟེ། མདོ་ཐོན་ནས་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་
ཏུ་བསྔོ་བར་བྱའོ། །སྡུད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པའི་མན་ངག་ས་སྐྱ་པཎྜི་ཏས་མཛད་པའོ།། ༈ །སྡུད་པ་སོགས་ཤེར་ཕྱིན་གྱི་མདོ་འདོན་པའི་ཐབས་ཟབ་དོན་སྙིང་པོ་བཞུགས། ན་མཿཔྲཛྙཱ་པཱ་ར་མི་ཏཱ་ཡཻ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམ«༡»ས་དཔའ་གང་ཞིག་ཤེས་རབ་མཆོག«༢»་བསྒོམས་ཏེ། །དེ་ལས་ལ«༣»ངས་ནས་གོས་པ་མེད་པའི་ཆོས«༤»་བརྗོད་ཅིང༌། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བ«༥»སྔོ་ན། །དགེ་བ་དེ་དང«༦»་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་གསུངས་པའི་རིམ་པ་དང་རྗེས་སུ་མཐུན་པར་མདོ་འདོན་པ་ལ་དྲུག་སྟེ། དང་པོ་སྐྱབས་གསུམ་སྔོན་དུ་འགྲོ་བའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། རྒྱས་པར་སྤྲོ་ན་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང༌། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་སོགས་ལན་གསུམ་མམ། བསྡུ་ན་སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སེམས་རྒྱུ་དང་འདྲེས་ངེས་བྱ། གཉིས་པ་ཤེས་རབ་མཆོག་གི་དོན་བསྒོམ་པ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །སོགས་བརྗོད་ལ་གནས་ལུགས་སྟོང་ཉིད་ཀྱི་དོན་ལ་བློ་ཅུང་ཟད་བཞག གསུམ་པ་དེ་ལས་རྗེས་ཐོབ་ལྷར་ལྡང་བ་ནི། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང༌། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གིས་མཛེས་པ། སྐུ་མཚན་དང་དཔེ་བྱད་མངའ་བ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་འཇུག་ཅིང་ལྡང་བའི་སྐུར་གྱུར་པའི་སྨིན་མཚམས་ནས་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་བཻ་ཌཱུརྻའི་ས་གཞི་གསེར་གྱི་མིག་མངས་རིས་སུ་བྲིས་པ་བཀོད་པ་ཕུན་སུམ་ཚོགས་
པའི་དབུས་སུ། སླར་ཡང་འོད་ཟེར་འཕྲོས་པས་ཆོས་འདི་ཉན་པར་འདོད་པའི་འཁོར་ཐམས་ཅད་འདུས་ཤིང་འཁོད་པར་གྱུར། ཞེས་བརྗོད་ཅིང་བསམས་ལ། བཞི་པ་མདོ་འདོན་པ་དངོས་ནི། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་སོགས་ཤློ་ཀ་གཅིག་གིས་མཚམས་སྦྱར་ནས། ཆོས་ཐམས་ཅད་ཆུ་ཟླ་སྒྲ་བརྙན་སྒྱུ་མ་ལྟར་སྣང་ཙམ་ནས་རང་བཞིན་གྱིས་མ་གྲུབ་པའི་དོན་ལ་བློ་བཞག་སྟེ་མཚན་མའི་སྦྱོར་བས་མ་གོས་པའི་ངང་ཧ་ཅང་མགྱོགས་པ་དང༌། བུལ་བ་དང༌། མི་གསལ་བ་སོགས་ཀྱི་སྐྱོན་ཐམས་ཅད་སྤངས་ལ་དག་གསལ་སྙན་པའི་ངག་གིས་གདོན། ལྔ་པ་མཇུག་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་ནི། ལྷག་ཆད་ནོར་བ་སོགས་ཀྱི་སྐྱོན་བྱུང་བ་ཐམས་ཅད་ཡིད་ཀྱིས་བཟོད་པར་གསོལ་བའི་རྗེས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་སྨོན་ཇི་ལྟར་རིགས་པ་རྒྱ་ཆེར་གདབ་ཅིང༌། མདོ་སྡེ་ལས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཀྱང་མཐའ་བརྒྱན་པར་བྱའོ། །དྲུག་པ་རྗེས་ཕན་ཡོན་བསྟན་པས་སྤྲོ་བ་བསྐྱེད་པ་ནི། དེ་ལྟར་སྦྱོར་དངོས་མཇུག་གསུམ་ཚང་བས་ཟབ་མོའི་མདོ་སྡེ་དུས་དང་རྒྱུན་དུ་འཆད་པ་དང་ཀློག་པ་དང་ཁ་ཏོན་བགྱིས་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མ་མཆིས་པའི་ཚུལ་ཤེར་ཕྱིན་གྱི་གཞུང་རྣམས་ལས་རྒྱ་ཆེར་བསྔགས་ཤིང༌། ཁྱད་པར་སྦྱོར་བ་བྱང་ཆུབ་སེམས་གཉིས་ཀྱི་རྩིས་ཟིན་པས་ཐེག་པ་ཆེན་པོའི་ལམ་རྣལ་མར་འགྱུར་བ་དང༌། རང་ཉིད་ལྷར་གསལ་བས་བསོད་ནམས་ལྷག་པར་ཆེ་བ་དང༌། གདུལ་བྱ་མཐའ་ཡས་པའི་ཆེད་དུ་བཏོན་པས་དེ་སྙེད་ཀྱི་ཕན་ཡོན་ཐོབ་པ་དང༌། མཚན་མའི་སྦྱོར་བས་གོས་པ་མེད་པའི་ངང་ཆོས་སྤྱོད་ལ་བརྩོན་པས་ཚོགས་གཉིས་ཟུང་དུ་འཇུག་པ་དང༌། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པས་མི་ཉམས་ཤིང་གོང་དུ་འཕེལ་བ་སྟེ་ཁྱད་པར་རྣམ་པ་ལྔས་འཕགས་པའི་ཕྱིར། འདི་ལྟ་བུའི་དགེ་བའི་
ཚུལ་དང་མཉམ་པ་ནི་འཇིག་རྟེན་གསུམ་ན་མེད་པར་རྒྱལ་བ་བདེན་པར་སྨྲ་བས་ཆེས་ཆེར་བསྔགས་པས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དུས་རྟག་ཏུ་བརྩོན་པས་ཉམས་སུ་བླང་བར་བྱའོ། །ཞེས་པའང་མདོ་སྡེ་ཟབ་མོའི་དགོངས་པ་ལྟར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་མཁས་པ་གཙང་ནག་པ་མིའི་སེང་གེས་ལེགས་པར་ཕྱེ་བའི་རྗེས་སུ་འབྲངས་ཏེ་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ཤིན་ཏུ་གསལ་བར་བྲིས་པའི་དགེ་བས་འགྲོ་ཀུན་ཐམས་ཅད་གཟིགས་པའི་གོ་འཕང་ལ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག མངྒ་ལཾ།། ༈ །ཤེར་སྙིང་འདོན་པའི་མན་ངག་བར་ཆད་ཀུན་སེལ་བཞུགས་སོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེར་ཕྱིན་གྱི་སྒྲུབ་པ་འདི་ལ་གསུམ་སྟེ། ཆོས་ཁུངས་བཙུན་པའི་ཕྱིར་བླ་མ་བརྒྱུད་པའི་རིམ་པ། འབྲས་བུ་ལ་བྲོད་པ་སྐྱེ་བའི་དོན་དུ་ཕན་ཡོན་བསྟན་པ། ཕན་ཡོན་དེ་ལྡན་གྱི་སྒྲུབ་པ་དངོས་བཤད་པའོ། །དང་པོ་ནི། ཇོ་བོ་ཨ་ཏི་ཤ་བོད་དུ་བྱོན་དུས། རྗེ་བཙུན་མ་སྒྲོལ་མས་བར་ཆད་སེལ་བའི་ཐབས་སུ་གནང༌། ཇོ་བོས་པཎྜི་ཏ་དཱ་ན་ཤྲཱི་ལ་གནང༌། དེས་སྨད་ཀྱི་བྱང་སེམས་ཟླ་བ་རྒྱལ་མཚན་ལ། དེས་དབང་བཀའ་གདམས་པ་ལ། དེས་སྟོད་ལུང་སྐྱེར་སྒང་པ་ཡེ་ཤེས་སེང་གེ་ལ། དེས་བྱང་ཆེན་གྱི་སངས་རྒྱས་སྒོམ་པ་ལ། དེས་སྣར་ཐང་གི་མཆིམས་ནམ་མཁའ་གྲགས་ལ། དེས་ཁྲོ་ཕུའི་སློབ་དཔོན་ཆེན་པོ་ཚད་མའི་སྐྱེས་བུ་ལ། དེས་མཚན་བརྗོད་པར་དཀའ་བའི་བུ་སྟོན་ལོ་ཙཱ་བ་ཆེན་པོ་ལ། དེས་ཁོ་བོ་ལ་གནང་ངོ༌། །གཉིས་པ་ནི། འདིའི་སྦྱོར་བ་དང་རྗེས་གཉིས་ཀྱིས་བསོད་ནམས་ཀྱི་ཚོགས་དང༌། དངོས་གཞི་སྟོང་པ་ཉིད་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། རྒྱུ་ཚོགས་གཉིས་རྫོགས་པས་
འབྲས་བུ་སངས་རྒྱས་ཐོབ་སྟེ། ཇི་སྐད་དུ། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པས་མཐར་ཐུག་གི་ཕན་ཡོན་ནོ། །སྒྲིབ་པ་རྣམས་རེ་རེ་ནས་སྤང་དགོས་ན། སྤང་བར་དཀའ། སྒྲིབ་པ་སྤྱིའི་དངོས་གཉེན་སྟོང་པ་ཉིད་བསྒོམས་པས་སྒྲིབ་པ་ཐམས་ཅད་སྤངས་ཏེ། ཇི་སྐད་དུ། དྲང་པོར་འདུག་ལ་ཡང་དག་ལྟོས། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གནས་སྐབས་ཀྱི་འབྲས་བུའོ། །དེ་ལྟར་ཚོགས་གཉིས་རླབས་ཆེན་ཐོབ་པས་བར་ཆད་ཐམས་ཅད་སེལ་ཏེ། ཇི་སྐད་དུ། བསོད་ནམས་དག་པའི་མི་དག་ལ། །གཞན་ལས་བྱུང་བའི་གནོད་པ་དང༌། །ལྷ་དང་བདུད་ཀྱི་རིས་རྣམས་ཀྱིས། །བར་ཆད་བྱ་བར་མི་ནུས་སོ། །ཞེས་པས་སྲུང་བ་ཀུན་གྱི་མཆོག་ཏུ་འགྱུར་ཞིང༌། །མི་མ་ཡིན་གྱི་གནོད་པ་ལས་སྲུང་བ་སྔོན་གྱི་གླེང་གཞིས་ཀྱང་ཤེས་སོ། །གསུམ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། བླ་མ་དང་དཀོན་མཆོག་སྤྱི་ལ་མི་ཕྱེད་པའི་དད་གུས་བརྟན་པོས། ཞེ་ཐག་པ་ནས་སྐྱབས་སུ་འགྲོ་བ་དུང་བ་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་མ་ཡིན་པ་ལ། དྲིན་ལན་འཇལ་བའི་ནུས་པ་ད་ལྟ་མི་འདུག་པས། མྱུར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱས་ལ། ཕན་གདགས་སྙམ་དུ་སེམས་བསྐྱེད་དོ། །གཉིས་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་ཡི་གེའི་འཕྲེང་བ་རྣམས་སྐར་མའི་ཚོགས་ལྟར་འདུག་པར་བསམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་རང་བཞིན་གྱི་གནས་ནས་སྟོན་པ་གཙོ་འཁོར་གསུམ་པོ་སྤྱན་དྲངས་ནས། མདུན་གྱི་ནམ་མཁར་དབུས་སུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་གསེར་བཙོ་མ་ལྟ་བུ། སྤྲུལ་བའི་སྐུའི་ཆ་བྱད་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཆོས་གོས་ན་བཟའ་
ངུར་སྨྲིག་གསོལ་བ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་གཡས་སུ་འཕགས་པ་ཤཱ་རིའི་བུ། གཡོན་དུ་འཕགས་པ་མོའུ་འགལ་གྱི་བུ། གཉིས་ཀའང་དབུ་རེག་ཞབས་རྗེན། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་བ། ཕྱག་གཡས་ན་འཁར་གསིལ། གཡོན་ན་ལྷུང་བཟེད་བསྣམས་པ་བཞེངས་ནས་ལྡེམ་གྱི་ཚུལ་དུ་བཞུགས་པར་བསྒོམ། དེ་ནས་སྟོན་པའི་ཐུགས་ཀ་ནས་འོད་ཟེར་མཐའ་ཡས་པ་ཕྱོགས་བཅུར་འཕྲོས། དཀོན་མཆོག་གསུམ་པོ་མ་ལུས་པ་སྤྱན་དྲངས། གཙོ་འཁོར་གསུམ་པོ་ལ་བསྡུ། ཐེག་ཆེན་གྱི་ལུགས་ཀྱི་ཤཱ་རིའི་བུ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། མོའུ་འགལ་གྱི་བུ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པ་སྤྱན་རས་གཟིགས་དབང་ཕྱུག སྟོན་པ་བཅོམ་ལྡན་འདས་ནི་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྤང་རྟོགས་མཛད་པ་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་ལ། བདག་གཞན་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་དང་བའི་སྒོ་ནས་ཕྱག་འཚལ་བར་བསམ་ཞིང༌། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །ཞེས་སོགས་ཀྱི་བསྟོད་པ་དང༌། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་པའི་བར་ཞེ་ཐག་པ་ནས་ལན་གསུམ་བརྗོད་དེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །བདག་གི་ཐུགས་ཀའི་ཡི་གེའི་ཕྲེང་བ་ལས་འོད་ཟེར་འཕྲོས། སྟོན་པའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། སྟོན་པའི་ཐུགས་ཀ་ནས་འོད་ཟེར་འགྲེང་བུ་ཞིག་སྐྱ་ཐལ་གྱིས་བྱུང་བ་བདག་ལ་ཕོག་པས་བདག་འོད་ཕུང་དུ་གྱུར། སྟོན་པའི་ཐུགས་ཀ་ནས་
བྱུང་བའི་འོད་ལ་འཇུས་ནས་སོང་བས། བདག་སྟོན་པའི་སྐུར་ཐིམ་ནས་སོང་བས་མི་དམིགས་པར་བསམ། དེ་བཞིན་དུ་སྟོན་པའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་ཕྱོགས་བཅུར་འཕྲོས་ནས་ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འོད་ཕུང་དུ་གྱུར། ཐམས་ཅད་སྟོན་པའི་ཐུགས་ཀར་ཐིམ་ནས། འཁོར་བ་ཐམས་ཅད་མི་དམིགས་པར་བསམ། ཡང་སྟོན་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཆོག་ཟུང་ལ་ཕོག འོད་ཕུང་དུ་གྱུར། སྟོན་པའི་ཐུགས་ཀར་ཐིམ། སྟོན་པའི་སྐུ་ཡང་མེ་ལོང་ཧས་བཏབ་པ་མཐའ་ནས་རིམ་གྱིས་ཡལ་ནས་དབུས་སུ་ཡལ་བ་བཞིན་དུ། མཐའ་ནས་ཡལ་ནས་ཐུགས་ཀའི་ཚད་ཙམ་དུ་ཡལ་བར་གྱུར་ཏེ། མྱ་ངན་ལས་འདས་པ་ཐམས་ཅད་མི་དམིགས་པར་གྱུར། དེ་ལྟར་འཁོར་འདས་ཐམས་ཅད་རང་བཞིན་མེད་པ་སྤྲོས་བྲལ་མཉམ་པ་ཉིད་སྲིད་ཞི་མཉམ་པ་ཉིད་ཀྱི་སྦྱོར་བ་བསྒོམ་པའོ། །དེའི་རྗེས་ལ་མཉམ་ཉིད་དུ་རྟོགས་པ་ཡང་སྤངས་ཏེ། ཆོས་ཐམས་ཅད་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང་ལ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན་པ་རྩེ་གཅིག་ཏུ་ཡུན་བསྲིངས་ལ་མཉམ་པར་བཞག་གོ །དེ་ནས། མཉམ་གཞག་སྟོང་པ་དེའི་ངང་ནས། སྒྲ་གྲགས་སྟོང་དབྱེར་མེད་ཀྱི་ངང༌། འདི་སྐད་བདག་གིས་ཐོས་པ་ཞེས་པ་ནས། གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་པའི་བར་གྱི་མདོའི་ཚིག མི་ཚིག་གིས་བར་མ་ཆོད་པར་ལན་བདུན་བརྗོད་དེ་ཟུང་འཇུག་གོ །གསུམ་པ་ནི། རྗེས་ཐོབ་སྒྱུ་མ་ལྟ་བུའི་ངང་ནས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་སོགས་བདེན་སྟོབས་བརྗོད་ལ། བདག་གམ་ཆེ་གེ་མོའི་བར་དུ་གཅོད་པར་བྱེད་པའི་ཞེས་སོགས་ཀྱི་སྤེལ་ཚིག་འདོན་པ་ཁ་བསྒྱུར་ཤེས་པར་བྱ། སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ། གཟུགས་སྣང་སྟོང༌། སྒྲ་གྲགས་སྟོང༌། སེམས་རིག་སྟོང་དུ་ཤེས་པར་བྱས་ལ། སྐར་མ་
རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །དར་ཞིང་རྒྱས་པར་གྱུར་ཅིག་གཙུག་ལག་དམ་པའི་ཆོས། །བདེ་ཞིང་སྐྱིད་པར་གྱུར་ཅིག་མཐའ་ཡས་སེམས་ཅན་རྣམས། །ཟད་ཅིང་སྟོང་པར་གྱུར་ཅིག་འཁོར་བ་ངན་སོང་གསུམ། །མེད་ཅིང་བརླག་པར་གྱུར་ཅིག་ནག་པོ་བདུད་ཀྱི་སྡེ། །སྐུ་ཚེ་རིང་བར་གྱུར་ཅིག་བླ་མ་དགེ་བའི་བཤེས་གཉེན་རྣམས། །བདག་གིས་སྨོན་ལམ་འདི་བཏབ་པས། །ཀུན་གྱིས་སྨོན་ལམ་འགྲུབ་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་བ་སྨོན་ལམ་རྒྱ་ཆེན་པོར་བྱའོ། །ཡུམ་ཆེན་མོ་སྒྲུབ་པའི་ཚུལ་འདི་ནི་མདོ་ཁམས་སྟོད་པ་ཡོན་ཏན་བཟང་པོས་ཡང་ཡང་བསྐུལ་བའི་ངོར། དགེ་སློང་སྒྲ་ཚད་པས་མེ་མོ་ཡོས་བུའི་ལོ་དཔྱིད་ཟླ་ཐ་ཆུང་གི་ཚེས་བཅུའི་ཉིན་བླ་མའི་གདན་ས་རི་ཕུག་ཏུ་སྦྱར་བའི་ཡི་གེ་པ་ནི་དཔལ་བཟང་གིས་བགྱིས་པའོ། མངྒ་ལཾ།། ༈ །ཤེར་སྙིང་ཉམས་ལེན་གྱི་ལྷན་ཐབས་ཟབ་དོན་སྙིང་པོ་བཞུགས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཤེས་རབ་སྙིང་པོའི་ཉམས་ལེན་ལ། །ཕན་པའི་ལྷན་ཐབས་འདིར་ངེས་བྱ། །དོན་གཉེར་དག་གི་འབད་པར་མཛོད། །མཁྱེན་རབ་དབང་ཕྱུག་ས་པཎ་གྱིས། །གང་ཟག་དབང་པོ་རབ་འབྲིང་དང༌། །བསྟུན་ནས་ཤེས་ཕྱིན་མདོ་རྣམས་ནི། །འདོན་པའི་མན་ངག་ངེས་པར་མཛད། །འདིར་ནི་གཞན་ཡང་གདམས་པའི་རྒྱུན། །རྣམ་གྲངས་ཅུང་ཟད་བཀོད་འདིའོ། །སྟོབས་ལྡན་ལས་རྣམས་ཐམས་ཅད་ནི། །སྦྱོར་དངོས་རྗེས་གསུམ་ཚང་དགོས་པས། །དཀོན་མཆོག་བློ་གཏད་སྐྱབས་འགྲོ་དང༌། །མར་གྱུར་མཁའ་མཉམ་སེམས་ཅན་གྱི། །དོན་དུ་ཉམས་སུ་བླང་སྙམ་པ། །སྙིང་ནས་ཡུན་དུ་གསལ་གདབ་བོ། །དེ་ནས་སྨྲ་བསམ་བརྗོད་མེད་སོགས། །བརྗོད་དེ་
གནས་ལུགས་གསལ་བཏབ་བོ། །དངོས་གཞི་ལ་ནི་ལུགས་མང་ཡང༌། །ཤེས་ཕྱིན་རང་གཞུང་དགོངས་པ་ནི། །ས་པཎ་གསུང་རབ་ཇི་བཞིན་ནོ། །གཞན་ཡང་མཁས་གྲུབ་དུ་མའི་སྲོལ། །རང་ཉིད་ཐུབ་པར་ཝལ་གྱིས་བསྒོམ། །གཡས་གཡོན་མཆོག་ཟུང་བཞེངས་ཏེ་བཞུགས། །གཞན་ཡང་དགེ་སློང་དགེ་འདུན་ནི། །དགྲ་བཅོམ་ལྔ་སྟོང་བཅས་པ་དང༌། །བྱང་སེམས་བྱེ་བ་ཁྲག་ཁྲིག་དང༌། །གཞན་ཡང་འཁོར་བཞི་ལྷ་མི་སོགས། །ས་ཡི་རྡུལ་བཞིན་འཁོད་པར་བསམ། །རང་ཉིད་ཐུགས་ཀར་ཟླ་གདན་སྟེང༌། །དབུས་སུ་ཨ་ཡིག་མཐའ་སྐོར་དུ། །ཟབ་མོའི་མདོ་ཡི་ཡིག་འབྲུའི་ཚོགས། །སྦྲུལ་འཁྱིལ་བཞིན་དུ་འཁོད་པར་བསམ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །རང་གཞན་སྡིག་སྒྲིབ་དག་པར་བསམ། །རང་དང་དགྲ་བཅོམ་འཕགས་ཚོགས་ཀྱིས། །ཟབ་མདོའི་ཆོས་སྒྲ་སྒྲོག་པར་བསྒོམ། །ཡང་ན་རང་ཉིད་ཟབ་མོའི་དོན། །གསལ་སྟོང་ཟུང་འཇུག་ཏིང་འཛིན་ལ། །རྩེ་གཅིག་ཉིད་དུ་མཉམ་པར་བཞག །ཤཱ་རིའི་བུ་དང་སྤྱན་རས་གཟིགས། །ཞུས་ལན་ཚུལ་དུ་མདོ་སྒྲོག་བསམ། །དེ་ལྟར་ཆོས་འཁོར་བསྐོར་བའི་ཟབ་དོན་ནི། །གཟུགས་མེད་ཚོར་བ་མེད་སོགས་ཀྱིས་བསྟན་པའི། །གཤིས་ལུགས་སྣང་མེད་རྣལ་འབྱོར་རྟོགས་པར་བསམ། །སྟོང་ཉིད་འཆར་སྒོ་མ་འགག་ཅིར་ཡང་སྣང༌། །དེ་ལྟར་སྣང་སྟོང་ཟུང་འཇུག་ཆུ་ཟླ་བཞིན། །སྣང་བཅས་སྣང་མེད་ཟུང་འཇུག་བགྲོད་གཅིག་ལམ། །གདུལ་བྱའི་ཡིད་ལ་ངེས་པས་གང་ཟག་དང༌། ཆོས་སུ་འཛིན་པའི་འཛིན་པ་ཀུན་གྲོལ་ནས། །བདག་མེད་མཐའ་བྲལ་སྟོང་ཉིད་རྟོགས་པར་བསམ། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ཀུན། །རྟག་དང་ཆད་པའི་མཐའ་རུ་མ་ལྷུངས་པའི། །སྣང་སྟོང་ཟུང་འཇུག་སྒྱུ་མའི་རོལ་རྩེད་འདི། །ལེགས་པར་རྟོགས་ན་ཁོང་ནས་གད་མོ་འཆོར། །ཆོས་ཀུན་རང་གི་སེམས་སུ་འདུས། །རང་སེམས་སྟོང་པའི་གཤིས་ལུགས་འདི། །འཁོར་
འདས་གང་དུའང་མ་གྲུབ་ཀྱང༌། །སྟོང་གསལ་སེམས་ཀྱི་འཆར་སྒོ་ལ། །དགེ་སྡིག་བླང་དོར་བྱས་པའི་མཐུས། །འཁོར་འདས་གཉིས་ཀྱི་ཐོབ་ཤོར་བྱུང༌། །དེ་ཕྱིར་ཟབ་མོའི་ལྟ་བ་ལ། །རང་ངོ་འཕྲོད་པའི་རྣལ་འབྱོར་པ། །སྡིག་སྤོང་དགེ་ལ་བརྩོན་པ་ཞིག །ཡིད་བཞིན་ནོར་འདྲའི་སེམས་ཉིད་ཀྱི། །གནས་ལུགས་ཤེས་པའི་མཐུ་ལས་བྱུང༌། །དེ་ལྟ་བས་ན་ཐར་འདོད་རྣམས། །གཅིག་ཤེས་ཀུན་ལ་མཁས་པ་ཡི། །གཅིག་ཆོག་རྒྱལ་པོ་ཆོས་ཀྱི་མཆོག །གནས་ལུགས་དོན་ལ་གཞོལ་བར་གྱིས། །ཅེས་འདི་སྙིང་གཏམ་གཅེས་པའི་ཚིག །དེ་ལ་ཡིད་ཆེས་ངེས་ཤེས་སྒོམས། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་ལམ། །འདི་མེད་སངས་རྒྱས་ཐོབ་མི་སྲིད། །དེ་ལྟར་ངེས་པས་མ་ཡེངས་པར། །གང་ཡང་འདོན་པ་མན་ངག་གོ །ཐབས་མཆོག་གསང་སྔགས་ལྷའི་རྣལ་འབྱོར། །ཆིག་དྲིལ་བྱེད་པ་དག་ཡིན་ན། །དེ་ལས་མ་གཡོས་ལྟ་བ་ཡི། །རྩི་ཡིས་ཟིན་པར་བྱས་ཏེ་འདོན། །འགྲོ་དོན་བྱེད་ལ་མང་པོ་ཉིད། །དགོས་ཀྱང་ཉམས་ལེན་ཆིག་དྲིལ་ཞིག །མེད་ན་བར་དོའི་འཕྲང་མི་ཁེགས། །དལ་འབྱོར་འདི་ནི་ཐོབ་དཀའ་ཞིང༌། །ནམ་འཆི་ངེས་མེད་དྲན་པའི་བློས། །ཚེ་འདིའི་འདུན་མར་མ་ཆགས་པ། །ཉམས་ལེན་ཀུན་གྱི་སྔོན་དུ་གཅེས། །དེ་ལྟར་ངེས་པས་མདོ་ཚར་གསུམ་ཡན་གང་མང་ཐུན་གཅིག་ལས་མ་ཐོན་ཀྱང་སྔགས་ཏདྱ་ཐཱ་སོགས་ཚར་གསུམ་སོགས་གང་མང་འདོན། བདུད་ཟློག་ནི། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་སོགས་བརྗོད་པའི་ཚེ་ཐལ་མོ་སྦྱར་ཏེ། གང་ལྟར་རང་ཐུབ་པར་བསྒོམས་པ་ཡིན་ན་དེ་ཉིད་ཀྱིས་བདེན་སྟོབས་བརྗོད་ཅིང་ཐལ་མོ་བརྡབ་པའི་ཚེ་འཁོར་དགྲ་བཅོམ་རྣམས་ཀྱིས་ཀྱང་བླ་གོས་བརྡབས་པས་ཆོས་སྒྲུབ་པའི་བར་ཆད་རྣམས་ཟློག་ཅིང་ཞི་བར་བསམ། ཡང་ན་གསང་སྔགས་ཀྱི་བསྐྱེད་རིམ་ཟབ་མོའི་ངང་ནས་ཡིན་ན། ལག་པ་གཡས་པ་ཉི་མ། གཡོན་ཟླ་བར་བསམས་ཏེ།
བསྟན་པ་སྤྱི་དང་སེམས་ཅན་ཡོངས་ལ་འཚེ་བ་དང༌། བླ་མ་དང་རྣལ་འབྱོར་པ་རང་གི་ཕྲིན་ལས་དང༌། ས་ལམ་སྒྲུབ་པའི་བར་དུ་གཅོད་པའི་གནོད་བྱེད་རྣམས་ལ་ཚད་མེད་པའི་སྙིང་རྗེ་དྲག་པོས་ཀུན་ནས་བླངས་ཏེ། ཐལ་མོ་བརྡབས་པའི་ཚེ། ཉི་མའི་བར་དུ་ལུས་ངག་ཐལ་བ་རྡུལ་དུ་བརླག་ཅིང་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ། ལྟ་བ་ཟབ་མོ་ལ་མཉམ་པར་བཞག ཕྱག་ལེན་བཞིན་ལན་གསུམ་བྱ། རྗེས་བསྔོ་བ་སྨོན་ལམ་བྱའོ། །འདི་ལྟར་ཉམས་སུ་བླངས་པས་ཤེར་ཕྱིན་གྱི་གཞུང་ནས་བཤད་པའི་བདུད་ཟློག་པ་དང༌། འཛིན་འཆང་ཀློག་པའི་ཕན་ཡོན་སོགས་དཔག་ཏུ་མེད་པ་ཐོབ་ལ། སྲུང་ཟློག་ཀུན་གྱི་མཆོག་དང་དགེ་བ་ཐམས་ཅད་ཀྱི་རྒྱབ་བརྟེན་ནོ། །ཕྱི་ཚོགས་དྲུག་ཡུལ་སྣང་སྣ་ཚོགས་ལ། །ནང་འགྱུ་བ་སེམས་ཀྱི་འཛིན་པ་བྲལ། །བར་སྣང་སྟོང་སྒྱུ་མའི་རོལ་རྩེད་ཀྱི། །ཉམས་གང་སྐྱེས་བདེ་བའི་རོལ་པར་ཤར། །བློ་ཆིག་དྲིལ་ཐུབ་པ་བླ་མའི་དྲིན། །ཞེས་པ་ལྟར་ཉམས་སུ་བླང་བར་བྱའོ། །ཞེས་པ་འདི་ནི་གཞོན་ནུ་བློ་གསལ་བ་དགེ་སློང་བསོད་ནམས་སེང་གེས་བསྐུལ་ནས། ཕྱོགས་མེད་ཀྱི་བྱ་བྲལ་བ་སངས་རྒྱས་ཕུན་ཚོགས་ཀྱིས། བོད་ཆེན་གྱི་ལྗོངས་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་པའོ། །ཉེས་པ་རྣམས་བཤགས་ཤིང༌། དགེ་བས་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་རྒྱུར་གྱུར་ཅིག མངྒ་ལཾ།། ༈ །ཕུང་པོ་གསུམ་པའི་མདོ་འདོན་ཐབས་བཞུགས། །ན་མོ་མཉྫུ་ཤྲཱི་ཡེ། ཕུང་པོ་གསུམ་པའི་མདོ་འདོན་པའི་མན་ངག་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ་སངས་རྒྱས་སུམ་ཅུ་སོ་ལྔ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། དཀར་པོ་ལ་སོགས་པ་ཁ་དོག་ལྔའི་རྣམ་པ་ཅན། སྤྲུལ་པའི་སྐུའི་ཆ་ལུགས་ཀྱིས་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་རྒྱ་ལྔས་བཞུགས་པ་སྟེ། ཆོས་འཆད། ཏིང་ངེ་འཛིན།
མཆོག་སྦྱིན། ས་གནོན། སྐྱབས་སྦྱིན་གྱིས་བཞུགས་པའོ། །གང་ཟག་གི་བློ་ལ་དམིགས་པ་གསལ་བར་འདོད་ན་དཀར་པོ་བདུན་ནི་ཆོས་འཆད་ཀྱིས་བཞུགས་པ། སྔོན་པོ་བདུན་ནི་བདུད་འདུལ་གྱིས་བཞུགས་པ། སེར་པོ་བདུན་ནི་མཆོག་སྦྱིན་གྱིས། དམར་པོ་བདུན་ནི་ཏིང་ངེ་འཛིན་གྱིས། ལྗང་གུ་བདུན་ནི་སྐྱབས་སྦྱིན་གྱིས་བཞུགས་པའོ། །དེའང་ཕྱོགས་རེ་རེར་མི་བཞུགས་པར། དཀར་པོ་གཅིག་གི་རྩར་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་སྤེལ་བས་བཞུགས་པའམ། དཀར་པོ་ནས་བཟུང་སྟེ་རིམ་པ་བཞིན་དུ་བཞུགས་པར་བསྒོམས་ན་བློ་ལ་བདེ་བ་ཡིན་ནོ། །བོད་ཀྱིས་བྱས་པའི་ཕུབ་དང་རལ་གྲི་ལ་སོགས་པ་མཚོན་ཆ་མང་པོ་བཟུང་བ་སྣང་སྟེ། དེ་ནི་སྤྲུལ་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་ལ་ཤིན་ཏུ་མི་འཐད་པ་ཡིན་ནོ། །དེའང་ཁྱད་པར་འཕགས་པའི་བསྟོད་པ་ལས་འབྱུང་བ། ཁྱོད་ནི་མཚོན་ཆ་མདུང་མེད་པར། །བྱམས་པའི་མཚོན་གང་ལགས་པས་རྒྱལ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་ནི་སྡིག་པ་བཤགས་པའི་རྟེན་གྱི་སྟོབས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སྐྱེ་བ་འདི་དང་ཞེས་པ་ནས་བཟུང་སྟེ། མི་འཆབ་བོ། །ཞེས་པའི་བར་ནི་རྣམ་པར་སུན་འབྱིན་པའི་སྟོབས་ཡིན་ལ། སླན་ཆད་བསྡམ་པར་བགྱི་ལགས་སོ། །ཞེས་བྱ་བ་ནི་གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། སོར་ཆུད་པའི་སྟོབས་སོ། །དེ་དག་ནི་སྡིག་པ་བཤགས་པའི་ཕུང་པོ་ཞེས་བྱ་བའི་སྟོབས་ཡིན་ནོ། །ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ། ཞེས་བྱ་བ་ནས་བཟུང་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་དུ་འདུ་ལ། གཞན་ཡང་འོག་ནས་འབྱུང་བའི་བསོད་
ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་རྣམས་ནི། བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བ་ཡིན་ལ། བསྔོ་བ་རྣམས་ནི་ཡོངས་སུ་བསྔོ་བ་ཞེས་པའི་ཕུང་པོ་གསུམ་པ་ཡིན་ནོ། །དེ་ལྟར་ཕུང་པོ་གསུམ་དུ་བསྡུས་ལ། ངག་ཏུ་བརྗོད་པའི་ཚིག་གི་དོན་བསམ་ཞིང༌། སྙིང་ཐག་པ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །གཞུང་གི་ཚིག་དོན་རྣམས་ནི་གཞུང་ཉིད་དུ་རྟོགས་པར་བྱའོ། །ཕུང་པོ་གསུམ་པ་འདོན་པའི་མན་ངག ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོ།། ༈ །ཨོཾ་སྭ་སྟི། མདོ་རྒྱུད་ནས་གསུངས་པའི་གཟུངས་སྔགས་བྱིན་རླབས་ཅན་རྣམས་ལན་མང་དུ་གདོན་པར་འདོད་པས། སྐྱབས་སེམས་སྔོན་དུ་འགྲོ་བས་ཕྱག་འཚལ་བ་དང་སྔགས་འགྲུབ་པའི་བདེན་ཚིག་འདི་བརྗོད་པར་བྱ་སྟེ། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྟོན་པ་རྫོགས་སངས་རྒྱས། །གང་གིས་ཐོག་མར་རིག་སྔགས་རྣམས། །འཛམ་བུའི་གླིང་དུ་གསུངས་པ་ཡི། །སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །ད་ལྟར་བྱུང་དང་འདས་པ་དང༌། །མ་བྱོན་སངས་རྒྱས་གང་ལགས་པ། །ཐམས་ཅད་ལ་ཡང་བདག་ཕྱག་འཚལ། །དེ་དག་རྣམས་ལ་སྐྱབས་སུ་མཆི། །འཁོར་ལོ་བསྐོར་བ་བླ་མེད་པ། །མར་མེ་མཛད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་འདི་མཛད་པ། །ཐམས་ཅད་གནོན་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་གྲགས་ལྡན་པ། །པདྨའི་བླ་ལ་ཕྱག་འཚལ་ལོ། །སྤྱན་དང་ལྡན་པ་སྐྱོབ་མཛད་པ། །རབ་མཐོར་གཤེགས་ལ་ཕྱག་འཚལ་ལོ། །དེད་དཔོན་བླ་ན་མེད་པ་པོ། །གྲགས་པའི་བླ་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུར་འོད་མཛད་པ། །བདེ་མཛད་
དེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་མེ་ལོང་སྟོན་པ་པོ། །དོན་གཟིགས་ལ་ནི་ཕྱག་འཚལ་ལོ། །དུལ་བའི་ཚུལ་ཁྲིམས་འཇིགས་མེད་པ། །རྒྱལ་ཞེས་བྱ་ལ་ཕྱག་འཚལ་ལོ། །མཚན་མཆོག་སུམ་ཅུ་གཉིས་དང་ལྡན། །སྐར་རྒྱལ་ལ་ཡང་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་དཔལ་ལྡན་པ། །རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །འོད་ཅན་གཟི་བརྗིད་ལྡན་པ་པོ། །གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ལེགས་པར་མཆོད་པ་གྲགས་ལྡན་པ། །ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །བདུད་དཔུང་རབ་ཏུ་འཇོམས་མཛད་པ། །ལོག་དད་སེལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་དཔལ་དང་ལྡན་པ་པོ། །གསེར་ཐུབ་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །འོད་སྲུངས་དེ་ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་འོད་མཛད་པ། །གསེར་མདོག་ཅན་ལ་ཕྱག་འཚལ་ལོ། །སེར་སྣ་མེད་པ་ཐུགས་རྗེ་ཅན། །བྱམས་པ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ཏེ། །དེ་དག་ལ་ཡང་སྐྱབས་སུ་མཆི། །གང་དག་གིས་ནི་ཆོས་བསྟན་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །གང་ལ་སངས་རྒྱས་གུས་མཛད་པའི། །ཆོས་ལའང་བདག་ནི་ཕྱག་འཚལ་ལོ། །གང་ལ་ཕུལ་ན་དོན་ཆེ་བའི། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཉན་ཐོས་ཤེས་རབ་མཆོག་གྱུར་པའི། །ཤཱ་རིའི་བུ་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་ཅན་གྱི་མཆོག་གྱུར་པ། །མོའུ་གལ་བུ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་གཏམ་གྱིས་འཇིགས་མེད་པ། །ཀ་ཏའི་བུ་ལའང་ཕྱག་འཚལ་ལོ། །ཉན་ཐོས་སྦྱང་བའི་མཆོག་གྱུར་པ། །འོད་སྲུངས་ལ་ཡང་ཕྱག་འཚལ་ལོ། །སྐྱོབ་པ་ཡི་ནི་དབང་གྱུར་པ། །ཀོ་ཌི་ནྱ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པའི་རིག་སྔགས་འཆང༌། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ལུས་ངན་དང་ནི་ཡུལ་འཁོར་སྲུང༌། །མིག་མི་བཟང་དང་འཕགས་སྐྱེས་པོ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་གི །
རྒྱལ་ཆེན་རྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་རྣམས་ཀྱི་སྡེ་དཔོན་མཆོག །ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕ་མ་མཁན་པོ་སློབ་དཔོན་དང༌། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །དེ་དག་ལ་ནི་ཕྱག་འཚལ་ནས། །རིག་སྔགས་རྣམས་ནི་འགྲུབ་གྱུར་ཅིག །གང་གི་དོན་དུ་བྱ་བ་ཡི། །དོན་དེ་བདག་ལ་འགྲུབ་གྱུར་ཅིག །སྡང་བར་སེམས་ཤིང་གནོད་བྱེད་པའི། །མི་མ་ཡིན་རྣམས་གུད་དུ་དེངས། །བྱམས་པར་སེམས་ཤིང་ཕན་འདོད་པ། །དགའ་བའི་སེམས་ཀྱིས་བདག་ལ་ཉོན། །ཞེས་གུས་པ་དང་ངེས་ཤེས་རྩེ་གཅིག་པས་བརྗོད་ལ། དེ་ནས་བྱང་ཆུབ་སེམས་གཉིས་ཡིད་ལ་བྱེད་པ་དང་མི་འབྲལ་བའི་སྒོ་ནས་གཟུངས་མདོ་སོགས་ལན་ཇི་ལྟར་རིགས་པ་གདོན། མཐར་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་རྨི་ལམ་དང་སྒྱུ་མ་ལྟ་བུའི་ངང་ནས་དགེ་བའི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་དཔལ་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་སོགས་ཀྱི་གསུང་རབ་ལས་འབྱུང་བ་ལྟར་བཀོད་པས་སརྦ་སཏྭཱ་བིདྱཱ་མནྡྲ་སིདྡྷིརསྟུ།། །།མངྒ་ལཾ།། །།
བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཆོ་ག་འབྲེལ་ཚད་དོན་ལྡན།
བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཆོ་ག་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། ཕྱོགས་དུས་སྟོབས་བཅུའི་མངའ་བདག་རྒྱལ་ཀུན་ལས། །ངོ་མཚར་ཁྱད་འཕགས་སྨོན་ལམ་ཡོངས་གྲུབ་པས། །མཚན་ཐོས་ཙམ་གྱིས་འཁོར་བ་དོང་ནས་སྤྲུགས། །དཔག་མེད་འོད་མཚན་འབར་ལ་གུས་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་སྔོན་ཆད་མ་བྱུང་བ། །འཕགས་ཡུལ་གྲུབ་པའི་ཞལ་ལུང་བདུད་རྩིའི་བཅུད། །འདིར་བརྟེན་བདེ་ཆེན་ཞིང་དུ་བགྲོད་འདོད་རྣམས། །པད་མཚོར་ངང་མོ་འཇུག་བཞིན་དོན་གཉེར་བྱོས། །འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་བར་ཆད་མེད་པར་བདེ་བླག་ཏུ་སྒྲུབ་པར་འདོད་པའི་གང་ཟག་སངས་རྒྱས་ཀྱི་གསུང་རབ་ལ་ཡིད་ཆེས་ཤིང་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་འདོད་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་ཚུལ་ལ་བཞི། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པ། བུམ་པའི་ཆོ་ག ཉེར་མཁོའི་མན་ངག་ཞར་བྱུང་དུ་བསྟན་པའོ། །དང་པོ་ནི། ལུགས་འདིའི་བཀའ་སྲོལ་གྱི་ལུང་ནོས་ཤིང་དད་མོས་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས་ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ་འོད་དཔག་མེད་གཙོ་བོར་གྱུར་པའི་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ་ཕྱི་མཆོད་ཙམ་བཤམ། སྟན་བདེ་བར་འཁོད་ནས་ངེས་འབྱུང་བྱང་ཆུབ་སེམས་ཀྱི་ཀུན་སློང་སྔོན་དུ་འགྲོ་བས། སྐྱབས་ཡུལ་མདུན་གྱི་ནམ་མཁར་དམིགས་ལ། འགྲོ་རྣམས་བསྒྲལ་འདོད་བསམ་
པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ་གྱིས་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །ལན་གསུམ་གྱིས་སེམས་བསྐྱེད། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་དུ་གསལ་བའི་ཐུགས་ཀར་པད་ཟླའི་གདན་ལ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་མགོན་པོ་འོད་དཔག་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་སྤྱན་དྲང༌། ན་མོ་གུ་རུ་བེ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝཱན་ཨ་མི་ཏ་བྷ་ས་པ་རི་ཝཱ་ར་པཱ་ད་བནྡྡ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། ཐུགས་ཀའི་ས་བོན་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ནས། ཤབྡའི་བར་སྤྱི་ལྟར་སྦྱར་བས་མཆོད། བདག་དང་མཁའ་མཉམ་སེམས་ཅན་གྱི། །མི་དགེའི་ལས་ཀུན་མཐོལ་ཞིང་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །རྒྱལ་ཀུན་ཆོས་འཁོར་བསྐོར་བ་དང༌། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང༌། །
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དགེ་ཀུན་རྫོགས་པའི་བྱང་ཆུབ་བསྔོ། །ལན་གསུམ། ཚོགས་རྟེན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་རྒྱུད་ལ་འདྲེ་ངེས་སུ་བསྒོམ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སྙིང་གར་ཧྲཱིཿཡིག་དམར་པོ་འོད་འབར་བའི་སྣང་བས་རང་ལུས་གདོས་བཅས་ཀྱི་ཕུང་པོ་སྦྱངས་ཏེ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པ་ལྟ་བུ། ཚད་མེད་པའི་འོད་ཟེར་གྱི་སྣང་བས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་ཁྱབ་པར་མཛད་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རབ་ཏུ་རྒྱས་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པའོ། །ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་རྒྱལ་བ་འོད་དཔག་མེད་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བཛྲ་ས་མཱ་ཛཿ དམ་ཚིག་པ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཛཿཧཱུྃ་བཾ་ཧོཿ དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྡོ་རྗེ་གསུམ་གྱི་ངོ་བོས་རྒྱས་བཏབ་པར་གྱུར། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཀྱི་ཕྲེང་བ་གཡས་སུ་བསྐོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། ཨོཾ་ཨ་མྲྀ་ཏ་པྲ་བྷེ་ཨ་མྲྀ་ཏ་ཧཱུྃ། ཞེས་བཟླ། གྲངས་བསྙེན་ནི་འབུམ་ཕྲག་བཅུ་སྟེ་བྱེ་བ་གཅིག་གོ །བཟླ་བྱ་དེ་ཉིད་རྩ་བར་བཟུང་
ནས་ཕན་ཡོན་སྐྱེད་པའི་ཡན་ལག་ཏུ་གཟུངས་སྔགས་འདིའང་ཅི་ནུས་སུ་བཟླ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀཱནྟི་ཀ་རི། ཨ་མི་ཏ་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། གཟུངས་འདིའི་ཡོན་ཏན་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་འདི་ལན་གསུམ་བཟླས་བརྗོད་བྱས་ན་སྒྲིབ་པ་དེ་རྣམས་ཟད་པར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་ན་རྩ་བ་བཞིའི་ལྟུང་བ་ཡང་ཡོངས་སུ་བྱང་བར་འགྱུར་ཏེ། སངས་རྒྱས་བརྒྱ་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་འགྱུར་རོ། །བཅོམ་ལྡན་འདས་སྣང་བ་མཐའ་ཡས་རྗེས་སུ་དྲན་པར་བྱའོ། །ཞེས་གསུངས་པས་མགོན་པོ་འོད་དཔག་མེད་ཉིད་ཀྱི་རྣལ་འབྱོར་དང་འབྲེལ་ན་ལྷག་པར་བྱིན་རླབས་ཆེ་བ་ཡིན་ནོ། །དེ་དག་གི་སྐབས་སུ་སྤྲོ་བསྡུའི་དམིགས་པ་སྤྱི་མཐུན་སྦྱོར་ན་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། དེ་རྣམས་དང་ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་ན་བཞུགས་པའི་མགོན་པོ་འོད་དཔག་མེད་གཙོ་འཁོར་གྱི་ཐུགས་རྒྱུད་བསྐུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་སྐུ་དང་སྔགས་ཕྲེང་ཕྱག་མཚན་འཇའ་འོད་ཟེར་ཐིག་གི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་མ་ལུས་ཐོབ། འོད་ཟེར་སླར་འཕྲོས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལས་དང་ཉོན་མོངས་པ། འབྲས་བུ་སོ་སོའི་སྡུག་བསྔལ་མ་ལུས་པ་མུན་ཁང་ལ་ཉི་ཟེར་ཕོག་པ་ལྟར་སྦྱངས་ནས་ཕྱི་སྣོད་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན། ནང་བཅུད་ཐམས་ཅད་སངས་རྒྱས་བྱང་སེམས་ཤ་སྟག་ཏུ་གྱུར་པར་བསམ་པའང་སྐབས་སུ་བྱའོ། །རྩ་བར་ཐུན་མཐར་མི་དམིགས་པར་བཞག་ནས་དགེ་བ་བསྔོ་བ་ཙམ་ལས་མ་བཤད་པས་དེ་ལྟར་གྱིས་འཐུས་མོད། སྤྱི་མཐུན་བྱས་ཀྱང་འགལ་བ་མེད་པས་ཐུན་འཇོག་པ་ན། ཚོགས་ཞིང་ལྟར་སྔགས་ཀྱིས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་
མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་གསོལ་བ་གདབ། རྡོར་སེམས་ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་མོས་ལ་བདག་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་ལ་འཇུག ཐུན་མཚམས་སུ་ཡན་ལག་བདུན་པ་སོགས་དགེ་བའི་ལས་སྤྱི་དང༌། ཁྱད་པར་བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་དང་བཟང་སྤྱོད་སྨོན་ལམ་ངེས་པར་འདོན་ནོ།། །།གཉིས་པ་མདུན་བསྐྱེད་སྒྲུབ་མཆོད་ནི། འོད་དཔག་མེད་ཀྱི་སྐུ་བརྙན་བྲིས་འབུར་གང་རུང་གི་མདུན་དུ་སྟེགས་གཙང་མ་ལ་མཎྜལ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་མེ་ཏོག་གི་ཚོམ་བུ་དམར་པོ་བཀོད་པ་བཞག ཆུ་གཉིས་ཉེར་སྤྱོད་གཡས་སྐོར། འབྱོར་པས་ལྕོགས་ན་བརྒྱ་རྩ་སོགས་དང༌། རིན་ཆེན་བདུན་སོགས་འབྱོར་ན་བཤམ། བདག་བསྐྱེད་ལ་གཏོར་འབུལ་མ་བཤད་ཀྱང་འདིར་སྤྱི་འགྲོ་ལྟར་རིན་པོ་ཆེའི་སྣོད་དུ་དཀར་ཟླུམ་དཀར་གསུམ་དང་བཅས་པ་དགོད། ཁྲུས་ཀྱི་ཆས། མཆོད་པའི་མཎྜལ་སོགས་ཉེར་མཁོ་རྣམས་ཚོགས་པར་བྱ། བུམ་ཆོག་བྱེད་ན་རྣམ་བུམ་དང་ལས་བུམ་དྲིའི་ཆུ་དང་བྱ་རྒྱུད་བུམ་རྫས་བཅོ་ལྔའི་བཅུད་ལྡན། མགུལ་ཆིངས་དམར་པོ། ཁ་རྒྱན། དུང་ཆོས་གཟུངས་རྡོར་བཅས་མཎྜལ་གྱི་གཡས་གཡོན་དུ་དགོད། སྐྱབས་སེམས་ནས་བརྩམས་བདག་བསྐྱེད་བཟླས་པ་དང་བཅས་པ་གཤེགས་བསྡུའི་བར་བཏང༌། དཀྱིལ་འཁོར་བསང་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་དཀྱིལ་འཁོར་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་པདྨའི་སྡོང་པོ་རབ་ཏུ་རྒྱས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ། དེའི་སྟེང་དུ་ཧྲཱིཿདམར་པོ་འོད་འབར་བ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་སོགས་བདག་བསྐྱེད་སྐབས་ལྟར་ལ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཀའི་ས་བོན་སོགས་ནས་བཛྲ་ས་མཱ་ཛཿ
སྤོས་བཏུལ། མོས་གུས་བསྐྱེད་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཨོཾ་བྷ་ག་ཝཱན་ཨ་མི་ཏ་བྷ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏྲཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་སྐུ་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོྃ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ཨོཾ་བྷ་ག་ཝཱན་ཨ་མི་ཏ་བྷ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྡོ་རྗེ་གསུམ་གྱི་ངོ་བོས་རྒྱས་བཏབ་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་སྟེང་ས་བོན་སྔགས་ཕྲེང་
བཅས་གསལ་བ་ལ་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཐུགས་རྒྱུད་བསྐུལ། འོད་ཟེར་མཐའ་ཡས་པ་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་བག་ཆགས་སྡིག་སྒྲིབ་མ་ལུས་པ་སྦྱངས། བདེ་བ་ཅན་དུ་སྐྱེ་བའི་སྐལ་བ་ཅན་ཏུ་བྱིན་གྱིས་བརླབས་པར་བསམ་ལ་སྙིང་པོ་དང་གཟུངས་རིང་ཅི་ནུས་སུ་བཟླ། དེ་ནས་མཆོད་བསྟོད་འབུལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་དང་བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག ཅེས་དང༌། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་པའི་སྔགས་ལན་བརྒྱད་བཟླས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ནཱ་མོ་བྷ་ག་ཝཱན་ཨ་མི་ཏ་བྷ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག་ཞལ་ཟས། སྒྲ་སྙན། ཞེས་དང༌། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡ། ཞེས་བཅུག་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། གོས་ཟུང་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གོས་སྲབ་པ། འཇམ་པ། ཡང་བ། དྭངས་ཤིང་ཐོགས་པ་མེད་པ་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར་ཅིག་ཅེས་དང༌། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །མཚན་
སྔགས་སྔར་ལྟར་ལ། ཨོཾ་བཛྲ་ཝསྟྲཱ་ཡ་ཨཱཿཧཱུྃ། བཏགས་ལ་འབུལ། རྒྱལ་སྲིད་བདུན་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །མཚན་སྔགས་དང༌། ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ༴ བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝ་སྟི་རཏྣ། བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ༴ གླང་པོ་རིན་ཆེན༴ ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧ་སྟི་རཏྣ༴ རྟ་མཆོག་རིན་ཆེན༴ སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཏུ་རཾ་ག༴ དམག་དཔོན་རིན་ཆེན༴ ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ༴ ཞེས་བརྗོད་ཅིང་དབུལ། འདོད་ཡོན་ལྔ་དབུལ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །མཚན་སྔགས་མཐར། རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་
བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །སྤརྴེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཞེས་པས་མཆོད། སྐབས་འདིར་སྤྲོ་ན་མཎྜལ་ཚོམ་བུ་སོ་བདུན་མ་དང་ཚིགས་བཅད་ཇི་ལྟར་འོས་པས་ཕུལ་ནས་འདོད་དོན་གསོལ་བ་གདབ། རྡོར་དྲིལ་དབྱངས་བཅས། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང༌། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང༌། །རྒྱལ་བའི་ཞབས་ནི་འཁོར་ལོས་བྲིས་པ་སྟེ། །འཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང༌། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨྲིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་བདེ་གཤེགས་སྤྱི་བསྟོད་གསེར་འོད་ལས་འབྱུང་བ་དང༌། གོང་སྨོས། དྲི་མེད་གཞོམ་གཞིག་བྲལ་བ་སོགས་ཤློ་ཀས་བསྟོད། གཏོར་མ་འབུལ་བ་ནི། གཏོར་མའི་སྟེང་དུ་ཨཱཿལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་
ནས། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་ཟེར་གྱི། །སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར་པར་བསམས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་མཛད་དུ་གསོལ། ཅེས་འདོད་དོན་གསོལ་ལོ། །གསུམ་པ་ནི། བུམ་པ་སྒྲུབ་དགོས་ན་བསང་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨའི་སྡོང་པོ་སོགས་བདག་བསྐྱེད་ལྟར་ལ། རྡོ་རྗེ་གསུམ་གྱི་ངོ་བོའི་རྒྱས་བཏབ་པར་གྱུར་པར་བརྗོད། གཟུངས་ཐག་བླངས་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྒྱུད་དེ་སོང༌། བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་བསྡུས། སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་སྙིང་པོ་དང་གཟུངས་སྔགས་ཅི་འགྲུབ་བཟླ། མཐར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཉེར་སྤྱོད་ལྔས་མཆོད། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། དུང་ཞལ་གྱི་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་མོས། ལས་བུམ་བསང་སྦྱང༌། ལས་ཀྱི་བུམ་པའི་གོ་ས་རུ། །སྣ་ཚོགས་པདྨ་ཉི་མའི་སྟེང༌། །ཧཱུྃ་ལས་ཁྲོ་བོ་རྟ་མགྲིན་ནི། །དམར་ཞིང་ཉི་མ་ལྟར་འབར་བ། །སྤྱན་གསུམ་མཆེ་གཙིགས་ཧཱུྃ་སྒྲ་སྒྲོགས། །སྤྱི་བོར་རྟ་མགོ་ལྗང་གུས་མཚན། །ཕྱག་བཞི་པད་དབྱུག་རྡོ་རྗེ་དང༌། །སྡིགས་མཛུབ་པདྨའི་སྡོང་པོ་འཛིན། །གཡོན་བརྐྱངས་ཁྲོ་བོའི་ཆས་ཀྱི་བརྒྱན། །མེ་ཕུང་འབར་བའི་དབུས་བཞུགས་པའི། །གནས་གསུམ་འབྲུ་གསུམ་ཐུགས་སྟོད་ཧྲཱིཿ །འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། །ཛཿཧཱུྃ་བཾ་ཧོཿགཉིས་མེད་གྱུར། །སླར་ཡང་དབང་ལྷས་དབང་བསྐུར་
ཏེ། །སྣང་བ་མཐའ་ཡས་དབུ་བརྒྱན་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ་ལས་བྱུང་བའི་རྟ་མགྲིན་རྒྱལ། །དྲག་པོའི་རྟ་སྐད་སྒྲོགས་པ་ཡིས། །གདུག་པ་ཅན་རྣམས་འཇོམས་པར་མཛད། །ཁྲོ་བོའི་དབང་པོ་ལ་ཕྱག་འཚལ། །ཞེས་བསྟོད། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་བདུད་རྩི་ཁྲོ་ཆུང་གི་རང་བཞིན་བབས་པས་བུམ་པ་གང་བར་མོས་ནས། ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། བརྒྱ་རྩ་བཟླ། ཁྲོ་བོའི་དབང་པོ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། སྐབས་འདིར་གཞན་ལ་བཀྲུ་བྱབས་དགོས་ན་བྱ། དེ་ནས་རྗེས་ཀྱི་རིམ་པ་ནི། མཆོད་པ་རྣམས་ཁ་གསོས་ལ་སྔར་ལྟར་བྱིན་བརླབ། ཚིགས་བཅད་བཅས་ཆུ་གཉིས་ཉེར་སྤྱོད་འབུལ། བསྟོད་པ། བཅོམ་ལྡན་ཆོ་གའི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང༌། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་གཤགས་ཤིང༌། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་སྤྱི་ལྟར་བྱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སླར་འབྱོན་པར་གསོལ་བ་བཏབ་ནས། ཨོཾ་ཨཱཿཧཱུྃ་མུཿ ཞེས་བརྗོད་པས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་བགེགས་དང་བར་ཆད་ལས་བསྲུངས་པར་མོས། དགེ་བ་འདི་ཡིས་མྱུར་དུ་བདག །འོད་དཔག་མེད་མགོན་འགྲུབ་གྱུར་སོགས་བརྗོད། དེ་ནས་བཟང་པོ་སྤྱོད་པ་དང་བདེ་ཆེན་ཞིང་གི་སྨོན་ལམ་ཅི་ནུས་གདབ། ཤིས་བརྗོད་ནི། མེ་ཏོག་འཐོར་ལ། བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང༌། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །ཅེས་དང༌། སྟོན་མཆོག་དམ་པ་སོགས་བརྗོད་པར་བྱའོ། །བཞི་པ་ཉེ་བར་མཁོ་བའི་
ལས་ཕྲན་ནི། འདིའི་སྒོ་ནས་ཁྲུས་ཆོག་བྱེད་ན། སྦྱོང་གཏོར། གུལ་ཡུངས་སོགས་འདུ་བྱ། བསྒྲུབ་བྱ་མདུན་དུ་འཁོད་དེ། སྦྱོང་གཏོར་ལ་ཆབ་བྲན། ད་ལམ། འདིར་སྡིག་སྒྲིབ་ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་བདེ་བླག་ཏུ་ཞི་བ་ལ་ཆེད་དུ་བསྔགས་པ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་རྣལ་འབྱོར་ལ་བརྟེན་ནས་བྱབ་ཁྲུས་ཀྱི་ཆོ་ག་བསྒྲུབ་པ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་དུ་ཡོད་པའི་སྔོན་འགྲོ་སྦྱོང་བ་རྣམ་པ་གསུམ་བྱ་བ་ལ། ཐོག་མར་ཞི་བའི་སྒོ་ནས་ལོག་འདྲེན་བགེགས་ཀྱི་ཚོགས་ལ་གཏོར་མ་བྱིན་ཏེ་སྦྱོང་བའི་མོས་པ་མཛོད། ཐེབ་ཀྱུ་སྣོད་དང་བཅས་པ་དབུས་གཡས་གཡོན་གྱིས་རིམ་པར་བླངས་ཏེ། ཨོཾ་སརྦ་བིགྷྣཱན་སོགས་བརྗོད་ཅིང་བསྒྲུབ་བྱ་ལ་གཡས་སུ་བསྐོར་ཞིང་སྣོད་གཅིག་ཏུ་བསག གཉིས་པ་ཞི་དྲག་ཕྱེད་མའི་སྒོ་ནས་ཏིང་ལོ་དང་ཆངས་བུ་སྦྱིན་ཏེ་སྦྱོང་བའི་མོས་པ་མཛོད། དེ་དག་སྔར་བཞིན་བླངས་ཏེ་གཡོན་དུ་བསྐོར་ཞིང༌། སུམྦྷའི་སྔགས་བརྗོད། གསུམ་པ་དྲག་པོའི་སྒོ་ནས་སྦྱོང་བ་ལ་དམིགས་པ་འདི་ལྟར་མཛོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། ཡེ་ཤེས་བསྐལ་པ་སོགས་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྲོ་བོ་སྤྱན་འདྲེན་མཆོད་བསྟོད་བཅས་སྔོན་དུ་འགྲོ་བས་བདེན་པ་བདར་བ་དང་མཉམ་དུ་དེ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲའི་ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པ་ཧཱུྃ་ཕཊ་ཀྱི་ང་རོ་འབྲུག་ལྟར་སྒྲོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཤིང༌། ཡུངས་ཀར་གྱི་ཐུན་རྣམས་ཀྱང་ཁྲོ་བོའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འབར་བ་དཔག་ཏུ་མེད་པར་གྱུར་ཏེ་གདོན་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད། རྗེ་བཙུན་རྩ་བ་དང་སོགས་ནས་འགྱུར་རོ། །བར་སྤྱི་ལྟར་བརྗོད། རྟ་མགྲིན་ཡི་གེ་བཅུ་པ་དང་སུམྦྷའི་སྔགས་བརྗོད། ཡུངས་ཀར་འཐོར། གུ་གུལ་བདུག རྒྱས་པར་བདེན་བརྗོད་ལན་གསུམ་བྱ། གཏོར་མ་ཕྱིར་དོར། བསྡུ་ན་ཁྲོ་བོ་སྤྱན་འདྲེན་དོར་ཡང་ཆོག་གོ །དངོས་གཞི་བཀྲུ་བྱབ་
སྲུང་གསུམ་ལས། དང་པོ་བཀྲུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱིས་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་ཁྱེད་རང་གི་གདོང་དང་ཡན་ལག་ལ་སོགས་པ་བཀྲུས་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་སྒོ་གསུམ་གྱི་བར་དུ་གཅོད་པ་ཐམས་ཅད་མེ་ལོང་གཡའ་ཕྱིས་པ་ལྟར་སངས་ཀྱིས་དག་པའི་མོས་པ་མཛོད། ཐོག་མར་བུམ་ཆུས་ཁ་བཤལ། དེ་ནས་འཐུང་དུ་གཞུག དྲིལ་གསིལ་དང་བཅས་ཇི་ལྟར་བལྟམས་པ་སོགས་ནས་ཤྲི་ཡེ་ཧཱུྃ་བར་དང༌། འདི་ནི་ཁྲུས་མཆོག་སོགས་ནས་ཤྲི་ཡེ་ཧཱུྃ། བུམ་ཆུ་སྤྱི་བོ་ནས་བླུགས་ཤིང༌། སྙིང་པོ་དང་གཟུགས་སྔགས་ཀྱི་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སརྦ་པཱ་པེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷྣན་བྷྱཿཤཱནྟིཾ་ཀུ་རུ༴ སརྦ་རོ་གེ་བྷྱཿ༴ སརྦ་དུཥྚན་བྷྱཿ༴ སརྦ་གྲ་ཧེ་བྷྱཿ༴ སརྦ་ཛྭ་རེ་བྷྱཿ༴ སརྦ་བྱཱ་དྷི༴ སརྦ་ཨུ་པ་དྲ་བེ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ༴ སརྦ་དུར་སྭཔྣི༴ སརྦ་དུར་ནི་མིཏྟེ༴ སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུའོ། །ཁར་བུམ་ཆུ་འཛིན་དུ་བཅུག་ལ། གཉིས་པ་བྱབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། རྨ་བྱའི་མདོངས་ཀྱི་དབུས་སུ་ཟླ་བ་ལ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་བཏབ་སྟེ། དེ་ཉིད་སློབ་དཔོན་གྱིས་ལག་གི་རྡོ་རྗེ་དང་ལྷན་ཅིག་ཏུ་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལུས་ལ་བསྐོར་ཞིང་བྱབས་པ་ལ་བརྟེན་ནས་སྒོ་གསུམ་གྱི་ནད་གདོན་ཉེར་འཚེ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ལེན་པ་ལྟར་བླངས་ཏེ་རྒྱ་མཚོ་ཆེན་པོར་དོར་བའི་མོས་པ་མཛོད། སྙིང་པོ་དང་གཟུངས་སྔགས་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སརྦ་པཱ་པེ་བྷྱཿཨ་པ་ནཱ་ཡ་སྭཱ་ཧཱ། སོགས་ནས་སརྦ་ཙིཏྟ་ཀུ་ལེ་བྷྱཿཨ་པ་ནཱ་ཡ་སྭཱ་ཧཱ་ཞེས་ཁ་ནང་གི་ཆུ་ཁྲུས་གཞོང་དུ་དོར་རོ། །ཚར་གྲངས་གསོག་དགོས་ན་གོང་གི་སྔགས་རིང་ཐུང་ནས་འདིའི་བར་བཀྲུ་བ་རེ་དང་བྱབ་པ་རེ་སྤེལ་ཞིང་གྲངས་གཟུང་
ངོ༌། །འདིར་སྡིག་སྒྲིབ་སྦྱོང་བ་གཙོར་བྱེད་ན་རྣམ་བུམ་དང༌། ནད་གདོན་ཞི་བ་གཙོར་བྱེད་ན་ལས་བུམ་གྱིས་ཁྲུས་བྱ་དགོས་པས་ཕྱི་མའི་སྐབས་རྟ་མགྲིན་ཡི་གེ་བཅུ་པ་ལ་བཀྲུ་བྱབ་ཀྱི་སྔགས་གདགས། དམིགས་བསལ་མེད་ན་སྔ་མ་རྣམ་བུམ་དང་དེ་རྗེས་ལས་བུམ་གྱིས་གཉིས་ཀ་བྱས་ཀྱང་ལེགས་སོ། །གསུམ་པ་སྲུང་བའམ་སླར་མི་འཇུག་པར་བྱ་བའི་ཆེད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བོ་དང་མདུན་རྒྱབ་གཉིས། དཔུང་པ་གཉིས། པུས་མོ་གཉིས་ཏེ་གནས་བདུན་དུ་རྡོ་རྗེས་རེག་པས་རྡོ་རྗེ་ལས་རྡོ་རྗེ་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་སྟེ། ལུས་ལ་རྡོ་རྗེའི་གོ་བགོས་ནས་ཕྱིན་ཆད་བདུད་དང་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། གནས་དེ་དག་ཏུ་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང༌། སྔགས་གཉིས་ཀྱི་མཐར། རྡོ་རྗེ་སློབ་མའམ། སྦྱིན་པའི་བདག་པོ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སརྦ་པཱ་པེ་བྷྱཿརཀྵ་རཀྵཿ ཞེས་བརྗོད། རྗེས་བདེན་སྟོབས་བརྗོད་ཅིང་ཤིས་པར་བྱ་བ་ནི། སླར་ཡང་རྡོ་རྗེ་སྤྱི་བོར་བཞག་ཅིང༌། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །མགོན་པོ་འོད་དཔག་མེད་པའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཅེས་དང༌། སློབ་དཔོན་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་བཅས་པས་བཀྲ་ཤིས་ཀྱིས་མངའ་གསོལ་བའི་མོས་པ་མཛོད། དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་དང་བཅས་པས། སྟོན་མཆོག་དམ་པའམ་ཆེ་བའི་ཆེ་མཆོག་མ་གང་རུང་གི་མཐར། འབྱུང་པོ་གང་དག་དང༌། ཉིན་མོ་བདེ་ལེགས་སོགས་བརྗོད་དོ། །བསྒྲུབ་བྱ་རང་གནས་སུ་བཏང་ལ་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་བྱའོ། །ཡང་ད་ལྟའི་གང་ཟག་མཆོག་དམན་ཀུན་ལ་གལ་ཆེ་བ་འོད་དཔག་མེད་ཉལ་འཕོར་གྲགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མན་ངག་དང༌། སློབ་དཔོན་ཛཻ་ཏཱ་རི་དང་རྡོ་རྗེ་གདན་པ་སོགས་ལས་བརྒྱུད་པའི་མན་ངག་
དང༌། ས་སྐྱ་པ་ཁུ་དབོན་རྣམས་ཀྱི་གསུང་རབ་ལས་འབྱུང་བ་ལྟར་ཉམས་སུ་ལེན་པ་སྟེ། འདི་ལ་བཞི། སྦྱོར་བ། དངོས་གཞི། རྗེས། ཕན་ཡོན་བསྟན་པའོ། །དང་པོ་ནི། རྒྱལ་བའི་གསུང་རབ་ཐོས་ཤིང་ཐེ་ཚོམ་མེད་པའི་ཡིད་ཆེས་ཀྱི་ངེས་པས་དྲངས་ཏེ་མགོན་པོ་འོད་དཔག་མེད་དང༌། བདེ་བ་ཅན་གྱི་ཞིང་ཁམས་ལ་དང་བ་དང༌། འདོད་པ་དང༌། ཡིད་ཆེས་པའི་དད་པ་དང་ལྡན་པའི་གང་ཟག་གིས་བདེ་ཆེན་ཞིང་བཀོད་དམ། སྣང་བ་མཐའ་ཡས་ཀྱི་སྐུ་བྲིས་འབུར་གང་རུང་ཞལ་ཤར་དུ་ཕྱོགས་པར་བཞུགས་སུ་གསོལ། མཆོད་པ་ཅི་འབྱོར་བཤམ། དེའི་མདུན་དུ་ཉལ་བའི་སྐབས་མགོ་ནུབ་ཏུ་བསྟན། གློ་གཡས་པ་འོག་ཏུ་བཅུག་ནས་གཉིད་ལོག་པའི་སྟན་བདེ་བར་བཤམ། ཉལ་བའི་སྔ་རོལ་དུ་འོད་དཔག་མེད་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་མཁའ་ཁྱབ་ཏུ་བཞུགས་པ་ལ་དམིགས་ནས་སྐྱབས་འགྲོ་བཞི་སྐོར་གྲངས་བདུན་ནམ་གསུམ་སོགས་ཅི་རིགས་པ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འོད་དཔག་མེད་བསྒོམ་པར་བྱ་སྙམ་དུ་སེམས་བསྐྱེད། གནས་ཁང་དང་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་དུ་བསམ། རང་ཡི་དམ་དུ་བསྒོམ་པར་གསུངས་པས་ཐུགས་རྗེ་ཆེན་པོ་ཡིད་ཀྱིས་གང་གསལ་བསྒོམ། མདུན་དུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། ཡང་ན་ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་བའི་སྤྲུལ་སྐུའི་ཆ་ལུགས་ཅན། ཅེས་གང་མོས་བྱ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་དགྱེས་བཞིན་དུ་བཞུགས་པར་བསམས་ལ།
བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་བྱ། འཇུག་པ་བདེ་བར་བྱེད་ན་འཕགས་པ་རིན་པོ་ཆེས་མཛད་པའི། ན་མོ་བྷ་ག་ཝ་ཏེ་ཨ་མི་ཏེ་བྷྱཿ ཞེས་ཕྱག་འཚལ། མེ་ཏོག་ལ་སོགས་པས་མཆོད་པར་བསྒོམས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་འདིས་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་བྱ། གཉིས་པ་དངོས་གཞི་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་དབུགས་ཕྱིར་རྒྱུ་བའི་ཚེ་རང་གི་རྣམ་པར་ཤེས་པ་འོད་དཀར་པོའི་རྣམ་པ་ཅན་སྣ་བུག་གཡས་ནས་ཐོན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཤངས་བུག་གཡས་སུ་ཞུགས། སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཧྲཱིཿལ་ཐིམ་པས་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསམ། དབུགས་ནང་དུ་འཇུག་པའི་ཚེ། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དཀར་པོ་དེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་ཤངས་བུག་གཡས་ནས་ཐོན་ཏེ་རང་གི་སྣ་བུག་གཡས་སུ་ཞུགས། སྙིང་གར་ཐིམ་པས་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསམ། དེ་ལྟ་བུའི་ཏིང་ངེ་འཛིན་མགལ་མེ་འཁོར་བ་ལྟར་གྲངས་མི་གཟུང་བར་ཇི་ཙམ་གནས་ཀྱི་བར་དུ་བྱ། གསུམ་པ་རྗེས་ནི། ཐུན་འཇོག་ཁར།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྩ་བརྒྱུད་ཀྱི་བླ་མ་ལ་ཐིམ། བླ་མ་རྣམས་སངས་རྒྱས་སྣང་བ་མཐའ་ཡས་ལ་ཐིམ། དབུགས་ནང་དུ་འཇུག་པ་དང་བསྟུན། སྣང་བ་མཐའ་ཡས་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་ཀྱང་འོད་དུ་ཞུ་ནས་སངས་རྒྱས་ཡི་དམ་རང་སེམས་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ནས་མགོན་པོ་འོད་དཔག་མེད་སྔར་བསྒོམས་པ་ཇི་ལྟ་བ་ལ་དམིགས་པ་གཏད་དེ། ཨོཾ་ཨ་མི་ཏ་བྷ་ཧྲཱིཿསྭཱ་ཧཱ། ཞེས་ཅི་ནུས་བཟླ། དེ་ནས་གྲུབ་ན་བཟང་པོ་སྤྱོད་པའི་སྨོན་ལམ་དང༌། དེ་ཙམ་མ་ལྕོགས་ན། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སོགས། སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ཅེས་ཤློ་ཀ་བཞི་པོ་དེ་ཚར་གྲངས་ཅི་ནུས་བརྗོད། བཛྲ་མུཿ ཞེས་པས་རང་ལ་བསྟིམས་པའི་སངས་རྒྱས་བདེ་བ་ཅན་ཏུ་གཤེགས་པར་བསམས་ལ། རང་གི་དཔྲལ་མགྲིན་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུྃ་གསུམ་བཀོད་པས་བསྲུངས་ནས་ཡིད་གཞན་དུ་མི་འགྱུར་བར་བདེ་བ་ཅན་དུ་འཕོ་བའི་འདུན་པ་དུང་ངེ་བའི་ངང་ནས་གཉིད་ལོག་གོ །འདིའི་སྐབས་སུ་སྟོབས་བཞི་ཚང་བས་ཡན་ལག་བདུན་པ་ཕུལ་བས་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་འདག་པའི་ངེས་ཤེས་བསྐྱེད། ཚེ་འདིའི་ལུས་ལོངས་སྤྱོད་དང༌། ཉེ་དུ་འཁོར་གཡོག་དང་འཆི་བའི་དུས་ངེས་པར་འབྲལ་བས་ཞེན་འཛིན་ཐམས་ཅད་གཏང༌། བདག་འཆི་བའི་དུས་བདེ་བ་ཅན་ཏུ་འགྲོ་སྙམ་པའི་གདེང་ཚད་དང༌། འཁོར་བ་དང་ངན་སོང་ལ་མི་འཇིགས་པའི་བསམ་པ་དང་མ་བྲལ་བར་བྱ། ཉིན་མོ་ལ་སོགས་པ་གནས་སྐབས་ཀྱི་སྤྱོད་ལམ་ཐམས་ཅད་དུ་འདུག་པའི་གནས་བདེ་བ་ཅན་གྱི་ཞིང་ཁམས་སུ་བསམས་ལ་རྟག་ཏུ་སངས་རྒྱས་འོད་དཔག་མེད་དང་མི་འབྲལ་བར་བསྒོམ། འགྲོ་བའི་ཚེ་རང་གི་མདུན་དུ་སངས་རྒྱས་འོད་དཔག་མེད་བཞུགས་པའི་ཕྱོགས་སུ་འགྲོ་བར་བསམ། བཞི་པ་ཕན་ཡོན་ནི། དེ་ལྟ་བུའི་རྣལ་འབྱོར་ཉམས་སུ་བླངས་པ་ཚེ་འདིར་ནད་གདོན་བར་ཆད་མེད་ཅིང་ཚེ་རིང་བ་དང༌། འཆི་བའི་དུས་འོད་དཔག་མེད་ཀྱི་ཐུགས་
རྗེས་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང༌། བར་དོའི་འཇིགས་པ་ལས་བསྒྲལ་ནས། ལུས་འདི་སྦྲུལ་ཤུན་བརྗེས་པ་ལྟར་ནུབ་ཕྱོགས་བདེ་བ་ཅན་དུ་པདྨ་ལས་བརྫུས་ཏེ་སྐྱེས་ནས། སྣང་བ་མཐའ་ཡས་ལས་ཆོས་ཉན་པར་དཀོན་མཆོག་བརྩེགས་པ་ལས་གསུངས་ཤིང༌། བདེ་ཅན་ཞིང་བཀོད་ཀྱི་མདོ་ལས་ཀྱང་དེ་ལྟར་བསྔགས་པ་དང༌། གཞན་ཡང་མདོ་ལས། ངས་ནི་སྔོན་གྱི་སྨོན་ལམ་འདི་སྐད་བཏབ། །སེམས་ཅན་གང་གིས་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་གནས་སེམས་ཅན་འོངས། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག །ཅེས་མགོན་པོ་འོད་དཔག་མེད་ཀྱི་མཚན་ཐོས་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཞིང་དེར་སྐྱེ་བའི་སྨོན་ལམ་བཏབ་ན། ཞིང་དེར་སྐྱེས་ནས་ངན་སོང་དུ་ཕྱིར་ལྡོག་པ་གཏན་མི་སྲིད་པར་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་བསླུ་བ་མི་སྲིད་པ་ལ་ཡིད་ཆེས་ཤིང་གུས་པས་ཉམས་སུ་བླངས་ན་དོན་ཆེན་པོར་འགྱུར་བ་ཡིན་ནོ། །ཞིང་བཀོད་ལས་ཐ་ན་སེམས་བསྐྱེད་དུ་འགྱུར་བ་བཅུས་སེམས་བསྐྱེད་ན་ཞིང་ཁམས་དེར་སྐྱེ་བར་གསུངས་པའི་སེམས་བསྐྱེད་དུ་འགྱུར་བ་བཅུ་ནི་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཡོན་ཏན་དེ་བཞིན་གཤེགས་པས་གསུངས་པ་གང་ལགས་པ་འདི་དག་ལས་གང་གིས་སེམས་བསྐྱེད་པ་གང་ཡང་རུང་བ་ཞིག་ཡིད་ལ་བགྱིད་ཅིང༌། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡིད་ལ་བགྱིད་པ་དེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ན། བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་སེམས་བསྐྱེད་པ་གང་གིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཏུ་སྐྱེ་བར་འགྱུར་བར་བྱེད་པ་དེ་དག་ནི་བྱིས་པའི་སེམས་བསྐྱེད་པ་མ་ཡིན། སྐྱེས་བུ་དམ་པ་མ་ཡིན་པའི་སེམས་བསྐྱེད་པ་མ་ཡིན། ཀུན་ནས་ཉོན་མོངས་པའི་སེམས་བསྐྱེད་པ་མ་ཡིན་ཏེ། བྱམས་པ་སེམས་བསྐྱེད་པ་བཅུ་པོ་ནི་འདི་དག་ཡིན་ནོ། །བཅུ་གང་ཞེ་ན། བྱམས་པ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་ཞེ་འགྲས་པ་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་ནུས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་པ་དང༌། འཚེ་བ་ཡོངས་སུ་སྤངས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་བསྐྱེད་པ་དང༌། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་སྲུང་བའི་སེམས་བསྐྱེད་པ་དང༌། ཟབ་མོའི་བཟོད་པ་ལས་ངེས་པར་གྱུར་པས་དམ་པའི་ཆོས་ལ་མངོན་པར་ཞེན་པའི་སེམས་བསྐྱེད་པ་དང༌། རྙེད་པ་དང་བཀུར་སྟིས་མ་གོས་པས་བསམ་པ་ཡོངས་སུ་དག་པའི་སེམས་བསྐྱེད་པ་དང༌། བརྗེད་པ་མེད་པས་ཐམས་ཅད་མཁྱེན་པ་ཉིད་ལ་རིན་པོ་ཆེར་སེམས་བསྐྱེད་པ་དང༌། ཞུམ་པ་མེད་པས་སེམས་ཅན་ཐམས་ཅད་ལ་བླ་མ་བཞིན་དུ་གུས་པའི་སེམས་བསྐྱེད་པ་དང༌། བྱང་ཆུབ་ཀྱི་ཡན་ལག་ངེས་པས་ཉི་ཚེ་བའི་བསམ་གཏན་གྱི་རོ་མྱང་བར་མི་བྱ་བའི་སེམས་བསྐྱེད་པ་དང༌། མ་འདྲེས་པས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཀྱི་སེམས་བསྐྱེད་པ་དང༌། མཚན་མ་ཡོངས་སུ་སྤངས་ཏེ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པའི་སེམས་བསྐྱེད་པ་སྟེ། བྱམས་པའི་སེམས་བསྐྱེད་པ་བཅུ་པོ་ནི་དེ་དག་ཡིན་ཏེ། སེམས་བསྐྱེད་པ་བཅུ་པོ་དེ་དག་ལས་སེམས་བསྐྱེད་པ་གང་ཡང་རུང་བའི་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་སེམས་བསྐྱེད་པ་དེ་དང་ལྡན་ན་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མི་འགྱུར་བ་དེ་ནི་གནས་མེད་དོ། །ཞེས་གསུངས་
པ་ཉིད་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་གསུང་རབ་ཏུ་དྲངས་པར་མཛད་པའི་མདོ་འདི་ད་ལྟའི་མདོ་སྡེའི་ཁྲོད་དུ་བཞུགས་པར་མི་སྣང་ངོ༌། །འོད་དཔག་མེད་མགོན་སྨོན་ལམ་ཡོངས་གྲུབ་ཅིང༌། །སྟོན་མཆོག་ཤཱཀྱའི་རྒྱལ་པོའི་བདེན་གསུང་མཐུས། །འབྲེལ་ཚད་བདེ་ཅན་ཞིང་སྐྱེས་ཕྱིར་མི་ལྡོག །ས་ལམ་མྱུར་བགྲོད་བྱང་ཆུབ་མཆོག་ཐོབ་ཤོག །འདིའང་རྗེ་བླ་མ་ཐམས་ཅད་གཟིགས་པ་ཆེན་པོས་འབྲི་དགོས་ཀྱི་བཀའ་སྩལ་སྤྱི་བོར་ཕེབས་ཀྱང་རིམ་ལུས་སུ་གྱུར་པ། སླད་ནས་རྗེ་བཙུན་བླ་མ་དེ་ཉིད་ཀྱི་དགོངས་པ་སྐོང་བའི་ཆེད་དུ་རིས་མེད་པ་ལ་དད་པའི་ལྷག་བསམ་འཆང་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཤོག་སྟོང་།
ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།
བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མི་འཁྲུགས་པ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ག་ཞིག་བསམ། དེ་ལས་འོད་འཕྲོས་པས་ཤ་ཁྲག་གི་ལུས་དང་སྡིག་སྒྲིབ་དག་ནས་སེམས་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་སྔོན་པོ་སྤྲུལ་པའི་སྐུའི་ཆ་ལུགས་ཅན། པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག་མཛད་པ། ན་བཟའ་ཆོས་གོས་དམར་པོ་གསོལ་བ་ཞིག་ཏུ་གྱུར་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ག་བསམ། དེ་ལས་འོད་འཕྲོས་ཏེ་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ། ཡིད་ཀྱིས་ཕྱག་དང་མཆོད་པ་བྱ། གསོལ་བ་གདབ། ཛཿཞེས་བརྗོད་པས་སྤྱི་བོར་བྱོན། ཧཱུྃ་ཞེས་བརྗོད་པས་ཐིམ་པར་གྱུར། བཾ་ཞེས་བརྗོད་པས་དབྱེར་མེད་དུ་གྱུར། ཧོཿཞེས་བརྗོད་པས་དགྱེས་བཞིན་དུ་བཞུགས་པར་བསམ། དེ་ནས་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་བསམ། དེ་ནས་ཐུགས་ཀའི་ཧཱུྃ་ལས་
སྔགས་ཀྱིས་བསྐོར་བར་དམིགས་ལ་ཀློག་པའི་ཚུལ་དུའམ། ཞལ་ནས་འཐོན་ཏེ་ལྟེ་བ་ནས་ཞུགས་ནས་འཁོར་བར་དམིགས་ལ་བཟླ། མི་དམིགས་པའི་རྒྱས་གདབ་པར་བྱའོ། །མི་འཁྲུགས་པའི་མངོན་པར་རྟོགས་པ་བླ་མའི་«་་་་་ཞང་སྟོན་པ། »ཞལ་ནས་བྱོན་པ་ལྟར་བཀོད་པའོ།། ༈ །ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཆོ་ག་སྡིག་སྒྲིབ་ཀུན་སྦྱོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲཱ་ཀྵོ་བྷྱཱ་ཡ། འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་རིམ་པར་བརྒྱུད་པའི་མན་ངག དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ། དཔལ་སྣར་ཐང་གི་མཁན་པོ་མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་བསྒྲིགས་པའི་སྣར་ཐང་བརྒྱ་རྩར་གྲགས་པ་ལས་བྱུང་བའི་རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་རྗེས་གནང་ལ་སྦྱོར་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། གནས་དབེན་པར་སྟེགས་བུ་ལ་རས་སོགས་ཀྱིས་བཀབ་པའི་སྟེང༌། མཎྜལ་ལ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་འབྲས་ཀྱི་ཚོམ་བུ་བཀོད། མདུན་ཕྱོགས་དབང་
ལྡན་ནས་མེའི་བར་དུ་ཡི་དམ་ཆོས་སྐྱོང་གཞི་བདག་རྣམས་ཀྱི་གཏོར་མ་ཟླུམ་གཏོར་གསུམ་དང༌། མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། རང་གི་མདུན་དུ་བུམ་པ་གཉིས་ནང་རྫས་མགུལ་ཆིངས་ཁ་བརྒྱན་དང་ལྡན་པའི་ཁར། མཆོད་ཡོན་གྱི་དུང་ཕོར་གཟུངས་རྡོར་དང་བཅས་པ་བཤམ། གཞན་ཡང་རྡོ་རྗེ་དྲིལ་བུ་མེ་ཏོག་གི་སྣོད་སོགས་མཁོ་བའི་ཡོ་བྱད་རྣམས་ཉེར་བསྡོགས་བྱ། གཉིས་པ་ལ་སློབ་དཔོན་གྱི་བྱ་བ་མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་པས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བར་གྱུར་པར་བསམས་ལ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ་ནས་ཤབྡ་སྭཱ་ཧཱའི་བར་དང་དྷརྨཱ་ར་ཎ་རོལ་མོ་བཅས་པས་བྱིན་དབབ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་ལྟར་སྔོན་དུ་སོང་ནས། སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ག་དེ་ལས་འོད་ཟེར་འཕྲོས། རང་གི་ལུས་རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་བཅས་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། ཞི་
ཞིང་འཛུམ་པའི་སྤྱན་གཉིས་འགྲོ་ལ་གཟིགས་ཤིང་དབུའི་གཙུག་ཏོར་དང་བཅས་པ། ན་བཟའ་ཆོས་གོས་དམར་པོ་སོགས་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་ཐུགས་ཀར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ག དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿཞེས་པས་གཉིས་སུ་མེད་པར་བསྟིམ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་གོང་བཞིན་སྤྱན་དྲངས་ལ་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ། སྔགས་བཟླ་བ་ནི། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་རཱཉྩ་སྭཱ་ཧཱ། ཞེས་
པ་ཅི་ནུས་བཟླ། ཐུན་མཚམས་སུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། དེ་ལ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་བར། །མཐའ་ཡས་འགྲོ་བའི་དོན་སྒྲུབ་ལྷུར་ལེན་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་འདོད་དོན་ཞུས་ལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། ཉེར་བསྡུ་ནི། རང་ཉིད་ལྷ་སྐུ་གདན་དང་བཅས་པ་འོད་དུ་ཞུ་ནས་ཐུགས་ཀའི་ས་བོན་ལ་ཐིམ། དེའང་ནཱ་དའི་བར་དུ་ཐིམ་ཞིང་ནཱ་དའང་མི་དམིགས་པའི་ངང་དུ་མཉམ་པར་བཞག དེ་ལས་ལྡང་བ་ན་སླར་ཡང་སྐད་ཅིག་གིས་ལྷའི་སྐུར་གྱུར་པར་བསམ། བདག་བསྐྱེད་ཙམ་ཉམས་སུ་ལེན་ན་འདིའི་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་མགོན་པོ་འགྲུབ་གྱུར་ནས། །ཞེས་སོགས་ཀྱི་བསྔོ་བ་དང་སྨོན་ལམ་བརྗོད་པས་གྲུབ་བོ། །རྗེས་གནང་དང་འབྲེལ་བ་ལ། བུམ་པ་གཉིས་བསངས་སྦྱང༌། སྟོང་པའི་ངང་ལས་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་གཉིས་ཡངས་ཤིང་རྒྱ་ཆེ་བ། མཚན་ཉིད་དང་ལྡན་པ། ལྷའི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་དང་ལྡན་པའི་རྣམ་རྒྱལ་བུམ་པའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ག དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མི་
འཁྲུགས་པ་སོགས་ནས། དེའི་ཐུགས་ཀར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ག་ཞེས་པའི་བར་སྒྲུབ་ཐབས་ལྟར་དང༌། ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་བགེགས་མཐར་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་བའི་ཚུལ་གྱིས་འཛིན་ཅིང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སོགས་ནས། མི་འཁྲུགས་པ་དང་བགེགས་མཐར་བྱེད་སྤྱན་དྲངས་ལ་བསྟིམ་པ་དང༌། གནས་གསུམ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་རྣམས་གོང་དང་འདྲ་བ་ལ་སྤྱི་གཙུག་ཏུ་ལུད་པ་ལས་མི་འཁྲུགས་པ་ལ་མི་བསྐྱོད་པ། བགེགས་མཐར་བྱེད་ལ་དོན་ཡོད་གྲུབ་པས་དབུར་བརྒྱན། མཆོད་བསྟོད་གོང་བཞིན་དང༌། བགེགས་མཐར་བྱེད་ལ། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང༌། བུམ་ནང་གི་ལྷའི་རྒྱུད་བསྐུལ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། རྣམ་རྒྱལ་ལ་ལྷ་སྔགས་བརྒྱ་རྩ་དང༌། ལས་བུམ་ལ་ཨོཾ་བིགྷྣནྟ་ཀྲྀ་ཏ་ཅེས་པའང་ཅི་རིགས་བཟླས་ལ། འདོད་དོན་ཞུས་མཐར་ཡིག་བརྒྱས་ཁ་བསྐངས་ལ། ལས་བུམ་ཁ་རྒྱན་གྱིས་ཆུ་འཐོར་བ་དང་བཅས་ཏེ། ཇི་སྲིད་རྗེས་སུ་གནང་བའི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅེས་དང༌། «ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པའང་ཅུང་ཟད་བཟླས་ན་ལེགས་པར་མངོན།» ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་བུམ་པའི་ཆུའི་རྣམ་པར་གྱུར། མདུན་བསྐྱེད་མཎྜལ་བསང་
སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ག དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སོགས་ནས་མི་བསྐྱོད་པས་དབུར་བརྒྱན་པའི་བར་རང་ཉིད་ཅེས་པ་དོར་བ་མ་གཏོགས་བདག་བསྐྱེད་ཀྱི་སྐབས་ལྟར་མི་འཁྲུགས་པར་བསྐྱེད་དེ། མཆོད་པ་བྱིན་གྱིས་བརླབས་ནས། མཚན་སྔགས་རེ་རེས་ཐོག་དྲངས་པའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པས་བསྟོད། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅི་རིགས་པར་བྱས་ལ་འདོད་དོན་གསོལ་བ་གདབ་བོ། །དེ་ནས་གཏོར་མ་དང་པོ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ལྷའི་སྔགས་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་ཕུལ་ལ། མཆོད་བསྟོད་དང་འདོད་དོན་གསོལ་བ་གདབ། གཏོར་མ་གཉིས་པ་འབྲུ་གསུམ་བརྗོད་པས་བདུད་རྩིར་བྱས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་བསྟན་སྲུང་དམ་ཚིག་ཅན་རྣམས་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། ཨོཾ་ཤྲཱི་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། བསྟན་སྲུང་དམ་ཚིག་ཅན་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་སངས་རྒྱས་གྱི་བསྟན་པ་དར་བ་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་རྣམ་པར་དཀར་བའི་ཕྲིན་ལས་དང་འགྲོ་དོན་ཐམས་ཅད་རྟག་ཏུ་རྒྱས་པའི་ཕྲིན་ལས་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ།
ཞེས་དང༌། གཏོར་མ་གསུམ་པའང་བྱིན་གྱིས་བརླབས་ནས། སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས་པས། འཛམ་བུའི་གླིང་སྤྱི་དང་བྲེ་བྲག་ལྗོངས་འདིར་གནས་པའི་ས་བདག་གཞི་བདག་དཀོར་བདག་གཉུག་མར་གནས་པ་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས་བཀུག ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་བསྔོ། མཆོད་སྦྱིན་གྱི་གཏོར་མ་འདི་ས་བདག་གཞི་བདག་དཀོར་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་འཚེའི་བསམ་སྦྱོར་ཐམས་ཅད་སྤངས་ནས། ཇི་ལྟར་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པའི་སྡོང་གྲོགས་དམ་པ་མཛོད་ཅིག་ཅེས་དང༌། སརྦ་བྷཱུ་མི་པ་ཏི་གཙྪ་རང་རང་གི་གནས་སུ་གཤེགས་པར་བསམ། དེ་ནས་སློབ་མ་རྣམས་ཁྲུས་དང་ཕྱག་བྱས་སྙིམ་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང་འཁོར་བ་ལས་བསྒྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཉམས་སུ་བླང་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་རྗེས་སུ་གནང་བ་ནི། འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་ཁ་བ་ཅན་གྱི་ལྗོངས་འདིར་ཐུབ་པའི་བསྟན་པ་རིན་པོ་ཆེའི་སྣང་བྱེད་དུ་གྱུར་པ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ནས་བརྒྱུད་པའི་ཡི་དམ་ལྷའི་མངོན་པར་རྟོགས་པ་རྗེས་གནང་མན་ངག་ཐོར་བུར་བཞུགས་པ་རྣམས་སྣར་ཐང་གི་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པར་བརྟེན། སྣར་ཐང་བརྒྱ་རྩར་
གྲགས་པའི་བསྟན་བཅོས་ཆེན་པོ་ལས་བྱུང་བའི་ཡི་དམ་གྱི་ལྷ་ཁྱད་པར་ཅན་རྣམས་ལས། འདིར་སྐབས་སུ་བབས་པ་བྱ་རྒྱུད་རྡོ་རྗེའི་རིགས་ཀྱི་གཙོ་བོ་འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་ལས། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་ཡང་བྱང་བར་འགྱུར་རོ། །ལན་གཅིག་བཟླས་བརྗོད་བྱས་ན་ལྟས་ངན་པ་དང༌། བཀྲ་མི་ཤིས་པ་རྣམས་མེད་པར་འགྱུར་རོ། །ལུས་ལ་འཆང་ངམ། གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན་དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། །གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང༌། བྱ་དང༌། མི་དང༌། མི་མ་ཡིན་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཞེས་སོགས་ནས། མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤངས་པའམ། འཕགས་པ་ལ་སྐུར་པ་བཏབ་པའང་རུང་སྟེ། འཆི་ཁར་རྩིགས་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱས་ན་ལྟ་ཅི་སྨོས། ཅེས་གཟུངས་འདོན་པའམ། མཐོང་བ་ཙམ་གྱིས་ཀྱང་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་ཞིང༌། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་མཛད་པས་མཚོན་བྱིན་རླབས་དང་ཐུགས་རྗེའི་གཏེར་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་པར་འོས་པ་ཐམས་ཅད་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། སློབ་དཔོན་ལྷག་པའི་ལྷ་དང་ཐ་མི་དད་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པས་
ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་ལ་སོགས་འཇིག་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ། སྡོམ་པ་གཟུང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། གནས་ཁང་འདི་ཉིད་ཐ་མལ་གྱི་རྣམ་པ་ཅན་མ་ཡིན་པ་དག་གསལ་གཉིས་སུ་མེད་པའི་ཞིང་ཁམས་ཡིན་སྙམ་པ་དང༌། བླ་མ་ཡང་ལྷག་པའི་ལྷ་དངོས་ཡིན་སྙམ་པ་དང༌། མདུན་བསྐྱེད་ཀྱི་མཎྜལ་འདི་ཡང་བསྒྲུབས་ཟིན་པ་ལྟར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སོགས་ནས་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པའི་བར་བརྗོད་པས་ངོ་སྤྲོད། དེ་དག་གི་སྟེང་གི་ནམ་མཁར་བླ་མ་དང་མཐའ་སྐོར་དུ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་སྤྲིན་ལྟར་གཏིབས་ནས་བཞུགས་པར་མོས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་དེ། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་སྡོམ་པ་ཕོག་ནས། དངོས་གཞི་ལ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་
ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་རྡོ་རྗེ་མི་འཁྲུགས་པའི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ། གསོལ་གདབ་འདི་སྐུ་གསུང་ཐུགས་སོ་སོར་མི་ཐུབ་པ་ལྟར་ན། སྐབས་འདིར་གསུམ་ཆར་བསྡམས་ཏེ། དེའང་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅེས་བརྡ་སྤྲད་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསུམ་བདག་སློབ་དཔོན་གྱིས། །བདག་ལ་རྡོ་རྗེ་མི་འཁྲུགས་པའི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་བརྗོད་པས་བཏུབ་སྟེ་བླ་མའི་ཕྱག་ལེན་ལའང་དེ་ལྟར་མཆིས། མཆིམས་སོགས་མཁས་པའི་ཡིག་ཆ་འགའ་ཞིག་ཏུ་འདིར་གསོལ་གདབ་བྱ་བ་མ་བཤད་པར་ཡོད་པའི་ཕྱིར་རོ། །དེ་ནས་སློབ་མ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སློབ་མའི་ཕུང་ཁམས་སྐྱེ་མཆེད་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་མཐིང་ག དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེའི་མི་འཁྲུགས་པ་སོགས་ནས། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ག་ཞེས་པའི་བར་གྱིས་བསྐྱེད། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་བཅས་པ་གསལ་བཏབ། སློབ་དཔོན་རྡོ་རྗེ་མི་འཁྲུགས་པར་གསལ་བ་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་དེ་དག་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་རྡོ་རྗེ་མི་
འཁྲུགས་པའི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ་ནས་ཆུང་བ་ཉུངས་འབྲུ་ཙམ་གྱི་བར་བགྲང་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་སྟེང་ནས་བྱོན་པ་ཐམས་ཅད་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ། འོག་ནས་བྱོན་པ་རྣམས་དབྱར་གྱི་ས་རླངས་རྡོལ་བ་ལྟ་བུ། བར་ནས་བྱོན་པ་རྣམས་དགེ་འདུན་མང་པོ་ཆོས་འཁོར་ལ་འདུ་བ་ལྟ་བུར་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག དབང་པོའི་སྒོ། བ་སྤུའི་བུ་ག་རྣམས་ནས་མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་མོས་པ་མཛོད། སྤྲོ་ན་དྲིལ་གསིལ་དང་བཅས། མ་ལུས་སེམས་ཅན་ཞེས་པ་ནས་གཤེགས་སུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་ལ། བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཛཿཧཱུྃ་བཾ་ཧོཿམང་དུ་བརྗོད་པས་བསྟིམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། དེ་དག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ལ་མངོན་པར་དབང་བསྐུར་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ནས་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང་བུམ་ཆུ་སྤྱི་བོར་གཏོར་ལ་འཐུང་དུ་གཞུག ཅེས་དབང་བསྐུར་བས་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་དྲི་མ་དག ལྷའི་སྐུ་འགྲུབ་པའི་བག་ཆགས་བཞག ཆུའི་ལྷག་མ་སྤྱི་གཙུག་ཏུ་ལུད་པ་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷས་དབུར་བརྒྱན་པར་གྱུར། དེ་ལྟར་ཁྱེད་རྣམས་ལྷར་གསལ་བ་ལ། ཨོཾ་ཨརྒྷཾ་ནས་ཤབྡ་དྲིལ་གསིལ་བར་བྱ། ཞེས་པས་མཆོད་པ་དང་བཅས་པ་ནི་སྐུའི་རྗེས་གནང་ངོ༌། །གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྔར་གྱི་གསོལ་བ་འདེབས་པར་གསུང་གི་ཞེས་འདོན་པ་བསྒྱུར་ལ་གསོལ་བ་བཏབ་པས། སློབ་དཔོན་དང་
མདུན་བསྐྱེད་ཀྱི་ལྷ་གཉིས་ཀའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། ཞལ་ནས་ཐོན། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་སྔགས་ཕྲེང་གི་རྣམ་པར་སྤྱན་དྲངས་པ་རྣམས་དང་ལྷན་ཅིག་ཏུ་ཁྱེད་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་གཡས་སྐོར་གྱིས་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད་ཅེས་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་ཀྱི་རྗེས་ཟློས་བྱར་གཞུག དེ་ལྟར་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གི་གཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཀྱང་མེ་ཏོག་དེ་དག་སྔགས་ཀྱི་ཕྲེང་བའི་རང་བཞིན་དུ་བྱས་ཏེ་ཁྱེད་རྣམས་ཀྱི་སྤྱི་བོར་བཞག་པས་སྙིང་གའི་སྔགས་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅེས་དང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་ཐོབ་པ་དང༌། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །དེ་བརྟན་པའི་ཆེད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང་སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་ནས་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་གསུང་གི་བྱིན་རླབས་ཐོབ། ངག་གི་དྲི་མ་དག ལྷའི་གསུང་འགྲུབ་པའི་བག་ཆགས་བཞག ཆུའི་ལྷག་མ་སྤྱི་གཙུག་ཏུ་ལུད་པས་པདྨའི་རིགས་ཀྱི་ལྷས་དབུར་བརྒྱན་པར་གྱུར། ཁྱེད་རྣམས་ལྷར་གསལ་བ་
ལ་གོང་བཞིན་མཆོད་པ་དང་བཅས་པ་ནི་གསུང་གི་རྗེས་གནང་ངོ༌། །ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པར་ཐུགས་ཞེས་འདོན་པ་བསྒྱུར་ལ་གསོལ་བ་བཏབ་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། དེ་དག་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་མི་འཁྲུགས་པའི་སྐུ་དང་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རྣམས་ལྷར་གསལ་བ་ལ་ཐིམ། དེའང་འོད་ཕུང་དུ་ཞུ་ནས་སྙིང་གའི་ས་བོན་ལ་ཐིམ། དེ་ཡང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ཏེ་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་ཅུང་ཟད་མཉམ་པར་འཇོག་པ་ཞུ། སྟོང་པའི་ངང་ལས་སྐད་ཅིག་གིས་ཟབ་གསལ་གཉིས་སུ་མེད་པ་ལྷག་པའི་ལྷ་ཡི་སྐུར་གྱུར་པར་མོས་པ་མཛོད། དེ་བརྟན་པའི་ཆེད་དུ་དབང་གི་ལྷ་རྣམས་དང་སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་སོགས་ཀྱིས་བུམ་པའི་ཆུས་དབང་བསྐུར་བས་ཐུགས་ཀྱི་བྱིན་རླབས་ཐོབ། ཡིད་ཀྱི་དྲི་མ་དག ལྷའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འགྲུབ་པའི་བག་ཆགས་བཞག ཆུའི་ལྷག་མ་སྤྱི་གཙུག་ཏུ་ལུད་པས་རྡོ་རྗེའི་རིགས་ཀྱི་ལྷས་དབུར་བརྒྱན་པར་གྱུར། ཁྱེད་རྣམས་ལྷར་གསལ་བ་ལ་གོང་ལྟར་མཆོད་པ་དང་བཅས་པ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །སྤྲོ་ན། དེ་དག་བརྟན་པའི་ཡན་ལག་ཏུ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་བརྗོད། དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་
མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། ཞེས་ཁས་བླངས་ནས་རྗེས་སུ་གནང་བ་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ། མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་རྣམས་ཀྱང་འབུལ་གྱི་བཞེས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་རྗེས་སུ་གནང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང༌། གསུམ་པ་རྗེས་མཆོད་པ་ཁ་གསོས་ཏེ་ཚོམ་བུ་ལ་མཆོད་བསྟོད་དང་འདོད་དོན་གསོལ་བ་གདབ། ཡིག་བརྒྱ་དང༌། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་སོགས་ཀྱི་མཐར་ཨོཾ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་དང་བཅས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་ལ་གནས་པས་གཟུངས་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ། བཟླས་དམིགས་སྤྱིར་དཀྱུས་སུ་གསལ་བ་ལྟར་ལ། སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། བ་སྤུའི་བུ་ག་དང་སྨིན་མཚམས་ནས་ཐོན། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སུ་སྤྲོས་པ་ལས་མཆོད་པའི་སྤྲིན་ཆེན་པོར་གྱུར་ཏེ་རྒྱལ་བ་སྲས་དང་བཅས་པ་མཆོད། ཁམས་གསུམ་ཐམས་ཅད་སྣང་བར་བྱས། རིགས་དྲུག་སོ་སོའི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་
ཤིང་རྡོ་རྗེ་མི་འཁྲུགས་པའི་གོ་འཕང་ལ་བཀོད། ཚུར་འདུས་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་བཟླ། དམིགས་པ་གཅིག་ཁོ་ནས་སེམས་དུབ་ན། ལྷའི་གསལ་སྣང་དང༌། སྔགས་ཀྱི་གཟུགས་དང༌། སྒྲ་དང༌། འོད་ཟེར་སྤྲོ་བསྡུ་དང༌། ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་པ་སྟེ། མདོར་ན་ཐ་མལ་གྱི་འཁྲུལ་པའི་རྗེས་སུ་ཡིད་གཡེངས་པ་སྤངས་ཏེ་རྩེ་གཅིག་ཏུ་བཟླས་ཤིང༌། སྐབས་རེར་རྒྱ་གཞུང་གི་དགོངས་པ་ལྟར། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། འོད་ཟེར་སྤྲོ་བསྡུ་སྔར་བཞིན་མཐར་ལྟེ་བ་ནས་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམ་པའང་ཏིང་ངེ་འཛིན་གྱི་རྩལ་འབྱོང་བའི་གནད་དམ་པའོ། །སྔ་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་ན། བདག་བསྐྱེད་ཀྱི་ཉེར་བསྡུ་གྲུབ་ནས། རང་དམ་ཚིག་པའི་ང་རྒྱལ་གྱིས་གཏོར་མ་བསང་སྦྱང་བྱིན་གྱིས་བརླབ་གཏོར་མགྲོན་རྒྱས་པར་བསྐྱེད་པའམ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པ་ལ་གཏོར་མ་གོང་བཞིན་ཕུལ། མཆོད་བསྟོད་འདོད་གསོལ། ཡི་གེ་བརྒྱ་པའི་མཐར་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་བྱ། གཞན་མཚམས་ཀྱི་སྤང་བླང་སོགས་སྤྱི་ལྟར་ཤེས་པར་བྱས་ལ་ཉམས་སུ་བླང་ངོ༌། །གཟུངས་སྒྲུབ་བྱེད་ན། ཟླ་བ་གང་ཡང་རུང་བའི་ཉ་ལ་མཎྜལ་མེ་ཏོག་དཀར་པོ་བཀྲམ་པའི་དབུས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་བཤམ། བདག་བསྐྱེད་སྔོན་
དུ་འགྲོ་བས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཨོཾ། མདུན་ནས་བརྩམས་ཏེ་གཡས་སྐོར་དུ་གཟུངས་སྔགས་ཀྱི་ཡི་གེ་རྣམས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་ལྟར་དཀར་ཞིང་བསིལ་བའི་རེག་བྱ་དང་ལྡན་པ་ལས་འོད་ཟེར་འཕྲོས། བུམ་ཆུ་ལ་ཐིམ་པས་བདུད་རྩིའི་རང་བཞིན་དུ་གྱུར། ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། བུམ་པའི་བདུད་རྩི་ལ་ཐིམ། དེ་དང་ལྷན་ཅིག་ཏུ་རང་གི་ཐུགས་ཀ་ནས་ཀྱང་སྔགས་ཀྱི་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པ་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་ཞུགས་པས་བཅུད་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམས་ལ་གཟུངས་ཅི་ནུས་སུ་བཟླ། མཐར་སྔགས་ཕྲེང་གདན་དང་བཅས་པ་བདུད་རྩིར་དཀར་ལྟེམ་གྱིས་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། དེ་ལྟར་བསྒྲུབས་པའི་བུམ་ཆུ་དེ་ཉིད་རང་གཞན་གྱིས་བཀྲུས་ཤིང་བཏུང་བས་སྡིག་སྒྲིབ་ཐམས་ཅད་བྱང་བ་དང༌། ཚེ་འདས་ཀྱི་རོའམ། རུས་པའམ། དུར་ཁྲོད་ཀྱི་སར་གཏོར་ན་སྡིག་སྒྲིབ་ཐམས་ཅད་སྦྱོང་ཞིང༌། ངན་སོང་དུ་སྐྱེས་ཀྱང་ཞག་བདུན་ནས་ཐར་བར་འགྱུར་རོ། །ཚུལ་དེ་བཞིན་དུ་སའམ་ཏིལ་ལམ། ཡུངས་ཀར་སོགས་བསྒྲུབ་གཞི་གང་ཡང་རུང་བའི་སྟེང་དུ་སྔགས་ཕྲེང་བཀོད་པ་དང༌། འོད་ཟེར་སྤྲོ་བསྡུ་སོགས་ཀྱི་མཐར་བསྐྱེད་གཞིར་བསྟིམ་པ་གོང་ལྟར་བྱས་པས་ཀྱང་ཇི་སྐད་བཤད་པའི་ཕན་ཡོན་འབྱུང་སྟེ། འདི་དག་ནི་གཟུངས་དང༌། ཇོ་བོ་ལུགས་ཀྱི་ཡིག་
རྙིང་གཞན་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པའོ། །གཞན་ཡང་གཟུངས་སྔགས་འདི་ཉིད་རྩིག་པ་ལ་སོགས་པའི་ངོས་སུ་བྲིས་པ་སེམས་ཅན་གང་དག་གིས་མཐོང་བ་དང༌། ཐ་ན་འཆི་ཁ་མའི་མིག་ལམ་དུ་ལན་ཅིག་ཙམ་མཐོང་བས་ཀྱང༌། མཚམས་མེད་པ་ལྔ་བྱས་སུ་ཟིན་ཡང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པ་དང༌། སེམས་ཅན་གང་ཞིག་འཆི་ཁ་མའི་རྣ་ལམ་དུ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་གཟུངས་སྔགས་འདི་བརྗོད་པས་ངན་སོང་དུ་མི་འགྲོ་བ་དང༌། གྲོ་གའམ། ཤིང་ཤུན་སོགས་ལ་གུར་གུམ་གྱིས་བྲིས་ཏེ་ལུས་སམ་མགུལ་དུ་འཆང་ན་སྡིག་སྒྲིབ་ཐམས་ཅད་ཟད་ཅིང་དུས་མ་ཡིན་པར་འཆི་བ་རྣམས་མི་འབྱུང་བ་དང༌། ཁྱད་པར་ཆོ་འཕྲུལ་ཆེན་པོ་ལ་སོགས་པའི་ཟླ་བའི་ཡར་གྱི་ངོར་རིང་བསྲེལ་དང་བཅས་པའི་སྐུ་གཟུགས་སམ་མཆོད་རྟེན་གྱི་དྲུང་དུ་ཅི་འབྱོར་པའི་མཆོད་པ་བཤམ། གོས་གསར་པ་བགོ་ཞིང་ཁྲུས་དང་གཙང་སྦྲ་ལ་གནས་པས། ཐེག་པ་ཆེན་པོའི་གསོ་སྦྱོང་བླང༌། གཟུངས་ཀྱི་མཇུག་གི་པ་རཱ་ཎི་ཞེས་པའི་མཚམས་ཚེ་འདས་ཀྱི་མིང་སྤེལ་བའི་མཐར་སྭཱ་ཧཱ་སྦྱར་བ་བཟླ་བའམ། བདག་གི་རྣལ་འབྱོར་ཇི་སྐད་བཤད་པ་བཞིན་གསལ་བཏབ་ལ། སྔགས་ཕྲེང་གི་འོད་ཟེར་སྤྲོ་བསྡུའི་སྐབས་རིགས་དྲུག་སྤྱི་དང༌། བྱེ་བྲག་ཏུ་དམིགས་ཡུལ་གྱི་སྡིག་སྒྲིབ་སྦྱོང་བར་བསམ་ལ་བཟླས་བརྗོད་འབུམ་ཕྲག་སོགས་བགྱིས་པས་དེ་ཉིད་ངེས་པར་ངན་འགྲོ་ལས་ཐར་ཏེ་གནས་གཙང་མའི་ལྷ་ཡི་རིས་སུ་སྐྱེ་བར་འགྱུར་བ་དང༌། དེས་མཚོན་ཏེ་གཟུངས་ཚེ་འདས་ཀྱི་མིང་སྤེལ་དང་བཅས་པ་སྙིང་པོར་བྱས་པའི་སཱཙྪ་འབུམ་ལ་སོགས་པ་གཟུངས་སྔགས་བཟླ་བཞིན་དུ་བཏབ་སྟེ། མཐར་མཆོད་པ་རྒྱ་ཆེན་པོ་དང་བཅས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་སྤྱན་དྲངས་པའམ། ཡང་ན་ལམ་གྱི་བཞི་མདོར་ཁང་བུ་བརྩེགས་པའི་མཆོད་རྟེན་དུ་བཀུར་སྟི་
དང་བཅས་བཞུགས་སུ་གསོལ་བ་དང༌། དེ་ལྟར་འགྲུབ་པའི་སླད་དུ་འཕགས་པའི་དགེ་འདུན་ལ། ཆོས་སྟོན་གསོལ་ཞིང་བསྔོ་སྨོན་གྱི་མཚམས་སྦྱོར་བ་བསྐུལ་བས་དམིགས་ཡུལ་དེ་ཉིད་མོད་ལ་ངན་འགྲོ་ནས་ཐར་ཞིང་མཐོ་རིས་སུ་སྐྱེ་བར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པས། གཅིག་ཏུ་རང་དང༌། གཞན་ལ་ཕན་པར་འདོད་ཅིང༌། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཐེག་པ་ཆེན་པོའི་རིགས་སད་པ་རྣམས་ཀྱིས་གཡར་དམ་དུ་བཟུང་བར་ཅི་གནང་ཞེས་གསོལ་བ་འདེབས་སོ། །ཞེས་པའང་བློ་གྲོས་དང་སྟོབས་དང་འབྱོར་པ་སོགས་ཁྱད་པར་དང་ཐུན་མོང་གི་ཡོན་ཏན་ཆ་ཕྲ་མོའང་དབེན་པས་གཞན་ལ་དངོས་སུ་ཕན་པའི་སྐབས་ལྟ་ཅི། དེ་ལྟ་མོད་ཀྱི་སྨན་འདོད་ཀྱི་ལྷག་བསམ་ཙམ་ཞིག་ཡིད་ཀྱི་ཁུར་དུ་རྟག་པར་ལྕི་བའི་བྱ་བྲལ་བ་འདུ་ཤེས་གསུམ་པ་མཉྫུ་གྷོ་ཥས། བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོའི་རྣམ་པར་འཕྲུལ་པ་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་རང་གཙོ་བོར་བཟུང༌། གཟུངས་དང་ཡིག་རྙིང་གི་གསལ་བྱེད་འགའ་ཞིག་ཀྱང་སྦྱར་ཏེ་བྲིས་པའི་དགེ་བས་སྐྱེ་བ་ཐོག་མ་མེད་པ་ནས་བྱང་ཆུབ་བར་དུ་མཐོང་ཐོས་དྲན་རེག་གི་ཡིད་ཅན་ཐམས་ཅད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཞི་ཞིང༌། སྟོབས་བཅུ་མངའ་པའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།
ཇོ་བོ་ལུགས་ཀྱི་མི་འཁྲུགས་པའི་ལས་ཚོགས་ཉེར་མཁོ་བཏུས་པ་ལས་སྒྲིབ་རྒྱུན་གཅོད།
ཇོ་བོ་ལུགས་ཀྱི་མི་འཁྲུགས་པའི་ལས་ཚོགས་ཉེར་མཁོ་བཏུས་པ་ལས་སྒྲིབ་རྒྱུན་གཅོད་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བྷ་ག་བཱ་ཏེ། བརྒྱུད་མར་བརྒྱུད་པའི་ལས་སྒྲིབ་སྨག །མཚན་དང་གཟུངས་སྔགས་ཟེར་གྱིས་བསལ། །བདུད་གྱི་འཇིགས་སྐྱོབ་སྟོབས་བཅུའི་བདག །མངོན་དགའི་ཞིང་བཞུགས་དེར་ཕྱག་འཚལ། །ལས་སྒྲིབ་རྣམ་པར་སྦྱོང་བའི་ཐབས། །དཔལ་གྱི་མགུར་ནས་ལེགས་གསུངས་པ། །ཕྱོགས་རེ་ཙམ་ཡང་ལག་བླངས་ན། །འཕྲལ་ཡུན་ཕན་བདེ་འགྱུར་འདིའོ། །མགོན་པོ་མི་འཁྲུགས་པ་ལུགས་གཉིས་གང་རུང་གི་བསྙེན་པ་ཐེམས་པའི་གང་ཟག་གིས་གཞན་ལ་ཕན་གདགས་པའི་རིམ་པ་ལ་གཉིས། གསོན་པོའི་དོན་དང༌། གཤིན་པོའི་ཆེད་དོ། །དང་པོ་ལ་གསུམ། སྲུང་འཁོར། སྲུང་དམིགས། བྱབ་ཁྲུས་ཀྱི་ཆོ་གའོ། །དང་པོ་འཁོར་ལོ་གདགས་པར་འདོད་ན། དར་རས་གྲོ་ཤོག་གང་རུང་ལ་འཁོར་ལོ་རྩིབས་བཞི་པའམ་བརྒྱད་པ་བྲིས་ལ། ལྟེ་བར་ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི་བྲི། རྩིབས་བཞི་པར་བྱེད་ན་ཤར་ཀྱི་རྩིབས་ལ་རོ་ཙ་ནི་རོ་ཙ་ནི་བྲི། ལྷག་མ་འགྲེ། བརྒྱད་བྱེད་ན་སྔགས་ཚན་ཕྲལ་ཏེ་ཤར་རྩིབས་ལ་རོ་ཙ་ནི་གོང་མ་བྲི། ལྷག་མ་འགྲེ། མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཆེ་གེ་མོའི་སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་རཀྵ་རཀྵ་སྭཱ་ཧཱ། ཞེས་ཡིག་མགོ་ཐམས་ཅད་ཕྱིར་བསྟན་གཡོན་སྐོར་དུ་བྲི། ཚོན་ཐོབ་ནི། ལྟེ་བ་དཀར། རྩིབས་སེར། གཞི་སྔོ། མུ་ཁྱུད་དམར། དེའི་ཕྱི་རོལ་རྭ་བ་སེར་པོ་བྱ། ཡང་ལུགས་གཅིག་ལ། པད་འདབ་དགུ་བྲིས་པའི་
ལྟེ་བར་ཧཱུྃ་གི་མཐར་ཆེ་གེ་མོ་ལ་སྲུངས་ཤིག་རཀྵ་རཀྵ། ནུབ་ཀྱི་འདབ་མ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ། ནུབ་བྱང་གི་འདབ་མ་ལ་ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི་བྲིའོ། །ལྷག་མ་འགྲེ་གསུང༌། ལག་ལེན་དུ་སྔ་མ་མཛད། གླེགས་བམ་སྟེ་ཤོག་དྲིལ་གདགས་པར་འདོད་ན། རྒྱ་ཤོག་ལ་ཕོ་ལ་གི་ཝཾ་ངམ་གུར་གུམ། མོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་གཟུངས་སྔགས་ཚར་གསུམ་མམ་བདུན་བྲི། སརྦ་ཀརྨའི་གོང་དུ་བསྲུང་བྱའི་མིང་གཞུག མཐར་རཀྵ་རཀྵ་སྭཱ་ཧཱ། གཉིས་ཀ་ལ་རབ་གནས་བྱ་བ་ནི། སྟེགས་གཙང་མར་རིན་པོ་ཆེའི་སྣོད་འབྲུ་ཡིས་བཀང་བ་བཀྲམ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་ཞི་དྲག་གི་སྦྱོང་བ་དང༌། བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་བུམ་ཆུས་ཁྲུས་གསོལ། མདུན་དུ་མཆོད་པ་བཤམ། རང་མི་འཁྲུགས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་མི་བསྐྱོད་པ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྤོས་བཏུལ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགེས་པར་མཛོད། །བྷྲཱུྃ་ཛི་ན་ཛིཀ ཨཀྵོ་བྷྱ་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བཞུགས་སུ་
གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ལ་མཆོད་བསྟོད་བྱ། འོག་སྲུང་དམིགས་སྐབས་ལྟར་ཚིག་ལྷུག་གི་ཕྱག་འཚལ་བདེན་པ་བསྐུལ་བའི་མཐར། བྱིན་གྱིས་བརླབས་ཀྱིས་བསྲུང་བྱ་ངན་སོང་གསུམ་དང་མི་ཁོམ་པའི་གནས་རྣམས་སུ་སྐྱེ་བའི་ལས་ཐམས་ཅད་དང༌། དགེ་བའི་བར་དུ་གཅོད་པ་མི་དང་མི་མ་ཡིན་པའི་གནོད་པ་མཐའ་དག་དང༌། རྨི་ལམ་མཚན་ལྟས་ངན་པ་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་དུས་མ་ཡིན་འཆི་བ་ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་སྲུང་བ་ཆེན་པོ་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡིག་འབྲུའི་རྣམ་པར་ཞུ་ནས་ཙཀྲའམ་གླེགས་བམ་ལ་ཐིམ་པས་ལྷའི་རང་བཞིན་སྲུང་བའི་ནུས་པ་དང་ལྡན་པར་གྱུར། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་བའི་མེ་ཏོག་ལན་ཉེར་གཅིག་གམ་བདུན་འཐོར་ལ་ཡེ་དྷར་དང་སུ་པྲ་ཏིཥྛ་སྦྲེལ་མ་བརྗོད། འདི་ཁོ་ན་ཆེ་གེ་མོའི་སྲུང་བའི་གོ་ཆ་ཆེན་པོ་གཞོམ་གཞིག་དང་བྲལ་བར་གྱུར་ཅིག ཅེས་བརྗོད་ལ་འཁོར་ལོ་ལྟེབ་ཆིངས་སྤྱི་འགྲེ་དང༌། ཤོག་དྲིལ་མགོ་ནས་ཡིག་མགོ་ནང་བསྟན་དུ་དྲིལ། བཀྲ་ཤིས་རྒྱས་པར་བརྗོད་ལ། ཆས་བཏུམས་པའམ་གཡོགས་ལེགས་པར་བྱས་ལ་བཏགས་པའི་ཕན་ཡོན་སྤྱིར་ཚད་མེད་ཅིང༌། ཁྱད་པར་གཟུངས་ལས། ལུས་ལ་འཆང་ངམ། གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན། དེ་ལ་དུས་མ་ཡིན་པའི་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྲུང་དམིགས་ནི། མདོའི་དགོངས་པ་སྟེ། རང་ཉིད་ཡི་དམ་སྐུར་གསལ་ཐུགས་ཀ་ཡི། །ས་བོན་འོད་ཟེར་ཤར་གྱི་ཕྱོགས་སུ་འཕྲོས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་ཐུགས་ཀར་ཕོབ། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་སུ་དྲན། །སྐུ་ལས་འོད་ཟེར་མཐིང་ག་འཕྲོས་པ་ཡིས། །ནད་དང་སྡུག་བསྔལ་འཇིགས་སྐྲག་གནོད་པ་ཀུན། །མུན་ལ་ཉི་ཤར་བཞིན་དུ་བསལ་བར་གྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མི་འཁྲུགས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདེན་པ་དང་བདེན་པའི་ཚིག་གང་གིས་དམ་བཅས་པ་དང༌། ཚིག་བརྗོད་པ་གང་ཡིན་པའི་དམ་བཅས་པ་དང༌། ཚིག་བརྗོད་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིང་དམ་བཅས་པ་དང༌། ཚིག་བརྗོད་པ་དེ་དག་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པའི་བདེན་པ་དང༌། བདེན་པའི་ཚིག་དེས་བདག་ཅག་དཔོན་སློབ་བམ། བསྲུང་བྱ་འདི་ལ་འཇིགས་པའམ་གདོན་ནམ་རིམས་ནད་ཀྱི་བར་དུ་གཅོད་པ་སོགས་ཁ་བསྒྱུར་ལ། འདི་དག་ད་ལྟ་ཉིད་དུ་ཞི་ཞིང་ནུབ་པར་གྱུར་ཅིག གཟུངས་རིང་ལན་ཁ་ཤས་དང༌། ཨོཾ་ཨཀྵོ་བྷྱ་ཛཿ བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། འཇིགས་པ་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་གལ་ཆེ་ཆུང་ལོང་སྐབས་དང་སྦྱར་བའི་བཟླས་དམིགས་མཐར་ཤིས་བརྗོད་བྱས་པས་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི་གནོད་པ་ཐམས་ཅད་དེ་མ་ཐག་ཏུ་ཞི་བར་འགྱུར་བར་གསུངས་ཤིང༌། དོན་ལའང་སྐྱོབ་སྲུང་གཞན་གང་ལས་ཀྱང་ཟབ་ངེས་པའི་ཉམས་མྱོང་ཅན་ཡིན། སྙིགས་དུས་སུ་ཆོས་སྒྲུབ་པ་ལ་བདུད་ཀྱིས་ལྷག་པར་བར་དུ་གཅོད་པར་བྱེད་ཅིང༌། མི་འཁྲུགས་པའི་མཚན་བཟུང་བ་ཙམ་གྱིས་ཀྱང་བདུད་གྱི་གནས་ཐམས་ཅད་དཀྲུགས་ཤིང་བདུད་ཀྱི་སྤྱོད་ཡུལ་ལས་རབ་ཏུ་འདའ་བར་གསུངས་པས། རང་གི་རྒྱུན་གྱི་ཉམས་ལེན་དུའང་ཤིན་ཏུ་ཟབ་པར་གོ་ཞིང༌། དེ་ལྟ་ན། བྱིན་གྱིས་བརླབས་ཀྱིས། ཞེས་པའི་མཇུག་ཏུ། དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་མྱུར་དུ་ཞི་ཞིང་ནུབ་པར་གྱུར་ཅིག ཅེས་བསྒྱུར་རོ། །གསུམ་པ་བཀྲུ་བྱབ་སྲུང་གསུམ་བྱ་བ་ནི། མདོའི་དགོངས་པ་དང༌། ཛཻ་ཏཱ་རིའི་རྒྱ་གཞུང་དུ། ངན་པ་བཟློག་ལ་ལས་མི་བྱ། །ཞེས་ཆེད་དུ་བསྔགས་པ་ལྟར་གཟུངས་སྒྲུབ་ཚད་ལྡན་སྔོན་དུ་བཏང༌། བསྒྲུབ་བྱ་ལ་ཞི་དྲག་ཏིལ་སྦྱོང་བཅས་སྤྱི་ལྟར་བྱ། བསྡུ་ན་མི་དགོས། བུམ་ལྷ་ནམ་མཁར་ཡིད་ཀྱིས་བཏེགས་ལ། ལྷ་ཁྲུས་སྤྱི་ལྟར་བྱས་པའི་ཁྲུས་ཆུ་སླར་ཡང་རྣམ་བུམ་དུ་བླུགས་པས་བསྒྲུབ་བྱར་ཁྲུས་བྱ་ཞིང༌། འདི་ནི་སྦྱིན་པའི་རང་
བཞིན་སོགས་ཚིགས་བཅད་དང༌། གཟུངས་ཀྱི་མཐར། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་གཟུངས་ཚར་རེའི་མཐར། བགེགས་ཐམས་ཅད། ནད་ཐམས་ཅད། གདོན་ཐམས་ཅད། གདུག་པ་ཅན་ཐམས་ཅད། རིམས་ཐམས་ཅད། ནད་འགོ་བ་ཐམས་ཅད། ཉེ་བར་འཚེ་བ་ཐམས་ཅད། དུས་མ་ཡིན་པར་འཆི་བ་ཐམས་ཅད། རྨི་ལམ་ངན་པ་ཐམས་ཅད། ལྟས་ངན་པ་ཐམས་ཅད། སེམས་ཀྱི་གཡེང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུ། བྱབ་པ་ནི། རྒྱ་གཞུང་ལས། ཨ་པ་ན་ཡས་བྱབ་པར་བྱ། །ཞེས་པར་ལྟར། ཁར་བུམ་ཆུ་ཅུང་ཟད་བཟུང་དུ་བཅུག་ལ། རྨ་བྱའི་སྒྲོའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་ཁྱེད་རང་རྣམས་ཀྱི་ནད་རིམས་གདོན་བགེགས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ལེན་པ་ལྟར་བླངས་ནས་ཕྱིར་དོར་བའི་མོས་པ་གྱིས། གཟུངས་ཀྱི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། སོགས་གོང་ལྟར་མཐའ་བསྒྱུར་བ་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་སྒྲོས་ཕྱི་ཚུལ་བྱ། ནད་གདོན་སྐྱུགས་པར་བསམ་ལ་ཁའི་ཆུ་སྣོད་དུ་ཕོ། སྲུང་བ་ནི། རྒྱ་གཞུང་ལས། རཀྵ་ཞེས་པས་བསྲུང་བར་བྱ། ཞེས་པ་ལྟར། ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རྡོ་རྗེས་རེག་པ་ལ་བརྟེན་ནས་དེ་ལས་དེ་འདྲ་བའི་རྡོ་རྗེ་བསམ་གྱིས་མི་ཁྱབ་པ་བྱུང་བས་ལུས་ལ་རྡོ་རྗེའི་གོ་གྱོན་ཏེ་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་བྱས་སྙམ་དུ་མོས་པ་མཛོད། གཟུངས་ཀྱི་མཐར། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། སོགས་བརྗོད། སྤྱི་བོ། མདུན། རྒྱབ། དཔུང་མགོ་གཉིས། པུས་མོ་གཉིས་ཏེ་གནས་བདུན་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བསྲུང་ངོ༌། །དེ་ནས་རྒྱ་གཞུང་དུ། གསོན་པོར་བཀྲ་ཤིས་རྫས་བརྒྱད་སྦྱིན། །ཞེས་གསུངས་པ་ཚིག་སྤྱི་མཐུན་རྒྱས་བསྡུས་གང་རུང་གི་རྫས་བརྒྱད་སྦྱིན། ཤིས་བརྗོད་རྗེས་ཆོག་རྣམས་སྤྱི་ལྟར་བྱའོ། །གཉིས་པ་གཤིན་པོའི་ཆེད་དུ་བྱ་བ་ལ་ལྔ། མེ་ཆོག རུས་ཆོག ཆུ་ཆོག ས་ཆོག
སྭཱཙྪ་གདབ་པའི་ཆོ་གའོ། །དང་པོ་ཕུང་པོ་སྦྱིན་སྲེག་བྱ་བའི་ལག་ལེན་མདོར་བསྡུས་པ་ནི། གང་དུ་རུང་བའི་ས་དེར་ས་སློང་བ་དང་སྦྱོང་བ་བྱས་ལ་ལས་ཐམས་ཅད་པའི་སྔགས་བཟླ་བཞིན་དུ་ཐབ་བརྩིག དབུས་སུ་ལྷ་མཚན་པདྨ་འདབ་བརྒྱད་སོགས་ཞི་བའི་ཐབ་ཁུང་སྤྱི་དང་མཚུངས། གཟུངས་སྔགས་དང་ངན་སོང་སྦྱོང་བའི་སྔགས་བཏབ་པའི་བུད་ཤིང་སོགས་ལའང་ཡུངས་ཀར་ལ་ལས་སྔགས་བཟླས་པས་བྲབ། རས་སམ་གོག་གུར་པདྨ་འདབ་བརྒྱད་ཁྲུ་གང་བའི་ལྟེ་བར་འཁོར་ལོས་མཚན་པ་བྲིས་ཤིང་ཞུན་མར་གྱིས་བགོས་པ་རོའི་གདན་དུ་བཏིང༌། བདག་མདུན་བུམ་ཆོག་གམ་གཟུངས་སྒྲུབ་བྱས་ཏེ། རོ་ལ་གཟུངས་ཆོག་གིས་བསྒྲུབས་པའི་བུམ་ཆུས་བཀྲུ། སྣམ་རས་ཀྱིས་ཕྱི། དེ་དག་དངོས་སུ་མ་འབྱོར་ནའང་མཚོན་བྱེད་བྱ། གནས་ཡིག་རྒྱས་པ་གཞན་ཡང་གྲུབ་ན་ལེགས་ཤིང༌། དམིགས་བསལ་སྤྱི་བོར་ཨོཾ་དང་གཟུངས་རིང་པྲ་ཏི་ཧ་ནའི་མཐར། ཆེ་གེ་མོའི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སརྦ་ཀརྨ་སོགས་དང༌། མགྲིན་པར་ཨཱཿདང༌། གཟུངས་རིང་གཤམ། ཆེ་གེ་མོའི་ངག་གི་སྒོ་ནས་སོགས། སྙིང་གར་ཧཱུྃ་དང༌། གཟུངས་རིང་གཤམ། ཆེ་གེ་མོའི་ཡིད་གྱི་སྒོ་ནས་ཞེས་སོགས་ཀྱི་ཤམ་བུ་བསྒྱུར་བ་མཐིང་ཤོག་ལ་གསེར་དངུལ་ལམ། མ་འབྱོར་ན་རྒྱ་ཤོག་ལ་དྲི་བཟང་བསྲེས་པའི་མཚལ་གྱིས་བྲིས་ཏེ་གནས་སོ་སོར་ཡིག་ངོ་ནང་བསྟན་ཏུ་དཀྲིས་ཏེ་སྦྱར། དེ་དག་ལས་འོད་ཟེར་འཕྲོས། རྟེན་དེའི་སྡིག་སྒྲིབ་སྦྱོང་བར་བསམས་ལ་གཟུངས་སྔགས་ཤམ་བུ་ཅན་དེ་མང་དུ་བརྗོད་ལ་སྔགས་བཟླ་བཞིན་དུ་རབ་བྱུང་ཡིན་ན་ཆོས་གོས། ཁྱིམ་པ་ལ་རས་སྣམ་གྱིས་དཀྲིས་ཏེ་སྔགས་ཀྱིས་བཏབ་པའི་བདུག་པས་བདུགས། དཀྱིལ་འཁོར་ལྷོ་སྒོར་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག་ལ་རྟེན་བསྐྱེད་འགུགས་པ་སྦྱོང་བ་རྣམ་གསུམ་ཏིལ་སྦྱོང་བྲབ་པ་བཀྲུ་བ་དུག་སྦྱོང་སྐྱབས་འགྲོ་དབང་སྐུར་རྫོགས་པར་བྱས་པའི་རྗེས་སུ་ལམ་སྦྱོང་བསྟན་བྱས། སླར་ཡང་སྐད་ཅིག་གིས་ཕུང་པོ་
ལྷར་གསལ། གནས་གསུམ་བྱིན་གྱིས་བརླབས་ལ་མཆོད་པ་ལྔས་མཆོད། སློབ་དཔོན་རྡོ་དྲིལ་ཐོགས་ཤིང་གཟུངས་སྔགས་བརྗོད་པས་སྣ་དྲངས་ཏེ་བསྲེག་ཁང་དུ་མགོ་སློབ་དཔོན་ལ་བསྟན་ནས། དཀྲིས་ཕུད་དེ་ལྟག་པའི་ཕྱོགས་སུ་བཞག ཞི་བའི་སྲེག་བླུགས་དཀྱུས་བཞིན་བྱ་བ་ལས་མེ་སྦར་སྐབས། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་བརྗོད། བསྲེག་རྫས་རྣམས་བྱིན་གྱིས་བརླབ་པའི་ཚེ། ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་དང༌། བསྲེག་རྫས་རྣམས་ཐ་མི་དད་པ་དྭངས་ཤིང་ཐོགས་པ་མེད་པ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བའི་ནུས་པ་དང་ལྡན་པར་མོས། འཇིག་རྟེན་པའི་དགང་བླུགས་བདུན་སོང་མཚམས། མེ་ལྷ་རྡོ་རྗེ་ལས་ཀྱི་གཙོ། །ཚེ་འདས་སེམས་ཅན་སྦྱོང་བ་དང༌། །ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར། །འདི་ཉིད་དུ་ནི་ཕྲིན་ལས་མཛོད། །ཅེས་གསོལ་བ་བཏབ་པས་མེ་ལྷའི་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་ཚེ་འདས་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དྲངས་ཏེ་རོ་དང་བསྲེག་རྫས་རྣམས་དང་གཉིས་སུ་མེད་པ་བདུད་རྩིའི་དྭངས་མར་བྱས་ཏེ་བཞེས་པར་བསམ། བསྲེག་རྫས་སྔགས་ཤམ་དུ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། དཀྱིལ་འཁོར་བའི་བསྟོད་པའི་རྗེས་སུ། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་པའི་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས་ལྟུང་བ་སློང་བའི་སྔགས་རྒྱས་ངན་སོང་གསུམ་ཚེ་འདས་དང་བཅས་
པ་གཙོ་བོའི་མདུན་དུ་བཀུག་པར་བསམ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང༌། འགུགས་པའི་སྔགས་ཀྱིས་ཚེ་ལས་འདས་པ་དེའི་སྡིག་པ་ཐམས་ཅད་ཀྱང་བཀུག་པར་བསམ། སྡིག་པ་སྦྱོང་བའི་སྔགས་དང༌། སྡིག་པ་དྲལ་བའི་སྔགས་རྒྱས་ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་བཀུག་ཅིང་དྲལ་ཏེ། རོ་དང་བསྲེག་རྫས་རྣམས་ལ་ཐིམ་སྟེ་ཡེ་ཤེས་ཀྱི་མེས་གསོལ་བར་བསམ། བསྲེག་རྫས་རྣམས་ཕུལ་ལ། གཟུངས་སྔགས་ཀྱི་མཐར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ཆེ་གེ་མོའི་པཱ་པཾ་ནི་ད་ཧ་སྭཱ་ཧཱ། ཞེས་བཏགས་ཏེ་ཕུལ་བས། ལྷ་ཐམས་ཅད་ཀྱིས་ཚེ་ལས་འདས་པ་དེའི་ལུས་ལ་དབང་བསྐུར་ཞིང་སྡིག་སྒྲིབ་དང་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཞི་བར་བྱས་པར་བསམ། རྫས་ཚན་རེའི་མཐར། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བ་དང༌། མྱུར་དུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་འདོན་པའི་ཕྲིན་ལས་མཛོད་ཅིག ཅེས་སྦྱར། བསྲེག་རྫས་རྫོགས་པའི་མཐར། ཚེ་འདས་ཧཱུྃ་གི་ས་བོན་ལས་སྐྱེས་པའི་གཙོ་བོའི་སྐུ་རྡོ་རྗེ་ལྟ་བུར་བསམས་ལ། ཨོཾ་བཛྲ་རཀྵ་ཧཾ་གིས་བསྲུང་བ་བྱ། ལྷ་རྣམས་ཀྱིས་འོད་ཟེར་གྱིས་དབང་བསྐུར་བར་བསམས་ལ། མཇུག་ཏུ་ལམ་སྦྱང་བསྟན་རྣམས་བྱས་ལ། སྦྱིན་སྲེག་དང་དཀྱིལ་འཁོར་རྗེས་ཀྱི་བྱ་བ་གཞུང་ལྟར་བགྱིད་པ་ནི་ཕལ་པའི་རོ་མཆོད་རྫས་ཀྱི་ཚུལ་དུ་སྦྱོང་བའོ། །གང་ཟག་མཆོག་གམ་རང་གི་རྩ་བའི་བླ་མ་ལྟ་བུ་ཡིན་ན། བཀྲུ་ཞིང་གནས་ཡིག་གདགས་པ་ཡན་སྔར་དང་འདྲ། སྐུ་ཆས་ལེགས་པར་བྱས་ལ་བསང་སྦྱང་སྔོན་དུ་འགྲོ་བས་གཙོ་བོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་ལ་སོགས་པ་ནས་མཆོད་བསྟོད་ཀྱི་བར་རྒྱས་པར་བྱས་ལ་གཟུངས་ཅི་ནུས་བཟླ། ཁྲུས་གསོལ་གོས་ཟུང་འབུལ་བ་ལྷ་ཁྲུས་ལྟར་གྲུབ་ནས་མཆོད་བསྟོད་མདོར་བསྡུས་རྗེས་བསྲེག་ཐབ་ཏུ་རོལ་མོ་
མཆོད་པ་དང་བཅས་པས་སྤུར་གདན་དྲངས་ཏེ། དེའི་ཐུགས་ཀར་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་ནས། དེ་དང་སྤུར་གྱི་ཡེ་ཤེས་པ་གཅིག་ཏུ་བསྲེས་པ་ལ་མཆོད་བསྟོད་སྔོན་དུ་འགྲོ་བས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མེ་སྦར་བར་བསམ་ཤིང་ཆོས་འབྲེལ་མེད་པའི་མི་ཞིག་བོས་ཏེ་ཐབ་ཏུ་མེ་སྦོར་དུ་གཞུག དེ་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཞེས་སོགས་ཀྱི་ཚབ་ཏུ། དཔལ་ལྡན་བླ་མ་དགོངས་སུ་གསོལ། །ཞེས་འདོན་པ་སྤོས་ལ་བརྗོད། མེ་སྦར་བས་སྔར་སྤུར་ལྟར་བསྐྱེད་པ་དེ་གསལ་བར་བསྒོམས་ལ་འཇིག་རྟེན་པའི་མེ་ལྷའི་སྦྱིན་སྲེག་སྔར་དང་འདྲ་བར་བྱ། འདས་པའི་མེ་ལྷ་མཆོད་པའི་སྐབས་སུ་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་དུ་མོས། ཞི་བའི་སྲེག་བླུགས་བྱ་རྒྱུད་སྤྱིའི་ལུགས་ལྟར་ལ་ཕལ་པའི་རོ་སྲེག་ལ་སྨོས་པའི་ཁ་འགེངས་འདི་རིགས་མི་དགོས། སྤེལ་ཚིག་ཏུ། དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་བར་ཆད་དང༌། གདུལ་བྱར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་རོ། །རྗེས་གདུང་ཁང་བཅད་ལ་ཞག་གསུམ་མམ་བདུན་དུ་མཆོད་པ་བྱ་བ་སོགས་སྤྱི་ལྟར་རོ། །གཉིས་པ་རུས་ཆོག་ནི། ཀུན་རིག་སོགས་དང་མཐུན་པ་ལ་ལྷ་སྔགས་ཀྱི་ཁ་བསྒྱུར་བ་དང༌། ལུགས་འདི་ལ་གཙོ་བོར་རུས་པ་བརྡུང་བ་ནས། སཱཙྪ་གྲུབ་ཀྱི་བར་གཟུངས་སྔགས་ཁོ་ནས་ལས་ཐམས་ཅད་བྱེད་པ་ཡིན་པས་དེ་ཉིད་བཟླ་བར་བྱ། ནང་གཞུག་གཟུངས་གིས་ཤོག་དྲིལ་བཅུག་ལ་རབ་གནས་བྱའོ། །གསུམ་པ་ཆུ་ཆོག་ནི། སྦྱོང་རྒྱུད་ལས་སྡིག་སྦྱོང་སྒོ་དགུའི་ཡ་གྱལ་དུ་གསུང་པའི་རུང་མཐུན་དུ་སྦྱོར་བ་འདི་བྱ་སླ་ཕན་ཡོན་ཆེ་བཀྲ་ཤིས་པ་ཡིན་པས། བདག་མདུན་བུམ་སྒྲུབ། རོ་བཀྲུ་ཕྱི། གནས་ཡིག་བཏགས་ནས་དཀྲིས་དང་བདུག་པ་རྣམས་དང༌། རྟེན་བསྐྱེད་ནས་སྐྱབས་འགྲོའི་བར་ཡང་སྦྱིན་སྲེག་དང་ཁྱད་པར་མེད་པ་ལས། དེ་ནས་གང་དུ་དོར་བའི་ཆུ་བཀྲ་ལེགས་པའི་
ཁར་གནས་བདག་ལ་དཀར་གཏོར་གསེར་སྐྱེམས་འབུལ། ཆུ་བོ་བསང་སྦྱང༌། སྟོང་པའི་ངང་ལས་བཾ་ཡིག་ལས་བྱུང་བའི་ཆུ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོར་གྱུར། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལན་གསུམ། ལྷའི་ཆུ་བོ་གངྒཱ་བཀུག་ནས་ཐིམ་པས་དག་བྱེད་ཀྱི་རང་བཞིན་ཅན་དུ་གྱུར། ཨོཾ་ན་མ་སྟཻ་ཡ་དྷི་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི། དྷརྨ་དྷཱ་ཏུ་བི་བི་སྭི་ར་ས་མ་མཱ་ཀི་སྭཱ་ཧཱ། ཆུ་བོ་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བསྐུལ། བྱིན་རླབས་འོད་ཟེར་གྱི་རྣམ་པར་བྱོན་ནས་སྐུའི་རྡུལ་རྣམས་ལས་བདུད་རྩིའི་རྒྱུན་བབས། རེག་ཚད་ཀྱི་འགྲོ་བ་འབད་མེད་དུ་གྲོལ་བའི་ནུས་པ་དང་ལྡན་པ་དེ་ཉིད་ཀྱིས་ཚེ་འདས་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་བཀྲུས་པར་གྱུར། ཕུང་པོ་རྡོ་དང་སྦྲགས་ཏེ་ཆུའི་གཏིང་དུ་དོར་བའི་ཁར་རྣམ་རྒྱལ་བུམ་པའི་ཆུ་སྦྲེངས་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས་ཁྲུས་ཀྱི་ཚིག་རྣམས་དང་མཚམས་སུ་གཟུངས་སྔགས་ཤམ་བུ་བཅས་བརྗོད། ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ཚེ་འདས་ཀྱི་ལུས་བཀྲུས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པར་གྱུར། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །སོགས་བརྗོད་ལ་ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པ་ཅན་དེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་བཞུགས་པའི་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ཐུགས་ཀར་ཐིམ་པར་གྱུར། འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་མངོན་དགའ་རུ། །པདྨའི་སྙིང་པོ་དམ་པ་ལས། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཅེས་དང༌། མངོན་དགའི་ཞིང་སོགས་ཐེག་པ་ཆེན་པོའི་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད། ཆོ་གའི་རྗེས་ཀྱི་རིམ་པ་རྣམས་བྱའོ། །བཞི་པ་སྦ་སྐྱེལ་གཉིས་ལས་སྦ་བ་དེང་སང་ལག་ལེན་
མི་བྱེད་པས་མ་བྲིས། རི་ལ་སྐྱེལ་ན་གནས་ཡིག་སྦྱོང་ཁྲུས་དབང་སྐུར་སོགས་དེ་ལྟར་གྲུབ་ན་ལེགས་ལ། ཕུང་པོ་གཏོར་རན་པ་དང་གནས་ཡིག་རྣམས་བཀྲོལ་ནས། རང་ཉིད་མི་བསྐྱོད་པའི་ཐུགས་ཀའི་འོད་ཟེར་དང་སྔགས་ཀྱི་སྒྲས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་དྲངས་པར་བསམས་ལ། གཟུངས་སྔགས་བཟླ་བཞིན་དུ་མེ་སྒྲོན་གྱིས་བསྲེགས་པའི་ཐལ་བའང་གནས་སོ་སོར་བྱུག ཕུང་པོ་ཟག་མེད་བདུད་རྩི་མྱང་གྲོལ་གྱི་རང་བཞིན་རྣམ་པ་ཤ་ཁྲག་སོགས་གང་འདོད་ཀྱི་ལོངས་སྤྱོད་སྦྱིན་ཡུལ་བྱ་གཅན་རང་བྱུང་ལྷའི་འཁོར་ལོར་ཤེས་པའི་མཆོད་སྦྱིན་གཞན་ནས་འབྱུང་བ་ལྟར་བྱ། མཐར་སྦྱིན་འབྲས་དམིགས་མེད་དུ་བསྔོ། ལྔ་པ་སཱཙྪའི་ཆོ་ག་ལ་གསུམ། འདེབས་པའི་ཚུལ། རབ་གནས། གཤེགས་པའམ་བཞུགས་པའི་ཚུལ་ལོ། །དང་པོ་ནི། ས་བརྐོ་བའི་གནས་སུ་གསེར་སྐྱེམས་ཕུལ། སྲོག་ཆགས་མེད་པའི་ས་གཙང་མ་ལ་རིན་ཆེན་སྨན་སྤོས་སོགས་བསྲེས་ཏེ་ཆོ་ག་སྤྱི་ལྟར་རམ། གཟུངས་སྔགས་ཁོ་ན་བཟླ་བཞིན་དུ་སཱཙྪ་འབུམ་ཕྲག་གཅིག་གདབ། ནང་དུ་ཚེ་འདས་ཀྱི་མིང་སརྦ་ཀརྨའི་གོང་དུ་བྲིས་པའི་གཟུངས་གཞུག་འཇོག་དགོས་པས། མིང་སྤེལ་ཤེས་ན་ལེགས་སྦྱར་དང་མ་ཤེས་ན་བོད་སྐད་དེ་སྦྱོར་ལུགས་དཔེར་ན། པྲ་ཏི་ཧ་ན་ཕྱི་མའི་རྗེས་སུ། ཁྱིམ་བདག་ལེགས་སྐྱེས་ཀྱི་སརྦ་ཀརྨ་པ་རམྤ་རཱ་ཎི་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ་ཞེས་སྦྱར། མེ་སརྦ་སཏྭཱ་ནཱཉྩ་སྦྱོར་མི་དགོས། སཱཙྪ་རྣམས་ལ་གདུགས་མཚོན་བྱེད་སྣ་ཚོགས་པའི་དར་གྱི་ཅོད་པན་རེ་རྩེར་སྦྱར་གྲུབ་ན་ལེགས་སོ། །གཉིས་པ་དེ་རྣམས་ལེགས་པར་བསྒྲིགས་ལ་རབ་གནས་ཀྱི་ཆོ་ག་རྒྱས་བསྡུས་གང་འགྲུབ་བྱ་དགོས་ཀྱང་མི་འགྲུབ་ན། བདག་བསྐྱེད་རྫོགས་པར་བྱ། ལས་བུམ་དུ་འཁྱིལ་པ་བཟླ། དེའི་སྔགས་རིང་ཐུང་རྣམས་ཀྱིས་ཡུངས་ཀར་དང༌། ན་མོ་བུདྡྷ་སོགས་སྦྲེལ་བའི་རྟེན་འབྲེལ་སྙིང་པོས་འཐོར་ནས་བྱིན་བརླབ། སྦྱོང་བ་གསུམ་དང༌། བགེགས་བསྐྲད། ལྷ་ཁྲུས་གསོལ་བ་དང༌། ཤིས་བརྗོད་བཅས་རྒྱས་པར་བྱ། བུམ་པ་དང་ལྷ་མོ་བཅས་
ཀྱི་བསྐྱེད་ཚིག་དོར་བའི་ལྷག་མ་མདུན་བསྐྱེད་ལྟར་གྱི་བསྐྱེད་བཟླས་མཆོད་བསྟོད་རྒྱས་པ་དང༌། ལྷག་པར་མཆོད་པའི་རྗེས་སུ་གདུགས་དང་རྒྱལ་མཚན་བ་དན་དང་མེ་ཏོག་གི་ཕྲེང་བ་སོགས་གང་འབྱོར་དངོས་སུ་བསྟར། ཐ་ན་ཙ་ཀ་ལི་ཙམ་ཐོགས། མ་འབྱོར་བ་ཡིད་ཀྱིས་སྤྲུལ་ཏེ། མེ་ཏོག་དམ་པ་སོགས་ཤློ་ཀ་གསུམ་དང་མཆོད་པའི་སྤྲིན་གྱི་གཟུངས་སྔགས་ཀྱི་རྗེས་སུ། དེ་བཞིན་གཤེགས་པའི་རྟེན་འདི་རྣམས་ལ་རིན་པོ་ཆེའི་གདུགས་ནམ་མཁའ་དང་མཉམ་པར་ཕུལ་བས། ཞལ་དྲོ་ཞིང་བྱིན་ཆེ་བ་འགྲོ་བ་སྐྱོབ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག ཅེས་རྒྱལ་མཚན་སོགས་ལའང་རིགས་འགྲེས་ཏེ་བརྗོད། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་གསོལ་བ་བཏབ་པས། བཅོམ་ལྡན་འདས་འོད་དུ་ཞུ་བ་སཱཙྪའི་རྣམ་པར་གྱུར། རྟེན་སྙིང་བཟླ་བཞིན་དུ་མེ་ཏོག་འཐོར། སླར་ཡང་ཡན་ལག་བདུན་པ་བཟང་སྤྱོད་ལས་འབྱུང་བ་ཙམ་བྱ་ཞིང་བཀྲ་ཤིས་བརྗོད་ལ་ཆོ་གའི་རྗེས་རྣམས་བྱ། དེ་ཙམ་ཡང་མ་ནུས་ན་གདུགས་སོགས་ཡིད་ཀྱིས་ཕུལ་བར་མོས། གསུམ་པ་གཤེགས་བཞུགས་གཉིས་ལས། སཱཙྪ་ཆུར་གཤེགས་ན། ས་དཔྱད་ཆུ་བཀྲ་ལེགས་པའི་གནས་སུ་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པའི་ཡོ་བྱད་གསར་དུ་བཤམ། སྤྱི་ལྟར་བདེན་བརྗོད་དང་གཟུངས་སྔགས་ཀྱིས་གནས་དང་ཡོ་བྱད་བྱིན་བརླབ། སཱཙྪ་རྣམས་དེ་བཞིན་གཤེགས་པའི་ཆོས་སྐུའི་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་རྡུལ་ཕྲ་རབ་རེ་རེ་བཞིན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུར་བསམས་ལ། ཡན་ལག་བདུན་པ་ཉིད་ལན་གསུམ་བྱ། སྨོན་ལམ་མཐར་དབྱུང༌། སྤྲོ་ན་སྐབས་འདིར་རྡུལ་ཚོན་ཆུར་གཤེགས་པའི་སྐབས་ལྟར་ཀླུ་ཆོག་བྱས་ལ། རྡུལ་ཚོན་ཆུར་གཤེགས་ཚབ་ཏུ་འདི་འཇུག ཀླུའི་རྒྱལ་པོ་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་རྟེན་བྱིན་རླབས་ཅན་འདི་རྣམས་རྒྱ་མཚོ་ཆེན་པོར་སྤྱན་དྲངས་ལ། སྤྱིར་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། འཇིག་རྟེན་གྱི་ཁམས་སུ་ལོ་ཕྱུག་རྟག་ཏུ་ལེགས་པ་དང༌། ཁྱད་པར་བདག་དང་
སྦྱིན་པའི་བདག་པོའི་ནད་གདོན་སྡིག་སྒྲིབ་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཁྱད་པར་ཚེ་ལས་འདས་པ་འདི་ཞེས་བྱ་བའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཀླུ་ཆོག་མ་འགྲུབ་ན་སྨོན་ལམ་ཚར་མ་ཐག་པར་འདིར་འཇུག་སྟེ། སཱཙྪ་རྣམས་རེ་རེ་བཞིན་ཆུའི་སྟེང་དུ་བཞུགས་སུ་གསོལ་བའི་ཚུལ་གྱིས་མགོ་མཇུག་མ་ལྡོག་པར་བཞག་ལ། གཟུངས་སྔགས་ཚར་རེའི་མཇུག་ཏུ། ཚེ་ལས་འདས་པ་འདི་ཞེས་བྱ་བའི་དགེ་བའི་རྩ་བར་གྱུར་ཅིག འདི་ཁོ་ནས་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་དག་པའི་ཞིང་ཁམས་རྣམས་སུ་སྐྱེ་བར་གྱུར་ཅིག མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་ཅི་ནུས་བརྗོད། ཡིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུ་རྡུལ་ཕྲ་རབ་ཏུ་གྱུར་ཏེ་ཀླུའི་རྒྱལ་པོ་རྣམས་ཀྱིས་རྒྱ་མཚོ་ཆེན་པོར་མཆོད་པའི་ཡོ་བྱད་དང་བཅས་ཏེ་སྤྱན་དྲངས་པའི་ཚེ། རྒྱ་མཚོའི་འགྲམ་དུ་གནས་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་མངོན་པར་ཤེས་པས་དགོངས་ཏེ་སྨོན་ལམ་གྱི་མཐུན་འགྱུར་མཛད་པ། ས་བླའི་ལྷས་འོག་མིན་གྱི་བར་དུ་རྗེས་སུ་བསྒྲགས་ཤིང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པས་ཀྱང་བདེན་ཚིག་གིས་མཚམས་སྦྱར་བར་བསམ། ལས་གྲུབ་པ་དང༌། དེ་དག་གི་མཐུ་ལ་བརྟེན་ནས་ཚེ་འདས་ཉིད་ངན་སོང་ལས་གྲོལ་ཏེ་མཐོ་རིས་སུ་སྐྱེས་ཤིང་ལུས་ཀྱང་སྟོན་ནས་སངས་རྒྱས་ཀྱི་ཕྲིན་ལས་ལ་ཆེད་དུ་བརྗོད་པ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཞེས་སོགས་བརྗོད་ནས་མི་སྣང་བར་བསམས་ལ་ཀླུ་ཆོག་ཡོད་ན་གཤེགས། གང་ལྟར་ཡང་བསྔོ་སྨོན་དང་ཤིས་པ་རྒྱས་པར་བརྗོད་པས་དགེ་ལེགས་སུ་བྱ།
བདག་བསྐྱེད་བསྡུ། མཆོད་པའི་ཡོ་བྱད་དམན་མ་རྣམས་ཆུ་བོར་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཚ་ཁང་སྤྲོས་པས་མི་ལྕོགས་པ་དང་ཕལ་པ་རྣམས་ལ་འདི་ཁོ་ན་ལྟར་ལེགས་ཤིང༌། འདི་ཉིད་གཟུངས་མདོའི་དགོངས་པ་དམིགས་བསལ་ཡིན་པས་སཱཙྪ་ཡིན་ཚད་ཆུར་གཤེགས་རུང་བ་མ་ཡིན་ནོ། །གང་ཟག་བཟང་པོ་ཡིན་ཀྱང་འདི་ལྟར་འགྲུབ་ན་ཐུགས་དགོངས་རྫོགས་བྱེད་དུ་འགྱུར་བ་ལས་ཉེས་པའི་ཆ་ཕྲ་མོའང་མེད་པས། དེ་ལྟར་ན་སྨོན་ལམ་གྱི་སྐབས་སུ་དགེ་བའི་བཤེས་གཉེན་ཆེ་གེ་མོ་དེའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྫོགས་པར་གྱུར་ཅིག དེ་ཉིད་ཀྱི་འབྲེལ་ཐོགས་ཀྱི་འགྲོ་བ་ཐམས་ཅད་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ་སོགས་བསྒྱུར་བར་བྱའོ། །གཉིས་པ་བཞུགས་སུ་གསོལ་བ་ནི། སཱཙྪ་རྣམས་རབ་གནས་གྲུབ་པ་དང་ལམ་གྱི་གཞི་མདོར་མཆོད་རྟེན་བརྩིགས་པའི་ནང་དུ་ལེགས་པར་བསྒྲིགས་པའི་བར་དུ་བྱེ་མས་བཅེར། དེའང་ཚད་ལ་ངེས་པ་མེད་དེ་འབྱོར་པ་དང་བསྟུན། དབྱིབས་ལ་ངེས་པ་མེད་དེ་གང་འདོད་བྱ། མཐོང་ཚད་རེག་ཚད་ཀྱི་སྒྲིབ་པ་འདག་པའི་རྒྱུ་ཡིན་གསུངས་ཀྱང་དེང་སང་ཚ་ཁང་དུ་གྲགས་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་ཉིད་བྱ་སླ་ལ་ལེགས་པར་མངོན། དེ་ལའང་དྲི་མེད་ཆོ་གས་སྲོག་ཤིང་འཛུགས་ཆོག་གྲུབ་ན་ཕན་ཡོན་ལྷག་པར་ཆེ། བཞུགས་སུ་གསོལ་གྲུབ་ནས་ཆུར་གཤེགས་སྐབས་ལྟར་ས་གཞི་བྱིན་རླབས་ནས་སྨོན་ལམ་ཚིག་ལྷུག་གི་བར་དུ་བྱ། ཀླུ་ཆོག་མི་དགོས། རྣམ་སྣང་གི་རྡུལ་ཕྲ་རབ་ཀྱི་རང་བཞིན་མཆོད་རྟེན་གྱི་ཕུང་པོ་ལས་འོད་ཟེར་འཕྲོས་པས་མཐོང་ཐོས་དྲན་རེག་སངས་རྒྱས་ཀྱི་སར་སྒྲོལ་བའི་ཕྲིན་ལས་རྟག་ཏུ་མཛད་པར་མོས་ལ་རྟེན་སྙིང་གིས་མེ་ཏོག་འཐོར་ཞིང་བཀྲ་ཤིས་རྒྱས་པར་བརྗོད། སྲུང་མ་ལ་གཏོར་མ་འབུལ་ཏེ་མཆོད་རྟེན་གྱི་གཉེར་དུ་གཏད། སྔ་ཕྱི་གཉིས་ཀ་གང་བྱེད་ཀྱང་དེའི་ཉིན་མོ་བཞི་སྡེར་ལོངས་པ་ཡན་ཆོད་ཀྱི་དགེ་འདུན་ལ་ཅི་འབྱོར་པའི་ཆོས་སྟོན་གསོལ་ཏེ་སྨོན་ལམ་རྒྱ་ཆེན་པོ་གདབ་ཏུ་གཞུག་གོ །གཞན་ཡང་པདྨ་དང་གླང་པོ་ཆེའི་ཁྲི་ལ་བཞུགས་པའི་མི་འཁྲུགས་པའི་སྐུ་ཚོན་གྱིས་འབྲི་བའམ། ས་ལས་བྱས་
པའང་རུང་སྟེ་སྟོང་ཕྲག་གཅིག་བཞེངས་ནས་སྨོན་ལམ་བཏབ་ན་མངོན་དགའི་ཞིང་དུ་སྐྱེ་བར་ངེས་པ་མདོ་ལས་གསུངས་པའང་བྱ་སླ་ལ་དོན་ཆེན་པོར་སྣང་བས་རང་དབང་ཡོད་པའི་དུས་འདིར་སྙོམ་ལས་ཀྱི་དབང་དུ་མི་བཏང་བར་འདི་ཙམ་ལག་ཏུ་ལོན་པ་རེ་གལ་ཆེ་བར་སྣང་ངོ༌། །འདིས་ཀྱང་ལུས་ཅན་བྱེ་བ་སྙེད། །སྡིག་བྲལ་མངོན་དགའི་ཞིང་སྐྱེས་ནས། །མི་འཁྲུགས་རྒྱལ་བའི་རྗེས་སློབ་སྟེ། །བྱང་ཆུབ་སྤྱོད་པ་རྫོགས་བྱེད་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གསུང་གིས་རྗེས་སུ་གནང་བ་ལྟར་དགོངས་པ་སྐོང་བའི་སླད་དུ་འདུ་གསུམ་པའི་དགེ་སྦྱོང་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དབེན་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྤེལ་བ་དགེ་ལེགས་འཕེལ།། །།
བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པའི་སྐོར་རྣམས།
བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ནཱ་གེ་ཤྭ་ར་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཐོག་མར་གནས་ཁང་ཉམས་དགའ་བར་ཁ་གདོང་དག་པར་བྱས་ནས་སྟན་བདེ་བ་ལ་འདུག་སྟེ། འབྱུང་པོ་ཐམས་ཅད་ཚིམ་པར་བྱེད་པའི་སྔགས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭོཏྟ྄་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ྄་ཧཱུྃ་ཕཊ། ཅེས་བརྗོད་པས་ཕྱོགས་བཅུའི་བགེགས་ཐམས་ཅད་བསལ་བར་བྱའོ། །དེ་ནས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སྔོན་དུ་སོང་ནས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློས། རང་གི་སྙིང་གར་ཧཱུྃ་བཻ་ཌཱུརྻའི་མདོག་ལྟ་བུ་ལས་འཕྲོས་པའི་འོད་ཀྱིས་ལུས་ཁྱབ་ནས་རང་ཉིད་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོར་གྱུར་པར་བསམ། དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་དཔག་ཏུ་མེད་པ་དང༌། དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཕྱག་འཚལ་བ་སྔོན་དུ་འགྲོ་བས་དངོས་སུ་བཤམས་པའི་མཆོད་པ་རྣམས་ཀྱིས་མཆོད་ལ། ཡིད་ལས་བྱུང་བའི་མཆོད་པའི་རིམ་པ་འདི་ཡིན་ཏེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་བརྗོད་པས་མེ་ཏོག་ཐོགས་པའི་ལྷ་མོ་སྔོན་མོས་ནམ་མཁའ་ཁེངས་པ་དང༌། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཞེས་བརྗོད་པས་བདུག་སྤོས་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པ་དང༌། ཨོཾ་བཛྲ་དཱི་པཾ་ཨཱཿཧཱུྃ། ཞེས་བརྗོད་པས་མར་མེ་ཐོགས་པའི་ལྷ་མོ་དམར་མོས་ནམ་མཁའ་ཁེངས་པ་དང༌། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཞེས་བརྗོད་པས་དྲི་མཆོག་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པ་དང༌། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཞེས་བརྗོད་པས་ཞལ་ཟས་ཐོགས་པའི་ལྷ་མོ་སེར་སྐྱ་མ་དཔག་ཏུ་མེད་པས་མཆོད་ལ། ཨོཾ་སརྦ་བི་ཤོ་དྷ་པཱུ་ཛ་མེ་གྷ་སྥཱ་ར་ཎ་ས་མུ་དྲ་ཧཱུྃ། ཞེས་པའི་སྔགས་བརྗོད་པས་དེ་ཉིད་ལ་རིན་པོ་ཆེ་སྣ་ཚོགས་དང༌། གདུགས་དང༌། རྒྱལ་མཚན་དང༌། དྲིལ་བུ་
དང༌། བ་དན་དང༌། བླ་རེ་ལ་སོགས་པ་དང༌། འཁོར་ལོས་སྒྱུར་བའི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་དུ་བསྔོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ལམ་བསྟེན་པ་རྣམས་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསྐྱེད་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བསམ། དེ་ནས་སྟོང་པ་ཉིད་ལ་གནས་པས་སེམས་ཅན་གྱི་དོན་མི་འགྲུབ་པས་སྙིང་རྗེ་ཆེན་པོའི་རང་བཞིན་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་སྟེང་དུ་ཆོས་ཐམས་ཅད་མཐའ་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བར་གྱུར་པར་བསམ། དེའི་སྟེང་དུ་ཡི་གེ་ཧཱུྃ་མི་དཔོགས་«་་་་་འདིའི་མཆན་རྙིང་པར་རིན་པོ་ཆེ་བཻ་ཌཱུརྻ་ལ་རིན་པོ་ཆེ་གཞན་གྱི་ཁ་དོག་གིས་བརྙས་སུ་མེད་པས་ན་མི་དཔོགས་པའོ། །ཞེས་འབྱུང༌། »པའི་རིན་པོ་ཆེའི་མདོག་ལྟ་བུ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཧཱུྃ་དེ་ཉིད་སྐད་ཅིག་མ་གཅིག་ལ་ཀླུའི་དབང་ཕྱུག་རྒྱལ་པོའི་སྐུར་གྱུར་པར་བསམ། དེའང་སྐུ་མདོག་མི་དཔོགས་པའི་རིན་པོ་ཆེའི་མདོག་ལྟ་བུ་དབུ་ལ་སྦྲུལ་མགོ་བདུན་གདེངས་པའི་རྒྱབ་ཡོལ་ཅན། ཆོས་གོས་དུར་སྨྲིག་གསོལ་བ། དབུ་གཙུག་ཏོར་དང་ལྡན་པ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་བར་བྱེད་པ་དང༌། སེམས་ཅན་ཐམས་ཅད་ངན་འགྲོའི་སྐྱེ་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་དང་«་་་་་འདི་ལ་མཆན་རྙིང་པ་རྣམས་ལས་ཤིན་ཏུ་བཅིངས་ཤིང་བསྡམས་
པ་ཞེས་འབྱུང་ཞིང༌། བྲིས་སྐུ་སྔ་མ་ཕལ་ཆེར་ལས་ཀྱང་ཕྱག་གཡོན་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་བ་གཡས་པའི་ཁུ་ཚུར་གྱིས་ཐུགས་ཀར་བཅངས་པ་ཞིག་མཛད་སྣང༌། བཅོམ་ལྡན་རལ་གྲི་མན་ཆོད་ཀྱི་ཡིག་ཆར། ཆོས་འཁོར་གྱི་ཕྱག་རྒྱ་ནང་དུ་མཛད་དོ།། »ལྡན་པ། བཞིན་འཛུམ་བག་དང་ལྡན་པར་བསམ། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་དཀར་པོ་རིན་པོ་ཆེའི་མྱུ་གུ་ཕྱག་གཡས་ན་བསྣམས་པ། གཡོན་བུམ་པ་བསྣམས་པས། པདྨ་དང་ཟླ་བའི་གདན་ལ་བཞུགས་པ། བཅོམ་ལྡན་འདས་ལ་བལྟ་བའོ། །གཡས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་སྐུ་མདོག་དམར་པོ་ཀླུ་ཤིང་གི་མེ་ཏོག་དང༌། རིལ་བ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཨུཏྤལ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་པདྨ་བསྣམས་པ་བཅོམ་ལྡན་འདས་ལ་བལྟ་བའོ། །གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། གཡོན་ཕྱོགས་སུ་དགྲ་བཅོམ་པ་དཔག་ཏུ་མེད་པ་བཞུགས་པར་བསམ། འོག་གི་ཕྱོགས་སུ་ཀླུའི་ཚོགས་དཔག་ཏུ་མེད་པས་རིན་པོ་ཆེ་ཐོགས་པ་ཐལ་མོ་སྦྱར་བ་ཁ་གྱེན་དུ་བལྟ་བར་བསམ་མོ། །དེ་ནས་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་པ་དང༌། གསོལ་བ་ལེགས་པར་བཏབ་ལ། ཛཿཧཱུྃ་བཾ་ཧོཿཞེས་པའི་ཡི་གེ་བཞིས་སྤྱན་དྲངས་ལ། དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དགེས་པར་བྱས་ལ་སྙིང་པོ་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་འབུམ་ཕྲག་གཅིག་བཟླས་པས་མཛེའི་ནད་ཐམས་ཅད་དང༌། མྱོང་བར་ངེས་པའི་ལས་ཐམས་ཅད་ཟད་པར་འགྱུར་རོ། །བུམ་པ་གཉིས་ལ་གཅིག་ཏུ་བཅོམ་ལྡན་འདས་འཁོར་
དང་བཅས་པའི་སྐུ་གཟུགས་དང་རིན་པོ་ཆེའི་དང་འབྲུ་སྣ་ཚོགས་ཀྱིས་དགང་བར་བྱའོ། །གཅིག་ཏུ་ཀླུ་ནོར་རྒྱས་ཀྱི་བུ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ་རིན་པོ་ཆེ་སྣ་ཚོགས་པ་དང༌། ཀླུ་སྨན་སྣ་ཚོགས་པ་དང༌། འབྲུ་སྣ་ཚོགས་ཀྱིས་ལེགས་པར་བཀང་ལ་པདྨ་འདབ་མ་བརྒྱད་པའི་དཀྱིལ་འཁོར་གཉིས་ཀྱི་ཁར་བུམ་པ་གཉིས་པོ་བཞག་ལ། བ་དམར་མོ་གཉིས་ཀྱི་འོ་མ་མ་གོད་པ་དང༌། གདུགས་བརྒྱ་རྩ་བརྒྱད་དང༌། ཚོན་སྣ་ལྔ་པའི་བ་དན་བརྒྱ་རྩ་བརྒྱད་དང༌། ཨ་ག་རུ་ནག་པོའི་བདུག་སྤོས་དང༌། ཅེ་པོག་«་་་་་སྤོས་དཀར་»དཀར་པོ་དང༌། བདུག་པ་སྣ་ཚོགས་དང༌། མེ་ཏོག་དང༌། མར་མེ་དང༌། ལྷ་བཤོས་དང༌། རོལ་མོ་སྣ་ཚོགས་པས་མཆོད་པར་བྱའོ། །ཞག་བདུན་དུ་སྙིང་པོ་རྒྱུན་མི་ཆད་པར་བཟླས་ན་དབུལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །སད་དང༌། སེར་བ་དང༌། ལྕེ་འབབ་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །བུམ་པ་གཉིས་པོའང་འོག་ཏུ་ཀླུའི་བུམ་པ་གཞག སྟེང་དུ་བཅོམ་ལྡན་འདས་ཀྱི་བུམ་པ་བཞག་ནས། གནས་ཁང་གི་ཤར་ཕྱོགས་སུ་གཏེར་དུ་སྦས་ན་ཕོངས་པའི་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །ཀླུའི་གནོད་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཁྱིམ་དེའི་སྐྱེས་པ་དང་བུད་མེད་ཐམས་ཅད་འཕེལ་ཞིང་དར་བར་འགྱུར་རོ། །ཆར་དབབ་པ་ནི་བླ་གབ་མེད་པའི་ས་ཕྱོགས་སུ་བྱའོ། །ཆར་གཅོད་པ་ནི་བཅོམ་ལྡན་འདས་ལ་ཕུལ་བའི་མེ་ཏོག་ལ་སྦྱིན་སྲེག་བྱའོ། །སའི་གཏེར་འབྱིན་པར་འདོད་ན་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་རྨི་ལམ་ཞུ་བར་བྱའོ། །གཏོར་མ་གསུམ་བྱས་ལ་གཅིག་ནི་བཅོམ་ལྡན་འདས་ལའོ། །གཉིས་པ་ནི་འཇིག་རྟེན་སྐྱོང་བ་རྣམས་ལའོ། །གསུམ་པ་ནི་ཀླུ་རྣམས་ལ་སྦྱིན་པར་བྱའོ། །དེ་ནས་རྫོགས་པའི་རིམ་པ་ནི་བླ་མའི་ཞལ་ལས་ཤེས་
པར་བྱའོ། །དེ་ནས་གཤེགས་སུ་གསོལ་ལ། ཐུན་མཚམས་སུ་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོའི་མཚན་ཉི་ཤུ་རྩ་གཅིག་རེ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༈ །སངས་རྒྱས་ཀླུ་དབང་གི་རྒྱལ་པོ་བསྒོམ་པར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། སྙིང་གའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་ལུས་སྦྱངས་ནས། རང་ཉིད་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་སྔོན་པོ། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། ཀླུ་དང་སེམས་ཅན་ཐམས་ཅད་ངན་འགྲོ་ལས་ཐར་བར་བྱེད་པའི་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཆོས་གོས་ངུར་སྨྲིག་གསོལ་བ། གཡས་སུ་བྱང་ཆུབ་སེམས་དཔའི་ཚོགས། གཡོན་དུ་དགྲ་བཅོམ་པ་དུ་མ། མདུན་དུ་ཀླུའི་ཚོགས་དུ་མ་བསམས་ལ་ཡེ་ཤེས་པ་གཞུག སྔགས་ནི། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་འབུམ་ཕྲག་བཟླས་པས་ནད་ཐམས་ཅད་དང༌། མྱོང་བར་ངེས་པའི་ལས་ཐམས་ཅད་འཛད་པར་འགྱུར་རོ། །མཐར་རིམ་གྱིས་བསྡུས་ཏེ་སྟོང་པར་བསྒོམ། ཐུན་མཚམས་སུ་ཀླུ་དབང་གི་རྒྱལ་པོའི་མཚན་ཉེར་གཅིག་བརྗོད། གཏོར་མ་གསུམ་བྱས་ནས་བཅོམ་ལྡན་འདས། འཇིག་རྟེན་སྐྱོང་བ། ཀླུ་དང་གསུམ་ལ་ཨ་ཀཱ་རོ་ལ་སོགས་པས་སྦྱིན་ནོ། །འདིའི་བྲིས་སྐུ་ཡོད་པའི་སར་ཀླུ་ནད་འབྱུང་མི་སྲིད། འདི་མདོ་མེ་ཏོག་གི་ཚོགས་དང༌། རྒྱུད་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོའི་རྒྱུད་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཕྱུང་བ། ཇོ་
བོས་བསྣམས་ནས་བྱོན། མཚན་འཛིན་པ་ལའང་ཡོན་ཏན་དཔག་ཏུ་མེད་པར་བཤད་དོ། །བཅོམ་ལྡན་རལ་གྲིས་བཀོད་པའོ།། ༈ །བཅོམ་ལྡན་འདས་ཀླུ་དབང་གི་རྒྱལ་པོའི་བསྟོད་པ་རྣམ་པར་རྒྱལ་བའི་དབྱངས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་སྲིད་གསུམ་ཀུན་ཁྱབ་ཅིང༌། །ཉིན་བྱེད་བྱེ་བའི་གཟི་བརྗིད་འཕྲོག་བྱེད་པའི། །རྒྱལ་སྲས་ཚོགས་ཀྱིས་མཆོག་ཏུ་རབ་བསྟོད་པ། །རྒྱལ་པོའི་དབང་པོ་མཆོག་ལ་གུས་ཕྱག་འཚལ། །ཉི་མའི་དྲུང་དུ་ཟླ་བས་བགྲོད་པ་བཞིན། །དགྲ་ངན་དཔུང་ཚོགས་མ་ལུས་ཟིལ་གྱིས་གནོན། །རྒྱ་མཚོའི་ཀློང་ནས་ཀླུ་མཆོག་མ་ལུས་པ། །གུས་པའི་ཚུལ་གྱིས་ཐལ་སྦྱར་རབ་ཏུ་བཏུད། །ཨིནྡྲ་ནཱི་ལའི་མདངས་ལྡན་གཟི་བརྗིད་འབར། །ཐུན་མཚམས་སྤྲིན་གྱི་མདོག་ཅན་བླ་གོས་འཛིན། །ཆོས་སྒྲོགས་ཕྱག་རྒྱ་མི་ཕྱེད་ཐུགས་ཀར་འཆིངས། །རབ་མཛེས་གཙུག་ན་སྦྲུལ་མགོའི་གདེངས་ཀ་ཅན། །སྔོ་བསངས་ནམ་མཁའི་མདོག་ཅན་འདབ་བརྒྱ་པ། །ཟླ་བའི་དཀྱིལ་འཁོར་བཀོད་པའི་དབུས་ན་མཛེས། །ཀུ་མུད་མདངས་ལྡན་སྒྲིབ་པ་རྣམ་སེལ་བ། །རིན་ཆེན་མྱུ་གུ་ཡིད་འོང་བུམ་པ་འཛིན། །དམར་བའི་མདོག་ཅན་མི་ཕམ་བྱམས་པ་ཡིས། །ཀླུ་ཤིང་མེ་ཏོག་རིལ་བ་སྤྱི་བླུགས་འཛིན། །འཇམ་དཔལ་གསེར་མདོག་རབ་ཏུ་འབར་བ་ཅན། །གླེགས་བམ་རལ་གྲི་ཡོངས་སུ་འཛིན་པར་མཛད། །ཐུགས་རྗེ་ཆེན་པོས་དམར་འོད་མེ་ཏོག་འཛིན། །འཁོར་ཚོགས་དཔག་མེད་དབུས་ན་མངོན་མཐོ་བ། །མཐའ་ཡས་ཞིང་ཁམས་དཔག་མེད་འོད་ཟེར་འགྱེད། །ཚུལ་བཟང་ཡོངས་སུ་རྫོགས་པའི་ཀླུ་དབང་ལ། །གུས་པས་བསྟོད་པའི་དགེ་ཚོགས་གང་ཐོབ་པས། །དུས་གསུམ་ཕ་མ་དང་བཅས་འགྲོ་བ་རྣམས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་
མྱུར་ཐོབ་ཤོག །ཅེས་ཀླུ་དབང་རྒྱལ་པོ་ལ་བསྟོད་པ་རོང་སྟོན་གྱིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་ངག་དབང་མཆོག་ལེགས་རྡོ་རྗེས་མཛད་པ་བཞུགས་སོ། །ན་མོ་བུདྡྷ་ནཱ་གེནྡྲཱ་ཡ། སངས་རྒྱས་ཀླུ་དབང་གི་རྒྱལ་པོ་བསྒོམ་པར་འདོད་པའི་གང་ཟག་གིས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་སྔོན་དུ་སོང་ནས། རང་ཉིད་སྐད་ཅིག་གིས་སངས་རྒྱས་ཀླུ་དབང་གི་རྒྱལ་པོར་གསལ་བའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔ་ལ་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་མཱ་ཛཿ ན་མོ་ནཱ་གེནྡྲ་ས་པ་རི་ཝཱ་རེ་བྷྱཿཞེས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་ཞེས་སོགས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཤབྡའི་བར་གྱིས་མཆོད། དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ལ། ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དེ་ལས་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། མགྲིན་པ་ཡན་ཆད་དཀར་པོ་གཙུག་ཏོར་དང་བཅས་ཤིང་འཛུམ་བག་དང་
ལྡན་པ། ཤམ་ཐབས་དང་ཆོས་གོས་དུར་སྨྲིག་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁ་དོག་སྣ་ཚོགས་པའི་སྦྲུལ་མགོའི་གདེངས་ཀ་བདུན་གྱེན་དུ་ཕྱོགས་པའི་ཆུན་པོའི་རྒྱབ་ཡོལ་མངའ་ཞིང་སྦྲུལ་མཇུག་རྣམས་གདན་དུ་བཏིང་བ། དེའི་མདུན་དུ་སྒྲིབ་སེལ་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་བུམ་པ་འཛིན་པ། གཡས་སུ་བྱམས་པ་དམར་པོར་རིན་པོ་ཆེས་མཚན་པའི་ཀླུ་ཤིང་གི་མེ་ཏོག་དང༌། གཡོན་རིལ་བ་སྤྱི་བླུགས་འཛིན་པ། རྒྱབ་ཏུ་འཇམ་དཔལ་གཞོན་ནུ་སེར་པོ་ཨུཏྤ་ལའི་སྟེང་ན་གནས་པའི་རལ་གྲི་དང་གླེགས་བམ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་པད་དཀར་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་ཞིང་པད་ཟླའི་གདན་ལ་བཞུགས་པ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་མཚམས་ཐམས་ཅད་དུ་དགྲ་བཅོམ་པ་དཔག་ཏུ་མེད་པས་བསྐོར་བ། འོག་ཏུ་ཀླུའི་ཚོགས་ཐམས་ཅད་ཀྱིས་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་ཏེ་གདོང་གྱེན་དུ་བལྟ་བའོ། །སྤྲོ་ན། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། འཁོར་
རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་རང་གི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གཡས་སྐོར་དུ་འཁོར་བར་བསམ། དེ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་ཀྱིས་གཙོ་བྱས་སེམས་ཅན་ཐམས་ཅད་ངན་འགྲོའི་སྐྱེ་གནས་ལས་ཐར་བར་མཛད། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་བསྙེན་ཚད་འབུམ་ཕྲག་གཅིག་གམ་བཞི་ལ་སོགས་པ་བཟླས་པས་མཛེའི་ནད་ཐམས་ཅད་དང་མྱོང་བར་ངེས་པའི་ལས་ཐམས་ཅད་ཀྱང་ཟད་པར་འགྱུར་རོ། །ཐུན་ལས་ལྡང་བའི་ཚེ་འདོད་པའི་དོན་ལ་གསོལ་བ་བཏབ་ནས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཀླུ་དབང་རྒྱལ་པོ་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ་ཞིང་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ།། །།ཀླུ་དབང་རྒྱལ་པོ་ལྷ་ལྔའི་རྗེས་གནང་ནི། མཎྜལ་ཚོམ་བུ་ལྔ་པའི་མཐར་མཆོད་གཏོར་གྱིས་བསྐོར། རྡོར་དྲིལ་དང་མེ་ཏོག་དགོད། བདག་མདུན་བསྒྲུབས་ནས་སློབ་མས་མཎྜལ་དབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་ཀྱིས་གསོལ་བ་གདབ། རྒྱུན་བཤགས་བྱ། སློབ་མ་ལྷ་ལྔར་བསྐྱེད། ཡེ་ཤེས་པ་བསྟིམ། རྩ་སྔགས་ལ་ཨཱ་ཝེ་ཤ་ཡ་བཏགས་པ་དང༌། སྤོས་རོལ། སློབ་དཔོན་གྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་བསམས་ལ་སྔགས་ཀྱིས་བསྐོར་བ་སོགས་སྤྱི་ལྟར། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏེ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་
དྷིཥྛཱི་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། གསུམ་སྦྱིན། གཟུང༌༑ གསུང༌༑ མཎྜལ་དབུས་ཀྱི་གཙོ་བོའི་ཐུགས་ཀ་ནས་བཅོམ་ལྡན་འདས་ཚོན་གང་བ་སྤྲོས། སྙིང་གར་ཐིམ་ནས་མཉམ་པར་གཞག ཐུགས། ཁས་བླང༌། ཡོན་དབུལ། རྗེས་འདྲའོ།། ༈ །འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་གོ་བདེ་དོན་ཚང་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་ནཱ་གེནྡྲ་ཡ། གང་གི་མཚན་ཙམ་དྲན་པས་ཀྱང༌། །ཀླུ་གདོན་གདུག་པ་མཐར་བྱེད་པ། །བླ་མ་ཀླུ་དབང་རྒྱལ་པོ་ལ། །བཏུད་དེ་དེ་ཡི་རྗེས་གནང་བྲི། །འདིར་སངས་རྒྱས་ཀླུ་དབང་རྒྱལ་པོ་ལྷ་ལྔའི་རྗེས་གནང་བྱ་བར་འདོད་པས། གནས་དབེན་པར་མཎྜ་ལར་དྲིའི་ཐིག་ལེ་དབུས་དང་ཕྱོགས་བཞིར་བཀོད་པའི་སྟེང་འབྲས་དཀར་གྱི་ཚོམ་བུ་དབུས་མ་ཆེ་བ། ཕྱོགས་བཞིར་ཆུང་བ་བཀོད་པའི་མཐའ་སྐོར་རམ་མདུན་གང་བདེར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། དཀར་གཏོར་ཟླུམ་པོ་མཐེབ་སྐྱུས་བསྐོར་བ་གཅིག་བཅས་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་འཐོར་ནས་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་སྟ་གོན་བྱ། སྟན་བདེ་བ་ལ་འདུག་སྟེ་མཆོད་རྫས་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་
དྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་རོལ་མོ་དང་བཅས་པས་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱ། རང་ཉིད་སྐད་ཅིག་གིས་སངས་རྒྱས་ཀླུ་དབང་གི་རྒྱལ་པོར་གསལ་བའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔ་ལ་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་ནཱ་གེནྡྲ་ས་པ་རི་ཝཱ་རེ་བྷྱཿཞེས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཤབྡའི་བར་གྱིས་མཆོད། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ལ། ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱུག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། མགྲིན་པ་ཡན་ཆད་དཀར་པོ་གཙུག་ཏོར་དང་བཅས་ཤིང་འཛུམ་བག་དང་ལྡན་པ། ཤམ་ཐབས་དང་ཆོས་གོས་ངུར་སྨྲིག་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁ་དོག་སྣ་ཚོགས་པའི་སྦྲུལ་མགོའི་གདེངས་ཀ་བདུན་གྱེན་དུ་ཕྱོགས་པའི་ཆུན་པོའི་
རྒྱབ་ཡོལ་མངའ་ཞིང་སྦྲུལ་མཇུག་རྣམས་གདན་དུ་བཏིང་བ། དེའི་མདུན་དུ་སྒྲིབ་སེལ་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང༌། གཡོན་བུམ་པ་འཛིན་པ། གཡས་སུ་བྱམས་པ་དམར་པོ་རིན་པོ་ཆེས་མཚན་པའི་ཀླུ་ཤིང་གི་མེ་ཏོག་དང་གཡོན་རིལ་པ་སྤྱི་བླུགས་འཛིན་པ། རྒྱབ་ཏུ་འཇམ་དཔལ་གཞོན་ནུ་སེར་པོ་ཨུཏྤ་ལའི་སྟེང་ན་གནས་པའི་རལ་གྲི་དང་གླེགས་བམ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་པད་དཀར་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་ཞིང་པད་ཟླའི་གདན་ལ་བཞུགས་པ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་མཚམས་ཐམས་ཅད་དུ་དགྲ་བཅོམ་པ་དཔག་ཏུ་མེད་པས་བསྐོར་བ། འོག་ཏུ་ཀླུའི་ཚོགས་ཐམས་ཅད་ཀྱིས་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་ཏེ་གདོང་གྱེན་དུ་བལྟ་བའོ། །སྤྲོ་ན། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏེ་ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་པར་བསམ། རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་
སྐོར་དུ་འཁོར་བ། དེ་ལས་འོད་ཟེར་འཕྲོས་པས་ཀླུས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ངན་འགྲོའི་སྐྱེ་གནས་ལས་ཐར་བར་མཛད། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨདྷིཥྛི་ཏེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། བསྙེན་ཚད་ནི་འབུམ་ཕྲག་གཅིག་གམ་བཞི་ལ་སོགས་པ་བཟླས་པས་མཛེ་ནད་ཐམས་ཅད་དང༌། མྱོང་བར་ངེས་པའི་ལས་ཐམས་ཅད་ཀྱང་བྱང་བར་འགྱུར་རོ། །ཐུན་ལས་ལྡང་བར་འདོད་ན་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་ཉེར་འཚེ་ལ་སོགས་པ་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཀླུ་དབང་རྒྱལ་པོ་འགྲུབ་གྱུར་ནས་སོགས་ཀྱིས་དགེ་བ་བསྔོ་ཞིང་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །དེ་ནས་ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཞེས་པ་ནས། གཙོ་བོ་ཉིད་ཀྱིས་དབུར་བརྒྱན་ཞེས་པའི་བར་རང་ཉིད་ཅེས་པ་དོར་བས་གོང་བདག་བསྐྱེད་ལྟར་བརྗོད། མཆོད་པ་རྣམས་གོང་ལྟར་བསང་སྦྱངས་བྱིན་རླབས་བྱ། མཚན་སྔགས་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། ཐབས་
མཁས་ཐུགས་རྗེས་སྲིད་གསུམ་ཀུན་ཁྱབ་ཅིང༌། །ཉིན་བྱེད་བྱེ་བའི་གཟི་བརྗིད་འཕྲོག་བྱེད་པའི། །རྒྱལ་སྲས་ཚོགས་ཀྱིས་མཆོག་ཏུ་རབ་བསྟོད་པ། །རྒྱལ་པོའི་དབང་པོ་མཆོག་ལ་གུས་ཕྱག་འཚལ། །ཞེས་པས་བསྟོད། གཏོར་མ་ཆུ་གཙང་གིས་བྲན། བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། གོང་ལྟར་མཆོད་བསྟོད་བྱ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་སྔགས་ཅི་ནུས་བཟླ། དེ་ནས་སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད་པ་ལས་སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་གསན་རྒྱུའི་ཆོས་ལ་རྒྱལ་བས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཚུར་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ། དེ་ལ་མདོ་རྒྱུད་གཉིས་ལས་རྡོ་རྗེ་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་བཞུགས་པ་ལས། འདིར་རིག་སྔགས་འཆང་བའི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལའང་རྒྱུད་སྡེ་སྒོ་དྲུག་ལས། འདིར་དེ་བཞིན་གཤེགས་པའི་རིགས། དེ་ལ་རིགས་ཀྱི་གཙོ་བོ་བདག་པོ་ཡུམ་ཁྲོ་བོ་ཁྲོ་མོ་ཕྱག་བརྙན་
ཕོ་མོ་རྣམས་ལས་འདིར་རིགས་ཀྱི་གཙོ་བོར་གྱུར་པ་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ནས་ཉེ་བར་བརྒྱུད་དེ་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་ཐུགས་དམ་གྱིས་སྙིང་པོར་མཛད་པ་ཀླུ་དང་ས་བདག་གི་གནོད་པ་ཞི་བ་ལ་མཆོག་ཏུ་བསྔགས་པ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སྔོན་འགྲོ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་སྔོན་འགྲོ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ། དངོས་གཞི་རྗེས་གནང་སྦྱིན་པ། མཇུག་ཡོན་དབུལ་ཞིང་དམ་ཚིག་བསྡུས་ཏེ་ཁས་བླང་བ་གསུམ་ལས། དང་པོ་ལ་སློབ་དཔོན་ལ་ཀླུ་དབང་གི་རྒྱལ་པོ་དངོས་ཡིན་སྙམ་པས་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པ་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་པ་རྣམས་སྔོན་འགྲོ་ཡིན། གཉིས་པ་དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་
པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་རྣམ་སྨིན་ཤ་རུས་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ཤདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་སངས་ཀྱིས་སྦྱངས་པའི་མོས་པ་མཛོད། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཞེས་པ་ནས། གདོང་གྱེན་དུ་བལྟ་བ་དང་བཅས་པའི་སྐུ་ཅན་དུ་ལམ་སྟེ་གྱུར་པའི་མོས་པ་མཛོད། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་རྒྱུད་བསྐུལ་བས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་རྣམ་པར་བྱོན་པའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པར་བྱོན་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། རྩ་སྔགས་ཀྱི་མཐར་ཨཱ་ཝེ་ཤ་ཡ་བཏགས་པ་མང་དུ་བརྗོད་ཅིང་སྤོས་རོལ་བྱ། དེས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ཀླུ་དབང་རྒྱལ་པོའི་སྐུ་དང་ནུས་པ་མཉམ་པར་བྱས་པའི་མོས་པ་མཛོད། རྗེས་སུ་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཁྱེད་རང་གི་
ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པའི་མོས་པ་མཛོད་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། དེ་ལྟར་རྗེས་ཟློས་ལན་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་དབུ་ཐོག་ཏུ་བཞག་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དམ་བཅའ་བའི་ལུང་གི་སླད་དུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཀླུ་དབང་གི་རྒྱལ་པོ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ལན་གསུམ། དེས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་གསུང་གི་རྗེས་སུ་གནང་བ་ཐོབ་ཅེས་སོགས་གོང་གི་རིགས་པ་འགྲེ་སྦྱར། བྱིན་གྱིས་བརླབ་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་
པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་གཙོ་བོའི་ཐུགས་ཀ་ནས་ཀླུ་དབང་གི་རྒྱལ་པོའི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་རེ་རྒྱངས་ཀྱིས་བྱེ་ནས་བྱོན་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་དབུ་གཙུག་ནས་སིབ་ཀྱིས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི་སོགས། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དེས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་ཅེས་སོགས་གོང་གི་རིགས་འགྲེ་སྦྱར། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས་གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་ཏུ་དམིགས་ཏེ་མཎྜལ་ཕུལ་མཛོད། ལུས་ལོངས་སྤྱོད་ཀྱང་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། སློབ་མ་རྣམས་རང་གནས་སུ་གཏོང༌། རྗེས་ནི་མཆོད་པ་ཁ་གསོས་བསང་སྦྱངས་བྱིན་རླབས་བྱ། མཚན་སྔགས་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཐབས་མཁས་ཐུགས་རྗེ་སོགས་ཀྱིས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་གསོལ་བྱ། ཨོཾ། ཁྱེད་ཀྱིས་སོགས་ཀྱི་མཐར་མཐེབ་སྲིན་གྱིས་སེ་གོལ་དང་བཛྲ་མུཿཞེས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ། །འཕགས་པ་ནཱ་གརྫུ་ནས་ལེགས་བཀྲལ་བའི། །ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་བཅས། །དམ་པའི་གསུང་བཞིན་གསལ་བར་བཀོད་ཟིན་གྱི། །དཔྱོད་ལྡན་ཚོགས་རྣམས་དགའ་བའི་གར་བྱོས་ཤིག །ཅེས་སངས་
རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་མངོན་རྟོགས་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་གོ་བདེ་དོན་ཚང་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདིའང་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་ངག་འདོན་མཆོག་ལེགས་རྡོ་རྗེས་མཛད་པ་དང༌། བསྟོད་པ་རོང་སྟོན་གྱིས་མཛད་པ་སོགས་བསྒྲིགས། རྗེ་བླ་མས་ཕྱག་ལེན་ཇི་ལྟར་མཛད་པའི་གསུང་རྒྱུན་ལྟར་རྡོ་རྗེ་འཆང་མཁྱེན་རབ་བྱམས་པའི་དཔལ་གྱི་བཀའ་འབངས་ཀྱི་ཐ་ཤལ་ཤཱཀ་བཙུན་ལྷུན་གྲུབ་ཀྱིས་དབེན་གནས་རྨོར་དགོན་པར་བྲིས་པའོ།། ༈ །སངས་རྒྱས་ཀླུ་དབང་རྒྱལ་པོའི་བསྙེན་ཐབས་བྲིས་སྐུའི་དམིགས་བསལ་བཅས་བཞུགས། བླ་མ་དང་ལྷག་པའི་ལྷ་མཆོག་ཀླུའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུ་དབང་རྒྱལ་པོའི་བསྙེན་པ་བྱ་བར་འདོད་པས། འདིའི་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་གང་ཟག་གིས། ཤ་ཆང་དང་སྒོག་བཙོང་སོགས་སྨེ་བའི་ཟས་སྤང༌། ཁྲུས་དང་གཙང་སྦྲ་ལ་གནས་ནས་སྤྱི་དང་བྱེ་བྲག་གི་རྟེན་ཡོད་ན་བཤམ། དཀར་གཏོར་གསུམ་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ་འདི་སྒྲུབ་ཐབས་ཚིག་ཚོགས་ཉུང་བས་ཐུན་བཞི་བྱ། སྔ་ཐུན་དགོངས་ཐུན་གང་རིགས་ཀྱི་རྗེས་སུ་གཏོར་མ་འབུལ་བ་ནི། གཏོར་མ་ཆུ་གཙང་གི་བྲན། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་སངས་རྒྱས་ཀླུ་དབང་རྒྱལ་པོ་འཁོར་
དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དམིགས་རྟེན་ཡོད་ན་དེ་དང་དབྱེར་མེད་དུ་བསམ། གཏོར་མ་འབུལ་བ་ནི། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། བཅོམ་ལྡན་འདས་ཀྱི་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ལ་སོགས་པས་དབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་རྒྱས་པར་བྱེད་ན་རོང་སྟོན་ཆེན་པོས་མཛད་པ་ལྟར་བྱ། བསྡུ་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་གཉན་ས་བདག་གི་ཉེར་འཚེ་ལ་སོགས་པ་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས་དྲན་པར་བྱས་ལ། ལག་པ་གཡས་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿཞེས་པས་འཇིག་རྟེན་སྐྱོང་བ་རྣམས་སྤྱན་དྲངས། སྔགས་དེ་ཉིད་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ལ་སོགས་པས་དབུལ། འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་གྱིས་ཕྲིན་ལས་གཞོལ། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ་ཞེས་པས་གཤེགས་སུ་གསོལ། གཏོར་མ་གསུམ་པ་ནི། དཀར་གཏོར་ཆ་བཞི་ནས་འབྱུང་བའི་ཀླུ་གཏོར་གྱི་གཏོང་ངོ༌། །བསྙེན་པའི་གྲངས་ནི་འབུམ་ཕྲག་བཞི་མཛད་ཅིང༌། ཕན་ཡོན་དང་ལས་ཚོགས་རྣམས་གཞུང་དུ་བལྟའོ། །བྲིས་སྐུ་བྲི་ན། སྒྲུབ་ཐབས་སུ་ཅུང་ཟད་མི་གསལ་བ་འདི་ལྟ་སྟེ། འོག་གཞི་རྒྱ་མཚོའི་ནང་ནས་བཅོམ་
ལྡན་འདས་ཀྱི་བཞུགས་ཁྲི་པད་སྡོང་སྐྱེས་ཤིང༌། མཚོ་ལས་ཀླུ་སྣ་ཚོགས་པས་ཐལ་མོ་སྦྱར་བས་ནོར་བུ་འཛིན་ཅིང་གདོང་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་བ། གཞན་ཡང་ཆུ་གནས་ཀྱི་སེམས་ཅན་ཐམས་ཅད་རྩེ་ཞིང་རོལ་པ་སྟེ་བཀོད་པ་ཅི་མཛེས་རིན་པོ་ཆེ་དུ་མས་གཏམས་པ། འཁོར་གྱི་བྱང་སེམས་བཞི་ནི། སྒྲིབ་སེལ་ཕྱག་གཉིས་ཀྱིས་ཐུགས་ཀར་སྟེང་འོག་ཏུ་མེ་ཏོག་པདྨའི་ཡུ་བ་འཛིན་པའི་འདབ་མ་སྙན་ཐད་དུ་ཁ་གྱེས་པའི་གཡས་སུ་རིན་པོ་ཆེའི་མྱུ་གུ། གཡོན་བུམ་པ། བྱམས་པ་ཆོས་འཆད་ཀྱིས་གཡས་ཀླུ་ཤིང་མེ་ཏོག་བཅས། གཡོན་པདྨའི་སྟེང་དུ་རིལ་བ་སྤྱི་བླུགས་ཏེ་ཡུ་བ་གཉིས་ཐུགས་ཀར་འཛིན་པ། འཇམ་དཔལ་ཡང་ཆོས་འཆད་རལ་པོད་འཛིན་པ། སྤྱན་རས་གཟིགས་གཡས་མཆོག་སྦྱིན་དང༌། གཡོན་པདྨ་ཐུགས་ཀར་འཛིན་པའི་འདབ་མ་སྙན་ཐད་གྱེས་པ། བཞི་ཀས་བཅོམ་ལྡན་འདས་ལ་བལྟ་བ། རྒྱན་ན་བཟའ་སོགས་སྒྲུབ་ཐབས་སུ་གསལ། སྟེང་གི་ཆ་ལ་དགྲ་བཅོམ་པའི་ཚོགས་མང་པོ། འཕགས་པ་ཀླུ་སྒྲུབ། ཇོ་བོ་ཡབ་སྲས་སོགས་བྲིའོ། །ཞེས་པ་འདིའང་དགེ་སློང་ཀུན་དགའ་རྒྱ་མཚོ་སོགས་དོན་གཉེར་དུ་མས་བསྐུལ་ངོར་སངས་རྒྱས་ཕུན་ཚོགས་ཀྱིས་བྲིས་པའོ།། ༈ །སྭ་སྟི། ཀླུ་གཏོར་བསྡུས་པ་ནི། གཏོར་མ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་པས་མ་དག་པ་བསང༌། རྡོ་རྗེ་མེའི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་པས་གཟི་བྱིན་བསྐྱེད། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་ཚུལ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏྲ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་རིན་པོ་ཆེའི་སྣོད་ཡངས་པ་བདུད་རྩིའི་ཚོགས་ཀྱིས་གང་ཞིང་ཅི་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་
པ་མེད་པར་བསམས་ཏེ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་དང༌། བྱེ་བྲག་ཏུ་རང་ལ་གནོད་པར་བྱེད་པའི་ཀླུའི་རིགས་ཐམས་ཅད་སྤྱན་དྲང་བར་བསམ་ཞིང༌། ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿ ཨོཾ༑ ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚེ་ལི་དང༌། །ཚེ་ལི་ཆེན་པོ་རྣམས་དང་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་བརྗོད་པས་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པུཥྤཾ་སྭཱ་ཧཱ། དྷཱུ་པཾ་སྭཱ་ཧཱ། དཱི་པཾ་སྭཱ་ཧཱ། གནྡྷཾ་སྭཱ་ཧཱ། ཞེས་པས་མཆོད་ལ། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང༌། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། ཞེས་ལན་གསུམ་དང༌། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕུཿསྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་ཕུལ་ནས། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་ཝ་དཏྲ། ཏེ་ཥཱཙྪ་ཡོ་ནི་རོ་དྷ་ཨེ་ཝྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པ་སྤྱོད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན་ལ། ཀླུའི་རྒྱལ་པོ་བརྒྱད་ཀྱིས་གཙོ་བྱས་པའི་ཀླུའི་རིགས་སུ་གྱུར་པ་ཐམས་
ཅད་དང༌། བྱེ་བྲག་ཏུ་ཡང་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་ལན་ཆགས་པའི་ཀླུ་དང་ས་བདག་ཐམས་ཅད་གཏོར་མ་འདིས་ཚིམ་ཞིང་མཉེས་པར་གྱུར་ཅིག གནོད་པ་དང་གདུག་པའི་བསམ་པ་ཉེ་བར་ཞི་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག ཅེས་དང༌། ཨོཾ་ནཱ་ག་ཨ་དྷི་པ་ཏ་ཡོ་གཙྪ་ཞེས་པས་གཤེགས་སུ་གསོལ། བྱ་ཁྱུང་གི་ཕྱག་རྒྱ་དང༌། ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་བརྗོད་པས་ནག་པོའི་རིགས་ཀྱི་ཀླུ་ཐམས་ཅད་བསྐྲད་པར་བསམ་མོ། །ཞེས་པ་འདི་ནི་དཔལ་ས་སྐྱ་པའི་དཀར་གཏོར་ཆ་བཞིའི་ངག་འདོན་ལྟར་བྲིས་པའོ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
ཤོག་སྟོང་།
ཀླུ་དབང་རྒྱལ་པོའི་ཆར་འབེབས་བྱིན་རླབས་དཔལ་སྟེར།
ཀླུ་དབང་རྒྱལ་པོའི་ཆར་འབེབས་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། སངས་རྒྱས་ཀླུ་དབང་རྒྱལ་པོའི་སྒོ་ནས་ཆར་དབབ་པར་འདོད་ན། ཐོག་མར་ཀླུའི་ཐེབས་དང་འབྱུང་ཁམས་ཆུ་ནང་འཕྲད་སོགས་གཟའ་སྐར་ལེགས་པའི་ཉིན། རང་ཉིད་ཁྲུས་དང་གཙང་སྦྲར་ལྡན་པས་ཡི་དམ་གང་རུང་གི་སྒོ་ནས་བུམ་པ་བསྒྲུབ་ཐུབ་ན་ལེགས་ཤིང་སྟབས་མ་འགྲིགས་ཚེ་རྟེན་ཁྲུས་བཟང་པོས་ཡུལ་དེའི་གཞི་བདག་དང་ཆུ་མིག་གི་གཙོས་འཛམ་གླིང་ཡོངས་ལ་དམིགས་ཏེ་སྦྱང་བ་དང་ཁྲུས་གསོལ་ལེགས་པར་བྱ། ཆ་གསུམ་དང་གཞི་བདག་གཏོར་མ་དབུལ། རང་ངམ་གྲོགས་གང་རིགས་དམ་ཚིག་གཙང་མས་ལྷ་བསང་གཏོང༌། འཕགས་པ་སྤྲིན་ཆེན་པོའི་མདོ། སྤང་སྐོང༌། གསེར་འོད། ཀླུ་འབུམ་རྣམས་སྒྲོགས། བླ་མ་དཀོན་མཆོག་དང་ཡི་དམ་ལ་གསོལ་བ་དྲག་ཏུ་གདབ། སེམས་ཅན་གྱི་སྡུག་བསྔལ་དེ་དག་ལ་ཕན་པའི་བསམ་པ་ཡང་ཡང་བྱ། ཕན་ཐུབ་མི་ཐུབ་སྙམ་པའི་ཐེ་ཚོམ་མི་འཚལ། ཕན་པར་ཐག་གཅད། ཆུ་མིག་གི་སྟེང་ངམ་ཉེ་འགྲམ་བླ་གབ་མེད་པའི་ཕྱོགས་གང་བདེར་ཟངས་སམ་མ་འབྱོར་ཚེ་ཤིང་
གི་རྐང་གསུམ་གྱི་ཁར་མཎྜལ་ལི་རག་འཁར་བ་མ་ཡིན་པའི་སྟེང་དུ་ནས་འབྲས་གང་རུང་གི་ཚོམ་བུ་ལྔ་དགོད། མཐར་མཚམས་འཛིན་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྒྱས་པར་བཤམ། དཀར་གསུམ་མངར་གསུམ་གྱིས་སྦགས་པའི་གཏོར་མ། ཀླུ་དབང་རྒྱལ་པོར་ལྕོག་ཟླུམ་གཅིག རང་གང་མོས་ཀྱི་ཆོས་སྐྱོང་ལ་གཅིག ཀླུ་ལ་གཅིག གཞི་བདག་ལ་གཅིག ཟན་རིལ། ཕྱེ་མར། བ་དམར་མོའི་འོ་མ་དང་སྦྱར་བའི་ཀླུ་སྨན། དར་སྣ་ཚོགས་ཀྱི་བ་དན་སོགས་ཇི་ལྟར་དགོས་པ་དང༌། དར་སྔོན་པོའམ་ལྗང་གུའི་གདུགས་དང་ལྡ་ལྡིས་མཛེས་པར་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། མཆོད་རྫས་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་
རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་ཞེས་སོ་སོའི་ཕྱག་རྒྱར་བཅས་དང༌། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་ས་ཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་པས་བྱིན་དབབ། དེ་ནས་བདག་བསྐྱེད་ནི། སྐྱབས་འགྲོ་སྤྱི་ལྟར་ཅི་ནུས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་བསྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ་གྱིས་སེམས་བསྐྱེད། རང་ཉིད་སྐད་ཅིག་གིས་སངས་རྒྱས་ཀླུ་དབང་གི་རྒྱལ་པོར་གསལ་བའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔ་ལ་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་ནཱ་གེནྡྲ་ས་པ་རི་ཝཱ་རེ་བྷྱཿཞེས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཤབྡའི་བར་གྱིས་མཆོད། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ལ། ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ།
དེ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། མགྲིན་པ་ཡན་ཆད་དཀར་པོ་གཙུག་ཏོར་དང་བཅས་ཤིང་འཛུམ་བག་དང་ལྡན་པ། ཤམ་ཐབས་དང་ཆོས་གོས་ངུར་སྨྲིག་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁ་དོག་སྣ་ཚོགས་པའི་སྦྲུལ་མགོའི་གདེངས་ཀ་བདུན་གྱེན་དུ་ཕྱོགས་པའི་ཆུན་པོའི་རྒྱབ་ཡོལ་མངའ་ཞིང་སྦྲུལ་མཇུག་རྣམས་གདན་དུ་བཏིང་བ། དེའི་མདུན་དུ་སྒྲིབ་སེལ་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང༌། གཡོན་བུམ་པ་འཛིན་པ། གཡས་སུ་བྱམས་པ་དམར་པོ་རིན་པོ་ཆེས་མཚན་པའི་ཀླུ་ཤིང་གི་མེ་ཏོག་དང༌། གཡོན་རིལ་བ་སྤྱི་བླུགས་འཛིན་པ། རྒྱབ་ཏུ་འཇམ་དཔལ་གཞོན་ནུ་སེར་པོ་ཨུཏྤ་ལའི་སྟེང་ན་གནས་པའི་རལ་གྲི་དང་གླེགས་བམ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་པད་དཀར་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་ཞིང་པད་ཟླའི་གདན་ལ་བཞུགས་པ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་མཚམས་ཐམས་ཅད་དུ་དགྲ་བཅོམ་པ་དཔག་ཏུ་མེད་པས་བསྐོར་བ། འོག་ཏུ་ཀླུའི་ཚོགས་ཐམས་ཅད་ཀྱིས་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་ཏེ་གདོང་གྱེན་དུ་བལྟ་བའོ། །སྤྲོ་ན། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་པར་བསམ། རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སྐོར་དུ་འཁོར་བ། དེ་ལས་འོད་ཟེར་འཕྲོས་པས་ཀླུས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ངན་འགྲོའི་སྐྱེ་གནས་ལས་ཐར་བར་མཛད། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨདྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་ལས་ལྡང་བར་འདོད་ན་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་ཉེར་འཚེ་ལ་སོགས་པ་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་
ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་ཆུ་མིག་གི་མཎྜ་ལར་དམིགས་ཏེ། ཨ་མྲྀ་ཏེས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་ཆུ་མིག་དེ་ཉིད་རྒྱ་མཚོ་ཆེན་པོ་ལྟར་དཀར་ཞིང་དྭངས་ལ་ལྦུ་བའི་ཕྲེང་བ་འཁྲིགས་པ། མདུན་དུ་རིན་པོ་ཆེའི་གཏེར་དང་སྲོག་ཆགས་དུ་མ་གནས་པ། ཕྱི་རོལ་དུ་གངས་རི་དང་སྤང་རིས་ཁོར་ཡུག་ཏུ་བསྐོར་ཞིང༌། ལྗོན་ཤིང་དང་མེ་ཏོག་སྣ་ཚོགས་བཀྲ་བ། འདབ་ཆགས་སྣ་ཚོགས་སྐད་སྙན་པར་སྒྲོགས་ཤིང༌། གླང་པོ་དང་རི་དྭགས་སྣ་ཚོགས་པ་རྩེ་ཞིང་བག་ཕེབས་པ། དེ་ལྟ་བུའི་མཚོའི་དབུས་སུ་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། མགྲིན་པ་ཡན་ཆད་དཀར་པོ་གཙུག་ཏོར་དང་བཅས་ཤིང་འཛུམ་བག་དང་ལྡན་པ། ཤམ་ཐབས་དང་ཆོས་གོས་ངུར་སྨྲིག་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁ་དོག་སྣ་ཚོགས་པའི་སྦྲུལ་མགོའི་གདེངས་ཀ་བདུན་གྱེན་དུ་ཕྱོགས་པའི་ཆུན་པོའི་རྒྱབ་ཡོལ་མངའ་ཞིང་སྦྲུལ་མཇུག་རྣམས་གདན་དུ་བཏིང་བ། དེའི་མདུན་དུ་སྒྲིབ་སེལ་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང༌། གཡོན་བུམ་པ་འཛིན་པ། གཡས་སུ་བྱམས་པ་དམར་པོ་རིན་པོ་ཆེས་མཚན་པའི་ཀླུ་ཤིང་གི་མེ་ཏོག་དང༌། གཡོན་རིལ་པ་སྤྱི་བླུགས་འཛིན་པ། རྒྱབ་ཏུ་འཇམ་དཔལ་གཞོན་ནུ་སེར་པོ་
ཨུཏྤ་ལའི་སྟེང་ན་གནས་པའི་རལ་གྲི་དང་གླེགས་བམ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་པད་དཀར་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་ཞིང་པད་ཟླའི་གདན་ལ་བཞུགས་པ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་མཚམས་ཐམས་ཅད་དུ་དགྲ་བཅོམ་པ་དཔག་ཏུ་མེད་པས་བསྐོར་བ། གཙོ་བོའི་མདུན་དུ་ཆུ་བདག་ཝ་རུ་ཎ་དཀར་པོ། ཤར་དུ་མཐའ་ཡས་དཀར་པོ། ལྷོར་འཇོག་པོ་དམར་པོ། ནུབ་ཏུ་སྟོབས་ཀྱི་རྒྱུ་ནག་པོ། བྱང་དུ་རིགས་ལྡན་དཀར་པོ། མེར་ནོར་རྒྱས་སེར་པོ། བདེན་བྲལ་དུ་དུང་སྐྱོང་སེར་པོ། རླུང་དུ་པདྨ་དམར་པོ། དབང་ལྡན་དུ་ཆུ་ལྷ་དཀར་པོ། དེ་རྣམས་ཀྱི་མདུན་དུ་གཙུག་ན་རིན་ཆེན་ལྗང་གུ་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། ཁ་དོག་དག་པའི་ཆུ་ཤེལ་ལྟར་དྭངས་ཤིང་ཡུལ་གྱི་དབང་པོར་སྣ་ཚོགས་སུ་སྣང་བ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་པ། སྨད་སྦྲུལ་མཇུག་འཁྱིལ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱོགས་གཡོན་ནས་རང་འདྲའི་ཆུང་མས་བརྟེན་པའོ། །སྟེང་དུ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་དང༌། མཐའ་སྐོར་དུ་ས་བདག་ཀླུ་གཉན་ཡུལ་ལྷ་གཞི་བདག་སྣང་ཞིང་སྲིད་པའི་དྲེགས་པ་སྡེ་བརྒྱད་ཐམས་ཅད་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་ཤིང་འཁོད་པར་གྱུར། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཏེར་
བདག་གི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་ཨ་ཀ་རུ་དང་སྤོས་དཀར་རྒྱ་ཤུག་སོགས་བསྲེགས་ཤིང་ཏིང་ཏིང་ཤགས་དཀྲོལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་གནས་འདིར་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང༌། ཨོཾ་ཛཿཧཱུྃ་བཾ་ཧོཿབྷ་ག་ཝཱན་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཏོ་ས་མ་ཡ་སྟྭཾ་ཞེས་པས་སྤྱན་དྲངས་ནམ་མཁར་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་
ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་པས་གདན་ཕུལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿཞེས་ཡང་ཡང་བརྗོད་པས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང་འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་པར་བསམ། སླར་
ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཆེན་པོའི་ཟོམ་དང་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་རྣམས་ལ་སྣང་ཞིང་སྲིད་པའི་སྡེ་བརྒྱད་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རི་རབ་ཆེན་པོའི་སྟེང་ཤོད་དང༌། །རྒྱ་མཚོ་ཆེན་པོའི་ཁ་ཞབས་དང༌། །འཛམ་བུ་གླིང་གི་དབུས་མཐའ་དང༌། །སྲིད་པའི་རླན་ལ་གནས་པ་ཡི། །ས་བདག་ཀླུ་གཉན་འཁོར་བཅས་ཀུན། །གནས་འདིར་དེ་རིང་སྤྱན་འདྲེན་ན། །ཕྱག་ན་རྡོ་རྗེའི་དམ་ཚིག་དང༌། །ཀླུ་དབང་རྒྱལ་པོའི་ཐུགས་རྗེ་ཡིས། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མཱ་ཛཿ ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ཨོཾ་སརྦ་ལོ་ཀ་ཀཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཀྱིས་མཆོད་ལ། ཞི་བའི་སེམས་དང་ལྡན་པའི་སྒོ་ནས་ཕྱོགས་མཚམས་ཁོར་ཡུག་ཀུན་ཏུ་འཁོད་པར་བསམ། མཆོད་པ་རྣམས་ལ་དམིགས་ཏེ། ༈ ཨ་མྲྀ་ཏེས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་
ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ལ། ཐལ་མོ་སྦྱར་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གི་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་དུ་ཚིགས་བཅད་དང་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། ཞབས་བསིལ་དང་པཱ་དྱཾ། མེ་ཏོག་དང་པུཥྤེ། བདུག་སྤོས་དང་དྷཱུ་པེ། སྣང་གསལ་དང་ཨཱ་ལོ་ཀེ །དྲི་མཆོག་དང་གནྡྷེ། ཞལ་ཟས་དང་ནཻ་ཝི་དྱཱ། རོལ་མོ་དང་ཤབྡ་སྦྱར་ཞིང་སོ་སོའི་ཕྱག་རྒྱ་དང༌། བཛྲ་དྷརྨཱ་ར་ཎི་སོགས་རོལ་མོ་དང་བཅས་ཏེ་དབུལ་ལོ། །དེ་ནས་ཨོཾ་ལས་རིན་པོ་ཆེ་སྣ་བདུན་སྤྲུལ་ཏེ། ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿཞེས་བརྗོད་ཅིང༌། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ།
རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་བ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེ་ཧཱུྃ། ཞེས་པ་འགྲེ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟི་རཏྣ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཏུ་རཾ་ག དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ། ཞེས་བརྗོད་ཅིང་དབུལ། དེ་ནས་འདོད་ཡོན་ལྔ་དབུལ་ཏེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་གྱི །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་
ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིག༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ རཱ་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིག༴ སྤརྴེ༴ ཞེས་པས་མཆོད། བསྟོད་པ་ནི། ཐབས་མཁས་ཐུགས་རྗེས་སྲིད་གསུམ་ཀུན་ཁྱབ་ཅིང༌། །ཉིན་བྱེད་བྱེ་བའི་གཟི་བརྗིད་འཕྲོག་བྱེད་པའི། །རྒྱལ་སྲས་ཚོགས་ཀྱིས་མཆོག་ཏུ་རབ་བསྟོད་པ། །རྒྱལ་པོའི་དབང་པོ་མཆོག་ལ་གུས་ཕྱག་འཚལ། །ཉི་མའི་དྲུང་དུ་ཟླ་བས་བགྲོད་པ་བཞིན། །དགྲ་ངན་དཔུང་ཚོགས་མ་ལུས་ཟིལ་གྱིས་གནོན། །རྒྱ་མཚོའི་ཀློང་ནས་ཀླུ་མཆོག་མ་ལུས་པ། །གུས་པའི་ཚུལ་གྱིས་ཐལ་སྦྱར་རབ་ཏུ་བཏུད། །ཨིནྡྲ་ནཱི་ལའི་མདངས་ལྡན་གཟི་བརྗིད་འབར། །ཐུན་མཚམས་སྤྲིན་གྱི་མདོག་ཅན་བླ་གོས་འཛིན། །ཆོས་སྒྲོགས་ཕྱག་རྒྱ་མི་ཕྱེད་ཐུགས་ཀར་འཆིངས། །རབ་མཛེས་གཙུག་ན་སྦྲུལ་མགོའི་གདེངས་ཀ་ཅན། །སྔོ་བསངས་ནམ་མཁའི་མདོག་ཅན་འདབ་བརྒྱ་པ། །ཟླ་བའི་དཀྱིལ་འཁོར་བཀོད་པའི་དབུས་ན་མཛེས། །ཀུ་མུད་མདངས་ལྡན་སྒྲིབ་པ་རྣམ་སེལ་བ། །རིན་ཆེན་མྱུ་གུ་ཡིད་འོང་བུམ་པ་འཛིན། །དམར་བའི་མདོག་ཅན་མི་ཕམ་བྱམས་པ་ཡིས། །ཀླུ་ཤིང་མེ་ཏོག་རིལ་བ་སྤྱི་བླུགས་འཛིན། །འཇམ་དཔལ་གསེར་མདོག་རབ་ཏུ་འབར་བ་ཅན། །གླེགས་བམ་རལ་གྲི་ཡོངས་སུ་འཛིན་པར་མཛོད། །ཐུགས་རྗེ་ཆེན་པོས་དམར་འོད་མེ་ཏོག་
འཛིན། །འཁོར་ཚོགས་དཔག་མེད་དབུས་ན་མངོན་མཐོ་བ། །མཐའ་ཡས་ཞིང་ཁམས་དཔག་མེད་འོད་ཟེར་འགྱེད། །ཚུལ་བཟང་ཡོངས་སུ་རྫོགས་པའི་ཀླུ་དབང་ལ། །གུས་པས་བསྟོད་པའི་དགེ་ཚོགས་གང་ཐོབ་པས། །དུས་གསུམ་ཕ་མ་དང་བཅས་འགྲོ་བ་རྣམས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་མཛད་པས་མཚོན་རྒྱས་བསྡུས་ཇི་ལྟར་རིགས་པས་བསྟོད་པའི་མཇུག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་མང་དུ་བརྗོད་པའི་མཐར། ཡུལ་ཁམས་འདིས་གཙོ་བྱས་འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་རྒྱུན་མི་ཆད་པར་འབབ་ཅིང༌། ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། སད་དང་སེར་བ་བཙའ་ཐན་སོགས་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བཀྲ་ཤིས་པ་དང་བདེ་ལེགས་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། སླར་ཡང་མཆོད་པ་ཁ་གསོས་ཏེ་གོང་ལྟར་བྱིན་གྱིས་བརླབ། ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་རེ་རེ་ནས་མགོར་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ཏེ་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བ། །རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ།
ཀླུའི་རྒྱལ་པོ་འཁོར་དང་བཅས་པས་ཡུལ་ཁམས་འདིས་གཙོ་བྱས་འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་རྒྱུན་མི་ཆད་པར་འབབ་ཅིང༌། ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། སད་དང་སེར་བ་བཙའ་ཐན་སོགས་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བཀྲ་ཤིས་པ་དང་བདེ་ལེགས་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་དང་པོ་ཀླུ་དབང་རྒྱལ་པོ་ལ་དབུལ་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ་ཞེས་པ་ལ། ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་ལྔའམ་བདུན་གྱིས་དབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་འཁོར་དང་བཅས་པས་ཡུལ་ཁམས་འདིས་གཙོ་བྱས་འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་དུ་རྒྱུན་མི་ཆད་པར་འབབ་ཅིང༌། ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། སད་དང་སེར་བ་བཙའ་ཐན་སོགས་བར་དུ་བཅོད་པ་ཐམས་ཅད་ཞི་བ་དང༌། བཀྲ་ཤིས་པ་དང་བདེ་ལེགས་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་ལན་གསུམ་
གྱིས་བྱིན་རླབས་དྲན་པར་བྱས་ལ། རང་གི་སྒོས་ཀྱི་ཆོས་སྐྱོང་རྣམས་ལ་ཕུལ་བའམ། འཇིག་རྟེན་སྐྱོང་བ་རྣམས་ལ་དམིགས་ཏེ། ཨོཾ་སརྦ་ལོ་ཀ་ཀཱ་ར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དབུལ། འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་ཅེས་པའི་བར་དང༌། འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ཀྱིས་ཡུལ་ཁམས་འདིས་གཙོ་བྱས་འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་རྒྱུན་མི་ཆད་པར་འབབ་ཅིང༌། ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། སད་དང་སེར་བ་བཙའ་ཐན་སོགས་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བཀྲ་ཤིས་པ་དང་བདེ་ལེགས་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་པར་མཛད་དུ་གསོལ། གཏོར་མ་གསུམ་པ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང༌། ལག་གཡོན་ཁུ་ཚུར་བཅངས་ཏེ་མཐེ་བོང་བསྒྲེང་བའི་སྟེང་གཡས་པའི་ཐལ་མོས་གདུགས་ལྟར་བཀབ་ཅིང་སེ་གོལ་གཏོགས་པ་དང་བཅས་ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བཅས་ལ། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུྃ་ཕུ་སྭཱ་ཧཱ། ཞེས་ལན་གསུམ་དང༌། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏྀཥྛ་ཛྲུྃ་ཕྲུྃ་ཕུ་ཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་ཀླུ་རྣམས་ལ་ཕུལ་བའི་མཐར། གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདིས་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་གཙོ་བྱས། ཀླུ་གཉན་ས་བདག་གི་རིགས་ཐམས་ཅད་དང༌། ཁྱད་པར་དུའང་ཡུལ་ཕྱོགས་འདིར་གནོད་ཅིང་ལན་ཆགས་པའི་ཤ་མཁོན་དོན་དུ་གཉེར་པའི་ཀླུ་གཉན་ས་བདག་གི་རིགས་ཐམས་ཅད་ལ་སྦྱིན་ནོ། །ཚིམ་ཞིང་མཉེས་ནས་གནོད་པ་དང་གདུག་རྩུབ་རྣམས་ཞི་བ་དང༌། ཕན་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། བཅོམ་
ལྡན་འདས་ཀྱི་བཀའ་དང༌། བདག་དང་སེམས་ཅན་ཐམས་ཅད་ལ་བརྩེ་བར་དགོངས་ནས་ཡུལ་ཕྱོགས་འདིས་མཚོན་ཏེ་རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་མཐུན་རྐྱེན་ཆར་གྱི་རྒྱུན་རབ་ཏུ་འབེབས་པའི་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཕྲིན་ལས་གཞོལ། གཏོར་མ་བཞི་པ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང༌། ལག་གཡས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿས་གཞི་བདག་རྣམས་དགུག ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དབུལ། གཞི་བདག་ཆེན་པོ་འཁོར་དང་བཅས་པས་ཡུལ་ཁམས་འདིས་མཚོན་ཏེ་རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་མཐུན་རྐྱེན་ཆར་གྱི་རྒྱུན་རབ་ཏུ་འབེབས་པའི་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཕྲིན་ལས་གཞོལ། དེ་ནས་བཟླས་པའི་དམིགས་པ་ནི། གཟུངས་ཐག་རྡོ་རྗེ་མཎྜལ་སྟེང་གི་ཤར་ངོས་སུ་བཞག་པ་ནས་བཟུང་སྟེ། ཐོག་མར་དཀོན་མཆོག་གསུམ་ལ་མོས་གུས་དྲག་པོས་གསོལ་བ་ཡང་ཡང་གདབ། མཁའ་ཁྱབ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་ཡང་ཡང་བསྒོམ། ཁྱད་པར་ས་བདག་ཀླུ་གཉན་ཡུལ་ལྷ་གཞི་བདག་མི་དང་མི་མ་ཡིན་པ་རྣམས་ལ་བྱམས་པ་དང་སྙིང་རྗེ་དྲག་པོ་ཡང་ཡང་བཏང་ནས། རང་ཉིད་ཀླུའི་དབང་ཕྱུག་རྒྱལ་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་བཻཌཱུརྻ་ལྟར་གསལ་བ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟར་འཕྲོས། ལུས་ཀྱི་ནང་ཐམས་ཅད་ཁྱབ། རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། མདུན་བསྐྱེད་ཀྱི་སངས་རྒྱས་ཀླུ་དབང་རྒྱལ་པོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀའི་ཧཱུྃ་ཡིག་བཻཌཱུརྻ་
ལྟར་གསལ་བ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟར་འཕྲོས། མཐའ་སྐོར་གྱི་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཕགས་པ་ཉན་ཐོས་ཆོས་སྲུང་ནོར་ལྷ་རྣམས་ལ་ཕོག དེ་རྣམས་ཀྱི་ཐུགས་ཀར་ཐིམ་ཞིང་མཉེས་པར་བསམ། སླར་ཡང་དེ་དག་ལས་འོད་ཟེར་དཀར་པོའི་ཕྲེང་བ་བདུད་རྩིའི་རང་བཞིན་ཅན་འཕྲོས། ཀླུ་རྒྱལ་འཁོར་དང་བཅས་པ་ལ་ཕོག དེ་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྦྱངས། ཁྱད་པར་སོ་སོའི་ལུས་ཀྱི་ཡན་ལག་དང་ཉིང་ལག སྟོབས་དང་གཟི་བརྗིད་བཀྲག་མདངས་ཉམས་པ་དང༌། འཁོར་དང་ལོངས་སྤྱོད་ཉམས་པ་ཐམས་ཅད་གསོས། ནད་དང་དུཿཁ་ཞི་ཞིང་བདེ་བ་དང་ལྡན་པར་བསམ། ཡང་འོད་ཟེར་འཕྲོས་ཏེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་བསམ། ཡང་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་སྟེང་གི་བར་སྣང་དུ་སྤྲིན་ལྟར་འཐིབས་པ་ལས་བདུད་རྩིའི་ཆུ་རྒྱུན་བབས་ཏེ་སྐོམ་པའི་སྡུག་བསྔལ་ཐམས་ཅད་བསལ་བར་བསམ། ཡང་སྤྲིན་གྱི་གསེབ་ནས་རིན་པོ་ཆེའི་རྒྱན་དང་གོས་དང་ཟས་ནོར་ལོངས་སྤྱོད་ཇི་ལྟར་འདོད་པ་བབས། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཞི་བར་བྱས། ཁྱད་པར་ལྷ་ཀླུ་འབྱུང་པོ་རྣམས་ལ་རང་རང་གང་འདོད་པའི་ཟས་གོས་རྒྱན་དང་ལོངས་སྤྱོད་ཕོ་བྲང་སྐྱེད་མོས་ཚལ། ནོར་ཕྱུགས་འཁོར་གཡོག་སོགས་ཟད་མི་ཤེས་པའི་དཔལ་ཐོབ་པས་ཐམས་ཅད་དགའ་ཞིང་མགུ་ནས་བྱམས་པའི་སེམས་རྙེད་དེ་ཕན་ཚུན་ཕ་མ་ལྟ་བུའི་འདུ་ཤེས་སྐྱེས་པར་བསམ། ཡང་ཆོས་ཀྱི་སྒྲ་དབྱངས་བསྒྲགས་པས་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད། སེམས་ཅན་ལ་ཕན་བདེ་དཔག་ཏུ་མེད་པར་བསྒྲུབ་པར་བསམ། ཡང་ཀླུའི་རྒྱལ་པོ་འཁོར་དང་བཅས་པའི་འོད་
ཀྱིས་ཀླུ་རྒྱལ་རྣམས་བསྐུལ་ཏེ། དེ་རྣམས་ཀྱིས་དྲེགས་པ་སྡེ་བརྒྱད་རྣམས་བསྐུལ། དེ་དག་གི་ཁ་དང༌། སྦྲུལ་མགོའི་གདེངས་ཀ་དང༌། བ་སྤུའི་ཁུང་བུ་རྣམས་ནས་ཀྱང་ཁ་རླངས་ཀྱི་རྣམ་པས་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་ཤིང་འབྲུག་གི་སྒྲ་དབྱངས་སྒྲོགས་པ་དང༌། གློག་འོད་འཁྱུག་ཅིང་ཡུལ་ཕྱོགས་ཐམས་ཅད་དུ་ཆར་དྲག་པོ་དཔག་ཏུ་མེད་པ་རྒྱུན་མི་ཆད་པར་འབེབས་པར་བསམ། སྐབས་སྐབས་སུ་ཅིའང་མི་དམིགས་པར་སྣང་གྲགས་རིག་གསུམ་རང་གི་སེམས་ཀྱི་ཡོ་ལོང་དུ་ཤེས་པར་བྱ། སྐབས་སྐབས་སུ་རང་དང་མདུན་གྱི་ཀླུ་དབང་རྒྱལ་པོའི་སྐུ་དང་རྒྱན་དང་འཁོར་དང་བཅས་པ་ལ་སེམས་གཏད་ནས། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་གཙོ་བོར་བཟླས་མཐར། སརྦ་ནཱ་ག་རཱ་ཛ་ས་པ་རི་ཝཱ་རེ་བྷིཿཝརྵ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སྭཱ་ཧཱ། ཞེས་པའང་སྦྲེལ་ཏེ་ཐ་མལ་གྱི་གཏམ་དང་མ་འདྲེས་པར་སྔགས་བགྲང༌། ཐུན་རིང་ཐུང་སྐབས་དང་སྦྱར། ཐུན་བསྡུ་རན་པ་དང་མཆོད་པ་ཁ་གསོས་ལ་གོང་ལྟར་བསང་སྦྱངས་བྱིན་གྱིས་བརླབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། ཐབས་མཁས་ཐུགས་རྗེས་སྲིད་གསུམ་ཀུན་ཁྱབ་ཅིང༌། །ཉིན་བྱེད་བྱེ་བའི་གཟི་བརྗིད་འཕྲོག་བྱེད་པའི། །རྒྱལ་སྲས་ཚོགས་ཀྱིས་མཆོག་ཏུ་རབ་བསྟོད་པ། །རྒྱལ་པོའི་དབང་པོ་མཆོག་ལ་གུས་ཕྱག་འཚལ། །ཞེས་སམ་ཚང་བས་བསྟོད། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་གཉན་ས་བདག་གི་ཉེར་འཚེ་ལ་སོགས་པ། ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ་བ་གདབ། ཀླུ་ལའང༌། ཨོཾ་མ་ཧཱ་ནཱ་ག་
རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཀླུའི་རྒྱལ་པོ་བརྒྱད་ཀྱིས་གཙོར་བྱས་པའི་ཀླུ་གཉན་ས་བདག་གི་རིགས་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱི་བཀའ་དང༌། བདག་དང་སེམས་ཅན་ཐམས་ཅད་ལ་བརྩེ་བར་དགོངས་ནས་ཡུལ་ཕྱོགས་འདིས་མཚོན་ཏེ་རྒྱལ་ཁམས་ཐམས་ཅད་དུ་ལོ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་མཐུན་རྐྱེན་ཆར་གྱི་རྒྱུན་རབ་ཏུ་འབེབས་པའི་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཕྲིན་ལས་གཞོལ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་དང༌། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །ཨོཾ་མ་ཧཱ་ནཱ་ག་རཱ་ཛ་སརྦ་བྷཱུ་མི་བ་ཏི་གཙྪ་ཞེས་པས་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། འཇིག་རྟེན་པ་རྣམས་ཀྱང་
རང་རང་གི་གནས་སུ་སོང་བར་བསམས་ལ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་བརྗོད་ཅིང་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཀླུ་དབང་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་འགྱུར་ཞིང༌། །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བསྔོ་སྨོན་དང༌། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་བཀྲ་ཤིས་ཅི་རིགས་བརྗོད། ཐུན་བར་དུ་བརྒྱ་རྩ་དང་ཆུ་སྦྱིན་གང་མང་གཏོང༌། ཀླུ་ཐེབས་དང་བསྟུན་པའི་ཀླུ་གཏོར་ཡང་གཏོང་ངོ༌། །དེ་ལྟ་བུའི་ཚུལ་གྱིས་ཉིན་རེ་ལ་ཐུན་གསུམ་རེར་ཞག་གསུམ་ནས་བདུན་གྱི་བར་ཉམས་སུ་བླང༌། ཆོ་ག་གྲུབ་
ནས་ཚོམ་བུ་དང་གཏོར་མ་སོགས་ཆུ་མིག་གམ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་གཤེགས། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་བགྱིས་པས་རང་གི་ནད་གདོན་ཞི་ཞིང་ཚོགས་གཉིས་རྫོགས་པ་དང༌། བསྟན་འགྲོར་ཕན་བདེ་བླ་ན་མེད་པ་འབྱུང་བར་གདོན་མི་ཟའོ། །དེ་ལྟར་ཀླུ་དབང་རྒྱལ་པོ་ཡི། །མདོ་རྒྱུད་སྙིང་པོ་རྒྱ་གཞུང་དོན། །འཁྲུལ་ཟད་གོང་མའི་དགོངས་བཞེད་བཞིན། །ཆར་འབེབས་བྱིན་རླབས་བདུད་རྩིའི་གཏེར། །སྙིགས་དུས་སྐྱེ་འགྲོ་ལ་ཕན་ཕྱིར། །དཀོན་མཆོག་རྒྱལ་མཚན་བཞེད་དོན་ལྟར། །དགེ་སློང་དཔལ་ལྡན་ཆོས་སྐྱོང་དེས། །ལྷུན་གྲུབ་སྟེང་གི་ཆོས་གྲྭར་སྦྱར།«་་་་་འདི་ལ་མ་ཕྱིར་མཆན་དཀྱུས་སུ་ཤོར་བ་སོགས་དག་མིན་སྣ་ཚོགས་འདུག་པ་སོ་སོའི་ཁུངས་དང་བསྟུན་ནས་ཞུ་དག་ཅུང་ཟད་བགྱིས་ཤིང་ངག་འདོན་བཀླག་ཆོག་ཏུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་འཇི་ག་རྟེན་གྱི་ཁམས་སུ་དགེ་ལེགས་རྒྱ་ཆེན་པོ་དུས་རྟག་ཏུ་འབྱུང་བའི་རྒྱུར་གྱུར་ཅིག སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།། » ༈ །གོང་གི་དཀྱུས་ཀྱི་ཆར་དབབ་པའི་སྔགས་ཤམ་ནི་མཁན་ཆེན་དཔལ་ཆོས་པ་ཉིད་ཀྱི་ཚིག་བསྒྲིགས་ལས་ཇི་ལྟར་བྱུང་བ་བཞིན་བྲིས་པ་ཡིན་ལ། རྒྱ་གཞུང་གི་མཆན་བུ་ཡིག་རྙིང་ལས། སྔགས་ནི་ཀླུ་དང་སངས་རྒྱས་ཀྱི་སྔགས་ལ་བ་རི་ཤ་ཡ་པ་རི་ཤ་ཡ་པ་ཏ་ཡ་པ་ཏ་ཡ་ཞེས་གདགས་སོ། །ཞེས་འབྱུང་བ་ལྟར་ན། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་བ་རི་ཤ་ཡ་བ་རི་ཤ་ཡ་པ་ཏ་ཡ་པ་ཏ་ཡ་སྭཱ་ཧཱ། ཞེས་དང༌། ཨོཾ་སརྦ་ནཱ་ག་རཱ་ཛ་ས་པ་རི་ཝཱ་རི་བྷིཿབ་རི་ཤ་ཡ་བ་རི་ཤ་ཡ་པ་ཏ་ཡ་པ་ཏ་ཡ་སྭཱ་ཧཱ། ཞེས་བཟླའོ།། །།སརྦ་དཱ་ཤུ་བྷཾ་བྷུ་ཡཱཏ྄།། །།
ཤོག་སྟོང་།
སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཀླུ་དབང་རྒྱལ་པོའི་བུམ་གཏེར་སྒྲུབ་ཚུལ་གསལ་བར་བཀོད་པ།
སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཀླུ་དབང་རྒྱལ་པོའི་བུམ་གཏེར་སྒྲུབ་ཚུལ་གསལ་བར་བཀོད་པ་བཞུགས་སོ།།
ན་མོ་གུ་རུ་བེ། རྒྱལ་བའི་ཡེ་ཤེས་ཐུགས་རྗེའི་སྤྲིན་ཕུང་ལས། །འགྲོ་ལ་བརྩེ་བའི་ཕྲིན་ལས་ཆར་རྒྱུན་གྱིས། །དགེ་ལེགས་ཕན་བདེའི་ལོ་ཐོག་རྒྱས་མཛད་པའི། །བླ་མ་ཀླུ་དབང་རྒྱལ་པོས་བདག་ལ་སྐྱོངས། །འགྲོ་ཀུན་ལས་ཉོན་ནད་དང་དབུལ་ཕོངས་སྡུག །སད་སེར་ལྕེ་འབབ་འཇིགས་དང་ཀླུ་གདོན་སོགས། །ཉེས་ཀུན་ཞི་ནས་མཐུན་རྐྱེན་ལོངས་སྤྱོད་དང༌། །ཁྱིམ་གནས་ཕོ་མོ་བདེ་ཞིང་རིགས་བརྒྱུད་འཕེལ། །དེ་སོགས་ཡོན་ཏན་མ་ལུས་སྐྱེད་པའི་ཕྱིར། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་གསུང་བཞིན་དུ། །ཡོ་བྱད་ཏིང་འཛིན་སྔགས་རྒྱའི་བྱིན་རླབས་ཀྱིས། །ལྷ་ཀླུ་བུམ་གཏེར་གཟུང་འབྲེལ་བསྒྲུབ་ཚུལ་སྤྲོ། །དེ་ལ་འདིར་མཆོད་རྟེན་ནམ། གཙུག་ལག་ཁང་ངམ། ཁང་བཟངས་ལ་སོགས་པ་བཞེངས་པའི་གཞིར་གཞུག་རྒྱུ་གཙོ་བོར་གྱུར་པའི་འདོད་དོན་གང་ཡིན་གྱི་ཆེད་དུ་སངས་རྒྱས་ཀླུ་དབང་རྒྱལ་པོའི་སྒོ་ནས་ཀླུའི་གཏེར་བུམ་བསྒྲུབ་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། ཉི་མ་བྱང་བགྲོད་ཀྱི་ཡར་ཚེས་ཀླུ་ཐེབས་ཤིང་འདི་ཉིད་ཀྱི་ལས་ལ་བསྔགས་པའི་གཟའ་སྐར་སྦྱོར་བྱེད་ཕུན་སུམ་ཚོགས་པའི་ཉིན། གནས་ཁང་གཙང་མར་བུམ་པ་ཡུལ་གྱི་བྲེ་ཚད་པས་མི་ཆུང་བའི་བཅུད་ཤོང་བ་ཟངས་སམ། རྫའི་བུམ་པ་གང་རུང་གཙང་མ་གས་ཆག་མེད་པའི་ལྷ་
བུམ་གཅིག་དང༌། གཞུང་གི་དགོངས་པ་ལྟར་ཀླུ་བུམ་ལའང་གཅིག འབྱོར་པས་མི་ལྕོགས་པ་དང་མང་པོ་བསྒྲུབ་དགོས་ན་ལྷ་ཀླུ་གཉིས་ཀ་བུམ་པ་གཅིག་ཏུ་བསྡུས་ཏེ་བྱ་བ་སྟབས་བདེ་ཞིང་འགལ་བ་མེད་པས་དེང་སང་ཕྱག་ལེན་གནང་བ་བཅས་དུ་ཡོད་བག་ཕྱེ་འོ་མ་སོགས་ཀྱིས་དམ་རྩི་བྱས་པའི་དཀར་ཞལ་གྱིས་བྱུག སྤྲོ་ན་བཀྲ་ཤིས་རྟགས་བརྒྱད་སོགས་དང༌། མདུན་རྟགས་སུ་ལཉྫ་ལྟ་བུས་ནཱྃ་ཡིག་བྲི། གཞུང་ནས་བུམ་པའི་ནང་སྐུ་གཟུགས་འདུག་པར་གསུངས་པས། དེའང་ཤུག་པའི་ཤིང་ལེབ་སྒོར་མོ་རྩ་རྩེ་མ་ནོར་བ་ཡུ་བ་ཅུང་ཟད་རེ་ཡོད་པ་ལ་དྲི་བཟང་དང་མཚལ་བསྐུས་པར་གསེར་དངུལ་བཏུལ་མས་བྲི་བའམ། མ་འབྱོར་ན་དྲི་བཟང་སྟེང་མཚལ་གྱིས་ལྷ་ལྔ་དང༌། ཀླུ་དགུ་རྣམས་སོ་སོར་བྲིས་པ་དང༌། ཀླུ་སྨན་བསྲེ་བའི་འཇིམ་པ་གཙང་མར་ཀླུ་དབང་རྒྱལ་པོའི་སྐུ་སྤར་བཏབ་ཅིང་དངུལ་འདུར་རམ་དཀར་གསོལ་བ། གཞུང་དུ་མ་གསུངས་ཀྱང་སྤྲོ་ན། ལྷ་ཀླུའི་སྔགས་རྣམས་ཀྱང་འོག་ནས་འབྱུང་བ་ལྟར་འདོད་གསོལ་དང་བཅས་པ་བྲིས་ལ་དྲི་བཟང་ཀླུ་སྨན་བྱུགས་ནས་དྲིལ་ཏེ་རས་སྐུད་དཀར་པོས་དཀྲིས་པ། བྱ་རྒྱུད་བུམ་རྫས་ཉེར་ལྔ། གཞུང་མཐུན་གྱི་ཀླུ་སྨན་ཚད་ལྡན་སྤང་སྤོས་ཀྱི་ཕྱེ་མ་དང་བཅས་རས་དཀར་དུ་ཐུམ་བྱས་པ་རྣམས་བུམ་པའི་གྲངས་
མཉམ་ཟངས་གཞོང་ལྟ་བུར་བཞག གཞན་ཡང་ལྕགས་ར་གན་ཞ་ཉེ་གསུམ་མ་གཏོགས་པའི་རིན་པོ་ཆེ་སྣ་ཚོགས། སྐེ་ཚེ་ཤང་ཚེ་བྲ་སྲན་ཡུངས་ཀར་མ་གཏོགས་པའི་འབྲུ་ཤིང་ཏོག ཁྱུང་སྡེར་ཚ་བ་གསུམ་དུག་རིགས་ཀླུ་བདུད་གླ་རྩི་རྣམས་མ་གཏོགས་པའི་སྨན་མེ་ཏོག དྲི་བཟང༌། ལྤགས་རིགས་མིན་པའི་ནོར་སྣ། ཤ་ཆང་སྒོག་བཙོང་ལ་ཕུག་མ་འདྲེས་པའི་ཟས་སྣ། ཁ་དོག་ནག་པོ་མིན་པའི་གོས་དར། དུར་ཁྲོད་ཀྱི་མ་གཏོགས་པའི་ས་ཆུ་རྡོ་ཤིང་དཔལ་བྱིན་ཅན། བུམ་པ་མང་ན་བུངས་སྐྱེད་སྤང་སྤོས་བལ་བུ་ཤུག་པ་སོགས་བཟང་ཤིང་གི་ཕྱེ་མ། བ་དམར་མོ་དང་ར་དཀར་མོའི་འོ་མ་བཅས་འདུ་བྱ། རྟེན་གྱི་མདུན་དུ་མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་སོགས་ཅི་འབྱོར་པའི་མཆོད་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། ཉེ་ལོགས་སུ་སྟེགས་གཙང་མར་རིན་པོ་ཆེའི་སྣོད་དུ་འབྲུ་དཀར་གྱི་ཕུང་པོ་སྤུངས་པའི་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན་ཀུ་ཤས་ཁ་བརྒྱན་པ་དང༌། དེའི་སྟེང་དུ་མེ་ལོང་ལ་གུར་གུམ་གྱིས་ཡེ་དྷརྨཱ་བྲིས་པ་ཁ་རྒྱན་ལ་བརྟེན་ཏེ་བཤམ། གཞན་ཡང་སྦྱོང་ཆས་སོགས་འདུ་བྱ། བདག་གི་རྣལ་འབྱོར་འོག་ནས་འབྱུང་བའི་ཀླུ་དབང་རྒྱལ་པོ་གཙོ་འཁོར་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་བཟླས་པའི་མཐར་དབྱུང༌། དེ་ནས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱི་ཡོངས་སུ་གང་བའི་སྟེང་དུ་མེ་ལོང་ལ་བྲིས་པའི་རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་གསེར་བཙོ་མ་ལྟར་འོད་ཟེར་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྟེན་རྣམས་བྱིན་གྱིས་རློབ་ནུས་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཡིག་འབྲུ་རྣམས་ལ་ཐིམ་པས་ཡིག་འབྲུ་རྣམས་ལས་ཀྱང་
དེ་འདྲ་བའི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་བསམས་ལ་ཡེ་དྷརྨཱ་གསུང་མི་ཆག་པར་ཐུན་དུ་བྱས་ནས་བཟླ། ཐུན་བསྡུ་བ་ནི། སླར་ཡང་འོད་ཟེར་སྤྲོ་བསྡུ་སྔར་བཞིན་མཐར། ཡིག་འབྲུ་རྣམས་ཀྱང་རྟེན་བྱིན་རླབས་ཅན་བྱེད་པའི་ནུས་པ་ཅན་དུ་གྱུར་ནས་བུམ་ནང་གི་བདུད་རྩི་ལ་ཐིམ་པར་བསམས་ལ་སྔགས་བཟླ་བཞིན་དུ་བཟང་པོའི་ཆུས་མེ་ལོང་གི་སྔགས་རྣམས་བཀྲུས་པའི་ཆུ་བུམ་པར་བླུག དེ་ཡང་མེ་ཏོག་གི་ཕུང་པོ་ལ་ཐིམ་པས་ནས་འབྲུ་རེ་རེ་བཞིན་ཡེ་དྷརྨཱའི་ཡིག་འབྲུ་རེ་རེར་གྱུར་པར་བསམ་མོ། །དེ་ནས་རྟེན་གྱི་མདུན་དུ་སྦྱོང་ཁྲུས་ཀྱི་ཆས། འཐོར་ནས་བཤམས་པར་ཆབ་ཀྱིས་བྲན་ཏེ། དཔོན་སློབ་རྣམས་ལྷའི་ང་རྒྱལ་གྱིས་བཞེངས་ལ། མཆོད་གཡོག་པས་མཐེབ་ཀྱུ་རྟེན་ལ་བསྐོར་བ་དང་བསྟུན། མཆོག་སྦྱིན་གྱི་རྒྱ་བཅས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་ནས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་གསུམ། ཏིང་ལོ་ཆངས་བུ་བསྐོར་ཞིང༌། ཨོཾ་སུཾ་བྷ་སོགས་ལན་གསུམ་བྱས་ནས། བདེ་བར་གཤེགས་པའི་རྟེན་ལ་སོགས་པ་རྣམས་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་བརྔན་ཏིང་ལོ་ལམ་སྒྲོན་ཆངས་བུ་ལམ་རྒྱགས་ཀྱི་ཚུལ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དེང་འདི་དག་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པ་ཐམས་ཅད་འདིར་མ་
གནས་པར་གཞན་དུ་སོང་ཞིག གལ་ཏེ་མི་འགྲོ་ན་ཁྲོ་བོའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་བརྗོད་ལ་གུ་གུལ་གྱིས་བདུགས། ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་སུཾ་བྷ་སོགས་ཀྱི་མཐར། སརྦ་བིགྷྣཱན་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ། ཅེས་བཏགས་པ་ཡང་ཡང་བརྗོད་པས་བགེགས་བསྐྲད། མེ་ལོང་ལ་ཤར་བའི་རྟེན་གྱི་གཟུགས་བརྙན་ལས་བུམ་གྱི་ཆུས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པ་དང༌། འདི་ནི་སྦྱིན་པའི་སོགས་ཕར་ཕྱིན་དྲུག་གི་ཁྲུས་དང༌། དེ་དག་སྐུ་ལ་ནས། བི་ཤོ་དྷ་ནེ་སྭཱ་ཧཱས་སྐུ་ཕྱི། རྟེན་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་རེ་རེའི་སྟེང་དུ། སྐུ་རྟེན་རྣམས་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། གཟུངས་དྲིལ་ཡོད་ན་གསུང་རྟེན་རྣམས་ཨཱཿལས་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཀྱིས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ་པ་དེ་འདྲ་ལན་གསུམ་བྱ། དེ་ནས་མི་འབྲལ་བར་བྱ་བའི་ཕྱིར། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་རྒྱས་གདབ། རང་དང་རྟེན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས། དབང་སྐུར་གྱི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་སོགས་ཀྱིས་གསོལ་བ་གདབ། ཇི་ལྟར་སོགས་
ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་སྐུ་ཐམས་ཅད་གང༌། ཆུའི་ལྷག་མ་ཡར་ལུད་པ་ལས་རང་དང་འདྲ་བའི་རིགས་བདག་གིས་དབུ་བརྒྱན་པར་བསམ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་རེ་རེ་བཞིན་སྦྱར་བས་ཤབྡའི་བར་གྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། རྡོ་རྗེས་སྤྱན་དབྱེ་བའི་ཚུལ་བྱ་ཞིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་མོ། །སླར་ཡང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སོགས་གོང་ལྟར་མཆོད་ཅིང་བསྟོད། བསྐྱེད་པའི་ལྷ་རྣམས་འོད་དུ་ཞུ་བ་ལས་རྟེན་སོ་སོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། སླར་ཡང་གོང་ལྟར་མཆོད་བསྟོད་བྱ། ཕྱོགས་བཅུ་ན་བཞུགས་པའི་སོགས་དང༌། ཡེ་དྷརྨཱ་མང་དུ་བརྗོད་པས་རྫས་ཡོ་བྱད་དང་བཅས་པར་བརྟན་བཞུགས་ནན་ཏན་བྱ། སླར་ཡང་མཆོད་བསྟོད་དང་བཀྲ་ཤིས་བྱའོ། །དེ་ནས་ལྷ་བུམ་དུ་ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔ། ཀླུ་བུམ་ལ་རང་རང་གི་ལས་སྒྲུབ་པའི་ཁྱད་པར་གྱིས་གང་ལ་མོས་པས་གཙོ་བོ་བྱ་བར་ཁ་ཅིག་ཏུ་བཤད་ཀྱང༌། སྤྱི་ཁྱབ་ཏུ་བསྐྱེད་ཆོག་གི་གོ་རིམ་ལྟར་ནོར་རྒྱས་དབུས་དང༌། སྟོབས་རྒྱུ་ཤར་དུ་བྱ་བ་སོགས་སྐུ་དང་གཟུངས་ཡོད་ནའང་དེ་རྣམས་མ་ནོར་བར་གཞུག ལྷ་ཀླུ་གཅིག་ཏུ་བསྡུ་ནའང་བཀོད་ལུགས་གོང་ལྟར་ལ། འདིའི་ཚེ་བུམ་པའི་སྨད་ཆར་ཀླུ་དགུ། སྟོང་ཚར་ལྷ་ལྔའམ་མ་ལྕོགས་ན་ཀླུ་དབང་རྒྱལ་པོའི་སྐུ་རྐྱང་པས་འཐུས་ཤིང་ན་བཟའ་དཀར་པོ་གསོལ། ཐམས་ཅད་ཀྱང་གཙོ་བོའི་ཞལ་མདུན་རྟགས་ལ་བསྟན་ཅིང༌། འཁོར་རྣམས་གཙོ་བོ་ལ་ལྟ་བར་བྱ། དེ་ལྟ་བུའི་བུམ་པ་རྣམས་སུ་
གོང་གི་རྫས་རྣམས་དང་ཁྱད་པར་ལྷ་བུམ་དུ་བུམ་རྫས་ཉེར་ལྔ། ཀླུ་བུམ་དུ་ཀླུ་སྨན་ཐུམ་སྙིང་པོར་ཁེལ་པས་སྐུ་དང་གཟུངས་ཡོ་འཁྲུལ་མ་སོང་ཞིང་སླར་ཁ་དམའ་བར་མི་འགྱུར་བའི་ཚགས་དམ་པོས་མགྲིན་པའི་བར་དུ་བཀང་ལ་ཆུ་གཙང་དང་གོང་གི་འོ་མས་བརྫིས་པའི་འདམ་པས་ཁ་བཅད་ཅིང་རས་དཀར་གྱིས་གཏུམ། རས་སྐུད་དཀར་དམར་གང་རུང་གིས་མགུལ་པ་བཅིངས་ཏེ་རྒྱབ་ཏུ་རྟགས་གདབ། དེ་ནས་ལྷ་ཀླུ་སོ་སོའི་སྐབས་སྟེགས་བུ་གཙང་མ་ལ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པར་ཀླུ་བུམ། དེའི་སྟེང་དུ་མཉྫིར་བུམ་གདན་ལ་ལྷ་བུམ། ལྷ་ཀླུ་གཅིག་བསྡུས་ལ་ཐམས་ཅད་ཀྱི་གདན་དུ་ཚོན་ནམ་འབྲུ་དཀར་གྱི་ཚོམ་བུ་པད་འདབ་བརྒྱད་ཀྱི་ཚུལ་རེ་བཀྲམ་པའི་སྟེང་དུ་བཀོད་པ་སྟེ། དེ་ལྟར་སྒྲུབ་པ་པོ་དུ་ཡོད་ཀྱི་གྲངས་ཞལ་རང་ལ་ཕྱོགས་པར་བཤམ། གང་ལྟར་ཡང་དེའི་མདུན་དུ་དཀར་མངར་ཀླུ་སྨན་བསྲེས་པའི་ལྷ་ཀླུའི་གཏོར་མའི་བར་དུ་ཕྱོགས་སྐྱོང་སྟེ་ཟླུམ་གཏོར་རེ། མཐའ་སྐོར་དུ་ཉེར་སྤྱོད་རྣམས་འབྱོར་ན་རེ་རེ་ལ་ཚར་རེ། མ་འབྱོར་ན་སྤྱི་ཁྱབ་ཏུ་ཁ་གསོར་རུང་བས་གཅིག གཏོར་མ་རྣམས་ལ་ཁུར་བ་སོགས་དང་དཀར་གསུམ་ཤིང་ཐོག་གང་འཛོམས་གཙང་མས་བསྐོར་ཞིང་འོ་མས་བྲན། ཕྱོགས་མཚམས་བརྒྱད་དུ་དར་རས་སམ་རྒྱ་ཤོག་དམར་པོའི་འཕན་གདུགས་འཛུགས། གཞན་ཡང་གཏོར་རིལ། འོ་ཆབ། ཨ་གར་སྤོས་དཀར་སྤང་སྤོས་རྣམས་ཀྱི་བདུག་སྤོས་རྣམས་ཀྱང་འདུ་བྱ། འདི་རྣམས་ལ་ཤ་ཆང་ལ་སོགས་པ་ཀླུ་ལ་གནོད་པའི་རིགས་ཅུང་ཟད་ཙམ་ཡང་མ་འདྲེས་པ་དང༌། ཁྱད་པར་རྫས་དང་ཡོ་བྱད་ཐམས་ཅད་གཙང་སྦྲ་ཤིན་ཏུ་ཆེ་བར་བྱའོ། །གཉིས་པ་ནི། སློབ་དཔོན་སོགས་སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་ལ་གནས་པས་སྟན་བདེ་བར་རྟེན་ལ་ཁ་ཕྱོགས་པས་འཁོད་དེ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་གནས་དང་མཆོད་པའི་ཡོ་བྱད་ཀྱི་བགེགས་བསལ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་
གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པུཥྤེ་སོགས་ནས། ཤབྡ་ཨཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་བརྗོད་ཅིང་རོལ་མོ་བཅས་བྱིན་གྱིས་བརླབ། བདག་དང་འགྲོ་བ་སོགས་སྐྱབས་འགྲོ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་སྐྱབས་སེམས་ཅི་ནུས་བྱས་ལ། རང་ཉིད་སྐད་ཅིག་གིས་སངས་རྒྱས་ཀླུ་དབང་གི་རྒྱལ་པོར་གསལ་བའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་ཀླུའི་དབང་ཕྱུག་གི་རྒྱལ་པོ་གཙོ་འཁོར་ལྔ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ན་མཿཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ། ཞེས་སོགས་མཆོད་ཡོན་སྔོན་དུ་འགྲོ་བའི་ཤབྡའི་བར་གྱིས་མཆོད། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུད་དག་པར་བྱ། ཚོགས་ཞིང་རང་གནས་སུ་གཤེགས་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་སྦྱངས་ནས་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སངས་རྒྱས་ཀླུའི་དབང་ཕྱུག་གི་རྒྱལ་པོ་སྐུ་མདོག་ཨིནྡྲ་ནི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་ཆོས་འཆད་
ཀྱི་ཕྱག་རྒྱ་ཅན། མགྲིན་པ་ཡན་ཆད་དཀར་པོ་གཙུག་ཏོར་དང་བཅས་ཤིང་ཞལ་འཛུམ་བག་དང་ལྡན་པ། ཤམ་ཐབས་དང་ཆོས་གོས་ངུར་སྨྲིག་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁ་དོག་སྣ་ཚོགས་པའི་སྦྲུལ་མགོའི་གདེངས་ཀ་བདུན་གྱེན་ལ་ཕྱོགས་པའི་ཆུན་པོའི་རྒྱབ་ཡོལ་མངའ་ཞིང་སྦྲུལ་མཇུག་རྣམས་གདན་དུ་བཏིང་བའོ། །དེའི་མདུན་དུ་སྒྲིབ་སེལ་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང༌། གཡོན་བུམ་པ་འཛིན་པ། གཡས་སུ་བྱམས་པ་དམར་པོ་གཡས་རིན་པོ་ཆེས་མཚན་པའི་ཀླུ་ཤིང་གི་མེ་ཏོག་དང༌། གཡོན་རིལ་བ་སྤྱི་བླུགས་འཛིན་པ། རྒྱབ་ཏུ་འཇམ་དཔལ་གཞོན་ནུ་སེར་པོ་ཨུཏྤ་ལའི་སྟེང་ན་གནས་པའི་རལ་གྲི་དང་གླེགས་བམ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་པདྨ་དཀར་པོ་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་ཞིང་པད་ཟླའི་གདན་ལ་བཞུགས་པའོ། །དེ་དག་གི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། གཡོན་དུ་དགྲ་བཅོམ་པ་དཔག་ཏུ་མེད་པས་བསྐོར་བའོ། །འོག་ཏུ་ཀླུའི་ཚོགས་ཐམས་ཅད་ཀྱིས་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་ཏེ་གདོང་གྱེན་དུ་ལྟ་བའོ། །སྤྲོ་ན། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སངས་རྒྱས་ཀླུའི་དབང་ཕྱུག་གི་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་གཙོ་བོ་ཉིད་
ཀྱིས་དབུ་བརྒྱན་པར་གྱུར་པར་བསམ། དེ་ནས་རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སྐོར་དུ་འཁོད་པར་བསམ། དེ་ལས་འོད་ཟེར་འཕྲོས་ཀླུས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ངན་འགྲོའི་སྐྱེ་གནས་ལས་ཐར་བར་བྱས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུག་རྒྱུད་བསྐུལ། ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ་སྭཱ་ཧཱ། ཞེས་མི་ཚིག་གིས་བར་མ་ཆོད་པར་ཇི་ཙམ་ནུས་པ་བཟླ། ཐུན་ལས་ལྡང་བ་ན་འདོད་པའི་དོན་ལ་གསོལ་བ་གདབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། དེ་ནས་བུམ་པ་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་སྟེང་འོག་བུམ་པའི་གྲངས་དང་མཉམ་པར་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་གདན་རེ་རེའི་སྟེང་དུ་ཧཱུྃ་ལས་རིན་པོ་ཆེའི་བུམ་པ་རྣམས་ཡངས་ཤིང་རྒྱ་ཆེ་བ། ནང་བཅུད་འབྲུ་དང་ཟས་ནོར་སྨན་དང་རིན་པོ་ཆེ་ལ་སོགས་པ་ལྷ་མིའི་འདོད་ཡོན་ལོངས་སྤྱོད་སྣ་ཚོགས་པ་ཟད་པ་མེད་པའི་གཏེར་ཆེན་པོས་ཡོངས་སུ་གང་བར་གྱུར་པར་བསམས་ཏེ་བྱིན་གྱིས་བརླབ་པ་ནི། སོ་སོའི་ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་པའི་མོས་པས་བསྐོར། སྔགས་རྣམས་ལན་གསུམ་རེ་བརྗོད། ཇི་སྐད་བཤད་པའི་ཏིང་ངེ་འཛིན་དང་མ་བྲལ་བས་ཐོག་མར་ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱང་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྙིང་གར་བཞག་ལ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་བི་ཤུདྡྷོ྅ཧཾ། ཡོ་བྱད་ཀྱི་མ་དག་པ་ཐམས་ཅད་སྟོང་པར་སྦྱངས་པར་བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་དཔྲལ་བར་བཞག་སྟེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤཱ་མུ་ཁེ་བྷྱཿསརྦ་ཐཱ་ཁཾཨུདྒ་ཏེ་སྥ་ར་ཎ་ཨོཾ་མཾ་ག་ག་ན་ཁཾ་སྭཱ་ཧཱ། མགྲོན་སོ་སོའི་མོས་པ་དང་
མཐུན་པའི་ཡོ་བྱད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམ། བདུད་རྩི་འཁྱིལ་བའི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་སྟེ་མཐེ་བོང་བསྣོལ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྫས་རྣམས་མགྲོན་སོ་སོའི་སྡུག་བསྔལ་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་ཡོ་བྱད་ལ་དབང་བ་ནི། གཡས་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང༌། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡོ་བྱད་རྣམས་འཁོར་འདས་ཀྱི་མགྲོན་སོ་སོས་གང་ལ་གང་འདོད་པའི་ལོངས་སྤྱོད་འཛད་མེད་འབྱུང་བར་བསམ། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅངས་པ་སྙིང་གར་བཞག གཡོན་མཐེ་བོང་ལག་མཐིལ་དུ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀེ་ཏེ་ན་མཿས་མནྟ་སྭ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་ཧཱུྃ། ཡོ་བྱད་ལ་འཐབ་རྩོད་མེད་པར་སོ་སོའི་མོས་པ་བཞིན་རང་དབང་དུ་ཐོབ་པར་བསམ། དབང་སྒྱུར་འཁོར་ལོའམ་ལྷ་མགྲོན་སྤྱིའི་སྔགས་རྒྱས་དབང་དུ་བྱ་བ་ནི། སོར་མོ་རྣམས་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷཉྫ་ཏེ་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་དམ་ཚིག་དབང་གིས་བདག་ལ་སྲུང་སྐྱོབ་མཛད་ནས་ཕན་བདེའི་ཕྲིན་ལས་སྒྲུབ་པའི་སྡོང་གྲོགས་མཛད་པར་བསམ། སྤྲོ་ན། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བདེན་སྟོབས་ཀྱང་བརྗོད། དེ་ལྟ་བུའི་སྟེྃང་གིྃ་བུམྃ་པྃའི་«་་་་་ཆར་»དབུས་སུ་པྃ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་སོགས་ནས། དེ་ཉིད་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་རྣམས་དགྲ་བཅོམ་པ་དཔག་ཏུ་མེད་པས་བསྐོར་བའོ། །ཞེས་པའི་བར་གྱིས་སྔར་ལྟར་བསྐྱེད། འོག་གི་བུྃམ་«་་་་་ཆར་»པྃའི་ནྃང་དུྃ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ནཱྃ་དགུ་ཡོངས་སུ་གྱུར་པ་
ལས་དབུས་སུ་ནོར་རྒྱས། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང༌། ནུབ་ཏུ་མཐའ་ཡས། བྱང་དུ་ཝ་རུ་ཎ། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་བསྟོད་ལྷའི་ལུས་ཅན། སྨད་སྦྲུལ་མཇུག་འཁྱིལ་པ། ཁ་དོག་དག་པའི་ཤེལ་ལྟར་དྭངས་ཤིང་ཡུལ་གྱི་དབང་པོར་སྣ་ཚོགས་སུ་སྣང་བ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་ཅིང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཉིས་ཀས་ཐལ་མོ་སྦྱར་བའི་བར་ན་རིན་པོ་ཆེའི་གཏེར་གྱི་བུམ་པ་ཡིད་བཞིན་ཀྱི་ནོར་བུས་གང་བ་ཐོགས་ཏེ་གདོང་གྱེན་དུ་ཕྱོགས་ནས་བཅོམ་ལྡན་འདས་ལ་ལྟ་བ། གཡོན་ཕྱོགས་ནས་རང་རང་དང་འདྲ་བའི་ཆུང་མས་བསྟེན་པ། གཞན་ཡང་ཀླུ་གཉན་ས་བདག་གི་རིགས་དཔག་ཏུ་མེད་པ་རྣམས་ཀྱིས་ཐལ་མོ་སྦྱར་བའི་བར་ན་ཡིད་བཞིན་གྱི་ནོར་བུ་ཐོགས་ནས་བཅོམ་ལྡན་འདས་ལ་གུས་པས་ལྟ་བ་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པར་གྱུར། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ སྤྲོ་ན། མ་ལུས་སེམས་ཅན་སོགས་གདན་འབུལ་བའི་བར་ཚིགས་བཅད་རྒྱས་བསྡུས་གང་རུང་བྱས་ལ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་ནས། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གིས་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་གཙོ་
བོ་ཉིད་ཀྱིས་དབུ་བརྒྱན་པར་གྱུར་པར་བསམ། སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མཐའ་དག་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ལན་གསུམ་གྱིས་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ ཞེས་ཀླུ་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་དངོས་སུ་བཤམས་པའི་མཆོད་པ་རྣམས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་ལྷ་མོ་མཆོད་རྫས་ཐོགས་པ་སྣ་ཚོགས་པ་སྤྲོས་ནས་ལྷ་རྣམས་ལ་མཆོད་པར་བསམས་ཞིང་ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་མེ་ཏོག་ནས་ཤབྡའི་བར་བྱས་ལ། བཛྲ་དྷརྨཱ་ར་ཎིས་རོལ་མོ་ཕུལ་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །གདུགས་མཆོག་ཇི་སྙེད་ཡོད་པ་དང༌། །སོགས་སྔགས་ཀྱི་རྗེས་སུ། ཚ་ཏྲཾ་ག་པཱུ་ཛ་ཏེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། བ་དན། པ་ཏཾ་ཀ ལྡ་ལྡི། པ་ཌ་ད་མ་པཱུ་ཛི་ཏེ་ཧཱུྃ། ཡང་རང་གི་དཔྲལ་བའི་ཨོཾ་ལས་རིན་པོ་ཆེ་སྣ་བདུན་སྤྲུལ་ཏེ། ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སོགས་དང༌། བདེ་བར་གཤེགས་པ་ཐམས་ཅད་ལ། །སོགས་ནས་སྔགས་ཀྱི་རྗེས་སུ། ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ་ཞེས་པ་ལྟར་རིན་ཆེན་བདུན་དང༌། ཁ་དོག་དབྱིབས་ལེགས་སོགས་ཀྱིས་འདོད་ཡོན་ལྔ་རྣམས་དབུལ་བར་བྱའོ། །དེ་ནས་བསྟོད་པ་ནི། རྡོར་དྲིལ་འཛིན་པས། སྤྲོས་བྲལ་གཉིས་མེད་ཡེ་ཤེས་སྒྱུ་འཕྲུལ་གར། །དབང་སྔོན་སྐུ་ལ་མཚན་དཔེའི་རྒྱུ་སྐར་བཀྲ། །
མ་རིག་དུག་འཇོམས་སྟོན་ཟླ་ཉ་བའི་ཞལ། །ཐུགས་རྗེའི་བསིལ་ཟེར་ངན་འགྲོའི་སྡུག་བསྔལ་བསལ། །ངུར་སྨྲིག་རྣམ་གསུམ་དུག་གསུམ་ཚ་གདུང་སྐྱོབ། །ཆོས་ཀུན་མཐའ་བྲལ་སྟོན་པའི་ཕྱག་རྒྱ་ཅན། །པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀླུང་བཞུགས། །སྣ་ཚོགས་གདེངས་ཅན་སྤྲུལ་བའི་སྐུ་ལ་བསྟོད། །མ་ལུས་འགྲོ་བའི་སྒྲིབ་སེལ་གངས་རིའི་མདོག །པདྨའི་མདངས་ལྡན་བྱམས་པ་ཐུགས་རྗེའི་གཏེར། །མཁྱེན་རབ་དབང་ཕྱུག་འཇམ་དཔལ་གསེར་བཟང་འོད། །བརྩེ་བའི་བདག་ཉིད་པད་དཀར་སྤྱན་རས་གཟིགས། །ཚད་མེད་རང་བཞིན་སེམས་དཔའ་བཞི་ལ་བསྟོད། །གཞན་ཡང་བྱང་སེམས་དགྲ་བཅོམ་གྲངས་མེད་དང༌། །ཆུ་གཏེར་དབུས་ནས་ཀླུ་རྒྱལ་དུ་མས་འདུད། །གཙོ་འཁོར་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས་དེའི་རྗེས་སུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་ཉེར་གཅིག་བརྗོད། སླར་ཡང་མཆོད་པ་རྣམས་ཁ་གསོས་ཏེ་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་འདིའམ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་འཇིག་རྟེན་དགེ་ལེགས་མཛོད། །ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པུཥྤེ་ནས་ལྡ་ལྡིའི་བར་གོང་བཞིན་ཀླུ་རྣམས་ལ་དབུལ་ལོ། །ཀླུའི་བསྟོད་པ་ནི། མཐའ་ཡས་ནོར་རྒྱས་ལ་སོགས་ཀླུ་དབང་རྣམས། །ཆུ་གཏེར་རྒྱ་མཚོའི་གཏིང་མཐའ་རབ་ཟབ་ནས། །རིན་ཆེན་སྣ་ཚོགས་ཀྱིས་སྤྲས་ཡིད་འོང་བའི། །ཕོ་བྲང་འབྱོར་པ་ཆེ་ལྡན་གནས་ན་བཞུགས། །དབུ་ལ་སྦྲུལ་མགོ་གདེངས་ཀའི་ཚོགས་དབུས་ན། །ཡིད་བཞིན་ནོར་བུ་བསམ་ཀུན་རྫོགས་བྱེད་ཅིང༌། །བདག་གཞན་དོན་འབྱོར་ཕུན་ཚོགས་འབྱུང་བའི་གནས། །འོད་འབར་ལ་སོགས་མུན་སེལ་རྣམས་ཀྱིས་བརྒྱན། །ཚེ་རབས་དུ་མར་ཡོན་ཏན་ལེགས་སྦྱངས་མཐུས། །ཀླུ་དབང་འབྱོར་པ་མཐའ་
ཡས་ཡང་དག་རྫོགས། །རྫུ་འཕྲུལ་མཐུ་སྟོབས་ཆེ་ལ་མངའ་བརྙེས་པའི། །ཡོན་ཏན་བསམ་གྱིས་མི་ཁྱབ་ཁྱེད་ལ་འདུད། །ཅེས་དང༌། གདེངས་ཀ་ནོར་བུ་སོགས་ནས། ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད་པར་བགྱི། །ཞེས་བསྟོད། དེ་ནས་གཏོར་མ་རྣམས་ཆུ་གཙང་གིས་བྲན་ཏེ། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས་དྲན་པར་བྱས། གཏོར་མ་དང་པོ་བཅོམ་ལྡན་འདས་ལ། ཨོཾ་ཏ་ཐཱ་ག་ཏོ་བྷཱ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ས་པ་རི་ཝཱ་རེ་ཨི་དཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ལྔའམ་བདུན་གྱིས་ཕུལ་ནས། མཚན་སྔགས་དེ་ཉིད་སྔོན་དུ་འགྲོ་བའི་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པ་བསྡུ་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་གཉན་ས་བདག་གི་ནད་དང་ཉེར་འཚེ་ལ་སོགས་པ་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས་དྲན་པར་བྱས་ལ། ལག་པ་གཡས་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་འཇིག་རྟེན་སྐྱོང་བ་རྣམས་སྤྱན་དྲང༌། སྔགས་དེ་ཉིད་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ལ་སོགས་པས་ཕུལ། འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། འདོད་པ་ཀུན་འགྲུབ་ཤོག་གི་བར་གྱིས་ཕྲིན་ལས་གཞོལ། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪཿ ཞེས་པས་གཤེགས་སུ་གསོལ། གཏོར་མ་གསུམ་པ། ཨོཾ་ཨཱཿཧཱུྃ་གིས་འདོད་རྒུ་འབྱུང་བའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་
ཞེས་སོགས་ལན་དགུ་བརྗོད་པས་ཀླུ་རྣམས་ལ་དབུལ། ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། དད་ལྡན་རྒྱལ་བའི་ཞལ་མཐོང་བཀའ་ཐོས་ཤིང༌། །སྒྲུབ་པ་བརྩོན་པས་སངས་རྒྱས་ཐུགས་སུ་ཆུད། །ཐབས་དང་སྙིང་རྗེས་གཞན་དོན་རྫོགས་མཛད་པ། །བདག་དང་གཞན་དོན་འབྱོར་པ་ཁྱོད་ལ་འདུད། །སྔོན་ཚེ་བདེ་གཤེགས་སྤྱན་སྔར་བཀའ་བསྒོས་ལྟར། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདགས་ཕྱིར། །དམ་ལས་མ་འདའ་དམ་ཚིག་རྗེས་དགོངས་ལ། །གསོལ་བཏབ་ལས་མཛད་བདག་དོན་ཡོངས་རྫོགས་མཛོད། །ཀླུ་ཡི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ནས། ཀུན་འགྲུབ་མཛོད། །ཅེས་པས་བསྟོད་པ་དང་ཕྲིན་ལས་གཞོལ་ལོ། །དེ་ནས་བུམ་པ་སྒྲུབ་པའི་བཟླས་པ་བྱ་བ་ནི། གཞུང་ལས། ཞག་བདུན་དུ་སྙིང་པོ་རྒྱུན་མ་ཆད་པར་བཟླས་ན་དབུལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཐུན་མོང་གི་ནོར་རྫས་ལ་ལོངས་སྤྱོད་པར་འགྱུར་རོ། །སད་དང་སེར་བ་དང༌། ལྕེ་འབབ་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་གཟུངས་ཐག་གི་རྡོ་རྗེ་བུམ་པ་སོ་སོའི་ཚེ་སྟེང་མའི་ཁར་བཞག་ནས་སྣེ་མོ་རང་གིས་བཟུང་སྟེ། ཐོག་མར་དཀོན་མཆོག་གསུམ་ལ་མོས་གུས་དྲག་པོས་གསོལ་བ་གདབ། མཁའ་ཁྱབ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་བསྒོམ། ཁྱད་པར་ས་བདག་ཀླུ་གཉན་ཡུལ་ལྷ་གཞི་བདག་མི་དང་མི་མ་ཡིན་པ་རྣམས་ལ་བྱམས་པ་དང་སྙིང་རྗེ་དྲག་པོ་ཡང་ཡང་བསྐྱེད་ནས། རང་ཉིད་ཀླུ་དབང་རྒྱལ་པོར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་ཡིག་སྔོན་པོ་གསལ་བ་ལས་འོད་དཀར་པོ་ཟླ་བ་ཤར་བ་ལྟར་འཕྲོས། ལུས་ཀྱི་ནང་ཐམས་ཅད་ཁྱབ། རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག འོད་ཟེར་ཕྱིར་འཕྲོས། མདུན་གྱི་སངས་རྒྱས་ཀླུ་དབང་རྒྱལ་པོ་གཙོ་འཁོར་རྣམས་ལ་ཕོག ཐུགས་རྒྱུད་བསྐུལ་ཏེ་དེ་དག་ལས་འོད་དཀར་པོའི་ཕྲེང་བ་བདུད་རྩིའི་རང་བཞིན་ཅན་འཕྲོས། ཀླུ་རྒྱལ་འཁོར་དང་བཅས་པ་ལ་ཕོག དེ་རྣམས་ཀྱི་ཚེ་རབས་ཐོག་མ་མེད་པའི་
སྡིག་སྒྲིབ་སྦྱངས། ཁྱད་པར་སོ་སོའི་ལུས་ཀྱི་ཡན་ལག་དང་ཉིང་ལག་སྟོབས་དང་གཟི་བརྗིད་བཀྲག་མདངས་ཉམས་པ་དང༌། འཁོར་དང་ལོངས་སྤྱོད་ཉམས་པ་ཐམས་ཅད་སོས། ནད་དང་དུཿཁ་ཞི་ཞིང་བདེ་བ་དང་ལྡན་པར་བྱིན་གྱིས་བརླབས་པར་བསམ། ཡང་འོད་ཟེར་འཕྲོས་ཏེ་རིགས་དྲུག་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་བྱིན་གྱིས་བརླབས་པར་བསམ། ཡང་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས་སྟེང་གི་བར་སྣང་དུ་སྤྲིན་གྱི་ཕུང་པོ་ཆེན་པོར་འཐིབས་པ་ལས་བདུད་རྩིའི་རྒྱུན་བབས་ཏེ་སྐོམ་པའི་སྡུག་བསྔལ་བསལ་བར་བསམ། ཡང་སྤྲིན་གྱི་གསེབ་ནས་རིན་པོ་ཆེ་དང་རྒྱན་གོས་ཟས་ནོར་ལོངས་སྤྱོད་ཇི་ལྟར་འདོད་པ་བབས། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཞི་བར་བྱས། ཁྱད་པར་ལྷ་ཀླུ་འབྱུང་པོ་རྣམས་ལ་རང་རང་གང་འདོད་པའི་ཟས་གོས་རྒྱན་དང་ལོངས་སྤྱོད་ཡོངས་སུ་སྨིན་པར་བྱས་ཏེ། ཕན་བདེ་དཔག་ཏུ་མེད་པ་བསྒྲུབས་པར་བསམས་ནས། སྔགས་ནི། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་སྟོང་ཕྲག་གཅིག་བཟླ། ཞག་བདུན་དུ་མི་ཆད་པར་བཟླ་ན་དགེ་འདུན་ལྔ་སོགས་དུ་ཡོད་ཀྱིས་གཟུངས་ཐག་རེ་མོས་སུ་བཟུང་ནས་སྔགས་རྒྱུན་མི་ཆད་པར་བྱའོ། །བཟླས་པ་རྫོགས་ནས་གོང་ལྟར་གསོལ་བ་བཏབ་ལ། གཟུངས་ཐག་ཀླུའི་བུམ་ཁར་སྤོས་ལ་བཟུང༌། རང་ཀླུ་དབང་རྒྱལ་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔ་མ་ལྟར་འཕྲོས། ཀླུ་རྣམས་ཀྱི་སྙིང་གར་ཕོག་པས་ཤིན་ཏུ་མཉེས་ཤིང་ཕྲིན་ལས་བསྐུལ་ནས་སྤྱི་བོའི་ཡིད་བཞིན་ནོར་བུ་དང༌། ཕྱག་གི་བུམ་པ་ནས་འདོད་རྒུ་སྣ་ཚོགས་བྱུང་སྟེ་བུམ་པ་ཁེངས་ནས་ལུད་པས་གནས་ཁང་དང་ཉེ་འཁོར་ཐམས་ཅད་ལོངས་སྤྱོད་ཀྱིས་ཕྱུར་བུར་ཁྱབ་པར་བསམས་ལ།
ཀླུ་རྣམས་ཀྱི་སྔགས་ནི། ཨོཾ་ཕུཿནཱ་ག་རཱ་ཛ་བ་སུ་ཀཱ་ཡ་ཕུཿསྭཱ་ཧཱ། ནོར་རྒྱས་ཀྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཀརྐོ་ཊཱ་ཡ་ཕུཿསྭཱ་ཧཱ། སྟོབས་རྒྱུའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཤངྑ་པཱ་ལཱ་ཡ་ཕུཿསྭཱ་ཧཱ། དུང་སྐྱོང་གིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཨ་ནནྟ་ཡ་ཕུཿསྭཱ་ཧཱ། མཐའ་ཡས་ཀྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཝ་རུ་ཎཱ་ཡ་ཕུཿསྭཱ་ཧཱ། ཆུ་བདག་གིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཏཀྵ་ཀཱ་ཡ་ཕུཿསྭཱ་ཧཱ། འཇོག་པོའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཀུ་ལི་ཀཱ་ཡ་ཕུཿསྭཱ་ཧཱ། རིགས་ལྡན་གྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་པདྨ་ཡ་ཕུཿསྭཱ་ཧཱ། པདྨའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་མ་ཧཱ་པདྨ་ཡ་ཕུཿསྭཱ་ཧཱ། པདྨ་ཆེན་པོའི་འོ། །ཞེས་པ་རྣམས་བརྒྱ་རྩ་རེ་བཟླས་ནས། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བདག་དང་སྦྱིན་བདག་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྩལ་ཞིང༌། གནས་འདིར་བཀྲ་ཤིས་དང་དགེ་ལེགས་རྒྱ་ཆེན་པོ་འབྱུང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་པའི་འདོད་དོན་གསོལ། དེ་ནས་ཐམས་ཅད་ལ་ཐུན་མོང་དུ་གཏོར་མ་འབུལ་བ་ནི། རྒྱས་པར་སྤྲོ་ན་ཀླུ་གཏོར་གཞན་དུ་གསལ་བ་ལྟར་དང༌། དཀྱུས་ཙམ་དུ། ཟངས་སོགས་རིན་པོ་ཆེའི་གཞོང་པར་རིལ་བུ་ཅི་མང་དང་ཀླུ་སྨན་མངར་གསུམ་འོ་མ་མེ་ཏོག་ལ་སོགས་བླུགས་ལ་ཆུས་བཀང་ནས། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཡཀྵཱ་ཧཱུྃ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་ཀྱིས་བསང་སྦྱང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབ། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་«་་་་་གཡོན་ཁུ་ཚུར་མཐེ་བོང་བསྒྲེང་པའི་སྟེང་གཡས་པའི་ཐལ་མོས་གདུགས་ལྟར་བཀབ། མཆན། »བྱས་ལ། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། ཨོཾབྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕུཿཧཱུྃ་སྭཱ་ཧཱ། ཞེས་བརྒྱ་རྩ་གཅིག་གིས་གཏོར་མ་ཕུལ་བའི་མཐར། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །བདག་དང་སྦྱིན་བདག་ལ་ཀླུའི་གནོད་པ་མི་འབྱུང་ཞིང༌། ཡུལ་ཕྱོགས་འདིར་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ།
ཞེས་འདོད་དོན་གསོལ་བར་བྱའོ། །གསུམ་པ་ནི། མཆོད་པ་རྣམས་ཁ་གསོས་བསང་སྦྱང་བྱས་ལ་བྱིན་གྱིས་བརླབ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། སླར་ཡང་ཀླུ་རྣམས་ལ། ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གོང་བཞིན་རྗེས་སུ་རོལ་མོ་འབུལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས་དང༌། གདེངས་ཀ་ནོར་བུ་སོགས་ཀྱིས་བསྟོད་ནས། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ཀླུ་རྒྱལ་ཆེན་པོ་རྣམས་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་ནད་དང་ཉེར་འཚེ་ལ་སོགས་པ་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང༌། དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྩལ་ཞིང་གནས་འདིར་བཀྲ་ཤིས་དགེ་ལེགས་རྒྱ་ཆེན་པོ་འབྱུང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཐུན་མོང་དུ་འདོད་དོན་གསོལ་ལ་ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་བྱ། བུམ་པ་རྣམས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སོགས་ནས། བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་སོགས། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ཐམས་ཅད་སྩལ་ཞིང༌། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང༌། བདེ་ལེགས་དཔལ་གྱི་དངོས་གྲུབ་རྒྱུན་མི་ཆད་པ་འབྱུང་བར་མཛད་དུ་གསོལ། ཞེས་སམ། བསྡུ་ན། འདིར་ནི་རྟེན་དང་སོགས་ཀྱི་མཐར་སུ་པྲ་ཏིཥྛ་ཅི་མང་བརྗོད་པས་བརྟན་བཞུགས་དང༌། རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ལ་མེ་ཏོག་གཏོར་རོ། །ཡང་སྒྲུབ་པ་པོ་གཅིག་གིས་བུམ་པ་ཆ་མང་པོ་སྒྲུབ་དགོས་ན། བུམ་པ་ཆ་རེ་ལ་སྔ་མ་བཞིན་མཆོད་གཏོར་ནས་རབ་གནས་བར་སྦྱོར་དངོས་རྗེས་གསུམ་ཚང་བ་ཚར་རེ་བྱའོ། །དེ་ལྟར་བྱས་པའི་མཐར་རང་གི་གནས་གསུམ་བསྲུངས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཀླུ་དབང་རྒྱལ་པོ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང༌། ཐམས་
ཅད་ནམ་མཁའ་མཛོད་བཞིན་དུ། སོགས། ལྷ་ཡང་དུས་སུ་ཆར་འབེབས་ཤིང༌། །སོགས། འབད་དང་རྩོལ་བས་མ་གོས་པ། །སོགས་སྨོན་ལམ་དང༌། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་གང་རིགས་བརྗོད། དེ་ཡང་གཞུང་ལས། བུམ་པ་གཉིས་ཀྱང་འོག་ཏུ་ཀླུའི་བུམ་པ་དང༌། སྟེང་དུ་བཅོམ་ལྡན་འདས་ཀྱི་བུམ་པ་བཞག་ནས་གནས་ཁང་གི་ཤར་ཕྱོགས་སུ་གཏེར་དུ་སྦས་ན་ཕོངས་པའི་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །ཀླུའི་གནོད་པ་ཐམས་ཅད་བྲལ་བར་འགྱུར་རོ། །ཁྱིམ་དེའི་སྐྱེས་པ་དང་བུད་མེད་ཐམས་ཅད་དར་བར་འགྱུར་རོ། །ཞེས་བྱིན་རླབས་དང་ཕན་ཡོན་ཆེས་ཆེ་བར་གསུངས་པའི་གཏེར་བུམ་དེ་ཉིད་གང་དུ་སྦ་བའི་ས་གཙང་མར་མཆོད་གཏོར་དང་བཅས་གྲུབ་ན་ཆོ་ག་ཚར་གཅིག་བཏང༌། མ་གྲུབ་ཀྱང་བརྟན་བཞུགས་དང་སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད་དེ། ཆར་ཆུ་བྱི་བ་སོགས་ཀྱི་སྐྱོན་མི་འབྱུང་བའི་རྡོ་སྒྲོམ་གྱི་ནང་དུ་ཚགས་ལེགས་པར་བྱས་ལ་བཞུགས། དུས་དང་རྒྱུན་དུ་མཆོད་པ་དང་ཀླུ་གཏོར་འབུལ་བ་སོགས་བྱུང་ན་ཤིན་ཏུ་ལེགས་པ་ཡིན་ནོ། །འདི་ནི་གཙོ་ཆེར་ཁང་པར་བསྔགས་ཤིང༌། ཡུལ་ལྷའི་ལྟོ་བ་དང༌། ཆུ་མིག་གི་མགོ་སོགས་ལ་སྦས་ནའང་ཕན་ཡོན་དེ་ལྟར་འབྱུང་ངོ༌། །རྒྱལ་བས་ལུང་བསྟན་རབ་དགའི་སར་བཞུགས་པའི། །རྒྱལ་སྲས་འཕགས་མཆོག་ཀླུ་སྒྲུབ་གསུང་བཞིན་དུ། །རྒྱལ་བ་ཀླུ་དབང་ལྷ་ཀླུའི་བུམ་པའི་གཏེར། །རྒྱལ་བསྟན་ཡུན་རིང་གནས་ཕྱིར་ཚུལ་འདི་སྤེལ། །རྣམ་དག་མཁས་པའི་གཞུང་བཟང་ལ་བརྟེན་ནས། །རྣམ་མང་འཁྲུལ་ཟད་གོང་མའི་ཕྱག་ལེན་བཞིན། །རྣམ་དབྱེའི་བློ་ཡིས་བརྟགས་ནས་གསལ་བར་བྱས། །རྣམ་དཀར་དགེ་བ་མ་གྱུར་འགྲོ་ལ་བསྔོ། །དེ་མཐུས་སྣོད་ཀྱི་དཔལ་འབྱོར་ཕྱོགས་མཐར་རྒྱས། །བཅུད་ཀྱི་སྐྱེ་འགྲོ་ལས་ཉོན་རྒྱུ་འབྲས་ཞི། །བཅོམ་ལྡན་ཀླུ་དབང་གོ་འཕང་མྱུར་ཐོབ་སྟེ། །ནམ་མཁའ་ཇི་སྲིད་འགྲོ་བའི་དོན་སྒྲུབ་ཤོག །ཅེས་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་དང་མཐུན་པར་ཆོས་རྗེ་བསྟན་འཛིན་རྡོ་རྗེས་མཛད་པ་ལ་རྟེན་རབ་གནས་སོགས་གསལ་བྱེད་ཅུང་ཟད་བཅས་བློ་གཏེར་དབང་པོས་ལག་ཏུ་བླང་བདེ་བར་བགྱིས་པ་དགེ། །།
ཤོག་སྟོང་།
བཀའ་གདམས་ལྷ་བཞིའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ།
བཀའ་གདམས་ལྷ་བཞིའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བཞུགས་སོ།།
བྱང་ཆུབ་ཐུགས་བསྐྱེད་རྒྱ་ཆེན་ཚོགས་གཉིས་བསགས། །སྟོབས་བཅུའི་དཔུང་གིས་བདུད་བཞི་མ་ལུས་བཅོམ། །འཆི་མེད་རྟག་བརྟན་དམ་པའི་སྐུ་མཆོག་བརྙེས། །ལྷ་མིའི་རྣམ་འདྲེན་ཟས་གཙང་སྲས་དེ་རྒྱལ། །དེ་ལ་འདིར་ཐོག་མར་སྟོན་པ་ཐུབ་དབང་གཙོ་འཁོར་གསུམ་བསྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ནས། རང་ཉིད་ཤཱཀྱ་ཐུབ་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་སྟོན་པ་ཐུབ་པའི་དབང་པོ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཐལ་མོ་སྦྱར་ལ། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པའི། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། རང་གི་སྙིང་ག་ནས་མཆོད་ཡོན་མེ་ཏོག་ལ་སོགས་པ་ཐོགས་པའི་ལྷ་མོ་སྤྲོས་ནས་མཆོད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡ་ཨཱཿཧཱུྃ་གི་བར་བརྗོད། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་ལན་
གསུམ། ཚོགས་ཞིང་རང་ལ་བསྟིམ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་ཡིག་སེར་པོ་ཨཱ་ལིས་བསྐོར་བ། དེ་འོད་དུ་ཞུ་བ་ལས་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་དང་ཟླ་བའི་སྟེང་དུ་བདུད་བཞི་མནན་པའི་གདན་ལ་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན། གཡོན་མཉམ་བཞག་མཛད་པ། ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། མཚན་བཟང་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། འོད་དང་འོད་ཟེར་དུ་མ་འཕྲོ་བ། དེའི་གཡས་སུ་བྱམས་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྔ་ཡབ་དང་གཡོན་ཀླུ་ཤིང་གི་མེ་ཏོག་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་
སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྔ་ཡབ་དང་གཡོན་པདྨ་དཀར་པོ་བསྣམ་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་གཉིས་བཞེངས་ནས་བཅོམ་ལྡན་འདས་ལ་ལྟ་ཞིང་ལྡེམ་པའི་ཚུལ་གྱིས་བཞུགས་པ། གཙོ་འཁོར་གསུམ་ཀའི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བྱིན་གྱིས་བརླབས། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཙོ་འཁོར་གསུམ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་ལ་བསྟིམ། སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས། པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་མཆོད། དབང་བསྐུར་བར་གསོལ་བ་གདབ། རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས་ཕྱག་ཏུ་བུམ་པ་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས། ས་མ་ཡ་ཤྲི་ཡེ་ཧཱུྃ་གིས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང༌། ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རིགས་ལྔའམ་མི་བསྐྱོད་པ། འཁོར་གཉིས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན རང་གི་ཐུགས་ཀ་ནས་འཕྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་བསྟོད་པར་བསམས་ལ། མཆོད་བསྟོད་ཚོགས་ཞིང་གི་སྐབས་ལྟར་བྱ། བྱམས་པ་ལ། བྱམས་ཆེན་མེ་ཡིས་སོགས་དང༌། སྤྱན་རས་གཟིགས་ལ། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། གཙོ་འཁོར་གསུམ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བར་དམིགས་ནས། གཙོ་བོ་ལ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་དང༌། བྱམས་པ་ལ། ཨོཾ་མཻ་ཏྲི་མཻཾ་སྭཱ་ཧཱ། སྤྱན་རས་གཟིགས་ལ་ཡི་གེ་དྲུག་པ་ཇི་ལྟར་རིགས་པ་བཟླ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། འཁོར་གཉིས་
གཙོ་བོ་ལ་བསྡུ། དགེ་བ་བསྔོ། འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་གྱི་ཁར་ཚོམ་བུ་དབུས་སུ་ཆེ་བ་གཅིག་དང༌། གཡས་གཡོན་དུ་ཆུང་བ་རེ་རེ་བཀོད། དེའི་མདུན་དུ་ཟླུམ་གཏོར་གཅིག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་བཤམ། བུམ་པ་དྲི་བཟང་གི་ཆུ་དང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་སྟེགས་བུ་ཇི་ལྟར་འོས་པར་བཞག དུང་ཆོས་རྡོར་གཟུངས་མི་དགོས། དེ་ནས་མཆོད་པ་རྣམས། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ལས་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ལན་གསུམ་བརྗོད། སྐྱབས་འགྲོ་ནས་བཟུང་བཟླས་པ་འདོད་གསོལ་དང་བཅས་པའི་བར་སྒྲུབ་ཐབས་བཞིན་བསྒོམ། མདུན་བསྐྱེད་ཀྱི་ཚོམ་བུ་ལ་དམིགས་ཏེ། བཛྲ་ཡཀྵས་བསང༌། སྭཱ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཟླ་བའི་གདན་ལ་ཞེས་པ་ནས་རིགས་བདག་གི་རྒྱས་འདེབས་པར་སྒྲུབ་ཐབས་ལྟར་ལ། འོན་ཀྱང་ལྷར་བསྐྱེད་པ་ན་རང་ཉིད་ཅེས་མི་སྦྱར། དེ་ནས་སྔར་ལྟར་མཆོད་པ་བྱིན་གྱིས་བརླབས་པ་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཅེས་པ་ལ་ཨརྒྷཾ་སོགས་སོ་སོའི་སྔགས་སྦྱར་ལ་མཆོད་པས་མཆོད། སྔར་བཞིན་བསྟོད། གཏོར་མ་བསང་སྦྱང་བྱིན་བརླབས་ནས། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པས་བསྟོད། བཅོམ་ལྡན་འདས་འཁོར་དང་བཅས་པས་མཆོད་སྦྱིན་གྱིས་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་
བྱིན་གྱིས་བརླབ་ཏུ་གསོལ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཇི་ལྟར་རིགས་པ་བྱ། དེ་ནས་བུམ་པ་བཛྲ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ་ནས། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་ནང་བཅུད་ཀྱིས་གང་བར་བསམས་ལ། བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩིའི་རྒྱུན་བྱུང་བུམ་པའི་ནང་དུ་འབབ་པར་བསམས་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཇི་ལྟར་རིགས་པ་བཟླ། འདི་ལ་ལྷ་བསྐྱེད་པ་མེད། བཅུ་གཅིག་ཞལ་གྱི་བུམ་སྒྲུབ་དང་འདྲ་བར་འདུག དེ་ནས་སློབ་མ་བོས་ལ་ཁྲུས་བྱས་གྲལ་ལ་འཁོད་པ་ནི། མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། འོ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་ཁ་བ་ཅན་འདིར་ཐུབ་པའི་བསྟན་པ་རིན་པོ་ཆེའི་སྣང་བྱེད་གཅིག་པུར་གྱུར་པ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ལྷག་པའི་ལྷ་ཁྱད་པར་ཅན་རྣམ་པ་བཞི་ཞེས་གྲགས་པ་ལས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་གཙོ་འཁོར་གསུམ་པའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པའི་སྐབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་
རིམ་པ་མཎྜལ་འབུལ་ཞིང་གསོལ་གདབ་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་སློབ་དཔོན་ལ་ཐུབ་པའི་དབང་པོ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཞུ་སྙམ་པར་གྱིས་ལ་མཎྜལ་འབུལ་བར་ཞུ། དེ་ཚར་བ་དང༌། དེ་ལྟར་མཎྜལ་ཕུལ་ནས་ཁྱེད་རང་རྣམས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོ་གཙོ་འཁོར་རྣམས་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་གཙོ་འཁོར་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། དངོས་གཞི་ལ་རྗེས་གནང་གི་གཞི་ལུས་སྒྲུབ་པའི་སླད་དུ། སློབ་དཔོན་ལ་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པའི་མོས་པ་མཛོད།
དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། སྭ་བྷཱ་ཝ་སོགས། ཞེས་བརྗོད་པས་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་དང་ཟླ་བའི་གདན་སྟེང་དུ་བདུད་བཞི་མནན་པའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སོགས་ནས། ལྡེམ་པའི་ཚུལ་གྱིས་བཞུགས་པ། གཙོ་འཁོར་གསུམ་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུབ་པའི་དབང་པོ་གཙོ་འཁོར་གསུམ་གྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱི་བརླབས་པའི་མོས་པ་མཛོད། སློབ་དཔོན་གྱིས་ཏིང་ཤག་རྡུང་ཞིང༌། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཨཱ་བེ་ཤ་ཡ་ཨཿཨཱཿ ལན་ཁ་ཡར་བརྗོད་ཅིང༌། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་ཡུམ་བཞིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བ་ཐོགས་ཏེ་སློབ་དཔོན་དང་ལྷན་ཅིག་ཏུ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པ་བརྗོད་ཅིང་བུམ་ཆུ་ཁྱོར་བར་སྦྱིན། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རིགས་ལྔ་དང་འཁོར་གཉིས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། དེས་ལུས་ཀྱི་སྒྲིབ་པ་དག་ནས་སྐུའི་བྱིན་རླབས་ཞུགས་ཏེ་སྐུའི་རྗེས་གནང་ཐོབ་པ་ཡིན། གསུང་གི་རྗེས་གནང་ནི། སློབ་
དཔོན་ཤཱཀྱ་ཐུབ་པར་གསལ་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་ཆད་པའི་ཚུལ་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པའི་མོས་པས་འདིའི་རྗེས་ཟློས་མཛོད། གཙོ་འཁོར་རྣམས་ཀྱི་སྔགས་རིམ་པ་བཞིན་དུ་རྗེས་ཟློས་ལན་གསུམ་རེ་བྱེད་དུ་གཞུག སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བྱང་ཆུབ་མ་ཐོབ་བར་དུ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །དེས་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་གཙོ་འཁོར་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་ནས་ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་དང༌། ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་བར་བསམས་ལ་སྤྲོས་མེད་རྣམ་པར་མི་རྟོག་པའི་ངང་དུ་ཅུང་ཟད་མཉམ་པར་འཇོག་མཛོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན། དེ་ལྟར་རྗེས་གནང་གི་དངོས་གཞི་གྲུབ་ནས། དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་བའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་སློབ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ལུས་ལོངས་སྤྱོད་རྣམས་ཀྱང་འབུལ་ན་ཆ་ཤས་ནས་བཞེད་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་
མཛོད། དེང་ནས་བརྩམས་ཏེ་སོགས་གསུམ། དེས་ཇོ་བོ་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ་ལྷ་བཞི་ལས། ཐུབ་པའི་དབང་པོ་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་དཔོན་སློབ་ཐུན་མོང་དུ་བརྗོད་པས་དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང༌། རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ་མཆོད་བསྟོད་སྔར་བཞིན། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ནས། མ་འབྱོར་པ་དང་སོགས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སོགས་དང༌། བཛྲ་མུཿབརྗོད་པས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། དགེ་བ་བསྔོ་ཤིས་པ་བརྗོད། འདི་སྔོན་དུ་བཏང་ནས་ཐུབ་པའི་དབང་པོའི་ལྟ་ཁྲིད་རྟེན་འབྲེལ་སྙིང་པོ་འཆད་པ་ལ་འཇུག་གོ། ༈ །ཐུགས་རྗེའི་སྤྱན་རས་འགྲོ་དྲུག་སེམས་ཅན་ལ། །ནམ་ཡང་གཡོ་མེད་གཟིགས་པའི་སྐྱོབ་པ་མཆོག །སྐྱོན་བྲལ་གངས་རིའི་ཕུང་པོ་ལྟ་བུའི་སྐུ། །འཕགས་མཆོག་གཙོ་འཁོར་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་བསྒོམ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་ནས་ཡེ་ཤེས་ཚོགས་བསགས་ཀྱི་བར་སྔར་གྱི་འགྲོས་སྦྱར་བས་ཤེས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་བགྲང་ཕྲེང་དང༌། གཡོན་འོག་མ་ན་པདྨ་དཀར་པོ་བསྣམས་ནས་འདབ་མ་སྙན་གྱི་ཐད་དཀར་ཁ་བྱེ་བ། དར་དཀར་པོའི་སྟོད་གཡོགས་དང་དམར་པོའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་
གཡས་ན་སྲས་ནོར་བུ་འཛིན་པ་སྐུ་མདོག་སེར་པོ། གཡོན་ན་ཡུམ་ཡི་གེ་དྲུག་མ་སྐུ་མདོག་དཀར་མོ་གཉིས་ཀའང་ཞལ་གཅིག་ཕྱག་གཞི། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། ཞབས་གཉིས་ཕྱེད་སྐྱིལ་དུ་བཞུགས་ནས་གཙོ་བོ་ལ་ཞལ་ཕྱོགས་པ། གསུམ་ཀའི་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་ལྷ་སྤྱན་དྲངས་དབང་བསྐུར་བས། གཙོ་བོ་ལ་འོད་དཔག་མེད། འཁོར་གཉིས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པས་བསྐོར་བ་ལས་འོད་ཟེར་འཕྲོས་འདུས་སེམས་ཅན་གྱི་དོན་བྱས་པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁོར་གཉིས་གཙོ་བོ་ལ་བསྡུ། དགེ་བ་བསྔོ། འདིའི་རྗེས་གནང་ནི་མཎྜལ་གྱི་ཁར་ཚོམ་བུ་གསུམ། མཆོད་གཏོར་བུམ་པ་རྣམས་སྔར་བཞིན་བཤམ། མཆོད་པ་བྱིན་རླབས་བདག་མདུན་གྱི་རིམ་པ་སོགས་སྔར་བཞིན་དུ་བྱ། རྗེས་གནང་གི་ཆིངས་ཀྱང་ལྷ་སྔགས་བསྒྱུར་བ་མ་གཏོགས་སྔར་གྱི་འགྲོས་ཇི་ལྟ་བ་བཞིན་སྦྱར་བས་ཤེས་སོ། །འདི་སྔོན་དུ་བཏང་ནས་སྤྱན་རས་གཟིགས་ཀྱི་དམར་ཁྲིད་སྐྱེར་སྒང་ལུགས་འཆད་པ་ལ་འཇུག་གོ། ༈ །ཡེ་ཤེས་རལ་གྲིས་མི་ཤེས་མ་ལུས་གཅོད། །སྡིགས་མཛུབ་ཞགས་པས་བདུད་ཀུན་འདར་ཞིང་འཆིང༌། །བགེགས་ལ་མཆེ་གཙིགས་རྔམ་པ་ཁྲོ་བོའི་རྒྱལ། །རྗེ་བཙུན་མི་གཡོ་མགོན་པོས་འགྲོ་འདི་སྲུངས། །མི་གཡོ་བ་སྒོམ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་སོགས་སྔར་བཞིན། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་ག་ཡོངས་སུ་གྱུར་པ་
ལས། རང་ཉིད་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་ཟར་མའི་མེ་ཏོག་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་པ། མི་གཡོ་མཉམ་པའི་སྤྱན་གསུམ་དང་ལྡན་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། སྨ་ར་སྨིན་མ་མེ་ལྟར་འབར་ཞིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། མཆེ་བས་མ་མཆུ་མནན་པ། ཕྱག་གཡས་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་སྡིག་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་བསྣམས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་དཀར་པོས་མཆོད་ཕྱིར་ཐོག་འཆང་བ། སྟག་གི་པགས་པའི་ཤམ་ཐབས་ཅན་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ཞབས་གཉིས་གཡས་བསྐུམ་ཞིང་གཡོན་བརྐྱངས་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་གསུམ་བྱིན་བརླབ་ཡེ་ཤེས་པ་གཞུག དབང་ལྷ་སྤྱན་དྲངས། དབང་བསྐུར་བས་མི་བསྐྱོད་པས་དབུར་བརྒྱན། ཨཱརྻ་ཨ་ཙཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །མཐའ་བྲལ་བདེ་ཆེན་ཁྲོ་བོའི་རྒྱལ་པོའི་སྐུ། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམ་ཞིང་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་མི་ཤེས་པའི་མུན་པ་དང་བདུད་བཞིའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅི་ནུས་བཟླ། རྗེ་བཙུན་མི་གཡོ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བདུད་བཞིའི་བར་གཅོད་ཐམས་ཅད་ཞི་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། དགེ་བ་བསྔོ།
འདིའི་རྗེས་གནང་ནི་ཚོམ་བུ་གཅིག་གིས་ཆོག མཆོད་གཏོར་སོགས་སྔར་བཞིན། མཆོད་པ་བྱིན་རླབས། བདག་བསྐྱེད་མདུན་བསྐྱེད་བུམ་སྒྲུབ་རྣམས་ལྷ་སྔགས་བསྒྱུར་བ་མ་གཏོགས་སྔར་དང་འདྲ། རྗེས་གནང་གི་ཆིངས་ཀྱང་སྔར་གྱི་འགྲོས་སྦྱར་བས་ཤེས་སོ། །འདི་སྔོན་དུ་བཏང་ནས་མི་གཡོ་བའི་ཁྲིད་བྲམ་ཟེ་ཆེན་པོའི་ཆོས་དྲུག་འཆད་པ་ལ་འཇུག་གོ། ༈ །མརྒད་མདངས་ལྡན་སྒེག་མཛེས་ཡིད་འཕྲོག་སྐུ། །ཕྱག་གཡས་མཆོག་སྦྱིན་འགྲོ་ལ་འདོད་དགུ་སྩོལ། །གཡོན་ན་ཨུཏྤལ་གསར་པ་མཉེན་ལྕུག་ལྡེམ། །བློ་གྲོས་མཆོག་སྩོལ་ཨཱརྻ་ཏཱ་རེ་རྒྱལ། །འདིར་སྒྲོལ་མ་ལྗང་གུ་གཙོ་འཁོར་གསུམ་བསྒོམ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་ནས་ཡེ་ཤེས་ཚོགས་བསགས་ཀྱི་བར་སྔར་བཞིན་འགྲོས་སྦྱར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཏཱྃ་ཡིག་ལྗང་གུ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་ཅིང༌། འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། དེའི་གཡས་སུ་འོད་ཟེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་མྱ་ངན་མེད་པའི་ཤིང་དང༌། གཡོན་མེ་ཏོག་བ་ཀུ་ལ་འཛིན་པ། གཡོན་དུ་ཁྲོ་གཉེར་ཅན་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། ཞབས་ཕྱེད་ཀྲུང་གིས་བཞུགས་པ། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་ལྷ་སྤྱན་དྲངས། དབང་བསྐུར་བས་གཙོ་མོ་ལ་དོན་ཡོད་གྲུབ་པ་དང་འཁོར་གཉིས་ལ་གཙོ་མོ་ཉིད་ཀྱིས་དབུར་བརྒྱན། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་
ཨརྒྷཾ་ལ་སོགས་པས་མཆོད། ལྷ་དང་ལྷ་མིན་ཅོད་པན་སོགས་ཀྱིས་བསྟོད། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་ལྗང་གུ་ལ་ཡི་གེ་བཅུ་པ་དང་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཀྱི་དོན་བྱས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བརྒྱ་རྩ་ལ་སོགས་པ་དང༌། གཟུངས་རིང་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། མ་མ་ཀྲྀ་ཏེ། སརྦ་དུཥྚཱན྄། པྲ་དུཥྚཱན྄། ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བྷནྡྷཱ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་ཏུཥྚཱན྄། སྟཾ་བྷཱ་ནི་ཏཱ་རེ་སྭཱ་ཧཱ། ཇི་ཙམ་ནུས་པ་བཟླ། རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་སོགས་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་པ་དང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། འཁོར་གཉིས་གཙོ་མོ་ལ་བསྡུ། དགེ་བ་བསྔོ། འདིའི་རྗེས་གནང་ནི། ཚོམ་བུ་གསུམ་རིམ་པར་བཤམས་པའི་དབུས་སུ་ཆེ་བ། གཡས་གཡོན་ཆུང་བ། མཆོད་གཏོར་བུམ་པ་རྣམས་སྔར་བཞིན་བཤམ། མཆོད་པ་བྱིན་རླབས། བདག་བསྐྱེད་མདུན་བསྐྱེད་མཆོད་བསྟོད་གཏོར་མ་བཟླས་པ་བུམ་སྒྲུབ་རྣམས་ལྷ་སྔགས་བསྒྱུར་བ་མ་གཏོགས་སྔར་བཞིན། རྗེས་གནང་ཡང་སྔར་གྱི་འགྲོས་སྦྱར་བས་«་་་་་སྔགས་རིང་ཐུང་གཉིས་ཀའི་བཟླས་ལུང་མཛད། »ཤེས་པར་ནུས་སོ། །འདི་སྔོན་དུ་བཏང་ནས་སྒྲོལ་མའི་ཁྲིད་རྗེས་དྲན་ལྔ་པ་འཆད་པ་ལ་འཇུག་གོ། ༈ །ཐེག་ཆེན་ཆོས་ཀྱི་ཉིང་ཁུ་བྱམས་སྙིང་རྗེ། །བྱང་ཆུབ་སེམས་འབྱོངས་བཀའ་བབས་བཀའ་གདམས་པའི། །ལྷ་བཞིའི་མངོན་རྟོགས་རྗེས་གནང་ཆོ་གའི་ཚུལ། །བསྟན་པ་ཡུན་དུ་གནས་ཕྱིར་འདིར་བཀོད་ལགས། །དེ་ལྟར་བཀའ་གདམས་ལྷ་བཞིའི་མངོན་རྟོགས་རྗེས་གནང་དང་བཅས་པ་འདི་ནི་རང་གཞན་ཀུན་གྱིས་ཉམས་སུ་བླང་བདེ་ཞིང་བསྟན་པའི་རྒྱུན་ལ་ཕན་པར་བྱ་བའི་ཕྱིར་ཐམས་ཅད་
མཁྱེན་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ཞབས་ཀྱི་པདྨོ་ལས་ཆོས་འདིའི་བཀའ་དྲིན་གྱི་བདུད་རྩི་ཐོབ་པ་དགེ་སློང་སྡེ་སྣོད་འཛིན་པ་ངག་དབང་ཆོས་ཀྱི་གྲགས་པས་མེ་མོ་ཡོས་ལོ་ཟླ་བ་ལྔ་པའི་ཚེས་གསུམ་གྱི་ཉིན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ། །འདིའི་བརྒྱུད་པ་ནི། ཐོག་མའི་བརྒྱུད་རིམ་ཇོ་བོས་བླ་མ་སོ་སོར་གསན་ཅིང༌། ཇོ་བོས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ལ། དེས་རོང་པ་ཕྱག་སོར་བ། དེ་ནས་བྱ་འདུལ་འཛིན། མཁན་པོ་ཆོས་ཀྱི་བྱང་ཆུབ། མཁན་པོ་ཟུལ་ཕུ་བ། སློབ་དཔོན་དཀོན་མཆོག་སེང་གེ དེ་གཉིས་ཀ་ལས་མཁས་བཙུན་ཚུལ་ཁྲིམས་རིན་ཆེན། བླ་མ་དར་མ་བཟང་པོ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། བླ་མ་རྒྱལ་མཚན་དོན་གྲུབ། ཆོས་རྗེ་གཙང་པ་རིན་ཆེན་རྒྱལ་མཚན། བྱ་བཏང་བོ་བྷི་སཏྭ། འཇམ་དབྱངས་རིན་ཆེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྙུག་ལ་པཎ་ཆེན་ངག་དབང་གྲགས་པ། ལྕགས་ཐང་རབ་འབྱམས་པ་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ། དེས་བདག་ངག་དབང་ཆོས་གྲགས་ལའོ།«་་་་་ཁོ་བོས་སྔར་བྱས་པའི་བཀའ་གདམས་ལྷ་བཞིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཞིག་མཆིས་ཀྱང༌། སླད་ནས་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་གསུང་རབ་འདི་ཉིད་ལུང་རྒྱུན་དང་བཅས་པ་རྙེད་པས་བྱིན་རླབས་ཆེ་བར་བསམས་ནས་སོར་བཞག་ལ། རྗེས་གནང་གི་སྐབས་གསལ་བྱེད་ཕྲན་བུ་དཀྱུས་སུ་བཅུག་པའོ། །ཞེས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ།། »༈ །བཀའ་གདམས་ལྷ་བཞིའི་ཁྲིད་ཀྱི་ཡི་གེ་མདོ་སྔགས་ལམ་གྱི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། རབ་ཏུ་མི་གནས་ཡེ་ཤེས་དང༌། །ཟབ་མོ་རྟེན་འབྲེལ་ཆོས་མཁྱེན་ནས། །འཇིག་རྟེན་གསུམ་གྱི་ལམ་སྟོན་པ། །ཐུབ་མཆོག་དེ་ལ་གུས་བཏུད་དེ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ། །རྒྱལ་བ་སྲས་བཅས་གཤེགས་པའི་ཤུལ། །གང་དེའི་ཁྲིད་ཡིག་མདོར་བསྡུས་པ། །བླ་མའི་གསུང་
བཞིན་བྲི་བར་བྱ། །འདིར་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་མངའ་བདག་མཉམ་མེད་ཇོ་བོ་བཀའ་གདམས་པའི་ཐུགས་དམ་ལྷ་བཞིའི་ཡ་གྱལ་བསྟན་པ་འདིའི་བདག་པོ་སྟོན་པ་ཐུབ་པའི་དབང་པོའི་ལྟ་ཁྲིད་ཟབ་མོ་འཆད་པ་ལ། བཤད་བྱའི་ཆོས་ངོས་བཟུང་བ། ཇི་ལྟར་འཆད་པའི་ཚུལ། སྐབས་དོན་གྱི་གདམས་ངག་དངོས་དང་གསུམ། དང་པོ་ནི། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་དེས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་ཐམས་ཅད་ཀྱང་བསྡུ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་འདུ། དེའང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས། ཐེག་ཆེན་ལ་རྒྱུ་ལམ་བྱེད་མཚན་ཉིད་ཐེག་པ་དང༌། འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་གཉིས་ཡོད། རྡོ་རྗེ་ཐེག་པ་ལ་དབྱེ་སྒོ་མང་ཡང་ཀླུ་སྒྲུབ་དང་ཇོ་བོ་ཡབ་སྲས་ཀྱི་བཞེད་པས། མདོ་སྡེ་རྟོག་པའི་རྒྱུད་དང༌། བྱ་སྤྱོད་རྣལ་འབྱོར། རྣལ་འབྱོར་བླ་མེད་དང་ལྔར་བཞུགས། བྱ་རྒྱུད་ལ་རིགས་དྲུག་ཡོད་པའི་ནང་ཚན་དེ་བཞིན་གཤེགས་པའི་རིགས་ལའང་རིགས་ཀྱི་བདག་པོ་གཙོ་བོ་ཡབ་ཡུམ་སོགས་ཀྱི་དབྱེ་བ་མང་དུ་བཞུགས་པ་ལས། ད་ལམ་སྐབས་སུ་བབས་པ་འདི་ནི་ཐེག་ཆེན་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོར་བྱེ་བྲག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ལ། འཕགས་པའི་ཡུལ་གྱི་པཎྜི་ཏ་རྣམས་ཀྱིས་ཆོས་འཆད་པའི་ལུགས་སྲོལ་གཉིས་ལས་སྐབས་འདིར་དཔལ་ལྡན་ཨ་ཏི་ཤ་ཉིད་གང་ལ་བྱུང་བའི་འབྲེལ་གྱིས། བི་ཀྲ་མ་ཤཱི་ལའི་མཁས་པ་རྣམས་ཀྱི་ཕྱག་བཞེས་ལྟར། མཛད་པ་པོའི་ཆེ་བ། ཆོས་ཀྱི་ཆེ་བ། འཆད་ཉན་ཇི་ལྟར་བྱ་བ། གང་འཆད་བྱའི་ཆོས་དངོས་བཅས་སྡོམ་བཞིའི་སྒོ་ནས་འཆད་པ་ལ། དང་པོ་ཆོས་འདི་གང་གིས་མཛད་ན། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤ་མར་མེ་མཛད་ཅེས་ས་གསུམ་ན་སྐུ་ཆེ་བའི་ཡོན་ཏན་ཡོངས་སུ་གྲགས་པ་དེས་སོ། །གཉིས་པ་དེས་
མཛད་པའི་ཆོས་དེ་ཇི་ལྟ་བུ་ཞིག་ཅེ་ན། དཔལ་ཇོ་བོ་རྗེས་སྤྱན་རས་གཟིགས་དངོས་འབྲོམ་སྟོན་རིན་པོ་ཆེ་ལ་ལྷག་པའི་ལྷ་གྲངས་མེད་པ་ཞིག་གདམ་ང་བསྐུར་བའི་ཚེ་རིན་པོ་ཆེའི་གླིང་ནས་ཡིད་བཞིན་ནོར་བུ་ལྟ་བུའི་ལྷ་བཞི་གདམ་པར་མཛད་པའི་ཐོག་མར་བསྟན་པ་འདིའི་སྟོན་པ། བདག་ཅག་རྣམས་ཀྱི་སྐྱབས་གནས་གཅིག་པུ་བ་སྟོན་པ་ཐུབ་པའི་དབང་པོ་རྡོ་རྗེ་གདན་པའི་ལྟ་ཁྲིད་ཀྱི་རིམ་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་འབྲས་བུའི་ཐེག་པའོ། །དེའང་འདི་དག་བྱ་རྒྱུད་དུ་འཆད་ཀྱང་བྱ་རྒྱུད་རང་རྐང་ཚུགས་པའི་ལུགས་ནི་མ་ཡིན་ཏེ་ངོ་བོར་བྱ་རྒྱུད་ལ། རྣམ་འགྱུར་རྒྱུད་སྡེའི་རྟོགས་པ་བསྲེས་པའོ། །ཞེས་གསུངས་སོ། །གསུམ་པ་ཆེ་བ་དེ་ལྡན་གྱི་ཆོས་དང་འཆད་ཉན་བྱ་བའི་སྐབས་སུ་བབས་པ་ན། འཆད་པ་པོ་སློབ་དཔོན་ཡང་ལུས་ངག་ཡིད་གྱི་གནས་ངན་ལེན་སྤངས་ཏེ་ཚུལ་གསུམ་དང་ལྡན་ལ། ཉན་པ་པོ་རྣམས་ཀྱང་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་ལ་སོགས་པ་སྤངས་ནས་འདུ་ཤེས་བཞིའམ་དྲུག་སོགས་ཀྱི་ཡོན་ཏན་དང་ལྡན་པས་འཆད་ཉན་བྱ་སྟེ་སྐབས་འདིར་ནུས་ན་རྒྱས་པར་འཆད་པ་གལ་ཆེའོ། །བཞི་པ་བཤད་བྱ་དངོས་ནི་དེ་མ་ཐག་པར་འབྱུང་བ་ཉིད་དོ། །གསུམ་པ་སྐབས་དོན་ཉམས་ལེན་དངོས་ལ་རྒྱུད་སྨིན་པར་བྱེད་པ་དང༌། སྨིན་པ་གྲོལ་བར་བྱེད་པའི་རིམ་པ་གཉིས་ཀྱི་དང་པོ་ནི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ནོད་པ། གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ་སྔོན་འགྲོ། དངོས་བཞི། རྗེས་དང་གསུམ་གྱིས་ཉམས་སུ་བླང་བར་བྱའོ། །དང་པོ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །ཐུན་མོང་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་རིམ། དེ་བློ་ལྡོག་རྣམ་པ་བཞི་ལ་སྦྱར་བའི་ཚུལ་ལོ། །དེ་ལས་དང་པོ་ནི། སྤྱིར་སྐྱེས་བུ་གསུམ་གྱི་ལམ་གྱི་མངོན་རྟོགས་ལ་སོགས་པ་དཀར་པོའི་ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་
ལ་བུ་སྐྱེད་པའི་མ་དང་འདྲ་བར་མེད་ཐབས་མེད་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་པ་སྔོན་དུ་འགྲོ་བས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་འཇིག་རྟེན་ཕྱི་མར་མྱོང་འགྱུར་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཏེ་བསོད་ནམས་ཆ་མཐུན་གྱི་ལས་མངོན་པར་མཐོའི་ཚུལ་ཁྲིམས་སྲུང་བ་ལ་སོགས་པས་ལྷ་མིའི་བདེ་འབྲས་ལ་སྦྱོར་བ་སྐྱེས་བུ་ཆུང་ངུའི་ལམ། ཁམས་གསུམ་གྱི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་འོབས་དང་མི་གཙང་བའི་དོང་ལྟ་བུ་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་གི་བདེན་པ་རྟོགས་ནས་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་བློས། ཐར་པ་ཆ་མཐུན་གྱི་ལས་དང་ལམ་གྱི་འཇུག་ལྡོག་ཚུལ་བཞིན་བྱས་པ་ལ་བརྟེན་ནས་གནས་སྐབས་ཀྱི་འགོག་པའི་བདེན་པ་མངོན་དུ་བྱེད་པ་སྐྱེས་བུ་འབྲིང་གི་ལམ། སྲིད་དང་ཞི་བ་གཉིས་ཀར་མི་གནས་པའི་སྙིང་རྗེ་དང་ཤེས་རབ་ཀྱིས་བསྡུ་བའི་དངོས་པོ་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་བསླབ་ཅིང་སྤྱོད་ནས་ལམ་ལྔ་དང་ས་བཅུ་བགྲོད་དེ་མི་གནས་པའི་མྱང་འདས་སྒྲུབ་པ་སྐྱེས་བུ་རབ་ཀྱི་ལམ་སྟེ། དེ་དག་ཀྱང་སྔ་མ་སྔ་མ་ལ་སྟེགས་བྱས་ནས་ཕྱི་མ་ཕྱི་མའི་བློ་བསྐྱེད་དགོས་པས། སྐབས་འདིར་ཡང་གོ་མྱང་གི་སྒོ་ནས་རྒྱུད་ལ་འགྲེ་ངེས་སུ་བསླབ་བོ། །གཉིས་པ་གདམས་ངག་པ་རྣམས་ཀྱིས་བློ་ལྡོག་རྣམ་པ་བཞིར་ཐུན་མོང་གི་སྔོན་འགྲོར་བསྡུས་ནས་འཆད་དེ། དེའང་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་ལས་རྒྱུ་འབྲས་རགས་པ་ཙམ་བསམ་པ་དང་སྐྱེས་བུ་ཐ་མའི་ལམ་དོན་གཅིག དེ་སྟེང་ལས་རྒྱུ་འབྲས་ཕྲ་བ་དང་འཁོར་བའི་ཉེས་དམིགས་བསམ་པ་རྣམས་སྐྱེས་བུ་འབྲིང་པོའི་ལམ་དང་དོན་གཅིག དེ་དག་གི་སྟེང་དུ་ལྷག་པའི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྣན་པ་སྐྱེས་བུ་ཆེན་པོའི་ལམ་སྟེ། ཐོག་མར་ཁམས་གསུམ་སྲིད་པ་མཐའ་དག་ལ་བློ་མ་ལྡོག་ན། ལམ་ཚད་ལྡན་བསྒོམ་པའི་སྣོད་མེད་པས་སྐྱེས་བུ་གསུམ་གྱི་ལམ་
རིམ་མཐའ་དག་བློ་ལྡོག་རྣམ་པ་བཞིར་བསྡུས་ཏེ་རང་གཞན་ཐམས་ཅད་སྲིད་ལས་ངེས་པར་འབྱིན་འདོད་ཀྱི་བློ་བཅོས་མ་མིན་པ་མ་སྐྱེས་ཀྱི་བར་དུ་བསྒོམ་པ་གལ་ཆེའོ། དེ་དག་གིས་སྒོམ་ཚུལ་རྒྱས་པ་ནི་ཁྲིད་རིམ་གཞན་ནས་འབྱུང་བ་ཉིད་ཅི་ནུས་སུ་ཉམས་སུ་བླང་ངོ༌། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ལྔ་སྟེ། ལམ་གྱི་རྩ་བ། མཐུན་རྐྱེན་རྫོགས་པ། འགལ་རྐྱེན་སྦྱོང་བ། བྱིན་རླབས་འཇུག་པ། མཚན་བཅས་ཀྱི་རྣལ་འབྱོར་རོ། །དེ་ལ་དང་པོ་ལམ་གྱི་རྩ་བ་ལ་གཉིས་ཏེ། ཐེག་པ་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ། ཐེག་ཆེན་ཐུན་མོང་མིན་པའི་རྩ་བ་སེམས་བསྐྱེད་པའོ། །དེ་དག་གི་གོ་ཁྲིད་རྒྱས་པར་འདིར་མི་འཆད་ཅིང་བསྒོམ་དོན་སྙིང་པོ་བསྡུ་ན་དང་པོ་སྐྱབས་འགྲོ་ལ་གསུམ་སྟེ་ཡུལ་གང་ཟག་ཚུལ་ལོ། །དེ་ཡང་བདེ་བའི་སྟན་ལ་ལུས་གནད་དཀྱུས་མཐུན་བཅས། ཐུན་མོང་གི་སྔོན་འགྲོ་སྔར་འབྱོངས་ཟིན་རུང་སྐབས་འདིར་ལམ་ཙམ་གསལ་གདབ་ནས་སྐྱབས་སུ་འགྲོ་བའི་ཡུལ་གསལ་བ་ནི། ས་ཕྱོགས་དག་པའི་ཞིང་ཁམས་བཀོད་པ་ཚད་མེད་པའི་དབུས་སུ་འདོད་དགུ་ཆར་དུ་འབེབས་པའི་དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་རབ་ཏུ་རྒྱས་པའི་དབུས་ཀྱི་སྙིང་པོར། སེང་ཁྲི་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་སྟོན་པ་བཅོམ་ལྡན་འདས་སྤྲུལ་སྐུའི་ཆ་ལུགས་ཅན་བཞུགས་པའི་མཐའ་སྐོར་ལྗོན་པའི་བར་མཚམས་རྣམས་སུ། དཀོན་མཆོག་རྩ་གསུམ་ཡེ་ཤེས་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་བཞིན་དུ་བཞུགས་པར་མོས། གང་ཟག་གང་གིས་སྐྱབས་སུ་འགྲོ་ན། སྐྱབས་ཡུལ་དེ་དག་གི་མདུན་དུ་ཚེ་འདིའི་ཕ་མ་དང་སྡང་དགྲ་གནོད་བྱེད་ཀྱིས་གཙོར་བྱས། མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་པ་འཁོད་པའི་འདྲེན་དཔོན་རང་ཉིད་ཀྱིས་བྱས་ཏེ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། ལུས་གུས་པས་ཕྱག ངག་གུས་པས་སྐྱབས་འགྲོ། ཡིད་གུས་པས་དད་མོས་རྩེ་གཅིག་པའི་ངང༌། འདི་ནས་བྱང་
ཆུབ་བར་དུ་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་བློ་སྔོན་དུ་འགྲོ་བས། སྐྱབས་འགྲོའི་ཚིག་རྒྱས་འབྲིང་གང་ལྕོགས་སམ། བསྡུ་ན་སངས་རྒྱས་ཆོས་ཚོགས་སོགས་ཇི་ཙམ་ནུས་པ་གསག གཉིས་པ་སེམས་བསྐྱེད་པ་ལའང་གསུམ་སྟེ། དམིགས་པའི་ཡུལ་མཁའ་ཁྱབ་སེམས་ཅན་བསམ་འོག་ཏུ་བཅུག་སྟེ། དམིགས་པའི་གང་ཟག་རང་ཉིད་ཀྱིས་དམིགས་པའི་རྣམ་པ་སྨོན་འཇུག་གི་བདག་ཉིད་ཅན་དུ་སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བློས་ཚིག་རིས་རྒྱས་པ་གཞན་ནམ། བདག་གིས་སྦྱིན་སོགས་ལ་སོགས་པ་བརྗོད་ཅིང༌། མཐར་ཚངས་གནས་བཞི་ལ་བློ་བཞག་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་པ་བཞི་བསྒོམ། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། རང་བཞིན་ཉེས་ལྟུང་སྡིག་སྒྲིབ་ཞི། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས། འཁོར་རྣམས་འོད་དུ་ཞུ་གཙོ་བོ་ལ་ཐིམ། གཙོ་བོ་འོད་ཞུ་རང་ལ་ཐིམ། བླ་མ་དཀོན་མཆོག་གི་བྱིན་རླབས་ཞུགས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་བར་བསམས་ལ་མཉམ་པར་བཞག་གོ །གཉིས་པ་མཐུན་རྐྱེན་ཚོགས་མཆོག་རྫོགས་པར་བྱེད་པ་མཎྜལ་ནི། གོང་དུ་སྐྱབས་ཡུལ་བསྡུས་ན་ཚོགས་ཞིང་སླར་གསལ་འདེབས་པའམ། འོན་ཀྱང་སྤྲོས་པ་བསྡུ་ན་སྐྱབས་ཡུལ་མི་བསྡུ་བར་དེ་ཉིད་ཚོགས་ཞིང་དུ་བྱས་པའི་མདུན་དུ། ངོ་བོ་རང་གཞན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དུས་གསུམ་དུ་བསགས་པ་ཇི་སྙེད་ཡོད་པ། རྣམ་པ་གླིང་བཞི་རི་རབ་སྣོད་ཀྱི་བཀོད་པ་ཁྱད་པར་འཕགས་པ་ལ་ལྷ་དང་མིའི་དཔལ་འབྱོར་སོགས་བཅུད་ཀྱི་ཡོན་ཏན་མ་ཚང་བ་མེད་པ། གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་དང་མཉམ་པ། རྒྱ་ནམ་
མཁའི་མཐའ་ཀླས་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ལ་འབུལ་བའི་མོས་པས། མཎྜལ་དངོས་སུ་ངེས་པར་བཤམས་ཏེ་ཕྱག་ལེན་ལྟར་རྒྱས་པར་ཚོམ་བུ་སོ་བདུན་མ་སོགས་དང༌། བསྡུ་ན་ཇོ་བོས་མདོ་ལས་བཏུས་པར་གྲགས་པ། ས་གཞི་སྤོས་བྱུགས་མས་ཚར་བརྒྱ་སྟོང་དུ་ཕུལ་བའི་མཐར་ཕུལ་བ་དེ་དག་ཚོགས་ཞིང་རྣམས་ཀྱིས་བདག་གིར་མཛད། བདག་གཞན་ཐམས་ཅད་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་ད་ལྟ་ཉིད་དུ་འཚང་རྒྱ་ནུས་པ་ཙམ་དུ་སོང་བར་མོས་མཐར་ཚོགས་ཞིང་རང་ལ་བསྡུའོ། །གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོར་སེམས་སྒོམ་བཟླས་ནི། རང་ཐ་མལ་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆས་རྫོགས་པ། ཞབས་སེམས་སྐྱིལ་དུ་བཞུགས་པའི་གཡས་ཀྱི་མཐོ་བོང་རང་གི་སྨིན་མཚམས་ལ་རེག་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོས་བསྐོར་བར་མོས་ལ་སེམས་ཅུང་ཟད་འཛིན། རྒྱས་པར་སྤྲོ་ན་ཡན་ལག་བཞི་རྫོགས་སུ་བསྐྱེད་ཀྱང་འགལ་བ་མེད་མོད་སྐབས་དོན་འདི་ཙམ་གྱིས་འཐུས་གསུངས། སྤྱིར་སྡིག་ལྟུང་སྦྱོང་བ་ལ་གཉེན་པོ་སྟོབས་བཞི་ཚང་དགོས་པས་དེ་ནི་རྟེན་གྱི་སྟོབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་རྒྱུ་དང་བཅས་པ་ལ་འགྱོད་ཅིང་གདུང་བའི་བློ་དྲག་པོ་བསྐྱེད་པ་སུན་འབྱིན་པའི་སྟོབས་སོ། །འགྱོད་པ་དེས་དྲངས་ཏེ། བླ་མ་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱང་བར་མཛད་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་དང་བཅས་ཡིད་རྩེ་གཅིག་པས་གསོལ་འདེབས་ཀྱི་ཚུལ་དུ་ཡིག་བརྒྱ་བཟླས་པས། ཐུགས་རྒྱུད་བསྐུལ། སྔགས་འཁོར་ལས་བདུད་རྩིའི་རྒྱུན་བབ། ཞབས་གཡས་པའི་མཐེ་བོང་བརྟོལ་ཏེ་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ཕྱི་ནང་ཐམས་
ཅད་བཀྲུས། ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་དག་པར་མོས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །མཐར། མགོན་པོ་བདག་ནི་སོགས་པ་ཨ་བྷི་དྷ་ནའི་རྒྱུད་ཚིག་ཡིན་ཕྱིར་སྐབས་འདིར་ཅུང་ཟད་མི་འབྲེལ་བས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་གཞན་སེམས་ཅན་གྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོར་སེམས་འོད་ཞུ་རང་ལ་ཐིམ་པས་ལུས་ཟག་མེད་ལྷའི་སྐུ། སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པར་མོས་ཏེ་མཉམ་པར་བཞག ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེ་བ་ལ་མི་འཇུག་པའི་བསམ་སྤྱོད་ལ་གནས་པ་ནི་ཉེས་པ་སླར་ལོན་གྱི་སྟོབས་ཏེ་དེ་དག་དང་ལྡན་པ་ནི་སྡིག་པ་སྦྱོང་བའི་གཉེན་པོའི་མཆོག་གོ །བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ལ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་རྟེན་བསྐྱེད་པ་ནི། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ། རྣམ་པ་ཞིང་འདིའི་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཐུབ་པའི་དབང་པོ། སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་འོད་འབར་བ། ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་ས་གནོན་མཉམ་གཞག ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མཚན་དཔེས་བརྒྱན་པའི་སྐུ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་བསམ། དེ་ལ་རྩ་བརྒྱུད་ཀྱི་བླ་མ་སོགས་སྐྱབས་ཡུལ་ཡོད་དགུ་ཅོག་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་མོས་ལ། དངོས་གཞི་གསོལ་བ་འདེབས་པ་ནི། གདུང་ཤུགས་དྲག་པོ་དང་བཅས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་པོ་ཡུན་རིང་བར་བཏབ། རྗེས་དབང་ཞུ་བ་
ནི། སླར་ཡང་མོས་གུས་དྲག་པོ་བཟོད་པར་དཀའ་བས་བླ་མའི་ཐུགས་རྒྱུད་བསྐུལ། དེ་ཉིད་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་མི་ཕྱེད་པར་གྱུར་ཏེ་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ་བཟོ་མེད་ཀྱི་རང་ངོ་བསྐྱང་ངོ༌། །ལྔ་པ་མཚན་བཅས་ཀྱི་རྣལ་འབྱོར་ཐུབ་པའི་བསྒོམ་བཟླས་ནི། སྔོན་འགྲོའི་རྗེས་ཐོག་ཏུ་ཡིན་ན་དངོས་གཞི་ལ་འཇུག་པས་ཆོག་ཅིང༌། སྐབས་གཞན་དུ་སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་སེར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཀྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་གཞག་མཛད་པ། ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་ཀློང་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདཀར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམ་པ་ནི་གནས་གསུམ་བྱིན་གྱིས་བརླབ་པ་ཉེ་བར་སྒྲུབ་པའི་ཡན་ལག་གོ །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཞེས་པ་ནི་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་གོ །སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔའི་
ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག ཡེ་ཤེས་ཀྱི་བདུད་རྩིས་ལུས་གང༌། ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པར་གྱུར། ཞེས་རྒྱས་གདབ་པ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་རྫོགས་ཀྱི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བ་ལ་ཡུན་རིང་དུ་སེམས་བཟུང་ནས་ཡང་ནས་ཡང་དུ་མཉམ་པར་བཞག་པ་ལ་གཙོ་བོར་བྱ། དེ་ལ་སེམས་མི་གནས་པའམ་སྐྱོ་ན་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་ཟླ་བའི་སྟེང་དུ་མུྃ་ཡིག་གསེར་གྱི་ཁ་དོག་ཅན་གྱི་མཐར། ནང་སྐོར་ལ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བར་སྐོར་ལ། ཏདྱ་ཐཱ་ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མཐའ་སྐོར་ལ་ཡེ་དྷརྨཱའི་སྔགས་ཕྲེང་ཁ་དོག་སེར་པོས་བསྐོར་བར་བསམ། དེ་ལས་འོད་འཕྲོས་ལུས་གང་སྡིག་སྒྲིབ་སྦྱངས། འོད་ཟེར་ཕྱིར་འཕྲོས་སངས་རྒྱས་ཐམས་ཅད་མཆོད། ཚུར་འདུས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་མོས་པ་བདག་དོན་བྱིན་རླབས་ཀྱི་བཟླས་པ་དང༌། ཡང་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་རང་ལ་ཐིམ་པར་མོས་པ་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་དག་ལ་སེམས་རྩེ་གཅིག་ཏུ་གཞོལ་བས་བཟླས་པའི་དངོས་གཞིའི་མུ་ནི་ལ་བྱ་ཞིང༌། ག་ཏེ་སུམ་ཆ་ཙམ་དང༌། མཐར་བརྟན་བྱེད་དུ་རྟེན་སྙིང་ཚར་ཁ་ཤས་བཟླས་ལ། སྤྲོ་ན་མཆོད་བསྟོད་མདོར་བསྡུས་བྱ། ལྷ་སྣང་ཡང་སྟོང་ཉིད་དུ་སྦྱང༌། འོད་གསལ་གྱི་ངང་ལ་སེམས་ཅི་གནས་སུ་གཞག མཐར་དགེ་བ་བསྔོའོ། །གཉིས་པ་དངོས་གཞི་ལ། ཐབས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། ཐབས་བྱུང་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པའོ། །དང་པོ་ལ་བཞི། བྱམས་པ་སྒོམ་པ། སྙིང་རྗེ་སྒོམ་
པ། དེ་དག་གི་བོགས་འདོན་པ། བྱང་ཆུབ་སེམས་བསྒོམ་པ་དངོས་སོ། །དང་པོ་ནི། རྒྱུ་འབྲས་ཀྱི་མན་ངག་བདུན་གྱི་སྒོ་ནས་རིམ་གྱི་སྒོམ་པའམ། མདོར་བསྡུ་ན། ཐོག་མར་སྐྱེ་སླ་བ་རྩ་བའི་མ་ལ་དམིགས་ཏེ་འདི་བདག་གི་མ་ཡིན། མ་འདིས་བདག་གིས་དལ་འབྱོར་གྱི་ལུས་དང་སྲོག་བསྐྱེད་པ་ནས་བརྩམས་ཏེ་ཕན་ཚད་མེད་པ་བཏགས། གནོད་པ་སྣ་ཚོགས་ལས་བསྐྱབས་པ་སོགས་དྲིན་ཆེ་བའི་རྒྱུ་མཚན་སྒོ་དུ་མ་ནས་བསམས་ལ་བྱམས་པ་དྲག་ཏུ་བསྒོམས་ལ་མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་དུང་དུང་བྱ། དེ་ལའང་འབྱངས་ནས་སྐྱེ་དཀའ་བ་ཚེ་འདིའི་དགྲ་ལ་བསྒོམ། དེ་ལའང་འབྱངས་ནས་རིམ་གྱིས་རྒྱ་ཇེ་ཆེར་བཏང་སྟེ་མཐར་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །གཉིས་པ་ནི། མ་འདི་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པས་འགྲུབ་པ་སྡུག་བསྔལ་འབའ་ཞིག་འགྲུབ་པའི་རྒྱུ་དང་འབྲས་བུ་ལ་སྤྱོད་པར་འདུག སྡུག་བསྔལ་གྱི་རྒྱུ་འབྲས་འདི་དང་བྲལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སྙིང་རྗེ་ཤས་མི་བཟོད་པ་ཙམ་དུ་བསྒོམ་ཞིང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་མི་འབྲལ་བར་བྱ། རྒྱ་ཇེ་ཆེ་ལ་བསླབ་པ་བྱམས་པ་ལྟར་བྱའོ། །གསུམ་པ་དེ་དག་གི་མྱོང་བ་ཅི་རིགས་པ་སྐྱེས་པ་ན། བོགས་འདོན་ཏུ་མྱ་ངན་གྱི་འདུག་སྟངས་ཞེས་པ་ལུས་ཙོག་པུར་བྱ། ལག་པ་གཉིས་ཀྱིས་འགྲམ་པ་སྐྱོར། སྲིན་ལག་ཁར་འཛུད། མ་རྒན་མདུན་དུ་བསྒོམས་ལ་བྱམས་སྙིང་རྗེ་ཚད་མེད་པ་ཤུགས་བསྐྱེད་ལ། ངག་ཏུའང་ངའི་ཨ་མ་ཞེས་མང་དུ་བརྗོད་ཅིང༌། དེའང་རྒྱ་ཇེ་ཆེ་ལ་བསླབ་པ་དང༌། ཁྱད་པར་དུ་གང་སྙིང་རྗེ་སྐྱེ་དཀའ་བ་དེ་ལ་ཕུལ་ཚུགས་སུ་བསྒོམ་པར་བྱའོ། །བཞི་པ་དོན་དམ་བྱང་ཆུབ་ཀྱི་སེམས་ནི་འོག་ནས་འབྱུང་བས་འདིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། འདི་ལྟར་མ་རྒན་དྲིན་ཅན་འདི་རྣམས་སྙིང་རྗེ་སྙམ་པ་ཁོ་ནས་མི་ཆོག ཕན་པའི་ལན་དུ་ཕན་གདགས་
དགོས་པར་འདུག ཕན་འདོགས་པོའང་བདག་བུ་སྡུག་པ་ཁོ་ན་ལ་བབ། གཞན་ལ་ཁག་བསྙད་ས་མེད་དེ་ཐམས་ཅད་མ་ཡིན་པར་མཚུངས། ཕན་ཕྱོགས་རེ་བཏགས་ཀྱང་ཕན་པ་མེད་པས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་ཐོག་མར་ལམ་ཟབ་མོ་བསྒོམ་པ་ལ་སོགས་པ་སངས་རྒྱས་འཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པར་བྱའོ་སྙམ་དུ་བསམ་པ་དངོས་གཞི་དང༌། ཡན་ལག་ཏུ་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་བདག་ལ་ལེན་ཅིང༌། བདག་གི་བདེ་སྐྱིད་རྒྱུ་དང་བཅས་པ་གཞན་ལ་སྦྱིན་ཏེ། དེའང་དབུགས་དབྱུང་རྔུབ་དང་སྦྱར་ལ་དམིགས་རྣམ་གསལ་བའི་ཕྱིར་དུ་འོད་དཀར་ནག་གི་རྣམ་པར་སྤྲོ་བསྡུ་བྱས་ཀྱང་རུང་ལ། རེ་དོགས་མེད་པའི་སྙིང་རྗེ་ཆེན་པོ་དང་མ་བྲལ་བ་གནད་དུ་ཆེའོ། །སྤྱིར་བློ་དམན་ལ་རྒྱུ་འབྲས་བདུན་གྱི་མན་ངག་དང༌། བློ་རབ་ཀྱིས་བདག་གཞན་མཉམ་བརྗེས་བྱང་སེམས་བཙན་ཐབས་སུ་བསླབ་པར་བཞེད་དོ། །ལྟ་ཁྲིད་ཀྱི་སྔོན་དུ་འདི་ངེས་པར་འགྲོ་དགོས་པའི་རྒྱུ་མཚན། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་པས་ཚོགས་བསགས་པའི་མཆོག་གམ་ཕུལ་ནི་བྱང་ཆུབ་ཀྱི་སེམས་ལྷག་པའི་བསམ་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་གསུམ། རྟེན་ཞི་གནས་བསྐྱེད། བརྟེན་པ་ལྷག་མཐོང་བཙལ། དེ་གཉིས་ཟུང་འབྲེལ་དུ་སྦྱོང་བའོ། །དང་པོ་ལ་གསུམ། ལུས་ཀྱི་གནད་བཅའ། སེམས་ཀྱི་བཞག་ཐབས་བསྟན་པ། དེ་ལས་སྐྱེས་པའི་ཉམས་ངོས་བཟུང་བའོ། །དང་པོ་ནི། བདེ་བའི་སྟན་ལ་བསམ་གཏན་འབོལ་ཆུང་སོགས་ཉེར་བསྡོགས་སྔོན་དུ་འགྲོ་བས་རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་གཞག རྒལ་ཚིགས་དྲང་པོར་བསྲང༌། མགྲིན་པས་ཨོལ་མདུད་མནན། ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་འབྱེད་འཛུམ་མེད་པར་ལྟ། སྒྲིམ་སློད་རན་པའི་
ལུས་གནད་བཅས་པ་ཙམ་གྱིས་སེམས་རང་གནས་སུ་འགྲོ་བ་ལ་བསླབ། དེ་ལྟར་ལུས་གནད་བཅས་པའི་རྗེས་ཐོག་ཏུ་དབུགས་དབྱུང་རྔུབ་གནས་གསུམ་ཆེད་དུ་བྱས་པ་མ་ཡིན་པ་རང་བབས་སུ་རྒྱུ་བ་ཉིད་གྲངས་ཉེར་གཅིག་ཙམ་གྱི་བར་དུ་བགྲང་ངོ༌། །གཉིས་པ་ལ་གསུམ། རྟེན་བཅས་ཀྱི་ཞི་གནས། རྟེན་མེད་ཀྱི་ཞི་གནས། ངོ་བོ་ཉིད་ལ་འཇོག་པའོ། །དང་པོ་ལ་མ་དག་པ་ཤིང་བུའམ་རྡེའུ་ཕྲ་མོ་ལ་དམིགས་རྟེན་དུ་བྱས་ཏེ་སེམས་སྤྲོ་བསྡུ་མེད་པར་ཇེ་རེ་འཇོག གསལ་བདོ་བའི་སྐབས་སུ་འཕྲོ་བཅད། ཡང་དམིགས་རྟེན་ལ་འཇོག་སྟེ་སྒྲིམ་སློད་རན་པོས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་ཡེངས་སུ་མ་ཤོར་བར་བྱ། དག་པ་ལྷ་སྐུ་སོགས་སམ་ཁྱད་པར་ཤཱཀྱ་ཐུབ་པའི་སྐུ་ཆེ་ཆུང་རན་པ་དང་ཆ་ཚད་དང་ལྡན་པ་ཞིག་རང་མདུན་ཉེ་རིང་འཚམས་པར་བཤམས་ཏེ། བྱིངས་ན་གཙུག་ཏོར། རྒོད་ན་སྐྱིལ་ཀྲུང༌། སྙོམས་པ་ལ་ཐུགས་ཀར་སེམས་གཏད་དེ་འཇོག འཇོག་ཚུལ་སྔར་བཞིན་ནོ། །གཉིས་པ་ནི། རྟེན་ཅན་ལ་ཅུང་ཟད་གོམས་ནས་དམིགས་རྟེན་དེ་དག་དངོས་སུ་མི་བཞག་པར་ཡིད་ཀྱིས་དེ་འདྲ་བ་ཞིག་བསམས་པ་ལ་སེམས་གཏད་དེ་འཇོག འདི་ལ་ཆ་ཤས་ཀྱི་རྟེན་བཅས་ཞེས་ཞལ་ཕྱག་སོགས་ཆ་ཤས་རེ་རེ་ལ་སེམས་འཛིན་པ་དང༌། རྫོགས་པའི་རྟེན་བཅས་ཞེས་སྐུ་ཡོངས་སུ་རྫོགས་པའི་རྣམ་ཆ་སྤྱི་ལ་སེམས་འཛིན་པ་སྟེ་སྔ་མ་གོམས་ནས་ཕྱི་མ་ལ་བསླབ། གསུམ་པ་ནི། དམིགས་རྟེན་དེ་དག་གང་ཡང་ཡིད་ལ་མི་བྱ་བར་སྟོང་ཉིད་ཀྱི་ངང་དུ་དགག་སྒྲུབ་བཅས་བཅོས་མེད་པར་ཆམ་མེར་འཇོག་པས་ཡུལ་དང་ཡུལ་ཅན་བསྒོམ་བྱ་སྒོམ་བྱེད་སོགས་རྟོག་པའི་འཕྲོ་འདུའི་རླབས་ཐམས་ཅད་ཀུན་གཞིའི་རྒྱ་མཚོར་ཐིམ་པར་མ་གྱུར་གྱི་བར་དུ་ནན་ཏན་ཆེན་པོས་ཞི་གནས་ཀྱི་སྙོམས་འཇུག་ལ་བརྩོན་པར་བྱའོ། །གསུམ་པ་དེ་དག་ལས་སྐྱེས་པའི་ཉམས་ངོས་བཟུང་བ་ལ་གཉིས། གཞུང་གི་ལུགས་དང༌། གདམས་ངག་པའི་ལུགས་སོ། །དང་པོ་ལྟར་ན།
ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པས་སྟོབས་དྲུག་གིས་ཡིད་ལ་བྱེད་པ་བཞིའི་གནས་སྐབས་ཅན་གྱི་སེམས་གནས་དགུ་གྲུབ་པའི་མཐར་ཤིན་སྦྱངས་མི་གཡོ་བར་བརྟན་པ་ལ་བྱའོ། །དེ་ལ་སྤང་བྱའི་ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལ«༡»ོ་དང་ནི་གདམས་ང«༢»ག་རྣམས། །བརྗེད་དང་བྱིང«༣»ས་དང་རྒོད་པ་དང༌། འདུ«༤»་མི་བྱེད་དང་འད«༥»ུ་བྱེད་དང༌། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པ་ལྟར་ཏེ། དེ་ལ་ལེ་ལོ་ལ་གཉིད་སོགས་སྙོམ་ལས་དང༌། བྱ་བ་ངན་པ་ལ་ཞེན་པ་དང༌། སྒྱིད་ལུག་པ་སྟེ་གསུམ། བྱིང་བ་ལ་རགས་པ་དམིགས་ཤེས་ཀྱི་གྲིམས་ཆ་ཤོར་ནས་དམིགས་རྟེན་མི་གསལ་བའི་ཐམ་ཐམ་དང༌། ཕྲ་བ་གསལ་ཆ་ཡོད་ཀྱང་འཛིན་སྟངས་ཀྱི་ཤུགས་ཞན་པ་གཉིས། རྒོད་པ་རགས་པ་ཡུལ་ལ་ཧ་ཅང་ཆགས་པས་གཉེན་པོས་ཀྱང་མི་ནོན་པ་དང༌། ཕྲ་བ་གཡོ་མེད་དུ་མི་གནས་པར་ཅུང་ཟད་འཕྲོ་བ་གཉིས་ཡོད། དེ་དག་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པ་ལ། ལེ་ལོའི་གཉེན་པོ་བཞི་སྟེ། རྩོལ«༡»་བ་དང༌། འདུན་«༢»པ་དང༌། རྒྱུ་དང་བ«༣»དེ་བ། འབྲས་བུ་དེས་དྲངས་པའི་ཤིན་ཏུ«༤»་སྦྱངས་པའོ། །བརྗེད་པ་ལ་གདམས་ངག་མི་བ«༥»རྗེད་པར་བྱེད་པ་དང༌། བྱིང་རྒོད་བྱུང་མ་«༦»བྱུང་རྟོག་ཅིང་བྱུང་ན་དམིགས་པ་ལྟ་སྟངས་སྤྱོད་ལམ་སོགས་ཀྱིས་སེལ་བའི་ཐབས་ལ་འབད་པ་དང༌། བྱིང་རྒོད་ཀྱི་གཉེན་པོ་སོགས་འདུ་མི་བྱེད་པ་ལ་རྩོལ་སེམས་ཀྱིས་འདུ«༧»་བྱེད་པ་དང༌། བསམ་གཏན་ལ་སྐྱོན་མེད་པའི་ཚེ་རྩོལ་བས་འདུ་བྱེད་ན་འདུ་མི་བྱེད་པ«༨»་་ལ་བསླབ། སྟོབས་དྲུག་བསྟེན་པ་ནི། ཐོས«༡»་པའི་སྟོབས། བསམ«༢»་པའི་སྟོབས། དྲན་«༣»པའི་སྟོབས། ཤེས་བ«༤»ཞིན་གྱི་སྟོབས། བརྩོན་འགྲུས«༥»་ཀྱི་སྟོབས། འདྲིས«༦»་པའི་སྟོབས་ཏེ་དང་པོས་སེམས་གནས་དང་པོ་འགྲུབ་ལ། གཉིས་པས་གཉིས་པ་འགྲུབ། གསུམ་པས་སེམས་གནས་གསུམ་པ་དང་བཞི་པ། བཞི་པས་ལྔ་པ་དང་དྲུག་པ། ལྔ་པས་བདུན་པ་དང་བརྒྱད་པ། དྲུག་པས་
དགུ་པ་འགྲུབ་བོ། །ཡིད་བྱེད་བཞི་ནི། སྒྲིམས་ཏེ་འཇུག་པ། ཆད་ཅིང་འཇུག་པ། ཆད་པ་མེད་པར་འཇུག་པ། ལྷུན་གྱིས་གྲུབ་པར་འཇུག་པ་སྟེ་སེམས་གནས་དང་པོ་དང་གཉིས་པའི་སྐབས་སུ་ཡིད་བྱེད་དང་པོས་འཇུག་ལ། གསུམ་པ་ནས་བདུན་པའི་བར་དུ་གཉིས་པས། བརྒྱད་པའི་སྐབས་གསུམ་པས། དགུ་པ་བཞི་པའི་ཚུལ་གྱིས་འཇུག་པའོ། །སེམས་གནས་དགུ་ནི། སེམས་འཇོག ཀུན་ཏུ་འཇོག ངེས་པར་འཇོག ཉེ་བར་འཇོག དུལ་བར་འཇོག ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུན་གཅིག་ཏུ་བྱེད། མཉམ་པར་འཇོག་པ་སྟེ་དགུའོ། །གཉིས་པ་གདམས་ངག་པའི་ལུགས་ཀྱིས་ཉམས་ལྔར་འཆད་དེ། དང་པོ་སེམས་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། གཉིས་པ་ཐོབ་པའི་ཉམས་གཅོང་རོང་ཆུ་བོ་ལྟ་བུ། གསུམ་པ་གོམས་པའི་ཉམས་ཆུ་བོ་དལ་འབབ་ལྟ་བུ། བཞི་པ་རྟེན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ། ལྔ་པ་བརྟན་པ་མཐར་ཕྱིན་པའི་ཉམས་རྐྱེན་ཅིས་ཀྱང་མི་གཡོ་བར་གསལ་དྭངས་སུ་གནས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ་འཆད་པར་ནུས་ཤིང་སྤྲོ་ན་འདི་དག་གི་ཚུལ་གཞན་ནས་འབྱུང་བ་ལྟར་རྒྱས་པར་བཤད་དོ། །གཉིས་པ་ལྷག་མཐོང་གི་ཁྲིད་ལ་གསུམ། གང་ཟག་གི་བདག་མེད་སྒོམ་ཚུལ། ཆོས་ཀྱི་བདག་མེད་སྒོམ་ཚུལ། དེའི་དོན་ངོ་སྤྲད་པའོ། །དང་པོ་ནི། འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་ལ་སོགས་པ་འཇིག་རྟེན་ན་ལྟ་བ་རྣམ་པར་མ་དག་པ་ཇི་སྙེད་མཆིས་པ་དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་གང་ཟག་གི་བདག་ཏུ་འཛིན་པ་སྟེ། དེའང་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ངའོ་ཞེས་སྙམ་པའི་ལྷན་སྐྱེས་ཀྱི་ངར་འཛིན་ཏེ། དེ་བདག་མེད་པར་ལྟ་ཞིང་སྒོམ་པ་ལ་དཔྱད་འཇོག་གཙོ་ཆེའི་ལུགས་གཉིས་ཡོད། དོན་དུ་གཉིས་ཀ་ཟུང་འབྲེལ་དགོས་མོད་ཀྱི་གཙོ་ཆེ་བའི་དབང་དུ་བྱས་ན། དཔྱད་སྒོམ་པས་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་ལ་སོགས་པས་རྒྱུའི་བདག་
མེད་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལ་སོགས་པས་འབྲས་བུའི་བདག་མེད་རྟོགས་པར་མཛད་ཅིང༌། འཇོག་སྒོམ་གྱི་དབང་དུ་བྱས་ཀྱང་ཐོག་མར། གང་ཟག་གི་བདག་དེ་རང་བཞིན་གྱིས་གྲུབ་ན་ཕུང་པོ་དང་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་ཀྱང་དེ་ལྟར་མ་གྲུབ་པས་ཐ་སྙད་དུ་ཕུང་པོའི་ཚོགས་པ་ལ་བརྟེན་ནས་ང་ཞེས་བཏགས་པ་ཙམ་ལས། དོན་དམ་པ་རང་བཞིན་གྱིས་གྲུབ་པ་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པ་སྔོན་དུ་འགྲོ་བ་ཙམ་ནི་ངེས་པར་དགོས་སོ། །གཉིས་པ་ལ། གཟུང་བ་མེད་པ། འཛིན་པ་མེད་པ། སྤྱི་བཀག་པའི་ཚུལ་དང་གསུམ་ལས། དང་པོ་ནི། བདག་མ་གྲུབ་པ་དེ་བཞིན་དུ་བདག་གིར་བཟུང་བའི་ཕྱི་སྣོད་བཅུད་དང་ནང་ཕུང་ཁམས་ལ་སོགས་པའི་ཡུལ་ཇི་སྙེད་པ་འདི་རྣམས་ཀྱང་རྡུལ་ཕྲན་འདུས་པ་ལས་བྱུང་བས་རགས་པ་མ་གྲུབ། རྡུལ་ཕྲན་དེའང་བརྟག་ན་ཆ་མེད་དུ་འགྱུར་བས་ཕྲ་བ་མ་གྲུབ་སྟེ། མདོར་ན་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་པ་ཙམ་དུ་ཟད་ཀྱི་དོན་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། བུམ་པ་ལ་བུམ་འཛིན་གྱི་ཤེས་པས་གློ་བུར་དུ་བཏགས་པ་ཟད་ཀྱི་བུམ་པ་གཞི་མ་གྲུབ་པའི་ཕྱིར་བུམ་པ་མེད་པའི་སྔ་ལོགས་སུ་བུམ་འཛིན་གྱི་ཤེས་པ་མི་སྐྱེ་བ་བཞིན་ནོ། །གཉིས་པ་ནི། ཡུལ་ལ་དེར་འཛིན་གྱི་ཤེས་པ་སྣ་ཚོགས་པ་འཆར་བ་འདི་དག་ཀྱང་ཡུལ་ལ་བརྟེན་ནས་བྱུང་བས་བདེན་པར་མ་གྲུབ་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་རྫུན་པའི་ཕྱིར་དེར་འཛིན་གྱི་རྨིས་ཤེས་ཀྱང་རྫུན་པ་ལས་མ་འདས་པ་བཞིན་ཡུལ་རང་བཞིན་གྱིས་མ་གྲུབ་པ་ལ་ལྟོས་པའི་ཡུལ་ཅན་ཤེས་པ་ཉིད་ཀྱང་བདེན་པར་མ་གྲུབ་བོ། །གསུམ་པ་ནི། གཟུང་འཛིན་དང་ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཐའ་ཐམས་ཅད་བཀག་ཟིན་པའི་ཤུལ་གྱི་སྤྲོས་བྲལ་སྤྱི་ཙམ་དང་ཤེས་པ་རང་རིག་རང་གསལ་ཙམ་དུ་ཡང་བདེན་པར་གྲུབ་པ་མེད་དེ་ཡོད་མེད་གཉིས་ཀ་མིན་པའི་ཕུང་པོ་གསུམ་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་དང༌། རང་ངོས་ནས་
སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །དེ་དག་ཀྱང་རྒྱུ་འབྲས་ལ་དཔྱོད་པ་སོགས་དཔྱད་པ་རྒྱས་པར་གྲུབ་ན་སྔར་ས་བོན་སྨོས་པ་ལྟར་རོ། །གསུམ་པ་ནི། དེ་ལྟར་དཔྱད་པའི་གྲུབ་འབྲས་སྣང་ལུགས་ཀུན་རྫོབ་ཀྱི་ངོས་ནས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པའི་ཕྱིར་མེད་པ་མ་ཡིན་ལ། གནས་ལུགས་དོན་དམ་གྱི་ངོས་ནས་བདག་མེད། ངོ་བོའི་རང་བཞིན་མེད། རྒྱུའི་རང་བཞིན་མེད། འབྲས་བུའི་རང་བཞིན་མེད། རྟེན་འབྲེལ་རང་བཞིན་མེད། ཡུལ་རང་བཞིན་མེད། ཡུལ་ཅན་རང་བཞིན་མེད། ཆོས་ཐམས་ཅད་རང་བཞིན་མེད། དངོས་པོ་རང་བཞིན་མེད། དངོས་མེད་རང་བཞིན་མེད། སྣོད་རང་བཞིན་མེད། སེམས་ཅན་རང་བཞིན་མེད་དེ་རྐྱེན་ལས་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ལ། དེ་ལས་གཞན་དུའང་གྲུབ་པ་མེད་པར་ངོ་འཕྲོད་པ་དེ་ཉིད་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་གྱི་ཞི་ལྷག་དབྱེར་མེད་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཏུ་ངེས་ཤེས་བསྐྱེད་པར་བྱའོ། །གསུམ་པ་ཞི་ལྷག་ཟུང་འབྲེལ་དུ་སྦྱོང་བ་ནི། དཔྱད་དོན་ངོ་འཕྲོད་པ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་སྟེ། དེའང་དཔྱད་པས་སྒྲོ་འདོགས་ཆོད་དེ་ཡུལ་རང་ངོས་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་དེའི་ཚེ། ཡུལ་ཅན་དཔྱོད་བྱེད་ཉིད་ཀྱང་བསམ་བརྗོད་ཐམས་ཅད་དང་བྲལ་བ་དཔེར་ན་བུད་ཤིང་ཟད་པ་ན་མེ་ཟད་པ་ལྟར་བློའི་འཇུག་པ་ཐམས་ཅད་གཉུག་མ་རང་བཞིན་གྱིས་རྣམ་པར་དག་པའི་ངང་དུ་ཐིམ་ནས་གནས་ལུགས་བསམ་གྱིས་མི་ཁྱབ་པའི་ངང་དུ་སེམས་སེམས་བྱུང་གི་སྤྲོས་པ་མཐའ་དག་ཉེ་བར་ཞི་བ་ནི་མཐར་ཐུག་པའི་འཇོག་སྒོམ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ན་ལུས་ངག་ཡིད་ཀྱི་གནད་མ་འཁྲུལ་བ་དང་ལྡན་པས་མཉམ་གཞག་རྣམ་པའི་མི་རྟོག་པའི་ངང་དུ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་གློད། མཐར་རང་སོ་བཟུང་ལ་མཉམ་པར་འཇོག རྗེས་
སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་རང་བཞིན་མེད་པ་ལམ་དུ་བྱས་ཏེ་བསྒོམ་མོ། །རྩ་བའི་གསུམ་པ་རྗེས་ནི། རྗེས་ཀྱི་ཉམས་ལེན་དངོས་དང༌། དེའི་ཡན་ལག་གོ །དང་པོ་ནི། ཇི་སྲིད་མི་སྐྱོའི་བར་དུ་གནས་ལུགས་ལ་མཉམ་པར་བཞག་སྟེ་མཐར་ཐུན་ལས་ལྡངས་ཏེ། ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པ་ན། བསམ་སྒོམ་བགྱིས་པ་ལ་སོགས་པའི་དུས་གསུམ་གྱི་དགེ་བའི་རྩ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་སེམས་རྣམ་པ་གཉིས་སྐྱེས་བརྟན་གོང་འཕེལ་དུ་གྱུར་ནས་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་ཤོག་ཅིག་སྙམ་པས། བཟང་པོ་སྤྱོད་པ་སོགས་ཐེག་ཆེན་གྱི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ། སྤྱོད་ལམ་རྣམས་སུའང་ཡུལ་སྣང་ལ་ཨ་འཐས་བྲལ་བའི་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་དྲན་པ་དང་ཤེས་བཞིན་བསྐྱང་བར་བྱའོ། །གཉིས་པ་ལ་གཉིས། གེགས་སེལ་དང༌། བོགས་འདོན་ནོ། །དང་པོ་ནི། ཏིང་ངེ་འཛིན་རྩེ་གཅིག་བསྒོམས་པས་ཁམས་འདུས་ཏེ་རླུང་སྟོད་དུ་འཚང་བའམ། སྙིང་མི་དགའ་བའི་གེགས་འབྱུང་བས། མདུན་གྱི་བར་སྣང་ལ་ཨ་དཀར་པོ་ཞིག་གསལ། གེགས་སྐྱོན་དུད་འཚུབ་ལྟ་བུའི་རྣམ་པར་ཐོན་ནས་ཨ་ལ་ཐིམ་པར་མོས་ཏེ་ཧ་སྤྲུགས་དྲག་ཏུ་བྱས་པས་སེལ་ལོ། །ནད་བྱུང་ན་གང་ན་སར་བུག་པ་དྲ་ཚག་ལྟ་བུ་ནས་ནད་རླངས་པའི་རྣམ་པར་བཏོན་པའམ། བློ་འབྱོངས་ན་རང་གི་ནད་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་ནད་སྣང་ལ་རང་བཞིན་མེད་པའི་ངང་དུ་མཉམ་པར་འཇོག གདོན་གྱིས་འཚེ་ན་དེ་ཉིད་ཕ་མར་ཐག་བཅད་ལ་བཏང་ལེན་བསྒོམ་ཞིང་དམིགས་མེད་དུ་འཇོག གཉིས་པ་ནི། བླ་མ་ལ་བཅོས་མིན་གྱི་མོས་གུས་དྲག་པོ་དང་མ་བྲལ་བས་གསོལ་བ་ཡང་ནས་ཡང་དུ་འདེབས་པ་ནི་བོགས་འདོན་ཐམས་ཅད་ཀྱི་མཆོག་ཡིན་པས་ཐབས་མང་དུ་འཚོལ་མི་དགོས། མདོར་ན་སྐྱོན་ཡོན་གང་ལའང་དགག་སྒྲུབ་མི་བྱ་བར་རང་བཞིན་མེད་པར་ཤེས་པས་རང་བབས་བསྐྱང་བ་ཉིད་
གནད་དུ་ཆེའོ། སྦྱངས་ཡོན༵་ལྡན་པས་ནན་ཏན༵་དུ། །ཟབ་མོའི་ཏིང་འཛིན་འདི་གོམས་ན། །སྐྱེ་བའི་རྒྱ༵་མཚོ༵་མཐར་འབྱིན་ནས། །རིག་དང་ཞབས་སུ་ལྡན་པར་འགྱུར། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་ཐུབ་པའི་ལྟ་ཁྲིད་ཀྱི་ལེ་ཚན་ནོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། སྙིགས་མ་ལྡན་པའི་ཞིང་སྤྱི་དང༌། །ཁྱད་པར་གངས་རིའི་མགོན་གཅིག་པུ། །ཐུགས་རྗེའི་མངའ་བདག་དེར་བཏུད་ནས། །དེ་ཡི་རྣལ་འབྱོར་འདུས་གསལ་སྤེལ། །གཉིས་པ་ཇོ་བོ་བཀའ་གདམས་པའི་མན་ངག་གྲུབ་ཐོབ་སྐྱེར་སྒང་བའི་བཀའ་སྲོལ་དང་འབྲེལ་བ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་སྔོན་འགྲོ་ལ་ཐུན་མོང་དང་ཐུན་མིན་གཉིས། ཐུན་མོང་པ་ཐུབ་པའི་ལྟ་ཁྲིད་ལྟར་འཆད། ཐུན་མོང་མ་ཡིན་པ་ལ་ལྔ་ལས། དང་པོ་སྐྱབས་འགྲོ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་བསམ་གཏན་གྱི་ཆས་དང་ལྡན་པས་འཁོད་དེ། ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་རྩེ་མོ་ལྔར་གྱེས་པའི་དབུས་མར་སེང་ཁྲི་པད་ཟླའི་གདན་ལ་བླ་མ་སྤྱན་རས་གཟིགས་ཁ་སར་པ་ཎིའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་སྤྱན་རས་གཟིགས་ཕྱག་བཞི་པ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་སངས་རྒྱས། རྒྱབ་ཏུ་ཆོས་དཀོན་མཆོག་པུསྟིའི་རྣམ་པ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་པ་བཞུགས་པར་མོས་ལ། རང་དང་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་བློ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་རྒྱས་པ། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྐུ་གསུམ་ངོ་བོ་སངས་
རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའམ། །བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ལན་བརྒྱ་སྟོང་དུ་གསག གཉིས་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཞག་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དེང་ནས་བཟུང་སྟེ་འགྲོ་རྣམས་སངས་རྒྱས་པར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །སྨོན་པ་དང་ནི་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་སམ། བསྡུ་ན། བདག་གིས་སྦྱིན་སོགས་བརྗོད། གསུམ་པ་མཎྜལ་ནི་ལག་ལེན་ལྟར་ལེགས་པར་བཤམས་ཏེ། རྒྱས་པར་ན་ཆོས་འབྱུང་བརྒྱ་རྩ་ལས་འབྱུང་བ་ཛེ་ཏཱ་རི་དང་གཉིས་མེད་རྡོ་རྗེའི་ཆོ་ག་ལ་སོགས་པ་ལྟར་རམ། དེ་ཙམ་མི་ནུས་ན་ཚོམ་བུ་སོ་བདུན་མ་ནས། བདུན་མའི་བར་དངོས་སུ་བཤམས་པ་དེ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟ་བུར་དམིགས་ལ་ལན་གྲངས་མང་པོར་ཕུལ་བས་བདག་གཞན་གྱི་ཚོགས་རྫོགས། སྐུ་ལས་འོད་ཟེར་བྱུང་སྡིག་སྒྲིབ་དག འགྲོ་ཀུན་དག་པའི་ཞིང་དུ་གཤེགས། སླར་མོས་གུས་ཀྱི་རྐྱེན་གྱིས་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་མོས། བཞི་པ་རྡོར་སེམས་སྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང༌། སྡིག་
སྒྲིབ་དག འོད་ཟེར་ཕྱིར་འཕྲོས་རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པར་མོས་ཏེ་གསལ་སྣང་ལ་མཉམ་པར་འཇོག་པ་དང༌། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་སུ་བྱ། མཐར་མི་དམིགས་པར་བཞག ལྔ་པ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེ་བརྒྱན་པ། འོད་ཟེར་མུ་མེད་པར་འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ། ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། མོས་གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་སུ་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབ། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་མི་ཕྱེད་པར་གྱུར་པར་མོས་ལ་རང་ངོ་བསྐྱང་ངོ༌། །གཉིས་པ་ལ་གཉིས། མཚན་བཅས་ལྷ་སྒོམ་པ་དང༌། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པའོ། །དང་པོ་ལ་གཉིས། རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང་དངོས་གཞིའི་རྣལ་འབྱོར་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི། བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་ནམ་རང་ལུགས་ཀྱི་སྐྱིལ་ཀྲུང་སོགས་མདོར་ན་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། རླུང་ཆེད་དུ་རྩོལ་བ་མེད་པར་རང་བབས་སུ་བཞག
སེམས་གཡོ་མེད་དྭངས་གསལ་གྱི་ངང་ལ་གནས། གཉིས་པ་ལ་བཞི་སྟེ། རྟེན་སྲུང་འཁོར་སྒོམ་པ། བརྟེན་པ་ལྷ་སྒོམ་པ། ལྷའི་གསལ་སྣང་འདོན་པ། བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །དང་པོ་ནི། རང་གི་མལ་གྱི་ཕྱོགས་བཞིར་ཧྲཱིཿདམར་པོ་མགོ་གྱེན་བསྟན་རེ་རེ། སྟེང་འོག་གཉིས་སུ་ཧྲཱིཿདམར་མགོ་གྱེན་དང་མཐུར་བསྟན་རེ་གསལ། མདུན་ཀྱི་ཧྲཱིཿའོད་ཀྱི་མིག་མངས་རིས་སུ་ཡོལ་བ་ལྟ་བུར་ཞུ། དེ་ལས་འོད་ཟེར་གཡས་ཀྱི་ཧྲཱིཿལ་ཕོག དེའང་སྔར་ལྟར་ཞུ། དེའི་འོད་ནུབ། དེའི་འོད་གཡོན་དུ་ཕོག་ནས་ཧྲཱིཿཞུ་བ་སོགས་སྔར་ལྟར་དང་སྟེང་འོག་གི་ཧྲཱིཿཡང་འོད་དུ་ཞུ། འགེབས་དང་ས་གཞིའི་རྣམ་པར་གྱུར་ཏེ། འོད་ཟེར་གྱི་དྲྭ་བ་དང་ཁོར་ཡུག་ཅན་གྱི་གཞལ་ཡས་ཁང་བསྐལ་པའི་རླུང་གིས་ཀྱང་མི་ཐར་བའི་ཕྱི་རོལ་དུ་མེ་རི་རྩེ་མོ་ཁ་དོག་སྣ་ལྔ་པ་ཅན་གྱི་གུར་ཁང་གསལ་ལ་བརྟན་པ་ཡུན་རིང་དུ་བསྒོམ། གཉིས་པ་ནི། རང་ཐ་མལ་དུ་གནས་པའི་ལྟེ་བར་ཨཿདཀར་པོ། དེ་འོད་དུ་ཞུ། ལུས་ཀྱི་ནང་གང༌། འོད་ཟེར་ཕྱི་རོལ་དུ་འཕྲོས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་བར་མོས་ཏེ། སྟོང་ཉིད་ཀྱི་ངང་དུ་བཞག་ལ། ཨོཾ་སྭ་བྷཱ་ཝ་སོགས་ཆོས་ཉིད་རྣམ་པར་དག་པའི་སྔགས་བརྗོད། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ། གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རལ་པའི་ཐོར་ཚུགས་དང་འོད་དཔག་མེད་
པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང༌། གཡོན་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཐལ་སྦྱར། གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པོ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ་རྒྱན་ཆ་ལུགས་གཙོ་མོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ། གསུམ་པ་ལ་གཉིས། རྩ་བའི་ལྷ་ལ་གསལ་སྣང་འདོན་པ་དང༌། སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་སྒོམ་ཚུལ་ལོ། །དང་པོ་ནི། ཏེ་ལྟར་གསལ་བའི་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ལ་སེམས་བཟུང༌། དེའི་གསལ་སྣང་མ་
ཤོར་བའི་ངང་རེས་འགའ་གདན་ནས་གཙུག་ཏོར་བར། རེས་གཙུག་ཏོར་ནས་གདན་གྱི་བར། རེས་སྤྱན་གྱི་དཀར་ནག་ལྟ་བུ་ཕྲ་བ་ནས་རགས་པའི་བར། རེས་རགས་པ་ཕྱག་ཞབས་ནས་ཕྲ་བ་སྤྱན་གྱི་བར་གསལ་གདབ། དེ་དག་བརྟན་ནས་ལྷ་སྣང་སྤྱི་ལ་སེམས་གཏད་དེ་མཐར་བ་སྤུའི་བུ་ག་ཚུན་ཆད་མ་འདྲེས་པར་ཤིན་ཏུ་གསལ་ཞིང་བློ་རྩེ་གཅིག་པ་ལ་བརྟན་པ་ཐོབ་པར་བྱ་སྟེ་དམིགས་པའི་དངོས་གཞིའོ། །གཉིས་པ་ནི། རང་ཉིད་པད་ཟླའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། སྐུ་ཡིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྐུ་ལ་རྫོགས་པར་ལམ་གྱིས་གསོལ་བའི་སྐུ་ལུས་ཀྱི་བ་སྤུའི་སྒོ་ཉི་མའི་འོད་ཅེས་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དུ་མ་དང༌། གསེར་གྱི་རི་ཁྲི། རེ་རེ་ལ་ཡང་རྩེ་མོ་ཁྲི་ཉིས་སྟོང༌། རིན་པོ་ཆེའི་ཁང་བཟང་སྐྱེད་ཚལ་རྒྱན་བཀོད་དུ་མས་བརྒྱན་པ་ཡི་གེ་དྲུག་མའི་ཆོས་སྒྲ་སྒྲོག་པ། བ་སྤུ་དེའི་ནང་ནའང་རྒྱལ་བའི་དབང་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། ལྷའི་གསེར་གྱི་རི་བརྒྱད་ཁྲི་རིན་པོ་ཆེའི་བྲག་རི་ལྗོན་ཤིང་དག་དང༌། ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལས་བྱང་ཆུབ་སེམས་དཔའ་དག་ལོངས་སྤྱོད་ཅིང༌། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་པ། བ་སྤུ་དེ་འདས་པ་ན་སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང༌། རྡོ་རྗེ། དངུལ། གསེར། ཨིནྡྲ་ནཱི་ལ། པདྨ་རཱ་ག མརྒད། ཤེལ་གྱི་རི་རྩེ་མོ་བརྒྱད་ཁྲི་ཡོད་པ། དྲི་ཟའི་སིལ་སྙན་གྱི་སྒྲ་ལས་ཡི་གེ་དྲུག་པའི་ཆོས་ཀྱི་དབྱངས་འབྱིན་ཅིང༌། གང་སེམས་ཐོག་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་མཚན་མ་མེད་པ་སེམས་ཏེ། ཀྱེ་མའོ་ཞེས་སྡུག་བསྔལ་སྐྱེ་རྒ་ན་འཆི་སོགས་ལ་སྐྱོ་བས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་པར་བཞག་ནས་རི་དེ་དག་ལ་འཁོད་
པ། བ་སྤུ་དེའང་འདས་པ་ན། སྣ་ཚོགས་པའི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང༌། ཆར་འབེབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང༌། རིན་ཆེན་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ལ་འདོད་དགུ་འབྱུང་པའི་དཔག་བསམ་གྱི་སྡོང་པོ། རྩ་བ་མུ་ཏིག ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་ཀཱ་ཤི་ཀཱའི་གོས་རྣམས་འཕྱང་བ། དེ་འདྲ་བའི་རི་རྣམས་ལ་རང་སངས་རྒྱས་དག་བཞུགས་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་དྲུག་པའི་སྒྲར་སྟོན་པ། ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ན། རིན་པོ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དང༌། དཔག་བསམ་དང་ཙནྡན་དང་བྱི་རུའི་ཤིང་དེ་སྙེད་ཡོད་ཅིང་རིན་ཆེན་འབར་བའི་ཁང་བརྩེགས་ན། དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ། ཕར་ཕྱིན་དྲུག་ཡི་གེ་འབྲུ་དྲུག་ཏུ་སྟོན་པར་མཛད་པའང་བཞུགས་པ་སོགས། མདོར་ན་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། སངས་རྒྱས་བྱང་སེམས་བཞུགས་ནས། ལ་ལས་ནི་དམ་པའི་ཆོས་ཀྱི་བགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་སྨིན་པའི་ཆོ་འཕྲུལ་སྟོན་པ་ཐམས་ཅད་ཀྱང་ཡེ་གེ་དྲུག་པའི་སྒྲ་དབྱངས་སྒྲོག་ཅིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ། འགྲོ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱངས། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་པའི་སྔགས་དི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་འཇོག་གོ །བཞི་པ་ནི། དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ་བསྒོམས་པས་སྐྱོ་ན་
བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད། གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེའི་མཐའ་སྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་མོས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས་སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ལྷང་ལྷང་བྱུང༌། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་ཏུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང༌། སླར་ཐུགས་ཀའི་སྔགས་ཕྲེང་འོད་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱི་ཚུལ་གྱིས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱོང་བར་བསམ། ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམས་ལ་བཟླས་པ་ཅི་ནུས་བྱས་ཏེ། ཐུན་འཇོག་པའི་ཚེ་ཡི་གེ་རྣམས་པདྨ་ལྟག་སྤྲོད་ལ་ཐིམ། དེ་ཧྲཱིཿལ་ཐིམ་པར་མོས། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁོར་གཉིས་ལ་ཐིམ། དེ་གཉིས་གཙོ་བོ་ལ་ཐིམ། དེ་ཉིད་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱིཿལ་ཐིམ། དེའང་འ་ཆུང་ར་ལ། དེ་ཧ་ལ། ཧ་མགོ་བོ། མགོ་བོ་གི་གུ། དེ་ཡང་འོད་དུ་ཡལ་བའི་ངང་ལ་ཅི་གནས་སུ་བཞག མི་གནས་པར་འཕྲོ་བར་བརྩམས་པ་ན། སྟོང་པའི་ངང་ལས་ཐིག་ལེ་གསུམ། དེའི་དབུས་མ་ཧྲཱིཿ དེ་ལས་གཙོ་འཁོར་གསུམ། སྣོད་གཞལ་ཡས་ཁང༌། བཅུད་ལྷ་ཡི་རང་བཞིན་དུ་མོས། འདི་
ལ་ཆེད་དུ་སྦྱང་ན། སླར་བསྡུ་ཞིང་མཉམ་པར་འཇོག་སྟེ་ལྷར་ལྡང་བ་སོགས་སྔར་ལྟར་བྱའོ། །གསུམ་པ་རྗེས་ལ་གཉིས། རྗེས་ཀྱི་རྣལ་འབྱོར་དངོས་དང༌། ཞར་བྱུང་གི་རྣལ་འབྱོར་གཞན་བཤད་པའོ། །དང་པོ་ནི། སྒོམ་བཟླས་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྲུབ་ནས། རྗེས་སྤྱོད་ལམ་ལ་འཇུག་པ་ན། འཁོར་གཉིས་རང་ལ་ཐིམ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ཁ་ཟས་ཐམས་ཅད་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ཏེ་རང་ལྷར་གསལ་བས་ལོངས་སྤྱད། གོས་ལྷའི་གོས་པཉྩ་ལི་ཀཱར་བསམ་དེ་ཚོགས་རྫོགས་པའི་ཡན་ལག་ཏུ་སྤྱད། འགྲོ་འདུག་སེམས་ཅན་ལ་ཕན་པ་འབའ་ཞིག་ཏུ་མོས་ལ་བསྔོ་སྨོན་རྒྱས་པར་བྱ་བ་སོགས་ཐེག་པ་ཆེན་པོའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་གི་རྣལ་འབྱོར་ལ་གསུམ། ཁྱད་པར་བདེ་སྟོང་གི་རྣལ་འབྱོར། ཐུན་མོང་བྱང་སེམས་ཀྱི་རྣལ་འབྱོར། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རོ། །དང་པོ། རང་ཇོ་བོར་གསལ་མདུན་དུ་ལྷ་མོ་ཡི་གེ་དྲུག་མ་བསྒོམ། དེའི་སྨིན་མཚམས་སུ་ཐིག་ལེ་དམར་པོ། དེ་ལས་འོད་ཟེར་དམར་པོ་ཚ་བའི་ངད་ལྡན་བྱུང༌། རང་གི་སྨིན་མཚམས་སུ་ཕོག རང་གི་མགྲིན་པ་ནས་འོད་ཟེར་དཀར་པོ་བདེ་བའི་ངད་ལྡན་འབྱུང༌། ལྷ་མོའི་ལྟེ་བར་ཕོག འོད་ཟེར་དཀར་དམར་འདྲེས་པས་སྐུ་ལུས་ནང་ནས་ཡར་སོང༌། སླར་སྨིན་མཚམས་ནས་འོད་དམར་པོ་རང་གི་སྨིན་མཚམས་སུ་ཐིམ་པ་སོགས་འཁོར་ལོ་ལྟར་བསྐོར་བས་ཡབ་ཡུམ་གཉིས་ཀར་བདེ་སྟོང་གི་ཉམས་སྐྱེས་པར་བསམས་ལ། བདེ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་ཞིང་བདེ་བ་སྐྱེས་ན་སྟོང་པ་དང་བསྲེ། སྟོང་ཉམས་ཀྱི་བདེ་བ་ཡལ་ན་སླར་འོད་འཁོར་བསྒོམས་ལ་བདེ་བ་བསྐུལ། མཐར་སྟོང་པས་རྒྱས་གདབ། འདི་བྱ་རྒྱུད་རང་ལུགས་ཀྱི་ཐབས་ལམ་དོད་བལྟས་པའི་བདེ་བ་ལམ་བྱེད་ཀྱི་
རྣལ་འབྱོར་རོ། །གཉིས་པ་ནི། དང་པོ་རང་གི་མདུན་དུ་རྩ་བའི་མ་དེ་བསམ། མ་འདིས་བདག་གི་ལུས་སྲོག་བསྐྱེད་པ་ནས་བཟུང༌། ཚེ་རབས་ཐམས་ཅད་དུ་ཕན་པ་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་རེ་ཆེ་སྙམ་དུ་བསམས་ལ་བྱམས་པ་ཚད་མེད་པ་བསྒོམ། མ་འདི་ཐོག་མ་མེད་པ་ནས་འཁོར་བ་འདིར་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་ཅིང་ཐར་དུས་ཡེ་མེད་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྒོམ། མ་འདི་བདག་ཁོ་ནས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་ངེས་པར་འགོད་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་བསྒོམ། དེ་ལ་འབྱོངས་ན་དགྲ་བགེགས་དང༌། སེམས་ཅན་མཐའ་ཡས་པ་ལ་མཚུངས་པར་བྱའོ། །གསུམ་པ་ལ་སྦྱང་བ་དང༌། ལས་ལ་སྦྱར་བ་གཉིས། དང་པོ་ནི། རང་གི་མདུན་དུ་ཉེ་རིང་འཚམས་པར་ཐུགས་རྗེ་ཆེན་པོའི་སྐུ་མཚན་ཉིད་དང་ལྡན་ལ་ཡིད་ཆགས་པ་བྲིས་འབུར་གང་རུང་བཀྲམ་པའི་མདུན་དུ་མཆོད་པ་བཤམ། དེ་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་ལ་མཆོད་བསྟོད་བྱ། བདག་ལ་རེ་ས་ཁྱེད་ལས་མེད་དོ་སྙམ་པའི་བློ་གཏད་ལིང་བསྐྱུར་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་སོ། །རྣམ་ཤེས་བདེ་ཆེན་ཏུ་འཕོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་མང་དུ་བཏབ། རང་གི་རྣམ་ཤེས་ཧཱུྃ་དཀར་པོར་གྱུར་པ་སྣ་བུག་གཡས་ནས་རྒྱང་གིས་ཐོན། ཇོ་བོའི་ཤངས་བུག་ཡས་ནས་ཐུགས་ཀར་ཞུགས་པར་མོས་ལ་དེར་སེམས་འཛིན། སླར་ཤངས་བུག་གཡོན་ནས་བྱུང༌། སྣ་བུག་གཡོན་ནས་སྙིང་གར་ཞུགས། ཡང་སྣ་བུག་གཡས་ནས་ཕངས་པ་སོགས་འཁོར་མར་སྦྱང༌། མཐར་ཐུན་འཇོག་པའི་ཚེ་ཧཱུྃ་རང་གི་སྙིང་གར་ཐིམ་པའི་རྗེས་ཇོ་བོ་རང་གི་སྤྱི་བོར་བྱོན།
འཆི་མེད་ཚེའི་དངོས་གྲུབ་སྩོལ་བ་གསོལ་བ་གདབ་པས། ཇོ་བོ་འོད་དུ་ཞུ། ཚངས་བུག་ནས་ཞུགས། རང་ལུས་བདུད་རྩིའི་རྒྱུན་གྱིས་གང་བས་འཆི་བ་མེད་པའི་ཚེ་དང༌། རྒས་པ་མེད་པའི་ལང་ཚོ་དང་ལྡན་པར་མོས་ལ་བསྔོ་སྨོན་བྱ། གཉིས་པ་ནི། ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ་ཉེར་བསྡོགས་སྔར་ལྟར་བྱས་ལ། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་རིགས་ལ་བཤགས་སྡོམ་ཡིད་ཚིམ་པར་བྱ། ལུས་ལོངས་སྤྱོད་མཎྜལ་དུ་ཕུལ་ཏེ་ཞེན་ལ་ཐིས་རྦད་ཀྱིས་བཅད་ལ་ཆགས་ཞེན་དང་བློ་མ་བདེ་བ་སྤུ་ཙམ་མེད་པར་བྱ། རང་གི་རྣམ་ཤེས་ཧཱུྃ་དཀར་པོ་སྣ་བུག་གཡས་ནས་ཐོན་པ་སོགས་སྦྱང་བའི་སྐབས་ལྟར་ལ། ཇོ་བོའི་ཐུགས་ཀར་ཐིམ་ཚེ་འོད་གསལ་གྱི་ངང་དུ་བཞག སླར་རྣམ་ཤེས་ཚུར་འཐོན་པའི་དམིགས་པ་མི་བྱ་བར་ཡང་ཡང་འཕང༌། དེས་ཀྱང་འཕོ་མ་ནུས་ན་རང་ལུས་ཀྱང་འོད་དུ་ཡལ་ཏེ་ཇོ་བོའི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ཏེ་སེམས་རྟོག་མེད་དུ་བཞག་པས། རབ་འོད་གསལ་དུ་གྲོལ། འབྲིང་དང་ཐ་མ་ལྷ་དང་མིར་སྐྱེ། འཇའ་འོད་དང་རིང་བསྲེལ་སོགས་ལྟས་བཟང་པོ་འབྱུང་བར་བཤད་དོ། །ཁྲིད་འདི་སྟན་ཐོག་གཅིག་ཏུ་སྒོམ་པའི་ཚེ་མཚན་བཅས་རྣལ་འབྱོར་གྱི་སྐབས་ཐོག་མར་སྣོད་བཅུད་འོད་གསལ་དུ་བསྡུས་ནས། སླར་སྲུང་འཁོར་དང་ལྷའི་རྣལ་འབྱོར་བསྒོམ་པར་བྱས་ན་ལག་ལེན་བདེ་ཞིང་དོན་དང་མི་འབྱོར་བ་མེད་དོ་གསུངས། དལ་འབྱོར་ཡོ༵ན་ཏན༵་བརྒྱད་ལྡན་ལུས། །སྙིང་པོ་ལེན་འདོད་སྐལ་བཟང་དག །མ་ནོར་ལམ་མཆོག་འདིར་ཞུགས་ཤིག །ཏིང་འཛིན་རྒྱ༵་མཚོ༵་མྱུར་འཐོབ་འགྱུར། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ཀྱི་ལེ་ཚན་ནོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། ཕོངས་པ་ཀུན་ལ་དུས་དྲུག་ཏུ། །བུ་གཅིག་ལྟར་བརྩེ་རྗེ་བཙུན་མ། །སྙིང་གི་ཟེའུ་འབྲུར་རྟག་མཆོད་དེ། །རྗེས་དྲན་ལྔ་ཡི་ཁྲིད་འཆད་
བྱ། །གསུམ་པ་བཀའ་གདམས་རིན་པོ་ཆེའི་བཀའ་སྲོལ་ལས་བྱུང་བ་ཕྲིན་ལས་ཀྱི་ལྷ་འཕགས་མ་སྒྲོལ་མ་རྗེས་དྲན་ལྔའི་ཁྲིད་འཆད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་དོ། །དང་པོ་ནི། བསམ་གཏན་ལ་འཇུག་པའི་སྦྱོར་བ་སྤྱི་ལྟར་ལ། ཐུན་མོང་སྔོན་འགྲོ་གསལ་གདབ་པ་སོགས་དགེ་བའི་སེམས་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ། ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་རང་མདུན་དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལྔར་གྱེས་པའི་དབུས་མར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་ལ་རྩ་བརྒྱུད་བླ་མ་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པས་བསྐོར་བ། མདུན་ཏུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཡི་དམ་ལྷ་ཚོགས། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། མཐའ་སྐོར་དུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་བཅས་གསལ་གདབ། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། སངས་རྒྱས་ཆོས་ཚོགས་མ་ཅི་ནུས་སུ་བརྗོད་པས་སྐྱབས་སུ་འགྲོ། གཉིས་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། བདག་གི་སྦྱིན་སོགས་མང་དུ་བརྗོད། མཐར་སྐྱབས་ཡུལ་ལས་འོད་ཟེར་བྱུང༌། རང་གཞན་གྱི་སྡིག་སྒྲིབ་སྦྱངས། ཡོན་ཏན་སྤེལ། སྐྱབས་ཡུལ་འོད་ཞུ་རང་ལ་བསྡུས་ཏེ་མཉམ་པར་འཇོག གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐྱབས་གནས་བླ་མ། ལུས་ལྷར། ངག་སྔགས། འགྲོ་ཀུན་ཕ་མ། སེམས་ཆོས་ཉིད་དུ་རྗེས་སུ་དྲན་པའོ། །དེའང་རྒྱལ་བ་འབྲོམ་རིན་པོ་ཆེ་ལ་བཀའ་གདམས་ལྷ་བཞིའི་ཞལ་གཟིགས་པའི་དུས་སུ། སྒྲོལ་མའི་ཞལ་ནས། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱོད་ཀྱི་རྗེས་འབྲང་ཁོ་
མོས་བསྐྱབ། །ཁོ་མོའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་དུ་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པའི་བསྟན་དོན་རྗེས་དྲན་ལྔའི་ཟབ་ཁྲིད་དུ་གྲགས་པ་སྟེ། དེ་ལའང་རྗེས་དྲན་དངོས་དང༌། ཕྱི་ནང་གསང་བའི་གོ་བབ་བཤད་པ་གཉིས། དངོས་ཀྱི་དང་པོ་བླ་མ་རྗེས་སུ་དྲན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་རྣལ་འབྱོར་གསལ་གདབ་པ་ནི། རང་གི་སྙིང་གར་སྣང་བ་ཀུན་རྫོབ་ཐབས་ཀྱི་ངོ་བོ་སྣོད་ཀྱི་ཐིག་ལེ་སེར་པོ་སྲན་མ་བཀས་པའི་དབྱིབས་ལྟ་བུ། དེའི་སྟེང་དུ་སྟོང་པ་དོན་དམ་ཤེས་རབ་ཀྱི་ངོ་བོ་བཅུད་ཀྱི་ཐིག་ལེ་གསེར་མདོག་འོད་ལྔ་འཕྲོ་བ་ཡུངས་ཀར་གྱི་དབྱིབས་ཅན་ཆེ་ཆུང་སྣོད་དང་མཉམ་པ། དེའི་སྟེང་དུ་པད་ཟླའི་གདན་ལ་རྩ་བའི་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན། དེའི་སྤྱི་བོ་ནས་ཐོ་བརྩེགས་སུ་པད་ཟླའི་གདན་ཆུང་ངུ་རེག་ལ་མ་འབྱར་བ་རེ་རེའི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་འོད་དཔག་མེད་ཀྱི་རྣམ་པ་ཅན་དུ་བཞུགས་པ། ཐམས་ཅད་ཀྱི་སྟེང་མར་ཇོ་བོ་རྗེ་དངོས་བསྒོམ། ཇོ་བོའི་དབུ་གཙུག་ནས་པད་ཟླའི་གདན་གྱི་ཕྲེང་བ་ཁ་གསུམ་གྱེས་པའི་དབུས་མར་རྡོ་རྗེ་འཆང༌། ཏེ་ལོ་ནཱ་རོ། ཌོམྦི་པ་སོགས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་དང༌། གཡས་མར་བྱམས་པ། ཐོགས་མེད་སྐུ་མཆེད་སོགས་རྒྱ་ཆེན་སོགས་རྒྱ་ཆེན་སྤྱོད་རྒྱུད་དང༌། གཡོན་མར་འཇམ་དབྱངས་ཀླུ་སྒྲུབ་ཡབ་སྲས་སོགས་ཟབ་མོ་ལྟ་བརྒྱུད་རྣམས་ཇོ་བོ་ལ་ཐུག་གི་བར་ཕྲེང་བར་བསྟར་ཏེ་བཞུགས་པ། དེ་དག་གི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་བླ་མ་དང་དཀོན་མཆོག་
ཐམས་ཅད་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་དུ་མོས། གཉིས་པ་དངོས་གཞི་ཚོགས་བསག་ཅིང་གསོལ་བ་གདབ་པ་ནི། བདག་གཞན་གྱི་ལུས་ཞིང་རྡུལ་གྲངས་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང༌། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དུས་གསུམ་གྱི་དགེ་རྩ་དང༌། འཇིག་རྟེན་ན་མཆོད་པའི་ཡོ་བྱད་ཇི་སྙེད་ཡོད་པ་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་ལྟ་བུར་བློས་བླངས་ཏེ་འབུལ་བ་སོགས་ཡན་ལག་བདུན་པའི་དམིགས་བསམ་རྣམ་པར་དག་པ་ལ་གནས་ཏེ་ཐུན་མོང་མ་ཡིན་པ་འབྲོམ་རིན་པོ་ཆེའི་གསུང༌། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སོགས་བཀའ་གདམས་གླེགས་བམ་ལས་འབྱུང་བ་ལྟར་གྲུབ་ན་ལེགས། ཐུན་མོང་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་བྱས་ཀྱང་རུང་ལ། གང་ལྟར་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པའི་ཚོགས་བསགས་དེ་ཉིད་སྔོན་དུ་འགྲོ་བའི་མོས་གུས་རྩེ་གཅིག་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་མང་དུ་གསོལ་བ་བཏབ། གསུམ་པ་རྗེས་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་ནི། མཐར་མོས་གུས་དྲག་པོའི་རྐྱེན་གྱིས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལམ་གྱིས་བྱུང༌། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྤྱི་དང་ཁྱད་པར་ལམ་གྱི་ཡེ་ཤེས་སྐྱེ་བ་ལ་འགལ་རྐྱེན་བར་དུ་གཅོད་པ་མཐའ་དག་སྦྱངས། ཚོགས་གཉིས་གོང་འཕེལ་དུ་རྫོགས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། མཐར་གོང་མ་འོད་དུ་ཞུ་སྟེ་འོག་མ་ལ་རིམ་བཞིན་ཐིམ་མཐར་རྩ་བའི་བླ་མ་ཡང་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་སྣོད་བཅུད་ཀྱི་ཐིག་ལེ་ལ་ཐིམ། དེའང་
མི་དམིགས་པ་བློ་འདས་བརྗོད་བྲལ་གསལ་སྟོང་ཟུང་འཇུག་གི་རང་མདངས་བསྐྱང་ངོ༌། །གཉིས་པ་ལུས་ལྷར་རྗེས་སུ་དྲན་པ་ལ་གཉིས། ལྷ་སྐུར་སྒྲུབ་པ་དང༌། གསལ་སྣང་ལ་བསླབ་པའོ། །དང་པོ་ཡན་ལག་བཞི་རྫོགས་ཀྱིས་ལྷའི་སྐུར་སྒྲུབ་པ་ནི། སྭ་བྷཱ་བས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཚད་མེད་པ་སེང་ལྡེང་ནགས་ཚལ་མེ་ཏོག་འབྲས་བུས་བརྒྱན་པའི་ལྗོན་ཤིང་དུ་མས་གཏིབས་པའི་དབུས་སུ། པྃ་ལས་པདྨ་མ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤལ་ལྗང་སྔོན་ཏཱྃ་ཡིག་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་སྡོང་བུ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་དང༌། རིན་པོ་ཆེ་དང་དར་གྱི་ན་བཟས་བརྒྱན་པ། ཟླ་བའི་རྒྱབ་ཡོལ་ཅན། དབུ་སྐྲ་ལི་བ། ཞལ་འཛུམ་པའི་མདངས་ཅན། འོད་དང་འོད་ཟེར་གྱི་རང་བཞིན་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་དང༌། ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ་ཡིག་ལྗང་གུ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་ཡུམ་བཞི་བདུད་རྩིའི་བུམ་པ་ཐོགས་པ་བྱུང་སྟེ།
ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་གསུང་ཞིང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། སྤྲོ་ན་སྔར་ལྟར་མཆོད་བསྟོད་ཀྱང་བྱ། འདིར་ཡན་ལག་བཞི་སྦྱར་ཚུལ་ནི་ཐུབ་པའི་སྐབས་དང་འདྲའོ། །གཉིས་པ་དམིགས་པའི་གཙོ་བོ་ལྷའི་གསལ་སྣང་ལ་བསླབ་པ་ལ་གཉིས་ཏེ། རྩ་བའི་གསལ་སྣང་འདོན་པ་དང༌། དེ་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པའོ། །དང་པོ་ནི། དེ་ལྟར་ཡན་ལག་བཞི་རྫོགས་སུ་བསྒྲུབས་པའི་ལྷ་སྐུ་དེ་ཉིད་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་བཟུང་མེད་པ། བདེ་ལ་ཞེན་པ་མེད་པ་གསལ་ལམ་མེར་ཡང་ནས་ཡང་དུ་གསལ་གདབ་ལ། རྣམ་པ་སྤྱིའི་གསལ་སྣང་མ་ཤོར་བའི་ངོས། བྱེ་བྲག་ཕྲ་བ་ནས་རགས་པའི་བར། རགས་པ་ནས་ཕྲ་བའི་བར་གསལ་གདབ་ལ་སྦྱང་སྟེ་སྣང་ཡུལ་དུ་དངོས་སུ་གསལ་བ་ལྟ་བུའི་གསལ་སྣང་ལ་བརྟན་པ་ཐོབ་ཅིང༌། ཇི་ཙམ་འདོད་ཀྱི་བར་དུ་གནས་སུ་བཏུབ་པའི་གནས་ཆབ་རྟེན་པོ་མ་བྱུང་གི་བར་དུ་ནན་ཏན་ཏུ་སྦྱང་ངོ༌། །གཉིས་པ་ལའང་གཉིས་ཏེ་ཐུན་མོང་དང་ཁྱད་པར་རོ། །དང་པོ་ནི། སྔར་བསྒོམས་པའི་ཐུགས་ཀའི་ཏཱྃ་བསྐྱར་ནས་གསལ་གདབ། དེ་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་ཏུ་སྦྱངས། ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་རྒྱུན་མ་ཆད་པར་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དང་ལྷན་ཅིག་ཚུར་བྱུང་སྟེ་རང་ལ་ཐིམ་པར་བསྒོམ། ཡང་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་པར་མོས། གཉིས་པ་ཁྱད་
པར་ནི། འཇིགས་པ་བརྒྱད་སྐྱོབ་ཀྱི་དམིགས་པ་སྐབས་འདིར་བྱ། དེའང་འོག་གི་ལས་སྦྱོར་གྱི་སྐབས་སུ་འབྱུང་བ་ཉིད་འདིར་བླང་བར་བྱ་སྟེ། འོན་ཀྱང་བཟླས་པའི་རིགས་དངོས་སུ་མི་དགོས་པ་ནི་སྐབས་འདིར་ཁྱད་པར་རོ། །གསུམ་པ་ངག་སྔགས་སུ་རྗེས་སུ་དྲན་པ་ལའང་གསུམ་སྟེ་ཕྱི་དང་ནང་དང་གསང་བའོ། །དང་པོ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ལ་བཟླས་པའི་གཞི་འགོད་པ་དང་དམིགས་པ་དངོས་སོ། །དང་པོ་ནི། རང་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཏཱྃ་ཡིག་སྔོ་ལྗང༌། དེའི་མཐར་ཡི་གེ་བཅུ་པ་ཡིག་ངོ་ནང་དུ་ལྟ་བ་གཡས་སྐོར་དུ་འཁོད་པར་མོས་ལ་གསལ་བརྟན་ཏུ་མ་གྱུར་བར་བསྒོམ། གཉིས་པ་ནི། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་བསོད་དཔལ་འབྱོར་རྒྱས། འོད་ཟེར་ཕྱིར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། འོད་ཟེར་ཚུར་འདུས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་མོས་ཏེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་བདག་དོན་བྱིན་རླབས་ཀྱི་བཟླས་པའོ། །གཉིས་པ་ནི། སྔགས་ལས་འོད་ཟེར་འཕྲོས། རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་བསལ། སྣོད་བཅུད་སྣང་ལ་རང་བཞིན་མེད་པ་འཕགས་མའི་ཞིང་ཁམས་རྟེན་བརྟེན་པར་བཅས་པར་གྱུར། ཁྱད་པར་བ་སྤུའི་བུ་ག་ནས་རང་འདྲ་བའི་སྒྲོལ་མ་ནམ་མཁའི་ཁམས་ཁྱབ་པར་སྤྲོས། འགྲོ་དྲུག་གི་སྡུག་བསྔལ་རྒྱུ་བཅས་བསལ། བདེ་བའི་གནས་ལ་བཀོད་པར་བསམ་སྟེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །གསུམ་པ་ནི། འཇིགས་པ་བརྒྱད་སྐྱོབ་ཀྱི་བཟླས་དམིགས་བྱ་བ་སྟེ། རེ་རེ་བཞིན་བཟླས་
པས་ཐུགས་རྒྱུད་བསྐུལ་བས་རང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འཇིགས་སྐྱོབ་སོ་སོའི་སྐུ་མདོག་དང་མཐུན་པའི་འོད་འཕྲོས། སྨིན་མཚམས་སུ་སླེབ་པ་དང་འོད་ཀྱི་སྣེ་ལས་སོ་སོའི་སྐུ་དཔག་མེད་འཕྲོས་པས་མཁའ་ཁྱབ་འགྲོ་ཀུན་ཕྱི་ནང་གི་འཇིགས་པ་ལས་དབུགས་དབྱུང༌། ཚུར་འདུས་རང་ལ་ཐིམ་པར་བསམ་པ་ཐམས་ཅད་ལ་འགྲེའོ། །འཇིགས་སྐྱོབ་སོ་སོ་ལ་སེང་གེའི་འཇིགས་སྐྱོབ་སྒྲོལ་མ་སེང་གདོང་མཆེ་བ་གཙིགས་ཤིང་ལྕེ་གློག་ལྟར་འཁྱུག་པ། སྤྱན་སེར་མོ་མདོག་དམར་ཞིང་སྐྲ་སེར་བ། ཐུགས་ཀར་མི་འཇིགས་པའི་ཕྱག་རྒྱ་མཛད་པ། རྒྱན་གྱིས་བརྒྱན་པ་སེམས་ཅན་རྣམས་ང་རྒྱལ་སེང་གེའི་འཇིགས་པ་ལས་སྒྲོལ་བར་བསམ། གླང་པོའི་འཇིགས་སྐྱོབ་སྒྲོལ་མ་གླང་གདོང་ཤངས་མཐོ་ཞིང་མཆེ་བ་གཙིགས་པ། གསུས་པ་འཕྱང་བ་དུ་བའི་མདོག་ཅན། མཐེ་བོང་མངོན་པར་བརྐྱང་བ་ཕྱག་གཉིས་ཀྱིས་བསྡིགས་པར་མཛད་པ། སེམས་ཅན་རྣམས་གཏི་མུག་གླང་པོའི་འཇིགས་པ་ལས་སྒྲོལ་བར་བསྒོམ། མེའི་འཇིགས་སྐྱོབ་སྒྲོལ་མ་དམར་མེ་འབར་བའི་གདོང་པ་ཅན་ཞལ་བདུན། ལྗགས་བདུན། སྐྲ་གྱེན་དུ་འབར་ཞིང༌། ཕྱག་གཉིས་ཀྱིས་པདྨའི་ཕྱག་རྒྱ་མཛད་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་རྣམས་ཞེ་སྡང་མེའི་འཇིགས་པ་ལས་སྒྲོལ་བར་བསྒོམ། སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་ཁ་དོག་ནག་པོ་སྦྲུལ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང་སྐྲ་གྲོལ་བ། རྒྱན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཕྲག་དོག་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆོམ་རྐུན་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་ཁྲོ་གཉེར་བསྡུས་པ། སྐྲ་གྱེན་ཏུ་བརྫེས་པ། ཕྱག་གཡས་རལ་གྲི། གཡོན་སྡིགས་མཛུབ། རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་ལྟ་ངན་ཆོམ་རྐུན་གྱི་འཇིགས་པ་ལས་
སྒྲོལ་བར་བསྒོམ། ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དམར་མོ་གཡས་པ་དང་གཡོན་པ་ལྕགས་ཀྱུ་དང་ཞགས་པ་འཛིན་ཅིང་རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་སེར་སྣ་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆུའི་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དཀར་མོ། ཕྱག་གཡས་པས་ལྕགས་སྒྲོག གཡོན་པ་སྡིགས་མཛུབ། ཞི་བའི་སྐུར་བཞེངས་པ་སེམས་ཅན་རྣམས་འདོད་པ་ཆུའི་འཇིགས་པ་ལས་སྒྲོལ་པར་བསྒོམ། ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཀུནྡ་དང་ཟླ་བའི་མདོག་ཅན་རྒྱན་གྱིས་བརྒྱན་པ། ཕྱག་གཡས་གཡོན་མཆོག་སྦྱིན་དང་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཐེ་ཚོམ་ཤ་ཟའི་འཇིགས་པ་ལས་སྒྲོལ་བར་བསྒོམས་ལ། རེ་རེ་ལའང་མོས་གདུང་དང་འབྲེལ་བར་ཡི་གེ་བཅུ་པ་བཟླས་ལ། ཏཱ་རཱ་ཏཱ་རཱ་ཞེས་གཉིས་ཀྱི་སྔགས་འདི་དང༌། མཐར་ཏཱ་རཱ་མཁྱེན་ཅེས་བརྗོད་དོ། །གཉིས་པ་ནང་གི་བཟླས་པ་ལའང་གཉིས་ཐུན་མོང་དང༌། ཁྱད་པར་རོ། །དང་པོ་ཐུན་མོང་འབྲུ་གསུམ་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རྩོལ་མེད་རང་བབ་ཀྱིས་ནང་དུ་འཇུག་པ་ཨོཾ་དཀར་པོ། གནས་པ་ཨཱཿདམར་པོ། ཕྱིར་འགྲོ་བའི་ཚེ་ཧཱུྃ་སྔོན་པོར་མོས་ལ་ཅི་ནུས་སུ་བགྲང་ངོ༌། །གཉིས་པ་ཁྱད་པར་ཡི་གེ་བཅུ་པའི་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རང་བཞིན་གྱིས་ནང་དུ་འཇུག་པ་ཡི་གེ་བཅུ་པ་དཀར་པོ་གནས་པ་ཡིག་བཅུ་དམར་པོ། ལྡང་བ་ཡིག་བཅུ་སྔོན་པོར་བསམས་ལ་བགྲང་བའོ། །གསུམ་པ་གསང་བའི་བཟླས་པ་ལ། སྤྱིར་ནི་སྒྲ་མཐའི་བསམ་གཏན་ཞེས་བྱ་བ་གོང་དུ་ངག་བཟླས་ཀྱི་སྐབས་དེ་དག་གམ་དམིགས་བསལ་དུའང་རུང་བར་ཡིག་བཅུའི་སྒྲ་དྲིལ་བུའམ་ཏིང་ཤག་ལྟ་བུའི་སྒྲ་མཐའི་ཧཱའི་སྐད་ཇེ་ཕྲར་ཡལ་བ་ལ་སེམས་གཞོལ་བ་དང༌། ཁྱད་
པར་ཡི་གེ་བཅུ་པའི་ཐོག་མཐའ་བར་གསུམ་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་ངོ་བོ་དང་གཉིས་སུ་མེད་པ་ལ་སྒྲ་ནི་མཐའ་ནམ་མཁའ་དང་མཉམ་པའི་རང་བཞིན་ལ་བློ་བཞག་པར་གསུངས་སོ། །རྩ་བའི་བཞི་པ་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པ་ལ་གསུམ་སྟེ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ནི། ཐོག་མར་སྐྱེ་སླ་བ་རྩ་བའི་མ་ལ་དམིགས། དེ་ནས་སྐྱེ་དཀའ་བ་དགྲ་ལྟ་བུ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ལ་དམིགས་ཏེ། དེའང་མར་ཤེས། དྲིན་དྲན། དྲིན་བཟོ་བའི་སེམས་སྔོན་དུ་འགྲོ་བས། མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ངེས་པར་ལྡན་པར་གྱུར་ཅིག་སྙམ་དུ་སྨོན་ལམ་དང་འབྲེལ་པ། མ་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་དུ་འདུན་པ་དང་འབྲེལ་པ། མ་འདི་རྣམས་ངེས་པར་བདེ་བ་དང་ལྡན་པར་བདག་གིས་བྱའོ་སྙམ་དུ་དམ་བཅའ་དང་འབྲེལ་པའི་ཚུལ་གྱིས་ངེས་པ་མ་སྐྱེས་བར་དུ་བསྒོམ། གཉིས་པ་ནི། དེ་ལྟར་བདེ་བ་དང་མི་ལྡན་པ་དེ་གང་ལས་བྱུང་ན་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྱུང་བས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་པའི་སྨོན་པ། བྲལ་ན་ཅི་མ་རུང་སྙམ་པའི་འདུན་པ། བྲལ་བར་བྱའོ་སྙམ་པའི་དམ་བཅའ་སྟེ་སྙིང་རྗེ་ཚད་མེད་པ་འབྲེལ་པ་སུམ་ལྡན་གྱི་ཉམས་སུ་བླང༌། གསུམ་པ་ནི། དེ་ལྟ་བུའི་བྱམས་སྙིང་རྗེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་སེམས་དང༌། དེའི་ཆེད་དུ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་དང་ཁྱད་པར་ལམ་ཟབ་མོ་འདི་ཉིད་སྒོམ་པས་ཉམས་སུ་བླང་སྟེ་མཐར་དབྱུང་བར་བགྱིའོ་སྙམ་དུ་བསམ་པས་སྦྱང༌། སྦྱོར་བས་ནན་ཏན་དུ་དེ་ལ་འཇུག་པའོ། །རྩ་བའི་ལྔ་པས་སེམས་སྟོང་པར་རྗེས་སུ་དྲན་པ་ལ་གསུམ། ཞི་གནས་བསྒོམ། ལྷག་མཐོང་བཙལ། དེ་ཟུང་འབྲེལ་དུ་ཉམས་སུ་ལེན་པའོ། །དང་པོ་ནི། ལུས་
ཀྱི་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས། ངག་གི་གནད་དབུགས་འབྱུང་གནས་ལྡང་གསུམ་རང་བབ་ཉེར་གཅིག་ཏུ་བགྲང་བ་སྔོན་དུ་འགྲོ་བས། སེམས་ཀྱི་གནད་རྟེན་བཅས་ཤིང་བུ་རྡེའུ་ལྷ་སྐུ་ཡིག་འབྲུ་སོགས་དང༌། རྟེན་མེད་དམིགས་རྟེན་ཡིད་ཀྱིས་བསམ་པ་དང༌། དམིགས་རྣམ་གང་ཡང་ཡིད་ལ་མི་བྱ་བར་ངོ་བོ་ཉིད་ཀྱི་ངང་དུ་འཇོག་པ་རྣམས་ལ་བྲམ་ཟེས་སྐུད་པ་འཁལ་བའི་གནད་གྲིམས་ལྷོད་རན་པོའི་ཚུལ་གྱིས་ནན་ཏན་ཏུ་བསྒོམ་སྟེ་བྱིངས་རྒོད་བྱུང་ན་བཅོས་པས་སེམས་གནས་ཀྱི་རིམ་པ་དགུ་དང་འབྲེལ་བའི་ཉམས་ལྔ་པོ་རིམ་གྱིས་སྐྱེ་བར་འགྱུར་རོ། །གཉིས་པ་ལ་གསུམ། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་ལ་ངེས་པ་རྙེད་པར་བྱ་བ་དང་ཟུང་འབྲེལ་ཉམས་སུ་བླང་བའོ། །དང་པོ་ནི། འཁོར་བ་པ་རྣམས་ལ་ལྟ་བ་ངན་པ་རྟག་ཆད་དུ་ལྟ་བ་ལ་སོགས་པའི་རྩ་བ་ལྷན་སྐྱེས་ཀྱི་ངར་འཛིན་ལ་གང་ཟག་གི་བདག་ཅེས་བྱ་སྟེ། དེ་ཉིད་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པ་ཙམ་ལས་དོན་དམ་པར་གྲུབ་པ་མེད་པའི་ཚུལ་ལ་ལུང་རིག་མན་ངག་གིས་སྒྲོ་འདོགས་བཅད་དེ་ངེས་ཤེས་བསྐྱེད་དོ། །གཉིས་པ་ནི། ངར་འཛིན་གྱི་ཤེས་པ་དེས་བསྐྱེད་པའི་ང་ཡིར་འཛིན་པ། ཕྱིའི་དོན་དུ་སྣང་བ་དང༌། དོན་དེ་འཛིན་བྱེད་ཀྱི་ཤེས་པ་དང༌། འཛིན་པ་བཀག་པའི་ཤུལ་གྱི་ཤེས་རྣམ་སྤྱི་ཙམ་ཡང་བདེན་པར་གྲུབ་པ་མེད་དེ་རི་བོང་གི་རྭ་མ་གྲུབ་པས་རྭའི་རྣོ་བརྟུལ་ལ་སོགས་པའི་མཚན་ཉིད་གདགས་སུ་མེད་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་དཔྱད་པས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཟིན་པའི་ལྷག་མཐོང་དྲི་མ་མེད་པ་དེ་ཉིད། མན་ངག་གི་མྱོང་བ་དང་སྦྱར་ཏེ་ཆོས་ཐམས་ཅད་དམིགས་པ་མེད་ཅིང་བརྗོད་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག སྤྲོས་བྲལ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་དང༌། རྗེས་ཐོབ་སྟོང་ཉིད་རྟེན་ཅིང་འབྲེལ་འབྱུང་དུ་ཤར་བའི་ཚུལ་ལ་བློ་ངེས་པར་བྱས་ཏེ་དྲན་པ་དང་ཤེས་བཞིན་གྱི་རྒྱུན་བསྐྱངས་པས་བདེན་གཉིས་ཟུང་འཇུག་གི་
རྟོགས་པ་རྙེད་པར་འགྱུར་རོ། །གཉིས་པ་རྗེས་དྲན་ལྔ་པོ་དེ་རྣམས་ཕྱི་ནང་གསང་བའི་དོན་དང་སྦྱར་ཏེ་འཆད་ན། དང་པོ་རང་ལ་ཐར་པའི་ལམ་སྟོན་པ་ནི་ཕྱིའི་བླ་མ། ལྟ་སྤྱོད་ཟུང་དུ་འཇུག་པ་ནི་ནང་གི་བླ་མ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི་གསང་བའི་བླ་མའོ། །གཉིས་པ་ལྷག་པའི་ལྷ་མཚན་དཔེའི་སྐུར་སྣང་བ་ནི་ཕྱིའི་ལྷ། གཞི་དམ་ཚིག་པར་བསྐྱེད་པ་ནང་གི་ལྷ། སེམས་ཡེ་ཤེས་པ་དང་གཉིས་སུ་མེད་པ་གསང་བའི་ལྷའོ། །གསུམ་པ་སྔགས་ཀྱི་གདངས་ངག་ཏུ་བརྗོད་པ་ཕྱིའི་བཟླས་པ། རླུང་ཡི་གེའི་རྣམ་པར་བསམ་པ་ནང་གི་བཟླས་པ། སྒྲ་མཐའི་བསམ་གཏན་ཡིད་བྱེད་ནི་གསང་བའི་བཟླས་པའོ། །བཞི་པ་འགྲོ་དྲུག་ཕ་མར་ཤེས་པ་ནི་ཕྱིའི་བྱང་སེམས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་ནང་གི་བྱང་སེམས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྙིང་རྗེའི་རང་མདངས་ཙམ་དུ་ཤེས་པ་ནི་གསང་བའི་བྱང་སེམས་སོ། །ལྔ་པ་ལུང་རིག་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་པར་སྒྲོ་འདོགས་ཆོད་པ་ནི་ཕྱིའི་ཆོས་ཉིད། མྱོང་ཐོག་ནས་གསལ་སྟོང་ཟུང་འཇུག་མངོན་དུ་གྱུར་པ་ནི་ནང་གི་ཆོས་ཉིད། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཆོས་ཀྱི་སྐུར་ཤེས་པ་ནི་གསང་བའི་ཆོས་ཉིད་རྗེས་སུ་དྲན་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། རང་ལྷར་བསྒོམས་པ་ཡིན་ན་བསྡུ་རིམ་དང་ཐུན་མཚམས་ཀྱི་ལྷར་ལྡང་བ། གནས་གསུམ་སྲུང་བ་སོགས་སྤྱི་ལྟར་བྱས། དཀྱུས་གཅིག་ཏུ་བསྒོམ་ན་བྱང་སེམས་ཀྱིས་མཚམས་སྦྱར་བ་སོགས་མདོར་ན་ཐུན་མཚམས་ལ་བབས་པ་ན། ཐེག་པ་ཆེན་པོའི་སྨོན་ལམ་དང་འཁོར་གསུམ་ཡོངས་དག་གི་བསྔོ་བས་རྒྱས་གདབ་སྟེ། སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་གྲགས་རྟོག་གསུམ་རྗེ་བཙུན་འཕགས་མའི་གསང་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་སྟན་ཐོག་གཅིག་མའི་ཉམས་ལེན་ནི། སྔར་བཤད་པ་དེ་རྣམས་སྟན་ཐོག་གཅིག་
ཏུ་བསྒོམ་ན། སྐྱབས་སེམས་དང་བླ་མ་རྗེས་དྲན་སྔོན་དུ་འགྲོ་བས། ལྷ་བསྒོམ་སྔགས་བཟླས་ཇི་ལྟར་རིགས་པའི་རྗེས་ལྷ་སྐུའི་གསལ་སྣང་འོད་གསལ་དུ་བསྡུས་ནས་སེམས་ཀྱི་གནས་ལུགས་སྟོང་པར་རྗེས་སུ་དྲན་པའི་ངང་དུ་མཉམ་པར་བཞག དེ་ལས་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ན། འགྲོ་ཀུན་ཕ་མར་རྗེ་སུ་དྲན་པས་དམིགས་པ་མེད་པའི་བྱམས་སྙིང་རྗེ་བྱང་སེམས་ཀྱིས་མཚམས་སྦྱར་ཏེ་བསྔོ་སྨོན་གྱིས་རྒྱས་གདབ་ཅིང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཚོགས་གཉིས་ཟུང་འཇུག་གི་ལམ་ལ་འབད་པ་འདོན་པར་བྱའོ། །ལྷར་བཅས་ཡོན་གནས་བཀའ་གདམས་པའི། །ཐུགས་དམ་ཆོས་ཀྱི་བཅུད་འདི་ལ། །ནན་ཏན་འབད་ནས་བྱང་ཆུབ་ཀྱི། །སྤྱོད་པ་རྒྱ་མཚོ་མཐར་ཕྱིན་སྨོན། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྒྲོལ་མ་རྗེས་དྲན་དྲུག་གི་ཁྲིད་ཀྱི་ལེ་ཚན་ནོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། ཡེ་ཤེས་ཁྲོས་པ་སྒྱུ་མའི་གར། །འཇིགས་བྱེད་བདུད་བཞིའི་དཔུང་འཇོམས་པ། །མི་གཡོ་མགོན་ལ་ཕྱག་བྱས་ཏེ། །ཁྲིད་ཚུལ་སྤྱི་དང་བྱེ་བྲག་འཆད། །གྲུབ་པའི་སྤྱི་མེས་ས་ར་ཧས་འཕགས་པ་ཀླུ་སྒྲུབ་ལ་བསྟན་ཅིང་རིམ་པར་བརྒྱུད་པ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་གྱི་མཆོག་ཏུ་གྱུར་པ་མི་གཡོ་ཆོས་དྲུག་ཏུ་གྲགས་པ་ཁྱད་པར་བ་དང༌། གདམས་ངག་ཐུན་མོང་བའི་ལུགས་ཀྱི་ཁྲིད་རིམ་དག་གུང་སྤྲོས་ཏེ་འཆད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། སྔོན་འགྲོ་ལའང་ལྔ་སྟེ། སྐྱབས་སེམས། མཎྜལ། ཡིག་བརྒྱ། བླ་མའི་རྣལ་འབྱོར། ཚོགས་གསག་གི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། སྐྱབས་སུ་འགྲོ་བ་ནི་ལམ་ལོག་པ་ལས་སྐྱོབ་པ་སྟེ་གོ་དོན་བློ་ལ་ངེས་པས་བསྒོམ་དོན་དམིགས་པར་བྱ་བ་ནི། ས་ཕྱོགས་དག་པའི་ཞིང་ཁམས་གནས་ཁང་མཐོ་ཁྱད་བཀོད་མཛེས་ཀྱི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པའི་སྙིང་པོར་སེང་ཁྲི་པད་ཟླའི་གདན་ལ། བླ་མ་མི་
བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན། མདུན་དུ་ཡི་དམ་མི་གཡོ་བ། གཡས་སུ་རྒྱལ་བ་ཤཱཀ་ཐུབ། རྒྱབ་ཏུ་གླེགས་བམ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། མཐའ་སྐོར་དང་བར་མཚམས་སུ་མཁའ་འགྲོ་ཆོས་སྲུང་སོ་སོའི་གཙོ་མོ་ལ་རིགས་མཐུན་གྱི་འཁོར་དང་བཅས་ཏེ་བཞུགས་པའི་མདུན་དུ། བདག་དང་མཁའ་ཁྱབ་འགྲོ་བ་སྒོ་གསུམ་དད་མོས་ཀྱི་འཇུག་པ་གཅིག་ཏུ་དྲིལ་བས་སྐྱབས་སུ་འགྲོ་བར་མོས་ཏེ། སངས་རྒྱས་ཆོས་ཚོགས་མ་ཅི་ནུས་བརྗོད། སེམས་བསྐྱེད་པ་ནི། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སྟེ། སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བདག་གིས་སྦྱིན་སོགས་བགྱིས་པ་སོགས་དོན་ཡིད་ལ་དྲན་བཞིན་དུ་བརྗོད། གཉིས་པ་མཎྜལ་འབུལ་བ་ནི། བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་གྱི་གཙོ་བོ་ཚོགས་རྫོགས་པར་བྱེད་པ་སྟེ། སྐྱབས་ཡུལ་དེ་དག་ཚོགས་ཀྱི་ཞིང་དུ་བྱས་པའི་སྤྱན་སྔར། མཆོད་པའི་མཎྜལ་རྒྱུ་བཟང་ལ་བཀོད་པས་མཛེས་པར་བཤམས་པ་དེ་ཉིད་རྒྱུར་བྱས་ཏེ། ཡིད་ཀྱིས་སྤྲུལ་པའི་མཎྜལ་གྱི་བཀོད་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ལྟ་བུ་དང༌། བདག་གཞན་ཀུན་གྱི་དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་ཐམས་ཅད་ཀུན་བཟང་མཆོད་པའི་སྤྲིན་ཏུ་བློས་བླངས་ལ་འབུལ་ཏེ། ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པ་དང༌། ས་གཞི་སྤོས་བྱུགས་སོགས་གྲངས་བཅད་དུ་ཕུལ། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། བདག་གཞན་གྱི་སྒྲིབ་གཉིས་སྦྱངས། ཚོགས་གཉིས་རྫོགས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་འཁོད། སྐྱབས་ཡུལ་གཡས་སྐོར་གྱིས་འོད་དུ་ཞུ། བླ་མ་ལ་ཐིམ། བླ་མ་འོད་དུ་ཞུ་རང་ལ་ཐིམ་པས་ལུས་སེམས་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་མོས། གསུམ་པ་རྡོར་སེམས་སྒོམ་བཟླས་ནི། བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་གྱི་གཙོ་བོ་
སྡིག་སྒྲིབ་སྦྱོང་བར་བྱེད་པ་སྟེ། རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པ། ལོངས་སྐུའི་རྒྱན་ལྡན་ཞབས་སེམས་སྐྱིལ་གྱི་སྐུ་ལས་སྐྱེས་པའི་འོད་ཕུང་གི་ཀློང་དུ་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོའི་མཐར་ཡིག་བརྒྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་གསལ་གདབ། གསོལ་བ་བཏབ་པའི་ཚུལ་གྱིས་ཡིག་བརྒྱ་བཟླས་པས་ངོ་བོ་ཐུགས་རྗེ་ཡུལ་ལ་འཇུག་པའི་ཡེ་ཤེས། རྣམ་པ་བདུད་རྩི་དཀར་པོའི་རྒྱུན་བབས་པས་ལུས་ཀྱི་ཕྱི་ནང་བཀྲུས། སྡིག་སྒྲིབ་བག་ཆགས་ནད་གདོན་ལ་སོགས་པ་དག་པའི་དམིགས་རྣམ་སྤྱི་དང་མཐུན་ཞིང༌། མཐར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་སོགས་སྡོམ་སེམས་དང་འབྲེལ་པའི་གསོལ་བ་བཏབ་པས། སྡིག་སྒྲིབ་དག་པར་དབུགས་དབྱུང་སྩལ་ཏེ་འོད་ཀྱི་རྣམ་པས་རང་ལ་ཐིམ་པར་བསམ། བཞི་པ་བླ་མའི་རྣལ་འབྱོར་ནི་སྔགས་ཀྱི་རྣལ་འབྱོར་ལ་རྟེན་འབྲེལ་སྒྲིག་པ་སྟེ། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་ལ་རྩ་བའི་བླ་མ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གསལ་བ་ལ་མོས་གུས་གདུང་བའི་ཤུགས་དྲག་པོས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སོགས་གསོལ་འདེབས་གང་ཤེས་ཅི་ནུས་སུ་བྱས་པས། བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། མཐར་བླ་མ་འོད་ཞུ་རང་ལ་ཐིམ་པར་མོས་ཏེ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག ལྔ་པ་ཚོགས་བསགས་ལ་གསུམ། སྦྱོར་བ་ཚོགས་ཞིང་བསྐྱེད་པ། དངོས་གཞི་ཚོགས་གསོག་ཅིང་གསོལ་བ་འདེབས་པ། རྗེས་དབང་བླང་ཞིང་རང་ལ་བསྟིམ་པའོ། །དང་པོ་ནི། ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་མདུན་ནམ་མཁར་པད་ཉིའི་གདན་གྱི་
སྟེང་དུ་ཧཱུྃ་སྔོན་པོ་ཐོལ་གྱིས་བྱུང༌། དེ་ལ་སེམས་ཆེར་གྱིས་གཏད་པས་དེ་ཉིད་འོད་དུ་ཞུ་སྟེ་གཏུམ་ཆེན་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་རལ་གྲི་འཕྱར་ཞིང་གཡོན་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གཏོད་པ། རིན་པོ་ཆེའི་རྒྱན་དང་སྦྲུལ་དཀར་པོའི་ག་ཤ་སྟག་ཤམ་སོགས་ཁྲོ་བོའི་ཆས་ཅན་ཚེམས་ཀྱིས་མ་མཆུ་མནན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བགེགས་རྒྱལ་གླང་པོའི་སྣ་ཅན་བརྫིས་པ། ཁྲོ་ཆུང་དང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་མོས། གཉིས་པ་ནི། ཡིད་ཀྱིས་ཕྱག་དང་ལྷ་མོ་མེ་ཏོག་མ་ལ་སོགས་པ་དཔག་ཏུ་མེད་པ་སྤྲུལ་ཏེ་མཆོད་ཅིང་བསྟོད་པས་མཉེས་པར་བསམ། མོས་གུས་དང་བཅས་ཏེ་ངག་ཏུ། ཇོ་བོ་མི་གཡོ་བས་བདག་ལ་དབང་བསྐུར་དུ་གསོལ། གསང་སྔགས་མཐའ་དག་ཉམས་སུ་ལེན་ཏུ་རུང་བའི་སྣོད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གྲངས་མང་དུ་བརྗོད། གསུམ་པ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་ཞབས་གཡས་པའི་མཐེབ་ཆེན་ནས་ཟག་མེད་ཀྱི་བདུད་རྩི་དཀར་ནར་གྱིས་ཐོན་ཏེ་བྱུང༌། རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས། བདེ་སྟོང་ཟག་མེད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པར་མོས་ལ་སེམས་བཟུང༌། མཐར་ཡིག་བརྒྱ་བརྗོད་དེ་མདུན་གྱི་ཡི་དམ་འོད་དུ་ཞུ། རང་ལ་ཐིམ་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ཐུན་མོང་དུ་ལྷའི་རྣལ་འབྱོར་བསྒོམ་པ་དང༌། ཐུན་མོང་མ་ཡིན་པ་ཆོས་དྲུག་གི་རྣལ་འབྱོར་རོ། །དང་པོ་ལ་བཞི། བསྐྱེད་རིམ་གསལ་སྣང་དང་བཅས་པ། ཐུན་མོང་མེ་དམིགས། ཁྱད་པར་གཟིགས་སྟངས། ཐུན་མཚམས་སྲུང་བའི་རྣལ་འབྱོར་རོ། །
དེ་ལ་དང་པོ་ལྷའི་སྐུར་བསྐྱེད་ཅིང་གསལ་སྣང་ལ་བསླབ་པ་ནི། བདེ་བའི་སྟན་ལ་ལུས་གནད་བཅས། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་སྐད་ཅིག་གིས་རང་ཉིད་གཏུམ་པོ་ཆེན་པོའི་ལྷའི་སྐུར་ཝལ་གྱིས་གྱུར་པ་ནི། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡེ་ཤེས་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་རྡོ་རྗེའི་ཞགས་པ་དང་བཅས་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུ་སྐྲ་སྨ་ར་སྨིན་མ་དམར་སེར་གྱེན་དུ་འབར་བ། དམར་ཞིང་ཟླུམ་པའི་སྤྱན་གཉིས་འཁྱུག་ཅིང་ཚེམས་ཀྱིས་མ་མཆུ་མནན་པ། རིན་པོ་ཆེ་དང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་ཅིང་སྦྲུལ་དཀར་པོས་སེ་རལ་ཁར་བྱས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡས་བསྐུམས་གཡོན་བརྐྱངས་པས་བགེགས་ཀྱི་རྒྱལ་པོ་གླང་པོའི་སྣ་ཅན་གྱི་སྟེང་ན་བརྫིས་པ། སྤྲུལ་པའི་ཁྲོ་ཆུང་དུ་མའི་འཕྲོ་འདུ་དང༌། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་དབང་ལྷ་སྤྱན་དྲངས། མཆོད་ཅིང་གསོལ་བ་བཏབ་པས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་སྐུ་གང༌། དྲི་མ་དག སྤྱི་བོར་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པས་རྒྱས་བཏབ་པར་མོས་པ་ལ་ལྷ་སྐུའི་སྣང་ཞེན་ལ་ཡུན་རིང་དུ་སེམས་བཟུང༌། རྣམ་པ་སྤྱི་དང་བྱེ་བྲག་རེ་རེ་ནས་གསལ་བརྟན་ཚད་དུ་མ་ཕྱིན་གྱི་བར་དུ་གསལ་སྣང་ཁོ་ནར་འབད་པས་བསླབ་བོ། །གཉིས་པ་ཐུན་མོང་དུ་མེ་དམིགས་གསུམ་བསྒོམ་པ་ནི། རང་ལྷར་གསལ་བ་དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་གི་མཐར་ཡི་གེ་བཅུ་པས་བསྐོར་བ་གསལ་གདབ། དེ་ལས་དྲག་པོའི་མེ་ལྕེ་འཇིགས་དུས་བསྐལ་པའི་མེ་ལྟར། ཚ་བ། རྩུབ་པ།
དྲག་པ། རྣོ་བ། སྟོབས་ལྡན། ཤུགས་ཅན། མྱུར་བ་སྟེ་མཚན་ཉིད་བདུན་ལྡན་འབར། ཐོག་མར་ཧཱུྃ་སྔགས་ཕྲེང་དང་བཅས་པ་མེ་ནང་དུ་འུར་གྱིས་འབར་ཞིང༌། དེ་ལས་ཀྱང་མེ་ལྕེ་འཁྱོག་པོས་རང་གི་ལུས་ནང་དམར་མེར་གྱིས་གང་བས་སྡིག་སྒྲིབ་ནད་གདོན་བག་ཆགས་དང་བཅས་པ་སྐད་ཅིག་གིས་བསྲེགས་པར་བསྒོམ། མེ་དམིགས་དང་པོའོ། །དེ་ནས་མེ་ཆེར་འབར་ཏེ་ལུས་ཀྱི་སྒོ་དགུ་ནས་ཀྱང་མེ་ལྕེ་སྦྲུལ་གྱི་ལྕེ་ལྟར་དམར་མྱུག་མྱུག་བྱུང༌། མཐར་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཀྱང་དམར་ལམ་ལམ་མཆེད། ཕྱིའི་མེ་རིའི་གུར་ཁང་དང་འདྲེས་པས་མི་མཐུན་ཕྱོགས་རྣམས་ཆམ་ཀྱིས་བསྲེགས་པར་མོས། མེ་དམིགས་གཉིས་པའོ། །དེ་ལས་ཀྱང་ཆེར་འབར་ཏེ་འདོམ་དང་མདའ་རྒྱང་དང་རྒྱང་གྲགས་དང་དཔག་ཚད་ཀྱི་བར་དུ་ལྷབ་ལྷབ་འབར་ཞིང་མཆེད་པས་བསྟན་དགྲ་གདུག་པ་ཅན་རྣམས་དང༌། ནད་དང་དལ་ཡམས་ཀྱི་བདག་མོ་མཐུ་མོ་ཆེ་རྣམས་རྒྱ་མཚོའི་མཐར་བསྐྲད་ཅིང་བྱེར་བར་དམིགས། མེ་དམིགས་གསུམ་པ་སྟེ་དེ་དག་གི་སྐབས་སུ་སྔགས་ཡི་གེ་བཅུ་པ་ཅི་ནུས་སུ་བཟླའོ། །གསུམ་པ་སྤྱན་གྱི་གཟིགས་སྟངས་ལ་བརྟེན་ནས་བདེན་གཉིས་ཟུང་འཇུག་གི་རྣལ་འབྱོར་ལ་བསླབ་པ་ནི། རང་ཁྲོ་བོའི་དབང་པོར་གསལ། མིག་གཡས་པ་སྟེང་དུ་བཏེག་པས་སྤྱན་གཡས་པའི་ནང་དུ་ཡི་གེ་མྃ་ལས་ཉི་མའི་དཀྱིལ་འཁོར་ཞིག་བསམ། དེས་སངས་རྒྱས་ཀྱི་ཞིང་ཁམས་དང༌། རྒྱུ་འབྲས་རྟེན་འབྲེལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་གཟིགས་པར་བསམ། མིག་གཡོན་པ་འོག་ཏུ་གནོན་པས་སྤྱན་གཡོན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཞིག་བསམ། དེས་ཆོས་ཐམས་ཅད་ཅི་ཡང་མི་དམིགས་པའི་སྟོང་པ་ཉིད་དུ་གཟིགས་པར་བསམ། མིག་གཉིས་ཐད་དཀར་ལྟ་སྟངས་གཏོད་པས་སྤྱན་དེ་གཉིས་ཀྱི་དབུས་སུ་ཡེ་ཤེས་ཀྱི་སྤྱན་ཁྲ་ཧུར་རེ་བ་ཞིག་བྱུང༌། དེས་ཐབས་ཤེས་དབྱེར་མེད། ཞི་ལྷག་ཟུང་འཇུག་སྟེ་རྟག་ཆད་ཡོད་མེད་ལ་སོགས་དབྱེར་མེད་ཟུང་འཇུག་ལ་ས་ལེར་གཟིགས་
པར་བསམས་ལ་རྩེ་གཅིག་མཉམ་པར་བཞག་གོ །བཞི་པ་ནི། ཐུན་བསྡུ་བའི་ཚེ་རིལ་འཛིན་རྗེས་གཞིག་གིས་ལྷ་སྣང་འོད་གསལ་དུ་བཅུག སྟོང་པའི་ངང་ལས་སྐད་ཅིག་གིས་རང་ལུས་ཡེ་ཤེས་ཀྱི་རལ་གྲི་སྔོ་སངས་མེ་འབར་བ། ཡུ་བ་གསེར་གྱི་ས་གཞི་ལ་ཐུག་ཅིང་རྩེ་མོ་ཚངས་པའི་འཇིག་རྟེན་ཏུ་སླེབས་པ། ནང་སྟོང་སེང་ངེ་བའི་དབུས་སུ་རང་སེམས་ཧཱུྃ་སྔོན་པོར་གསལ་བ་ལ་ཅི་གནས་སུ་མཉམ་པར་བཞག མཐར་སྟོང་པར་བསྡུས་ཏེ་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ལ་གནས་གསུམ་སྲུང་བ་སོགས་སྤྱི་ལྟར་རོ། །དྲག་ལས་དང་གྲལ་དཔོན་བྱེད་པ། ཕྱོགས་ངན་དུ་འགྲོ་བ་སོགས་དགོས་པ་དམིགས་སུ་བསལ་བ་ཡོད་ན་རང་ལུས་རལ་གྲིར་སྒོམ་བཞིན་པས་བྱ་བ་བྱས་ན་བར་ཆད་དང་ཕྱོགས་ངན་ལ་སོགས་པའི་གནོད་པ་གང་གིས་ཀྱང་མི་ཚུགས་ཤིང༌། ལར་སྦ་བ་གསུམ་ཚང་བའི་གདམས་ངག་འདི་ཤིན་ཏུ་ཟབ་པ་ཡིན་གསུངས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ཆོས་དྲུག་ལ། དང་པོ་བདེ་དྲོད་གཏུམ་མོའི་རྣལ་འབྱོར་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་ལུས་གནད་མེ་ཐབས་དྲུག་ཆིངས་བྱ་སྟེ། རྐང་པ་བོལ་གོང་བསྣོལ་ལ་ཙོག་པུར་སྒྱེད་པུ་ལྟར་གཟུག ལག་གཉིས་ཞགས་པ་ལྟར་བསྡོམ། མགོ་བོ་ཕུབ་ལྟར་དབུབ། རྒལ་ཚིག་མདའ་ལྟར་བསྲང་སྟེ་གཡོ་འགུལ་མེད་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རླུང་གི་རྣལ་འབྱོར་དང༌། གཏུམ་མོའི་རྣལ་འབྱོར་རོ། །དང་པོ་ཁྱབ་བྱེད་རླུང་གི་རྣལ་འབྱོར་ལ་བསླབ་པ་ནི། རང་མི་གཡོ་བར་ལམ་གྱིས་གསལ་བའི་སྐུའི་ནང་དར་སྔོན་གྱི་གུར་ཕུབ་པ་ལྟ་བུ་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་རྐང་མཐིལ་གཉིས་སུ་མེ་རླུང་གི་ངོ་བོ་རྃ་ཡིག་དམར་ལྗང་རེ་རེ་གསལ་གདབ། རླུང་རོ་བུས། སྟེང་རླུང་དལ་གྱིས་རྔུབ། འོག་རླུང་བསྐུམ་པ་དང་རྐང་མཐེབ་གཉིས་
ཅུང་ཟད་བསྐྱོད་པའི་རྐྱེན་གྱིས་རྃ་གཉིས་ལས་མེ་རླུང་ནར་གྱིས་བྱུང༌། བརླའི་རྩ་བོ་ཆེ་བརྒྱུད་དེ་ལྟེ་འོག་ཏུ་སླེབས་པ་དང༌། སྲོག་རྩོལ་ཐུར་སེལ་བཅས་ལྷན་ཅིག་ཏུ་འཛོམ་པ་ལ་ཤེས་པ་གཏད་དེ་དགང་ཞིང་གཞིལ། མི་ཐུབ་ཙ་ན་དལ་བུས་སངས་ཀྱིས་བུས་དེ་ལྟར་སྦྱོར་བ་བཞི་ལྡན་གྱི་རླུང་འབྱོངས་པའི་རྟགས་མ་བྱུང་བར་བསྒོམ། གནད་ཕྲ་མོ་ནི་ཞལ་དང་ཕྱག་ལེན་ལས་ཤེས་སོ། །གཉིས་པ་ཁྱབ་བྱ་གཏུམ་མོའི་རྣལ་འབྱོར་ལ་གསུམ། དྲོད་ཀྱི་རྣལ་འབྱོར་དང༌། བདེ་བའི་རྣལ་འབྱོར་དང༌། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་ནི། པུས་འཁྱུད་བཅུག་ལ་ཉྭ་བཞི་བསྒྲིམ་པ་སོགས་ལུས་གནད་སྔར་ལས་གྲིམས་ཆ་ཆེ་བར་བྱ། སྟོང་ར་གསལ་གདབ། ལྟེ་འོག་སོར་བཞིར་ཆོས་འབྱུང་དམར་ནག་ཟུར་དྲུག་པའི་དབུས་སུ་ཨ་ཤད་དམར་པོ་གསལ། རླུང་རོ་བུས། རླུང་སྔར་བཞིན་བཟུང་བས་རྐང་མཐིལ་གྱི་རྃ་ལས་མེ་བྱུང༌། སུམ་མདོར་འདྲེས་པས་ཆོས་འབྱུང་ངོས། ཨ་ཤད་ལས་མེ་འབར་བའི་དྲོད་ཀྱིས་ལྟེ་བའི་འཁོར་ལོ་ནས་རིམ་པར་དྲོད་ཚ་འུར་གྱིས་བྱུང་བར་མོས་ལ་ཐུན་བཞི་སོགས་སུ་བརྩོན་འགྲུས་བསྐྱེད་དེ་ལུས་ལ་དྲོད་མ་སྐྱེས་ཀྱི་བར་དུ་བསྒོམ། གཉིས་པ་ནི། སྟོང་རའི་དབུས་སུ་རྩ་དབུ་མ་གྲོ་སོག་འབྲིང་པོའི་ཚད་ཙམ་པ། མཚན་ཉིད་བཞི་ལྡན། ཡར་སྣེ་ཚངས་བུག་དང༌། མར་སྣེ་གསུས་པའི་གཉེར་པོ་ཆེར་སླེབ་པའི་གཡས་སུ་རོ་མ་དམར་མོ་དང་གཡོན་ཏུ་རྐྱང་མ་དཀར་མོ་གཉིས་དབུ་མ་ལས་བལྡབས་འགྱུར་གྱིས་ཕྲ་བ། ཡས་སྣ་སྤྱི་བོ་ནས་སྣ་བུག་གཉིས་དང༌། མས་སྣ་ལྟེ་འོག་ནས་དབུ་མའི་བར་སྣེར་ཆུད་པ། དབུ་མའི་ཡར་སྣེར་ཧྃ་དཀར་པོ་མགོ་བོ་མཐུར་བསྟན་ཕྱེད་ནུབ་ཙམ། མས་སྣེར་ཨ་དམར་པོ་མགོ་གྱེན་བསྟན་ཕྱེད་ནུབ་ཙམ། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་འཁོར་ལོ་དམར་པོ་རྩིབས་དྲུག་པའི་ལྟེ་བར་ཧཱུྃ་དམར་པོ། རྩིབས་དྲུག་ལ་ཨ་ཤད་དམར་པོ་རེ་རེ། མར་སྣེའི་ཨའི་སྟེང་ཐད་དུ་རྃ་དམར་པོ་ཞིག་བསམ། རླུང་རོ་བསལ། རླུང་ཁ་སྦྱོར་དུ་
བཟུང་བས་ཨ་བསྐུལ། རྃ་ལས་མེ་ཟངས་ཁབ་ལྟ་བུ་གྱེན་དུ་འབར་བས་འཁོར་ལོ་གཡས་སུ་དྲག་ཏུ་བསྐོར། ཧཱུྃ་ཡིག་ཨ་ཤད་དང་བཅས་པ་ལས་མེ་དམར་བ། རྣོ་བ། མྱུར་བ། ཚ་བ། འུ་རུ་རུ་འབར་བ་ལ་དམིགས་པ་གཏད་དེ་དྲག་ལ་ཡུན་ཐུང་དུ་སྦྱང༌། ལུས་སྟོང་ཚད་པའི་ཡུལ་ཡིན་པས་མ་འབྱོངས་བར་དུ་ཐོག་མ་ནས་མེ་དམིགས་རིགས་སྟོང་དུ་མི་བྱ་གསུངས། རླུང་གཏོང་བའི་ཚེ་དབུ་མ་ནས་ཡར་སོང་བར་བསམས་ནས་དབྱིབས་སུ་གཏོང༌། ཐུན་འཇོག་དུས་མེ་རྣམས་རྃ་ལ་བསྡུ། ཐུན་རེ་རེ་ལ་བུམ་པ་ཅན་ཅི་ནུས་ཁམས་དང་སྦྱར་ནས་བརྩོན་པས་དེ་ལ་བརྟན་པ་ཐོབ་པ་ནི། མེ་ལྕེ་རིམ་པར་བསྲིང་སྟེ་སྙིང་ག་ཙམ་དུ་སླེབས་པ་དང༌། སྤྱི་བོའི་ཧྃ་གཡོས་བདེ་བ་སྐྱེས་པར་མོས། སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་རིམ་བཞིན་འབར་འཛག་བྱ་བ་རིགས་འགྲེ་བས། མེ་མགྲིན་པར་སླེབས་པ་དང་ཧྃ་དྲོས། བདེ་བ་ཆེར་སྐྱེས། སྤྱི་བོར་སླེབས་པ་དང་ཧྃ་ཞུ་ལ་ཁད་ལྟ་བུར་གྱུར། བདེ་བ་དེ་ལས་ཀྱང་ཆེ་བར་སྐྱེས། མེ་ལྕེས་ཧྃ་ལ་རེག་མ་ཐག་ཏུ་ཐིག་པ་གཅིག་འཛག མེ་མཐུར་དུ་དེད། ཧཱུྃ་ལ་ཐིམ་བདེ་བ་ཚད་མེད་སྐྱེས། ཐིགས་པས་ཧཱུྃ་ལ་རེག་མ་ཐག་མེ་སྔ་མ་ལས་ཀྱང་ཆེར་འབར། སྤྱི་བོའི་བར་དུ་སོང་བ་སོགས་འབར་འཛག་འབྲོས་འདེད་མའི་དམིགས་པ་དང༌། མཐར་བདེ་དྲོད་ཀྱིས་ལུས་ཐམས་ཅད་ཀྱང་ཁྱབ་པ་ལ་སེམས་གཏད་དེ་བསྒོམ་མོ། །གསུམ་པ་ནི། དེ་དག་གི་སྐབས་སུ་དྲོད་དང་བདེ་བ་དངོས་སུ་སྐྱེ་ན་དེ་ལ་ཞུགས་ཞེན་འཛིན་མ་ཞུགས་པར་མི་རྟོག་པས་ལམ་དུ་བྱེད་ཅིང་སྟོང་པས་རྒྱས་གདབ་སྟེ་གཉིས་སྣང་ཆོས་ཉིད་ཀྱི་ངང་དུ་ནུབ་པ་ལ་བརྩོན་པར་བྱའོ། །གསུམ་པ་རྗེས་ནི་སྤྱོད་ལམ་ཐམས་ཅད་དུ་སྔགས་སྤྱི་དང་ཁྱད་པར་གཏུམ་མོའི་དམ་ཚིག་ལ་གནས་ཤིང་བདེ་དྲོད་ཀྱི་ཉམས་དང་མ་བྲལ་བར་འཇམ་རླུང་བཟུང་ལ་གཏུམ་མོ་ཟས་སུ་ཟ། ལུས་དང་གདན་གོས་སོགས་མེར་བསམ་པ་
དང༌། ཉལ་བའི་ཚེའང་ཁྱི་ཉལ་སྒོར་མོའམ། ཡང་ན་སེང་གེའི་ཉལ་སྟབས་ཀྱིས་རྟིང་པ་གཡས་པས་འོག་སྒོ་དགག དབུགས་ཤ་ཕྲག་ཏུ་འོང་བར་བྱས་ཏེ་གོས་སུ་གྱོན། འགྲོ་བའི་ཚེ་རྡོ་སྤར་བར་ཆུད་ཙམ་པ་བཅང༌། རླུང་རོ་བསལ་ཏེ་སྟེང་རླུང་རན་ཙམ་མནན་པ་ནི་རྟ་རུ་ཞོན་པའོ། །དེ་ལྟར་བསྒོམས་པས་དང་པོ་དྲོད་སྐྱེ། དེ་ལ་བརྟེན་ནས་བདེ་བ། ཟུང་དུ་འཇུག་པ་ལས་མི་རྟོག་པ་སྐྱེ། དེ་གནད་ཀྱིས་ཟིན་པས་འོད་གསལ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ་འཆར་བར་འགྱུར་རོ། །གཉིས་པ་ཚོར་འཛིན་རྨི་ལམ་གྱི་རྣལ་འབྱོར་ལ་གཉིས། བཟུང་བ་དང༌། ལས་ལ་སྦྱར་བའོ། །ཐོག་མར་བཟུང་བ་ལའང་གསུམ་སྟེ། དང་པོ་ཁ་ཟས་རན་ཅིང་གོས་སྲབ་ལ་མལ་བདེ་བར་བྱ། བླ་མ་དང་དཀོན་མཆོག་ལ་མཆོད་པ་འབུལ་ཞིང་རྨི་ལམ་ཟིན་པ་དང་འབྱོང་བའི་གསོལ་བ་དྲག་ཏུ་གདབ། རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོ་བཏང༌། ནུས་ན་ཙོག་པུ་དང༌། མི་ནུས་ན་སེང་གེའི་ཉལ་སྟབས་བྱ། རང་ཡི་དམ་དུ་གསལ་བའི་སྨིན་མཚམས་སུ་སའི་ཐིག་ལེ་སེར་པོ་སྲན་མའི་གའུ་ཙམ་པ། ཕྱེད་ནང་དུ་ནུབ་ཅིང་ཕྱེད་ཕྱིར་མངོན་པ་ལ་སེམས་གཏད་དེ་གཉིད་ལོག་པས་ཟིན་ནོ། །དེས་མ་ཟིན་ན་ཆུའི་ཐིག་ལེ་དཀར་པོ། དེས་ཀྱང་མ་ཟིན་ན་མེའི་ཐིག་ལེ་དམར་པོ། དེ་ལའང་མ་ཟིན་ན་རླུང་གི་ཐིག་ལེ་སྔོ་སྐྱ་ལ་སེམས་གཏད། དེ་རྣམས་ཀྱིས་མ་ཟིན་ན་གཉིས་པ་འདུན་པ་དྲག་ཏུ་བྱ་བ་སྟེ། ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་པ་དང༌། ངག་ཏུའང་ང་གཉིད་དུ་སོང་བའི་རྨི་ལམ་དུ་འདུག་ཅེས་པ་ལ་སོགས་པ་བརྗོད་ཅིང༌། ཅེས་ཀྱང་མ་འཁྲུལ་བར་བྱ་སྙམ་པ་ལ་སོགས་པའི་དྲན་འདུན་དྲག་པོ་རྒྱུན་ཆད་མེད་པ་བྱས་པས་ངེས་པར་ཟིན་ནོ། །ད་དུང་ཡང་མ་ཟིན་ན་གསུམ་པ་དམིགས་པ་སྤོགས་ཆོག་གི་གནད་ནི། དྲན་འདུན་སོགས་སྔར་ལྟར་ལ། ཉལ་ཁར་སྙིང་པདྨ་འདབ་བཞིའི་དབུས་སུ་ཟླ་བ་ལ་ཧཱུྃ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་ཏུ་ར་རྣམས་སྔོ་སྐྱ་དྭངས་
པར་བསམས་ལ་སེམས་ཡུན་རིང་གཏད། ཉལ་ཁར་ཐོག་མར་ཧཱུྃ། དེ་ནས་ཨ་སོགས་གཡས་སྐོར་གྱིས་གཉིད་དུ་འགྲོ་ཁར་ར་ལ་སེམས་གཏད་དེ་ཉལ་བས་ངེས་པར་ཟིན་པར་འགྱུར་རོ། །གཉིས་པ་ལ་སྦྱོང་སྤེལ་སྤྲུལ་བསྒྱུར་ཞིང་ཁམས་ལྟ་བ་སོགས་རྒྱས་པར་ཆོས་དྲུག་གཞན་དང་མཐུན། མདོར་བསྡུ་ན་ཟིན་པ་ལ་བརྟན་པ་མ་ཐོབ་བར་དུ་འོག་མ་བརྩམ་ཡང་དོན་མི་འགྲུབ་ཅིང༌། ནམ་བཟུང་བའི་ཚེ་ཟིན་པ་དང་རྩལ་སྦྱོང་གཅིག་ལས་མང་པོ་སྤེལ་བ། མང་པོ་གཅིག་ཏུ་སྡུད་པ། རང་ཉིད་དངོས་པོ་དང་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་སོགས་སུ་སྤྲུལ་པ་དང༌། ཕོ་རྨི་ན་ཐུགས་རྗེ་ཆེན་པོའམ་མི་གཡོ་བ། མོ་སྒྲོལ་མ། ཆུར་བྱིང་ན་ས་གཞི། ཐོག་བབ་ན་མེ་ཏོག་གི་ཆར་པ། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར་བ་སོགས་ཁྱུང་དུ་སྤྲུལ་ནས་འཕུར་ཏེ་དག་པའི་ཞིང་ཁམས་ལྟ་བ་ལ་སོགས་པ་གང་འདོད་དུ་བསླབ་བོ། །ཁྱད་པར་རྨི་ལམ་ངོས་ཟིན་པ་ན་ཉིན་པར་གང་ལ་གོམས་པའི་དགེ་སྦྱོར་དང་བསྲེ་བ་གནད་དུ་བསྣུན་པ་དང༌། རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུར་སྦྱོང་བ་ལ་གཙོ་བོར་བྱེད་ཅིང༌། ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ཐོག་ནས་རྨི་ལམ་གྱི་དེ་ཁོ་ན་ཉིད་ཤེས་པ་ཞིག་ངེས་པར་གལ་ཆེ་སྟེ། དགེ་སྦྱོར་འདིའི་གྲུབ་དོན་གཉིད་ཀྱི་སྟོང་པའི་འོད་གསལ་ལས་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་སྐད་ཅིག་གིས་ལྡང་བ་གོམས་པས་འཆི་སྲིད་འོད་གསལ་ལས་རླུང་སེམས་ཙམ་གྱི་བར་སྲིད་འཆར་བ་དེ་སྒྱུ་མའི་སྐུར་ལྡང་བར་འགྱུར་བའི་ཆེད་དུ་བཤད་པའོ། །གསུམ་པ་ཀུན་རྫོབ་སྒྱུ་ལུས་ཀྱི་རྣལ་འབྱོར་ལ། བསྒོམ་དོན་དམིགས་པའི་གནད་དང༌། ངོ་སྤྲོད་པའོ། །དང་པོ་ལ་གཉིས། མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་དང༌། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བའོ། །དང་པོ་ནི། རང་གི་མདུན་དུ་མེ་ལོང་གཡའ་མེད་པ་མཐོ་སྐོར་ལས་མི་ཆུང་བ་ཞིག་བཞག དེ་དང་རང་གི་བར་དུ་ཆུ་སྣོད་དྭངས་པ་ཞིག་ཀྱང་བཞག་པས་བ་སྤུའི་བུ་ག་ཚུན་ཆད་གསལ་
བའི་དགོས་པ་ཡོད་གསུངས། དེ་ནས་མེ་ལོང་དུ་འཆར་བའི་རང་གི་གཟུགས་བརྙན་ལ་མིག་དང་སེམས་ཡུན་རིང་དུ་ཆེ་རེ་གཏད། དེ་ནས་རང་ལུས་ཕར་བསྲེ། ཉམས་ཤར་ན་དེ་ཉིད་རང་ལུས་དང་ཚུར་བསྲེས་ཏེ་དབྱེར་མེད་དུ་བྱས་ལ་བསྒོམ། སྒྱུ་མའི་ཉམས་འབྱོངས་ན་ཐོག་མར་མེ་ལོང་གི་གཟུགས་བརྙན་ལ་བསྟོད་སྨད་སྣ་ཚོགས་བྱེད་པར་བསམ། དེ་ལ་ཆགས་སྡང་མི་འདུག་ན་རང་ཐོག་ཏུ་ལེན། དེ་ལའང་དགའ་མི་དགའ་མེད་པར་མགོ་སྙོམས་ན་དངོས་སུ་ཚོགས་པ་མང་པོའི་གསེབ་སོགས་སུ་བརྟུལ་ཞུགས་སྤྱོད་ལ་སྦྱང༌། དེ་ལའང་ཆགས་སྡང་མི་སྐྱེ་བར་མཉམ་ཁད་དེ་སོང་ན་འབྱོངས་པའོ། །གཉིས་པ་ནི། མེ་ལོང་ཆུ་སྣོད་སོགས་སྔར་ལྟར་ལ། ཡི་དམ་གྱི་སྐུ་བརྙན་ཕྱག་མཚན་སོགས་གཡས་གཡོན་གོ་ལྡོག་པ་ཞིག་རང་གི་རྒྱབ་ཏུ་བཤམས་ནས་གཟུགས་བརྙན་མེ་ལོང་ལ་འཆར་བར་བྱས། དེ་ལ་མིག་ཡིད་གཏད་དེ་སྣང་ཡང་བདེན་པར་མ་གྲུབ་པའི་སྒྱུ་མ་ལ་ངེས་ཤེས་བསྐྱེད་དེ་ཡུན་རིང་དུ་བསྒོམ། དེ་ལ་སེམས་ཟིན་ནས་ལྷ་སྐུ་དེ་རང་དང་མེ་ལོང་གི་བར་དུ་ཡོད་པར་བསྒོམས་ལ་སྒྱུ་མར་སྦྱང༌། གོམས་ནས་དེ་ཉིད་རང་ལུས་དང་བསྲེས་ཏེ་རང་ལུས་ལྷ་སྐུ་སྣང་སྟོང་སྒྱུ་མ་གཟུགས་བརྙན་ལྟ་བུ་བསྒོམས་པས་འབྱོངས་པའི་རྟགས་ཁྱད་པར་གསུམ་ལྡན་དུ་འབྱུང་སྟེ། སྐུ་མདོག་བར་སྣང་ལ་འཇའ་ཚོན་ཤར་བ་ལྟ་བུ་སྣང་ལ་རང་བཞིན་མེད་པ། རྒྱན་ཆ་ལུགས་མེ་ལོང་ངོས་སུ་གཟུགས་བརྙན་ཤར་བ་ལྟ་བུ་གསལ་ལ་མ་འདྲེས་པ། སྣང་ཚུལ་ཆུ་ནང་དུ་ཟླ་བ་ཤར་བ་ལྟ་བུ་ཡུལ་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ལྟར་འབྱོངས་ནས་སྣང་བ་ཐམས་ཅད་ལ་བསྲེ་ཞིང་འབྱོངས་པར་མ་གྱུར་བར་བསྒོམ་མོ། །གཉིས་པ་ནི། རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བའོ། །ཞེས་པ་སྣང་ཙམ་ནས་བདེན་པས་སྟོང་པའི་གསལ་སྣང་ཁྱད་པར་ཅན་ལ་སྒྱུ་ལུས་ཞེས་བྱ་ཞིང༌། དེ་ལམ་དུ་བྱེད་པ་ན། འཁོར་འདས་ཀྱི་
ཆོས་ཐམས་ཅད་སྒྱུ་མའི་རང་གཟུགས་སུ་སྣང་བ་ནི་ཚིག་དོན་གྱི་སྒྱུ་ལུས་ཏེ་ཐོས་པས་གཏན་ལ་དབབ། ཡུལ་སྣང་དང་ཐ་མལ་གྱི་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱོང་བ་ཕར་ཕྱིན་དང་ཐུན་མོང་བ་མ་དག་པའི་སྒྱུ་ལུས་དང༌། དེ་དག་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པ་དག་པའི་སྒྱུ་ལུས་ཏེ། སྤྱི་དོན་གྱི་སྒྱུ་ལུས་དེ་དག་བསྒོམས་པས་ཉམས་སུ་མྱོང་བས། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུར་ངང་གིས་ལྡང་ནུས་པ། སྦས་དོན་གྱི་སྒྱུ་ལུས་ཀྱིས་མཚམས་སྦྱར་ནས་རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་པས་འཇའ་ལུས་སྒྱུ་མའི་སྐུ་ཅན་སློབ་པའི་ཟུང་འཇུག་རྒྱུ་དང༌། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ལས་ཉོན་རྩ་བ་ནས་སྦྱངས་ཏེ་དྲི་བྲལ་སྒྱུ་མའི་ལོངས་སྐུ་མི་སློབ་པའི་ཟུང་འཇུག་འབྲས་བུའི་ཚུལ་གྱིས་འཐོབ་པར་འགྱུར་བ་ནི་མཐར་ཐུག་གི་སྒྱུ་ལུས་སོ། །བཞི་པ་དོན་དམ་འོད་གསལ་གྱི་རྣལ་འབྱོར་ལ་གཉིས། དངོས་དང་ཞར་བྱུང་ངོ༌། །དང་པོ་ལའང་བསྒོམ་དོན་དང༌། ངོ་སྤྲོད་དོ། །དང་པོ་ལ་རིལ་འཛིན་དང་རྗེས་གཞིག་གཉིས་ཀྱི། དང་པོ་རིལ་འཛིན་གྱི་འོད་གསལ་ལ་བསླབ་པ་ནི། རང་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ལུས་ཐམས་ཅད་གང༌། ལྷ་སྐུ་དེ་ཐམས་ཅད་སྟོད་ནས་སྨད་དང༌། སྨད་ནས་སྟོད་དུ་འདུས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེའང་ཞབས་ཀྱུ་ཧ་ཡིག་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། དེའང་ནཱ་ད་ཤིན་ཏུ་ཕྲ་བར་བསྡུས་ཏེ་སེམས་ཡུན་རིང་དུ་བཟུང༌། མཐར་དེའང་ཡལ་བར་མོས་ལ་རྟོག་མེད་ཀྱི་འོད་གསལ་ལ་ཅི་གནས་སུ་མཉམ་པར་བཞག་སྟེ་དེ་ལྟར་ཡང་ཡང་བསྐྱར་ལ་སྦྱང་ངོ༌། །གཉིས་པ་ནི། རང་ལྷའི་སྐུ་སྔར་བཞིན་གསལ། སྣོད་དང་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་དུས་གཅིག་ཏུ་འོད་དུ་ཞུ་ནས། རང་ཡང་ཧཱུྃ་ལ་བསྡུ་བ་སོགས་གོང་བཞིན་བྱ། འོད་གསལ་མི་ཟིན་པའི་རྒྱུ་སྤང་ཞིང་ཟིན་པའི་རྒྱུ་བསྒྲུབས་ལ་དེ་ལྟར་ཡང་ནས་ཡང་དུ་བསྒོམ་ཞིང༌། ཁྱད་པར་
གཉིད་དུ་འགྲོ་ཁར་ནན་ཏན་དུ་བསྒོམ་པས་སྲབ་མཐུག་གི་འོད་གསལ་གང་རུང་ཟིན་ཅིང་རིམ་པར་ཇེ་བརྟན་དུ་འགྲོའོ། །གཉིས་པ་ནི། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དོ། །ཞེས་གདོད་མ་ནས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཁམས་ཉིད་འོད་གསལ་གྱི་མཚན་ཉིད། དེ་ལམ་དུ་བྱེད་པ་ན། ཚིག་གི་དོན་གནས་ལུགས་གཞིའི་འོད་གསལ་དེ་ཉིད་ལུང་རིག་གིས་དཔྱད་པ་དང་ཉམས་མྱོང་གི་སྟོབས་ཀྱིས་ཆོས་ཐམས་ཅད་སྐྱེ་མེད་སྟོང་ཉིད་དུ་རྟོགས་པ་ཕར་ཕྱིན་དང་ཐུན་མོང་བའི་སྤྱི་དོན་གྱི་འོད་གསལ། རིལ་འཛིན་རྗེས་གཞིག་གང་རུང་གིས་ཆོས་ཐམས་ཅད་འོད་གསལ་དུ་འཇུག་པ་རྡོ་རྗེ་ཐེག་པ་ཐུན་མོང་མིན་པའི་སྤྱི་དོན་གྱི་འོད་གསལ་གོམས་ཤིང་འདྲིས་པ་ལས། རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་ལས་བྱུང་བའི་དཔེའི་ཡེ་ཤེས་མྱོང་ཐོག་ཏུ་རང་ངོ་འཕྲོད་པ་སྦས་དོན་གྱི་འོད་གསལ་གྱིས་མཚམས་སྦྱར་ནས་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སློབ་པའི་གནས་སྐབས་དང༌། ཆོས་ཐམས་ཅད་ཡེ་ཤེས་སུ་རྫོགས་ཏེ་འོད་གསལ་མ་བུ་འདྲེས་པས་ཆོས་སྐུ་ཀློང་འབྱམས་སུ་གྱུར་པ་ནི་མི་སློབ་པའི་གནས་སྐབས་ཏེ་མཐར་ཐུག་གི་འོད་གསལ་ལོ། །ཁྱད་པར་ལམ་སྒོམ་པའི་ཚེ་སྲབ་མཐུག་ཉམས་རྟོགས་ཀྱི་འོད་གསལ་འཆར་ཚུལ་སོགས་དབྱེ་བ་ཕྲ་མོ་ནི་གཞན་ལས་ཤེས་པར་བྱའོ། །གཉིས་པ་ཞར་བྱུང་ཟུང་འཇུག་གི་རྣལ་འབྱོར་ལ་བསླབ་པ་ལ་གཉིས་ཏེ་བསྒོམ་དོན་དང༌། ངོ་སྤྲོད་དོ། །དང་པོ་ནི། དེའང་གོང་སྨོས་དག་པའི་སྒྱུ་ལུས་དང་འོད་གསལ་དག་གི་གྲུབ་དོན་གྱི་ཚུལ་དུ་འབྱུང་བ་སྟེ། མཉམ་གཞག་ཏུ་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ལ་བློ་བཞག་པའི་སྣང་ཆ་དེ་དང༌། དེ་ཉིད་དམིགས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་པའི་སྟོང་ཆ་དེ་ཉིད། རྗེས་ཐོབ་ཏུ་ཟུང་དུ་འཇུག་པའི་ཚུལ་གྱིས། རྟོག་མེད་ཀྱི་འོད་གསལ་དེ་ལས་རླུང་སེམས་ཙམ་
ལས་གྲུབ་པའི་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་རང་ཤར་བ་ལ་བསླབ་པ་ལ་སྐབས་འདིར་ཟུང་འཇུག་གི་བརྡར་བཞག་གོ །གཉིས་པ་ནི། བདེན་གཉིས་དབྱེར་མེད་ཚིག་དོན་གྱི་ཟུང་འཇུག་ཐོས་པ་ལ་བརྟེན་ནས། སྟོང་དང་རྟེན་འབྱུང་དབྱེར་མེད་དུ་རྟོགས་པ་ན་ཕར་ཕྱིན་པའི་སྤྱི་དོན་དང༌། རིལ་འཛིན་རྗེས་གཞིག་གང་རུང་ལས་ལྷ་སྐུར་ལྡང་བ་སྔགས་ཐུན་མིན་གྱི་སྤྱི་དོན་གྱི་ཟུང་འཇུག་སྟེ། དེ་ལས་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་སྐྱེད་ནུས་པ་ནས་དཔེའི་འོད་གསལ་དང་སྦས་དོན་གྱི་སྒྱུ་ལུས་ཐོབ་ཏེ་རླུང་སེམས་ལྷ་སྐུ་སྣང་སྟོང་དུ་ལྡང་བ་སྦས་དོན་གྱི་ཟུང་འཇུག་དང༌། ས་དང་པོ་ནས་བཅུ་གཉིས་པའི་བར་སློབ་པའི་ཟུང་འཇུག་བཅས་གྲུབ་ནས། མཐར་དག་པ་གཉིས་ལྡན་གྱི་ཡུལ་དང་ཡུལ་ཅན་གྱི་འོད་གསལ་བརྟན་པ་ཆོས་ཀྱི་སྐུ་དང༌། རླུང་སེམས་ཙམ་ལས་གྲུབ་པའི་རྟེན་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་གཉིས་ཀྱང་ངོ་བོ་གཅིག་ལ་ལྡོག་པས་ཐ་དད་དུ་དབྱེ་བ་ཡེ་ཤེས་ཀྱི་སྐུ་ནི་མཐར་ཐུག་གི་ཟུང་འཇུག་སྟེ། དེ་ལྟར་ན། སྒྱུ་ལུས་འོད་གསལ་ཟུང་འཇུག་རྣམས་ཐོག་མར་ཚིག་དོན་ལ་བརྟེན་ནས་ཤེས་རབ་ཁྱད་པར་ཅན་གྱིས་སྤྱི་དོན་ཉམས་སུ་བླངས་ཤིང༌། ཐབས་ཁྱད་པར་ཅན་རླུང་དང་གཏུམ་མོའི་རྣལ་འབྱོར་སོགས་ཀྱིས་བསྐྱངས་པས་སྦས་དོན་འགྲུབ། དེ་ལས་སློབ་པ་དང་མི་སློབ་པ་མངོན་དུ་འགྱུར་བ་ནི་ནང་གི་ས་ལམ་བགྲོད་པ་ཞེས་བྱའོ། །ལྔ་པ་ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྐུ་གསུང་ཐུགས་ཀྱི་འཕོ་བའོ། །དང་པོ་ལུས་གནད་དང་ལྡན་པས་རང་ལུས་ལྷར་གསལ་བའི་སྟོང་རའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཡར་སྣེ་ཚངས་བུག་ཏུ་ཟུག་པ་ལ་ཧྃ་མགོ་བོ་མཐུར་བསྟན་གྱིས་བཀག་ཅིང༌། མར་སྣེ་ལྟེ་འོག་ཏུ་ཕུག་རྡུགས་སུ་ཡོད་པ་སྙིང་གར་སྨྱུག་མའི་ཚིགས་འགག་པ་ལྟ་བུའི་པདྨའི་གདན་གྱི་སྟེང་དུ་རང་གི་རླུང་སེམས་ཀྱི་ངོ་བོ་མི་གཡོ་བའི་སྐུ་ཚོན་གང་ལ་འཕར་ཡེད་ཡེད་བྱེད་པའི་ཐུགས་ཀར་ཧཱུྃ་
སྔོ་སྐྱ་སྤུས་བྲིས་པ་ལྟ་བུ་གསལ། དེ་ལས་འོད་ཟེར་འཕྲོས། བླ་མ་མི་གཡོ་བ་སྤྱན་དྲངས། རང་གི་སྤྱི་གཙུག་ཏུ་བཞུགས་པ་ལ་ཡིད་ཀྱིས་ཕྱག་མཆོད་འབུལ། ཡེ་ཤེས་གོང་འཕོར་འགྱུར་བའི་གསོལ་བ་འདེབས་ཤིང་མོས་གུས་དྲག་ཏུ་བྱ། འོག་སྒོ་འཐེན། ཚིགས་པ་བསྲང༌། ལག་པ་མཉམ་པ་བཞག་ལྟེ་འོག་ཏུ་བཅར། རླུང་རོ་བསལ་ལ། རླུང་ནང་དུ་མནན་པས་སྙིང་གའི་ཡི་དམ་ཅུང་ཟད་ཡར་བཏེག་པར་བསྒོམ། དེ་བཞིན་བུམ་ཅན་ཁུག་པ་རེ་རེས་ཡར་ཡར་བཏེག་ནས་མཐར་སྤྱི་བོའི་ཧྃ་ལ་རེག་རེག་འདུག་པར་མོས། སླར་སྙིང་གར་ཕབ་ལ་རླུང་བཏང་བ་བཅས་དེ་ལྟར་རྟགས་མ་ཐོན་གྱི་བར་དུ་འགྲོ་ལྡོག་སྤེལ་མར་སྦྱང༌། ཐུན་འཇོག་པའི་ཚེ་ཚངས་བུག་ཧྃ་གིས་བཀག ཡི་དམ་སྙིང་གར་བརྟན་པར་བཞུགས་པར་མོས། གཉིས་པ་ནི། ལུས་གནད་རླུང་སྦྱོར་དང་ལྡན་པས་ཡི་དམ་ཝལ་གྱིས་བསྒོམ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་བརྗོད་པས་ཆོས་ཐམས་ཅད་སྒྲ་སྙན་ཙམ་དུ་བསམ། ཕཊ་ཅེས་བརྗོད་པས་སེམས་ཉིད་བྲག་ཅ་ཡལ་བ་ལྟ་བུར་བསམ། དགེ་བཤེས་སྣེ་ཟུར་བ་སྐུ་འདའ་ཁར། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཞེས་གསུང་ཞིང་ཅུང་ཟད་བཞུགས་ནས་ཕཊ་ཅེས་གསུངས་ནས་སྤྱན་གྱེན་ལ་ཧྲིག་མཛད་ནས་གཤེགས། སྤྱི་བོའི་གཙུག་ཏུ་རླངས་པ་ཇ་ཁོག་ཁ་བྱེ་བ་ཙམ་བྱུང་སྐད། འདི་འཕོ་བ་ཁོ་ནར་མ་ཟད་མི་མ་ཡིན་གྱི་གནོད་པ་བར་ཆད་བྱུང་དུས་ཀྱང་བསྒོམས་པས་འཕྲལ་དུ་ཞི་བར་གསུངས་སོ། །གསུམ་པ་ནི་གཞན་སྔར་སྐུའི་འཕོ་བ་དང་ཁྱད་མེད་ཅིང་དམིགས་པའི་བསྒྱུར་སོ་སྙིང་གར་སྐུ་བསྒོམ་པའི་ཚབ་ཏུ། རླུང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོ་སྐྱ། འོག་ནས་ཧི་དམར་པོས་འདེགས་ཤིང༌། སྟེང་ནས་ཀ་དཀར་པོ་མགོ་ཐུར་བསྟན་གྱིས་གནོན་པའི་ཚུལ་དུ་བསམ། རླུང་བཟུང༌། ཡིད་ཀྱིས་ཀ་ཞེས་དལ་བུར་བརྗོད་པས་ཀས་ཡར་འཐེན། ཧྃ་ཞེས་དྲག་པོའི་ཚུལ་གྱིས་བརྗོད་པས་ཧིས་འཕུལ་ནས་རླུང་ཁུག་རེ་རེ་བཞིན་ཇེ་མཐོ་ཇེ་མཐོ། མཐར་ཧྃ་ལ་རེག་རེག་འདུག ཀ་ཞེས་དྲག་པོ་ཡིད་ཀྱིས་
བརྗོད་པས་དེས་མནན་ཏེ་སྙིང་གར་བབ་པ་བསམ་འཕྲོས་སྔར་བཞིན་སྦྱང་ངོ༌། །གཉིས་པ་ནི། འཆི་བསླུ་སོགས་ཀྱིས་མི་ཟློག་པའི་འཆི་ལྟས་བྱུང་བ་ན། ཉེས་བྱས་ལ་བཤགས་སྡོམ། ལུས་ལོངས་སྤྱོད་ལ་མ་ཆགས་མ་ཞེན་པར་བླ་མ་དཀོན་མཆོག་ལ་ཕུལ་ཏེ་དག་པའི་ཞིང་ཁམས་སུ་འགྲོ་བའི་འདུན་པ་སྤྲོ་དུང་ངེ་བས། འཆི་བ་ལ་བབ་པ་ན། དམིགས་པའི་གནད་སྔ་མ་རྣམས་ལས་རང་གི་གོམས་ཆ་གང་ལ་ཆེ་ཞིང་སྐབས་དེར་ཡིད་ཡུལ་དུ་འཆར་བདེ་བ་ཞིག་ལ་གནད་དུ་བསྣུན། དེའང་སྐུ་དང་ཐུགས་གཉིས་ལས། སྐུ་དང་ཡིག་འབྲུ་དབུ་མའི་ཡར་སྣེའི་ཧྃ་ཡིག་ལ་བསྟིམ། དེ་ཉིད་སྐུའམ་ཡིག་འབྲུ་དང་དབྱེར་མེད་དུ་གྱུར་པ་སྤྱི་བོའི་ཡི་དམ་གྱི་ཐུགས་ཀར་རྒྱངས་ཀྱིས་ཐིམ། དེ་ཉིད་དག་པའི་ཞིང་དུ་གཤེགས་པའམ་མི་དམིགས་པར་འཇོག་པ་གང་བདེར་བྱའོ། །དྲུག་པ་བློ་ཆོད་བར་དོའི་རྣལ་འབྱོར་ལ་གཉིས། སྦྱང་བ་དང་ལས་ལ་སྦྱར་བའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་དང་སྣང་ཚད་ཐམས་ཅད་བར་དོ་ཡིན། དེའང་བདེན་པར་མ་གྲུབ་སྙམ་དུ་ངེས་ཤེས་བསྐྱེད་ལ་དྲག་ཏུ་བསྒོམ། བློ་འབྱོངས་ནས་ངེས་པར་བར་དོ་ཡིན་སྙམ་དུ་ཐག་ཆོད་པ་ན། སྒྱུ་ལུས་འོད་གསལ་སོགས་རང་ཉིད་དགེ་སྦྱོར་གང་ལ་གོམས་པ་དེ་དང་བསྲེ་ནས་ལམ་དུ་ཁྱེར་ཞིང་གནད་དུ་བཏང་བར་བྱའོ། །གཉིས་པ་ནི། འཆི་ཁར་གཞིའི་འོད་གསལ་འཆར་བའི་སྐབས་ལམ་གྱི་འོད་གསལ་ལ་གོམས་པས་འོད་གསལ་མ་བུ་འཕྲོད་པར་མ་གྱུར་ན། སྲིད་པ་བར་དོའི་སྣང་བ་འཆར་བས་སྐབས་དེར་སྔར་གྱི་གོམས་སྟོབས་ཀྱིས་རྒྱུ་བྱས་ཏེ། བར་དོ་ལ་བར་དོ་ཡིན་པར་ཤེས་པའི་ཚེ་གོམས་འདྲིས་གང་ལ་ཆེ་བའི་དགེ་སྦྱོར་དང་བསྲེས་ཏེ་ལམ་དུ་བཏང༌། ཁྱད་པར་སྣང་བ་ཐམས་ཅད་མི་གཡོ་བའི་སྐུ། གྲགས་པ་ཐམས་ཅད་ཙཎྜ་མའི་སྔགས། དྲན་རྟོག་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་རྒྱས་འདེབས་པ་དང༌། སྒྱུ་ལུས་པས་རྨི་ལམ་སྒྱུ་མ་ལྟ་བུར་
བསྲེ་བ་རང་བྱིན་རླབས་ཀྱི་རྣལ་འབྱོར་བསྒོམ་པ་དང༌། འོད་གསལ་བས་རིལ་འཛིན་རྗེས་གཞིག་གང་རུང་གིས་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པ་དང༌། ཡང་འཁྲུལ་སྣང་འཆར་བའི་ཚེ་ཟུང་འཇུག་གི་ལྷ་སྐུར་ལྡང་བ་སོགས་ཀྱིས་གྲོལ་འབྲས་མངོན་དུ་བྱེད་པར་འགྱུར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དངོས་དང་ཞར་བྱུང་ངོ༌། །དང་པོ་ནི། མཚན་བཅས་མཚན་མེད་རྣལ་འབྱོར་གང་ལ་འཇུག་ཀྱང་ཐམས་ཅད་ཀྱི་རྗེས་ཐོག་ཏུ་བྱང་ཆུབ་སྤྱོད་པ་སྨོན་ལམ་ཁྱད་པར་ཅན་མང་པོ་གདབ། འཁོར་གསུམ་ཡོངས་དག་གི་བསྔོ་བ་དངོས་སམ་རྗེས་མཐུན་པས་དགེ་རྩ་བྱང་ཆུབ་ཀྱི་རྒྱ་མཚོ་སྤེལ། ཐུན་མཚམས་རྣམས་སུའང་དངོས་གཞིའི་ཉམས་མྱོང་དང་མ་བྲལ་བའི་དྲན་ཤེས་ཀྱིས་སྤྱོད་ལམ་ལ་འཇུག་སྟེ་རྣམ་པ་ཀུན་ཏུ་ཉམས་རྟོགས་གོང་འཕེལ་དུ་འགྱུར་ཞིང་སྒོ་གསུམ་དོན་ཡོད་དུ་འགྱུར་བ་ལ་བསླབ་བོ། །གཉིས་པ་ཞར་བྱུང་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན། སྔོན་འགྲོ་ཡོངས་རྫོགས་སམ་བསྡུ་ན་སྐྱབས་སེམས་ཚོགས་བསགས་ཙམ་གྱི་རྗེས། དངོས་གཞི་ལྷའི་རྣལ་འབྱོར་ཐུན་མོང་ཁྱད་པར་དང་བཅས་རྫོགས་པར་བསྒོམ་པའི་མཐར། ཆོས་དྲུག་ལས་གཏུམ་མོའི་དམིགས་པ་རེ་དང༌། གཞན་ཇི་ལྟར་རིགས་པ་བསྒོམ་རྗེས་འོད་གསལ་དུ་ཞུགས་ཏེ། ཟུང་འཇུག་ཏུ་ལྡངས་ནས་སྲུང་བའི་རྣལ་འབྱོར་དང་བཅས་ཐུན་མཚམས་ལ་འཇུག་པར་བྱའོ། །གནས་སྐབས་མཐར་ཐུག་ཡོན་ཏན་ཀུན། །རྣལ་འབྱོར་འདི་ལས་འབྱུང་བའི་ཕྱིར། །ཟབ་ཅིང་རྒྱ་ཆེའི་བཅུད་མཆོག་ལ། །སྐོམ་པས་ཆུ་མཚོ་བཞིན་ཏུ་རོལ། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་མི་གཡོ་ཆོས་དྲུག་གི་ཁྲིད་ཀྱི་ལེ་ཚན་ནོ། །ཇོ་བོ་ཡབ་སྲས་ཞལ་གྱི་ལུང༌། །གདམས་ངག་ལུགས་དང་མན་ངག་ལུགས། །ཟུང་འབྲེལ་མདོ་སྔགས་ཀུན་གྱི་བཅུད། །བདག་གི་སྐལ་བ་བཟང་པོས་ཐོབ། །ལུང་རྟོགས་ཆ་ཤས་མ་རྫོགས་པས། །ལེགས་བཤད་འོད་དཀར་
སྤྲོ་བའི་མཐུ། །དམན་ཀྱང་ཀུན་མཁྱེན་བླ་མའི་བཀའ། །སྤྱི་བོར་མཆོད་ནས་ཟིན་ཆུང་སྤེལ། །དགེ་བས་སྐྱེ་བོ་ཐམས་ཅད་ཀྱིས། །སྟོང་དང་རྟེན་འབྱུང་ཚུལ་རྟོགས་ཤིང༌། །ཟབ་ལམ་བགྲོད་པའི་མཐུ་ཐོབ་ནས། །ཟུང་འཇུག་གོ་འཕང་མངོན་བྱེད་ཤོག །ཅེས་པ་འདིའང་རྗེ་བཙུན་འཇམ་པའི་དབྱངས་དགེ་བའི་བཤེས་ཀྱི་ཚུལ་སྟོན་པ་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། ཟབ་ཁྲིད་བཀའ་དྲིན་དུ་སྩལ་བའི་ཚེ་རེ་ཞིག་འབྲི་བར་འོས་པའི་བཀའ་སྩལ་གནང་བ། ཤེར་བརྩོན་དམན་པས་གསུང་རྣམ་པ་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ལས་ཆ་ཙམ་ཡང་འཛིན་པར་མ་ནུས་ཀྱང་བསྙེལ་བར་ཕོངས་ཏེ། རྗེ་ཉིད་ཀྱིས་གནང་བའི་ས་བཅད་དང༌། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ་དང༌། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཁྲིད་ཡིག་སོགས་རྩ་བར་བཟུང༌། རྗེ་བཙུན་གྲོལ་མཆོག་ཞབས་ཀྱི་ཁྲིད་ཡིག་གི་ཚིག་དོན་གཉིས་ཀའང་ཚང་བའི་ལུགས་སུ་བྱས་ཏེ། རང་བློས་གང་དཔོག་གི་ཟིན་བྲིས་སུ་སྙོམ་ལས་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་སར་བྲིས་པ་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
ཤོག་སྟོང་།
བཀའ་གདམས་ལྷ་བཞིའི་ཉམས་ལེན་ཐར་ལམ་སྒྲོན་མེ།
བཀའ་གདམས་ལྷ་བཞིའི་ཉམས་ལེན་ཐར་ལམ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། སྙིགས་དུས་གདུལ་དཀའི་ལུས་ཅན་ཀུན། །འདྲེན་མཛད་ཐུབ་དབང་ལ་བཏུད་དེ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི །ཉམས་ལེན་སྙིང་པོར་དྲིལ་ཏེ་སྤེལ། །དེའང་མཉམ་མེད་ཇོ་བོ་ཆེན་པོས་འབྲོམ་སྟོན་རིན་པོ་ཆེར་སྩལ་བའི་ཐུགས་དམ་ལྷ་བཞིའི་ནང་ཚན་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་ལྟ་ཁྲིད་ཀྱི་ཉམས་ལེན་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ནི། སྔོན་འགྲོ་སྐྱེས་བུ་ཆུང་ངུའི་ལམ་བསོད་ནམས་ཆ་མཐུན་གྱི་དགེ་རྩ་བསགས་པ། སྐྱེས་བུ་འབྲིང་གི་ལམ་ཐར་པ་ཆ་མཐུན་གྱི་དགེ་རྩ་བསགས་པ། སྐྱེས་བུ་ཆེན་པོའི་ལམ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་བསླབ་པ། དེ་དག་བློ་ལྡོག་རྣམ་བཞིར་སྦྱར་བའི་ཚུལ་རྣམས་ཁྲིད་ཡིག་ལས་འབྱུང་བ་བཞིན་ཉམས་སུ་བླང༌། གཉིས་པ་ལ་ལྔ། ལམ་གྱི་རྩ་བ། མཐུན་རྐྱེན་རྫོགས་པ། འགལ་རྐྱེན་སྦྱོང་བ། བྱིན་རླབས་འཇུག་པ། མཚན་བཅས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། སྐྱབས་འགྲོ་དང༌། སེམས་བསྐྱེད་དོ། །དང་པོ་ཐེག་པ་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་ནི། སྐྱབས་ཡུལ་དག་པའི་ཞིང་གི་དབུས་སུ་སེང་ཁྲི་པད་ཟླར་རྩ་བའི་བླ་མ་དང་དབྱེར་མེད་པའི་ཐུབ་དབང་སྤྲུལ་སྐུའི་རྣམ་པ་ཅན་ལ་རྩ་གསུམ་ཆོས་སྐྱོང་གིས་བསྐོར་ནས་བཞུགས་པར་མོས་ལ། རང་དང་ཕ་མ་མཁའ་
ཁྱབ་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བའི་བསམ་པས། བདག་དང་འགྲོ་བ་སོགས་སམ། སངས་རྒྱས་ཆོས་ཚོགས་མ་ཇི་ནུས་བསག གཉིས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་རྩ་བ་སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བློས་ཚིག་རིས་འདིའམ་བདག་གིས་སྦྱིན་སོགས་ལ་སོགས་བརྗོད་ཅིང༌། མཐར་ཚངས་གནས་བཞི་ལ་བློ་བཞག་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། གཉིས་པ་མཐུན་རྐྱེན་ཚོགས་བསག་པ་མཎྜལ་ནི། གོང་གི་སྐྱབས་ཡུལ་བསྡུས་ན་སླར་གསལ་འདེབས་པའམ། དེ་ཉིད་མ་བསྡུས་ཏེ་ཚོགས་ཞིང་དུ་བྱས་པའི་མདུན། ངོ་བོ་རང་གཞན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད། རྣམ་པ་གླིང་བཞི་རི་རབ་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པ། ཞིང་ཁམས་རྒྱ་མཚོའི་རྡུལ་གྱིས་གྲངས་དང་མཉམ་པ། རྒྱ་ཚད་མེད་པ། དུས་འཁོར་བ་ཇི་སྲིད་མ་སྟོང་ཀྱི་བར་དུ་མཆོད་ཡུལ་ལ་ཕུལ་བའི་བསམས་པས་ཚིག་རིས་
སོ་བདུན་མ་དང༌། ས་གཞི་སྤོས་བྱུགས་སོགས་ཀྱིས་དངོས་སུ་མཎྜལ་ཅི་ནུས་ཕུལ་བ་ཚོགས་ཞིང་རྣམས་ཀྱིས་བདག་གིར་མཛད། བདག་གཞན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཏེ་ད་ལྟ་ཉིད་དུ་འཚང་རྒྱ་ནུས་པ་ཙམ་དུ་མོས། མཐར་ཚོགས་ཞིང་རང་ལ་བསྡུའོ། །གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས་ནི། རང་ཐ་མལ་པའི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆས་ཅན། ཞབས་སེམས་སྐྱིལ་དུ་བཞུགས་པའི་མཐེ་བོང་གཡས་རང་གི་སྨིན་མཚམས་རེག་པ། དེའི་ཐུགས་ཀར་པད་ཟླ་ལ་ཧཱུྃ་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོས་བསྐོར་བར་མོས་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་ལྟུང་རྒྱུ་དང་བཅས་པ་ལ་འགྱོད་ཅིང་གདུང་བའི་བློ་དྲག་པོ་བསྐྱེད་པ་སུན་འབྱིན་པའི་སྟོབས། འགྱོད་པ་དེས་དྲངས་ཏེ། བླ་མ་རྡོ་རྗེ་སེམས་དཔས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱང་བར་མཛད་དུ་གསོལ་སྙམ་པའི་མོས་གུས་རྩེ་གཅིག་པས་གསོལ་འདེབས་ཀྱི་ཚུལ་དུ་ཡིག་བརྒྱ་བཟླས་པས་ཐུགས་རྒྱུད་བསྐུལ། སྔགས་འཁོར་ལས་བདུད་རྩི་བབས། ཞབས་གཡས་པའི་མཐེ་བོང་བརྟོལ་ཏེ་རང་གི་སྤྱི་བོ་ནས་ཞུགས། ལུས་ཕྱི་ནང་ཐམས་ཅད་བཀྲུས། ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་དག་པར་མོས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་བཟླ། མཐར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་གཞན་སེམས་ཅན་གྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོར་སེམས་འོད་དུ་ཞུ། རང་ལ་ཐིམ་པས་ལུས་ཟག་མེད་ལྷའི་སྐུ། སེམས་རྟོགས་མེད་ཆོས་ཀྱི་སྐུར་གྱུར་པར་མོས་ཏེ་མཉམ་པར་བཞག ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེ་བ་ལ་མི་འཇུག་པའི་བསམ་སྤྱོད་ལ་གནས་པ་ནི་ཉེས་པ་སླར་ལོན་གྱི་སྟོབས་ཏེ་དེ་དག་དང་ལྡན་པ་ནི་སྡིག་པ་སྦྱོང་བའི་གཉེན་པོའི་མཆོག་གོ །བཞི་པ་བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་ནི། གོང་སྐྱབས་ཡུལ་ལྟར་བླ་མ་དང་དབྱེར་མེད་པའི་
ཐུབ་པའི་དབང་པོ་མཚན་དཔེའི་གཟི་འོད་འབར་བ་ལ། རྩ་བརྒྱུད་ཀྱི་བླ་མ་སོགས་སྐྱབས་ཡུལ་ཡོད་དགུ་ཅོག་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་མོས་ལ། གདུང་ཤུགས་དྲག་པོ་དང་བཅས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ལ་ཡུན་རིང་བར་བཏབ། སླར་ཡང་མོས་གུས་དྲག་པོས་བླ་མའི་ཐུགས་རྒྱུད་བསྐུལ། དེ་ཉིད་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ཏེ་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ་བཟོ་མེད་ཀྱི་རང་ངོ་བསྐྱང་ངོ༌། །ལྔ་པ་མཚན་བཅས་ཀྱི་རྣལ་འབྱོར་ཐུབ་པའི་སྒོམ་བཟླས་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་སེར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་མཛད་པ། ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་ཀློང་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞེས་དམ་ཚིག་པ་བསྐྱེད། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམས་པས་གནས་གསུམ་བྱིན་གྱིས་བརླབ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་ཡེ་ཤེས་པ་གཞུག སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་
ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱྃ། ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས་བདུད་རྩིའི་བུམ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་དྲི་མ་དག ལུས་བདུད་རྩིས་གང༌། ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པར་གྱུར། ཅེས་རྒྱས་གདབ་པ་སྟེ་ཡན་ལག་བཞི་རྫོགས་ཀྱི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བ་ལ་ཅི་ནུས་སུ་མཉམ་པར་བཞག དེས་སྐྱོ་ན་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་ཟླ་བའི་སྟེང་དུ་མུྃ་ཡིག་གསེར་གྱི་ཁ་དོག་ཅན་གྱི་མཐར་ནང་སྐོར་ལ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བར་སྐོར་ལ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མཐའ་སྐོར་ལ་ཡེ་དྷརྨཱའི་སྔགས་ཕྲེང་ཁ་དོག་སེར་པོས་བསྐོར་བར་བསམ། དེ་ལས་འོད་འཕྲོས་ལུས་གང༌། སྡིག་སྒྲིབ་སྦྱངས། དོན་གཉིས་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་བསམས་ལ་སྔགས་མུ་ནི་གཙོ་བོ། །དེའི་སུམ་ཆ་ག་ཏེ། བརྟན་བྱེད་ཡེ་དྷར་ཁ་ཤས་བཅས་ཀྱི་བཟླས་པ་སོང་ནས། སྤྲོ་ན་མཆོག་བསྟོད་མདོར་བསྡུས་བྱ། ལྷར་སྣང་ཡང་སྟོང་ཉིད་དུ་སྦྱང༌། འོད་གསལ་གྱི་ངང་ལ་སེམས་ཅི་གནས་སུ་བཞག མཐར་དགེ་བ་བསྔོའོ། །གཉིས་པ་དངོས་གཞི་ལ། ཐབས་ཀུན་རྫོབ་བྱང་སེམས་བསྒོམ་པ་དང༌། ཐབས་བྱུང་དོན་དམ་བྱང་སེམས་བསྒོམ་པའོ། །དང་པོ་ལ་བཞི། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། དེ་དག་གི་བོགས་འདོན། བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ནི། རང་གི་རྩ་བའི་མ་ལ་དམིགས་ཏེ། འདིས་བདག་ལ་ཕན་ཚད་མེད་པ་བཏགས། གནོད་པ་སྣ་ཚོགས་ལས་བསྐྱབས་པ་སོགས་དོན་ཆེ་བའི་རྒྱུ་མཚན་སྒོ་དུ་མ་ནས་བསམས་ལ་བྱམས་པ་དྲག་ཏུ་བསྒོམ། མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་དུང་དུང་བྱ། དེ་ལ་འབྱོངས་ནས་དགྲ་སོགས་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །གཉིས་
པ་ནི། མ་འདིས་འདོད་པ་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབས་པས་དེ་དང་འབྲལ་འདོད་ཀྱི་སྙིང་རྗེ་ཤས་མི་བཟོད་པ་ཙམ་དུ་བསྒོམ་ཞིང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་མི་འབྲལ་བར་བྱ། གཞན་གོང་བཞིན། གསུམ་པ་ནི། ལུས་ཙོག་པུ། ལག་གཉིས་འགྲམ་པ་སྐྱོར། སྲིན་ལག་ཁར་འཛུད། གོང་ལྟར་བྱམས་སྙིང་རྗེ་ཤུགས་ལྷག་པར་བསྐྱེད་ཅིང༌། ངའི་ཨ་མ་ཞེས་མང་དུ་བརྗོད་དོ། །བཞི་པ་ནི་ཀུན་རྫོབ་བྱང་སེམས་བསྒོམ་པ་སྟེ། སྙིང་རྗེའོ་སྙམ་དུ་བཞག་པས་མི་ཆོག་འདི་རྣམས་སྡུག་བསྔལ་ལས་བསྒྲལ། བདེ་བའི་མཐར་ཐུག་སངས་རྒྱས་ལ་དགོད་དགོས། དེའི་ནུས་པ་བདག་ལ་མེད་པས་ཐོག་མར་ལམ་ཟབ་མོ་བསྒོམ་པ་ལ་སོགས་པ་སངས་རྒྱས་ཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པར་བྱའོ་སྙམ་པ་དངོས་གཞི་དང༌། ཡན་ལག་ཏུ་བདེ་སྡུག་གཏོང་ལེན་གྱི་དམིགས་པ་རླུང་དང་སྦྱར་ཞིང༌། འོད་དཀར་ནག་གི་རྣམ་པས་སྤྲོ་བསྡུ་བྱ་བའམ། རེ་དོགས་མེད་པའི་སྙིང་རྗེ་གནད་དུ་ཆེའོ། །གཉིས་པ་ལ་གསུམ། ཞི་གནས་བསྐྱེད་པ། ལྷག་མཐོང་བཙལ་བ། དེ་གཉིས་ཟུང་འབྲེལ་དུ་བསྐྱང་བའོ། །དང་པོ་ལ་གསུམ། ལུས་ཀྱི་གནད། སེམས་ཀྱི་གཞག་ཐབས། ཉམས་ངོས་བཟུང་བའོ། །དང་པོ་ནི། བདེ་བའི་སྟན་ལ་ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པར་བྱས་ལ། དབུགས་འབྱུང་རྔུབས་གནས་གསུམ་ཉེར་གཅིག་ཏུ་བགྲང༌། གཉིས་པ་ལ་གསུམ། རྟེན་བཅས། རྟེན་མེད། ངོ་བོ་ཉིད་ལ་འཇོག་པའོ། །དང་པོ་ལ་མ་དག་པ་ཤིང་བུའམ་རྡེའུ་ཕྲ་མོ། དག་པ་ཤཱཀ་ཐུབ་སོགས་ལྷ་སྐུ་ཚད་ལྡན་གྱི་དམིགས་རྟེན་ལ་སེམས་གཟུང༌། ཕྱི་མ་ལ་བྱིངས་ན་གཙུག་ཏོར། རྒོད་ན་སྐྱིལ་ཀྲུང༌། སྙོམས་ན་ཐུགས་ཀར་གཏད། གཉིས་ཀར་ཡང་སེམས་སྤྲོ་བསྡུ་མེད་པར་འཇོག གསལ་ན་འཕྲོ་བཅད་ཅིང་ཡང་འཇོག་པ་སྒྲིམ་ཀློད་རན་པོས་མ་ཡེངས་པར་
བྱ། གཉིས་པ་ནི། དེ་དག་ལ་གོམས་ནས་དམིགས་རྟེན་མི་བཞག་པར་སྔར་བཞིན་ཡིད་ཀྱིས་བསྒོམས་ལ་སེམས་གཏད། འདི་ལ་སྐུའི་ཆ་ཤས་རེ་རེ་ལ་སེམས་འཛིན་པ་དང༌། སྐུ་རིལ་པོར་སེམས་འཛིན་པ་གཉིས་རིམ་བཞིན་བྱའོ། །གསུམ་པ་ནི། དམིགས་རྟེན་དེ་དག་གང་ཡང་ཡིད་ལ་མི་བྱ་བར་སྟོང་ཉིད་ཀྱི་ངང་དུ་དགག་སྒྲུབ་བཅས་བཅོས་མེད་པར་ཆམ་མེར་བཞག་པས་ཡུལ་ཡུལ་ཅན་བསྒོམ་བྱ་སྒོམ་བྱེད་སོགས་རྟོག་པའི་འཕྲོ་འདུ་ཐམས་ཅད་མ་ཞིའི་བར་ནན་ཏན་ཆེན་པོས་ཞི་གནས་སྙོམས་འཇུག་ལ་བརྩོན། གསུམ་པ་དེ་ལས་སྐྱེས་པའི་ཉམས་ངོས་གཟུང་བ་ལ་གཉིས། གཞུང་དང༌། གདམས་ངག་པའི་ལུགས་སོ། །དང་པོ་ལྟར་ན། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པས་སྟོབས་དྲུག་གིས་ཡིད་ལ་བྱེད་པ་བཞིའི་གནས་སྐབས་ཅན་གྱི་སེམས་གནས་དགུ་གྲུབ་པའི་མཐར་ཤིན་སྦྱངས་མི་གཡོ་བར་བརྟན་པ་ལ་བྱ་སྟེ། ཉེས་པ་ལྔ་ནི། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིངས་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པའི་དོན་བསྒོམ་མི་ནུས་པ་དང་བྱིང་རྒོད་གཉིས་སུ་འདུས་ལ། དེ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་ནི། རྩོལ་བ། འདུན་པ། རྒྱུ་དད་པ། འབྲས་བུ་ཤིན་སྦྱངས་བཞི་ལེ་ལོའི་གཉེན་པོ། གདམས་ངག་མི་བརྗེད་པ། བྱིང་རྒོད་བྱུང་མ་བྱུང་རྟོག་ཅིང་སེལ་ཐབས་ལ་འབད་པ། གཉེན་པོ་འདུ་མི་བྱེད་པ། བསམ་གཏན་སྐྱོན་མེད་པའི་ཚེ་འདུ་བྱེད་པ་སྟེ་སོ་སོའི་གཉེན་པོ་ལ་བསླབ། སྟོབས་དྲུག་ནི། ཐོས་བསམ། དྲན་ཤེས་བཞིན། བརྩོན་འགྲུས་འདྲིས་པའི་སྟོབས་ཏེ་དེ་དག་གིས་སེམས་གནས་དགུ་རིམ་བཞིན་འགྲུབ་བོ། །ཡིད་བྱེད་བཞི་ནི། བསྒྲིམས་ཏེ་འཇུག་པ། ཆད་ཅིང་འཇུག་པ། ཆད་པ་མེད་པར་འཇུག་པ། ལྷུན་གྱིས་གྲུབ་པར་འཇུག་པ་སྟེ་འདི་དག་ཀྱང་སེམས་གནས་དགུ་ལ་རིམ་གྱིས་འཇུག་གོ །སེམས་གནས་དགུ་ནི། སེམས་འཇོག ཀུན་ཏུ་འཇོག ངེས་པར་འཇོག ཉེ་བར་འཇོག
དུལ་བར་འཇོག ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུན་གཅིག་ཏུ་བྱེད། མཉམ་པར་འཇོག་པ་སྟེ་དགུའོ། །གཉིས་པ་གདམས་ངག་པའི་ལུགས་ཀྱིས་ཉམས་ལྔར་འཆད་དེ། གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་ཏེ་དཔེ་རིམ་པར་དང་པོ་རི་གཟར་གྱི་འབབ་ཆུ། གཉིས་པ་གཅོང་རོང་གི་ཆུ་བོ། གསུམ་པ་ཆུ་བོ་དལ་འབབ། བཞི་པ་རྒྱ་མཚོ་རླབས་བྲལ། ལྔ་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་ཉམས་རང་གི་སེམས་ལ་རིམ་པར་འབྱུང་ངོ༌། །གཉིས་པ་ལྷག་མཐོང་ལ་གསུམ། གང་ཟག་གི་བདག་མེད་སྒོམ་ཚུལ། ཆོས་ཀྱི་བདག་མེད་སྒོམ་ཚུལ། དེའི་དོན་ངོ་སྤྲད་པའོ། །དང་པོ་ནི། འཁོར་བ་སྐྱེད་བྱེད་ལྟ་ལོག་ཐམས་ཅད་ཀྱི་རྩ་བ་འཇིག་ལྟ་ལྷན་སྐྱེས་གང་ཟག་གི་བདག་འཛིན་ནི། སེམས་ཅན་ཐམས་ཅད་ལ་ངའོ་ཞེས་སྙམ་པའི་ལྷན་སྐྱེས་ཀྱི་ངར་འཛིན་ཏེ། དེ་བདག་མེད་པར་ལྟ་ཞིང་སྒོམ་པ་ལ་དཔྱད་འཇོག་གཙོ་ཆེ་བའི་ལུགས་གཉིས་ཡོད། དོན་དུ་གཉིས་ཀ་ཟུང་འབྲེལ་དགོས་མེད་གཙོ་ཆེ་བའི་དབང་དུ་བྱས་ན། དཔྱད་སྒོམ་པས་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རིགས་པས་རྒྱུ་འབྲས་ཀྱི་བདག་མེད་རྟོགས་པར་མཛད་ཅིང༌། འཇོག་སྒོམ་པས། གང་ཟག་གི་བདག་དེ་ཕུང་པོ་དང་གཅིག་དུ་མ་གང་དུ་གྲུབ་བརྟགས་པས་དེ་གཉིས་གར་མ་གྲུབ་ཅིང༌། ཐ་སྙད་དུ་ཕུང་པོའི་ཚོགས་པ་ལ་བརྟེན་ནས་ང་ཞེས་བཏགས་པ་ཙམ་ལས་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ལ་ངེས་ཤེས་བསྐྱེད་པ་སྔོན་དུ་བཏང་ནས། གཉིས་པ་ལ། གཟུང་པ་མེད་པ། འཛིན་པ་མེད་པ། སྤྱི་བཀག་པའི་ཚུལ་གསུམ། དང་པོ་ནི། བདག་མ་གྲུབ་པ་དེ་བཞིན་སྣོད་བཅུད་ཕུང་ཁམས་ལ་སོགས་པ་བདག་གིར་བཟུང་བའི་ཡུལ་དྲུག་རྣམས་ཀྱང་རྡུལ་ཕྲན་འདུས་པ་ལས་བྱུང་བས་རགས་པ་མ་གྲུབ། རྡུལ་ཕྲན་དེའང་བརྟགས་ན་ཆ་མེད་དུ་འགྱུར་བས་ཕྲ་བ་མ་གྲུབ། མདོར་ན་ཆོས་ཐམས་
ཅད་རྟོག་པས་ཕར་བཏགས་ཙམ་ལས་དོན་རང་ངོས་ནས་རྡུལ་ཙམ་མ་གྲུབ་སྟེ། དཔེར་ན་བུམ་པ་གཞི་མ་གྲུབ་པས་དེ་མེད་པའི་སྔ་ལོགས་སུ་བུམ་འཛིན་གྱི་ཤེས་པ་མི་སྐྱེ་བ་བཞིན་ནོ། །གཉིས་པ་ནི། ཡུལ་སྣ་ཚོགས་སུ་འཛིན་པའི་ཤེས་པ་འདིའང་ཡུལ་རང་བཞིན་གྱིས་མ་གྲུབ་པ་ལ་བརྟེན་ནས་བྱུང་བས་ཡུལ་ཅན་ཤེས་པ་ཉིད་ཀྱང་བདེན་པར་མ་གྲུབ་སྟེ་རྨི་ལམ་གྱི་ཤེས་པ་བཞིན་ནོ། །གསུམ་པ་ནི། གཟུང་འཛིན་དང་ཡོད་མེད་ཡིན་མིན་སོགས་སྤྲོས་མཐའ་ཐམས་ཅད་བཀག་ཟིན་པའི་ཤུལ་གྱི་སྤྲོས་བྲལ་སྤྱི་ཙམ་དང་ཤེས་པ་རང་རིག་རང་གསལ་ཙམ་དུ་ཡང་བདེན་པར་མ་གྲུབ་སྟེ་གཉིས་མིན་གྱི་ཕུང་གསུམ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་དང༌། རང་ངོས་ནས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །དེ་དག་གི་དཔྱད་པ་རྒྱས་པར་གྲུབ་ན་སྔར་སྨྲོས་པའི་ས་བོན་ལས་སྤྲོས་ཏེ་བྱའོ། །གསུམ་པ་ནི། དེ་ལྟར་དཔྱད་པའི་གྲུབ་འབྲས་སྣང་ལུགས་ཀུན་རྫོབ་ཀྱི་ངོས་ནས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེས་པས་མེད་པ་མིན་ལ། གནས་ལུགས་དོན་དམ་གྱི་ངོས་ནས་བདག་དང༌། ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། རྟེན་འབྲེལ་དང༌། ཡུལ་དང༌། ཡུལ་ཅན། དངོས། དངོས་མེད། སྣོད་བཅུད་ལ་སོགས་པ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་དེ་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ལ། དེ་ལས་གཞན་དུའང་གྲུབ་པ་མེད་པ་དེ་ཉིད་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་གྱི་ཞི་ལྷག་དབྱེར་མེད་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་དུ་ངེས་ཤེས་བསྐྱེད་པར་བྱའོ། །གསུམ་པ་ཞི་ལྷག་ཟུང་འབྲེལ་དུ་སྦྱང་བ་ནི། དཔྱད་པས་སྒྲོ་འདོགས་ཆོད་དེ་ཡུལ་རང་ངོས་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་དེའི་ཚེ། ཡུལ་ཅན་དཔྱོད་བྱེད་ཉིད་ཀྱང་བསམ་བརྗོད་ལས་འདས་པ་དཔེར་ན་བུད་ཤིང་ཟད་པའི་མེ་ལྟར་བློའི་འཇུག་པ་མཐའ་དག་གཉུག་མ་རང་བཞིན་རྣམ་པར་དག་པའི་ངང་དུ་ཐིམ་པས་གནས་ལུགས་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་
སེམས་སེམས་བྱུང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་མཐར་ཐུག་པའི་འཇོག་སྒོམ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ན་ལུས་ངག་ཡིད་ཀྱི་གནད་མ་འཁྲུལ་བ་དང་ལྡན་པས་མཉམ་གཞག་རྣམ་པར་མི་རྟོག་པའི་ངང་དུ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་གློད། མཐར་རང་སོ་བཟུང་ལ་མཉམ་པར་འཇོག རྗེས་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་རང་བཞིན་མེད་པ་ལམ་དུ་བྱས་ཏེ་བསྒོམ་མོ། །གསུམ་པ་རྗེས་ནི། ཐུན་མཚམས་སུ་བསམ་སྒོམ་བགྱིས་པ་ལས་བྱུང་བའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་དང༌། གེགས་སེལ་བོགས་འདོན་གྱི་རིམ་པ་ཁྲིད་ཡིག་ལས་ཤེས་པར་བྱའོ།། ༈ །ན་མོ་གུ་རུ་ཨཱརྻ་ལོ་ཀེ་ཤྭ་རཱ་ཡ། གཉིས་པ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཉམས་ལེན་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་སྔོན་འགྲོ་ལ་ཐུན་མོང་དང་ཐུན་མིན་གཉིས། ཐུན་མོང་བ་ཐུབ་པའི་ལྟ་ཁྲིད་ལྟར་བྱ། ཐུན་མོང་མ་ཡིན་པ་ལ་ལྔ་ལས། དང་པོ་སྐྱབས་འགྲོ་ནི། ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་རྩེ་མོ་ལྔར་གྱེས་པའི་དབུས་མར་སེང་ཁྲི་པད་ཟླའི་གདན་ལ་བླ་མ་སྤྱན་རས་གཟིགས་ཁ་སརྤ་ཎིའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་སྤྱན་རས་གཟིགས་སོགས་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲོ་ཆོས་སྐྱོང་རྣམས་བཞུགས་པར་མོས་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པས་སྐྱབས་སུ་འགྲོ་བའི་བློས། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྐུ་གསུམ་ངོ་བོ་སངས་རྒྱས་རྣམས་ལ༴ ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ༴ སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ༴ འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་དང༌། བསྡུ་ན། སངས་རྒྱས་ཆོས་
ཚོགས་མ་ལན་བརྒྱ་སྟོང་དུ་བསག གཉིས་པ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གཞག་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དེང་ནས་བཟུང་སྟེ་འགྲོ་རྣམས་སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །སྨོན་པ་དང་ནི་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་པའི་ལས་ལ་བསྐུལ་བར་བགྱི། །ཞེས་སམ། བསྡུ་ན། བདག་གིས་སྦྱིན་སོགས་བརྗོད། གསུམ་པ་མཎྜལ་ནི་ལག་ལེན་ལྟར་ལེགས་པར་བཤམས་ནས་ཚོམ་བུ་སོ་བདུན་མ་ནས་བདུན་མའི་བར་གྱིས་འབུལ། མཐར། སྐུ་ལས་འོད་ཟེར་བྱུང༌། སྡིག་སྒྲིབ་དག འགྲོ་ཀུན་དག་པའི་ཞིང་དུ་གཤེགས། སླར་མོས་གུས་ཀྱི་རྐྱེན་གྱིས་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་མོས། བཞི་པ་རྡོར་སེམས་སྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པོ་ལས་རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས་ལུས་གང་སྡིག་ལྟུང་དག་པར་མོས་ནས་ཡིག་བརྒྱ་ཅི་ནུས་བཟླ། མཐར་མི་དམིགས་པར་བཞག ལྔ་པ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེས་བརྒྱན་པ། འོད་ཟེར་མུ་མེད་པར་འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ། ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། མོས་གུས་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་
སུ་མཆིའོ། །ཞེས་ཅི་ནུས་སུ་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབས། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་རང་ངོ་བསྐྱང་ངོ༌། །གཉིས་པ་ལ་གཉིས། མཚན་བཅས་ལྷ་སྒོམ་པ་དང༌། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པའོ། །དང་པོ་ལ་གསུམ། ལྷ་སྒོམ་པ་དངོས། དེ་ལ་གསལ་སྣང་འདོན་པ། བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །དང་པོ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ། གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང༌། གཡོན་གཉིས་པས་ཨཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་
གཉིས་པས་རིན་པོ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ། གཉིས་པ་ལ་གཉིས། རྩ་བའི་ལྷ་ལ་གསལ་སྣང་འདོན་པ་དང༌། སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་སྒོམ་ཚུལ་ལོ། །དང་པོ་ནི། དེ་ལྟར་གསལ་བའི་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ལ་སེམས་གཟུང༌། དེའི་གསལ་སྣང་མ་ཤོར་བའི་ངང་རེས་འགའ་གདན་ནས་གཙུག་ཏོར་བར། རེས་གཙུག་ཏོར་ནས་གདན་གྱི་བར། རེས་སྤྱན་གྱི་དཀར་ནག་ལྟ་བུ་ཕྲ་བ་ནས་རགས་པའི་བར། རེས་རགས་པ་ཕྱག་ཞབས་ནས་ཕྲ་བ་སྤྱན་གྱི་བར་གསལ་གདབ། དེ་དག་བརྟན་ནས་ལྷ་སྣང་སྤྱི་ལ་སེམས་གཏད་དེ་མཐར་བ་སྤུའི་བུ་ག་ཚུན་ཆད་མ་འདྲེས་པར་ཤིན་ཏུ་གསལ་ཞིང་བློ་རྩེ་གཅིག་པ་ལ་བརྟན་པ་ཐོབ་པར་བྱ་སྟེ་དམིགས་པའི་དངོས་གཞིའོ། །གཉིས་པ་ནི། རང་ཉིད་པད་ཟླའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། སྐུས་ཞིང་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྐུ་ལ་རྫོགས་པར་ལམ་གྱིས་གསལ་བའི་སྐུ་ལུས་ཀྱི་བ་སྤུའི་སྒོ་ཉི་མའི་འོད་ཅེས་པ་ན། བྱང་ཆུབ་སེམས་དཔའ་
བྱེ་བ་ཁྲག་ཁྲིག་དུ་མ་དང༌། གསེར་གྱི་རི་ཁྲི། རེ་རེ་ལའང་རྩེ་མོ་ཁྲི་ཉིས་སྟོང༌། རིན་པོ་ཆེའི་ཁང་བཟངས་སྐྱེད་ཚལ་རྒྱན་བཀོད་དུ་མས་བརྒྱན་པ་ཡི་གེ་དྲུག་མའི་ཆོས་སྒྲ་སྒྲོགས་པ། བ་སྤུ་དེའི་ནང་ནའང་རྒྱལ་བའི་དབང་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། ལྷའི་གསེར་གྱི་རི་བརྒྱད་ཁྲི་རིན་པོ་ཆེའི་བྲག་རི་ལྗོན་ཤིང་དག་དང༌། ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལས་བྱང་ཆུབ་སེམས་དཔའ་དག་ལོངས་སྤྱོད་ཅིང༌། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོགས་པ། བ་སྤུ་དེ་འདས་པ་ན་སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང༌། རྡོ་རྗེ། དངུལ། གསེར། ཨིནྡྲ་ནཱི་ལ། པདྨ་རཱ་ག མརྒད། ཤེལ་གྱི་རི་རྩེ་མོ་བརྒྱད་ཁྲི་ཡོད་པ། དྲི་ཟའི་སིལ་སྙན་གྱི་སྒྲ་ལས་ཡི་གེ་དྲུག་པའི་ཆོས་ཀྱི་དབྱངས་འབྱིན་ཅིང༌། གང་སེམས་ཐོག་མར་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་མཚན་མ་མེད་པ་སེམས་ཏེ། ཀྱེ་མའོ་ཞེས་སྡུག་བསྔལ་སྐྱེ་རྒ་ན་འཆི་སོགས་ལ་སྐྱོ་བས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་པར་བཞག་སྟེ་རི་དེ་དག་ལ་འཁོད་པ། བ་སྤུ་དེའང་འདས་པ་ན། སྣ་ཚོགས་པའི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང༌། ཆར་འབེབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང༌། རིན་ཆེན་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ལ་འདོད་དགུ་འབྱུང་བའི་དཔག་བསམ་གྱི་སྡོང་པོ། རྩ་བ་མུ་ཏིག ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་ཀཱ་ཤི་ཀཱའི་གོས་རྣམས་འཕྱང་བ། དེ་འདྲ་བའི་རི་རྣམས་ལ་རང་སངས་རྒྱས་དག་བཞུགས་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་དྲུག་པའི་སྒྲར་སྟོན་པ། ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ན། རིན་པོ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དང༌། དཔག་བསམ་དང་
ཙནྡན་དང་བྱེ་རུའི་ཤིང་དེ་སྙེད་ཡོད་ཅིང་རིན་ཆེན་འབར་བའི་ཁང་བརྩེགས་ན། དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ། ཕར་ཕྱིན་དྲུག་ཡི་གེ་འབྲུ་དྲུག་ཏུ་སྟོན་པར་མཛད་པའང་བཞུགས་པ་སོགས། མདོར་ན་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས་ནས་ལ་ལས་ནི་དམ་པའི་ཆོས་ཀྱི་བགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་པ་ཐམས་ཅད་ཀྱང་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོགས་ཤིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ། འགྲོ་བ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱངས། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་པའི་སྔགས་དི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་འཇོག་གོ །བཞི་པ་ནི། དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ་བསྒོམས་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད། གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེའི་མཐའ་སྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་མོས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས་སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་བྱུང༌། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་དུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང༌། སླར་ཐུགས་ཀའི་སྔགས་ཕྲེང་འོད་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམས་པ་འོད་ཟེར་གྱིས་ཚུལ་གྱིས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱོང་བར་བསམ། ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་
བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམས་ལ་བཟླས་པ་ཅི་ནུས་བྱས་ཏེ། ཐུན་འཇོག་པའི་ཚེ་ཡི་གེ་རྣམས་པདྨ་ལྟག་སྤྲོད་ལ་ཐིམ། དེ་ཧྲཱིཿལ་ཐིམ་པར་མོས། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁོར་གཉིས་ལ་ཐིམ། དེ་གཉིས་གཙོ་བོ་ལ་ཐིམ། དེ་གཉིས་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱིཿལ་ཐིམ། དེའང་འ་ཆུང་ར་ལ། དེ་ཧ་ལ། ཧ་མགོ་བོ། མགོ་བོ་གི་གུ། དེའང་འོད་དུ་ཡལ་བའི་ངང་ལ་ཅི་གནས་སུ་བཞག མི་གནས་པར་འཕྲོ་བར་བརྩམས་པ་ན། སྟོང་པའི་ངང་ལས་ཐིག་ལེ་གསུམ། དེའི་དབུས་མ་ཧྲཱིཿ དེ་ལས་གཙོ་འཁོར་གསུམ། སྣོད་གཞལ་ཡས་ཁང༌། བཅུད་ལྷའི་རང་བཞིན་དུ་མོས། འདི་ལ་ཆེད་དུ་སྦྱང་ན། སླར་བསྡུ་ཞིང་མཉམ་པར་འཇོག་སྟེ་སླར་ལྡང་བ་སོགས་སྔར་ལྟར་བྱའོ། །གསུམ་པ་རྗེས་ལ་གཉིས། རྗེས་ཀྱི་རྣལ་འབྱོར་དངོས་དང༌། ཞར་བྱུང་གི་རྣལ་འབྱོར་གཞན་བཤད་པའོ། །དང་པོ་ནི། ཐུན་འཇོག་པ་ན་འཁོར་གཉིས་རང་ལ་ཐིམ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་ཞར་བྱུང་གི་རྣལ་འབྱོར་ལ་གསུམ། ཁྱད་པར་བདེ་སྟོང་གི་རྣལ་འབྱོར། ཐུན་མོང་བྱང་སེམས་ཀྱི་རྣལ་འབྱོར། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རྣམས་ནི་ཁྲིད་ཡིག་ལྟར་ཤེས་པར་བྱའོ།། ༈ །ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡེ། གསུམ་པ་འཕགས་མ་སྒྲོལ་མ་རྗེས་དྲན་ལྔའི་ཉམས་ལེན་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད་གཉིས། དང་པོ་ཐུན་མོང་བའི་སྔོན་འགྲོ་གོང་ལྟར་བསྒོམས་ནས་སྐྱབས་སུ་འགྲོ་བ་ནི།
ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་རང་མདུན་དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལྔར་གྱེས་པའི་དབུས་མར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་ལ་རྩ་བརྒྱུད་བླ་མ་འོད་དཔག་མེད་ཀྱི་རྣམ་པས་བསྐོར་བ། མདུན་དུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཡི་དམ་ལྷ་ཚོགས། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། མཐའ་སྐོར་དུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་བཅས་གསལ་གདབ། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། སངས་རྒྱས་ཆོས་ཚོགས་མ་ཅི་ནུས་སུ་བརྗོད་པས་སྐྱབས་སུ་འགྲོ། གཉིས་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། བདག་གིས་སྦྱིན་སོགས་མང་དུ་བརྗོད་དོ། །མཐར་སྐྱབས་ཡུལ་བསྡུ་ཚུལ་གོང་བཞིན། གཉིས་པ་དངོས་གཞི་ལ། རྗེས་དྲན་དངོས་དང༌། ཕྱི་ནང་གསང་བའི་གོ་བབ་བཤད་པ་གཉིས། དང་པོ་ལ་ལྔ། སྐྱབས་གནས་བླ་མ། ལུས་ལྷ། ངག་སྔགས། འགྲོ་ཀུན་ཕ་མ། སེམས་ཆོས་ཉིད་དུ་རྗེས་སུ་དྲན་པའོ། །དང་པོ་ནི། རང་གི་སྙིང་གར་སྣང་བ་ཀུན་རྫོབ་ཐབས་ཀྱི་ངོ་བོ་སྣོད་ཀྱི་ཐིག་ལེ་སེར་པོ་སྲན་མ་བཀས་པའི་དབྱིབས་ལྟ་བུ། དེའི་སྟེང་དུ་སྟོང་པ་དོན་དམ་ཤེས་རབ་ཀྱི་ངོ་བོ་བཅུད་ཀྱི་ཐིག་ལེ་གསེར་མདོག་འོད་ལྔ་འཕྲོ་བ་ཡུངས་ཀར་གྱི་དབྱིབས་ཅན་ཆེ་ཆུང་སྣོད་དང་མཉམ་པ། དེའི་སྟེང་དུ་པད་ཟླའི་གདན་ལ་རྩ་བའི་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན། དེའི་སྤྱི་བོ་ནས་ཐོ་བརྩེགས་སུ་པད་ཟླའི་གདན་ཆུང་ངུ་རེག་ལ་མ་འབྱར་བར་རེ་རེའི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་འོད་དཔག་མེད་ཀྱི་རྣམ་པ་ཅན་དུ་བཞུགས་པ། ཐམས་ཅད་ཀྱི་སྟེང་མར་ཇོ་བོ་རྗེ་དངོས་བསྒོམ། ཇོ་བོའི་དབུ་གཙུག་ནས་པད་ཟླའི་གདན་གྱི་ཕྲེང་བ་ཁ་གསུམ་གྱེས་པའི་དབུས་མར་རྡོ་རྗེ་
འཆང༌། ཏེ་ལོ། ནཱ་རོ། ཌོམྦི་པ་སོགས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་དང༌། གཡས་མར་བྱམས་པ་ཐོགས་མེད་སྐུ་མཆེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང༌། གཡོན་མར་འཇམ་དབྱངས་ཀླུ་སྒྲུབ་ཡབ་སྲས་སོགས་ཟབ་མོ་ལྟ་བརྒྱུད་རྣམས་སོ་སོ་ལ་ཐུག་གི་བར་ཕྲེང་བར་བསྟར་ཏེ་བཞུགས་པ། དེ་དག་གི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་བླ་མ་དང་དཀོན་མཆོག་ཐམས་ཅད་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་དུ་མོས་ནས། ཕྱག་མཆོད་སོགས་ཡན་ལག་བདུན་པའི་དམིགས་རྣམ་གསལ་བཏབ་ནས། བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་བརྗོད། དེ་ནས་མོས་གུས་རྩེ་གཅིག་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་མང་དུ་གསོལ་བ་གདབ། རྗེས་དབང་བཞི་བླང་ཚུལ་གོང་བཞིན་དང༌། མཐར་གོང་མ་འོད་དུ་ཞུ་སྟེ་འོག་མ་ལ་རིམ་བཞིན་ཐིམ་མཐར་རྩ་བའི་བླ་མ་ཡང་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་སྣོད་བཅུད་ཀྱི་ཐིག་ལེ་ལ་ཐིམ། དེའང་མི་དམིགས་པ་བློ་འདས་བརྗོད་བྲལ་གསལ་སྟོང་ཟུང་འཇུག་གི་རང་མདངས་བསྐྱང་ངོ༌། །གཉིས་པ་ལུས་ལྷར་རྗེས་སུ་དྲན་པ་ལ་གཉིས། ལྷ་སྐུར་སྒྲུབ་པ་དང༌། གསལ་སྣང་ལ་བསླབ་པའོ། །དང་པོ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཚད་མེད་པ་སེང་ལྡེང་ནགས་ཚལ་མེ་ཏོག་འབྲས་བུས་བརྒྱན་པའི་ལྗོན་ཤིང་དུ་མས་གཏིབས་པའི་དབུས་སུ། པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤལ་ལྗང་སྔོན་ཏཱྃ་ཡིག་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་
རང་ཉིད་རྗེ་བཙུན་འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་སྡོང་བུ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་དང༌། རིན་པོ་ཆེ་དང་དར་གྱི་ན་ན་བཟས་བརྒྱན་པ། ཟླ་བའི་རྒྱབ་ཡོལ་ཅན། དབུ་སྐྲ་ལི་བ། ཞལ་འཛུམ་པའི་མདངས་ཅན། འོད་དང་འོད་ཟེར་གྱི་རང་བཞིན་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་དང༌། ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ་ཡིག་ལྗང་གུ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་ཡུམ་བཞི་བདུད་རྩིའི་བུམ་པ་ཐོགས་པ་བྱུང་སྟེ། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། སྤྲོ་ན་སྔར་ལྟར་མཆོད་བསྟོད་བྱ། གཉིས་པ་ནི། ལྷ་སྐུ་དེ་ཉིད་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་གཟུང་མེད་པ། བདེ་ལ་ཞེན་པ་མེད་པ་གསལ་ལམ་མེར་ཡང་ནས་ཡང་དུ་གསལ་བཏབ་ལ། རྣམ་པ་སྤྱི་བྱེ་བྲག་དང༌། རགས་པ་ནས་ཕྲ་བའི་གསལ་སྣང་བརྟན་པོར་མ་གྱུར་བར་བསྒོམ་མོ། །ཡང་ཏཱྃ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་རང་ལ་ཐིམ། ཡང་འོད་འཕྲོས་སྣོད་བཅུད་གཞལ་ཡས་ཁང་དང་སྒྲོལ་མའི་སྐུར་གྱུར་པར་མོས། ཡང་འོག་འཇིགས་པ་བརྒྱད་སྐྱོབ་ཀྱི་དམིགས་པའང་འདིར་བླངས་ནས་
བསྒོམ། གསུམ་པ་ངག་སྔགས་རྗེས་སུ་དྲན་པ་ལའང་གསུམ་སྟེ་ཕྱི་དང་ནང་དང་གསང་བའོ། །དང་པོ་ལ་གསུམ། བསྙེན་པ་སྒྲུབ་པ་ལས་སྦྱོར་རོ། །དང་པོ་ལ་བཟླས་པའི་གཞི་འགོད་པ་དང་དམིགས་པ་དངོས་སོ། །དང་པོ་ནི། རང་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཏཱྃ་ཡིག་སྔོ་ལྗང༌། དེའི་མཐར་ཡི་གེ་བཅུ་པ་ཡིག་ངོ་ནང་དུ་ལྟ་བ་གཡས་སྐོར་དུ་འཁོད་པར་མོས་ལ་གསལ་བརྟན་དུ་མ་གྱུར་བར་བསྒོམ། གཉིས་པ་ནི། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་བསོད་དཔལ་འབྱོར་རྒྱས། འོད་ཟེར་ཕྱིར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། འོད་ཟེར་ཚུར་འདུས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་མོས་ཏེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་བདག་དོན་བྱིན་རླབས་ཀྱི་བཟླས་པའོ། །གཉིས་པ་ནི། སྔགས་ལས་འོད་ཟེར་འཕྲོས། རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་བསལ། སྣོད་བཅུད་སྣང་ལ་རང་བཞིན་མེད་པ་འཕགས་མའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པར་གྱུར། ཁྱད་པར་བ་སྤུའི་བུ་ག་ནས་རང་འདྲ་བའི་སྒྲོལ་མ་ནམ་མཁའི་ཁམས་ཁྱབ་པར་སྤྲོས། འགྲོ་དྲུག་གི་སྡུག་བསྔལ་རྒྱུ་བཅས་བསལ། བདེ་བའི་གནས་ལ་བཀོད་པར་བསམས་ཏེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །གསུམ་པ་ནི། འཇིགས་པ་བརྒྱད་སྐྱོབ་ཀྱི་བཟླས་དམིགས་བྱ་བ་སྟེ། རེ་རེ་བཞིན་བཟླས་པས་ཐུགས་རྒྱུད་བསྐུལ་བས་རང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འཇིགས་སྐྱོབ་སོ་སོའི་སྐུ་མདོག་དང་མཐུན་པའི་འོད་འཕྲོས། སྨིན་མཚམས་སུ་སླེབ་པ་དང་འོད་ཀྱི་སྣེ་ལས་སོ་སོའི་སྐུ་དཔག་མེད་འཕྲོས་པས་མཁའ་ཁྱབ་འགྲོ་ཀུན་ཕྱི་ནང་གི་འཇིགས་པ་ལས་དབུགས་ཕྱུང༌། ཚུར་འདུས་རང་ལ་ཐིམ་པར་
བསམ་པ་ཐམས་ཅད་ལ་འགྲེའོ། །འཇིགས་སྐྱོབ་སོ་སོ་ལ་སེང་གེའི་འཇིགས་སྐྱོབ་སྒྲོལ་མ་སེང་གདོང་མཆེ་བ་གཙིགས་ཤིང་ལྕེ་གློག་ལྟར་འཁྱུག་པ། སྤྱན་སེར་མོ་མདོག་དམར་ཞིང་སྐྲ་སེར་བ། ཐུགས་ཀར་མི་འཇིགས་པའི་ཕྱག་རྒྱ་མཛད་པ། རྒྱན་གྱིས་བརྒྱན་པ་སེམས་ཅན་རྣམས་ང་རྒྱལ་སེང་གེའི་འཇིགས་པ་ལས་སྒྲོལ་བར་བསམ། གླང་པོའི་འཇིགས་སྐྱོབ་སྒྲོལ་མ་གླང་གདོང་ཤངས་མཐོ་ཞིང་མཆེ་བ་གཙིགས་པ། གསུས་པ་འཕྱང་བ་དུ་བའི་མདོག་ཅན། མཐེ་བོང་མངོན་པར་བརྐྱངས་པ་ཕྱག་གཉིས་ཀྱིས་བསྡིགས་པར་མཛད་པ། སེམས་ཅན་རྣམས་གཏི་མུག་གླང་པོའི་འཇིགས་པ་ལས་སྒྲོལ་བར་བསྒོམ། མེའི་འཇིགས་སྐྱོབ་སྒྲོལ་མ་དམར་མོ་འབར་བའི་གདོང་པ་ཅན་ཞལ་བདུན། ལྗགས་བདུན། སྐྲ་གྱེན་དུ་འབར་ཞིང༌། ཕྱག་གཉིས་ཀྱི་པདྨའི་ཕྱག་རྒྱ་མཛད་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་རྣམས་ཞེ་སྡང་མེའི་འཇིགས་པ་ལས་སྒྲོལ་བར་བསྒོམ། སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་ཁ་དོག་ནག་པོ་སྦྲུལ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང་སྐྲ་གྲོལ་བ། རྒྱན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཕྲག་དོག་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆོམ་རྐུན་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་ཁྲོ་གཉེར་བསྡུས་པ། སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་རལ་གྲི་གཡོན་སྡིགས་མཛུབ། རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་ལྟ་ངན་ཆོམ་རྐུན་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དམར་མོ་གཡས་དང་གཡོན་པ་ལྕགས་ཀྱུ་དང་ཞགས་པ་འཛིན་ཅིང་རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་སེར་སྣ་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆུའི་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དཀར་མོ། ཕྱག་གཡས་ལྕགས་སྒྲོག གཡོན་སྡིགས་མཛུབ། ཞི་བའི་སྐུར་བཞེངས་པ། སེམས་ཅན་རྣམས་འདོད་པ་ཆུའི་འཇིགས་པ་ལས་
སྒྲོལ་བར་བསྒོམ། ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཀུནྡ་དང་ཟླ་བའི་མདོག་ཅན་རྒྱན་གྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན་དང་གཡོན་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཐེ་ཚོམ་ཤ་ཟའི་འཇིགས་པ་ལས་སྒྲོལ་བར་བསྒོམས་ལ། རེ་རེ་ལའང་མོས་གདུང་དང་འབྲེལ་བར་ཡི་གེ་བཅུ་པ་བཟླས་ལ། ཏཱ་རཱ་ཏཱ་རཱ་ཞེས་གཉིས་ཀྱི་སྔགས་འདི་དང༌། མཐར་ཏཱ་རཱ་མཁྱེན་ཅེས་བརྗོད་དེ། གཉིས་པ་ནང་གི་བཟླས་པ་ལའང་གཉིས། ཐུན་མོང་དང་ཁྱད་པར་རོ། །དང་པོ་ཐུན་མོང་འབྲུ་གསུམ་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རྩོལ་མེད་རང་བབ་ཀྱིས་ནང་དུ་འཇུག་པ་ཨོཾ་དཀར་པོ། གནས་པ་ཨཱཿདམར་པོ། ཕྱིར་འགྲོ་བའི་ཚེ་ཧཱུྃ་སྔོན་པོར་མོས་ལ་ཅི་ནུས་སུ་བགྲང་ངོ༌། །གཉིས་པ་ཁྱད་པར་ཡི་གེ་བཅུ་པའི་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རང་བཞིན་གྱིས་ནང་དུ་འཇུག་པ་ཡི་གེ་བཅུ་པ་དཀར་པོ། གནས་པ་ཡིག་བཅུ་དམར་པོ། ལྡང་བ་ཡིག་བཅུ་སྔོན་པོར་བསམས་ལ་བགྲང་བའོ། །གསུམ་པ་གསང་བའི་བཟླས་པ་ལ། སྤྱིར་ནི་སྒྲ་མཐའི་བསམ་གཏན་ཞེས་བྱ་བ་གོང་དུ་ངག་བཟླས་ཀྱི་སྐབས་དེ་དག་གམ་དམིགས་བསལ་དུའང་རུང་བར་ཡིག་བཅུའི་སྒྲ་དྲིལ་བུའམ་ཏིང་ཤག་ལྟ་བུའི་སྒྲ་མཐའི་ཧཱའི་སྐད་ཇེ་ཕྲར་ཡལ་བ་ལ་སེམས་གཞོལ་བ་དང༌། ཁྱད་པར་ཡི་གེ་བཅུ་པའི་ཐོག་མཐའ་བར་གསུམ་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་ངོ་བོ་དང་གཉིས་སུ་མེད་པ་ལ་སྒྲའི་མཐའ་ནམ་མཁའ་དང་མཉམ་པའི་རང་བཞིན་ལ་བློ་བཞག་པར་གསུངས་སོ། །རྩ་བའི་བཞི་པ་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པ་ལ་གསུམ་སྟེ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རྣམས་ནི་ཐུབ་པའི་ལྟ་ཁྲིད་ཀྱི་ཉམས་ལེན་ལྟར་བྱ། རྩ་བའི་ལྔ་པ་སེམས་སྟོང་པར་རྗེས་སུ་དྲན་པ་ལ་གསུམ། ཞི་གནས་བསྒོམ། ལྷག་མཐོང་བཙལ། དེ་ཟུང་འབྲེལ་དུ་ཉམས་སུ་ལེན་ཚུལ་རྣམས་ཀྱང་གོང་ལྟར་བསྒོམས་པས་
དོན་འགྲུབ་བོ། །གཉིས་པ་རྗེས་དྲན་ལྔ་པོ་དེ་རྣམས་ཕྱི་ནང་གསང་བའི་དོན་དང་སྦྱར་ཏེ་ངེས་པར་བྱ་བའང་ཁྲིད་ཡིག་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དངོས་དང་ཞར་བྱུང་ངོ༌། །དང་པོ་ནི། རང་ལྷར་བསྒོམས་པ་ཡིན་ན་བསྡུ་རིམ་དང༌། ཐུན་མཚམས་ཀྱི་ལྷར་ལྡང་བ། གནས་གསུམ་བསྲུང་བ་སོགས་སྤྱི་ལྟར་བྱས། དཀྱུས་གཅིག་ཏུ་བསྒོམས་ན་བྱང་སེམས་ཀྱིས་མཚམས་སྦྱར་བ་སོགས་མདོར་ན་ཐུན་མཚམས་ལ་བབ་པ་ན། ཐེག་པ་ཆེན་པོའི་སྨོན་ལམ་དང་འཁོར་གསུམ་ཡོངས་དག་གི་བསྔོ་བས་རྒྱས་གདབ་སྟེ། སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་གྲགས་རྟོག་གསུམ་རྗེ་བཙུན་འཕགས་མའི་གསང་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཀྱང་ཁྲིད་ཡིག་ལྟར་རོ།། ༈ །ན་མོ་གུ་རུ་ཨཱརྻ་ཨ་ཙ་ལཱ་ཡ། བཞི་པ་མི་གཡོ་བ་ཆོས་དྲུག་གི་ཉམས་ལེན་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། སྔོན་འགྲོ་ལའང་ལྔ་སྟེ། སྐྱབས་སེམས། མཎྜལ། ཡིག་བརྒྱ། བླ་མའི་རྣལ་འབྱོར། ཚོགས་གསག་གི་རྣལ་འབྱོར་རོ། །དང་པོ་སྐྱབས་འགྲོ་ལ་བསྒོམ་དོན། དབུས་སུ་བླ་མ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་དང་མདུན་དུ་ཡི་དམ་མི་གཡོ་བ་སོགས། ངག་འདོན་སངས་རྒྱས་ཆོས་ཚོགས་དང༌། མཎྜལ་ཕུལ་ནས་སྐྱབས་ཡུལ་བསྡུ་བའི་བར་འདོར་ལེན་ཅུང་ཟད་ལས་གོང་སྤྱན་རས་གཟིགས་ཀྱི་སྐབས་བཞིན། རྡོར་སེམས་སྒོམ་བཟླས་གོང་ཐུབ་པ་དང༌། བླ་མའི་རྣལ་འབྱོར་རྩ་བའི་བླ་མ་མི་བསྐྱོད་སྤྲུལ་སྐུའི་རྣམ་པར་བསྐྱེད་ཅིང༌། གསོལ་འདེབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་ལས་གཞན་སྤྱན་རས་གཟིགས་དང་འདྲ། ཚོགས་བསག་ལ་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་མདུན་ནམ་མཁར་པད་ཉིའི་གདན་གྱི་སྟེང་དུ་ཧཱུྃ་སྔོན་པོ་ཐོལ་གྱིས་བྱུང༌། དེ་ལ་སེམས་ཆེར་གྱིས་གཏད་པས་དེ་ཉིད་འོད་དུ་ཞུ་སྟེ་གཏུམ་ཆེན་མི་གཡོ་བ་སྔོན་པོ་སོགས་ནས། བཞུགས་པའི་བར་འོག་ནས་འབྱུང་བ་བཞིན་དང༌། དེ་ཉིད་
སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་མོས་ནས་ཕྱག་མཆོད་སོགས་ཡན་ལག་བདུན་པ་བཟང་སྤྱོད་ལས་འབྱུང་བ་དང༌། གསོལ་འདེབས། ཇོ་བོ་མི་གཡོ་བས་བདག་ལ་དབང་བསྐུར་དུ་གསོལ། གསང་སྔགས་མཐའ་དག་ཉམས་སུ་ལེན་དུ་རུང་བའི་སྣོད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསམ་ཀྱིས་མི་ཁྱབ་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་དྲག་པོས་ལན་མང་དུ་བརྗོད་ཅིང་གསོལ་བ་བཏབ་པས་ཞབས་གཡས་པའི་མཐེབ་ཆེན་ལས་བདུད་རྩི་བབས། སྤྱི་བོ་ནས་ཞུགས། ལུས་གང༌། བདེ་སྟོང་གི་ཡེ་ཤེས་སྐྱེས། མཐར་ཡིག་བརྒྱ་བརྗོད་དེ་རང་ལ་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་གཉིས། ཐུན་མོང་དུ་ལྷའི་རྣལ་འབྱོར་བསྒོམ་པ་དང༌། ཐུན་མོང་མ་ཡིན་པ་ཆོས་དྲུག་གི་རྣལ་འབྱོར་རོ། །དང་པོ་ལ་བཞི། བསྐྱེད་རིམ་གསལ་སྣང་དང་བཅས་པ། ཐུན་མོང་མེ་དམིགས། ཁྱད་པར་གཟིགས་སྟངས། ཐུན་མཚམས་སྲུང་བའི་རྣལ་འབྱོར་རོ། །དང་པོ་ནི། །ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་སྐད་ཅིག་གིས་རང་ཉིད་གཏུམ་པོ་ཆེན་པོའི་ལྷའི་སྐུར་ཝལ་གྱིས་གྱུར་པ་ནི། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡེ་ཤེས་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་རྡོ་རྗེའི་ཞགས་པ་དང་བཅས་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུ་སྐྲ་སྨ་ར་སྨིན་མ་དམར་སེར་གྱེན་དུ་འབར་བ། དམར་ཞིང་ཟླུམ་པའི་སྤྱན་གཉིས་འཁྱུག་ཅིང་ཚེམས་ཀྱིས་མ་མཆུ་མནན་པ། རིན་པོ་ཆེ་དང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་ཅིང་སྦྲུལ་དཀར་པོས་སེ་རལ་ཁར་བྱས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡས་བསྐུམས་གཡོན་བརྐྱངས་པས་བགེགས་ཀྱི་རྒྱལ་པོ་གླང་པོའི་སྣ་ཅན་གྱི་
སྟེང་ན་བརྫིས་པ། སྤྲུལ་པའི་ཁྲོ་ཆུང་དུ་མའི་འཕྲོ་འདུ་དང༌། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་དབང་ལྷ་སྤྱན་དྲངས། མཆོད་ཅིང་གསོལ་བ་བཏབ་པས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག སྤྱི་བོར་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པས་རྒྱས་བཏབ་པར་མོས་ལ་ལྷ་སྐུའི་སྣང་ཞེན་ལ་ཡུན་རིང་དུ་སེམས་གཟུང༌། རྣམ་པ་སྤྱི་དང་བྱེ་བྲག་རེ་རེ་ནས་སེམས་འཛིན་རིམ་བཞིན་བྱ། གཉིས་པ་མེ་དམིགས་གསུམ་བསྒོམ་པ་ལ། རང་ལྷར་གསལ་བའི་ཐུགས་ཀར་པད་ཉི་ལ་ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལ་མེ་ལྕེ་ཚ་ངར་དང་ལྡན་པས་དང་པོ་ཧཱུྃ་དང་སྔགས་ཕྲེང་འབར། དེ་ལས་ལུས་གང་སྡིག་སྒྲིབ་བསྲེགས་པར་བསྒོམ། ཡང་མེ་ཆེར་འབར་བས་སྒོ་དགུ་དང་བ་སྤུའི་ཁུང་བུ་ནས་མར་མྱུག་མྱུག་བྱུང་བས་ཕྱིའི་མེ་རིར་འདྲེས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲེགས་པར་མོས། ཡང་འབར་བས་འདོམ་གང་ཙམ་ནས་སྟོང་གསུམ་བར་མཆེད་པས་བསྟན་དགྲ་གདུག་ཅན་ནད་ཡམས་ཀྱི་བདག་མོ་སོགས་རིང་དུ་བསྐྲད་པར་མོས་ནས་དེ་དག་གི་སྐབས་སྔགས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ་ཅེས་པ་ཅི་ནུས་སུ་བཟླའོ། །གསུམ་པ་གཟིགས་སྟངས་ལ་བསླབ་པ་ནི། རང་ཁྲོ་བོའི་མིག་གཡས་སྟེང་དུ་བཏེགས་པར་དེའི་ནང་དུ་མྃ་ལས་ཉི་མའི་དཀྱིལ་འཁོར་གྱིས་འཁོར་འདས་གསལ་ལམ་གཟིགས་པར་བསམ། གཡོན་འོག་ཏུ་གནོན་པར་ཨ་ལས་ཟླ་བས་ཐམས་ཅད་སྟོང་ཉིད་དུ་གཟིགས་པར་བསམ། ཡང་མིག་གཉིས་ཐད་དཀར་གཏོད་པས་སྤྱན་དབུས་མ་བྱུང་བས་སྤྲོས་བྲལ་ཟུང་འཇུག་གཟིགས་པར་བསམ། བཞི་པ་སྲུང་བ་ནི། ཐུན་བསྡུ་བའི་ཚེ་རིལ་འཛིན་རྗེས་གཞིག་གིས་ལྷ་སྣང་འོད་གསལ་དུ་བཅུག སྟོང་པའི་ངང་ལས་རང་ལུས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་སྔོ་སངས་འོག་གཞི་ནས་ཚངས་གནས་བར་སླེབ་པའི་ནང་སྟོང་པར་རང་སེམས་ཧཱུྃ་སྔོན་པོར་གསལ་བ་ལ་
མཉམ་པར་བཞག མཐར་བསྡུ་ལྡང་གནས་སྲུང་སོགས་སྤྱི་ལྟར་རོ། །གཉིས་པ་ཆོས་དྲུག་ལ། དང་པོ་གཏུམ་མོའི་སྦྱོར་བ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། ལུས་མེ་ཐབས་དྲུག་ཆིངས་བྱ། དངོས་གཞི་ལ་གཉིས། དང་པོ་རླུང་གི་རྣལ་འབྱོར་ནི། རང་མི་གཡོ་བར་གསལ་བའི་ལུས་ཀྱི་སྟོང་ར་དང༌། རྐང་མཐིལ་གཉིས་སུ་རྃ་ཡིག་དམར་ལྗང་རེ་གསལ། རླུང་རོ་བུས་སྟེང་འོག་གི་རླུང་དལ་གྱིས་མནན་ཅིང་རྔུབས་པ་དང་རྐང་མཐེབ་བསྐྱོད་པའི་རྐྱེན་གྱིས་རྃ་གཉིས་ལས་མེ་རླུང་བྱུང༌། བརླ་ཡི་རྩ་བོ་ཆེ་བརྒྱུད་ལྟེ་འོག་སླེབ་པས་སྲོག་རྩོལ་ཐུར་སེལ་འཛོམ་པར་སེམས་གཏད་དེ་དགང་ཞིང་གཞིལ། མི་ཐུབ་ན་སངས་ཀྱིས་བུས་དེ་ལྟར་སྦྱོར་བ་བཞི་ལྡན་གྱི་རླུང་བསྒོམ། གཉིས་པ་གཏུམ་མོའི་རྣལ་འབྱོར་ནི། ལུས་གནད་སྔར་བཞིན་ལ་གྲིམས་ཆ་ཆེ་བར་བྱས་ནས། ལྟེ་འོག་ཆོས་འབྱུང་དམར་ནག་ཟུར་དྲུག་པའི་དབུས་སུ་ཨ་ཤད་དམར་པོ་གསལ། རླུང་བཟུང་བས་རྐང་མཐིལ་གྱི་རྃ་ལས་མེ་བྱུང༌། སུམ་མདོར་འདྲེས་པས་ཆོས་འབྱུང་དྲོས། ཨ་ཤད་ལས་མེ་འབར་བའི་དྲོད་ཀྱིས་ལྟེ་བའི་འཁོར་ལོ་ནས་རིམ་པར་དྲོད་ཚ་འུར་གྱིས་བྱུང་བར་མོས། ཡང་སྟོང་རའི་དབུས་རྩ་རོ་རྐྱང་དབུ་གསུམ་གྱི་དབུ་མ་ཡར་མར་སྣེ་སྤྱི་བོ་དང་གསུས་པའི་གཉེར་པོ་ཆེར་སླེབ་པ། རོ་རྐྱང་གཉིས་ཡས་སྣ་སྤྱི་བོ་ནས་སྣ་བུག་གཉིས་དང༌། མར་སྣ་ལྟེ་འོག་ནས་དབུ་མར་ཚུད་པ། དབུ་མའི་ཡར་སྣར་ཧྃ་དཀར་པོ་མགོ་བོ་ཐུར་བསྟན། མས་སྣེར་ཨ་དམར་པོ་མགོ་གྱེན་བསྟན་གཉིས་ཀ་ཕྱེད་ནུབ་ཙམ། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་འཁོར་ལོ་དམར་པོ་རྩིབས་དྲུག་པའི་ལྟེ་བར་ཧཱུྃ་དམར་པོ། རྩིབས་དྲུག་ལ་ཨ་ཤད་དམར་པོ་རེ་རེ། མར་སྣེའི་ཨའི་སྟེང་ཐད་དུ་རྃ་དམར་པོ་ཞིག་བསམ། རླུང་རོ་བསལ། རླུང་ཁ་སྦྱོར་དུ་བཟུང་བས་རྃ་ལས་མེ་གྱེན་དུ་འབར་བས་འཁོར་ལོ་གཡས་སུ་བསྐོར། ཧཱུྃ་དང་ཨ་ཤད་ལས་མེ་ཚ་ངར་འབར་བར་བསྒོམ། རླུང་གཏོང་དུས་དབུ་མ་ནས་ཡར་ནས་དབྱིབས་སུ་གཏོང༌། ཐུན་འཇོག་དུས་མེ་རྃ་ལ་བསྡུ། དེ་ལྟར་
བརྩོན་པས་བརྟན་པ་ཐོབ་པ་ན། མེ་ལྕེ་རིམ་པར་བསྲིངས་ནས་སྙིང་མགྲིན་སྤྱི་བོར་སླེབ་པས་ཧྃ་གཡོས་དྲོད་ཀྱི་བདེ་བ་སྐྱེས། ཧཱུྃ་དང་ཧྃ་ལས་འབར་འཛག་འབྲོས་འདེད་ལ་སེམས་གཏད་དེ་བསྒོམ། དེ་སྐབས་བདེ་དྲོད་སྐྱེས་ན་མི་རྟོག་སྟོང་ཉིད་ཀྱི་རྒྱས་གདབ་བོ། །རྗེས་སྤྱོད་ལམ་ཀུན་ཏུ་གཏུམ་མོའི་དམ་ཚིག་བསྲུང་བ་དང༌། འཇམ་རླུང་བཟུང་བཞིན་སྤྱོད་ལམ་རྣམས་བྱའོ། །གཉིས་པ་རྨི་ལམ་ལ་བཟུང་བ་དང་ལས་སྦྱར་གཉིས་ལས། དང་པོ་ནི། ཉིན་པར་རྨི་ལམ་ངོ་ཤེས་པའི་དྲན་འདུན་ཡང་ཡང་གཏོང༌། ནུབ་མོ་སྨིན་མཚམས་སུ་སའི་ཐིག་ལེ་སེར་པོར་སེམས་བཟུང་ཞིང་གཉིད་ལོག དེས་མ་ཟིན་ན་ཆུ་མེ་རླུང་གི་ཐིག་ལེའི་རང་མདོག་ལ་སེམས་གཟུང༌། དེས་མ་ཟིན་ན་སྔར་བས་ཉིན་པར་གྱི་དྲན་འདུན་ཤུགས་དྲག་ལ་སྦྱར། དེས་ཀྱང་མ་ཟིན་ན། ཉལ་ཁར་སྙིང་པདྨ་འདབ་བཞིའི་དབུས་སུ་ཟླ་བ་ལ་ཧཱུྃ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་རྣམས་སྔོ་སྐྱ་སྟེ་ཐོག་མར་ཧཱུྃ། དེ་ནས་ཨ་སོགས་གཡས་སྐོར་གྱིས་གཉིད་དུ་འགྲོ་ཁར་ར་ལ་སེམས་གཏད་པས་ངེས་པར་ཟིན་པར་འགྱུར་རོ། །གཉིས་པ་དེ་དག་བརྟན་པ་ན་སྦྱང་སྤེལ་སྤྲུལ་བསྒྱུར་སོགས་ལ་བསླབ། དེའང་ཉིན་པར་གང་ལ་གོམས་པའི་དགེ་སྦྱོར་དང་ལྟ་བར་བསྲེ། འདིའི་གྲུབ་དོན་འཆི་སྲིད་འོད་གསལ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་ལྷ་སྐུར་ལྡང་བའོ། །གསུམ་པ་སྒྱུ་ལུས་ལ་གཉིས་ཀྱི། དང་པོ་མ་དག་པའི་སྒྱུ་ལུས་ནི། རང་གི་མདུན་དུ་མེ་ལོང་དང༌། ཆུ་སྣོད་བཞག་པ་ལ་གཟུངས་བརྙན་འཆར་བར་མིག་དང་སེམས་ཡུན་རིང་གཏད། དེ་ནས་རང་ལུས་ཕར་བསྲེ་ཚུར་བསྲེ་རུ་བསྒོམ། བསྟོད་སྨད་བྱས་པས་ཆགས་སྡང་མི་སྐྱེ་ན་མང་པོའི་གསེབ་ཏུ་སྦྱངས་པས་བརྟན་ན་འབྱོངས་པའོ། །གཉིས་པ་དག་པའི་སྒྱུ་ལུས་ནི། མེ་ལོང་ཆུ་སྣོད་སྔར་བཞིན་ལ། ལྷ་སྐུའི་ཕྱག་མཚན་སོགས་གཡས་གཡོན་གོ་ལྡོག་པ་ཞིག་རང་གི་རྒྱབ་ནས་མེ་ལོང་དུ་གཟུགས་བརྙན་འཆར་བར་བྱས་ལ་སྣང་ཡང་བདེན་མེད་དུ་བསྒོམ། བརྟན་ན་རང་དང་མེ་ལོང་གི་
བར་དུ་ལྷ་སྐུ་ཡོད་པར་བསྒོམ། དེའང་གོང་ལྟར་བསྲེས་ནས་སྣང་སྟོང་སྒྱུ་མ་ལྟ་བུར་བསྒོམས་པས་རྟགས་གསུམ་ཁྲིད་ཡིག་ལྟར་འབྱུང་ངོ༌། །བཞི་པ་དོན་དམ་འོད་གསལ་ལ་རིལ་འཛིན་རྗེས་གཞིག་གཉིས། དང་པོ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ལུས་གང༌། ལྷ་སྐུ་སྟོད་སྨད་ན་ཞུ་སྟེ་ཧཱུྃ་ལ་ཐིམ། དེའང་ཞབས་ཀྱུ་ནས་ནཱ་དའི་བར་མི་དམིགས་པར་བསྡུས་ཏེ་ལྟ་བ་བསྐྱང་ངོ༌། །གཉིས་པ་ནི་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཧཱུྃ་ལ་བསྡུ་བ་སོགས་གོང་བཞིན། ངོ་སྤྲོད་དང་ཞར་བྱུང་ཟུང་འཇུག་གི་རྣལ་འབྱོར་སོགས་ཁྲིད་ཡིག་ལྟར་ཤེས་པར་བྱའོ། །ལྔ་པ་འཕོ་བ་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྐུ་གསུང་ཐུགས་ཀྱི་འཕོ་བའོ། །དང་པོ་ལུས་གནད་དང་ལྡན་པས་རང་ལུས་ལྷར་གསལ་བའི་སྟོང་རའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཡར་སྣེ་ཚངས་བུག་ཏུ་ཟུག་པ་ལ་ཧྃ་མགོ་བོ་ཐུར་བསྟན་གྱིས་བཀག་ཅིང༌། མར་སྣེ་ལྟེ་འོག་ཏུ་ཕུག་རྡུགས་སུ་ཡོད་པ་སྙིང་གར་སྨྱུག་མའི་ཚིགས་འགག་པ་ལྟ་བུའི་པདྨའི་གདན་གྱི་སྟེང་དུ་རང་གི་རླུང་སེམས་ཀྱི་ངོ་བོ་མི་གཡོ་བའི་སྐུ་ཚོན་གང་བ་འཕར་ཡེད་ཡེད་བྱེད་པའི་ཐུགས་ཀར་ཧཱུྃ་སྔོ་སྐྱ་སྤུས་བྲིས་པ་ལྟ་བུ་གསལ། དེ་ལས་འོད་ཟེར་འཕྲོས་བླ་མ་མི་གཡོ་བ་སྤྱན་དྲངས། རང་གི་སྤྱི་གཙུག་ཏུ་བཞུགས་པ་ལ་ཡིད་ཀྱིས་ཕྱག་མཆོད་འབུལ། ཡེ་ཤེས་གོང་འཕོར་འགྱུར་བའི་གསོལ་འདེབས་མོས་གུས་དྲག་ཏུ་བྱ། འོག་སྒོ་འཐེན། ཚིགས་པ་བསྲང༌། ལག་པ་མཉམ་གཞག་ལྟེ་འོག་ཏུ་བཅར། རླུང་རོ་བསལ་ལ། རླུང་ནང་དུ་མནན་པས་སྙིང་གའི་ཡི་དམ་ཅུང་ཟད་ཡར་བཏེག་པར་བསྒོམ། དེ་བཞིན་བུམ་ཅན་ཁུག་པ་རེ་རེས་ཡར་ཡར་བཏེག་པས་མཐར་སྤྱི་བོའི་ཧྃ་ལ་རེག་རེག་འདུག་པར་མོས། སླར་སྙིང་གར་ཕབ་ལ་རླུང་བཏང་བ་བཅས་དེ་ལྟར་རྟགས་མ་ཐོན་གྱི་བར་དུ་འགྲོ་ལྡོག་སྤེལ་མར་སྦྱང༌། ཐུན་འཇོག་པའི་ཚེ་ཚངས་བུག་ཧྃ་གིས་བཀག ཡི་དམ་སྙིང་གར་བརྟན་པར་བཞུགས་པར་
མོས། གཉིས་པ་ནི། ལུས་གནད་རླུང་སྦྱོར་དང་ལྡན་པས་ཡི་དམ་ཝལ་གྱིས་བསྒོམ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་བརྗོད་པས་ཆོས་ཐམས་ཅད་སྒྲ་བརྙན་ཙམ་དུ་བསམ། ཕཊ་ཅེས་བརྗོད་པས་སེམས་ཉིད་བྲག་ཅ་ཡལ་བ་ལྟ་བུར་བསམ། གསུམ་པ་ནི། གཞན་སྔར་སྐུའི་འཕོ་བ་བཞིན་ལ་སྙིང་གར་སྐུ་བསྒོམ་པའི་ཚབ་ཏུ་རླུང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོ་སྐྱ་འོག་ནས་ཧི་དམར་པོས་འདེགས་ཤིང༌། སྟེང་ནས་ཀ་དཀར་པོ་མགོ་ཐུར་བསྟན་གྱིས་གནོན་པའི་ཚུལ་དུ་བསམ། རླུང་བཟུང༌། ཡིད་ཀྱིས་ཀ་ཞེས་དལ་བུར་བརྗོད་པས་ཀས་ཡར་འཐེན། ཧི་ཞེས་དྲག་པའི་ཚུལ་གྱིས་བརྗོད་པས་ཧིས་འཕུལ་ནས་རླུང་ཁུག་རེ་རེ་བཞིན་ཇེ་མཐོ་ཇེ་མཐོ་མཐར་ཧྃ་ལ་རེག་རེག་འདུག ཀ་ཞེས་དྲག་པོ་ཡིད་ཀྱིས་བརྗོད་པས་དེས་མནན་ཏེ་སྙིང་གར་བབ་པར་བསམ། འཕྲོས་སྔར་བཞིན་སྦྱང་ངོ༌། །གཉིས་པ་ནི། འཆི་བསླུ་སོགས་ཀྱིས་མི་ཟློག་པའི་འཆི་ལྟས་བྱུང་བ་ན་ཉེས་བྱས་ལ་བཤགས་སྡོམ། ལུས་ལོངས་སྤྱོད་ལ་མ་ཆགས་པར་མཆོད། ཞིང་ཁམས་སུ་འགྲོ་བའི་འདུན་པ་བྱེད། སྔར་དམིགས་གནད་གང་ལ་གོམས་ཆ་ཆེ་བ་དེ་གསལ། དེའང་སྐུ་དང་ཐུགས་གཉིས་ལས། སྐུ་དང་ཡིག་འབྲུ་དབུ་མའི་ཡར་སྣེའི་ཧྃ་ཡིག་ལ་བསྟིམ། དེ་ཉིད་སྐུའམ་ཡིག་འབྲུ་དང་དབྱེར་མེད་དུ་གྱུར་པ་སྤྱི་བོའི་ཡི་དམ་གྱི་ཐུགས་ཀར་རྒྱངས་ཀྱིས་ཐིམ། དེ་ཉིད་དག་པའི་ཞིང་དུ་གཤེགས་པའམ་མི་དམིགས་པར་འཇོག་པ་གང་བདེར་བྱའོ། །དྲུག་པ་བར་དོ་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་དུ་སྣང་ཚད་ཐམས་ཅད་བར་དོ་ཡིན། དེའང་བདེན་པར་མ་གྲུབ་སྙམ་དུ་ངེས་ཤེས་བསྐྱེད་ལ་དྲག་དུ་བསྒོམ། བློ་འབྱོངས་ནས་ངེས་པར་བར་དོ་ཡིན་སྙམ་དུ་ཐག་ཆོད་པ་ན། སྒྱུ་ལུས་འོད་གསལ་སོགས་རང་ཉིད་གང་ལ་གོམས་པ་དེ་དང་བསྲེས་ནས་ལམ་དུ་ཁྱེར་ཞིང་གནད་དུ་གཏང་བར་བྱའོ། །གཉིས་པ་ནི། འཆི་ཁར་གཞིའི་འོད་གསལ་འཆར་བའི་སྐབས་ལམ་གྱི་འོད་གསལ་ལ་མ་གོམས་པས་
འོད་གསལ་མ་བུ་འཕྲོད་པར་མ་གྱུར་ན། སྲིད་པ་བར་དོའི་སྣང་བ་འཆར་བས་སྐབས་དེར་སྔར་གྱི་གོམས་སྟོབས་ཀྱིས་རྒྱུ་བྱས་ཏེ། བར་དོ་ལ་བར་དོ་ཡིན་པར་ཤེས་པའི་ཚེ་གོམ་འདྲིས་གང་ལ་ཆེ་བའི་དགེ་སྦྱོར་དང་བསྲེས་ཏེ་ལམ་དུ་བཏང༌། ཁྱད་པར་སྣང་བ་ཐམས་ཅད་མི་གཡོ་བའི་སྐུ། གྲགས་པ་ཐམས་ཙཎྜ་མའི་སྔགས། དྲན་རྟོག་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་རྒྱས་གདབ་པར་བྱའོ། །རྨི་ལམ། འོད་གསལ། བར་དོའི་གྲུབ་འབྲས་རྣམས་ནི་ཁྲིད་ཡིག་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དངོས་དང་ཞར་བྱུང་ངོ༌། །དང་པོ་ནི། མཚན་བཅས་མཚན་མེད་ཀྱི་དགེ་རྩ་མཐའ་དག་བསྔོ་སྨོན་གྱི་རྒྱས་གདབ་པ་དང་ཐུན་མཚམས་རྣམས་སུ་དངོས་བཞིའི་ཉམས་ལེན་གྱི་རྩིས་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན། སྔོན་འགྲོ་ཡོངས་རྫོགས་སམ་བསྡུ་ན་སྐྱབས་སེམས་ཚོགས་བསག་ཙམ་གྱི་རྗེས། དངོས་གཞི་ལྷའི་རྣལ་འབྱོར་ཐུན་མོང་ཁྱད་པར་དང་བཅས་རྫོགས་པར་བསྒོམས་པའི་མཐར། ཆོས་དྲུག་ལས་གཏུམ་མོའི་དམིགས་པ་རེ་དང༌། གཞན་ཇི་ལྟར་རིགས་པ་བསྒོམས་རྗེས་འོད་གསལ་དུ་ཞུགས་ཏེ་ཟུང་འཇུག་ཏུ་ལྡངས་ནས་སྲུང་བའི་རྣལ་འབྱོར་དང་བཅས་ཐུན་མཚམས་ལ་འཇུག་པར་བྱའོ། །མཉམ་མེད་ཇོ་བོ་ཡབ་སྲས་ཀྱི། །ཐུགས་དམ་ལྷ་བཞིའི་ཉམས་ལེན་ཚུལ། །གྲུབ་པའི་དགེ་བས་ལུས་ཅན་ཀུན། །བྱང་ཆེན་སྤྱོད་པ་མཐར་ཕྱིན་ཤོག །ཅེས་བཀའ་གདམས་ལྷ་བཞིའི་ཉམས་ལེན་ཐར་ལམ་སྒྲོན་མེ་ཞེས་བྱ་བ་འདིའང་རྗེ་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་བཞེད་སྐོང་དུ། བློ་གཏེར་དབང་པོས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཁྲིད་ཡིག་ལས་བཏུས་ཏེ་བཀོད་པའི་ཡི་གེ་པ་ནི་རང་ཉིད་ཀྱི་སློབ་མ་ཨ་མདོ་དགེ་སློང་དཀོན་མཆོག་ཆོས་འཕེལ་གྱིས་མཛད་པ་དགེ་ལེགས་འཕེལ།། །།
ཤོག་སྟོང་།
རྡོ་རྗེ་གདན་པའི་ཆོས་དྲུག།
རྡོ་རྗེ་གདན་པའི་ཆོས་དྲུག་བཞུགས།།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྟོག་པའི་འཆིང་རྣམས་བཅད། །རྒྱ་ཆེ་རབ་ཟབ་ཐུགས་མངའ་བ། །ཀུན་ཏུ་ཐུགས་རྗེའི་འོད་ཟེར་གྱིས། །ཀུན་ནས་འདྲེན་ལ་ཕྱག་འཚལ་ལོ། །གང་ཞིག་རིན་ཆེན་གྲགས་པའི་གསུང༌། །སྙིང་རྗེ་ཆེན་པོ་ལས་རྙེད་པ། །བདུད་རྩི་ལྟ་བུའི་མངོན་རྟོགས་རྣམས། །འདིར་ནི་རྣམ་པར་བཤད་པར་བྱ། །སྡོམ་ལ། ཕྱི་ནང་དགྲ་བགེགས་ཞི་བ་དང༌། །རིམས་ནད་ཞི་དང་འཆི་བ་སླུ། །ཚེ་སྲིང་སྡིག་པ་དག་བྱེད་དེ། །རྣམ་པ་དྲུག་གི་བསྡུས་པ་ཡིན། །དེ་ལ་ཕྱིའི་བར་དུ་གཅོད་པ་ཆོམ་རྐུན་དང་སྟག་ལ་སོགས་པའི་གནོད་པ་ཞི་བར་བྱ་ཞིང༌། སྡིག་པ་དག་པར་བྱ་བའི་ཕྱིར། འཕགས་མ་འོད་ཟེར་ཅན་བསྒོམ་པར་བྱའོ། །དེ་ལ་རྣལ་འབྱོར་པ་གང་དག་ལྷ་མོ་འོད་ཟེར་ཅན་བསྒྲུབ་པར་འདོད་པ་དེས་སྔ་དྲོའི་དུས་སུ་ཁ་ཤར་ཕྱོགས་སུ་བལྟ་བར་བྱའོ། །ཕྱི་དྲོའི་དུས་སུ་ནུབ་ཕྱོགས་སུ་བལྟ་བར་བྱའོ། །གློ་བུར་བ་རྣམས་ལ་ནི་གང་དང་གང་དུ་དམིགས་པ་དེ་དང་དེར་ཁ་བལྟ་བར་བྱས་ལ། ལུས་ཁྲུས་
བྱས་ཏེ། སྟན་ནང་ཚངས་ཅན་ལ་སྐྱིལ་ཀྲུང་གིས་གནས་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་བར་དུ་གཅོད་པ་ཞི་བར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱ་སྟེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ལ་མཚན་མོ་ཡིན་ན་སྙིང་གར་ཟླ་བ། ཉིན་མོ་ཡིན་ན་ཉི་མ་ལ་ཨོཾ་དཀར་པོ་དམིགས་ཏེ། དེ་ལས་འོད་དཀར་པོ་བྱུང་སྟེ། རང་གི་ལུས་འོད་དུ་གྱུར་པ་ལས་རང་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། དཀའ་ཐུབ་ཀྱི་ཆ་ལུགས་ཅན་གོས་དམར་པོ་གྱོན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་དུ་བསྐྱེད་པ་དེའི་བ་སྤུའི་བུ་ག་ནས་འོད་བྱུང་སྟེ། འོད་ཀྱི་རྭ་བ་ཟླུམ་པོ་ཆེ་བར་བྱས་ཏེ། དེའི་མ་མོ་ལ་མྱ་ངན་མེད་པའི་མཆོད་རྟེན་བུམ་པ་ཡན་ཆད་བསམ་མོ། །ལམ་དུ་འགྲོ་བ་ཡིན་ན་ཇི་ཙམ་འགྲོ་བའི་ཚད་དུ་རྭ་བ་བྱའོ། །གཉིས་པ་དེའི་ནང་དུ་རང་གི་བསྲུང་བ་བྱ་བ་རྣམས་བསམ་པར་བྱའོ། །མདུན་ན་ཕ་མ། གཡས་སུ་སྤུན་དང་སྲིང་མོ་ཞང་པོ་རྣམས། བླ་མ་དང་ཆོས་སྤྱི་བོ། རྒྱབ་ཏུ་བྲན་དང་ནོར། གཡོན་དུ་བུ་དང་ཆུང་མ་རྣམས་བསམས་ཏེ། དེ་རྣམས་གང་མེད་ཀྱང་དེའི་ས་རྣམས་སྟོང་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བ་ལ་མྃ་བསམས་
ལ། དེ་ལས་མྱ་ངན་མེད་པའི་ཡལ་ག་མྃ་གྱིས་མཚན་པའོ། །དེ་གྱུར་པ་ལས་འོད་ཟེར་ཅན་མ་གསེར་གྱི་མདོག་ཅན་སྐེམ་པ་གཡས་ཁབ། གཡོན་སྐུད་པ་བསྣམས་པ་བཞེངས་ནས་བཞུགས་པ་དེ་གཡས་པའི་སྣ་བུག་ནས་བྱུང་ནས་མདུན་ན་གནས་པ་དེའི་མཐུས་གདུག་པ་ཅན་རྣམས་རྭ་བའི་ནང་དུ་བཀུག་ལ། དེ་ནས་ལྷ་མོ་དེ་ལས་ལྷ་མོ་དེ་འདྲ་བ་དཔག་ཏུ་མེད་པ་སྤྲོས། གདུག་པ་ཅན་རྣམས་ཀྱི་ཁ་དང༌། མིག་རྣམས་བཅོམ་ནས་རྭ་བའི་ཕྱིར་བསྒྱུར་བར་བསམ། དེ་ནས་ཕྱོགས་བཞི་དང་མཚམས་བཞི་དང་སྟེང་འོག་གཉིས་ཏེ་བཅུར་བདག་རྒྱལ་བར་བསམས་མོ། །དེ་ནས་འདི་སྐད་བདག་གིས་ཞེས་པ་ནས། གསུངས་པ་ལ་མངོན་པར་བསྟོད་དོའི་བར་ཚར་གཅིག་བཟླའོ། །འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ་ཞེས་པ་ནས། བྷནྡྷ་སྭཱ་ཧཱའི་བར་ལན་བདུན་བརྗོད་ལ་དེའི་བར་དུ་ཕྱག་རྒྱ་མ་ཞིག་པར་བྱའོ། །དེ་ནས་ནང་དུ་འཇུག་པའི་རླུང་དང་བསྟུན་ནས་སྣ་བུག་གཡོན་ནས་འོད་ཟེར་ཅན་མ་བཀུག་སྟེ་སྙིང་གར་ཐིམ་པ་ལས་རང་འོད་ཟེར་ཅན་དུ་གྱུར་པར་བསམ། དེའང་གསེར་གྱི་མདོག་ཅན་གཡས་པ་མཆོག་སྦྱིན་པ། གཡོན་གྱིས་མྱ་ངན་མེད་པའི་ཡལ་ག་བཟུང་བ། ཤིང་རྟ་ཕག་པ་དམར་སེར་བཞིས་དྲངས་པའི་ཁྲི་ལ་བཞུགས་པར་བསམ་མོ། །དེ་ནས་རང་དང་ཕག་པ་ལས་འོད་བྱུང་བ་ལས། ཕག་མཆེ་བ་གཙིགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། མིག་ལ་སོགས་པ་ཙེམས་པའི་སེམས་ཅན་དེ་རྣམས་ཟོས་ནས་རོ་ཐམས་ཅན་ཞུ་སྟེ་གསེར་གྱི་སར་བསམས་ལ་ཕག་པ་རྣམས་མཚུལ་ལ་ཕྱིར་བསྟན་པའི་རྭ་བ་ཆེན་པོ་གྱུར་པར་བསམ་མོ། །དེ་ནས་གཟུངས་སྔགས་བཟླ་བར་བྱ། འགྲོ་བ་ཡིན་ན་འགྲོ་ཞིང་བཟླ་འོ། །གལ་ཏེ་དེས་ཡིད་སྐྱོ་བར་གྱུར་ན། དེ་དག་མི་དམིགས་པར་བྱའོ། །ཉི་མ་དང་ཟླ་བའི་མདུན་ནི་སྔ་དྲོ་དང་དགོང་མོའི་ཁ་བལྟ་ཕྱོགས་ཏེ་སྔ་དྲོ་ཤར། དགོང་མོ་ནུབ་ཏུ་བལྟའོ། །ལམ་དུ་འགྲོ་བར་བྱེད་པ་ན། གང་འགྲོ་
ཕྱོགས་སུ་བལྟས་ལ་རང་གི་སྤྱི་བོར་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ་སྙིང་པོ་ལན་གསུམ་བརྗོད་དོ། །དེ་ནས་ཆོས་གོས་ལ་སོགས་པའི་གྲྭ་ལ་ཟླ་བའི་དཀྱིལ་འཁོར་ལ་མྃ་སེར་པོ་བསམས་ཏེ། གདུག་པ་ཅན་རྣམས་མྃ་གྱི་འོད་ཀྱིས་བཀུག་ལ་མྃ་ལ་གཞུག་གོ །དབུགས་མ་ཤོར་བར་མདུད་པ་གསུམ་བྱའོ། །ཡང་ན་སྐུད་པ་བྱས་ལ་གོས་ཀྱི་མཐའ་མའམ་སྐ་རགས་ལ་གདགས་སོ། །ཟླ་བ་གཅིག་ཏུ་མདུད་པར་བསམ་མོ། །འགྲོལ་བ་ལ་ནི་ཉིན་མཚན་དེ་ཉིད་ལ་དགྲོལ་བར་བྱའོ། །ཡང་ཤིང་བུ་སོར་བཞི་པ་གཉིས་རྣ་ལྟག་གཡས་གཡོན་ཏུ་བཞུགས་ལ་གླང་པོ་ཆེའི་མཆེ་བར་བསམས་ཏེ་འཇིགས་པ་བསྲུང་ངོ༌། །གཏོར་མ་དང་མཎྜལ་དང༌། སྲུང་བའི་འཁོར་ལོ་དང༌། རབ་གནས་རྣམས་གཞུང་ཉིད་དུ་གསལ་ལོ། །དེ་ལྟར་ཕྱིའི་བར་དུ་གཅོད་པ་ཞི་བའི་ཐབས་བཤད་ནས། ནང་གི་བགེགས་ལྷའི་བུའི་བདུད་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་གཏུམ་པོའི་སྒྲུབ་ཐབས་འབའ་ཞིག་ཏུ་མ་ཡིན་པ་འདིར་མངོན་རྟོགས་དྲུག་པོ་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ཡང་ཟླ་བ་ཡར་ངོའི་ཚེས་གཅིག་ནས་བཟུང་སྟེ། དྲི་ཞིམ་པོས་ལུས་ལ་བྱུགས་ལ། གོས་གསར་པ་གྱོན་ཅིང་ཟས་དཀར་གསུམ་ལ་བརྟེན་ཏེ། ཤ་ཆང་སྒོག་པ་རྣམས་སྤང་བར་བྱའོ། །དེ་ནས་སྟན་ནང་ཚང་ཅན་ལ་འདུག་སྟེ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་བྱང་ཆུབ་ཀྱི་བར་དུ་གཅོད་པའི་བདུད་དང༌། བླ་མ་དང་དཀོན་མཆོག་གསུམ་ལ་ཞེ་སྡང་བའི་སེམས་དང༌། ཁྱད་པར་དུ་རང་གི་རྒྱུད་ལ་བདུད་བཞི་སྐྱེད་པར་བྱེད་ཅིང་བདུད་བཞིས་བར་དུ་གཅོད་པ་ཚར་གཅོད་པ་དང༌། སྡིག་པ་ཞི་ཞིང་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་གཏུམ་པོ་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་དེ། དེ་ཉིད་ཡོངས་སུ་གྱུར་པ་ལས། སྙིང་གར་པྃ་རྃ་པད་ཉི་བསམ། །དེ་སྟེང་ཧཱུྃ་ལས་འོད་འཕྲོས་པས། །རང་ལུས་ཐོག་མའི་སྡིག་དག་སྟེ། །འོད་ཕུང་འབར་
བར་གྱུར་པར་བསམ། །དེ་ནས་རྡོ་རྗེ་གཏུམ་པོ་ནི། །ཆར་སྤྲིན་ལྟར་གནག་ཞབས་གཡས་ནི། །པུས་བཙུགས་པད་ཉིའི་སྟེང་དུའོ། །ཕྱག་གཡས་རལ་གྲི་འབར་བ་སྟེ། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །སྟག་གི་པག་པ་སྨད་དཀྲིས་ཤིང༌། །ཀེང་རུས་མགོ་བོ་ལྔས་དབུར་བརྒྱན། །མི་བསྐྱོད་རྡོ་རྗེ་སྤྱི་བོར་བརྒྱན། །སྤྱན་གསུམ་མེ་མདག་ལྟར་དམར་བ། །མཆེ་བས་མ་མཆུ་རྣམས་མནན་ཅིང༌། །ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པར་བསམ། །དེ་འདྲ་དམ་ཚིག་སྙིང་གར་ནི། །ཡེ་ཤེས་སེམས་དཔའ་རང་འདྲ་བ། །དེ་སྙིང་པྃ་རྃ་པད་ཉིའི་སྟེང༌། །ཏིང་འཛིན་སེམས་དཔའ་ཡི་གེ་ཧཱུྃ། །དེ་ལ་སྔགས་ཀྱིས་བསྐོར་བ་ལ། །དམིགས་ཏེ་གསང་སྔགས་བཟླས་པར་བྱའོ། །འཕགས་པ་མི་གཡོ་བའི་སྒྲུབ་པའི་ཐབས་ལ་དོན་བརྒྱད་ཀྱིས་བསྡུས་ཏེ། དབང་པོ་རབ་འབྲིང་གི་མངོན་པར་རྟོགས་པ་བཟླས་པའི་རྣལ་འབྱོར་དང་བཅས་པ་དང༌། ཉིན་ཞག་གཅིག་གི་སྲུང་བའི་བྱེ་བྲག་བསྟན་པ་དང༌། ཐུན་མཚམས་སུ་མཎྜལ་བྱ་བ་དང༌། གཏོར་མའི་རྣལ་འབྱོར་དང༌། འཁོར་ལོའི་ཆོ་ག་དང༌། བྲིས་སྐུའི་ཆོ་ག་དང༌། སྦྱིན་སྲེག་གི་ཆོ་ག་དང༌། ལས་ཐོར་བུ་བསྟན་པའོ། །འདི་དག་རྒྱས་པར་ལོགས་སུ་ཤེས་པར་བྱའོ། །དེ་ལྟར་དགྲ་བགེགས་ཀྱི་བར་དུ་གཅོད་པ་ཞི་བའི་ཐབས་བརྗོད་ནས་རང་དང་གཞན་གྱི་ནད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སྤྱན་གྱི་རྣལ་འབྱོར་བཤད་པར་བྱ་སྟེ། དེའང་ཁྲུས་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། རང་གི་འདོད་ཆགས་ལ་སོགས་པའི་ནད་ཞི་བར་བྱའོ་སྙམ་དུ་སེམས་བསྐྱེད་ལ་མཎྜལ་ཁྲུ་གང་གྲུ་བཞི་པ་བྱས་ཏེ། བའི་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་ལ། དེའི་དབུས་སུ་མཎྜལ་ཟླུམ་པོ་ཙནྡན་དཀར་པོས་བྱུགས་ལ། དེ་ཟླ་བའི་དཀྱིལ་འཁོར་དུ་དམིགས་ལ་དེའི་དབུས་སུ་སྲིན་ལག་གི་ཙནྡན་ནམ་གུར་གུམ་གྱིས་ས་ལ་བྲི་བར་བྱའོ། །དེའི་
ཕྱི་རོལ་ཏུ་གསང་སྔགས་གཡས་སྐོར་དུ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་མཎྜལ་གྲུ་བཞི་པ་ལ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་སིལ་མར་དགྲམ་མོ། །མཆོད་པའང་བྱའོ། །དེ་ནས་སྔགས་བརྒྱའམ་སྟོང་ལ་སོགས་པ་བཟླས་པས་སྐྱོ་ན་ལག་པས་བསྡུས་ལ་སྔགས་དང་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་སྟེ་ཐིམ་པས་ནད་ཐམས་ཅད་དྲི་ཆེན་གྱི་ལམ་ནས་བྱུང་སྟེ། ལུས་ཤེལ་དག་པ་དང་འདྲ་བར་བསམ་མོ། །གཅིག་གོ །ཡང་ན་སྙིམ་པའི་ནང་དུ་མེ་ཏོག་དཀར་པོ་བླུགས་ཏེ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་ལྃ་གྱི་མཐའ་མ་ནས་ཕར་སྔགས་གཡས་སྐོར་དུ་བསམས་ལ་སྔགས་བཟླ་བར་བྱའོ། །དེ་ནས་བརྒྱའམ་སྟོང་ལ་སོགས་པ་ཅི་ནུས་སུ་བཟླས་ཏེ་སྐྱོ་ན། མེ་ཏོག་དེ་རྣམས་སྤྱི་བོར་བཞག་པས་ཞུ་ནས་ཐིམ་པས་ནད་ཐམས་ཅད་ཕྱིར་བྱུང་བར་བསམ་མོ། །ཡང་ན་སྙིང་གར་ཟླ་བ་ལ་ལྃ་གྱི་མཐའ་མར་སྔགས་གཡས་སྐོར་དུ་བསམས་ཏེ་བརྒྱའམ་སྟོང་བཟླས་པར་བྱས་ལ། སྐྱོ་ན་དེ་རྣམས་དེར་ཐིམ་པས་ནད་ཐམས་ཅད་ཐུར་དུ་བྱུང་བར་བསམ་མོ། །ཡང་ན་གང་དང་གང་ན་བའི་སར། དེ་ལྟར་སེམས་ལ་བཟླས་པ་བྱ་སྟེ། ཐིམ་པས་ནད་ཐམས་ཅད་ཞི་བར་འགྱུར་ཏེ་རང་བསྲུང་བའོ། །གཞན་བསྲུང་ན་དང་པོར་དཀྱིལ་འཁོར་གྲུ་བཞི་པ་བའི་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་ཏེ་དབུས་སུ་བུམ་པ་གསར་པ་གཅིག་བཞག་ལ་དེ་རྙིང་པ་ཡིན་ན་མེས་བསྲེག་གོ །དེ་ལ་མེ་ཏོག་དཀར་པོའི་ཕྲེང་བས་བུམ་པའི་ཁ་དཀྲི་ཆུ་གཙང་མས་དགང༌། ཆུ་དེའང་རང་གིས་མཐོང་བར་བྱ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ལྃ་གྱི་མཐའ་མར་སྔགས་གཡས་སྐོར་དུ་བསམས་ལ། དེ་ནས་སྔགས་བཟླས་པར་བྱའོ། །སྐྱོ་ན་དེ་རྣམས་ཆུར་ཐིམ་པར་བསམ་མོ། །འབུམ་ཕྲག་གཅིག་གི་ཚད་དུ་བཟླའོ། །དེ་ནས་ནད་པའི་སྤྱི་བོ་ནས་མར་བླུགས་ཤིང༌། ལུས་བཀྲུ་བ་དང་ཁར་ཡང་བཏུང་བར་བྱའོ། །
དང་པོ་ལུས་ཁྲུས་བྱས་ལ་རང་ཡང་བཏུང་ངོ༌། །གཅིག་གོ །ཡང་ན་ནད་པའི་ནད་གསར་པ་གང་ན་བའི་ས་རུ་ཟླ་བའི་དཀྱིལ་འཁོར་བསམ། ལྃ་གྱི་མཐའ་མར་སྔགས་གཡས་སྐོར་དུ་བསམས་ལ་བརྒྱའམ་སྟོང་དུ་བཟླའོ། །སྐྱོ་ན་དེར་ཐིམ་པས་ནད་རྣམས་འཁྲུད་པར་བསམ་མོ། །ཡང་ན་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལ། ཨརྒའི་ཐང་ཆུ་དང༌། ཙནྡན་དཀར་པོ་བའི་འོ་མ་བྱིས་པའི་ཆུ་རྣམས་བསྲེས་ལ་ཨརྒྷའི་ཤིང་ལ་སྨྱུ་གུས་ཐིག་ལེའམ་ལྃ་དང་བཅས་པའི་སྔགས་བྲི། དེའི་དུས་སུ་ཤིང་ལོ་ནི་ཆོས་འབྱུང༌། སྨྱུག་ཤིང་ནི་རྡོ་རྗེ། སྣག་ཚ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། བྲི་བའི་དུས་ནི་སྙོམས་འཇུག་བྱེད་པར་བསམས་ལ་བྲིས་ཏེ་འོ་མས་བཀྲུས་ལ་བྱའོ། །ཤིང་ལོ་གཞན་ལའང་བྲིས་ཏེ། དེ་བཞིན་དུ་ཆུས་བཀྲུས་པ་ཡང་དང་ཡང་དུ་བྱས་ལ་ཆུ་དེས་ནད་པ་ལ་ཁྲུས་བྱ་བ་དང་ཁར་ཡང་བཏུང་བར་བྱས་ན་ནད་ཞི་བར་བྱེད་དོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནི་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱའོ། །ནད་ཞི་བར་བྱ་བའི་ཆོ་ག་བརྗོད་ནས་དུས་མ་ཡིན་པར་འཆི་བ་དང་རྨི་ལམ་ངན་པ་ཟློག་པའི་ཕྱིར་ཐུགས་རྗེ་ཆེན་པོ་ཡི་གེ་ཕྱེད་དང་བཞི་པའི་རྣལ་འབྱོར་གྱི་ཐབས་བཤད་པར་བྱའོ། །དེའང་འདི་ཟླ་བ་ཡར་ངོ་ལ་གནས་ཡིད་དུ་འོང་བར་བསྙེན་གནས་ཁྲུས་དང་གཙང་སྦྲ་དང་བཅས་ཏེ་གོས་གསར་པ་གྱོན་ལ་ཟས་དཀར་གསུམ་ལ་བརྟེན་ཏེ། ཐ་མལ་པ་དེ་ཉིད་ཀྱིས་གསང་སྔགས་བཟླས་ཏེ་གྲངས་བཟུང་བའམ། ཡང་ན་གྲངས་ངེས་པ་མེད་པར་ཅི་ནུས་པར་བཟླ་བར་བྱའོ། །དེ་ལ་སྔགས་ལ་འཇུག་པའི་དུས་སུ་ཨོཾ་ཞེས་སྔགས་གཅིག་ལ་འཇུག་གོ །ལྷག་མ་རྣམས་ལ་མི་བྱ་སྟེ་དེ་ཡང་སྔགས་ནི་འདི་ཡིན་ཏེ། ཨ་རོ་ལིཀ྄་བྱ་བ་ཡིན་ནོ། །དེ་ལྟར་བྱས་པས་མཚན་མ་བཟང་པོ་འབྱུང་སྟེ། འཕགས་པ་སྤྱན་རས་གཟིགས་ཉིད་དམ་དགེ་སློང་ཆོས་གོས་སྔོན་པོ་གྱོན་པའི་གཟུགས་
སུ་རྨི་ལམ་དུ་འོངས་ནས་སྐྱེས་བུ་ཁྱོད་ཀྱིས་སྔར་སྡིག་པ་བྱས་པ་ཐམས་ཅད་དག་པར་བྱས་པས་ད་མ་བྱེད་ཅིག་ཅེས་པའམ། ཁྱོད་ཀྱི་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །གཞན་ཡང་དེའི་ཕན་ཡོན་ནི། ཚེ་ནོར་ཤེས་རབ་འཕེལ་བ་དང༌། །ནད་སོགས་ཞི་བ་ཚེ་འདི་ཡི། །མ་འོངས་མྱུར་དུ་འཚང་རྒྱར་འགྱུར། །ཞེས་བྱའོ། །དེ་ལྟར་དུས་མ་ཡིན་པ་འཆི་བའི་བར་དུ་གཅོད་པ་ཞི་བར་བྱེད་པའི་ཆོ་ག་བརྗོད་ནས་ཚེའི་ཚད་ལས་ལྷག་པར་བྱ་བའི་ཕྱིར། མེ་རུ་སི་ཀ་ར། ཞེས་བྱ་བའི་གཟུངས་ཀྱི་ཆོ་ག་བཤད་པར་བྱའོ། །དེའང་འདི་ལྟར་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ནངས་པར་ནམ་ལེགས་པར་ལངས་ནས་བརྩམས་ཏེ། ཉི་མ་མ་ཤར་གྱི་བར་དུ་བྱ་བ་ཡིན་ཏེ་ལུས་ཁྲུས་བྱས་ལ་ཁ་ཤར་དུ་བལྟས། ཙོག་པུར་འདུག་ལ་ཐལ་མོ་སྦྱར་བས་ཕྲེང་བ་བཟུང་སྟེ། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མདོག་གསེར་བཙོ་མ་ལྟ་བུ་བྱང་ཆུབ་ཀྱི་ཤིང་ལ་རྒྱབ་བརྟེན་ནས་བཞུགས་པ། ཞབས་སྐྱིལ་ཀྲུང་ཕྱག་གཡོན་པས་ཆོས་གོས་ལྟེ་བའི་ཐད་སོར་བཟུང་བ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་རང་གི་སྤྱི་བོར་རེག་པས་བྱིན་གྱིས་རློབ་པར་དམིགས་ཏེ། གསང་སྔགས་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་རྫོགས་པའི་སངས་རྒྱས་དེ་འོད་དུ་ཞུ་བར་གྱུར་ནས། རང་གི་སྤྱི་བོར་ཐིམ་པར་བསམ་མོ། །དེ་ལ་འདིའི་དམ་ཚིག་ནི་སྐྱེ་བོ་གཞན་ལ་གསང་བར་བྱ་སྟེ། དེ་དག་གིས་མི་ཤེས་པར་བྱས་ན་ཚེ་ཚད་ལས་ལྷག་པར་འགྱུར་རོ། །དེ་ལ་གསང་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། མེ་རུ་ཤི་ཥ་ར་ཀཱུ་ཏ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མེ་རུ་མེ་རུ། མ་ཧཱ་ཡ་མེ་རུ་ཡེ་སྭཱ་ཧཱ། ཞེས་པའོ། །དེ་ལྟར་ཚེ་རིང་བར་འགྱུར་བའི་ཆོ་ག་བརྗོད་ནས་ད་ནི་ཁྱད་པར་ལས་ཀྱི་སྒྲིབ་པ་ཟད་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་པའི་རྣལ་འབྱོར་ལ་གནས་
པར་བྱའོ། །དེ་ལས་འདི་ལྟར་སྔར་བརྗོད་པ་རྣམས་ཀྱིས་ཀྱང་ལས་ཀྱི་སྒྲིབ་པ་འདག་ཅིང་མངོན་པར་བྱང་ཆུབ་པར་འགྱུར་མོད་ཀྱི་གཙོ་བོར་སྡིག་པ་འདག་པར་བྱེད་པ་ཡིན་པས་འདི་ལ་འབད་པར་བྱས་ན་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་རོ། །དེའང་འདི་ལྟར་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ནངས་པར་ནས་བརྩམས་ཏེ། གནས་ཡིད་དུ་འོང་ཞིང་གཙང་ལ་དྲི་ཞིམ་པོ་དང་ལྡན་པའི་སར། ཁྲུས་དང་གཙང་སྦྲ་ལ་གནས་པས་ཨ་མོ་གྷ་པཱ་ཤ་ལ་སོགས་པའི་གསོ་སྦྱོང་དང་ལྡན་པས་རང་བཞིན་གྱིས་ཁ་ན་མཐོ་བ་ལ་སོགས་པ་དང༌། ཤ་དང་ཆང་སྤངས་ཏེ་དཀར་གསུམ་ལ་གནས་པ་དེས། དྲི་ཞིམ་པོའི་ཆུས་མཎྜལ་ལེགས་པར་བྱུགས་ཏེ། དེའི་སྟེང་དུ་སྟེགས་བུ་ཅུང་ཟད་མཐོ་བའི་སར་ཤཱཀྱ་ཐུབ་པའི་སྐུ་ལུགས་མ་ལ་སོགས་པ་བཞག་ལ། དེའི་མདུན་དུ་རང་ཅུང་ཟད་དམའ་བའི་སྟན་ལ་པུས་མོ་གཉིས་བཙུགས་ཏེ་བསྡད་ལ། བདག་གི་སྡིག་པ་དག་པར་བྱས་ལ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། །ཞེས་སེམས་བསྐྱེད་པར་བྱའོ། །ཡན་ལག་བདུན་པ་བཟང་སྤྱོད་བཞིན་བྱ་གསུངས་སོ། །དེ་ནས་སྐུ་དེ་ཉིད་ལ་དམིགས་ཏེ་གསང་སྔགས་བཟླ་བར་བྱ་བ་ཡིན་ཏེ། དེ་ལ་སྔགས་རེ་རེའི་སྔོན་ལའང་གུས་པ་དང་བཅས་པས་བཏུད་དེ་ཕྱག་བྱའོ། །དེ་ལྟར་སྔགས་རེ་རེ་ལ་ཕྱག་རེ་རེ་མཆོད་པ་བཟང་པོ་ཉིན་མོ་ལན་གསུམ་དུ་བྱ་ཞིང་བཟླའོ། །མཚན་མོ་ལན་གསུམ་མ་གྲུབ་ནའང་སྲོད་དང་ཐོ་རངས་གཉིས་སུ་བྱའོ། །དེ་ལྟར་མཆོད་པ་དང༌། ཕྱག་དང་བཟླས་པ་རྣམས་ཀྱི་ཚུལ་གྱིས་ཉིན་མཚན་མེད་པར་བྱས་ན་མཚན་མ་འབྱུང་བར་ཐེ་ཚོམ་མེད་དོ། །དེ་ལ་མཚན་མ་ནི་དངོས་སུའམ་རྨི་ལམ་དུ་དགེ་སྦྱོང་གི་གཟུགས་སམ་སྐུ་ཉིད་དམ་གང་ཡང་རུང་བའི་གཟུགས་སུ་འོངས་ནས་རིགས་ཀྱི་བུ་ཁྱོད་ལ་སྡིག་པ་མེད་དོ་ཞེས་སྨྲ་བར་འགྱུར་རོ། །མཚན་མ་འབྱུང་བའི་དུས་ནི་ཞག་བཅུའམ་ཟླ་བ་གཅིག་གམ་གཉིས་སམ་གསུམ་ལ་སོགས་པ་ན་མཚན་མ་
འབྱུང་སྟེ། ཇི་སྲིད་མཚན་མ་མ་བྱུང་གི་བར་དུ་བྱ་སྟེ། མཚན་མ་འབྱུང་བ་ལ་ཐེ་ཚོམ་མི་ཟའོ། །ཟླ་བ་ལ་སོགས་པ་ལ་བྱེད་ནའང་འདི་ནི་ཡར་ངོ་ལ་བྱའི་མར་ངོ་ལ་མི་བྱའོ། །ངེས་པའི་རྟགས་འབྱུང་བ་ཡིན་ནོ། །འདི་ལ་བདེ་བར་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་མེད་དུ་མི་བཏུབ་བོ། །དེ་ལ་གསང་སྔགས་འདི་ཡིན་ཏེ། ན་མསྟྲཻ་ཡཱ་དྷྭཱི་ཀྲ་ནཱཾ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་པཱ་སྟི་དྷརྨ་ཏཱ་བཱ་ལཱི་ནཱཾ། ཨ་ས་མ་ས་མ་ས་མནྟ་ཏེ་྅་ནནྟ་བཱ་སྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། སཱ་ར་སཱ་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲཱཡ་ཏྲཱ་ཡ། ག་ག་ན་མ་ཧཱ་ཝ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །ཛེ་ཏཱ་རི་དང་རྡོ་རྗེ་གདན། །རིན་ཆེན་གྲགས་པ་ཉིད་དང་ནི། །སྙིང་རྗེ་ཆེན་པོ་ཞེས་བྱ་བས། །སེམས་ཅན་རྣམས་ལ་ཕན་ཕྱིར་བསྟན། །དེའི་ཚུལ་གྱིས་མངོན་རྟོགས་ཀྱི། །རིམ་པ་གང་ཞིག་འདི་བྱས་པའི། །དགེ་བ་དེས་ནི་འགྲོ་བ་རྣམས། །ཀུན་གྱིས་བྱང་ཆུབ་ཐོབ་པར་ཤོག །བླ་མ་རྡོ་རྗེ་གདན་པའི་ཐུགས་དམ་ཆོས་དྲུག་ཕྱོགས་གཅིག་ཏུ་བསྡེབས་པའི་བརྗེད་བྱང་རྫོགས་སོ།། ༈ །ཨོཾ་སྭ་སྟི། མ་ལུས་བགེགས་རྣམས་ཉམས་པ་དང༌། །ཕྱི་ཡི་བར་ཆད་སྲུང་བའི་མཆོག །རྡོ་རྗེ་ཕག་མོའི་ཕོ་ཉ་མོ། །འོད་ཟེར་ཅན་མས་བདག་སྲུངས་ཤིག །འདིར་སློབ་དཔོན་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ནི། དགྲ་སོགས་ཕྱིའི་བར་ཆད་ཞི་བའི་ཕྱིར་འོད་ཟེར་ཅན་མ་དང༌། གདོན་བགེགས་སོགས་ནང་གི་བར་ཆད་ཞི་བའི་ཕྱིར་མི་གཡོ་བ་སྔོན་པོ་པུས་བཙུགས་དང༌། ནད་ཞི་བའི་ཕྱིར་ལྷ་མོ་སངས་རྒྱས་སྤྱན་མ་དང༌། རྨི་ལམ་ངན་པ་སོགས་བར་ཆད་ཟློག་པའི་ཕྱིར་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ་དང༌། ཚེ་སྒྲུབ་པའི་ཕྱིར་ཐུབ་པ་མེ་རུ་ཤི་ཥ་དང༌། སྡིག་སྒྲིབ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་སྒོམ་བཟླས་ཏེ་དྲུག་ལས། དང་པོ་འོད་ཟེར་ཅན་མའི་
གཟུངས་འདོན་ཐབས་ནི། སྔ་དྲོ་ཤར་དང་དགོང་མོ་ནུབ་ཏུ་གདོང་ཕྱོགས་ཤིང༌། ཉིན་མོ་སྣང་བྱེད་ཉི་མའི་དཀྱིལ་འཁོར་དང༌། མཚན་མོ་སྣང་བྱེད་ཟླ་བའི་དཀྱིལ་འཁོར་གྱི་གདན་བསྒོམ་པ་བློ་ཡུལ་དུ་ངེས་པར་བྱས་ནས། སྐྱབས་སེམས་སྔོན་དུ་བཏང་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་ཁར་སྣང་བྱེད་ཀྱི་དཀྱིལ་འཁོར་ལ་ཨོཾ། དེ་ལས་འོད་འཕྲོས། རང་ཉིད་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན། བ་སྤུའི་བུ་ག་ནས་འོད་འཕྲོས། འོད་ཟེར་དཀར་པོའི་རྭ་བ་ཟླུམ་པོ་རྩེ་མོ་མཆོད་རྟེན་གྱི་རྣམ་པ་ཅན་དུ་གྱུར། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ལ། སྙིང་གར་སྣང་བྱེད་ཀྱི་དཀྱིལ་འཁོར་ལ་མྃ་ལས་མྱ་ངན་མེད་ཀྱི་ཡལ་ག་མྃ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་མ་གསེར་མདོག་སྐེམ་པའི་ལུས་ཅན། གཡས་ཁབ་དང་གཡོན་སྐུད་པ་བསྣམས་པ་མཉམ་པར་བཞེངས་པར་གྱུར། སྣ་བུག་གཡས་པ་ནས་ཕྱིར་སྤྲོས་མདུན་དུ་བཞུགས། རང་འདྲའི་ཕོ་ཉ་མོ་དཔག་ཏུ་མེད་པ་སྤྲུལ། གནོད་བྱེད་རྣམས་དབང་མེད་དུ་བཀུག་སྟེ། ཁ་མིག་བཙེམས། ཡན་ལག་བཅིངས་ནས་རྭ་བའི་ཕྱི་རོལ་འོབས་ཀྱི་ནང་དུ་འཕངས་པར་བསམ། གཟུངས་ཀྱི་མདོ་ཆུང་ཚར་གཅིག་འདོན། ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། ཞེས་པ་ནས་སྭཱ་ཧཱའི་བར་ལན་བདུན་བརྗོད། དེ་ནས་ཕྱག་རྒྱ་བཤིག་ལ་ཅི་བདེར་བྱས། རླུང་ནང་དུ་འཇུག་པ་དང་བསྟུན་ཏེ། འོད་ཟེར་ཅན་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་ཐིམ་པ་ལས། རང་ཉིད་ལྷ་མོ་འོད་ཟེར་ཅན་གསེར་མདོག་སྒེག་ཅིང་མཛེས་པ། གཡས་མཆོག་སྦྱིན་དང༌། གཡོན་མྱ་ངན་མེད་པའི་ཤིང་གི་སྡོང་པོ་ལས་ཡལ་ག་གཅིག་འཛིན་པ། ཡིད་ཙམ་ཁྲོ་བ་དར་དང་རིན་པོ་ཆེས་བརྒྱན་པ། ཕག་སེར་པོ་བཞིས་དྲངས་པའི་ཤིང་རྟ་ལ་རོལ་པས་བཞུགས་པ། རང་དང་ཕག་ལས་འོད་བྱུང༌། ཕག་འཇིགས་རུང་དཔག་ཏུ་མེད་པ་སྦྲུལ་
འོབས་ཀྱི་ནང་གི་གནོད་བྱེད་རྣམས་ཟོས་ཤིང༌། ལྷག་མ་གསེར་གྱི་ས་གཞིར་གྱུར། ཕག་རྣམས་གདོང་ཕྱིར་བསྟན་པས་རྭ་བར་གྱུར། ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། གང་འགྲུབ་བཟླས་མཐར་བདག་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་བྱ། མི་དམིགས་པར་བཞག་ལ་དགེ་བ་བསྔོ། གཏོར་མ་ནི་དཀར་གཏོར་བསང་སྦྱང༌། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་འོད་དུ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པའི་འོད་ཟེར་ཅན་མ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་མཱ་རཱི་ཙྱཻ་དེ་ཝཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པ་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་བ་ཡི། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་སོགས་འདོད་དོན་གསོལ་བ་གདབ། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་མཐུན། འདི་ལ་ངེས་པར་རྗེས་གནང་དགོས་ཤིང༌། འོན་ཀྱང་རྗེས་གནང་གི་བྱ་བ་ནི་སྒྲུབ་ཐབས་བརྒྱ་རྩ་བཞིན་ནོ། །གསུང་བཟླས་ལུང་གི་མཐར་གཟུངས་མདོ་ཀློག་དགོས་སོ། །རྒྱལ་བ་ཀུན་གྱི་ཕོ་ཉ་མོ། །དགའ་ཆེན་འོད་ཟེར་ཅན་སྒྲུབ་ཐབས། །གཟུངས་ལས་འབྱུང་བ་ངོ་མཚར་ཅན། །སྙིང་པོའི་ཡི་གེ་འདི་ཙམ་ལགས། །འདི་ཡི་ལམ་སྲུང་ལ་སོགས་པ་ཁྱད་པར་གྱི་ལས་ཚོགས་ནི་ཡིག་རྙིང་ལས་ཤེས་པར་བྱའོ། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། ཕྱིའི་བར་ཆད་སེལ་བའི་གཟུངས་ལས་འབྱུང་བ་འོད་ཟེར་ཅན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། ༈ །ཨོཾ་སྭཱ་སྟི། སྟོན་པ་གོ་ཏམ་ཤཱཀྱའི་ཏོག །དེ་ལ་བཏུད་ནས་དེ་སྒྲུབ་ཐབས། །རི་རྩེ་བརྩེགས་པ་འོད་ཀྱི་རྒྱལ། །གཟུངས་སྔགས་སྒྲུབ་ཐབས་བྲི་བར་བྱ། །
ནམ་ལངས་མ་ཐག་ཏུ་ཁྲུས་བྱས་ཤར་དུ་ཕྱོགས་པས། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་གསེར་མདོག་བྱང་ཆུབ་ཤིང་གི་རྩ་བར་སྐྱིལ་ཀྲུང་གིས་བཞུགས་པ། གཡོན་ཆོས་གོས་ཀྱི་གྲྭ་ལྟེ་བའི་ཐད་ཀར་བཟུང་བ། གཡས་སྐྱབས་སྦྱིན་ནོ། །ཨརྒྷཾ་ལ་སོགས་པས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །སོགས་ཀྱིས་བསྟོད། ཕྱག་སྤྱི་བོར་བཞག་པས་འཆི་མེད་ཚེའི་དངོས་གྲུབ་སྩལ་བར་བསམ། ཨོཾ་ན་མོ་བྷ་ག་ཝཱ་ཏེ་མེ་རུ་ཤི་ཥ་ར་ཀཱུ་ཊ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མེ་རུ་མེ་རུ་མ་ཧཱ་མེ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླས། འོད་དུ་ཞུ་རང་ལ་ཐིམ་པས་རང་ཡང་ཐུབ་པར་གྱུར། སྔགས་ཅུང་ཟད་གཅིག་བཟླ། སྟོང་པར་སྦྱངས་ལ་དགེ་བ་བསྔོ། དམིགས་ཀྱིས་བཀར་ནས་ཚེ་སྒྲུབ་བྱེད་ན། ཉིན་མཚན་ཅི་ནུས་བཟླ་བ་ཡིན་ནོ། །དམ་ཚིག་ཏུ་གཞན་ལ་གསང༌། འདི་ལ་བཟླས་ལུང་གིས་ཆོག་པའི་ལུགས་ཀྱང་ཡོད་ལ། རྗེས་གནང་ལྟར་ན་སྒྲུབ་ཐབས་བརྒྱ་རྩ་བཞིན་ནོ། །མཁས་རྨོངས་ཀུན་ལ་གྲགས་ཆུང་ཡང༌། །ཤིན་ཏུ་ཟབ་ཕྱིར་ཡིད་དགའི་གནས། །སྦས་ཏེ་སྙིང་ནས་བསྒྲུབས་གྱུར་ན། །ཚེ་ནི་མཆོག་ཏུ་རིང་པོར་འགྱུར། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། ཚེ་རིང་པོ་སྒྲུབ་པ་ཐུབ་པ་མེ་རུ་ཤི་ཥའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། ༈ །ཨོཾ་སྭ་སྟི། འཇིག་རྟེན་མགོན་ལ་རབ་བཏུད་ནས། །ནད་དང་སྡུག་བསྔལ་ཞི་བྱེད་ཕྱིར། །རྨི་ལམ་ངན་པའང་ཟློག་འགྱུར་ལ། །ཚེ་སྒྲུབ་མཆོག་གྱུར་བཤད་པར་བྱ། །སྐྱབས་སེམས་སྟོང་ཉིད་སྒོམ་པ་སྔོན་དུ་འགྲོ་བས། རང་གི་མདུན་དུ་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ན་བཟའ་སྔོན་པོ་གསོལ་བ། གཡས་སྐྱབས་སྦྱིན་དང༌། གཡོན་པདྨ་དཀར་པོ་འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་རལ་པའི་ཐོར་ཚུགས་དང་ལྡན་པ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་གསལ་བཏབ་སྟེ། མོས་གུས་ཀྱི་
གདུང་བ་ཆེན་པོས་ཨོཾ་ཨ་རོ་ལིཀ྄ ཅེས་ལན་གཅིག་བརྗོད་ལ། ཨ་རོ་ལིཀ྄་ཅེས་པ་ཉིད་བརྒྱ་རྩ་བཟླའོ། དེ་ལྟ་བུའི་ཚུལ་གྱིས་སྔགས་ཨོཾ་ཅན་གཅིག་གིས་འགོ་དྲངས་ནས། གཞན་བརྒྱ་བརྒྱ་བཟླ་བ་ཉིད་ཅི་ནུས་སུ་བྱའོ། །མཐར་བདག་གི་སྡིག་སྒྲིབ་སྦྱོང་བ་དང༌། བར་ཆད་ཞི་བར་གསོལ་བ་དྲག་ཏུ་བཏབ་པས་འོད་དུ་ཞུ་ནས་རང་ལ་ཐིམ། རྣམ་སྨིན་གྱི་ལུས་སྦྱངས་ཏེ་འོད་ཀྱི་རང་བཞིན་གྱི་ལྷ་སྐུར་གྱུར། དེ་ཡང་མི་དམིགས་པར་སྦྱངས་ཏེ་ཅུང་ཟད་མཉམ་པར་བཞག དགེ་བ་བསྔོ། རྨི་ལམ་དུ་དགེ་སློང་ཆོས་གོས་སྔོན་པོ་གྱོན་པས་ལུང་སྟོན་པ་སོགས་འབྱུང་ངོ༌། །འདི་ལ་བཟླས་ལུང་ཙམ་མཛད་པའི་ལུགས་ཀྱང་ཡོད་མོད་ཀྱི། རྗེས་གནང་ལྟར་བྱེད་ན་སྒྲུབ་ཐབས་བརྒྱ་རྩ་དང་འདྲའོ། །ཀུན་ལ་མིང་ཡང་མ་གྲགས་པ། །མན་ངག་ཤིན་ཏུ་དགའ་བའི་ཏོག །ཛེ་ཏཱ་རི་དང་བ་རི་བའི། །ཐུགས་དམ་སྙིང་པོ་མཆོག་གྱུར་ལགས། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས་རྨི་ལམ་ངན་པ་ཟློག་པ་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། ༈ །ཨོཾ་སྭ་སྟི། ཞི་བའི་ལས་སྒྲུབ་གཙོར་གྱུར་པ། །སངས་རྒྱས་སྤྱན་ལ་གུས་བཏུད་ནས། །ནད་ཞི་རིམས་སོགས་ཟློག་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་ལྃ་ཡོངས་སུ་གྱུར་པ་ལས། རང་ཉིད་སངས་རྒྱས་སྤྱན་མ་སྐུ་མདོག་དཀར་མོ་ཕྱག་གཡས་པས་འཁོར་ལོ་མིག་འབྲས་གྱིས་མཚན་པ་དང༌། གཡོན་པས་པདྨ་དཀར་པོ་འཛིན་པ། རྒྱན་དང་ན་བཟའ་དཀར་པོ་ཅན་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྃ། དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སྙིང་གར་ཟླ་བ་ལ་སྔགས་ཕྲེང་ས་བོན་མིང་ཡིག་དང་བཅས་པ་བསྒོམ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི། སརྦ་ཨརྠ་སྭཱ་དྷ་ནི་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླས།
ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྤྱན་ནི་འཁོར་ལོས་མཛེས་མ་སྟེ། །འཆི་བ་སློང་བར་བྱེད་པའི་མཆོག །བདག་ཅག་སྡུག་བསྔལ་གྱུར་པ་ལ། །ལྷ་མོ་ཁྱོད་ཀྱིས་བསྐྱབ་པར་མཛོད། །དགེ་བ་བྱང་ཆུབ་ཏུ་བསྔོ། འདིའི་ལས་ཚོགས་བར་ཆད་ཞི་བྱེད་མཎྜལ་ནད་གདོན་སོགས་ནི་ཡིག་རྙིང་དུ་ཤེས་པར་བྱ། རྗེས་གནང་ནི་སྒྲུབ་ཐབས་བརྒྱ་རྩས་རིགས་འགྲེའོ། །རིག་སྔགས་རྒྱལ་མོ་བདེ་གཤེགས་མ། །ཀུན་གྱི་ཐོག་མ་རབ་དགའ་བ། །སྤྱན་མའི་བསྙེན་སྒྲུབ་ལས་གསུམ་ལས། །བསྙེན་པ་ཙམ་ཞིག་སྙིང་པོར་བྲིས། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས་ནད་ཞི་བར་བྱེད་པ་སངས་རྒྱས་སྤྱན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། ༈ །ཨོཾ་སྭ་སྟི། དཀྱིལ་འཁོར་ཀུན་ཏུ་ཞུགས་པ་དང༌། །རིགས་སྔགས་ཀུན་གྱི་གཞིར་གྱུར་པ། །སྡིག་སྒྲིབ་མཐའ་དག་སྦྱོང་པའི་ཐབས། །དམ་ཚིག་གསུམ་བཀོད་སྒྲུབ་ཐབས་བཤད། །གཙང་སྦྲ་དང་བསྙེན་གནས་ཀྱི་ཆོ་ག་ལ་གནས་པའི་སྒོ་ནས་འདི་ཉིད་ཀྱི་བྲིས་སྐུའམ་མ་འབྱོར་ན་ཐུབ་པའི་དབང་པོའི་སྐུ་གཟུགས་བྲིས་འབུར་གང་ཡང་རུང་བ་སྟེགས་བུ་ལ་བཞག གཙང་སྦྲ་ཅན་གྱི་མཆོད་པ་རྒྱ་ཆེར་བཤམ། སྟན་དམའ་བ་ལ་པུས་མོ་བཙུགས་པའི་ཚུལ་གྱིས་འདུག་སྟེ། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་པའམ། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་གྱིས་བྱིན་གྱིས་བརླབ། སེམས་བསྐྱེད་ཚད་མེད་བཞི་དང་སྦྲེལ་བ་སྔོན་དུ་འགྲོ་བས། མདུན་དུ་རིན་པོ་ཆེའི་ཁྲི་པདྨའི་གདན་དང་བཅས་པར་གྱུར། བདུག་སྤོས་འཐུལ་ཞིང༌། མ་ལུས་སེམས་ཅན་མའི་མཐར། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་ཞིང་རྩེ་མོ་སྦྱར། མཐེ་བོང་གཉིས་མཉམ་པར་བརྐྱང་བ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་གཡབ་ཅིང༌། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན་ཨེ་ཧྱེ་ཧི། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་བྱོན་ཏེ་གདན་ལ་བཞུགས་པར་གྱུར།
ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་སོགས་ཀྱིས་བསྟོད། བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གཅིག་བྱ། བཅོམ་ལྡན་དམ་ཚིག་གསུམ་བཀོད་ནི། །གསེར་མདོག་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས། །ཚངས་སྤྱོད་ཆ་བྱད་ཆོས་གོས་བསྣམས། །ཕྱག་གཡོན་ཆོས་གོས་གྲྭ་འཛིན་ཅིང༌། །གཉིས་ཀ་ཐུགས་ཀར་ཆོས་འཆད་མཛད། །ཐུགས་ཀ་ཟླ་བའི་དཀྱིལ་འཁོར་ལ། །གསང་སྔགས་ཡི་གེ་བརྒྱ་པ་བཞུགས། །ན་མསྟྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱ་སྟི། དྷརྨ་ཏཱ་བཱ་ལཱི་ནཱཾ། ཨོཾ་ཨ་ས་མ་ས་མ་ས་མནྟོ་ཨཱ་ནནྟཱ་བཱསྟི་ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏེ་རཱ་ག་བུདྡྷ་དྷརྨ་ཏེ་སཱ་ར་སཱ་ར། ས་མ་བ་ལ་ཧ་ས་ཧ་ས། ཏྲཱ་ཡ་ཏྲཱ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླས་པའི་མཐར་མཆོད་བསྟོད་བྱས་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱི་མཐར། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དེ་ལྟར་ན་སྔགས་འབུམ་ཙམ་བཟླས་པའི་མཐར། ཟླ་བ་ཡར་ངོ་ཞིག་ལ་ཕྱག་མཆོད་ལན་བདུན་པ་རེའི་མཐར་སྔགས་རེ་བཟླ། ཐུན་རེ་རེ་བཞིན་ལན་ཉི་ཤུ་རྩ་གཅིག་བྱ་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱ་བ་ཡིན་ནོ། །དེས་རྨི་ལམ་དུ་ཞལ་སྟོན་ཅིང་སྡིག་པ་དག་པའི་རྟགས་འབྱུང་ལ། ལན་གཅིག་ལ་མ་བྱུང་ཡང༌། ཟླ་སྨད་ལ་སྔར་བཞིན་བསྙེན་པ་བྱས་ལ་ལན་གསུམ་བསྐྱར་བས་འགྲུབ་ངེས་པ་ཡིན་ནོ། །འདིའི་རྗེས་གནང་ནི་སྒྲུབ་ཐབས་བརྒྱ་རྩ་དང་འདྲ། སྡིག་སྦྱོང་ཀུན་ལས་ཆེས་ཟབ་པ། །ཡིག་བརྒྱའི་མན་ངག་རབ་དགའ་འདི། །རྡོ་རྗེ་གདན་པའི་ཐུགས་དམ་གྱི། །སྙིང་པོ་ཡིན་ཞེས་མཁས་པས་བསྔགས། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་སྡིག་སྦྱོང་གི་ཆོ་གར་གྲགས་པ་དམ་
ཚིག་གསུམ་བཀོད་གཙོ་རྐྱང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་ལྔའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གསུམ་པའོ། །དར་རྒྱས་འཕེལ།། །།
འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ།
འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །གང་གི་མིང་ཙམ་དྲན་པས་ཀྱང༌། །སྡུག་བསྔལ་ཀུན་ལས་ཐར་བར་བྱེད། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་པའི་རིམ་པ་བཤད། །རང་གི་སྙིང་གའི་དབུས་གནས་པའི། །ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །མཱྃ་གྱི་ཡི་གེ་བསམ་པར་བྱ། །དེ་ཡི་འོད་ཟེར་སྣང་བ་ཡིས། །བདེ་གཤེགས་སྲས་བཅས་སྤྱན་དྲངས་ལ། །ཡན་ལག་བདུན་པ་སྔོན་འགྲོ་བས། །ཚངས་པའི་གནས་བཞི་བསྒོམ་པར་བྱ། །ཀུན་ཏུ་སྟོང་པར་བསམས་ནས་ནི། །མཱྃ་གྱི་ཡི་གེ་གྱུར་པ་ལས། །རིན་ཆེན་ལས་གྲུབ་ཤིང་རྟའི་དབྱིབས། །ཕག་གིས་དྲངས་པའི་སྟེང་དུ་ནི། །སྣ་ཚོགས་པདྨའི་ལྟེ་བ་ལ། །འཕགས་མ་གསེར་གྱི་མདོག་ལྟ་བུ། །གཡས་བརྐྱང་སྐྱིལ་ཀྲུང་ཚུལ་གྱིས་གནས། །ཞལ་གཅིག་ཕྱག་གཉིས་གཡོན་པ་ཡིས། །མྱ་ངན་མེད་པའི་ཤིང་འཛིན་ཅིང༌། །གཡས་པས་མཆོག་སྦྱིན་ཕྱག་རྒྱ་ཅན། །ཞི་དང་འཛུམ་དང་སྒེག་པའི་ཚུལ། །ལང་ཚོ་ལ་བབས་ལུས་རྒྱས་
པ། །རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །དར་གྱི་ན་བཟས་རབ་ཏུ་གཡོགས། །དེ་ཡི་གནས་གསུམ་བྱིན་བརླབས་ནས། །ཡེ་ཤེས་འཁོར་ལོས་བརྟན་པར་བྱ། །དབང་བསྐུར་རིགས་ཀྱི་བདག་པོ་ནི། །རྣམ་སྣང་མཛད་ཀྱིས་དབུར་བརྒྱན་པའོ། །དེ་ཡི་ཐུགས་ཀར་ཟླ་བ་ཡི། །དབུས་སུ་མཱྃ་གྱི་ཡི་གེ་ལ། །སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། །ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཇི་སྲིད་མི་སྐྱོའི་བར་དུ་བཟླས། །གལ་ཏེ་སྐྱོ་བར་གྱུར་ན་དེས། །ཉི་མ་ཟླ་བར་མངོན་ཕྱོགས་ཏེ། །དེ་ཡི་མདུན་གནས་བཅོམ་ལྡན་མ། །མཆོད་ནས་ཐུགས་རྒྱུད་བསྐུལ་བའི་ཕྱིར། །འདི་ཡི་གཟུངས་ནི་བཀླག་བྱ་ཞིང༌། །གཏོར་མ་ཡིས་ཀྱང་མཉེས་བྱས་ལ། །འདོད་དོན་གསལ་བ་གདབ་པར་བྱ། །ཕྱིར་ཟློག་པ་དང་འཁྲུལ་འཁོར་དང༌། །བུམ་པའི་ཆོ་ག་གཞན་དུ་གསལ། །བཀྲ་ཤིས་པ་དང་ཚེ་རིང་ཞིང༌། །འདོད་དོན་གང་དེ་འགྲུབ་པར་འགྱུར། །དགྲ་ལས་རྣམ་པར་རྒྱལ་བའི་གསུང༌། །རིན་ཆེན་གྲགས་པ་ལས་བརྒྱུད་པ། །བླ་མའི་ཞལ་ལས་རྙེད་པ་འདི། །བློ་དམན་གཞན་ལ་ཕན་པའི་ཕྱིར། །བདག་གིས་ཀུན་ཏུ་གསལ་བར་བྱས། །དེ་ལས་བྱུང་བའི་དགེ་བ་དེས། །
ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཀུན་བསལ་ནས། །ཐུབ་པའི་འབྱོར་པ་ཐོབ་པར་ཤོག །ཚུལ་འདི་བློ་གྲོས་ཐོགས་མེད་པ། །ཆོས་ཀྱི་རྒྱལ་མཚན་འཛིན་པ་པོ། །ལུས་ཅན་ཀུན་གྱི་དགེ་ལེགས་དཔལ། །བདག་གི་བླ་མ་བཟང་པོས་མཛད། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་བ་ཉེ་བར་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།། ༈ །འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་དང་བཅས་པ་བཞུགས། ལྷ་མོ་འོད་ཟེར་ཅན་མ་སྒྲུབ་པའི་ཐབས། རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྲིན་ལས་འོད་ཀྱིས་གདུལ་བྱ་ཡི། །དཔལ་ཡོན་མེ་ཏོག་རྒྱས་མཛད་པ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །དེ་ལ་ལྷ་མོ་འོད་ཟེར་ཅན་བསྒྲུབ་པར་འདོད་པའི་གང་ཟག་གིས་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་དུ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། ཆགས་པ་དང་སྡང་བ་མེད་ཅིང་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་བསྒོམ་མོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེ་ཡི་ཆེད་དུ་རྗེ་བཙུན་མ་འོད་ཟེར་ཅན་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་མི་དམིགས་པའི་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཆེན་པོའི་བུམ་པའི་ནང་དུ། པྃ་ལས་
པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་དཀར་པོ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་པའི་ན་བཟས་བཀླུབས་པར་བསམས་པའི་ཐུགས་ཀར་རང་གི་ཤེས་པ་མཱྃ་ལས་མྱ་ངན་མེད་པའི་ཤིང་མཱྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། སླར་འདུས་ནས་ཡོངས་སུ་གྱུར་པ་ལས་རང་ཉིད་འོད་ཟེར་ཅན་མ་ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་ཅུང་ཟད་བརྐྱང་བའི་ཚུལ་གྱིས་བཞུགས་པ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་པས་མཆོག་སྦྱིན་དང༌། གཡོན་པས་མྱ་ངན་མེད་པའི་ཤིང་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་པའི་ན་བཟའ་ཅན། ཤིན་ཏུ་མཛེས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསམས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། སྙིང་གི་ནང་དུ་མཱྃ་སེར་པོ་བསམ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭཱ་ཡ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ལ་སོགས་བས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་རཱི་ཙྱཻ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་རང་ལ་གཉིས་སུ་མེད་པར་བསྟིམ། ཡང་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས་སྔ་མ་བཞིན་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་
པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ལ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ལ་སེམས་གཏད་དེ་ཡིད་མཉམ་པར་བཞག སྔགས་བཟླ་བར་འདོད་ན་སྙིང་གི་ནང་གི་མཱྃ་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་བསྐུལ་ནས་བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཞེས་ཡང་སྙིང་ཅི་ནུས་པ་བཟླའོ། །གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བདུན་ཅུ་སྟེ། དེ་སྙེད་བཟླས་ན་ལས་རྣམས་འགྲུབ་པར་འགྱུར་བ་ཉིད་དོ། །གཞན་ཡང༌། ཏདྱ་ཐཱ། ཨོཾ་པ་ཏཱ་ཀྲ་མ་སི་ལ་སོགས་པའི་རྩ་བའི་སྔགས་དང༌། ཏདྱ་ཐཱ། ཨོཾ་པ་ཏཱ་ལི་ལ་སོགས་པའི་སྙིང་པོའི་སྔགས་དང༌། ཏདྱ་ཐཱ། ཨོཾ་ཨཱ་ལོ་ཏཱ་ལོ་ལ་སོགས་པའི་ལས་ཀྱི་སྔགས་རྣམས་གང་མོས་པ་ལ་ཅི་ནུས་པ་བཟླ་བར་བྱའོ། །བཟླས་པ་ཚར་བ་དང་རང་ལ་བསྟིམས་པའི་ཡེ་ཤེས་པ་ཕྱུང་ནས་མདུན་གྱི་ནམ་མཁར་དམིགས་པ་ལ་མཆོད་པས་མཆོད་ནས་བཟོད་པར་གསོལ་ཏེ། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱད་དོ། །འདིའི་མདོ་འདོན་པར་འདོད་ན། ཐོག་མར་ཉི་མ་དང་ཟླ་བ་གང་ཤར་བའི་ཕྱོགས་སུ་ཕྱོགས་ཏེ། དེར་འོད་ཟེར་ཅན་མ་མངོན་སུམ་ལྟར་དམིགས་པ་ལ་མཆོད་ཅིང་བསྟོད་ནས་གསོལ་བ་གདབ་པའི་ཕྱིར་གཟུངས་བཏོན་པས་བཅོམ་ལྡན་འདས་མའི་ཕྱག་གཡས་པ་བརྐྱངས་པ། བདག་གི་སྤྱི་བོར་བཞག་སྟེ་བར་དུ་གཅོད་པ་ཐམས་ཅད་བསལ་ནས་བྱིན་གྱིས་རློབ་པར་བསམ་ཞིང༌། འདིའི་མདོ་ཇི་ཙམ་ནུས་པ་གདོན་པར་བྱའོ། །མཐར་ཡང་མཆོད་ཅིང་བསྟོད་ནས། དགེ་བའི་རྩ་བ་རྫོགས་པའི་སངས་རྒྱས་སུ་བསྔོའོ། །གཏོར་མ་གཏང་བར་འདོད་པས་དཀར་གཏོར་བཤམས་པ་སྦྱངས་ལ། ཨོཾ་ཨ་མྲྀ་ཏས་
བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱས། གཏོར་མ་ཕུལ་བར་གསོལ་ནས་བྱིན་གྱིས་བརླབ་པར་བསམ་ཞིང༌། ཏདྱ་ཐཱ། ཨོཾ་བ་ར་ལི་བ་དཱ་ལི་བིཏྟཱ་ལི་བཱ་རཱ་ཧ་མུ་ཁི་སརྦ་དུཥྚཾ་པྲ་དུཥྚཱཾ་པྲ་ཏུཥྛཱ་ནཱཾ་ཙཀྵུརྨུ་ཁཾ་བནྡྷ་བནྡྷ་ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། ཨི་དཾ་པ་ལིཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་ནས། ཨརྒྷཾ་ལ་སོགས་པས་མཆོད་ལ། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་པ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕག་བདུན་གྱིས་དྲངས་རིན་ཆེན་ཤིང་རྟའི་ཁྲིར། །པདྨ་ཟླ་བའི་གདན་ལ་བདེར་བཞུགས་ཤིང༌། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་པ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྱག་གཡས་གདུལ་བྱ་རྣམས་ལ་མཆོག་སྩོལ་ཞིང༌། །གཡོན་པས་མྱ་ངན་མེད་པའི་ཤིང་འཛིན་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་ཅིང་དགྱེས་དགུར་སྤྱོད། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །རྣམ་པར་བརྒྱན་པས་ཆོས་ཚུལ་ཀུན་སྒྲོགས་ཤིང༌། །སྔགས་ཚུལ་དུ་མས་དངོས་གྲུབ་ཀུན་སྩོལ་བ། །ཆོས་སྔགས་ཡི་གེར་འཕྲུལ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་སྤྲོས་པ་ཉེར་ཞི་ཡང༌། །མཁྱེན་དང་བརྩེ་བས་ཀུན་ནས་རབ་རྩེན་ཞིང༌། །གདུལ་བྱའི་ཡིད་ལ་སྣ་ཚོགས་ཀུན་འཇུག་པའི། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །བདག་གིས་ཁྱོད་སྐུ་དྲན་ཞིང་སྔགས་བཟླས་ཏེ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ཀྱི། །
བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། །སྲིད་ཞིའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ་བོ། །དེ་ནས་ཨོཾ་བཛྲ་མུཿཞེས་བརྗོད་པས། བདག་ལ་འདོད་པའི་དོན་ཐམས་ཅད་གནང་ནས་གཤེགས་པར་བསམ་མོ། །ཚུལ་འདི་ལ་རྟག་ཏུ་རྣལ་འབྱོར་དུ་བྱས་ན། གནས་སྐབས་སུ་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་བསམ་པ་ཐམས་ཅད་ཆོས་བཞིན་འགྲུབ་པར་འགྱུར་རོ། །འོད་ཟེར་ཅན་མའི་སྒྲུབ་ཐབས་འདི། །བྱས་པའི་བསོད་ནམས་འོད་ཟེར་གྱིས། །འོད་ཟེར་ཅན་དུ་བདག་གྱུར་ནས། །འགྲོ་བའི་སྣང་བ་བྱེད་པར་ཤོག །འདིའི་བརྒྱུད་པའི་རིམ་པ་ནི། སངས་རྒྱས། ཛེ་ཏཱ་རི་པ། མྱ་ངན་མེད་པའི་དཔལ་རྡོ་རྗེ་གདན་པ། དྷརྨ་ཤྲཱི། བ་རི་ལོ་ཙཱ་བ། ཆོས་རྗེ་ས་སྐྱ་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ཆོས་ཀྱི་རྗེ་པཎྜི་ཏ། འཕགས་པ་རྣམས་སོ། །མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་འདི་ནི་རང་གི་སློབ་མ་ལོ་ཙཱ་བ་སཾ་གྷ་ཞེས་བྱ་བས་བསྐུལ་བའི་དོན་དུ། འཕགས་པས་ས་མོ་ཡོས་བུའི་ལོ། དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཅིག་ལ། ཆུ་མིག་དཔལ་གྱི་སྡེ་ཆེན་དུ་སྦྱར་བའི་ཡི་གེ་པ་ནི་ཨ་མ་ལ་ཤྲཱིའོ།། ༈ །ཆོམ་རྐུན་གྱི་འཇིགས་པ་ལས་སྲུང་བའི་འོད་ཟེར་ཅན་མའི་སྒྲུབ་ཐབས་ཤིན་ཏུ་ཟབ་པ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་བཞུགས་སོ། །སངས་རྒྱས་ཆོས་ཚོགས་མ་ལན་གསུམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཱྃ་སེར་པོ་ལས་མྱ་ངན་མེད་པའི་ཤིང་མཱྃ་གྱིས་མཚན་པ་ལས་ལྷ་མོ་འོད་ཟེར་ཅན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང༌། གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་བསྣམས་པ། ཕག་པ་སེར་པོའི་རྒྱབ་ཏུ་པད་ཟླ་ལ་འགྱིང་བག་གིས་བཞུགས་པ། ལང་ཚོ་གཞོན་ཤིང་
རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་མཱྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ལྔས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཨཱརྻཱ་མཱ་རཱི་ཙྱཻ་ཨརྒྷཾ་སོགས། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་མྱུར་དུ་སྐྱོབ་མཛད་ཅིང༌། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་པའི། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །རང་གི་སྙིང་ག་ནས་འོད་ཟེར་ཅན་སྐེམས་ཤིང་གྲིམས་པ་ཕྱག་ན་ཁབ་སྐུད་ཐོགས་པ་དཔག་ཏུ་མེད་པ་འཕྲོས། རང་ལ་གནོད་པར་སེམས་པ་ཐམས་ཅད་རང་དབང་མེད་པར་བཀུག ཁ་མིག་ཐམས་ཅད་བཙེམས། ལུས་དང་ཡན་ལག་བཅིངས་ནས་འགུལ་བསྐྱོད་མི་ཤེས་པར་བྱས་པར་བསམ། རྒྱང་རིང་དུ་བསྐྱུར་བ་དང་གདན་གྱི་ཕག་དེ་ལས་ཕག་སེར་པོ་མང་པོ་འཕྲོས། དགྲ་བོ་དེ་ཆོམ་ཆོམ་ཟོས། རོ་མ་རྣམས་ཀྱང་ཕག་པས་བརྫི་བཅག་བྱས། གསེར་གྱི་ས་གཞི་ལ་ཐུག་པར་མནན་པར་བསམས་ནས། ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཞེས་ཅི་ནུས་བཟླས། སླར་ཡང༌། ཨོཾ་མཱ་རཱི་ཙྱཻ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། གང་གི་མཚན་ཙམ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་དགྲ་དང་བགེགས་ཐམས་ཅད་ལས་རྒྱལ་བར་མཛད་དུ་གསོལ། འཇིགས་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། ཞེས་བརྗོད། གཏོར་མ་ཆུ་གཙང་གིས་བྲན། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། གཏོར་མགྲོན་སྤྱན་དྲང༌། ཨོཾ་མཱ་རཱི་ཙྱཻ་ཨི་དཾ་ལ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །འོད་ཟེར་ཅན་མ་འགྲུབ་
གྱུར་ནས། །ཞེས་སོགས་བསྔོ་བ་སྨོན་ལམ་གང་ཤེས་བརྗོད། དཔེ་ཆ་འདི་བཟང་བཟང་མོ་བྱས་འདུག་ཚད་ལ་སྟོན་ན་མ་ཧཱ་ཀཱ་ལས་བཞེས་ཤིག །མངྒ་ལཾ།། ༈ །ཉི་མ་ཤར་མ་ཐག ཤར་རོ། །ཤར་རོ། །དཔལ་ཤར་རོ། །ལྷ་ཤར་རོ། །སྐྱིད་པའི་ཉི་མ་ཤར་རོ། །ལྷ་མོ་འོད་ཟེར་ཅན་མ་ཤར་རོ། །ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ལན་བདུན་བཟླས། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་ནས། འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་ཉིན་ཞག་ཕྲུག་གཅིག་གི་འཇིགས་པ་ལས་རྒྱལ་བར་འགྱུར་རོ། །ཞེས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་རྒྱུན་ལས་བྱུང་བའོ།། ༈ །ཨོཾ་སྭ་སྟི། ལྷ་མོ་འོད་ཟེར་ཅན་མའི་རྗེས་གནང་བྱ་བར་འདོད་པས་སྟེགས་ཇི་ལྟར་རིགས་པར། ཚོམ་བུ་གཅིག དཀར་གཏོར། མཆོད་པ་བཅས་བཤམ། མཆོད་པ་བྱིན་རླབས་སྒྲུབ་ཐབས་བརྒྱ་རྩ་ལྟར་བྱ། བདག་བསྐྱེད་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་ལྟར་བཟླས་པ་མཆོད་བསྟོད་རྣམས་གྲུབ་ནས་ཚོམ་བུ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་པ་བྱིན་རླབས་མཚན་སྔགས་རེ་རེ་སྦྱར་བའི་མཆོད་པ་བསྟོད་པ་འདོད་གསོལ་བཅས། གཏོར་མ་ཆུ་གཙང་གིས་བྲན་ལ་སྒྲུབ་ཐབས་ནས་འབྱུང་བ་བཞིན་འབུལ། མཆོད་བསྟོད་གསོལ་བཏབ་བྱ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་ཙམ་བྱ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་ནས་སྒྲུབ་ཐབས་བརྒྱ་རྩའི་ཆིངས་སྦྱར་ལ་རྗེས་གནང་བྱ། མཇུག་རྗེས་ཆོག་སོགས་རྗེས་གནང་སྤྱི་ལྟར་རོ། །ཞེས་པ་འདིའང་ས་སྟག་ལོར་མདོ་ཁམས་སྡེ་དགེ་ཕྱོགས་སུ་འགྲོ་དགོས་སྐབས་ལྷ་མོ་འོད་ཟེར་ཅན་མའི་རྗེས་གནང་གི་ཡིག་ཆ་ཞིག་སྔར་ཡོད་ཀྱང་ལག་འབྱོར་ཞིག་མ་བྱུང་བར་བརྟེན་ནམ་མཁའ་ལེགས་པས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་བསོད་དབང་གིས་བགྱིས་པ་མངྒལཾ།། ༈ །འོད་ཟེར་ཅན་མའི་སྒྲུབ་ཐབས་གཟུངས་མདོ་དང་བཅས་
པ་ཐུན་མོང་མ་ཡིན་པ་བཞུགས་སོ། །སྐྱབས་སེམས་སྔོན་དུ་འགྲོ་བས་འདི་ལྟར། རང་གི་སྙིང་གར་སྣང་བྱེད་«་་་་་ཉིན་མོ་ཉི་མ་དང༌། མཚན་མོ་ཟླ་བ་བསམ་དགོས། སྔ་དྲོ་ཤར་དང༌། དགོངས་མོ་ནུབ་ཏུ་ཁ་ཕྱོགས་ནས་བྱེད་དགོས། »དཀྱིལ་འཁོར་ལ། ཨོཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། །རང་ཉིད་རྣམ་སྣང་དཀར་པོ་ངུར་སྨྲིག་གི །ཆ་བྱད་དང་ལྡན་བྱང་ཆུབ་མཆོག་«་་་་་སྐབས་འདིར་རང་གི་སྙིང་གར་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅའ། »རྒྱ་ཅན། །བ་སྤུའི་བུ་ག་ནས་འཕྲོས་འོད་ཟེར་གྱིས། །རྭ་བ་དཀར་པོ་ཟླུམ་པོ་རྩེ་མོ་ནི། །མཆོད་རྟེན་དབྱིབས་ཅན་རྒྱན་གྱིས་མཛེས་པ་དང༌། །སྙིང་གར་སྣང་བྱེད་གདན་ལ་མཱྃ་ཡིག་ལས། །མྱ་ངན་མེད་ཀྱི་ཡིག་གེ་མཱྃ་གྱིས་མཚན། །ཡོངས་སུ་གྱུར་པས་འོད་ཟེར་ཅན་མ་ནི། །གསེར་མདོག་སྐེམས་པའི་ལུས་ཅན་ཕྱག་གཉིས་ཀྱི། །གཡས་པས་ཁབ་དང་གཡོན་པས་སྐུད་པ་བསྣམས། །མཉམ་པར་བཞེངས་པ་སྣ་བུག་གཡས་ནང་ནས། །ཕྱིར་སྤྲོས་མདུན་དུ་བཞུགས་པ་དེ་ཉིད་ལས། །རང་འདྲའི་ཕོ་ཉ་དཔག་མེད་སྤྲུལ་པ་ཡིས། །གནོད་བྱེད་དགྲ་རྣམས་དབང་མེད་བཀུག་བྱས་ཏེ། །ཁ་མིག་བཙེམས་ཤིང་ཡན་ལག་བཅིངས་གྱུར་ནས། །རྭ་བའི་ཕྱི་རོལ་འོབས་སུ་འཕངས་པར་གྱུར། །རྒྱ་གར་སྐད་དུ། ཨཱརྻཱ་མཱ་རཱི་ཙཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་རྭ་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉི་མ་དང༌། ཟླ་བའི་མདུན་དང་མདུན་
ནས་འགྲོ་སྟེ། དེ་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །དགེ་སློང་དག་གང་གིས་ཀྱང་ལྷ་མོ་འོད་ཟེར་ཅན་དེའི་མིང་ཤེས་པ་དེའང་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དེ་དགྲའི་དབང་དུ་འགྲོ་བར་མི་འགྱུར་རོ། །དེ་ལྟར་བདག་གིས་ཀྱང་ལྷ་མོ་འོད་ཟེར་ཅན་གྱི་མིང་ཤེས་ཀྱིས་བདག་ཀྱང་བལྟར་མེད་པར་གྱུར་ཅིག གཟུང་དུ་མེད་པར་གྱུར་ཅིག བཅིང་དུ་མེད་པར་གྱུར་ཅིག དགག་ཏུ་མེད་པར་གྱུར་ཅིག བརྒལ་དུ་མེད་པར་གྱུར་ཅིག རྨོངས་པར་བྱར་མེད་པར་གྱུར་ཅིག ཆད་པས་གཅད་དུ་མེད་པར་གྱུར་ཅིག མགོ་བྲེག་ཏུ་མེད་པར་གྱུར་ཅིག གཞུར་མེད་པར་གྱུར་ཅིག ཚིག་པར་བྱར་མེད་པར་གྱུར་ཅིག དགྲའི་དབང་ཏུ་མི་འགྲོ་བར་གྱུར་ཅིག དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨོཾ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་ད་ཡ་མ་སི། ནི་ར་མ་སི། ཨརྐཀ་མ་སི། མརྐཀ་མ་སི། ཨུ་ར་མ་མ་སི། བ་ན་མ་སི། གུ་ལ་མ་མ་སི། ཙཱི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨན་ཏར་དྷྭཾ་ན་མ་སི་སྭཱ་ཧཱ། ཨོཾ་ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག བདག་ལམ་ལོག་པ་ལས་སྐྱོབས་ཤིག བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས་ཤིག བདག་རྒྱལ་པོའི་འཇིགས་པ་ལས་སྐྱོབས་ཤིག བདག་གླང་པོ་ཆེའི་འཇིགས་པ་ལས་སྐྱོབས་ཤིག བདག་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབས་ཤིག བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག བདག་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག བདག་སྟག་གི་འཇིགས་པ་ལས་སྐྱོབས་ཤིག
བདག་མེའི་འཇིགས་པ་ལས་སྐྱོབས་ཤིག བདག་ཆུའི་འཇིགས་པ་ལས་སྐྱོབས་ཤིག བདག་སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག བདག་དུག་གི་འཇིགས་པ་ལས་སྐྱོབས་ཤིག བདག་ཕྱིར་རྒོལ་བ་དང༌། དགྲ་ཐམས་ཅད་ལས་སྐྱོབས་ཤིག འཁྲུགས་པ་དང༌། མ་འཁྲུགས་པ་དང༌། ཉམས་པ་དང་མ་ཉམས་པ་ཐམས་ཅད་དུའང་བདག་སེང་གེ་ལས་སྲུངས་ཤིག བདག་སྟག་ལས་སྲུངས་ཤིག བདག་ཀླུ་ལས་སྲུངས་ཤིག བདག་སྦྲུལ་ལས་སྲུངས་ཤིག་སྭཱ་ཧཱ། བདག་འཇིགས་པ་ཐམས་ཅད་དང༌། གནོད་པ་དང༌། ནད་འགོ་བ་དང༌། འཁྲུགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ལོ། ཏཱ་ལོ་ཀཱ་ལོ། སཙྪ་ལོ་ས་མ་པ་མཱུ་ར་དྷི་ཊི་རཀྵ་རཀྵ་མཱཾ། བདག་དང་སེམས་ཅན་ཐམས་ཅད་ལ། འཚེ་བ་དང༌། འཇིགས་པ་དང༌། ནད་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། ཏདྱ་ཐཱ། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཥྚཱ། པྲ་ཥྚཱ་ནྭཾ། ཙཀྵུར་མུ་ཁཾ་བནྡྷ་བནྡྷ། བནྡྷ། མུ་ཁཾ། ཛི་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་བ་རཱ་ལི། པ་དཱ་ལི། བཏྟཱ་ལཱི། བཱ་རཱ་ཧམུ་ཁི། སརྦ་དུཥྚཱ་ནཱཾ། པྲ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ་བནྡྷ་བནྡྷ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང་མི་དང་ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ། །ཞེས་གཟུངས་ཚར་གཅིག་དང༌། སླར་ཡང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། ཏདྱ་ཐ། ནས་བྷནྡྷ་སྭཱ་ཧཱའི་བར་ལན་བདུན་བརྗོད། དེ་ནས་ཕྱག་
རྒྱ་ཅི་བདེ་བར་བྱས་ཏེ། ནང་དུ་འཇུག་པའི་རླུང་དང་ལྷན་ཅིག་ཏུ། །འོད་ཟེར་ཅན་མ་སྣ་བུག་གཡོན་ནས་ཞུགས། །སྙིང་གར་ཐིམ་པ་ཡོངས་སུ་གྱུར་པ་ལས། །རང་ཉིད་ལྷ་མོ་འོད་ཟེར་ཅན་མ་ནི། །གསེར་མདོག་སྒེག་མཛེས་ཕྱག་གཡས་མཆོག་སྦྱིན་དང༌། །ཕྱག་གཡོན་མྱ་ངན་མེད་པའི་སྡོང་པོ་ལས། །ཡལ་ག་གཅིག་འཛིན་ཡིད་ཙམ་ཁྲོས་པའི་ཚུལ། །དར་དང་རིན་པོ་ཆེས་བརྒྱན་ཕག་སེར་བཞིས། །དྲངས་པའི་ཤིང་རྟའི་སྟེང་དུ་རོལ་པས་བཞུགས། །རང་དང་ཕག་ལས་འོད་འཕྲོས་ཕག་འཇིགས་རུང༌། །དཔག་མེད་སྤྲུལ་ཏེ་འོབས་ཀྱི་ནང་གནས་པའི། །གནོད་བྱེད་རྣམས་ཟོས་གསེར་ས་རྭ་བར་གྱུར། །ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཞེས་གང་འགྲུབ་བཟླ་ཞིང་དགེ་བ་བསྔོ་བ་སོགས་བྱའོ། །བླ་མ་རྡོ་རྗེ་གདན་པའི་མན་ངག་ལས་བྱུང་བ་འོད་ཟེར་ཅན་མ་ལ་བརྟེན་ནས་ཕྱིའི་དགྲ་དང༌། ཆོམ་རྐུན་སོགས་བར་ཆད་ཞི་བའི་ཐབས་ཉམས་སུ་བླང་བའི་རིམ་པ་འདི་ནི་བཙུན་པ་བློ་གསལ་བསྟན་སྐྱོང་གིས་བྲིས་པའོ། །འདིའི་སྒོ་ནས་སྲུང་སྐུད་བྱེད་ན། སྐུད་པ་དཀར་པོ་གཙང་མ་ལ་རྡོ་རྗེའི་མདུད་པ་ཉེར་གཅིག་བཏབ། མདུད་པ་རེ་རེ་བཞིན་དབུགས་ཐོག་གཅིག་ལ་སྔགས་ཡིད་བཟླས་ཚར་རེ་བྱས་ཏེ་ལྷ་མོར་བསྐྱེད། སླར་ཡང་སྔགས་ཅི་ནུས་བཟླས་ཏེ་རབ་གནས་བྱས་ལ་གང་བསྲུང་བའི་མགུལ་དུ་གདགས་པར་གསུངས་སོ། །མངྒ་ལཾ།། ༈ །འཕགས་མ་འོད་ཟེར་ཅན་མའི་སྦྱིན་སྲེག་གི་ཆོ་ག་འོད་ཟེར་མཐའ་ཡས་བཞུགས། །ན་མོ་གུ་རུ་མཱ་རཱི་ཙྱཻ། རབ་འབྱམས་ཕྲིན་ལས་འོད་ཟེར་གྱིས། །འགྲོ་ལ་རེ་བའི་འབྲས་སྩོལ་མ། །ཐུགས་རྗེའི་བདག་ཉིད་ཅན་བཏུད་ནས། །འཕགས་མ་དེ་ཡི་སྦྱིན་སྲེག་བཤད། །ལྷ་མོ་འོད་ཟེར་ཅན་གྱི་བསྙེན་པ་སྔོན་དུ་སོང་བས། སྔགས་ཀྱི་ནུས་པ་དབྱུང་བ་དང༌། ནད་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ། ཞི་བའི་སྦྱིན་སྲེག་བྱེད་པར་འདོད་པས་ཆོ་ག་བྱས་པའི་ས་ཕྱོགས་དབེན་པར་ཐབ་ཁུང་དཀར་པོ་རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་ཕྱེད། ཁ་ཁྱེར་སོར་བཞི་བསྐྱེད་ནས། སོར་
བཞིའི་དཔངས་སུ་བརྩིགས་པའམ་བྲིས་པའི་མུ་རན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་དབུས་སུ། པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་མྱ་ངན་མེད་པའི་ཤིང་བྲི་བར་བྱའོ། །དེར་དྲི་ཞིམ་ཞིང་ཁ་དོག་དཀར་པོའི་བུད་ཤིང་ངམ། ཡང་ན་སྲོག་ཆགས་མེད་པའི་ལྕི་བ་གཙང་མས་བརྩིགས་པའི་གཡས་སུ། ཡམ་ཤིང༌། མར། ཏིལ། ཟས་མཆོག འབྲས། སོ་བ། ནས། གྲོ། སྲན་མ། དཱུརྦ། ཀུ་ཤ་རྣམས་རིམ་བཞིན་དགོད་པ་ནི་བསྲེག་རྫས་དང༌། གཡོན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། དཀར་གཏོར་གཉིས་བཤམ་མོ། །དེ་ནས་རང་ཉིད་ཁ་ཤར་དུ་ཕྱོགས་ཏེ་འདུག་པའི་མདུན་དུ་རྡོ་རྗེ་དྲིལ་བུ། དགང་བླུགས། ཀུ་ཤུའི་ཆུན་པོ་བརྒྱད་དང༌། དྲིའི་ཆུ་བཞག་གོ །སྔོན་དུ་བྱ་བའི་རིམ་པའོ། །དངོས་གཞི་ལ་མཆོད་པ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷཱརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་མཆོད་པ་རྣམས་ལྷ་རྫས་ལས་གྲུབ་པའི་ངོ་བོ་བཟང་ཞིང་རྒྱ་ཆེ་བར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཞེས་དང༌། རྡོར་འཛིན། དྲིལ་གསིལ། གྷཎྜི་ར་ཎིས་བྱིན་བརླབ། བདག་དང་འགྲོ་བ་ནས། དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བར་སྤྱི་འགྲེ་གྲངས་ཅི་རིགས། བླ་མ་དང་སོགས་ཀྱང་སྤྱི་འགྲེ། སེམས་ཅན་ཐམས་ཅད་སོགས་སྤྱི་འགྲེས། རྗེ་བཙུན་འོད་ཟེར་ཅན་མའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་འགྲེ། ཨོཾ་སྭ་བྷཱ་ཝ་སོགས། བདག་དང་སྣང་བ་ཐམས་ཅད་མི་དམིགས་པའི་སྟོང་པར་གྱུར། སྟོང་པའི་ངང་ལ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་
བྱང་ཆུབ་ཆེན་པོའི་མཆོད་རྟེན་ཆེན་པོའི་བུམ་པའི་ནང་དུ་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཏུ་བྷྲཱུྃ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་པའི་ན་བཟས་བཀླུབས་པའི་ཐུགས་ཀར་རང་གི་ཤེས་པ་མྃ་ལས་མྱ་ངན་མེད་པའི་ཤིང་མྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ནས་ཡོངས་སུ་གྱུར་པ་ལས་རང་ཉིད་འོད་ཟེར་ཅན་མ་ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་ཅུང་ཟད་བརྐྱངས་པའི་ཚུལ་གྱིས་བཞུགས་པ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་པ་མཆོག་སྦྱིན་དང༌། གཡོན་པས་མྱ་ངན་མེད་པའི་ཤིང་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་པའི་ན་བཟའ་ཅན། ཤིན་ཏུ་མཛེས་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། སྙིང་གའི་ནང་དུ་མྃ་སེར་པོ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བྱོན། ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭཱ་ཡ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཞབས་བསིལ་ནས་རོལ་མོའི་བར་འགྲེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་རཱི་ཙྱཻ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། ཡང་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་
སོགས་མཚན་སྔགས་སྦྱར་བ་གོང་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། སྙིང་གའི་ནང་གི་མྃ་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་བྱིན་གྱིས་བརླབ་པར་གྱུར། ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཞེས་ཡང་སྙིང་ཅི་ནུས་པ་བཟླའོ། །གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བདུན་ཅུ་སྟེ་དེ་སྙེད་བཟླས་ན་ལས་རྣམས་འགྲུབ་པར་འགྱུར་བ་ཉིད་དོ། །གཞན་ཡང༌། ཏདྱ་ཐཱ། ཨོཾ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་ད་ཡ་མ་སི། ནི་ར་མ་སི། ཨརྐཀ་མ་སི། མརྐཀ་མ་སི། ཨུརྨ་མ་སི། བ་ན་མ་སི། གུ་ལ་མ་མ་སི། ཙཱི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨནྟར་དྷཱི་ན་མ་སི་སྭཱ་ཧཱ། རྩ་སྔགས་དང༌། ཏདྱ་ཐཱ། ཨོཾ་བཏྟཱ་ལི། བ་དཱ་ལི། བཱ་རཱ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཥྛཱཾ་པྲ་དུཥྛཱ་ནཱཾ་ཙཀྵུར་མུ་ཁཾ་བྷནྡྷ་བྷནྡྷ། བྷནྡྷ་མུ་ཁྃ་ཛྃ་བྷ་ཡ་སྟམྦྷ་ཡ་མོ་ཧ་ཡ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་བ་རཱ་ལི། བ་དཱ་ལི་བཏྟཱ་ལཱི། བཱ་རཱ་ཧ་མུ་ཁྃ་སརྦ་དུཥྚཱཾ་པྲ་དུཥྚཱཾ་ནཱཾ་ཙཀྵུར་མུ་ཁཾ་བྷནྡྷ་སྭཱ་ཧཱ། སྙིང་པོའི་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ལོ་ཀཱ་ལོ་སཙྪ་ལོ་སརྦ་མུརྟི་རཀྵ་མཱཾ་སྭཱ་ཧཱ། ལས་སྔགས་འདི་རྣམས་ཀྱང་ཅི་ནུས་བཟླས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང༌། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། གོང་བཞིན་མཆོད། ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཤློ་ཀ་གཅིག ཨོཾ་བཛྲ་མུཿ
ཡེ་ཤེས་པ་གཤེགས་ཞེས་བརྗོད། བདག་བསྐྱེད་དོ། །བསང་ཆུ་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ། ཉེར་གཅིག་བཟླས་ལ་ཐབ་དང་བསྲེས་རྫས་མཆོད་རྫས་རྣམས་དྲིའི་ཆུས་གཏོར་ཞིང༌། ཨོཾ་ཨ་མྲྀ་ཏས་མ་དག་པ་བསང༌། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེ་དཀར་པོ་ལས་གྲུབ་པའི་ཐབ་ཁུང་མཚན་ཉིད་དང་ལྡན་པར་བུད་ཤིང་གི་རྩིག་པ་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཧཱུྃ། ཞེས་ལན་གཅིག་བརྗོད་པས་བྱིན་གྱིས་བརླབ། མཆོད་རྫས་དང་བསྲེག་རྫས་རྣམས་ཨོཾ་ཨཱཿཧཱུྃ་ལས་ལྷ་རྫས་ལས་གྲུབ་པ་ངོ་བོ་བཟང་ཞིང་རྒྱ་ཆེ་བ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། མཆོད་སྔགས་གོང་གི་མཆོད་པ་བྱིན་རླབས་བཞིན་ཕྱག་རྒྱ་བཅས། གྷཎྜེ་ར་ཎི་མི་དགོས། བསྲེག་རྫས་ལ། ཨོཾ་ཨཱཿཧཱུྃ། ཕྲེང་སྐོར་སོགས་བཟླས་པས་བྱིན་གྱིས་བརླབ། སྤོར་ལྡེ་ཐལ་མོའི་བར་དུ་བཟུང་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ལན་གསུམ་གྱིས་ཐབ་ལ་གཡས་སྐོར་བྱས་ལ་མེ་སྦར། སྔགས་དེ་ཉིད་ཀྱིས་མར་དགང་བླུག་གསུམ་བུད་ཤིང་གི་ཁར་གཡས་སྐོར་དུ་བླུགས། དྲིའི་ཆུ་དང༌། ཨ་མྲྀ་ཏས་བསང་ཞིང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ཞུ་བ་ལས། མེ་ལྷ་དཀར་ལ་དམར་བའི་མདངས་ཆགས་པ། ར་སྐྱེས་དམར་པོ་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་དབྱུག་གུ་གསུམ་པ། གཡོན་པས་བགྲང་ཕྲེང་འཛིན་པ། རལ་པའི་ཐོར་ཚུགས་ཅན། ཁྲི་སྙན་ས་ལེའི་པགས་པས་སྟོད་གཡོགས་དང༌། མཆོད་ཕྱིར་ཐོགས་འཆད་པ། ཞི་ཞིང་དུལ་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། རང་གི་སྙིང་གའི་མཱྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ
རྡོ་རྗེ་དྲིལ་བུ་འཛིན་པའམ། དབྱུག་གུ་རྩེ་གསུམ་པའི་ཕྱག་རྒྱ་ལས་གཡབ་པའི་ཚུལ་དུ་བྱ་ཞིང༌། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་འབྱུང་པོའི་བདག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་ལ་ཐབ་ཀྱི་ཤར་ལྷོར་བཞུགས་པ་ལ། ཨོཾ་ཨགྣ་ཡེ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་པདྨའི་གདན་ཕུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཤབྡའི་བར་རིགས་འགྲེ། གྷཎྜེ་ར་ཎི་རོལ་ཆེན། མེ་ལྷའི་ལྕེའི་རྩེ་མོར་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། འོད་ཀྱི་སྦུ་གུ་བྱུང་བ་དགང་བླུགས་ཀྱི་རྃ་ལ་ཕོག་ནས་མར་ཁུ་གསོལ་བར་གྱུར། ཞེས་དང༌། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡ་«་་་་་འདིར་སྤེལ་ཚིག་དམིགས་བསལ་ཡོད་ན་ཇི་ལྟར་རིགས་པ་དང༌། མེད་ན། བདག་གི་ནད་དང་སྡིག་པ་དང་སྒྲིབ་པ་དང་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། »གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་རྒྱབ་རི་སེང་གེའི་མགོ་བོ་ལྟ་བུའི་མིག་གཡོན་མཚོན་པའི་བྲག་རི་ཞིག་པའི་པྲ་རྟགས་ངན་པ་སོགས་འགལ་རྐྱེན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་ཟན་དབུལ་ལོ། །དེ་ནས་རང་གི་སྙིང་ག་ནས་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག རྡོ་རྗེ་དྲིལ་བུ་འཛིན་པའི་ལྷ་མོ་རྣམས་སྤྲོས་པས། མེ་ལྷ་དམ་ཚིག་པ་ལ་བསྟིམ་པར་བསམ་ཞིང༌། ཨོཾ་ཨེ་ཧྱེ་ཧི་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཞེས་བརྗོད་པས་གཉིས་སུ་མེད་པར་བསྟིམ་མོ། །ཕྱག་རྒྱ་རྣམས་ཀུན་རིག་བཞིན། ཡང་སྙིང་གའི་ས་བོན་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་མཱ་ཛཿ བདག་བསྐྱེད་ཀྱི་དབང་ལྷའི་སྐབས་ལྟར་མཆོད། གསོལ་གདབ་དབང་བསྐུར་རྒྱས་གདབ་རྣམས་ཀྱང་བདག་བསྐྱེད་བཞིན་ལ། འདི་ལ་དབང་བསྐུར་བ་ཟེར་བ་ཙམ་ཁྱད་པར་རོ། ཀུ་ཤ་བསང་སྦྱང་
སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཞེས་དང༌། ཐལ་མོའི་བར་དུ་བཟུང་ལ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་དོ། །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཞེས་དང༌། ཨོཾ་ཨགྣ་ཡེ་རི་པྲ་ངན་སོགས་བར་ཆད་ཐམས་ཅད་ཞི་བར་མཛོད་ཅིག ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་བརྗོད་ཅིང་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་དབུལ་ལོ། །མཆོད་ཡོན་ལ་སོགས་པའི་མཆོད་པ་རྣམས་གོང་དུ་བརྗོད་པའི་ཚུལ་གྱིས་ཕུལ་ནས། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་ཞིང༌། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེད་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་དོ། །དེ་ནས་བསྲེག་རྫས་རྣམས། ཨོཾ་ཨགྣ་ཡེ་གདན་ས་སོགས་སྤེལ་ཚིག་གོང་བཞིན་བཅས་ཚར་གཅིག ཨོཾ་ཨགྣ་ཡེ་སྭཱ་ཧཱ་ལྔ། ཡང་གོང་བཞིན་སྤེལ་ཚིག་སྦྱར་བ་གཅིག་བཅས་ཁྱོན་བདུན། དེ་བཞིན་མར་ནས་ཀུ་ཤའི་བར་ལའང་ཐོག་མཐར་སྤེལ་ཚིག་སྦྱར། བར་པ་ལྔ་ལ་མར་སྦྱར་བ་ཁོ་ན་ལས་རྫས་སོ་སོའི་སྔགས་བརྗོད་མི་དགོས་སོ། །སླར་ཡང་མཆོད་བསྟོད་གོང་བཞིན་བྱས་ལ། མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པས་གདན་ས་སོགས་ནས། བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་དང༌། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་ནས། མར་བླུགས་གཟར་གཅིག་བླུགས་པས། མེ་ལྷ་འབར་བའི་མེར་གྱུར་པར་བལྟའོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །མེ་འབར་བའི་དབུས་སུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་ཞེས་པ་ནས་ཐུགས་ཀར་བདག་བསྐྱེད་བཞིན། མྃ་ལས་ཞེས་སོགས་ནས། གྱུར་པ་
ལས་བར་ཡང་གོང་བཞིན། ལྷ་མོ་འོད་ཟེར་ཅན་མ་ནས། ཧཱུྃ་སྔོན་པོ་བར་གོང་བཞིན། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་མཱ་ཛཿ རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །རྒྱལ་བ་མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ནས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་གོང་བཞིན་གྱི་མཐར། གྷཎྜེ་ར་ཎི་སོགས་རོལ་ཆེན། རྡོར་འཛིན་དྲིལ་གསིལ་བཅས། གང་གི་མཚན་སོགས་བསྟོད་པ་འོག་ནས་འབྱུང་བའི་ཤློ་ཀ་དང་པོས་བསྟོད། དགུག་གཞུག་དབང་ལྷ་སྤྱན་འདྲེན་མཆོད་པ་གསོལ་འདེབས། དབང་བསྐུར་རྒྱས་འདེབས་རྣམས་བདག་བསྐྱེད་བཞིན་ལ། འདི་ལ་དབང་བསྐུར་བ་ཟེར་བ་ཙམ་ཁྱད་པར་རོ། །རྗེ་བཙུན་འོད་ཟེར་ཅན་མ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་བ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བར་གྱུར། སྔ་མ་ལྟར་བྱོན་ཟན་དབུལ་བར་བསམ་ཞིང༌། ཨོཾ་མཱ་རཱི་ཙྱཻ་ཨགྣ་ཡེ་སྭཱ་ཧཱ། ཞེས་བདུན་ནམ། ཉི་ཤུ་རྩ་གཅིག་གིས་བྱོན་ཟན་དབུལ་ལོ། །དེ་ནས། ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭཱ་ཡ། ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་ནས། ཤབྡའི་བར་ཕྱིའི་མཆོད་པས་མཆོད་ལ། གྷཎྜེ་ར་ཎི་རོལ་ཆེན། རྡོར་འཛིན་དྲིལ་གསིལ་གྱིས། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་སོགས། ཕྱག་འཚལ་ལོ། །ཕག་བདུན་གྱིས་དྲངས་རིན་ཆེན་ཤིང་རྟའི་ཁྲིར། །པདྨ་ཟླ་བའི་གདན་ལ་བདེར་
བཞུགས་ཤིང༌། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་པ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྱག་གཡས་གདུལ་བྱ་རྣམས་ལ་མཆོག་སྩོལ་ཞིང༌། །གཡོན་པས་མྱ་ངན་མེད་པའི་ཤིང་འཛིན་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་ཞིང་དགྱེས་དགུར་སྤྱོད། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །རྣམ་པར་བརྒྱན་པས་ཆོས་ཚུལ་ཀུན་སྒྲོགས་ཤིང༌། །སྔགས་ཚུལ་དུ་མས་དངོས་གྲུབ་ཀུན་སྩོལ་བ། །ཆོས་སྔགས་ཡི་གེར་འཕྲུལ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་སྤྲོས་པ་ཉེར་ཞི་ཡང༌། །མཁྱེན་དང་བརྩེ་བས་ཀུན་ནས་རབ་རྩེན་ཞིང༌། །གདུལ་བྱའི་ཡིད་ལ་སྣ་ཚོགས་ཀུན་འཇུག་པའི། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །བདག་གིས་ཁྱོད་སྐུ་དྲན་ཞིང་སྔགས་བཟླས་ཏེ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ཀྱི། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། །སྲིད་ཞིའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དེ་ནས་ཡམ་ཤིང་ཐོགས་ལ། ཨོཾ་མཱ་རཱི་ཙྱཻ་གདན་ས་སོགས་ནས། ཤཱནྟིཾ་ཀུ་རུ་སྭཱ་ཧཱ་བར་གོང་བཞིན་སྤེལ་ཚིག་སྦྱར་བ་གཅིག་དང༌། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ་དགུ། ཡང་གོང་བཞིན་སྤེལ་ཚིག་སྦྱར་བ་གཅིག་བཅས་བཅུ་གཅིག་གམ། ཡང་ན་བརྒྱ་ཚར་སོགས་ལའང་ཐོག་མཐར་སྤེལ་ཚིག་བར་ན་གྲངས་གང་ཡོད་ལ་སྔགས་རྐྱང་པའོ། །དེ་བཞིན་མར་ནས་ཀུ་ཤའི་བར་རིགས་འགྲེ། བསྲེག་རྫས་སོ་སོར་ཕུལ་བས་ཡམ་ཤིང་གཟི་བརྗིད་དང༌། མར་གྱིས་ཚེ་འཕེལ་ཞིང༌། ཏིལ་གྱིས་ནད་དང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། ཟས་མཆོག་གིས་ཕུན་སུམ་ཚོགས་པ་འཕེལ་བ་དང༌། འབྲས་ལ་སོགས་པའི་འབྲུ་རྣམས་ཀྱིས་ལོངས་སྤྱོད་དང་དཔལ་འབྱོར་འཕེལ་བ་དང༌། དཱུརྦས་ཚེ་འཕེལ་བ་དང༌། ཀུ་ཤས་བགེགས་དང་བར་ཆད་ཞི་བའི་དངོས་གྲུབ་གནང་བར་བསམ་ཞིང༌། ཞི་བའི་སྦྱིན་སྲེག་གི་རྫས་ཀྱི་དངོས་གཞི་ཡིན་པའི་ཕྱིར། ཏིལ་ལ་བཅོམ་
ལྡན་འདས་མའི་སྔགས་འབའ་ཞིག་གིས་སྟོང་ལ་སོགས་པ་འབུལ་ལོ། །གལ་ཏེ་རྦོད་གཏོང་དང༌། བྱད་སྟེམས་ལ་སོགས་པ་ཡོད་ཀྱིས་དོགས་ནས། ཏདྱ་ཐཱ། ཨོཾ་བཏྟཱ་ལི་ནས། མོ་ཧ་ཡའི་བར་བརྗོད་པའི་མཐར་ཕ་རོལ་གྱི་རྦོད་གཏོང་དང་བྱད་སྟེམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བརྒྱའམ་སྟོང་ལ་སོགས་པ་ཅི་རིགས་པ་དབུལ་ལོ། །བར་སྐབས་སུ་མེ་གསོ་བའི་ཕྱིར་བུད་ཤིང་བསྣན་ཞིང་ཡམ་ཤིང་དང་མར་ཡང་ཅི་རིགས་སུ་དབུལ་ལོ། །དེ་ལྟར་བསྲེག་རྫས་རྣམས་ཕུལ་བ་རྫོགས་པའི་མཐར་གཤེགས་སྐྱེམས་བྱོན་ཟན་བཞིན་མཆོད་བསྟོད་རྒྱས་བསྡུས་གོང་བཞིན་སྐབས་སུ་གང་བབ། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། རྡོར་ཐལ་ཁ་ཕྱེ་བའི་མཐར་སེ་གོལ་གཏོགས་པ་དང་བཅས། ཏདྱ་ཐཱ། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧ་མུ་ཁཱི། སརྦ་དུཥྚཱན། པྲ་དུཥྚཱ་ནཱཾ་ཙཀྵུརྨུ་ཁཾ། བནྡྷ་བནྡྷ། བནྡྷ་མུ་ཁཾ། ཛཾ་བྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་སྔགས་བདུན་གྱིས་ཕུལ་ནས། མཚན་སྔགས་སྔོན་འགྲོའི་མཆོད་བསྟོད་གོང་བཞིན། བཅོམ་ལྡན་འདས་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་གདན་ས་ནས་འགལ་རྐྱེན་བར་ཆད་བར་གོང་བཞིན། སྡིག་པ་དང་ནད་དང་གདོན་དང༌། ཕྱི་ནང་གི་བར་དུ་གཅོད་པ་དང་མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བྱ་བ་ལ་སོགས་པ་འདོད་པའི་དོན་ལ་གསོལ་བ་གདབ་པས། ཇི་ལྟར་གསོལ་བ་བཏབ་པ་ལྟར་གནང་བར་བསམ་མོ། །དེ་ནས། མ་འབྱོར་པ་སོགས། ཅེས་ལན་གསུམ་གྱིས་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སོགས་དང༌། ཡི་གེ་བརྒྱ་པའི་
མཐར། བཛྲ་མུཿཞེས་བརྗོད་པས་ཡེ་ཤེས་པ་གཤེགས་སུ་གསོལ་ནས་ཐལ་བ་ཅུང་ཟད་རང་གི་དཔྲལ་བ། མགྲིན་པ། སྙིང་གར་བསྐུས་ནས། དམ་ཚིག་པ་བདག་ལ་ཐིམ་ཞེས་བརྗོད། འདས་པའི་མེ་ལྷ་མཆོད་པ་སྟེ་དངོས་གཞིའོ། །དེ་ནས་ཐབ་ཏུ་མར་དགང་གཟར་གང་བླུགས་ནས། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་པས་མེ་འབར་བའི་དབུས་སུ་མེ་ལྷ་སྔར་བཞིན་གསལ་བར་གྱུར། མཆོད་བསྟོད་གོང་བཞིན། བསྲེག་རྫས་རྣམས་བདུན་བདུན་ནམ། ཉི་ཤུ་རྩ་ལྔ་རེ་སྔར་ལྟར་ཕུལ་ལ། བྱོན་ཟན་གྱི་སྐབས་ལྟར་དགང་བླུགས་གསུམ་ཕུལ་ནས། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ཨོཾ་ཨགྣ་ཡེ་ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་མ་མ་སརྦ་པཱ་པཾ། སརྦ་བིགྷྣན། སརྦ་ཨུ་པ་དྲ་བྱ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་གསུམ་མམ་བདུན་གྱིས་ཕུལ་ལ། སླར་ཡང་མཆོད་ཅིང་བསྟོད་དེ། མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པས་གདན་ས་སོགས་ནས། སྩལ་དུ་གསོལ་བར་གོང་བཞིན། མ་འབྱོར་པ་དང་སོགས་ཤློ་ཀ་གཅིག སྤྱན་འདྲེན་པའི་ཕྱག་རྒྱ་ལས་ཕྱིར་བསྐྱེད་དེ། བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བཞུད་ཅིག་བྱིན་ཟ་ཁྱོད། །སླར་ཡང་དུས་བཞིན་ཅི་ནས་བྱོན། །བདག་གི་ལས་རྣམས་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་བཛྲ་མུཿ ཞེས་བརྗོད་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། དེ་ནས་ལས་ཀྱི་རྗེས་བསྡུས་ཏེ། ཐལ་བ་རོལ་མོ་དང་བཅས་པས་ཆུ་བོ་ཆེན་པོར་དོར་ལ། དགའ་སྟོན་ལ་ལོངས་སྤྱད་ཅིང༌། དགེ་བ་འདི་ཡིས་མྱུར་དུ་བདག །འོད་ཟེར་ཅན་མ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། གལ་ཏེ་གཞན་གྱི་དོན་དུ་བྱེད་པར་འདོད་ན་བསྒྲུབ་བྱ་དེ་ཉིད་ལ་དམིགས་ཤིང་སྤེལ་ཚིག་ཁ་བསྒྱུར་བཅས་བསྲེག་བླུགས་ཕུལ་བས་དེའི་དོན་དུ་འགྱུར་བ་ཉིད་དོ། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་ནས་དངོས་གྲུབ་རབ་ཏུ་སྟེར། །གང་ཞིག་
སྔགས་ཀྱི་ལྷག་ཆད་དག །དེ་ཀུན་སྦྱིན་སྲེག་གིས་ནི་དགང༌། །ཞེས་འབྱུང་བས་སྔགས་ཀྱི་ནུས་པ་འབྱིན་པ་དང༌། བྱང་ཆུབ་སྒྲུབ་པ་དང༌། ཐུན་མོང་གི་ལས་སྒྲུབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར། ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་རིམ་པ་འདི་སྦྱར་བའོ། །ཞེས་ལྷ་མོ་འོད་ཟེར་ཅན་གྱི་ཞི་བའི་སྦྱིན་སྲེག་འདིའང་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་གྱི་གསུང་རབ་གསལ་བྱེད་ལྟ་བུར་རྣམ་འདྲེན་དམ་པ་གང་གི་ཡང་ཚའི་ཐ་ཤལ་ས་སྐྱ་པ་ཀུན་དགའ་བློ་གྲོས་ཀྱིས་གདན་ས་སྐྱོང་སྐབས། མེ་སྤྲེལ་གྱི་ལོར་རྒྱབ་རི་སྤུན་པོ་རི་ལ་མཚན་མ་ངན་པ་བྱུང་བ་ཞི་ཕྱིར། མོ་ལུང་དུ་འོད་ཟེར་ཅན་མ་ལྟ་བུའི་ཞི་བའི་སྦྱིན་སྲེག་དགོས་པ་སོགས་རིམ་གྲོ་ཁ་ཤས་བབས་དུས་མགྱོགས་པར་སྦྱར་བའི་དགེ་བས་གདན་ས་ཆེན་པོ་ལ་བཀྲ་མི་ཤིས་པ་ཐམས་ཅད་ཞི་ནས་བཀྲ་ཤིས་ཡར་ངོའི་ཟླ་བ་ལྟར་འཕེལ་བའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།
ཤོག་སྟོང་།
ལྷ་མོ་འོད་ཟེར་ཅན་མའི་མན་ངག་མདོར་བསྡུས་པའི་ཡི་གེ་འཇིགས་པའི་མུན་སེལ།
ལྷ་མོ་འོད་ཟེར་ཅན་མའི་མན་ངག་མདོར་བསྡུས་པའི་ཡི་གེ་འཇིགས་པའི་མུན་སེལ་ཞེས་བྱ་བ་བཞུགས་སོ།།
ན་མ་ཨཱརྻཱ་མཱ་རཱི་ཙྱཻ། སྐུ་ཡི་ཉིན་བྱེད་སྙིང་དབུས་སུ། །འཆར་བའི་མོད་ལ་འཇིགས་པའི་མུན། །སྐྲོད་པའི་འཕགས་མ་ལ་བཏུད་ནས། །དེ་ཡི་བསྙེན་སྒྲུབ་ལས་གསུམ་སྤེལ། །དེ་ལ་འདིར་འཕགས་མ་འོད་ཟེར་ཅན་མའི་ཉེར་མཁོའི་མན་ངག་ཅུང་ཟད་འཆད་པ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་བསྙེན་པ་བྱེད་པའི་ཚུལ་ལ་སྦྱོར་ལ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། སྒྲུབ་པ་པོ་རྡོར་ཕྲེང་ནས་བྱུང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས་གཟའ་ཚེས་དགེ་བར་གནས་དབེན་པར་བྱི་དོར་བྱས་ལ། འབྱོར་ན་རྗེ་བཙུན་མའི་སྐུ་རྟེན་བྲིས་འབུར་གང་རུང་བཀྲམ་པའི་མདུན་དུ། ཡི་དམ་འོད་ཟེར་ཅན་མ་ལ་ཅོག་ཟླུམ་གཅིག་དང༌། རང་གི་རྒྱུན་གཏོར་གང་བྱེད། ཆ་གསུམ་གཏོར་མ་གཏོང་བ་གྲུབ་ནའང་དེའི་གཏོར་མ་དང༌། གཞན་ཉེར་སྤྱོད་བཤམ་པ་སོགས་སྤྱི་ལྟར་ཤེས་པར་བྱའོ། །དེ་ནས་ཡར་ངོའི་ཚེས་བརྒྱད་ལ་སོགས་པར་ཆ་གསུམ་གཏོར་མ་ཡིད་ཆེས་པ་གཏང༌། གནས་ཁང་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབས་ནས་གཙང་སྤྲ་དང་ལྡན་པས་བསམ་གཏན་གྱི་འབོལ་ཆུང་བདེ་བར་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་སྟེ་དད་པ་དང་ངེས་འབྱུང་དང་སྙིང་རྗེ་ཤུགས་དྲག་ཏུ་བསྐྱེད་ནས།
གནས་སྐབས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་ཞི་བ་དང༌། མཐར་ཐུགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་འདི་བསྒྲུབ་པར་བྱའོ་སྙམ་དུ་ཐུན་ལ་འཇུག དེའང་ཁ་ལྟ་ཕྱོགས་སྔ་དྲོ་ཤར་དང༌། དགོང་མོ་ནུབ་ཏུ་བྱའོ། །གཉིས་པ་སྒྲུབ་ཐབས་ཀྱི་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་གསུམ་སྟེ་སྐྱབས་འགྲོ། སེམས་བསྐྱེད། ཚོགས་བསག་པའོ། །དང་པོ་སྐྱབས་འགྲོ་ལ། རྒྱུ་ཡུལ་ཚུལ་སོགས་གཞན་ནས་འབྱུང་བ་ལྟར་ཤེས་པར་བྱ་བ་ལས་འདིར་འབྲི་མི་དགོས་མོད། དེའི་ནང་ནས་སྐྱབས་སུ་འགྲོ་བའི་ཡུལ་གསལ་འདེབས་པའི་ཚུལ་ཅུང་ཟད་སྨོས་ན། རང་ཉིད་གནས་པའི་ཞིང་འདི་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་ས་གཞི་བཻ་ཌཱུརྻའི་རང་བཞིན་ཅན་གྱི་དབུས་སུ། རང་གི་མདུན་གྱི་བར་སྣང་ལ་ཕག་བདུན་གྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་རྩ་བའི་བླ་མ་འཕགས་མ་འོད་ཟེར་ཅན་མའི་རྣམ་པ་ལ་བརྒྱུད་པའི་བླ་མས་བསྐོར་བའམ། ཡང་ན་མདུན་གྱི་ས་གཞི་ལས་ཡར་སྐྱེས་པའི་ཚུལ་གྱིས་དཔག་བསམ་ཤིང་གི་ཡལ་ག་ལོ་མ་འབྲས་བུ་ཕུན་སུམ་ཚོགས་པའི་རྩེ་མོར་པདྨ་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རྩ་བའི་བླ་མ་དང་བརྒྱུད་པའི་བླ་མས་བསྐོར་བ་ཐམས་ཅད་ཀྱང་འོད་ཟེར་ཅན་མའི་རྣམ་པ་ཅན་དང་མདུན་གྱི་འདབ་མར་འོད་ཟེར་ཅན་མ་
སོགས་ཡི་དམ་གྱི་ལྷ་ཚོགས། གཡས་ཀྱི་འདབ་མར་ལོངས་སྤྲུལ་གྱིས་བསྡུས་པའི་སངས་རྒྱས། རྒྱབ་ཀྱི་འདབ་མར་ལུང་རྟོགས་ཀྱི་ཆོས་ཀྱི་ངོ་བོ་གླེགས་བམ་བརྩེགས་པ། གཡོན་གྱི་འདབ་མར་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་དགྲ་བཅོམ་གྱི་ཚོགས། གཞན་ཡང་ཆོས་སྲུང་ནོར་ལྷ་རྣམས་ཀྱང་མཐའ་སྐོར་དཔག་བསམ་ཤིང་གི་ལོ་འདབ་ཀུན་ཏུ་བཞུགས་པར་གསལ་གདབ། སྐྱབས་སུ་འགྲོ་བའི་ཚུལ་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་སུ་འགྲོ་བར་བསམས་ལ། ངག་ཏུ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༴ དམ་པའི་ཆོས༴ འཕགས་པའི་དགེ་འདུན་ནམས་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱའམ་ཉེར་གཅིག་སོགས་དམིགས་པ་དང་མ་བྲལ་བར་ཅི་ནུས་བཟླ་ཞིང༌། མཐར་བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་མཐའ་ནས་རིམ་གྱིས་འདུས་ཏེ་གཙོ་བོ་དང༌། དེ་ཉིད་འོད་དུ་ཞུ་ནས་རང་ལ་བསྟིམ་པ་སོགས་སྤྱི་ལྟར་རོ། །གཉིས་པ་སེམས་བསྐྱེད་ནི། བདག་གིས་སེམས་ཅན་སོགས་དཀྱུས་ཀྱི་ཚིག་དེ་ཉིད་ངག་དུ་བརྗོད་ཅིང་སེམས་ཅན་གྱི་དོན་དུ་རང་ཉིད་སངས་རྒྱས་ཐོབ་པར་འདོད་པ་ནི་སྨོན་པའི་སེམས་དང༌། དེའི་ཆེད་དུ་འོད་ཟེར་ཅན་མའི་སྒོམ་བཟླས་ལ་འབད་པ་ནི་འཇུག་པ་སེམས་བསྐྱེད་པ་ཡིན་ནོ། །གསུམ་ལ་ཚོགས་བསག་པ་ལ་གཉིས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ནི། ཚོགས་ཞིང་སྤྱན་དྲངས་པ་དེ་ལ་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ། དེ་དག་གི་སྤྱན་སྔར་ཡན་ལག་བདུན་པ་འབུལ་བ་རྣམས་ཀྱི་ངག་འདོན་ནོ། །རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་པའི་མྃ་ཡིག་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོདྷི་སཏྭོ་བྷྱཿ ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭཱ་ཡ་ཨརྒྷཾ་སྭཱ་ཧཱ།
དེ་བཞིན་ཞབས་བསིལ་ནས་རོལ་མོའི་བར་འགྲེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། ཚད་མེད་བཞི་དམིགས་རྣམ་དང་འབྲེལ་བར་སེམས་ཅན་ཐམས་ཅད་སོགས། གཉིས་པ་ནི། ཨོཾ་སྭ་བྷཱ་ཝ་སོགས་ཀྱི་སྔགས་བརྗོད་པས། རང་གི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས་དེའང་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་མི་དམིགས་པར་བསམ་པ་ཉིད་དོ། །དེ་རྣམས་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པ་བྱ་བའོ།«་་་་་བསྙེན་སྒྲུབ་ལས་གསུམ་གང་གིའང་མགོར། བྱང་ཆུབ་མཆོག་གི་ཕྱག་རྒྱའམ་དོན་ཀུན་འགྲུབ་པའི་ཕྱག་བཅིང་བར་གསུངས་པ་ནི། ལག་གཉིས་ཐལ་མོ་ཁ་སྦྱར་བ་ཕྱེ། མཐེ་ཆེན་ཅུང་ཟད་བཀུག གུང་མོ་གཉིས་རྩེ་གཏུགས། མཛུབ་མོས་གུང་མོ་ལ་སྦྱར་བ་ཟླུམ་པའི་རྣམ་པར་བྱས་པའོ། །འདིར་ལྟེ་བའི་ཐད་དུ་བཞག་པར་གསུང་གི གཞན་དུ་ཇི་སྐད་བཤད་པའི་གནས་སུའོ། །མཆན།» དང་པོ་ནི། སྔར་གྱི་སྟོང་ཉིད་དེའི་ངང་ལས་རང་སེམས་གསལ་བའི་གདངས་འགག་མེད་ཡི་གེ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཆེན་པོའི་བུམ་པའི་ནང་དུ་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པའི་ཐུགས་ཀར་རང་གི་ཤེས་པ་མཱྃ་ལས་མྱ་ངན་མེད་པའི་ཤིང་མཱྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ནས་ཡོངས་སུ་གྱུར་པ་ལས་རང་ཉིད་འོད་ཟེར་ཅན་མ་ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་ཅུང་ཟད་བརྐྱངས་པའི་ཚུལ་གྱིས་བཞུགས་པ། སྐུ་མདོག་སེར་མོ་
ཞལ་གཅིག་ཕྱག་གཉིས་མ་གཡས་པ་མཆོག་སྦྱིན་དང༌། གཡོན་པས་མྱ་ངན་མེད་པའི་ཤིང་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་པའི་ན་བཟའ་ཅན། ཤིན་ཏུ་མཛེས་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའོ། །ཞེས་ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་གསལ་གདབ་པ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སྙིང་གི་ནང་དུ་མཱྃ་སེར་པོ་ཞེས་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་འབྲུ་གསུམ་བསྒོམ་པ་ནི་བྱིན་གྱིས་རློབ་པ་ཉེར་སྒྲུབ་ཀྱི་ཡན་ལག་གོ །དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བྱོན། ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་ནས་ཤབྡའི་བར་སྦྱར་བས་མཆོད ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་རཱི་ཙཱཻ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། ཞེས་སྙིང་གའི་མཱྃ་གྱི་འོད་ཟེར་གྱིས་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་སྤྱན་དྲངས་ནས་དགུག་གཞུག་བཅིང་དང་དབྱེར་མེད་དུ་བྱ་བ་དང་བཅས་པ་ནི་སྒྲུབ་པའི་ཡན་ལག་གོ །སླར་ཡང་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཚན་སྔགས་སྦྱར་བ་གོང་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཞེས་དབང་ལྷ་རིགས་ལྔ་རྣམ་སྣང་གཙོ་བོར་བྱས་པ་སྤྱན་དྲངས། དེ་ལ་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། རིགས་བདག་རྣམ་པར་སྣང་མཛད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་ཡན་ལག་བཞི་རྫོགས་སུ་བསྒྲུབས་ནས། དེ་ལ་རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མཆོད་རྫས་ཐོགས་པ་
རྣམས་ཀྱིས་ཚུར་རང་ལ་མཆོད་པའི་བསམ་པས། ཨོཾ་ཨཱརྻཱ་མཱ་རཱི་ཙྱཻ་ཨརྒྷཾ་སོགས་ཀྱིས་མཆོད་ལ། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་མྱུར་དུ་སྐྱོབ་མཛད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་དང་བཅས་པ་ནི་ལྷ་བསྐྱེད་ཅིང་མཆོད་པ་ཡིན་ནོ། །གཉིས་པ་ནི། ཐོག་མར་ལྷ་སྐུ་རང་བཞིན་མེད་པ་ལ་སེམས་གཏད་དེ་རྩེ་གཅིག་ཏུ་མཉམ་པར་བཞག སྔགས་བཟླ་བ་ན། རང་གི་ཐུགས་ཀའི་དབུས་སུ་ཟླ་བ་ལ་མྃ་ཡིག་གསེར་གྱི་མདོག་ཅན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཆར་ཁའི་མདངས་ལྟར་འཕྲོས། རང་གི་ལུས་ཐམས་ཅད་དུ་ཁྱབ་པས་ཚེ་རབས་ཐོག་མ་མེད་པ་ནས་གཞན་ནོར་རྐུ་འཕྲོག་བྱས་པ་སོགས་སྡིག་སྒྲིབ་གང་བསགས་བག་ཆགས་དང་བཅས་པ་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་དང་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བཅོམ་ལྡན་འདས་མའི་སྐུ་དང་འོད་ཟེར་སེར་པོའི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ཞིང༌། ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཞེས་ཡང་སྙིང་ཅི་ནུས་པ་བཟླའོ། །གྲངས་ཀྱིས་བསྙེན་པ་ནི་འབུམ་ཕྲག་བདུན་ཅུ་སྟེ། དེ་སྙེད་བཟླས་ན་ལས་རྣམས་འགྲུབ་པར་འགྱུར་བ་ཉིད་དོ། །ཐུན་མཇུག་ཏུ། ཏདྱ་ཐཱ། ཨོཾ་པ་ཏཱ་ཀྲ་མ་སི་ལ་སོགས་པ་རྩ་བའི་སྔགས་དང༌། ཏདྱ་ཐཱ། ཨོཾ་བ་ཏཱ་ལི་ལ་སོགས་པ་སྙིང་པོའི་སྔགས་དང༌། ཏདྱ་ཐཱ། ཨོཾ་ཨཱ་ལོ་ཏཱ་ལོ་ལ་སོགས་པའི་ལས་ཀྱི་སྔགས་རྣམས་གང་མོས་པ་ལ་ཅི་ནུས་བཟླ་བར་བྱའོ། །ཐུན་ལས་ལྡང་བར་འདོད་ན། རང་ལ་བསྟིམས་པའི་ཡེ་ཤེས་པ་ཕྱུང་ནས་མདུན་གྱི་ནམ་མཁར་དམིགས་པ་ལ་མཆོད་པས་མཆོད་ནས་བཟོད་པར་གསོལ་ཏེ། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ལ། རང་དམ་ཚིག་པའི་ང་རྒྱལ་གྱིས་ཐུན་མཚམས་ཀྱི་བྱ་བ་གཟུངས་མདོ་ཀློག་པ་སོགས་ལ་འཇུག་པར་བྱ་སྟེ། དེ་ནི་སྐབས་འདིར་འཕགས་པའི་གསུང་རབ་ལྟར་ཀློག་ཅིང༌། གཞན་དུ་ཀློག་ཐབས་གཞན་ལྟར་གདོན་པར་
བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། དཀར་གཏོར་བཤམས་པ་སྦྱངས་ལ། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁར་བྷྲཱུྃ་ལས་གྲུབ་པའི་སོགས་ནས། དབུར་བརྒྱན་པའི་བར་གོང་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པའི་འོད་ཟེར་ཅན་མ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་མཱ་རཱི་ཙྱཻ་དེ་ཝཱི་ས་པ་རི་ཝཱ་རེ་བྷྱཿ ཨོཾ་མཱ་རཱི་ཙྱཻ་ཨི་དཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད་ལ། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་མྱུར་དུ་སྐྱོབ་མཛད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་པའི། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཅོམ་ལྡན་འདས་མས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་དགྲ་དང་བགེགས་ཐམས་ཅད་ལས་རྒྱལ་བར་མཛད་དུ་གསོལ། འཇིགས་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། ཞེས་བརྗོད་ལ། ཨོཾ་བཛྲ་མུཿཞེས་བརྗོད་པས་བདག་ལ་འདོད་པའི་དོན་ཐམས་ཅད་གནང་ནས་གཤེགས་པར་བསམ་མོ། །དེ་ལྟར་ཐུན་བཞིའམ་གསུམ་གང་བྱེད་ཀྱི་ཚུལ་རྣམས་བསྙེན་ཐབས་སྤྱི་འགྲོས་ལྟར་ཤེས་པར་བྱས་ལ། བཟླས་པའི་གྲངས་ཁ་སྐོང་དང་བཅས་པ་ཐེམས་པ་ན་ཁ་སྐོང་གི་སྦྱིན་སྲེག་གཞུང་ནས་འབྱུང་བ་ལྟར་གྱིས་རིག་སྔགས་ཀྱི་ནུས་སྟོབས་རྒྱས་པར་བྱས་ཏེ། མཆོད་གཏོར་གཏང་རག་གིས་མཐའ་བརྒྱན་ཅིང༌། གྲོལ་ཚེས་ཡར་ངོར་གྲོལ་ནས་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་སྒྲུབ་པ་ནི། དཀར་གསུམ་གྱི་གཏོར་མ་ཟླུམ་པོ་བཤམས་པའི་རྩེ་མོར་ལྷ་མོའི་ཙཀླི་བཙུགས་པ་ལྷ་མོའི་བྲིས་སྐུའི་མདུན་དུ་བཤམ། སའི་གྭའུ་ཁ་སྦྱོར་གྱི་ནང་ཡ་གབ་མ་གབ་ལ་མྃ་ཡིག་རེ་བྲིས་པའི་མིག་ཏུ་སྔགས་རིང་བྲིས། མིག་གི་གོང་དུ་
དགྲ་ཇག་ཆོམ་རྐུན་གྱི་མིང་བྲིས་པའི་བར་དུ་གོ་གསུམ་ཐལ་བས་བཀང་ལ་ཁ་སྦྱར། སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲི། སྐུད་པ་སེར་པོས་རྒྱ་གྲམ་དུ་བཅིངས་ལ་གཏོར་མའི་འོག་ཏུ་བཞག ཤིང་གི་དབྱུག་པ་རྡོ་རྗེ་རྩེ་གསུམ་པའི་མགོ་དང༌། ཡུ་བ་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་ཞིག་བཤམ། གཞན་མཆོད་གཏོར་སོགས་གོང་བསྙེན་པའི་སྐབས་བཞིན་ཚོགས་པར་བྱས་ཏེ། དང་པོ་བདག་གི་རྣལ་འབྱོར་ནི་སྐྱབས་འགྲོ་ནས་བཟུང༌། བཟླས་པའི་བར་བསྙེན་པའི་སྐབས་བཞིན་ནར་འདེད་དུ་བཏང་ནས་བསྙེན་པའི་སྔགས་བརྒྱ་རྩ་བརྒྱད་ཙམ་སོང་མཚམས། སྒྲུབ་པའི་བཟླས་དམིགས་ཁྱད་པར་བ་ནི། རང་དང་གདན་གྱི་ཕག་ལས་གསེར་གྱི་མདོག་ཅན་གྱི་ཕག་གྲངས་མེད་པ་ངུར་སྒྲ་སྒྲོགས་བཞིན་སྤྲོས་ཏེ་ཁ་ཕྱིར་བསྟན་པའི་རྭ་བ་རིམ་པ་གསུམ་དུ་བསྐོར་ཞིང་དཔངས་མཐོ་བའི་སྟེང་འོག་ཏུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཁ་ལེབ་དང་ཞབས་སྡོམ་སྤྲད་པ་ལྟ་བུ་དེའི་ཡང་སྟེང་འོག་ཏུ་ཉི་མའི་དཀྱིལ་འཁོར་རེ་རེ་སྟེ་ཉི་ཟླ་སུམ་སྦྲགས་ཀྱི་ནང་ཁོངས་དབུས་སུ་རང་ཉིད། སྟེང་དུ་ཆོས་དང་བླ་མ། མདུན་དུ་ཕ་མ། གཡས་སུ་སྤུན་སྲིང་ཞང་པོ། རྒྱབ་ཏུ་བྲན་དང་ནོར། གཡོན་དུ་བུ་ཆུང་མ་སོགས་བསྲུང་བྱ་གང་ཡོད་ཐམས་ཅད་ཆུད་པ་ལ། ཉི་ཟླའི་འོད་ཟེར་བལྟར་མི་བཟོད་པར་འབར་བས་དགྲ་ཅག་ཆོམ་རྐུན་གཅན་གཟན་ལ་སོགས་པ་གླགས་ལྟ་བའི་གནོད་པར་སེམས་པ་རྣམས་ཀྱི་མིག་བསྲེགས་ཏེ་ཕྱོགས་ཙམ་ཡང་མཐོང་མ་ནུས་པར་བསྒྲིབས་པར་བསམས་པའི་དམིགས་པ་རྩེ་གཅིག་པས། ཏདྱ་ཐཱ། ཨོཾ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཥྛཱ། པྲ་དུཥྛཱ་ནཾ། ཙཀྵུརྨུ་ཁཾ་བྷནྡྷ་བྷནྡྷ། བནྡྷ་མུ་ཁཾ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ་སྭཱ་ཧཱ། ཨོཾ་ལྷ་མོ་འོད་ཟེར་ཅན་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། ཞེས་བཟླ་ཞིང༌། ཐུན་བསྡུ་བ་ན་གོང་བསྙེན་པའི་སྐབས་ལྟར་ཡེ་ཤེས་པ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་པ་སོགས་འདྲ། དེ་ནས་མདུན་རྟེན་རྣམས། ཨོཾ་ཤཱུ་ནྱ་ཏཱ་སོགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སོགས་ནས། རྣམ་པར་སྣང་མཛད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་རྒྱས་འདེབས་
པའི་བར་གྱིས་བསྐྱེད་ནས། མཆོད་པ་སྤྱི་ལྟར་བྱིན་བརླབས་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །ལྷ་མོ་འོད་ཟེར་ཅན་མར་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་ཨཱརྻ་མཱ་རཱི་ཙྱཻ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཞབས་བསིལ། པཱ་དྱཾ། མེ་ཏོག པུཥྤེ། བདུག་སྤོས། དྷཱུ་པེ། སྣང་གསལ། ཨཱ་ལོ་ཀེ། དྲི་མཆོག གནྡྷེ། ཞལ་ཟས། ནཻ་ཝི་དྱ། རོལ་མོ། ཤབྡ་རྣམས་སྦྱར་བས་མཆོད། དྷརྨཱ་ར་ཎི་ཏ་སོགས་རོལ་ཆེན་བྱ། བསྟོད་པ་ནི། གང་གི་མཚན་ཙམ་སོགས་ནས། སྲིད་ཞིའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་འཕགས་པ་རིན་པོ་ཆེའི་གསུང་ལས་བྱུང་བས་བསྟོད། གཏོར་མ་བསང་སྦྱང་བྱིན་རླབས་འབུལ་བ། མཆོད་བསྟོད་འདོད་གསོལ་རྣམས་བསྙེན་པའི་སྐབས་ལྟར་ལ། གཏོར་མགྲོན་སྤྱན་དྲང་བ་མི་དགོས། མདུན་བསྐྱེད་ཀྱི་བཟླས་དམིགས་ནི། མདུན་གྱི་ལྷ་མོ་དང་གདན་ལས་ཕག་གི་ཚོགས་སྤྲོ་བ་སོགས་གོང་དང་འདྲ་བས་བཟླས་པ་བྱ། མཐར་འདོད་དོན་གསོལ་གདབ། རྟེན་ལ་བརྟན་བཞུགས། རང་གི་གནས་གསུམ་བསྲུང་ཞིང་དགེ་བསྔོ་བྱས་ཏེ་ཐུན་མཚམས་ལ་འཇུག ཐུན་གཞན་ལའང་དེས་རིགས་འགྲེ། དེ་ལྟར་སྒྲུབ་པའི་ཚེ་རྨི་ལམ་དུ་སྦྲུལ་སྤྲེའུ་བྱི་ལ་བོང་བུ་རྟ་གླང་མ་ཧེ་དྲེད་ཁྱི་ལ་སོགས་པ་འཐབས་ཤིང་འཛིངས་པ་དང༌། རང་ཉིད་སྐྲག་སྔངས་སྙིང་མི་དགའ་བ་སོགས་བྱུང་ན་བར་ཆད་ཀྱི་རྟགས་ཡིན་པས་རང་བཞིན་མེད་པའི་ལྟ་བས་ཟིན་པར་བྱས་ཏེ་སྔགས་ཉིས་འགྱུར་ལ་སོགས་པ་བཟླ། རྒྱ་མཚོ་ལས་བརྒལ་བ། རི་བོ་ལ་འཛེག་ཅིང་གནས་པ། སངས་རྒྱས་བྱང་སེམས་དང༌། ཁྱད་པར་དུ་འོད་ཟེར་ཅན་མ་ཉིད་མཇལ་ཞིང་ལུང་སྟོན་པ། གཞོན་ནུ་མ་རྒྱན་བཟང་པོས་བརྒྱན་པ་དང་འཕྲད་པ་རྨི་བ་དང༌། དངོས་སུ་དྲི་བཟངས་འཐུལ་བ་དང༌། མར་མེ་འཛིན་པ་སོགས་བྱུང་ན་འགྲུབ་པའི་རྟགས་ཏེ་ཅི་རིགས་པ་དངོས་ཉམས་རྨི་ལམ་དུ་མ་བྱུང་བར་སྒྲུབ་པ་ནི་མཚན་མའི་བསྙེན་པའོ། །ཟླ་བ་དྲུག་གམ་གསུམ་དུ་སྒྲུབ་པ་དུས་ཀྱི་བསྙེན་པ། འབུམ་ཕྲག་དྲུག་ཏུ་བཟླ་བ་གྲངས་ཀྱི་བསྙེན་པ་སྟེ་རབ་འབྲིང་ཐ་མའི་
སྒྲུབ་བའོ། །དེ་ལྟ་བུའི་སྒོ་ནས་རབ་འབྲིང་ཐ་མའི་ཚད་དང་གྲངས་ཐེམས་པ་ན་གྭའུ་མིས་མི་མཐོང་བར་དབེན་པར་འཇོག གཏང་རག་གི་མཆོད་གཏོར་རྒྱ་ཆེར་བྱའོ། གསུམ་པ་ལས་སྦྱོར་ནི། གཤམ་བཀོད་སྒྲུབ་པའི་སྐབས་བཞིན་དང༌། ངག་འདོན་ཀྱང་སྐྱབས་འགྲོ་ནས་བཟུང་སྟེ་སྒྲུབ་པའི་སྔགས་ཅུང་ཟད་རེ་བཟླས་བའི་བར་གོང་བཞིན་ལ། ལས་སྦྱོར་གྱི་དམིགས་པའི་ཁྱད་པར་ནི། རང་ཉིད་འོད་ཟེར་ཅན་མར་གསལ་བའི་སྐུ་ལས་སྤྲུལ་པ་དང༌། རང་བཞིན་གྱི་གནས་ནས་བྱོན་པའི་ལྷ་མོའི་ཚོགས་གསེར་མདོག་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་ན་ཁབ་སྐུད་བསྣམས་པས་གནོད་བྱེད་རྣམས་ཀྱི་ཁ་མིག་འཚེམས་པ། ཕག་སེར་པོ་རླུང་གི་ཤུགས་ཅན་ལ་ཆིབས་པ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པར་སྤྲོས་པས་དགྲ་ཇག་ཆོམ་རྐུན་ལ་སོགས་པ་ཕྱི་རོལ་གྱི་བར་དུ་གཅོད་པ་ཐམས་ཅད་བཟློག་ཅིང་བསྐྲད་པར་བསམས་ལ། ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཨོཾ་བ་རཱ་ལི། བ་དཱ་ལི། བཏྟ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཥྛཱ་ནཾ། པྲ་དུཥྛཱ་ནཱཾ། གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཙཀྵུརྨུ་ཁཾ་བནྡྷ་བནྡྷ་སྭཱ་ཧཱ། ཞེས་པ་འདི་ཉིད་གྲངས་ཀྱི་གཙོ་བོར་བཟུང་སྟེ་བཟླ། ཐུན་བསྡུ་ལྡང་དང༌། མདུན་བསྐྱེད་ལ་གཏོར་མ་འབུལ་ཚུལ། སྒྲུབ་པའི་རྟགས་ཚད་རྣམས་ཀྱང་གོང་ལྟར་རོ། །མཐར་གཏང་རག་གི་མཆོད་བསྟོད། ཡིག་བརྒྱ་མང་དུ་བཟླས་ལ་ནོངས་པ་བཤགས། འདོད་དོན་གསོལ་བ་གདབ། མདུན་གྱི་ལྷ་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ། སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཐེམས་པས་ལས་སྒྲུབ་པ་ནི། ལམ་དུ་འགྲོ་བར་བྱེད་པ་ན། གང་འགྲོ་ཕྱོགས་སུ་བལྟས་ལ་རང་གི་སྤྱི་བོར་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ་སྙིང་པོ་ལན་གསུམ་བརྗོད་དོ། །དེ་ནས་ཆོས་གོས་ལ་སོགས་པའི་གྲྭ་ལ་ཟླ་བའི་དཀྱིལ་འཁོར་སེར་པོ་ལ་མྃ་སེར་པོ་བསམས་ཏེ། གདུག་པ་ཅན་རྣམས་མྃ་གྱི་འོད་ཀྱིས་བཀུག་ལ་མྃ་ལ་གཞུག་གོ །དབུགས་མ་ཤོར་བར་མདུད་པ་གསུམ་བྱའོ། །ཡང་ན་སྐུད་པ་བྱས་ལ་གོས་ཀྱི་མཐའ་མའམ་སྐ་རགས་ལ་གདགས་སོ། །ཟླ་བ་
གཅིག་ཏུ་མདུད་པར་བསམ་མོ། །འགྲོལ་བ་ལ་ནི་ཉིན་མཚན་དེ་ཉིད་དུ་དགྲོལ་བར་བྱའོ། །ཡང་ཤིང་བུ་སོར་བཞི་པ་གཉིས་རྣ་ལྟག་གཡས་གཡོན་དུ་བཅུག་ལ་གླང་པོ་ཆེའི་མཆེ་བར་བསམ་སྟེ་འཇིགས་པ་བསྲུང་ངོ༌། །ཞེས་འབྱུང་བ་ལྟར་རང་ཉིད་ལྷ་མོར་བསྒོམ། བྱང་ཆུབ་མཆོག་གི་ཕྱག་རྒྱ་སྤྱི་བོར་བཅིངས་ཏེ་སྙིང་པོ་བཟླ་བཞིན་དུ་སྔར་བསྒྲུབས་པའི་དབྱུག་པ་བཟུང་སྟེ་འགྲོ་བ་དང༌། ཤིང་བུ་རྣ་ལྟག་ལ་བཅུག་སྟེ་སོང་ན་འཇིགས་པ་བསྲུང་བར་འགྱུར་ལ། སྲུང་སྐུད་བྱེད་ན། སྐུད་པ་དཀར་པོ་ལ་རྡོ་རྗེའི་མདུད་པ་ཉེར་གཅིག་རེ་བཏབ། མདུད་པ་རེ་རེ་བཞིན་དབུགས་ཐོགས་གཅིག་ལ་སྔགས་རིང་ཡིད་བཟླས་ཚར་རེ་བྱས་ཏེ་གདབ། ལྷ་མོར་བསྐྱེད་ཅིང་སླར་ཡང་སྔགས་ཅི་ནུས་བཟླས་ལ་རང་སྔགས་རྟེན་རྙིང་གིས་རབ་གནས་བྱས་ཏེ་གང་བསྲུང་བའི་མགུལ་དུ་བཏགས་པས་ཆོམ་རྐུན་ལ་སོགས་པ་སྲུང་བའི་མཆོག་ཏུ་འགྱུར་བས་ན་གཞན་ལ་ཕན་འདོད་རྣམས་ཀྱིས་བསྒྲུབ་པ་ལ་འབད་པར་བྱའོ། །དེ་དག་ནི་བསྙེན་སྒྲུབ་ལས་གསུམ་རིམ་ཅན་དུ་ཉམས་སུ་ལེན་ཚུལ་རྒྱས་པའི་ལུགས་དང༌། འབྲིང་པོ་སྟབས་གཅིག་ཏུ་ཉམས་སུ་ལེན་པར་འདོད་ན་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཡིག་ཆ་ལྟར་ཤེས་པར་བྱ་ལ། དེ་ལས་ཀྱང་བསྡུས་པ་དེ་ཉིད་ཀྱིས་མཛད་པ་ནི། ཨ། གསེར་མདོག་ཕག་གི་རྭ་བ་གསུམ་རིམ་ནང༌། །ཉི་ཟླ་གྭའུ་རིམ་པ་གསུམ་གྱི་དབུས། །རང་ཉིད་མཱྃ་ལས་འོད་ཟེར་ཅན་མ་སེར། །ཞི་འཛུམ་ཁབ་སྐུད་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །སྟོད་གཡོགས་ཨཾ་རག་སྔོན་པོ་ཤམ་ཐབས་དཀར། །སྣ་ཚོགས་རྒྱན་ལྡན་རྣམ་སྣང་དབུ་རྒྱན་ཅན། །ཐུགས་ཀར་ཟླ་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །འོད་ཀྱིས་རང་འདྲ་དཔག་མེད་སྤྱན་དྲངས་ཐིམ། །ལྷ་མོ་ཕག་ཞོན་གྲངས་མེད་འཇིག་རྟེན་གང༌། །གནོད་བྱེད་དགྲ་བགེགས་ཁ་མིག་བཙེམས་པར་གྱུར། །དེ་ལྟར་མངོན་རྟོགས་དྲན་རྫོགས་གསལ་བཏབ་ནས། །བསྙེན་པ་སྲུང་བ་ལས་སྦྱོར་རྣམ་པ་གསུམ། །དམིགས་པ་སོ་སོར་རྩེ་གཅིག་བསྒོམ་ཞིང་བཟླས། །དང་པོ་རང་ཉིད་ལྷ་མོའི་སྐུར་གསལ་བའི། །ཐུགས་དབུས་ཟླ་སྟེང་མྃ་ཡིག་འགྲེངས་ཏེ་གནས། །དེ་མཐར་སྙིང་པོ་འབྲུ་དྲུག་སྔགས་དེ་ནི། །
མདུན་ནས་བརྩམས་ཏེ་ཡིག་མགོ་ནང་དུ་བསྟན། །གཡས་སུ་བསྐོར་ནས་འཁོད་པ་གསལ་བཏབ་སྟེ། །དེ་ཉིད་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས། །དེ་ནས་སྔགས་ཕྲེང་དེ་ཉིད་མི་འཁོར་བར། །ཕྲེང་བའི་ཕྲེང་ལུང་བཞིན་དུ་འོད་སེར་པོ། །གཡོན་དུ་འཁོར་བར་དམིགས་ལ་བཟླས་པ་བྱ། །དེ་ནི་འདི་ཡི་ལུགས་ཀྱི་བསྙེན་པ་ཡིན། །དེ་ནས་སྔགས་འཕྲེང་དང་པོ་དལ་བུའི་འཁོར། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པར་འཁོར། །དེ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་འཇིགས་སྐྲག་བསལ། །འོད་དེས་སངས་རྒྱས་ཀུན་མཆོད་ཐུགས་རྒྱུད་བསྐུལ། །སངས་རྒྱས་ཐམས་ཅད་འོད་ཟེར་ཅན་མའི་སྐུར། །གྱུར་ནས་ཁ་བ་བུ་ཡུག་འཚུབས་བཞིན་བྱོན། །ཁྱད་པར་ཨོ་རྒྱན་ཡུལ་དང་རྒྱ་གར་ན། །མྱ་ངན་མེད་པའི་ཤིང་གི་སྡོང་པོ་ནས། །འོད་ཟེར་ཅན་མ་དཔག་ཏུ་མེད་པ་བྱོན། །བདག་ལ་ཐིམ་པས་མཐུ་སྟོབས་བྱིན་རླབས་ཐོབ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། དེ་ལྟར་བཟླ་བ་འདི་ཡི་སྒྲུབ་པ་ཡིན། །འདི་ཡི་སྒྲུབ་པ་རྩེ་གཅིག་བྱེད་ན་ནི། །དུས་བསྙེན་ཟླ་བ་གཅིག་གམ་ཉེར་གཅིག་བྱ། །གྲངས་ཀྱི་བསྙེན་པ་འབུམ་ཕྲག་དྲུག་ཡིན་ནོ། །བཞི་འགྱུར་བཟླས་ན་ངེས་པར་འགྲུབ་པར་འགྱུར། །རྟགས་ནི་ཆུ་བོ་ཆེ་ལས་བརྒལ་བ་དང༌། །རི་བྲག་བཙན་ཞིང་ཆེ་བའི་སར་འདུག་དང༌། །བུད་མེད་གཞོན་ནུ་མཛེས་མར་འཕྲད་པ་དང༌། །ལྷ་མོ་ཉིད་དམ་སངས་རྒྱས་བྱང་སེམས་མཇལ། །དེ་དག་ཉམས་དང་རྨི་ལམ་སྐབས་སུ་འབྱུང༌། །དངོས་སུ་དྲི་ཞིམ་སྣ་ཚོགས་བྲོ་བ་དང༌། །མར་མེ་འཛིན་ནམ་མེ་ལྕེ་སྔར་ལས་རིང༌། །དེ་དག་འགྲུབ་པའི་རྟགས་ནི་ཡིན་པར་གསུངས། །གལ་ཏེ་སྦྲུལ་དང་སྤྲེའུ་བྱི་ལ་དང༌། །བོང་བུ་རྟ་དང་གླང་པོ་མ་ཧེ་དང༌། །དྲེད་དང་ཁྱི་སོགས་ཕན་ཚུན་འཐབས་པ་དང༌། །གཞན་ཡང་རང་ཉིད་འཇིགས་སྐྲག་བྱུང་རྨིས་ན། །ད་དུང་སྔགས་ནི་ཉིས་འགྱུར་བཟླ་དགོས་གསུངས། །འདི་ཡི་ཐུན་མཚམས་དཀར་གསུམ་གཏོར་མ་བཤམ། །ཨ་ཀཱ་རོ་ཡི་སྔགས་ཀྱིས་བྱིན་རླབས་པ། །རྩ་སྔགས་བ་ལིཾ་ཁ་ཧི་བཏགས་པས་འབུལ། །ཡིད་ཀྱིས་ལྷ་མོ་སྤྱན་དྲངས་མདུན་དུ་བཞུགས། །ལྗགས་ཀྱི་འོད་ཟེར་སྦུ་གུ་གཏོར་མར་ཟུག །བདུད་རྩི་དྲངས་ཤིང་
གསོལ་བས་མཉེས་པར་བསྒོམ། །སྤྲོ་ན་རབ་འབྱམས་རྒྱ་མཚོ་སོགས་ཀྱིས་མཆོད། མེད་ན་ཨརྒྷཾ་ལ་སོགས་སྔགས་མཆོད་ཆོག སྤྲོ་ན་སྤྱི་བསྟོད་རྒྱས་བསྡུས་གང་རུང་བྱ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །བར་དུ་གཅོད་པ་ཀུན་ལས་སྲུང་མཛད་ཅིང༌། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། །གཏོར་མགྲོན་རྟེན་ལ་ཐིམ་མམ་གཤེགས་པར་དམིགས། །དེ་ལྟར་བསྙེན་པ་ཐེམས་ནས་སྲུང་བ་ནི། །ཕག་རྒོད་སེར་པོ་འཇིགས་ཤིང་ཡ་ང་བ། །ཁ་གདངས་མཆེ་གཙིགས་ཟེ་བ་གྱེན་དུ་ལངས། །ཁ་ཕྱིར་བལྟས་ཤིང་ངུར་སྒྲ་འབྲུག་ལྟར་སྒྲོགས། །དེ་འདྲའི་རྭ་བ་གྲུ་བཞི་སུམ་རིམ་སྟེང༌། །གཅིག་ཐོག་གཅིག་བརྩེགས་རི་བོ་ཙམ་དུ་མཐོ། །དེ་ནང་ཟླ་བ་འོག་དང་ཉི་མ་སྟེང༌། །ཉི་མའི་འོད་ཟེར་འབར་ཞིང་ཚ་བ་དེས། །སུས་ཀྱང་བལྟ་བར་མི་བཟོད་མིག་ཚིག་པ། །དེ་ནང་ཉི་མ་གཡས་དང་ཟླ་བ་གཡོན། །གྭའུ་ཁ་སྦྱོར་ཁ་འགྲིགས་གྱེན་དུ་ལངས། །དེ་ནང་ཉི་མ་འོག་དང་ཟླ་བ་སྟེང༌། །གྭའུ་ཁ་སྦྱོར་ཡངས་ཤིང་རྒྱ་ཆེ་བ། །དེ་དབུས་རང་ཉིད་ལྷ་མོའི་སྐུར་གསལ་བའི། །གཡས་གཡོན་མདུན་རྒྱབ་བསྲུང་བྱ་མི་ནོར་ཚུད། །ཉི་ཟླ་སུམ་རིམས་ཤིན་ཏུ་འོད་ཆེ་བས། །གནོད་བྱེད་ཀུན་གྱི་མིག་བསྒྲིབས་བལྟར་མི་ཟུག །བསྲུང་བྱ་ཐམས་ཅད་དེ་ནང་གབ་པ་ལས། །རང་ཉིད་ལྷ་མོའི་ཐུགས་རྗེས་བསྐྱབས་པར་བསྒོམ། །ཨོཾ་མཱ་རཱི་ཙྱཻ་འོད་ཟེར་ཅན་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། དེ་ནི་སྔ་དྲོའི་སྲུང་བའི་དམིགས་པ་ཡིན། །དེ་ནས་རང་གི་ཐུགས་ཀའི་འོད་ཟེར་ལས། །སྤྲུལ་པའི་ལྷ་མོ་བྱེ་བ་དུང་ཕྱུར་ཚོགས། །ཀུན་ཀྱང་ཕག་རྒོད་སེར་པོ་འབྲོང་གཡག་ཙམ། །རླུང་ལྟར་ཕྱོགས་བཅུར་རྒྱུགས་པ་ཆིབས་སུ་བཅིབས། །རྡོ་རྗེ་ཕ་ལམ་རྒྱུ་ལས་གྲུབ་པ་ཡི། །རྣོན་པོ་ཁབ་དང་སྐུད་པ་མཉེན་མོ་ཐོགས། །གནོད་ཅིང་འཚེ་བའི་དགྲ་ཇག་ཆོམ་རྐུན་གྱི། །མིག་རྣམས་བཙེམས་པས་གནོད་པའི་ནུས་པ་བྲལ། །དེ་ལྟར་བསྒོམ་ཞིང་སྔགས་རིང་འདི་ཉིད་བཟླ། །ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི། བ་དཱ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཥྚཱན་པྲ་དུཥྚཱན་«་་་་་གནོད་བྱེད་དགྲ་ཇག་ཆོམ་རྐུན་གཅན་གཟན་རྣམས་ཆེ་གེ་མོ་སྐབས་སུ་གང་བབ་སྦྱར། »
ཙཀྵུརྨུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ། དེ་ཡིས་ཇག་རྐུན་འཆིང་བའི་མཆོག་ཏུ་འགྱུར། །མི་ཁ་བསྲུང་བའི་ཐབས་ཀྱང་དེ་ཟབ་བོ། །སྒྲུབ་པ་བྱེད་ན་བྱེད་ལུགས་དེ་ལྟར་ཏེ། །སྔོན་དུ་སྒྲུབ་པ་གྲུབ་བམ་མ་གྲུབ་ཀྱང༌། །གཞུང་ལྟར་མངོན་རྟོགས་བསྒོམ་པར་བྱས་ནས་ཀྱང༌། །སྔགས་ཚན་གསུམ་པོ་རིམ་བཞིན་ཅི་ནུས་བཟླ། །འཇིགས་སྐྲག་མེད་ཅིང་བདེ་བའི་སྐབས་སུ་ནི། །བསྙེན་པའི་སྔགས་དང་དམིགས་པ་ཅི་ནུས་བྱ། །འཇིགས་སྐྲག་དོགས་པ་ཡོད་ན་བར་མ་མེད། །རྐུན་དོགས་ལ་སོགས་ཤིན་ཏུ་སྐྲག་པའི་དུས། །སྔགས་རིང་དེ་ཉིད་ཅི་ནུས་མང་བར་བཟླ། །དེ་ནི་དྲིལ་སྒྲུབ་རྒྱུན་ཁྱེར་ཞེས་བྱ་ཡིན། །གལ་ཏེ་བསྙེན་སྒྲུབ་ལ་སོགས་ལོང་མེད་པར། །དགྲ་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །འཕྲལ་དུ་ཉེན་འབྱུང་ཅི་བྱ་རྟོལ་མེད་ན། །མཚམས་སྡོམ་གྲུབ་ན་ལེགས་ཤིང་མ་གྲུབ་ཀྱང༌། །དམིགས་པ་གསལ་བས་སྔགས་ཚན་གསུམ་པོ་རྣམས། །སྟོང་ཕྲག་རེའམ་ཡང་ན་བརྒྱ་ཕྲག་རེ། །བཟླས་རྗེས་སླར་ཡང་མངོན་རྟོགས་ཞིག་རེ་འདོན། །དེ་ལྟར་རྩེ་གཅིག་མ་ཡེངས་འབད་པ་ན། །རྣམ་སྨིན་མཐོང་ཆོས་མྱོང་འགྱུར་མ་གཏོགས་པའི། །འཇིགས་པ་གང་ཡང་མི་སྐྱོབ་སྲིད་མི་འགྱུར། །བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་ཡི། །འོད་ཟེར་ཅན་གྱི་གཟུངས་དང་རྟོག་པ་ནི། །བྱ་བའི་རྒྱུད་ཀྱི་ཁོངས་སུ་གཏོགས་ན་ཡང༌། །རྡོ་རྗེ་གུར་སོགས་གསར་མའི་བླ་མེད་རྒྱུད། །ལྷ་མོ་དངོས་གྲུབ་བརྟན་གཟིགས་ལ་སོགས་པ། །རྙིང་མའི་རྒྱུད་སྡེ་རྣམས་ནས་མང་དུ་གསུངས། །རྡོར་ཕྲེང་ནང་དུ་དཀྱིལ་འཁོར་རྒྱས་པ་ཡོད། །སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་ཀ་ནང༌། །ཞལ་ཕྱག་མང་པོའི་རིགས་ཀྱང་མང་དུ་ཡོད། །གནམ་ཆོས་དགོངས་གཏེར་གཉིས་ནས་བྱུང་བ་དང༌། །གསར་རྙིང་རྒྱུད་གཞུང་ཀུན་གྱི་དོན་བསྡུས་ཏེ། །རྒྱུན་ཁྱེར་ཉམས་ལེན་ཚིག་ཉུང་དོན་ཟབ་ཡིན། །འདི་ཉིད་ཉམས་སུ་བླངས་པའི་ཕན་ཡོན་ཀྱང༌། །ནད་རྣམས་ཐམས་ཅད་མེད་པར་འགྱུར་བ་དང༌། །རིམས་རྣམས་ཐམས་ཅད་མེད་པར་འགྱུར་བ་དང༌། །དགྲ་དང་རྒྱལ་པོའི་ཆད་པ་ལ་སོགས་པས། །བཙོན་དུ་བཟུང་དང་བཀྱིགས་དང་ལྕགས་སུ་བཅུག །ཆད་པས་
བཅད་དང་མགོ་བོ་བྲེག་པ་དང༌། །མེ་ལ་བསྲེག་དང་ཆུ་རུ་བསྐྱུར་བ་དང༌། །དུག་དང་མཚོན་གྱིས་གསོད་པར་བྱེད་པ་སོགས། །དགྲ་ཡི་གནོད་པ་གང་ཡང་འབྱུང་མི་འགྱུར། །ཇག་རྐུན་གཅན་གཟན་ཐམས་ཅད་བཅིང་བའི་མཆོག །ནོར་དང་ལོངས་སྤྱོད་ལ་སོགས་འཕེལ་བ་དང༌། །ངེས་པར་མཆོག་གི་དངོས་གྲུབ་ཐོབ་པར་གསུངས། །མནན་པ་སྦྱིན་སྲེག་ལ་སོགས་མ་གསུངས་ཀྱང༌། །ཉེ་བར་མཁོ་བའི་ལས་ཚོགས་གཅིག་བརྗོད་པ། །བལ་གཙང་སྲུང་སྐུད་དཀར་པོ་རིང་བ་ལ། །རང་ཉིད་ལྷ་མོའི་བསྐྱེད་རིམ་བསྒོམས་བྱས་ལ། །མིག་བཙུམས་ཁ་དང་ལྕེ་སོགས་དམ་དུ་བསྡམས། །སྔགས་རིང་དེ་ཉིད་ཡིད་ཀྱིས་བཟླས་བྱས་ཤིང༌། །སྲུང་སྐུད་མདུད་པ་ཉེར་གཅིག་མ་ཚར་བར། །མིག་གིས་མི་ལྟ་དབུགས་ཀྱང་ཕྱིར་མི་གཏོང༌། །མདུད་པ་རེ་ལ་ལྷ་མོ་རེ་རེ་བསྒོམ། །ཚར་ནས་ཕུ་བྱ་སྔགས་རིང་མང་དུ་བསྔགས། །རྟ་དྲེལ་ལ་སོགས་གང་ལ་བཏགས་པ་དེ། །ཇག་རྐུན་སྲུང་བའི་མཆོག་ཏུ་འགྱུར་བར་གསུངས། །དེ་བཞིན་ཤིན་ཏུ་འཇིགས་ཤིང་སྐྲག་པའི་སར། །ཕག་གི་རྭ་བ་སུམ་རིམ་སོགས་བསྒོམ་ཞིང༌། །སྔགས་རིང་དེ་ཉིད་རྩེ་གཅིག་བཟླ་བཞིན་དུ། །ལག་པ་གཉིས་པོ་ཐལ་མོ་སྦྱར་བྱས་ཏེ། །ཁ་ཕྱེ་མཐེབ་ཆེན་གཉིས་པོ་ཅུང་ཟད་བཀུག །གུང་མོ་གཉིས་པོ་རྩེ་མོ་ཕན་ཚུན་རེག །སྡིགས་མཛུབ་གཉིས་པོ་གུང་མོ་ལ་སྦྱར་ཏེ། །ཟླུམ་པའི་རྣམ་པར་བྱས་པའི་ཕྱག་རྒྱ་དེ། །རང་ཉིད་སྐྱིལ་ཀྲུང་གནས་པའི་ལྟེ་བར་གཏུགས། །དེ་ནས་སྔགས་རིང་དམིགས་པ་དང་བཅས་པས། །དགྲ་ཡི་ནང་དུ་སོང་ཀྱང་མི་མཐོང་ཞིང༌། །གལ་ཏེ་མཐོང་ཡང་གནོད་པར་མི་འགྱུར་གསུངས། །རང་གི་སྲུང་བ་སྔགས་དང་ཕྱག་རྒྱ་སྟེ། །གཞན་གྱི་སྲུང་བ་སྲུང་སྐུད་དེ་ཡིན་ནོ། །འདི་ལས་ཟབ་པའི་དགྲ་ཆིངས་རྐུན་ཆིངས་ནི། །ཐུབ་པའི་ཞལ་ནས་གསུང་བ་མེད་ངེས་སོ། །ཞེས་སོ། །ཞེས་པ་འདིའང་བླ་མ་རྡོ་རྗེ་འཆང་དེ་ཉིད་ཀྱི་བཀའ་ལུང་གི་རྗེས་སུ་གནང་བ་ཐོབ་པ་ལྟར། ཞུ་ཆེན་རིན་པོ་ཆེའི་སྒྲོལ་དཀར་བསྙེན་ཡིག་ཁ་བསྒྱུར་དང༌། གྲུབ་མཆོག་ཀརྨ་ཆགས་མེད་ཀྱི་སྒྲུབ་ཡིག་དག་ལ་བརྟེན་ཏེ་བློ་གཏེར་དབང་པོས་བསྡེབས་པའི་དགེ་བས་འགྲོ་ཀུན་དགྲ་ཇག་ཆོམ་རྐུན་སོགས་ཕྱིའི་བར་གཅོད་ཐམས་ཅད་ཞི་ཞིང་འཇིགས་དང་སྡུག་བསྔལ་ལས་གྲོལ་བ་བདེ་བ་ཆེན་པོའི་གནས་ཐོབ་པའི་རྒྱུར་གྱུར་ཅིག། །།
མི་གཡོ་བ་སྔོན་པོའི་ལོ་རྒྱུས་སྒྲུབ་སྐོར་ལས་ཚོགས་རྗེས་གནང་དང་བཅས་པ།
མི་གཡོ་བ་སྔོན་པོའི་ལོ་རྒྱུས་སྒྲུབ་སྐོར་ལས་ཚོགས་རྗེས་གནང་དང་བཅས་པ་བཞུགས་སོ།།
བགེགས་རྣམས་སྲེག་པའི་གཉིས་མེད་ཡེ་ཤེས་མེ་འོད་རྣམ་འཕྲོ་ཞིང༌། །སྐུ་མདོག་སྔོན་པོ་ཤེས་རབ་རལ་གྲི་ཞགས་པས་ཕྱག་གཉིས་བྲེལ། །པུས་མོ་ས་ལ་བཙུགས་ཤིང་སྤྱན་གསུམ་རྣམ་འབར་མཆེ་བ་གཙིགས། །ཀླུ་ཆེན་རྒྱན་གྱིས་རྣམ་པར་བརྒྱན་པའི་གཏུམ་ཆེན་ལ་ཕྱག་འཚལ། །དཔའ་ཆེན་ཉི་མ་འབུམ་གྱི་གཟི། །སྟོན་ཀའི་ནམ་མཁའ་ལྟར་དྭངས་པ། །འཇིག་པའི་དུས་ཀྱི་སྤྲིན་ལྟར་སྒྲོགས། །བགེགས་འཇོམས་མི་གཡོ་མགོན་ལ་འདུད། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །འཕགས་པ་མི་གཡོ་བའི་གཏམ་རྒྱུད་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པའི་ཚེ། དགེ་སློང་གཅིག་བསམ་གཏན་ལ་བཞུགས་པའི་དུས་སུ། གཞན་འཕྲུལ་དབང་བྱེད་ལྷའི་བདག་པོ་ཞེས་བྱ་བ་མི་ནག་པོ་རྟ་ནག་ལ་ཞོན་པའི་རྣམ་པས་དགུ་ཚིགས་ལྟ་བུའི་ལམ་ནས་བྱུང་སྟེ། བར་དུ་གཅོད་པར་བྱས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀ་ནས། རྡོ་རྗེ་གཏུམ་པོ་དཔག་ཏུ་མེད་པ་སྤྲོས་ཏེ། ལྷའི་དབང་པོ་དེ་ཚར་བཅད་དེ། ཞབས་ཀྱི་འོག་ཏུ་བཅུག་གོ །དེ་བས་ན་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱི་ཐུགས་ཀ་ནས་སྤྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྤྲུལ་བ་ཡིན་ཞེས་བརྡ་བྱང་ཆུབ་སེམས་དཔས་གསུངས་སོ། །ཡང་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་ཀྱང༌། རྒྱལ་པོའི་པ་ཏྲ་མ་ཐོབ་པས། ཡུལ་དང་ཡུལ་དུ་རྒྱུ་ཞིང༌། པཎྜི་ཏ་རྣམས་ལ་རྩོད་པ་བྱེད་དེ། རྟེན་ཁྱད་པར་ཅན་རྣམས་ལ་ལྟ་ཞིང༌། མཆོད་པ་བྱེད་ཅིང་འགྲོ་བའི་དུས་སུ་ནགས་གསེབ་ཅིག་ན། ལྷ་ཁང་ཞིག་འདུག་པར་མཆོད་པའི་ཡོ་བྱད་ཁྱེར་ནས་ཕྱིན་པའི་དུས་སུ། ལྷ་ཁང་དེ་ན་རྡོ་རྗེ་གཏུམ་པོའི་སྐུ་ཤིན་ཏུ་འཇིགས་སུ་རུང་བ་ཞིག་མཐོང་ནས་མ་དད་པ་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་མཐོང་ན་མི་མཐུན་པ་མེད་པ། སྐུ་བལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བ་ཡིན་པ་ལ། འདི་ལྟ་བུ་སྲིན་པོའི་གཟུགས་ཅན་འཇིགས་སུ་རུང་བ་ནི། དེ་བཞིན་གཤེགས་པའི་སྐུ་མ་ཡིན་སྙམ་དུ་མ་དད་པ་སྐྱེས་ཏེ། མཆོད་པ་མ་བྱས་པར་སླར་ལོག་གོ །དེའི་མཚན་མོ་རྨི་ལམ་དུ། རྣམ་པར་སྣང་མཛད་གངས་ཅན་མཚོ་ཞེས་བྱ་བའི་ཐུགས་ཀ་ནས། རྡོ་
རྗེ་གཏུམ་པོ་དེ་ལྟ་བུ་དཔག་ཏུ་མེད་པ་སྤྲོ་བ་དང་བསྡུ་བར་བྱེད་པ་མཐོང་ནས། གཉིད་སད་པ་དང་འགྱོད་པ་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་གདུལ་བྱའི་ངོར། སྟག་དང༌། རི་བོང་ལ་སོགས་པ་ཅིར་ཡང་སྣང་བ་ཡིན་པ་ལ། ངས་དེ་ལྟར་མ་ཤེས་པས་སྡིག་པ་བྱས་སོ་སྙམ་ནས། སླར་མཆོད་པའི་ཡོ་བྱད་ཁྱེར་ཏེ། མཆོད་པ་བྱས་སོ། །ཡང་དེའི་མཚན་མོའི་རྨི་ལམ་ན། དེ་བཞིན་གཤེགས་པའི་སྐུ་ལ་མ་དད་པའི་སྡིག་པ་ནི། དེ་ཙམ་གྱིས་འདག་པར་མི་ནུས་པས། ཁྱོད་ཀྱིས་སྒྲུབ་པའི་ཐབས་རྩོམས་ཤིག་ཅེས་གནང་བ་བྱིན་ནོ། །དེ་ནས་སློབ་དཔོན་གྱིས་སྒྲུབ་པའི་ཐབས་མཛད་དོ། །དེས་ན་རྣམ་པར་སྣང་མཛད་ནི་སྐུ་ཡིན་ལ། འདི་དེའི་སྤྲུལ་པ་ཡིན་པས། འདི་སྐུའི་རིགས་ཡིན་པ་དང༌། ཡང་འཇམ་དཔལ་ནི་གསུང་གི་རིགས་ཡིན་ལ། དེ་ཡི་མཚན་ཡང་དག་པར་བརྗོད་པ་དང༌། རྣམ་སྣང་མངོན་པར་བྱང་ཆུབ་པ་ལས་ཀྱང༌། མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་བྱ་བ་ལ་སོགས་པ་གསུངས་པས། གསུང་གི་རིགས་ཡིན་པར་སློབ་དཔོན་གཞོན་ནུ་སྦས་པ་ཞེས་བྱ་བ་འདོད་དོ། །ཡང་མི་གཡོ་བ་ནི་གསུམ་སྟེ། བརྐྱང་བསྐུམ་ནི་སྐུའི་རིགས་ཡིན་ལ། པུས་མོ་གཡོན་བཙུགས་པ་ནི་གསུང་གི་རིགས་ཡིན་ཅིང༌། གཡས་བཙུགས་པ་ནི། ཐུགས་ཀྱི་རིགས་ཡིན་ཞེས་རྟོག་པའི་ལེའུ་བདུན་པ་ལས་ཀྱང་གསུངས་སོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་ནོ། །སྒྲུབ་པའི་ཐབས་འདི་ནི། སློབ་དཔོན་ཛེ་ཏཱ་རིས་མཛད་པའི་སྒྲུབ་པའི་ཐབས་ཀྱི་གཞུང་ལ་བརྟེན་པའི་གདམས་ངག་ཡིན་ཏེ། སློབ་དཔོན་ཛེ་ཏཱ་རིས། བླ་མ་རྡོ་རྗེ་གདན་པ་ཆེན་པོ་ཞེས་བྱ་བ། རྟེན་དགེ་སློང་དུ་བཞུགས་པ། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པ་ལ། དེས་རྡོ་རྗེ་གདན་པ་ཆུང་བ་ཞེས་བྱ་བ། རྟེན་དགེ་སློང་དུ་ཡོད་པ་ལ། དེས་བླ་མ་བ་རི་རིན་ཆེན་གྲགས་པ་ལ། དེས་བླ་མ་ས་སྐྱ་པ་ལ་གསུངས་སོ། །གཏམ་
རྒྱུད་དོ། །འཕགས་པ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང༌། བྱང་ཆུབ་ཀྱི་བར་དུ་གཅོད་པའི་བདུད་བགེགས་དང༌། བླ་མ་དཀོན་མཆོག་ལ་ཞེ་སྡང་བའི་སེམས་ཅན་ཚར་བཅད་པ་དང༌། ཁྱད་པར་དུ་རང་གི་རྒྱུད་ལ་བདུད་བཞི་སྐྱེད་པར་བྱེད་ཅིང་ལུས་ངག་ཡིད་གསུམ་གྱི་དགེ་བའི་ལས་ཟློག་ཅིང༌། མི་དགེ་བའི་ལས་ལ་སྦྱོར་ཏེ། བྱང་ཆུབ་ཀྱི་བར་དུ་གཅོད་པར་བྱེད་པའི་ལྷའི་བུའི་བདུད་རྣམ་པར་གཡེང་བར་བྱེད་པ་ལ་སོགས་པ་ཞི་བར་བྱ་བའི་ཕྱིར། གཏུམ་པོ་ཆེན་པོ་བསྒྲུབ་པར་བྱའོ། །དེ་དང་པོ་ཟླ་བ་གང་ཡང་རུང་བའི་ཡར་ངོའི་ཚེས་གཅིག་ལ་སོགས་པ་ནས་ལུས་ཁྲུས་བྱས་ལ། དྲི་ཞིམ་པོས་ལེགས་པར་བྱུགས་ལ། གོས་གསར་པ་གྱོན་ཏེ། ཟས་དཀར་གསུམ་ལ་སོགས་པ་བརྟེན་ཏེ། ཤ་དང་ཆང་དང༌། སྒོག་སྐྱ་དང༌། བདེ་བྱེད་ལ་བྱིན་པའི་ལྷག་མ་ལ་སོགས་པ་སྤངས་ཏེ། སྟན་བདེ་བ་ལ་འདུག་ལ། ཐོག་མར་སེམས་བསྐྱེད་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལྷའི་བུའི་བདུད་ལ་སོགས་པ་ཐམས་ཅད་ཞི་བར་བྱས་ལ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བདག་གིས་འཕགས་པ་མི་གཡོ་བ་བསྒྲུབ་སྙམ་དུ་སེམས་བསྐྱེད་ནས། སེམས་ཀྱི་རྒྱུན་དེ་ཡོངས་སུ་གྱུར་པ་ལས། རང་ཐ་མལ་པའི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ། པྃ་སེར་པོ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་རྃ་དམར་པོ་ལས། ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས། ཡི་གེ་ཧཱུྃ་མཐིང་ག་ཞིག་ཏུ་བསམས་ཏེ། དེ་ལས་འོད་ཕྱུང་སྟེ། མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར། ལུས་ཀྱི་ནང་བ་སྤུའི་བུ་ག་ཐམས་ཅད་འོད་ཀྱིས་ཁེངས་པས། ཚེ་ཐོག་མ་མེད་པ་ནས། ལུས་ངག་ཡིད་གསུམ་གྱིས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་དག་སྟེ། ལུས་ཤེལ་གོང་ཡོངས་སུ་དག་པའམ། རས་དྲི་མ་མེད་པའམ།
སྐར་མའི་རྣམ་པ་འདྲ་བར་གྱུར་པར་བསམས་ལ། དེ་ཉིད་ལས་བཅོམ་ལྡན་འདས་ཀྱི་སྐུ་བསྐྱེད་པ་ནི། དབང་པོ་ཐ་མ་ཡིའོ། །དབང་པོ་འབྲིང་གི་བསྒོམ་པ་ནི། སེམས་བསྐྱེད་པ་ནས། ལུས་འོད་ཕུང་དུ་གྱུར་པའི་བར་འདྲའོ། །དེ་ནས་ཁྱད་པར་དུ་འོད་ཕུང་དེ། སྙིང་གའི་པདྨ་དང༌། ཉི་མ་དང༌། ཧཱུྃ་ལ་བསྡུ། དེ་གསུམ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་པའོ། །དབང་པོ་རབ་ཀྱི་བསྒོམ་པ་ནི། ཐོག་མར་སེམས་བསྐྱེད་པ་ནས། འོད་ཀྱི་ལུས་པད་ཉི་དང་ཧཱུྃ་ལ་བསྡུ་བའི་བར་བྱས་ལ། ཁྱད་པར་དུ་པདྨའང་ཉི་མ་ལ། དེའང་ཧཱུྃ་ལས། དེའང་ཞབས་ཀྱུ་ལ། དེ་ཧའི་ཁོག་པ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་སྟོང་པར་བྱ། དེའི་ངང་ལ་ཅུང་ཞིག་བཞག དེ་ནས་སྟོང་པའི་ངང་དེ་ལས། པྃ་སེར་པོ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་རྃ་དམར་པོ་ལས། ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་བསྐྱེད་དོ། །དེ་ལྟར་དབང་པོ་རབ་འབྲིང་ཐ་མ་གང་ཡང་རུང་བས། བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང་ནག པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། པུས་མོ་གཡོན་བཙུགས་པ། གཡས་པ་ཅུང་ཞིག་བསྐུམས་ནས་བཞེངས་ལ་ཁད་པ། ཕྱག་གཡས་པ་ན་རལ་གྲི་འབར་བ་འཕྱར་བ། གཡོན་སྡིགས་མཛུབ་སྙིང་གར་བཅས་ཏེ། དེ་ལ་ཞགས་པ་ལན་གསུམ་དཀྲིས་པ། དེ་ཡི་རྩེ་མོར་རྡོ་རྗེ་ཕྱེད་པ་ཡོད་པ་ཕྲག་གོང་དུ་བསྐྱུར་བ། མཆེ་བས་མ་མཆུ་མནན་པ། མིག་གསུམ་གྱི་གཡས་གྱེན་དུ་ལྟ་བས། ལྷའི་བུའི་བདུད་ལ་སོགས་པ་འཆིང་བར་བྱེད་པ། གཡོན་ཐུར་དུ་ལྟ་བས། ཀླུ་དང་ལྷ་མ་ཡིན་པ་ལ་སོགས་པ་སྲེག་པར་བྱེད་པ། དབུས་མ་བར་སྣང་དུ་ལྟ་བ་དང༌། ལུས་ལ་འོད་འབར་བས། བར་སྣང་གི་གནོད་སྦྱིན་དང༌། སྲིན་པོ་དང༌། དགྲ་དང་བགེགས་ཐམས་ཅད་སྲེག་པར་བྱེད་པ། སྐྲ་སེར་པོ་གྱེན་དུ་
བཅིངས་པ། རལ་པ་ལྔ་གཡོན་དུ་འཕྱངས་པ། ཆུ་བདག་དབང་དུ་སྡུད་པའི་བརྡར། སྦྲུལ་དཀར་པོས་སེ་རལ་ཁར་བྱས་པ། དབུ་ལ་རིན་པོ་ཆེའི་ཅོད་པན་དང༌། ཡན་ལག་ཐམས་ཅད་རིན་པོ་ཆེས་བརྒྱན་པ། སྨད་དར་ཁ་དོག་སྣ་ཚོགས་ཀྱིས་དཀྲིས་པ། སྤྱི་བོར་མི་བསྐྱོད་རྡོ་རྗེས་མཚན་པའོ། །དེ་ནི་བར་ཆད་ཉེ་བར་ཞི་བ་དང༌། དངོས་གྲུབ་སྒྲུབ་པའི་ཆ་ལུགས་ཡིན་ནོ། །ཁྱད་པར་ཀླུ་གདོན་ཞི་བར་འདོད་ན། པུས་མོ་གཡས་པ་བཙུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པ། ཀླུ་ཆེན་པོ་བརྒྱད་ཀྱི་རྒྱན་ཅན། དེའི་སྤྱི་བོར་མཐའ་ཡས་སྔོན་པོ། རྣ་བར་འཇོག་པོ་དམར་པོ། མགྲིན་པར་པདྨ་སྔོ་སྐྱ། སེ་རལ་ཁར་ཀརྐོ་ཊ་ལྗང་གུ། དཔུང་པར་རིགས་ལྡན་ཁྲ་བོ། ལག་གདུབ་ལ་དུང་སྐྱོང་སེར་པོ། སྐ་རགས་ལ་ནོར་རྒྱས་དཀར་པོ། རྐང་གདུབ་ལ་པདྨ་ཆེན་པོ་སྔོ་སྐྱ། གཞན་ཐམས་ཅད་སྔ་མས་འགྲེ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པའོ། །དེའི་ཐུགས་ཀར་པྃ་ལས་པདྨ་དང༌། རྃ་ལས་ཉི་མ་བསྐྱེད་དེ། དེའི་སྟེང་དུ་ཧཱུྃ་མཐིང་ག་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་རང་འདྲ་བ་ཚོན་གང་བ་སྐྱེད་དོ། །དེའི་ཐུགས་ཀར་པྃ་རྃ་ལས། པད་ཉིའི་སྟེང་དུ། ཧཱུྃ་མཐིང་ནག་ཏིང་ངེ་འཛིན་སེམས་དཔའོ། །དེའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་སོ། །ཡང་ན་ཡེ་ཤེས་སེམས་དཔའ་ནི། རལ་གྲི་ཚོན་གང་པ་དེའི་ཆངས་བཟུང་སྟོང་པའི་ནང་དུ། ཏིང་ངེ་འཛིན་སེམས་དཔའ་དམིགས་ཏེ་གང་རུང་ངོ༌། །དེ་ལྟར་སེམས་དཔའ་སུམ་བརྩེགས་སུ་བསྒོམས་པའི་ཏིང་ངེ་འཛིན་སེམས་དཔའ་ལས་དེ་དག་དང་མཐུན་པའི་ཁ་དོག་ཅན་གྱི་སྔགས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བསྐོར་བ་ལ་དམིགས་ཏེ། སྔགས་བཟླ་བར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བཟླས་པའི་གྲངས་ནི། རྫོགས་ལྡན་གྱི་དུས་སུ། ཡི་གེའི་གྲངས་ཀྱི་འབུམ་འགྱུར་
ཏེ། མདོར་ན་འབུམ་ཕྲག་བཅུ་བཟླས་སོ། །རྩོད་པའི་དུས་སུ་ཡི་གེའི་གྲངས་ཀྱི་བརྒྱད་འགྱུར་ཏེ་ཡི་གེ་རེ་རེའི་དབང་དུ་བྱས་ནས་འབུམ་ཕྲག་བརྒྱད་བརྒྱད་དེ། མདོར་ན་འབུམ་ཕྲག་བརྒྱད་ཅུ་བཟླས་ཤིང༌། བསྙེན་པ་བསྐྱར་བར་བྱ་སྟེ་རྒྱུན་དུ་བཟླས་པའོ། །ཁྱད་པར་དུ་རྨི་ལམ་ངན་པའམ། མི་མ་ཡིན་གྱི་ཆོ་འཕྲུལ་ལ་སོགས་པ་བྱུང་ན། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླ་བར་བྱའོ། །དེ་དག་ནི་སྤྲོས་པ་ལ་དགའ་བ་དང༌། མི་དགའ་བའི་དབང་དུ་བྱས་ཏེ། དབང་པོ་རབ་འབྲིང་གི་བསྒོམ་པ་བཟླས་པའི་རྣལ་འབྱོར་དང་བཅས་པ་བསྟན་ཏོ། །དེ་ནས་ཐུན་མཚམས་སུ་གཏུམ་པོའི་མེ་སྦར་བར་བྱ་བ་ནི། ཉམ་ང་བའི་གནས་སམ། བདག་ལ་གདོན་དྲག་པོས་གནོད་ན་བཟླས་པ་ཐོན་ནས། ཐུན་འཇོག་ཁར་སྙིང་གའི་ཡེ་ཤེས་སེམས་དཔའི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་ཧཱུྃ་དེ་ཁ་དོག་དམར་པོར་སྦར། དེའི་སྟོབས་ཀྱིས་ཡི་གེ་བཅུ་འབར། དེས་ཡེ་ཤེས་སེམས་དཔའ་ཡང་མེར་འབར། དེས་རང་གི་ལུས་ཀྱི་ནང་དང་ཕྱི་ཐམས་ཅད་འབར་ཏེ། དེ་ནས་སྔར་གྱི་རང་གི་འོད་དང་འདྲེས་ཏེ། འདོམ་གང་ཚུན་ཆད་དུ་གཡས་སྐོར་དུ་འཁོར་བར་བསམ་ཞིང༌། རང་གི་སྡིག་སྒྲིབ་ཐམས་ཅད་དང་གནོད་པར་བྱེད་པའི་བགེགས་ཐམས་ཅད་སྲེག་པར་བསམས་ཤིང་སྔགས་བཟླའོ། །དེ་ལ་ཅུང་ཟད་བརྟན་པ་དང༌། མེ་དེ་ཇེ་ཆེ་ཇེ་ཆེར་སོང་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ། བདག་ལ་གནོད་པར་བྱེད་པའི་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སྲེག་པར་བསམ་ཞིང༌། སྔགས་བཟླ་བར་བྱའོ། །དེ་ནས་ཐུན་འཇོག་ཁར་མེ་འདོམ་གང་ཚུན་ཆད་དུ་བསྡུས་ལ་བཞག་གོ །ཡང་རང་གི་འདོམ་གང་ཚུན་ཆད་ཀྱི་མེ་ལས། གང་གནོད་པར་བྱེད་པ་ཡོད་པའི་སར། མེ་དེ་ལས་དམར་ནར་གྱིས་དེའི་སྟེང་དུ་སོང་སྟེ་སྲེག་པར་བསམ་ཞིང་སྔགས་
བཟླའོ། །ཐུན་འཇོག་ཁར་འདོམ་གང་ཚུན་ཆད་དུ་བསྡུས་པས་སྲུང་བའི་མཆོག་ཏུ་འགྱུར་རོ། །ཁ་ཅིག་མེ་སྦར་བ་རྒྱ་ཆེར་བྱས་ན་གནོད་པ་མ་བྱས་པའི་བགེགས་ལ་གནོད་པས་མི་བྱ་གསུངས། ཁ་ཅིག་གནོད་པར་བྱེད་པར་མ་བསམ་ན་གནོད་པའི་སྣང་བ་གཞན་ལ་མི་འཆར་བས་མི་ལྟོ་གསུངས། ལུགས་གཅིག་གོ །ཡང་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་དེ་ཁ་དོག་དམར་པོར་བསྒྱུར་ལ་དེ་ལས་མེ་སྦར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡང་ན་སྤྱི་བོར་ཉི་མའི་དཀྱིལ་འཁོར་ལ་ཧྃ་ཁ་དོག་དམར་པོ་ཁྲུ་གང་པ་ཞིག་བསམས་ལ། དེ་ལ་མེ་འབར་བས་ལུས་མགོ་ནས་མར་རིམ་གྱིས་འབར་བར་བསམས་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །མེ་སྦར་བ་ལུགས་གསུམ་པའོ། །དེ་ནས་སེ་གོལ་གྱིས་སྲུང་བ་ནི། ཐུན་འཇོག་ཁའམ། དུས་ནམ་ཡང་རུང་སྟེ། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པར་བྱ་སྟེ། ལག་པ་གཡོན་པ་སྡིགས་མཛུབ་བྱས་ལ། གཡས་པས་སྤྱི་གཙུག་གམ། མུར་གོང་གཡོན་པ་ནས་སྐྲ་ཚོམ་གཅིག་བླངས་ཏེ་གཡས་སུ་ལན་གཅིག་བསྐོར་ཏེ། དེ་ནས་གཡོན་སྡིགས་མཛུབ་དང་བཅས་པས་བཟུང་སྟེ། གཡས་ཀྱི་སེ་གོལ་གཏོགས་ཤིང༌། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ལན་གཅིག་བརྗོད་དེ། དེ་ལྟ་བུ་ལན་བདུན་བྱས་ལ། མཐར་སྐྲ་ལ་གྲོལ་མདུད་གཅིག་བྱས་ལ་བཞག་གོ །སྐྲ་མེད་པའི་མི་རྣམས་ཀྱིས་ཀྱང༌། གཡོན་པས་སྙིང་གར་སྡིགས་མཛུབ་བྱས་ཏེ། གཡས་པས་བསྐོར་ཞིང༌། སེ་གོལ་གཏོགས་ཤིང་སྔགས་ཀྱི་བཟླས་པ་ལན་བདུན་བྱས་པ་ཉིད་ཀྱིས་ཆོག་གོ །ཡང་ན་གང་ཡིན་ཀྱང༌། གཡོན་པས་སྙིང་གར་སྡིགས་མཛུབ་བཅས་ཏེ། གཡས་པའི་སེ་གོལ་དང་པོ་མདུན་དུ། དེ་ནས་གཡས་སུ། རྒྱབ་ཏུ། གཡོན་དུ། སྟེང་དུ། འོག་ཏུ། མཐར་གཡས་སུ་ལན་གཅིག་བསྐོར་ལ་མདུན་དུ་གཏོགས། དེ་ནས་མཚམས་བཅིངས་ཏེ། དེ་རེ་རེ་ལ་
ཡང་སྔགས་རེ་རེ་བཟླའོ། །དེ་ནས་སྡིགས་མཛུབ་ཀྱིས་སྲུང་བ་ནི། ལག་པ་གཡོན་པ་སྙིང་གར་སྡིགས་མཛུབ་བཟུང་ལ། སེམས་ཀྱིས། སྤྱི་བོར་ཉི་མའི་དཀྱིལ་འཁོར་ཤིན་ཏུ་ཆེ་བ་གཅིག དེའི་སྟེང་དུ་ཧཱུྃ་རང་གི་ལུས་ཙམ་ཞིག་བསམས་ཏེ། དེ་ནས་གཡོན་པའི་སྡིགས་མཛུབ་ལ། གཡས་པའི་སེ་གོལ་རྡེབ་ཅིང༌། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཞེས་ཕཊ་མེད་པ་ལན་གཅིག་བརྗོད་ཅིང༌། སེམས་ཀྱིས་སྤྱི་བོའི་ཉི་མ་དང༌། ཧཱུྃ་དང་བཅས་པ་ཐིམ་པར་བསམས་པའི་སྟོབས་ཀྱིས་ལུས་ཐམས་ཅད་རྡོ་རྗེ་ཕྲ་མོ་ནས་འབྲས་ཙམ་གྱིས་གང་བར་བསམ་པའམ། ཡང་ན་སྤྱི་བོ་དང༌། མཆན་ཁུང་གཉིས་དང༌། དཀུ་གཉིས་དང༌། རྐང་མཐིལ་གཉིས། སྙིང་ག་སྟེ་གནས་བརྒྱད་དུ། རྡོ་རྗེ་རྒྱ་གྲམ་རེ་རེ་བསམས་ཏེ། བརྒྱ་བྱིན་གྱི་རྡོ་རྗེས་ཀྱང་མི་ཕྱེད་པར་བསམས་པས་ཕྱེད་པར་མི་འགྱུར་རོ། །རལ་གྲིས་སྲུང་བ་ནི། རལ་གྲི་འོད་འབར་བ་ཆངས་བཟུང་གི་ནང་སྟོང་པར་བསམས་ལ། རལ་གྲིའི་སོ་ལ་ཨོཾ། དེའི་འོག་ཏུ་ཙ་ཎ། ཆངས་བཟུང་གི་དབུས་སུ་ཌ། གཡས་སུ་མ་གཡོན་དུ་ཧཱ། ཆངས་བཟུང་གི་འོག་གི་དབུས་སུ་རོ། གཡས་སུ་ཥ། གཡོན་དུ་ཎ། རིན་པོ་ཆེ་ལ་ཕཊ། ཆངས་བཟུང་ལ་ཧཱུྃ། དེ་ཐམས་ཅད་ཉི་མ་ལའོ། །དེ་ནས་ཆངས་བཟུང་སྟོང་པའི་ནང་དུ་རང་འདུག་པར་བསམས་ནས། རལ་གྲི་ལས་འོད་འབར་བ་གཡས་སྐོར་དུ་འཁོར་བར་བསམ་མོ། །སྲུང་བའི་མཆོག་གོ །དེ་ནས་ཐུན་ཐ་མ་སྲོད་ཀྱི་ཐུན་ཐོན་ནས། ཉལ་བའི་དུས་སུ། ཉལ་བའི་རྣལ་འབྱོར་བྱ་བ་ནི། སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་ཧཱུྃ་ལས་མེ་འབར་བས་མེ་དེ་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས་པས། སྣོད་བཅུད་ཐམས་ཅད་བསྲེགས་ནས་སྟོང་པར་བསམ། དེ་ནས་རང་གི་ལུས་ཀྱང་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ། རང་གི་ཤེས་པ་ཧཱུྃ་མཐིང་
ནག་འོད་འབར་བ་གཅིག་ཏུ་བསམ། དེ་ལས་རལ་གྲི་འོད་འབར་བ་ཞིག་ཏུ་བསྒོམས་ལ། དེ་ལས་མེ་འབར་བ་ལ་ཤེས་པ་གཏད་དེ་ཉལ་ལོ། །དེ་ཡང་རལ་གྲི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཡིན་ལ། དེ་ལས་མེ་འབར་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་གསུངས་སོ། །དེ་ནས་ཆུས་སྲུང་བ་ནི། ནངས་པར་ལྟོ་སྟོང་གི་དུས་སུ་ཁྲུས་བྱས་པའི་རྗེས་ལ་བྱ་སྟེ། དེ་ཡང་དང་པོར་ལུང་ལེན་པའི་དུས་སུ། ནམ་མཁའི་སྐར་མ་མ་སངས་པར་བུམ་པར་ཆུ་བླངས་ལ། དེ་ཁ་བཅད་དེ། ནམ་མཁའ་མི་མཐོང་བར་བྱས་ལ། དེ་ནས་བླ་མ་རྗེ་བཙུན་གྱི་ང་རྒྱལ་བརྟན་པོ་བྱས་ལ། ལག་པ་གཡས་པས་བུམ་པ་ཁ་བཅད་ལ། སློབ་མས་ལག་པར་མེ་ཏོག་བཟུང་སྟེ། བླ་མའི་རྗེས་སུ་བཟླས་པ་ལན་གཅིག་བྱ། དེ་ནས་བླ་མས་སྔགས་ལན་བདུན་བཟླས་ཏེ། སློབ་མའི་ལག་པ་གཡས་པར་ཆུ་བླུགས་ལ་འཐུང་དུ་བཅུག་སྟེ། དེ་ལྟ་བུ་ལན་གསུམ་བྱ། དེ་ནས་སློབ་མས་བླ་མའི་རྗེས་སུ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ལ། བླ་མ་ལ་མེ་ཏོག་དབུལ། བླ་མས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ལ། སླར་སློབ་མའི་མགོར་མེ་ཏོག་སྦྱིན་ནོ། །འདིས་ནི་བླ་མ་དང་ནུས་པ་མཉམ་པར་འགྱུར་རོ། །དེ་ནས་ཕྱིས་རང་གིས་བྱེད་པའི་དུས་སུ། ནངས་པར་གྱི་ཁྲུས་བྱེད་པའི་རྗེས་ལ། ལག་པ་གཡས་པར་ཆུ་བླུགས་ཏེ། གཡོན་པས་དེ་ཡི་རྒྱབ་ནས་མཉེ་ཞིང༌། སྔགས་ལན་གསུམ་བཟླས་ལ་བཏུང༌། དེ་ལྟ་བུ་ལན་གསུམ་བྱ། སྔགས་ནི་ན་མཿཙཎྜ་མ་ཧཱ་རོ་ཥ་ཎཱ་ཡ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎཱ་ཡ། ཀྵཾ་ཏྲཾ་ཏྲཱ་ས་ཡ། ཏྲཱ་ས་ཡ། སརྦ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། འདི་མ་ཆག་ན་རིམས་དྲག་པོ་དང༌། འཇིགས་པའི་སར་ཡང་དགྲ་བགེགས་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་དག་རེ་
རེས་ཀྱང་ཉིན་ཞག་གཅིག་གི་གསུང་བར་འགྱུར་རོ། །སྲུང་བའི་བྱེ་བྲག་བསྟན་པའོ། །དངོས་གྲུབ་མྱུར་དུ་བསྒྲུབ་པར་བྱ་བ་ལ་ཚོགས་གསག་པའི་ཕྱིར། ཐུན་མཚམས་སུ་མཎྜལ་ལ་བརྟེན་ཏེ་བསྒྲུབ་པར་འདོད་ན། རང་དབང་པོ་རབ་འབྲིང་གང་ཡང་རུང་བའི་ལྷའི་རྣལ་འབྱོར་དུ་གསལ་བཏབ་ལ། སེམས་བསྐྱེད་སྔོན་དུ་སོང་བས། མདུན་དུ་མཎྜལ་ཁྲུ་གང་ཟླུམ་པོ། དྲི་བཟང་པོས་ལེགས་པར་བྱུགས་ལ། དེ་ནས་ལག་པ་མ་བཏེག་པར་མེ་ཏོག་གཅིག་བཞག དེར་འཕགས་པ་མི་གཡོ་བ་སྐད་ཅིག་གིས་བསམས་ལ། དེའི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ། དེས་བར་ཆད་ཞིའོ། །དེ་ནས་སྔར་གྱི་དེ་བསལ་ལ། དབུས་སུ་མེ་ཏོག་ཚོམ་བུ་གཅིག་བཞག་གོ །དེ་ནས་ཕྱོགས་མཚམས་བརྒྱད་དུ་ཡང་བཞག་སྟེ། ཚོམ་བུ་དགུ་མར་བྱའོ། །དེ་ནས་དབུས་ཀྱི་ཚོམ་བུའི་སྟེང་དུ། པྃ་སེར་པོ་ལས་པདྨ་འདབ་བརྒྱད་དམར་པོ། །དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་མཐིང་ག་དེ་དང་རང་གི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་བྱུང་བས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་ཧཱུྃ་དེ་ལ་ཐིམ་པས་ལྷ་དགུ་དུས་གཅིག་ཏུ་བསྐྱེད་དོ། །དབུས་སུ་པདྨ་དང་ཉི་མ་ལ་རྡོ་རྗེ་གཏུམ་པོ། མི་བསྐྱོད་པས་དབུར་བརྒྱན་པ། ཤར་དུ་སེང་གེའི་ཁྲི་ལ་རྣམ་པར་སྣང་མཛད། སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་མཆོག་སྦྱིན། གཡོན་མཉམ་གཞག རྟའི་གདན་ལ་བཞུགས་པ། ནུབ་ཏུ་རྨ་བྱའི་ཁྲི་ལ་འོད་དཔག་ཏུ་མེད་པ། སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། བྱང་དུ་ནམ་མཁའ་ལྡིང་གི་ཁྲི་ལ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ། གཡས་སྐྱབས་སྦྱིན། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན་ནོ། །ཡང་ན་ཤར་དང་ནུབ་ཏུ་ཟླ་བའི་གདན། ལྷོ་དང་བྱང་དུ་ཉི་མའི་གདན་བསྒོམས་ཀྱང་ཆོག་གསུངས་སོ། །ཤར་ལྷོར་སྤྱན་མ་སྐུ་མདོག་དཀར་མོ། གཡས་འཁོར་
ལོའི་ལྟེ་བ་ལ་མིག་གི་འབྲས་བུ་ཡོད་པར་འཛིན་པ། གཡོན་གདན་ལ་བརྟེན་པའོ། །ལྷོ་ནུབ་ཏུ་མཱ་མ་ཀི་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་གདན་ལ་བརྟེན་པའོ། །ནུབ་བྱང་དུ་གོས་དཀར་མོ་སྐུ་མདོག་དམར་པོ། གཡས་པདྨ། གཡོན་གདན་ལ་བརྟེན་པའོ། །བྱང་ཤར་དུ་སྒྲོལ་མ་ལྗང་གུ། གཡས་མཆོག་སྦྱིན། གཡོན་ཨུཏྤལ་འཛིན་པའོ། །ལྷ་མོ་ཐམས་ཅད་པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ལྷ་ཐམས་ཅད་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། དར་ཁ་དོག་སྣ་ཚོགས་ཀྱི་ཤམ་ཐབས་ཅན། འོད་འབར་བར་བསམ་མོ། །ཡང་ལྷ་མོ་བཞི་མེད་དེ། ལྷ་ལྔར་བྱས་ཀྱང་བཏུབ་གསུངས་སོ། །དེ་ནས་དེའི་མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་བཤམས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎའི་སྔགས་ཀྱི་རྗེས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་པས་མེ་ཏོག ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཞེས་པས་བདུག་སྤོས། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་གིས་ཞལ་ཟས་དབུལ། དེ་བཞིན་དུ་ལྷ་དགུ་པོ་རེ་རེ་ལའང་དབུལ། མ་འབྱོར་ན་དུས་གཅིག་ཕུལ་བས་ཆོག དེ་ནས། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ལ་སོགས་གང་ཡང་རུང་བའི་བསྟོད་པས་བསྟོད་ལ། བཟང་སྤྱོད་ལས་འབྱུང་བ་བཞིན་དུ་ཡན་ལག་བདུན་པ་བྱ་བའམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་
དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དབུས་ཀྱི་གཙོ་བོ་ལ་དམིགས་ཏེ། ཡི་གེ་བཅུ་པ་ཅི་ནུས་བཟླས། དེ་ནས་གྲུབ་ན་གཏོར་མ་བཏང་ལ། དེ་ནས་ཡི་གེ་བརྒྱ་པ་ཅི་ནུས་སུ་བརྗོད་ལ། མཐར་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ། མེ་ཏོག་ཚོམ་བུ་རྣམས་དབུས་སུ་བསྡུས་ཏེ། སྲིན་ལག་གཡས་ལ་མགོ་བོར་རེག་པར་བྱའོ། །དེ་ནས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད་ལ་སོགས་པས་སྨོན་ལམ་གདབ་པར་བྱའོ། །མཎྜལ་གྱི་ཆོ་གའོ། །མཎྜལ་དང་འབྲེལ་པའམ། དུས་ནམ་དུའང་རུང་བར་གཏོར་མ་གཏོང་བར་བྱའོ། །དེ་ཡང་སྤྱིར་གཏོར་མ་ནི་རྣམ་པ་ལྔ་སྟེ། རྒྱུན་དུ་གཏོང་བའི་གཏོར་མ། ནད་པའི་དོན་དུ་གཏོང་བའི་གཏོར་མ། རྨི་ལམ་ངན་པ་ཟློག་པ་དང་འཆི་བ་སླུ་བའི་གཏོར་མ། ལམ་དུ་སྲུང་བའི་གཏོར་མ། མཆོག་གི་དངོས་གྲུབ་སྒྲུབ་པའི་གཏོར་མའོ། །དེ་ལ་དང་པོ། ཤ་རློན་པ་དང༌། དཀུ་བག་ཅན་དང༌། ཁྲག་ལ་སོགས་པས་མ་སྦགས་པའི་ཟས་གཙང་མ་དང༌། དཀར་གསུམ་ལ་སོགས་པ་ཅི་འབྱོར་པ་ལ་ཆུ་གཙང་མས་སྦྱངས་ཏེ། མདུན་དུ་བཤམས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལྷའི་བུའི་བདུད་ལ་སོགས་པའི་བར་ཆད་ཞི་བར་བྱ་བ་དང༌། བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་གཏོར་མ་འབུལ་སྙམ་དུ་སེམས་བསྐྱེད་ལ། དེ་ནས་ཨོཾ་ཨཱཿཧཱུྃ་ལན་གསུམ་མམ་ལྔ་ལ་སོགས་པ་བརྗོད་པས་བྱིན་གྱིས་བརླབས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བལྟས་པས་ཚིམས་པ་དང༌། དེ་བཞིན་དུ། དྲི་དང༌། རོ་དང༌། རེག་བྱ་ཕུན་སུམ་ཚོགས་པ། མི་རྒས་པ་དང༌། མི་འཆི་བ་ལ་སོགས་པར་བྱེད་པའི་ནུས་པ་ཕུན་
སུམ་ཚོགས་པར་བསམས་ཏེ་རྫས་སྦྱང་བའོ། །དེ་ནས་མདུན་གྱི་ནམ་མཁར་སྐད་ཅིག་མ་ཙམ་མམ། ས་བོན་ལས། པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་གཏུམ་པོ་བསྐྱེད་ལ། དེ་ནས་རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་ཅུང་ཞིག་ཞལ་གདངས་པར་བསམས་ལ། དེའི་ལྗགས་ཀྱི་འོད་ཟེར་གྱིས་གསོལ་བར་བསམས་ལ། ཐལ་མོ་སྦྱར་བ་ཅུང་ཞིག་ཕྱེ་ལ། ངག་དུ་ཡི་གེ་བཅུ་པ་བདུན་ནམ། ཉི་ཤུ་རྩ་གཅིག་གིས་གསོལ་བར་བསམས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་པ་ལ་སོགས་པས་མེ་ཏོག་ཕུལ་ལ། མཆོད་པ་རྣམ་ལྔས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཤིང༌། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་དེ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མ་གཡོས་ཐུགས་རྗེ་མི་གཡོ་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པའམ་གང་ཡང་རུང་བས་བསྟོད། བཅོམ་ལྡན་འདས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། བདག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་བྱ་བ་ལ་སོགས་པ་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་གཏོར་མ་གཞན་འབུལ་ན། ལྷ་བསྐྱེད་པ་དེས་ཆོག སེམས་བསྐྱེད་པ་ལ་སོགས་པ་གཞན་བྱའོ། །གཏོར་མ་རྫོགས་པ་དང་བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་འབྱོར་ན་གཏོར་མ་དེ་སྣོད་དང་བཅས་པ་བསྐྱལ། མི་ནག་པོའམ། ཁྱི་ནག་པོའམ། བྱ་ནག་པོས་ཁྱེར་ན་དངོས་གྲུབ་མྱུར་བའི་རྟགས་ཡིན་ནོ། །དེ་ཉིད་ཀྱིས་
ལས་བཞིའི་གཏོར་མའང་ཤུགས་ལས་གོ་བར་བྱེད་དེ། ཞི་བ་ལ་གཏོར་མ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། ལས་འཇམ་པོ་གསུམ་པོ་དེའི་གཏོར་སྟེགས་སྒོའི་གཡས་ཕྱོགས་སུ་བྱའོ། །དྲག་པོ་ལ་གཏོར་མ་ནག་པོ་གཏོར་སྟེགས་ཀྱང་ནག་པོ་སྒོའི་གཡོན་ཕྱོགས་སུ་བྱའོ། །འདི་ཐམས་ཅད་ལ་ཐོག་མར་སེམས་བསྐྱེད་པ་དང༌། གསོལ་ལ་བཏབ་པའི་ཁྱད་པར་མི་འདྲ་བ་ཡིན་ནོ། །ནད་པའི་དོན་དུ་གཏོང་ན། རྟེན་གྱི་ཁྱད་པར་མཎྜལ་ཚོམ་བུ་དགུ་མ་ཞིག་གི ཚོམ་བུ་དབུས་མའི་སྟེང་གཏོར་མ་བཞག དུས་ཀྱི་ཁྱད་པར་ཉི་མ་རྒས་ལ་ཁད་པ་ན། ནམ་མ་སྲོས་ཀྱི་བར་ལ། གྲངས་ཀྱི་ཁྱད་པར་དྲུག་ཅུ་རྩ་བཞི། བསམ་པའི་ཁྱད་པར་ནད་ཞི་བར་བྱ་བའི་བསམ་པས་གཏང༌། གཞན་སྔ་མ་དང་འདྲ། ཁྱད་པར་དུ་ནད་ཞི་བའི་དོན་དུ་གསོལ་ལ་གདབ། དེ་ནད་པ་ལ་ལན་གསུམ་བསྐོར་ལ་ཆུ་བོ་ལ་སོགས་པར་དོར་ལ་གཏང༌། ངེས་པར་འཆི་བ་བསླུའོ། །རྨི་ལམ་ངན་པ་དང༌། འཆི་ལྟས་ནི། གོས་དམར་པོ་གོན་པའམ། བོང་བུ་ནག་པོ་ལ་ཞོན་ནས་ལྷོ་ཕྱོགས་སུ་ཕྱིན་པ་དང༌། ཆུས་ཁྱེར་བ་དང༌། ཐུར་ལ་འགྲོ་བ་ལ་སོགས་པ་རྨི་ན། དེ་ཟློག་པ་ནི། འབབ་ཆུ་ལ་སོགས་པའི་དྲུང་དུ་ཕྱིན་ལ་བཏང་སྟེ། འདི་ལའང་གྲངས་དྲུག་ཅུ་རྩ་བཞིར་ངེས་པས། ཁྱད་པར་དུ་སེམས་བསྐྱེད་པ་བདག་གི་དུས་མ་ཡིན་པར་འཆི་བ་ལ་སོགས་པ་དང༌། རྨི་ལམ་ངན་པ་ཟློག་པའི་དོན་དུ་འཕགས་པ་ལ་གཏོར་མ་འབུལ་སྙམ་དུ་སེམས་བསྐྱེད། གསོལ་བ་ཡང་དེ་བཞིན་གདབ་པར་བྱའོ། །ལྷག་མ་ནི་སྔ་མ་དང་འདྲའོ། །ལམ་དུ་སྲུང་བའི་དོན་དུ་གཏོར་མ་གཏོང་ན། གང་འགྲོ་བའི་ཕྱོགས་སུ་ཁ་བལྟས་ལ། འཕགས་པའི་བྲིས་སྐུ་ཞིག་ཞལ་ཕྱེ་སྟེ། སེམས་བསྐྱེད་པའི་རྗེས་ལ། བདག་གིས་དགྲ་དང༌། ཆོམ་རྐུན་ལ་སོགས་པའི་འཇིགས་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་གཏོར་མ་
འབུལ་སྙམ་དུ་སེམས་བསྐྱེད་ལ། དེ་ནས་བྲིས་སྐུ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་བྱས་ཏེ། དེ་ལ་གཏོར་མ་དབུལ། དེ་ནས་མཆོད་པ་དང༌། བསྟོད་པ་ལ་སོགས་པ་བྱས་ནས། བདག་གི་དགྲ་དང་ཆོམ་རྐུན་ལ་སོགས་པའི་འཇིགས་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་གང་འགྲོ་བའི་ཕྱོགས་སུ་གཏོར་མ་གཏོང༌། མདུན་དུ་བཞུགས་པའི་བཅོམ་ལྡན་འདས་དེ་ཤིན་ཏུ་ཆེན་པོ་ཞིག་ཏུ་བསྒོམས་ལ། དེའི་ཐུགས་ཀ་ནས། བདག་ཉིད་མི་གཡོ་བའི་ང་རྒྱལ་གྱིས་འགྲོ་འདུག་ཐམས་ཅད་བྱེད་པར་བསམས་ལ་འགྲོའོ། །མཆོག་གི་དངོས་གྲུབ་ཀྱི་དོན་དུ་གཏོང་ན། གཏོར་མའི་ཡོ་བྱད་དང༌། གཏོང་བ་དང༌། སྐྱེལ་བ་ཐམས་ཅད་སུས་ཀྱང་མི་མཐོང་བར་བྱས་ལ། མདོར་ན་གཏོར་མའི་སྣོད་དུ་དབུལ། མཆོག་གི་དངོས་གྲུབ་ཀྱི་དོན་དུ་སེམས་བསྐྱེད་པ་དང་གསོལ་བ་གདབ་པར་བྱ། གཞན་ཐམས་ཅད་སྔར་དང་འདྲ། གཏོར་མའི་ཆོ་གའོ། །རྡོ་རྗེ་གཏུམ་པོའི་བྲིས་སྐུ་བྱ་བའི་ཐབས་ནི་རྣམ་པ་བཞི་སྟེ། སྨིན་དྲུག་གི་ཟླ་བའི་ཚེས་བཅོ་ལྔའི་ཉིན་འབའ་ཞིག་གིས་རྫོགས་པར་བྱ་བ་དང༌། ཟླ་བ་དེ་ཉིད་ཀྱི་ཡར་ངོས་རྫོགས་པར་བྱ་བ་དང༌། རྭ་བ་བཞི་གང་རུང་གི་ཡར་ངོས་རྫོགས་པར་བྱ་བ་དང༌། དུས་ནམ་དུ་ཡང་རུང་བས་རྫོགས་པར་བྱ་བའོ། །དེ་ལ་དང་པོ་ཚེས་བཅུ་གསུམ་གྱི་ཉིན་མོ། ལྷ་བཟོ་མཁན་སྙན་གསན་དབབ། བཅུ་བཞིའི་ཉིན་མོ་ལྷ་བཟོ་བས་དོན་ཞགས་ལ་སོགས་པའི་གསོ་སྦྱོང་ལེགས་པར་བླངས་ལ་རས་འདུལ་བྱའོ། །བཅོ་ལྔའི་ཉིན་མོ་གསོ་སྦྱོང་ལ་སོགས་པ་སྔར་བཞིན་བྱས་ལ། སྐྱ་རིས་ནས་བརྩམས་ཏེ། དགོང་མོའི་བར་གྱིས་སྤྱན་ཕྱེད་པར་བྱས་ལ། བཅུ་དྲུག་གི་ཉིན་པར་རོལ་མོའི་སྒྲ་དང་བཅས་པའི་མཆོད་པ་རྒྱ་ཆེན་པོར་བྱས་པ་ཉིད་ཀྱིས། རྟེན་འབྲེལ་གྱི་ཆེ་བས་རབ་ཏུ་གནས་པར་འགྱུར་རོ། །དེ་ལ་བྲིས་སྐུ་ལྷར་
བསྐྱེད་པ་ལ་སོགས་གང་ཡང་མི་དགོས་སོ། །དེ་ལྟ་བུའི་བྲིས་སྐུ་ཞིག དགེ་སློང་ཞིག་ལ་ཡོད་པ་ལ་ཆོམ་རྐུན་བྱུང་ནས་བྲིས་སྐུ་བརྒྱབ་པས་ཆོམ་རྐུན་ཤི་གསུངས་སོ། །དེ་མ་གྲུབ་ན། ཟླ་བ་དེ་ཉིད་ཀྱི་ཚེས་གཅིག་ནས་བཅོ་ལྔའི་སྔ་དྲོ་རབ་ཏུ་གནས་པ་རྫོགས་པར་བྱས་ཏེ། དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་པ་ཉིད་ཀྱིས་རབ་ཏུ་གནས་པ་མཆོག་ཏུ་འགྱུར་རོ། །དེའང་མ་གྲུབ་ན་ཟླ་བ་གང་ཡང་རུང་བའི་ཡར་ངོའམ། ར་བ་བཞི་གང་ཡང་རུང་བའི་ཡར་ངོས་རྫོགས་པར་བྱས་ལ། བཅོ་ལྔའི་སྔ་དྲོ་མཆོད་པ་རྒྱ་ཆེན་པོ་བྱས་ནས། མེ་ཏོག་སྔོན་པོའི་ཕྲེང་བ་གཉིས་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ཏེ། བྲིས་སྐུའི་གཡས་གཡོན་གཉིས་སུ་བཏགས་པས། དེ་ཉིད་ཀྱིས་རབ་ཏུ་གནས་པར་འགྱུར་རོ། །དེའང་མ་གྲུབ་ན། དུས་ནམ་ཡང་རུང་བས། གཏུམ་པོའི་བྲིས་སྐུའམ། ལུགས་མ་ལ་སོགས་པ་རྫོགས་པར་བྱས་ཏེ་རབ་ཏུ་གནས་པར་བྱ་བ་ནི། གཟའ་དང་རྒྱུ་སྐར་བཟང་བ་ལ། གདུགས་དང༌། རྒྱལ་མཚན། བ་དན་ལ་སོགས་པས་བརྒྱན་པ། དྲི་ཞིམ་པོས་བྱུགས་པའི་སར། མཎྜལ་གྱི་སྟེང་དུ་དྲི་ཞིམ་པོའི་ཆུས་གང་བའི་བུམ་པ་གཙང་མ་ཞིག་བཞག བའི་རྣམ་ལྔ་དང༌། དྲི་ཞིམ་པོའི་འདག་ཆལ་དང༌། མེ་ལོང་དང༌། མེ་ཏོག་སྔོན་པོའི་ཕྲེང་བ་གཉིས་དང༌། གཏོར་མ་གཉིས་དང༌། མཆོད་པ་རྒྱས་པ་རྣམས་ལེགས་པར་སྟ་གོན་བྱའོ། །དེ་ནས་རང་གཏུམ་པོའི་རྣལ་འབྱོར་རབ་འབྲིང་གསུམ་གང་ཡང་རུང་བས་བསྐྱེད་ལ་བཟླས་པ་བྱའོ། །དེ་ནས་མེ་ལོང་གི་ངོས་ལ་བྲིས་སྐུའི་གཟུགས་བརྙན་འཆར་བར་བྱས་ལ། བའི་རྣམ་ལྔ་དང༌། དྲི་ཞིམ་པོའི་འདག་ཆལ་དང༌། བུམ་པའི་ཆུས་བཀྲུ་བར་བྱ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་
ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་ཁྲུས་བྱའོ། །དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་བུམ་པའི་ཆུས་བཤལ་ལ། ཨོཾ་ཀཱ་ཡ་བི་ཤོ་དྷ་ནི་ཞེས་པས་སྐུ་ཕྱིའོ། །དེས་ནི་མ་དག་པ་ལ་སོགས་པ་ཐམས་ཅད་དག་པར་བྱས་པ་ཡིན་ནོ། །དེ་ནས་རྡོ་རྗེ་གཏུམ་པོའི་ཐུགས་ཀར་ས་བོན་ལ་དམིགས་ལ། དེ་ལས་འོད་བྱུང་སྟེ། འོད་ཕུང་དུ་བྱས་པ་དེ་ཧཱུྃ་ལ་བསྡུས་ལ། དེའང་ནཱ་ད་དང༌། སྟོང་པ་ལ་སོགས་པ་བྱས་ཏེ། དེའི་ངང་ལས་བཾ་རྃ་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་གཏུམ་པོའི་སྐུར་དམིགས་པར་བྱ་བའོ། །དེ་ནས་རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས། བཅོམ་ལྡན་འདས་མི་བསྐྱོད་པ་ཡུམ་མཱ་མ་ཀི་དང་བཅས་པ། བྲིས་སྐུའི་སྟེང་གི་ནམ་མཁར་སྤྱན་དྲངས་ཏེ། དེ་གཉིས་སྐད་ཅིག་གིས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཧཱུྃ་གིས་རྣམ་པར་གྱུར་ཏེ་ཐུགས་ཀའི་རལ་གྲིའམ། རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་བཞུགས་པར་བསམ་མོ། །དེ་ལས་འོད་བྱུང་བས། བཅོམ་ལྡན་འདས་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དམ་ཚིག་སེམས་དཔའ་གསལ་བཏབ་ལ། དེའི་ཐུགས་ཀའི་ས་བོན་གྱི་འོད་དང༌། རང་གི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་མི་གཡོ་བའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་མཆོད་པ་རྒྱ་ཆེན་པོ་རོལ་མོའི་སྒྲ་དང་བཅས་པས་མཆོད་བསྟོད་བྱ། གཏོར་མ་དབུལ་ལོ། །དེ་ནས་ལག་པ་གཡས་པས་བྲིས་སྐུ་ལ་བཟུང་བའམ། དེ་ལ་གཟུངས་ཐག་བཏགས་ཏེ་བཟུང་ལ་ཡི་གེ་བཅུ་པ་སྟོང་རྩ་བརྒྱད་བཟླས་སོ། །དེ་ནས་མཆོད་པ་རྒྱས་པས་མཆོད། བསྟོད་པས་བསྟོད་ལ། གཏོར་མ་འབུལ་ཏེ། མེ་ཏོག་སྔོན་པོའི་ཕྲེང་བ་ལ་རྟེན་འབྲེལ་སྙིང་པོ་
བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ཏེ། བྲིས་སྐུའི་གཡས་གཡོན་དུ་གདགས་པར་བྱའོ། །དེས་ནི་རབ་ཏུ་གནས་པའི་མཆོག་ཏུ་འགྱུར་ཏེ། དེ་ལྟ་བུའི་ཆོ་ག་གང་ཡང་རུང་བ་བྱས་པའི་བྲིས་སྐུའི་སྤྱན་སྔར། མཎྜལ་དང༌། མཆོད་པ་དང༌། གཏོར་མ་ཕུལ་ཏེ་གསོལ་བ་བཏབ་ན་སྡིག་པ་ཐམས་ཅད་འདག་པ་དང༌། ཡིད་ལ་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་དང་གང་གི་ནད་དང་གདོན་ཞི་བར་འདོད་ན། ཐང་སྐུ་དེ་ཕྱར་ཏེ་མཆོད་པ་དང༌། གཏོར་མ་ཕུལ་བ་ཙམ་གྱིས་མི་དང་མི་མ་ཡིན་པའི་གནོད་པ་དང༌། ནད་དང་རིམས་ལ་སོགས་པ་དང༌། ལྟས་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །བྲིས་སྐུའི་ཆོ་གའོ། །གཏུམ་པོའི་འཁོར་ལོ་བྱེད་པར་འདོད་པས། བྲི་བའི་གཞི་རས་སམ། གྲོ་གའམ། ཤིང་ཤུན་ལ་བྲི་བའི་སྣག་ཚ་ནི། སྐྱེས་པ་སྲུང་བ་ལ་གུར་གུམ་མམ། གི་ཝཾ་བུད་མེད་སྲུང་བ་ལ། རྒྱ་སྐྱེགས་ཀྱི་ཁུ་བས་བྲི་བར་བྱའོ། །དེ་ཡང་འཁོར་ལོ་རྣམ་པ་གཉིས་ལས། ཆུང་ངུ་ནི། རྩིབས་བརྒྱད་པ་ལྟེ་བ་དང༌། མུ་ཁྱུད་དང་བཅས་པ་བྲིས་ལ། རྩིབས་བརྒྱད་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཞེས་པ་བྲིས་ལ། ཡི་གེ་མགོ་བོ་ཕྱིར་བསྟན་པ་གཡས་སྐོར་དུ་འགོད་དོ། །ལྟེ་བ་ལ་ཧཱུྃ་དང་ཕཊ་ཀྱི་བར་དུ། ཆེ་གེ་མོ་རཀྵ་རཀྵཿཞེས་བྲིའོ། །མུ་ཁྱུད་ལ་ཨཱ་ལི་བཅུ་དྲུག་མགོ་བོ་ཕྱིར་བསྟན་པ་གཡས་སྐོར་དུ་བྲིའོ། །ཀཱ་ལི་སུམ་ཅུ་རྩ་བཞི་མགོ་བོ་ཕྱིར་བསྟན་པ་གཡས་སྐོར་དུ་བྲིའོ། །ཆུང་ངུའོ། །འཁོར་ལོ་ཆེན་པོ་ནི། འཁོར་ལོ་གཞུང་དང་དཔེའུ་ཆུང་ལས་འབྱུང་བ་བཞིན་བྲི་བར་བྱའོ། །དེ་ལྟར་གང་རུང་བྲིས་ལ་འཁོར་ལོའི་རབ་ཏུ་གནས་པ་བྱེད་པར་འདོད་པས། མཎྜལ་གྱི་སྟེང་དུ་འཁོར་ལོ་ཟངས་ལ་སོགས་པ་གཙང་མའི་སྣོད་ཀྱི་ནང་དུ་བཞག མེ་ཏོག་ལ་སོགས་པ་མཆོད་པ་ལྔ་དང༌། གཏོར་མ་གཅིག་བཤམ་མོ། །དེ་ནས་དབང་པོ་རབ་འབྲིང་ཐ་གསུམ་གང་ཡང་རུང་བའི་
ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། འཁོར་ལོ་ལ་མེ་ལོང་བསྟན་ཏེ་དེའི་གཟུགས་འཆར་བར་བྱས་ལ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པའི་ཆུས་བཀྲུའོ། །དེ་ནས་སྐད་ཅིག་གིས་འཁོར་ལོ་མི་དམིགས་པའི་སྟོང་པ་ལས། པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་འཁོར་ལོ་བྲིས་པ་ཇི་ལྟ་བ་བཞིན་དུ་མདོག་དཀར་པོར་བསྐྱེད་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་དང༌། འཁོར་ལོའི་ཡིག་འབྲུའི་ཚོགས་ལས་འོད་འཕྲོས་ཏེ། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ལ་གཉིས་སུ་མེད་པར་བསྟིམ། ཡང་ན་མི་གཡོ་བའི་རྣམ་པའམ། ཡང་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བཀུག་ལ་བསྟིམ། ཡང་འོད་ཟེར་འཕྲོས་པས། གང་བསྲུང་བར་བྱ་བའི་ལུས་དང༌། རྣམ་ཤེས་བཀུག་ལ་དེའི་མིང་ལ་བསྟིམ། དེ་ནས་མཆོད་པས་མཆོད། གཏོར་མ་དབུལ་ཏེ། ཡི་གེ་བཅུ་པ་སྟོང་རྩ་བརྒྱད་འཁོར་ལོ་འཇུས་ལ་བཟླས། དེ་ནས་མེ་ཏོག་སྔོན་པོའམ་གང་ཡང་རུང་བའི་མེ་ཏོག་ལ་རྟེན་འབྲེལ་གྱི་སྙིང་པོ་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་བཟླས་ཏེ་དེ་ལ་གཏོར་རོ། །དེ་ནས་ཡང་མཆོད་པ་བྱ། ཕྱོགས་སྐྱོང་བཅུ་ལ་གཏོར་མ་སྦྱིན་ནོ། །དེ་ནས་འཁོར་ལོ་དེ་ལེགས་པར་དྲིལ་ཏེ། དེ་ལ་ཆ་སོགས་པས་རིམ་གྲོ་བྱས་ལ། དཔུང་པ་གཡོན་པའམ། མགུལ་པའམ། སྤྱི་གཙུག་ཏུ་བཏགས་ན། མེ་དང༌། ཆུ་དང༌། གདོན་དང་འབྱུང་པོ་དང༌། དུག་དང༌། རིམས་དང༌། དུས་མ་ཡིན་པར་འཆི་བ་ལ་སོགས་པ། བར་ཆད་ཀྱི་ཆོས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གཏུམ་པོའི་འཁོར་ལོའི་ཆོ་གའོ། །གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །གསང་སྔགས་འབུམ་ཕྲག་གཅིག་བཟླས་ན། །སྦྱིན་སྲེག་ཁྲི་ཕྲག་
བྱ་བར་བཤད། །དེ་ནི་དངོས་གྲུབ་བསྒྲུབ་དུས་ཡིན། །ཚོགས་སོགས་གསང་སྔགས་ནུས་འབྱིན་ལ། །རང་གི་ནུས་པ་དང་སྦྱར་ཏེ། །ཅི་རིགས་པར་ནི་བྱ་བ་ཡིན། །དགྲ་བགེགས་ཚར་གཅོད་བྱིན་སྲེག་ལ། །སྔོན་དུ་བསྙེན་པའི་ཡི་གེ་ཡི། །གྲངས་ཀྱི་བརྒྱད་འགྱུར་སོང་བ་ཡིས། །སྦྱིན་སྲེག་བྱས་ན་ངེས་པར་འགྲུབ། །དེ་ལ་རྡོ་རྗེ་གཏུམ་པོའི་སྦྱིན་སྲེག་ནི་གསུམ་སྟེ། མི་མ་ཡིན་པའི་གནོད་པ་ཞི་བའི་སྦྱིན་སྲེག་དང༌། སྡིག་པ་ཞི་བ་ལ་སོགས་པ་ལས་བཞིའི་སྦྱིན་སྲེག་དང༌། བླ་མ་རྡོ་རྗེ་གདན་པ་ལ་ཕྱིས་ཞུས་པས། ཏིལ་གྱི་གཟུགས་བརྙན་པ་ལ་བརྟེན་ཏེ། བགེགས་ཚར་བཅད་པའི་སྦྱིན་སྲེག་དང་གསུམ་མོ། །དེ་ལ་དང་པོ་ནི། སྔོན་དུ་བསྙེན་པ་ཡི་གེའི་གྲངས་ཀྱི་བརྒྱད་སོང་བས། ས་ཕྱོགས་བའི་རྣམ་ལྔ་དང་དྲི་ཞིམ་པོའི་ཆུས་ལེགས་པར་བྱུགས་ལ། དེར་ཐབ་ཁུང་ཁྲུ་གང་བ། ཟླུམ་པོ་རེ་ཁཱ་དཀར་པོས་བྲིས་ལ། དེའི་དབུས་སུ་རལ་གྲིའམ། རྡོ་རྗེ་སྔོན་པོ་ཞིག་བྲི། དེར་ཤུག་པ་ལ་སོགས་པའི་དྲི་ཞིམ་པོའི་བུད་ཤིང་བརྩིག འབྱོར་ན་གཡོན་ཕྱོགས་སུ་མཆོད་པ་ལྔ་བཤམ། མ་འབྱོར་ན་ཡིད་ཀྱིས་བཏུབ། གཡས་ཕྱོགས་སུ་བསྲེག་རྫས་བཤམས་ཏེ། དེ་ཡང་མེ་ཏོག་ལུག་ཞོ་བ་དཀར་པོའི་སྦུབས་སུ་དཱུརྦའི་མྱུ་གུ་བཅུག་ལ། དེ་མར་ལ་ཉུགས་པ་ཅི་འབྱོར་པ་བཤམ། དེ་ནས་དབང་པོ་རབ་འབྲིང་ཐ་མ་གང་ཡང་རུང་བའི་ལྷའི་རྣལ་འབྱོར་དུ་བྱས་ལ། བཟླས་པ་ཅུང་ཟད་ཅིག་བྱས་ལ། ཐབ་ཏུ་མེ་སྦར་ལ་དེའི་ནང་དུ། པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། རྃ་དཀར་པོ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་བགྲང་ཕྲེང༌། གཡོན་པས་དབྱུག་པ་འཛིན་པ། གདན་པདྨ་དང༌། ཟླ་བ་ལ་གནས་པ་བསྐྱེད་ལ། དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས། ཡེ་ཤེས་ཀྱི་མེ་ལྷ་སྤྱན་
དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་དངོས་སམ་ཡིད་ཀྱིས་མཆོད་པ་ལྔས་མཆོད་ལ། དེ་ལ་ཡང༌། ཨོཾ་ཨགྣ་ཡེ་བཛྲ་པུཥྤེ་ཧཱུྃ། ཞེས་པ་ལ་སོགས་པ་བརྗོད་ཅིང་དབུལ། དེ་ནས་གཡོན་པས་མེ་ཏོག་བཟུང་ལ། གཡས་པའི་མཐེ་བོང་དང་སྲིན་ལག་གི་རེ་རེ་བླངས་ལ། ཨོཾ་ཨགྣ་ཡེ་མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་བདུན་གྱི་བར་དུ་འགོ་ནས་མེ་ལྷའི་གཙུག་ཏོར་ལ་དབུལ། དེ་ནས་ཡང་མཆོད་པ་ལྔས་མཆོད་ལ། མེ་ལྷ་འབར་བའི་རྣམ་པར་ཐིམ་པར་བྱའོ། །དེ་ནས་ཐབ་ཏུ་སྐད་ཅིག་གིས་སམ། ཡང་ན། པྃ་རྃ་ལས་པདྨ་ཉི་མའི་སྟེང་དུ། ཧཱུྃ་ཙམ་ལས་རྡོ་རྗེ་གཏུམ་པོ་འཛུམ་བག་དང་བཅས་པ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་པུཥྤེ་ཧཱུྃ། ཞེས་བྱ་བ་ལ་སོགས་པས། དངོས་སམ་ཡིད་ཀྱིས་མཆོད་པ་ལྔས་མཆོད་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་དང་བཅས་པས། ལག་པ་གཡོན་པས་མེ་ཏོག་གི་སྣོད་བཟུང་ལ། གཡས་པའི་མཐེ་བོང་དང༌། སྲིན་ལག་གིས་མེ་ཏོག་དང་བཅས་པའི་དཱུརྦ་རེ་རེ་བླངས་ཏེ། འགོ་ནས་བསྐོར་ཞིང༌། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ལ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔས་མཆོད། བསྟོད་པས་བསྟོད་ལ། བཅོམ་ལྡན་འདས་བདག་ཆེ་གེ་མོ་ཞེས་བྱ་བའི་མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཡེ་ཤེས་སེམས་དཔའ་རང་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་ཐབ་ཏུ་མེ་ལྷ་སྐད་ཅིག་གིས་
བསྐྱེད་ལ། ནད་པ་ལ་སོགས་པ་རྩ་ན་ཡོད་ན་དེའི་སྲིན་ལག་ནས་བཟུང་ལ། ལག་པ་གཡས་པས་བསྲེག་རྫས་དེ་ལ་བསྐོར་ཞིང༌། བསྲེག་རྫས་ལྷག་མ་བདུན་ནམ། ལྔ་ལ་སོགས་པ་ཅི་འབྱོར་བ་སྔ་མ་ཉིད་ཀྱིས་དབུལ། དངོས་སམ་ཡིད་ཀྱིས་མཆོད་པ་ལྔས་མཆོད་ལ། གསོལ་བ་བཏབ་སྟེ། རང་རྒྱུད་པ་རང་གི་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ། ཐལ་བ་ལ་རེག་ན་བར་ཆད་ཆེ་བས་དེ་ལ་སུ་ཡང་རེག་ཏུ་མི་གཞུག་གོ །ཤིན་ཏུ་བྱིན་རླབས་ཆེའོ། །ལས་བཞིའི་སྦྱིན་སྲེག་ལ། དང་པོ་ཐབ་ཀྱི་དབང་དུ་བྱས་ན། ས་ཕྱོགས་བའི་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་པའི་སར། ཞི་བ་ལ་ཐབ་ཁུང་ཁྲུ་གང་བ། རེ་ཁཱ་དཀར་པོས་བསྐོར་བ་བྲིའོ། །རྒྱས་པ་ལ་སེར་པོ་ཁྲུ་དོ་པ་སེར་པོས་རེ་ཁཱ་བྱའོ། །དབང་ལ་སོར་ཉི་ཤུ་རྩ་བཞི་པའམ། ཁྲུ་གང་ཟླ་གམ་དུ་རེ་ཁཱ་དམར་པོས་བྲི་བར་བྱའོ། །དྲག་པོ་ལ་ཁྲུ་གང་བ་གྲུ་གསུམ་དུ་རེ་ཁཱ་ནག་པོས་བྲི་བ། ནང་དུ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ནག་པོས་བྱུགས་པ་སྟེ། དེར་རྡོ་རྗེའམ་རལ་གྲིས་མཚན་མ་དགོད་པ་ཐམས་ཅད་ལ་འདྲའོ། །བུད་ཤིང་གི་དབང་དུ་བྱས་ན། ཞི་བ་ལ་ཤུག་པ་ལ་སོགས་པ་འོ་མ་ཅན་གྱི་ཤིང་བརྩིག རྒྱས་པ་ལ་འབྲས་བུ་ཅན་གྱི་ཤིང་ཡོངས་སུ་སྨིན་པ། དབང་ལ་སེང་ལྡེང་ལ་སོགས་པ་ཁ་དོག་དམར་བ་དང༌། ཚེར་མ་ལྕགས་ཀྱུ་ལྟ་བུ་ཡོད་པ། དྲག་པོ་ལ། གདུག་པ་ཅན་གྱི་ཤིང་ཚེར་མ་ཡོད་པའམ་མེད་ཀྱང་རུང་སྟེ། དེའི་རྩ་བའི་ཆ་ལས་བྱུང་བས་བྱའོ། །བསྲེག་རྫས་ཀྱི་དབང་དུ་བྱས་ན། ཞི་བ་ལ་ཏིལ། རྒྱས་པ་ལ་ཞོ་དང་སྦྲང་རྩི་ལ་སོགས་པ། དབང་ལ་མངར་གསུམ། དྲག་པོ་ལ་ཁྲག་དང་དུག་དང་སྐེ་ཚེ། ཡང་ན་ཁྱད་པར་དུ་ལན་ཚྭ་གཅིག་པུས་བྱས་ཀྱང་ཆོག་གསུངས་སོ། །དེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་མར་རོ། མེའི་དབང་དུ་བྱས་ན། ཞི་བ་ལ་ཤིང་འོ་མ་ཅན་གཙུབས་པ་ལས་བྱུང་བའི་མེའམ།
བྲམ་ཟེའི་རྒྱུན་བཞག་གི་མེའམ་མར་མེ་ལ་སོགས་པས་བྱ། རྒྱས་པ་ལ་རྒྱལ་པོའི་ཁྱིམ་གྱི་མེའམ། དགེ་འདུན་གྱི་བསྲོ་ཁང་གི་མེའམ། ཁྱིམ་བདག་གི་མེས་བྱའོ། །དབང་ལ་སྨད་འཚོང་མའི་མེའམ། ཀུན་ཏུ་རྒྱུས་ལམ་དུ་བུས་པའི་མེས་བྱའོ། །དྲག་པོ་ལ་ཤན་པའི་ཁྱིམ་གྱི་མེའམ། རྡོ་གཙུབས་པ་ལས་བྱུང་བའི་མེས་བྱའོ། །ཞི་བ་ལ་རྒྱན་དང་གོས་དཀར་པོ་གྱོན་ནས་ཁ་ཤར་དུ་བལྟའོ། །རྒྱས་པ་ལ་སེར་པོ་གྱོན་ནས་བྱང་དུ་བལྟའོ། །དབང་ལ་དམར་པོ་གྱོན་ནས་ཁ་ནུབ་ཏུ་བལྟའོ། །དྲག་པོ་ལ་ནག་པོར་བྱས་ལ་ལྷོར་བལྟའོ། །ལས་འཇམ་པོ་གསུམ་ལ་བསྲེག་རྫས་གཡས། མཆོད་རྫས་གཡོན། དྲག་པོ་ལ་བསྲེག་རྫས་གཡོན་དང༌། མཆོད་རྫས་གཡས་སུ་བཞག་གོ །ཆོ་ག་ལ། མེ་ལྷ་བསྐྱེད་པ་ལ་སོགས་པ་ཐམས་ཅད་སྔར་བཞིན་བྱའོ། །ཁྱད་པར་དུ་མེ་ལྷའི་སྐུ་མདོག་དང༌། བཅོམ་ལྡན་འདས་ཀྱི་ཞལ་གྱི་ཁ་དོག་ཞི་བ་ལ་དཀར་པོ་ལ་སོགས་པ་ལས་དང་རྗེས་སུ་མཐུན་པར་བསྒོམ། བཅོམ་ལྡན་འདས་ཀྱི་དབུ་རྒྱན་ཡང༌། ཞི་བ་ལ་རྣམ་པར་སྣང་མཛད། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་འོད་དཔག་ཏུ་མེད་པ། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །སྔགས་ཀྱི་སྤེལ་ཚིག་ལ་མེ་ལྷ་དང་བཅོམ་ལྡན་འདས་གཉིས་གའི་མཇུག་ཏུ། ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་ཨོཾ། དབང་ལ་ཝ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ་མཱ་ར་ཡ་ཕཊ། ཅེས་སྤེལ་བར་བྱའོ། །རྒྱས་པའི་བསྲེག་རྫས་ཀྱི་སྐབས་སུ། སྤྱིར་རྒྱས་པ་ཙམ་ལ་ཞོ་འབའ་ཞིག་སྟོང་རྩ་བརྒྱད་དབུལ། ཁྱད་པར་དུ་ཚེ་རྒྱས་པར་འདོད་ན། དཱུརྦའི་མྱུ་གུ། ལོངས་སྤྱོད་རྒྱས་པར་འདོད་ན། འབྲས་སོ་བའམ་ནས་ཤུན་ལྤགས་མ་གྲུགས་པ། འཁོར་རྒྱས་པར་འདོད་ན། འབྲས་བུའམ་མེ་ཏོག་སྟོང་རྩ་བརྒྱད་ལ་སོགས་པ་དབུལ་བར་བྱའོ། །སྤྱི་འདི་ཐམས་ཅད་ལ་མར་དགོས་སོ། །ཁྱད་
པར་དུ་ཏིལ་གྱི་གཟུགས་བརྙན་ལ་བརྟེན་ཏེ། དགྲ་བགེགས་ཚར་གཅོད་པའི་སྦྱིན་སྲེག་བྱེད་པར་འདོད་ན། ཤིན་ཏུ་གནག་ཅིང་གསང་བའི་ས་ཕྱོགས་སུ། མུ་ཟི་ནག་པོའམ། དུར་ཁྲོད་ཀྱི་སོལ་བ། ཐབ་གྲུ་གསུམ་ངོས་རེ་རེ་ལ་སོར་ཉི་ཤུ་པ་བྲུས་ལ་དེ་ལ་བྱུག དེའི་གྲ་གསུམ་དུ་རོ་བསྲེགས་པའི་རྡོ་གསུམ་བཞག དེར་གདུག་པ་ཅན་གྱི་ཤིང་བརྩིག་གོ །དེ་ནས་ཏིལ་ནག་གི་ཕྱེ་མ་ལས་བྱས་པའི་གཟུགས་བརྙན་སོར་བརྒྱད་པ་མགོ་གཉིས་པ་གཅིག་བྱས་ལ་མདུན་དུ་བཞག ཡང་ཤོག་བུ་ལ་ལིངྒ་ཆེན་པོ་གཅིག་བྱས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གདོན་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་བྲིས་ཏེ་མདུན་དུ་བཞག ཁྲག་དང༌། དུག་དང༌། སྐེ་ཚེ་དང༌། ལན་ཚྭ་དང༌། ཡུངས་ཀར་དང་ཡུངས་ནག་རྣམས་བསྲེས་པ་དང༌། ཚ་བའི་མར་ཁུ་རྣམས་གཡོན་དུ་བཞག མཆོད་པ་ལྔ་དང་གཏོར་མ་གཅིག་གི་གཡས་སུ་བཞག་གོ །དེ་ནས་མཚན་མོའི་དུས་སུ་རང་ཉིད་གོས་ནག་པོ་གྱོན་ནས་སྐྲ་སྤྱི་བོར་བཅིངས་ཏེ། ཁྲག་དང་དུར་ཁྲོད་ཀྱི་སོལ་བས་གདོང་བྱུགས་ལ། དབང་པོ་རབ་འབྲིང་ཐ་མ་གང་ཡང་རུང་བས། ལྷའི་རྣལ་འབྱོར་དུ་བྱ། དེ་ནས་ཐབ་ཏུ་མེ་སྦར་ལ། དེ་ལ་མར་ཅུང་ཟད་གཅིག་བླུགས་ལ། བདག་གི་སྙིང་གའི་ས་བོན་གྱི་འོད་ལས་གཏུམ་པོ་དཔག་ཏུ་མེད་པ་སྤྲོས་ཏེ། ཁྲོ་བོ་ལ་ལས་བསྒྲུབ་བྱའི་སྙིང་གར་ལྕགས་ཀྱུས་ཕུག ལ་ལས་མགྲིན་པ་ཞགས་པས་བཅིངས། ལ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག ལ་ལས་ཐོ་བས་རྒྱབ་ཏུ་རྡུང༌། ལ་ལས་མཚོན་གྱིས་གཏུབ་ཅིང༌། ཏིལ་གྱི་གཟུགས་བརྙན་ལ་ཐིམ་པར་བསྒོམས་ལ། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་ཆེ་གེ་མོ་ཚིནྡ་ཚིནྡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རྐང་པ་གཡོན་པའི་མཐེ་བོང་ནས་བཟུང་ལ། ལུས་ཐམས་ཅད་མཚོན་རྣོན་པོས་དུམ་བུར་གཏུབས་ཏེ། གྱོ་མོ་གཅིག་ཏུ་བླུགས་ལ་གཡོན་དུ་བཞག
དེ་བཞིན་དུ་བྲིས་པའི་ལིངྒ་ཡང་སྔར་བཞིན་བྱས་ལ། སྔར་གྱི་དང་བསྲེས་ལ་གཞག་གོ །དེ་ནས་ཐབ་ཏུ་པྃ་རྃ་ལས། པད་ཉིའི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་ཤིན་ཏུ་གནག་ཅིང་རྔམ་པའི་ཆ་ལུགས་ཅན། ཞལ་གཅིག་ཕྱག་གཉིས་བགྲང་ཕྲེང་དང༌། དབྱུག་པ་འཛིན་པ་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་བཀུག་སྟེ། དེ་ལ་གཉིས་སུ་མེད་པར་བསྟིམས་ལ། མཆོད་པས་མཆོད་ལ། དེ་ནས་མེ་ལྷའི་ལྕེ་ལ་རྃ་བསམས་ལ། ཨོཾ་ཨགྣ་ཡེ་གནོད་བྱེད་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བྱ་བས་དང་པོ་ཚ་བའི་མར་ཁུ་དབུལ། དེ་ནས་ཐུན་རྫས་དང་ལིངྒའི་དུམ་བུ་གཉིས་སྤེལ་ཞིང་གསུམ་མམ་བདུན་ལ་སོགས་པ་དབུལ་ཏེ། མེ་ལྷ་འབར་བའི་རྣམ་པར་ཐིམ་པར་བྱའོ། །དེ་ནས་ཐབ་ཏུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་བཅོམ་ལྡན་འདས་མཐིང་ནག་རྔམ་པའི་གཟུགས་ཅན་དུ་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་མི་གཡོ་བ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དེ་ལ་བསྟིམ། དེ་ནས་ཞལ་གདངས་པར་བསམས་ལ། དེ་ལ་མཆོད་པ་ལྔས་མཆོད། དེ་ནས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་ཆེ་གེ་མོ་མཱ་ར་ཧཱུྃ་ཕཊ། ཅེས་པས་དང་པོ་ཚ་བའི་མར་ཁུ་དབུལ། དེ་ནས་ཐུན་རྫས་དང༌། ལིངྒའི་དུམ་བུ་སྤེལ་ཞིང་བཅོམ་ལྡན་འདས་ཀྱི་ཞལ་དུ་ཅི་འབྱོར་པ་དབུལ། བསྲེག་རྫས་རྫོགས་པ་དང་མཆོད་པ་དང་བསྟོད་པས་བསྟོད། གཏོར་མ་དབུལ་ཏེ། བཅོམ་ལྡན་འདས་བདག་ལ་གནོད་པར་བྱེད་པའི་གདོན་ནམ། དགྲ་བགེགས་ཆེ་གེ་མོ་ཞེས་བྱ་བ་དྲག་པོའི་ལས་ཀྱིས་ཚར་གཅད་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བྱ་བས་ཕྲིན་ལས་བཅོལ་ལ། ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ། ཡང་ཐབ་ཏུ་མེ་ལྷ་སྐད་ཅིག་གིས་དམིགས་ལ་སྔར་གྱི་བསྲེག་
རྫས་ལྷག་མ་ཅི་འབྱོར་པས་མཆོད། ཕྲིན་ལས་བཅོལ་ཏེ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། དེའི་མཚན་མོ་ཐབ་དེ་ལ་སུ་ཡང་རེག་ཏུ་མི་གཞུག་གོ །དེའི་ནངས་པར་ཤོག་བུའམ་རས་ལ་ལིངྒ་བྲིས་ཏེ། དེའི་ནང་དུ་ཐལ་བ་དེ་ནས་བག་ཙམ་ཞིག་གཏུམས་ཏེ་སྐུད་པ་ནག་པོའམ་སྔོན་དམར་གྱིས་རྒྱ་གྲམ་དུ་དཀྲིས་ལ། རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་ཟམ་པའི་སྣའམ་ལམ་རྒྱ་གྲམ་མམ། དགེ་འདུན་གྱི་དཀོར་ཁང་ངམ། ལྷ་ཁང་ངམ། མཆོད་རྟེན་གཉན་པོའི་འོག་ཏུ་མནན་པར་བྱའོ། །ཐལ་བ་ལྷག་མ་རྣམས་ཆུར་དོར་རོ། །དེ་ལྟ་བུ་ཞག་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པས་དགྲ་བགེགས་གང་ཡང་ཚར་མི་ཆོད་མི་སྲིད་དོ། །གཏུམ་པོའི་སྦྱིན་སྲེག་གི་ཆོ་གའོ། །འཕགས་པ་མི་གཡོ་བའི་ལས་ཐོར་བུ་བའི་དབང་དུ་བྱས་ན། དེ་ལ་དང་པོ་ནད་པ་བགེགས་དྲག་པོས་ཟིན་པ་དང༌། སྲིན་བུ་ལ་སོགས་པའི་དོན་དུ་བགེགས་ཚར་གཅོད་པར་འདོད་ན། ཡུངས་ཀར་ལ་བརྟེན་ཏེ་བགེགས་ཚར་གཅད་པ། ཆུ་ལ་བརྟེན་ཏེ་བགེགས་ཚར་གཅད་པ། གཟུགས་བརྙན་ལ་བརྟེན་ཏེ་བགེགས་ཚར་གཅད་པ། མེ་ལ་བརྟེན་ཏེ་བགེགས་ཚར་བཅད་པ་དང་བཞི་སྟེ། སྤྱིར་འདི་ཐམས་ཅད་ལ་བསྙེན་པ་སྔོན་དུ་སོང་བས་བྱའོ། །དེ་ལ་དང་པོ་ནི་རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་ལག་པ་གཡོན་པའི་ཁྱོར་བའི་ནང་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བཟླས་ཏེ་ཁ་རླངས་ཕོག་པར་བྱས་པས་ལག་མཐིལ་དུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པ། ལྟེ་བ་ལ་ཨོཾ་དང་ཕཊ། རྩིབས་བརྒྱད་ལ། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པ་གཡས་སྐོར་དུ་མགོ་ཕྱིར་བསྟན། མུ་ཁྱུད་ལ་ཨཱ་ལི་གཡས་སྐོར། ཀཱ་ལི་གཡས་སྐོར་གྱི་ཕྲེང་བ་མགོ་ཕྱིར་བསྟན་པ་བཀོད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་དང༌། འཁོར་ལོའི་ཡིག་འབྲུའི་ཚོགས་ལས་འོད་བྱུང་
བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བཀུག་ལ་བསྟིམ། དེ་ནས་ལག་པ་གཡས་པས་ཀྱང་དེ་ལ་བཀབ་པས། གཡོན་པའི་འོད་ཀྱིས་གཡས་པ་ལའང་འཁོར་ལོ་གཅིག་བྱུང་བར་བསམས་ཏེ། དེ་གཉིས་ཀྱི་བར་དུ་ཡུངས་ཀར་བླུགས་པས། དེ་གཉིས་ཀྱི་བྱིན་རླབས་ཀྱིས་ཡུངས་ཀར་དེ་ལྕགས་ཀྱི་ཐུ་ལུམ་འབར་བར་བསམས་ཏེ། ཡི་གེ་བཅུ་པའི་མཐར་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་བཅུག་སྟེ་བཟླ་ཞིང་ནད་པ་ལ་སོགས་པའི་གདོང་ལ་ལན་ཉི་ཤུ་རྩ་གཅིག་ཏུ་དེས་བྲབས་ན་ངེས་པར་བགེགས་ཚར་ཆོད་པར་འགྱུར་ཏེ། དེ་བས་མང་ན་རང་ཉིད་ཀྱི་བར་དུ་གཅོད་པར་འགྱུར་སྲིད་པས་མི་བྱ་གསུངས་སོ། །གཉིས་པ་ནི་རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་ལག་པ་སྔ་མ་ལྟར་བྱིན་གྱིས་བརླབས་པའི་བར་དུ་གཞན་ཆུ་བླུགས་སུ་བཅུག་སྟེ། འཁོར་ལོ་དེ་གཉིས་ཀྱི་འོད་ཀྱིས་ཆུ་དེ་ལྕགས་ཀྱི་ཆུ་ཁོལ་མར་དམིགས་ཏེ། སྔ་མ་ཉིད་ཀྱི་སྔགས་ཀྱིས་བགེགས་ཀྱིས་ཟིན་པའི་གདོང་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བྲབ་བོ། །དེས་ངེས་པར་བགེགས་ཚར་ཆོད་པར་འགྱུར་རོ། །གསུམ་པ་ནི། ས་ལས་འབྱུང་པོའི་གཟུགས་ཤིན་ཏུ་རིང་བ། ཡན་ལག་ཕྲ་བ། མགོ་ཆེ་བ། སྐེ་ཕྲ་བ། སྐྲ་འཛིངས་ཤིང་གྲོལ་བ། གསུས་པ་ཆེ་བ། ངུ་བའི་ཁ་དོག་བཞིན་དུ་འདུག་པ་བྲིས་ལ། རང་དབང་པོ་ཐ་མ་ལ་སོགས་པའི་རྣལ་འབྱོར་བསྒོམས་པས་འཕགས་པའི་ང་རྒྱལ་བརྟན་པོར་བྱས་ཏེ། ལག་པ་སྡིགས་མཛུབ་དང་ཞགས་པའི་ཕྱག་རྒྱ་སྙིང་གར་བཟུང་ལ། གུང་མཛུབ་གཉིས་གཤིབས་ལ་བསྒྲེང༌། མིང་མེད་དང་མཐེའུ་ཆུང་གཉིས་གཤིབས་ལ་མཐེ་བོས་མནན་ཏེ། རལ་གྲིའི་ཕྱག་རྒྱ་བཅས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་གཏུམ་པོ་དཔག་ཏུ་མེད་པ་སྤྲོས་ཏེ། ལ་ལས་ལྕགས་ཀྱུས་སྙིང་ཕུག ལ་ལས་ཞགས་པས་མགྲིན་པ་བཅིངས།
ལ་ལས་རླུང་གི་སྟེང་དུ་བཞག ལ་ལས་རྒྱབ་ནས་ཐོ་བས་རྡུང་བ་ལ་སོགས་པའི་ཚུལ་གྱིས་འབྱུང་པོ་དེ་བཀུག་སྟེ་གཟུགས་བརྙན་ལ་བསྟིམས་ལ། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་ཆེ་གེ་མོ་ཚིནྡ་ཚིནྡ་ཧཱུྃ་ཕཊ། ཅེས་བཟླ་ཞིང༌། གཡས་པའི་རལ་གྲིའི་ཕྱག་རྒྱས་གཟུགས་བརྙན་དེའི་རྐང་པ་ནས་བཟུང་སྟེ། ལུས་ཐམས་ཅད་ཟད་ཀྱི་བར་དུ་རིམ་གྱིས་གཏུབས་པར་བྱས་ན་ངེས་པར་བགེགས་ཚར་ཆོད་པར་འགྱུར་རོ། །བཞི་པ་ནི། ཤིང་གང་ཡང་རུང་བས་ཐབ་ཁུང་གྲུ་གསུམ་པ་གཅིག་བྱས་ལ། རང་ལྷའི་ང་རྒྱལ་དང་ལྡན་པས་ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་འབྱུང་པོ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ལན་ཚྭ་ཕུལ་གང་ཟད་ཀྱི་བར་དུ་བསྲེག་པར་བྱའོ། །དེ་དག་གིས་ནི་བགེགས་ཚར་མི་ཆོད་མི་སྲིད་དོ་གསུངས་སོ། །རྒྱལ་པོ་ལ་སོགས་པའི་ཕ་རོལ་གྱི་དགྲ་དཔུང་ཟློག་པར་འདོད་ན། སེང་ལྡང་གི་ཕུར་པ་སོར་བརྒྱད་པ་གཅིག་ལ། མི་རུས་དང་ཡུངས་ཀར་དང༌། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་དང་ཆེ་གེའི་དེ་ཤ་ཡ་ཧཱུྃ་ཕཊ། ཅེས་པ་བྲིས་པ་རྣམས་ཐུམ་པོ་བྱས་ཏེ། དེའི་མགུལ་དུ་བཏགས་ལ་དེ་ལ་ཞག་གསུམ་ལ་སོགས་པར་ལྷའི་རྣལ་འབྱོར་ལ་གནས་པས་སྔ་མའི་སྔགས་བཟླ་བར་བྱའོ། །དེ་ནས་དགྲ་བོ་རྣམས་ལ་ཕྱི་སྒོ་ཡོད་ན་དེའི་ཡ་ཐེམ་ལ་གདབ། མེད་ན་གྲོང་ཁྱེར་གྱི་དབུས་སམ་ཡུལ་དཔོན་གང་རུང་གི་སྒོའི་ཡ་ཐེམ་ལ་ནུབ་མོ་བཏབ་སྟེ། དེའི་མཚན་ཐོག་ཐག་མི་ཉལ་བར་སྔགས་བཟླ་བར་བྱའོ། །དེ་ནས་ནངས་པར་དམག་ཡོང་བའི་ས་མཐོང་སར་ཕྱིན་ཏེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང་ཐལ་ཆེན་དང་ཡུངས་ཀར་ལ་བཏབ་སྟེ་རླུང་དགྲ་ཕྱོགས་ནས་བྱུང་ན་འགྲོགས་ཏེ་བཟློག གཡས་གཡོན་ནས་བྱུང་ན་བཟློག་པར་དཀའ་བས་སྔགས་དྲག་ཏུ་བཟླས་སོ། །ངེས་པར་དམག་དང་འཐབ་སྟེ་ལྡོག་པར་འགྱུར་རོ། །ལམ་དུ་སྲུང་བའམ་
གཡུལ་དུ་འཇུག་པའི་དུས་སུ་རང་གཏུམ་པོའི་རྣལ་འབྱོར་ལ་གནས་ཏེ། སྒོ་ནས་ཕྱིར་འགྲོ་བའི་དུས་སུ་དབུགས་གང་ནས་རྒྱུ་བལྟས་ལ། གཡས་ནས་རྒྱུ་ན་རྐང་པ་གཡོན་པས་ཐེམ་པ་མནན་ལ་གཡས་པས་སྔོན་ལ་འདོར། གཡོན་ནས་རྒྱུ་ན་གཡས་པས་ཐེམ་པ་མནན་ལ་གཡོན་པས་སྔོན་ལ་འདོར་བའི་དུས་སུ། གཡོན་པས་སྙིང་གར་སྡིག་མཛུབ་བྱས་ལ་གཡས་པས་རལ་གྲི་འདེབས་པའི་ཚུལ་དུ་བྱ། དེ་ནས་དབུགས་ནང་དུ་རྔུབས་ཏེ་གོམ་པ་ཉི་ཤུ་རྩ་གཅིག་གི་བར་དུ་དབུགས་ཕྱིར་མི་གཏོང་བར་འགྲོ། དེ་ནས་ཅི་བདེ་བར་ཕྱིན་པས་བར་ཆད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །གཏུམ་པོའི་ལས་ཐོར་བུ་པའོ། །གཏུམ་པོའི་མངོན་པར་རྟོགས་པ་རྣམས། །བློ་ལྡན་བརྩེ་ཆེན་བླ་མ་ཡིས། །གང་གསུངས་བདག་གིས་འདིར་བྲིས་པའི། །དགེ་བས་བདུད་དཔུང་འཇིག་གྱུར་ཅིག །རྡོ་རྗེ་གདན་པའི་ཞལ་སྔ་ནས་འོངས་པ་མངོན་པར་རྟོགས་པ། ངན་པར་རྟོག་པའི་དྲི་མས་མ་སྦགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སྙིང་བརྩེ་བ་ཆེན་པོ་དང་ལྡན་པའི་ཞབས་སྤྱི་བོས་ལེན་པའི་དགེ་བསྙེན་བསོད་ནམས་རྩེ་མོས། བླ་མས་གསུངས་པ་ཇི་ལྟ་བ་བཞིན་དུ་བརྗེད་བྱང་ཙམ་དུ་བཀོད་པའོ། རྫོགས་སོ།། ༈ །མི་གཡོ་བའི་འཁོར་ལོ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་ཙ་ལ་ཙཀྲ། བོད་སྐད་དུ། མི་གཡོ་བའི་འཁོར་ལོ། གཏུམ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སོར་བཞི་པའི་འཕར་མའི་དབུས་སུ་རལ་གྲིའི་ཕྲེང་བ་བྲི་བར་བྱ་སྟེ། དེའི་དབུས་སུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། རཀྵཾ་ཤྲཱནྟིཾ་པུཥྚིཾ་ཏྲོ་ཊི་ཀུ་རུ་ཧཱུྃ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨཾ་ཨ་ཙ་ལེ་ཙེཊྚ་བཛྲཱ་ཎཱཾ། ཨོཾ་ཨ་ཙ་ལེ་ཙཊྚ་ཀ་ན། ནཊྚ་ནཊྚ། པཊྚ་པཊྚ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ། ས་ཧ་ས་ཧ། མ་དྷ་རཱ་ཊ། གརྫཛ་གརྫཛ། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ཨཱ་བེ་ཤ་ཡ།
མ་ཧཱ་མ་གྲ་བ་ལ་ཀ དྷུ་ན་དྷུ་ན། ཊི་ནི་ཊི་ནི། ལ་ད་ལ་ད། བིགྷཱན། མཱ་ར་མཱ་ར་ཡ། དུཥྚཱན་བྷཀྵ་ཡ། སརྦཾ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཤ་བཛྲེ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཨཾ་ཨཾ་ཨཾ། ཧཾ་ཧཾ་ཧཾ། ཨ་ཙ་ལ་ཙེ་ཏ། སྥོ་ཊ་ཡ། སྥོ་ཊ་ཡ། ཧཱུྃ་ཧཱུྃ། ཨ་ས་མ་ནི་ཏ་ཀ་རཱ་ཊ། མ་ཧཱ་པ་ལ་ཤ་ཏཱ་ཡ། ཙེཊྚ་ཡ། པ་ར་མནྟ་ན། ཨཾ་ཧཾ་ཨཾ་ཤུ། དྷྱཻ་ཏུ་ལོ་ཀ་དུཥྚཱ་ཏུ། བཛྲི་ཨ་པྲ་ཏི་བ་ལེ། བྷོ་ན་མི་རུ་ཛྭ་ཡ་ཏྲ་ཏ་ཨ་སྭཱ་ཧཱ། ན་མོ་དྷ་ར་ཀ་སྱ། རཀྵཾ་ཤཱནྟིཾ་པུཥྚིཾ་དྷི་ཏིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། ཨི་ན་ཏྱ། བིདྱཱ་ལ་ཏྲཾ་ཙྪེ་ད་ཡ་ཧཱུྃ་ཕཊ། དེའི་ཕྱི་རོལ་ཏུ་སོར་ཕྱེད་པའི་འཕར་མ་ལ། ཨོཾ་ཨ་ཙ་ལེ་ཙེཊྚ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ། དཀྵི་ཤཱནྟིཾ་པུཥྚིཾ་དྷིཾ་ཏཾ་ཀུ་རུ་སྭཱ་ཧཱ། ཏྲཻ་ལོ་ཀྱ་སྱ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ་སོར་གསུམ་པའི་དབུས་སུ། རེ་ཁཱ་གཉིས་པའི་པདྨ་འདབ་མ་བརྒྱད་པ་བྲི་བར་བྱ་སྟེ། དེའི་ཕྱོགས་ཀྱི་འདབ་མ་རྣམས་སུ་རལ་གྲི། མཚམས་ཀྱི་འདབ་མའི་ནང་དུ། རྡོ་རྗེ་ཞགས་པ་གཉིས་ཀྱི་དབུས་སུ་ཧཱུྃ་གཉིས། ཕྱོགས་རྣམས་ཀྱི་རེ་ཁཱ་གཉིས་ཀྱི་བར་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། ཨི་ན་ཏྱ་བིདྱཱ་ལ་ཏྲཾ་ཙྪེ་ད་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། ད་མཛྫ་ཡ་ཧཱུྃ་ཕཊ྄། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། མནྶ་ར་གྷོ་ར་ཊ་བི་ས་ཊ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། སྲི་དུ་ལ་དུ་ཁ་ལ་ཏྲཾ་ཙྪེ་ད་ཡ་ཧཱུྃ་ཕཊ། མཚམས་རྣམས་སུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། སརྦ་དུཥྚཱན་ཛྭཱ་ལཱ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། སརྦ་སྨཻ་ནཻ་རཏྨི་ཊ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། མེ་སརྦ་བྷ་མཱ་ནཾ་ཤ་ཏཱ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱ། མ་ཧཱ་ཎིཛྫཱ་ནཱཾ་པརྴཧཱུྃ་ཕཊ། དེའི་ཕྱི་རོལ་ཏུ་སོར་ཕྱེད་པའི་འཕར་མའི་དབུས་སུ་ཐུག་པར་བྱས་ལ། ཧཱུྃ་གི་ཕྲེང་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་རེ་ཁཱ་གཉིས་དང་འབྲེལ་བའི་སོར་ཕྱེད་པའི་འཕར་མའི་བར་དུ། ཨོཾ་ཨ་ཙ་ལི་ཙེཊྚ་ཧཱུྃ་ཕཊ། ཨོཾ་ཀཱ་མ་ནཱ་ད་ཧཱུྃ་ཕཊ།
ཨོཾ་མ་ཧཱ་མནྡྷ་པ་ལ་ཀཱ་ཡ་ཧཱུྃ་ཕཊ། ཨོཾ་བིགྷྣན་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ས་མ་ཡཱནྡྷན་བ་ཏ་ས་ཧཱུྃ་ཕཊ། ཨོཾ་མ་ཧཱ་བི་ཤྭ་བཛྲ་སྥོ་ཋ་ཡ་བྷ་ཧཱུྃ་ཕཊ། ཨོཾ་ཏྲི་པ་ལི་ཏི་པ་རཾ་ཀ་ནརྟ་ཀ་ཧཱུྃ་ཕཊ། ཨོཾ་ས་མནྟི་ཀ་ཏ་ཧཱུྃ་ཕཊ། ཨོཾ་མ་ཧཱ་མ་ལ་ཤ་ཏཱ་ཡ་སརྦ་བིགྷྣན། བི་ནཱ་ཡ་ཀ་དྱ་བྱ་ད། ཨོཾ་དྷ་ར་ཀ་སྱ། རཀྵཾ། དི་གཾ་ཀུརྺནྟུ་ཕཊ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ་སོར་ཕྱེད་པའི་འཕར་མའི་དབུས་སུ་རི་མོ་གསུམ་པ་ཉི་ཤུ་རྩ་བཞིས་བསྐོར་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་འོད་ཟེར་བྲི་བར་བྱའོ། །མི་གཡོ་བའི་འཁོར་ལོ་རྫོགས་སོ། །པཎྜི་ཏ་ཆོས་ཀྱི་རྡོ་རྗེ་དང༌། ལོ་ཙཱ་བ་དགེ་ཚུལ་ནམ་མཁའི་རྡོ་རྗེས་བསྒྱུར་བའོ།། ༈ །སངས་རྒྱས་ཀུན་གྱི་ཐུགས་གཙོ་བོའི། །རྟོག་མེད་ཡེ་ཤེས་དཔའ་བོ་ཆེ། །གཉིས་མེད་རྡོ་རྗེ་མཉམ་འཇུག་ལས། །ཁྲོ་རྒྱལ་མི་གཡོ་མགོན་ལ་བསྟོད། །སྡུག་བསྔལ་སྐྱེས་དངོས་ལེགས་རྟོགས་ལ། །ཡང་དག་ལྟ་བ་སྐྱེད་མཛད་ཅིང༌། །གཏུམ་ཆེན་མི་བཟད་འཇིགས་གཟུགས་ཅན། །སྲེག་བྱེད་ཚར་གཅོད་ཁྲོ་ལ་བསྟོད། །ཤེས་རབ་རལ་གྲི་འོད་འབར་བས། །ཉོན་མོངས་རྩད་ནས་གཅོད་མཛད་ཅིང༌། །ལྷ་དང་ལྷ་མིན་སོགས་འཇིགས་མཛད། །འཆིང་བ་གཅོད་ལ་ཕྱག་འཚལ་བསྟོད། །ཐབས་མཁས་ཐུགས་རྗེས་གསང་བའི་བདག །སྲིད་མཚོར་འཁྱམས་པའི་སེམས་ཅན་རྣམས། །བླ་མེད་གནས་སུ་འདྲེན་མཛད་ཅིང༌། །འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །འོད་ཟེར་ཉི་མ་འབུམ་བས་ལྷག །འཇིག་དུས་བསྐལ་པའི་མེ་ལྟར་འབར། །རབ་འཁྲུགས་འུར་ཆེན་སྐད་འབྱིན་པ། །ཉོན་མོངས་གཅོད་ལ་ཕྱག་འཚལ་བསྟོད། །མི་གཡོ་ཞེས་བྱའི་ཁྲོ་བོ་ནི། །རལ་གྲི་ཞགས་པ་ལེགས་པར་བསྣམས། །སྤྱི་བོའི་ཟུར་ཕུད་གཡོན་དུ་འཕྱངས། །རང་གི་དཀྱིལ་འཁོར་ལ་བཞུགས་པ། །ཀླུ་ཆེན་ལ་སོགས་ཐམས་ཅད་པ། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །བྱིས་པའི་གཟུགས་ཅན་
ཕྲེང་བ་ཅན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ནང་ནས་ཐུགས་རྗེའི་རང་བཞིན་ལས། །བདུག་པ་འདུལ་ཕྱིར་ཁྲོ་ཚུལ་སྟོན་མཛད་ཅིང༌། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་སྔོ། །བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །འཕགས་པ་མི་གཡོ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུད་ནས་འབྱུང་པ་རྫོགས།། ༈ །མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་དགེ། ན་མོ་གུ་རུ་རཏྣ་ཝརྡྷ་ཡ། མི་གཡོ་བ་སྔོན་པོ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་སྐད་ཅིག་གིས་རྗེ་བཙུན་མི་གཡོ་བར་གསལ་བའི་ཐུགས་ཀའི་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མི་གཡོ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨཱརྻ་ཨ་ཙ་ལ་ས་པ་རི་ཝཱ་ར་ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་སོགས་ཀྱིས་རྒྱུན་བཤགས་ལན་གསུམ་བྱ། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་རང་གི་སེམས་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་བདུད་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་མི་གཡོ་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ་ལ་རྡོ་རྗེ་ཞགས་པ་དཀྲིས་པའི་སྣེ་མོ་ཕྲག་གོང་དུ་ལྡིང་བ། ཞལ་མཆེ་བ་གཙིགས་ཤིང་ཡ་སོས་མ་མཆུ་མནན་པ། སྤྱན་
གསུམ་དང་ལྡན་པའི་གཡས་པ་སྟེང་དུ་གཟིགས་པས་ལྷའི་བུའི་བདུད་ཚར་གཅོད་པ། གཡོན་པ་འོག་ཏུ་གཟིགས་པས་ཀླུ་གཉན་ས་བདག་འཇོམས་པ། དབུས་མ་ཐད་ཀར་གཟིགས་པས་བགེགས་རིགས་ཐམས་ཅད་ཚར་གཅོད་པ། ཀླུ་གཉན་ས་བདག་དབང་དུ་འདུས་པའི་བརྡར་སྦྲུལ་དཀར་པོས་སེ་རལ་ཁ་བྱས་པ། དབུ་སྐྲ་གནག་པའི་ཐོར་ཚུགས་ནག་པོ་སྤྱི་བོར་བཅིངས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་པའི་རྟིང་པ་དང༌། གཡོན་པའི་པུས་མོ་སྟན་ལ་བཙུགས་ཏེ་བཞེངས་མ་སྟབས་སུ་མཛད་པ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་པའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མི་གཡོ་བ་ལ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་དུ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་རྣམས་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་བསམས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ།
མཐར་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བདུད་བཞི་ལ་སོགས་པའི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱིས་བསྔོ་བ་དང་སྨོན་ལམ་བྱའོ། །རྗེས་གནང་བྱེད་ན། ཚོམ་བུའི་མཐར་མཆོད་གཏོར་བཤམས་ལ། མཆོད་པ་བྱིན་གྱིས་བརླབ། བདག་བསྐྱེད་བསྒོམས། ཚོམ་བུ་གོང་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད། མཚན་སྔགས་སྔོན་དུ་འགྲོ་བའི་ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ་ཡི་གེ་བཅུ་པས་ཕུལ། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །ཞེས་སོགས་ཀྱིས་བསྟོད་ཅིང་གསོལ་བ་གདབ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། སློབ་མ་རྣམས་ཁྲུས་བྱས་ལ། རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པའི་སླད་དུ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ལན་གསུམ། རྒྱུད་དག་པའི་སླད་དུ་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པའི་སླད་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་རྗེ་བཙུན་མི་གཡོ་བའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་
གསུམ་བརྗོད་དུ་གཞུག རྗེས་གནང་གི་གཞི་དགོད་པའི་སླད་དུ། སྭ་བྷཱ་ཝས་སློབ་མའི་ཕུང་ཁམས་སྐྱེ་མཆེད་གཟུང་འཛིན་ཐ་མལ་དུ་སྣང་བ་ཐམས་ཅད་མི་དམིགས་པའི་སྟོང་པར་བསམ། སྟོང་པའི་ངང་ལས་སྒྲུབ་ཐབས་ལྟར་མི་གཡོ་བ་སེམས་དཔའ་སུམ་བརྩེག་ཏུ་བསྐྱེད། སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་མི་གཡོ་བའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སློབ་མ་ལ་ཐིམ་པར་བསམ་ཞིང༌། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཨཿཨཱཿ ཞེས་ཡང་ཡང་བརྗོད་ཅིང་རོལ་མོ་བྱ། དེས་རྗེ་བཙུན་གྱི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་བར་ཆད་ཞི་བར་བྱས། ལུས་རྗེ་བཙུན་གྱི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས། རྗེས་སུ་བཟླས་པའི་ལུང་ནི། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། སློབ་མ་མི་གཡོ་བར་གསལ་བའི་ཞལ་དུ་ཞུགས། ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་དུ་འཁོད་པར་བསམས་ལ་ཡི་གེ་བཅུ་པའི་རྗེས་ཟློས་ལན་གསུམ་བྱས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཤིང་སློབ་དཔོན་ལ་མེ་ཏོག་གཏོར་ཏེ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད་དུ་གཞུག སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱིན་གྱིས་བརླབས་ནས། སློབ་མའི་སྤྱི་བོར་བཞག་པར་མོས་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ཅིང་མེ་ཏོག་གཏོར། དམ་བཅའ་བའི་ལུང་གི་སླད་དུ་དུས་ད་ནས་བཟུང་སྟེ་རྗེ་བཙུན་མི་གཡོ་བ་ཡི་དམ་དུ་འཛིན་སྙམ་པས། སློབ་དཔོན་
དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་ད་ནས་བཟུང་སྟེ་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་མི་གཡོ་བ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ཞེས་ལན་གསུམ། དེས་རྗེ་བཙུན་གྱི་གསུང་གི་བྱིན་རླབས་ཞུགས། ངག་གི་བར་ཆད་ཞི་བར་བྱས། ངག་རྗེ་བཙུན་གྱི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས། བྱིན་གྱིས་བརླབ་པའི་ལུང་གི་སླད་དུ། སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་དེའི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྗེ་བཙུན་གྱི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་ཞིག་ཐུགས་ཀ་ནས་བྱས་ནས་བྱོན་པ་སློབ་མའི་སྤྱི་བོ་ནས་ཐིམ་སྟེ་ཐུགས་ཀའི་ཧཱུྃ་ཡིག་དང་དབྱེར་མེད་དུ་གྱུར་པ་ལ་བརྟེན་ནས་སེམས་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཡིན་སྙམ་དུ་མོས་ཏེ་རྟོག་མེད་དུ་ཅུང་ཟད་མཉམ་པར་འཇོག་ཏུ་གཞུག སྤྲོ་ན། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མི་གཡོ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་གཏོར། དེས་རྗེ་བཙུན་གྱི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་བར་ཆད་ཞི་བར་བྱས། སེམས་རྗེ་བཙུན་གྱི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ལུས་ལོངས་སྤྱོད་ཐམས་ཅད་དྲིན་ལན་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་
ཏེ་སོགས་ལན་གསུམ། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་བཟོད་གསོལ་བྱས་ལ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། གནས་གསུམ་བསྲུང༌། དགེ་བ་བསྔོ། བཀྲ་ཤིས་བྱའོ། །རྗེ་བཙུན་མི་གཡོ་བ་གཏུམ་པོ་སྔོན་པོའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་འདི་ཡང་སློབ་མ་རྣམས་ཀྱི་དོན་དུ་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་སྦྱར་བའོ། །སརྦ་མངྒ་ལཾ།། ༈ །མི་གཡོ་བ་སྔོན་པོའི་རྗེས་གནང་ཆུ་སྲུང་དང་བཅས་པའི་གསལ་བྱེད་སྙིང་པོའི་སྣང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཙཎྜ་ཡ། འདིར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་མི་གཡོ་བ་སྔོན་པོའི་རྗེས་སུ་གནང་བ་ལ། སྦྱོར་བ་ཡོ་བྱད་བཤམ་ཚུལ་དང༌། བདག་མདུན་བཟླས་པ་བཅས་གཞུང་ལྟར། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་སོགས་རྒྱས་བསྡུས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་རྒྱུའི་ཆོས་ལས་ཁྱད་པར་དུ་འཕགས་པའི་འབྲས་བུ་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིར་བཞུགས་པ་ལས། རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞི་གཅིག་པུ་བྱ་བའི་རྒྱུད་སྒོ་དྲུག་གི་ནང་ཚན། དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་བཅོམ་ལྡན་འདས་མི་གཡོ་བའི་སྐོར་ལ་རྒྱུད་དང་མན་ངག་གི་རྣམ་གྲངས་མཐའ་ཡས་པར་བཞུགས་པ་ལས། འདིར་པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པའི་ཐུགས་དམ་གྱི་ལྷ་དྲུག་གི་ཡ་གྱལ། ཕྱིའི་བར་ཆད་སེལ་བ་རྗེ་བཙུན་མི་གཡོ་བ་སྔོན་པོའི་སྐོར་ཡིན། དེ་ལའང་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སོགས་ནས། དེས་བླ་མ་ས་སྐྱ་པ་ལ་གསུངས་སོ་ཞེས་པའི་བར་སློབ་དཔོན་བསོད་ནམས་རྩེ་མོའི་གསུང་རབ་ལྟར་བརྗོད།
དེ་ནས་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བ། གསོལ་བ་འདེབས་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་སློབ་དཔོན་ལ་རྗེ་བཙུན་མི་གཡོ་བ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ།«་་་་་གོང་བཞིན་བསྡུ་ན། དེ་ལ་རྒྱུའི་ཆོས་ལས་ནས། མི་གཡོ་བ་སྔོན་པོའི་རྗེས་སུ་གནང་བ་ཟབ་མོ་སོགས་སྦྲེལ་ཏེ། ལོ་རྒྱུས་མ་བརྗོད་ཀྱང་རུང་ངོ༌།། »མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་མན་དཀྱུས་སུ་གསལ་བ་ལྟར་རོ། །འདིའི་ཁྱད་པར་གྱི་མན་ངག་ཆུ་སྲུང་གི་བྱིན་རླབས་བྱེད་ན། ཐོ་རངས་སྐར་མ་མ་ཡལ་བའི་གོང་ནས་བུམ་པ་གཙང་མར་ཆུའི་གཏིང་ནས་ཆུ་བླངས་ཏེ་རས་དཀར་པོས་ཁ་བཅད་ནམ་མཁའ་མ་མཐོང་བར་བྱས་ཏེ་སློབ་དཔོན་གྱི་མདུན་དུ་བཞག རྗེས་གནང་དང་འབྲེལ་ན་བྱིན་གྱིས་བརླབ་པའི་ལུང་གྲུབ་ནས། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། འདིའི་ཐུན་མོང་མ་ཡིན་པའི་མན་ངག་ཆུ་སྲུང་གི་ལུང་སྦྱིན་པ་ལ། ཐོག་མར་སློབ་དཔོན་ཁྲོ་བོའི་རྒྱལ་པོ་མི་གཡོ་བར་དངོས་སུ་གསལ་བས་བུམ་པའི་ཆུ་རིག་སྔགས་ཟབ་མོས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད་ལ། རང་གི་ལག་པ་གཡས་པས་བུམ་པའི་ཁ་བཅད། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། ན་མཿཙཎྜ་མ་ཧཱ་རོ་ཥ་ཎ་ཡ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎཱ་ཡ། ཀྵཾ་ཏྲཾ། ཏྲཱ་ས་ཡ། ཏྲཱ་ས་ཡ། སཾ་ཏྲཱ་ས་ཡ། སཾ་ཏྲཱ་ས་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླ། དེ་ནས་སློབ་དཔོན་ལ་རྗེ་བཙུན་མི་གཡོ་བ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་བདག་ལ་སྔགས་ཀྱི་
ལུང་ཟབ་མོ་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མཿཙཎྜ་སོགས། སློབ་དཔོན་གྱིས་ཀྱང་སྔགས་ཀྱི་དངོས་གྲུབ་བྱིན་པའི་མོས་པ་མཛོད་ཅེས་བརྗོད་ལ། སྔགས་ལན་བདུན་བཟླ་བཞིན་པས་སློབ་མའི་ལག་པ་གཡས་པའི་ཁྱོར་བར་ཆུ་བླུགས་ལ་འཐུང་དུ་གཞུག ཡང་སྔགས་འདིའི་རྗེས་ཟློས་ལན་གསུམ་སོགས། སླར་ཡང་སྔགས་འདིའི་སོགས་ཏེ་རྗེས་ཟློས་དང་ཆུ་སྦྱིན་པ་ལན་གསུམ་བྱས་མཐར། དེས་སྔགས་ཀྱི་ལུང་ཐོབ་པས་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་སོགས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱིན་གྱིས་བརླབས་ནས་སྤྱི་བོར་བཞག་པས་སྔགས་ཀྱི་དངོས་གྲུབ་བརྟན་པར་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་ལན་གསུམ། དེས་ཆུ་སྲུང་གི་ལུང་ཐོབ་ནས་བླ་མ་དང་ནུས་པ་མཉམ་པར་འགྱུར་བ་ཡིན་པས། སླར་ཁྱེད་རང་རྣམས་ཀྱིས་ཉམས་སུ་ལེན་པའི་ཚུལ་ནི། ཐོ་རངས་སྔ་བར་ལངས་ལ་སྐར་མ་མ་ཡལ་གོང་བུམ་པ་གཙང་མར་བླངས་པའི་ཆུ་གཙང་ནམ་མཁའ་མ་མཐོང་བར་བྱས་པ་ལ་རང་མི་གཡོ་བའི་ང་རྒྱལ་བརྟན་པོས་སྔགས་བརྒྱ་རྩ་བརྒྱད་བཏབ་ནས་ཁྲུས་དང་ཉེ་རེག་བྱས་རྗེས་ལག་པ་གཡས་པར་ཆུ་བླུགས་ལ་གཡོན་པས་དེའི་རྒྱབ་ནས་མཉེ་ཞིང༌། སྔགས་ལན་གསུམ་བཟླས་ལ་འཐུང༌། དེ་ལྟ་བུ་ལན་གསུམ་བྱ། འདི་མ་ཆག་ན་རིམས་ནད་དྲག་པོ་དང༌། འཇིགས་པའི་སར་ཡང་དགྲ་བགེགས་ཀྱིས་ཚུགས་པར་མི་འགྱུར་ཞིང༌། མདོར་ན་ཉིན་ཞག་གཅིག་གི་སྲུང་བའི་མཆོག་ཏུ་འགྱུར་རོ། །དེས་རྗེ་བཙུན་མི་གཡོ་བ་སྔོན་པོའི་རྗེས་གནང་ཆུ་སྲུང་གི་ལུང་གདམས་ངག་དང་བཅས་པ་ལེགས་པར་གྲུབ་ནས། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་སོགས་དཀྱུས་
ལྟར་སྦྲེལ་ལ། དགེ་བ་བསྔོས་ནས་སློབ་མ་རྣམས་རང་གནས་སུ་གཏང༌། སློབ་དཔོན་གྱིས་རྗེས་ཆོག་གཞུང་ལྟར་བྱའོ། །འདི་ཁོ་ན་ལོགས་སུ་བྱེད་ན། སློབ་དཔོན་གྱིས་མི་གཡོ་བའི་སྒོམ་བཟླས་གྲུབ་རྗེས་སློབ་མ་ལ་མཚམས་སྦྱོར་ཅུང་ཟད་དང་བཅས་ཏེ་མཎྜལ་འབུལ་དུ་གཞུག དུས་གསུམ་སངས་རྒྱས་སོགས་ཀྱིས་གསོལ་བ་བཏབ། དེ་ནས་ཆུ་བྱིན་གྱིས་བརླབས་པ་མན་གོང་ལྟར་ལ། མཇུག་ཏུ་གཏང་རག་གི་མཎྜལ་སོགས་སྤྱི་ལྟར་བྱས་པས་གྲུབ་བོ། །ཞེས་པའང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པའི་གསུང་རབ་ཀྱི་ཞབས་ཏོག་ཏུ་དམིགས་ཏེ། རྩ་བའི་གཞུང་གསལ་བྱེད་དང་བཅས་པའི་དགོངས་དོན་མ་འཁྲུལ་བར་རང་འདྲའི་བློ་དམན་རྣམས་ལ་ཕན་པའི་བསམ་པས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་སུག་བྲིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་གསང་སྒྲུབ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་སྐོར་རྣམས།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་གསང་སྒྲུབ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་ཤྲཱི་གྷྲཾ་སཱ་དྷོ་པཱ་ཡ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པ་ཞེས་བྱ་བའི་ཐབས། དཔལ་བདེ་ཆེན་ཡེ་ཤེས་ལ་ཕྱག་འཚལ་ལོ། །སེམས་བསྐྱེད་ཚད་མེད་སྔོན་འགྲོ་བས། །ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ། །སྟོང་པའི་ངང་ལས་རང་བཞིན་གྱིས། །སྤྱི་གཙུག་ཡི་གེ་བྷྲཱུྃ་དཀར་ལས། །འཁོར་ལོ་དཀར་པོ་རྩིབས་བཞིར་གྱུར། དེ་ཡི་ལྟེ་བ་«་་་་་པདྨ་དང་»ཉི་ཟླའི་སྟེང༌། །ཧཱུྃ་དཀར་«་་་་་དམར་»བྃ་ལས་འོད་འཕྲོས་པས། །སྲིད་གསུམ་«་་་་་གྱི་སེམས་ཅན་»བདེ་མཆོག་«་་་་་དཀར་པོའི་»གོ་འཕང་བཀོད། «འོད་ཟེར་་་་་་»།ཚུར་འདུས་ཡབ་དཀར་ཡུམ་དམར་«་་་་་ཏུ་གྱུར་»ལ། །བདེ་ཆེན་ལྷ་མོ་སྐུ་མདོག་དཀར། «གཡས་་་་་»།གྲི་གུག་ཐོག་ཁྲག་«་་་་་གཡོན་»བསྣམས་པ་«་་་་་ཁ་ཌཱཾ་ག་དང་བཅས་པ་»བཞི། །རྩིབས་བཞིའི་སྟེང་དུ་བསམ་པར་བྱ། །འཁོར་ལོའི་རྩིབས་ཀྱི་«་་་་་རྩེ་མོར་»རྃ་བཞི་ལས། །ཡེ་ཤེས་མེ་དཔུང་«་་་་་དཀར་པོ་»འབར་བ་ཡི། །གསང་བ་«་་་་་སྙོམས་འཇུག་དེ »ཁོ་ན་ཉིད་«་་་་་ཕྱག་རྒྱ་ཆེན་པོའི་»མཆོད་པས། །ཡབ་ཡུམ་སྙོམས་འཇུག་«་་་་་བྱས་པའི་»སྦྱོར་མཚམས་ནས། །བྱང་སེམས་དཀར་ལ་དམར་མདངས་ཆགས། །ཆུ་རྒྱུན་«་་་་་གཉའ་ཤིང་ཙམ་»རང་གི་སྤྱི་གཙུག་ཟུག །འཁོར་
བཞི་«་་་་་གྱི་ལྷ་མོ་»ཁ་ཊྭཱྃ་«་་་་་དང་ཡབ་ཡུམ་ཚུལ་གྱིས་ཧེ་རུ་ཀར་གྱུར་པ་དང་»སྙོམས་འཇུག་པས།«་་་་་མཛད། »གསང་གནས་«་་་་་ནས་»བྱང་སེམས་«་་་་་དཀར་ལ་དམར་མདངས་ཅན། »རྒྱུན་རྣམས་འབབ། །སྤྱི་གཙུག་གཅིག་ཏུ་གྱུར་ནས་ནི། «སྤྱི་མགྲིན་སྙིང་ག་སྟེ་བ་སྟེ།་་་་་»།གནས་བཞིར་བབས་པས་སྡིག་སྒྲིབ་དག །འཁོར་ལོ་«་་་་་སྒོ་རོ་རོ་»མྱུར་«་་་་་དུ་»འཁོར་«་་་་་བས་»ནད་གདོན་རྣམས། «འཁོར་ལོས་»།བཅད་དང་«རྩིབས་ཀྱིས་་་་་»གཏུབས་དང་མེ་ཕུང་«གིས་་་་་»བསྲེགས། «འཁོར་ལོའི་་་་་་»།རླུང་གིས་རང་བཞིན་མེད་པར་གཏོར།«་་་་་བར་བསམ། »།ཆུ་རྒྱུན་འཁོར་ལོ་མེ་དཔུང་རླུང༌། །དེ་ལ་མ་ཡེངས་གསང་སྔགས་«་་་་་ཡི་གེ་བདུན་པ»་བཟླས། །དམིགས་པ་གཏོད་ན་རྨི་ལམ་འབྱོངས། །ལོངས་སྤྱོད་རྫོགས་སྐུ་རང་ཤར་འབྱུང༌། །དེ་ནི་སྐུ་ཡི་འཁོར་ལོའོ། །དེ་ནས་མགྲིན་པར་བྷྲཱུྃ་དམར་ལས། །འཁོར་ལོ་དམར་དང་པད་ཉི་ཡི། །སྟེང་དུ་ཧཱུྃ་དང་བྃ་དམར་ལས། །འོད་འཕྲོས་གོང་བཞིན་སྤྲོ་བསྡུ་«་་་་་བདེ་མཆོག་དམར་པོའི་གོ་འཕང་»བྱ། །དབུས་སུ་བདེ་མཆོག་ཡབ་ཡུམ་ནི། «གཉིས་ཀ་་་་་་»པདྨ་རཱ་གའི་མདོག་འདྲ་བ། །རུས་པ་«་་་་་རྒྱན་དྲུག་»ཐོད་པ་སྐམ་«་་་་་པོའི་དབུ་རྒྱན་»རློན་རྒྱན། །གར་དགུའི་ཉམས་དང་ལྡན་པའོ། །ཕྱོགས་བཞིར་ལྷ་མོ་གྲི་ཐོད་ཅན། །མདོག་དམར་ཁ་ཊྭཱྃ་
བཅས་པའོ། །རྩིབས་ཀྱི་རྃ་ལས་གོང་བཞིན་དུ། «གསང་བ་དེ་ཁོ་ནའི་་་་་་»།ཡེ་ཤེས་མེ་འབར་མཆོད་པས་མཉེས། །གཙོ་འཁོར་ཡབ་ཡུམ་«་་་་་ཐམས་ཅད་ཀྱི་»སྦྱོར་མཚམས་ནས། །བྱང་སེམས་དམར་པའི«་་་་་ལ་དཀར་མདངས་ཆགས་པ་»ཆུ་རྒྱུན་བྱུང༌། །མགྲིན་པ་མན་ཆད་ཁེངས་པ་ཡིས། །ནད་གདོན་སྡིག་སྒྲིབ་དག་པར་བསམ། །ཆུ་རྒྱུན་«་་་་་དམར་པོ་»འཁོར་ལོས་«་་་་་གཏུབས་བཅད་»མེ་ཕུང་«་་་་་གིས་བསྲེགས་»རླུང༌།«་་་་་གིས་གཏོར »།སྙིང་པོ་«་་་་་ཡི་གེ་བདུན་པ་»བཟླས་པར་«སྔར་དང་་་་་་»ཁྱད་པར་མེད། །དམར་བ་«་་་་་ཁོང་པའི་ནང༌། དམར་བ་ལ་དཀར་མདངས་ཆགས་པ་་་་་་»མེ་ཡི་འོབས་ལྟར་བསམ། །གསུང་གི་འཁོར་ལོ་དམར་པོའོ། «རང་གི་་་་་་»།ཐུགས་ཀྱི་འཁོར་ལོ་སྔོན་པོ་ནི། །སྙིང་གར་བྷྲཱུྃ་སྔོན་བཻ་ཌཱུར་མདོག །རྣོ་ངར་ལྡན་པའི་འཁོར་ལོ་«་་་་་རྩིབས་བཞི་པོའི་ལྟེ་བར་པདྨ་»བསམ། །ཉི་ཟླ་འཇིགས་བྱེད་དུས་མཚན་སྟེང༌། །ཧཱུྃ་དང་རྡོ་རྗེའི་སྤྲོ་བསྡུ་ལས། །བདེ་མཆོག་སྔོན་པོ་ཡུམ་དམར་ཞིང༌། །དྲག་པོའི་རང་བཞིན་འཁོར་བཅས་བསྒོམ། «བཞི་་་་་»།རྩིབས་ལས་མེ་«་་་་་ཡི་འུར་སྒྲ་ཐུག་སྒྲ་དང་བཅས་པ་»ཕུང་སྔོ་ནག་འབར།«་་་་་བས་ཕྱི་ལྟར་ན་ནད་གདོན་བསྲེགས། »ཡབ་ཡུམ་སྙོམས་འཇུག«་་་་་འདི་ནང་ལྟར་ན་མཆོད་པ་ཕུལ་བས་ཐུགས»་རྒྱུད་བསྐུལ་ནས། །ཟག་མེད་བདེ་བ་ཆེར་རྒྱས་ཤིང༌། །ཧཱུྃ་«་་་་་དྲག་པོའི་»ཕཊ་གད་མོ་འབྲུག་སྟོང་སྒྲོགས། །སྦྱོར་མཚམས་བྱང་སེམས་མཐིང་ཤུན་མདོག །སྙིང་ག་མན་ཆད་ཁེངས་པ་ཡིས། །སེམས་ཀྱི་ནད་གདོན་སྡིག་སྒྲིབ་དང༌། །ཁྱད་པར་གདོན་དང་«རྣམས།» «ཉོན་མོངས་པ་་་་་་»ཞེ་སྡང་རྣམས། །འཁོར་ལོས་གཏུབ་ཅིང་མེ་ཕུང་བསྲེགས། །ཡེ་ཤེས་རླུང་གིས་དེངས་པར་བྱ། །བྱང་སེམས་ཆུ་རྒྱུན་དྲག་པོ་ཡིས། །སྡིག་སྒྲིབ་«་་་་་ནད་གདོན་ཐམས་ཅད་»ཐལ་བའི་རི་བོ་«་་་་་ལ་ཆུ་འབབ་པ་བཞིན་»བཀྲུ། «ཉོན་མོངས་པ་་་་་»གཏི་མུག་«་་་་་དང་་་་་་»ཚད་«་་་་་པའི་»ནད་ཞི་བ་ལ། །སྤྱི་གཙུག་སྐུ་ཡི་འཁོར་ལོ་བསྐོར།«་་་་་དཀར་པོ་ག་བུར་བྱི་ཆུ་རྒྱུན་དང་བཅས་པ། »།དབང་«་་་་་དུ་སྡུད་པ་»དང་འདོད་ཆགས་«་་་་་དང་»བྲང་ནད་ལ། «།དམར་པོ་ལྕགས་སྲེག་ལྟ་བུ་ཟངས་ཞུན་གྱི་རྒྱུན་དང་བཅས་པ་་་་་་»མགྲིན་པ་གསུང་གི་འཁོར་ལོ་བསྐོར། །
གདོན་བགེགས་ཞེ་སྡང་བད་ཀན་ལ། །སྙིང་ག་ཐུགས་ཀྱི་འཁོར་ལོ་བསྐོར།«་་་་་ཆུ་རྒྱུན་སྔོན་པོ་མེ་སྔོ་ནག་འབར་བ། »།རྦོད་གཏོང་ངན་པ་བཟློག་པ་ལ། །ས་བོན་«་་་་་ཧཱུྃ་ལས། འོད་ཟེར་་་་་་»ལྕགས་ཀྱུ་ཞགས་པ་ཡིས། «རྣམ་པ་མང་པོ་འཕྲོས་པས། »གནོད་བྱེད་«་་་་་རྦོད་གཏོང་སོགས་»བཀུག་ལ་འཁོར་ལོས་གཏུབས། །མེས་བསྲེགས་རླུང་གིས་གཏོར་བར་བྱ། «།འཁོར་གྱི་་་་་་»།ལྷ་རྣམས་ཞལ་ནི་ཕྱིར་བསྟན་ལ། །སྙིང་པོའི་«་་་་་ཡི་གེ་བདུན་པའི་»རྗེས་སུ་མཱ་ར་ཡ། །བཏགས་ལ་བཟླས་པས་དམ་ཉམས་སྒྲོལ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །བསྙེན་པ་«་་་་་དེ་རེ་རེ་ལ་»འབུམ་ཕྲག་བདུན་བདུན་གྱིས། །ས་རྣམས་གཡོ་ཞིང་«ཞི་རྒྱས་དབང་དྲག་གི་་་་་་»ལས་རྣམས་འགྲུབ། །བཅུ་བཞིའི་ས་རྣམས་རྫོགས་བྱེད་པའི། «བདེ་མཆོག་་་་་»།ཉེ་བར་སྒྲུབ་པ་འདི་ལ་འབད། །མཁའ་འགྲོའི་སྲོག་སྙིང་ཁྱོད་«་་་་་ཤངས་པ་ཁུ་བ་»ལ་གཏད། «ཚིག་བརྒྱུད་ལས »།མ་སྤེལ་ཙིཏྟའི་ཕོ་བྲང་དུ། «།ཉེར་སྒྲུབ་འདི་དང༌།་་་་་»།རང་སྲོལ་བླ་མ་གཅེས་པར་ཟུངས། «ནཻ་གུ་མ་་་་་་»།ང་རང་«་་་་་གིས་»བྱིན་རློབ་སྤྱི་བོར་སྒོམས།«་་་་་གསོལ་བ་ཐོབ། »།ས་བཅུ་ལམ་ལྔའི་རིམ་རྣམས་ལ། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱ། །འདི་ན་གསང་སྒྲུབ་མཐར་ཐུག་མཆོག །བཅོམ་ལྡན་འདས་བདེ་མཆོག་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མས་མཛད་པ་རྫོགས་སོ། །བདག་ཁྱུང་པོ་རྣལ་འབྱོར་པས་སེང་ལྡིང་འཐུག་པོའི་ནགས་གསེབ་ཏུ་མཁའ་འགྲོ་མའི་ཞལ་གདམས་རྣམས། ཏཱ་ལའི་ལོ་མ་ལ་རྗེད་ཐོར་བྲིས་ནས་གའུར་བཅངས་ཏེ་ལུས་དང་མ་བྲལ་བར་བྱས་སོ། །མངྒ་ལཾ།། ༈ །བླ་མ་ཤངས་པའི་ཕྱག་རྡོར་གསང་སྒྲུབ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་བཛྲ་པཱ་ཎ་ཡེ། དཔལ་ཕྱག་ན་རྡོ་རྗེ་བསྒོམ་པར་འདོད་པས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། བྱང་ཆུབ་ཏུ་སེམས་བསྐྱེད། བདག་གིས་ཡི་དམ་བསྒོམ་པར་བགྱིའོ་སྙམ་དུ་བསམས་ལ་ཕྱག་རྒྱ་ཆེན་པོ་ལ་བློ་བཞག་གོ །དེ་ནས་སྐད་ཅིག་ཙམ་གྱིས་པདྨ་དང་ཟླ་བ།
བགེགས་ཀྱི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་དྲེགས་པས་འགྱེལ་བའི་གདན་གྱི་སྟེང་དུ་རང་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་པ་མཆེ་བ་བཞི་རབ་ཏུ་གཙིགས་ཤིང་ཁྲོས་པ། ངག་ཏུ་ཧཱུྃ་ཧཱུྃ་ཞེས་སྒྲོགས་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། སྡིགས་མཛུབ་བསྒྲེངས་པ། འོག་མ་གཉིས་ཀྱིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་ཞབས་བརྐྱང་བསྐུམ་གྱིས་འགྱིང་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་ལ། སེམས་ཡུན་རིང་དུ་བཟུང་ངོ༌། །དེས་སྐྱོ་ན་གནས་གསུམ་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་བཀོད། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ལ་སེམས་བཟུང་ངོ༌། །དེས་སྐྱོ་ན་སྐུ་ལས་སྐྱེས་པའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཡི་དམ་གྱི་ཚོགས་མཆོད་ཅིང་བྱིན་རླབས་བསྡུས། ཡང་གདུགས་པ་ཅན་དཔའ་བཀོང་བར་བསམས་ལ་སེམས་བཟུང་ངོ༌། །དེས་སྐྱོ་ན་བཟླས་པ་བྱ་བ་ནི། སྙིང་གར་ཟླ་བ་ལ་ཧཱུྃ། དེའི་མཐར། ཨོཾ་བཛྲ་ཧ་ལི་ཧ་ན་ཧ་ན་སརྦ་དུཥྚཱན་ཧཱུྃ་ཕཊ། ཅེས་པས་བསྐོར་བ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བར་དམིགས་ཏེ་བཟླས་སོ། །དེ་དག་ནི་ལྷ་བསྒོམ་པ་དང༌། སྔགས་བཟླས་པས་སྒྲུབ་པའོ། །ཏིང་ངེ་འཛིན་གྱི་སྒྲུབ་པ་ནི། སྤྱི་བོར་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་བསམ། དེ་ལ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཀྱི་བྱིན་རླབས་བསྡུས་ཏེ་ཐིམ། བདུད་རྩིའི་རྒྱུན་དཀར་པོས་ལུས་ཁྱབ་པར་བསམ། འདིས་ནུས་མཐུ་དང་གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ། །ཡང་ལྕེ་རྡོ་རྗེ་དམར་པོ་རྩེ་ལྔ་པར་གྱུར་པའི་ལྟེ་བར་སྔགས་ཕྲེང་བཀོད་ལ་བཟླས་པས་བདུད་རྩི་དམར་པོ་བྱུང༌། རྩ་དང་ཁམས་ཐམས་ཅད་ཁྱབ་པར་བསམས་ལ་བཟླས་པ་བྱ། འདིས་ངག་གི་ནུས་པ་སྐྱེད་ཅིང༌། ངག་མནན་པ་སོགས་ཞི་བར་འགྱུར་རོ། །ཡང་སྙིང་གར་རྡོ་རྗེ་སྔོན་པོའི་ལྟེ་བར་ཐིག་ལེ་སྔོན་པོ་ཉུངས་ཀར་ཙམ་པ་ལ་ཧཱུྃ་སྔོན་པོས་མཚན་པར་
བསམ། དེ་ལ་ཡིད་གཏད་ནས་རླུང་འཆིང་ལ་སྔགས་ཡིད་ཀྱིས་བཟླས་པས་ཏིང་ངེ་འཛིན་གྱི་སྒོ་བྱེ་བར་འགྱུར་རོ། །ལས་སྦྱོར་གྱི་སྒྲུབ་པ་ནི། ལྷ་ལས་དངོས་གྲུབ་བླང་བར་འདོད་ན། རང་གི་མདུན་དུ་ལྷ་ཆེན་ཚོགས་ཀྱི་བདག་པོ་གུས་པས་བཀའ་ནོད་པར་བསམ། ཨོཾ་བྷྲཱུྃ་ག་ཎ་པ་ཏི་སྭཱ་ཧཱ། ཞེས་པས་གནད་ནས་བསྐུལ། ལ་ཕུག་དང་བཅས་པའི་གཏོར་མ་དུས་གསུམ་དུ་བྱིན་ན་ལྷའི་དངོས་གྲུབ་ཀྱི་མཚོ་བརྡོལ་བར་འགྱུར་རོ། །ཀླུ་ལ་དངོས་གྲུབ་བླང་བར་འདོད་ན། རང་གི་མདུན་རྒྱ་མཚོ་ཆེན་པོ་གཏིང་ཟབ་པ་ཞིག་གི་ནང་དུ་མཆོད་རྟེན་དཀར་པོ་ཆེན་པོ་ཞིག་བསམ། དེའི་རྩ་བར་ཀླུའི་རྒྱལ་པོ་མཆོག་སྦྱིན་པ་རོ་སྟོད་མི་ལ་སྨད་སྦྲུལ་དུ་འཁྱིལ་པས་མཆོད་རྟེན་ལ་འཁྲིལ་བ། ཕྱག་གཡོན་གཏེར་གྱི་བུམ་བཟང་བསྣམས་ནས་མཆོད་རྟེན་ལ་འཁྱུད་པ། གཡས་མཆོག་སྦྱིན་གྱི་ཕྱག་མཐིལ་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་པྃ་ལས་རིན་པོ་ཆེའི་པད་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་བརྗོད་པས་སྣོད་དེ་ལྷ་མིའི་བཅུད་ཕུན་སུམ་ཚོགས་པས་གང་བའི་ཕུད་ཀྱིས་བླ་མ་དང་དཀོན་མཆོག་མཆོད། བར་དུ་ཀླུ་ཉིད་ཀྱིས་གསོལ། ཐ་མ་བདག་ལ་བྱིན་པས་བར་ཆད་ཐམས་ཅད་ཞི། ཚེ་དང་སྟོབས་དང་བསོད་ནམས་ཕུན་སུམ་ཚོགས་པར་བསྐྱེད། བཀྲ་ཤིས་དང་བདེ་ལེགས་སུ་གྱུར་པར་བསམ་མོ། །ཡང་ན་ལས་གང་སྒྲུབ་པའི་ཁ་དོག་དང་མཐུན་པའམ། ལས་ཐམས་ཅད་ལ་སྐུ་མདོག་ལྗང་གུར་བསྒོམ་ཡང་བཏུབ་བོ། །འདིས་ལས་ཀྱི་དངོས་གྲུབ་ཐམས་ཅད་འབྱུང་ངོ༌། །གནོད་སྦྱིན་ལས་དངོས་གྲུབ་བླང་བར་འདོད་ན། རང་གི་མདུན་དུ་རྣམ་ཐོས་སྲས་ལྗང་སེར་བེ་ཅོན་དང་ནེའུ་ལེ་འཛིན་པ་ལ་འཁོར་གནོད་སྦྱིན་བརྒྱད་ཀྱིས་བསྐོར་བར་དམིགས་ལ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བཀོད། རང་འདྲ་བཀུག་སྟེ་བསྟིམ། དབང་བསྐུར་བས་ཕྱག་རྡོར་གྱི་ཅོད་པན་དུ་བསམ། ཨོཾ་
བེ་ཤྲཱ་མ་ཎཱ་ཡ་བྷྲཱུྃ་སརྦ་སདྡྷི་ཕ་ལ་པུཎྱ་དྷ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཐུན་མཚམས་སུ་ཁ་ཟས་བཟང་དགུའི་གཏོར་མ་སྦྱིན། ཡེ་ཤེས་པ་རྟེན་ལ་བཅིང་བའམ། གཤེགས་སུ་གསོལ། དེ་ལྟར་བྱས་པས་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཚེ་རབས་ཐམས་ཅད་དུ་འབྱུང་ངོ༌། །མདོར་ན་དཔལ་གསང་བའི་བདག་པོ་བསྒོམས་པས་ལས་ཐམས་ཅད་བྱེད་དོ། །ས་གསུམ་གྱི་འབྱུང་པོ་ཐམས་ཅད་དབང་དུ་འགྱུར་རོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་བྲན་བཞིན་དུ་མངགས་གཞུག་བྱེད་དོ། །ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེ་བར་འགྱུར་རོ། །དཔལ་ཕྱག་ན་རྡོ་རྗེའི་གསང་སྒྲུབ་མན་ངག་དང་བཅས་པ་བླ་མ་ཤངས་པའི་ཐུགས་དམ་མོ། །ཤིན་ཏུ་ཟབ་བོ༌།། ༈ །རྣམ་འཇོམས་གསང་སྒྲུབ་བཞུགས་སོ། །ན་མོ་གུ་རུ། རྗེའི་ཞལ་ནས། རྨི་ལམ་སྦྱོང་སྤེལ་འདི་གྲིབ་ལ་སྔར་བས་རྣམ་འཇོམས་ཀྱི་གསང་སྒྲུབ་བླ་མ་ཤངས་པའི་ལུགས་འདི་བྱ་དགོས་གསུང༌། དེ་ལ་རང་གི་ལུས་འདི་ཡེ་ནས་བུམ་པ་རང་ཆས་ཡིན་ཏེ། སྐྲ་དང་རྣ་བ་བུམ་པའི་ཁ་རྒྱན། སྐེ་བུམ་པའི་མགྲིན་པ། གསུས་པ་བུམ་པའི་ལྟོ་བ། རྡོ་རྗེ་ནོར་བུ་བུམ་པའི་མཆུ། སྲིན་ཞལ་བུམ་པའི་ཞབས། རྐང་པ་བུམ་པའི་ཞབས་སྟེགས་ཡིན་པས་བུམ་པ་རང་ཆས་ཡིན་ནོ། །རང་གི་ལྟོ་བའི་སྟེང་དུ་ཧཱུྃ་ཞིག་བསམ། དེའི་མཐའ་ན་ཕར། ན་མོ་རཏྣ་ཏྲ་ཡཱ་ཡ་ལ་སོགས་པའི་གཟུངས་ཚར་གསུམ་གྱིས་ལན་གསུམ་བསྐོར་བར་བསམ། དེ་དང༌། ཧཱུྃ་དང་གཟུངས་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པ་ཕུལ། ཚུར་འདུས་ཧཱུྃ་དང་གཟུངས་གཉིས་ལ་འོད་ཟེར་ཆར་བཞིན་བབ་པར་བསམ་ཞིང༌། གཟུངས་ལན་གསུམ་ལྔ། བདུན་ལ་སོགས་པ་ཅི་རིགས་པ་བརྗོད་པས་སྔགས་འོད་དུ་ཞུ་བའི་ཁྲུས་ཆུ་དེ། གདོན་
འདུལ་བར་འདོད་ན། ཁྲོ་ཆུང་དཔག་ཏུ་མེད་པ་མེ་ཕུང་དང་བཅས་པར་བསྒོམ། བར་ཆད་བསྲུང་བར་འདོད་ན་རྡོ་རྗེ་ཕྲ་མོ་ཁོལ་བར་བསམ་མོ། །ནངས་པར་སྔ་བར་ལངས་ཏེ། རང་གི་ཆུ་ཕུད་ཕར་བཏང་སྟེ། དེ་ནས་ཆུ་ཁྱོར་བ་གསུམ་བཏུང༌། ཁྲུས་བྱ། སྡིག་སྒྲིབ་ནད་དང་མི་གཙང་བ་ལ་སོགས་པ་སངས་ཀྱིས་དག་པར་བསམ། དེ་ལྟར་བྱས་པས་ནད་རིམས་དང༌། གདོན་གྲིབ་ཐམས་ཅད་ཐུབ་བོ། །ཁྲུས་ཆུའི་གདམས་པ་ཤིན་ཏུ་ཟབ་པ་ཡིན། །། ༈ །གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་ཀཱ་ལ་ན་མོ། ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མའི་ཁྱད་འཕགས་ཀྱི་གདམས་པ། རྡོ་རྗེ་རྣམ་པར་འཇོམས་པའི་གསང་སྒྲུབ་ཉམས་སུ་ལེན་པར་འདོད་པས། ཐོ་རངས་སྔ་བར་ལངས་ཏེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་བྱས་ནས། རྐང་པ་གཉིས་བསྣོལ་ཏེ་ཙོག་པུར་བྱ། ལག་པ་གཉིས་བསྣོལ་ཏེ་སླེ་ཤ་ཉ་ལ་འཇུ། གྲུ་མོ་གཉིས་པུས་མོ་ལ་བཀབ། དེ་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་སོ། །ཞེས་གསུངས་པའི་དོན་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །དེས་ནི་བར་ཆད་མི་འབྱུང་ཞིང་བྱིན་རླབས་ཆེ་བའི་དགོས་པ་ཡོད་དོ། །དེ་ནས་དབྱིབས་བུམ་པའི་ལུས་ཀྱི་འཁྲུལ་འཁོར་ལྔ་བྱའོ། །སྣང་བ་བུམ་པ་ནི་རང་གི་ལུས་བུམ་པ་དངོས་སོ། །རྐང་པ་ཞབས། སྐེ་མན་ཆད་ཁ། རྡོ་རྗེ་ནོར་བུ་མཆུར་བསམ། ལར་གཟུགས་སུ་སྣང་བ་ཐམས་ཅད་བུམ་པར་བསྒོམས་པས་ཆོག་པ་ཡིན་གསུང༌། དམིགས་རྟེན་བུམ་པ་ནི། རང་ལུས་བུམ་པར་བསྒོམ་པའམ། ཐམས་ཅད་གཟུངས་ཀྱིས་ཁེངས་པར་བསམས་པའི་སྟེང་དུ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག ཞབས་བརྐྱང་བསྐུམ། གཡས་རྡོ་རྗེ་གཡོན་སྡིགས་མཛུབ་དྲིལ་བུ། སྤྱན་གསུམ་པ། མཆེ་བ་གཙིགས་པ།
ཁྲོ་བོའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། མེ་ཕུང་གི་ཀློང་ན་བཞུགས་པར་བསྐྱེད་དོ། །དེ་ནས་གཟུངས་བཟླས་པ་དང་རང་གི་སྟེང་གི་ལྷ། ནང་གི་གཟུངས་ཐམས་ཅད་སྔགས་ཀྱི་རང་སྒྲ་དང༌། ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དང་བཅས་པ་བབ་པར་བསམས་ལ་གཟུངས་བདུན་ནམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླ། འཇོག་ཙ་ན་སྟེང་གི་ལྷ་བདུད་རྩིར་ཞུ་ནས་རང་གི་གཟུངས་ལ་ཐིམ། གཟུངས་བདུད་རྩིར་ཞུ་བར་བསམས་ལ། རང་གིས་ཁྲུས་བྱ་བའམ། གཞན་ལའང་བྱིན། གཞན་གྱི་གཟུངས་ཆོག་ཏུ་བྱེད་ནའང༌། མཎྜལ་བུམ་པ་བཅས་ལ། བུམ་པ་ལ་བདག་བསྐྱེད་བཞིན་བཟླས་སོ། །འཇོག་ཙ་ན་རང་དང་བུམ་པའི་ཆུ་གཉིས་བསྲེས་ལ་འཐུང་བ་དང༌། ཁྲུས་བྱེད་དུ་གཞུག་གསུངས་སོ། །ཉམས་གྲིབ་ཆེན་པོ་ཕོག་པ་ལ། འདི་མིན་པ་གཞན་གང་གིས་ཀྱང་མི་སེལ་བར་གསུངས་སོ། །ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མའི་ཁྱད་འཕགས་ཀྱི་གདམས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གསང་སྒྲུབ། ཆོས་རྗེ་སངས་རྒྱས་སྟོན་པའི་གསུང་བཞིན་བྲིས་པའོ། །མངྒལཾ།། ༈ །དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་བདེ་ཆེན་རྣམ་རོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང༌། །ལྷན་སྐྱེས་བདེ་ཆེན་ཟུང་འཇུག་པ། །བླ་མ་འཁོར་ལོ་སྡོམ་པ་ཡིས། །དངོས་གྲུབ་རྒྱ་མཚོའི་མཆོག་སྦྱིན་མཛོད། །རྟེན་གྱི་གང་ཟག་ངེས་འབྱུང་དང་སྙིང་རྗེ་ཆེན་པོས་རྒྱུད་འབྱོངས་ཤིང༌། བྱིན་རླབས་ཟབ་མོས་སྨིན་པ། དམ་ཚིག་དང་སྡོམ་པའི་གནས་ལྷུར་ལེན་པ་དག་གིས་དངོས་གྲུབ་ཀྱི་མཆོག་དོན་དུ་གཉེར་བའི་བློས་ལམ་ཟབ་མོ་ལ་འཇུག་པར་བྱ་སྟེ། འདི་ལ་གསུམ། རྩ་བའི་སྒྲུབ་ཐབས། མན་ངག་གི་ངེས་པ། ཡན་ལག་གཞན་བཤད་པའོ། །དང་པོ་ནི། གནས་དབེན་པར་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་
འདུག་སྟེ། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་དང་མཐུན་པར་བྱ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་འོད་གསལ་གྱི་རང་མདངས་རྡོ་རྗེའི་སྲུང་བའི་འཁོར་ལོ་དང་གཞལ་ཡས་ཁང་གི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སྐད་ཅིག་གིས་དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པ་སྐུ་མདོག་སྔོན་པོ་འོད་ཟེར་རབ་ཏུ་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་དང༌། ཟླ་བ་ཕྱེད་པས་མཚན་ཅིང་རུས་པའི་ཕྱག་རྒྱ་དྲུག་སྐུ་ལ་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡས་བརྐྱང་གི་རོལ་པས་བཞུགས་ཤིང་གར་དགུའི་ཉམས་དང་ལྡན་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཅིང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། ཐོད་སྐམ་ཀྱི་དབུ་རྒྱན་དང་དོ་ཤལ་ཅན། ཞབས་གཡས་བསྐུམས་གཡོན་བརྐྱངས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་བདེ་བ་ཆེན་པོའི་ལང་ཚོ་མཆོག་ཏུ་རྒྱས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པས་གསལ་བཏབ་ནས་བཟླས་པ་ལ་འཇུག་ཀྱང་རུང༌། སྤྲོ་ན། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བ་
སྤྱན་དྲངས་པ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། གསང་གནས་ནས་རྡོ་རྗེའི་ལམ་དུ་ཞུགས་ཤིང་ཐུགས་ཀའི་ས་བོན་ལ་ཐིམ། སླར་ཡང་རྒྱུན་མི་ཆད་པར་འཁོར་བས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམས་ལ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཅེས་ཅི་ཙམ་ནུས་པ་བཟླ། ཐུན་ལས་ལྡང་བ་ན། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ཏེ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་ཅུང་ཟད་མཉམ་པར་བཞག སླར་ཡང་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀའི་སྐུར་གྱུར་པར་བསམས་ལ། གནས་གསུམ་བྱིན་གྱིས་བརླབས་ཏེ་དགེ་བ་བསྔོ། སྨོན་ལམ་གདབ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གཉིས་པ་མན་ངག་གི་ངེས་པ་མདོ་ཙམ་ནི། རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་བྷྲཱུྃ་ལས་སྐུའི་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བར་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་ཧཱུྃ་དཀར་པོ་དང༌། བྃ་དམར་པོ་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་པོ་བདེ་བ་མཆོག་གི་གོ་འཕང་ལ་བཀོད། ཚུར་འདུས་པ་ལས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་སྐུ་མདོག་དཀར་པོ་ལ་ཡུམ་ཕག་མོ་དམར་མོས་འཁྱུད་པ། གཉིས་ཀའང་རྒྱན་ཆ་ལུགས་ཉམས་འགྱུར་ཐམས་ཅད་ཡོངས་སུ་རྫོགས་པ། རྩིབས་བཞིར་སྙིང་པོའི་རྣལ་འབྱོར་མ་བཞི་སྐུ་མདོག་དཀར་མོ་གྲི་གུག་དང༌། ཐོད་པ་ཁ་ཊྭཱྃ་ག་འཛིན་པ་དང༌། རྩིབས་རྩེར་རྃ་དམར་པོས་མཚན་པ། དེ་ལས་ཡེ་ཤེས་ཀྱི་མེ་འབར་བའི་དྲོད་ཀྱིས་བསྐུལ་བས་གཙོ་འཁོར་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པས་
མཉེས། སྙོམས་པར་ཞུགས་པའི་སྦྱོར་མཚམས་དང་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་དཀར་པོའི་རྒྱུན་དཔག་ཏུ་མེད་པ་བབ། འཁོར་ལོ་བཞིའི་གནས་རྣམས་གང་བས་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག སླར་ཡང་འཁོར་ལོ་མྱུར་དུ་འཁོར་བ་ལས་བྱུང་བའི་མེ་རླུང་གི་ཤུགས་ཀྱིས་ནད་གདོན་བར་ཆད་ཐམས་ཅད་བསྲེགས་ཤིང་གཏོར། འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམས་ལ་ཡི་གེ་བདུན་པ་ཇི་ཙམ་ནུས་པ་བཟླའོ། །དེ་ལྟར་བསྒོམས་པས་གཙོ་བོར་ཉོན་མོངས་པ་གཏི་མུག་དང་ཚ་བའི་ནད་སེལ། ཞི་བའི་ལས་འགྲུབ་བོ། །དེ་བཞིན་དུ་མགྲིན་པར་གསུང་གི་འཁོར་ལོ་དམར་པོའི་ལྟེ་བར་ཧཱུྃ་དང་བྃ་དམར་པོ་ལས་གཙོ་བོ་ཡབ་ཡུམ་དང༌། འཁོར་རྣམས་སྐུ་མདོག་དམར་པོ་གསལ་བཏབ། སྙོམས་འཇུག་གི་བདུད་རྩི་དམར་པོའི་རྒྱུན་གྱིས་མགྲིན་པ་མན་ཆད་གང་བར་བསམ། དམིགས་པའི་ཁྱད་པར་གཞན་སྔར་ལྟར་སྦྱར་བ་དང༌། སྔགས་བཟླས་པས་ཉོན་མོངས་པ་འདོད་ཆགས་དང༌། གྲང་བའི་ནད་ཞི། དབང་གི་ལས་འགྲུབ་བོ། །སྙིང་གར་ཐུགས་ཀྱི་འཁོར་ལོ་སྔོན་པོ་ལ་ཧཱུྃ་སྔོན་པོ་དང་བྃ་དམར་པོ་ལས་གཙོ་བོ་ཡབ་སྔོན་པོ། ཡུམ་དམར་པོ། འཁོར་རྣམས་སྔོན་པོར་གསལ་བཏབ། བདུད་རྩིའི་རྒྱུན་སྔོན་པོས་སྙིང་ག་མན་ཆད་གང་བར་བསམས་ལ་བཟླས་པས་ཉོན་མོངས་པ་ཞེ་སྡང་དང༌། བད་ཀན་གྱི་ནད་ཞི། དྲག་པོའི་ལས་འགྲུབ་བོ། །ཁྱད་པར་རྦོད་གཏོང་སོགས་ཟློག་པར་འདོད་ན། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དམིགས་བྱ་རྣམས་འཁོར་ལོའི་རྩེར་བཀུག་ལ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་མཱ་ར་ཡ་ཕཊ། ཅེས་དྲག་ཏུ་བཟླས་པས་སྙིང་པོའི་རྣལ་འབྱོར་མ་བཞི་ཞལ་ཕྱིར་གཟིགས་ཤིང་འཁོར་ལོ་གཡོན་དུ་འཁོར་བའི་དབལ་གྱིས་གནོད་བྱེད་ཀྱི་ལུས་དུམ་བུར་གཏུབ། མེས་བསྲེགས། རླུང་གིས་གཏོར་བར་བསམ་མོ། །བསྙེན་པ་བྱེད་ན།
ཐོག་མར་བདག་གི་རྣལ་འབྱོར་གསལ་བཏབ་ནས་ཡི་གེ་བདུན་པ་འབུམ་ཕྲག་བདུན་བཟླ་བ་ནི་རྩ་བའི་བསྙེན་པ་དང༌། དེ་ནས་འཁོར་ལོ་གསུམ་པོ་སོ་སོའི་དམིགས་པ་དང་བསྟུན་ནས་ཡི་གེ་བདུན་པ་འབུམ་ཕྲག་བདུན་རེ་བཟླ་བ་ནི་ལས་སྦྱོར་གྱི་བསྙེན་པ་སྟེ། དེས་གནས་སྐབས་སུ་ཕྲིན་ལས་རྣམ་བཞི་གང་བརྩམས་པ་ཐམས་ཅད་ཐོགས་མེད་དུ་འགྲུབ་ཅིང༌། མཐར་ཐུག་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་དབང་འབྱོར་བའི་ཚུལ། བསྙེན་པ་འབུམ་ཕྲག་བདུན་བདུན་གྱིས། །ས་རྣམས་གཡོ་ཞིང་ལས་རྣམས་འགྲུབ། །བཅུ་བཞིའི་ས་རྣམས་རྫོགས་བྱེད་པའི། །ཉེ་བར་སྒྲུབ་པ་འདི་ལ་འབད། །ཅེས་གསུངས་སོ། །གསུམ་པ་ཡན་ལག་གི་རྣལ་འབྱོར་གཞན་བཤད་པ་ལ་གསུམ། དབུ་མ་ཡི་གེ་བདུན་པའི་མན་ངག རྒྱུད་སྡེ་ལྔ་གཙོ་བོ་བསྡུས་ལྷན་སྐྱེས། ཐུན་མཚམས་སུ་གཏོར་མ་འབུལ་བའི་ཚུལ་ལོ། །དང་པོ་ནི། རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་སྔོན་པོ་ཡར་རྩེ་ཕྲ་བ་སྤྱི་གཙུག་དང༌། མར་སྣ་ཡངས་པ་བཤང་ལམ་དུ་ཟུག་པ། དེའི་ནང་གི་སྤྱི་བོའི་ཐད་དུ་པདྨ་སྔོན་པོ་འདབ་མ་དྲུག་པའི་ལྟེ་བ་ལ་ཨོཾ། འདབ་མ་དྲུག་པ་ལ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱི་ཕྲེང་བས་མཚན་པ་ལ་ཡིད་གཏད་དེ་ཅུང་ཟད་བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ཁ་དོག་སྔོན་པོ་དཔག་ཏུ་མེད་པ་བྱུང༌། དབུ་མའི་ནང་ཐམས་ཅད་སྔོ་མེར་གྱིས་གང་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་ཁེངས། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སླར་ཡང་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་རྒྱུ་དང་བཅས་པ་སྦྱངས། འཁོར་ལོ་བདེ་མཆོག་གི་གོ་འཕང་ལ་བཀོད། སྣང་གྲགས་རྟོག་ཚོགས་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན། རྨི་ལམ་
དང་སྒྱུ་མའི་རྣམ་པ། འོད་གསལ་ཕྱག་རྒྱ་ཆེན་པོའི་ངོ་བོར་བསྒོམས་ལ་བཟླས་པ་ཅི་ནུས་བྱ། རྗེས་བསྡུ་རིམ་སོགས་འདྲའོ། །འདིས་སྡིག་སྒྲིབ་དང་ཉམས་ཆགས་འདག ཏིང་ངེ་འཛིན་དང་མངོན་པར་ཤེས་པ་འཆར་བ་སོགས་ཡོན་ཏན་དཔག་ཏུ་མེད་པར་གསུངས་སོ། །གཉིས་པ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ཡང་སྙིང་ལྷན་སྐྱེས་ཀྱི་རྣལ་འབྱོར་ནི། རང་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་གསལ་བའི་སྤྱི་བོར་ཧཱུྃ་ལས་དཔལ་གསང་བ་འདུས་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་འཁོར་ལོས་སྒྱུར་བའི་ཆ་ལུགས། ཡིད་ཙམ་དུ་ཁྲོ་བ་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཡུམ་རང་འདྲའི་རེག་རྡོ་རྗེ་མ། མགྲིན་པར་རོ་གདན་ལ་ཧྲཱིཿལས་མ་ཧཱ་མཱ་ཡཱ་ཐོད་པ་དང་ཁ་ཊྭཱཾ་ཅན་ཡུམ་བུདྡྷ་ཌཱ་ཀི་ནི་དམར་མོ་རང་དང་འདྲ་བ། སྙིང་གར་བདུད་བཞིའི་གདན་ལ་ཧཱུྃ་ལས་དགྱེས་མཛད། ཡུམ་བདག་མེད་མ་གྲི་ཐོད་ཅན་དང་སྦྱོར་བ། ལྟེ་བར་འཇིགས་བྱེད་དུས་མཚན་མའི་གདན་ལ་ཧཱུྃ་ལས་བདེ་མཆོག་ཡབ་ཡུམ་ཕག་མོ་དམར་མོ་གྲི་ཐོད་ཅན། དེ་གསུམ་ཀའང་ཧེ་རུ་ཀའི་ཆ་བྱད་རྫོགས་པ། གཡས་བརྐྱང་གི་སྟབས་སོ། །འདུས་པ་བདེ་དགྱེས་རྣམས་རྡོ་རྗེ་དྲིལ་བུ་འཛིན་པས་རིག་མ་ལ་འཁྱུད་པ། གསང་བར་མ་ཧེ་དང་གཤིན་རྗེའི་གདན་ལ་ཧཱུྃ་ལས་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་ཅན་གཅེར་བུ་མཚན་མ་འགྲེང་བ་དུར་ཁྲོད་ཀྱི་ཆས་དང་ལྡན་པ། ཡུམ་ཕག་མོ་དམར་མོ་གཉིས་ཀའང་གྲི་ཐོད་འཛིན་པ་ཐམས་ཅད་ཀྱང་པད་ཉི་ལ་བཞུགས་པའོ། །གནས་གསུམ་དུ། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷ་ལྔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར་བས་ལྷ་ཐམས་ཅད་ལ་མི་བསྐྱོད་པས་དབུར་བརྒྱན། དབང་ལྷ་ཡབ་ཡུམ་སྙོམས་འཇུག་གི་བྱང་སེམས་དཀར་དམར་ལྕེ་ཐོག་ཏུ་
བཞག ཨོཾ་ཨཱཿཧཱུྃ། ཡེ་ཤེས་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་བདེ་ཆེན་ལྷན་སྐྱེས་ཉམས་སུ་མྱོང༌། དེ་ནས་སེམས་མ་བཅོས་པའི་རང་ངོ་ལ་ཅེར་རེ་གཏད། ཨོཾ་ཨཱཿབཛྲ་དྷྲྀཀ྄་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཅེས་པ་རྣམས་སོ་སོར་ཇི་ལྟར་རིགས་པ་དང༌། གཙོ་བོར་བདེ་མཆོག་གི་ཡི་གེ་བདུན་པ་ཉིད་བཟླ། འདིའི་ཁྱད་པར་གྱི་རྫོགས་རིམ་ནི། འཁོར་ལོ་ལྔའི་ལྷ་རྣམས་སྙོམས་པར་ཞུགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ། ཐིག་ལེ་དཀར་ཞིང་འཚེར་བ་ཉུངས་འབྲུ་ཙམ་པར་གྱུར། དེའི་འོད་ཀྱིས་ལུས་གང་བར་བསམས་ལ། བདེ་གསལ་མི་རྟོག་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག ཐུན་མོང་གི་རྫོགས་རིམ་ཆོས་དྲུག་གི་རྣལ་འབྱོར་གཙོ་བོར་བྱས་ཏེ་བསྒོམ། མཇུག་གི་བྱ་བ་བདེ་མཆོག་ལྷན་སྐྱེས་ཀྱི་སྐབས་ལྟར་བྱའོ། །འདི་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་ཀྱི་སྙིང་པོ་ངོ་མཚར་ཅན་ནོ། །གསུམ་པ་ཐུན་མཚམས་སུ་ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་འབུལ་བར་འདོད་ན། ཅི་འབྱོར་པའི་གཏོར་མ་ཨ་མྲྀ་ཏས་བསང༌། སྭབྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ། ཨ་ལས་ཐོད་པའི་ནང་དུ་ཧཱུྃ་བྷཱུྃ་ཏྲཱྃ་ཨཱྃ་ཁྃ་ལས་ཤ་ལྔ། བྃ་མཱྃ་ལཱྃ་པཱྃ་ཏཱྃ་ལས་བདུད་རྩི་ལྔ་འོད་དུ་ཞུ་བ་ལས་དམ་ཚིག་གི་བདུད་རྩི་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་ཐམས་ཅད་བཀུག་སྟེ་ཐིམ་པས་དམ་རྫས་འབར་བ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ རང་གི་སྙིང་གའི་འོད་ཀྱིས་རྒྱུད་སྡེ་ལྔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ལྗགས་ལས་ཧཱུྃ་བྱུང་རྡོ་རྗེ་ཡི། །འོད་ཀྱིས་གསོལ་ཞིང་མཉེས་པར་གྱུར། །སྙིང་པོའི་མཐར་ཨོཾ་ཨཱཿཧཱུྃ་ངམ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་སོགས་ཀྱི་གཏོར་མ་དང༌། ཨརྒྷཾ་སོགས་
ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དྭང་བས་ཕྱག་འཚལ་ལོ། །ཞེས་བསྟོད། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་གསོལ། རང་གི་མདུན་དུ་པད་ཉི་ཚོགས་ཀྱི་བདག་པོའི་གདན་སྟེང་ཧཱུྃ་མཐིང་གའི་འོད་ཀྱི་འཕྲོ་འདུ་ལས་ཡེ་ཤེས་མགོན་པོ་མྱུར་མཛད་སྤྱན་རས་གཟིགས་དབང་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་དྲུག་གིས་གྲི་ཐོད། མགོ་ཕྲེང༌། ཅང་ཏེའུ། ཏྲེ་ཤྲཱུ་ལ། ཞགས་པ་རྣམས་འཛིན་ཅིང༌། སྟག་ལྤགས་རྒྱན་དྲུག་སྦྲུལ་དང་མི་མགོའི་དོ་ཤལ། ཕྱག་ཞབས་གཡེར་ཁའི་ཕྲེང་བ་ཅན། དཔྲལ་བར་སིནྡྷཱུ་རའི་ཐིག་ལེ་རྗེ་བཙུན་མ་དང་སྒྲོལ་མ། དེར་ཧྲཱིཿསྤྱན་རས་གཟིགས་ཀྱི་ངོ་བོ། སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པ། རབ་ཏུ་ཁྲོས་པའི་མཚན་ཉིད་རྫོགས་པ། ཀྲིག་ཀྲིག་ཞབས་ཀྱི་སྟབས་ཅན་མེ་ཕུང་གི་ཀློང་ན་བཞུགས་པའི་སྟེང་ན་རྩ་བའི་བླ་མ་དང༌། གཡས་ན་དཔའ་བོ་དར་དང་བཅས་ཤིང༌། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། འཁོར་དུ་དཔལ་ལྡན་རེ་མ་ཏཱི། གནོད་སྦྱིན་བཞི། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཤིང་ཙནྡན་རྐང་གཅིག་པའི་དྲུང་ནས་མྱུར་མཛད་མགོན་པོ་བཀའ་སྡོད་ཞིང་སྐྱོང་ཕོ་ཉ་ཐམས་ཅད་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀྵིཾ་ཀྵིཾ་ཉེར་གཅིག་གིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་དང༌། སྒྲིབ་སེལ། ཡིག་བརྒྱ་དང་བཤགས་པ་གནད་དབབ། དབང་སྡུད། ནུས་མཐུ་སྐྱེད་པ་དང༌། འཁུ་ལྡོག་ཞི་བའི་དམིགས་པ་དང་བཅས་པའི་བཟླས་པ་འགྲུབ་ན་ཅི་རིགས་བྱ། གཏོར་འབུལ་
ཙམ་ལ་མེད་ཀྱང་རུང༌། དེ་ནས་གཏོར་མ་བྱིན་རླབས་བྱས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵཱིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ་དང༌། ཤཱ་ས་ན་ལན་བདུན་སོགས་ཀྱིས་དབུལ། སྤྲོ་ན་འཁོར་ལོ་སོ་སོའི་སྔགས་ཀྱིས་ཕུལ། ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ལངྐ་པཱུ་རི་སུམ་བསྲེགས་ཤིང༌། །སངས་རྒྱས་བསྟན་སྐྱོང་བདུད་དཔུང་འཇོམས། །ཞལ་གཅིག་ཕྱག་དྲུག་ནག་པོ་ཆེ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་རྐྱེན་ཕྲིན་ལས་ཡིད་བཞིན་སྒྲུབས། །དགྲ་བགེགས་ཐམས་ཅད་བསྒྲལ་བ་དང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་བསྟོད་ཅིང་ཕྲིན་ལས་བཅོལ། མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མ་བསྔོ་ན་སྤྱི་དང་མཐུན། མཐར་ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། གཤེགས་གསོལ་དང་བརྟན་བཞུགས་སྐབས་དང་སྦྱར། བཀྲ་ཤིས་བརྗོད། ཚོགས་མཆོད་མདོར་བསྡུས་བྱེད་ན། གཏོར་བསྔོས་ཀྱི་རྗེས་སུ་ཚོགས་ཀྱི་ཡོ་བྱད་གཏོར་མ་ལྟར་བྱིན་གྱིས་བརླབ། ཕུད་བླ་མ་དང་དབྱེར་མེད་པའི་རྒྱུད་སྡེ་ལྔའི་ལྷ་ཚོགས་དང༌། མགོན་པོ་འཁོར་དང་བཅས་པར་སོ་སོའི་གཏོར་སྔགས་ཀྱིས་ཕུལ། བར་པ་རང་ཉིད་ལུས་དཀྱིལ་གྱི་ལྷ་དང་བཅས་པར་མཆོད་པའི་བསམ་པས་ཞེན་པ་མེད་པར་ལོངས་སྤྱད། ལྷག་མ་བྱིན་གྱིས་བརླབས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪི་ཊ་བ་ལིཾ་ཏ་བྷཀྵེ་བྷྱཿསྭཱ་ཧཱ། ཞེས་བསྔོས་ལ་ཕྱི་རོལ་ཏུ་དོར། བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱའོ། །བདེ་མཆོག་ལྷན་ཅིག་སྐྱེས་པ་ཡི། །རྣལ་འབྱོར་སྙིང་པོ་ཡན་ལག་བཅས། །ཅུང་ཟད་ཕྱེ་འདིས་
ཁམས་གསུམ་ཀུན། །བདེ་བ་ཆེ་ལ་རོལ་པར་ཤོག །ཅེས་པའང་རྩ་བའི་གཞུང་ལེ་ཚན་རྣམས་དང༌། གྲུབ་པའི་སློབ་དཔོན་ཀུན་དགའ་སྙིང་པོའི་གསུང་རབ་ལྟར་མདོར་བསྡུས་སྙིང་པོར་དྲིལ་ཏེ་རང་གཞན་རྣམས་ལ་ཕན་པའི་བསམ་པས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་བྱ་ཚུལ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཁོར་ལོ་སྡོམ་པ་དཔལ་ལྡན་གསང་བའི་བདག །རྡོ་རྗེ་རྣམ་པར་འཇོམས་དང་དབྱེར་མེད་པའི། །ཁྱབ་བདག་བླ་མའི་ཞབས་ལ་གུས་བཏུད་ནས། །སྒྲུབ་ཐབས་བྱིན་རླབས་དང་བཅས་གསལ་བར་བྱ། །དེ་ལ་འདིར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་གསང་སྒྲུབ་སྐོར་ལྔའམ་གསུམ་དུ་གྲགས་པ་ལས། དང་པོ་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ། མུ་ཁྱུད་སྔོན་པོ་པདྨ་འདབ་མ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་རྣམས་ཡོད་པའི་ལྟེ་བར་ཚོམ་བུ་སྔོན་པོ་གཅིག་དགོད། དེའི་མཐར་མཆོད་གཏོར་བཤམ་མོ། །གཉིས་པ་དངོས་གཞི་ལ་སློབ་དཔོན་གྱི་ལས་དང༌། སློབ་མ་ལ་བྱ་བའོ། །དང་པོ་ནི། སློབ་དཔོན་གྱིས། བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་སྔོན་པོ་ལ་བྱ། སྔགས་ཡི་གེ་བདུན་པ་བཟླ། དེ་ནས་མདུན་གྱི་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་ལ་བདེ་མཆོག་ལྷན་སྐྱེས་སྔོན་པོ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་པ། འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་
མཐིང་ག བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་སྟེ། བཞི་ཀའང་ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱྃ་ག་བསྣམས་པ། ཞབས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་སོགས་ནས་བདེ་མཆོག་ལྷ་ལྔའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། མཆོད་པ་བྱིན་རླབས་བྱས་ལ། ཨོཾ་ཙཀྲ་སམྦྷ་ར་མཎྜ་ལ་ས་པ་རི་ཝཱ་རའི་མཐར་ཨརྒྷཾ་སོགས་བཏགས་པའི་ཕྱི་མཆོད། མཚན་སྔགས་དེའི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་ཚིགས་བཅད་ཀྱིས་བསྟོད། གཏོར་མ་བྱིན་རླབས་བྱས་ལ་མཚན་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་སྔར་བཞིན། འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་མདུན་བསྐྱེད་ལ་མཎྜལ་གསོལ་གདབ། རྒྱུན་བཤགས། ཡེ་ཤེས་དབབ་པ། མདུན་བསྐྱེད་དང་བླ་མ་ཐ་མི་དད་པ་དེའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་རེ་རེ་བཞུགས་པ་ལ་དམིགས་ནས་དབང་གི་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ནས་བཟུང༌། དབང་བཞི་པའི་བར་འོག་ནས་འབྱུང་བ་བཞིན་དུ་བདག་འཇུག་གི་ཚུལ་དུ་བླང་ངོ༌། །གཉིས་པ་ནི། དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ནས། གང་གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་ལ་བཀའ་བབས་པའི་གསང་སྒྲུབ་སྐོར་གསུམ་མམ། ཕྱིས་སྐྱེར་སྒང་པ་ལས་གསར་དུ་ཉེ་བརྒྱུད་དུ་བྱུང་བ་སྤྱན་རས་གཟིགས་གསང་སྒྲུབ་དང༌། རྟ་མགྲིན་གསང་སྒྲུབ་གཉིས་བསྣན་པའི་གསང་
སྒྲུབ་སྐོར་ལྔ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། ད་ལམ་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་ཡིན། དེ་ལ་སྔོན་དུ་འགྲོ་བ་སློབ་དཔོན་གྱི་བྱ་བ་བདག་མདུན་སྒྲུབ་ཅིང་དེ་ལ་མཆོད་བསྟོད་བདག་འཇུག་བླང་བ་རྣམས་སོང་ཟིན་ནས། ད་སློབ་མ་ལ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་བདེ་མཆོག་ལྷན་སྐྱེས་སུ་གསལ་བ་ལ་བྱིན་རླབས་ཀྱི་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་དུ་གཞུག གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་གསུམ། མདུན་བསྐྱེད་བདེ་མཆོག་ལྷ་ལྔ་ལ་བླ་མ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་ཕུང་ཁམས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པའི་ངང་ནས་སྐད་ཅིག་གིས་བདེ་མཆོག་ལྷན་སྐྱེས་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན་སྤྱན་གསུམ་དམར་བ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལྷ་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་
བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་འཁོར་ལོ་སྡོམ་པའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་ཡི་གེ་བདུན་པའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿབཏགས་པའི་སྔགས་བརྗོད། དེ་ཡེ་ཤེས་དབབ་པ་ཡིན། ད་དངོས་གཞིའི་སླད་དུ་ཐུག་འདུན་འདི་བཞིན་དུ་གནང་བར་ཞུ། མདུན་བསྐྱེད་དང་བླ་མ་རྣམ་པ་ཐ་དད་ལ་ངོ་བོ་ཐ་མི་དད་པའི་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་གནས་གསུམ་ན་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་མངོན་སུམ་བཞིན་དུ་བཞུགས་པ་ལ་དམིགས་ནས་དངོས་གཞི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་མཛད་པར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། དེ་ནས་ཐུགས་འདུན་འདི་བཞིན་དུ་གནང་བར་ཞུ། ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་བྷྲཱུྃ་ལས་འཁོར་ལོ་དཀར་པོ་རྩིབས་བཞི་པ་རྩིབས་ཀྱི་རྩེ་ལ་རྃ་དམར་པོ་རླུང་གིས་བསྐྱོད་བཞིན་པ། འཁོར་ལོའི་ལྟེ་བར་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་དང་བཅས་པ། མགྲིན་པར་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་དམར་པོ་དང༌། སྙིང་གར་ཡང་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་སྔོན་པོ། དེ་གཉིས་ཀའང་རྩིབས་བཞི་པ། རྩིབས་ཀྱི་རྩེ་མོ་ལ་རྃ་དམར་པོ། ལྟེ་བར་ཟླ་ཉི་འཇིགས་དུས་ཀྱི་གདན་དང་བཅས་པ་སྔར་བཞིན་གསལ་བཏབ། མདུན་བསྐྱེད་དང་བླ་མ་ཐ་མི་དད་པའི་སྤྱི་བོའི་བདེ་མཆོག་ལ་ཁྱེད་རང་གིས་མོས་གུས་བྱས་པས། དེ་ལས་སྐུའི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡེ་གེ་ཧཱུྃ་དཀར་པོ་དང་བྃ་དམར་པོ་ཆད། ཁྱེད་རང་གི་སྤྱི་བོའི་འཁོར་ལོའི་ལྟེ་བར་བྱོན་པས་སྐུའི་བདེ་མཆོག་ཡབ་དཀར་ཡུམ་དམར་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྙིང་པོའི་རྣལ་འབྱོར་མ་བཞི་ཀ་རང་དཀར་
མོའི་རྣམ་པ་ཅན་དུ་གྱུར་པའི་མོས་པ་མཛོད། དེ་ནས་འཁོར་ལོའི་རྩིབས་ཀྱི་རྩེ་རླུང་གིས་བསྐྱོད་པས་རྃ་ལས་མེ་འོད་ལྷག་གི་བྱུང༌། དེ་ཕྱི་ནང་གསང་བའི་མཆོད་པར་གྱུར་ཏེ། སྤྱི་བོའི་ལྷ་ལྔ་ལ་ཕུལ་བས། དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པས། སྐྱབས་ཡུལ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས། སྤྱི་བོའི་ལྷ་ལྔ་ལ་ཐིམ་པས་རྐྱེན་བྱས། ཡབ་ཡུམ་སྙོམས་པར་ཞུགས། རྣལ་འབྱོར་མ་བཞི་ཀའང་ཡབ་ཀྱི་ཁ་ཊྭཱྃ་ག་དང་སྦྱར་བའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དཀར་པོ་བྱུང༌། ཁྱེད་རང་གི་ལུས་ཐམས་ཅད་གང་བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ། ཡང་མདུན་བསྐྱེད་དང་བླ་མ་ཐ་མི་དད་པའི་མགྲིན་པའི་བདེ་མཆོག་ལ་ཁྱེད་རང་གིས་མོས་གུས་བྱས་པས། དེ་ལས་གསུང་གི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡི་གེ་ཧཱུྃ་དང་བྃ་དམར་པོ་ཆད། ཁྱེད་རང་གི་མགྲིན་པའི་འཁོར་ལོའི་ལྟེ་བར་བྱོན་པས། གསུང་གི་བདེ་མཆོག་ཡབ་ཡུམ་དམར་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྙིང་པོའི་རྣལ་འབྱོར་མ་བཞི་ཀའང་དམར་མོའི་རྣམ་པ་ཅན། རྩིབས་ཀྱི་རྩེ་རླུང་གིས་བསྐྱོད་པའི་རྃ་ལས་མེ་འོད་ལྷག་གི་བྱུང༌། དེ་ཕྱི་ནང་གསང་བའི་མཆོད་པར་གྱུར་ཏེ་མགྲིན་པའི་ལྷ་ལྔ་ལ་ཕུལ་བས་དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པས། སྐྱབས་ཡུལ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་བསྡུས། མགྲིན་པའི་ལྷ་ལྔ་ལ་ཐིམ་པས་རྐྱེན་བྱས། ཡབ་ཡུམ་སྙོམས་པར་ཞུགས། རྣལ་འབྱོར་མ་བཞི་ཀའང༌། ཡབ་ཀྱི་ཁ་ཊྭཱྃ་ག་དང་སྦྱར་བའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དམར་པོ་བྱུང༌། ཁྱེད་རང་གི་ལུས་ཐམས་ཅད་གང༌། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་བཞིན་དུ་སྙིང་གའི་འཁོར་ལོ་དང༌། ཐུགས་ཀྱི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡེ་གེ་ཧཱུྃ་སྔོན་པོ་ཞེས་སོགས་འདོན་
བསྒྱུར་གྱིས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཅེས་སོགས་འགྲེ། ཡང་ཁྱེད་རང་གི་གནས་གསུམ་ན་བཞུགས་པའི་བདེ་མཆོག་ལྷ་ལྔའི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང༌། ལུས་ཐམས་ཅད་ཁེངས། མཐར་སྤྱི་བོའི་ལྷ་ལྔ་མགྲིན་པའི་ལྷ་ལྔ་ལ་ཐིམ། དེ་སྙིང་གའི་ལྷ་ལྔ་ལ་ཐིམ། གནས་གསུམ་གྱི་ལྟེ་བའི་གདན་དང་འཁོར་ལོ་རྣམས་འཁོར་གྱི་རྣལ་འབྱོར་མ་བཞི་ལ་ཐིམ། དེ་ཡུམ་ལ་ཐིམ། དེ་ཇེ་ཕྲ་ཇེ་ཆུང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བའི་གནས་ལུགས་དེའི་ངང་དུ་ཅུང་ཞིག་འཇོག་པར་ཞུ། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་དབང་བཞི་པ་ཡིན་ནོ། །ཞེས་བརྡ་སྤྲད། དེ་དག་གིས་བདེ་མཆོག་གསང་སྒྲུབ་ཀྱི་བཀའ་གྲུབ་ཟིན་པས། དབང་དུས་སུ་ཐོབ་པའི་དམ་སྡོམ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང༌། གཏང་རག་གི་མཎྜལ་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ནི། ཡིག་བརྒྱས་ནོངས་པ་བཟོད་གསོལ་བསྡུ་ཆོག་རྣམས་སྤྱི་དང་འདྲའོ། །བདེ་མཆོག་གསང་སྒྲུབ་ཀྱི་སྒོས་བཀའ་བཤད་ཟིན་ཏོ།། ༈ །ན་མོ་གུ་རུ་བེ། ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་ལ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ་པདྨ་འདབ་བཞིའི་དབུས་སུ་ཚོམ་བུ་སྡོང་པོ་གཅིག་མཐའ་མཆོད་གཏོར་སོགས་ཀྱིས་བསྐོར་བ་སྔར་དང་འདྲ། གཉིས་པ་དངོས་གཞི་ལ་སློབ་དཔོན་གྱི་ལས་དང༌། སློབ་མ་ལ་བྱ་རྒྱུ་ཆོས་སོ། །དང་པོ་སྐྱབས་སེམས་སྔོན་དུ་བཏང་ནས། སྐད་ཅིག་གིས་པདྨ་དང་ཟླ་བ་བགེགས་ཀྱི་རྒྱལ་པོ་ཨ་པ་རཱ་ཛི་ཏའི་གདན་གྱི་སྟེང་དུ་རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། གཡོན་དང་པོས་སྡིགས་མཛུབ་བསྒྲེང་བ། འོག་མ་གཉིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་
ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་བགེགས་རིགས་ཐམས་ཅད་ཚར་བཅད་པར་གྱུར་པར་བསམས་ལ། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚྭཱྃ་ཧཱུྃ་ཕཊ། ཉེར་གཅིག་ལ་སོགས་པ་བཟླ། དེ་ནས་མདུན་གྱི་དཀྱིལ་འཁོར་བསང་སྦྱང༌། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བ་སོགས་ནས། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་ཞེས་པའི་བར་བདག་བསྐྱེད་བཞིན་བྱ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་བྱས་ལ། བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དཾ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་གོང་བཞིན། མཐར་འདོད་གསོལ་བྱ། དེ་ནས་མཎྜལ་གསོལ་བཏབ་ནས་བཟུང༌། ཡེ་ཤེས་དབབ་པ། དབང་བཞི་བླང་བ། ལྷ་བསྒོམ་པ། སྔགས་ཀྱི་བཟླས་ལུང་གི་བར་འོག་ཏུ་སློབ་མ་ལ་བྱ་བ་བཞིན། སློབ་དཔོན་གྱིས་ཀྱང་བདག་འཇུག་གི་ཚུལ་དུ་བྱ་བ་ཡིན་ནོ། །གཉིས་པ། དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་སེམས་བསྐྱེད་བརྡ་སྤྲད། གང་གསན་པར་བྱ་བའི་ཆོས་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་ལྔ་ཞེས་གྲགས་པའི་ནང་ཚན། ད་ལན་འདིར་
ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་སློབ་དཔོན་ཕྱག་རྡོར་དུ་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་གི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་ཕུང་ཁམས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པའི་ངང་ནས་སྐད་ཅིག་གིས་པདྨ་དང་ཟླ་བ་བགེགས་ཀྱི་རྒྱལ་པོ་ཨ་པ་རཱ་ཛི་ཏའི་གདན་གྱི་སྟེང་དུ་ཁྱེད་རང་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། གཡོན་དང་པོས་སྡིགས་མཛུབ་བསྒྲེང་བ། འོག་མ་གཉིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ཕྱག་ན་རྡོ་རྗེའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་
སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་ཕྱག་ན་རྡོ་རྗེའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་དུ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང༌། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚྭཱཾ་ཧཱུྃ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་བརྗོད་ལ་ཡེ་ཤེས་དབབ། དེ་ནས་མདུན་བསྐྱེད་ཀྱི་ཕྱག་རྡོར་དང་བླ་མ་ཐ་མི་དད་པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་པ་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། དེ་ནས་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བར་ཞུ། བླ་མ་དང་མདུན་བསྐྱེད་ཀྱི་ཕྱག་རྡོར་ཐ་མི་དད་པའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་དང༌། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚྭཱྃ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད། དེ་བཞིན་དུ་མགྲིན་པ་ནས་འོད་ཟེར་དམར་པོས་གསང་དབང་གི་གསུང་གི་བྱིན་རླབས་དང༌། ཐུགས་ཀ་ནས་འོད་ཟེར་སྔོན་པོས་ཤེར་དབང་གི་ཐུགས་ཀྱི་བྱིན་རླབས་དང༌། གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་སྤྲོ་བསྡུས་དབང་བཞི་པ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་དང༌། འདོན་པ་བསྒྱུར་ཤེས་པར་བྱ་ཞིང༌། དེ་རེ་རེ་ལ་ཌཱ་དྲིལ་སྔགས་དང་བཅས་པ་གོང་བཞིན་བྱ་བ་ནི་འདྲ་བ་ཉིད་དོ། །དེ་ལྟར་དབང་བཞི་བསྐུར་བ་
ལ་བརྟེན་ནས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག་པས། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དང་ཟླ་བའི་སྟེང་དུ་ཕྱག་ན་རྡོ་རྗེ་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོ་གསལ་གདབ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་དང་སྔགས་ཕྲེང་འཕྲོས། ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་གི་མཐར་སྔགས་ཕྲེང་འཁོད་པར་བསམས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚྭཱྃ་ཧཱུྃ་ཕཊ། སློབ་དཔོན་ལ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་གཏད་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདིའི་རྒྱུད་ལ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད། དེ་དག་གི་ཕྱག་རྡོར་གསང་སྒྲུབ་ཀྱི་བཀའ་ཕུལ་གྲུབ་པ་ཡིན་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱ། གསུམ་པ་རྗེས་བསྡུ་བ་སྤྱི་དང་འདྲའོ། །ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་བཤད་ཟིན་ཏོ།། ༈ །ན་མོ་གུ་རུ་ཝེ། འདིར་རྣམ་འཇོམས་གསང་སྒྲུབ་ཀྱི་བྱིན་རླབས་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་མཎྜལ་པདྨ་འདབ་བཞིའི་སྟེང་དུ་མཛྙིའི་ཁར་བུམ་པ་རྒྱན་ལྡན་བཅུད་ཀྱིས་གང་བར་བཀོད། མཐར་མཆོད་གཏོར་དང༌། སྤྲོ་ན་བགེགས་གཏོར་བཤམ། གཉིས་པ་ལ། སློབ་དཔོན་གྱི་ལས་དང་སློབ་མ་ལ་བྱ་བའོ། །དང་པོ་སྐྱབས་སེམས་ཚད་མེད་བཞི་བསྒོམས་ནས། སྭ་བྷཱ་བས་སྟོང་པར་སྦྱང༌།
སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རང་ཉིད་རྡོ་རྗེ་རྣམ་འཇོམས་སྐུ་མདོག་མཐིང་ག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ཁྲོ་བོའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། མེ་ཕུང་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་འཇོམས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ། དེའི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར། གཟུངས་རིང་ངམ། ཡང་སྙིང༌། ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་སོགས་ཉི་ཤུ་རྩ་གཅིག་ལ་སོགས་པར་བཟླས། མདུན་གྱི་མཎྜལ་ལ་དམིགས་ནས་བསང་སྦྱང༌། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཉི་མའི་གདན། དེའི་སྟེང་དུ་ཧཱུྃ། བུམ་པའི་ནང་དུ་ཡང་པད་ཉིའི་སྟེང་དུ་ཧཱུྃ། ཧཱུྃ་གཉིས་ཀ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་འཇོམས་སྐུ་མདོག་མཐིང་ག་ཞེས་པ་ནས། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་དང་བུམ་ནང་གི་དམ་ཚིག་པ་སོ་སོ་ལ་གཉིས་སུ་མེད་པར་ཐིམ། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་རླབས་བྱས་ལ་མཚན་སྔགས། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨི་དཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གིས་མཆོད། བསྟོད་པས་བསྟོད། དེ་ནས་བུམ་ནང་གི་ལྷའི་སྐུ་ལུས་ཐམས་ཅད་ལས་སྔགས་ཕྲེང་རང་སྒྲ་
སྒྲོགས་པ་དཔག་ཏུ་མེད་པ་འུ་རུ་རུ་འཕྲོས། བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར། ན་མཿཙཎྜ་སོགས་ཀྱི་ཡང་སྙིང་བརྒྱ་རྩ་ལ་སོགས་པ་བཟླ། དེ་ནས་འཇུག་པའི་མཎྜལ་ནས་བཟུང་དབང་བཞི་པའི་བར་བདག་འཇུག་གི་ཚུལ་དུ་བླང་ངོ༌། །གཉིས་པ་ནི། སློབ་མ་བོས་ལ། ཕྱག་དང་མཎྜལ་འབུལ་དུ་གཞུག སློབ་དཔོན་གྱིས་བགེགས་གཏོར་བསྔོས་ནས་གཏོར་མ་ཕྱི་རོལ་ཏུ་དོར་བ་དང་བགེགས་བསྐྲད། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཆོས་གསན་པའི་ཀུན་སློང་དང་ཀུན་སྤྱོད་ཐེག་པ་ཆེན་པོའི་གཞུང་ལུགས་དྲི་མ་མེད་པ་ནས་འབྱུང་བ་ལྟར་གསལ་བཏབ་ནས་གསན་འཚལ། གང་གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་བསྐོར་ལྔའི་ནང་ནས་འདིར་རྣམ་འཇོམས་གསང་སྒྲུབ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད། དེ་ནས་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་གསོལ་བཏབ་ནས་བཟུང་སྟེ། དབང་བཞི་པའི་བར་ཐམས་ཅད་ལ་ལྷ་སྔགས་བརྗེ་བ་མ་གཏོགས་ཕྱག་རྡོར་ཇི་ལྟ་བཞིན་བྱས་པས་དོན་འགྲུབ་བོ། །དེ་ནས་ན་མཿཙཎྜ་བཛྲ་སོགས་བརྗོད་ཅིང་བུམ་པ་ཐོགས་ལ། བུམ་ནང་གི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་པ་དེས་ཁྱེད་རང་རྣམས་ཀྱི་ལུས་བཀྲུས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པའི་མོས་པ་མཛོད། ཡང་སྙིང་བརྗོད་ཅིང་གདོང་ལ་སོགས་པ་འཁྲུ། མཐར་ཧུབ་གསུམ་རེ་འཐུང་དུ་གཞུག དེ་དག་གིས་རྣམ་འཇོམས་གསང་སྒྲུབ་ཀྱི་བཀའ་གྲུབ་པ་ཡིན་ཞིང༌། ཁས་བླངས་པའི་དམ་ཚིག་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་གཏང་
རག་གི་མཎྜལ་ཕུལ། གསུམ་པ་རྗེས་བསྡུ་ཆོ་ག་སྤྱི་དང་འདྲ་བར་བྱའོ། །འདིའི་གསང་སྒྲུབ་བཀའ་རྒྱ་མའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ནི། ཐོ་རངས་གཞན་དང་ངག་མ་འདྲེས་པའི་ལྟོ་སྟོང་མར་སྐྱབས་སེམས་སྔོན་འགྲོས། རང་ལུས་ཡེ་ནས་བུམ་པ་ནི། །རང་ཆས་གྲུབ་སྟེ་སྐྲ་རྣ་དག །བུམ་པའི་ཁ་རྒྱན་ཤིང་ལོ་ཉིད། །མགུལ་པ་བུམ་པའི་མགྲིན་པའོ། །གསུས་པ་བུམ་པའི་ལྟོ་བ་ལྡིར། །རྡོ་རྗེ་ནོར་བུ་བུམ་པའི་མཆུ། །སྲིན་ཞལ་འོག་སྒོ་བུམ་པའི་ཞབས། །རྐང་པ་བུམ་པའི་ཞབས་སྟེགས་སོ། །ལྷུན་གྱིས་གྲུབ་པའི་ལྟེ་བའི་ནང༌། །པད་ཉིའི་སྟེང་དུ་ཡི་གེ་ཧཱུྃ། །དེ་མཐར་གཟུངས་རིང་ཚར་གསུམ་གྱིས། །སྔགས་ཕྲེང་ལན་གསུམ་བསྐོར་བར་གྱུར། །ཧཱུྃ་དང་གཟུངས་ལས་འོད་འཕྲོས་པས། །སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །དེ་ཀུན་བྱིན་རླབས་འོད་ཟེར་ཚོགས། །ཚུར་འདུས་སྔགས་ཕྲེང་རྣམས་ལ་ཐིམ། །གཟུངས་རིང་བདུན་ལྔ་གསུམ་གྱི་བར། །རྒྱས་བསྡུས་ལོང་སྐབས་བསྟུན་ལ་བཟླ། །སྔགས་ཕྲེང་འོད་དུ་ཞུ་བ་ལས། །ཁྲུས་ཆུ་གདོན་ལ་ཁྲོ་ཆུང་དང༌། །བར་ཆད་སྲུང་ལ་རྡོ་རྗེའི་རྡུལ། །ཕྲ་མོ་མཚོར་འཁྱིལ་མེ་འོད་འཕྲོ། །ཆུ་ཕུད་ཕར་བཏང་བར་པ་ནས། །ཁྱོར་བ་གསུམ་བཏུང་ཁྲུས་བྱའོ། །དེ་བྱས་ནད་རིམས་མཐའ་དག་དང༌། །གྲིབ་གདོན་ཀུན་ལས་རྒྱལ་བ་ཡི། །གསང་བའི་ཁྲུས་ཆོག་ཟབ་མོ་འདི། །སྐལ་ལྡན་རེ་རེ་ཙམ་ལའོ། །ཞེས་པའི་དོན་ཉམས་སུ་བླང་ངོ༌། །འདི་ལ་འཇགས་པ་ལུང་ཙམ་ལ་བརྟེན། བྱིན་རླབས་འདི་བསམ་སྡིང་པ་ནས་བརྒྱུད་པ་ཡིན་གསུང༌། འདི་རྨི་ལམ་གྱི་ཁྲིད་ཀྱི་སྐབས་སུ་གནང་ན་འབྲེལ་ཆགས་ཏེ་རྨི་ལམ་འདི་གྲིབ་ལ་སྔར་བས་དེ་སེལ་བྱེད་ཀྱི་ཐབས་སུ་འགྲོ། གསང་སྒྲུབ་བཀའ་ལྔར་བྱེད་ན། སྤྱན་རས་གཟིགས་གསང་སྒྲུབ་དང༌། དབོན་སྟོན་སྐྱེར་སྒང་པ་ནས་བརྒྱུད་པའི་རྟ་མགྲིན་
གསང་སྒྲུབ་གཉིས་བསྣན་པས་ལྔར་འགྲོ་བ་ཡིན་ནོ། །དེ་ལྟར་གསང་སྒྲུབ་སྐོར་གསུམ་གྱི་ལག་ལེན་ཁྲིགས་ཆགས་འདི་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་རྒྱུན་ཐོ་ཡིག་ལ་བརྟེན། དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལྕགས་འབྲུག་ཟླ་བ་བརྒྱད་པའི་ཡར་ཚེས་བདུན་གྱི་ཉིན་འདར་གྲོང་ཆེན་ཆོས་འཁོར་ཡང་རྩེའི་བླ་བྲང་གི་དབང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། ཞེས་པའི་ཡེ་གེ་རྩ་བར་བཀོད། མི་གསལ་བ་རྣམས་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་བསྒྲུབས་པའོ། །སྨྲས་པ། མཁས་གྲུབ་བརྒྱུད་པའི་ཞལ་གྱི་བུམ་བཟང་ལས། །འཐོན་པའི་གསང་སྒྲུབ་སྐོར་གྱི་བདུད་རྩིའི་རྒྱུན། །དྲི་མེད་བྱིན་རླབས་ཟིལ་མངར་མ་ཉམས་པར། །བདག་བློའི་ཡོལ་གོར་འཁྱིལ་འདི་ངོ་མཚར་རྨད། །ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། གསང་སྒྲུབ་སྐོར་གསུམ་རྫོགས་སོ།། ༈ །ཤངས་ལུགས་རྣམ་འཇོམས་གསང་སྒྲུབ་ཀྱི་སྒྲུབ་ཐབས་མན་ངག་དང་བཅས་པ་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་བཅས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། གཉིས་མེད་ཡེ་ཤེས་རྡོ་རྗེ་ཡིས། །གཟུང་འཛིན་མཚན་མ་རྣམ་པར་འཇོམས། །བླ་མ་ཁྲོ་བོའི་རྒྱལ་པོ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །འདི་ལ་གསུམ། བདག་གི་རྣལ་འབྱོར། གཟུངས་ཀྱི་སྒྲུབ་ཐབས། ལས་ཀྱི་ཆོ་གའོ། །དང་པོ་ལ་གཉིས། ཐུན་མོང་དང༌། ཁྱད་པར་རོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཁྲོ་བོའི་རྒྱན་
སྣ་ཚོགས་ཀྱིས་བརྒྱན་ཅིང༌། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་འདོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས། གཟུངས་རིང་ཚར་གསུམ་སོགས་ཀྱིས་ཐོག་དྲངས་ཏེ། ན་མཿཙཎྜ་སོགས་ཡང་སྙིང་གཙོ་བོར་བཟླ། ཐུན་འཇོག་པ་ན། སྣང་ཆའི་ལྷ་སྐུ་འོད་གསལ་གྱི་དབྱིངས་སུ་ཐིམ། སླར་ཡང་ཟུང་འཇུག་གི་སྐུར་ལྡང་སྟེ་བསྔོ་སྨོན་ཤིས་བརྗོད་བྱའོ། །བསྙེན་པ་བྱེད་ན། ཡང་སྙིང་འབུམ་ཕྲག་གཅིག་གམ། གྲུབ་ན་འབུམ་ཕྲག་བཞི་བཟླ། བཟླས་དམིགས་སྤྱིར་གོང་ལྟར་ལ། སྐབས་སུ་སྔགས་ཕྲེང་ལས་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་བྱུང༌། ལུས་ཀྱི་ནང་གང༌། ནད་གདོན་སྡིག་སྒྲིབ་སྦྱངས། སྔགས་ཀྱི་ནུས་པ་རྒྱུད་ལ་ཞུགས་པས་ལས་ཐམས་ཅད་ལ་ཐོགས་པ་མེད་པར་བསམ། འདི་རྣལ་འབྱོར་བླ་མེད་ཀྱི་ལུགས་ཡིན་པས་ཁྲུས་དང་གཙང་སྦྲ་སོགས་མི་དགོས་སོ། །གཉིས་པ་ཁྱད་པར་གྱི་རྣལ་འབྱོར་ནི། ཐོ་རངས་སྔ་བར་ལངས། བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། རླུང་རོ་བསལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱ། དེ་ནས་ལུས་ཀྱི་འཁྲུལ་འཁོར་ནི། རྐང་པ་གཉིས་བསྣོལ་ཏེ་ཙོག་པུར་འདུག ལག་གཉིས་བསྣོལ་ཏེ་སླེ་ཤ་གཉིས་ལ་འཇུས་པའི་གྲུ་མོ་གཉིས་པུས་མོ་གཉིས་ཀྱི་སྟེང་དུ་དགབ། སེམས་ཀྱི་དམིགས་པ་ནི། ཐོག་མར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་
ལ་མཉམ་པར་བཞག དེའི་ངང་ལས་ཕྱི་དབྱིབས་ཀྱི་ལུས་བཻ་ཌཱུརྻ་ལྟར་སྔོ་བའི་བུམ་པ། རྐང་པ་ཞབས། གསུས་པ་ལྟོ་བ། མགྲིན་པ་ཡན་ཆད་ཁ། རྡོ་རྗེ་ནོར་བུ་མཆུ། སྐྲ་སོགས་བུམ་པའི་རྒྱན་དུ་བསམ་པའི་ནང་ཐམས་ཅད་གཟུངས་སྔགས་ཀྱི་ཚོགས་རང་སྒྲ་སྒྲོགས་པས་གང་བའི་སྟེང༌། སྙིང་གའི་ཐད་ཙམ་དུ་རང་སེམས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། ཁྲོ་བོའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། ཞབས་གཡོན་བརྐྱངས་པའི་འདོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞེངས་པ། གཟུངས་བཟླས་པའི་རྐྱེན་གྱིས་ལྷ་དང་སྔགས་ལས་གཟུངས་སྔགས་ཀྱི་རང་སྒྲ་སྒྲོགས་ཤིང་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པར་བསམས་ལ། གཟུངས་ཚར་བདུན་ནམ། ཉེར་གཅིག་གམ། བརྒྱ་རྩ་བརྒྱད་བཟླས། ཐུན་འཇོག་པའི་ཚེ། སྟེང་གི་ལྷ་བདུད་རྩིར་ཞུ་ནས་ནང་གི་གཟུངས་ལ་ཐིམ། གཟུངས་ཀྱང་བདུད་རྩིར་ལྟེམ་གྱིས་ཞུ་བར་བསམ། དེ་ཡང་གདོན་ལ་ཁྲོ་ཆུང་དང༌། སྲུང་བ་གཙོ་བོར་བྱེད་ན་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་མོས་ཏེ། ཆུ་ཕུད་ཕྱིར་བསལ་ལ། དེ་ནས་དྲི་ཆུ་བར་པ་ཁྱོར་བ་གསུམ་གྱིས་ཉེ་རེག་བྱ། ཁོང་དུ་བཏུང་ཁྲུས་བྱའོ། །དེ་ལྟར་བྱས་པས་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་སྲུང་ཞིང་སེལ་བའི་ཐབས་བླ་ན་མེད་པའོ། །འདི་ལ་དམིགས་པའི་ཁྱད་པར་གཞན་རང་ལུས་བུམ་པར་དག་པ་དྲན་པའི་ཚུལ་གྱིས་གསལ་བཏབ་ལ། དེའི་ལྟེ་བར་པད་ཉིར་ཧཱུྃ་མཐར་སྔགས་ཕྲེང་བཀོད་པ་ལས་བདུད་རྩིའི་རྒྱུན་བབས་པར་བསམས་ལ་བཟླས་པ་སོགས་བགྱིས་པས་ཀྱང་རུང་ངོ༌། །སློབ་མ་ཐུན་མོང་མ་ཡིན་པ་ལ་གསང་བའི་ཁྲུས་ཆུ་ཉིད་སྦྱིན་པའམ། དེ་
དང་གཟུངས་སྒྲུབ་བྱས་པའི་བུམ་ཆུ་སྦྱར་ལ་ཁྲུས་བྱེད་དུ་གཞུག་པར་གསུངས་སོ། །གཉིས་པ་གཟུངས་སྒྲུབ་ཀྱི་ཆོ་ག་ནི། སྟེགས་བུའི་དབུས་སུ་མཎྜལ་པདྨ་འདབ་བཞིའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ཀྱིས་གང་བ་དང༌། མདུན་དུ་ཟླུམ་གཏོར། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཤམ། བདག་བསྐྱེད་གོང་དུ་ཐུན་མོང་གི་སྐབས་ལྟར་གསལ་བཏབ་ལ་བཟླས་པ་ཅུང་ཟད་བྱ། དེ་ནས་བུམ་པ་ཡང་སྙིང་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་བཻཌཱུརྻའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། ནང་བདུད་རྩིའི་བཅུད་དང་སྔགས་ཀྱི་ཕྲེང་བས་གཏམས་པའི་དབུས་སུ་པད་ཉིའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་རྣམ་པར་འཇོམས་པ་ནས། གཉིས་སུ་མེད་པར་ཐིམ། ཞེས་པའི་བར་བདག་བསྐྱེད་ལྟར་གསལ་བཏབ། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གཏོར་མ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། «ལན་གསུམ་གྱིས་ཕུལ། མཆོད་བསྟོད་དང༌། »མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་བཅོལ། བུམ་ནང་གི་ལྷའི་སྐུ་ལུས་ཀྱི་ཆ་ཐམས་ཅད་དང༌། སྔགས་ཀྱི་ཕྲེང་བ་ལས་སྔགས་ཕྲེང་རང་སྒྲ་སྒྲོགས་པ་དཔག་ཏུ་མེད་པ་འཕྲོས། བུམ་པའི་ཆུ་ལ་ཐིམ་པས་ཁྲོ་བོའི་རང་བཞིན་གྱི་རྡོ་རྗེ་བདུད་རྩིའི་ཆུར་གྱུར་པར་བསམས་ལ། གཟུངས་རིང་ཚར་གསུམ་སོགས་དང༌། ཡང་སྙིང་བརྒྱ་རྩ་སོགས་བཟླའོ། །ཐུན་འཇོག་པའི་ཚེ། བུམ་པའི་ལྷ་སྔགས་ཀྱི་ཕྲེང་བ་བུམ་ཆུ་ལ་ཐིམ་པར་བསམས་ལ། རང་གཞན་གྱིས་བཀྲུ་ཞིང་
བཏུང་བ་སོགས་བྱས་པས་གསང་བའི་ཁྲུས་ཀྱི་སྐབས་སུ་བཤད་པ་ལྟ་བུའི་ཕན་ཡོན་འབྱུང་བར་གསུངས་སོ། །གསུམ་པ་ལས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་སློབ་མ་རྗེས་སུ་འཛིན་པ་བྱིན་རླབས་ཀྱི་ཆོ་ག་ནི། སྤྱིར་བདག་མདུན་སྒྲུབ་ཚུལ་གཟུངས་སྒྲུབ་ཀྱི་སྐབས་ལྟར་ལ། ཁྱད་པར་དམིགས་བསལ་མདུན་གྱི་མཎྜལ་བུམ་པ་བཅས་བསང་སྦྱང༌། སྟོང་པའི་ངང་ལས་མཎྜལ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་གི་དབུས་སུ་པདྨ་དང་ཉི་མའི་གདན། དེའི་སྟེང་དུ་ཧཱུྃ་བུམ་པ་བྷྲཱུྃ་ལས་ནས། ཧཱུྃ་དེ་གཉིས་ཀ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སོགས་ནས། ཡེ་ཤེས་པ་སྤྱན་དྲངས་ནས་སོ་སོར་ཐིམ་པའི་མོས་པ་དང༌། བཟླས་པའི་བར་བྱ། མཐར་ལྷ་འོད་དུ་མི་བཞུ་བར་བཞག མཎྜལ་ནས་བཟུང་སྟེ་དབང་བཞི་པའི་བར་འོག་ནས་འབྱུང་བ་རྣམས་བདག་འཇུག་གི་ཚུལ་དུ་བླང༌། དེ་ནས་སློབ་མ་རྣམས་མདུན་དུ་འཁོད་པ་ལ། སྤྲོ་ན་སྦྱོང་བ་གསུམ་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་གངས་ཅན་གྲུབ་རིགས་རྒྱ་མཚོའི་ཁྱུ་མཆོག་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་གསང་སྒྲུབ་སྐོར་གསུམ་དུ་གྲགས་པ་ལས། བྱིན་རླབས་དང་དངོས་གྲུབ་མཐའ་ཡས་པའི་གཏེར་དུ་གྱུར་པ། རིག་སྔགས་མཐའ་དག་གི་ལས་ཀྱི་ནུས་པ་འབྱིན་བྱེད་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམ་པར་འཇོམས་པ་གསང་སྒྲུབ་ཀྱི་བཀའ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སོགས། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པ་ཐ་མི་དད་པ་ལ་སྐྱབས་གནས་ཐམས་ཅད་ཀྱིས་བསྐོར་བ་མངོན་གསུམ་དུ་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། དབང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་ལ་
གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་རྣམ་སྨིན་གྱི་ལུས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྣམ་པར་འཇོམས་པ་ནས། ཧཱུྃ་སྔོན་པོ་སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ཁྲོ་མོའི་ཚོགས་ཐམས་ཅད་རྡོ་རྗེ་རྣམ་པར་འཇོམས་པའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཡང་སྙིང་གི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་བརྗོད་ཅིང་སྤོས་རོལ་བྱ། དེ་ནས་མདུན་བསྐྱེད་ཀྱི་རྡོ་རྗེ་རྣམ་པར་འཇོམས་པ་དང༌། བླ་མ་ཐ་མི་དད་པ་ལ་དབང་གི་དངོས་གཞིའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་དང་མདུན་བསྐྱེད་ཀྱི་རྡོ་རྗེ་རྣམ་པར་འཇོམས་པ་ཐ་མི་དད་པའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས། བླ་མའི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ་སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡང་སྙིང་མཐར། ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་སྤོས་རོལ་བྱ། ཡང་བླ་མ་དང་མདུན་བསྐྱེད་ཀྱི་རྡོ་རྗེ་རྣམ་པར་འཇོམས་པ་ཐ་མི་དད་པའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་བླ་མ་
ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས། བླ་མའི་མགྲིན་པའི་ཨཱཿལ་ཐིམ། དེ་ལས་གསུང་གི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་བྱ། ཡང་བླ་མ་དང་མདུན་བསྐྱེད་ཀྱི་རྡོ་རྗེ་རྣམ་པར་འཇོམས་པ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་སྤྱན་དྲངས། ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ལས་ཐུགས་ཀྱི་ངོ་བོར་གྱུར་པའི་ཧཱུྃ་སྔོན་པོ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་བྱ། སླར་ཡང་བླ་མ་དང་མདུན་བསྐྱེད་ཀྱི་རྡོ་རྗེ་རྣམ་པར་འཇོམས་པ་ཐ་མི་དད་པའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་རྣམས་ལས་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཞུགས། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། སྔགས་རོལ་བྱ། དེས་དབང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་གཟུངས་སྔགས་ཀྱི་ཆུས་བྱིན་གྱིས་བརླབ་པའི་སླད་དུ། ན་མཿཙཎྜ་སོགས་བརྗོད་ཅིང་བུམ་པ་ཐོགས་ལ། བུམ་ནང་གི་སྔགས་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་པ་དེས་ཁྱེད་རང་
རྣམས་ཀྱི་ལུས་བཀྲུས་ཤིང་ཁོང་དུ་བཏུང་བས་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་ནས། སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཡང་སྙིང་བརྗོད་ཅིང་གདོང་ལ་སོགས་པ་འཁྲུ་བ་དང༌། མཐར་ཧུབ་གསུམ་བཏུང་དུ་གཞུག མཇུག་གི་བྱ་བ་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང༌། སློབ་དཔོན་གྱིས་མདུན་བསྐྱེད་མཎྜལ་གྱི་ལྷ་ལ་མཆོད་བསྟོད། བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གནས་གསུམ་བསྲུང༌། བསྔོ་སྨོན་ཤིས་བརྗོད་བྱའོ། །འདི་འཇུག་པ་ལུང་ཙམ་ལ་བརྟེན་བྱིན་རླབས་འདི་བསམ་སྡིང་པ་ནས་བརྒྱུད་པ་ཡིན་གསུངས། གཉིས་པ་ཁྲུས་ཀྱི་ཆོ་ག་ནི། གཟུངས་ཆོག་ལྟར་བུམ་པ་བསྒྲུབ། རྩ་བའི་ཡི་གེ་ལས་བཀྲུ་བ་ཙམ་ལས་མ་བཤད་ཀྱང༌། རྒྱས་པར་བྱེད་ན། བསྒྲུབ་བྱ་མདུན་དུ་འཁོད་པ་ལ། འོ་ཁྱེད་རང་རྣམས་ཀྱི་འགལ་རྐྱེན་ནད་གདོན་གྲིབ་དང་མི་གཙང་བའི་ཚོགས་ཞི་བ་དང༌། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་སྤེལ་བའི་སླད་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་གས་རྗེས་སུ་འཛིན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་བགེགས་ཀྱི་ཚོགས་རྣམས་ལ་གཏོར་མ་བྱིན་ཏེ་སྦྱོང་བ་གསུམ་བྱས་པའི་མོས་པ་མཛོད་ཅེས་བརྡ་སྦྱར་ལ། སྦྱོང་བ་གསུམ་སྤྱི་ལྟར་བྱ། དངོས་གཞི་བཀྲུ་བྱབས་སྲུང་གསུམ་ལས། དང་པོ་བཀྲུ་བའི་སླད་དུ། སློབ་དཔོན་གྱིས་བུམ་པ་ལྷ་སྔགས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ། ཁྱེད་རང་རྣམས་ལ་ཁྲུས་བགྱིས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སངས་ཀྱིས་དག་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་སོགས་ཀྱི་མཐར། གཟུངས་རིང་དང་སྙིང་པོའི་མཐར། སྦྱིན་པའི་
བདག་པོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སརྦ་པཱ་པེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷྣཱན་བྷྱཿ༴ སརྦ་རོ་གེ་བྷྱཿ༴ སརྦ་དུཥྚཱན༴ སརྦ་གྲ་ཧེ་བྷྱཿ༴ སརྦ་ཛྭ་རེ༴ སརྦ་བྱཱ་དྷི༴ སརྦ་ཨུ་པ་དྲ་བྱ༴ སརྦ་ཨ་ཀཱ་ལ་མྀཏྱུ༴ སརྦ་དུར་སྭབྣི༴ སརྦ་དུརྣི་མིཏྟེ༴ སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུ། ཁར་བུམ་ཆུ་ཅུང་ཟད་འཛིན་ཏུ་བཅུག་ལ། བྱབས་པའི་སླད་དུ་རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཟླ་བ་ལ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ནད་གདོན་ཉེར་འཚེ་བཀྲུས་པས་མ་དག་པའི་ལྷག་མ་ཐམས་ཅད་ཕྱིར་བསལ་ཏེ་རྒྱ་མཚོ་ཆེན་པོར་དོར་བའི་མོས་པ་མཛོད། ཡང་སྙིང་གི་མཐར་སྤེལ་ཚིག་གོང་བཞིན་ལ། ཤཱནྟིཾ་ཀུ་རུའི་ཚབ་ཏུ་ཨ་པ་ན་ཡ་བཏགས་པས་བྱབས་ཅིང༌། མཐར་ཁ་ནང་གི་ཆུ་ཁྲུས་གཞོང་དུ་དོར། གྲངས་གསོག་ན་བཀྲུ་བྱབས་སྤེལ་ལ་གྲངས་བཟུང༌། དེ་ནས་བསྲུང་བ་བྱ་བའི་སླད་དུ། སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག་པས། དེ་ལས་རྡོ་རྗེའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང༌། ལུས་ལ་རྡོ་རྗེའི་གོ་བགོས་ཏེ་ཕྱིན་ཆད་མི་མཐུན་པའི་ཕྱོགས་གང་གིས་ཀྱང་མི་ཚུགས་པར་སྲུང་བར་བྱས་པའི་མོས་པ་མཛོད། རྡོ་རྗེ་སྤྱི་བོར་བཞག་ལ། ཡང་སྙིང་གི་མཐར་རཀྵ་རཀྵ་ཞེས་བཏགས་ལ་བརྗོད། ཅེས་བདེན་པའི་སྟོབས་བརྗོད་པའི་སླད་དུ། རྡོ་རྗེ་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཟུངས་རིང་ཐུང་གང་རུང་མཐར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །རྡོ་རྗེ་རྣམ་པར་འཇོམས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་རྣམས་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཅེས་བརྗོད། སླར་ཡང་ཤིས་པར་བྱ་བའི་སླད་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང༌། སློབ་དཔོན་ལྷན་ཅིག་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་ཚིགས་སུ་
བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཤིས་བརྗོད་རྒྱས་བསྡུས་གང་རིགས་མཐར། སྦྱིན་པའི་བདག་པོས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདུད་དང་བར་ཆད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད། གལ་ཏེ་གློ་བུར་དུ་བྱེད་དགོས་པའི་ཚེ། བུམ་ཆོག་རྒྱས་པར་བསྒྲུབ་པའི་ལོང་མ་བྱུང་ན། གཟུངས་སྔགས་ཚར་གཅིག་བརྗོད་པས་སྐད་ཅིག་གིས་ལྷ་སྔགས་ལས་བྱུང་བའི་བདུད་རྩིར་བལྟས་ལ་བཀྲུ་བྱབས་སྲུང་གསུམ་ཤིས་བརྗོད་བཅས་བྱས་པས་ཀྱང་དོན་འགྲུབ་བོ། །གསུམ་པ་མེ་ཡིས་ལས་སྒྲུབ་པ་ནི་སྦྱིན་སྲེག་གི་ཆོ་ག་སྟེ། ཞི་རྒྱས་དབང་དྲག་གི་རིམ་པ་རྣམས་གསང་བ་སྤྱིའི་ལུགས་བཞིན་སྦྱར་དུ་རུང་བ་ཉིད་དོ། །བཞི་པ་འཁྲུལ་འཁོར་གྱི་ཆོ་ག་ནི། གཟུངས་ཀྱི་དགོངས་པ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཕྱེ་བའི་འཁྲུལ་འཁོར་མཐའ་ཡས་པ་ཞིག་གསུངས་ནའང༌། འདིར་རེ་ཞིག་ཉེར་མཁོ་ཕྱོགས་གཅིག་ཙམ་བརྗོད་ན། གྲོ་གའམ་ཤོག་བུ་གཙང་མར་འཁོར་ལོ་མུ་ཁྱུད་དྲུག་ཏུ་བསྐོར་བའི་ལྟེ་བར་ཧཱུྃ། དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པས་འཆང་བ་པོ་ལ་ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ། ཞེས་པ་ལྟ་བུའི་སྤེལ་ཚིག་རྒྱས་བསྡུས་དང༌། སྤྱིར་བཏང་དམིགས་བསལ་གང་འོས་སྦྱར། མུ་ཁྱུད་དང་པོ་ལ་ཡང་སྙིང་སྤེལ་ཚིག་བཅས། གཉིས་པར་རྩིབས་བཅུ་ལ་ཧཱུྃ་བཅུ་མགོ་ཕྱིར་བསྟན་པའི་སོ་སོའི་མདུན་ནས། འཆང་བ་པོ་ལ་ཉེ་བར་འཚེ་བ་ཐམས་ཅད་རཀྵ་རཀྵ་ཞེས་པས་བསྐོར། གསུམ་པར་གཟུངས་རིང་སྤེལ་ཚིག་བཅས་གཡས་སྐོར་དུ་རིམ་པར་
བཀོད་པའི་ཡིག་མགོ་རྒྱབ་དང་མཇུག་ནང་དུ་བྲི། བཞི་པར་དབྱངས་གསལ་རྟེན་སྙིང་སྤེལ་ཚིག ལྔ་པར་རྡོ་རྗེའི་ཕྲེང་བ། དྲུག་པ་མེ་རི་འབར་བ་དང་བཅས་པས་བསྐོར། བྲི་བའི་རྫས་སྐྱེས་པ་ལ་གུར་གུམ་དང༌། བུད་མེད་ལ་གི་ཝཾ་གིས་བྲི། ཡང་ན་རྒྱ་སྣག་གིས་བྲིས་ནས་རྫས་དེ་དག་སོ་སོར་བྱུགས་པས་ཀྱང་ཁྱབ། དེ་ནས་སྟེགས་ཀྱི་ཁར་བཀོད་ལ་སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱ། ཡེ་ཤེས་ཀྱི་རྡོ་རྗེ་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་དབུས་སུ་ཡིག་འབྲུ་རྣམས་ལྷ་དང༌། མིང་སྤེལ་བསྒྲུབ་བྱ་དངོས་སུ་བསམ། ཡེ་ཤེས་པ་བསྟིམ། སྤྱན་དབྱེ། མཆོད་བསྟོད། འདོད་གསོལ། བརྟན་བཞུགས་བཅས་ཀྱི་མཐར་བྲིས་པའི་འཁོར་ལོ་ཇི་ལྟ་བར་བསམས་ལ། ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་གི་ཆར་དབབ། གྲུ་བཞིར་ལྟེ་བ་མ་ཉམས་པར་ལྟེ་བ་ལ་ཚོན་སྐུད་སྣ་ལྔས་དཀྲིས་ཏེ་བསྲུང་བྱ་ལ་ཁྲུས་ཆོག་དང་འབྲེལ་བའམ། མ་འབྲེལ་ཀྱང་རུང་སྟེ་མགུལ་དུ་གདགས་པས་རྡོ་རྗེའི་ལུས་སུ་འགྱུར། ནད་གདོན་བྱད་ཕུར་གང་གིས་ཀྱང་མི་ཚུགས། རིགས་སྔགས་ཀྱི་ལས་ཐམས་ཅད་གྲུབ་ཅིང་ཆུད་མི་འཛའ་བ་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །ལྔ་པ་རྫས་ཀྱི་སྦྱོར་བ་ནི། གུ་གུལ་ནག་པོ། བོང་ང་«༡»་ནག་པོ། གླ«༢»་་རྩི། ཤིང«༣»་ཀུན། དྲི་ཆེན«༤»། ཤུ་དག«༤»་ནག་པོ། སྒོག་སྐྱ«༥»། ཤ«༦»་ཆེན། མུ«༧»་ཟི་ནག་པོ་བཅས་ཞིབ་པར་བཏགས་ལ་གསང་བའི་ཁྲུས་ཆུ་དང༌། གཟུངས་སྒྲུབ་བྱས་པའི་བུམ་ཆུས་རིལ་བུར་དྲིལ། རིན་པོ་ཆེའི་སྣོད་དུ་བླུགས། དེའི་སྟེང་དུ་ཉི་དཀྱིལ་ལ་ཧཱུྃ་མཐར་སྔགས་ཕྲེང་བཀོད་པ་ལས་བདུད་རྩིའི་རྒྱུན་བབས་པས་སྔགས་ཀྱི་མཐུ་ཐོགས་པ་མེད་པའི་རང་བཞིན་ཅན་གྱི་རིལ་བུར་བསམ། གཟུངས་རིང་ཐུང་མང་དུ་བཟླ། མཐར་སྔགས་ཕྲེང་གདན་དང་བཅས་པའི་རིལ་བུ་ལ་ཐིམ་པར་བསམས་ལ་ཧས་བཏབ། རང་གི་མགུལ་དུ་འཆང་
ཞིང་ཐོ་རངས་རྒྱུན་གྱི་རྣལ་འབྱོར་སྐབས་སྔགས་ཀྱིས་ངར་གདགས། དེ་ལྟ་བུའི་རིལ་བུ་རང་གཞན་གྱི་འཆང་བ་དང༌། བཟའ་བ་དང༌། བྱུག་པ་དང༌། དུ་བས་བདུག་པ་སོགས་བགྱིས་ན་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་ཞིང་ཞི་བ་དང༌། དྲི་ཚོར་བ་ཙམ་ལའང་འབྱུང་པོ་རྣམས་ཉེ་མི་ནུས་པ་དང༌། ཁྱད་པར་ནད་རིམས་སོགས་སྲུང་བ་ལ་མཆོག་ཏུ་བསྔགས་སོ། །དེ་རྣམས་ནི་ཉེ་བར་མཁོ་བའི་ལས་ཕྲན་ཕྱག་ལེན་ཅན་འགའ་ཞིག ཅུང་ཟད་བཤད་པ་སྟེ། གཞན་དུ་ལྷའི་རྣལ་འབྱོར་གྱི་གསལ་སྣང་བརྟན་ཅིང༌། བསྙེན་པ་མཐར་ཕྱིན་པས་ཙནྡན་དཀར་པོའི་ཆུ་ལ་མངོན་པར་བསྔགས་ཤིང༌། གཟུངས་ཀྱི་མཐར། ཤཱནྟིཾ་ཀུ་རུ་སྭཱ་ཧཱ་སྦྱར་བའི་ཁྲུས་བགྱིས་པས་ནད་དང་གནོད་པ་ཐམས་ཅད་ཞི་བ་དང༌། དྲི་བཟང་པོ་དང་དཱུརྦ་སྦྱར་བའི་ཆུ། པུཥྚིཾ་ཀུ་རུ་ཨོཾ་གྱི་སྤེལ་ཚིག་ཅན་གྱིས་རྒྱས་པ་དང༌། ཙནྡན་དམར་པོའི་ཁྲུས་ཆབ་དང༌། ཝཱ་ཤཾ་ཀུ་རུ་ཧོཿས་དབང་དང༌། ཡུངས་ཀར་གྱི་ཆུ་དང༌། མཱ་ར་ཡ་ཕཊ་ཀྱིས་དྲག་པོའི་ལས་འགྲུབ་པར་གསུངས་ཤིང༌། སོ་སོར་དམིགས་བསལ་ཡོད་ན་ལས་སྔགས་ཀྱི་གོང་དུ་བཅུག་སྟེ། དཔེར་ན་མིག་གི་ནད་ཞི་བ་ལ། སྦྱིན་པའི་བདག་པོ་འདི་ཞེས་བགྱི་བའི་མིག་གི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུའོ། །དེས་མཚོན་ཏེ་རིག་སྔགས་ཀྱི་མཐུ་ཐོགས་པ་མེད་པར་བྱེད་པ་ལ་སོགས་པའི་ལས་ཀྱི་ཆོ་ག་ཉི་ཤུ་དང༌། སྡིག་པ་ཐམས་ཅད་ཞི་བར་བྱེད་པ་ལ་སོགས་པའི་ལས་བཅུ་དགུ་ཕྲན་དང་བཅས་སོགས་གཙོ་བོར་མེ་དང་ཁྲུས་དང༌། འཁྲུལ་འཁོར་གསུམ་གྱི་སྒོ་ནས་སྒྲུབ་པའི་ཐབས་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་བསྙེན་པ་མཐར་ཕྱིན་པའི་ཅི་རིགས་པ་བསྒྲུབ་དུ་རུང་ལ། ཇི་ཙམ་དུ་ཇི་སྐད་བཤད་པའི་ལས་ཐམས་ཅད་གོང་གི་ཁྲུས་ཆོག་དང༌། འཁྲུལ་འཁོར་དག་ལ་སྤེལ་ཚིག་སྦྱར་བ་ཙམ་གྱིས་ཀྱང་རབ་ཏུ་འགྲུབ་
པ་ཡིན་ནོ། །རྣམ་པར་འཇོམས་པའི་སྒྲུབ་ཐབས་དང༌། །མན་ངག་བདུད་རྩིའི་ཆུ་རྒྱུན་འདིས། །ལུས་ཅན་ཡིད་ཀྱི་དྲི་སྦྱངས་ནས། །ཕན་བདེའི་ངལ་འཚོ་བསྟེན་གྱུར་ཅིག །ཅེས་པའང་བླ་མ་ཤངས་པའི་ཟབ་ཆོས་གསང་སྒྲུབ་རྩ་བའི་ཡི་གེ་ལེ་ཚན་དང༌། གསེར་གླིང་པའི་གསལ་བྱེད་སོགས་ལུགས་འདི་ལ་ཚད་མར་གྱུར་པའི་གཞུང་རྣམས་གཙོ་བོར་བཟུང༌། རིགས་མཐུན་གྱི་ཆོ་ག་འགའ་ཞིག་ལྷན་ཐབས་ཀྱི་ཚུལ་དུ་སྦྱར་ཏེ། བྱ་བྲལ་བ་མང་ཐོས་འཇམ་པའི་དབྱངས་ཀྱིས་རང་གཞན་ལ་ཕན་པའི་བསམ་པས་བྲིས་པ་སརྦ་ཀརྨ་སུ་སིདྡྷི་རསྟུ།། ༈ །གསང་སྒྲུབ་སྐོར་གསུམ་གྱི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་རྡོ་རྗེ་འཆང་དབང་ནི་གུ་མ། །ཁྱུང་པོ་རྣལ་འབྱོར་རིན་ཆེན་བརྩོན་འགྲུས་དང༌། །ཆོས་ཀྱི་སེངྒེ་སངས་རྒྱས་གཉན་སྟོན་ཞབས། །སངས་རྒྱས་སྟོན་པ་རྣམས་ལ་གསོལ་བ་འདེབས། །གཙང་མ་ཤངས་སྟོན་མཁས་བཙུན་རྒྱལ་མཚན་འབུམ། །མཉམ་མེད་བྱམས་པ་དཔལ་དང་བློ་གྲོས་དཔལ། །ཀུན་དགའ་དཔལ་བཟང་ཀུན་མཁྱེན་ཆོས་རྒྱལ་དཔལ། །ཚུལ་ཁྲིམས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་ཆོས་རྗེ་ཀུན་སྤངས་ཆེན་པོ་དང༌། །ཚར་ཆེན་རྡོ་རྗེ་འཆང་དབང་མཁྱེན་བརྩེའི་ཞབས། །དབང་ཕྱུག་རབ་བརྟན་ངག་དབང་ཆོས་གྲགས་དཔལ། །ངག་དབང་རྣམ་རྒྱལ་རྣམས་ལ་གསོལ་བ་འདེབས། །བསོད་ནམས་ཆོས་འཕེལ་ལེགས་པའི་འབྱུང་གནས་དང༌། །བསོད་ནམས་དཔལ་བཟང་ཆོས་ཉིད་ཡེ་ཤེས་ཞབས། །ཡེ་ཤེས་རྒྱལ་མཆོག་ཡོངས་འཛིན་བློ་གྲོས་མཚན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྣང་བའི་དངོས་ཀུན་སྒྱུ་མའི་ལྷ་སྐུར་ཤར། །སྒྲར་གྲགས་བདེ་ཆེན་ནཱ་དའི་དབྱིངས་སུ་སྨིན། །རྟོག་ཚོགས་འོད་གསལ་ཆེན་པོར་འབྱམས་ཀླས་པས། །མཆོག་ཐུན་གྲུབ་པ་རྒྱ་མཚོའི་མཐར་སོན་ཤོག །ཅེས་པའང་འཇམ་མགོན་ས་སྐྱ་པ་ངག་དབང་རྡོ་རྗེ་རིན་ཆེན་
ལས་ཆོས་ཚུལ་འདི་རྣམས་ཀྱི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་སིདྡྷི་རསྟུ།། །།
ཤོག་སྟོང་།
དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་གཉིས་ལྷག་རྒྱལ་བའི་ཕྱག་དང་རིག་བྱེད་ཞལ་དང་ཞབས་གཉིས་པ། །དམར་སེར་སྤྱན་དང་དབུ་སྐྲ་དམར་སེར་རྒྱལ་བའི་བདག་པོའི་ཅོད་པན་མཆེ་བ་རྣོན་པོ་གཙིགས་པ་སྟེ། །སྦྲུལ་གྱི་རྒྱན་དང་རབ་མཆོག་སྟག་གི་པགས་པའི་ཤམ་ཐབས་དང་ནི་གཙོ་བོའི་བཞིན་དུ་མཚོན་ཆའི་ཕྱག །སྤྱི་བོར་མཐའ་དག་རྒྱལ་བའི་རིགས་ཀྱི་ཐོད་པ་ཁ་དོག་ལྔ་རྣམས་དག་གི་ཕྲེང་བ་ངེས་པར་བཅིངས། །དྲི་མེད་འོད་ཟེར་འཕྲོ་བ་སྣ་ཚོགས་ཆུ་སྐྱེས་ཉི་མའི་སྟེང་དུ་དཀྱིལ་འཁོར་སྣ་ཚོགས་མདོག་ལ་ནི། །ཞབས་གཉིས་དག་གིས་འབྱུང་པོའི་མགོན་པོ་ལྷག་པའི་སྟབས་ཀྱིས་མནན་ཅིང་གཡས་བརྐྱང་སྟབས་ཀྱིས་ཡང་དག་གནས། །འབྱུང་པོ་རྣམས་དང་ལྷ་མིན་གདེངས་ཅན་ལྷ་རྣམས་སྐྲག་པར་བྱེད་ཅིང་ཡེ་ཤེས་སེམས་དཔའ་གཅིག་གྱུར་པ། །བསྒོམས་ན་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོད་ས་ལ་གནས་པ་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བྱ། «༡༣༥ »།ཀླུ་རྣམས་ཆུ་སྐྱེས་འདབ་བརྒྱད་ལ་སྟེ་རྒྱལ་དང་རྣམ་རྒྱལ་དག་ནི་ཉི་མའི་སྟེང་དུ་བསྒྱེལ་བྱས་ནས། །ཞབས་དག་གིས་ནི་གདེངས་ཅན་བདག་པོ་ཟུང་དང་པདྨའི་འདབ་མར་གནས་པ་རྣམས་ཀྱི་མཇུག་མ་ཡི། །རྩེ་
མོ་ཐམས་ཅད་མནན་ནས་སྤྲིན་གྱི་རིགས་ནི་ལྟོ་བ་དག་ནས་ངེས་པར་ཀུན་ཏུ་སྤྲོ་བྱེད་པ། །དེ་ལྟར་ཁྲོ་བོའི་དབང་པོ་བསྒོམས་པས་ཉིན་ཞག་འགའ་ཞིག་དག་གིས་སྤྲིན་གྱི་ཚོགས་ནི་བསྒྲུབ་པར་བྱ། «༡༣༦» །ཞེས་བྱ་བ་ནི་བསྡུས་པའི་རྒྱུད་ཀྱི་སྒྲུབ་ཐབས་ཀྱི་ལེའུ་ལས་སོ།། ༈ «།གནས་པ་བཞི་པ། འབྱུང་པོ་ལ་སོགས་པ་རྣམས་ཀྱི།» །རྗེ་བོ་«དངོས་པོ་་་་་་»སྣ་ཚོགས་«མི་འགྱུར་བའི་བདེ་བར་རོ་གཅིག་ཏུ་གྱུར་པ་རྣམ་པར་རྟོགས་པས་དབྱེར་མི་ཕྱེད་པའི་་་་་་»རྡོ་རྗེ་འཛིན། །ཁྲོ་བོའི་«་་་་་དྲང་དོན་དུ་ཕྲིན་ལས་སྣ་ཚོགས་སྒྲུབ་པའི་»རྒྱལ་པོ་རྣམས་ཀྱི་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ནས། །སྒྲུབ་པ་སྣ་ཚོགས་བཤད་པར་བྱ། །ཁྲོ་བོའི་དབང་པོ་ཞེས་པ་ལ་སོགས་པས་སོ། །འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་སྔར་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་ཧཱུྃ་ཡིག་ལས་རྫོགས་པ་གཉིས་ལྷག་རྒྱལ་བའི་ཕྱག་ཅེས་པ་ཕྱག་ཉི་ཤུ་རྩ་དྲུག་པ། གླང་པོ་ཆེའི་པགས་པའི་གོས་འཛིན་པ། རིག་བྱེད་ཞལ་ཞེས་པ་ཞལ་བཞི་པ་ཞབས་གཉིས་པ། དམར་སེར་སྤྱན་དང་དབུ་སྐྲ་དམར་སེར་རྒྱལ་བའི་བདག་པོའི་ཅོད་པན་ཞེས་པ་མི་བསྐྱོད་པའི་ཅོད་པན་ཅན་མཆེ་བ་རྣོན་པོ་གཙིགས་པ། སྦྲུལ་གྱི་རྒྱན་དང་ཞེས་པ་སྦྲུལ་གྱིས་བརྒྱན་པ། རབ་མཆོག་སྟག་གི་པགས་པའི་ཤམ་ཐབས་ཅན། གཙོ་
བོའི་བཞིན་དུ་མཚོན་ཆའི་ཕྱག་སྟེ་དུས་ཀྱི་འཁོར་ལོ་ལྟ་བུ། སྤྱི་བོར་མཐའ་དག་རྒྱལ་བའི་རིགས་རྣམ་པར་དག་པའི་ཐོད་པ་ཁ་དོག་ལྔ་རྣམས་དག་གི་ཕྲེང་བ་ངེས་པར་བཅིངས་པ། དེ་ལྟར་གྱུར་པ་དྲི་མེད་འོད་ཟེར་འཕྲོ་བ་སྟེ་དང་བ་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་དཀྱིལ་འཁོར་གྱི་ཁང་པ་སྣ་ཚོགས་མདོག་ལ་དབུས་སུ་དཔའ་བོ་གཅིག་པ་སྟེ། སྒོ་བཞི་རྣམས་སུ་རྡོ་རྗེ་དང་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང༌། རྡོ་རྗེ་དྲིལ་བུ་རྣམས་གོ་རིམ་ཇི་ལྟ་བ་བཞིན་བཀོད་ནས། ཞབས་གཉིས་དག་གིས་འབྱུང་པོའི་མགོན་པོ་སྟེ་ཡི་དྭགས་ཀྱི་མགོན་པོ་གཞན་གྱིས་མི་ཐུབ་པ་ལྷག་པའི་སྟབས་ཀྱིས་མནན་ཅིང་གཡས་བརྐྱང་སྟབས་ཀྱིས་ཡང་དག་གནས་པ། འབྱུང་པོ་ལ་སོགས་པ་རྣམས་སྐྲག་པར་བྱེད་པའི་གླང་པོ་ཆེའི་པགས་པ་འཛིན་པ། ལག་པའི་སྡིགས་མཛུབ་དག་གིས་ལྷ་མིན་གདེངས་ཀ་ཅན་ལྷ་རྣམས་སྐྲག་པར་བྱེད་པ། ཛཿཧཱུྃ་བཾ་ཧོཿསྔགས་ཀྱི་ཚིག་འདི་དག་གིས་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་པ་རྣལ་འབྱོར་པས་བསྒོམས་ན་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོད་ས་ལ་གནས་པ་ཞེས་པ། དུར་ཁྲོད་ཀྱི་སར་གནས་པའི་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བྱ་ཞེས་པ་སྟེ་འབྱུང་པོ་ལ་སོགས་པ་རྣམས་ཀྱི་གཙོ་བོ་གང་ཡིན་པ་དེ་གཟུགས་དེས་ཞབས་ཀྱི་འོག་ཏུ་བསྒྱེལ་བར་གྱུར་པ་ན། འཁོར་དང་བཅས་པ་འགྲུབ་པར་འགྱུར་ཏེ། ཡི་དྭགས་སམ་སྲིན་པོ་ལ་སོགས་པའོ། །འབྱུང་པོ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངེས་པའོ། །ད་ནི་སྤྲིན་གྱི་ཆར་དབབ་པའི་དོན་དུ་ཀླུའི་རྒྱལ་པོའི་སྒྲུབ་ཐབས་གསུངས་པ། ཀླུ་རྣམས་ཞེས་པ་ལ་སོགས་པ་སྟེ་འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དེ་ཉིད་བསྒོམས་པར་གྱུར་པས་ཉིན་ཞག་འགའ་ཞིག་དག་གིས་ཞེས་པ་ཟླ་བའི་ཉིན་ཞག་རྣམས་ཀྱིས་སྤྲིན་གྱི་ཚོགས་ནི་བསྒྲུབ་པར་བྱ་སྟེ། དེ་ལྟར་ཞེས་པ་ཆོ་ག་འདི་ཡིས་སོ། །ཀླུ་རྣམས་ཆུ་སྐྱེས་འདབ་བརྒྱད་ལ་སྟེ་ཞེས་པ་ནི་ཆུ་སྐྱེས་ཀྱི་ཤར་གྱི་འདབ་མ་ལ་སྟོབས་ཀྱི་རྒྱུའོ། །མེར་པདྨའོ། །ལྷོར་ནོར་རྒྱས་ཀྱི་བུའོ། །བདེན་བྲལ་དུ་དུང་
སྐྱོང་ངོ༌། །བྱང་དུ་མཐའ་ཡས་སོ། །དབང་ལྡན་དུ་རིགས་ལྡན་ནོ། །ནུབ་ཏུ་འཇོག་པོའོ། །རླུང་དུ་པདྨ་ཆེན་པོའོ། །ཤར་དང་མེར་ནག་པོ་དག་གོ །ལྷོ་དང་བདེན་བྲལ་དུ་དམར་པོ་དང་ནག་པོ་དག་གོ །བྱང་དང་དབང་ལྡན་དུ་དཀར་པོ་དག་གོ །ནུབ་དང་རླུང་དུ་སེར་པོ་དག་གོ །ཀླུའི་རྒྱལ་པོ་རྒྱལ་བ་དང་རྣམ་རྒྱལ་ལྗང་གུ་དང་སྔོན་པོ་དག་ནི་ཉི་མའི་སྟེང་དུ་བསྒྱེལ་བྱས་ནས་ཞེས་པ། ཉི་མའི་དཀྱིལ་འཁོར་ལ་གཡོན་པ་དང་གཡས་པའི་ཞབས་ཀྱི་འོག་ཏུ། ལྟེ་བ་ཡན་ཆད་སྐྱེས་བུའི་རྣམ་པ། མན་ཆད་སྦྲུལ་གྱི་རྣམ་པ། མགོ་བོའི་སྟེང་ན་གདེངས་ཀ་བདུན་གྱིས་ཁོར་ཡུག་ཅན་ནོར་བུ་ཆེན་པོའི་འོད་འཕྲོ་བ་དག་གན་རྐྱལ་དུ་བསྒྱེལ་ཞིང༌། ཀླུའི་རྒྱལ་པོ་གཞན་རྣམས་བསྒྱེལ་ནས། དེ་རྣམས་ཀྱི་མཇུག་མའི་རྩེ་མོ་ནི་སོ་སོར་རྒྱལ་བའི་སྟེང་དུ་ཤར་དང་བྱང་གི་རྣམས་དང༌། རྣམ་པར་རྒྱལ་བའི་སྟེང་དུ་ལྷོ་དང་ནུབ་ཀྱི་རྣམས་ཀྱི་མཇུག་མའི་རྩེ་མོ་ཐམས་ཅད་དོ། །དེ་ལྟར་ཞབས་དག་གིས་ནི་གདེངས་ཅན་བདག་པོ་ཟུང་དང་པདྨའི་འདབ་མར་གནས་པ་རྣམས་ཀྱི་མཇུག་མ་ཡི། རྩེ་མོ་ཐམས་ཅད་མནན་ནས་ཞེས་སོ། །དེ་ལྟར་ཀླུའི་རྒྱལ་པོ་བརྒྱད་ནི་གདེངས་ཀ་ལྔ་དང་ལྡན་པ་སྤྲིན་གྱི་རིགས་ཏེ་སྤྲིན་ཚོགས་ལྟོ་བ་དག་ནས་ངེས་པར་ཀུན་ཏུ་སྤྲོ་བྱེད་པའོ། །དེ་ལྟར་དུར་ཁྲོད་ཀྱི་སར་ཁྲོ་བོའི་དབང་པོ་བསྒོམས་པས་ཟླ་བའི་ཉིན་ཞག་རྣམས་ཀྱི་སྤྲིན་ཚོགས་ནི་བསྒྲུབ་པར་བྱ་སྟེ། དེ་ནས་ཇི་ལྟར་མངོན་པར་འདོད་པའི་དུས་སུ་ཆར་འབེབས་པར་བྱེད་ཅིང༌། གཤེགས་སུ་གསོལ་བས་ཟློག་པར་བྱེད་དོ། །ཀླུའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ངེས་པའོ། །ཞེས་བྱ་བ་ནི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས་སོ།། ༈ །དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་གྱི་ནང་ནས་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། འདིར་དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་
གི་ལས་སྒྲུབ་པའི་ལྷ་གསུམ་གྱི་ནང་ནས་མཆོག་ཏུ་གྱུར་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་བསྒོམ་པར་འདོད་པས་གནས་དབེན་པར་སྟན་བདེ་བ་ལ་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་དང་བཅས་པ་སྤྱི་དང་མཐུན་པ་སྔོན་དུ་བཏང༌། ཨོཾ་ཤཱུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཧྃ་ལས་ནམ་མཁའི་རང་བཞིན་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ། ཡྃ་ལས་རླུང་དཀྱིལ་ནག་པོ། རྃ་ལས་མེ་དཀྱིལ་དམར་པོ། བྃ་ལས་ཆུ་དཀྱིལ་དཀར་པོ། ལྃ་ལས་ས་དཀྱིལ་སེར་པོ་རྣམས་རེ་རེ་བཞིན་སྟེང་འོག་ཏུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར་གྱིས་བརྒྱན་པ། དེ་རྣམས་གཅིག་ཏུ་འདྲེས་པ་ལས་རྡོ་རྗེའི་རྭ་བའི་དབུས་ན། ཨོཾ་ཧཱུྃ་བི་ཤྭ་ཀཱ་ཡ་བཛྲ་ཀཱུ་ཊཱ་ག་རཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྡོ་རྗེའི་ས་གཞིའི་དབུས་སུ་ཁང་བརྩེགས་སྟེང་འོག་ཏུ་ཁྲུ་ཉིས་བརྒྱ་པའི་དབུས་སུ། ཨོཾ་པྃ་བི་ཤུ་བཛྲ་པདྨྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། པདྨ་འདབ་མ་བརྒྱད་པ་ཁྲུ་བཅུ་གཉིས་པ་ལྟེ་བ་ལ་ཁྲི་བཞི་ཡོད་པའི་ལྟེ་བའི་སྟེང་དུ། ཨོཾ་རཿབཛྲ་སཱུརྻ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཉི་མའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་རང་ཉིད་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་ཤུགས་སྐུ་མདོག་སྔོན་པོ་དབུས་གནག་གཡས་དམར་གཡོན་དཀར་བའི་མགྲིན་པ་གསུམ་དང་ལྡན་པ། སྔོ་དམར་སེར་དཀར་བའི་ཞལ་བཞི་རེ་རེའང་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་སེར་དུ་འདུག་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་མི་བསྐྱོད་པའི་ཅོད་པན་ཅན། གཡས་གཡོན་གྱི་ཕྲག་པ་གསུམ་ནག་དམར་དཀར་བ། ཁ་དོག་དེ་དང་མཚུངས་པའི་དཔུང་པ་དྲུག་དྲུག ཕྱག་ཉི་ཤུ་རྩ་བཞི། ཕྱག་ལྷག་མ་གཉིས་གཡས་ནག་གཡོན་སེར་བ། ཕྱག་རྣམས་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། མིང་མེད་ནག་པོ། མཐེའུ་ཆུང་ལྗང་གུ། སོར་མོ་རྣམས་ཀྱི་ཚིགས་ཕྲེང་དང་པོ་ནག་པོ་གཉིས་པ་དམར་པོ། གསུམ་པ་དཀར་པོ་སོར་གདུབ་རྣམས་ཀྱིས་མཛེས་ཤིང་འོད་འཕྲོ་བ།
ཞབས་གཡས་དམར་པོ་གཡོན་དཀར་པོས་བདུད་དང་འདོད་ལྷ་དང༌། ཉོན་མོངས་པ་དབང་ཕྱུག་གི་སྙིང་གར་གཡས་བརྐྱང་གི་སྟབས་ཀྱིས་མནན་པ། སྦྲུལ་དང་རུས་པའི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་ཅན། མགོ་བོ་དང་ཐོད་པའི་ཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་ཕྲེང་བ་འཕྱང་བ། དབུ་རེ་རེ་ལ་ཐོད་པ་རྫོགས་པ་ཁ་དོག་ལྔའི་ཕྲེང་བ། གཡས་ཀྱི་ཕྱག་ནག་པོ་བཞིའི་དང་པོར་ཁྲོ་བོའི་རྡོ་རྗེ། གཉིས་པར་རྡོ་རྗེ་རལ་གྲི། གསུམ་པར་རྡོ་རྗེ་རྩེ་གསུམ། བཞི་པར་རྡོ་རྗེ་གྲི་གུག དམར་པོ་བཞིའི་དང་པོར་རྡོ་རྗེ་མདའ། གཉིས་པར་རྡོ་རྗེ་ལྕགས་ཀྱུ། གསུམ་པར་རྡོ་རྗེ་ཅང་ཏེའུ། བཞི་པར་རྡོ་རྗེ་ཐོ་བ། དཀར་པོ་བཞིའི་དང་པོར་རྡོ་རྗེ་འཁོར་ལོ། གཉིས་པར་རྡོ་རྗེ་མདུང༌། གསུམ་པར་རྡོ་རྗེ་དབྱུག་པ། བཞི་པར་རྡོ་རྗེ་དགྲ་སྟྭའོ། །གཡོན་གྱི་ནག་པོ་བཞིའི་དང་པོར་རྡོ་རྗེ་དྲིལ་བུ། གཉིས་པར་རྡོ་རྗེ་ཕུབ། གསུམ་པར་རྡོ་རྗེ་ཁ་ཊྭཱྃ་ག བཞི་པར་རྡོ་རྗེ་ཐོད་པ། དམར་པོ་བཞིའི་དང་པོར་རྡོ་རྗེ་གཞུ། གཉིས་པར་རྡོ་རྗེ་ཞགས་པ། གསུམ་པར་རྡོ་རྗེ་རིན་པོ་ཆེ། བཞི་པར་རྡོ་རྗེ་པདྨ། དཀར་པོ་བཞིའི་དང་པོར་རྡོ་རྗེ་དུང༌། གཉིས་པར་རྡོ་རྗེ་མེ་ལོང༌། གསུམ་པར་རྡོ་རྗེ་ལྕགས་སྒྲོག བཞི་པར་ཚངས་པ་གདོང་བཞི་པའི་མགོ་བོ། གླང་པོ་ཆེའི་པགས་པ་རློན་པ་ཁྲག་འཛག་པ། མགོ་བོ་གཡས་སུ་བསྟན་ཏེ་གྱོན་པའི་རྐང་ལག་གཡོན་པ་གཉིས་ནས་ཕྱག་ལྷག་མ་གཉིས་ཀྱིས་བཟུང་སྟེ་འཕྱར་ཞིང་སྡིགས་མཛུབ་དང་བཅས་པ། ཀླུ་རྒྱལ་བ་ལྗང་གུས་རལ་པའི་ཅོད་པན་དུ་བཅིངས་ཤིང༌། རྣམ་རྒྱལ་སྔོན་པོས་དར་དཔྱངས་སུ་བཅིངས་པ། སྟོབས་རྒྱུ་དང་པདྨ་ནག་པོས་གཡོན་དང་གཡས་ཀྱི་རྣ་བ་དག་ལ་བརྒྱན་པ། ནོར་རྒྱས་དང་དུང་སྐྱོང་དམར་པོ་དག་གིས་གཡོན་པ་དང་གཡས་པའི་ལག་གདུབ་བྱས་པ། མཐའ་ཡས་དང་རིགས་ལྡན་དཀར་པོ་དག་གིས་སྐ་རགས་དང་མགུལ་བ་བརྒྱན་པ། འཇོག་པོ་དང་པདྨ་ཆེན་པོ་སེར་པོ་དག་གིས་གཡོན་དང་གཡས་པའི་རྐང་གདུབ་བྱས་
པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ གཙུག་ཏོར་དུ་ཧཾ། གསང་གནས་སུ་ཀྵཿ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿཧིཿ དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། དབང་བསྐུར་མི་བསྐྱོད་པས་དབུར་བརྒྱན། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་ཝི་དྱཾ། ཨཀྵ་ཏཾ། ལཱ་སྱཾ། ཧཱ་སྱཾ། བཱ་དྱཾ། ནྲྀ་ཏཾ། གཱི་ཏི། ཀཱ་མཾ། པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །ཞེས་བསྟོད། རང་གི་ཐུགས་ཀའི་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿཧྃ་ཀྵ་བཛྲ་བི་ག་ཧཱུྃ་ཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླ། ཨོཾ་ཧཱུྃ་ཀྲོ་དྷེ་ན་དྲོ྅་ཧཾ། ཀྲོ་དྷ་ནཱཾ། ཨཱ་ཛྙ་དཱ་ཡ་ཀ་སྭཱ་ཧཱ། ཞེས་པའང་ཁྲོ་བོ་རྣམས་བསྐུལ་བའི་དོན་དུ་བཟླ་ཞིང༌། ཨོཾ་ཨ་ར་ར་ར་ར་ལ་ལ་ལ་ལ། བཛྲ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་པའང་ཡེ་ཤེས་དབབ་པའི་དོན་དུ་བཟླ་བར་བཤད་ལ། གཙོ་བོར་ཕྲེང་སྔགས་རྐང་པ་བཅུ་དྲུག་པ་དང༌། བདུན་ཅུ་པ་བཟླ་ཐུབ་ན་འདིའི་སྔགས་ཀྱི་གཙོ་བོ་ཡིན་ནོ། །བཟླས་པའི་མཐར་དགེ་བ་བསྔོས་ལ། གཏོར་མ་འབུལ་བར་སྤྲོ་ན་སྐབས་འདིར་བྱའོ། །འདི་ནི་མངོན་རྟོགས་བསྡུས་པའི་ལུགས་ཏེ། རྒྱས་པར་དུས་ཀྱི་འཁོར་ལོའི་སྲུང་འཁོར་རྒྱས་འབྲིང་ཁོ་ན་ལྟར་ཉམས་སུ་བླང་བར་བྱའོ། །རྡོ་རྗེ་ཤུགས་ཀྱི་རྗེས་གནང་བྱ་བར་འདོད་པས་མཎྜལ་པདྨ་འདབ་བརྒྱད་ལྗང་གུ་བྲིས་པའི་ལྟེ་བར་ཉི་ཟླ་སྒྲ་གཅན་མཚོན་པའི་གདན་དམར་དཀར་ནག་གསུམ་བརྩེགས་པ་ལ་ཚོམ་བུ་ལྗང་གུ་གཅིག་དགོད། དེའི་ཁར་མཉྫིའི་ཁར་གཏོར་མ་ཟླུམ་པོ་དབལ་ཅན་ཙཀླི་དང་བཅས་པ་འགོད། དེའི་མཐར་ཆུ་བཞི་དང་ཤར་དུ་དྲི་ཆབ་དང་མེ་ཏོག ལྷོར་སྤོས་དང་མར་མེ། བྱང་དུ་ལྷ་བཤོས་དང་ཤིང་ཏོག ནུབ་ཏུ་དབུ་
རྒྱན་དང་དོ་ཤལ། ཤར་གྱི་ཤར་དུ། སྟེང་གི་རོ་ལ་སྒྲ་མའི་ཏིང་ཤག་དང་གར་མའི་གོས་ཟུང༌། ནུབ་ཀྱི་ནུབ་ཏུ་འོག་གི་མཆོད་པ་རྡོ་རྗེ་དང་པདྨ་རྣམས་དངོས་སམ་བྲིས་པ་བཤམ། འབུལ་གཏོར་བདུན་ནམ། ཁ་གསོའི་ཐེབ་ཀྱུ་དང་བཅས་པ་མདུན་ཕྱོགས་སུ་བསྒྲིགས། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཅང་ཏེའུ། མེ་ཏོག འཐོར་འབྲུ་སོགས་ཚང་བར་བྱས་ལ། ནང་མཆོད་ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། མཆོད་པ་རྣམས་ལ་ནང་མཆོད་གཏོར། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ། ཞེས་པས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སྥྃ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ཤེལ་ལས་གྲུབ་བའི་མཆོད་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨཾ་ལས་མཆོད་ཡོན། པཱྃ་ལས་ཞབས་བསིལ། པྲཾ་ལས་བསང་གཏོར། ཨཾ་ལས་ཞལ་བསིལ། པུཾ་ལས་མེ་ཏོག བྷྲཱུྃ་ལས་བདུག་སྤོས། དཱིཾ་ལས་མར་མེ། ནཻཾ་ལས་ཞལ་ཟས། ཨཾ་ལས་འབྲས་བུ་མ་ཉམས་པ། ལཱཾ་ལས་སྒེག་མོ། ཧཱུྃ་ལས་བཞད་མ། བཱཾ་ལས་རོལ་མོ། ནྲིཾ་ལས་གར་མ། གཱིཾ་ལས་གླུ་མ། ཀཱཾ་ལས་འདོད་མ་ལ་སོགས་པ་མཆོད་རྫས་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའ་དང་བར་སྣང་ས་གཞི་ཐམས་ཅད་ཁྱབ་པར་ངོ་བོ་སྟོང་པ་ཉིད་རྣམ་པ་སོ་སོར་སྣང་བ། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་བྱེད་པ། འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག བླ་མ་དང་ཁྲོ་བོ་རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུ་དང་བཅས་པ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། པྲོ་ཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨཉྩ་མཱ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་གནྡྷཾ་སོགས་བཅུ་གཉིས་ལ། པྲ་ཏཱིཙྪ་སྭཱ་ཧཱ་སྦྱར་བ་བརྗོད་
དེ་བྱིན་གྱིས་བརླབ། སྐྱབས་སེམས་ནས་བཟླས་པའི་བར་སྔར་བཞིན་ཉམས་སུ་བླང༌། དེ་ནས་མདུན་བསྐྱེད་བསང་སྦྱང༌། སྟོང་པའི་ངང་ལས་ཧྃ་ལས་ནམ་མཁའི་རང་བཞིན་སོགས་ནས། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་སྔར་བཞིན་ལས་རང་ཉིད་ཅེས་པའི་ཚིག་དོར། ཧ་ཧཱ་ལས་གཙུག་ཏོར་ཅན་ལྗང་གུ་དང་གནོད་མཛེས་སྔོན་པོ། ཡི་ཡཱི་ལས་བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་ནག་པོ། རརྀ་རརཱྀ་ལས་ཤེས་རབ་མཐར་བྱེད་དང་འདོད་རྒྱལ་དམར་པོ། ཝུ་ཝཱུ་ལས་པདྨ་མཐར་བྱེད་དང་མི་གཡོ་བ་དཀར་པོ། ལླྀ་ལླཱྀ་ལས་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་སེར་པོ་སྟེ་ཁྲོ་བོ་བཅུ་དང༌། ང་ངཱ་ལས་ཟད་པར་ནམ་མཁའ་ལྗང་ཁུ་དང་སྔོན་པོ། །ཉི་ཉཱི་ལས་ཟད་པར་རླུང་གཉིས་ནག་པོ། ཎརྀ་ཎརཱི་ཟད་པར་མེ་གཉིས་དམར་པོ། མུ་མཱུ་ལས་ཟད་པར་ཆུ་གཉིས་དཀར་པོ། ནལྀ་ནལཱྀ་ལས་ཟད་པར་ས་གཉིས་སེར་པོ་སྟེ་ཟད་པར་བཅུ་དང༌། གྷ་གྷཱ་ལས་ཚངས་པ་ལྗང་གུ་དང་ཁྱབ་འཇུག་སྔོན་པོ། ཛྷི་ཛྷཱི་ལས་བདེན་བྲལ་དང་རླུང་ལྷ་ནག་པོ། དྷྲྀ་དྷྲཱྀ་ལས་གཤིན་རྗེ་དང་མེ་ལྷ་དམར་པོ། བྷུ་བྷཱུ་ལས་ཆུ་ལྷ་དང་དྲག་པོ་དཀར་པོ། དྷལའྀ་དྷལའྀ་ལས་དབང་པོ་དང་གནོད་སྦྱིན་སེར་པོ་སྟེ་ཕྱོགས་སྐྱོང་བཅུ་དང༌། ག་གཱ་ལས་སྒྲ་ཅན་ལྗང་གུ་དང་དུས་མེ་སྔོན་པོ། ཛི་ཛཱི་ལས་ཟླ་བ་དང་ཉི་མ་ནག་པོ། ཌྲྀ་ཌྲཱྀ་ལས་ལྷག་པ་དང་མིག་དམར་པོ། བུ་བཱུ་ལས་པ་སངས་དང་ཕུར་བུ་དཀར་པོ། རྻྀ་རྻྀ་ལས་མཇུག་རིང་དང་སྤེན་པ་སེར་པོ་སྟེ་གཟའ་བཅུ་དང༌། ཁ་ཁཱ་ལས་རྒྱལ་བ་ལྗང་གུ་དང་རྣམ་རྒྱལ་སྔོན་པོ། ཚི་ཚཱི་ལས་སྟོབས་རྒྱུ་དང་པདྨ་ནག་པོ། ཋྲྀ་ཋྲཱྀ་ལས་ནོར་རྒྱས་དང་དུང་སྐྱོང་དམར་པོ། ཕུ་ཕཱུ་ལས་མཐའ་ཡས་དང་རིགས་ལྡན་དཀར་པོ། ཐིལ་ཐིལཱ་ལས་པདྨ་ཆེན་པོ་དང་འཇོག་པོ་སེར་པོ་སྟེ་ཀླུ་བཅུ་དང༌། ཀ་ཀཱ་ལས་རོ་ལངས་ལྗང་གུ་དང་གྲུལ་བུམ་སྔོན་པོ། ཙི་ཙཱི་ལས་ཁྱི་གདོང་ཅན་དང་བྱ་རོག་གདོང་ཅན་ནག་པོ། ཌྲྀ་ཌྲཱྀ་ལས་ཕག་གདོང་ཅན་དང་བྱ་རྒོད་གདོང་ཅན་དམར་པོ། པུ་པཱུ་ལས་སྟག་གདོང་ཅན་དང་
འུག་གདོང་ཅན་དཀར་པོ། ཏྀལ་ཏྀལ་ལས་ཅེ་སྤྱང་གདོང་ཅན་དང་མཁའ་ལྡིང་གདོང་ཅན་སེར་པོ་སྟེ་འབྱུང་པོ་བཅུ་དང་བཅས་པའི་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་རྣམས་པད་འདབ་ཀྱི་ནང་ནས་རིམ་བཞིན་སྟེང་འོག་ཕྱོགས་མཚམས་རྣམས་སུ་འཁོད་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བཛྲ་བྷཻ་ར་བ་ཨཱ་ཀརྵ་ཡ་ཛཿ གནྡྷཾ«་་་་་དྲི་རྒྱ་སོགས། »སོགས་ཀྱིས་མཆོད། པྲཛྙཱནྟ་ཀ་ཧཱུྃ།«་་་་་རྡོ་རྗེ་རྩེ་ལྔའི་རྒྱ། »ཡ་མཱནྟ་ཀ་བཾ།«་་་་་ཞགས་པའི་རྒྱ། »པདྨཱནྟ་ཀ་ཧོཿ«་་་་་དྲིལ་བུའི་རྒྱ། »བིགྷྣཱནྟ་ཀ་ཧྃ།«་་་་་དབྱུག་པའི་རྒྱ། »དམ་ཚིག་པ་རྣམས་ལ་ཡེ་ཤེས་པ་རོ་མཉམ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ གཙུག་ཏོར་ཏུ་ཧཾ། གསང་བར་ཀྵཿ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་བཛྲ་ས་མཱ་ཛཿ གནྡྷཾ་སོགས་ཀྱིས་མཆོད། འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་ཨཱཿཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་དབང་བསྐུར། རང་རང་གི་རིགས་ཀྱི་བདག་པོས་རྒྱས་གདབ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཨོཾ་ཀཱ་མྃ་པྲ་ཏྲཱིཙྪ་སྭཱ་ཧཱའི་བར་གྱིས་ཆུ་བཞི་དང་ལྷ་མོ་བཅུ་གཉིས་ཀྱིས་མཆོད། ཨོཾ་ཨཱཿཧཱུྃ་ཧོཿབཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། བྷ་ཛྷ་ཌྷ་བྷ་དྷ། ག་ཛ་ཌ་བྷ་ར། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ཨོཾ་ཨཱཿཧཱུྃ་ཧོཿན་མཿ ཞེས་ནང་མཆོད་ཕུལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ཞིང༌། །སྲུང་མ་དྲུག་ཅུའི་ཚོགས་ལ་འདུད། །ཅེས་བསྟོད། གཏོར་མ་ཆང་ཆུ་ནང་མཆོད་ཀྱི་བྲན། ཨོཾ་ཕྲཻཾ་བཛྲ་ཌཱ་ཀི་ནཱི་བཛྲ་དྷཱ་ཏྭཱི་ཤྭ་རི་ག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱ་བི་ཤོ་དྷ་ནི། སརྦ་དྲ་བྱཱ་ཎི་བི་ཤྭ་དྷཱ་ཡ་ཧཱུྃ་ཕྲེཾ་ཕཊ྄་ཀྱིས་
བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས། ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་དང༌། བདུད་རྩི་ལྔ་དང༌། ཕྱག་རྒྱ་བཞི་བཅས་ལ། ཨོཾ་ཨཱཿཧཱུྃ་ཧོཿ རྡོ་རྗེ་རྩེ་ལྔ་པའི། ཕྱག་རྒྱས་གཙོ་བོ་ཁྲོ་བོ་རྣམས་དང༌། གྲི་གུག་གི་ཕྱག་རྒྱས་ཟད་པར་དང༌། རལ་གྲིའི་ཕྱག་རྒྱས་ཕྱོགས་སྐྱོང་དང༌། རིན་པོ་ཆེའི་ཕྱག་རྒྱས་གཟའ་དང༌། པདྨའི་ཕྱག་རྒྱས་ཀླུ་དང༌། འཁོར་ལོའི་ཕྱག་རྒྱས་འབྱུང་པོ་རྣམས་སྤྱན་དྲངས་ཤིང༌། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ཨོཾ་«་་་་་རྡོ་རྗེའི་རྒྱ། »ཨཱཿཧཱུྃ་ཧོ་ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻ་ར་ཝ་ས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་ག་ཏྱ་ས་པ་རི་ཝཱ་རཱཿ ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྞན་ཏུ། ཁཱ་དནྟུ། པི་བནྟུ། ཛཿཧཱུྃ་བཾ་ཧོཿ སཾ་ཏྲིབྟཱཿ སརྦ་སཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨ་བ་ར་ཎ། གུབྷི་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ྄་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་བཞིན་དུ། ཨོཾ་ཨཱཿ«་་་་་རྡོ་རྗེའི་རྒྱ། »ཧཱུྃ་ཧོཿཨུཥྞི་ཥ་སུམྦྷ་ནི་སུམྦྷ། བིགྷྣཱནྟ་ཀ ནཱི་ལ་དཎྜ། པྲ་ཛྙཱནྟ་ཀ་ཊཱཀྐི་རཱ་ཛ། པདྨཱནྟ་ཀ ཨ་ཙ་ལ། ཡ་མཱནྟ་ཀ མ་ཧཱ་བ་ལེ་བྷྱཿ ཞེས་དང༌། ཨོཾ་«་་་་་གྲི་གུག་རྒྱ།» ཨཱཿཧཱུྃ་ཧོ་ཨཱ་ཀཱ་ཤ བཱ་ཡུ། ཏེ་ཛ། ཨུ་ད་ཀ པྲྀ་ཐི་ཝཱི་སཱ་དྷི་ཏེ་བྷྱཿ ཞེས་དང༌། ཨོཾ་ཨཱཿ«་་་་་རལ་གྲིའི་རྒྱ། »ཧཱུྃ་ཧོཿ བྲཧྨ། བིཥྞུ། ནཻ་ཌྲྀ་ཏྱ། བཱ་ཡུ། ཡ་མ། ཨགྣི། ས་མུ་དྲི། ཨཱི་ཤྭ་རེནྡྲ། ཡཀྵེ་བྷྱཿ ཞེས་དང༌། ཨོཾ་ཨཱཿ«་་་་་རིན་པོ་ཆེའི་རྒྱ། »ཧཱུྃ་ཧོ་རཱ་ཧུ། ཀཱ་ལ། ཨགྣི། ཙནྡྲ། སཱུརྻ། བུདྡྷ། མཾ་ག་ལ། ཤུ་ཀྲ། བྲྀ་ཧསྤ་ཏི་ཀྲྀཥྞ། ཝཱརྞཎ་ཀེ་ཏུ་ཤ་ནི་བྷྱཿ ཞེས་དང༌། ཨོཾ་«་་་་་པདྨའི་རྒྱ། »ཨཱཿཧཱུྃ་ཧོ་ཛ་ཡ། བི་ཛ་ཡ། པདྨ། ཀརྐོ་ཊ་ཀ བཱ་སུ་ཀི ཤཾ་ཁ་པཱ་ལ། ཀུ་ལེ་ཀ ཨ་ནནྟ། ཏཾཀྵ་ཀ མ་ཧཱ་པདྨེ་བྷྱཿ ཞེས་དང༌། «འཁོར་ལོའི་རྒྱ། ་་་་་»ཨོཾ་ཨཱཿཧཱུྃ་ཧོ་བེ་ཏཱ་ཌ་བི་ཀྲི་ཏ་མུ་ཁ། ཤུ་ན། ཀཱ་ཀ སཱུ་ཀ་ར། གྷྲྀ་ཌྷ། བྱཱ་གྷྲ་ཨཱུ་ལུ་ཀ ཛི་བུ་ཀ གུ་རུ་ཌ་མུ་ཁེ་བྷྱཿ ཞེས་པའི་སྡེ་ཚན་
རེ་རེའི་མཐར། ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ་སོགས་བཏགས་པ་ཚར་གཅིག་ཨོཾ་ཨཱཿཧཱུྃ་ཧོཿནས་འབྱུང་པོའི་སྔགས་ཀྱི་བར་སྦྲེལ་བའི་མཐར། ས་པ་རི་ཝཱ་རེ་མན་ཆད་བཏགས་པ་ཚར་གཅིག་གཉིས་ཀྱིས་གཏོར་མ་ཕུལ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷི་ར་ཝཱ་ཡ་ན་མཿ དེ་བཞིན་དུ། ཨོཾ་ཨུཥྞཱི་ཥ་སུམྦྷ་ནི་སུམྦྷ་སོགས། སྡེ་ཚན་རེ་རེའི་མགོར་ཨོཾ་དང་མཐར་ན་མཿ སྦྱར་བའི་ནང་མཆོད་གཡོན་གྱི་མཐེབ་སྲིན་གྱིས་འབུལ། ཌཱ་དྲིལ་དང་བཅས། རྡོ་རྗེ་འཇིགས་བྱེད་ནས་འདུད། ཨོཾ་ཨཱཿཧཱུྃ་ཧོཿ གཙུག་ཏོར་གནོད་མཛེས་ངེས་གནོད་མཛེས། །བགེགས་མཐར་བྱེད་དང་དབྱུག་པ་སྔོ། །ཤེས་རབ་མཐར་བྱེད་འདོད་པའི་རྒྱལ། །པདྨ་མཐར་བྱེད་མི་གཡོ་བ། །གཤིན་རྗེ་མཐར་བྱེད་སྟོབས་ཆེན་རྣམས། །ནམ་མཁའ་རླུང་དང་མེ་དང་ཆུ། །ས་ཡི་ཟད་པར་གྲུབ་པ་རྣམས། །ཚངས་པ་ཁྱབ་འཇུག་བདེན་བྲལ་རླུང༌། །གཤིན་རྗེ་མེ་དང་རྒྱ་མཚོ་དང༌། །དྲག་པོ་དབང་པོ་གནོད་སྦྱིན་རྣམས། །སྒྲ་གཅན་དུས་མེ་ཟླ་ཉི་མ། །ལྷག་པ་བཀྲ་ཤིས་ཁུ་བ་དང༌། །ཕུར་བུ་མཇུག་རིང་དལ་འགྲོ་རྣམས། །རྒྱལ་བ་རྣམས་རྒྱལ་པད་སྟོབས་རྒྱུ། །ནོར་རྒྱས་དུང་སྐྱོང་རིགས་ལྡན་དང༌། །མཐའ་ཡས་འཇོག་པོ་པད་ཆེན་རྣམས། །རོ་ལངས་རྣམ་པར་འགྱུར་ཞལ་ཁྱི། །བྱ་རོག་ཕག་དང་བྱ་རྒོད་སྟག །འུག་པ་ལྕེ་སྤྱང་ཁྱུང་གདོང་རྣམས། །འཁོར་དང་བཅས་ལ་གཏོར་མ་དྲི། །མེ་ཏོག་བདུག་པ་སྒྲོན་མ་དང༌། །མ་ཉམས་པ་འདི་བདག་འབུལ་གྱི། །འཁོར་བཅས་དེ་རྣམས་ཀྱང་བྱོན་ལ། །མྱུར་དུ་གཏོར་མ་འདི་གཟུང་མཛོད། །གསོལ་བར་མཛོད་ཅིག་བཏུང་བར་མཛོད། །ཛཿཧཱུྃ་བཾ་ཧོཿཡང་དག་ཚིམས། །སེམས་ཅན་ཀུན་ལ་ཞི་བ་དང༌། །རྒྱས་དང་སྲུང་དང་བསྐྱབ་པ་དང༌། །སྦ་བར་མཛོད་ཅིག་ཧཱུྃ་ཧཱུྃ་ཕཊ། །རྡོ་རྗེ་འཆང་གི་བཀའ་བསྒོས་མཛོད། །སྭཱ་ཧཱ། ཞེས་བརྗོད་ཅིང་གཏོར་མ་འབུལ། དེ་ནས་མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱས་ལ། མཐར་
བཅོམ་ལྡན་འདས་ཀྱིས་བདག་དང་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོའི་སྙིམ་པ་མེ་ཏོག་དང་བཅས་གྲལ་ལ་འཁོད། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་ཞུ་སྙམ་དུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་པར་བྱ་བའི་ཆོས་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནས་གསུངས་པའི་ཐུན་མོང་གི་ལས་སྣ་ཚོགས་པ་སྒྲུབ་པའི་ལྷ་གསུམ་དུ་གྲགས་པའི་ནང་ནས་འདིར་སྐབས་སུ་བབས་པ་བགེགས་དང་བར་ཆད་ཐམས་ཅད་སྲུང་ཞིང་ལས་ཐམས་ཅད་ལ་བསྔགས་པ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུ་དང་བཅས་པའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་ཐམས་ཅད་ཉེ་བར་གྲུབ་ཟིན་པ་ཡིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་རྣམས་ཡིན་པས། སློབ་དཔོན་ཡང་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་ཐ་མི་དད་པ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་པ་དང་སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་སློབ་དཔོན་དང༌། མདུན་གྱི་རྟེན་རྣམས་ཀྱང་ཁྲོ་བོ་རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུས་བསྐོར་བ་དངོས་སུ་མོས་ཏེ། དེ་དག་གི་མདུན་དུ་ཁྱེད་རང་རྣམས་འཁོད་ནས་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། དེ་རིང་ཉིད་ནས་མི་བཟད་འཁོར་བས་འཇིགས་པ་དག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་ལན་གསུམ། དེ་ནས་རྒྱུན་བཤགས་བྱ་བའི་སླད་དུ་མདུན་གྱི་རྟེན་རྡོ་རྗེ་ཤུགས་སྲུང་མ་དྲུག་
ཅུས་བསྐོར་བའི་སྟེང་གི་ནམ་མཁའ་ལ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་བཞིན་དུ་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བགྱི་སྙམ་དུ་ཚིག་དོན་དྲན་པས་འདིའི་རྗེས་ཟློས་མཛོད། སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་སྡིག་པ་རྣམ་པ་མང་པོ་བསགས་པ་དག་ནི་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །དག་པ་གསུམ་གྱིས་བདག་གི་དངོས་འབུལ་ཆོས་ཀྱི་འཁོར་ལོ་སྐོར་ཞིང་མྱ་ངན་མི་འདའ་བཞུགས་སུ་གསོལ། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ཞེས་ལན་གསུམ་བྱ། དེ་ནས་ཐུན་མོང་མ་ཡིན་པའི་རིགས་དྲུག་གི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལས་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་ལན་གསུམ་བྱ། དེ་ནས་རྗེས་གནང་དངོས་ལ་ཐོག་མར་ལུས་ངག་ཡིད་ཡེ་ཤེས་སྦྱང་བ། བདུད་དང་བགེགས་སྦྱང་བ་རྣམས་སྔོན་དུ་འགྲོ་དགོས་པས། དེ་ལ་བདུད་རྩི་མྱང་བས་ལུས་སེམས་བདེ་བས་གང་བའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་ཀྱི་བདུད་རྩི་བྱིན། ཁྱེད་རང་རྣམས་ཀྱི་གཙུག་ཏོར་གྱི་སྟེང་དུ་ཝྃ་
ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་ཡོངས་སུ་རྫོགས་པ་གསལ་ལམ་གྱི་བྱུང་བའི་མོས་པ་མཛད་ནས། སློབ་དཔོན་གྱིས་མཆོག་གི་ཕྱག་རྒྱས་ལུས་ཀྱི་སྟོད་སྨད་བར་གསུམ་དུ་རེག་ཅིང་སྔགས་བརྗོད་ནས་ལུས་ངག་ཡིད་ཡེ་ཤེས་དག་ལྡན་དུ་བྱས་པར་སྒོམས་མཛོད། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ པྲཛྙོ་པཱ་ཡ་ཨཱཏྨ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི་མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བིཛྲ་བཛྲཱ་མྲྀ་ཏ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏྭཱ་ཡ་ཏ་ནཾ་ནིཿསྭ་བྷཱ་ཝཾ་སྭཱ་ཧཱ། གསུམ། དེས་གཙུག་ཏོར་ནས་རྐང་སེན་གྱི་བར་ཁྱེད་རང་གི་ལུས་སྦྲུལ་ཤུན་པ་བརྗེས་པ་བཞིན་དུ་ལན་གསུམ་དོར་ཏེ། ཁྱེད་རང་རྣམས་ཀྱི་ལུས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམས་ཏེ་པད་ཀོར་སྔོན་འགྲོའི་འཁྱུད་རྒྱ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་དཀར་པོ་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་མོ་བཅུ་བདུན་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་དམར་པོ་ལ་ཨཱཿདམར་པོ་ལས་རྡོ་རྗེ་དམར་པོ་རྩེ་མོ་སུམ་ཅུ་རྩ་གསུམ་པ། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པོ་ལ་ཧཱུྃ་ལས་རྡོ་རྗེ་ནག་པོ་རྩེ་མོ་དགུ་པ། ལྟེ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཧོཿལས་རྡོ་རྗེ་སེར་པོ་རྩེ་མོ་དྲུག་ཅུ་རྩ་ལྔ་པ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལྗང་གུ་ལ་ཧཾ་ལྗང་གུ་ལས་རྡོ་རྗེ་ལྗང་གུ་རྩེ་མོ་ལྔ་པ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལ་ཀྵཿལས་རྡོ་རྗེ་སྔོན་པོ་རྩེ་མོ་སུམ་ཅུ་རྩ་གསུམ་པ། ཚིགས་ཆེན་བཅུ་གཉིས་དང་ལག་སོར་དང་རྐང་སོར་གྱི་ཚིགས་རྣམས་སུ་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་བཅུ་གཉིས་དང་རྩེ་མོ་བདུན་པ་དྲུག་ཅུ། དབང་པོ་དང་ལས་དབང་རྣམས་ལ་རྡོ་རྗེ་རྩེ་གསུམ་པ་དྲུག་དང༌། རྩེ་ལྔ་པ་ལྔ་བཀོད་ནས་ཁྱེད་རང་རྣམས་ཀྱི་ལུས་རྡོ་རྗེའི་སྐུར་གྱུར་པའི་མོས་པ་མཛོད། དེ་ལྟར་བཀོད་པའི་རྡོ་རྗེ་དེ་རྣམས་ལས་རང་རང་དང་འདྲ་བའི་རྡོ་རྗེ་རང་རང་གི་ཁ་དོག་དང་མཐུན་པའི་མེ་རབ་ཏུ་འབར་བ་འཕྲོས་ཏེ། སྟེང་དུ་ལྗང་གུ།
འོག་ཏུ་སྔོན་པོ། ཤར་དང་ཤར་ལྷོ་གནག ལྷོ་དང་ལྷོ་ནུབ་དམར། བྱང་དང་བྱང་ཤར་དཀར། ནུབ་དང་ནུབ་བྱང་སེར་བའི་རྡོ་རྗེ་འབར་བ་རྣམས་ཀྱིས་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་ཚོགས་སེམས་ཅན་ལ་རྣམ་པར་འཚེ་བར་བྱེད་པ་རྣམས་ངེས་པར་སྲེགས་པའི་མོས་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿཧྲཱཿཧྲཱཿཧྲཱཿར་ར་ར་ར་བཛྲ་ཨཱ་ན་ལ་སརྦ་ཨཱ་ཝ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷ་ཝ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྲཱཾ་བི་ནཱ་ཡ་ཀཱ་དཱི་ནཾ་ད་ཤ་དི་ག་ཏཱ་ནཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ནི་ད་ཧ་ད་ཧ་པ་ཙ་པ་ཙ་བྷ་སྨཱི་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། བགེགས་ཀྱི་ལུས་ངག་ཡིད་གསུམ་བསྲེགས་ནས་ཐལ་བར་གྱུར། དེ་དག་གི་སྦྱང་བ་རྣམས་གྲུབ་ཟིན་ནས་རྗེས་གནང་གི་གཞི་འགོད་པའི་སླད་དུ་ཁྱོད་རང་རྣམས་ཀྱིས་སློབ་དཔོན་དང་མདུན་བསྐྱེད་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་དང་བཅས་པ་ལ་མོས་གུས་དུང་པར་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུ་ཆེན་པོར་གྱུར་པ་ལ་སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་ནས་ཤུདྡྷོ྅ཧཾ། ཞེས་བརྗོད་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གྱུར་པའི་མོས་པ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར། ཨོཾ་པྃ་བི་ཤྭ་བཛྲ་པདྨྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་པདྨ་དང་འདབ་མ་བརྒྱད་པ་དེའི་ལྟེ་བའི་སྟེང་དུ། ཨོཾ་རཿབཛྲ་སཱུརྻ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཉི་མའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་ཁྱེད་རང་རྣམས་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་ཤུགས་སྐུ་མདོག་སྔོན་པོ་ནས། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་ཛཿཧཱུྃ་བཾ་ཧོཿཧྲཱི། སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་
བཛྲ་ས་མཱ་ཛཿ གནྡྷཾ་སོགས། དབང་གི་ལྷ་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཡུམ་རྣམས་ཀྱིས། ཨོཾ་ཨཱ་ཨཱི་རཱྀ་ཨཱ་ལཱི་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བདུད་རྩིའི་ཆུས་དབང་བསྐུར། མི་བསྐྱོད་པས་དབུར་བརྒྱན་པར་གྱུར་པའི་མོས་པ་མཛོད། རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡེ་ཤེས་ཕྲིན་ལས་ཀྱི་རྗེས་གནང་དང་ལྔ་ལས་དང་པོ་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་མདུན་བསྐྱེད་ཁྲོ་བོ་རྡོ་རྗེ་ཤུགས་སུ་གསལ་བའི་དཔྲལ་བ་ནས་ཀླུ་བཅུ་དང༌། འབྱུང་པོ་བཅུ་དཔག་ཏུ་མེད་པ་སྤྲོས་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་ཀྱི་བར་ཆད་ཐམས་ཅད་དག ལུས་ཀྱི་ཁམས་སྲུང་བ་ལ་དབང་ཞིང༌། སྐུའི་རྗེས་གནང་ཐོབ། ལུས་སྐུ་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་བརྗོད་ཅིང་རོལ་མོ་བྱ་བའི་འོག་ཏུ་འགྲེ། ཡང་མགྲིན་པ་ནས་ཕྱོགས་སྐྱོང་བཅུ་དང་གཟའ་བཅུ་དཔག་ཏུ་མེད་པ་སྤྲོས་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་བར་ཆད་ཐམས་ཅད་དག ངག་གི་ཁམས་སྲུང་བ་ལ་དབང་ཞིང༌། གསུང་གི་རྗེས་གནང་ཐོབ། ངག་གསུང་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ནས་རྗེས་སུ་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་འཁོད་པའི་མོས་པ་མཛད་ནས་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧོ་ཧྃ་ཀྵ་བཛྲ་བི་ག་ཧཱུྃ་ཧཱུྃ་ཕཊ། ཚར་གསུམ། དེ་བཞིན་དུ་ཨོཾ་ཧཱུྃ་ཀྲོ་དྷེ་ན་དྲོ྅ཧཾ། ཀྲོ་དྷ་ནཾ་ཨཱ་ཛྙཱ་དཱ་ཡ་ཀ་སྭཱ་ཧཱ། ཞེས་དང༌། ཨོཾ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུྃ། བྱིན་གྱིས་བརླབ་བའི་ལུང་གི་དོན་དུ་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་
ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་ཕུལ་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་གཏད་པས་སྔགས་ཀྱི་དངོས་གྲུབ་མྱུར་དུ་འགྲུབ་པ་དང་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་ཁྲོ་བོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དམ་བཅའ་བའི་སླད་དུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཁྲོ་བོ་རྡོ་རྗེ་ཤུགས་ཡི་དམ་དུ་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་ཞེས་བགྱི་པས། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཁྲོ་བོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མའི་ཚོགས་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ལན་གསུམ། ཡང་ཐུགས་ཀ་ནས་ཟད་པར་བཅུ་དང༌། ཁྲོ་བོ་བཅུ་དཔག་ཏུ་མེད་པ་སྤྲོས་ནས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་བར་ཆད་ཐམས་ཅད་དག ཡིད་ཀྱི་ཁམས་སྲུང་བ་ལ་དབང་ཞིང༌། ཐུགས་ཀྱི་རྗེས་གནང་ཐོབ། ཡིད་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཡང་ལྟེ་བ་ནས་ཁྲོ་བོ་རྡོ་རྗེ་ཤུགས་ཀྱི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་སྤྲོས་ནས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་ཡེ་ཤེས་ཀྱི་བར་ཆད་ཐམས་ཅད་དག ཡེ་ཤེས་ཀྱི་ཁམས་སྲུང་བ་ལ་དབང་ཞིང༌། ཡེ་ཤེས་ཀྱི་རྗེས་གནང་ཐོབ། མ་དག་པའི་ཡེ་
ཤེས་དག་པ་ཡེ་ཤེས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་རོལ་བྱ་བ་སྔར་བཞིན་ནོ། །དེ་རྣམས་ཀྱི་སྒོ་ནས་ཁྲོ་བོ་རྡོ་རྗེ་ཤུགས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་དང་བཅས་པའི་རྗེས་གནང་རང་ཉིད་ལྷར་སྒོམ་ཞིང་ནུས་ལྡན་དུ་བྱ་བའི་རིམ་པ་གྲུབ། ད་གཞན་དོན་ཕྲིན་ལས་ཀྱི་རྗེས་གནང་ལ། གཏོར་མ་འདི་ཉིད་ཁྲོ་རྒྱལ་རྡོ་རྗེ་ཤུགས་སུ་གསལ་བའི་སྟེང་དུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཀྱི་སྡེ་དང་བཅས་པ་ཁྲ་ལམ་མེ་དངོས་སུ་བཞུགས་པ་ལ། ཁྱེད་རང་རྣམས་ཀྱིས་མོས་གུས་དུང་པར་མཛད་པའི་རྐྱེན་གྱིས་སྤྱི་བོར་ཡེར་གྱིས་བྱོན། དེ་རྣམས་ཀྱི་སྐུ་ལས་བདུད་རྩི་འོད་ཟེར་སྣ་ལྔ་དང་བཅས་པའི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ལྷག་མ་མེད་པར་སྦྱངས། ཚེ་དང་བསོད་ནམས་དང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད། མཐར་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས། རང་ཉིད་ཁྲོ་བོ་རྡོ་རྗེ་ཤུགས་དངོས་སུ་གྱུར་ཏེ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་སྒྲུབ་པ་ལ་ནུས་མཐུ་ཐོགས་པ་མེད་པ་ཡིན་སྙམ་དུ་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ། གསང་བདག་ཟླ་བཟང༌། ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན། རིགས་ལྡན་འཇམ་དབྱངས་གྲགས་པ། པདྨ་དཀར་པོ། དུས་ཞབས་པ། ན་ལནྡྲ་པ། ཁ་ཆེ་ཟླ་མགོན། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་ཆོས་ཀྱི་དབང་ཕྱུག གྲུབ་ཐོབ་ནམ་མཁའ་འོད་ཟེར། མ་གཅིག་སྤྲུལ་སྐུ་
ཇོ་འབུམ། སེ་མོ་ཆེ་ནམ་མཁའ་འོད། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤང་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏེ་པཎ་ཆེན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། ཉ་དཔོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། ཞྭ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ། བྱང་པ་ལོ་ཙཱ་བ་དཀོན་མཆོག་བཟང་པོ། ལོ་ཆེན་འགྱུར་མེད་བདེ་ཆེན། རྗེ་ཨ་བ་དྷཱུ་ཏི་པ་ཆེན་པོ། སྤྱན་སྔ་ཀུན་དགའ་དོན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཆོས་རྗེ་ཀུན་དགའ་རྣམ་རྒྱལ། བྱམས་པ་ནམ་མཁའ་བསམ་འགྲུབ། ངག་དབང་ཀུན་དགའ་བློ་གྲོས། མཆོག་སྤྲུལ་ནམ་མཁའ་ལེགས་འབྱུང༌། རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྡོ་རྗེའི་སློབ་དཔོན་བསོད་ནམས་ཕུན་ཚོགས་དཔལ་བཟང་པོའི་བར་དུ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཁྱད་པར་དུའང་དཔལ་དུས་ཀྱི་འཁོར་ལོ་ཁྲོ་བོའི་དབང་པོའི་སྐུར་བསྟན་པ་རྡོ་རྗེ་ཤུགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པས་རྡོ་རྗེ་སློབ་མ་འདིའི་བདུད་དང་ལོག་འདྲེན་འགལ་རྐྱེན་ཕྱི་ནང་གི་བར་གཅོད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཛཿཧཱུྃ་བཾ་ཧོཿཧཱི། ཞེས་གཏོར་མའི་ལྷ་ཚོགས་སློབ་མའི་སྤྱི་བོར་བསྟིམ་མོ། །དེ་ལྟར་རྗེས་གནང་ཟབ་མོ་ཐོབ་པའི་དུས་སུ་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་གཏང་རག་གི་མཎྜལ་འབུལ་བ་མན་
དཀྱུས་བཞིན་ནོ། །རྗེས་མདུན་བསྐྱེད་ལ་མཆོད་བསྟོད་བཟོད་གསོལ་བྱས་ལ། གསང་གནས་ཀྱི་འཁོར་ལོའི་ཧྃ་ལ་ཁྲོ་བོ་རྣམས་གཤེགས། གཙུག་ཏོར་གྱི་ཨཾ་ལ་ཟད་པར་རྣམས་གཤེགས། དཔྲལ་བའི་ཨི་ལ་ཕྱོགས་སྐྱོང་རྣམས་གཤེགས། མགྲིན་པའི་རྀ་ལ་གཟའ་རྣམས༴ སྙིང་གའི་ཨུ་ལ་ཀླུ་རྣམས༴ ལྟེ་བའི་ལྀ་ལ་འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། ཞེས་བརྗོད་ཅིང་བསྔོ་སྨོན་ཤིས་བརྗོད་བྱ་སྟེ། རྗེས་གནང་གི་བྱ་ཐབས་བསྟན་ཟིན་ཏོ། །འདིའི་ལས་ཚོགས་ལ་ཆར་འབེབས་པ། ཐོག་སེར་སྲུང་བ། ལུས་སྲུང་གི་འཁོར་ལོ་བྱ་ཐབས་རྣམས་ལས། དང་པོ་ཆར་དབབ་པར་འདོད་ན་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་གདན་ལ་རང་ཉིད་རྡོ་རྗེ་ཤུགས་སྔར་བཤད་པ་བཞིན་བསྐྱེད་ལ་དེའི་ཞབས་གཡོན་པའི་འོག་ཏུ་ཀླུ་རྒྱལ་བ་ལྗང་གུ་དང་གཡས་པའི་འོག་ཏུ་རྣམ་རྒྱལ་སྔོན་པོ་ལྟེ་བ་ཡན་ཆད་མིའི་རྣམ་པ་སྨད་སྤྲུལ་གྱི་རྣམ་པར་འདུག་པ་སྦྲུལ་མགོའི་གདེངས་ཀ་བདུན་གྱི་ཁོར་ཡུག་ཅན། ནོར་བུ་ཆེན་པོ་འོད་འཕྲོ་བས་བརྒྱན་པ་གན་རྐྱལ་དུ་བསྒྱེལ་བ་དང༌། ཤར་ཤར་ལྷོའི་པད་འདབ་ལ་སྟོབས་རྒྱུ་དང་པདྨ་ནག་པོ། ལྷོ་ལྷོ་ནུབ་ཀྱི་པད་འདབ་ལ་ནོར་རྒྱས་དང་དུང་སྐྱོང་དམར་པོ། བྱང་བྱང་ཤར་གྱི་པད་འདབ་ལ་མཐའ་ཡས་དང་རིགས་ལྡན་དཀར་པོ། ནུབ་ནུབ་བྱང་གི་པད་འདབ་ལ་འཇོག་པོ་དང་པདྨ་ཆེན་པོ་སེར་པོ་རྣམས་ཀྱི་མཇུག་མའི་རྩེ་མོ་ཤར་ནས་བྱང་དུ་བསྐོར་བ་བཞི་རྒྱལ་བའི་སྟེང་དང༌། ལྷོ་ནས་ནུབ་ཏུ་བསྐོར་བ་བཞི་རྣམ་པར་རྒྱལ་བའི་སྟེང་དུ་ཟུགས་ཏེ་མཇུག་རྩེ་ཐམས་ཅད་ཞབས་འོག་ཏུ་བཅུག་ཅིང་བསྒྱེལ་ནས་མནན་པའོ། །པད་འདབ་ལ་གནས་པའི་ཀླུ་བརྒྱད་གདེངས་ཀ་ལྔ་དང་ལྡན་པ་གན་རྐྱལ་དུ་ཉལ་བའི་ལྟོ་བ་ནས་སྤྲིན་གྱི་ཚོགས་དཔག་ཏུ་མེད་པ་ཀུན་ཏུ་སྤྲོ་བར་བྱེད་པ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ལ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཨཱཛྙ་ཝརྵ་ནཾ་སཱ་དྷཱ་ཡ་སྭཱ་ཧཱ། ཞེས་དང༌། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་
ཀྵཿབཛྲ་བི་ག་ཧུཾ་ཧཱུྃ་ཕཊ྄། ཡུལ་ཆེ་གེ་མོར་ཀླུའི་རྒྱལ་པོ་རྣམས་ཀྱིས་ཆར་ཆེན་པོ་ཕོབ་ཅིག་སྭཱ་ཧཱ། ཞེས་བཟླ་ཞིང་ཐུན་བཞིར་བཅང་ལ་བསྙེན་པ་བྱ་སྟེ། རྒྱུད་ལས་དུར་ཁྲོད་དུ་བསྒོམ་པར་གསུངས་སོ། །རྣལ་འབྱོར་པ་དབང་པོ་རབ་ཏུ་གྱུར་ནས་ཏིང་ངེ་འཛིན་དང་སྔགས་ཀྱི་སྦྱོར་བ་དེ་ཙམ་ཁོ་ནས་ཀྱང་དོན་འགྲུབ་བོ། །གལ་ཏེ་དེས་ཀྱང་ཆར་འབེབས་དཀའ་ན་ཀླུ་མཐུ་བོ་ཆེ་གནས་པའི་སར་ཕྱིན་ལ། དུར་ཁྲོད་ཀྱིས་ལས་བྱས་པའི་སྟེགས་བུའི་ཁར་མཎྜལ་པདྨ་འདབ་བརྒྱད་བྲིས་ལ་ལྟེ་བར་ཚོམ་བུ་སྔོན་པོ་དང༌། འདབ་མ་རྣམས་སུ་ཀླུའི་ཁ་དོག་དང་མཐུན་པའི་ཚོམ་བུ་རེ་འགོད། དེའི་མཐར་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུ་དང་བཅས་པའི་གཏོར་མ། ཁྱད་པར་ཡུལ་བདག་དང༌། སྒོས་ཀྱི་ཆོས་སྐྱོང་གི་གཏོང་མ་དང༌། ཀླུ་བཤོས་ཀླུ་སྨན་སྦྱར་བའི་གཏོར་མ་སོགས་དང༌། མཆོད་པ་བཅུ་གཉིས་རྣམས་བཤམ། རང་ཉིད་ཁ་ཤར་རམ་བྱང་དུ་ཕྱོགས་པས་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་བསྒོམ། བཟླས་པའི་སྐབས་སུ་སྔགས་ཕྲེང་ལས་འོད་ཟེར་ཟླ་འོད་ལྟ་བུ་སྤྲོས། ཀླུའི་རིགས་སུ་གྱུར་པའི་སྡིག་སྒྲིབ་སྦྱངས། བདེ་དགའ་ཐོབ་ནས་ཆར་ཆེན་པོ་འབེབས་པ་དང༌། འོད་ཟེར་དེས་སེམས་ཅན་སྤྱི་དང༌། བྱེ་བྲག་ཏུ་ཐན་པའི་འབྲས་བུ་མྱོང་འགྱུར་གྱི་སེམས་ཅན་ལ་ཕོག་པས། དེ་དག་ནི་སྡིག་སྒྲིབ་ལས་ངན་རྣམས་སྦྱོང་བ་དང༌། ཡང་འོད་ཟེར་འཕྲོས་ཏེ་ཆར་འབེབས་པ་ལ་བར་དུ་གཅོད་པའི་གདོན་བགེགས་དང༌། སྤྲིན་འཐོར་བར་བྱེད་པའི་རླུང་ལྷའི་འཁོར་དུ་གཏོགས་པའི་འབྱུང་པོ་རྣམས་ཀྱི་ངན་སེམས་ཞི་ནས་མཐུན་རྐྱེན་སྒྲུབ་པའི་དམིགས་པ་བྱ། དེ་ནས་མདུན་གྱི་མཎྜལ་བསངས་ལ། རྡོ་རྗེ་ཤུགས་ཀླུ་བཅུ་དང་བཅས་པ་ལངས་སྟབས་སུ་བསྐྱེད། ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་བ་རྣམས་བྱ། སླར་ཡང་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་སྤྱན་དྲངས་ཏེ༌། དེའི་མཐར་འཁོད་པར་
བསམས་ལ། མཆོད་པ་དང་བསྟོད་པས་བསྟོད། གཏོར་མ་ཕུལ། ཁྱད་པར་རྡོ་རྗེ་ཤུགས་ཀླུའི་ཚོགས་དང་བཅས་པ་རྣམས་དང༌། ཡུལ་དེའི་ལྷ་ལ་སྒེར་གྱིས་གཏོར་མ་བསྔོས་ལ་ཕྲིན་ལས་བཅོལ། དེ་ནས་བཟླས་པ་གོང་བཞིན་ལས་ཁྲོ་བོ་བསྐུལ་བའི་སྔགས་བཟླས་པས། ཁྲོ་བོ་བཅུས་བཀའ་བསྒོས། ཟད་པར་རྣམས་ཀྱིས་འབྱུང་བའི་བཅུད་ཉམས་པ་གསོས། ཕྱོགས་སྐྱོང་བཅུས་རླུང་མནན་ཅིང་སྤྲིན་སྡུད། གཟའ་བཅུས་ཆར་འབེབས་པ་ལ་མྱུར་པའི་ལས་བྱེད་ཀླུ་བཅུས་ལྟོ་བ་ནས་སྤྲིན་ཕྱུང་འབྲུག་གི་སྐད་འབྱིན་ཅིང་ཆར་འབེབས། རབ་གཏུམ་མ་བཅུས་ཐན་པ་གཏོང་བའི་བགེགས་སྐྲོད་པ་སོགས་བྱེད་པར་བསམས་ལ། སྔགས་སྤེལ་ཚིག་ཅན་དྲག་ཏུ་བཟླ་བར་བྱའོ། །ཚུལ་དེ་ལྟ་བུས་ཆར་མ་བབས་ན་རང་དང་མདུན་བསྐྱེད་ཐ་མི་དད་དུ་བྱས་ཏེ། རྡོ་རྗེ་ཤུགས་སྐུ་ཤིན་ཏུ་ཆེ་བ་རི་རབ་ཙམ་གྱི་ཞབས་འོག་ཏུ་ཀླུའི་གཙོ་བོ་གཉིས་མནན། གཞན་རྣམས་པད་འདབ་ལ་བསྒྱེལ་ནས་མཇུག་མ་ཞབས་འོག་ཏུ་མནན་ལ། ཀླུ་དེ་རྣམས་ལ་དགུག་གཞུག་བྱས་ཏེ་བསྟིམ། གཙོ་བོའི་ཞལ་དང་ཕྱག་མཚན་རྣམས་ལས་མེའི་ཚྭ་ཚྭ་འཕྲོས། ཀླུ་རྣམས་ལ་ཕོག་པས་གཟིར་ཞིང་བཀའ་བསྒོ་བའི་ཚུལ་དུ་སྔགས་དྲག་ཏུ་བཟླས་པས་གདོན་མི་ཟ་བར་ཆར་འབེབས་སོ། །མདུན་བསྐྱེད་གཤེགས་སུ་གསོལ་བ་དང་ཀླུ་བཏང་བ་ཁོ་ནས་ཆར་ཆད་པར་གསུངས་ཏེ། དེའི་ཕྱིར་ཐུན་མཐར་ཡང་མདུན་གྱི་རྡོ་རྗེ་ཤུགས་ལ་བརྟན་བཞུགས་དང་ཀླུ་འཆིང་བའི་ཕྲིན་ལས་བཅོལ། རང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལངས་ལ་སྤྱོད་ལམ་ལ་འཇུག་གོ །སྤྱིར་ཆར་འབེབས་པའི་ལས་གང་ལ་ཡང་གཟའ་རྣམས་ས་ཆུའི་ཁམས་ལ་སྤྱོད་པ་ཤས་ཆེ་ན་འབེབས་སླ། མེ་རླུང་སོགས་སུ་ཞུགས་ན་ཕེབས་དཀའ་ཞིང༌། ཕེབས་ཀྱང་
སེར་བ་སོགས་སུ་འགྲོ་བས་གཟའ་སྐར་ལ་བལྟ་བ་གལ་ཆེ་ཞིང༌། རྒྱུད་འདི་ཉིད་ལས་ཀླུ་དང་རབ་གཏུམ་མ་རྣམས་ལུས་བསམ་གྱི་ཚུལ་དུ་གསུངས་པས། འབྱུང་པོ་བཅུ་ལས་ལ་བསྐུལ་བ་ཤིན་ཏུ་གཅེས་སོ། །གཉིས་པ་ཐོག་དང་སེར་བ་སྲུང་བ་ལ་ཏིང་ངེ་འཛིན་སྒོམ་པའི་སྒོ་ནས་སྲུང་ན་སྲུང་འཁོར་རྒྱས་པར་བསྒོམས་ཏེ། དེ་ཙམ་མ་ལྕོགས་ནའང་རང་ཉིད་རྡོ་རྗེ་ཤུགས་སུ་བསྒོམས་ནས་སྔགས་བཟླས་པ་ཙམ་གྱིས་ཐོག་བསྲུང་བར་ནུས་ལ། ཡང་ནམ་མཁའ་ལ་མཛུབ་མོས་ཐོག་རིས་ཟུར་ལྔ་གླིང་དྲུག་སྔགས་དང་བཅས་པ་དཔེའུ་ཆུང་ལྟར་འབྲི་བའི་ཚུལ་བྱས་ལ། རང་གི་མགོ་ཐོག་མདེའུ་ཟུར་ལྔ་གླིང་དྲུག་མེ་རབ་ཏུ་འབར་བ་སྔགས་དང་བཅས་པ་བསྒོམ། ཨོཾ་ཏ་ཀྵ་ཏ་བྃ། ཞེས་བདུན་ཙམ་བཟླས་པས་ཐོག་བསྲུང་བར་འགྱུར་རོ། །གཞན་ལ་སྲུང་བ་སྟེར་ནའང་ཤོག་བུར་བྲིས་ཏེ་དྲི་བཟང་དང་བདུད་རྩི་རིལ་བུ་བྱུགས་ལ་རྡོ་རྗེ་ཤུགས་ཀྱི་སྔགས་བཟླ་ཞིང་རབ་གནས་བགྱིས་ཏེ་དྲིལ་ལ་བཅངས་པས་ཐོག་ཐུབ་བོ། །སེར་བ་སྲུང་ན་རང་ཉིད་རྡོ་རྗེ་ཤུགས་སུ་གསལ་བའི་ལྟེ་བར་ལི་ལས་འབྱུང་པོ་བཅུ་དཔག་ཏུ་མེད་པ་སྤྲོས་ཏེ་སེར་བ་ཕྱོགས་གཞན་དུ་བསྐྲད་པར་བསམས་ལ་སྔགས་བཟླ། ཕུས་འདེབས། དེ་བཞིན་དུ་སྙིང་གར་ཨུ་ལས་ཀླུ་དང༌། མགྲིན་པར་རྀ་ལས་གཟའ་དང༌། དཔྲལ་པར་ཨི་ལས་ཕྱོགས་སྐྱོང་རྣམས་སྤྲོས་ནས་བསྲུང་ངོ༌། །དེ་ལས་གཞན་པའི་ཐོག་དང་སེར་བ་སྲུང་ཚུལ་མང་དུ་ཡོད་མོད་ཀྱི་འདིར་མ་བཀོད་དོ། །གསུམ་པ་ལུས་སྲུང་གི་འཁོར་ལོ་བསྟེན་ཚུལ་ནི། རས་སམ་དར་ལ་འབྲི་བའམ། མ་འབྱོར་ན་ཤོག་བུ་ལ་བྲིས་ཀྱང་རུང་འཁོར་ལོ་དཔེའུ་ཆུང་ལྟར་མུ་ཁྱུད་བཅུ་གཅིག་གིས་བསྐོར་བའི་ཕྱི་
མ་ལ་རྡོ་རྭ་མེ་རི་བྲི། དེའི་ནང་མ་ལ་རྟེན་འབྲེལ«༡»་སྙིང་པོ་གཡས་སྐོར་དུ་འབྲི། དེའི་ནང་མ་ལ་གས«༢»ལ་བྱེད་དང༌། དེའི་ནང་མ་ལ་དབྱ«༤»ངས་དང༌། དེའི་ནང་གི་མུ་ཁྱུད་བཞིན་རླུང་མེ་ཆུ་སའི་དཀྱིལ་འཁོར་གྱི་རྣམ་པར་རིམ་པ་བཞིན་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོ་བཞིས་བསྐོར་བ། དེའི་ནང་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་ནག་པོ་སུམ་བརྩེགས་ཀྱི་ལྟེ་བར་ཚེག་དྲག་ཅན་གྱི་ཧྃཿཡིག་བཀོད། རྟེན་འབྲེལ་སྙིང་པོའི་མཇུག་ཏུ། འཆང་བ་ལ་སྟེང་གདོན་གཟའ་སྐར་དུས་སྦྱོར་སྒྲ་གཅན་གྱི་གནོད་པ། བར་གདོན་རྒྱལ་བཙན་གྲི་བོ་སོགས་སྡེ་བརྒྱད་འབྱུང་པོའི་གནོད་པ། འོག་གདོན་ས་བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ་བྲི། རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱིས་སྲུང་མ་དྲུག་ཅུར་གཏོར་མ་བྱིན་ཏེ་བཀའ་བསྒོས་ལ་འཁོར་ལོ་རྡོ་རྗེ་ཤུགས་སུ་བསྐྱེད་ནས་འོད་ཞུ་བྱ། སྔགས་བཟླ་ཞིང་རབ་གནས་བྱས་ཏེ་སྲད་བུ་ལྔས་དཀྲིས། དར་དམར་སོགས་ལྐོག་དམར་པོ་བཏབ་ལ་མགུལ་དུ་བཏགས་པས་སྟེང་འོག་བར་གསུམ་གྱི་གནོད་པ་ཐམས་ཅད་ལ་ཤིན་ཏུ་ཕན་ནོ། །སྤྱིར་སྲུང་མ་དྲུག་ཅུའི་ལྷ་རེ་རེའི་སྒོ་ནས་ཀྱང་ལས་སྣ་ཚོགས་བསྒྲུབ་ཏུ་ཡོད་པ་རྣམས་འགྲེལ་ཆེན་ལས་སྒྲོལ་མའི་སྔགས་ལ་དཔེར་བརྗོད་མཛད་པ་ལྟ་བུས་རྟོགས་པར་ནུས་མོད། འདིར་ཐུན་མོང་བ་གྲགས་ཚོད་ལྟར་སྒོ་ཙམ་ཞིག་སྨོས་སོ། །དེ་ལྟར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །གང་གི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་བཅས། །དམ་པས་བསྐུལ་ཕྱིར་བློ་གསལ་རི་ཁྲོད་པས། །རྒྱུད་འགྲེལ་བླ་མའི་གསུང་བཞིན་ཡི་གེར་བཀོད། །དེ་ཡི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །བདུད་དང་བགེགས་རིགས་གནོད་པ་ལས་གྲོལ་ཏེ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོ་ཡི། །ལམ་བཟང་རྡོ་རྗེའི་རྣལ་འབྱོར་འགྲུབ་གྱུར་ཅིག །ཅེས་པའི་འདི་ཡང་རྗེ་བཙུན་མཆོག་གི་སྤྲུལ་བའི་སྐུ་འཇམ་པའི་དབྱངས་མཁྱེན་
བརྩེའི་དབང་པོའི་བཀས་བསྐུལ་བ་ལ་བརྟེན་བཙུན་པ་བློ་གསལ་བསྟན་སྐྱོང་གིས། སྒྲུབ་ཐབས་རྗེས་གནང་གི་ཕྱག་ལེན་ཇོ་ཞལ་གཉིས་ལས་བརྒྱུད་པའི་ཡིག་རྙིང་དང༌། སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱི་ཡི་གེ་སོགས་ལས་དོན་གྱི་ལེགས་ཆ་བླངས་ཤིང༌། རྒྱུད་འགྲེལ་དང་མན་ངག་གིས་ཞུས་དག་པར་བྱས་ཏེ། ཐུན་མོང་གི་ལོ་རྒྱལ་གྱི་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པ་ལ་གདན་ས་ཆེན་པོ་ཞྭ་ལུ་རི་ཕུག་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་བྲིས་པའོ། །འདིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག། །།
ཤོག་སྟོང་།
དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། སྣ་ཚོགས་ཡུམ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། སྣ་ཚོགས་ཡུམ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ལག་པ་དག་ནི་རབ་འཕྱང་རྐང་པའི་པདྨ་མཉམ་པ་དག་དང་སྲོག་གི་རླུང་ནི་འགོག་བྱ་སྟེ། །ཇི་སྲིད་ལུས་ནི་ས་ལ་རབ་ཏུ་ལྷུང་བར་མ་གྱུར་པ་དང་ཚ་བ་དག་ནི་གྲོལ་བ་ཡང༌། །ཡང་དང་ཡང་དུ་ཏིང་ངེ་འཛིན་ལའོ་འཆི་བའི་འཇིགས་པར་བྱེད་པའི་ཚེར་མ་ཅན་ནི་ངེས་འཇོམས་ཏེ། །སྙིང་གའི་པདྨར་ཟླ་བའི་གཟུགས་ཅན་དྲི་མེད་རི་བོང་ཅན་མཚུངས་སྣ་ཚོགས་ཡུམ་ནི་བསྒོམས་པས་སོ། «༡༢༢ »།སྲན་ཆུང་བཏགས་ནས་འཐུངས་པས་ཚ་བས་རྣམ་པར་བསྣུན་པའི་མི་རྣམས་ཀྱི་ནི་ཚེར་མ་འཇོམས་པར་བྱེད། །ཚ་བའི་མཐར་ནི་ཐོད་པ་བརྡར་བ་མི་བསྐྱོད་བསྲེས་པ་ཡིས་ཀྱང་འཇིགས་པར་བྱེད་པ་འཕྲོག་པ་སྟེ། །སྔགས་ཀྱང་ཆུ་མེ་རླུང་རྣམས་དག་གི་སྔོན་དུ་ཨོཾ་ཡིག་དང་ནི་བཛྲ་སྔ་མ་དག་«་་་་་དཔེ་གཅིག་ལ། སྔོན་མ་ཅན་གྱི་ཞེས་པའང་གདའ། »གི་མིང༌། །དེ་ཉིད་ཀྱིས་ནི་བསྲུང་བར་བྱ་སྟེ་མགོ་མགྲིན་སྙིང་ག་ལྟེ་བ་གསང་བ་ལ་སོགས་རྣམས་སུའོ། «༡༢༣» །ཞེས་བྱ་བ་ནི་བསྡུས་པའི་རྒྱུད་ཀྱི་ནང་གི་ལེའུ་ལས་སོ། །ད་ནི་ལག་པ་ཞེས་པ་ལ་སོགས་པས་རྡོ་རྗེའི་ཚེར་མ་«་་་་་འབྲུམ་བུ་»ཉེ་བར་ཞི་བར་བྱེད་པ་གསུངས་ཏེ། འདིར་གང་གི་ཚེ་སྡིག་པའི་ནད་«་་་་་འབྲུམ་ཆེན་་་་་་»ཀྱི་ཉེ་བར་འཚེ་བ་བྱུང་ན་དེའི་ཚེ་དང་པོར་ཚ་བ་
སྐྱེ་བར་འགྱུར་ཞིང་ལག་པ་དང་རྐང་པའི་ཚིགས་རྣམས་གདུང་བར་འགྱུར་ཏེ། མགོ་བོའང་གདུང་བར་འགྱུར་རོ། །མཚན་ཉིད་འདི་ཤེས་ནས་ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །དེ་ལ་འདི་ནི་ཆོ་ག་སྟེ་བུག་པ་མེད་པའི་ཁྱིམ་དུ་ཚ་བ་སྐྱེས་པ་རབ་ཏུ་ཞུགས་ནས་ལག་པ་གཉིས་པོ་དག་ནི་བརླའི་མཐར་ཐུག་པར་རབ་ཏུ་འཕྱང་བར་བྱ་ཞིང་རྐང་པའི་པདྨ་མཉམ་པ་དག་བྱས་ཏེ། སྲོག་གི་རླུང་ནི་འགོག་པ་བུམ་པ་ཅན་བྱའོ། །ཇི་སྲིད་ལུས་ནི་ས་ལ་རབ་ཏུ་ལྷུང་«་་་་་སྟེ་འགྱེལ་»བར་མ་གྱུར་པ་དེ་སྲིད་དུ་སྟེ། ཚ་བའི་ནད་ཀྱི་ས་ལ་རབ་ཏུ་ལྷུང་བར་འགྱུར་རོ། །དེས་ན་མ་ལྷུང་བའི་བར་དུ་ཡང་དང་ཡང་དུ་སྲོག་རྩོལ་བྱའོ་ཞེས་པ་ནི་ངེས་པའོ། །ཇི་སྲིད་ཚ་བ་དག་ནི་གྲོལ་བར་ཡང་མ་གྱུར་པ་དེ་སྲིད་དུ་བྱ་སྟེ། ཚ་བ་གྲོལ་བར་གྱུར་ན་མི་བྱའོ་ཞེས་པ་ནི་ངེས་པའོ། །ཡང་དང་ཡང་དུ་ཏིང་ངེ་འཛིན་ལ་གནས་པས་འཆི་བའི་འཇིགས་པར་བྱེད་པའི་ཚེར་མ་ཅན་ནི་ངེས་པར་འཇོམས་ཏེ། སྙིང་གའི་པདྨར་ཟླ་བའི་གཟུགས་ཅན་དྲི་མེད་རི་བོང་ཅན་མཚུངས་སྣ་ཚོགས་ཡུམ་ནི་བསྒོམས་པས་སོ། །ཞེས་པ་ནི་སྲོག་རྩོལ་གྱི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་«་་་་་སྐྱིལ་ཀྲུང་»གིས། །པདྨའི་གདན་ལ་
བཞུགས་པ་ཞལ་གཅིག་པ་ཕྱག་གཉིས་པ་སྟེ་པདྨ་དང་མཆོག་སྦྱིན་གྱི་ཕྱག་གོ་ཞེས་པ་ནི་སྡིག་པའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་སྡིག་པའི་ནད་ཉེ་བར་ཞི་བའི་དོན་དུ་སྨན་གསུངས་ཏེ། འདིར་གང་གི་ཚེ་སྡིག་པའི་ནད་ཀྱི་མཚན་མ་ཚ་བ་སྐྱེས་པ་དང་རྐང་པའི་ཚིགས་རྣམས་གདུང་བར་གྱུར་ན། དེའི་ཚེ་སྲན་ཆུང་«་་་་་ཕྱེ་མར། »བཏགས་ནས་ཆུ་གྲང་མོ་«་་་་་དང་སྦྱར་བ་་་་་་»ཡིས་ཚ་བས་རྣམ་པར་བསྣུན་པའི་མི་རྣམས་ལ་བྱིན་ན་ཚེར་མ་འཇོམས་པར་བྱེད་དོ། །དེ་བཞིན་དུ་ཚ་བའི་མཐར་ནི་ཞེས་པ་ཉིན་ཞག་གསུམ་པ་ལ་ཚེར་མ་འཐོན་པའི་དུས་སུ་སྡིག་པའི་ནད་ཀྱིས་ཤི་བའི་ཐོད་པ་སྟེ་མ་རྙེད་ན་ཇི་ལྟར་རྙེད་པ་བདར་ནས་མི་བསྐྱོད་བསྲེས་པའི་སྐྱེས་པའི་ཐོད་པ་«་་་་་བདར་བ་»སྐྱེས་པ་དང༌། བུད་མེད་ཀྱི་ཐོད་པ་བུད་མེད་ཀྱིས་འཐུངས་ཤིང༌། མ་རྙེད་ན་ཇི་ལྟར་རྙེད་པ་འཐུངས་པས་འཇིགས་པར་བྱེད་པའི་ཚེར་མ་ཅན་འཕྲོག་སྟེ། ཚ་བའི་མཐར་ཐོད་པ་ཇི་ལྟར་རྙེད་པས་སོ་ཞེས་པ་ནི་ངེས་པའོ། །འདིར་སྲན་ཆུང་ལ་སོགས་པ་ལ་མངོན་པར་བསྔགས་པའི་སླད་དུ་སྔགས་སུ་འགྱུར་རོ། །དེ་ཡང་དང་པོར་ཨོཾ་ཡིག་སྟེ། སྔགས་ཀྱང་ཆུ་མེ་རླུང་རྣམས་དག་གི་སྔོན་དུ་ཨོཾ་ཡིག་ཅེས་པས་ཐོག་མར་ཨོཾ་གྱི་ཡི་གེ་ཆུ་ཞེས་པ་ནི་པ་སྡེའི་ཡི་གེ་གཉིས་པ་ཆུའི་ཁམས་ཏེ་ཕའོ། །མེ་ཞེས་པ་འོག་ཏུ་རའོ། །སྟེང་དུ་ཨེ་ཡིག་སྟེ། ཆུ་མེ་རླུང་འདི་དག་རྣམས་གཅིག་པ་ཉིད་ནི་ཕྲེཾ་རྗེས་སུ་ང་རོ་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །བཛྲ་སྔ་མ་ཀཎྜ་ཀ་རྣམས་ཀྱི་མིང་ངོ༌། །དེ་ཉིད་ཀྱིས་ནི་བསྲུང་བར་བྱ་སྟེ། སྲན་ཆུང་ལ་སོགས་པ་ལ་ལན་བདུན་མངོན་པར་བསྔགས་པ་ཇི་ལྟ་བ་དེ་བཞིན་ཉིད་དུ་དེ་ཉིད་ཀྱིས་བསྲུང་བ་སྟེ། མགོ་མགྲིན་སྙིང་ག་ལྟེ་བ་གསང་བ་དང་སོགས་པའི་སྒྲས་གཙུག་ཏོར་ཏེ། གནས་དྲུག་པོ་«་་་་་སྔགས་ཆུས་བྱུག་»འདི་རྣམས་སུ་ཐུན་གསུམ་དུ་བསྲུང་བར་བྱའོ་ཞེས་པ་ནི་ངེས་པའོ། །འདིར་སྔགས་ནི། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ བཛྲ་ཀཱཎྜ་ཀཱ་ན་ནཱ་ཤ་ཡ་ནཱ་ཤ་ཡ། མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་
སྭཱ་ཧཱ། གཞན་སྲུང་བའི་དོན་དུ་ལྷ་སྦྱིན་གྱི་«་་་་་སྟེ་གང་བསྲུང་བ་དེའི་མིང་གཞུག་»ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་པ་ནི་ངེས་པའོ། །འདི་ནི་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་སྟེ་«་་་་་ནད་ཡམས་ལ་སོགས་པ། »ཉེ་བར་འཚེ་བ་ཐམས་ཅད་ལས་བདག་དང་གཞན་བསྲུང་བ་ལ་དྲན་པར་བྱའོ། །ཞེས་པའི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སྔགས་འདིས་ལན་བདུན་མངོན་པར་བསྔགས་པའི་སྲན་ཆུང་ཆུ་གྲང་མོས་བཏགས་པ་བཏུང་བར་སྦྱིན་ཞིང༌། ཚ་བས་ཤི་བའི་ཐོད་པ་མི་བསྐྱོད་པས་བཏགས་པ་སྦྱིན་ནོ། །འབྱུང་པོས་ཟིན་པ་ལ་ཚ་བ་གསུམ་དང་བཅས་པ་མི་བསྐྱོད་པས་བཏགས་ནས་སྦྱིན་ཏེ་སྡིག་པའི་ནད་ཉེ་བར་ཞི་བའི་ངེས་པའོ། །ཞེས་བྱ་བ་ནི་འགྲེལ་ཆེན་ལས་«་་་་་བུ་སྟོན་རིན་པོ་ཆེའི་གསུང་མཆོད་བཅས། »སོ།། ༈ །སྣ་ཚོགས་ཡུམ་གྱི་འབྲུམ་སྲུང་བཞུགས་སོ། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཡུམ་བསྒོམ་པར་འདོད་པའི་རྣལ་འབྱོར་པས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་བདུན་ལ་སོགས་པ་ཅི་རིགས་པར་བྱས་པའི་རྗེས་སུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་དང་ལྡན་ན་དགའ། ཆགས་ལྡང་མེད་པའི་ངང་དུ་བཏང་སྙོམས་པར་གྱུར་ཅིག ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོ་དེའི་དབུས་སུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་ཉིད་ཕྲེཾ་དང་གྲི་གུག་ལས་སྐྱེས་པའི་སྣ་ཚོགས་ཡུམ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་པའི་ཕྱག་རྒྱས་པདྨ་
དཀར་པོ་བསྣམས་པ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་དཀར་པོའི་རྩ་བ་ཐུགས་ཀར་བསྣམས་པ། སྙན་གྱི་ཐད་སོར་ཁ་ཕྱེ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཛཿཧཱུྃ་བཾ་ཧོཿཧཱིས་རང་འདྲའི་ཡེ་ཤེས་པ་དགུག་གཞུག་བཅིང་མཉེས་རོ་མཉམ་པར་བྱས། ཨོཾ་ཨཱཿཧཱུྃ་ཧོཿས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསྒོམས་པའི་ཐུགས་ཀར་ཕྲེཾ། དེའི་མཐའ་མ་ནས་ཕར། ཨོཾ་ཕྲེཾ་བི་«་་་་་སྣ་ཚོགས་ཡུམ། »ཤྭ་མཱ་ཏཿ བཛྲ་«་་་་་རྡོ་རྗེ་ཚེར་མ་རྣམས་»ཀཱཎྜ་ཀཱན་ནཱ་«་་་་་གཞོམ་དུ་གསོལ། »ཤ་ཡ་ནཱ་«་་་་་གཞོམ་དུ་གསོལ། »ཤ་ཡ། མ་«་་་་་བདག་གི་»མ་ཤཱནྟིཾ་«་་་་་ཞི་བར་»ཀུ་རུ་«་་་་་མཛོད་མཛོད།» ཀུ་རུ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་དམིགས་པ་གཏད་དེ། སྟོང་རྩའམ་བརྒྱ་རྩའམ་ཉི་ཤུ་རྩ་གཅིག་ལ་སོགས་པར་བཟླས་པའི་བར་སྨྲ་བཅད་བྱ། མཐར་རླུང་བུམ་པ་ཅན་བདུན་བསྒོམ། དེ་ནས་སྔགས་བགྲངས་པའི་མཆིལ་མ་ལག་པ་ལ་བསྐུས་ཏེ་ཁ་དང་སྤྱི་བོ་ལ་སོགས་པའི་ལུས་ཀྱི་སྒོ་དགུ་ལ་ནན་ཆེར་བྱུག«་་་་་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་གཙུག་ཏོར་ཏེ་གནས་དྲུག་ཏུ་ཡང་སྔགས་ཆུས་བྱུག་གོ། »ཡང་མཆིལ་མ་དེ་ལུས་རིལ་པོ་ལ་ཡང་བྱུགས་ལ་ནད་དང་རིམས་ཐམས་ཅད་ཀྱིས་མི་ཚུགས་པར་བསྒོམས་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ནད་དང་རིམས་དང་ཁྱད་པར་དུ་རྡོ་རྗེའི་ཚེར་མ་«་་་་་འབྲུམ་བུ་»ལ་སོགས་པས་མི་ཚུགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་ལ། བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་དགེ་བ་བསྔོ། སྣ་ཚོགས་ཡུམ་བདག་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསྒོམ། དེ་རྣམས་ནངས་པར་སྔ་བར་ལངས་ཏེ་མི་གཞན་དང་སྐད་མ་འདྲེས་པའི་གོང་དུ། སྐྱབས་འགྲོ་སེམས་བསྐྱེད་ནས་སྣ་ཚོགས་ཡུམ་ལུས་ལ་ཐིམ་པའི་བར་སྔ་དྲོའི་དུས་སུ་མ་ཆག་པར་བྱས་ན། རྡོ་རྗེའི་
ཚེར་མས་མི་ཚུགས་ཤིང༌། རིམས་གཞན་གྱིས་ཀྱང་མི་ཚུགས་སོ། །གལ་ཏེ་བྱུང་ནའང་ནད་དེས་མི་འཆི་བར་ཉམས་སུ་མྱོང་བ་ཡིན་ནོ། །རྗེ་བཙུན་མ་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་བུ་སྟོན་གྱིས་བཀོད་པའོ། །ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག། ༈ །སྣ་ཚོགས་ཡུམ་གྱི་སྒོམ་བཟླས་སྲུང་བ་དང་བཅས་པ་བཞུགས་སོ། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། སྣ་ཚོགས་ཡུམ་གྱི་སྒོམ་བཟླས་ཀྱི་སྒོ་ནས་འབྲུམ་ནད་དང༌། ཡམས་ཀྱི་ནད་ཞི་བར་འདོད་པས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་བྱས་ཏེ། སྐད་ཅིག་ཙམ་གྱིས་རང་གི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དང༌། དེ་དག་གི་སྟེང་དུ་སྣ་ཚོགས་ཡུམ་སྐུ་མདོག་དཀར་མོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ་སྟེ་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པ་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྣམས་པ་གསལ་བར་བསྒོམས་ལ། ཨོཾ་ཕྲེཾ་བི་«་་་་་ཀྱེ་སྣ་ཚོགས་ཡུམ། »ཤྭ་མཱ་ཏཿ བཛྲ་ཀཱཎྜ་«་་་་་རྡོ་རྗེའི་ཚེར་མ་རྣམས། »ཀཱ་ན་ནཱ་«་་་་་ཉམས་པར་མཛོད། »ཤ་ཡ་ནཱ་«་་་་་ཉམས་པར་མཛོད། »ཤ་ཡ། མ་མ་«་་་་་བདག་གི་ཞི་བར་མཛོད་མཛོད། »ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་མིའི་ཚིག་གིས་བར་མ་ཆོད་པར་བརྒྱ་རྩ་བརྒྱད་བཟླས་ལ། མཆིལ་མ་ཁོང་དུ་མིད་ཅིང་སྤྱི་བོའི་གཙུག་དང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བ་སྟེ་གནས་དྲུག་ཏུ་སྔགས་ལན་བདུན་བཟླས་པའི་ཆུས། སྔ་དྲོ་དང༌། གུང་དང༌། དགོང་མོ་སྟེ་ཐུན་གསུམ་དུ་བྱུག་ཅིང༌། སྲུང་བ་ཇི་ལྟར་ནུས་པར་བསྒོམ། བཟླས་པ་ལ་བརྩོན་པར་བྱས་ན། འབྲུམ་ནག་གི་ནད་དང་ཡམས་ནད་དང༌། ཉེ་བར་འཚེ་བ་ལ་སོགས་པ་སྲུང་བར་འགྱུར་རོ།«་་་་་འདིའི་བདག་བསྐྱེད་སྙིང་གར་བསྐྱེད་པར་བཤད་ཀྱང༌། རང་ཉིད་བསྐྱེད་པས་ཆོག དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་ཅན། ཞི་ཞིང་སྒེག་པ། འཛུམ་དང་ལྡན་པར་བསྒོམ། མདུན་བསྐྱེད་མཆོད་པ་ནས། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿབཛྲ་ཨརྒྷཾ་ལ་སོགས་པས་མཆོད། སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ། །
སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་མཛད། །སྣ་ཚོགས་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རྗེས་གནང་གི་ཆིངས་སྒྲུབ་ཐབས་བརྒྱ་རྩ་བཞིན་ནོ། »གཞན་སྲུང་བར་འདོད་ན་ནི། མ་མ་ཞེས་པའི་གནས་སུ་བསྒྲུབ་བྱའི་མིང་གཞུག་པར་བྱ་སྟེ་འདི་ཁྱད་པར་རོ། །སྔོན་དུ་ཡམས་འོག་ཏུ་ཆུག་པས་འབྲུམ་ནག་བྱུང་སྲིད་ན། ཉེ་བར་ཞི་བའི་དོན་དུ་སྨན་གསུངས་ཏེ། སྡིག་པའི་ནད་ཀྱི་མཚན་མར་ཚ་བ་སྐྱེས་པ་དང༌། ལག་པ་དང༌། རྐང་པ་དང༌། སྐེད་པའི་ཚིགས་རྣམས་གདུང་བར་འགྱུར་ཞིང༌། མགོ་བོའམ་ན་བར་འགྱུར་ན། དེའི་ཚེ་སྲན་ཆུང་ཕྱེ་མར་བཏགས་པ་ཐུར་མགོ་གང་ཙམ་ཆུ་གྲངས་མོ་ལ་སྦྱར་ནས། གོང་གི་སྔགས་བདུན་བཟླས་ཏེ། སྐྱ་ནད་ལས་མ་གྲོལ་གྱི་བར་དུ་ཉིན་རེ་བཞིན་སྦྱིན་པར་བྱའོ། །དེ་ནས་ཞག་གསུམ་མམ་ལྔའི་མཐར། འབྲུམ་པ་ཕྱེད་ཙམ་ཐོན་པའི་དུས་སུ། རང་གི་དྲི་ཆུ་ལ་འབྲུམ་ནག་གིས་ཤི་བའི་ཐོད་པ་བདར་བ་སྐྱེས་པ་ལ་བུད་མེད་ཀྱི་འཐུངས་ཤིང༌། མ་རྙེད་ན་ཇི་ལྟར་རྙེད་པ་ལ་གོང་གི་སྔགས་ལན་བདུན་གྱིས་བསྔགས་པ་འཐུངས་པས་འབྲུམ་པའི་ནད་བདེ་བར་འགྱུར་ཏེ། འདི་ནི་འཕུལ་སྨན་ཞེས་གྲགས་པ་དེ་ཉིད་ཡིན་ནོ། །འབྱུང་པོས་ཟིན་པ་ལ་ནི་པི་པི་ལིང༌། ན་ལེ་ཤམ། སྒ་སྐྱ་གསུམ་མཉམ་དུ་བཏགས་ནས་དྲི་ཆུ་ལ་སྦྱར་བ་བྱིན་ན་ཞི་བར་འགྱུར་རོ། །ཞེས་པ་འདི་ནི་དུས་འཁོར་རྒྱུད་འགྲེལ་ལས་གསུངས་པས་ཐེ་ཚོམ་མི་བྱའོ། །རྒྱུད་འགྲེལ་ལས་བཙུན་པ་ཆོས་«་་་་་རྭ་སྟོན་པ་»གྲགས་དཔལ་བཟང་པོས་ཕྱུང་ནས་གོ་སླ་བར་བསྡེབས་པའོ།། ༈ །དུས་ཀྱི་འཁོར་ལོའི་ལྷ་གསུམ་གྱི་ནང་ནས་སྣ་ཚོགས་ཡུམ་དཀར་མོའི་སྒྲུབ་སྐོར་རྗེས་གནང་དང་བཅས་པ་ཕན་བདེའི་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། འདིར་དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལྷ་གསུམ་གྱི་ནང་ནས་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་དཀར་མོ་བསྒོམ་པར་འདོད་པའི་རྣལ་འབྱོར་པས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། བདག་དང་འགྲོ་བ་ནམ་མཁའ་དང་
མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ལ་སོགས་པའི་ཅི་རིགས་པ་བྱས་པའི་རྗེས་སུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་མཐའ་དང་བྲལ་བའི་ཆགས་སྡང་མེད་པའི་ངང་དུ་སེམས་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོ། དེའི་དབུས་སུ་པྃ་ལ་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་ཕྲེཾ་དང་གྲི་གུག་ལས་སྐྱེས་པའི་སྣ་ཚོགས་ཡུམ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་པདྨ་དཀར་པོ་བསྣམས་པ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་དཀར་པོའི་རྩ་བ་ཐུགས་ཀར་བསྣམས་པ་སྙན་གྱི་ཐད་སོར་ཁ་ཕྱེ་བ། རིན་པོ་ཆེའི་རྒྱན་དང་དར་དཀར་པོའི་ན་བཟས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་འོད་ཟེར་འཕྲོ་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ ཛཿཧཱུྃ་བཾ་ཧོཿཧཱི། དམ་ཚིག་པ་ལ་ཡེ་ཤེས་པ་རོ་མཉམ། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས་འོད་«་་་་་རིགས་བདག་འོད་དཔག་མེད་དམར་པོ་འགོད་པ་རྒྱུད་དོན་ནོ།» དཔག་མེད་ཀྱིས་དབུར་བརྒྱན། ཐུགས་ཀར་ཕྲེཾ། དེའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་སྤྱི་དང་ཁྱད་པར་རྡོ་རྗེའི་ཚེར
་མ་ལ་སོགས་པའི་རིམས་ཐམས་ཅད་ཞི་བར་བྱས། ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་གྱུར། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ བཛྲ་ཀཱཎྜ་ཀཱ་ན་ནཱ་ཤ་ཡ་ནཱ་ཤ་ཡ། མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླས་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ནད་དང་རིམས་དང་ཁྱད་པར་རྡོ་རྗེའི་ཚེར་མ་ལ་སོགས་པས་མི་ཚུགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་དགེ་བ་བསྔོས་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པར་བྱའོ། །བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་དཀར་མོའི་སྒོ་ནས་འབྲུམ་བུའི་ནད་སྲུང་བ་དང་གསོ་བ་གཉིས་ལས། དང་པོ་སྲུང་བ་ནི་ཐོ་རངས་སྔ་བར་ལངས་ཏེ་མི་གཞན་དང་སྐད་མ་འདྲེས་པའི་གོང་དུ་སྐྱབས་འགྲོ་ནས་བཟླས་པའི་བར་སྔར་བསྟན་པ་བཞིན་ཉམས་སུ་བླངས་ལ་སྔགས་སྟོང་རྩའམ། བརྒྱ་རྩའམ། ཉི་ཤུ་རྩ་གཅིག་ཉུང་མཐར་བྱས་པ་མི་ཚིག་གིས་བར་མ་ཆོད་པར་བྱས་ཏེ་བཟླ། མཐར་རླུང་བུམ་པ་ཅན་བདུན་བསྒོམ། དེ་ནས་སྔགས་བགྲངས་པའི་མཆིལ་མ་ལག་པ་ལ་བསྐུས་ཏེ་ཁ་དང་སྤྱི་བོ། སྣ་གཉིས། རྣ་བར་གཉིས། ལྟེ་བ། གསང་གནས་ཀྱི་བུ་ག་འོག་སྒོ་སྟེ་ལུས་ཀྱི་སྒོ་དགུ་དང༌། ཡང་དཔྲལ་བ། མགྲིན་པ། སྙིང་ག ལྟེ་བ། གསང་གནས། གཙུག་ཏོར་ཏེ་གནས་དྲུག་ཏུ་སྔགས་ཆུས་བྱུག ཡང་སྔགས་བགྲངས་པའི་མཆིལ་མ་དང་རང་གི་དྲི་ཆུ་བསྲེས་ཏེ་ལུས་རིལ་པོ་ལའང་བྱུགས་ལ་ནད་དང་རིམས་ཐམས་ཅད་ཀྱིས་མི་ཚུགས་པར་བསྒོམ། དགེ་བ་བསྔོས་ལ་སྣ་ཚོགས་ཡུམ་བདག་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རིམ་པ་དེ་སྔ་དྲོའི་དུས་སུ་མ་ཆག་པར་བྱས་ན་འབྲུམ་བུའི་ནད་དང་རིམས་ཐམས་ཅད་ཀྱིས་མི་ཚུགས་
སོ། །གལ་ཏེ་ལས་དབང་གིས་རིམས་ནད་བྱུང་ནའང་ནད་དེས་མི་འཆི་བར་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལྟ་བུ་ཉམས་སུ་ལེན་མི་ནུས་པ་གཞན་སྲུང་ན་མ་ནུ་ཁྲག་ཅན་གྱི་ནང་ཁྲག་ལ་སྔགས་སྟོང་རྩ་བཟླས་ཏེ། བསྒྲུབ་པ་སྔོན་དུ་བཏང༌། ལས་ལ་སྦྱོར་དུས་སྔགས་ཡིག་འབྲུ་དགུ་པ་འདི་སུམ་བརྒྱ་བཟླས་ལ་བཏབ། བཛྲ་ཧ་ར་བཛྲ་ན་ཧི་ཛ། བསྲུང་བྱའི་སྨིན་མཚམས་སུ་སྲིན་ལག་གི་ནང་ཁྲག་བླངས་ལ་ཐིག་ལེ་བྱ། སྔགས་རིང་བ་བརྒྱ་རྩ་བཟླས་ལ་གནས་དྲུག་ཏུ་ཕུས་བཏབ་སྟེ། དེར་འབྲུམ་བུ་ཤར་ན་ཟླ་བ་གསུམ་ཐུབ་བོ། །རྩ་སྔགས། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ བཛྲ་ཀཱཎྜ་ཀཱ་ན་ནཱ་ཤ་ཡ་ནཱ་ཤ་ཡ། ན་མ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའི་མ་མ་ཞེས་པའི་ཚབ་ཏུ་བསྲུང་བྱའི་མིང་དང༌། མཇུག་ཏུ་འབྲུམ་བུའི་ནད་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ། ཞེས་བྲིས་པ་ལ་ཤུ་དག གླ་རྩི། ཡུང་བ་གསུམ་བྱུག སྲད་བུ་དམར་པོའི་སྲུང་སྐུད་ལ་དཀྲིས་ཤིང་ལ་ཆའམ་དར་གྱིས་དྲིལ་ཏེ་སྣ་ཚོགས་ཡུམ་དུ་བསྐྱེད་ནས་འོད་ཞུ་དང་རབ་གནས་བྱས་ལ་བསྲུང་བྱའི་མགུལ་དུ་གདགས་སོ། །ནད་འདི་སྡིག་པའི་ནད་ཡིན་པས་སྲུང་བ་དེ་ལྟ་བུས་དམ་ཚིག་ལ་གནས་ཤིང་བརྟུལ་ཞུགས་གཙང་བ་རྣམས་སྲུང་ཐུབ་པ་ཡིན་གྱི། དེ་ལས་བཟློག་པ་རྣམས་ནི་རེ་ཞིག་སྲུང་བར་མི་ནུས་མོད། ནད་སྐྱ་ཡང་བ་ཙམ་གྱི་ཕན་ཡོན་མི་བསླུ་བ་ཡིན་གསུངས་སོ། །གཉིས་པ་འབྲུམ་བུའི་ནད་བྱུང་ན་གསོ་བའི་ཚུལ་ལ། སྐྱ་ནད་ཀྱི་དུས་མུན་ཁང་ཤིན་ཏུ་དྲོ་བར་ཞུགས་ཏེ་མཉམ་པའི་སྟབས་ཀྱིས་འགྲེང་ལ་ལག་པ་གཉིས་ཐུར་དུ་དཔྱངས་ཏེ་སྙིང་གར་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཕྲེཾ་དཀར་པོའི་འཕྲོ་འདུ་ལས་སྣ་ཚོགས་ཡུམ་སྔར་བཞིན་བསྐྱེད། དེའི་འོད་ཀྱིས་ནད་ཐམས་ཅད་ཕྱིར་བུད་དེ་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཐོན་འགྲོ་བར་བསམས་ཏེ་རླུང་བུམ་པ་ཅན་བཟུང་ལ་རླུང་སྦྱོར་ཚ་བ་ལས་གྲོལ་གྲོལ་གྱི་བར་བྱ། དེ་ལྟར་མི་ནུས་ནའང་སྤྱོད་ལམ་ཅི་བདེར་འདུག་སྟེ་
སྙིང་གར་སྣ་ཚོགས་ཡུམ་བསྐྱེད། དེའི་ཐུགས་ཀར་སྔགས་ཕྲེང་བཀོད། འོད་ཟེར་གྱིས་ནད་ཕྱིར་དབྱུང་བའི་དམིགས་པ་བྱས་ནས་སྔགས་བཟླས་སོ། །རང་ཤིའི་ཐོད་པ་བདར་བ་རང་གི་དྲི་ཆུའམ་ཆང་ལ་གླ་རྩི་བཏབ་སྟེ་སྔགས་བཟླས་པས་ཕུལ་རེ་བཏང༌། སྲན་ཆུང་བཏགས་པའི་སྲན་ཕྱེ་ཆུ་བསྐོལ་གྲངས་ཞག་ཏུ་མ་ལོན་པ་ལ་བཏག་ནས་སྐོམ་དུ་ཅུང་ཟད་བསྟེན། དེས་ངེས་པར་ཕན་ནོ། །ཤིན་ཏུ་ལྕི་བའི་རིགས་ལ་སྨན་དཔྱད་ཀྱང་བྱ་སྟེ། དེ་ལ་བ་སྤུའི་ཁུང་བུ་དབྱེ་ཞིང་ནད་སྨིན་པར་བྱེད་པ་དང༌། འབྲུམ་བུ་ཕྱིར་ཕུལ་བ་དང༌། ཁོང་ཤོར་རམ་ནང་དུ་ལྡོག་པ་ཕྱིར་དྲངས་པ་དང༌། རྗེས་བཅད་པའི་ཐབས་དང་བཞི་ལས། དང་པོ་མགོ་བོ་དང་ཚིགས་བཞི་ན་ཞིང་གྲང་ཤུམ་བྱེད་པ་སོགས་ནད་རྟག་ལངས་པ་དང༌། སྨན་སླེ་ཏྲེས་ཆ་གཅིག ཨ་རུ་ར། བ་རུ་ར། སྐྱུ་རུ་ར་གསུམ་པོ་ཆ་གཉིས། ཏིག་ཏ་ཆ་ཕྱེད། བ་ཤ་ཀ་ཆ་ཕྱེད། ལི་ག་དུར་ཆ་ཕྱེད་དང་བཅས་པའི་སླེ་ཏྲེས་བདུན་ཐང་དུ་གྲགས་པའི་བསྡུས་ཐང་ཚ་མོ་བཏང་ཞིང་དྲོད་ལ་སྒོར། རྔུལ་དབྱུང་ཞིང་རླུང་མ་ཤོར་བ་ཤིན་ཏུ་དྲོ་བར་བྱ། མིག་དང་གྲེ་བ་ལ་འབྲུམ་བུ་སྲུང་བའི་ཕྱིར་ནད་པའི་ཁམས་དང་མཐུན་པའི་དར་རམ་རས་ཀྱི་ཁུད་དུ། གུར་གུམ། གླ་རྩི། རྒྱ་རུ། ནས་ནག་གི་འབྲུ་ལྔའམ་བདུན་ལ། བདུད་ཀྱི་བུ་མོ་ཐིབ་ལོང་སྭཱ་ཧཱ། ཞེས་པའི་སྔགས་སུམ་བརྒྱ་བཏབ་པའི་ཐུམ་བུ་སྐེ་ལ་བཏགས། གཉིས་པ་ཐོར་པ་སྔ་མ་མགོ་འབུར་བའི་ཚེ་ཕུལ་སྨན། ཙནྡན་དཀར་པོ་ཞོ་གང༌། ཅུ་གང༌། གུར་གུམ། གི་ཧང༌། གླ་རྩི་རྣམས་ཞོ་ཕྱེད་རེ། སྤལ་རྒྱབ། མདུང་རྩེ། གངས་ཐིག མཚལ། དངུལ་ཆུ་མུ་ཟིས་བཤིགས་པ། ཨ་རུ་ར། སྟག་ཤ ཚྭ་ལ་བཏུལ་མ་རྣམས་ཞོ་ཕྱེད་རེ། རང་ཤིའི་ཐོད་པ་བཙའ་མ་ཞོ་གང༌། འཛིན་པ་ཞོ་གང་དང་བཅས་པའི་སྨན་སྣ་བཅོ་ལྔ་ཕོ་རླུང་ལས་ཆེ་བའི་རིགས་དང་རྒན་བྱིས་སོགས་ལ་ཐུན་ཕྲན་རེ་ཆང་གིས་ཕུལ། དར་མ་མཁྲིས་ཤས་ཆེ་བའི་རིགས་ལ་ཆུ་སྐོལ་གྱིས་ཕུལ་ཏེ་ཡང་
ཡང་བཏུང་ལ་གཏོང་བ་མན་ངག་ཡིན། སྨན་ཐམས་ཅད་ལ་སྣ་ཚོགས་ཡུམ་གྱི་སྔགས་བཟླས་པ་བཏབ་པས་ཤིན་ཏུ་ཟབ། གསུམ་པ་འབྲུམ་བུ་ཁོང་དུ་ཤོར་བའམ། ནང་དུ་ལོག་ན་གོང་གི་སྨན་རྣམས་ལས་མཚལ་དང༌། འཛིན་པ་བུངས་བསྐྱེད་ལ་བ་རུ་རའི་ཆིག་ཐང་གིས་ཕུལ་ཏེ་བཏང་ཞིང༌། རྡོ་སྦྱོར་དང་རྩི་སྨན་གྱི་ཁྱད་པར་སྨན་གྱི་གཞུང་ལས་བཤད་པའང་འདི་སྐབས་བསྟེན། འབྲུམ་བུ་ཐོན་ནས་རྣག་ཏུ་འགུག་པ་ལ། སྦལ་རྒྱབ། གངས་ཐིག གླ་རྩི། བདུད་རྩི་འོ་མ་རྣམས་ཐུན་ཚད་རེ་སྦྱར་བའི་སྟེང་དུ་ཤིང་ཀུན་ཐུན་གཉིས་བསྣན་པ་ཆང་ངམ། ཆུ་སྐོལ་གྱིས་ཕུལ་ལ་ཇི་ཙམ་འོས་པ་བཏང་རྣག་ཏུ་ཞུགས་ནས་སྐེམ་པའི་ཐབས་སུ་སྤོས་དཀར་མེར་བསྲེག་པའི་དུད་པས་ཡང་ཡང་བདུག བཞི་པ་རྗེས་བཅད་པ་ནི་འབྲུམ་བུའི་རྣག་རྡོལ་ནས་རླན་ཆེ་ཞིང་ཚ་བ་སྐྱེ་བའི་དུས་སུ་ཤ་རུའི་ཐལ་བ། དྲེས་མའི་ཐལ་བ། ཕུར་མོང་བསྲེགས་པའི་ཐལ་བ། ལྕི་བ་སེར་ཁ་མ་བསྲེགས་པའི་ཐལ་བ་རྣམས་རྨ་ཁར་བཏབ། ཤུ་བ་ལྟ་བུའི་སྲ་ཅུང་ཟད་རྙེད་པ་དང༌། ཚེར་སྔོན། སྟག་ཤ ཙནྡན་དམར་པོ་གུར་གུམ་རྣམས་ཀྱི་ཕྱེ་མར་དང་ཕག་པའི་ཚིལ་བུ་ལ་སྦྱར་ཏེ་བྱུག རྗེས་ནག་ཐིག་སོགས་རང་གི་དྲི་ཆུ་དྲོན་མོས་ཡང་ཡང་བཀྲུས་པས་འབྲུམ་རྗེས་དག་པར་འགྱུར་རོ། །འདི་དག་ནི་བླ་མ་རཏྣ་ཤྲཱི་ལས་བརྒྱུད་པའི་ཕྱག་ལེན་ཏེ། རྒྱས་པར་སྨན་གྱི་གཞུང་དུ་ཞལ་འཕངས་མཛད་པའི་ཕྱིར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་ཕྱོགས་སུ་བསྡུར་རུང་བའི་འབྲུམ་བུའི་སྨན་དཔྱད་ཀྱི་མན་ངག་རེ་ཞིག་དེ་ཙམ་མོ། །རྗེ་བཙུན་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་སྒོ་ནས་ཆར་འབེབས་པའི་མན་ངག་ནི། བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། རྟའི་ཟླ་བའི་ཉ་ལ་བབས་པའི་ཉིན་མོ་ཁྲུས་དང་གཙང་སྦྲ་དག་པས་གསོ་སྦྱོང་བླངས་པ་ཆར་རྫས་ཆུ་འཛིན་རིལ་བུ་བསྒྲུབ་པར་བྱ་སྟེ། དེ་ལ་དུག་རིགས་མེད་པའི་ཀླུ་སྨན་བཟང་པོ་རྙེད་ཚད་དང༌། དཀར་
གསུམ་མངར་གསུམ་རྣམས་བག་ཕྱེ་དང་སྦྱར་ནས་ར་དཀར་མོ་དང་བ་དམར་མོའི་འོ་མས་རིལ་བུ་རྒྱ་སྲན་ཙམ་པ་བརྒྱ་རྩ་བརྒྱད་ཀྱི་ཚོ་ཇི་ཙམ་དགོས་པ་བྱ། པདྨ་འདབ་བརྒྱད་ཀྱི་སྟེང་དུ་མཉྫི་སོགས་ལ་རིལ་བུ་རྣམས་ཟངས་གཞོང་དུ་བླུགས་ལ་བཀོད། མདུན་དུ་མཆོད་པ་བཅུ་གཉིས་རྣམས་བཤམ། སྣ་ཚོགས་ཡུམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། རིལ་བུ་རྣམས་ཀྱི་སྟེང་དུ་སྣ་ཚོགས་ཡུམ་བསྐྱེད་ལ་མཆོད་པ་དང་བསྟོད་པས་བསྟོད། གཟུངས་ཐག་དང་བཅས་ཏེ་རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང༌། མདུན་བསྐྱེད་སྣ་ཚོགས་ཡུམ་གྱི་ཐུགས་ཀའི་ཕྲེཾ་གྱི་མཐར་སྔགས་ཕྲེང་བཀོད་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་རིལ་བུ་རྣམས་ལ་ཐིམ། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་སྤྲིན་ཐམས་ཅད་བསྡུས་ཏེ་རིལ་བུ་ལ་ཐིམ་པས་རིལ་བུ་དེ་རྣམས་ཆར་གྱི་རྒྱུན་ཆེན་པོ་འབེབས་པའི་རྫས་ཁྱད་པར་ཅན་དུ་གྱུར་པ་མོས་ཏེ། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ ཝརྵཾ་ཀིཉྩི་ཏ་ནཱ་ཤ་ཡ་ནཱ་ཤ་ཡ། ཡུལ་ཆེ་གེ་མོར་«ཆེ་གེ་མོའི་གནས་སུ་ཡུལ་མིང་བྱེ་བྲག་འཇུག་མ་ཤེས་ཚེ། ཆར་ཆུ་མི་འབབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་འདོན། »ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཅི་འགྲུབ་བཟླའོ། །རྗེས་མཆོད་བསྟོད་བྱས་ལ་བཅོམ་ལྡན་འདས་མས་འཇིག་རྟེན་གྱི་ཁམས་སུ་ཐན་པའི་འཇིགས་པ་མི་འབྱུང་ཞིང༌། ལོ་ཏོག་ཕུན་སུམ་ཚོགས་པ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་གསོལ་བྱས་ལ་ནོངས་པ་བཟོད་པར་གསོལ་ཏེ་མདུན་བསྐྱེད་གཤེགས་གསོལ་བྱ། དགེ་བ་བསྔོས་ལ་རིལ་བུ་ལ་ཤིས་བརྗོད་མེ་ཏོག་འཐོར། ནམ་མཁའ་མི་མཐོང་བར་རྫའི་བུམ་པ་གཙང་མར་བཞུགས་སུ་གསོལ་ལ་དམར་སྐྱུར་སོགས་ཀྱིས་མ་ཕོག་པར་ཚགས་བྱའོ། །དངོས་གཞི་ལས་སྦྱོར་གྱི་དུས་ཀླུ་གནས་པའི་མཚོ་དང་རྫིང་བུ། ཆུ་མིག་སོགས་སུ་ཕྱིན་ཏེ། བགེགས་ལ་གཏོར་མ་བྱིན་ལ་བསྐྲད། པདྨ་འདབ་བརྒྱད་ལ་ཀླུ་ཆེན་བརྒྱད་དང༌། ལྟེ་བར་ཀླུའི་གཙོ་བོ་རྒྱལ་བ་དང་རྣམ་རྒྱལ་བསྐྱེད་ལ་ཀླུ་མཆོད་
དང༌། ཀླུ་གཏོར་རྣམས་རྒྱས་པར་བྱས་ལ་ཆར་འབེབས་པའི་ཕྲིན་ལས་བཅོལ། དེ་ནས་སྔར་བསྒྲུབས་པའི་རིལ་བུ་བརྒྱ་རྩ་མདུན་དུ་བཞག་ལ། རིལ་བུ་དེ་རྣམས་ལས་ཀླུའི་རེ་བ་ཡིད་བཞིན་དུ་སྐོང་བའི་བདུད་རྩིའི་རྒྱུན་བབས་པས་ཀླུའི་ནད་དང་སྡུག་བསྔལ་ཐམས་ཅད་བསལ། བདེ་བས་ཚིམས་པས་ཀླུ་རྣམས་ཀྱི་བ་སྤུའི་བུ་ག་ནས་ན་བུན་ལངས་ཏེ་ནམ་མཁའ་ཐམས་ཅད་གང་བ་ལས་ཆར་རྒྱུན་བབས་པར་བསམས་ཏེ། ཨོཾ་ནཱ་ག་ཀཱ་ལ་ཧཱུྃ། ནཱ་ག་ལི་ལི། དུམ་པ་ལི་ལི། ནཱ་ག་རཱ་ཛ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་ལ་རིལ་བུ་གཅིག་ཆུ་མིག་ནང་དུ་བསྐྱུར་རོ། །དེ་བཞིན་དུ་རིལ་བུ་རེ་ལ་སྔགས་བརྒྱ་རྩ་བརྒྱད་ཚང་བ་བགྱིས་ཏེ་རིལ་བུ་རྣམས་རེ་རེ་བཞིན་ཆུ་མིག་ཏུ་སྐྱུར། རང་སྣ་ཚོགས་ཡུམ་དུ་གསལ་བའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། སེམས་ཅན་རྣམས་ཀྱི་ཐན་པའི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་ནས་བདེ་བ་ལ་བཀོད་པར་བསམས་ཏེ། ཨོཾ་ཕྲེཾ་བི་ཤྭ་སོགས་ཆར་སྔགས་དྲག་ཏུ་བཟླའོ། །མཇུག་ཏུ་མཆོད་བསྟོད་བཟོད་གསོལ་བསྔོ་སྨོན་བྱ་སྟེ། ཚུལ་དེ་ལྟ་བུས་ཞི་བའི་སྒོ་ནས་ཆར་དབབ་པར་བྱ་ཞིང༌། གལ་ཏེ་ཆར་ཆེས་ནས་གཅོད་པར་འདོད་ན། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ ཝརྵ་བ་ཧུ་ནཱ་ཤ་ཡ་ནཱ་ཤ་ཡ་བི་ཥ་ཨ་མུ་ཀ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་ནས་ནམ་མཁའ་ལ་ཕུས་འདེབས། སྤྲིན་གཏོར་བའི་དམིགས་པ་བྱའོ། །སྣ་ཚོགས་ཡུམ་གྱི་སྒོ་ནས་སེར་བ་སྲུང་ན་ཡུངས་ཀར་དང་སྦྱིན་སྲེག་གི་ཐལ་བ་ལ་སྔགས། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ ཀ་ར་ཀཱ་ཀ་ར་ཀཱཿནཱ་ཤ་ཡ་ནཱ་ཤ་ཡ་བི་ཤྲ་ཨ་མུ་ཀ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ལ་ཕུས་བཏབ། སེར་བ་བྱུང་དུས་དེ་འོང་བའི་ནམ་མཁའ་ལ་གཏོར་བས། རྫས་དེ་ལས་མེ་འབར། སེར་བ་ཆུར་ཞུ་ནས་རྒྱུན་ཆད་པར་བསམ་མོ། །ཡང་སེར་བ་ཐོག་མར་ས་ལ་ལྷུངས་པ་རྣམས་བླངས་ཏེ་སྔགས་བཏབ་ཅིང༌། ཨ་ལ་ཐང་པོ་ཨ་ལ་ཐང་པོ་སེར་སྣ་སེར་བའི་གདོང་ལ་
རྒྱོབ། ཅེས་དྲག་ཏུ་བརྗོད་ཅིང་འཕངས་པས། སེར་གདོང་སྔ་མ་རྣམས་ལོག་ནས་ཕྱི་མ་རྣམས་དང་འཁྲུགས་ཏེ་འཐབ་ཅིང་དབབ་མཁན་རྣམས་ཡུལ་ཕྱོགས་གཞན་དུ་འཁྱམས་པར་བསམ་མོ། །འདི་ནི་རང་ལ་ཐུག་པའི་མན་ངག་སྟེ། སེར་བ་མ་ཐུབ་ན་བྱ་ཡི་ཐམས་ཅད་དུ་མ་ཡིན་ནོ། །འདིའི་སྒོ་ནས་དུག་དང་གཟའ་ནད་ལ་སོགས་པ་གསོ་བར་འདོད་ན་མདུན་གྱི་ནམ་མཁར་སྣ་ཚོགས་ཡུམ་བསྒོམས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཕྲེཾ་དཀར་པོའི་མཐར་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བ་ལ་དམིགས་ནས། ཨོཾ་ཕྲེཾ་བི་ཤྭ་མཱ་ཏ། སརྦྦ་བྱཱ་དི་ནཱ་ཤ་ཡ་ནཱ་ཤ་ཡ། མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་མང་དུ་བཟླས་པས་སྔགས་ཕྲེང་ལས་བདུད་རྩི་དཀར་པོའི་རྒྱུན་སྐྱ་ཆིལ་ལི་ལི་བྱུང་བས། ནད་དམིགས་ཡོད་སར་བབས་ནས་ནད་ཐམས་ཅད་ཕྱིར་དེད་པར་བསམས་ལ་སྔགས་བཟླས་པའི་མཆིལ་མ་ན་སར་བྱུགས་ལ་ཕུར་ཕུར་བྱ་ཞིང་རེས་འགའ་ཕུས་བཏབ། གཟེར་ནད་སོགས་ལ་རྡོ་གྲང་མོ་ལ་སྔགས་བཏབ་ནས་གཟེར་མིག་ཡོད་སར་གླན། མཐར་སྣ་ཚོགས་ཡུམ་རང་ལ་ཐིམ་པས་ནད་ཀྱིས་མི་ཚུགས་པར་བསྒོམ་མོ། །འདི་ནི་དུག་དང་གཟའ་ནད་གཙོ་བོར་སྨོས་པའི་ཁྲག་མཁྲིས་ཚ་བ་སོགས་ལའང་ཤིན་ཏུ་ཕན་ནོ། །རྗེ་བཙུན་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་རྗེས་གནང་བྱ་བར་འདོད་པས། གནས་དབེན་པར་མཎྜལ་དཀར་པོ་དང་འདབ་བརྒྱད་ལ་ཚོམ་བུ་གཅིག་བཀོད། དེའི་མཐར་མཆོད་གཏོར་གྱིས་བསྐོར། སྐྱབས་འགྲོ་ནས་བཟླས་པའི་བར་བདག་བསྐྱེད་བྱ། ཨོཾ་ཨཱཿཧཱུྃ་ཧྲཱཿཕཊ་ཀྱིས་མདུན་གྱི་ཚོམ་བུ་བསང༌། ཨོཾ་ཤཱུ་ནྱ་ཏཱ་ནས་ཀོ྅ཧཾ། སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོ་སོགས་ནས། དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་བཞིན་བྱ། མཆོད་པ་རྣམས་བྱིན་གྱིས་བརླབ། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྤྱི་འགྲོ་བཞིན་མཆོད། སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །
ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེར་ལ་ཕྱག་འཚལ། །ཞེས་པས་བསྟོད། གཏོར་མ་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། ཨོཾ་ཕྲིཾ་བི་ཤྭ་མཱ་ཏཿས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ་སོགས་བཏགས་པའམ། ཡང་ན་ཨ་ཀཱ་རོས་ཕུལ། གོང་བཞིན་མཆོད། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རྣམ་པ་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ་ནས་ཀུན་འགྲུབ་ཤོག་གི་བར་བརྗོད་ལ་གཏོར་མ་ཕུལ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་བྱ། མཐར་སློབ་མའི་དོན་དུ་གསོལ་བ་བཏབ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཕྱག་བཙལ་ནས་གྲལ་ཏུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་རྗེས་གནང་ཟབ་མོ་ཞུ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་བྱ་དམ་པའི་ཆོས་ནི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་དུས་འཁོར་བསྡུས་པའི་རྒྱུད་ཀྱི་ནང་གི་ལེའུའི་ལུས་སྲུང་གི་སྐབས་སུ་སྡིག་པའི་ནད་རྡོ་རྗེའི་ཚེར་མའི་གཉེན་པོར་གསུངས་པའི་སྣ་ཚོགས་ཡུམ་གྱི་རྗེས་གནང་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བའི་རིམ་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་སྔོན་དུ་འགྲོ་དགོས་པས། སློབ་དཔོན་སྣ་ཚོགས་ཡུམ་དུ་གསལ་བ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བསྐུལ། དེ་ལྟར་མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
སྲིད་པའི་འཇིགས་པ་འཕྲོག་བྱེད་པའི། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཕུན་སུམ་ཚོགས་པ་ཀུན་གྱི་གནས། །ཁྱོད་ཀྱི་ཞབས་ལ་སྐྱབས་སུ་མཆི། །ཟད་མེད་འཁོར་བའི་འཇིགས་པ་ལས། །བདག་གི་སྐྱབས་ནི་གཞན་མ་མཆིས། །དེ་བས་སྙིང་རྗེ་ཆེར་མཛད་ནས། །དེ་རིང་བདག་ལ་སྐུ་དྲིན་མཛོད། །ལན་གསུམ། རྒྱུད་དག་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ཐ་མི་དད་པ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བའི་སྤྱན་སྔར་བདུན་རྣམ་དག་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་སྡིག་པ་རྣམས་མང་པོ་བསགས་པ་དག་ནི་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །དག་པ་གསུམ་གྱིས་བདག་གི་དངོས་འབུལ་ཆོས་ཀྱི་འཁོར་ལོ་སྐོར་ཞིང་མྱ་ངན་མི་འདའ་བཞུགས་སུ་གསོལ། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ལན་གསུམ། ནང་ལེའི་དབང་གི་རིགས་དྲུག་གི་སྡོམ་པ་མ་བཟུང་ཡང་འགལ་བ་མེད། དེ་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་རྗེ་བཙུན་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། དེ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ། དང་པོ་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་
རྣམས་ཀྱི་སློབ་དཔོན་ལ་མོས་གུས་དུང་པ་བྱས་པའི་རྐྱེན་གྱིས། སློབ་དཔོན་སྣ་ཚོགས་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་འོད་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད། རྣམ་སྨིན་གདོས་བཅས། མདོར་ན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པའི་མོས་པ་མཛོད། དེ་ཉིད་ལ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས། ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཕྲེཾ་དཀར་པོའི་འཕྲོ་འདུ་ལས། ཁྱེད་རང་རྣམས་སྣ་ཚོགས་ཡུམ་སྐུ་མདོག་དཀར་མོ་ནས། ལྟེ་བར་ཧོཿཞེས་པའི་བར་བདག་བསྐྱེད་བཞིན་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྣ་ཚོགས་ཡུམ་གྱི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་སྣ་ཚོགས་ཡུམ་དུ་གསལ་བའི་ལུས་ལ་མཚོ་ལ་ཁ་བ་བབས་བ་བཞིན་དུ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཡང་མདུན་བསྐྱེད་སྣ་ཚོགས་ཡུམ་གྱི་སྐུ་ལས་ཀྱང༌། དེ་འདྲ་བའི་སྐུ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། ཨོཾ་ཕྲེཾ་བི་ཤྭ་ནས་ཀུ་རུ་ཀུ་རུ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་སྡིག་སྒྲིབ་དག སྣ་ཚོགས་ཡུམ་གྱི་སྐུ་སྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་ལ། སློབ་དཔོན་སྣ་ཚོགས་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་སྣ་ཚོགས་ཡུམ་གྱི་ཐུགས་རྒྱུད་བསྐུལ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཕྲེཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌།
ཞལ་ནས་ཐོན། ཁྱེད་རང་རྣམས་སྣ་ཚོགས་ཡུམ་དུ་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཕྲེཾ་ཡིག་གི་མཐར་སྔགས་ཕྲེང་ཁ་དོག་དཀར་པོས་གཡས་སྐོར་དུ་དང་པོ་དམ་ཚིག་པའི་ཚུལ་དུ་འཁོད། གཉིས་པ་ཡེ་ཤེས་པའི་ཚུལ་དུ་ཐིམ། གསུམ་པས་བརྟན་པར་བྱས་པའི་མོས་པ་དང་བཅས་འདིའི་རྗེས་ཟློས་མཛོད། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿ བཛྲ་ཀཱཎྜ་ཀཱ་ན་ནཱ་ཤ་ཡ་ནཱ་ཤ་ཡ། མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལན་གསུམ་བྱ། བྱིན་གྱིས་བརླབས་པའི་ལུང་གི་དོན་དུ་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བསྒྱུར་ནས་སྤྱི་བོར་གཏད་པའི་མོས་པ་མཛོད། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་སྡིག་སྒྲིབ་དག སྣ་ཚོགས་ཡུམ་གྱི་གསུང་སྔགས་བཟླ་བ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ། སློབ་དཔོན་སྣ་ཚོགས་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། སྣ་ཚོགས་ཡུམ་གྱི་ཕྱག་མཚན་པདྨ་དཀར་པོ་དང་ཨུཏྤ་ལའི་སྡོང་བུ་དང་ས་བོན་གྱི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་རེག་པ་དང༌། རྡོ་ཚན་ལ་ཁ་བ་བབས་པ་བཞིན་བདུད་རྩི་ལྔའི་རྣམ་པར་ཞུ་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། མདུན་བསྐྱེད་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་ཐུགས་ཀ་ནས་ཀྱང༌། ཐུགས་
གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་སྣ་ཚོགས་ཡུམ་གྱི་སྐུ་མཐེ་བོང་གི་ཚད་ཙམ་གསལ་ཞིང་འཚེར་བ་ཞིག་ཆད་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད། ཨོཾ་ཕྲིཾ་བི་ཤྭ་ནས། སྭཱ་ཧཱའི་མཐར་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿཞེས་ཅི་རིགས་བརྗོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་སྡིག་སྒྲིབ་དག སྣ་ཚོགས་ཡུམ་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྒོམ་པ་ལ་དབང་བ་ཡིན་ནོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་རྫོགས་པར་ཐོབ་ནས། གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་གསུམ། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་དང༌། སློབ་མ་འཆད་ཉན་ནུས་པའི་རིགས་ལ་བླ་མ་བརྒྱུད་པ་བཤད་པ་རྣམས་སྤྱི་དང་མཐུན་པའི་ཕྱག་ལེན་གསུམ་སྒྲོས་ལྟར་ཤེས་པར་བྱ་ཞིང་མཐའ་གཅིག་ཏུ་ངེས་བཟུང་གིས་དཔྱད་པ་མི་དགོས། དེང་སང་དབང་རྗེས་གནང་གང་ལའང་འཕྲོས་དོན་རང་གིས་བཤད་མ་ཤེས་ནས། བརྒྱུད་པའི་ཕྱག་ལེན་ཡི་གེ་ལ་གང་ཡོད་མ་གཏོགས་གཞན་བྱ་མི་རུང་ཞེས་རྫུན་གྱིས་བླ་མ་གོང་མ་མང་དུ་མཁྱེན་པ་རྣམས་ལ་སྐུར་པ་འདེབས་པར་བྱེད་ཀྱིན་སྣང་ངོ༌། །རྗེས་མདུན་བསྐྱེད་ལ་མཆོད་བསྟོད། གསོལ་བཏབ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །རྗེས་སུ་གནང་བའི་ཆོ་གའོ། །ཕྲ་ཆོས་བེམ་པོའི་ཡུལ་འདས་རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེ། །སྲིད་ཞི་ཀུན་ལ་ཁྱབ་པའི་སྣ་ཚོགས་ཟློས་གར་གཡོ་བ་ལས། །དེང་འདིར་སྡིག་པའི་ནད་རིམས་ཚ་གདུང་ཀུན་ཏུ་ཞི་མཛད་མ། །ཟླ་མཛེས་ལྷ་མོའི་མན་ངག་རྒྱུད་དོན་བཞིན་དུ་གསལ་བྱས་པའི། །དྲི་མེད་དགེ་ཚོགས་དུང་ལྟར་ཤིན་ཏུ་དཀར་བའི་འོད་ཟེར་གྱིས། །འགྲོ་ཀུན་ཡང་དག་ལམ་ཞུགས་རྡོ་རྗེ་ནོར་བུའི་ཁྱིམ་ཐོབ་ཤོག །ཅེས་རྗེ་བཙུན་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་སྒྲུབ་སྐོར་ཕན་བདེའི་མཆོག་སྦྱིན་ཞེས་བྱ་བ་འདི་ནི།
མ་ཧཱ་པཎྜི་ཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་སྩལ་ནོར་བུའི་ཕྲེང་བ་སྤྱི་བོས་མཆོད་ནས། གངས་ཅན་བྷོ་ཊའི་ཀུ་སཱ་ལི་བློ་གསལ་བསྟན་སྐྱོང་གིས་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ། རྒྱལ་གྱི་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གསུམ་པའི་ཉིན་སྒྲུབ་གནས་ཀྱི་རྒྱལ་པོ་མ་ལ་ཡའི་སྐྱེད་མོས་ཚལ་དང་ཚུལ་མཚུངས་པ་དཔལ་ཞྭ་ལུ་རི་ཕུག་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག། །།
དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། འདབ་ཆགས་མགོན་པོ་རྡོ་རྗེ་ནམ་མཁའ་ལྡིང་གི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། འདབ་ཆགས་མགོན་པོ་རྡོ་རྗེ་ནམ་མཁའ་ལྡིང་གི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ནམ་མཁའ་ལྡིང་གི་མཚན་ཉིད་བསྟན་པ།་་་་་»མཁའ་ལྡིང་ཞེས་པ་རྐང་པ་ནས་ནི་དཔྱི་«་་་་་ཁ་དོག་»མཐར་«་་་་་»སེར་པོ་«་་་་་དཔེ་གཅིག་ལ་དེ་ལས་གོང་དུ་སྣང༌། »དེ་བཞིན་«་་་་་དུ་»ལྟེ་བའི་མཚམས་སུ་ཁ་བའི་མདོག«་་་་་སྟེ་དཀར་པོ་དང༌།» །མགྲིན་པའི་བར་དུ་ཁ་དོག་དམར་པོ་«་་་་་དང་»སྤྲིན་ནག་དང་མཚུངས་«་་་་་པ་ནི་»སྨིན་མའི་འཁྲི་ཤིང་ཇི་སྲིད་ཉིད་དུ་སྟེ། །དེ་ཕྱིར་«་་་་་སྨིན་མཚམས་ཡན་ཆད། »ངེས་པར་ཁ་དོག་སྣ་ཚོགས་«་་་་་རྡོ་རྗེ་ལྗང་གུ་»གདེངས་ཅན་«་་་་་ཏེ་ཀླུ་»རིགས་«་་་་་ལྔའི་རྒྱན་»དང་བཅས་པ་དེ་«གཙུག་ཏོར་ལ་སོགས་པའི་འཁོར་ལོ་ལྔ་ལ་ནམ་མཁའི་ཡི་གེ་ལ་སོགས་པ་་་་་་»ཉིད་ལྔ་ཡིས་རྒྱས་བཏབ་པ། །བསྒོམས་«་་་་་ཏེ་སྔགས་བཟླས་»ན་དེ་ཡི་ཕྱག་རྒྱས་གདེངས་ཅན་«་་་་་སྦྲུལ་གྱི་»དུག་དང་འབྱུང་པོའི་ནད་ལ་སོགས་པ་«་་་་་འདུག »དག་ཀྱང་ངེས་པར་འཕྲོག «གོ། ༡༨༢ དེ་སྒོམ་པའི་ཐབས་ནི་་་་་་»།རང་གི་སྙིང་གའི་པདྨ་དག་ལ་ཉི་མའི་སྟེང་དུ་ཀྵིཾ་གི་ཡི་གེ་«་་་་་ཡོངས་སུ་གྱུར་བ་ལས། »འདབ་ཆགས་མགོན་པོ་«་་་་་ཁ་དོག་ལྔ་པ་»ནི། །ཀླུ་«་་་་་བཅུ་»ཡི་རྒྱན་དང་ལྡན་ཞིང་མཐའ་དག་རིགས་ཀྱི་དབང་གིས་«་་་་་འོད་ཟེར། »ཁ་དོག་ལྔ་རྣམས་འཕྲོ་བ་བསྒོམས་པར་བྱ། །དེ་ནས་འདབ་ཆགས་མགོན་པོའི་སྔགས་ནི་དང་པོ་ཨོཾ་ཡིག་དག་དང་པ་ཀྵིཾ་སྭཱ་ཧཱའི་མཐའ་ཅན་ཏེ། །དེ་ནི་བྱེ་བ་ཕྲག་གཅིག་བཟླས་ནས་«་་་་་སྦྱིན་སྲེག་འབུམ་ཕྲག་བཅུ་བྱ་སྟེ།» གདེངས་ཅན་རིགས་དང་བཅས་པའི«་་་་་གཉེན་པོ་»འདབ་ཆགས་མགོན་པོ་«་་་་་ནམ་མཁའ་
ལྡིང་»བསྒྲུབ་པར་བྱ། «༡༨༣ དེ་ཡི་ཕན་ཡོན་ནི་་་་་་»།མཁའ་ལྡིང་གྲུབ་ན་གདེངས་ཅན་«་་་་་ཏེ་ཀླུའི»་དབང་པོ་རྣམས་དང་གདེངས་ཅན་བདག་པོའི་བུ་རྣམས་མངག་གཞུག་«་་་་་སྟེ་བྲན་»ཉིད་དུ་འགྱུར།«་་་་་ཞིང༌། »།རབ་མཆོག་ས་ཡི་སྟེང་དུ་འབྱུང་པོ་«་་་་་དང་»གནོད་སྦྱིན་«་་་་་དང་གཟའ་ལ་སོགས་བའི་»གདོན་རྣམས་དག་དང་མཁའ་འགྲོ་མ་དང་«་་་་་འཇིག་རྟེན་གྱི་»མ་མོ་རྣམས། །སྔགས་ཀྱིས་དགུག་པར་རབ་ཏུ་འགྱུར་ཏེ་གདོན་གྱི་ཚོགས་པ་མཐའ་དག་དུས་«་་་་་འཆི་བདག་གི་»ཀྱི་སོས་ཟིན་«་་་་་པའི་ནད་པ་ཇི་སྐད་»བརྗོད་པར་«་་་་་བཞིན་དུ་བྱེད་ཅིང་ནད་ལས་གྲོལ་བ་»བྱེད།«་་་་་དོ། »།དེ་ཕྱིར་སེམས་ཅན་«་་་་་གྱི»་དོན་གྱི་སླད་དུ་དང་པོར་མི་རྣམས་ཀྱིས་ནི་མཁའ་ལྡིང་དབང་པོ་བསྒྲུབ་པར་བྱ།«་་་་་འོ། ༡༨༤ »།ཞེས་བྱ་བ་ནི་བསྡུས་པའི་རྒྱུད་ཀྱི་སྒྲུབ་«་་་་་བུ་སྟོན་རིན་པོ་ཆེའི་གསུང་མཆན་བཅས། »ཐབས་ཀྱི་ལེའུ«༤»་ལས་སོ།། ༈ །འདབ་ཆགས་མགོན་པོའི་སྒྲུབ་ཐབས་ལས་ཚོགས་རྣམས་བཞུགས་སོ། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་སྒོམ་བཟླས་བྱ། དེའི་རྗེས་སུ་རང་གི་ལུས་བསྲུང་བར་བྱ་སྟེ། དེ་ཡང་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ གཙུག་ཏོར་དུ་ཧཾ། གསང་བར་ཀྵ། ལག་པ་གཡོན་པའི་མཐེའུ་ཆུང་ནས་མཐེ་
བོའི་བར་གྱི་སོར་མོ་རྣམས་ལ་རིམ་པ་བཞིན་དུ། ཨ་ཨི་རྀ་ཨུ་ལྀ་བསྒོམ། གཡས་པའི་མཐེ་བོང་ནས་མཐེ་ཆུང་གི་བར་སོར་མོ་རྣམས་ལ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་བསྒོམ་ཞིང༌། བརླ་གཡོན་དུ་ལ། གཡས་སུ་ལཱ། དེ་བཞིན་དུ་ལྟེ་བའི་གཡོན་གཡས་སུ་ཝ་ཝཱ། སྙིང་གའི་གཡོན་གཡས་སུ་ར་རཱ། ཁ་ནང་གི་གཡོན་གཡས་སུ་ཡ་ཡཱ། དབུལ་བའི་གཡོན་གཡས་སུ་ཧ་ཧཱ་ཡོད་པར་བསྒོམ། རྣ་བ་གཡོན་པར་ཧཱུྃ། གཡས་སུ་ཀྵཱུྃ། དེ་བཞིན་དུ་མགྲིན་པ་གཡོན་གཡས་སུ་ཧྱ་ཧྱཱ། མཆན་ཁུང་གཡོན་གཡས་སུ་ཧྲ་ཧྲཱ། དཀུ་གཡོན་གཡས་སུ་ཧྭ་ཧྭཱ། བརླ་གཡོན་གཡས་སུ་ཧླ་ཧླཱ་བསྒོམས་ནས། རང་གི་སྙིང་གར་པྃ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཀྵིཾ་གི་ཡི་གེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་འོད་དུ་ཞུ་ཡོངས་སུ་གྱུར་པ་ལས་འདབ་ཆགས་མགོན་པོ་ཨ་ནི་ལ་རྐང་པ་ནས་དཔྱིའི་བར་སེར་པོ། དཔྱི་ནས་ལྟེ་བའི་བར་དཀར་པོ། ལྟེ་བ་ནས་མགྲིན་པའི་བར་དམར་པོ། མགྲིན་པ་ནས་སྨིན་མཚམས་ཀྱི་བར་ནག་པོ། སྨིན་མཚམས་ནས་གཙུག་ཏོར་གྱི་བར་ལྗང་གུ་སྟེ། མདོག་ལྔ་པར་བསྒོམ། དེ་ཡང་ཀླུ་རིགས་ལྔའི་རྒྱན་གྱིས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་སྟེ། དེ་ཉིད་ལྔའི་རྒྱས་བཏབ་པར་བསྒོམས་ནས། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། ཡེ་ཤེས་པ་སྤྱན་དྲངས། མཆོད་པས་མཆོད་ནས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། ཡང་འོད་ཟེར་འཕྲོས། དབང་གི་ལྷ་སྤྱན་དྲངས། མཆོད་པས་མཆོད་ནས། དབང་བསྐུར་བར་བསྒོམ། དེ་ནས་འདབ་ཆགས་མགོན་པོའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཀྵིཾ་གི་ཡེ་གེ་ལ། ཨོཾ་པ་ཀྵིཾ་སྭཱ་ཧཱས་བསྐོར་བར་དམིགས་ནས། བཟླས་པ་བྱེ་བ་ཕྲག་གཅིག་བཟླས་པས། གདེངས་ཅན་དང༌། འབྱུང་པོ་དང༌། གནོད་སྦྱིན་དང༌། གཟའ་ལ་སོགས་པའི་གདོན་རྣམས་དང༌། མཁའ་འགྲོ་མ་དང༌། འཇིག་རྟེན་གྱི་
མ་མོ་རྣམས་ཇི་ལྟར་བསྒོ་བ་ཉན་པར་འགྱུར་རོ། །སྦྲུལ་གྱི་སོས་ཟིན་པ་ལ་སོགས་པའི་ནད་སྲུང་བར་བྱེད་ན། གང་དུ་སོང་བའི་སྲུང་མ་རྣམས་ཀྱིས་ནད་པའི་ལུས་ལ་བསྲུང་བར་བྱས་ནས། འདམ་བུའི་བྱང་བུ་སོར་ཉི་ཤུ་པའམ་རང་གི་ལག་མཐིལ་ལ་གང་དུ་སོང་བའི་ཀླུ་བཅུའི་ས་བོན་བཀོད་ནས། ནད་པའི་སྙིང་གར་བསྣན་དུག་གཅོད་པར་བྱེད་དོ། །ནད་པའི་དཔྲལ་བར་ལ། རྐང་པར་ཧ་སྒོམ་ན་དུག་རེངས་པར་བྱེད་དོ། །སྤྱི་བོར་ཝ་དང༌། ལྟེ་བར་ར་སྒོམ་ན་དུག་མེད་པར་བྱེད་དོ། །དཔྲལ་བར་ཡ། སྙིང་གར་ར་སྒོམ་ན་དུག་འཕོ་བར་བྱེད་དོ། །སྤྱི་བོར་ཧ་དང་རྐང་པར་ལ་སྒོམ་ན་དུག་གཅོད་པར་བྱེད་དོ། །དཔྲལ་བར་ཐིག་ལེ་དཀར་པོ་སྒོམ་ན་བརྟན་གཡོ་བཅོས་མ་གསུམ་གྱི་དུག་ཀྱང་མེད་པར་བྱེད། དཔྲལ་བར་ཐིག་ལེ་དམར་སེར་སྒོམ་ན་དུག་གཅོད་པར་བྱེད། ནག་པོ་སྒོམ་ན་དུག་འཇིག་པར་བྱེད། ཐིག་ལེ་སེར་པོ་སྒོམ་ན་དུག་རེངས་པར་བྱེད། དེ་རྣམས་བསམ་གཏན་གྱིས་བཅོས་པའོ། །སྨན་གྱིས་བཅོས་པ་ནི། ལྒ། པི་བི་ལིང༌། ན་ལེ་ཤཾ་སྟེ་ཚ་བ་གསུམ་དྲི་ཆུ་དང་སྦྱར་ནས་རླུང་གང་དུ་རྒྱུ་བའི་ངོས་ཀྱི་སྣས་རྔུབས་ན་དུག་མེད་པར་བྱེད། ཡང་ན་ཤིང་མགོ་ལ་ཚིལ་བཏགས་ནས་ལྕེའུ་ཆུང་ལ་སྦྱར་བས་ཀྱང་ངོ༌། །ཡང་ན་མེ་ཏོག་སྣ་མ་དང༌། ཤྲཱི་ཁཎྜ་སྔོ་སྨན་ཀུ་མཱ་རཱི། ཚ་བ་གསུམ། ལན་ཚྭ། ཤོག་ཤིང༌། དེ་བ་ད་ལི། ཚངས་པའི་ཤིང༌། ཡ་བཀྵ་ར། རྟ་བོན་པ། ཨརྒྷའི་ཤིང༌། མཁན་པ་འབྲས་བུ་མེད་པ་བཤང་བ་དང༌། ཁུ་བ་དང༌། ཁྲག་དེ་རྣམས་ཆ་མཉམ་པ་དག་ཀྱང་བཏགས་ཏེ། དྲི་ཆུས་རིལ་བུ་བྱས་པ་ནི་རླུང་རྒྱུ་བ་ངོས་ཀྱི་སྣ་བུག་ཏུ་བླུགས་པས་འབྱུང་པོའི་གདོན་གྱིས་ཟིན་པའམ། འབྱུང་པོའི་རིམས་ཀྱིས་ཟིན་པའམ། བརྟན་པའི་རིམས་སམ། དུག་དང༌། ལྟོ་འགྲོ་སྟེ་སྦྲུལ་གྱི་དུག་ནི་ངེས་པར་འཇོམས་སོ། །འདབ་ཆགས་མགོན་པོའི་སྒྲུབ་ཐབས་ལས་ཚོགས་གཞན་ཕན་དང་བཅས་པ་འདི། དུས་ཀྱི་འཁོར་ལོ་པ་«དོལ་བུ་པ་་་་་་»ཤེས་རབ་རྒྱལ་མཚན་
གྱིས་དོན་གྲུབ་ཀྱི་ལོ་རྒྱལ་གྱི་ཟླ་བའི་ཚེས་བཅུ་བཞི་ལ་དབེན་གནས་བདེ་ཆེན་དུ་སྦྱར་བ་འདིས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ཤུ་བྷཾ།། ༈ །དུས་འཁོར་ལུགས་ཀྱི་ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་རྗེས་གནང་བརྟན་གཡོའི་དུག་འཇོམས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་གུ་རུ་ཌཱ་ཡ། འདིར་དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་གྱི་ནང་ནས་ཡེ་ཤེས་ཁྱུང་ཁྲའི་རྣལ་འབྱོར་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པདྨ་ཟླ་བ་ཉི་མ་སྒྲ་གཅན་དང་བཅས་པ་བརྩེགས་པའི་སྟེང་དུ་ཀླུའི་རྒྱལ་པོ་སོག་མ་མེད་གན་རྐྱལ་དུ་བསྒྱེལ་བའི་གདན་ལ་རང་སེམས་ཀྵིཾ་ཁ་དོག་ལྔ་ལྡན་ཞུ་བ་ལས། རང་ཉིད་དུས་འཁོར་འདབ་ཆགས་ཀྱི་མགོན་པོ་རྡོ་རྗེ་ཁྱུང་ཁྲ་ཞལ་གཅིག་ཕྱག་གཉིས་པ། མགྲིན་པ་ནས་པུས་མོའི་བར་སྐྱེས་བུའི་རྣམ་པ་ལ་རྐང་པ་བྱའི་སྡེར་མོ་ཅན། དཔྱི་མན་ཆད་སའི་རང་བཞིན་སེར་པོ། རྐེད་པ་དང་ལྟེ་བའི་བར་ཆུའི་རང་བཞིན་དཀར་པོ། ལྟེ་བ་ནས་མགྲིན་པའི་བར་མེའི་རང་བཞིན་དམར་པོ། མགྲིན་པ་ནས་སྨིན་མའི་བར་རླུང་གི་རང་བཞིན་ནག་པོ། སྨིན་མ་ཡན་ཆད་ནམ་མཁའི་རང་བཞིན་ལྗང་གུ། སྤྱན་གསུམ་ཉི་མ་ལྟར་འབར་ཞིང་འཁྱིལ་བ། གཤོག་པ་ཁ་དོག་སྣ་ཚོགས་པ་འོད་ཟེར་སྣ་ཚོགས་འཕྲོ་བ། གནམ་ལྕགས་ཀྱི་མཆུ་སྡེར་ཤིན་ཏུ་རྣོ་ཞིང་མི་བཟད་པའི་ངར་དང་ལྡན་པ། ཀླུ་རྒྱལ་བ་ལྗང་གུ་དང་རྣམ་རྒྱལ་སྔོན་པོས་དབུ་སྐྲ་བཅིངས་པ། སྟོབས་རྒྱུ་དང་པདྨ་ནག་པོས་སྙན་ཆ། ནོར་རྒྱས་དང་དུང་སྐྱོང་དམར་པོས་ལག་གདུབ། འཇོག་པོ་དང་པད་ཆེན་སེར་པོས་རྐང་གདུབ། མཐའ་ཡས་དང་རིགས་ལྡན་དཀར་པོས་སྐ་རགས་དང་མགུལ་རྒྱན་བྱས་པ། རིགས་ལྔས་དབུར་བརྒྱན་པ། ཕྱག་གཉིས་ཀྱིས་ཀླུ་རྒྱལ་གདུག་པ་ཅན་སྦྲུལ་གྱི་རྣམ་པའི་སྐེད་པ་ནས་བཟུང་ཞིང་མགོ་བོ་ཞལ་དུ་གསོལ་བ། མཇུག་མ་ཞབས་འོག་ཏུ་མནན་ནས་ཙོག་པུའི་འདུག་
སྟངས་ཀྱི་བཞུགས་པའོ། །ལྟེ་བར་སའི་དཀྱིལ་འཁོར་ལ་ལྀ། སྙིང་གར་ཆུ་ལ་ཨུ། མགྲིན་པར་མེ་ལ་རྀ། དཔྲལ་བར་རླུང་ལ་ཨི། གཙུག་ཏོར་དུ་ནམ་མཁའ་ལ་ཨི། ཐུགས་ཀར་ཉི་མ་ལ་ཀྵིཾ། དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿཧཱི། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱི་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། དབང་བསྐུར་རྡོ་རྗེ་སེམས་དཔས་དབུར་བརྒྱན། ཐུགས་ཀའི་ཀྵིཾ་གི་མཐར་སྔགས་ཀྱིས་བསྐོར་བར་གྱུར་པ་ལ་དམིགས་ཏེ། ཨོཾ་པ་ཀྵིཾ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ། རྒྱུད་ལས་བསྙེན་པའི་གྲངས་ཚད་བྱེ་བ་ཕྲག་གཅིག་ཏུ་བཤད་དོ། །འདིའི་སྙིང་གར་ཀྵིཾ་ཞུ་བ་ལས་རང་འདྲའི་ཡེ་ཤེས་སེམས་དཔའ་བསྒོམ་པ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཀྵིཾ་གི་མཐར་སྔགས་ཕྲེང་འགོད་པ་རྒྱུད་ཀྱི་མན་ངག་དམ་པའོ། །གཏོར་མ་མེད་ཀྱང་ཆོག་པར་བཞེད་ལ། བསྙེན་པའི་སྐབས་སུ་འབུལ་བར་སྤྲོ་ན་འོག་ཏུ་བསྟན་པ་བཞིན་བྱས་ཏེ་འབུལ་ལོ། །ཁྱུང་ཁྲ་ལ་རྭ་ཡོད་པ་རྒྱུད་ཀྱི་ལུགས་སུ་མི་འདོད་པར་སྣང་ངོ༌། །འདིའི་རྗེས་གནང་བྱེད་ན། ཡིད་མཐུན་གྱི་གནས་སུ་མཎྜལ་སྣ་ཚོགས་པདྨ་འདབ་བརྒྱད་ལ་ཚོམ་བུ་ཁ་དོག་ལྔ་ལྡན་ནམ་འབྲས་ཀྱི་ཚོམ་བུས་ཀྱང་རུང་བས་གཅིག་བཀོད། དེའི་གཡས་སུ་གཏོར་མ་ཟླུམ་པོ་རྩེ་མོ་དབལ་ཅན་མར་གྱི་རྒྱན་ཅན་ལ་ཙཀླི་ཡོད་ན་བཙུགས། དར་ལྗང་གུའི་གུར་ཕུབ། དེའི་མཐར་ཆུ་བཞི་དང་ཤར་དུ་དྲི་ཆབ། མེ་ཏོག་སོགས་མཆོད་པ་བཅུ་གཉིས་ཕྱོགས་མ་ལོག་པར་བཤམ། ནང་མཆོད་ཀྱིས་བསང་བ་དང་མཆོད་པ་བྱིན་རླབས་དཀྱུས་བཞིན་ལས། ཁྱད་པར། བླ་མ་དང་དུས་འཁོར་འདབ་ཆགས་མགོན་པོའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག་བརྗོད། སྔར་བཤད་པ་བཞིན་སྐྱབས་སེམས་ནས་བཟླས་པའི་བར་བྱ། དེ་ནས་མདུན་བསྐྱེད་མཎྜལ་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱཿཕཊ་ཀྱིས་བསང༌། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་པདྨ་ཟླ་བ་ཉི་མ་སྒྲ་
གཅན་དང་བཅས་པ་བརྩེགས་པའི་སྟེང་དུ་ཀླུའི་རྒྱལ་པོ་སོག་མ་མེད་གན་རྐྱལ་དུ་བསྒྱེལ་བའི་གདན་ལ་ཀྵིཾ་ཁ་དོག་ལྔ་ལྡན་ཞུ་བ་ལས། དུས་འཁོར་འདབ་ཆགས་ཀྱི་མགོན་པོ་སོགས་ནས། རྡོ་རྗེ་སེམས་དཔས་དབུར་བརྒྱན། ཞེས་པའི་བར་སྔར་བཞིན་བསྐྱེད། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་པ་ཀྵིཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཨོཾ་པ་ཀྵིཾ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱི་ཆུ་བཞི་དང་ལྷ་མོ་བཅུ་གཉིས་ཀྱིས་མཆོད། ཨོཾ་པཀྵིཾ་ན་མཿ ཞེས་ནང་གིས་མཆོད། གདེངས་ཅན་ཚོགས་རྣམས་འདུལ་མཛད་ཅིང༌། །འབྱུང་པོ་ཀུན་གྱི་གཤེད་གྱུར་པ། །དུས་ཀྱི་འཁོར་ལོ་གཤོག་སྒྲོ་ཅན། །འདབ་ཆགས་མགོན་པོ་ལ་ཕྱག་འཚལ། །ཞེས་པས་བསྟོད། གཏོར་མ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ་ཧོཿཤྲཱི་ཀཱ་ལ་ཙཀྲ་པ་ཀྵིཾ་ཏྲ་ས་པ་རི་ཝཱ་རེ་བྷྱཿ ཨྀ་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷུ་པཾ། དཱི་བཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཏྱ་ས་པ་རི་ཝཱ་ར་ཤཱི་གྷྲཾ་ཨི་བ་ལྱིཾ་གྲྀཧྞནྟུ། ཁཱ་དནྟུ། པི་བནྟུ། ཛཿཧཱུྃ་བཾ་ཧོཿ སཾ་ཏྲྀབྟ། སརྦ་སཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨཱ་བ་ར་ཎ། གུ་བྷིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ྄་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་གཉིས་ཀྱིས་ཕུལ། ནང་གིས་མཆོད། ཨོཾ་ཨཱཿཧཱུྃ་ཧོཿ གདེངས་ཅན་ཚོགས་རྣམས་འདུལ་མཛད་ཅིང༌། །ནས། ཕྱག་འཚལ། འཁོར་དང་བཅས་ལ་གཏོར་མ་དྲི། །མེ་ཏོག་བདུག་པ་སྒྲོན་མ་དང༌། །མ་ཉམས་པ་འདི་བདག་འབུལ་གྱིས། །འཁོར་བཅས་དེ་རྣམས་ཀྱང་བྱོན་ལ། །མྱུར་དུ་གཏོར་མ་འདི་བཟུང་མཛོད། །གསོལ་བར་མཛོད་ཅིག་བཏུང་བར་མཛོད། །ཛཿཧཱུྃ་བཾ་ཧོཿཡང་དག་ཚིམས། །སེམས་ཅན་ཀུན་ལ་ཞི་བ་དང༌། །རྒྱས་དང་བསྲུང་དང་སྐྱོབ་པ་དང༌། །སྦ་བར་མཛོད་ཅིག་ཧཱུྃ་ཧཱུྃ་ཕཊ། །རྡོ་རྗེ་འཆང་གི་བཀའ་བསྒོས་མཛོད། །སྭཱ་ཧཱ། ཞེས་བརྗོད་ལ་གཏོར་མ་འབུལ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཅི་འགྲུབ་ཀྱི་མཐར། བཅོམ་ལྡན་འདས་ཀྱིས་བདག་དང་སློབ་མ་རྣམས་ཀྱི་རྒྱུད་བྱིན་
གྱིས་རློབ་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སློབ་མ་རྣམས་ཁྲུས་ཕྱག་བྱས་ཏེ་གྲལ་ལ་འཁོད་པར་མེ་ཏོག་བཀྱེ་བསྡུ་གྲུབ་ནས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་ཞུ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་པར་བྱ་བའི་ཆོས་ནི་འདིར་སྐབས་སུ་བབས་པ་དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་གྱི་ནང་ནས་བརྟན་གཡོའི་དུག་ཞི་བར་བྱེད་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་རྗེས་གནང་སྒྲུབ་པར་བྱེད་པ་ལ། དེ་ཡང་འདི་ཉིད་ཀྱི་ཆོས་སྐོར་ནཱ་རོ་ཏ་པ་སོགས་ལས་བརྒྱུད་ནས་དཔལ་ས་སྐྱ་པ་ལ་བཀའ་བབས་པ་གསེར་ཆོས་མན་ངག་ལུགས་སུ་གྲགས་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་བཤད་ཀྱི་རྗེས་སུ་འབྲངས་ནས་ཁ་ཆེ་ཟླ་མགོན་སོགས་ལས་བརྒྱུད་པའི་ཁྱུང་ཁྲ་རྒྱུད་ལུགས་སུ་གྲགས་པ་གཉིས་ཡོད་པ་ལས། ད་ལམ་ཕྱི་མ་རྒྱུད་ཀྱི་བཤད་སྲོལ་ལས་བྱུང་བ་དེ་ཡིན་ཞིང༌། དེ་ཡང་བསྡུས་རྒྱུད་ལས། མཁའ་ལྡིང་གྲུབ་ན་གདེངས་ཅན་དབང་པོ་རྣམས་དང་གདེངས་ཅན་བདག་པོའི་བུ་རྣམས་མངག་གཞུག་ཉིད་དུ་འགྱུར། །རབ་མཆོག་ས་ཡི་སྟེང་དུ་འབྱུང་པོ་གནོད་སྦྱིན་གདོན་རྣམས་དག་དང་མཁའ་འགྲོ་མ་དང་མ་མོ་རྣམས། །སྔགས་ཀྱིས་དགུག་པར་རབ་ཏུ་འགྱུར་ཏེ་གདོན་གྱི་ཚོགས་པ་མཐའ་དག་དུས་ཀྱི་སོས་ཟིན་རྗོད་པར་བྱེད། །དེ་ཕྱིར་སེམས་ཅན་དོན་གྱི་སླད་དུ་དང་པོར་མི་རྣམས་ཀྱིས་ནི་མཁའ་ལྡིང་དབང་པོ་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། དེ་ལྟ་བུའི་རྗེས་གནང་ལ་སློབ་དཔོན་གྱི་བགྱི་བར་འོས་པ་ཐམས་ཅད་ཉེ་བར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། ཐོག་མར་སློབ་དཔོན་དང་དུས་ཀྱི་འཁོར་ལོ་འདབ་ཆགས་མགོན་པོ་ཐ་མི་དད་པ་
ལ་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བསྐུལ། དེ་ལྟར་མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། སྲིད་པའི་འཇིགས་པ་འཕྲོག་བྱེད་པ། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཕུན་སུམ་ཚོགས་པ་ཀུན་གྱི་གནས། །ཁྱོད་ཀྱི་ཞབས་ལ་སྐྱབས་སུ་མཆི། །ཟད་མེད་འཁོར་བའི་འཇིགས་པ་ལས། །བདག་གི་སྐྱབས་ནི་གཞན་མ་མཆིས། །དེ་བས་སྙིང་རྗེ་ཆེར་མཛད་ནས། །དེ་རིང་བདག་ལ་སྐུ་དྲིན་མཛོད། །ལན་གསུམ། རྒྱུད་དག་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་དུས་ཀྱི་འཁོར་ལོ་འདབ་ཆགས་མགོན་པོ་ཐ་མི་དད་པ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། སྐྱབས་སུ་འགྲོ་བ། དག་པ་གསུམ་གྱི་དངོས་པོ་འབུལ་བ། ཆོས་འཁོར་བསྐོར་བ། མྱ་ངན་ལས་མི་འདའ་བར་གསོལ་བ། དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ་སྟེ་བདུན་རྣམ་དག་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་སྡིག་པ་རྣམ་པ་མང་པོ་བསགས་པ་དག་ནི་བཤགས་པར་བགྱི་ནས། བདག་བགྱིད་དོ། །སླར་ཡང་ཐུན་མོང་མ་ཡིན་པའི་རིགས་དྲུག་གི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། འདོད་པའི་རྡོ་རྗེ་ལ་ནི་ཞེས་སོགས་རྡོ་རྗེ་ཤུགས་ཀྱི་རྗེས་གནང་སྐབས་སུ་དྲངས་པ་ལྟར་ལན་གསུམ། དེ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ལས་དང་པོ་སྐུའི་རྗེས་གནང་གི་ཆེད་དུ་སློབ་དཔོན་དུས་འཁོར་འདབ་ཆགས་ཀྱི་མགོན་པོ་རྡོ་རྗེ་ཁྱུང་ཁྲ་དངོས་ཡིན་སྙམ་པའི་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག དེ་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ཁྲ་བུན་
གྱིས་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུག་ལྔའི་ས་བོན་དང་དེ་ལས་བསྐྱེད་པའི་མཚན་རྟོག་ངན་པ། གཟའ་དང་ཀླུ་གཉན་གྱི་ཁ་རླངས་ལས་བྱུང་བའི་དུག་གམ། ན་ཚ། སྟེང་འོག་བར་གསུམ་གྱི་གདོན་ལ་སོགས་པ་མི་དམིགས་པར་སྦྱངས་ནས་ལུས་ཤེལ་གོང་དྲི་མ་དང་བྲལ་བ་ལ་ཉི་ཟེར་ཕོག་པ་ལྟ་བུའི་འོད་ཀྱི་ཕུང་པོར་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་ནས། ཧཾ། ཞེས་བརྗོད་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་སུ་གྱུར་པ་ལས་སྐད་ཅིག་གིས་པདྨ་ཟླ་བ་ཉི་མ་སྒྲ་གཅན་དང་བཅས་པ་བརྩེག་པའི་སྟེང་དུ་ཀླུའི་རྒྱལ་པོ་སོག་མ་མེད་གན་རྐྱལ་དུ་བསྒྱེལ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཀྱི་དྭངས་མ་ཀྵིཾ་ཁ་དོག་ལྔ་ལྡན་ཞུ་བ་ལས། ཁྱེད་རང་རྣམས་རེ་རེ་བཞིན་དུས་འཁོར་འདབ་ཆགས་ཀྱི་མགོན་པོ་ནས། ཐུགས་ཀར་ཉི་མ་ལ་ཀྵིཾ། ཞེས་པའི་བར་བརྗོད་ནས་གསལ་བཏབ། དེ་ལྟ་བུའི་སྐུ་ཅན་དུ་གསལ་བའི་ངང་ནས་སླར་ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་དུས་འཁོར་འདབ་ཆགས་ཀྱི་མགོན་པོ་རྡོ་རྗེ་ཁྱུང་ཁྲའི་སྐུ་ཆེ་བ་རི་རབ་ཙམ། འབྲིང་པོ་མི་ཚད་ཙམ། ཆུང་བ་རྡུལ་ཕྲན་ཙམ་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབས་པ་བཞིན་དུ་བྱུང་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་པ་ཀྵིཾ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་བརྗོད་ཅིང་སྤོས་རོལ་བྱ། དེས་རྡོ་རྗེ་ཁྱུང་ཁྲའི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་ལུས་
ཀྱི་འགལ་རྐྱེན་བར་ཆད་གཟའ་སྐར་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ཞི་བར་བྱས་ནས་རྡོ་རྗེ་ཁྱུང་ཁྲའི་སྐུ་ཡི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཀྵིཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས། མར་མེ་གཅིག་ལས་གཉིས་ཆད་ཀྱིས་ཚུལ་དུ་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ་ཀྵིཾ་གི་མཐར་གཡས་སྐོར་དུ་འཁོད་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། ཨོཾ་པ་ཀྵིཾ་སྭཱ་ཧཱ། ལན་གསུམ་གྱི་རྗེས་ཟློས་མཐར་བརྒྱ་རྩ་བཟླའོ། །དེ་ལྟར་བཟླས་པས་དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པ་མན་ཆད་ཀྱིས་བརྟན་པར་བྱས་ཏེ། དེའི་དྲིན་ལན་དུ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། མེ་ཏོག་དེ་ཉིད་སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སྤྱི་བོར་གཏད་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་རྡོ་རྗེ་ཁྱུང་ཁྲའི་གསུང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དམ་བཅའ་བའི་སླད་དུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྡོ་རྗེ་ཁྱུང་ཁྲ་ཡི་དམ་གྱི་ལྷར་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་
རིག་པ་འཛིན་པ་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དུས་ཀྱི་འཁོར་ལོ་འདབ་ཆགས་ཀྱི་མགོན་པོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །དེས་རྡོ་རྗེ་ཁྱུང་ཁྲའི་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང༌། ངག་གི་འགལ་རྐྱེན་བར་ཆད་གཟའ་སྐར་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ཞི་བར་བྱས་ནས་རྡོ་རྗེ་ཁྱུང་ཁྲའི་གསུང་གི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ་སློབ་དཔོན་ལ་མོས་གུས་དུང་པ་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རིགས་ལྔའི་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པར་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ས་བོན་ཀྵིཾ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། སླར་ཡང་དེ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་རྡོ་རྗེ་ཁྱུང་ཁྲའི་སྐུ་མཐེབ་སོར་གྱི་ཚད་ཙམ་ཞིག་རྒྱང་གིས་ཆད་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པ་དེ་ཉིད་ལ་དམིགས་པ་གཏད་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། རང་ཉིད་ཀྱང་ཐུགས་ཀའི་ས་བོན་ལ་ཐིམ། དེའང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ནས་རང་གཞན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཕྲ་རབ་རྡུལ་གྱི་ཆོས་ཉིད་ལས་འདས་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་དང༌། མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་དོན་རྒྱུད་ལ་སྐྱེས་པར་མོས་ཏེ་ཅུང་ཟད་མཉམ་པར་ཞོག་མཛོད། དེས་རྡོ་རྗེ་ཁྱུང་ཁྲའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང༌། ཡིད་ཀྱི་འགལ་རྐྱེན་བར་ཆད་གཟའ་སྐར་ཀླུ་གཉན་ས་བདག་གི་གནོད་པའམ། མཚན་རྟོག་ངན་པ་ཐམས་ཅད་ཞི་བར་བྱས་ནས་རྡོ་རྗེ་
ཁྱུང་ཁྲའི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། སྤྲོ་ན་གཏོར་མ་ལྷར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ལ། སྔགས་དང་འདོན་པ་བསྒྱུར་ནས་རྡོ་རྗེ་ཤུགས་ཀྱི་སྐབས་སུ་བཤད་པ་ལྟར་བཀའ་བསྒོ་བྱས་ཏེ་གཏོར་མའི་ལྷ་སློབ་མའི་སྤྱི་བོར་བསྟིམ་མོ། །དེས་རྗེས་གནང་གི་དངོས་གཞི་གྲུབ་ནས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་བྱ། གཏང་རག་གི་མཎྜལ་འབུལ་བར་ཞུ། མཇུག་ཏུ། དེང་ནས་སོགས་དཀྱུས་བཞིན་ནོ། །རྗེས་མཆོད་བསྟོད། བཟོད་གསོལ། ཙཀླི་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། མདུན་བསྐྱེད་ཀྱི་ཚོམ་བུའི་ཡེ་ཤེས་པ་རང་གི་སྙིང་གར་བསྡུས་ལ་ཀྵཿ ཞེས་ལག་གཉིས་ནང་བསྟན་གྱིས་གཤེགས་སུ་གསོལ་བའི་ཕྱག་རྒྱ་བྱ་ཞིང༌། ཇི་ལྟར་ཉི་མ་སོགས་སྨོན་ལམ་དང་ཤིས་བརྗོད་བྱའོ། །འདིའི་རྗེས་གནང་ལ་འཕགས་པ་རིན་པོ་ཆེས་མཛད་པ་དང༌། སྒྱི་ཆུ་མཁན་པོ་བྱམས་པ་ངག་དབང་དཔལ་བཟང་གིས་ཟུར་འདེབས་མཛད་པའི་ཕྱག་ལེན་རྣམས་གསེར་ཆོས་མན་ངག་ལུགས་ཡིན་ལ། ཕྱིས་སུ་རྨོར་ཆེན་གྱིས་མཛད་པའི་ཡི་གེ་སྣང་བ་ནི་དུས་འཁོར་རྒྱུད་ལུགས་ཀྱི་ཕྱག་ལེན་དང་མཐུན་པ་ཙམ་སྣང་ཞིང༌། རྒྱུད་ཀྱི་ལུགས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་ཆིངས་ཙམ་ལས་གཞན་མི་མཛད་ཅིང༌། སྒྱི་ཆུ་བའི་ཡི་གེ་ན་སྐུའི་རྗེས་གནང་ལ་བུམ་དབང་སོགས་དབང་བཞིའི་ཐ་སྙད་སྦྱར་འདུག་པས། དེ་འདྲའི་ཆོས་སྐད་བླ་མེད་སྤྱི་འགྲོ་ལ་མ་གཏོགས་དུས་འཁོར་གྱི་ལུགས་སུ་བྱས་ན་ཅིར་ཡང་མི་རུང་སྟེ། རྒྱུད་འདིའི་ལུགས་ལ་བྱིས་འཇུག་གི་དབང་བདུན་པོ་རྣམས་ལ་ཡང་བུམ་དབང་ཙམ་གྱི་ཐ་སྙད་སྦྱོར་རྒྱུ་མ་གསུངས་ན་རྗེས་གནང་ལ་དབང་བཞིའི་ཆོས་སྐད་སྦྱར་བ་དོན་མེད་དོ། །དེ་ཕྱིར་ཉ་དང་ཉུང་མ་བསྲེ་བར་མི་བྱའོ། །འདིའི་ལས་ཚོགས་རྣམས་ནི་སྔགས་འཆང་གཟུངས་ཀྱི་དཔལ་བས་
མཛད་པའི་ཡི་གེར་རྒྱུད་འགྲེལ་ལས་བྱུང་བ་དང་མན་ངག་ལས་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བཀོད་པར་གསལ་བའི་ཕྱིར་ཡི་གེ་དེ་ཉིད་ལས་རྟོགས་པར་བྱའོ། །དམ་པ་དང་པོའི་སངས་རྒྱས་དུས་འཁོར་གྱི། །བརྟན་གཡོའི་དུག་རྣམས་འཇོམས་པའི་གཉེན་པོའི་ལྷ། །རྡོ་རྗེ་ཁྱུང་ཁྲའི་སྒྲུབ་ཐབས་རྗེས་གནང་བཅས། །བྲིས་པའི་དགེ་བས་འགྲོ་ཀུན་རྒྱལ་གྱུར་ཅིག །ཅེས་པ་འདིའང་འདྲེན་མཆོག་བསྟན་པའི་སྒྲོན་མེ་རྗེ་བཙུན་མཁྱེན་བརྩེའི་ཞབས་ཀྱི་བཀའ་དྭངས་དུ་བླངས་ནས། བཙུན་པ་བློ་གསལ་བསྟན་སྐྱོང་གིས་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ། རྒྱལ་གྱི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་དཔལ་ཞྭ་ལུ་རི་ཕུག་ཏུ་བྲིས་པའོ།། །།
ཤོག་སྟོང་།
བཅོམ་ལྡན་འདས་འོད་དཔག་མེད་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་ཐར་པའི་ཤིང་རྟ།
བཅོམ་ལྡན་འདས་འོད་དཔག་མེད་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་ཐར་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། བསོད་ནམས་བརྒྱ་ལས་གྲུབ་པ་རྒྱལ་བའི་མཚན། །རྒྱུ་སྐར་དབུས་ན་ཉི་མའི་མཆོད་སྡོང་བཞིན། །ཞིང་རྡུལ་སྙེད་ཀྱི་འདྲེན་པ་ཟིལ་གནོན་པ། །བདེ་ཆེན་ཞིང་གི་མགོན་པོ་ལ་ཕྱག་འཚལ། །ཐུགས་རྗེའི་མངའ་བདག་ཤཱཀྱའི་རྒྱལ་པོ་ཡིས། །གདུལ་བྱ་བྱང་ཆུབ་ལམ་དུ་འདྲེན་པའི་ཐབས། །ཇི་སྙེད་གསུངས་ལས་བྱ་སླ་དོན་ཆེ་བ། །ད་ལྟར་སངས་རྒྱས་མངོན་སུམ་བཞུགས་པའི་མདོ། །བདེ་ཆེན་ཞིང་བཀོད་འོད་དཔག་མེད་པ་ཡི། །མདོ་སྡེ་སོགས་ལས་ཆེ་ཐང་བསྔགས་པ་གང༌། །མཆོག་དམན་འཇུག་བདེ་ཞུགས་ནས་མི་ལྡོག་པའི། །ལམ་འདིར་བློ་དམན་བདག་ཀྱང་སྤྲོ་བས་འཇུག །འདིར་འཇུག་པར་འདོད་པའི་སྐལ་བ་དགེ་བ་ཅན་དག །ཐོག་མར་སློབ་དཔོན་ལས་ལུང་ནོད་པར་བྱ་སྟེ་དེའི་ཚུལ་ནི། མཎྜལ་སྐུ་བརྙན་མཆོད་པའི་ཡོ་བྱད་འདུ་བྱས་ཏེ། ཐོག་མར་སློབ་དཔོན་གྱིས་སྒོམ་བཟླས་ཉམས་སུ་ལེན་པ་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། རང་གི་སྙིང་གར་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་འོད་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཉིས་
མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀར་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་དམིགས་ལ། ཨོཾ་ཨ་མྲྀ་ཏ་པྲ་བྷེ་ཨ་མྲྀ་ཏ་ཧཱུྃ། ཅི་ནུས་བཟླ། སློབ་མ་རྣམས་ཁྲུས་དང་ཕྱག་སྔོན་ཏུ་འགྲོ་བས་འཁོད་པ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྒོམ་བཟླས་ཀྱི་ལུང་བླང་ཞིང་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་གསལ་བཏབ་ནས། གང་གསན་པར་བྱ་བའི་ཆོས་ནི། དོན་དམ་དུ་སངས་རྒྱས་ཐམས་ཅད་མཉམ་པ་བཞི་དང་བཅུ་ལ་སོགས་པས་གསང་གསུམ་ཕྲིན་ལས་དང་བཅས་པ་མཉམ་ཞིང་མཚུངས་པ་ཁོ་ན་ཡིན་མོད་
ཀྱང༌། གདུལ་བྱའི་སྣང་ངོར་སྐུ་ཚེ་རིང་ཐུང་དང་མཛད་ཕྲིན་རྒྱ་ཆེ་ཆུང་ལྟར་སྣང་བ་ལས། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་འདི་ནི་སྔོན་འདས་པའི་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བར་གྱུར་པའི་ཚེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་གཅིག་ཏུ་བསྡུས་པ་ལས་ཀྱང་ཆེས་ལྷག་པ་སྔོན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མ་བྱུང་བ་ཡོངས་སུ་བཟུང་ནས། ངོ་མཚར་རྨད་དུ་བྱུང་བའི་སྨོན་ལམ་གྱི་ཁྱད་པར་མཐའ་ཡས་པ་བཏབ་ཅིང་མི་འཇིག་པའི་གོ་ཆ་ཆེན་པོ་བགོས་ཏེ་མཐའ་ཡས་པའི་བསྐལ་པ་རྣམས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སྨོན་ལམ་ཆེན་པོ་ཡང་དག་པར་བསྒྲུབས་པས་དགེ་བའི་རྩ་བ་མཐར་ཕྱིན་ཏེ། འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་པ་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སྐུ་ཚེའི་ཚད་བསྐལ་པ་དཔག་ཏུ་མེད་པར་བཞུགས། འོད་ཀྱི་སྣང་བས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་ཁྱབ་པར་མཛད། དགེ་འདུན་འདུས་པའི་རྒྱ་མཚོ་གཏིང་མཐའ་མི་མངོན་པས་བསྐོར་ཞིང༌། ད་ལྟར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ་སེམས་ཅན་གང་དག་བཅོམ་ལྡན་འདས་འོད་དཔག་མེད་དེའི་མཚན་ཐོས་ནས་དད་པ་སྐད་ཅིག་ཙམ་སྐྱེས་པས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར། དགེ་བའི་རྩ་བ་བསྐྱེད་ཅིང་བསམ་པ་ཐག་པ་ནས་ཞིང་དེར་སྐྱེ་བའི་ཕྱིར་ཡོངས་སུ་བསྔོས་ན་འཆི་འཕོས་མ་ཐག་འོད་དཔག་མེད་དགེ་སློང་གི་དགེ་འདུན་དང་བཅས་
པ་མངོན་སུམ་མཐོང་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཏུ་སྐྱེས་ཏེ་བྱང་ཆུབ་སྤྱོད་པ་དཔག་ཏུ་མེད་པ་སྤྱད་ནས་མྱུར་དུ་འཚང་རྒྱ་བར་འགྱུར་བ་སོགས་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མགྲིན་གཅིག་ཏུ་མཚན་དང་གྲགས་པ་སྒྲོག་ཅིང་བསྔགས་པ་མཐའ་ཡས་པ་རྟག་ཏུ་གསུངས་པར་མཛད་པ་དེ་ལྟ་བུའི་ངོ་མཚར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱི་བཟླས་ལུང་སྒྲུབ་ཐབས་དང་བཅས་པ་འཕགས་ཡུལ་ལྷོ་ཕྱོགས་ར་ཁང་ཙགྨར་སྐུ་འཁྲུངས་པའི་པཎྜི་ཏ་ཤཱཀྱ་རཀྵི་ཏ་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་སྩལ། དེ་ནས་གྲུབ་པའི་སློབ་དཔོན་རིམ་པར་བརྒྱུད་དེ་པཎྜི་ཏ་གང་བའི་རྡོ་རྗེ་ལས་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཏཱ་ར་ནཱ་ཐས་གསན་ཏེ་རྒྱལ་ཚབ་རྒྱ་མཚོ་རྣམ་གཉིས་སོགས་ལས། རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་གདམས་ངག་གི་བཀའ་མ་ཆད་པར་བྱོན་པ་དེ་ལྟ་བུའི་བཟླས་ལུང་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་སྒོམ་བཟླས་སྔོན་དུ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྒོམ་བཟླས་ཀྱི་ལུང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག དེ་ནས་ཐེག་པ་ཆེ་ཆུང་གི་ལམ་གྱི་སྒྲུབ་ཐབས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་ཚོགས་སོགས་ལན་གསུམ། ཁྱད་པར་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། དེ་ནས་ཁྱེད་རང་རྣམས་གཞན་དུ་མ་ཡེངས་པར་ལྷའི་རྣལ་འབྱོར་འདི་བཞིན་དུ་སྒོམས་འཚལ། ཞེས་བརྡ་སྦྱར་ལ། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ། ཞེས་པ་
ནས། ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཡན་མངོན་རྟོགས་ལྟར་བརྗོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ། མོས་གུས་མཛད་པས་སྔགས་ཕྲེང་གཉིས་པ་ཆད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྲུབ་མཐར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང༌། ཁྱད་པར་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ངག་ལ་ཐོགས་མེད་དུ་འཇུག་པར་གྱུར་ཅིག ཅེས་བརྗོད། སྔགས་ཀྱི་རྗེས་ཟློས་སྐབས་ཕྲེང་བ་སྦྲེལ། མཐར་མགོ་ལ་འཇོག་པར་མཛད། དེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྒོམ་བཟླས་ལེགས་པར་ཕུལ་གྲུབ་པ་ཡིན་པས་གཏང་རག་ཏུ་མཎྜལ་དང༌། དགེ་བསྔོ་བྱས་པས་འགྲུབ་བོ། །འདི་ནི་རྒྱུད་སྡེ་གང་རུང་གི་དབང་བསྐུར་སྔོན་ཏུ་ཐོབ་པ་ལ་བྱ་ཡི། དབང་བསྐུར་མ་ཐོབ་པ་ལ་བཟླས་ལུང་མི་འབོགས་པར་གསུངས་སོ། །ད་ནི་ཆོ་ག་དངོས་བཤད་པར་བྱ་སྟེ། གང་བསོད་ནམས་ཀྱི་ཚོགས་ཆེན་པོ་མྱུར་དུ་རྫོགས་པར་འདོད་པ་དང༌། གང་ཡེ་ཤེས་ཀྱི་ཚོགས་བདེ་བླག་ཏུ་འགྲུབ་པར་འདོད་པ་དང༌། གང་ཞིག་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བས་རྒྱལ་བའི་ཞལ་ལྟ་བ་ལ་རིང་བ་དང༌། གང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བདེ་བླག་ཏུ་གྲོལ་ཞིང་རྒྱལ་བའི་སྲས་ཀྱི་སྤྱོད་པ་མཐའ་ཡས་པ་བསྒྲུབ་པར་འདོད་པའི་བློ་ལྡན་དག་ནི་ཚུལ་འདི་ལ་ཕྱི་བཤོལ་མེད་པར་རྟག་ཏུ་འཇུག་པར་རིགས་ཏེ། དྭང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པ་གསུམ་ནི་གནས་དུས་ཡོ་བྱད་རྒྱུ་རྐྱེན་གྱི་གཙོ་བོ་ཉིད་དོ། །དེ་བས་གང་མོས་པས་སྤྱོད་པའི་སྐབས་དེའམ། རྒྱལ་བའི་དུས་ཆེན་ལྟ་བུར། གནས་ཁང་གཙང་ཞིང་མཛེས་བར་བརྒྱན་པའི་དབུས་སུ། བསོད་ནམས་
བརྒྱའི་མཚན་དང་ལྡན་པའི་རྒྱལ་བའི་སྐུ་བྲིས་འབུར་གང་ཡང་རུང་བ་མཆོད་པའི་རྟེན་ཏུ་བཞུགས་སུ་གསོལ་ཞིང༌། མ་འབྱོར་ན་མོས་པས་ཀྱང་ཁྱབ་ལ། དམིགས་པའི་རྟེན་ཙམ་དུ་བྱི་དོར་བྱས་པའི་མཎྜལ་དྲི་བཟང་གི་ཆག་ཆག་བཏབ་པ་ལ་རིན་པོ་ཆེའམ་འབྲུའི་ཚོམ་བུ་བཀོད་པས་ཀྱང་རུང་བ་ཉིད་དོ། །དེ་དག་གི་མདུན་ཏུ་མཆོད་པའི་མཎྜལ། ཁྲུས་ཀྱི་ཡོ་བྱད། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི། མེ་ཏོག་བདུག་སྤོས་མར་མེའི་ཕྲེང་བ། དྲི་བཟང་གི་ཡོན་ཆབ། ཞལ་ཟས་རོལ་མོའི་བྱེ་བྲག་རྣམས་དང༌། བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་སོགས་འབྱོར་པས་དཔག་པ་རྣམས་ཀྱི་ཡོ་བྱད་རེ་རེ་ལའང་བརྒྱའམ་སྟོང་ཕྲག་སོགས་ནུས་པ་མ་བསྲིས་པ་བཤམ་ཞིང༌། བླ་བྲེ་དང་བ་དན་ལ་སོགས་པ་མཆོད་པའི་ཡོ་བྱད་སྣ་ཚོགས་པས་གནས་ཁང་བརྒྱན་པ་སོགས་བཀོད་པའི་བྱེ་བྲག་ཚར་དུ་དངར་བ་བྱ། གལ་ཏེ་འབྱོར་པ་དམན་ལ་མོས་པ་དག་གིས་ནི་ཇི་ལྟར་འབྱོར་པའི་མེ་ཏོག་གིས་མཚོན། ལྷག་མ་དམིགས་པས་ཁྱབ་པར་བྱ་ཡི་མཐའ་གཅིག་ཏུ་སྤྲོས་པའི་ངོས་བཟུང་མེད་དོ། །སྟ་གོན་ཏུ་བྱ་བ་དེ་ཙམ་གྱིས་གྲུབ་ནས། ཆོ་གའི་ལས་རིམ་ལ་འཇུག་པ་ན་ཁྲུས་དང་གཙང་སྦྲ་བྱས། ཤེས་རབ་སྟོང་པ་ཉིད་དང༌། ཐབས་སྙིང་རྗེ་ཆེན་པོས་ཀུན་ལ་ཁྱབ་པར་བལྟས་ཏེ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། གང་ཞིག་བརྟེན་ནས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་དག་དོན་དྲན་བཞིན་ཏུ་བརྗོད་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་སུ་བསྒོམ། དེ་ལས་ལངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སེམས་ཅན་ཐམས་
ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམ་ཞིང༌། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད། བདེན་པ་དང་མོས་པ་ཙམ་གྱི་སྟོབས་ལ་བརྟེན་ནས་དེ་བཞིན་གཤེགས་པ་མཆོད་པའི་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། བྱིན་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང༌། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་གནས་འདིར་ས་གཞི་རིན་པོ་ཆེ་སྣ་བདུན་པའི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་ཞིང་ཡངས་པ། རེག་ན་འཇམ་ཞིང་བདེ་བ། ལྷའི་མེ་ཏོག་དྲི་ཞིམ་པོས་གཅལ་བཀྲམ་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་མཚོ་དང་རྫིང་བུ་དང་ལྟེང་ཀ་རིན་པོ་ཆེའི་ཕྱེ་མ་གྲམ་བུར་བདལ་ཞིང་ནོར་བུའི་ཕ་གུས་བརྩིགས་པ། ཨུཏྤལ་དང་ཀུ་མུ་ཏ་དང་པདྨ་དུ་མས་མཛེས་པ་དང༌། ཆུ་བྱ་སྐད་སྙན་པར་སྒྲོགས་པ་མང་པོས་གང་བ་རྣམས་དང༌། རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་རྣམ་པར་རྒྱས་པ་ལ་སོགས་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང་བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིག ལན་གསུམ་མམ་གཅིག དེའི་དབུས་སུ་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་
མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་ཀྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ་ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོ་ཡི་དགའ་བ་དང་བདེ་བ་ཆེན་པོས་བརྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ་ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར། དེའི་དབུས་སུ་ལྷ་དང་ཀླུ་དང་མི་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཁྲིའི་སྟེང་དུ་ལྷ་མིའི་གོས་རིན་ཐང་མེད་པ་བཏིང་བའི་སྟེང་དུ། གཙང་ཞིང་དྲི་མ་མེད་པའི་པདྨའི་གདན་སྣ་ཚོགས་པ་བཤམས་པ་སོ་སོར་གསལ་བར་གྱུར། ཁྲི་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་དང་ལྷ་དང་མིའི་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་བླ་རེ་དང༌། འཕན་དང་ལྡ་ལྡི་དང་ལྷའི་མེ་ཏོག་མནྡཱ་ར་བ་ལ་སོགས་པ་རྣམས་ཀྱི་ཆར་
དང༌། བླ་རེ་དང་གདུགས་དང་འཕན་དང༌། ལྡ་ལྡི་ལ་སོགས་པ་མཛེས་པར་བྲེས་ཤིང༌། ལོགས་རྣམས་ཀྱང་རིན་པོ་ཆེ་དང༌། དར་དང་མེ་ཏོག་ལ་སོགས་པའི་དྲྭ་བ་དང་དྲྭ་ཕྱེད་དང་འཕན་དང་ལྡ་ལྡི་ལ་སོགས་པས་མཛེས་པ་དང༌། ས་གཞིར་ལྷ་དང་མིའི་མེ་ཏོག་སིལ་མ་བཀྲམ་ཞིང༌། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་ལྟ་བུའི་མཆོད་པའི་སྤྲིན་གྱི་རྒྱ་མཚོ་ཕུལ་དུ་བྱུང་ཞིང་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་རྒྱས་པར་གང་ཞིང་ཟད་མི་ཤེས་པ་དང་ལྡན་པར་གྱུར། དེ་དག་ཐུན་མོང་དུ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། བྱིན་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང༌། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་དེ་དེ་བཞིན་ཏུ་གྱུར་ཅིག ལན་གསུམ་མམ་བསྡུ་ན་ཚར་གཅིག་བཟླས། སྙན་གསན་དབབ་ཅིང་སྤྱན་འདྲེན་པ་ནི་དད་པ་ཆེན་པོས་པུས་བཙུགས་ཐལ་མོ་སྦྱར་ཏེ་མེ་ཏོག་བཀྲམ། སྤོས་ཐོགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ། སྐུ་ཚེ་དཔག་ཏུ་མེད་པ། འོད་ཀྱི་སྣང་བ་མཐའ་ཡས་པ། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་རྒྱ་མཚོ་ལྟ་བུའི་འཁོར་གྱིས་བསྐོར་བ། ཕྱོགས་བཅུའི་རྒྱལ་བ་སྲས་དང་
བཅས་ཤིང་དམ་པའི་ཆོས་སྐྱོང་བའི་ཞབས་འབྲིང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་གི་དྲི་མ་སྦྱོང་ཞིང་བསོད་ནམས་ཀྱི་ཚོགས་སྤེལ་བའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་དེང་དུས་ལ་བབས་ཀྱིས་དགོངས་པར་མཛད་དུ་གསོལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བདེ་བ་ཅན་གྱི་ཞིང་ཁམས་ནས་སྔོན་གྱི་ཐུགས་དམ་ལས་བརྩམས་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ལས་མངོན་པར་གཤེགས་ཏེ་གཞལ་མེད་ཁང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱས་པའི་དྲུང་དུ་སེང་གེའི་ཁྲི་ཆེན་པོ་ལ་དེ་བཞིན་གཤེགས་པ་འོད་དཔག་མེད། འཁོར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པའི་ཆོས་སྐྱོང་བ་རྒྱ་མཚོ་བཅས་མངོན་སུམ་དུ་བཞུགས་ཤིང༌། ཐུགས་རྗེ་ཆེན་པོས་དགོངས་པར་གྱུར། བཞུགས་སུ་གསོལ་བ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་དང༌། རིན་ཆེན་
དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སངས་རྒྱས་སྲས་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་འཁོད་པར་ཤོག །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །མཆོད་ཡོན་གྱི་ཆུ་བཟེད་ཞལ་དུ་སྦྲེངས་ལ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་གདུང་བ་སེལ་སླད་དུ། །ཡན་ལག་བརྒྱད་ལྡན་ཆུ་གཙང་ཡིད་དུ་འོང་བ་འདི། །བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་འདི་དག་གོ །བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། །ཉོན་མོངས་བཀྲེས་སྐོམ་ཞི་བ་དང༌། །སྦྱིན་སོགས་ཡོན་ཏན་ལྡན་པ་ཡི། །སྐོམ་ནད་མེད་པར་སྐྱེ་བར་ཤོག །ཆུ་དཱུརྦའི་ཆུན་པོས་བླངས་ཏེ་ཆོལ་ཟངས་སུ་ཞབས་བཀྲུ་བའི་ཚུལ་བྱ་ཞིང༌། ངང་པའི་མཆོག་ལྟར་སོར་མོ་དྲྭ་བས་འབྲེལ། འཁོར་ལོའི་མཚན་ཅན་མཛེས་པའི་ཞབས་ཟུང་ལ། །དག་བྱེད་ཕུལ་བས་སྐྱེ་བོ་མ་ལུས་པ། །རྫུ་འཕྲུལ་རྐང་པ་མཆོག་དང་ལྡན་གྱུར་ཅིག །ཁྲུས་གསོལ་བ་ནི། ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དྲི་དང་བཅས་པའི་འདག་ཆལ་དཱུརྦས་བྱུག་ཅིང༌། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་གྱུར་པའི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་
ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །སྐུ་ཕྱི་ཞིང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །གོས་ཟུང་ངུར་སྨྲིག་འབུལ་ཞིང༌། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཅེས་སྤྱན་འདྲེན་ཡན་ལག་བཅས་སོང་ནས། ཚོགས་བསགས་པའི་ཐོག་མར་ཕྱག་འཚལ་བ་ནི། འགྲེངས་ཏེ་གནས་ལྔ་འདུད་པའི་ཕྱག་བཅས། ན་མོ་མཉྫུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ལན་གསུམ་སྔོན་དུ་འགྲོ་བས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པས། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །
ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་ཅིང༌། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །མི་འཁྲུགས་པ་དང་ལྷུན་པོའི་རྒྱལ་མཚན་དང༌། །ལྷུན་པོ་ལྷུན་པོ་ཆེན་པོ་ལྷུན་ཆེན་སྣང༌། །འཇམ་སྒྲ་འཇམ་པའི་དབྱངས་སོགས་ཤར་ཕྱོགས་ཀྱི། །སངས་རྒྱས་དཔག་ཏུ་མེད་ལ་ཕྱག་འཚལ་ལོ། །ཉི་ཟླ་སྒྲོན་མ་གྲགས་པ་གྲགས་པའི་འོད། །འོད་འཕྲོ་ཕུང་པོ་ལྷུན་པོའི་སྒྲོན་མ་དང༌། །བརྩོན་འགྲུས་མཐའ་ཡས་ལ་སོགས་ལྷོ་ཕྱོགས་ཀྱི། །སངས་རྒྱས་དཔག་ཏུ་མེད་ལ་ཕྱག་འཚལ་ལོ། །ཚེ་དཔག་མེད་དང་ཕུང་པོ་དཔག་མེད་དང༌། །རྒྱལ་མཚན་དཔག་མེད་འོད་ཆེན་འོད་ཟེར་སྣང༌། །རིན་ཏོག་འོད་ཟེར་དག་སོགས་ནུབ་ཕྱོགས་ཀྱི། །སངས་རྒྱས་དཔག་ཏུ་མེད་ལ་ཕྱག་འཚལ་ལོ། །འོད་འཕྲོའི་ཕུང་པོ་ཆེན་པོ་སྒྲོལ་བའི་དབྱངས། །རབ་ཏུ་ཐུལ་དཀའ་ཉི་འབྱུང་དྲྭ་
ཅན་འོད། །འོད་ཀྱི་འབྱུང་གནས་ལ་སོགས་བྱང་ཕྱོགས་ཀྱི། །སངས་རྒྱས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་སེང་གེ་དང་ནི་གྲགས་པའི་མཚན། །གྲགས་འོད་ཆོས་དང་ཆོས་འཛིན་ཅེས་བྱ་དང༌། །ཆོས་ཀྱི་རྒྱལ་མཚན་ལ་སོགས་འོག་ཕྱོགས་ཀྱི། །སངས་རྒྱས་དཔག་ཏུ་མེད་ལ་ཕྱག་འཚལ་ལོ། །ཚངས་དབྱངས་སྐལ་རྒྱལ་སྤོས་མཆོག་སྤོས་ཀྱི་འོད། །སྤོས་ཕུང་མེ་ཏོག་ཤིན་ཏུ་རྒྱས་པའི་རིགས། །སྭ་ལའི་དབང་རྒྱལ་རིན་ཆེན་ཨུཏྤལ་འདབ། །མཐོང་བ་དོན་ཡོད་རི་རབ་ལྟ་བུ་སོགས། །སྟེང་ཕྱོགས་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའ་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང༌། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་པ་དང༌། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆགས་པ་དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུར་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །
ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །དེ་ནས་མཆོད་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་ཀྱི་ཐོག་མར་མཎྜལ་རྒྱས་པར་ཕུལ་ལ་ཡོངས་སུ་བསྔོ་བའི་འཁོར་ལོའི་མདོ་ལས་བྱུང་བ་འདི་དོན་དྲན་བཞིན་བཀླག་པར་བྱ་སྟེ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༌། རྡོ་རྗེ་འཛིན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཡང་དག་པའི་ལམ་ལ་བདེ་བར་གནས་པ་མ་ཐོབ་པས་དེང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་གི་ལུས་དང་སེམས་འདི་དུས་ཐམས་ཅད་དང༌། རྣམ་པ་ཐམས་ཅད་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་གི་ལུས་འབུལ་གྱིས། མཐུ་ཆེན་པོ་མངའ་བའི་དེ་བཞིན་གཤེགས་པ་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་བཞེས་སུ་གསོལ། བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང༌། བརྩོན་འགྲུས་རྩོམ་པ་དང༌། སེམས་ཀྱི་རྒྱ་བསྐྱེད་པ་དང༌། རབ་ཏུ་ཞི་ཞིང་དུལ་བ་དང༌། དབང་དང༌། མངོན་པར་ཤེས་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མྱུར་དུ་ཡོངས་སུ་རྫོགས་པར་གྱུར་ཅིག ཡང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་འཁོར་བ་ན་འཁོར་ཞིང་བཅིང་བ་ཆེན་པོས་བཅིངས་པར་གྱུར་པ། བཙོན་ར་ན་གནས་པ། ཡང་དག་པའི་ལམ་དང་བྲལ་བ། ཉོན་མོངས་པའི་དགྲའི་དབང་དུ་གྱུར་པ། མགོན་མེད་པ། སྐྱབས་མེད་པ། མིག་མེད་པ། རྟེན་མེད་པ། གཙོ་བོ་མེད་པ། འདྲེན་པ་མེད་པར་གྱུར་པ། ལམ་
གོལ་བར་སོང་བ། འཁོར་བ་ལ་གཞོལ་བ། མྱ་ངན་ལས་འདས་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པ། ངན་འགྲོ་ལ་ཕྱོགས་པ། ལམ་ངན་པ་ལ་བསྟེན་པ། ལམ་ངན་པར་ལྷུང་བར་གྱུར་པ། རྟག་ཏུ་བཤེས་གཉེན་ངན་པས་ཟིན་ཅིང་དགེ་བའི་བཤེས་གཉེན་དང་བྲལ་བ། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་དང༌། ཕན་པར་འགྱུར་བ་དང༌། ཕན་པ་མེད་པ་དང༌། དོན་ཡོད་པ་དང་དོན་མེད་པ་ལ་རྨོངས་པར་གྱུར་པ། དགེ་བའི་ཆོས་དང་བྲལ་ཞིང་མི་དགེ་བ་ཆེན་པོ་བསྒྲུབས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཕགས་པ་རྣམས་ལ་རྟག་ཏུ་རྒྱབ་ཀྱིས་ཕྱོགས་པ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་གཟིར་ཅིང་མི་བདེ་བ་ཆེན་པོ་བསྒྲུབས་པ། འཇིགས་པ་མེད་པ། བག་ཚ་བ་མེད་པ། སེམས་རྟག་ཏུ་ཡེངས་པར་གྱུར་པ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཞི་ཞིང་དབེན་པ་དང༌། སྒྲུབ་པ་དང༌། བག་ཡོད་པ་དང་བྲལ་བར་གྱུར་པ། གཟུངས་དང༌། ཏིང་ངེ་འཛིན་གྱི་སྒོ་དང༌། ས་བཅུའི་ཆོས་ཀྱི་བཟོད་པ་ལ་བདེ་བར་གནས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དང་མཉམ་པ་ཉིད་ལས་རིང་དུ་གྱུར་པ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚད་མེད་པ་བཞི་མི་སྒྲུབ་པ་དང༌། བྱང་ཆུབ་སེམས་དཔའི་ལྷག་པའི་ཚུལ་ཁྲིམས་དང་མི་ལྡན་པར་གྱུར་པ་དང་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཡེ་ཤེས་ཆེན་པོ་ལས་རིང་དུ་གྱུར་པ་དང༌། མྱ་ངན་ལས་འདས་པའི་རྒྱུ་དགེ་བའི་ཆོས་སྒྲུབ་པ་ལ་བདེ་བར་གནས་པ་མ་ཐོབ་པ་དང༌། རྫུ་འཕྲུལ་དང༌། སྟོབས་དང༌། མི་འཇིགས་པ་དང་བྲལ་བར་གྱུར་པ་དང༌། ཡང་དག་པའི་དྲན་པ་ལ་མི་གནས་པ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་ལ་སྤྱོད་ཅིང་གཞོལ་བར་འཇུག་པ་མི་འགྲུབ་པ་དང༌། བསོད་ནམས་བྱེད་པ་ལ་གཡེལ་ཞིང་ལྟ་བ་སྙེམས་པ་དང་ཐེ་ཚོམ་གྱི་སྒྲིབ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་མངོན་
པར་མི་རྟོགས་པ་དང༌། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་མི་སྒྲུབ་པ་དང༌། ཉོན་མོངས་པ་བརྒྱ་སྟོང་ཚད་མེད་པས་ཟིལ་གྱིས་ནོན་ཅིང་སྡུག་བསྔལ་རྣམ་པ་མང་པོས་སྡུག་བསྔལ་ཞིང་ཡོངས་སུ་མནར་ཏེ། རྟག་ཏུ་གདུང་བ་བསམ་པ་ཞན་པས་ཁྲོ་ཞིང་རྟག་ཏུ་གཡེང་བ། ཉོན་མོངས་པ་བརྒྱ་སྟོང་ལ་རྒྱུན་གཞོལ་བར་གྱུར་པ། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའི་ཐུགས་རྗེ་ཆེན་པོ་ལ་གནས་པ་རྣམས་ཀྱིས་བདག་གི་སྐྱབས་མཛད་པར་གསོལ། བདག་གི་རྟེན་མཛད་པར་གསོལ། བདག་གི་འདྲེན་པར་མཛད་པར་གསོལ། བདག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་ལམ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་སོགས་པ་ཡོངས་སུ་རྫོགས་པར་གྱུར་ཅིག བདག་མྱུར་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། དེ་བཞིན་གཤེགས་པའི་ཆོས་སྤོབས་པ་ཐོགས་པ་མེད་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། རྣམ་པར་གྲོལ་བའི་ཡོན་ཏན་དང༌། རྫུ་འཕྲུལ་དང༌། མངོན་པར་ཤེས་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག བདག་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིག མཆོད་པའི་སྤྲིན་འབྱུང་བའི་གཟུངས་སྔགས་ནི། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ལན་གསུམ། སངས་རྒྱས་བཅོམ་ལྡན་འདས་མཐུ་ཆེན་པོ་མངའ་བ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ།
དེང་བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་དང༌། རིམ་གྲོ་ཆེན་པོ་བགྱིས་ཏེ་ལུས་འབུལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཇི་སྙེད་རྒྱན་དང༌། ཡོ་བྱད་བཟང་པོ་ཐམས་ཅད་རིན་པོ་ཆེའི་གཞལ་མེད་ཁང་པ་རྣམ་པ་སྣ་ཚོགས་པ་དང༌། རིན་པོ་ཆེའི་རྒྱན་ཐམས་ཅད་དང༌། རིན་པོ་ཆེའི་ཤིང་དང༌། རིན་པོ་ཆེའི་རི་དང༌། རིན་པོ་ཆེའི་བ་དན་དང༌། རིན་པོ་ཆེའི་དཀྱིལ་འཁོར་དང༌། རིན་པོ་ཆེའི་དབྱིག་རྣམ་པར་བཀྲ་བ་དང༌། རིན་པོ་ཆེའི་གདུགས་དང༌། རིན་པོ་ཆེའི་རྒྱལ་མཚན་དང༌། རིན་པོ་ཆེའི་དོ་ཤལ་གྱི་རྒྱན་དང༌། མུ་ཏིག་གི་དྲྭ་བ་དང༌། རིན་པོ་ཆེའི་སྣོད་དང༌། རིན་པོ་ཆེའི་ཕུང་པོ་དང༌། རིན་པོ་ཆེ་འོད་འཕྲོ་བ་དང༌། རིན་པོ་ཆེའི་གླིང་དག་ནས་ནོར་བུ་རིན་པོ་ཆེ་ཆེན་པོ་རྣམ་པར་དག་པའི་མར་མེའི་སྡོང་བུ་དང༌། རིན་པོ་ཆེའི་དྲིལ་བུའི་སྒྲ་འཁྲོལ་བ་ལ་ནོར་བུ་རིན་པོ་ཆེ་འོད་འཕྲོ་བ་གསེར་བཙོ་མའི་སྤར་ཁབ་ཅན་གྱི་དོམ་དོམ་པོ་ལོང་དཔྱངས་པས་ཡོངས་སུ་ཁེབས་པ། གསེར་བཙོ་མའི་མེ་ཏོག་འཛམ་བུའི་གསེར་གྱི་ཟེ་བ་ཅན། གསེར་གྱི་ཤིང་ལྗོན་པས་དཀྲིས་པ། གསེར་གྱི་ཕོ་བྲང་སྣ་ཚོགས་རིན་པོ་ཆེའི་སྤྲིན་ཆགས་པ། རིན་པོ་ཆེའི་ཐིགས་པ་ཆར་དུ་འབབ་པ། རིན་པོ་ཆེ་རྣམ་པ་མང་པོའི་མཛོད་ཀྱི་ཕོ་བྲང༌། ལྷ་རྫས་ཀྱི་ནོར་བུའི་རྩིག་ངོས་སྤྲས་པ། རིན་པོ་ཆེའི་ཤིང་ཐམས་ཅད་རིག་འཛིན་ཆེན་པོའི་སྐྱེད་མོས་ཚལ་གྱི་རྭ་བ་ཡིད་དུ་འོང་བ། རིན་པོ་ཆེའི་ཕོ་བྲང་དང༌། གནས་དང༌། ཤིང་དང༌། ནགས་ཚལ་ལ་སོགས་པ་ཐམས་ཅད་ཀྱང་ཡིད་དུ་འོང་བ་དེ་ལྟ་བུ་བདག་པོ་མེད་པ་འཛིན་པ་མེད་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོངས་སུ་བསྔོ་ཞིང་འབུལ་ལོ། །འཛམ་བུའི་གླིང་ན་སྨན་བཟང་པོ་རིང་དུ་འཚོ་བར་བྱེད་པ་ལ་སོགས་པའི་རྣམ་པ་ཇི་སྙེད་ཡོད་པ་དང༌། ནོར་བུ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་
སུ་སྐོང་བ་དང༌། མ་གཡོས་པར་རང་བཞིན་གྱིས་བདའ་བའི་ཞལ་ཟས་བཟང་པོ་དང༌། སྤོས་ཀྱི་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་པ་དང༌། ཙནྡན་གྱི་ཤིང་དང༌། ཨ་ག་རུ་དང༌། ཙནྡན་དམར་པོ་དང༌། ལོ་མ་ཆེ་ཞིང་མེ་ཏོག་རྟག་པར་བསུང་གིས་གཟི་བར་བྱེད་པའི་ཤིང་རྣམ་པ་སྣ་ཚོགས་དང༌། ཡིད་དུ་འོང་བའི་ལྷ་རྫས་ཀྱི་སྤོས་མ་བཟུང་བ་ཡོངས་སུ་མ་བཟུང་བ་དང༌། དཔག་བསམ་གྱི་ཤིང་རྣམ་པ་སྣ་ཚོགས་པ་དང༌། རྒྱ་མཚོ་ཆེན་པོའི་ནང་ནས་འབྱུང་བ་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པ་དང༌། རི་རབ་ལྷུན་པོ་དང༌། རི་ཏི་སེ་དང༌། སྤོས་ཀྱི་རི་དང༌། རི་མ་ལ་ཡ་དང༌། རི་བཏང་བཟུང་དང༌། རི་མ་ཧ་ལ་དང༌། རྡོ་རྗེའི་རི་ལ་སོགས་ཏེ་རི་ཆེན་པོ་རྣམ་པ་དེ་དག་གིས་རིན་པོ་ཆེའི་ཟོམ་སྣ་ཚོགས་དང༌། རིན་པོ་ཆེའི་སྟེགས་དང༌། རྡོ་པ་རིན་པོ་ཆེ་དང༌། རིན་པོ་ཆེའི་ཕུག་དང༌། རིན་པོ་ཆེའི་ཕོ་བྲང་དང༌། རིན་པོ་ཆེའི་རྒྱུན་དང༌། རིན་པོ་ཆེའི་ཞོགས་མ་དང༌། རིན་པོ་ཆེའི་ལམ་སྲང་མང་པོ་དང༌། ནོར་བུ་རིན་པོ་ཆེའི་ཀ་བ་མང་པོ་དང༌། རིན་པོ་ཆེའི་སྒྲོན་མེའི་འཁོར་ལོ་མང་པོ་དང༌། བཻ་ཌཱུརྻ་ལ་སོགས་ཏེ་ནོར་བུའི་རིགས་རྣམ་པ་མང་པོ་དང༌། ཇི་ཙམ་དུ་གནམ་གྱི་སྟེང་ན་བདག་པོ་མེད་པའི་ལྷའི་ཕོ་བྲང་ལྷའི་ནོར་རྣམ་པ་མང་པོ་ཡིད་དུ་འོང་ཞིང་བལྟ་བར་འོས་པ་དང༌། ལྷའི་རོལ་མོའི་ཡོ་བྱད་རྣམ་པ་མང་པོ་རླུང་གི་ངད་ཀྱིས་བསྐྱོད་པ་ཙམ་གྱི་སྒྲ་སྙན་པར་འབྱིན་པ་དང༌། ནམ་མཁའ་ལ་གནས་པའི་ཕོ་བྲང་ནས་རོལ་མོའི་སྒྲ་སྙན་པར་འབྱིན་པ་དང༌། ལྷའི་རོལ་མོ་རྣམ་པ་མང་པོ་མ་བསྐྱོད་པར་སྒྲ་སྙན་པར་འབྱིན་པ་དང༌། ལྷའི་བྱ་སྣ་ཚོགས་ནམ་མཁའི་ཕོ་བྲང་ནས་སྙན་པའི་སྒྲ་སྣ་ཚོགས་འབྱིན་པ་དང༌། རིན་པོ་ཆེའི་སྤྲིན་སྣ་ཚོགས་ལས་སྒྲ་སྙན་པ་ཆེན་པོར་འབྱུང་བ་དང༌། ལྷའི་ནོར་བུ་རིན་པོ་ཆེའི་དབྱངས་སྙན་པའི་སྒྲ་སྒྲོགས་
པ་དང༌། གཞན་ཡང་ལྷའི་དྲིའི་ཤིང་དང༌། མེ་ཏོག་གི་ཤིང་མང་པོ་དང༌། ཕྲེང་བའི་ཤིང་དང༌། བྱུག་པ་མང་པོ་དང༌། བདུག་པའི་སྤོས་ཀྱི་ཤིང་དང༌། སྒྲོན་མེའི་ཤིང་དང༌། རྒྱལ་མཚན་གྱི་ཤིང་དང༌། བ་དན་གྱི་ཤིང་དང༌། རིན་པོ་ཆེའི་ཤིང་ལ་སོགས་པ་དེ་དག་ཐམས་ཅད་མ་བཟུང་བ་ཡོངས་སུ་མ་བཟུང་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ་ལོ། །ཇི་ཙམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་དག་ན་མཆོད་པའི་སྤྲིན་ཆེན་པོ་མེ་ཏོག་གི་སྤྲིན་དང༌། སྤོས་ཀྱི་སྤྲིན་དང༌། ཕྲེང་བའི་སྤྲིན་དང༌། བདུག་སྤོས་ཀྱི་སྤྲིན་དང༌། བྱུག་སྤོས་ཀྱི་སྤྲིན་དང༌། རིན་པོ་ཆེའི་གདུགས་ཀྱི་སྤྲིན་དང༌། རིན་པོ་ཆེའི་རྒྱལ་མཚན་གྱི་སྤྲིན་དང༌། རིན་པོ་ཆེའི་བ་དན་གྱི་སྤྲིན་དང༌། རིན་པོ་ཆེའི་གོས་ཀྱི་སྤྲིན་དང༌། རིན་པོ་ཆེའི་རྣམ་པའི་སྤྲིན་དང༌། རིན་པོ་ཆེའི་ཕུང་པོའི་སྤྲིན་ལ་སོགས་ཏེ། རིན་པོ་ཆེ་ཆེན་པོའི་སྤྲིན་རྣམ་པ་དེ་དག་དང༌། གཞན་ཡང་སྤོས་ཀྱི་འབྲུ་མར་གྱིས་མར་མེའི་སྣོད་ཆེན་པོ་བཀང་བ་སྟོང་གི་འཇིག་རྟེན་གྱི་ཚད་དང་མཉམ་པ། མར་མེའི་སྙིང་པོ་རི་རབ་ཀྱི་ཚད་ཙམ་པ་སྒྲོན་མར་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་མཆོད་ཅིང་དབུལ་ལོ། །དེ་བཞིན་དུ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པའི་བསོད་ནམས་དམ་པ་ཇི་ཙམ་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །གང་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགེ་བ་མང་པོ་བརྩམས་ཏེ། དམིགས་སུ་མེད་པའི་ཚུལ་གྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་ཏུ་བདག་གིས་ཀྱང་བསོད་ནམས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་
པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ཆེན་པོ་ནི་བསྐོར། བདུད་ཀྱི་སྡེ་རྣམས་ནི་ཕམ་པར་བྱས་ནས་མྱ་ངན་ལས་འདའ་བར་གཤེགས་པར་དགོངས་པ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བསྐལ་པ་ཆེན་པོ་གཅིག་ཚང་བར་བཞུགས་པར་གསོལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱིས་བསོད་ནམས་ཅི་བསྒྲུབས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །དུས་གསུམ་གྱི་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡིག་པ་དང་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བཤགས་པ་དེ་བཞིན་ཏུ་བདག་གིས་ཀྱང་ཡོངས་སུ་བཤགས་ཤིང་ཡོངས་སུ་སྦྱོང་ངོ༌། །ཞེས་བརྗོད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་དམིགས་པའི་སྤྱན་སྔར་གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླའོ། །ཨོཾ་སམྦྷ་ར་སམྦྷ་ར་བྷི་མ་ན་ས་ར། མ་ཧཱ་ཛཱ་བཱ་ཧཱུྃ། དེ་ནས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་
དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པ་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང༌། དེ་བཞིན་གཤེགས་པ་འོད་དཔག་མེད་པ་ལ་སོགས་པ། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཕྱག་འཚལ་བ་དང༌། མཆོད་ཅིང་སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང༌། དེ་དག་གི་མཐུ་དཔལ་དང་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་བདག་ཅག་གི་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ལུས་ལ་ནད་མེད་པ་དང་ཚེ་རིང་བར་གྱུར་ཅིག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གོ་འཕང་མཆོག་བརྙེས་པར་གྱུར་ཅིག ཡུལ་ཁམས་ཐམས་ཅད་དུའང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་པ་དང་དགྲའི་གནོད་པ་ལ་སོགས་པ་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བར་གྱུར་ཅིག ཆར་ཆུ་དུས་སུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང༌། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ཏེ་ཚོགས་
གཉིས་རྫོགས་ཏེ་སངས་རྒྱས་པར་གྱུར་ཅིག ཁྱད་པར་དུ་བདག་དང་ཕ་མ་སྦྱིན་པའི་བདག་པོས་གཙོར་བྱས་བཟང་ངན་གྱི་འབྲེལ་པས་བསྡུས་པའི་སེམས་ཅན་ཐམས་ཅད་ཚེ་འདི་འཕོས་མ་ཐག་པར་སྲིད་པ་གཞན་དུ་ཉིང་མཚམས་མི་སྦྱོར་བར་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཏུ་བརྫུས་ཏེ་སྐྱེས་ནས། རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་དམ་པའི་ཆོས་མཉན་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ཅིག དེ་ནས་སྤྲོ་ཞིང་ནུས་ན་ཤིང་རྟ་ཆེན་པོའི་ལུགས་གཉིས་དང་འབྲེལ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྒྱས་པ་བླང༌། མདོར་བསྡུ་ན། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོགས་ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་ལན་གསུམ་གྱིས་སྐྱབས་གསུམ་སྔོན་དུ་འགྲོ་བའི་སྨོན་འཇུག་གི་སེམས་བཟུང་ལ། དེང་དུས་བདག་ཚེ་སོགས་མཇུག་གི་ཆོ་གའང་བརྗོད་དོ། །སླར་ཡང་ཁྱད་པར་དུ་མཆོད་ཅིང་སྨོན་ལམ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་ནམ་ཉེར་གཅིག་བརྒྱ་རྩ་སྐབས་བསྟུན་བརྗོད་ཅིང༌། ནུས་ན་ཕྱག་འཚལ་བའི་གཟུངས་སྔོན་ཏུ་འགྲོ་བས་དངོས་སུ་ཕྱག་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གསུམ་རེའམ་བདུན་བརྗོད། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་ཕྱོགས་བཅུ་
ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ་མཆོད་དོ། །ཆེ་གེ་ཞེས་བྱ་བ་དང༌། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་ནི་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དང་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་འོད་དཔག་མེད་སྲས་དང་བཅས་པའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་ཏེ་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་འོད་དཔག་མེད་སྲས་དང་བཅས་པའི་སྔོན་གྱི་སྨོན་ལམ་དང་བྱང་ཆུབ་ཀྱི་སྤྱོད་པ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དེང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། ལན་འགའ་ཡང་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བའི་རྣམ་རྟོག་དང༌། འདོད་པའི་ཡོན་ཏན་གྱི་རྟོག་པ་དང་འདུ་ཤེས་མི་སྐྱེ་བར་གྱུར་ཅིག དེས་ཤིང་འགྲོགས་ན་བདེ་བ་
དང་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། གཡོ་དང་སྒྱུ་མེད་པ་དང༌། ངང་ཚུལ་བཟང་ཞིང་སྙན་པར་སྨྲ་བས་དཀར་པོའི་ཆོས་ཡོངས་སུ་ཚོལ་བ་ལ་རྟག་ཏུ་བརྩོན་པར་གྱུར་ཅིག དཀོན་མཆོག་གསུམ་དང་དགེ་བའི་བཤེས་གཉེན་ལ་གུས་པ་དང་བཅས་ཤིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྟག་ཏུ་གོ་ཆ་བགོས་ཏེ་ཐམས་ཅད་དགེ་བའི་ཆོས་ཡང་དག་པར་འཛིན་ཏུ་འཇུག་པ་དང༌། རྣམ་པར་ཐར་པའི་གནས་ལ་གནས་པར་གྱུར་ཅིག ང་རྒྱལ་མེད་ཅིང་ངག་ལེགས་པར་བསྲུངས་ཏེ་རང་གཞན་ལ་གནོད་པར་འགྱུར་བ་སྤང༌། ཕན་པར་འགྱུར་བ་སྒྲུབ་ཅིང་ཤེས་བཞིན་དང་མི་འབྲལ་བར་གྱུར་ཅིག བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་གཞན་དག་ཀྱང་དེ་ཉིད་ཡང་དག་པར་འཛིན་ཏུ་འཇུག་པར་གྱུར་ཅིག གང་དང་གང་དུ་སྐྱེས་པ་དེ་དང་དེར་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ས་ལས་འབྱུང་བ་དང༌། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་ལ་མཆོད་པའི་བྱེ་བྲག་མཐའ་ཡས་པས་མཆོད་ཅིང་རིམ་གྲོར་བྱ་བ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་ཁ་ནས་ཙནྡན་གྱི་དྲི་དང༌། བ་སྤུའི་ཁུང་བུ་ནས་ཨུཏྤ་ལའི་བསུང་འབྱུང་ཞིང༌། མཚན་དང་དཔེ་བྱད་བཟང་པོས་ལུས་ལེགས་པར་བརྒྱན་ཅིང༌། རྒྱན་གོས་དང་ཟས་སྐོམ་དང་གླུ་དབྱངས་ལ་སོགས་པ་ཡོངས་སུ་སྤྱད་པ་ཇི་འདོད་པ་ཐམས་ཅད་བ་སྤུའི་ཁུང་བུ་དང་ལག་པའི་མཐིལ་ནས་འཇིག་རྟེན་ལས་ཁྱད་པར་འཕགས་པ་ཁོ་ན་འབྱུང་བར་གྱུར་ཅིག བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཡོངས་སུ་རྫོགས་ཤིང༌། རྒྱལ་བ་རྣམས་ལ་ལྷག་
པར་བྱ་བ་བྱས་ཏེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། ཡི་དྭགས་ཀྱི་ཡུལ་དང་ལྷ་མ་ཡིན་གྱི་གནས་རིས་དང་དེར་ལྟུང་བའི་མིང་ཙམ་ཡང་མེད་པར་གྱུར་ཅིག སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་གསེར་གྱི་མདོག་ཏུ་གཅིག་ཅིང་ལྷ་དང་མིའི་ཡོན་ཏན་ཐ་དད་མེད་པར་སེམས་ཀྱི་སྐད་ཅིག་ཐང་ཅིག་ལ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདའ་བའི་རྫུ་འཕྲུལ་གྱི་དབང་དམ་པ་ཐོབ་པ་དང༌། ཚེ་རབས་དཔག་ཏུ་མེད་པ་དྲན་པ་དང༌། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བའི་ལྷའི་མིག་དང༌། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གཅིག་ཅར་ཆོས་ཉན་པའི་ལྷའི་རྣ་བ་དང༌། སེམས་ཅན་དེ་སྙེད་ཀྱི་སྤྱོད་པ་ཡོངས་སུ་འཚལ་བའི་མངོན་ཤེས་དང་ལྡན་པར་གྱུར་ཅིག རང་གི་ལུས་ལ་ཡོངས་སུ་འཛིན་པའི་འདུ་ཤེས་མི་འབྱུང་ཞིང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་ཡང་དག་པ་ཉིད་ལ་ངེས་པར་གྱུར་ཅིག སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་འདུས་པ་ཚད་མ་མཆིས་པ་དང༌། སེམས་ཅན་རྣམས་ལ་མི་དགེ་བའི་མིང་ཡང་མི་གྲགས་ཤིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཤ་སྟག་ཏུ་གྱུར་ནས། སྨོན་ལམ་གྱི་དབང་མ་གཏོགས་པར་ཚེའི་ཚད་ལ་ཚད་མེད་ཅིང་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཅིག བདག་གི་ལུས་ལས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཁྱབ་པའི་འོད་འབྱུང་ཞིང་འོད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། འོད་དེས་ཁྱབ་པའི་སེམས་ཅན་ཐམས་ཅད་ལྷ་དང་མི་ལས་འདས་པའི་བདེ་བ་དང་ལྡན་པ་དང༌། སྐུ་ཚེའི་ཚད་བསྐལ་
པ་གྲངས་མེད་དཔག་ཏུ་མེད་པར་འཚོ་ཞིང་གཞེས་ཏེ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་གི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མ་མཆིས་པ་རྣམས་ཀྱིས་བསྔགས་པ་མཛད་པར་གྱུར་ཅིག སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བདག་གི་མིང་ཐོས་ཏེ་སེམས་རབ་ཏུ་དང་བར་གྱུར་ལ་བདག་རྗེས་སུ་དྲན་པ་དེ་དག་གལ་ཏེ་འགུམ་པའི་དུས་ཉེ་བར་གནས་པའི་ཚེ། བདག་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བའི་མདུན་ཏུ་གཡེང་བ་མ་མཆིས་པའི་སེམས་ཀྱིས་གནས་ཏེ་བདག་གི་ཞིང་དུ་འདྲེན་པར་གྱུར་ཅིག སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པ་དག་ན་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་པའི་སླད་དུ་སེམས་གཏོང་ཞིང་དགེ་བའི་རྩ་བ་རྣམས་ཀྱང་ཡོངས་སུ་བསྔོ་བ་བགྱིད་ན། མཚམས་མེད་པ་ལྔ་དང༌། དམ་པའི་ཆོས་སྤོང་བ་རྣམས་མ་གཏོགས་པ། ཐ་ན་སེམས་བསྐྱེད་པའི་འགྱུར་བ་བཅུས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་འཛིན་པར་གྱུར་ཅིག སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་དེ་དག་སྔ་དྲོ་རེ་བཞིན་སངས་རྒྱས་ཀྱི་ཞིང་གཞན་ཏུ་སངས་རྒྱས་དཔག་ཏུ་མེད་པ་མཆོད་ཅིང་བསྙེན་བཀུར་བ་དང༌། རིན་པོ་ཆེ་དང་རྒྱན་དང་རོལ་མོ་གླུ་དབྱངས་ལ་སོགས་པ་སེམས་བསྐྱེད་མ་ཐག་ཏུ་འབྱུང་བ་དང༌། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཆོས་ཀྱི་བཀའ་མཆིད་གླེང་བ་དང༌། སེམས་བསྐྱེད་མ་ཐག་ཏུ་ཞིང་གཞན་ན་བཞུགས་པའི་བཅོམ་ལྡན་འདས་རྣམས་ཀྱིས་མཆོད་པ་བཞེས་ཤིང་ཐུགས་བརྩེ་བས་དགོངས་པར་གྱུར་ཅིག སེམས་ཅན་དེ་དག་སྲེད་མེད་ཀྱི་བུ་དང་རྡོ་རྗེ་ལྟར་མཁྲེགས་པའི་ལུས་དང་མཐུ་ཐོབ་པ་དང༌། ལུང་ནོད་ཅིང་ཁ་ཏོན་བགྱི་བ་ཐམས་ཅད་སོ་སོར་ཡང་དག་པར་རིག་པ་ཐོབ་པ་
དང༌། སེམས་ཅན་དེ་དག་སྐྱེས་མ་ཐག་ཏུ་ཤེས་རབ་དང་སྤོབས་པ་མཐའ་ཡས་པ་ཐོབ་པ་དང༌། བདེ་བ་ཚད་མེད་པ་ཐོབ་པ་དང༌། སེམས་བསྐྱེད་མ་ཐག་ཏུ་ཆོས་གོས་རིན་པོ་ཆེ་དེ་བཞིན་གཤེགས་པས་གནང་བ་བགོ་བར་འཚལ་བ་དང༌། སེམས་བསྐྱེད་མ་ཐག་ཏུ་ཇི་ལྟར་འདོད་པའི་ཆས་ཐོབ་པར་གྱུར་ཅིག སངས་རྒྱས་ཀྱི་ཞིང་དེའི་གཟི་བརྗིད་ཁ་དོག་འབྱོར་བའི་ཁྱད་པར་མཐའ་ཡས་པ་དང༌། ཞིང་དེའི་བྱང་ཆུབ་སེམས་དཔའ་དགེ་རྩ་ཆུང་བ་དེས་ཀྱང་བྱང་ཆུབ་ཀྱི་ཤིང་དཔག་ཚད་སྟོང་ཕྲག་དྲུག་བརྒྱ་ཙམ་དུ་མཐོ་བར་འཚལ་བ་དང༌། སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཞིང་དེར་སྣང་བའི་འོད་གསལ་བ་དང༌། ལྷ་དང་མི་ལས་འདས་པའི་བདུག་སྤོས་དང་མེ་ཏོག་གི་ཆར་འབབ་ཅིང་རོལ་མོའི་སྒྲ་དབྱངས་ཡིད་དུ་འོང་བའི་སྤྲིན་རྟག་ཏུ་འབྱུང་བ་དང༌། དེར་སྐྱེས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པ་ཇི་ལྟར་འདོད་པ་དེ་དག་རིན་པོ་ཆེའི་ཤིང་སྣ་ཚོགས་ལས་འཕྱང་སྟེ་འབྱུང་བར་གྱུར་ཅིག ཀུན་ཏུ་སངས་རྒྱས་ཀྱི་ཞིང་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པ་རྣམས་སུ་སེམས་ཅན་རྣམས་ཀྱིས་བདག་གི་མིང་ཐོས་པར་གྱུར་ཅིག ཐོས་པ་ཙམ་གྱིས་བྱང་ཆུབ་སྙིང་པོའི་མཐའི་བར་དུ་གཟུངས་ཐོབ་ཅིང་མ་ཉམས་པའི་ཚངས་པར་སྤྱོད་པ་ལ་གནས་པ་དང༌། དབང་པོ་མ་ཚང་བར་མི་འགྱུར་བ་དང༌། རིགས་བཟང་པོའི་རིགས་སུ་སྐྱེ་བ་ཐོབ་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་དགའ་བ་དང༌། མཆོག་ཏུ་དགའ་བའི་དགེ་བའི་རྩ་བ་དང་ཕྲད་པར་གྱུར་ཅིག བུད་མེད་གང་དག་བདག་གི་མིང་ཐོས་པ་ཙམ་གྱིས་བུད་མེད་ཀྱི་ལུས་སྤངས་ཏེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྐྱེས་པའི་དབང་པོ་ཐོབ་པར་གྱུར་ཅིག བདག་གི་མིང་ཐོས་ནས་ཕྱག་འཚལ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་སྟང་བྱེད་པར་གྱུར་ཅིག
བདག་གི་མིང་ཐོས་མ་ཐག་ཏུ་ཤིན་ཏུ་རྣམ་པར་ཕྱེ་བ་དང་ཀུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ཅིང༌། ཐོབ་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་ཞིང་བསྟི་སྟང་བགྱི་བ་དང༌། ཏིང་ངེ་འཛིན་དེ་བྱང་ཆུབ་སྙིང་པོའི་བར་དུ་ཆུད་མི་འཛའ་བར་གྱུར་ཅིག སེམས་ཅན་གང་དག་བདག་གི་མིང་ཐོས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང༌། བཟོད་པ་མཆོག་ཐོབ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་གྱུར་ཅིག མདོར་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མཐུ་ཆེན་ཐོབ་པ་ལ་སོགས་པ་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་སྨོན་ལམ་ཆེན་པོ་ཇི་ལྟར་མཛད་པ་དེ་དག་མ་ལུས་ཤིང་ལུས་པ་མེད་པ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འགྲུབ་པར་གྱུར་ཅིག འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག ཅེས་དང༌། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་སྙིང་ཐག་པ་ནས་བཏབ་བོ། །དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དང་འཁོར་གྱི་ཚོགས་དང་བཅས་པ་ཡིད་ལ་བྱེད་ཅིང་ཡུན་རིང་དུ་མཉམ་པར་བཞག མཐར་དེ་ལས་འོད་ཟེར་གྱི་ཚོགས་མཐའ་ཡས་པ་བྱུང༌། བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག སྒྲིབ་གཉིས་བག་
ཆགས་དང་བཅས་པ་སྦྱངས། ཏིང་ངེ་འཛིན་གྱི་སྒོ་དུ་མ་སྐྱེས། བདེ་བ་ཅན་དུ་སྐྱེ་ཞིང་སངས་རྒྱས་འོད་དཔག་མེད་མཇལ་བའི་སྐལ་བ་ཅན་ཏུ་བྱས་པར་མོས་ལ། དེ་བཞིན་«་་་་་ཡོངས་སུ་བསྔོ་བའི་རྒྱལ་པོ་ལས་བྱུང་»གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། ཏཏྱ་ཐཱ། པདྨེ་པདྨ་ནི། པདྨ་ལོ་ཙ་ནི། པདྨ་སཾ་བྷ་བེ་སྭཱ་ཧཱ། ཞེས་དང༌། ན་མོ་«་་་་་ཡོངས་སུ་བསྔོ་བ་དང༌། སྣང་བ་མཐའ་ཡས་རྗེས་སུ་དྲན་པ་སོགས་གཟུངས་མདོ་འགའ་ཞིག་ལས་ཕལ་ཆེར་མཐུན་པར་བྱུང༌། »རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶམྦུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་མི་ནཱི། ག་ག་ན་ཀཱིརྟི། ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། བརྒྱའམ་ཉེར་གཅིག་བཟླ། རྗེས་ཀྱི་བྱ་བར་ཕྱག་མཆོད་རྒྱས་པར་འབུལ་ཞིང་ཡན་ལག་ལྷག་མ་དང་བཅས་པའི་ཞར་བྱུང་བདེ་བ་ཅན་དུ་སྨོན་ལམ་གདབ་པ་ནི། ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་རྒྱ་མཚོ་རྙེད་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྙོགས་མ་ཡིད་གཉིས་བསལ་ནས་དང་པོར་ནི། ཤཱཀྱའི་རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ། །བདེ་བ་ཅན་ན་བཞུགས་པའི་རྒྱལ་བ་འོད་དཔག་མེད། །བླ་མ་ལ་ཡང་དགའ་དང་གུས་པས་གདུང་བར་བགྱི། །གང་ཞིག་ཕྱོགས་ཀུན་དག་ན་ད་ལྟར་བྱུང་བ་ཡི། །འགྲོ་ལ་བྱམས་པའི་སངས་རྒྱས་ངེས་པར་བཞུགས་རྣམས་དང༌། །འདས་དང་ཕྱིས་འབྱུང་བ་ཡི་རྒྱལ་བ་ཐམས་ཅད་ལ། །བདག་ནི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པར་བགྱི། །ཞེས་དང༌། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ཅིང་རོལ་མོ་དབུལ། ཐལ་མོ་སྦྱར་བ་དང་བཅས་ཏེ། ཡོན་ཏན་རྒྱ་མཚོ་དཔག་མེད་པ། །སངས་རྒྱས་དམ་ཆོས་འཕགས་པ་ཡི། །དགེ་འདུན་དུས་གསུམ་བཞུགས་པ་རྣམས། །མ་
ལུས་པ་ལ་སྐྱབས་སུ་མཆི། །མི་དགེ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བར། །རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ། །ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི། །བདག་དགེ་ཆུང་ངུ་གང་མཆིས་པ། །དེས་ནི་གཏན་དུ་བྲལ་བ་དག །ཐམས་ཅད་ཉེ་བར་ཞི་གྱུར་ཅིག །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཤེས་པའི་ཏིང་ངེ་འཛིན། །བྱང་ཆུབ་བར་གྱི་ཚེ་རབ་ཏུ། །རྟག་ཏུ་བདེ་དང་ལྡན་པར་ཤོག །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །རྟག་ཏུ་མཉམ་པར་བཞག་གྱུར་ཅིག །ཟླ་ཉི་ནོར་བུ་རོལ་མོ་ལྟར། །སེམས་ཅན་དོན་ལ་འཇུག་པར་ཤོག །ཇི་ལྟར་རྒྱལ་བ་མཁས་པ་རྣམས། །ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ། །དེ་ལྟར་བདག་གིས་དཀར་པོ་རྣམས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཀོན་མཆོག་གསུམ་ལ་དམིགས་པ་ཡི། །བདག་གི་ལུས་ངག་ཡིད་དགེ་དང༌། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལས་བྱུང་གང༌། །དེ་དག་ཀུན་གྱིས་བདག་ཉིད་ནི། །ཚངས་པར་སྤྱོད་པ་ལྡན་པ་དང༌། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །རབ་བྱུང་མངོན་དགའ་དབང་ལྡན་ཞིང༌། །སངས་རྒྱས་ཀུན་གྱི་གསུང་རབ་ཀྱི། །གཞུང་དོན་ཚིག་ལ་མཁས་གྱུར་ནས། །དམ་ཆོས་ཡོངས་སུ་འཛིན་པ་དང༌། །ལུས་དང་སྲོག་ལ་དགའ་མེད་ཤོག །བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ། །དྲང་སྲོང་ཆེན་པོ་ཚེ་དཔག་མེད། །རྟག་ཏུ་སྟོན་པ་མཛད་གྱུར་ཅིང༌། །ས་བཅུ་ཐོབ་ནས་དེ་དག་གི །རྣམ་ཐར་དག་ནི་རིམ་པ་ཡིས། །བྱང་ཆུབ་དམ་པ་ཐོབ་པར་ཤོག །སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐོབ་ནས། །བག་ཆགས་བཅས་པ་ཉེས་བསགས་རྩ་ནས་བཏོན། །ཡེ་ཤེས་སྒྲིབ་མེད་སྙིང་རྗེར་ལྡན་ནས་
སུ། །འགྲོ་བ་རྣམས་ལ་སྨན་དང་བདེ་བར་བགྱི། །ཞེས་ཡོངས་སུ་བསྔོ་བའི་རྒྱལ་པོའི་མདོ་ལས་བྱུང་བ་ཙམ་མམ། སྤྲོ་ན། མངྒ་ལཾ་སྭ་སྟི་བྷ་བནྟུ། ཤེས་བྱ་ཐམས་ཅད་མངོན་སུམ་གཟིགས་པ་པོ། །མཆོག་གི་ཡོན་ཏན་མ་ལུས་མཐར་ཕྱིན་པའི། །ཟླ་མེད་བརྙེས་པ་དེ་དང་དམ་པའི་ཆོས། །བྱང་ཆུབ་སེམས་དཔའི་ཚོགས་ལ་གུས་ཕྱག་འཚལ། །མཐའ་ཡས་ནམ་མཁའི་མཐའ་ཀླས་ཞིང་རྒྱ་མཚོ། །མཐའ་དག་སྐུ་ཡི་སྤྲུལ་པས་སྣང་བར་མཛད། །མཐའ་ཡས་འོད་མངའ་ཐུབ་ཆེན་ཚེ་དཔག་མེད། །མཐའ་མེད་འཁོར་བའི་འགྲོ་བ་ཀུན་ལ་ཁྱབ། །ཀུན་མཁྱེན་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འོད། །ཀུན་ནས་རབ་རྫོགས་ཡེ་ཤེས་འོད་འཕྲོ་བས། །ཀུན་རྟོག་སྲིད་པའི་མུན་སྟུག་སྣ་ཚོགས་པ། །ཀུན་སེལ་རྣམ་འདྲེན་གཙོ་ལ་ཕྱག་འཚལ་ལོ། །འོད་ཕྲེང་གསལ་བས་ཞིང་ཀུན་ཁྱབ་མཛད་དེ། །ཡེ་ཤེས་སྤྱན་གྱིས་ཅུང་ཟད་གཟིགས་པས་ཀྱང༌། །བདུད་སྡེའི་དཔུང་ཚོགས་མ་ལུས་ཞི་མཛད་པ། །དཔག་མེད་སྐུ་ཡི་འོད་ལ་ཕྱག་འཚལ་ལོ། །སྲིད་དང་ཞི་བ་རབ་སྤངས་རྣམ་གྲོལ་སྐུ། །ངོ་བོ་ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །གང་གང་འདུལ་བ་དེ་ལ་དེར་སྟོན་པའི། །མཚན་དང་དཔེ་བྱད་ཀྱིས་འབར་ཕྱག་འཚལ་ལོ། །ཆོས་ཀུན་རྣམ་འབྱེད་ཡན་ལག་དྲུག་ཅུ་ཡི། །གསུང་གཅིག་གིས་ཀྱང་ཕྱོགས་དུས་ཐམས་ཅད་དུ། །སེམས་ཅན་དབང་པོའི་རིམ་པ་ཇི་བཞིན་འཇུག །དཔག་མེད་གསུང་གི་འོད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་པའི་ཡུལ་ལས་རབ་འདས་ཀྱང༌། །འབད་མེད་ལྷུན་གྱིས་གྲུབ་པའི་ཡང་དག་ཚིག །གསུམ་གི་གསང་བ་བསམ་གྱིས་མི་ཁྱབ་པས། །ལེགས་པའི་ལམ་མཆོག་སྟོན་ལ་ཕྱག་འཚལ་ལོ། །རང་བཞིན་འོད་གསལ་མཁའ་ལྟར་མི་དམིགས་ཀྱང༌། །རྣམ་པ་ཀུན་ལྡན་ཡེ་ཤེས་རོལ་པ་ཡིས། །ཤེས་བྱ་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །དཔག་མེད་ཐུགས་ཀྱི་འོད་ལ་ཕྱག་འཚལ་ལོ། །ཆོས་
ཀུན་ངོ་བོ་ཉིད་ཀྱིས་ཉེར་ཞི་ཞིང༌། །མ་འགགས་སྣང་བ་རབ་ཏུ་བཀྲ་བ་གང༌། །ཁྱོད་ཀྱི་གཟིགས་པའང་རྣམ་དག་ཞི་བ་དང༌། །དེ་བཞིན་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །གང་ཞིག་འགྲོ་བའི་ཡིད་བཞིན་ཉེར་འཚོའི་གནས། །སྐུ་གསུང་ཐུགས་དང་ཡེ་ཤེས་དཔག་མེད་སྟོབས། །ཐུགས་རྗེ་འཕྲིན་ལས་དཔག་ཏུ་མེད་པ་ཡི། །འོད་དཔག་མེད་ལ་རྟག་པར་ཕྱག་འཚལ་ལོ། །དངོས་དང་ཡིད་ཀྱིས་སྤྲུལ་པའི་ལུས་ལོངས་སྤྱོད། །ཡོངས་སུ་མ་བཟུང་ནམ་མཁའི་མཐར་ཐུག་པ། །བློ་ཡིས་བླངས་ཏེ་བདེ་བར་གཤེགས་རྣམས་མཆོད། །དམན་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་ཏུ་ཟད་བྱེད་ཤོག །རྒྱལ་དང་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང༌། །འགྲོ་བ་ཀུན་གྱི་དགེ་ལ་རྗེས་ཡི་རང༌། །གང་ཡང་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ལ། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསྐལ་པ་རྒྱ་མཚོ་དཔག་ཏུ་མེད་པར་ཡང༌། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དུས་གསུམ་བསགས་པའི་དགེ་བ་ཅི་ཡོད་པ། །གཞན་ཕན་དོན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར། །སྐྱེ་བ་འདི་དང་མ་འོངས་ཐམས་ཅད་དུ། །བླ་མ་དམ་པས་རྗེས་སུ་འཛིན་གྱུར་ཅིག །བྱང་ཆུབ་སེམས་ནི་ནམ་དུའང་ཉམས་མ་གྱུར། །རིགས་གཟུགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡི། །དལ་འབྱོར་མཆོག་ཐོབ་ཆོས་ལྡན་གྲོགས་དང་བཅས། །སངས་རྒྱས་བསྟན་ལ་རིམ་བཞིན་སློབ་པ་དང༌། །འདུན་དང་བརྩོན་འགྲུས་བག་ཡོད་ལྡན་གྱུར་ཅིག །ངན་སོང་གསུམ་སོགས་མི་བཟད་འཁོར་བ་ཡི། །མི་ཁོམ་འཇིག་རྟེན་རྣམས་སུ་སྐྱེ་འགྱུར་ལས། །གང་དེ་ཚེ་འདི་ཉིད་ལ་རབ་སྨིན་ནས། །ལན་
གྲངས་གཞན་དུ་མྱོང་བར་མ་གྱུར་ཅིག །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཐབས་མཁས་རྨད་བྱུང་དང༌། །སྨོན་ལམ་སྟོབས་དང་ཡེ་ཤེས་རྒྱ་མཚོ་ཡི། །སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་གྱུར་ཅིག །ལུས་དང་དེ་བཞིན་སྲོག་ལའང་ལྟོས་མེད་པར། །སེམས་ལས་རུང་ཞིང་དབེན་པར་རང་རྒྱུད་དུལ། །ལུང་དང་མངོན་པར་རྟོགས་པའི་ཆོས་ཀྱིས་འབྱོར། །བརྩེ་ལྡན་རྟག་ཏུ་ཤེས་བཞིན་ལྡན་གྱུར་ཅིག །འཁོར་བའི་དེ་བཞིན་ཉིད་གང་མྱ་ངན་འདས། །ཀུན་རྟོག་དེ་བཞིན་ཉིད་གང་ཡེ་ཤེས་ཏེ། །གཅིག་དང་དུ་མའི་བདག་ཉིད་ལས་འདས་པའི། །ཆོས་ཉིད་རྟོགས་པའི་བློ་གྲོས་ལྡན་གྱུར་ཅིག །གང་ཡང་རྟེན་འབྱུང་ཟབ་མོའི་ཚུལ་གནས་པ། །དེས་དོན་མཐར་ཐུག་སྤྲོས་བྲལ་ཆོས་ཀྱི་སྐུ། །སྟོབས་སོགས་ཡོན་ཏན་ཡེ་ཤེས་ཕྲིན་ལས་སོགས། །བདེ་གཤེགས་ཆོས་ལ་ཐོགས་མེད་འཇུག་གྱུར་ཅིག །གང་དུ་འགྲོ་བློ་མངོན་པར་དགའ་གྱུར་པའི། །ཡིད་ལུས་སྤྱོད་པ་རྣམ་པར་དག་པ་དང༌། །དབྱངས་སྙན་ངག་གིས་ཆོས་ཚུལ་རྒྱ་མཚོ་སྟོན། །རྒྱལ་སྲས་རྣམས་ཀྱི་སྤྱོད་དང་མཚུངས་པར་ཤོག །ཇི་སྲིད་དེ་ལྟའི་ཡོན་ཏན་མ་ཐོབ་བར། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འཆི་མེད་ཚེ་དང་དཔལ་འབྱོར་རྒྱས་པ་དང༌། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །ཚེ་འདིའི་སྣང་བ་ནུབ་པར་ཉེ་བ་ན། །བདེ་གཤེགས་སྲས་དང་བཅས་པས་བྱིན་བརླབས་ཏེ། །འོད་གསལ་ལྷན་ཅིག་སྐྱེས་པའི་དོན་རྟོགས་ནས། །ལྷ་དང་ལྷ་མོ་དཔག་ཏུ་མེད་པ་ཡིས། །སྣ་ཚོགས་མཆོད་པས་བདག་གི་སྔུན་བསུ་ཞིང༌། །རང་སྣང་དྲི་མེད་
ཆོས་ཀྱི་དབྱིངས་རང་བཞིན། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་དེར། །བདེ་ཆེན་སེམས་ཀྱིས་བདེ་བླག་བགྲོད་གྱུར་ཅིག །ཞིང་དེར་དམར་སེར་འོད་ཀྱི་ཕུང་པོའི་དབུས། །རབ་མང་རིན་ཆེན་པདྨའི་ཟེའུ་འབྲུ་ལ། །དགེ་སློང་བྱེ་བ་འབུམ་དང་ཐབས་གཅིག་པའི། །ཆོས་རྗེ་འོད་དཔག་མེད་པ་མཐོང་གྱུར་ཅིག །རྒྱལ་སྲས་ཚོགས་ཀྱིས་ཡོངས་བསྐོར་བཅོམ་ལྡན་འདས། །ཐུན་མཚམས་འཆར་ཀའི་ཉིན་བྱེད་ལྟར་དམར་བ། །འོད་འབར་བལྟ་བས་མི་ངོམས་དེ་མཐོང་ནས། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་གྱུར་ཅིག །དགེ་ཚོགས་ལེགས་བྱས་རྣམ་པར་དཀར་བའི་འབྲས། །ངོ་མཚར་ཡོངས་རྫོགས་དཔལ་དང་ལྡན་པའི་ལུས། །དཔག་མེད་སྤྲུལ་ནས་བཅོམ་ལྡན་འདས་དེ་ལ། །བསྟོད་དབྱངས་རྒྱ་མཚོས་ཤིས་པ་བརྗོད་གྱུར་ཅིག །བྱམས་ཆེན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང༌། །སྤྱན་རས་གཟིག་དབང་མཐུ་ཆེན་ཐོབ་ལ་སོགས། །རྒྱལ་སྲས་རྣམས་དང་རྟག་ཏུ་མི་འབྲལ་ཞིང༌། །རྣམ་ཐར་ཚུལ་ལ་མཉམ་པར་འཇུག་གྱུར་ཅིག །རྣམ་ཐར་རྒྱ་མཚོ་སྒྱུ་མ་ལྟར་སྦྱངས་པས། །ཐེག་མཆོག་རྒྱ་མཚོའི་ཐབས་རྣམས་ཀུན་བཟུང་སྟེ། །ཡེ་ཤེས་རྒྱ་མཚོའི་རྟོགས་པ་རབ་ཐོབ་ནས། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་གྱུར་ཅིག །ཞིང་ཁམས་རྒྱ་མཚོ་རྟག་ཏུ་སྦྱོང་བ་དང༌། །ཚོགས་གཉིས་རྒྱ་མཚོ་དག་ནི་སྤེལ་བར་བྱེད། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱས་ཏེ། །སྨོན་ལམ་རྒྱ་མཚོ་རྣམས་ནི་འགྲུབ་གྱུར་ཅིག །ཇི་ལྟར་སྔོན་གྱི་བདེ་བར་གཤེགས་རྣམས་ཀྱི། །ཐུགས་བསྐྱེད་སྨོན་ལམ་མཛད་སྟོབས་ཅི་འདྲ་བ། །དེ་ལྟར་བདག་གིས་སེམས་ཅན་མ་ལུས་ཚོགས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །ཅེས་
འོད་དཔག་ཏུ་མེད་པ་ལ་བསྟོད་པ་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་འདི། ཀརྨ་པ་དེ་བཞིན་གཤེགས་པས་མདོ་སྨད་ཀྱི་སའི་ཆ་རྨ་ཆུ་འགྲམ་དུ་སྦྱར་བའོ།«་་་་་འདི་ནི་རྗེ་ཉིད་ཀྱིས་ཉིན་ཞག་བདུན་ཁོར་ཡུག་ཏུ་བདེ་བ་ཅན་གྱི་ཞིང་གི་བཀོད་པ་མངོན་སུམ་ལྟར་གཟིགས་པའི་སྐབས་སུ་ཤུགས་འབྱུང་དུ་གསུངས་པ་ཡིན་ནོ།» །ཞེས་དང༌། གཞན་ཡང་ཀུན་མཁྱེན་དོལ་པོ་པས་མཛད་པའི་བདེ་སྨོན་སོགས་བྱིན་རླབས་དང་ལྡན་པ་རྣམས་ཀྱང་བརྗོད་དོ། །དེ་ནས་བཟོད་པར་གསོལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་འཛོམས་པའི་སྤྱན་སྔར་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང༌། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང༌། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང༌། གཙང་སྦྲ་མ་ཕྱེད་པ་མདོ་ལས་བྱུང་བའི་ཆོ་ག་བཞིན་ཏུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང༌། འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང༌། དེ་ནས་གཤེགས་སུ་གསོལ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་ཐུགས་རྗེས་བྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་སེམས་ཅན་ཐམས་ཅད་
ཀྱི་དོན་མཛད་པ་ལགས་ཀྱིས། སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ། སླར་ཡང་སེམས་ཅན་གྱི་དོན་ལ་ཐུགས་རྗེས་འབྱོན་པར་ཞུ། དེ་ནས་མེ་ཏོག་འཐོར་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བས་རྒྱས་གདབ་པར་བྱའོ། །འདིའི་ཁུངས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་པའི་འཕགས་པ་འོད་དཔག་མེད་ཀྱི་བཀོད་པའི་མདོ་དང༌། མདོ་མང་ལས་བྱུང་བའི་ད་ལྟར་གྱི་སངས་རྒྱས་མངོན་སུམ་བཞུགས་པའི་མདོ་དང༌། འཕགས་པ་བདེ་བ་ཅན་གྱི་བཀོད་པའི་མདོ་སོགས་ཡིན་ཅིང༌། མདོ་ཆོག་སྤྱིའི་ཕྱག་ལེན་གྱིས་བརྒྱན་ཏེ་ཕན་ཡོན་གྱི་ཁྱད་པར་དུ་ཡོངས་སུ་བསྔོ་བའི་འཁོར་ལོའི་མདོ་དང༌། བཟང་སྤྱོད་དང་གཟུངས་ཕྲན་བྱིན་རླབས་ཅན་རྣམས་དཀྱུས་སུ་བཅུག་པ་ཡིན་པས་ཐེ་ཚོམ་མེད་པའི་དད་གུས་རྩེ་གཅིག་པས་འདི་བཞིན་ཉམས་སུ་བླངས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ནི་གོང་དུ་སྨོས་པའི་མདོ་སྡེ་དག་ལས་རྟོགས་པར་བྱའོ། །གང་ཞིག་དམ་པའི་ཆོས་ཚུལ་འདི་སྤྱོད་པ། །ཚེ་རབས་དུ་མའི་དགེ་རྩ་སྨིན་པ་སྟེ། །འདི་ལ་ཐེ་ཚོམ་མེད་པར་གང་འཇུག་པ། །དེ་ཡིས་རྒྱལ་བ་འོད་དཔག་མེད་མགོན་མཐོང༌། །དེ་ནི་འཇིག་རྟེན་བདེ་བ་ཅན་ཏུ་འགྲོ། །སོང་ནས་བྱང་ཆུབ་སྤྱོད་ལ་མྱུར་ཞུགས་ཏེ། །ནམ་མཁའ་དང་མཉམ་འགྲོ་བ་སྒྲོལ་འགྱུར་བ། །འདི་ནི་དེ་བཞིན་གཤེགས་པའི་ངེས་པས་སོ། །དེ་ཐོབ་དགེ་བས་ཚེ་འོད་དཔག་མེད་ཀྱི། །རྣམ་པར་ཐར་པ་བདག་གིས་ཡོངས་བཟུང་སྟེ། །སྲིད་པའི་རྒྱ་མཚོར་བྱིང་བའི་ལུས་ཅན་ཀུན། །མ་ལུས་བདེ་ཆེན་ཞིང་དུ་འདྲེན་གྱུར་ཅིག །ཅེས་པ་འདིའང་མཐའ་ཡས་པའི་འགྲོ་བ་སྒྲོལ་བ་ལ་སྐྱོ་དུབ་མེད་པའི་གོ་ཆ་བཞེས་པ་གསུང་རྡོ་རྗེ་འཇམ་པའི་དབྱངས་བླ་མའི་བཀའ་ལུང་ཨུ་དུམྦཱ་རའི་ཕྲེང་བ་ཐོད་དུ་བཅིངས་
ཏེ། རང་གཞན་ལ་ཕན་འདོད་ཀྱི་བློ་གྲོས་མཐའ་ཡས་པའི་གོ་ཆ་འཆང་བ། བྱམས་མགོན་ཏཱའི་སི་ཏུའི་བཀའ་འབངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་གཞན་ཕན་དཔག་ཏུ་མེད་པ་འབྱུང་བར་གྱུར་ཅིག། །།དགེ་ལེགས་འཕེལ།། །