སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ།
ཤྲཱིཧེབཛྲསྱབྷཱཥཏནྟྲབཛྲཔཉྫརསྱཀརྨབིསྟཱརཱཎཱཾཏྲིདེབཱབྷྱཿབཛྲཔཱཎིབྷཱུཏཌཱམརསྱསཱདྷནཱནུཛྙཱསོཔདེཤབིཧརཏིསྨ།།
དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བཞུགས་སོ།།
ན་མོ་གུ་རུ་བྷཱུ་ཏ་ཌཱ་མ་རཱ་ཡ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལེའུ་གཉིས་པ་ལས། ལས་རྒྱས་པ་སྒྲུབ་པའི་ལྷའི་རྣལ་འབྱོར་གཉིས་གསུངས་པའི། འབྱུང་པོ་འདུལ་བྱེད་ཀྱི་རྣལ་འབྱོར་ལ་བཞི། མཚམས་སྦྱར་བ་ནི།་་་་་»དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་མཁའ་འགྲོ་མའི་རྡོ་རྗེ་གུར་འབྱུང་པོ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། «།རྣལ་འབྱོར་དངོས་ནི།་་་་་»དམ་ཚིག་ཡང་དག་རབ་ཕྱེ་བ། །ཀུན་ཏུ་བཟང་པོའི་ས་བོན་བདག །དབང་པོ་སྔོན་པོ་ལྟ་བུའི་འོད། །ཕྱག་བཞི་འཇིགས་བྱེད་ཆེན་པོ་སྟེ། །མཛེས་པའི་ཁྲོ་བོ་ཡི་ནི་ལུས། །དབང་ལྡན་འབྱུང་པོ་མནན་པ་སྟེ། །གཡས་པས་རིགས་ཀྱི་བདག་པོ་ཉིད། །ལག་པ་གཡོན་པས་མི་ལྤགས་ཉིད། །གཉིས་པོ་དག་གིས་ཕྱག་རྒྱར་སྦྱོར། །ཞབས་གཡོན་བརྐྱང་བས་ཡང་དག་གནས། །ཅུང་ཟད་མཆེ་བས་འཇིགས་པར་བྱེད། །མགོ་བོའི་ཕྲེང་བའི་རྒྱན་མཆོག་སྟེ། །མགོ་འཛིངས་ཕྱེད་དུ་བཅིངས་པར་ནི། །རི་ཡི་རྩེ་མོར་བསྒོམ་པར་བྱ། «།རྣལ་འབྱོར་གྱི་དགོས་པ་ནི།» །འབྱུང་པོ་འདུལ་བ་འགྲུབ་པར་འགྱུར། །གནོད་སྦྱིན་དུ་མ་འབྱུང་པོ་དང༌། །གནོད་སྦྱིན་མོ་དང་ཀླུ་མོ་དང༌། །མི་མོ་ལྷ་ཡི་མཛེས་མ་ནི། །སྒྲུབ་པ་པོ་
ཡིས་ངེས་པར་འགྲུབ། «སྔགས་བསྟན་པ་ནི།་་་་་»སྔགས་ནི། ཨོཾ་བྷཱུ་ཏ་ཌཱ་མ་ར་བྷཱུ་ཏཱ་ཨ་དྷི་པ་ཏི་ཨཀྵོ་བྷྱ་ཀི་རཱི་ཊཱི་ན་སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙཱ་ནི་སཱ་དྷ་ཡ་ཧཱུྃ་ཕཊ། ཅེས་བྱ་བ་ནི་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་གཉིས་པ་ལས་སོ།«་་་་་ས་བཅད་འདི་རྣམས་རྗེ་བཙུན་གྲགས་པའི་གསུང་རབ་ལྟར་བྲིས་པ་དགེ།» ༈ །འབྱུང་པོ་འདུལ་བའི་མངོན་པར་རྟོགས་པ་ནི། ཚོགས་ཀྱི་ཞིང་སྤྱན་དྲངས་ནས་མེ་ཏོག་ལ་སོགས་པས་མཆོད་པ་དང་དེའི་སྤྱན་སྔར་ཡན་ལག་བདུན་པ་བྱ་བ་དང་ཚད་མེད་པ་བཞི་བསྒོམ་པ་དང་ཡེ་ཤེས་ཀྱི་ཚོགས་བསག་དང་སྲུང་བའི་འཁོར་ལོ་བསྒོམ་པ་རྣམས་ནི་ལེའུ་བཅུ་གཉིས་པ་བཞིན་བྱས་ལ། རི་རབ་ཀྱི་སྟེང་དུ་པདྨ་དང་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་བཅོམ་ལྡན་འདས་འབྱུང་པོ་འདུལ་བ་ཞལ་གཅིག་ཕྱག་བཞི་པ། དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་འཁོར་ལོ་དགུག་པ་དང༌། དབང་བསྐུར་རམ་མ་བསྐུར་ཀྱང་རུང་སྟེ་རིགས་ཀྱི་བདག་པོས་རྒྱས་བཏབ་ལ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བཀོད་
པ་ལ་སྔགས་ཀྱིས་བསྐོར་ལ་བཟླས་བརྗོད་བྱ་སྟེ་གནོད་སྦྱིན་མོ་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ། །འབྱུང་པོ་འདུལ་བའི་རྣལ་འབྱོར་བསྟན་ཟིན་ཏོ། །ཞེས་རྗེ་བཙུན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱན་ཅེས་བྱ་བའི་རྣམ་འགྲེལ་ལས་ཕྱུང་བའོ།། ༈ །རྒྱ་གར་སྐད་དུ། ཤྲཱི་བྷཱུ་ཏ་ཌཱ་མ་ར་སཾ་ཀྵིཔྟ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལུས་ངན་སོགས། །མྱོས་རྣམས་འཇོམས་པར་མཁས་པ་ཡི། །དཔལ་ལྡན་འབྱུང་འདུལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །མདོར་བསྡུས་མན་ངག་རྣམ་དག་པས། །མདོར་བསྡུས་འདོད་ཕྱིར་སྦྱར་བར་བྱ། །གནོད་སྦྱིན་གནོད་སྦྱིན་མོ་སོགས་འགྲུབ། །བདག་སྙིང་ཡ་མཚན་སྐྱེས་ན་བྲི། །དང་པོར་རེ་ཞིག་སྔགས་པས་ཐུགས་ཀར་ཟླ་བ་ལ་ཁམས་གསུམ་རྣམ་པར་གསལ་བའི་འོད་ཟེར་ཡང་དག་པར་འཁྲིགས་པ། ལུས་ལ་རྃ་ཡིག་དམར་པོའི་ས་བོན་རྣམ་པར་བསམ་པར་བྱའོ། །དེ་ནས་དག་པའི་ལྕགས་ཀྱུའི་རྣམ་པས་མདུན་དུ་འབྱུང་པོ་འདུལ་བྱེད་གདན་དྲངས་ནས་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མངོན་པར་མཆོད་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས། ཀུནྡ་དང་མཚུངས་དྲི་མེད་རྣམ་རྒྱས་མཚན་མོར་བྱེད་པ་ཡི། །སྟེང་དུ་དུང་འདྲ་ཧཱུྃ་ཡིག་བཀོད་པའི་གནས་དབུས་ཟླ་བའི་དཀྱིལ། །ཤིན་ཏུ་འབར་བར་བྱེད་པ་མ་ལུས་ཡོངས་གྱུར་ཡང་དག་ལས། །སྣ་ཚོགས་པ་ཡི་ཆུ་སྐྱེས་འདབ་མ་འཇམ་པོ་ལྟ་བར་བྱ། །དེ་ནས་དེའི་དབུས་སུ། ཨྃ་ཡིག་ཡོངས་གྱུར་སྨན་གྱི་དབང་པོ་སྟེ། །ཧཱུྃ་ཡིག་སྙིང་པོ་ཧཱུྃ་ཡིག་ཡོངས་གྱུར་ལས། །མཐིང་ནག་འབར་བའི་རྡོ་རྗེ་རྣམ་པར་བསྒོམ། །དེ་དག་ཡོངས་གྱུར་སྐད་ཅིག་གིས་བལྟ་ཞིང༌། །མཆེ་གཙིགས་སྐུ་མདོག་མཐིང་ནག་འབྱུང་པོ་རྣམས། །སྐྲག་མཛད་རང་བཞིན་འགྲོ་ལ་ཉེར་ཕན་མཛད། །ཁྱབ་བྱ་གཅིག་ཆགས་རྒྱུ་ཡིས་འཕྲོག་བྱེད་དང༌། །དབང་ཕྱུག་གཞོན་སོགས་བདུད་དྲག་ལས་གཅིག་
པ། །ཞལ་ནི་ཅུང་ཟད་མཆེ་གཙིགས་ཤིང༌། །ཁྲོ་བོ་འབར་ཞིང་རྣམ་པར་འཕྲོ། །དབུ་སྐྲ་དམར་སེར་གྱེན་བརྫེས་མཐིང༌། །ན་བཟའ་སྔོན་པོས་སྐུ་ལ་བརྒྱན། །ཕྱག་གཡས་ན་རྡོ་རྗེ་བསྣམས་པ། །གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། ཐོད་པ་ལྔའི་དབུ་རྒྱན་ཅན། ཕྱག་གཡོན་ན་ཐོད་པ་དང་རྩེ་གསུམ་བསྣམས་པ། གཡས་ན་ཌཱ་མ་རུ་བསྣམས་པ། རལ་པ་དམར་སེར་གྱིས་དབུར་བརྒྱན་པ། སྤྱན་གསུམ་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། འབྱུང་པོའི་དབང་པོ་གཞན་ལས་རྒྱལ་བར་ཞབས་གཡོན་བརྐྱང་གིས་བཞུགས་པ། ཕྱག་གཉིས་དཔལ་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་བཅིངས་པ་བསྒོམ་པར་བྱའོ། །དེ་ལ་ཕྱག་རྒྱ་འདིའོ། །མིང་མེད་གཉིས་པོ་བཅིངས་བྱས་ཏེ། །མཛུབ་མོ་གཉིས་པོ་བསྐུམ་པར་བྱ། །མཐེའུ་ཆུང་གུང་མོ་དེ་བཞིན་དུ། །མཐེབ་ཆེན་གྱིས་ནི་གནན་པར་བྱ། །ཀླུ་བརྒྱད་ཀྱིས་ཉེ་བར་མཛེས་པ་སྟེ། དེ་ལ་སྟོབས་རྒྱུ་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་མགུལ་རྒྱན་བྱས་པ། དགའ་བོ་དང་ཉེར་དགའ་བོས་རྣ་རྒྱན་བྱས་པ། འདི་དག་ནི་སེར་པོར་གཅིག་པའོ། །མཐའ་ཡས་དཀར་པོས་ཚངས་སྐུད་བྱས་པ། ནོར་རྒྱས་དཀར་པོས་སྐེད་རྒྱན་བྱས་པ། ཕྱག་རྒྱའི་ཕྱག་དག་ལ་རིགས་ལྡན་དངུལ་ཆུའི་ཁ་དོག་ལྟ་བུའོ། །ཕྱག་གཞན་དག་ལ་དེ་བཞིན་དུ་དུང་སྐྱོང་དཀར་པོའོ། །ཞབས་གདུབ་ལ་པདྨ་དང་པདྨ་ཆེན་པོ་དག་གོ །འདི་དག་ནི་དམར་པོར་གཅིག་པའོ། །དེ་བཞིན་དུ་སྤྱན་གཉིས་དམར་པོར་གྱུར་པའི་དཔལ་འབྱུང་པོ་འདུལ་བྱེད་བསྒོམ་པར་བྱའོ། །ཞེས་སོ། །ཁྲོ་བོ་དང་བཅས་ཤིང་གཅིག་ཏུ་འགྲོ་བའི་དོན་མཛད་པ། སྙིང་ག་དང་མགྲིན་པ་དང་མཛོད་སྤུ་དང་མགོ་བོ་རྣམས་སུ་བསྲུང་བའི་དོན་དུ་ཕྱག་རྒྱས་རེག་པར་བྱའོ། །བསམ་གཏན་གྱིས་ངལ་ན་སྔགས་བཟླ་བར་བྱའོ། །རྡོ་རྗེའི་བཟླས་པ་དང༌། ཁྲོ་བོའི་བཟླས་པས་སོ། །སྔགས་ནི། ཧཱུྃ་བཛྲ་ཕཊ། ཅེས་སོ། །སྐྱེས་བུ་དམ་པ་ངེས་པར་ཡོན་ཏན་དོན་གཉེར་རྣམས་ཀྱི་ཕྱིར། །གང་ཞིག་གིས་ཀྱང་དེ་བྲིས་ཅིས་ཀྱང་བདག་གིས་གསལ་བྱས་པ། །
དགེ་བ་གང་དེས་རྣམ་པར་སྣང་མཛད་ཐོབ་གྱུར་ནས། །འཇིག་རྟེན་གསུམ་པོའི་སྡིག་པ་མཐའ་དག་འཇོམས་པར་ཤོག །དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། ༈ །དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། འབྱུང་པོ་འདུལ་བྱེད་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་གི་ཐུགས་ཀར་ཟླ་བ་ལ་ཁམས་གསུམ་མ་ལུས་པ་གསལ་བར་ནུས་པའི་འོད་ཟེར་ཡང་དག་པར་འཁྲིགས་པའི་རྃ་ཡིག་དམར་པོ། དེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས་ཁྲོ་བོའི་དབང་པོ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་ཞེས་སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། སྤྲོ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས་ལན་གསུམ་བྱས་ལ་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་སོགས་བརྗོད་དེ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་ནམ་མཁའ་ལྟ་བུར་གྱུར། སྟོང་པའི་ངང་ལས་དྲི་མ་མེད་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེའི་ཕོ་བྲང་ཆེས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧྲཱིཿཡིག་ལས་བྱུང་བའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། ཨྃ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དྭངས་ཤིང་གསལ་བའི་སྟེང་དུ། ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་རྭ་གདེངས་པ་ལྟེ་བར་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། ཕྱག་
གཡས་ཀྱི་དང་པོས་རྡོ་རྗེ་སྔོན་པོ་རྭ་གདེངས་པ་འཕྱར་ཐབས་སུ་འཛིན་ཅིང༌། གཡོན་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་ཞགས་པ་འཛིན་པ། རྩ་ཕྱག་གཉིས་ཀྱིས་ཐུགས་ཀར་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་མཛད་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་དང༌། དར་སྔོན་པོའི་སྟོད་གཡོགས་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འབྱུང་པོ་གཞན་གྱིས་མི་ཐུབ་པ་དཀར་པོ་མིག་གསུམ་པ་ལག་པ་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ཐོད་པ་དང་རྩེ་གསུམ་འཛིན་པ། སྟག་ལྤགས་ཀྱིས་སྨད་དཀྲིས་ཤིང་སྐྲ་སེར་པོ་ཐོར་ཚུགས་ཅན་ཁ་བུབ་ཏུ་མནན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་གོང་ལྟར་སྤྱན་དྲངས་ལ་མཆོད་དེ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བར་སྩལ་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། མིང་མེད་གཉིས་པོ་བཅིངས་བྱས་ཏེ། །མཛུབ་མོ་གཉིས་པོ་བསྐུམ་པར་བྱ། །མཐེའུ་ཆུང་གུང་མོ་དེ་བཞིན་དུ། །མཐེབ་ཆེན་གྱིས་ནི་གནན་པར་བྱ། །ཞེས་པ་ལྟར་
གྱི་རྩ་བའི་ཕྱག་རྒྱ་སྙིང་མགྲིན་དཔྲལ་སྤྱི་བཞིར་རེག་ཅིང༌། ཧཱུྃ་བཛྲ་ཕཊ། ཅེས་བརྗོད་པས་བྱིན་གྱིས་བརླབས་ཏེ་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་ཡུན་རིང་དུ་གཏད་ལ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བ་ལས་རབ་ཏུ་འབར་བའི་སྔགས་ཀྱི་འོད་ཟེར་མའི་ཕྲེང་བ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ཁྱབ་ཅིང་སྣང་བར་བྱས་པས་ནད་རིམས་གདོན་བགེགས་བྱད་ཁ་རྦོད་གཏོང་མི་དང་མི་མ་ཡིན་པའི་གནོད་ཐམས་ཅད་བསྲེགས་ཤིང་སྦྱངས། བ་སྤུའི་བུ་ག་ནས་རང་འདྲ་བའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྐུ་དང་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ་ཞིང་ཁྲོ་བོའི་བཟླས་པས། ཧཱུྃ་བཛྲ་ཕཊ། ཅེས་དང༌། ཨོཾ་བྷཱུ་ཏ་ཌཱ་མ་ར་བྷཱུ་ཏ་ཨ་དྷི་པ་ཏི། ཨཀྵོ་བྷྱ་ཀི་རཱི་ཏཱི་ན། སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙཱ་ནི་སཱ་དྷ་ཡ་ཧཱུྃ་ཕཊ། ཅེས་བཟླ། མན་ངག་ཤེས་ན་རྡོ་རྗེའི་བཟླས་པ་ཅི་ནུས་བྱ། ཐུན་འཇོག་པ་ན་གང་འདོད་པའི་དངོས་གྲུབ་ཞུས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམས་ལ། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་གསལ་བཏབ་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་ན་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་དགོད་པར་ཤོག །ཅེས་སོགས་ཀྱིས་བསྔོ་བ་དང་སྨོན་ལམ་བཏབ་ལ། རང་ཉིད་གནས་སྐབས་ཐམས་ཅད་དུ་རྡོ་རྗེའི་ཕོ་བྲང་ཤིན་ཏུ་ཡངས་པའི་ནང་དུ་ལྷའི་ང་རྒྱལ་གྱིས་གནས་པར་བསམ་མོ། །བསྙེན་པ་བྱེད་ན་ཟླ་བ་གཅིག་ཏུ་ཐུན་གསུམ་གྱི་སྦྱོར་བས་སྔགས་ཐུང་འབུམ་ཕྲག་བཅུ་དང༌། སྔགས་རིང་ཁྲི་ཕྲག་བཅུ་བཟླའོ། །ཞེས་པ་འདི་ནི་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པའི་གཞུང་ཆེ་ཆུང་གི་སྙིང་པོ་བསྡུས་ནས་ཉམས་སུ་བླངས་བདེ་བར་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་སྦྱར་བའོ།།
༈ །རྗེས་གནང་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་བྱ་ཚུལ་ནི། མཎྜ་ལར་ཚོམ་བུའི་མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་གཏོར་མ་གཅིག་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་དང་མེ་ཏོག སློབ་མ་ལ་དགོས་པའི་མཎྜལ་དང་མེ་ཏོག་རྣམས་སྟ་གོན་བྱས་ལ། མཆོད་པ་བྱིན་གྱིས་བརླབ། བདག་བསྐྱེད་བསྒོམ། ཚོམ་བུ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་པ་དབུལ། དཔལ་ཆེན་ནམ་མཁའི་མདོག་གི་མདངས་ལྡན་ཞིང༌། །དུས་མཐའི་སྤྲིན་ལྟར་ཧཱུྃ་སྒྲ་འབྲུག་སྟོང་ཆེམ། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་འགེམས་པ། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། སྔགས་ཀྱི་མཐར། ཨོཾ་ཨ་ཀཱ་རོ་བཏགས་པས་དབུལ། མཆོད་བསྟོད་བྱ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། སློབ་མ་ཁྲུས་བྱས་ཏེ་གྲལ་ལ་འཁོད་པ་ལ་སེམས་བསྐྱེད་གསལ་གདབ། འདིར་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་ལ་དཔལ་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་པ་བྱས། དེ་དག་གི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་
བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག ཅེས་པས་རྒྱུད་དག་པར་བྱས་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་ཤཱུ་ནྱ་ཏཱ་སོགས་ནས། ཧཾ་ཞེས་བརྗོད་པས་ཁྱེད་རང་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དང༌། རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཁམས་དང་བསྐྱེད་མཆེད་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་ནམ་མཁའ་ལྟ་བུའི་ངང་ལས་ཞེས་སོགས་སྒྲུབ་ཐབས་བཞིན་ལ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུར་གྱུར་པར་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་གི་ལུས་ལ་ཐིམ་པས་མོས་པ་མཛོད། ཅེས་དང༌། རོལ་མོ་བྱ་ཞིང་གུ་གུལ་གྱིས་བདུག སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿ ཛཿཧཱུྃ་བཾ་ཧོཿཞེས་བརྗོད། དེས་དཔལ་ཕྱག་ན་རྡོ་རྗེའི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་གི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་ཞིག་བསམས་ཏེ།
སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་སྟེ་ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་པ་བྱས་ཏེ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་སྔགས་འདི་དག་གི་རྗེས་ཟློས་མཛོད། ཧཱུྃ་བཛྲ་ཕཊ། ཅེས་གསུམ་ལ་སོགས་པ་དང༌། ཨོཾ་བྷཱུ་ཏ་ཌཱ་མ་ར་སོགས་ནས། ཧཱུྃ་ཕཊ་ཅེས་ལན་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་པ་བྱས་ཏེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་ནས། བདག་ལ་འགོ་བར་མཛོད། ཅེས་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཞག་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་ཀྱི་མཐར། རྡོ་རྗེ་སློབ་མ་འདིའི་རྒྱུད་ལ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དེས་དཔལ་ཕྱག་ན་རྡོ་རྗེའི་གསུང་གི་རྗེས་གནང་ཐོབ། ངག་གི་བར་ཆད་ཐམས་ཅད་ཞི་བར་བྱས། ངག་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གསུང་དང་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། ཐུགས་ཀྱི་རྗེས་གནང་ནི། གསང་བ་འདུས་པའི་རྩ་བའི་རྒྱུད་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པའང་དམིགས་སུ་མེད་པའོ། །ཞེས་གསུངས་ཏེ་དེའི་དོན་ཁྱེད་རང་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དེ་ཉིད་ལ་ཡིད་ཆེར་གྱིས་གཏད་པ་ལ་བརྟེན་ནས་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་འཇའ་ཚོན་ལྟ་བུའི་ཚུལ་ཅན་དུ་ལྟེམ་གྱིས་ཞུ་སྟེ་ཐུགས་ཀའི་ས་བོན་ལ་ཐིམ་ཞིང་དེ་ཡང་ཇེ་ཆུང་ཇེ་ཕྲར་གྱུར་ནས་མཐར་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་རང་ཡལ་དུ་ཡལ་གྱིས་ཡལ་བ་ལ་བརྟེན་
ནས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་རྒྱུད་ལ་སྐྱེས་པར་མོས་པ་མཛོད། སྤྲོ་ན་མེ་ཏོག་གཏོར་ཏེ། བཅོམ་ལྡན་འདི་ལ་སོགས་ནས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག ཅེས་བརྗོད། དེས་དཔལ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རྗེས་གནང་ཐོབ། སེམས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། སེམས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས་ཁས་བླངས་པའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས། གཏང་རག་ཏུ་མཎྜལ་ཕུལ། ལུས་ལོངས་སྤྱོད་ཐམས་ཅད་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་སོགས་བྱ། མདུན་བསྐྱེད་ལ་མཆོད་བསྟོད་དངོས་གྲུབ་བླང༌། བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ་གནས་གསུམ་བསྲུངས་ཏེ། དགེ་བ་བསྔོ་ཞིང་བཀྲ་ཤིས་བྱའོ། །འདི་ཡང་ལས་དང་པོ་པ་རྣམས་ལ་ཕན་པའི་ཆེད་དུ་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཨེ་ཝྃ་དུ་བཀོད་པའོ། །སྒྲུབ་ཐབས་རྒྱ་མཚོ་ནས་འབྱུང་བའི་ལྷ་རྣམས་ལ་རྗེས་གནང་གི་ཆིངས་འདི་ཉིད་སྦྱར་བར་བྱ་བ་ཡིན་ནོ།། ༈ །གསང་བདག་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་བཞུགས་སོ། །ན་མོ་གུ་རུ་ཝེ། རྒྱལ་བ་ཀུན་དངོས་ཁྱབ་བདག་རྡོ་རྗེ་འཆང༌། །གསང་བའི་བདག་པོ་ཡེ་ཤེས་མཁའ་འགྲོ་མ།«་་་་་དྲི་མེད་གཟི་བརྗིད།» «རྡོ་རྗེ་གདན་པ་ཆེ་བ།་་་་་»མྱ་ངན་མེད་དཔལ་དོན་ཡོད་རྡོ་རྗེ་ལ།«་་་་་ཆུང་བ།» །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིན་ཆེན་གྲགས་དང་བརྩེ་ཆེན་སྙིང་པོའི་ཞབས། །རྗེ་བཙུན་གྲགས་པ་ཆོས་ཀྱི་སེང་གེ་དང༌། «འཇམ་གསང་བ།་་་་་»།ཤེས་རབ་འོད་ཟེར་རྣམ་རྒྱལ་རྡོ་རྗེ་ལ།«་་་་་རོང་པ་རྒ་ལོ། »།གསོལ་བ་འདེབས་སོ་བདག་
རྒྱུད་བྱིན་གྱི་རློབས། «རྒ་ལོའི་སྲས།་་་་་»ཤེས་རབ་སེང་གེ་གཞོན་ནུ་ཚུལ་ཁྲིམས་ཞབས།«་་་་་ཐུབ་བསྟན།» །ཚུལ་ཁྲིམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང༌། །ཡེ་ཤེས་རྒྱལ་མཚན་ཀུན་དགའ་བཟང་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་དགའ་དབང་ཕྱུག་ཡོངས་འཛིན་དཀོན་མཆོག་འཕེལ། །ལྷ་མཆོག་སེང་གེ་བུདྡྷ་སིཾ་ཧ་དང༌། །བྲང་ཏི་པ་དང་ནམ་མཁའ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞལ་སྐོང་ནི། ནམ་མཁའ་དཔལ་བཟང་སངས་རྒྱས་ཕུན་ཚོགས་ཞབས། །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་རྗེ། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་འཆང་དངོས་ཀུན་དགའ་བསྟན་འཛིན་སོགས། །རིམ་བཞིན་བརྒྱུད་དང་དངོས་སུ་གདམས་པ་ཡིས། །བདག་བློ་ཚིམ་མཛད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སོ། །རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་འདེབས་ཀྱིས། །མཁྱེན་བརྩེ་ནུས་པ་ཆེན་པོས་ལེགས་གཟིགས་ནས། །མཐའ་ཡས་འགྲོ་བ་ཀུན་གྱི་དོན་བསྒྲུབ་ཕྱིར། «སྨོན་ལམ་མདོར་བསྟན།་་་་་»བདག་གིས་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །སྔོན་འགྲོའི་ཆོས་ཀྱིས་བདག་རྒྱུད་ལེགས་སྦྱངས་ནས། །སྲུང་འཁོར་དབུས་སུ་པད་ཟླར་ཧཱུྃ་ཡིག་གི །འཕྲོ་འདུ་ལས་གྲུབ་གསང་བའི་བདག་པོ་ཡི། །རྣལ་འབྱོར་བསྒོམ་ལ་གེགས་མེད་མཐར་ཕྱིན་ཤོག «།མཐར་ཐུག་གི་འབྲས་བུ་གསང་བ་གསུམ་ལས་སྐུའི་གསང་བ།་་་་་»།སྐུ་མཆོག་བསྒོམ་པས་ཕན་བདེ་འབྱུང་བའི་གནས། །བསམ་གྱིས་མི་ཁྱབ་སྐུ་ཡི་གསང་བ་མཆོག །བདག་གིས་ཐོབ་ནས་འཁོར་བའི་མཐར་ཐུག་བར། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་བྱེད་ཤོག «།གསུང་གི་གསང་བ།་་་་་»།གསུང་མཆོག་བཟླས་པས་དོན་ཆེན་འགྲུབ་པའི་རྒྱུ། །བསམ་གྱིས་མི་ཁྱབ་གསུང་གི་གསང་བ་མཆོག །བདག་གིས་ཐོབ་ནས་མཁའ་མཉམ་སེམས་ཅན་ལ། །རང་རང་སྐད་ཀྱིས་དམ་ཆོས་སྟོན་པར་ཤོག «།ཐུགས་
ཀྱི་གསང་བ།་་་་་»།ཐུགས་མཆོག་བསྒོམ་པས་སྲིད་ཞིའི་མཐའ་སྤངས་པ། །བསམ་གྱིས་མི་ཁྱབ་ཐུགས་ཀྱི་གསང་བ་མཆོག །བདག་གིས་ཐོབ་ནས་འགྲོ་བ་མ་ལུས་པ། །སེམས་རྒྱུད་ཡེ་ཤེས་མཆོག་ཏུ་བསྒྱུར་བར་ཤོག །དེ་ལྟའི་གསང་གསུམ་བསྒོམ་པའི་གནས་སྐབས་སུ། །ཉམ་ཐག་གཞན་གྱི་ནད་གདོན་བར་ཆད་རྣམས། །བདག་གིས་མཐོང་ཐོས་རེག་པས་ཀུན་ཞི་ནས། །གནོད་བྱ་གནོད་བྱེད་བདེ་ལ་སྦྱོར་བར་ཤོག «།སྨོན་ལམ་སྙིང་པོར་དྲིལ་བ།་་་་་»།མདོར་ན་བདག་གི་ལས་ཉོན་དྲི་མའི་ཚོགས། །ཐམས་ཅད་དག་ནས་གསང་བའི་བདག་པོའི་ཞལ། །མངོན་སུམ་མཐོང་ནས་ལུས་རྟེན་འདི་ཉིད་ལ། །ཟུང་འཇུག་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་དོན་དྲན་བཞིན་པས་གསོལ་བ་གདབ་པར་བྱའོ། །དེ་ལྟར་གསོལ་བ་གདབ་པའི་ཡུལ་བླ་མ་འདི་རྣམས་ནི། བཅོམ་ལྡན་འདས་གསང་བའི་བདག་པོའི་རྗེས་གནང་གི་བརྒྱུད་པ་ཐུན་མོང་མ་ཡིན་པའོ། །ཐུན་མོང་བ་ནི་སྒྲུབ་ཐབས་རྒྱ་མཚོའི་བརྒྱུད་པ་ལྟར་ཡིན་ནོ། །ཞེས་པ་འདི་ནི་ཡི་དམ་འདི་ལ་མོས་ཤིང་སྒྲུབ་པ་ལ་བརྩོན་པའི་རྣལ་འབྱོར་པ་ཤེས་རབ་དཔལ་ལྡན་གྱིས་བསྐུལ་བའི་ངོར། དཔལ་ལྡན་དོན་གྲུབ་ཀྱིས་ཨེ་ཝྃ་ཆོས་འཁོར་རྩེར་སྦྱར་བའོ། །ཞལ་སྐོང་ཤློ་ཀ་གཉིས་མཁྱེན་བརྩེའི་དབང་པོས་བྲིས་པ་མངྒལཾ།། ༈ །དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་པའི་ཐབས་ཀྱི་བཤད་པ་རྣམ་གསལ་ཉི་མ་ཞེས་བྱ་བ་བཞུགས་སོ། །དབང་སྔོན་ལྷུན་པོ་བསྐལ་པ་བྱིན་ཟ་ཆེས། །མངོན་པར་འཁྱུད་བཞིན་གཟི་བརྗིད་ལྷམ་མེ་བ། །བདེ་གཤེགས་ཡོངས་ཀྱི་གསང་བདག་རྡོ་རྗེ་འཛིན། །གང་དང་གཉིས་མིན་དཔལ་ལྡན་བླ་མས་སྐྱོང༌། །བགྲང་ཡས་རྒྱུད་སྡེ་སྤྱི་དང་བྱེ་བྲག་ཏུ། །ཚུལ་འདི་བཀྲལ་དང་དབང་བསྐུར་བྱིན་གྱིས་བརླབས། །གདམས་ངག་བརྒྱུད་པ་མཁའ་ལ་མི་ལྟུང་ཕྲེང༌། །ཇི་བཞིན་ཚར་དུ་དངར་ལ་ཕྱག་བགྱིས་ནས། །གཉིས་མེད་ཡེ་ཤེས་རྡོ་རྗེས་མཚན་པའི་ལྷས། །སྲིད་གསུམ་འབྱུང་པོ་དཔའ་བཀོང་དབང་སྡུད་པའི། །ཚུལ་འདིས་གྲགས་པའི་མུ་ཁྱུད་རྩེ་བརྒྱ་པས། །རི་བོའི་རྒྱུན་ལུགས་བཅད་པ་གཏམ་ཙམ་ཟད། །
རྡོ་རྗེ་གུར་དང་ཁ་སྦྱོར་སྡོམ་འབྱུང་སོགས། །གོང་འོག་རྒྱུད་སྡེས་ཉེར་བསྟན་ལྷག་པའི་ལྷའི། །སྒྲུབ་ཐབས་འཇིག་རྟེན་གསུམ་གྱི་རྡོ་རྗེ་སོགས། །བཀྲ་བའི་མན་ངག་མ་དྲོས་ཆུ་ཀླུང་གྲངས། །གང་དེ་བརྩེ་བ་ཆེ་དང་ཨེ་ཝྃ་པ། །བརྒྱུད་པར་བཅས་པའི་མཁྱེན་རབ་ས་མུ་དྲར། །སིམ་དོན་མངོན་པར་རྟོགས་པ་ཉམས་བསྟར་ཚུལ། །མཁས་པའི་གསུང་དོན་འཆད་ལ་སྒྲ་འཛིན་གཏོད། །ཅེས་པའི་ཤིས་བརྗོད་ཕྱག་འཚལ་དངོས་པོ་ངེས་པར་བསྟན་པ་ཉུང་ཟད་ཅིག་སྔོན་དུ་བཏང་ནས་འདིར་གང་བསྙད་པར་བྱ་བ་ཉིད་ནི། དཔལ་ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཏེ། སྤྱིར་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས། མཆོག་སྒྲུབ་པའི་ལྷ་དང་ལས་རྒྱས་སྒྲུབ་པའི་ལྷ་དཔག་ཏུ་མེད་པར་གསུངས་པ་ལས། འདིར་གཙོ་བོར་ལས་རྒྱས་པའི་སྒྲུབ་པའི་ལྷའི་རྣལ་འབྱོར་དུ་བསྟན་པའང་ཐུན་མོང་གི་དངོས་གྲུབ་གཙོ་བོར་བྱས་ནས་མཆོག་གི་དངོས་གྲུབ་ཞར་བྱུང་གི་ཚུལ་གྱིས་བསྒྲུབ་པའོ། །དེ་ལ་ཞི་རྒྱས་དབང་དྲག་དང་རྗེས་སུ་འབྲེལ་བའི་ཡི་དམ་གྱི་ལྷ་མང་དུ་བཞུགས་པ་ལས། འདིར་གནས་སྐབས་སུ་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་གནོད་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱས་ནས་མཐར་ཐུག་བདུད་བཞི་ལས་རྣམ་པར་རྒྱལ་བའི་གོ་འཕང་སྦྱིན་པའི་ཐབས་མཆོག་ཏུ་གྱུར་པ་སྟེ། སྤྱིར་ཆོས་སྒྲུབ་པའི་གང་ཟག་རྣམས་ལ་བདུད་བཞིས་བར་དུ་གཅོད་པ་དང༌། ཁྱད་པར་རྒྱལ་གདོན་འབྱུང་པོའི་རིགས་ཀྱི་ཉེར་འཚེ་ཆེ་བ་དང༌། སྟེང་གདོན་དྲང་སྲོང་གི་ཉེར་འཚེ་ཆེ་བས་དེ་དག་གི་གཉེན་པོའམ་གོང་གནོན་གྱི་གཙོ་བོ་ལྷ་འདི་ཉིད་ཡིན་པས། འདི་ཉིད་སྒྲུབ་པས་དེ་དག་གིས་རྣམ་པར་འཚེ་བ་ལྟ་ཞོག དེ་དག་ཐམས་ཅད་ཀྱང་བདག་གི་དབང་དུ་ངེས་པར་འགྲུབ་ཅིང་ཇི་ལྟར་འདོད་པའི་ལས་ཐམས་ཅད་བསྒྲུབ་པར་འགྱུར་ཏེ། རྒྱུད་ལས། གནོད་སྦྱིན་དུ་མ་འབྱུང་པོ་དང༌། །གནོད་སྦྱིན་མོ་དང་ཀླུ་མོ་དང༌། །མི་མོ་ལྷ་ཡི་མཛེས་མ་ནི། །སྒྲུབ་པ་པོ་ཡིས་ངེས་པར་འགྲུབ། །ཅེས་དང༌། དམ་པ་ཐམས་ཅད་འདྲེན་པ་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པའི་གཞུང་ལས་ཀྱང༌།
གནོད་སྦྱིན་གནོད་སྦྱིན་མོ་སོགས་འགྲུབ། །བདག་སྙིང་ཡ་མཚན་སྐྱེས་ནས་བྲི། །ཞེས་གསུངས་ཤིང༌། བླ་མ་གོང་མ་ཕལ་ཆེ་བ་དག་ཀྱང་བསྙེན་སྒྲུབ་ཀུན་གྱི་ཐོག་མར་མི་གཡོ་བའམ་ཕྱག་ན་རྡོ་རྗེ་འདི་ཉིད་ལྗགས་བསྙེན་གྱི་ཐོག་མར་མཛད་པ་ཤས་ཆེ་བའི་དོན་ཡང་དེ་ལྟར་ངེས་པའི་རྒྱུ་མཚན་གྱིས་སོ། །དེ་ལའང་རྣམ་པར་དབྱེ་ན་ཆེ་བ་དྲུག་སྟེ། འཁོར་ཆེན་དབང་གིས་ཆེ་བ། གཏུམ་པོ་ཁྱུང་གིས་ཆེ་བ། འགྲོ་བཟང་ཆོས་སྐྱོང་གིས་ཆེ་བ། བེ་ཅོན་ཅན་རྒྱུད་ཀྱིས་ཆེ་བ། འབྱུང་པོ་འདུལ་བྱེད་མཐུ་སྟོབས་དང་ནུས་པས་ཆེ་བ་ཞེས་བོད་འདིར་སྔ་རབས་པ་རྣམས་ལ་ཡོངས་སུ་གྲགས་པ་ལྟར་ན་འདིར་འབྱུང་པོ་འདུལ་བྱེད། དེ་ལའང་རྒྱུད་སྡེ་གོང་འོག་སོ་སོའི་རྗེས་སུ་འབྲངས་ནས་བཀྲལ་བའི་ལུགས་སྲོལ་མང་དུ་ཡོད་དེ། སྤྱིར་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་རྒྱས་པ་སྟོང་ཕྲག་དྲུག་ཅུ་པ་ཨོ་རྒྱན་གྱི་གནས་ན་བཞུགས་པ་ལས། གྲུབ་ཐོབ་རྣམས་ཀྱིས་ཟུར་དུ་ཕྱུང་བ་བོད་དུ་འགྱུར་བ། སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་སོགས་ཀྱིས་སྤྱོད་རྒྱུད་དུ་བཤད་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ཆུང་དུ་གྲགས་པ་ལས། འབར་བའི་ཕྲེང་བ་ཡང་དག་འཁྲུགས། །ཁྲོ་བོ་ཆེན་པོ་ཕྱག་བཞི་པ། །མིག་སྨན་སྦྱངས་པའི་འོད་འདྲ་ཞིང༌། །ཕྱག་གཡས་ཀྱིས་ནི་རྡོ་རྗེ་གསོར། །གཡོན་གྱི་ཕྱག་གིས་སྡིགས་མཛུབ་མཛད། །ཅེས་བྱ་བ་ལ་སོགས་པ་ནས། གཞན་གྱིས་མི་ཐུབ་ཞབས་ཀྱིས་མནན། །ཕྱག་རྒྱ་འཆིང་བས་བཞུགས་པ་སྟེ། །ཞེས་པའི་བར་གྱིས་གཙོ་བོ་དང༌། ཁྲོ་བོའི་མདུན་དུ་ཨུ་མ་ཡི། །བདག་པོ་ཡང་དག་བྲི་བར་བྱ། །ཞེས་སོགས་ཀྱིས་འཁོར་བསྟན་པ་ལ་བརྟེན་ནས་སློབ་དཔོན་ཨ་བྷ་ཡཱ་ཀ་རས་ཕྱག་ན་རྡོ་རྗེ་ལྷ་སོ་གསུམ་གྱི་དཀྱིལ་འཁོར་དུ་བཀྲལ་བ་ད་ལྟ་རྡོ་རྗེ་ཕྲེང་བ་ན་བཞུགས་ཤིང༌། འོན་ཀྱང་རྒྱུད་དེ་ཉིད་ནས་སྙིང་པོ་ཡི་གེ་བཞི་ཁོ་ན་བསྟན་གྱི་སྔགས་རིང་བཤད་པ་མེད་ཅིང༌། འདི་ལ་བརྟེན་ནས་དམ་པ་ཐམས་ཅད་འདྲེན་པ་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པའི་གཞུང་གཉིས་ཀྱང་ཀུན་མཁྱེན་བུ་སྟོན་སོགས་ཀྱིས་བསྟན་བཅོས་འགྱུར་རོ་འཚལ་གྱི་སྐབས་སུ་སྤྱོད་རྒྱུད་དུ་འཇོག་པར་མཛད་དོ། །ཡང་རྣལ་འབྱོར་བླ་ན་མེད་པའི་དཔལ་ཀྱེ་རྡོ་རྗེའི་བཤད་
རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་མཁའ་འགྲོ་མའི་རྡོ་རྗེ་གུར་འབྱུང་པོ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །དམ་ཚིག་ཡང་དག་རབ་ཕྱེ་བ། །ཀུན་ཏུ་བཟང་པོའི་ས་བོན་བདག །དབང་པོ་སྔོན་པོ་ལྟ་བུའི་འོད། །ཕྱག་བཞི་འཇིགས་བྱེད་ཆེན་པོ་སྟེ། །མཛེས་པའི་ཁྲོ་བོ་ཡི་ནི་ལུས། །དབང་ལྡན་འབྱུང་པོ་མནན་པ་སྟེ། །ཞེས་སོགས་དང༌། ཨོཾ་བྷཱུ་ཏ་ཌཱ་མ་ཞེས་སོགས་ཀྱི་སྔགས་རིང་དང་བཅས་པ་བསྟན་པ་ལྟར་ན་རྣལ་འབྱོར་བླ་ན་མེད་པ་སྟེ། རྒྱུད་སྡེ་རིན་པོ་ཆེ་དེ་དག་ལ་བརྟེན་ནས་དམ་པ་ཐམས་ཅད་འདྲེན་པ་འཇིག་རྟེན་གསུམ་གྱི་རྡོ་རྗེས་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་པའི་ཐབས་ཀྱི་གཞུང་ཆེ་ཆུང་མཛད་པ་ད་ལྟ་སྒྲུབ་ཐབས་རྒྱ་མཚོའི་རྒྱ་གཞུང་ན་བཞུགས་པ་དང༌། ཇོ་བོ་ཆེན་པོ་རྗེ་ནས་བརྒྱུད་པའི་གདམས་ངག་ཐོར་བུར་བཞུགས་པ་རྣམས་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྡེབས་པ་སྣར་ཐང་བརྒྱ་རྩར་གྲགས་པའི་བསྟན་བཅོས་ཆེན་པོ་སོགས་སུའང་བཞུགས་པ་རྣམས་ལ་བརྟེན་ནས་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་དང༌། པཎ་ཆེན་བྲང་ཏི་པས་མཛད་པའི་སྒྲུབ་ཐབས་རྒྱ་མཚོའི་བསྟན་བཅོས་ཀྱི་དཀྱུས་སུ་བཞུགས་པ་དང༌། ཡང་བླ་ཆེན་ཤཱཀྱ་དཔལ་བས་ཞལ་གཟིགས་པའི་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་རྗེས་གནང་མེ་དབང་དང་བཅས་པ་དང༌། སྣར་ཐང་བརྒྱ་རྩའི་བོད་གཞུང་རྣམས་སུ་བཞུགས་པ་རྣམས་ནི། རྒྱུད་གཞུང་གོང་དུ་སྨོས་པ་རྣམས་ཁོ་ནར་ཡིན་ཡང་ཕྱག་བཞེས་དང་ཚིག་ཚོགས་རྒྱས་བསྡུས་ཅུང་ཟད་ཙམ་དང༌། བརྒྱུད་རིམ་གྱི་ཁྱད་པར་དབྱེ་བ་ཙམ་ལས་དོན་ལ་ཁྱད་པར་མ་མཆིས་པས། བླ་མ་དམ་པ་འགའ་ཞིག་ཕན་ཚུན་མི་གསལ་བ་གསལ་བར་བྱེད་པའི་ཚུལ་གྱིས་མི་དམིགས་བཞི་ལ་སོགས་པ་ཕན་ཚུན་རྒྱས་འགེབས་མཛད་པའི་ཞལ་ཤེས་ཀྱང་མཆིས་སོ། །འདིར་སྐབས་སུ་བབས་པ་རྗེ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆ་འདི་ཉིད་ཀྱི་སྟེང་ནས་ཉམས་སུ་ལེན་
པའི་ཚུལ་གྱི་བསྒོམ་བྱའི་གོ་དོན་དང་ཞལ་རྒྱུན་དམིགས་རིམ་རྣམས་དོན་གཉེར་དག་གི་ངོར་འདྲི་བ་ལ་གསུམ་སྟེ། མངོན་པར་རྟོགས་པའི་སྔོན་འགྲོ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལའང་ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་ཁམས་གསུམ་འཁོར་བ་གང་དུ་གནས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་ཅན་དུ་ངེས་པས། དེ་ལས་ཐར་པའི་ཐབས་དམ་པའི་ཆོས་སྒྲུབ་དགོས། དེ་ལའང་རྟེན་དལ་འབྱོར་གྱི་མི་ལུས་ཐོབ་དགོས་ཀྱང་དེ་ད་ལན་མིན་པ་ལན་གྲངས་མང་པོར་རྒྱུ་དགེ་བ་དང་ངོ་བོ་རྣམ་གྲངས་སོགས་ཀྱི་སྒོ་ནས་རྙེད་པར་དཀའ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ་ཞེས་སོགས་སོ། །ཐོབ་པའི་ཕན་ཡོན་ཅི་ཡོད་སྙམ་ན། ཡིད་བཞིན་གྱི་ནོར་བུ་ཐོབ་པ་ལས་ཀྱང་ཕན་ཡོན་ཆེ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་གྱི་བདེ་ལེགས་ཐམས་ཅད་དལ་འབྱོར་གྱི་ལུས་ལ་བརྟེན་ནས་བསྒྲུབ་ཏུ་རུང་བའི་ཕྱིར་ཏེ། སློབ་སྤྲིང་ལས། ཡིད་བཞིན་ནོར་བུ་ལས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་སོ། །ཐོབ་དཀའ་བ་དེ་ཐོབ་ཀྱང་མྱུར་དུ་དམ་པའི་ཆོས་མ་བསྒྲུབས་ན་ཡུན་དུ་གནས་པའི་ངེས་པ་མེད་དེ། སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པར་རིགས་མ་ཡིན། །ཞེས་སོ། །ནམ་ཞིག་འཆི་བའི་དུས་ལ་བབས་པ་ན་ཚེ་འདིའི་གཉེན་འབྲེལ་ལོངས་སྤྱོད་ལ་སོགས་པ་གང་ཡང་རྗེས་སུ་འབྲང་བ་མེད་པར་ལས་དགེ་སྡིག་ཏུ་བྱས་པ་རྣམས་ནི་ལུས་དང་གྲིབ་མ་ལྟར་རྗེས་སུ་འབྲངས་ནས་བདེ་བ་དང་སྡུག་བསྔལ་གྱི་འབྲས་བུ་འབྱིན་པའི་མི་བསླུ་བ་སྟེ། རྒྱལ་པོ་ལ་གདམས་པ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འཆི་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དེ་ནི་གང་དང་གང་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་དང༌། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །ཞེས་གསུངས་པ་སོགས་ཀྱི་དོན་ལ་ཞིབ་ཏུ་དཔྱད་ཅིང་ཆོས་སྒྲུབ་འདོད་ཀྱི་སྤྲོ་བ་དཔག་ཏུ་མེད་པ་
མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ་སྟེ། ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་འགྲོ། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད། ལྷ་སྐུ་འགྲུབ་པའི་རྒྱུ་ཚོགས་གཉིས་བསགས་པའོ། །དང་པོ་ནི། འགྲོ་མགོན་འཕགས་པ། དཀོན་མཆོག་གསུམ་ལ་མ་ལྟོས་པའི། །ཆོས་པ་བཟང་ཡང་མུ་སྟེགས་ཡིན། །ཞེས་མུ་སྟེགས་བྱེད་ལས་ཁྱད་པར་དུ་འགྱུར་བའི་ཕྱིར་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པས། རང་གང་དུ་གནས་པའི་ཞིང་འདི་ཐ་མལ་པ་མ་ཡིན་པ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་བཻ་ཌཱུརྻའི་ས་གཞི་ལྟ་བུ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་རང་ཉིད་འཁོད་པའི་རང་གི་མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་བ་དང་བཅས་པའི་སྟེང་དུ། རང་གི་རྩ་བའི་བླ་མ་ཞེས་པའི་དོན་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཀྱེ་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་ཞིག་ཏུ་སྨིན་བྱེད་ཀྱི་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ་པའི་ཡུལ་དེ་ནི་ཐུན་མོང་མ་ཡིན་པའི་སྡོམ་པ་གསུམ་པོ་ཅིག་ཅར་དུ་ཐོབ་པའི་རྩ་བའི་བླ་མ་ཡིན། དེ་ནས་བརྩམས་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་དང་བྱིན་རླབས་གདམས་ངག་ཟབ་མོའི་ཚིགས་སུ་བཅད་པ་གཅིག་ཚུན་ཆད་ཐོབ་པའི་བླ་མ་རྣམས་དང༌། ཁྱད་པར་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་སུ་གནང་བ་དང་གདམས་ངག་ལེགས་པར་ཐོབ་པ་རྣམས་དང་བཅས་པ་སྟེ། དེ་ཐམས་ཅད་ལ་རྩ་བའི་བླ་མ་ཞེས་བྱ། དེས་ན་དེ་ཐམས་ཅད་འདུས་པའི་བདག་ཉིད་ཡིན་པ་ལ་རྣམ་པ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུར་གསལ་གདབ་པ་རྩ་བའི་བླ་མ་ཀུན་འདུས་ཡིན། དེའི་མཐར་མདུན་ནས་བརྩམས་ཏེ་བརྒྱུད་པའི་བླ་མ་རྣམས་ཀྱང་ཕྱག་ན་རྡོ་རྗེའི་རྣམ་པས་གཡས་སྐོར་དུ་གཙོ་བོ་ལ་ཕྱོགས་པའི་ཚུལ་གྱིས་བཞུགས་པ་དང༌། དེའི་ཕྱི་རོལ་རྩ་བའི་བླ་མའི་མདུན་ཕྱོགས་ཀྱི་ཆར་རྒྱུད་སྡེ་བཞིར་གཏོགས་པའི་ཡི་དམ་ཐམས་ཅད་དང༌། གཙོ་བོའི་གཡས་ཕྱོགས་ཀྱི་ཆར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་
པ་དང་སྤྲུལ་པའི་སྐུའི་རྣམ་པ་ཅན་མང་པོ་དང༌། གཙོ་བོ་རྒྱབ་ཕྱོགས་ཀྱི་ཆར་རིན་པོ་ཆེའི་དྲྭ་མིག་ན་བཞུགས་པའི་ཆོས་གླེགས་བམ་གྱི་རྣམ་པ་མང་པོ་བརྩེགས་པ་དང༌། གཡོན་ཕྱོགས་སུ་བྱང་སེམས་འཕགས་པ་དང་ཉན་ཐོས་རང་རྒྱལ་གྱི་འཕགས་པའི་ཚོགས་དང༌། མཐའ་སྐོར་ཀུན་དུ་ཆོས་སྐྱོང་ནོར་ལྷའི་ཚོགས་ཀྱིས་བསྐོར་བར་བསམ་པ་ནི་སྐྱབས་ཡུལ་གྱི་དམིགས་པ་རྒྱས་པ་ཡིན། ཡང་ན་ཀུན་འདུས་ལུགས་སུ་བསྒོམ་ཀྱང་རུང་སྟེ། དེ་ནི་གཙོ་བོ་བླ་མ་ཕྱག་ན་རྡོ་རྗེའི་རྣམ་པ་ཅན་དེ་གཅིག་པུ་ལ་སྐྱབས་གནས་ཀུན་འདུས་སུ་བསྒོམ་པ་ཡིན་ཏེ། དེའང་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཐུགས་རྒྱུད་གཅིག་པར་བཞུགས་པས་བླ་མ་ཀུན་འདུས། དེའི་ཐུགས་ཡེ་ཤེས་ལྔའི་བདག་ཉིད་དུ་བཞུགས་པ་ནི་རྒྱལ་བ་རིགས་ལྔས་བསྡུས་པའི་སངས་རྒྱས་ཀུན་འདུས། བླ་མའི་གསུང་སྐྱེ་འགག་གནས་གསུམ་གྱིས་སྟོང་པའི་དེ་བཞིན་ཉིད་སྟོན་པར་བྱེད་པ་སྙིང་པོ་སྔགས་ཀྱི་རྣམ་པར་ཤར་བ་ནི་ཆོས་ཀུན་འདུས། སྐུ་དངོས་ཕྱི་ནང་གི་སྐྱེ་མཆེད་དང་བཅས་པ་ནི་སེམས་དཔའ་སེམས་མའི་ངོ་བོར་བཞུགས་པས་དགེ་འདུན་ཀུན་འདུས་ཏེ། རྡོ་རྗེ་ཕྲེང་བ་ལས། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་སོ། སྐྱབས་ཡུལ་འདི་གཉིས་གང་ལ་སྐྱབས་ཡུལ་བྱས་ཀྱང་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །སྐྱབས་སུ་འགྲོ་མཁན་ནི་རང་དང་རང་གི་རྩ་བའི་ཕ་མ་གཉིས་ཀྱིས་ཐོག་དྲངས་པའི་རིགས་དྲུག་བར་དོར་བཅས་པ་དང༌། ཁྱད་པར་འདི་ཉིད་ཀྱི་འདུལ་བྱའི་གཙོ་བོར་གྱུར་པ་གདུག་པ་ཅན། ཐབས་གཞན་གྱིས་འདུལ་བར་དཀའ་བའི་གནོད་བྱེད་འབྱུང་པོར་གཏོགས་པའི་འགྲོ་བ་བཅས་ཁྲོམ་འཚོགས་པ་བཞིན་དུ་འཁོད་པར་བསམ་པ་རྣམས་སོ། །སྐྱབས་སུ་འགྲོ་བའི་ཚུལ་ནི་རབ་ཉིད་ཀྱིས་སྔུན་དྲངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་སྙམ་པས་བདག་དང་འགྲོ་བ་སོགས་ནས་དགེ་འདུན་རྣམས་
ལ་སྐྱབས་སུ་མཆིའོ་ཞེས་པའི་བར་ཅི་ནུས་སུ་གདོན་ནོ། །དེ་ནས་བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་བར་བརྗོད་པས་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཐིམ་པས། དཀོན་མཆོག་གི་བྱིན་རླབས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་ཞུགས་པར་བསམ་མོ། །གཉིས་པ་ནི། བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་ཏེ། དེ་ལའང་ཐོག་མར་སེམས་ཅན་ཐམས་ཅད་ཚེ་རབས་དུ་མར་ཕ་མ་དང་ཕུ་ནུར་གྱུར་པའི་སེམས་ཅན་སྡུག་བསྔལ་ཅན་རྣམས་ལ་དམིགས་ཏེ། ཀྱེ་མ་འཁོར་འདས་གཉིས་སྣང་གི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་དང་ལྷ་དང་ཡེ་ཤེས་ཀྱི་རྣམ་རོལ་དུ་འདུག་པ་ལ། དེ་ལྟར་མ་ཤེས་པར་འཁྲུལ་པ་དུ་མ་ལ་ལོངས་སྤྱོད་པའི་ཕ་མ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། འདི་རྣམས་ཀྱི་དོན་དུ་སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་དེ་བདག་གིས་མངོན་དུ་བྱས་ནས་འདི་རྣམས་ཀྱི་དོན་བྱ། དེའང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བར་འདུག་པས། རྒྱུ་རྐྱེན་གྱི་གཙོ་བོ་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་འདི་ཉམས་སུ་བླང་སྙམ་པས། ངག་ཏུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ་ཞེས་པ་ལན་གསུམ་སོགས་བློ་དང་འདྲེས་པར་བྱ་བ་ནི་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པའོ། །སྐྱབས་འགྲོ་དང་སེམས་བསྐྱེད་འདི་དག་ཉམས་སུ་བླངས་པས་ཐུན་མོང་མ་ཡིན་པའི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གོང་འཕེལ་དུ་བྱེད་ཅིང༌། ཉམས་ན་སོར་ཆུད་པར་བྱེད་པས་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་མེད་ཐབས་མེད་པའི་ཆོས་སོ། །གསུམ་པ་ལ་བསོད་ནམས་ཀྱི་ཚོགས་བསགས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་སོ། །དང་པོ་ལའང་ཡུལ་དག་པ་
ལ་བརྟེན་པ་དང༌། མ་དག་པ་ལ་བརྟེན་པ་གཉིས་ལས། དང་པོ་ལ་ཚོགས་ཞིང་སྤྱན་འདྲེན་པ་དང༌། དེ་ལ་མཆོད་པ་གཉིས་ལས། དང་པོ་ནི། སྒྲུབ་ཐབས་ཀྱི་གཞུང་ལས། དང་པོར་རེ་ཞིག་སྔགས་པས་ཐུགས་ཀར་ཟླ་བ་ལ་ཁམས་གསུམ་རྣམ་པར་གསལ་བའི་འོད་ཟེར་ཡང་དག་པར་འཁྲིགས་པ། ལུས་ལ་རྃ་ཡིག་དམར་པོའི་ས་བོན་རྣམ་པར་བསྒོམ་པར་བྱའོ། །དེ་ལས་དག་པའི་ལྕགས་ཀྱུའི་རྣམ་པས་མདུན་དུ་འབྱུང་པོ་འདུལ་བྱེད་གདན་དྲངས་ནས་ཞེས་འབྱུང་བས། རང་ཉིད་ཕྱག་ན་རྡོ་རྗེའི་སྐུ་ཟབ་གསལ་གཉིས་སུ་མེད་པའི་རྣམ་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ། ཁམས་གསུམ་མ་ལུས་པ་གསལ་བར་ནུས་པའི་འོད་ཟེར་འཁྲིགས་པའི་རྃ་ཡིག་དམར་པོར་བསམ། དེ་ལས་སྣའི་བུ་ག་གཡས་པ་ནས་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་འོད་ཟེར་ལྷ་དབང་དུ་བསྡུ་བ་མཚོན་པའི་ཕྱིར་ལྕགས་ཀྱུའི་རྣམ་པ་ཅན་གྲངས་མེད་པ་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོའི་དབང་པོ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པ་སྤྱན་དྲངས་པར་བསམས་ལ་ཨོཾ་བཛྲ་ས་མཱ་ཛཿ སྔགས་དོན་ཨོཾ་ནི་མཆོག་སྟེར་བ་སོགས་མང་པོ་ལ་འཇུག་སྟེ། རྩེ་མོར། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་སོ། །བཛྲ་ནི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་སྲས་བཅས་རྣམས་སོ། །ས་མཱ་ཛ་ནི་འདུས་པའམ་བསྡུ་བའི་དོན་ཏོ། །ཕྱག་རྒྱ་ནི་གར་སྐོར་སྔོན་དུ་འགྲོ་བའི་དཔུང་པ་གཉིས་རྡོ་རྗེ་བཅིང་བྱས་པའི་སེ་གོལ་བཏོགས་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་སྟེ། སངས་རྒྱས་མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །དཔུང་པ་གཉིས་ནི་རྡོ་རྗེར་བཅིངས། །རྡོ་རྗེ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་འདུ་མཛད་ན། །གཞན་རྣམས་ཐམས་ཅད་སྨོས་ཅི་དགོས། །ཞེས་སོ། །གཉིས་པ་ནི། གཞུང་ལས། བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་ནས། ཞེས་འབྱུང་བ། རང་གི་
སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པའི་སྣ་ལ་མཆོད་ཡོན་ལ་སོགས་པ་མཆོད་རྫས་དཔག་ཏུ་མེད་པ་སྤྲུལ་ཏེ། ཚོགས་ཞིང་དེ་རྣམས་ལ་མཆོད་པར་བསམས་ལ། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ལན་གཅིག་སྔོན་དུ་འགྲོ་བ་སྟེ། སྔགས་དོན་ནི་འབྱུང་པོ་འདུལ་བྱེད་འཁོར་དང་བཅས་པ་ལ་ཞེས་པ་སྟེ། ཨོཾ་བཛྲ་ཨརྒྷཾ་ཧཱུྃ་གིས་མཆོད་ཡོན། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་གིས་ཞབས་བསིལ་དང༌། ཨོཾ་བཛྲ་པུཥྤེས་མེ་ཏོག དྷཱུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི་ཆབ། ནཻ་ཝི་དྱས་ཞལ་ཟས། ཤབྡས་རོལ་མོའི་ཚོགས་རྣམས་ཀྱིས་མཆོད་པར་བསམ། དེ་ནས་ཡན་ལག་བདུན་པ་འབུལ་བ་ནི། ཡུལ་དེ་དག་གི་སྤྱན་སྔར་རང་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་དེ་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བྱ་སྟེ། དེའང་འདིར་གུར་ལས་འབྱུང་བའི་ཚིགས་སུ་བཅད་པ་གསུམ་ངག་ཏུ་བརྗོད་པས་ཏེ། དཀོན་མཆོག་གསུམ་ལ་སོགས་ཚིག་རྐང་གཉིས་ཀྱི་སྡིག་པ་བཤགས་པའི་ཡན་ལག་བསྟན་ཏེ། དེ་ལ་སྟོབས་བཞི་ཚང་བའི་ཐབས་ཀྱིས་བཤགས་ན་སྡིག་པ་ཇི་ལྟར་ཆེ་ཡང་འདག་པར་གསུངས་ཏེ། དེའང་རྟེན་གྱི་སྟོབས་ནི་མདུན་གྱི་ནམ་མཁར་བཞུགས་པའི་ཐུན་མོང་མ་ཡིན་པའི་ཡུལ་དཀོན་མཆོག་གསུམ་བཞུགས་པའི་ཚོགས་ཞིང་རྣམས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི་སྔར་རང་གིས་བྱས་པའི་སྡིག་པ་རྣམས་ནི་དུག་ཁོང་དུ་བཏུང་བ་ལྟ་བུས་འགྱོད་སེམས་དྲག་པོས་བཤགས་པའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་ཕྱིན་ཆད་སྡིག་པའི་ལས་དེ་ལྟ་བུ་དང་གཞན་གང་ཡང་རུང་བ་སྲོག་ལ་བབ་ཀྱང་མི་བྱེད་སྙམ་དུ་དམ་འཆའ་བའོ། །སོར་ཆུད་པའི་སྟོབས་ནི་ད་ལམ་བདག་གིས་ཡུལ་གཉན་པོ་འདི་དག་གི་མདུན་དུ་སྡིག་པ་བཤགས་པའི་ཐབས་ཀྱི་ཁྱད་པར་འདི་ལྟ་བུ་བྱས་པས་བདག་རྒྱུད་ཀྱི་སྡིག་པ་ཐམས་ཅད་དག་པར་ངེས་སྙམ་པའི་དགའ་བ་བསྒོམ་པ་སྟེ་སྟོབས་བཞིའོ། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཞེས་པས་དགེ་བ་ལ་ཡི་རང་བའི་ཡན་ལག་བསྟན་ཏེ། ཁམས་གསུམ་གྱི་འགྲོ་བ་སྟེ་འཁོར་བས་བསྡུས་པ་དང༌། ཉན་ཐོས་དང༌། རང་རྒྱལ་བ། བྱང་ཆུབ་སེམས་དཔའ།
རྫོགས་པའི་སངས་རྒྱས་ཏེ་མྱ་ངན་ལས་འདས་པས་བསྡུས་པ་རྣམས་ཀྱིས། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བསྒོམ་པའོ། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་གཟུང་ཞེས་པས། དོན་དམ་བྱང་ཆུབ་ཀྱི་སེམས་གཟུང་བའི་ཡན་ལག་བསྟན་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་བསྟེན་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་བདག་གིས་ཀྱང་བསྒོམ་སྙམ་དུ་དམ་འཆའ་བའོ། །སངས་རྒྱས་ཆོས་དང་ཚོགས་མཆོག་སོགས་རྐང་པ་གཉིས་ཀྱིས་སྐྱབས་སུ་འགྲོ་བའི་ཡན་ལག་བསྟེན་ཏེ། དཀོན་མཆོག་གསུམ་ནི་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་སྟེ། སྐུ་གསུམ་གྱི་བདག་ཉིད་ཅན་ནི་སངས་རྒྱས། ལུང་དང་རྟོགས་པའི་བདག་ཉིད་ཅན་ནི་ཆོས། ཕྱིར་མི་ལྡོག་པའི་འཕགས་པའི་ཚོགས་ནི་དགེ་འདུན་ཏེ་ཕྱིའི་དཀོན་མཆོག་གསུམ་མོ། །བླ་མ་དང་གཉིས་སུ་མེད་པའི་ཡི་དམ་གྱི་ལྷ་ནི་སངས་རྒྱས། གསུང་རྩ་སྔགས་སྙིང་པོ་ཉེ་སྙིང་གི་རྣམ་པར་ཤར་བ་ནི་ཆོས། འཁོར་གྱི་ལྷ་ཚོགས་རྣམས་ནི་དགེ་འདུན་ཏེ་ནང་གི་དཀོན་མཆོག་གསུམ་མོ། །སེམས་ཉིད་རང་བཞིན་གྱིས་སྒྲིབ་པ་ལས་གྲོལ་བའི་ཡེ་ཤེས་ནི་སངས་རྒྱས། དེ་རྟོག་པ་མེད་པའི་ཚུལ་གྱིས་རྟོགས་པ་ནི་ཆོས། དེ་ཉམས་སུ་ལེན་པ་ནི་དགེ་འདུན་དཀོན་མཆོག་སྟེ་གསང་བའི་དཀོན་མཆོག་གསུམ་མོ། །དེ་དག་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་དུ་དམ་འཆའ་བའོ། །རང་གཞན་དོན་ནི་རབ་བསྒྲུབ་སོགས་རྐང་པ་གཉིས་ཀྱིས་བྱང་ཆུབ་མཆོག་ཏུ་སྨོན་པ་སེམས་བསྐྱེད་པའི་ཡན་ལག་བསྟན་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་པར་བྱ་སྙམ་དུ་སྨོན་པའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་སོགས་ཚིག་རྐང་གསུམ་གྱིས་འཇུག་པ་སེམས་བསྐྱེད་པའི་ཡན་ལག་བསྟན་ཏེ། གོ་འཕང་དེའང་རྒྱུ་རྐྱེན་མེད་པར་མི་འབྱུང་བར་འདུག་པས་དེའི་ཆེད་དུ་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ལ་བསླབ་སྙམ་པའོ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་
པས་ཡོངས་སུ་བསྔོ་བའི་ཡན་ལག་བསྟན་ཏེ། དེ་ལྟར་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་དྲུག་པོ་རྣམས་བགྱིས་པའི་དགེ་བས་མཚོན་ཏེ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་པ་སྟེ། དེ་དག་ནི་བླ་མ་དང་ལྷ་ལ་བརྟེན་པས་ན་ཡུལ་དག་པ་ལ་བརྟེན་པའི་ཚོགས་བསགས་ཞེས་བྱའོ། །ཚོགས་ཞིང་དེ་དག་མི་དམིགས་པར་བཞག་པའམ་རྒྱུད་ལ་བྱིན་རླབས་འཇུག་པའི་ཕྱིར་ཚོགས་རྟེན་དེ་དག་གི་ཞལ་ནས་རིགས་ཀྱི་བུ་ཁྱོད་གནས་པ་འདིས་གནས་ན་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་ཞལ་གྱིས་བཞེས་པའི་གསུང་ལྷང་གིས་བྱོན་ཏེ་འོད་དུ་ཞུ་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པར་བསམས་པ་གང་མོས་ཏེ་འདིར་ཕྱི་མ་ཉིད་ལེགས་སོ། །གཉིས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། སེམས་ཅན་ཁམས་ནི་ཚད་མེད་དེ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དམིགས་ཡུལ་སེམས་ཅན་གྱི་ཁམས་ལ་ཚད་གཟུང་དུ་མེད་པས། དེ་དག་ཐམས་ཅད་ཚེ་རབས་དུ་མའི་ཕ་མར་ཤེས་པར་བྱས་ནས་བྱམས་པ་ལ་སོགས་པའི་ལམ་བསྒོམ་པས་བསོད་ནམས་ཀྱང་ཚད་མེད་པ་ཐོབ་པས་ན་དེ་སྐད་ཅེས་བྱའོ། །དེ་ལའང་བཞི་སྟེ། དང་པོ་བྱམས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི། སློབ་དཔོན་ཙནྡྲས། འགྲོ་ལ་ཕན་པ་ཉེར་བསྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར། དམིགས་པ་ཕ་མར་གྱུར་པའི་སེམས་ཅན་ལ་དམིགས་ནས་རྣམ་པ་བདེ་བ་དང་བདེ་བའི་རྒྱུ་དགེ་བར་སྤྱོད་པ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་དུ་འདུན་པ་དང་དེ་ལྟར་དུ་འགྱུར་བར་བྱ་སྙམ་དུ་སེམས་བསྐྱེད་པ་དང༌། དེ་ལྟར་སྤྱོད་པར་གྱུར་ཅིག་སྙམ་དུ་སྨོན་ལམ་དང་འབྲེལ་བར་ཉམས་སུ་ལེན་ཅིང༌། ངག་ཏུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད། གཉིས་པ་སྙིང་རྗེ་ཚད་མེད་ནི། ཡང་དེ་ཉིད་ཀྱིས། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོ་ཞེས་པ་སྟེ། །དེ་བསྒོམ་པའི་ཚུལ་ནི། དམིགས་པ་སྡུག་བསྔལ་ཅན་གྱི་སེམས་
ཅན་ལ་དམིགས་ནས་རྣམ་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བར་སྤྱོད་པ་དང་བྲལ་བར་གྱུར་ན་སྙམ་པའི་འདུན་སེམས་སྨོན་ལམ་གསུམ་འབྲེལ་བས། ངག་ཏུ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་བརྗོད། གསུམ་པ་དགའ་བ་ཚད་མེད་པ་ནི། དམིགས་ཡུལ་དེ་དག་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ན་རེ་དགའ་སྙམ་པའི་འདུན་སེམས་སྨོན་པ་དང་འབྲེལ་པས། སྡུག་བསྔལ་མེད་པའི་བདེ་བ་སོགས་བརྗོད་དོ། །བཞི་པ་བཏང་སྙོམས་ཚད་མེད་ནི། དམིགས་ཡུལ་དེ་དག་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་ཞེ་སྡང་གི་འཆིང་བས་བཅིངས་པ་ཁོ་ན་ཡིན་པས། དེ་དག་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་འགྱུར་བའི་འདུན་སེམས་སྨོན་པ་དང་བཅས་པས། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་སོགས་བརྗོད་པ་སྟེ་འདི་རྣམས་ནི་སེམས་ཅན་ལ་དམིགས་པས་ཡུལ་མ་དག་པ་ལ་བརྟེན་པའི་ཚོགས་བསགས་ཞེས་བྱའོ། །དེ་ཡན་ཆད་ནི་བསོད་ནམས་ཀྱི་ཚོགས་བསགས་པ་སྟེ། འདི་དག་བསྒོམས་པས་ཚེ་རབས་ཐོག་མ་མེད་པ་ནས་ཡུལ་མཆོག་དམན་ཇི་སྙེད་ཅིག་ལ་བརྟེན་ནས་ལས་ངན་བསགས་པ་ཐམས་ཅད་སྦྱོང་བར་བྱེད་ཅིང་འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པའི་རྒྱུ་ཡིན་ནོ། །གཉིས་པ་ནི། གཞུང་ལས། དེ་ནས་སྟོང་ཉིད་བསྒོམ་པར་བྱའོ་ཞེས་ལྷ་བསྒོམ་པའི་སྔོན་དུ་ལྟ་བ་སྟོང་ཉིད་བསྒོམ་དགོས་པར་བསྟན་ཏེ། འོག་ནས་འབྱུང་བའི་བསྒོམ་བྱའི་ལམ་ཐམས་ཅད་ཀྱང་དེ་དང་དེར་སྣང་ཡང་རང་གི་ངོ་བོའམ་གོ་ཡུལ་དུ་ནི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣམ་རོལ་ལས་མ་འདས་པར་ཤེས་པའི་ཕྱིར་ཏེ། དཔལ་ཡང་དག་པར་སྦྱོར་བ་ལས། དང་པོར་སྟོང་ཉིད་བསམས་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་གདབ། །ཅེས་གསུངས་སོ། །བསྒོམ་བྱ་ལྟ་བའི་ངོ་བོ་ནི། ཀྱེ་རྡོ་རྗེ་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ན། །འཁོར་བ་མྱ་ངན་འདས་པར་གྱུར། །བྱང་
ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་པ་ལྟར། ཐ་སྙད་པའི་བློས་ཆོས་ཅན་འཁོར་བར་མཐོང་བའི་གཞི་དེ་ཉིད་བརྟགས་ཤིང་དཔྱད་པའི་བློ་རྨོངས་མེད་ཀྱི་ངོར་ཆོས་ཉིད་མྱང་འདས་སུ་གཟིགས་ལ། གཟིགས་པ་དེའི་དོན་ཆོས་ཉིད་མྱང་འདས་ལས་གཞན་པའི་ཆོས་ཅན་འཁོར་བ་ཞེས་བྱ་བ་གྲུབ་པ་མེད་ཅིང༌། དེ་མ་གྲུབ་པས་ཆོས་ཅན་འཁོར་བ་ལས་གཞན་པའི་ཆོས་ཉིད་མྱང་འདས་ཞེས་བྱ་བ་ཞིག་ཀྱང་ནམ་ཡང་གྲུབ་པ་མེད་པ་ནི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གི་དོན་ཏོ། །དེ་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱི་མ་བསྒྲིབས་པའི། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་ཏེ། དེའང་ཕྱི་རོལ་པས་བརྟགས་པའི་བདག་དང༌། ཉན་ཐོས་སྡེ་གཉིས་ཀྱིས་བརྟགས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་དང༌། སེམས་ཙམ་པས་བརྟགས་པའི་རྣམ་པར་རིག་པ་བདེན་པར་འདོད་པ་ལ་སོགས་པ་མཐར་འཛིན་གྱི་རྟོག་པས་བརྟགས་པ་ཙམ་གྱིས་ཀྱང་མ་བསྒྲིབས་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་གཉུག་མ་སེམས་ཀྱི་རང་བཞིན་ཡོད་མེད་ཡིན་མིན་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་ནས། ངག་ཏུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དེ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པ་ཉིད་འོད་གསལ་ནམ་མཁའ་ལྟ་བུར་གྱུར་པར་བསམས་པར་བྱ་སྟེ། སྔགས་དོན་ནི། སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་པ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་མཚན་རྟོག་གིས་མི་ཕྱེད་པའི་རང་བཞིན་ཅན་གྱི་བདག་ཉིད་ཅན་གང་ལ་ངའོ་ཞེས་ཐ་སྙད་ཙམ་དུ་བྱས་པའོ། །འདི་ལ་ཡེ་ཤེས་ཀྱི་ཚོགས་བསགས་པ་ཞེས་བྱ་སྟེ། འདི་ཉམས་སུ་བླངས་ན་ཚེ་རབས་ཐོག་མ་མེད་པ་ནས་ང་མེད་ལ་ང་དང་བདག་
མེད་ལ་བདག་ཏུ་ཞེན་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྦྱོར་བར་བྱེད་ཅིང་འབྲས་བུ་སངས་རྒྱས་ཀྱི་ཆོས་སྐུ་འགྲུབ་སྟེ། སློབ་དཔོན་འཕགས་པས། གཟུགས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །དེ་བཞིན་དུ་ནི་ཆོས་ཀྱི་སྐུ། །ཡེ་ཤེས་ཚོགས་ལས་བྱུང་བ་ཡིན། །ཞེས་སོ། །དེ་ལྟར་ཚོགས་གཉིས་ཟུང་འཇུག་ཏུ་ཉམས་སུ་བླངས་པས། ཕར་ཕྱིན་པའི་ལུགས་ཀྱིས་བསྐལ་པ་གྲངས་མེད་མང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཚོགས་གཉིས་བསྒྲུབ་དགོས་པ། སྔགས་ཀྱི་ཐབས་ལ་མཁས་པའི་ཁྱད་པར་གྱིས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་སྟེ། དེ་དག་གིས་ནི་སྒྲུབ་པའི་ཐབས་ཀྱི་སྔོན་དུ་འགྲོ་བའི་རིམ་པ་རྣམས་བསྟན་ཟིན་ཏོ།། །།སྤྱི་དོན་གཉིས་པ་སྒྲུབ་པའི་ཐབས་ཀྱི་དངོས་གཞི་ལ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་པར་མ་བཞག་པའི་རྣལ་འབྱོར་གཉིས་ལས། དང་པོ་ལའང་བཞི་ལས། དང་པོ་བསྙེན་པའི་ཡན་ལག་ལ་རྟེན་སྲུང་འཁོར་དང་པད་ཟླ་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པ་གཉིས་ལས། དང་པོ་ནི་འདིའི་རྒྱ་གཞུང་དུ། དེ་ནས་ཀུནྡ་དང་མཚུངས་དྲི་མེད་རྣམ་རྒྱས་མཚན་མོར་བྱེད་པ་ཡི། །སྟེང་དུ་དུང་འདྲའི་ཧཱུྃ་ཡིག་བཀོད་པའི་གནས་དབུས་ཞེས་སྟོང་པའི་ངང་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་བསྒོམས་པར་གསུངས་ཀྱང་བོད་གཞུང་ཧཱུྃ་ཡིག་ལས་མི་འབྱུང་ཞིང༌། གང་ལྟར་ཡང་སྟོང་པའི་ངང་ལས་དྲི་མ་མེད་པའི་ཧཱུྃ་ཡིག་བསམས་པ་དེ་ཡོངས་སུ་གྱུར་པ་རྡོ་རྗེའི་ཕོ་བྲང་སྟེ། འོག་ཐམས་ཅད་རྡོ་རྗེ་སྔོན་པོའི་ས་གཞི་ཐང་མ་བརྡལ་བ། ཁོར་ཡུག་གམ་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་ཆེ་ཆུང་གྲངས་མེད་པའི་ཚོགས་འགྲེང་བུ་བརྩེགས་པའི་རྭ་བ་ཟླུམ་པོ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་བར་མཚམས་མེད་པར་གཏམས་པའི་ཁ་ནས་རྡོ་རྗེ་ཆུར་རྒྱུག་དང་འགྲེང་བུ་དང་ཆུར་རྒྱུག་སྟེ་ཁ་བད་ཀྱི་ཚུལ་དུ་ཡོད་པས་ཟླུམ་པོར་བསྐོར་བ། དེའི་ནང་དུ་ཡང་ཇི་ལྟར་རིགས་པའི་བར་སྟོང་ཁྱམས་ཀྱི་རྣམ་པར་ཡོད་པའི་རྭ་བ་ཟླུམ་པོས་བསྐོར་བ་ཕྱི་མའི་དཔངས་དང་མཉམ་པའི་ཐད་
ནས་གུར་གྱི་ཕྲག་པ་ཕུབས་པ་ལྟ་བུས་དབུས་རྩེ་བར་ཕྱུར་བུར་ཕུབས་པ། དཔེར་ན་སཱཙྪའི་དབྱིབས་སམ་འདོང་ནས་ཀྱིས་ཕྱུར་བུར་གཏམས་པ་ལྟ་བུ་ཡོད་པའི་རྩེ་མོར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་ཏོག་གིས་སྤྲས་པ། ཕྱི་རོལ་ཐམས་ཅད་ནས་ཡེ་ཤེས་ཀྱི་མེ་འོད་ཁ་དོག་ལྔ་ལྡན་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། བདུད་དང་ལོག་འདྲེན་རྣམས་ཀྱིས་འཇུག་པ་ལྟ་ཞོག་བལྟར་ཡང་མི་བཟོད་པའི་གཟི་བརྗིད་དང་ལྡན་པས་བསྐོར་བ་དང་བཅས་པའི་སྲུང་འཁོར་དུ་གྱུར་པར་བསྒོམ་མོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོ་བསྒོམ་པའི་དགོས་པ་ནི། གནས་སྐབས་སུ་ཆོས་སྒྲུབ་པའི་བར་ཆད་ཞི་བ་དང༌། མཐར་ཐུག་བདུད་བཞི་ལས་རྣམ་པར་རྒྱལ་བའི་དགོས་པ་དང་རྟེན་འབྲེལ་ལམ་དུ་བྱེད་པའོ། །དེའི་ནང་གི་དབུས་སུ་ཧྲཱིཿཡིག་ལྗང་གུ་ལས་བྱུང་བའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་ལྟེ་བར་ཨྃ་ཡིག་དཀར་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དྭངས་གསལ་ཉ་གང་པ་ལྟ་བུར་བསྒོམ་མོ། །གཉིས་པ་ནི། རྡོ་རྗེ་གུར་གྱི་རྒྱུད་ལས། ཀུན་ཏུ་བཟང་པོའི་ས་བོན་བདག །དབང་པོ་སྔོན་པོ་ལྟ་བུའི་འོད། །ཕྱག་བཞི་འཇིགས་བྱེད་ཆེན་པོ་སྟེ། །མཛེས་པའི་ཁྲོ་བོ་ཡི་ནི་ལས། །དབང་ལྡན་འབྱུང་པོ་མནན་པ་སྟེ། །ཞེས་གསུངས་ཤིང་རྒྱ་གཞུང་ལས་ཀྱང༌། ཨྃ་ཡིག་ཡོངས་གྱུར་སྨན་གྱི་དབང་པོའི་སྟེང༌། །ཧཱུྃ་ཡིག་སྙིང་པོ་ཧཱུྃ་ཡིག་ཡོངས་གྱུར་ལས། །མཐིང་ནག་འབར་བའི་རྡོ་རྗེ་རྣམ་པར་བསྒོམ། །དེ་དག་ཡོངས་གྱུར་སྐད་ཅིག་གིས་བལྟ་ཞིང༌། །ཞེས་སོགས་གསུངས་པས། སྔར་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་ནག དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་རྭ་གདེངས་པ་སྟེ། དབུས་ཀྱི་རྭ་ལ་རྭ་གཞན་གྱིས་མ་རེག་པ། དེའི་ལྟེ་བའི་ནང་དུ་ཧཱུྃ་ཡིག་གིས་མཚན་པ་དང༌། དེ་ལས་འོད་ཟེར་གྱི་དྲྭ་བ་དཔག་ཏུ་མེད་ཅིང་གྲངས་མེད་པའི་ཚོགས་ཕྱོགས་བཅུར་འཕྲོས། འོད་ཟེར་གྱི་རྩེ་མོ་ནས་མེ་ཏོག་བདུག་སྤོས་ལ་སོགས་པ་མཆོད་པ་དཔག་ཏུ་མེད་པ་སྤྲོས་ཏེ།
ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ལ་འོད་ཟེར་གྱིས་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་ཕྱག་ན་རྡོ་རྗེའི་སྐུར་བྱས། འོད་ཟེར་ཚུར་འདུས་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ། རྡོ་རྗེ་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུ་ཞལ་ཕྱག་ཆ་ལུགས་ཡོངས་སུ་རྫོགས་པ་སྒྲུབ་ཐབས་ཀྱི་དཀྱུས་སུ་གསལ་བ་ལྟར་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་གསལ་གདབ། དེའང་མངོན་བྱང་ལྔ་དང་སྦྱར་ན། གོང་ཡེ་ཤེས་ཚོགས་བསགས་སྐབས་ཀྱི་སྟོང་ཉིད་བསྒོམ་པའམ། ཡང་ན་སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་བཅས་སུ་བསྒོམས་པས་ནི་ཆོས་ཉིད་སྟོང་པ་ཉིད་མཚོན་པ་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པ། །སྟོང་ཉིད་རྡོ་རྗེ་ཞེས་བྱར་བརྗོད། །ཅེས་གསུངས་པས་སོ། །དེས་ན་དེ་དག་གང་ཡང་རུང་བས་མངོན་བྱང་དང་པོ་ཆོས་ཉིད་སྟོང་པ་ཉིད་ལས་བྱང་ཆུབ་པའོ། །དེ་ནས་གདན་པདྨ་དང་ཟླ་བ་བསྐྱེད་པ་ནི། མངོན་བྱང་གཉིས་པ་གདན་པདྨ་ལས་བྱང་ཆུབ་པའོ། །དེའི་སྟེང་དུ་ཧཱུྃ་ཡིག་བསྐྱེད་པ་ནི་མངོན་བྱང་གསུམ་པ་གསུང་ཡིག་འབྲུ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བསྐྱེད་པ་ནི་མངོན་བྱང་བཞི་པ་ཐུགས་ཕྱག་མཚན་ལས་བྱང་ཆུབ་པའོ། །དེའང་འོད་དུ་ཞུ་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷག་པའི་ལྷའི་སྐུར་གྱུར་པ་ནི་མངོན་བྱང་ལྔ་པ་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་སྟེ་དེའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་པ་ན་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་འཚང་རྒྱ་བ་དེ་ཉིད་རྣལ་འབྱོར་པས་ལམ་དུ་བྱེད་པ་བཞིས་ལམ་དུ་བྱེད་པ་ཡིན་ནོ། །དེའང་སྐུ་མདོག་སྔོན་པོས་ནི་ཆོས་ཀྱི་དབྱིངས་ལས་ནམ་ཡང་འགྱུར་བ་མེད་པར་མཚོན་པའོ། །ཞལ་གཅིག་པས་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་མཚོན། ཕྱག་བཞིས་ནི་ཚད་མེད་པ་བཞི་ལམ་དུ་བྱེད་པར་
མཚོན། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་བསྣམས་པས་ནི་ས་དགུའི་རྟོག་པ་འཇོམས་པའི་གཉེན་པོ་གསུང་རབ་ཡན་ལག་དགུ་མཚོན་པའམ། ཤེས་རབ་ཆེན་པོས་འཁོར་བའི་མཐར་མ་ལྷུང་བར་མཚོན་ཏེ་རྩེ་དགུ་ནི་སྟེང་འོག་གི་རྭ་བཞི་བཞི་དང་དབུས་རྭ་ཐལ་བྱུང་དུ་ཡོད་པ་ལ་བཤད་དོ། །གཡོན་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་ཞགས་པ་འཛིན་པས་ནི་ཞི་བའི་ཐབས་ཀྱིས་འདུལ་བར་མ་ནུས་པའི་གདུག་པ་ཅན་གྱི་རིགས་རྣམས་བསྡིགས་ཤིང་ཚར་བཅད་དེ་སླར་ཡང་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པར་མཚོན་རྩ་ཕྱག་གཉིས་ཀྱིས་ཐུགས་ཀར་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་མཛད་པས་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཐུགས་སུ་ཆུད་པས་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་ཤུགས་ལ་འཇོམས་པར་མཚོན། ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པས་བདུད་བཞི་འཇིགས་པར་བྱེད་པར་མཚོན། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པས་ནི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་ལ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་གཟིགས་པར་མཚོན། སྨ་ར་དང་སྨིན་མ་དང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་རྒྱས་པར་མཚོན། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པས་ནི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གནས་གྱུར་པར་མཚོན། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པས་ནི་ནང་གི་ཨཱ་ཕྲེང་ཀཱ་ཕྲེང་ལྔ་བཅུ་དག་པར་མཚོན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པས་ནི་སྟོབས་ཀྱི་རྒྱུ་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་དམ་ལ་གནས་ཤིང་ཕྲིན་ལས་ཐམས་ཅད་རྗེས་སུ་སྒྲུབ་པར་མཚོན། བརྒྱད་ནི་སྟོབས་ཀྱི་རྒྱུ་སྔོན་པོས་དབུ་སྐྲ་བཅིངས་པ། དགའ་བོ་དང་ཉེ་དགའ་པོ་སེར་པོས་རྣ་རྒྱན་བྱས་པ། འཇོག་པོ་དམར་པོས་མགུལ་རྒྱན་བྱས་པ། མཐའ་ཡས་དཀར་པོས་ཚངས་སྐུད་བྱས་པ། ནོར་རྒྱས་དཀར་པོས་རྐེད་རྒྱན་བྱས་པ། ཕྱག་རྒྱའི་ཕྱག་གཉིས་ལ་ནི་རིགས་ལྡན་དཀར་པོ་དང༌། ལྷག་མ་གཉིས་ལ་ནི་དུང་སྐྱོང་དཀར་པོས་ལག་གདུབ་བྱས་པ། པདྨ་དང་པདྨ་ཆེན་པོ་དམར་པོས་ནི་ཞབས་
གདུབ་བྱས་པའོ། །སྟག་གི་པགས་པའི་ཤམ་ཐབས་བྱས་པས་ནི་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་བྲན་དུ་བཀོལ་བར་མཚོན། དར་སྔོན་པོས་སྟོད་གཡོགས་གསོལ་བ་ནི་རང་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་རྡོ་རྗེའི་རིགས་ལས་མ་འཛོལ་བར་མཚོན། ཞབས་གཡས་བསྐུམས་པས་ནི་ཤེས་རབ་ཆེན་པོས་འཁོར་བའི་མཐར་མ་ལྷུང་བར་མཚོན། གཡོན་བརྐྱང་བས་ནི་སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐར་མི་གནས་པར་མཚོན། ཞབས་འོག་ཏུ་འབྱུང་པོ་གཞན་གྱིས་མི་ཐུབ་པ་མནན་པས་ནི་སྲིད་པ་གསུམ་གྱི་འབྱུང་པོ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་གོ་འཕང་དུ་གནས་པར་མཚོན། ཟླ་བའི་གདན་གྱིས་ནི་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཀུན་ནས་ཡོངས་སུ་གང་བས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་འབྱུང་བར་མཚོན། སྣ་ཚོགས་པདྨའིགདན་ལ་བཞུགས་པས་ནི་འཁོར་བར་སེམས་ཅན་གྱི་དོན་དུ་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པར་མཚོན། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པས་ནི་སེམས་ཅན་ཁམས་ཀྱི་ཉོན་མོངས་པའི་མུན་པ་ཐམས་ཅད་སྐད་ཅིག་གཅིག་ལ་ཟ་བར་བྱེད་པའི་ཤེས་རབ་ཀྱི་མེ་འོད་རབ་ཏུ་སྤྲོ་བར་མཚོན་པའོ། །གཉིས་པ་ཉེར་སྒྲུབ་ཀྱི་ཡན་ལག་ནི། དེའི་དཔྲལ་བ་མགྲིན་པ་སྙིང་ག་གསུམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་སྟེ་ཡིག་འབྲུ་གསུམ་གྱིས་མཚན་པར་བསྒོམ་པ་ཉིད་དོ། །གསུམ་པ་སྒྲུབ་པའི་ཡན་ལག་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་གོང་ཚོགས་ཞིང་གི་སྐབས་ལྟར་མདུན་གྱི་ནམ་མཁར་སྤྱན་འདྲེན་ཏེ། དེའང་གང་ནས་སྤྱན་འདྲེན་པའི་ཞིང་ནི་རང་བཞིན་གྱི་གནས་ཞེས་བྱ་སྟེ། དེའང་རབ་ཏུ་གནས་པའི་རྒྱུད་ལས། དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །ཞེས་བྱུང་བ་ལྟར་སངས་རྒྱས་རྣམས་ཆོས་ཀྱི་སྐུ་སྤྲོས་བྲལ་ནམ་མཁའི་དབྱིངས་དང་མཉམ་པར་མུ་མཐའ་མེད་པར་ལྷུན་གྱིས་གྲུབ་པའི་ཞིང་དུ་སྙོམས་པར་ཞུགས་
པ་ལས་ནམ་ཡང་མི་གཡོ་བའི་ཕྱིར་གཤེགས་བཞུད་ཀྱི་ཀུན་ཏུ་རྟོག་པ་མི་མངའ་ནའང༌། རྣལ་འབྱོར་པ་ཐབས་ལ་མཁས་པའི་ཁྱད་པར་འོད་ཟེར་གྱིས་བསྐུལ་བས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པའི་ཚུལ་གྱིས་སེམས་ཅན་གྱི་དོན་དུ་གཤེགས་བཞུད་ཀྱི་རྣམ་པ་ཅིར་ཡང་སྟོན་པའམ། ཡང་ན་ནམ་མཁའི་ཁམས་ཀུན་དུ་ཁྱབ་པར་བཞུགས་པ་ལ། རང་སྒྲིབ་པས་བསྒྲིབས་ཏེ་མ་མཐོང་བ་ལ། འོད་ཟེར་དེས་སྒྲིབ་གཡོགས་བསལ་ནས་མཐོང་བར་བྱས་པ་དེ་ལ་སྤྱན་འདྲེན་པར་ཞེས་པའི་ཐ་སྙད་བྱས་པའོ། །དེ་ལྟར་སྤྱན་དྲངས་པ་དེ་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པས་གོང་ཚོགས་ཞིང་གི་སྐབས་ལྟར་མཆོད་ནས། དགུག་གཞུག་བྱ་བ་ནི། རྡོ་རྗེ་གུར་ལས། ལྕགས་ཀྱུ་ཉིད་ཀྱིས་དགུག་པར་བྱ། །ཞགས་པ་ཉིད་ཀྱིས་གཞུག་བྱ་ཞིང༌། །ལྕགས་སྒྲོགས་དག་གིས་ཞབས་དག་བཅིང༌། །དྲིལ་བུ་འཁྲོལ་བས་དབང་དུ་བྱ། །ཞེས་གསུངས་ཀྱང་འདིར་བསྡུས་པའི་དབང་གིས་ས་བོན་གྱི་ཡིག་འབྲུ་བཞིས་དགུག་གཞུག་བྱ་བ་སྟེ། དེའང་ཛཿཞེས་པའི་ཚེ་ཡེ་ཤེས་པ་རང་དང་ཉེ་བར་དགུག ཧཱུྃ་ཞེས་པའི་ཚེ་རང་ལ་གཞུག བཾ་ཞེས་པའི་ཚེ་དམ་ཚིག་པ་དང་དབྱེར་མེད་དུ་བཅིང༌། ཧོཿཞེས་པའི་ཚེ་རོ་གཅིག་ཏུ་གྱུར་ཏེ་དམ་ཚིག་པའང་ཡེ་ཤེས་པའི་ངོ་བོར་དབང་དུ་བྱས་པར་བསམ་མོ། །བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་ནི། ཐུགས་ཀའི་འོད་ཟེར་འཕྲོ་བ་སོགས་གོང་དང་འདྲ་ཞིང༌། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔའི་གཙོ་བོ་མི་བསྐྱོད་པའི་རྣམ་པས་བཞུགས་པ་མདུན་དུ་སྤྱན་དྲངས། དེ་ལ་ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ནི་རིགས་ལྔ་འཁོར་བཅས་ཞེས་པའི་དོན་ཏེ་ཨརྒྷཾ་སོགས་ཀྱི་གོང་ལྟར་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཕྱག་ན་བུམ་པ་དཀར་པོ་བདུད་རྩིས་གང་བ་རེ་ཐོགས་ནས་མགྲིན་གཅིག་ཏུ། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་སྔགས་དང་བཅས་པ་བརྗོད་དེ། དེའི་དོན་བདག་ཅག་གི་སྟོན་པ་འདི་སྲིད་པ་ཐ་མ་པའི་རྣམ་པས་སྐུ་
བལྟམས་པ་ན་ཀླུ་དགའ་བོ་དང་ཉེར་དགས་བདུད་རྩིའི་ཆར་ཕབ་སྟེ་སྐུ་ཁྲུས་གསོལ་བ་དེ་ལྟར་བདག་གིས་ཀྱང་བདུད་རྩིའི་ཆུས་དབང་བསྐུར་བར་བགྱིའོ་ཞེས་བྱ་བ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་སྔགས་དང་བཅས་པས་དབང་བསྐུར་བར་བསམ། སྔགས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ཕུན་སུམ་ཚོགས་པའི་ཆེད་དུ་ཞེས་སོ། །ཞེས་གསུང་ཞིང་བུམ་ཆུས་སྤྱི་བོ་ནས་བླུགས་པས་དབང་བསྐུར། ཆུ་རྒྱུན་གྱིས་སྐུ་གང་དྲི་མ་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་དེ་བཞིན་གཤེགས་པ་མི་བསྐྱོད་པའི་རྣམ་པར་གྱུར་པས་དབུར་བརྒྱན་པས་ཏེ་འདིས་ནི་རང་གི་རིགས་མཚོན་པར་བྱེད་དེ། ཀྱེ་རྡོ་རྗེར། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །འདི་ཡིས་རིགས་ནི་མཚོན་པར་བྱེད། །ཅེས་སོ། །དེས་ན་རིགས་བདག་འཆོལ་ན་དངོས་གྲུབ་ཉམས་པར་འགྱུར་བས་མ་འཆོལ་བ་གལ་ཆེ་སྟེ། དེ་ཉིད་ལས། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་སོ། །རིགས་བདག་དེའི་སྤྱི་བོར་ཡང་རང་གི་ཕྱག་མཚན་རྡོ་རྗེ་ནག་པོ་ཞིག་གི་རྒྱས་གདབ་དགོས་ཏེ། རྡོ་རྗེ་གུར་ལས། སྤྱི་བོར་རྡོ་རྗེ་འཛིན་པ་མཆོག །དེར་ཡང་རྡོ་རྗེ་མདོག་ནག་པོ། །ཞེས་གསུངས་སོ། །ཕྱག་རྒྱས་བསྲུང་བ་ནི། འདི་ཉིད་ཀྱི་རྒྱུད་ལས། སྲིན་ལག་ཉིད་ནི་འཁྱུད་ནས་སུ། །མཛུབ་མོ་གཉིས་ནི་བཀུག་བྱས་ཏེ། །མཐེའུ་ཆུང་དང་ནི་གུང་མོ་དག །མཐེ་བོ་ཡིས་ནི་མནན་བྱས་ནས། །དཔལ་ལྡན་འདི་འདྲའི་རྒྱ་འཛིན་ཅིང༌། །འཇིག་རྟེན་གསུམ་གྱི་འབྱོར་འགྲུབ་པའོ། །ཞེས་དང༌། རྒྱ་གཞུང་དུའང༌། ཁྲོ་བ་དང་བཅས་ཤིང་གཅིག་ཏུ་འགྲོ་བའི་དོན་མཛད་པ། སྙིང་ག་དང་མགྲིན་པ་དང་མཛོད་སྤུ་མགོ་བོ་རྣམས་སུ་བསྲུང་བའི་དོན་དུ་ཕྱག་རྒྱས་རེག་པ་བྱའོ། །ཞེས་གསུངས་སོ། །དེ་ལ་ཕྱག་རྒྱ་ནི་འདིའོ། །མིང་མེད་གཉིས་པོ་བཅིངས་བྱས་ཏེ། །མཛུབ་མོ་གཉིས་ནི་བསྐུམ་པར་བྱ། །མཐེའུ་ཆུང་གུང་མོ་དེ་བཞིན་དུ། །མཐེབ་ཆེན་གྱིས་ནི་མནན་པར་བྱ། །ཞེས་གསུངས་པའི་རྩ་བའི་ཕྱག་རྒྱ་དེ་ཉིད་སྙིང་མགྲིན་
དཔྲལ་སྤྱི་བཞིར་རེག་ཅིང༌། ཧཱུྃ་བཛྲ་ཕཊ། ཅེས་པ་རེ་རེ་བརྗོད་ཀྱིན་བྱིན་གྱིས་བརླབས་པའི་མཐར་སེ་གོལ་གཏོགས་པར་བྱའོ། །དེ་ནས་འདི་ལྟར་བསམ་པར་བྱ་སྟེ། བདག་ནི་སྟོང་གསུམ་སྲིད་པའི་འབྱུང་པོ་དང་འབྱུང་མོར་གཏོགས་པའི་གདུལ་དཀའ་བ་ཐམས་ཅད་བཏུལ་ཏེ་རང་དབང་དུ་བསྡུས་ནས་བཀའ་ལས་ཅུང་ཟད་འདའ་བའི་སྐབས་མེད་པར་ཅི་བགྱི་ཞེས་འདར་ཞིང་འདུད་པ་དང༌། མཐར་ཐུག་གདུལ་བྱར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་བྱེད་པའི་གཉེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་སྤྲུལ་པའི་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་དེ་ཉིད་ནི་ང་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །ཡང་དེ་ལྟ་བུའི་ཁྲོ་བོ་རྒྱལ་པོའི་སྐུ་དེའང་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ཡང་རང་བཞིན་མེད་པ་འདི་ལྟ་བུ་ཡིན་ནོ་སྙམ་པ་ལ་སེམས་ཅི་གནས་སུ་ཡང་ཡང་མཉམ་པར་བཞག་གོ །འདི་ནི་རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་གསུངས་ཤིང་བསྐྱེད་རིམ་མམ་ལྷའི་རྣལ་འབྱོར་གྱི་དངོས་གཞི་ལྟ་བུ་ཡིན་པས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །སྤྱི་དོན་གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་གསུམ་སྟེ། བཟླས་པའི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ལ་ངག་བཟླས་དང༌། རྡོ་རྗེའི་བཟླས་པ་གཉིས་ལས། དང་པོ་ལ་བཟླ་བའི་ཡུལ། བཟླས་པའི་བསམ་གཏན། བཟླ་བྱའི་སྔགས་སོ། །དང་པོ་ཕྲེང་བ་ནི། དེའང་སཾ་པུ་ཊ་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང༌། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་དང༌། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲངས་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱི། །དྲིས་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་དྲཱཀྵ་དང་ལུང་ཐང་དང༌། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །
དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་རབ་ཏུ་གྲགས། །ཞེས་གསུངས་པ་དེ་དག་སྐབས་གང་འཚམས་དང་སྦྱར་རོ། །ཡང་ན་དེ་དག་གང་བསྒྲུབས་ཀྱང་ཐུན་མོང་དུ་གྱུར་པའི་ཕྲེང་བ་ནི། དེ་ཉིད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དྷི་ཙིས་ནི་ལས་ཀུན་བྱེད། །ཅེས་སོ། །ཕྲེང་བའི་གྲངས་ནི་ལས་སོ་སོ་བ་ལྟར་གྲངས་ཐ་དད་དུ་བཤད་དེ། དེ་ཉིད་ལས། དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པ་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཅེས་གསུངས་པ་ལྟར་རོ། །བགྲང་བའི་ཚུལ་ཡང༌། མཁའ་འགྲོ་རྒྱ་མཚོར། གཡོན་པ་རྡོ་རྗེ་ཅན་གྱི་ངོས། །ཞེས་པ་ལྟར་རམ། ཁ་སྦྱོར་ལས། གཡོན་དང་གཡས་པའི་ལྷག་མ་ཡིས། །བསྐོར་ཞིང་མཁའ་འགྲོ་མ་དེ་ནི། །ཞེས་འབྱུང་བ་ལྟར་ཕྲེང་བ་ལག་པ་གཡས་པས་བཟུང་ནས་གཡོན་པས་སྙིང་གའི་ཐད་དུ་ནང་དུ་བགྲང་ངོ༌། །སོར་མོ་གང་གི་སྟེང་དུ་བགྲང་བའང་དེ་ཉིད་ལས། ཞི་ལ་མཁའ་འགྲོར་དགོད་པར་བྱ། །རྒྱས་པ་དབུས་མའི་དེ་ཉིད་ལ། །སྲིན་ལག་གིས་ནི་དབང་དུ་གསུངས། །ཀུན་གྱི་མཐར་ནི་མངོན་སྤྱོད་དོ། །ཞེས་ཞི་བ་ལ་མཁའ་འགྲོ་སྟེ་ཁྲོ་བོའམ་སྡིགས་མཛུབ་སྟེ་མཛུབ་མོའི་སྟེང་ནས་བགྲང་བར་གསུངས་ལ་གཞན་ནི་གོ་བར་སླའོ། །མཐེ་བོང་ནི་ལྕགས་སྐྱུར་བསམས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགུགས་པར་བསམས་ལ་བགྲང་ངོ༌། །གཉིས་པ་བཟླས་པའི་བསམ་གཏན་ནི། རང་འབྱུང་པོ་འདུལ་བྱེད་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་འོད་ལྟ་བུའི་འོད་སྔོན་པོའི་དབུས་སྙིང་གི་ཐད་ཙམ་དུ་རྒྱ་གཞུང་དུ་ཟླ་བ་བཤད་ཅིང་བོད་གཞུང་དུ་ཉི་མའི་དཀྱིལ་འཁོར་བཤད་པས་གང་ལྟར་ཡང་དེའི་དབུས་སུ་ཧཱུྃ་ཡིག་སྔོན་པོ་ཆ་ལྔ་པ་བསྒོམས་པས་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པ་སྟེ། དེའང་ཡི་གེ་ཁ་ཕྲལ་ཏེ་བཤད་པའི་དབང་དུ་བྱས་ན། ཧའི་སྒྲ་ལས། གྲ་ཧ་ཀ་གཟུང་བ། གྲ་ཧ་ཙ་འཛིན་པ། ཞབས་སྐྱེད་ཨཱུ་ལ་ཤ་བྱིན་པ་ཤཱུ་ནྱ་ཏཱ་སྟོང་པ་ཉིད་དེ། ཀླད་དཀོར་གྱི་མ་ནི་མ་ནོ་ཏ་སྟེ་ཡིད། དེ་ལྟར་ན་གཟུང་འཛིན་གཉིས་
ཀྱིས་སྟོང་པའི་ཡིད་ཅེས་པའི་དོན་ཏོ། །དེ་ལྟ་བུའི་དོན་ཅན་གྱི་ཧཱུྃ་ཡིག་སྔོན་པོ་ལངས་ཐབས་སུ་བསམས་པའི་མཐའ་སྐོར་དུ་ཧཱུྃ་གི་མདུན་ཕྱོགས་ནས་བརྩམས་ཏེ། ཧཱུྃ་བཛྲ་ཕཊ་ཅེས་པས་གཡས་སྐོར་དུ་འཁོར་བ་དང༌། དེའི་ཕྱི་རོལ་དུའང་ཨོཾ་བྷཱུ་ཏ་ཌཱ་མ་ར་སོགས་སྔགས་རིང་གིས་བསྐོར་བ་གཅིག་སྟེ་ཕྱི་སྐོར་ནང་སྐོར་དུ་ཡོད་པ། སྔགས་ཕྲེང་དང་འོད་ཟེར་གྱི་ཁ་དོག་ནི་སྤྱིར་རྒྱུན་གྱི་བཟླས་པ་དང༌། ཞི་བ་ལ་ཁ་དོག་དཀར་པོ་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ། རྒྱས་པ་ལ་ཁ་དོག་སེར་པོ་སྒྲོ་ཚུགས་ལྟ་བུ། དབང་ལ་ཁ་དོག་དམར་པོ་ལྕགས་སྒྲོག་ལྟ་བུ། མངོན་སྤྱོད་ལ་ཁ་དོག་ནག་པོ་སྲད་བུ་བསྒྲིལ་བ་ལྟ་བུར་གསུངས་ཀྱང་འདིར་རྒྱ་གཞུང་ལས། དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་རྣམས་བུང་བ་ནག་པོའི་ཕྲེང་བ་བཞིན་དུ་སྟེ་མེ་འབར་བ་བཞིན་དུ་བསམ་པར་བྱའོ། །རང་གི་བ་སྤུའི་བུ་ག་ནས་ཁྲོ་བོའི་སྐུ་སྤྲོ་བ་དང་སྡུད་པར་བྱེད་པར་བསམ་པར་བྱའོ། །ཞེས་དང༌། གཞུང་ལས་ཀྱང༌། རྡོ་རྗེའི་བཟླས་པ་དང༌། ཁྲོ་བོའི་བཟླས་པར་བྱའོ། །ཞེས་འབྱུང་ཞིང་བོད་གཞུང་བསྟན་བཅོས་ལས་ཀྱང་དེ་ཉིད་ཇི་ལྟ་བ་བཞིན་བཤད་དེ། ཐུགས་ཀའི་ཧཱུྃ་གི་མཐར་བཀོད་པའི་སྔགས་ཀྱི་ཕྲེང་བ་ཁ་དོག་སྔོན་པོས་ཡོངས་སུ་བསྐོར་བ་ལས་རབ་ཏུ་འབར་བའི་སྔགས་ཀྱི་འོད་ཟེར་མེའི་ཕྲེང་བ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་ལུས་ཀྱི་ནང་ཁེངས་པས་སྡིག་པ་དང་སྒྲིབ་པ་ནད་རིམས་གདོན་བགེགས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་བསྲེགས། ཕྱི་རོལ་དུ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཁྱབ་ཅིང་སྣང་བར་བྱས་པས་ནད་རིམས་གདོན་བགེགས་བྱད་ཁ་རྦོད་གཏོང་མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་བསྲེགས་ཤིང་སྦྱངས། གནོད་བྱེད་གདོན་བགེགས་རྣམས་ཀྱི་སྡང་བའི་སེམས་དང༌། གདུག་པའི་སེམས་དང༌། བསམ་སྦྱོར་ངན་པའི་མཐུ་དང་ནུས་པ་ཐམས་ཅད་བཅོམ་སྟེ། དེ་རྣམས་བྱམས་བརྩེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱིན་གྱིས་བརླབས་ཏེ། བདག་ཅག་ཆོས་སྒྲུབ་པའི་སྟོང་གྲོགས་བྱེད་པའི་ལས་ཅན་དུ་གྱུར་པར་བསམ། ཡང་དེ་
དག་གིས་འདུལ་བར་མ་ནུས་པའི་མ་རུངས་པ་ཐམས་ཅད་གདུལ་བའི་ཕྱིར་བ་སྤུའི་བུ་ག་རྣམས་ནས་རང་དང་འདྲ་བའི་ཁྲོ་ཆུང་མེའི་ཚྭ་ཚྭ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད་དེ་ལས་ངན་སྡིག་སྒྲིབ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་སྐུ་དང་འོད་ཟེར་གྱི་རྣམ་པ་ཅན་དུ་བསྡུས་ཏེ། རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམས་ལ་སྔགས་བཟླའོ། །མདོར་ན་ཕྱག་ན་རྡོ་རྗེ་འདི་ཉིད་ཀྱི་གདུལ་བྱ་ཐུན་མོང་མ་ཡིན་པ་ནི། འཇིག་རྟེན་གསུམ་གྱི་འབྱུང་པོ་གདུག་པ་ཅན་ཤིན་ཏུ་གདུལ་དཀའ་བའི་མ་རུངས་པ་རྣམས་ཡིན་པས། འདི་རྣམས་གནས་སྐབས་སུ་སེམས་ཅན་ལ་རྣམ་པར་འཚེ་བའི་བསམ་སྦྱོར་གྱི་ལས་ངན་སྡིག་སྒྲིབ་དང་བཅས་པ་ཐབས་ལ་མཁས་པས་དྲག་པོའི་ཚུལ་གྱིས་རྒྱུན་བཅད་དེ། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་སྙིང་པོ་སངས་རྒྱས་ཀྱི་གོ་འཕང་ལ་ཅི་ནས་ཀྱང་དགོད་དགོས། དེའི་རེས་མོས་བདག་ལ་བབ་པ་ཡིན་སྙམ་པའི་བྱམས་བརྩེ་དང་བྱང་ཆུབ་ཀྱི་སེམས་ཚད་མེད་པ་བསྒོམས་པས། དེ་དག་གི་རྒྱུད་བྱང་ཆུབ་སེམས་ཀྱིས་བརླན་པར་བྱས་པས་གདུལ་བར་ནུས་པ་ཡིན་ཏེ། འདིའི་རྒྱུད་གཞུང་རྣམས་ལས། བསྒོམ་བཟླས་གང་གི་སྐབས་ནས་ཀྱང་འདིས་ནི་མ་བསྒྲུབས་པར་སྲིད་པ་གསུམ་གྱི་འབྱུང་པོ་དང་འབྱུང་མོ་ཐམས་ཅད་རང་གི་མདུན་དུ་འོངས་ནས་བདག་གིས་ལས་ཅི་བགྱི་ཞེས་བྲན་དུ་འགྱུར་བར་ལན་གཅིག་མ་ཡིན་པར་གསུངས་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་གྱི། ཞེ་སྡང་གི་སེམས་ཀྱིས་ཚར་གཅོད་པའི་བསམ་པས་བྱས་ན། རྩ་ལྟུང་བཅུ་བཞི་པར། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤང་བ་ནི་ལྔ་པ་ཡིན། །ཞེས་གསུངས་པས། རྩ་བའི་ལྟུང་བ་ཅན་ནི་རྡོ་རྗེའི་དམྱལ་བར་འགྲོ་བ་ཀུན་མཁྱེན་རྡོ་རྗེ་འཆང་གིས་གསུངས་ན་དངོས་གྲུབ་འགྲུབ་པར་ལྟ་ཅི་སྨོས། དེ་སྐད་དུའང་ས་སྐྱ་པཎྜི་ཏས་ཀྱང༌། བྱང་ཆུབ་སེམས་ཀྱི་གནད་འཕྱུགས་ན། །ཆོས་གཞན་བཟང་ཡང་འཚང་མི་རྒྱ། །ཞེས་སོགས་མང་དུ་འབྱུང་ངོ༌། །དེས་ན་ཐེག་ཆེན་བསྟན་པའི་སྙིང་
པོ་གསང་སྔགས་རྡོ་རྗེ་ཐེག་པ་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དག་གིས་སྙིང་རྗེ་དང་བྱང་ཆུབ་སེམས་སྤངས་པའི་ཕྲིན་ལས་དྲག་པོ་མི་བརྩམ་པར་ཐལ་མོ་སྦྱར་རོ། །འདི་ལ་བློ་ལྡན་སྔ་མ་འགའ་ཞིག་གི་ཞལ་རྒྱུན་ལ། གོང་གི་མེ་དམིགས་ཉུང་ཙམ་མིན་པ་གཙོ་བོར་ཞི་བ་དང་མཐུན་པར་སྡིག་སྒྲིབ་ཞི་བ་དང་བྱང་ཆུབ་སྒྲུབ་པ་གཉིས་ཀའི་ཕྱིར་ཞི་བ་དང་མཐུན་པར་འོད་ཟེར་དཀར་པོ་འཕྲོས། ལུས་ཐམས་ཅད་གང༌། སྡིག་སྒྲིབ་སྦྱངས་ནས་འོད་ཟེར་ཕྱིར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་སྙིང་གའི་ས་བོན་ལ་ཐིམ་པར་བསམ་ཞེས་གསུངས་པའང་ལེགས་ཙམ་མངོན་པས་སྐབས་འགར་དེ་བཞིན་བྱས་ཀྱང་རུང་མོད། གཙོ་བོར་རྒྱ་བོད་ཀྱི་གཞུང་ལུགས་ཀུན་གྱི་དངོས་བསྟན་ཡིན་པས། གོང་དུ་བཤད་པའི་སེམས་བསྐྱེད་དང་ལྡན་པས། ནད་རིམས་སོགས་མི་དང་མི་མིན་གྱིས་བྱས་པའི་གནོད་པ་དང་སྡིག་སྒྲིབ་ལ་སོགས་པ་མེ་འོད་ཀྱིས་བསྲེག་སྦྱང་བྱ་བ་དང༌། གནོད་བྱ་གནོད་བྱེད་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བཟློག བདེ་བ་རྒྱུ་དང་བཅས་པ་ལ་སྦྱོར་བའི་ཚུལ་གྱི་གནད་དེ་དག་ལེགས་པར་གོ་ན། རིགས་དང་མཐུན་པའི་ལས་བརྩམས་ཏེ། །ཞེས་འབྱུང་བ་ལྟར་ཡིན་པས། ཇི་སྐད་དུ། ཁྲོ་བོའི་བཟླས་པ་འགོག་པ་སོགས། །སྙིང་རྗེའི་དབང་གིས་བྱེད་ན་ཡང༌། །མ་དག་པ་ཡི་སྙིང་རྗེ་ཡིན་ཞེས་གསུངས་པའང་འདིར་ཅིས་ཀྱང་བསྒོམ་དགོས་སོ་སྙམ་པའི་དོགས་འཚུབ་ཆེན་པོ་ལངས་པ་རྣམས་ཀྱང་འདིས་སེལ་བར་འགྱུར་རོ། །མདོར་ན་སྔགས་བཟླས་པའི་སྒང་ལ་སེམས་རྒྱ་ཡེངས་སུ་མི་བཏང་བར། ཨ་བྷ་ཡས། སྔགས་ཀྱི་སྒྲ་ཙམ་ལ་སེམས་གཏད་དེ་བཟླས་པ་སྔགས་ཀྱི་བཟླས་པ། ལྷའི་རྣམ་པ་ཙམ་ལ་སེམས་གཏད་དེ་བཟླས་པ་གཟུགས་ཀྱི་བཟླས་པ། ལྟ་བའི་ངང་ནས་བཟླས་པ་རྣལ་འབྱོར་གྱི་བཟླས་པ། ཞེས་གསུངས་པ་ལྟར་དང༌། རེས་འོད་ཟེར་གྱི་སྤྲོ་བསྡུའི་ངང་
ནས་བཟླས་པ་ལ་སོགས་པ་བསམ་གཏན་དང་ལྡན་པར་བྱ་སྟེ། རྡོ་རྗེ་གུར་ལས། བསམ་གཏན་ལྡན་པར་སྔགས་བཟླས་བྱ། །ཞེས་སོགས་རྒྱ་ཆེར་འབྱུང་ཏེ། མཐར་ཐུག་གི་འབྲས་བུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལམ་དུ་བྱེད་པ་ཡིན་ནོ། །གསུམ་པ་བཟླ་བྱའི་སྔགས་ནི། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས་བསྟན་པའི་སྔགས། ཧཱུྃ་བཛྲ་ཕཊ། ཅེས་སྙིང་པོ་ཡི་གེ་བཞི་པ་སྟེ། སྔགས་དོན་ནི་ཐུགས་རྡོ་རྗེ་ཞེས་ལྷ་ལ་འབོད་པའོ། །ཕཊ་ནི་དགས་པའི་དོན་ཏེ། གང་དགས་ན་མཚན་མ་དང་རྣམ་པར་རྟོག་པའོ། །སྔགས་རིང༌། ཨོཾ་བྷཱུ་ཏ་ཌཱ་མ་ར་སོགས་ནི། བདེ་མཆོག་ལ་སོགས་པ་ནས་འབྱུང་པོ་འདུལ་བའི་སྔགས་འདི་ཅུང་ཟད་མི་འདྲ་བའི་ཁྱད་པར་ཡོད་པ་མ་གཏོགས་མང་དུ་བསྟན་མོད། འདི་ནི་རྡོ་རྗེ་གུར་གྱི་རྒྱུད་ནས་བསྟན་པ་ཡིན་ཏེ། སྔགས་དོན། ཨོཾ་ནི་མཆོག་སྟེར་བ། བྷཱུ་ཏ་ཌཱ་མ་ར་འབྱུང་པོ་འདུལ་བྱེད། བྷཱུ་ཏ་ཨ་དྷི་པ་ཏི་འབྱུང་པོའི་བདག་པོ། ཨ་ཀྵོ་བྷྱ་ཀི་རཱི་ཊཱི་ན་མི་བསྐྱོད་པའི་ཅོད་པན་ཅན། སརྦ། ཐམས་ཅད། བྷཱུ་ཏ། འབྱུང་པོ། པྲེ་ཏ། ཡི་དྭགས། པི་ཤཱ་ཙཱ་ནི། ཤ་ཟ་རྣམས། སཱ་དྷ་ཡ། སྒྲུབས་ཤིག་གམ། སྒྲུབ་པར་བྱེད་པ། ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བོད་པའོ། །ཕཊ་སྔར་བཞིན་ཏེ། སྔགས་ཀྱི་བཟླས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བའི་ཕྱིར་སྙན་གསན་འབེབས་ཤིང་བོས་པ་ན། སྒྲུབ་པ་པོའི་གན་དུ་འོངས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྦྱིན་པར་བྱེད་པའི་དོན་ཅན་ཏེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་སོ། །གཉིས་པ་ནི། དཀྱུས་ལས། མན་ངག་ཤེས་ན་རྡོ་རྗེའི་བཟླས་པ་ཅི་ནུས་བྱ། ཞེས་འབྱུང་བའི་མན་ངག་ནི་འདི་རྫོགས་རིམ་རླུང་སྦྱོར་གྱི་རྣལ་འབྱོར་ཡིན་པས་ཉམས་སུ་ལེན་པ་ལ་ཐོག་མར་ལུས་གནད་རྣམ་སྣང་གི་ཆོས་
བདུན་དང་ལྡན་པ་ལེགས་པར་བཅས་ནས། ཡིད་ལ་ཅི་ཡང་མི་བསམ་པར་སྣ་སྒོ་ནས་རླུང་དྲག་ཏུ་ལན་གསུམ་ཕྱིར་བུས་ལ། རླུང་སྣ་གཡས་གཡོན་གང་ནས་རྒྱུ་བ་ངོས་བཟུང་ནས། ཐོག་མར་ནང་དུ་འཇུག་པ་ཨོཾ་དཀར་པོ། ནང་དུ་གནས་པ་ཨཱཿདམར་པོ། ཕྱིར་འགྲོ་བ་ཧཱུྃ་སྔོན་པོ་ཞེས་དྲན་པར་བྱ། དེ་ལ་ཏིང་ངེ་འཛིན་སྐྱེས་སྐྱེས་ཀྱི་བར་དུ་བསྒོམ། ཏིང་ངེ་འཛིན་སྐྱེས་ན་ནང་དུ་རིང་དུ་རྒྱུས། ནང་དུ་གནས། ཕྱིར་ཐུང་ངུར་རྒྱུས། ཞེས་དྲན་པར་བྱས་པས་སེམས་རྩེ་གཅིག་ཏུ་གནས་པ་ལ་སོགས་པ་ཏིང་འཛིན་གྱི་ཡོན་ཏན་མང་པོ་སྐྱེ་བར་བཤད་དོ། །དེ་ཁོ་ན་ཉིད་ནི། འཇམ་དཔལ་ཞལ་ལུང་ལས། ཨོཾ་གྱི་ངོ་བོར་འོངས་བྱས་ནས། །རང་གི་རྒྱུད་ཀྱི་བག་ཆགས་ནི། །བཀྲུས་ནས་དག་བྱས་དེ་ལ་ཞུགས། །ཨཱཿཡི་ངོ་བོར་གནས་བྱས་ནས། །དེ་ལ་ལྷ་ཡི་དེ་བཞིན་ཉིད། །གཟུང་བ་དལ་བུ་དལ་བུས་བྱ། །དངོས་པོ་མེད་པའི་གནས་སུ་འགྱུར། །དབྱུང་བ་ཧཱུྃ་གི་ངོ་བོ་ཡིས། །སྣང་སྲིད་ཆོས་ཀུན་ཁྱབ་བྱས་ནས། །ཆོས་ཀུན་དག་བྱས་བདུད་རྩིར་གྱུར། །ཅེས་སོ། །མན་ངག་འདི་ནི་ཟབ་མོ་རྫོགས་རིམ་གྱི་རྣལ་འབྱོར་དུའང་འགྱུར་ཏེ། དེས་ན་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་བླ་མེད་ཀྱི་རྣལ་འབྱོར་དུ་འགྱུར་བ་ཡིན་ནོ། །ཐུན་འཇོག་པ་ནི། ཐལ་མོ་སྦྱར་ཏེ། དཔལ་ཕྱག་ན་རྡོ་རྗེས་བདག་དང་སེམས་ཅན་ཐམས་ཅད་ལ་སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ། འོག་གདོན་ཀླུ་གཉན་ས་བདག་གི་གནོད་པ། བར་གདོན་འབྱུང་པོ་རྒྱལ་བཙན་གྱི་གནོད་པ་ལ་སོགས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མི་འབྱུང་བ་དང༌། མྱུར་དུ་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའམ། མི་ནུས་ན། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་སོགས་སྤྱི་ལྟར་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་པད་ཟླ་འབྱུང་པོར་བཅས་པའི་གདན་འོད་ཟེར་གྱི་རྣམ་པར་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །གཏོར་བསྔོ་བྱེད་ན་སྐབས་འདིར་འོག་ནས་འབྱུང་བ་ལྟར་གཏོར་འབུལ་བྱེད། མི་བྱེད་ན་འོག་གི་སྒྲུབ་ཐབས་
ཀྱི་རྗེས་ཀྱི་བྱ་བ་རྣམས་དང་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་གོ །གཉིས་པ་གཏོར་མའི་རྣལ་འབྱོར་ནི། འབུལ་གཏོར་ལ་ཆབ་ཀྱིས་བྲན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱི་བསང༌། སྭ་བྷཱ་ཝ་སོགས་ཀྱི་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ་འབྲུ་གསུམ་ལན་གསུམ་གྱི་བྱིན་གྱིས་བརླབ། སྐུ་རྟེན་ཡོད་པ་དང་དབྱེར་མེད་དུ་ནམ་མཁར་དྲི་མ་མེད་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ཕོ་བྲང་སོགས་ནས་མི་བསྐྱོད་པས་དབུར་བརྒྱན་པའི་བར་བདག་མདུན་གྱི་ཁྱད་པར་ཅུང་ཟད་མ་གཏོགས་སྒྲུབ་ཐབས་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད། བསྡུ་ན། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྐད་ཅིག་གིས་མགྲོན་རྣམས་སྤྱན་དྲངས། གཉིས་ཀ་ལྟར་ཡང་གཏོར་མགྲོན་གྱི་ལྷའི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུ་ཅན་གྱི་བཅུད་ཡོངས་སུ་ཚིམ་པར་དྲངས་པར་བསམས་ལ། སྔགས་རིང་ཐུང་གི་མཐར་ཨོཾ་ཨ་ཀཱ་རོ་བཏགས་པ་ཅི་རིགས་པས་ཕུལ། མཚན་སྔགས་སྔོན་འགྲོའི་ཨརྒྷཾ་ལ་སོགས་པས་མཆོད། དཔལ་ཆེན་ནམ་མཁའི་མདོག་ལ་སོགས་པས་བསྟོད། དངོས་གྲུབ་གོང་བཞིན་བླངས་ནས། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་སོགས་ཀྱི་ནོངས་པ་བཤགས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཞེས་སོགས་ཀྱིས་རྟེན་ལ་བརྟན་ཞུགས་སྤྱི་ལྟར་བྱའོ། །གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི་འོག་ཏུ་འབྱུང་ངོ༌། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་དང་ཞར་བྱུང་གཉིས་ལས། དང་པོ་ནི་རང་གི་དཔྲལ་བར་ཨོཾ་ལ་སོགས་པས་གནས་གསུམ་གྱི་རྡོ་རྗེ་གསུམ་གསལ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་ན་རྡོ་རྗེ་སོགས་དང༌། བགེགས་དང་ལོག་པར་འདྲེན་པའི་ཚོགས་ཞེས་པ་ལ་སོགས་པས་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་རུང་གིས་མཐའ་བརྒྱན་པར་བྱའོ། །སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ་རྡོ་རྗེའི་ཕོ་བྲང་ཤིན་ཏུ་ཡངས་པའི་ནང་དུ་བདག་ཉིད་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །
གཉིས་པ་ཞར་བྱུང་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ་སྟེ་སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཕན་ཡོན་བསྟན་པའོ། །དང་པོ་ནི་སྨིན་བྱེད་དབང་གིས་རྒྱུད་སྨིན་ཅིང་འདིའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་གང་ཟག་གིས་གཟའ་སྐར་དུས་ཚེས་དགེ་བར་སྤྱི་དང་བྱེ་བྲག་གི་སྐུ་རྟེན་བཀྲམ་པའི་མདུན་དུ་འདི་ཉིད་ཀྱི་གཏོར་མ་ཟླུམ་པོ་རྒྱན་ལྡན་མཐེབ་ཀྱུ་བཞིས་བསྐོར་བ་དང༌། ཡི་དམ་ཆོས་སྐྱོང་གཞན་གྱི་གཏོར་འབུལ་ཡོད་ན་དེ་དག་དང་བཅས་པའི་མདུན་དུ་ཉེར་སྤྱོད་རྣམས་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་དང༌། ནུབ་དང་པོར་དགོས་པའི་ཆ་གསུམ་གཏོར་མ། ཡུངས་ཀར་གུ་གུལ་སོགས་ཉེར་མཁོ་ཐམས་ཅད་ཚང་བར་བྱའོ། །གཉིས་པ་ནི་རང་ཉིད་སྟན་ལ་འཁོད་དེ། ནམ་མཁར་བླ་མ་རྒྱལ་བ་སྲས་བཅས་དཔང་པོའི་ཚུལ་དུ་བཞུགས་པའི་འདུན་པ་དང་མ་བྲལ་བར་བྱ་སྟེ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་གི་ནི་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །ཞེས་གསུངས་པ་ལྟ་བུའི་དྲན་ཤེས་དང་ལྡན་པས་ཆ་གསུམ་གྱི་གཏོར་མ་སྤྱི་ལྟར་བཏང༌། བགེགས་གཏོར་ཕྱི་རོལ་དུ་དོར་བའི་རྗེས་སུ་བདུད་རྩི་འཁྱིལ་པའི་སྔགས་རིང་དང་ཡི་དམ་འདི་ཉིད་ཀྱི་སྔགས་དང་སུམྦྷ་སོགས་དྲག་སྔགས་བརྗོད་ཅིང་རོལ་མོའི་སྒྲ་བསྒྲག གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ་པ་དང་བཅས་ཏེ་བགེགས་བསྐྲད། དེང་དུས་བསྙེན་པ་འདི་མཐར་མ་ཕྱིན་གྱི་བར་དུ་བདུད་དམག་ཉི་ཁྲི་ཆིག་སྟོང་དུས་གཅིག་ཏུ་ལྷགས་ནས་ཐོ་བརྩམས་པར་གྱུར་ཀྱང་མཚམས་ལས་ལྡང་བར་མི་བྱའོ་སྙམ་པས་དམ་བཅས། དེ་ནས་མཆོད་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ནས་ཤབྡའི་བར་གྱི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་རྒྱ་ཆེར་སྤེལ་ཏེ་དྷརྨྨ་ར་ཎི་ལན་གསུམ་རོལ་མོ་དང་བཅས་པ་ནི་ཚེ་དཔག་མེད་ལ་སོགས་ཀྱི་སྐབས་ལྟར་བྱིན་གྱིས་བརླབས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནས་བརྩམས་ཏེ་བསྒོམ་བཟླས་གཏོར་འབུལ།
བསྔོ་བ་སྨོན་ལམ་གྱི་བར་ཉམས་སུ་བླང་བ་ནི་གུང་ཐུན་གྱི་དོད་དང༌། སླར་ཡང་སྲོད་ཐུན་སྐྱབས་འགྲོ་ནས་བསྔོ་བ་སྨོན་ལམ་གྱི་བར་དང༌། ཉལ་བའི་རྣལ་འབྱོར་ནི། བདེ་ཀྱེ་སོགས་ཡི་དམ་གཞན་གྱི་རྣལ་འབྱོར་གྱིས་ཀྱང་བྱར་རུང་ཞིང༌། སྒྲུབ་ཐབས་འདི་ཉིད་ལྟར་ན་རྡོ་རྗེའི་ཕོ་བྲང་ཡངས་པའི་ནང་དུ་རང་ཉིད་ཕྱག་ན་རྡོ་རྗེའི་ང་རྒྱལ་གསལ་བཏབ་ནས་ཉལ་པའམ། ཡང་ན་ཐུན་མོང་དུ་ལྷ་ཉེར་བསྡུ་ཞེས་བྱ་བ། གདན་རང་ལ་ཐིམ་པའི་རྗེས་སུ་རང་ཉིད་ཀྱང་སྐུ་སྟོད་སྨད་ནས་འོད་དུ་ཞུ་ནས་ཐུགས་ཀའི་སྔགས་འཁོར་ལ་ཐིམ། དེ་ཧཱུྃ་ལ། དེའི་ཞབས་ཀྱུ་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་དའང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཅུང་ཟད་མཉམ་པར་གཞག དེ་ལས་སླར་ཡང་ལྷ་སྐུར་ལངས་པའི་གནས་གསུམ་གྱི་རྡོ་རྗེ་གསུམ་གསལ་བཏབ་ནས་དགེ་བ་བསྔོས་ཏེ། རྡོ་རྗེའི་ཕོ་བྲང་ཡངས་པའི་ནང་དུ་རང་ཉིད་ལྷའི་ང་རྒྱལ་གྱི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཉལ་ཏེ། འདིས་ནི་ལྷ་བསྡུ་བས་མྱ་ངན་ལས་འདས་པ་ལམ་དུ་བྱེད་པ་མཚོན་ནོ། །སང་གི་ཐོ་རེངས་ལྷའི་ང་རྒྱལ་གྱིས་ལངས་ནས་རྣལ་འབྱོར་གཞན་ཡོད་ན་དེའམ་མེད་ན་འདིའི་སྔོན་འགྲོ་ནས་བརྩམས་ཏེ་ཉི་དྲོས་བར་ཐུན་དུ་བཅད་པ་ནི་སྔ་ཐུན་དང༌། དེ་རྗེས་མཆོད་གཏོར་ཁ་གསོས་ཏེ་མཆོད་པ་བྱིན་རླབས་ནས་བརྩམས་ཏེ་དགོངས་མོའི་བར་གཏོར་བསྔོ་མཇུག་སྡུད་བཅས་བྱ་བ་ནི་གུང་ཐུན་དང༌། དེ་ནས་སྲོད་ཐུན་ལ་འཇུག་པ་སྟེ་དེ་ལྟར་ཐུན་གསུམ་གྱི་རིམ་པས་ཟླ་བ་གཅིག་ཏུ་སྔགས་ཐུང་འབུམ་ཕྲག་བཅུ། སྔགས་རིང་ཁྲི་ཕྲག་བཅུ་ཁ་སྐོང་དུ་བཅས་གྲུབ་པ་དང༌། མཐར་སྔགས་ཀྱི་ནུས་པའམ་འབྲས་བུ་འབྱིན་ཕྱིར་ཞི་བའི་སྲེག་བླུགས་བཅས་གྲུབ་ན་ཤིན་ཏུ་ལེགས་པས། དེའི་ཡིག་ཆ་གཞན་དུ་གསལ་ལོ། །གསུམ་པ་ནི། དེ་ལྟར་བསྙེན་པ་མཐར་ཕྱིན་པས་འདིའི་སྒོ་ནས་རང་གཞན་གྱི་དོན་དུ་ལས་ཀྱི་ཚོགས་མཐའ་དག་སྒྲུབ་པ་ལ་དབང་ཞིང༌། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ནི་འདི་ཉིད་ཀྱི་རྒྱུད་ལས། དཀྱིལ་འཁོར་ཆེན་པོ་འདི་མཐོང་བ་ཙམ་གྱིས་ཁམས་གསུམ་པའི་རྒྱལ་སྲིད་འཐོབ་
ཅིང་འདིའི་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་ཡང་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་འབྱུང་པོ་ཐམས་ཅད་བྲན་དུ་འགྱུར་རོ། །གལ་ཏེ་སྔགས་པ་ཁྲོས་ན་ཁྲོས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་དུམ་བུ་བརྒྱར་ཞིག་པར་འགྱུར་རོ། །ཀླུ་དང་གནོད་སྦྱིན་ཐམས་ཅད་མཐོང་བ་ཙམ་གྱིས་གསོད་ཅིང་འཇིག་རྟེན་པའི་ལྷ་ཐམས་ཅད་ཧཱུྃ་གི་སྒྲ་ཙམ་གྱིས་འབྲོས་པར་བྱེད་དོ། །ཞེས་སོགས་དང་སྒྲུབ་ཐབས་ཀྱི་རྒྱ་གཞུང་ལས། གནོད་སྦྱིན་གནོད་སྦྱིན་མོ་སོགས་འགྲུབ། །བདག་སྙིང་ཡ་མཚན་སྐྱེས་ནས་བྲི། །ཞེས་སོགས་ཁོང་ནས་ལྷ་སྲིན་དྲེགས་བྱེད་འབྱུང་པོ་མ་ལུས་པ་བསྟན་པས་དེ་རྣམས་རང་དབང་དུ་འདུས་ཤིང་བྲན་དུ་འཁོལ་ཏེ་ཇི་ལྟར་འདོད་པའི་ཕྲིན་ལས་ཐམས་ཅད་མ་བཅོལ་བར་ཡིད་བཞིན་དུ་སྒྲུབ་པ་དང༌། མཐར་ཐུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་གནས་ནས་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་སེམས་ཅན་ཀུན་གྱི་དོན་རྒྱུན་མི་ཆད་པར་འབྱུང་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་མཛད་པ་མེད་པའི་བདག་ཉིད་དུ་འགྱུར་བ་ནི་ངེས་པ་ཉིད་དོ། །སྨྲས་པ། དཀར་མིན་འདྲེན་བྱེད་བདུད་རྩིའི་མདངས་འོད་འཚེར། །མི་ཕྱེད་འབར་བའི་མཚོན་ཆས་སྙིམ་པར་མཚན། །ཡེ་ཤེས་སྣང་བ་དམ་པས་མཚན་རྟོག་སྒྲིབ། །ཅིག་ཅར་ཟ་བའི་བགེགས་འཇོམས་ཁྲོ་བོ་གང༌། །སྲིད་གསུམ་འབྱུང་པོ་གདུལ་ཕྱིར་རྒྱལ་ཀུན་གྱི། །ཐུགས་མཚོ་ལས་སྤྲུལ་གསང་བའི་བདག་པོའི་ཟླ། །སྐལ་བཟང་བདེ་འབྱུང་གཙུག་གི་རྒྱན་གྱུར་ཚེ། །གྲགས་པའི་མཛེས་རྒྱན་གཞན་ལ་གུས་པ་ལྷོད། །གང་གི་སྒྲུབ་ཐབས་བཤད་པ་རྣམ་གསལ་གྱི། །སྔོན་མེད་ཉི་མ་བསྐྲུན་པོ་སུ་ཞིག་ཅེས། །མཚོ་བྱུང་མགྲིན་པར་ལྷགས་ནས་བལྟ་སྙམ་དུ། །འཕྲིན་ཡིག་དགའ་བས་གད་མོར་དགོད་མིན་ནམ། །འཆར་གའི་ཉིན་བྱེད་འོད་སྟོང་སྒྱུགས་པའི་རྒྱུན། །སྦྲང་རྩིའི་རྒྱལ་མཚན་ལ་ཆགས་བྷྲ་མ་རའི། །སྒེག་མོས་བཏུངས་ཏེ་ཆེར་མྱོས་སྙན་འགྱུར་གླུ། །ལེན་ཡང་མཉན་པར་མི་
སྤྲོ་སྐལ་པའི་སྐྱོན། །ཉམས་སུ་བསྟར་བས་བར་ཆད་མུན་ལས་རྒྱལ། །དངོས་གྲུབ་ཀུནྡཱའི་འདབ་སྟོང་འཛུམ་དམུལ་ལེར། །ཚོགས་ཟུང་གེ་སར་ཁྲོད་ན་མཆོག་གི་དཔལ། །གྲུབ་པའི་སྙེ་མ་གཡུར་ཟ་ཚད་མའི་བཀའ། །འོན་ཏེ་རྣམ་པར་བཤད་འདི་གཞན་འདྲིད་དང༌། །ཁ་གསགས་གཞོགས་སློང་སྙིང་ཕུགས་འཚང་མིན་ཡང༌། །དོན་གཉེར་མཆེད་ཀྱི་དབྱི་གུས་བསྐུལ་བ་ན། །བློ་དམན་སྟོང་པའི་རྫས་ཀྱང་སྒྲ་དབྱངས་འབྱིན། །སྲིད་པའི་ཤེལ་གྱི་རྩིག་ལོགས་འཁྲུལ་སྣང་གཟུགས། །བརྒྱ་ཕྲག་ཞེན་པ་དགེ་བའི་མདངས་དྲལ་ཏེ། །སྔགས་སྤྱོད་མཁས་པའི་སི་ཏས་རང་གཞན་རྒྱུད། །རྣམ་མཁྱེན་དགའ་བྱེད་རྩེན་པའི་རྒྱུར་གྱུར་ཅིག །ཅེས་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་པའི་ཐབས་ཀྱི་བཤད་པ་རྣམ་གསལ་ཉི་མ་ཞེས་བྱ་བ་འདི་ནི། ཆོས་ལྡན་ས་སྐྱོང་བླ་མའི་བཀའ་ལུང་གི་ལས་བྱེད་པ་མགོན་པོ་ཞེས་བྱ་བས་རྟེན་གྱི་མཎྜལ་དང་བཅས་ཏེ་སྔ་ཕྱིར་ནན་གྱིས་བསྐུལ་བའི་ངོར། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་དང༌། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་དང༌། དགོངས་འགྲེལ་གྱི་བསྟན་བཅོས་དམ་པ་ཐམས་ཅད་འདྲེན་པ་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པའི་སྒྲུབ་ཐབས་ཀྱི་གཞུང་ཆེ་ཆུང་དང༌། བོད་གཞུང་ངོར་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེར་བཅས་པ་རྣམས་ལ་ཞིབ་དཔྱོད་བགྱིས་ནས། རྒྱལ་བ་གཉིས་པ་རྗེ་བཙུན་ཨེ་ཝཾ་པ་ཆེན་པོ་ཡབ་སྲས་བརྒྱུད་པར་བཅས་པའི་གསུང་རབ་ཀྱི་བདུད་རྩིས་འཚོ་བའི་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས་རབ་བྱུང་འདོད་པའི་འཛིན་བྱེད་ཀྱི་གནམ་ལོའི་ཆུ་སྟོད་ཟླ་བའི་སྟོང་པ་གཉིས་པ་ལྷག་པ་ལག་སོར་འཛོམ་པའི་འགྲུབ་སྦྱོར་གྱི་ཉིན་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཀྱི་དབང་པོའི་ཕྱོགས་ཀྱི་བ་གམ་གསུམ་པར་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག་སརྦ་མངྒ་ལཾ།། །།དེ་ལྟར་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་མཁན་པོ་ཞི་བ་འཚོའི་རྣམ་འཕྲུལ་མདོ་ཁམས་སྡེ་དགེ་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་རབ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་པའི་
ཐབས་ཀྱི་རྣམ་པར་བཤད་པ་འདི་ཉིད། ཡན་ལག་བཞི་རྫོགས་ཀྱི་ཆིངས་ཀྱིས་བཅིངས་པའི་ལྷག་པའི་ལྷའི་སྒྲུབ་ཐབས་ཕལ་མོ་ཆེའི་སྤྱིར་བཏང་གི་གོ་དོན་ལའང་ཕན་པར་སྣང་བས་བློ་གྲོས་དང་ལྡན་པ་རྣམས་ཀྱི་ཐུན་མོང་བ་རྣམས་མི་འགལ་ཞིང༌། ཐུན་མོང་མ་ཡིན་པ་རྣམས་མ་འདྲེས་པའི་ཚུལ་གྱིས་རྒྱ་ཆེར་རྟོགས་པར་བྱའོ།། །།སརྦ་དཱ་ཀལྱཱ་ཎཾ་བྷ་བཏུ།། །།
དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བསྟོད་པ།
དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བསྟོད་པ་བཞུགས་སུ། དཔལ་ཆེན་ནམ་མཁའི་མདོག་གི་མདངས་ལྡན་ཞིང་། །དུས་མཐའི་སྤྲིན་ལྟར་ཧཱུྃ་སྒྲ་འབྲུག་སྟོང་ཆེ་མ། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་འགེགས་པ། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །སྲིད་གསུམ་མཁའ་དབྱིངས་དག་པའི་ཐུབས། །འཕགས་པ་རིན་པོ་ཆེས་མཛད། ཆར་སྤྲིན་སྐུ་ལུས་དང་འགྲོགས་ནས། །ཧཱུྃ་ཕཊ་འབྲུག་གི་ང་རོ་ཡིས། །ལོག་འདྲེན་འདུལ་མཛད་དཔའ་བོར་འདུད། །ཨོཾ་སྭ་སྟི། དུས་གསུམ་རྒྱལ་བའི་གསང་བ་ཀུན། །ཡིག་རྙིང་ལས་སོ། གྱི་བདག མཐུ་སྟོབས་ཐོགས་མེད་བཛྲ་ཧི་ར་ཀས། །ས་གསུམ་ལོག་འདྲེན་འབྱུང་པོ་ཇི་སྙེད་ཀུན། །ཕྱི་མར་འདུལ་མཛད་ལག་ན་རྡོ་རྗེར་བསྟོད། །ཁྱོད་སྐུ་སྲོད་ཀྱི་མཁའ་དབྱིངས་མེ་ཆེན་གྱིས། །འཁྱུང་འདྲ་གཏུམ་ཆེན་བགེགས་ཀྱི་སྟེང་ན་དཔའ། །ཞལ་གཅིག་ཕྱག་བཞི་རྒྱན་དང་ཆ་ལུགས་རྫོགས། །དྲན་པས་བདུད་དཔུང་མ་ལུས་འཇོམས་ལ་བསྟོད། །དབྱར་རྔ་འབུམ་ཀྱི་སྙེམས་པ་འཕྲོག་བྱེད་པའི། ཧཱུྃ་ཕཊ་རོས་སྟོང་གསུམ་རབ་གཡོ་ཞིང་། །དགྱེས་པའི་བཞད་སྒྲས་རྣལ་འབྱོར་ཐོས་འཛིན་ལ། །སྔོན་མེད་བདུད་རྩི་སྩོལ་ལ་ཕྱག་འཚལ་བསྟོད། སྤྲོས་པའི་མཚན་མ་དབྱིངས་སུ་སིམ་པ་ལས། །ཟབ་ཞི་སྤྲོས་བྲལ་འདུལ་མ་བྱས་པའི་ཐུགས། །དམིགས་མེད་སྙིང་རྗེས་འགོག་པའི་མཐའ་མནན་པ། །མི་གནས་ཡེ་ཤེས་བསམ་མི་ཁྱབ་ལ་བསྟོད། །མ་འོངས་རྣམ་པར་འཇོམས་པའི་བསྐལ་པ་ལ། །བྱང་ཆུབ་ཆེན་པོ་བརྙེས་པའི་ཚུལ་སྟོན་པའི། །སེམས་དཔའ་ཆེན་ཁྱོད་གནོད་སྦྱིན་མ་ལུས་པའི། །རིགས་ཀྱི་བདག་པོར་གྱུར་ལ་ཕྱག་འཚལ་བསྟོད། །ཁྱོད་ལ་ཆ་ཙམ་བསྟོད་པའི་བསོད་ནམས་ཀྱིས། །བདག་ཅག་འཁོར་བཅས་དུས་ཀུན་རྗེས་བཟུང་ནས། ནད་གདོན་འབྱུང་པོའི་འཚེ་བ་ཇི་སྙེད་པ། །མཁའ་དག་ཞི་ཞིང་བསྲུང་བར་མཛད་དུ་གསོལ། །མཐུན་རྐྱེན་ཚེ་བསོད་དཔའ་དང་འབྱོར་བ་སོགས། །ལེགས་པའི་ཡོན་ཏན་ཐམས་ཅད་དབྱར་མཚོ་ལྟར། །འཕེལ་ཞིང་རྒྱས་ནས་ཐུབ་
དཔར་བྱ་བསྔགས་པའི། །དགེ་མཚན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མདོར་ན་སྒོ་གསུམ་བགྱི་བ་གད་ལགས་པ། །ཆོས་མིན་སྤྱོད་པས་རབ་ཏུ་དབེན་གྱུར་ཅིང་། །ཐམས་ཅད་མཁྱེན་ཅིང་གཟིགས་པའི་གོ་འཕང་མཆོག བདེ་བླག་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཞེས་པའང་མཆོག་སྤྲུལ་ཐམས་ཅད་མཁྱེན་པའི་བཀའ་ཕེབས་བཞིན་གཟིམས་འོག་སྤྲུལ་མིང་པ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཀྱིས་བྲིས་པ་མངྒ་ལཾ་བྷ་བ་ཏུ། གུར་ནས་གསུངས་པའི་ཡི་གེ་བརྒྱ་བ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་ཝ། དུ་ཏོཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲི་ད་ཡམྨེ་ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་ཏུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ
དཔལ་གསང་བའི་བདག་པོ་འབྱུང་པོ་འདུལ་བྱེད་གྱི་སྒོ་ནས་ལས་བཞིའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་ནོར་བུ་འདྲེན་པའི་གྲུ་ཆེན།
དཔལ་གསང་བའི་བདག་པོ་འབྱུང་པོ་འདུལ་བྱེད་གྱི་སྒོ་ནས་ལས་བཞིའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་ནོར་བུ་འདྲེན་པའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།། འདི་ཉིད་རྒྱུད་སྡེ་གོང་འོག་གི་དབྱེ་བ་ཕྱེད་པར་བྱས་ན་ལྷག་པའི་ལྷ་ཕལ་ཆེར་ལ་སྦྱར་དུ་རུང་ངོ༌།།
ན་མོ་གུ་རུ་ཤྩ་ཤྲཱིཿགུ་ཧྱ་སྱ་པ་ཏི་བཛྲ་པཱ་ཎི་བྷཱུ་ཏ་ཌཱ་མ་རཱ་ཡ། བྷོ་ཊའི་ལྗོངས་འདིར་མཁས་དང་གྲུབ་པའི་རྩལ། །ཡོངས་སུ་རྫོགས་པ་ས་སྐྱའི་འཇམ་མགོན་ལྔ། །བརྒྱུད་འཛིན་མཁས་གྲུབ་སྲིད་ན་འགྲན་བྲལ་བཅས། །མི་ཕྱེད་དད་པ་བརྟན་པོས་ལན་བརྒྱར་བསྔགས། །དུས་གསུམ་རྒྱལ་བའི་མཐུ་སྟོབས་ནུས་པ་ཀུན། །ས་གསུམ་འབྱུང་པོའི་གཤེད་དུ་ཧཱུྃ་གི་གཟུགས། །ཁམས་གསུམ་ལས་རྒྱལ་གཏུམ་ཆེན་ཁྲོ་བོ་ཡི། །གསང་གསུམ་ཡིད་ལ་དྲན་པས་འདིར་ཕྱག་བྱ། །རབ་འབྱམས་རྒྱུད་སྡེའི་ཆུ་གཏེར་ཀློང་ཡངས་ནས། །རབ་འབར་ཁྲོ་བོའི་ཕྲིན་ལས་རྣམ་བཞིའི་གྲུས། །རབ་མཆོག་གྲུབ་གཉིས་བསམ་འཕེལ་ནོར་བུའི་སྐྱེས། །རབ་མྱུར་འདྲེན་པའི་ཐབས་ཚུལ་འདི་ན་དགེ །ཞེས་མཆོད་པར་བརྗོད་པའི་ཚིག་གིས་ལམ་ཅུང་ཟད་ཕྱེས་ཏེ། འདིར་རང་གཞན་མཐའ་དག་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆེར་མ་བཅད་པའི་དབང་གིས་རྒྱུད་སྡེའི་གཞུང་ཆེན་པོ་རྣམས་ནས་བཤད་པའི་ལས་བཞིའི་
ཕྲིན་ལས་སྒྲུབ་ཚུལ་རྣམས་ཇི་ལྟ་བ་བཞིན་ལག་ཏུའང་མ་ལོན། དཀོར་ནག་བློས་མ་ཐོངས་པས་མི་ཤེས་ཟེར་ཡང་མ་འདོད་པ་རྣམས་ཀྱིས་ཨོ་ཟོབ་དང༌། མུན་པའི་ནང་གི་མདའ་འཕེན་ཟུང་འབྲེལ་བྱས་ནས། གཞན་མགོ་འགལ་མེ་ལྟར་བསྐོར་བ་དེ་རྒྱལ་བའི་གསུང་རབ་དང་ཡང་འགལ་ཞིང༌། འདི་ཕྱི་ཀུན་ལ་མི་ལེགས་པར་མཐོང་ནས། དཔལ་གསང་བདག་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྣལ་འབྱོར་དང་འབྲེལ་བའི་ལས་བཞིའི་མེ་མཆོད་ཀྱི་རིམ་པ་ནག་འགྲོས་སུ་བྲི་བར་བྱེད་པ་ལ། གྲངས་མེད་ཞི་བསིལ་ཐུགས་རྗེའི་ཟླ་འོད་ཀྱིས། །མི་མཐུན་སྒྲིབ་པའི་སྙིང་མུན་མཐར་བྱས་ཏེ། །དགེ་མཚན་འབུམ་གྱི་ཕན་བདེའི་ཀུ་མུད་ཞལ། །རྣམ་པར་དབྱེ་བའི་ཚུལ་དེ་དང་པོར་དགེ །དེ་ཡང་དང་པོར་འདིའི་བསྙེན་པ་ལས་རུང་སོང་བའི་དམ་ལྡན་གྱིས་རང་གཞན་གྱི་སྡིག་སྒྲིབ་ཞི་བའི་ཕྱིར་ཞི་བའི་སྲེག་བླུགས་ཇི་ལྟར་བྱ་བའི་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ། སྦྱོར་བ་ཐབ་དང་བུད་ཤིང་སྦར་བ་མེ། །རྫས་དང་བཤམ་ཐབས་སྒྲུབ་
པ་པོ་སྟེ་དྲུག །ཅེས་སྡོམ་དུ་བྱས་པ་ལྟར་གྱི་དང་པོ་ཐབ་ནི། ཉམས་དགའ་ཞིང་སའི་ཆོ་ག་བྱས་པའི་ས་ཕྱོགས་སུ་རང་ཉིད་ཁ་ཤར་དུ་བལྟས་ནས་འདུག་ཆོག་རྩིས་ཀྱི་མདུན་གྱི་གཞི་དེར་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་པ་ལ། ཁྲུ་ཕྱེད་ཀྱིས་དབུས་ནས་ཟླུམ་པོར་བསྐོར་བ་ནི་ཐབ་ཀྱི་དངོས་གཞི་དང༌། དེའི་ཕྱི་རོལ་དུ་སོར་བཞི་བསྐོར་བ་ཁ་ཁྱེར་དང༌། སླར་ཡང་སོར་བཞི་བསྐོར་བ་མུ་རན་དང༌། ཚད་དེ་ཉིད་ཀྱིས་ཚངས་ཐིག་དང་མུ་རན་འཛོམ་པའི་ས་ནས་ཟུར་ཐིག་བཞིའི་སྟེང་དུ་མཚན་མ་བྱས་ལ་ཐིག་བཞིའི་རྩེ་ལེགས་པར་སྦྲེལ་བའི་སྟེགས་བུ་གྲུ་བཞི་པ། དེའི་གྲྭ་བཞིར་རྡོ་རྗེའི་རྩེ་ནང་ངོས་སུ་བསྟན་པའི་ཟླ་ཕྱེད་རྡོ་རྗེ་བྱ། ཕྱག་ལེན་ལ་སྟེགས་བུ་གྲུ་བཞི་པའི་ཕྱི་རོལ་དུའང་སོར་བཞིའི་ཚད་ཀྱི་ཆ་ག་གྲུ་བཞི་པ་མཛད་པ་ནི་བྲིས་ཆ་ལ་མིག་སྔར་མཛེས་པ་དང༌། སྒོམ་དོན་ལ་སྟེགས་བུའི་དཔངས་ཀྱི་ཚད་ཡིན་གསུངས། ཐབ་ཀྱི་དབུས་ནས་སུམ་གཉིས་ཕྱིར་བཞག་པའི་ནང་གི་སུམ་ཆ་ཟླུམ་པོར་བསྐོར་བ་ལ་པདྨའི་ལྟེ་བ་དང༌། ཕྱིའི་སུམ་གཉིས་ལ་པདྨའི་འདབ་མ་བྱ་ཞིང༌། ཐབ་ཀྱི་གཞི་ཐམས་ཅད་ཁ་དོག་དཀར་པོ་བྱ། ཁ་ཁྱེར་རམ་མུ་རན་གང་རུང་ལ་རྡོ་རྗེ་ཁ་ཟུམ་པའི་ཕྲེང་བས་བསྐོར། ཁ་དོག་འདྲེས་པའི་«་་་་་སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས། ལས་བཞིའི་ཐབ་ལ་ཁ་དོག་དཀར་པོ་སོགས་ལས་མདོག་འབའ་ཞིག་ཏུ་བཤད་པས་འདྲེས་པའི་སྐྱོན་མེད། དེས་ན་དམར་སྐྱ་སོགས་ཀྱིས་བཅད་པར་གསུངས་པ་ནི་མིག་སྔར་མཛེས་ཆོས་ཙམ་ལས་མཐའ་གཅིག་ཏུ་དགོས་པ་མིན་ཞེས་གསུངས།» སྐྱོན་སྤང་བའི་ཕྱིར། བཅད་ཚོན་ཐམས་ཅད་དང་རྡོ་རྗེ་ཁ་དོག་དམར་སྐྱས་བྱ། པདྨའི་ལྟེ་བར་ཉི་གདན་གྱི་སྟེང་དུ་ཚོམ་བུ་སྔོན་པོ་དགོད། གཉིས་པ་བུད་ཤིང་ནི། ཚེར་མ་ཅན་མ་ཡིན་པའི་ཤིང་ངམ་«་་་་་འོམ་བུ་དང༌། ལྕང་དཀར། བལ་བུ་སོགས།» དེ་མེད་ན་སྲོག་ཆགས་མེད་པའི་ལྕི་བས་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་ཟླུམ་པོར་
བརྩིགས་ལ་ནང་གི་ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་ཞིག་ཀྱང་བཤམས་ལ་གཞག་གོ །གསུམ་པ་སྦར་བ་མེ་ནི། རྡོ་དང་ལྕགས་གཙུབས་པ་ལས་བྱུང་བ་མ་ཡིན་པ་བྲམ་ཟེའི་རྒྱུན་བཞག་གི་མེའམ། འོ་མ་ཅན་གཙུབས་པ་སོགས་ལས་བྱུང་བའོ། །བཞི་པ་རྫས་ནི། ཡ«༡»མ་ཤིང་«་་་་་རྒྱུ་བུད་ཤིང་དང་འདྲ། ཚད་སོར་བརྒྱད་པ། རྩེ་མོ་མར་ཁུས་ཉུག་པའོ།» མར«༢»་ཏིལ«༣»་ཟས་མཆོག་«༤»དང༌།«་་་་་མངར་གསུམ་བསྲེས་པའི་ཞོ་ཟན།» །སོ་བ«༥»་འབྲ«༦»ས་ན«༧»ས་གྲོ་«༨་»དང་ནི། །སྲ«༩»ན་མ་«་་་་་དཀར་པོ།» དཱུརྺ་«༡༠་་་་་དངོས་སམ་རྩྭ་རན་པ།» ཀུ་«༡༡»ཤ་«་་་་་རྩ་རྩེ་མ་ཉམས་པ་»རྣམས། །ཞེས་སྡོམ་དུ་བྱས་པ་ལྟར་དང༌། གཞན་ཡང་དཀར་གཏོར་ཟླུམ་པོ་འདབ་ཅན་གཉིས། མཆོད་འབྲུ། སྤོས། མར་མེ། ཞལ་ཟས། ཏིང་ལོ། དཔལ་འབར། ཀུ་ཤ་དགྲམ་རྒྱུ་དང་འཐོར་ཡབ། དྲི་བཟང་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་གཙང་ཞིང་གྱ་ནོམ་པ་སྟ་གོན་བྱའོ། །ལྔ་པ་བཤམ་ཐབས་ནི། ཐབ་ཀྱི་མཐའ་སྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་པོས་བྱུག ཐབ་ཀྱི་ནུབ་ཏུ་རང་གི་སྟན་ནང་ཚངས་ཅན་དཀར་པོ་ཞིག་གདིང༌། རང་གི་གཡོན་ཐབ་ཀྱི་གཡས་ཕྱོགས་ན་སྟེགས་མཐོ་བའི་སྟེང་དུ། འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་གཉིས་པོ་དང༌། དེའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། རང་གི་གཡས་ཐབ་ཀྱི་གཡོན་ངོས་ན་སྟེགས་ཇི་ལྟར་རིགས་པ་ལ། རྫས་རྣམས་གོང་དུ་བཤད་པའི་གོ་རིམ་བཞིན་བཤམ། རང་གི་མདུན་དུ་བསང་ཆུའི་སྣོད། འཐོར་ཡབ། རྡོར་དྲིལ། ནང་མཆོད་རྣམས་དང༌། རྡོར་དྲིལ་གྱི་བར་དུ་དགང་གཟར་བླུགས་གཟར་ཁ་སྦྱར་ལ་གཞག སོ་སོར་གཞག་མི་རུང་ངོ༌། །གྲུབ་ན་ཐབ་དང་སྒྲུབ་པ་པོའི་བར་དུ་འཇིམ་པ་ལས་བྱས་པའི་མེ་ཡོལ་དཀར་ཞལ་གྱིས་བྱུགས་པའང་«་་་་་འཇིམ་པའམ་རྡོ་ལ་དཀར་ཞལ་གྱིས་བྱུགས་ཤིང་གངས་རིའི་གཟུགས་ཆུ་རྒྱུན་
འཁྱིལ་བ་དང་བཅས་པའི་དབུས་སུ་ཝྃ་ཡིག་བྲིས་པ་བཞག་པ་མེའི་དུག་སྲུང་བའི་སླད་གངས་ཏི་སེར་མོས་ཞེས་གསུང་རྒྱུན་ལས་འབྱུང༌།» བཤམས་ལ། རྫས་ཐམས་ཅད་ལ་བདུད་རྩི་ལྔས་འཐོར་ལ་གཞག་གོ །དྲུག་པ་སྒྲུབ་པ་པོ་ནི། ཕྱི་མ་རེད་ཀྱི་དུས་སུ་རང་ཉིད་ཁྲུས་བྱས་འབྱོར་ན་གོས་དང་རྒྱན་དཀར་པོས་བརྒྱན་ལ་སྡིག་པ་དང་བར་ཆད་ཞི་བར་འདོད་པའི་བསམ་པས་སྔར་བཤམས་པའི་སྟན་ལ་ཁ་ཤར་དུ་བལྟས་ཏེ་སྐྱིལ་ཀྲུང་གིས་འདུག་གོ །གཉིས་པ་དངོས་གཞི་ལ། བདག་གི་རྣལ་འབྱོར་མེ་བཙལ་ཡོ་བྱད་བསང༌། །ཐབ་ཁུང་འདུ་བྱ་འཇིག་རྟེན་མེ་ལྷ་མཆོད། །འདས་པའི་མེ་ལྷ་མཆོད་རྣམས་དངོས་གཞིའི་ཆོས། །ཞེས་པ་ལྟར་དྲུག་ལས་དང་པོ་བདག་གི་རྣལ་འབྱོར་ནི། སྐྱབས་འགྲོ་ནས་བརྩམས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ་གྱི་བར་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བདག་བསྐྱེད་བཞིན་བྱའོ། །འདི་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་ལ། ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བ་ལ་བསླབ་བོ། །གཉིས་པ་མེ་བཙལ་ཞིང་སྒྲུབ་པ་ནི། དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྦར་ཏེ་ཡམ་ཤིང་མར་ལ་སྦགས་པའམ། རྩྭ་སྐམ་པོ་གཞན་དང་བཅས་པའི་ལག་པ་གཉིས་ཀས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང༌། ངག་ཏུ། ཧཱུྃ་བཛྲ་ཕཊ་ལན་གསུམ་དང༌། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ་ཐབ་ཀྱི་ནང་གི་ཏིང་ལོ་སྦར་ལ་མེ་གསོ། དེ་ནས་ཁུ་ཚུར་གཉིས་བཅངས་པའི་མཛུབ་མོ་བརྐྱང་བ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་བླུགས་གཟར་གྱི་མར་ཁུས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད། གསུམ་པ་ཐབ་དང་
ཡོ་བྱད་བསང་བ་ནི། བསང་ཆུ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤྃ་ལས་བྱུང་བའི་དུང་ཕོར་དྲི་མ་མེད་པའི་ནང་དུ། བསང་ཆུ་རྫས་དང་ཡོ་བྱད་རྣམས་ཀྱིས་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ལན་བདུན་གྱི་བྱིན་གྱིས་བརླབས་ལ། དེ་ནས་ཀུ་ཤའི་འཐོར་ཡབ་ཀྱིས་རྫས་དང་ཡོ་བྱད་ཐབ་བཅས་ལ་འཐོར་ཞིང༌། ཨ་མྲྀ་ཏེ་བརྗོད་པས་བགེགས་བསལ། སྭ་བྷཱ་ཝས་བསྲེག་རྫས་དང་མཆོད་རྫས་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེག་རྫས་དང་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱི་སྭཱ་ཧཱས་མར། ཨོཾ་ཛྲཱིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱངས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་དང༌། གཎྜེ་ར་ཎི་ཏ་སོགས་རོལ་མོ་བཅས་ཀྱི་བྱིན་གྱིས་བརླབ་བོ། །བཞི་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ཁ་ཁྱེར་རམ་མུ་རན་ལ་རྡོ་རྗེའི་ཕྲེང་བས་མཚན་པ། ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་པའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར་པར་བསམ་མོ། །ལྔ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་
པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང༌། གཡོན་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ་ཞལ་གྱི་དཀྱིལ་འཁོར་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། དེ་ནས་ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་གཞག མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿ སརྦ་ཀརྨ་པྲ་སཱ་དྷ་ཀ མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ་ས་ཏ་མ། གྲྀ་ཧཱི་ཏྭཱ་ཨ་ཧུ་ཏིཾ་ཨཱ་ཧ་ར་ཨསྨིན་སནྣི་ཧི་ཏོ་བྷ་ཝ་ཞེས་སམ། ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་བརྗོད་ལ་པདྨའི་གདན་ལ་བཞུགས་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཞེས་ཕྱག་རྒྱ་དང་བཅས་ཆུ་གཉིས་དབུལ། དེ་ནས་རྡོ་རྗེ་སྤོས་དང་བཅས་པས་དྲིལ་བུ་བཟུང་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལ་ཡ་སརྦ་བྷ་སྨཱིཾ་ཀུ་རུ་སརྦ་དུཥྚཱ་ན་ཧཱུྃ་ཕཊ྄་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ་ཞེས་བརྗོད་པའི་མཐར། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ནས་ཐབ་དབུས་ཀྱི་དམ་ཚིག་པ་ལ་བསྟིམ། སླར་ཡང་རང་གི་
སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེ་མགོར་སྦྱར་བའི་པུཥྤེ་སོགས་ཀྱིས་ཉེར་སྤྱོད་ལྔ། ཤབྡ་དང་གཎྜེ་ར་ཎི་ཏ་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་ཞེས་བཏགས་པས་ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ཏེ། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡིན་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་སཏྭ་ཨ། ཞེས་བརྗོད་དེ་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་དགྲམ་མོ། །དེ་ནས་གཟར་བུ་གཉིས་བྱང་
ཆུབ་མཆོག་གི་ཕྱག་རྒྱས་བཟུང་སྟེ། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་དང༌། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་གྱིས་མཚན་པར་བསམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་བྱ་མ་ཧཱ་ཤྲཱི་ཡེ་ཧ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ་ལ་བར་དེར་མེ་པྲ་བརྟགས་ཏེ་ངན་ན་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུས་ཕྱོགས་ཀུན་ཏུ་གཏོར་ཏེ་བགེགས་བསལ་ལོ། །དེ་ནས་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཉེར་སྤྱོད་ལྔས་མཆོད་ལ་བསྲེག་རྫས་རྣམས་རིམ་བཞིན་འབུལ་དགོས་པས། ཐོག་མར་རྫས་རྣམས་ལག་པ་གཡོན་པས་བཟུང་ལ། གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླང་ཞིང་ཅུང་ཟད་བསྐོར་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། དེ་ཡང་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་ཨགྣ་ཡེ་«་་་་་ལྷ་སྔགས་»སྭཱ་ཧཱ། ཨོཾ་བོ་དྷི་«་་་་་རྫས་སྔགས»་བྲྀཀྵཱ་ཡ་བདག་གིས་«་་་་་ལས་སྔགས་»ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཚར་གཅིག་དང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་ལན་ལྔ། ཡང་ལྷ་སྔགས་རྫས་སྔགས། ལས་སྔགས་སྤེལ་བ་ཚར་གཅིག་བཅས་ཁྱོན་བདུན་ནམ། ཉེར་གཅིག་སོགས་འབུལ་ནའང་དེས་རིགས་འགྲེ། སྤེལ་ཚིག་སྐབས་སྦྱིན་བདག་གི་དོན་དུ་ཡིན་ན། སྦྱིན་པའི་བདག་པོའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་སྦྱར་ལ་བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་
ཡང་དེའི་རིགས་པས་ཤེས་པར་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པས་མར་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་པས་ཏིལ་ལམ་ཡུངས་ཀར་དང༌། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཞོ་དང་སྦྱར་བའི་ཟས་མཆོག ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་འབྲས་སོ་དང༌། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱས་འབྲས་དང༌། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས་དང༌། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུརྺ་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་གོང་འོག་ཏུ་ལྷ་སྔགས། རྫས་སྔགས། ལས་སྔགས་སོགས་སྦྱོར་ཚུལ་ཤེས་པར་བྱའོ། །དེ་ལྟར་མེ་ལྷ་ལ་བསྲེག་རྫས་ཇི་ཙམ་འབྱོར་པ་ཕུལ་བའི་མཐར་གོང་ལྟར་མཆོད་བསྟོད་བྱས་ལ། ཡང་གོང་བཞིན་ཨོཾ་ཨརྒྷཾ་སོགས་ཀྱིས་ཆུ་གཉིས་དབུལ། མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དྲུག་པ་འདས་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་དྲི་མ་མེད་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཞེས་པ་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་བར་སྒྲུབ་ཐབས་བཞིན་ལ། རང་ཉིད་ཅེས་པའི་ཚིག་དོར། སྐུ་ལས་མདངས་དང༌། འོད་ཟེར་དཀར་པོ་འཕྲོ་བ། དེའི་དཔྲལ་བར་ཨོཾ་སོགས་ནས། ས་མཱ་ཛཿཞེས་པའི་བར་ཡང་སྒྲུབ་ཐབས་བཞིན་ལ། བཛྲ་ས་མཱ་ཛཿའི་སྐབས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་
བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་སམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་སྤྱི་ལྟར་གྱི་མཐར། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་བརྗོད་ལ་སྤྱན་དྲངས། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་སོགས་དབང་ལྷ་སྤྱན་འདྲེན་སྒྲུབ་ཐབས་བཞིན་ལས། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པར་འདི་ལ་ཞེས་བསྒྱུར་ནས། ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། ལྷ་དེ་ཉིད་འཛུམ་ཞིང་ཞི་བ་དང༌། འོད་ཟེར་དཀར་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ལས་མཛད་པར་བསམས་ལ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་ཆུས་གཏོར་ཏེ་མི་གཙང་བ་དང༌། ཉེས་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་གཟར་བུ་གཉིས་བླངས་ཏེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམ་པ་སོགས་སྔར་ལྟར་གསལ་བཏབ་སྟེ། ཧཱུྃ་བཛྲ་ཕཊ་ཅེས་ཚར་ཁ་ཤས་བརྗོད། དེ་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་བྱ་ཞེས་སོགས་ཀྱི་མཐར། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཞེས་སོགས་སྤེལ་ཚིག་གོང་ལྟར་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུ་གསུམ་ལ་སོགས་པས་བྱོན་སྐྱེམས་ཕུལ་ལ། དེ་ནས་ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཉེར་སྤྱོད་རོལ་མོ་བཅས་ཀྱིས་
མཆོད། མཚན་སྔགས་སྔོན་འགྲོའི་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། དཔལ་ཆེན་ནམ་མཁའི་སོགས་དང༌། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས་སོགས་ཤློ་ཀ་གཉིས་ཀྱིས་བསྟོད། དེ་ནས་ཡམ་ཤིང་སྔར་བཞིན་བཟུང་སྟེ། ཧཱུྃ་བཛྲ་«་་་་་ལྷ་སྔགས་»ཕཊ་ཚར་གསུམ་ཙམ་དང༌། ཨོཾ་བོ་དྷི་«་་་་་རྫས་སྔགས་»བྲྀཀྵཱ་ཡ་བདག་གིས་«་་་་་ལས་སྔགས་»སོགས་གོང་བཞིན་དང་བཅས་ཏེ་ཚར་གཅིག་དང༌། དེ་ནས་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་རྐྱང་པས་ཇི་ཙམ་འོས་པ་ཕུལ་བའི་མཐར། སླར་ཡང་ཧཱུྃ་བཛྲ་ཕཊ། ཨོཾ་བོ་དྷི་བྲྀཀྵཱ་ཡ་བདག་གིས་སོགས་ཚར་གཅིག་དབུལ། དེ་བཞིན་དུ་རྫས་གཞན་མ་རྣམས་ལ་ཡང་རིགས་འགྲེས་ཏེ་ཤེས་པར་བྱ་ཞིང༌། གྲངས་ནི་བརྒྱ་རྩ་ལ་སོགས་པ་དབུལ་ཞིང་སྒྲུབ་གཡོག་གིས་གྲངས་བཟུང་ལ། བསྙེན་པ་ཁ་གསོ་བ་ལ་སོགས་པའི་དུས་སུ་ནུབ་རེ་ལ་ཁྱད་པར་གྱི་རྫས་ཏིལ་སྟོང་ཕྲག་ལྔའམ་ཁྲི་ལ་སོགས་པ་ཅི་ཙམ་ནུས་པ་དབུལ་ཞིང༌། སྔགས་ནི་ལས་རྒྱས་པ་གཙོ་བོར་བྱེད་ན་རྫས་སྔགས་སརྦ་པཱ་པཾ་ད་ཧ་ན་དང༌། བསྙེན་པའི་ཁ་སྐོང་དང་མཆོག་སྒྲུབ་པ་གཙོ་བོར་བྱེད་ན་ལྷ་སྔགས་ལ་གྲངས་གཟུང་ཞིང་མཚམས་སུ་སྤེལ་ཚིག་སྦྱར། གཞན་ཡང་གདོན་བགེགས་ཞི་བ་ཙམ་གྱི་ཆེད་ཡིན་ན་ཏིལ་གྱི་ཚབ་ཡུངས་ཀར་གྱིས་བྱ་ཞིང༌། སྔགས་སརྦ་པཱ་པཾ་གྱི་ཚབ་ཏུ། བགེགས་ཞི་བ་ལ། ཨོཾ་སརྦ་བིགྷྣན་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་སྦྱར། དེས་མཚོན་ཏེ། གདོན་ལ་སརྦ་དུཥྚཱན་ད་ཧ་སོགས། ནད་ལ་སརྦ་རོ་ག རིམས་ལ་སརྦ་ཛྭ་ར། ཉེ་བར་འཚེ་བ་ལ་སརྦ་ཨུ་པ་དྲ་བྱ། དུས་མ་ཡིན་པར་འཆི་བ་ལ་སརྦ་ཨ་ཀཱ་ལ་མྲྀ་ཏྱུ། རྨི་ལམ་ངན་པ་ལ། སརྦ་དུརྶོཔྣ། ལྟས་ངན་པ་ལ། སརྦ་དུརྨི་ཏ། རྣམ་པར་གཡེང་བ་ལ། སརྦ་ཙིཏྟ་ཀུ་ལ་ཞེས་
པ་ལྟ་བུར་བསྒྱུར་ཞིང༌། སྤེལ་ཚིག་བོད་སྐད་ཀྱང་བརྗོད། སྐབས་སྐབས་སུ་ཡམ་ཤིང་དང་མར་ཅི་འབྱོར་པ་དབུལ། སྒྲུབ་གཡོག་གཅིག་གིས་མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་གཞུག་གོ །དེ་ཡང་ཡམ་ཤིང་ནི་མེ་འོད་འབར་བ་ལ། ཞུ་བའི་རྫས་རྣམས་ནི་ལྷའི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །བསྲེག་རྫས་རྣམས་རྫོགས་པ་དང༌། གོང་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་དགང་གཟར་གསུམ་དབུལ། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ། ཕྱི་མཆོད་རྣམས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཞེས་དང༌། ཞབས་བསིལ་འདི་ཟེར་ནས་འདོན་པ་བསྒྱུར་བ་མ་གཏོགས་གཞན་ཀྱེ་རྡོར་བཞིན་བྱ་བའམ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལས་ཀྱི་དངོས་གྲུབ་སྩོལ། །ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། རོལ་མོ་དང༌། ཤབྡའི་བར་སྦྱར་བས་མཆོད། བསྡུ་ན་སྔགས་མཆོད་རྐྱང་པས་ཀྱང་རུང་ལ། གོང་བཞིན་ནང་མཆོད་དང་བསྟོད་པ་བཅས་པའང་བྱའོ། །དེ་ནས་གཏོར་མ་དང་པོ་ལ་ཆབ་ཀྱིས་བྲན་ཏེ། ཨ་མྲྀ་ཏེས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབས་ལ། མཚན་སྔགས་སྔོན་དུ་འགྲོ་བའི་ཨ་ཀཱ་རོ་བཏགས་པ་ལན་གསུམ་སོགས་ཀྱིས་དབུལ། མཚན་
སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ། བསྟོད་པ་བཅས་ཀྱི་མཐར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བྱ། མཐར་ཐལ་མོ་སྦྱར་ལ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སོགས་རང་གི་ཡིད་ལ་འདོད་པའི་དོན་གསོལ་བ་གདབ། ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང་ཞེས་སོགས་དང༌། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་སྒྲིབ་པ་དང་ལྡན་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང་རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་སོགས་ཀྱི་རྗེས་ལ་གྲུབ་ན་གུར་ནས་བཤད་པའི་ཡི་གེ་བརྒྱ་པ་བཟླས་ཏེ་མཐར། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་དབུས་ནས་ཐལ་བ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ལ། མེ་ལྷ་ལྷག་མས་«༡»་མཆོད་དང་གཏོར་«༢»་མ་གཏོང༌། །འདོད་དོན་ཞུས«༣»་ལ་གཤེགས་གསོལ«༤»་ལྷག་ཆད་བསྐང«༥»༌། །ལས་ཀྱི་རྗེས«༦»་བསྡུ་བ་སྟེ་དྲུག་ཡིན་ནོ། །ཞེས་པ་ལྟར་ལས་དང་པོ་མེ་ལྷ་ལྷག་མས་མཆོད་པ་ནི། ཐབ་ཁུང་དུ་མར་བླུགས་གཟར་གང་དགང་གཟར་ལ་རེག་པ་དང་བཅས་པས་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ། མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམས་ལ་བསྲེག་རྫས་རྣམས་
ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་ལ་སོགས་པ་ཅི་འབྱོར་ཕུལ་མཐར། བྱོན་ཟན་གྱི་སྐབས་ལྟར་མར་དགང་བླུགས་གསུམ་གང་བའི་སྦྱིན་སྲེག་ཏུ་དབུལ། ཡོན་བདག་ལ་སོགས་པའི་དོན་དུ་བྱེད་པའི་ཚེ། སྤྲོ་ཞིང་ནུས་ན། དེའི་ལག་པ་གཡོན་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ་གང་བའི་སྦྱིན་སྲེག་ཕུལ་བའི་མཐར། བདག་གམ་ཡོན་བདག་ཆེ་གེ་མོ་ཞེས་བགྱི་བའི་ནད་དང༌། གདོན་དང༌། བཀྲ་མི་ཤིས་པ་དང༌། བྱུར་དང༌། སྐལ་པ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བདུན་ཚན་གསུམ་པོ་རེ་རེའི་མཐར་བྱ་བར་ཡང་གསུངས་སོ། །གཉིས་པ་ནི། གཏོར་མ་གཉིས་པ་དེ་ཉིད་ལ་ཆབ་ཀྱིས་བྲན་ཏེ། བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་ལ་སོགས་པས་བྱིན་གྱིས་བརླབ། ལག་པ་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་ཕུལ་ལ། མཐར་མཚན་སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ་དང༌། འཇིག་རྟེན་དབང་ཕྱུག་སོགས་ཀྱི་མཐར་སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་ཞིང་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་
ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། གསུམ་པ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཞེས་སོགས་འདོད་དོན་གསོལ་བ་གོང་ལྟར་བྱའོ། །བཞི་པ་དང་ལྔ་པ་གོ་རིམ་ཅུང་ཟད་ཁ་བསྒྱུར་ཏེ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐངས་ལ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱ་ཨཱཿཧཱུྃ་གིས་མཆོད་ཡོན་དང་ཞབས་བསིལ་དབུལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ། །ཨོཾ་ཨགྣ་ཡེ་གཙྪ་ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་དཔྲལ་བར་ཨོཾ་སོགས་གནས་གསུམ་བསྲུངས་ཏེ་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་ཅི་ཤེས་བྱའོ། །དྲུག་པ་ནི། མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང༌། ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ་མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་པར་བྱའོ། །སྨྲས་པ། ལས་ཉོན་དྲྭ་བས་འཛིངས་པའི་སྡིག་སྒྲིབ་ཀྱི། །ཚང་ཚིང་མིང་དུ་བྱེད་པའི་བྱིན་ཟ་ལ། །ཡེ་ཤེས་ཞི་བའི་སྲེག་བླུགས་ཞེས་གྲགས་པའི། །ཆོ་གའི་ཚུལ་དེ་བཤད་པས་དགེ་གྱུར་ཅིག། ༈ །ཨོཾ་སྭ་སྟི། ངོ་
མཚར་ཕན་བདེའི་དོ་ཤལ་ངོམས་པ་ཡི། །ལྷ་སྔགས་ཡེ་ཤེས་རོལ་པའི་ལང་ཚོ་མ། །ཕུན་ཚོགས་ཤིས་པའི་རྒྱང་གླུ་ས་གསུམ་ན། །སྒྲོག་བྱེད་ཆོ་གའི་རིམ་པ་གཉིས་པར་དགེ །གཉིས་པ་བསྙེན་པ་ལས་རུང་སོང་ཞིང་དམ་ལྡན་གྱི་རྣལ་འབྱོར་པས། རང་གཞན་གྱི་ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྱིར་དུ་རྒྱས་པའི་སྦྱིན་སྲེག་བྱ་བའི་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལའང་དྲུག་གི དང་པོ་ཐབ་ནི་སའི་ཆོ་ག་བྱས་ཤིང༌། ཉམས་དགའ་ལ་བཀྲ་ཤིས་པའི་གནས་སུ་རང་ཉིད་ཁ་བྱང་བལྟས་ཀྱིས་འདུག་པའི་མདུན་གྱི་གཞི་དེར་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་ལ། སྲད་བུ་ཁྲུ་གང་གི་ཚད་ཀྱི་དབུས་ནས་ཚངས་ཐིག་ལ་ཤར་ནུབ་ཏུ་མཚན་མ་བྱས་ལ། དེའི་བར་གྱི་སྲད་བུ་དེ་གཡོན་པས་མཚན་མའི་སྟེང་དུ་གཟུང༌། གཡས་པས་ལྷོ་བྱང་གི་ཟུར་ཐིག་ལ་རི་མོ་བྱས་ཏེ་ནུབ་ལ་ཡང་རིགས་འགྲེའོ། །དེ་སྟེང་ཐིག་བཞི་བཏབ་པས་ཐབ་ནང་དང༌། དེའི་ཕྱི་རོལ་དུ་ཤར་ནུབ་ལ་སོར་བརྒྱད་པ་གཉིས་ཀྱིས་མཚན་མ་བྱས་ལ། རྟགས་ནང་མ་ནས་དབུས་ཀྱི་བར་གྱི་སྲད་བུ་དེས་ཟུར་ཐིག་བཞི་ལ་མཚན་མ་བྱས་ཏེ་དེ་སྟེང་ཐིག་བཏབ་པས་ཁ་ཁྱེར་འབྱུང༌། ཡང་རྟགས་ཕྱི་མ་ནས་དབུས་ཀྱི་བར་གྱི་སྲད་བུས་སྔར་ལྟར་ཟུར་ཐིག་བཞི་ལ་མཚན་མ་བྱས་ཏེ། དེའི་སྟེང་ཐིག་བཏབ་པས་མུ་རན་འབྱུང་ངོ༌། །ཐབ་སྟེགས་ཀྱི་ཐིག་མི་དགོས་སོ། །ཐབ་ནང་གི་དབུས་ནས་སུམ་གཉིས་ཕྱིར་བཞག་པའི་སུམ་ཆ་ཟླུམ་པོར་བསྐོར་བ་པད་ལྟེ་དང༌། ཕྱིའི་སུམ་གཉིས་ལ་གཅུས་ཐིག་གདབ་པས་པད་འདབ་བྱ། ཐབ་ཀྱི་གཞི་ཐམས་ཅད་ཁ་དོག་སེར་པོ་བྱ་ཞིང༌། ཁ་ཁྱེར་མུ་རན་གང་རུང་ལ་རིན་པོ་ཆེའི་ཕྲེང་བས་བསྐོར། ཁ་དོག་འདྲེས་པའི་སྐྱོན་སྤང་བའི་ཕྱིར་
བཅད་ཚོན་ཐམས་ཅད་དང༌། རིན་པོ་ཆེའི་ཁ་དོག་ལི་ཁྲི་བྱ། དབུས་སུ་ཉི་གདན་གྱི་སྟེང་དུ་ཚོམ་བུ་སྔོན་པོ་དགོད། གཉིས་པ་བུད་ཤིང་ནི། ཚེར་མ་ཅན་གྱི་ཤིང་མ་ཡིན་པ། ཤུག་པ་དང་སྟར་ཀ་སོགས་འབྲས་བུ་ཅན་གྱི་ཤིང་སེར་ཞིང་དྲི་ཞིམ་པོའི་དབུས་ཀྱི་ཆ་ལས་བྱུང་བའམ། དེ་མེད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་དཔངས་ཁྲུ་གང་ཙམ་གྲུ་བཞིར་བརྩེགས་པའི་ནང་གི་ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་གྲུ་བཞི་གཅིག་ཀྱང་བཤམ་མོ། །གསུམ་པ་སྦར་བ་མེ་ནི། དགེ་འདུན་གྱི་བསྲོ་ཁང་ངམ་རྒྱལ་པོའི་ཁྱིམ་གྱི་མེས་བྱའོ། །བཞི་པ་རྫས་ནི། ཡམ་ཤིང་འབྲས་བུ་ཅན་གྱི་ཤིང་སེར་ཞིང་དྲི་ཞིམ་པ་སྦོམ་ཕྲ་གུང་མོ་ཙམ། རིང་ཐུང་ཁྲུ་གང་པ་རྩ་རྩེ་མར་དང་སྦྲང་རྩིས་སྦགས་པ་དང༌། མར་ཁུ། ཟས་མཆོག ཏིལ་སོགས་རྫས་གཞན་རྣམས་ཞི་བ་དང་འདྲ་ཞིང༌། གཏོར་མ་དང་རྫས་རྣམས་ཡུང་བ་སོགས་ཀྱིས་སེར་པོར་ཁ་བསྒྱུར་བར་བྱའོ། །ལྔ་པ་བཤམ་ཐབས་ནི། ཐབ་ཀྱི་མཐའ་སྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་པོས་བྱུག དེའི་ལྷོ་ནས་ཁ་བྱང་བལྟས་སུ་རང་གི་སྟན་ནང་ཚངས་ཅན་ཁ་དོག་སེར་པོའི་སྟེང་དུ་ས་འཇའ་ལི་དང༌། རང་གི་གཡོན་ཐབ་ཀྱི་གཡས་ན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་བཅས་པ་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ན་ཡམ་ཤིང༌། མར་ཁུ། ཟས་མཆོག ཏིལ་སོགས་བཤམ་ཐབས་ཞི་བ་དང་འདྲ། དྲུག་པ་སྒྲུབ་པ་པོ་ནི། ཉི་དྲོས་དུས་གོས་རྒྱན་སེར་པོས་བརྒྱན་ལ་ཚེ་དཔལ་ཡེ་ཤེས་རྒྱས་པར་འདོད་པའི་བསམ་པས་ཁ་བྱང་དུ་བལྟས་ཏེ་ཁྲིའུ་ཤིང་ལ་བྱམས་བཞུགས་ཀྱི་འདུག་གོ །གཉིས་པ་དངོས་གཞི་ལ་དྲུག་གི དང་པོ་བདག་གི་རྣལ་འབྱོར་ནི། སྐྱབས་འགྲོ་ནས་བརྩམས་ཏེ་
གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་གྱི་བར་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་བཞིན་བྱའོ། །འདི་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་དུ་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བ་ལ་བསླབ། གཉིས་པ་མེ་བཙལ་ཞིང་སྒྲུབ་པ་ནི། དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྦར་ཏེ། ཡམ་ཤིང་མར་ལ་སྦགས་པའམ། རྩྭ་སྐམ་པོ་གཞན་དང་བཅས་པ་ལག་པ་གཉིས་ཀས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་གྲུ་བཞིར་བསྐོར་ཞིང་ངག་ཏུ། ཧཱུྃ་བཛྲ་ཕཊ་ལན་གསུམ་དང༌། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ་ཐབ་ཀྱི་ནང་གི་ཏིང་ལོ་སྦར་ནས་མེ་གསོ། དེ་ནས་ཁུ་ཚུར་གཉིས་བཅངས་པའི་མཐེབ་མཛུབ་ཀྱི་རྩེ་སྦྱར་བ་རིན་ཆེན་ཁུ་ཚུར་གྱི་ཕྱག་རྒྱས་དགང་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང༌། བླུགས་གཟར་གྱི་མར་ཁུས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད། གསུམ་པ་ཐབ་དང་ཡོ་བྱད་བསང་བ་ནི། བསང་ཆུ་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏེས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤྃ་ལས་བྱུང་བའི་དུང་ཕོར་དྲི་མ་མེད་པའི་ནང་དུ། བསང་ཆུ་རྫས་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ལན་བདུན་གྱི་བྱིན་གྱིས་བརླབས་ལ། དེ་ནས་ཀུ་ཤའི་འཐོར་ཡབ་ཀྱིས་རྫས་དང་ཡོ་བྱད་ཐབ་བཅས་ལ་གཏོར་ཞིང༌། ཨ་མྲྀ་ཏེ་བརྗོད་པས་བགེགས་བསལ། སྭ་བྷཱ་ཝས་བསྲེག་རྫས་དང་མཆོད་རྫས་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེག་རྫས་དང༌། མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་
མེད་པ་ལྷ་མཉེས་པ་དང༌། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱི་སྭཱ་ཧཱས་མར། ཨོཾ་ཛྲཱིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱངས། ཨོཾ་བཛྲ་ཨརྒྷཾ་ཨཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར། གཎྜེ་ར་ཎི་ཏ་སོགས་རོལ་མོ་དང་བཅས་པས་བྱིན་གྱིས་བརླབ་བོ། །བཞི་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་སེར་པོ་རྒྱར་ཁྲུ་དོ་པ་ཟབས་སུ་ཁྲུ་གང་པ། ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ཁ་ཁྱེར་རམ་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར་ཅེས་བརྗོད། ལྷ་ལ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་གཡོན་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་སེར་པོ་ལས་འོད་ཟེར་སེར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན་ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་པ་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། དེ་ནས་
ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་གཞག མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་བརྗོད་པ་པདྨའི་གདན་ལ་བཞུགས་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ་ཞེས་ཕྱག་རྒྱ་དང་བཅས་པས་ཆུ་གཉིས་ཕུལ་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ནས་ཐབ་དབུས་ཀྱི་དམ་ཚིག་པ་ལ་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེ་མགོར་སྦྱར་བའི་ཉེར་སྤྱོད། གཎྜེ་ར་ཎི་ཏ་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་ཞེས་བཏགས་པས་ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་
པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ཏེ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་ས་ཏྭ་ཨ། ཞེས་བརྗོད་དེ་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་དགྲམ་མོ། །དེ་ནས་གཟར་བུ་གཉིས་རིན་ཆེན་ཁུ་ཚུར་གྱི་ཕྱག་རྒྱས་གཟུང༌། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་དང་དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་གྱིས་མཚན་པར་བསམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་དཱི་བྱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ་ལ་བར་དེར་མེ་པྲ་བརྟགས་ཏེ་ངན་ན་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུས་ཕྱོགས་ཀུན་གཏོར་ཏེ་བགེགས་བསལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཉེར་སྤྱོད་ལྔས་མཆོད་ལ། དེ་ནས་བསྲེག་རྫས་རྣམས་རིམ་པ་བཞིན་དུ་འབུལ་དགོས་པས། ཐོག་མར་རྫས་རྣམས་ལག་པ་གཡོན་པས་བཟུང་ལ། གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླང་ཞིང་ཅུང་ཟད་བསྐོར་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། དེ་ཡང་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་ཨགྣ་«་་་་་ལྷ་སྔགས་»ཡེ་སྭཱ་ཧཱ། ཨོཾ་བོ་དྷི་«་་་་་རྫས་སྔགས་»བྲྀཀྵཱ་ཡ་བདག་དང་«་་་་་ལས་སྔགས་»སྦྱིན་པའི་བདག་པོའི་ཚེ་
བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་པས་ཚར་གཅིག་དང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་ལན་ལྔ། ཡང་ལྷ་སྔགས། རྫས་སྔགས། ལས་སྔགས་བཅས་སྤེལ་བ་ཚར་གཅིག་བཅས་ཁྱོན་བདུན་ནམ་ཉེར་གཅིག་སོགས་འབུལ་ནའང་དེས་རིགས་འགྲེའོ། །སྤེལ་ཚིག་ནི་བཤད་མ་ཐག་པ་ལྟར་ཡིན་པས། དེས་འོག་མ་རྣམས་ལ་ཡང་རིགས་འགྲེ་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར་དང༌། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཟས་མཆོག་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱས་ཏིལ་དང༌། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་འབྲས་སོ་དང༌། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས་དང༌། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས་དང༌། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུརྺ་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་གོང་འོག་ཏུ་ལྷ་སྔགས་རྫས་སྔགས་ལས་སྔགས་སོགས་སྦྱོར་ཚུལ་གོང་ལྟར་ཤེས་པར་བྱའོ། །དེ་ལྟར་མེ་ལྷ་ལ་བསྲེག་རྫས་ཇི་ཙམ་འབྱོར་པ་ཕུལ་བའི་མཐར་གོང་ལྟར་མཆོད་བསྟོད་བྱས་ལ། ཡང་གོང་བཞིན། ཨོཾ་ཨརྒྷཾ་སོགས་ཀྱིས་ཆུ་གཉིས་དབུལ། མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ་ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དྲུག་པ་འདས་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་དྲི་མ་མེད་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཞེས་པ་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་བར་སྒྲུབ་ཐབས་བཞིན་དང༌། སྐུ་ལས་མདངས་དང་འོད་ཟེར་སེར་པོ་འཕྲོ་བ་དང༌། དེའི་དཔྲལ་བར་ཨོཾ་སོགས་ནས། ས་མཱ་ཛཿཞེས་པའི་བར་ཡང་སྒྲུབ་ཐབས་བཞིན་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་བྱ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། དམིགས་
མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་དང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཀྱི་མཐར། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་རི་ཨེ་ཧྱེ་ཧིས་སྤྱན་དྲངས་ལ། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་སོགས་དབང་ལྷ་སྤྱན་འདྲེན་སྒྲུབ་ཐབས་བཞིན་ལས། ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ་མོ། །ལྷ་དེ་ཉིད་འཛུམ་ཞིང་ཚིམ་ལ་འོད་ཟེར་སེར་པོ་འཕྲོ་བ་དང་གཟི་མདངས་དང་ལྡན་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ལ་སོགས་པ་རྒྱས་པའི་ལས་མཛད་པར་བསམ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་ཆུ་གཏོར་ཏེ་མི་གཙང་བ་དང་ཉེས་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་གཟར་བུ་གཉིས་བླངས་ཏེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམ་པ་སོགས་སྔར་ལྟར་གསལ་བཏབ་སྟེ། ཧཱུྃ་བཛྲ་ཕཊ་ཅེས་ཚར་ཁ་ཤས་བརྗོད། དེ་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་ཞེས་སོགས་ཀྱི་མཐར། བདག་དང་སྦྱིན་པའི་བདག་པོའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུ་གསུམ་ལ་སོགས་པས་བྱོན་སྐྱེམས་ཕུལ་ལ། དེ་ནས། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཚན་
སྔགས་རེ་རེ་བཞིན་སྦྱར་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་སྔོན་འགྲོ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། དཔལ་ཆེན་ནམ་མཁའི་སོགས་ཤློ་ཀ་གཉིས་ཀྱིས་བསྟོད། དེ་ནས་ཡམ་ཤིང་སྔར་བཞིན་བཟུང་སྟེ། ཧཱུྃ་བཛྲ་ཕཊ་ཚར་གསུམ་ཙམ་དང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་བདག་དང་སྦྱིན་པའི་བདག་པོ་སོགས་གོང་བཞིན་དང་བཅས་ཏེ་ཚར་གཅིག དེ་ནས་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་རྐྱང་པས་ཇི་ཙམ་འོས་པ་ཕུལ་བའི་མཐར་སླར་ཡང༌། ཧཱུྃ་བཛྲ་ཕཊ། ཨོཾ་བོ་དྷི་བྲྀཀྵཱ་ཡ་བདག་དང་སོགས་ཚར་གཅིག་དབུལ། དེ་བཞིན་དུ་རྫས་གཞན་མ་རྣམས་ལ་ཡང་རིགས་འགྲེས་ཏེ་ཤེས་པར་བྱ། གྲངས་ནི་བརྒྱ་རྩ་བརྒྱད་དང༌། རྫས་ཀྱི་གཙོ་བོ་ཟས་མཆོག་ལ་གྲངས་བཟུང་སྟེ་བརྒྱ་སྟོང་སོགས་འབུལ་བ་མ་གཏོགས་འདྲ་ཞིང་སྒྲུབ་གཡོག་གཅིག་གིས་གྲངས་གཟུང༌། དེ་ཡང་སྤྱིར་བཏང་བསོད་ནམས་རྒྱས་པ་ཙམ་ལ་གོང་དུ་བཤད་པ་ལྟར་ཁྱད་པར་གྱི་རྫས་ཟས་མཆོག་གིས་བྱ་ལ། དམིགས་བསལ་སོ་སོར་སྤྲོ་ན། ཚེ་རྒྱས་པ་གཙོ་བོར་བྱེད་ན་དཱུརྺའི་རྩེ་མར་དང་སྦྲང་རྩིས་སྤགས་པ། འབྱོར་པ་རྒྱས་པ་ལ་འབྲས་སོ་བ་སོགས་སད་སེར་སོགས་ཀྱི་སྐྱོན་དང་བྲལ་བའི་འབྲུ་སྣ་ཚོགས། ཤེས་རབ་རྒྱས་པར་གསར་ཞིང་དྲི་བསུང་ཞིམ་པོ་དང་ལྡན་པའི་མེ་ཏོག་སེར་པོའམ་དཀར་པོས་བྱ། སྔགས་རྫས་སྔགས་སམ། མེ་ཏོག་ལྟ་བུའི་རྫས་སྔགས་དམིགས་བསལ་མེད་པ་ལ་ལྷ་སྔགས་ཀྱིས་དབུལ། སྤེལ་ཚིག་བསོད་རྣམས་རྒྱས་པ་ལ། བདག་དང་སྦྱིན་པའི་བདག་པོའི་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ་ཞེས་དང༌། དེ་བཞིན་དུ་ཚེ་རྒྱས་པ་ལ། ཨཱ་ཡུར་པུཥྚིཾ་ཀུ་རུ་ཨོཾ། འབྱོར་པ་རྒྱས་པ་ལ། ཤྲཱི་བྷཱུ་ཏི་པུཥྚིཾ་ཀུ་རུ་ཨོཾ། ཤེས་རབ་རྒྱས་པ་ལ། པྲཛྙཱ་
པུཥྚིཾ་ཀུ་རུ་ཨོཾ་ཞེས་སྦྱར་བས་མཚོན་ཏེ་ཤེས་པར་བྱ་ཞིང༌། བརྒྱ་རྩ་བརྒྱད་རེའི་མཚམས་སུ་སྤེལ་ཚིག་རེ་ངེས་པར་གདགས་ལ་ཐུན་རེར་ཇི་ཙམ་ནུས་པ་དབུལ། མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་གཞུག་གོ །དེ་ཡང་ཡམ་ཤིང་ནི་མེ་འོད་འབར་བ་ལ། ཞུ་བའི་རྫས་རྣམས་ནི་ལྷའི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །བསྲེག་རྫས་རྣམས་རྫོགས་པ་དང༌། གོང་བྱོན་སྐྱེམས་སྐབས་སུ་བཤད་པ་ལྟར་མར་དགང་གཟར་གསུམ་དབུལ། དེ་ནས་མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ་ཕྱི་མཆོད་རྣམས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཞེས་དང༌། ཞབས་བསིལ་འདི་ཟེར་ནས་འདོན་པ་བསྒྱུར་བ་མ་གཏོགས་གཞན་ཀྱེ་རྡོར་བཞིན་བྱའམ། འཇིག་རྟེན་ཁམས་ནི་དཔག་མེད་ནི། །ཞེས་སོགས་སྔགས་དང་བཅས་པས་མཆོད། བསྡུ་ན་སྔགས་མཆོད་རྐྱང་པས་ཀྱང་རུང༌། གོང་བཞིན་ནང་མཆོད་དང་བསྟོད་པ་བྱ། དེ་ནས་གཏོར་མ་དང་པོ་ལ་ཆབ་ཀྱིས་བྲན་ཏེ། ཨ་མྲྀ་ཏེས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ། བདུད་རྩི་ལྔ། ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས་ལ། མཚན་སྔགས་སྔོན་འགྲོའི་ཨ་ཀཱ་རོ་བཏགས་པ་ལན་གསུམ་སོགས་ཀྱིས་དབུལ། མཚན་སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ་བསྟོད་པ་བཅས་ཀྱི་མཐར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་
གི་བར་བྱ། མཐར་ཐལ་མོ་སྦྱར་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་རྣམ་པར་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རང་གི་ཡིད་ལ་གང་འདོད་པའི་དོན་གསོལ་བ་གདབ། ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང་ཞེས་སོགས་དང༌། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་སྒྲིབ་པ་དང་ལྡན་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང་རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་རྗེས་ལ། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་གྱིས་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་དབུས་ནས་ཐལ་བ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ལ་དྲུག་ལས། དང་པོ་མེ་ལྷ་ལྷག་མས་མཆོད་པ་ནི། ཐབ་ཁུང་དུ་མར་བླུགས་གཟར་གང་དགང་གཟར་ལ་རེག་པ་དང་བཅས་པས་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ། མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། བསྲེག་རྫས་རྣམས་ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་ལ་སོགས་པ་ཅི་འབྱོར་ཕུལ་མཐར། བྱོན་ཟན་གྱི་སྐབས་ལྟར་མར་དགང་བླུགས་གསུམ་གང་བའི་སྦྱིན་སྲེག་ཏུ་དབུལ། ཡོན་བདག་ལ་སོགས་པའི་དོན་དུ་བྱེད་པའི་ཚེ་སྤྲོ་ན། དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ་གང་བའི་སྦྱིན་སྲེག་ཕུལ་བའི་མཐར། བདག་
དང་སྦྱིན་པའི་བདག་པོའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བདུན་ཚན་གསུམ་པོ་རེ་རེའི་མཐར་བྱའོ། །གཉིས་པ་ནི། གཏོར་མ་གཉིས་པ་དེ་ཉིད་ལ་ཆབ་བྲན་ཏེ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་གསུམ་ལ་སོགས་པས་བྱིན་གྱིས་བརླབ། ལག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་ཕུལ་ལ། མཐར་མཚན་སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ་དང༌། འཇིག་རྟེན་དབང་ཕྱུག་སོགས་ཀྱི་བསྟོད་པ་ཤློ་ཀ་གཅིག་གི་མཐར། སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས་སོགས་གོང་ཞི་བའི་སྦྱིན་སྲེག་ནང་ལྟར་གྱིས་བསྟོད་དོ། །གསུམ་པ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་གི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་རྣམས་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། བཞི་པ་དང་ལྔ་པ་གོ་རིམ་ཅུང་ཟད་ཁ་བསྒྱུར་ཏེ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐངས་ལ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུྃ་གིས་མཆོད་ཡོན་དང༌། ཞབས་བསིལ་དབུལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ། །ཨོཾ་ཨགྣ་ཡེ་གཙྪ་ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། དེ་ནས་རང་གི་དཔྲལ་བར་
ཨོཾ་སོགས་གནས་གསུམ་བསྲུངས་ཏེ། བསྔོ་སྨོན་དང༌། བཀྲ་ཤིས་ཅི་ཤེས་བྱའོ། །དྲུག་པ་ནི། མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང༌། ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་པར་བྱའོ། །སྨྲས་པ། སྔོན་མེད་དགེ་མཚན་རྒྱས་པའི་ཆུ་སྐྱེས་སྦུབས། །རྣམ་པར་གྲོལ་བྱེད་འོད་རྣོན་སྐྱུགས་མཁས་པའི། །ཡེ་ཤེས་ཨགྣིའི་ལས་ཀྱི་སྲིད་པའི་མིག །རང་འདྲའི་བློ་དམན་ཡོངས་ལ་མཁོ་ཕྱིར་སྤེལ།། ༈ །ཨོཾ་སྭ་སྟི། སྔོན་བསགས་བསོད་ནམས་སྟོབས་ཀྱིས་བཀུག་མིན་ཀྱང༌། །རྒྱུད་སྡེའི་ལས་མཐའི་འཕྲུལ་གྱི་ཁབ་ལེན་རྡོས། །ལྕགས་རྡུལ་ཇི་བཞིན་སྲིད་གསུམ་དབང་བྱེད་པའི། །ཆོ་གའི་ཚུལ་དེ་འདི་ནི་གསུམ་པར་དགེ །གསུམ་པ་བསྙེན་པ་སྔོན་དུ་སོང་བའི་དམ་ལྡན་གྱིས་སྲིད་གསུམ་གྱི་འགྲོ་བ་གང་ཞིག་དབང་དུ་བྱ་བའི་ཕྱིར། དབང་གི་མེ་མཆོད་འདི་ཉིད་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་དྲུག་གི དང་པོ་ཐབ་ནི། ས་ཆོག་སྔོན་དུ་སོང་ཞིང་བཀྲ་ཤིས་པའི་གནས་སུ་རང་ཉིད་ཁ་ནུབ་བལྟས་ཀྱིས་འདུག་པའི་མདུན་གྱི་གཞི་དེར་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་ལ། དབུས་སུ་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར། དེའི་དབུས་ནས་ཤར་དུ་སོར་གསུམ་དོར་བའི་སར་ཐབ་ཀྱི་དབུས་ཀྱི་མཚན་མ་བྱས་ལ་དེར་གཡོན་པས་ཐིག་སྐུད་གཟུང༌། གཡས་པ་དཀར་ཅལ་གྱིས་ནུབ་ཀྱི་ཟླུམ་སྐོར་གྱི་བར་དུ་བཟུང་བའི་སྲས་བུ་དེས། མེ་ནས་དབང་ལྡན་གྱི་བར་དུ་
གཡས་སུ་བསྐོར། དེའི་ཕྱི་རུ་ནུབ་ནས་ཚངས་ཐིག་ལ་སོར་བཞིའི་རྟགས་གཉིས་བྱས་པའི་དང་པོ་སྔར་བཞིན་བསྐོར་བས་ཁ་ཁྱེར་དང༌། གཉིས་པ་དེ་བཞིན་དུ་བསྐོར་བས་མུ་རན་ཏེ། སོ་སོའི་རྩེ་ཐིག་གིས་སྦྲེལ་བས་ཟླ་གམ་གྱི་དབྱིབས་སོ། །དེའི་ཕྱི་རོལ་དུ་ནུབ་ཀྱི་མཚན་མ་ནས་དབུས་ཀྱི་བར་གྱི་སྲད་བུ་དེས་བདེན་བྲལ་དང༌། རླུང་གི་ཐིག་ལ་རྟགས་བྱས་ཏེ་ཤར་ལ་ཡང་དེའི་རིགས་པ་རྟགས་བྱས་ནས་དེ་སྟེང་ཐིག་བཏབ་པས་ཐབ་སྟེགས་གྲུ་བཞིར་འབྱུང་ཞིང༌། དེའི་ཕྱི་རོལ་དུ་ཡང་ནུབ་དང་ཤར་ལ་སོར་བཞིའི་མཚན་མ་བྱས་ལ་དེ་དང་དབུས་ཀྱི་བར་གྱི་སྲད་བུ་དེས་ཟུར་བཞིར་རྟགས་བྱས་ནས། དེ་སྟེང་ཐིག་བཏབ་པས་གྲུ་བཞིར་འབྱུང་སྟེ་ཐབ་སྟེགས་ཀྱི་ཆོ་གའོ། །ཐབ་ནང་གི་པདྨ་འདབ་མ་བརྒྱད་ཞི་བ་དང་འདྲ། གཞི་ཚོན་ཁ་དོག་དམར་པོར་བྱ། ཁ་ཁྱེར་མུ་རན་གང་རུང་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར། ཁ་དོག་འདྲེས་པའི་སྐྱོན་སྤང་བའི་ཕྱིར་བཅད་ཚོན་ཁ་དོག་དཀར་པོར་བྱ། དབུས་སུ་ཉི་གདན་གྱི་སྟེང་དུ་ཚོམ་བུ་སྔོན་པོ་དགོད། གཉིས་པ་བུད་ཤིང་ནི། ཙནྡན་དམར་པོ་དང་མཛོ་མོ་ཤིང་དང་འོལ་སེ་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའམ། དེ་མ་རྙེད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་དུ་ཟླ་གམ་གྱི་དབྱིབས་སུ་མཐོ་གང་ཙམ་བརྩིགས་པའི་ནང་གི་ཤར་ལྷོར་ཏིང་ལོ་ཟླ་གམ་གྱི་དབྱིབས་ཅན་ཀྱང་གཞག་གོ །གསུམ་པ་སྦར་བ་མེ་ནི། སྨད་འཚོང་མའི་ཁྱིམ་གྱི་མེས་བྱའོ། །བཞི་པ་རྫས་ནི། ཡམ་ཤིང་གི་རྒྱུ་བུད་ཤིང་དང་འདྲ་བ་ལས་སྦོམ་ཕྲ་སྲིན་མཛུབ་ཙམ། རིང་ཐུང་སོར་བརྒྱད་པ། རྩ་རྩེ་མ་ཉམས་པ་མར་དང་སྦྲང་རྩིས་སྦགས་པ། མར་ཁུ། མེ་ཏོག་དམར་པོའམ། འབྲས་དམར་པོ་གང་
རྙེད། ཟས་མཆོག ཏིལ། སོ་བ། ནས། གྲོ། སྲན་མ། དཱུརྺ། ཀུ་ཤ་རྣམས་དང༌། གཞན་ཡོ་བྱད་ཐམས་ཅད་འདྲ་ཞིང་གཏོར་མ་དང་རྫས་རྣམས་ནི་སྨུག་རྩི་སོགས་ཀྱིས་དམར་པོར་བྱའོ། །ལྔ་པ་བཤམ་ཐབས་ནི། ཐབ་ཀྱི་ཉེ་འཁོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་དྲི་ཞིམ་པོས་བྱུག དེའི་ཤར་ནས་ཁ་ནུབ་ཏུ་ཕྱོགས་པས་རང་གི་གདན་ཇི་ལྟར་འོས་པ་གདིང༌། རང་གི་གཡོན་ཐབ་ཀྱི་གཡས་ནི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་བཅས་པ་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ན་ཡམ་ཤིང༌། མར་ཁུ། མེ་ཏོག་དམར་པོའམ་འབྲས་དམར། ཟས་མཆོག ཏིལ། སོ་བ། ནས་སོགས་བཤམ། དྲུག་པ་སྒྲུབ་པ་པོ་ནི། དགོང་མོའི་དུས་གོས་རྒྱན་དམར་པོས་བརྒྱན། དབང་དུ་བྱས་པའི་བསམ་པས་སྔར་བཤམས་པའི་སྟན་ལ་ཁ་ནུབ་ཏུ་བལྟས་ཏེ། རྐང་མཐིལ་གཉིས་ཁ་སྦྱར་བ་པདྨའི་སྐྱིལ་ཀྲུང་གིས་འདུག་གོ །གཉིས་པ་དངོས་གཞི་ལ་དྲུག་གི་དང་པོ་བདག་གི་རྣལ་འབྱོར་ནི། སྐྱབས་འགྲོ་ནས་བརྩམས་ཏེ་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་གྱི་བར་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་བཞིན་བྱ། འདི་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་དུ་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བ་ལས་བསླབ་པར་བྱའོ། །གཉིས་པ་མེ་བཙལ་ཞིང་བསྒྲུབ་པ་ནི་དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྦར་ཏེ། ཡམ་ཤིང་མར་ལ་སྦགས་པའམ། རྩྭ་སྐམ་པོ་གཞན་དང་བཅས་ལག་པ་གཉིས་ཀས་གུས་པའི་ཚུལ་གྱིས་ཐབ་ཀྱི་དབྱིབས་དང་མཐུན་པར་གཡས་སུ་བསྐོར་ཞིང་ངག་ཏུ་ཧཱུྃ་བཛྲ་ཕཊ་ལན་གསུམ་དང༌། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ་ཐབ་ཀྱི་ནང་གི་ཏིང་ལོ་སྦར་ལ་མེ་གསོ། དེ་ནས་ཁུ་ཚུར་
བཅངས་པའི་མཐེབ་མཛུབ་གཉིས་ཁ་ཕྱེ་ལ་མཛུབ་མོ་གཞན་རྣམས་ཀྱང་དེའི་རིགས་འགྲོས་ཀྱིས་ཅུང་ཞིག་ཁ་ཕྱེ་བ་པདྨའི་ཁུ་ཚུར་གྱི་ཕྱག་རྒྱས་དགང་གཟར་བཟུང་ལ། ཕྱག་རྒྱ་དེ་བཞིན་གྱིས་བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང༌། བླུགས་གཟར་གྱི་མར་ཁུས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད། གསུམ་པ་ཐབ་དང་ཡོ་བྱད་བསང་བ་ནི། བསང་ཆུ་ལ་དམིགས་ཏེ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤྃ་ལས་བྱུང་བའི་དུང་ཕོར་དྲི་མ་མེད་པའི་ནང་དུ་བསང་ཆུ་རྫས་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ལན་བདུན་གྱི་བྱིན་གྱིས་བརླབས་ལ། དེ་ནས་ཀུ་ཤའི་འཐོར་ཡབ་ཀྱིས་རྫས་དང་ཡོ་བྱད་ཐབ་བཅས་ལ་འཐོར་ཞིང༌། ཨོཾ་ཨ་མྲྀ་ཏེ་བརྗོད་པས་བགེགས་བསལ། སྭ་བྷཱ་ཝས་བསྲེག་རྫས་དང༌། མཆོད་རྫས་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེག་རྫས་དང༌། མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང༌། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱི་སྭཱ་ཧཱས་མར། ཨོཾ་ཛྲཱིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱངས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་དང༌། གཎྜེ་ར་ཎི་ཏ་སོགས་རོལ་མོ་བཅས་ཀྱི་བྱིན་གྱིས་
བརླབ་པར་བྱའོ། །བཞི་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་སོར་བཞི་པ། ཁ་ཁྱེར་ལ་ལྕགས་ཀྱུའི་ཕྲེང་བས་མཚན་པ། ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། དེའི་ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་བའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད། ལྔ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང༌། གཡོན་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་དམར་པོ་ལས་འོད་ཟེར་དམར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་གཞག མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་
མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་ལ་པདྨའི་གདན་ལ་བཞུགས་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཞེས་ཕྱག་རྒྱ་དང་བཅས་པས་ཆུ་གཉིས་ཕུལ་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ་ཐབ་དབུས་ཀྱི་དམ་ཚིག་པ་ལ་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེ་མགོར་སྦྱར་བ་ཉེར་སྤྱོད་དང༌། གཎྜེ་ར་ཎི་ཏ་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཞེས་བཏགས་པས་ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་
ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ཏེ། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་སཏྭ་ཨ། ཞེས་བརྗོད་དེ་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་དགྲམ་མོ། །དེ་ནས་གཟར་བུ་གཉིས་པདྨའི་ཁུ་ཚུར་གྱི་ཕྱག་རྒྱས་བཟུང་སྟེ། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་དང༌། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་གྱིས་མཚན་པར་བསམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་ལན་བདུན་བརྗོད་ཅིང༌། མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱཱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ་བར་བསམ་མོ། །དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ་ལ་བར་དེར་མེ་པྲ་བརྟགས་ཏེ་ངན་ན་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུས་ཕྱོགས་ཀུན་ཏུ་གཏོར་ཏེ་བགེགས་བསལ་ལོ། །དེ་ནས་ཨོཾ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད་ལ། དེ་ནས་བསྲེག་རྫས་རིམ་བཞིན་འབུལ་དགོས་པས་ཐོག་མར་རྫས་རྣམས་ལག་པ་གཡོན་པས་བཟུང་ལ། གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླང་ཞིང་ཅུང་ཟད་བསྐོར་ཏེ། མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། དེ་ཡང་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་ཨགྣ་«་་་་་ལྷ་སྔགས་»ཡེ་སྭཱ་ཧཱ། ཨོཾ་བོ་དྷི་«་་་་་རྫས་སྔགས་»བྲྀཀྵཱ་ཡ། རྒྱལ་པོ་«་་་་་ལས་སྔགས་»དང༌། ཡུལ་འཁོར་དང༌། པཎྜི་ཏ་ལ་སོགས་པའི་
འགྲོ་བ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿཞེས་པ་ཚར་གཅིག་དང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་ལན་ལྔ། ཡང་ལྷ་སྔགས་རྫས་སྔགས། ལས་སྔགས་སྤེལ་བ་ཚར་གཅིག་བཅས་ཁྱོན་བདུན་ནམ་ཉེར་གཅིག་སོགས་འབུལ་ནའང་དེས་རིགས་འགྲེའོ། །སྤེལ་ཚིག་ནི་བཤད་མ་ཐག་པ་ལྟར་ཡིན་པས་དེས་འོག་མ་རྣམས་ལའང་རིགས་འགྲེ་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར་དང༌། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས་དམར་རམ། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མེ་ཏོག་དམར་པོ་དང༌། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཟས་མཆོག་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱས་ཏིལ་དང༌། ཨོཾ་བཛྲ་བི་ཛྭ་ཡ་སྭཱ་ཧཱས་འབྲས་སོ་དང༌། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱས་ནས་དང༌། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུརྺ་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་གོང་འོག་ཏུ་ལྷ་སྔགས། རྫས་སྔགས། ལས་སྔགས་སོགས་སྦྱོར་ཚུལ་གོང་ལྟར་ཤེས་པར་བྱའོ། །དེ་ལྟར་མེ་ལྷ་ལ་བསྲེག་རྫས་ཇི་ཙམ་འབྱོར་པ་ཕུལ་བའི་མཐར། གོང་ལྟར་མཆོད་བསྟོད་བྱས་ལ། ཡང་གོང་བཞིན། ཨོཾ་ཨརྒྷཾ་སོགས་ཀྱིས་ཆུ་གཉིས་དབུལ། མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དྲུག་པ་འདས་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་དྲི་མ་མེད་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཞེས་པ་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་བར་སྒྲུབ་ཐབས་བཞིན་དང༌། སྐུ་ལས་མདངས་དང་འོད་ཟེར་དམར་པོ་འཕྲོ་བ།
དེའི་དཔྲལ་བར་ཨོཾ་སོགས་ནས། ས་མཱ་ཛཿཞེས་པའི་བར་སྒྲུབ་ཐབས་བཞིན་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་བྱ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཀྱི་མཐར་ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས་ལ། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་སོགས་དབང་ལྷ་སྤྱན་འདྲེན་སྒྲུབ་ཐབས་བཞིན་ལས། ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་མོ། །ལྷ་དེ་ཉིད་ཆགས་པའི་ཉམས་དང་ལྡན་ཞིང་འོད་ཟེར་དམར་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས་རྒྱལ་པོ་དང༌། ཡུལ་འཁོར་དང་པཎྜི་ཏ་ལ་སོགས་པ་ཐམས་ཅད་ཆགས་ཤིང་འདུན་པའི་ལས་མཛད་པར་བསམས་ལ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང༌། ཡོ་བྱད་ཐམས་ཅད་ལ་བསང་ཆུ་གཏོར་ཏེ་མི་གཙང་བའི་ཉེས་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་གཟར་བུ་གཉིས་བླངས་ཏེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམ་པ་སོགས་སྔར་ལྟར་གསལ་བཏབ་སྟེ། ཧཱུྃ་བཛྲ་ཕཊ་ཅེས་ཚར་ཁ་ཤས་བརྗོད། དེ་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་ཞེས་སོགས་ཀྱི་མཐར། རྒྱལ་པོ་དང༌། ཡུལ་འཁོར་དང༌། པཎྜི་ཏ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿཞེས་བརྗོད་དེ། གཟར་བུ་གཉིས་ཁ་སྦྱར་ཏེ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་ཕུལ་ལ། དེ་ནས། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་
སྔོན་འགྲོའི་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། དཔལ་ཆེན་ནམ་མཁའི་སོགས་ཤློ་ཀ་གཉིས་ཀྱིས་བསྟོད། དེ་ནས་ཡམ་ཤིང་སྔར་བཞིན་ཟུང་སྟེ། ཧཱུྃ་བཛྲ་«་་་་་ལྷ་སྔགས་»ཕཊ་ཚར་གསུམ་ཙམ་དང༌། ཨོཾ་བོ་དྷི་«་་་་་རྫས་སྔགས་»བྲྀཀྵཱ་ཡ། རྒྱལ་པོ་«་་་་་ལས་སྔགས་»དང༌། ཡུལ་འཁོར་སོགས་གོང་བཞིན་དང་བཅས་ཏེ་ཚར་གཅིག་དང༌། དེ་ནས། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་རྐྱང་པས་ཇི་ཙམ་འོས་པ་ཕུལ་བའི་མཐར། སླར་ཡང་ཧཱུྃ་བཛྲ་ཕཊ། ཨོཾ་བོ་དྷི་བྲྀཀྵཱ་ཡ། རྒྱལ་པོ་དང༌། ཡུལ་འཁོར་སོགས་ཚར་གཅིག་དབུལ། དེ་བཞིན་དུ་རྫས་གཞན་མ་རྣམས་ལ་ཡང་རིགས་འགྲེས་ཏེ་ཤེས་པར་བྱའོ། །གྲངས་ནི་རྫས་གཞན་མ་རྣམས་ལྔ་བཅུ་རེ་དང༌། གཙོ་བོར་ལྷ་སྔགས་དང་མེ་ཏོག་དམར་པོའམ། འབྲས་དམར་པོ་ལ་གྲངས་འཛིན་ཅིང་ལྔ་བཅུ་རེ་སོང་བ་དང༌། སྤེལ་ཚིག་རེ་བརྗོད་པ་དེ་འདྲ་བས་བརྒྱ་སྟོང་སོགས་ཅི་ནུས་འབུལ་བ་མ་གཏོགས་འདྲ་ཞིང༌། སྒྲུབ་གཡོག་གཅིག་གིས་གྲངས་བཟུང་ལ། མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་གཞུག་གོ །དེ་ཡང་ཡམ་ཤིང་ནི་མེ་འོད་འབར་བ་ལ། ཞུ་བའི་རྫས་རྣམས་ནི་ལྷའི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །བསྲེག་རྫས་རྣམས་རྫོགས་པ་དང༌། གོང་བྱོན་སྐྱེམས་སྐབས་སུ་བཤད་པ་ལྟར་མར་དགང་གཟར་གསུམ་དབུལ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། ཕྱི་མཆོད་རྣམས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཞེས་དང༌། ཞབས་བསིལ་འདི་ཟེར་ནས་འདོན་པ་བསྒྱུར་བ་མ་གཏོགས་གཞན་ཀྱེ་རྡོར་བཞིན་བྱའམ། འཇིག་རྟེན་ཁམས་ནི་དཔག་ཏུ་མེད་ན་སོགས་སམ། བསྡུ་ན་སྔགས་མཆོད་རྐྱང་
པས་ཀྱང་རུང༌། གོང་བཞིན་ནང་མཆོད་དང་བསྟོད་པ་བཅས་བྱ། དེ་ནས་གཏོར་མ་དང་པོ་ལ་ཆབ་ཀྱིས་བྲན་ཏེ། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ། བདུད་རྩི་ལྔ། ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱི་བྱིན་གྱིས་བརླབས་ལ། མཚན་སྔགས་སྔོན་འགྲོའི་ཨ་ཀཱ་རོ་བཏགས་པ་ལན་གསུམ་སོགས་ཀྱིས་དབུལ། མཚན་སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ་དང་བསྟོད་པ་བཅས་ཀྱི་མཐར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བྱ། མཐར་ཐལ་མོ་སྦྱར་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་པོ་དང༌། ཡུལ་འཁོར་དང༌། པཎྜི་ཏ་ལ་སོགས་པའི་འགྲོ་བ་མཐའ་དག་བདག་ལ་ཆགས་ཤིང་འདུན་པར་མཛད་དུ་གསོལ། ཞེས་སོགས་རང་གི་ཡིད་ལ་གང་འདོད་པའི་དོན་གསོལ་བ་གདབ། ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང་ཞེས་སོགས་དང༌། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་སྒྲིབ་པ་དང་ལྡན་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང་རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ།
སྲིན་ལག་གིས་ཐབ་ཀྱི་དབུས་ནས་ཐལ་བ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ལ་དྲུག་ལས། དང་པོ་མེ་ལྷ་ལྷག་མས་མཆོད་པ་ནི། ཐབ་ཁུང་དུ་མར་བླུགས་གཟར་གང་དགང་གཟར་ལ་རིག་པ་དང་བཅས་པས་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ། མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། བསྲེག་རྫས་རྣམས་ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་ལ་སོགས་པ་ཅི་འབྱོར་ཕུལ་མཐར། བྱོན་ཟན་གྱི་སྐབས་ལྟར་མར་དགང་བླུགས་གསུམ་གང་བའི་སྦྱིན་སྲེག་ཏུ་དབུལ། ཡོན་བདག་ལ་སོགས་པའི་དོན་དུ་བྱེད་པའི་ཚེ་སྤྲོ་ན། དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ་གང་བའི་སྦྱིན་སྲེག་ལན་གསུམ་ཕུལ་བའི་མཐར། རྒྱལ་པོ་དང༌། ཡུལ་འཁོར་དང༌། པཎྜི་ཏ་ལ་སོགས་པ་འགྲོ་བ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿཞེས་བདུན་ཚན་གསུམ་པོ་རེ་རེའི་མཐར་བྱའོ། །གཉིས་པ་ནི། གཏོར་མ་གཉིས་པ་དེ་ཉིད་ལ་ཆབ་བྲན་ཏེ། བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་ལ་སོགས་པས་བྱིན་གྱིས་བརླབ། ལག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་ཕུལ་ལ། མཐར་མཚན་སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ་དང༌། འཇིག་རྟེན་དབང་ཕྱུག་ཚངས་དབང་སོགས་ཀྱི་བསྟོད་པ་ཤློ་ཀ་གཅིག་གི་མཐར། སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །སོགས་གོང་ཞི་བའི་སྦྱིན་སྲེག་ནང་ལྟར་གྱིས་
བསྟོད། གསུམ་པ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་པོ་དང༌། ཡུལ་འཁོར་དང༌། པཎྜི་ཏ་ལ་སོགས་འགྲོ་བ་ཐམས་ཅད་བདག་ལ་ཆགས་ཤིང་འདུན་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལ། བཞི་པ་དང་ལྔ་པ་གོ་རིམ་ཅུང་ཟད་ཁ་བསྒྱུར་ཏེ། ཡི་གེ་བརྒྱ་པ་ལན་གསུམ་གྱི་ལྷག་ཆད་ཁ་བསྐངས་ལ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ་གིས་མཆོད་ཡོན་དང་ཞབས་བསིལ་དབུལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་དཔྲལ་བར་ཨོཾ་སོགས་གནས་གསུམ་བསྲུང༌། བསྔོ་སྨོན་དང་བཀྲ་ཤིས་ཅི་ཤེས་བྱའོ། །དྲུག་པ་ནི། རླུང་སེམས་དབང་དུ་བྱ་བ་སོགས་མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང༌། ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་པར་བྱའོ། །སྨྲས་པ། དབང་བྱེད་འོད་ཟེར་རཱ་གའི་ལྕགས་ཀྱུའི་འཕྲུལ། །ཕྲ་མོས་ཡིད་ཅན་འགུགས་པའི་མཐུ་དཔལ་ལ། །ཡིད་སོང་སྦྱོར་དངོས་རྗེས་ཚང་ཆོ་ག་འདི། །སྲིད་གསུམ་དབང་དུ་བྱ་བའི་དོན་དུ་བྲིས།། ༈ །ཨོཾ་སྭ་སྟི། མཐུ་སྟོབས་རྣོ་མྱུར་གཏུམ་དྲག་
རྡོ་རྗེའི་ཐོག །ཕྱི་ནང་གསང་དགྲའི་ཡིད་སྲུབས་དཔུང་འཇོམས་མཚོན། །འབེབས་བྱེད་གསང་ཆེན་ཐེག་པའི་ལས་མཐའི་རིམ། །དྲག་པོ་ཧོམ་གྱི་ཆོ་ག་བཞི་པར་དགེ །འདིར་བསྙེན་པ་ལས་རུང་སོང་ཞིང་དམ་ལྡན་གྱི་རྣལ་འབྱོར་པས་བསྟན་པ་དང་སེམས་ཅན་སོགས་ལ་གནོད་བྱེད་ཀྱི་གདུག་པ་ཅན་ཚར་གཅོད་པའི་ཕྱིར། དྲག་པོའི་སྲེག་བླུགས་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་དྲུག་གི་དང་པོ་ཐབ་ནི། དབེན་ཞིང་ཉམས་དགའ་ལ་ས་ཆོག་བྱས་པའི་གནས་སུ། རང་ཉིད་ཁ་ལྷོར་བསྟན་གྱིས་འདུག་པའི་མདུན་གྱི་གཞི་དེར་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་ལ། དེ་ནས་སོར་དྲུག་དང་གསུམ་གཉིས་ཀྱི་ཚད་ཀྱིས་ལན་གཉིས་བསྐོར་བས་ཐབ་ནང་དང༌། དེའི་ཕྱི་རུ་སོར་དྲུག་པ་གཉིས་ཀྱིས་ལན་གཉིས་བསྐོར་བས་ཁ་ཁྱེར་དང་མུ་རན་འབྱུང༌། ཟླུམ་སྐོར་གཉིས་པ་དང་ལྷོའི་ཚངས་ཐིག་འཛོམ་པ་ནས་གཡོན་པས་སྲད་བུ་བཟུང་སྟེ། དེ་ནས་དབུས་ཀྱི་བར་གྱི་སྲད་བུ་དེས་གཡས་གཡོན་ཀྱི་ཟླུམ་སྐོར་གཉིས་པའི་གང་སླེབ་ལ་མཚན་མ་བྱས་པས་ཐབ་ནང་དང༌། དེ་བཞིན་དུ་ཟླུམ་སྐོར་གསུམ་པ་དང་བཞི་པ་ལ་ཡང་སྔ་མའི་རིགས་འགྲེ་སྦྱར་ལ་མཚན་མ་བྱ། དེ་སྟེང་ཐིག་རྣམས་བཏབ་པས་གྲུ་གསུམ་རིམ་པ་གསུམ་འབྱུང་བས་ཐབ་ནང་དང་ཁ་ཁྱེར་དང་མུ་རན་འབྱུང་ངོ༌། །དེའི་ཕྱི་རོལ་དུ་ལྷོ་བྱང་གི་ཟླུམ་སྐོར་ཕྱི་མ་དང་ཚངས་ཐིག་འཛོམ་པ་ནས། དབུས་ཀྱི་སྲད་བུ་དེས་ཟུར་ཐིག་བཞི་དང༌། དེའི་ཕྱི་རོལ་དུ་ཡང་སོར་བཞིའི་མཚན་མ་བྱས་ཏེ། དེ་ནས་གོང་བཞིན་ཟུར་ཐིག་ལ་རྟགས་བྱས་པའི་སྟེང་ཐིག་བཏབ་པས་ཐབ་སྟེགས་དཔངས་དང་བཅས་པ་འབྱུང་བར་བཤད་ཅིང༌། ནང་
དུ་པདྨ་འདབ་བརྒྱད་སོགས་འདྲ། ཐབ་ཀྱི་གཞི་ཐམས་ཅད་ཚོན་ཁ་དོག་ནག་པོ་དང༌། ཁ་ཁྱེར་མུ་རན་གང་རུང་ལ་རྡོ་རྗེ་རྩེ་གསུམ་པ་རྭ་གདེངས་པའི་ཕྲེང་བ་དང༌། བཅད་ཚོན་ཐམས་ཅད་ཁ་དོག་སྔོ་སྐྱས་བྱ་ཞིང༌། དབུས་ཀྱི་ཉི་གདན་གྱི་སྟེང་དུ་ཚོམ་བུ་སྔོན་པོ་དགོད། གཉིས་པ་བུད་ཤིང་ནི། ཚེར་མ་ཅན་གྱི་ཤིང་ནག་པོའམ། བོང་བུ་དང་རྔ་མོང་གི་སྦང་སོགས་ཀྱིས་གྲུ་གསུམ་དུ་བརྩིགས་པའི་ནང་གི་འཇིག་རྟེན་པའི་ཤར་ལྷོར་ཏིང་ལོ་གྲུ་གསུམ་ཞིག་ཀྱང་བཤམ། གསུམ་པ་སྦར་བ་མེ་ནི། ཤན་པའི་ཁྱིམ་གྱི་མེའམ། རྡོ་ལྕགས་གཙུབས་པ་ལས་བྱུང་བའི་མེས་བྱའོ། །བཞི་པ་རྫས་ནི། ཡམ་ཤིང་ནག་ཅིང་འཁྱོགས་པ་དྲི་མི་ཞིམ་པ་སྦོམ་ཕྲ་མཐེའུ་ཆུང་ཙམ་དང༌། ཚད་སོར་བཅུ་པ་བརྒྱ་ལྷག་ཙམ། གཞན་ཡང༌། མར་ཁུ། ཤ་ཁྲག་དུག་སྣ་སོགས་ཁྱད་པར་གྱི་རྫས་དང༌། ཏིལ་ནག ཟས་མཆོག་སོགས་རྫས་གཞན་ཐམས་ཅད་འདྲའོ། །ལྔ་པ་བཤམ་ཐབས་ནི། ཐབ་ཀྱི་ཉེ་འཁོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་ཁྲག་སྣ་དང་དུག་སྣ་སོགས་ཀྱིས་བྱུག དེའི་བྱང་ནས་ཁ་ལྷོར་བལྟས་སུ་རང་གི་སྟན་དང༌། རང་གི་གཡས་ཐབ་ཀྱི་གཡོན་ན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་བཅས་པ་བཤམ། རང་གི་གཡོན་ཐབ་ཀྱི་གཡས་ན་ཡམ་ཤིང་དང༌། མར་ཁུ་དང༌། ཁྱད་པར་གྱི་རྫས་དང༌། ཏིལ་སོགས་བཤམ། དྲུག་པ་སྒྲུབ་པ་པོ་ནི། ནམ་ཕྱེད་ཉིན་ཕྱེད་གང་རུང་ལ། ཁྲུས་བྱས་གོས་རྒྱན་ནག་པོས་བརྒྱན། གདུག་པ་ཅན་བསྒྲལ་འདོད་ཀྱི་བསམ་པས་སྔར་བཤམས་པའི་སྟན་ལ་ཁ་ལྷོར་བལྟས་ཏེ་གཡས་བསྐུམ་གཡོན་བརྐྱངས་པའི་ཕྱེད་ཀྲུང་གིས་འདུག་གོ །གཉིས་པ་དངོས་གཞི་
ལ་དྲུག་གི་དང་པོ་བདག་གི་རྣལ་འབྱོར་ནི། སྐྱབས་འགྲོ་ནས་བརྩམས་ཏེ་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་གྱི་བར་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་བཞིན་བྱའོ། །འདི་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་དུ་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བ་ལ་བསླབ་པར་བྱ། གཉིས་པ་མེ་བཙལ་ཞིང་སྒྲུབ་པ་ནི། དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྦར་ཏེ། ཡམ་ཤིང་མར་ལ་སྦགས་པའམ། རྩྭ་སྐམ་པོ་གཞན་དང་བཅས་པའི་ལག་པ་གཉིས་ཀས་གུས་པའི་ཚུལ་གྱིས་ཐབ་ལ་གཡོན་ནས་གྲུ་གསུམ་དུ་བསྐོར་ཞིང༌། ངག་ཏུ་ཧཱུྃ་བཛྲ་ཕཊ་ལན་གསུམ་དང༌། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ་ཐབ་ཀྱི་ནང་གི་ཏིང་ལོ་སྦར་ཏེ་མེ་གསོ། དེ་ནས་ལག་གཉིས་རྡོ་རྗེ་ཁུ་ཚུར་བཅང༌། མཛུབ་མོ་བསྒྲེང་བ་ཁྲོ་བོའི་ཁུ་ཚུར་གྱི་ཕྱག་རྒྱས་དགང་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང༌། བླུགས་གཟར་གྱི་མར་ཁུས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད། གསུམ་པ་ཐབ་དང་ཡོ་བྱད་བསང་བ་ནི། བསང་ཆུ་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤྃ་ལས་བྱུང་བའི་དུང་ཕོར་དྲི་མ་མེད་པའི་ནང་དུ། བསང་ཆུ་རྫས་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་བདུན་གྱི་བྱིན་གྱིས་བརླབས་ལ། དེ་ནས་ཀུ་ཤའི་འཐོར་ཡབ་ཀྱིས་རྫས་དང་ཡོ་བྱད་ཐབ་བཅས་ལ་འཐོར་ཞིང༌། ཨོཾ་ཨ་མྲྀ་ཏེ་བརྗོད་པས་བགེགས་བསལ། སྭ་བྷཱ་ཝས་བསྲེག་རྫས་དང་མཆོད་རྫས་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་
རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེག་རྫས་དང༌། མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང༌། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱི་སྭཱ་ཧཱས་མར། ཨོཾ་ཛྲཱིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱངས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་དང༌། གཎྜེ་ར་ཎི་ཏ་སོགས་རོལ་ཆེན་བཅས་ཀྱིས་བྱིན་བརླབ་བོ། །བཞི་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་ནག་པོ་ཟུར་གསུམ་པ། རྒྱར་སོར་ཉི་ཤུ། ཟབས་སུ་སོར་བཅུ་པ། ཁ་ཁྱེར་དང་མུ་རན་སོར་གསུམ་པ། ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པ་རྭ་གདེངས་པས་མཚན་པ། ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། དེའི་ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར་ཅེས་བརྗོད་ལ། ལྔ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང༌། གཡོན་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་ནག་པོ་ལས་འོད་ཟེར་ནག་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་དེའི་དཔྲལ་བར་ཨོཾ། མགྲིན་
པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་གཞག མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་བརྗོད་ལ་པདྨའི་གདན་ལ་བཞུགས་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཞེས་ཕྱག་རྒྱ་དང་བཅས་པས་ཆུ་གཉིས་ཕུལ་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ་ཐབ་དབུས་ཀྱི་དམ་ཚིག་པ་ལ་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ། དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེ་མགོར་སྦྱར་བའི་ཉེར་སྤྱོད་དང༌། གཎྜེ་ར་ཎི་ཏ་སོགས་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་ཞེས་པས་ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་
ལྷའི་རྒྱལ་པོ་ཌ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་ལྡན་པར་གྱུར་བསམས་ཏེ། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་སཏྭ་ཨ། ཞེས་བརྗོད་དེ་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་དགྲམ་མོ། །དེ་ནས་གཟར་བུ་གཉིས་ཁྲོ་བོའི་ཁུ་ཚུར་གྱི་ཕྱག་རྒྱས་བཟུང་སྟེ། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་དང༌། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་གྱིས་མཚན་པར་བསམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་ལན་བདུན་བརྗོད་ཅིང༌། མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ། མེ་ལྷའི་ཞལ་དུ་ཕུལ་བར་བསམ་མོ། །དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ་ལ། བར་དེར་མེ་པྲ་བརྟགས་ཏེ་ངན་ན་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུས་ཕྱོགས་ཀུན་ཏུ་གཏོར་ཏེ་བགེགས་བསལ། ཨོཾ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད་ལ། དེ་ནས་བསྲེག་རྫས་རྣམས་རིམ་བཞིན་འབུལ་དགོས་པས། ཐོག་མར་རྫས་རྣམས་
ལག་པ་གཡས་པས་བཟུང་ལ་གཡོན་པའི་མཐེབ་སྲིན་གྱིས་སྟེང་ནས་བླང་ཞིང་ཅུང་ཟད་བསྐོར་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། དེ་ཡང་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་ཨགྣ་«་་་་་ལྷ་སྔགས་»ཡེ་སྭཱ་ཧཱ། ཨོཾ་བོ་དྷི་«་་་་་རྫས་སྔགས་»བྲྀཀྵཱ་ཡ། བསྟན་པ་དང་«་་་་་ལས་སྔགས་»རྣལ་འབྱོར་པ་དང༌། སྦྱིན་པའི་བདག་པོས་རྣམས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་ཚར་གཅིག་དང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་ལན་ལྔ། ཡང་ལྷ་སྔགས་རྫས་སྔགས་ལས་སྔགས་སྤེལ་བ་ཚར་གཅིག་བཅས་ཁྱོན་བདུན་ནམ་ཉེར་གཅིག་སོགས་འབུལ་ནའང་དེས་རིགས་འགྲེ། སྤེལ་ཚིག་ནི་བཤད་མ་ཐག་པ་ལྟར་ཡིན་པས། འོག་མ་རྣམས་ལའང་རིགས་འགྲེ་བྱས་པས། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར་དང༌། ཡང་ཨོཾ་ཨགྣ་ཡེ་སྭཱ་ཧཱས་ཁྱད་པར་གྱི་རྫས་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱས་ཏིལ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཟས་མཆོག ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་སོ་བ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས་དང༌། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུརྺ་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་ཕུལ་ལ་སྡེ་ཚན་རེ་རེའི་གོང་འོག་ཏུ། ལྷ་སྔགས། རྫས་སྔགས། ལས་སྔགས་སོགས་སྦྱོར་ཚུལ་གོང་ལྟར་ཤེས་པར་བྱའོ། །དེ་ལྟར་མེ་ལྷ་ལ་བསྲེག་རྫས་ཇི་ཙམ་འབྱོར་པ་ཕུལ་བའི་མཐར་མཆོད་བསྟོད་བྱས་ལ། ཡང་གོང་བཞིན། ཨོཾ་ཨརྒྷཾ་སོགས་ཀྱིས་ཆུ་གཉིས་དབུལ། མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དྲུག་པ་འདས་པའི་མེ་ལྷ་
མཆོད་པ་ནི། མེ་འབར་བའི་དབུས་སུ་དྲི་མ་མེད་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཞེས་པ་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་བར་སྒྲུབ་ཐབས་བཞིན་དང༌། རབ་ཏུ་འཕྲོས་པའི་སྐུ་ལས་མདངས་དང་འོད་ཟེར་ནག་པོ་འཕྲོ་བ། དེའི་དཔྲལ་བར་ཨོཾ་སོགས་ནས། ས་མཱ་ཛཿཞེས་པའི་བར་སྒྲུབ་ཐབས་བཞིན་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་བྱ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཀྱི་མཐར། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་རི་ཨེ་ཧྱེ་ཧིས་སྤྱན་དྲངས་ལ། ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་སོགས་དབང་ལྷ་སྤྱན་འདྲེན་སྒྲུབ་ཐབས་བཞིན་ལས། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །ལྷ་དེ་ཉིད་ཤིན་ཏུ་ཁྲོ་ཞིང་འོད་ཟེར་ནག་པོ་སྤྲོ་བསྡུའི་སྒོ་ནས་བསྟན་འགྲོ་ལ་གནོད་པའི་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ལས་མཛད་པར་བསམས་ལ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང༌། ཡོ་བྱད་ཐམས་ཅད་ལ་བསང་ཆུས་གཏོར་ཏེ་མི་གཙང་བ་དང་ཉེས་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་གཟར་བུ་གཉིས་བླངས་ཏེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམ་པ་སོགས་སྔར་ལྟར་གསལ་བཏབ་སྟེ། ཧཱུྃ་བཛྲ་ཕཊ་ཅེས་ཚར་ཁ་ཤས་བརྗོད། དེ་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་ཞེས་སོགས་ཀྱི་མཐར། བསྟན་པ་དང༌། སེམས་ཅན་དང༌།
རྣལ་འབྱོར་པ་དང༌། སྦྱིན་པའི་བདག་པོ་རྣམས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ཏེ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུ་ལ་སོགས་པས་བྱོན་སྐྱེམས་ཕུལ་ལ། དེ་ནས་ཨོཾ་བྷཱུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་སྔོན་འགྲོའི་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། དཔལ་ཆེན་ནམ་མཁའི་སོགས་ཤློ་ཀ་གཉིས་ཀྱིས་བསྟོད། དེ་ནས་ཡམ་ཤིང་སྔར་བཞིན་བཟུང་སྟེ། ཧཱུྃ་བཛྲ་«་་་་་ལྷ་སྔགས་»ཕཊ། ཚར་གསུམ་ཙམ་དང༌། ཨོཾ་བོ་དྷི་«་་་་་རྫས་སྔགས་»བྲྀཀྵཱ་ཡ། བསྟན་པ་«་་་་་ལས་སྔགས་»དང་སེམས་ཅན་སོགས་ཚར་གཅིག་དབུལ། དེ་བཞིན་དུ་རྫས་གཞན་མ་རྣམས་ལ་ཡང་རིགས་འགྲེས་ཏེ་ཤེས་པར་བྱའོ། །གྲངས་ནི་རྫས་དམངས་མ་རྣམས་དྲུག་ཅུ་རེ་དང༌། ལྷ་སྔགས་དང་ཁྱད་པར་གྱི་རྫས་ཤ་ཁྲག་དུག་སྣ་དང་བཅས་སྟོང་ལ་སོགས་ཅི་ནུས་འབུལ་བ་མ་གཏོགས་འདྲ་ཞིང༌། སྒྲུབ་གཡོག་གཅིག་གིས་གྲངས་བཟུང་ལ། མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་གཞུག་གོ །དེ་ཡང་ཡམ་ཤིང་ནི་མེ་འོད་འབར་བ་ལ། ཞུ་བའི་རྫས་རྣམས་ནི་ལྷའི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་གཏོར་ལ་ཕུལ་བར་བསམ་མོ། །བསྲེག་རྫས་རྣམས་རྫོགས་པ་དང༌། གོང་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་དགང་གཟར་གསུམ་དབུལ། དེ་ནས་མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ། ཕྱི་མཆོད་རྣམས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཞེས་དང༌། ཞབས་བསིལ་འདི་ཟེར་ནས་འདོན་པ་བསྒྱུར་བ་མ་གཏོགས་གཞན་ཀྱེ་རྡོར་
ལྟར་བྱ་བའམ། འཇིག་རྟེན་ཁམས་ནི་དཔག་མེད་ན་སོགས་སམ། བསྡུ་ན་སྔགས་མཆོད་རྐྱང་པས་ཀྱང་རུང་ངོ༌། །གོང་བཞིན་ནང་མཆོད་བསྟོད་པ་དང་བཅས་པ་བྱ། དེ་ནས་གཏོར་མ་དང་པོ་ལ་ཆབ་ཀྱིས་བྲན་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབས་ལ། མཚན་སྔགས་སྔོན་འགྲོའི་ཨ་ཀཱ་རོ་བཏགས་པ་ལན་གསུམ་སོགས་ཀྱིས་དབུལ། མཚན་སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ་དང་བསྟོད་པ་བཅས་ཀྱི་མཐར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བྱ། མཐར་ཐལ་མོ་སྦྱར་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་དང་བསྟན་པ་དང་སེམས་ཅན་ལ་གནོད་པར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ཞེས་སོགས་རང་གི་ཡིད་ལ་གང་འདོད་པའི་དོན་གསོལ་བ་བཏབ་ལ་སྐབས་འདིར་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང༌། ཞེས་སོགས་དང༌། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་སྒྲིབ་པ་དང་ལྡན་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང་རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་
སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་དབུས་ནས་ཐལ་བ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ལ། སྔར་གྱི་ཞི་བ་ལྟར་དྲུག་ལས། དང་པོ་མེ་ལྷ་ལྷག་མས་མཆོད་པ་ནི། ཐབ་ཁུང་དུ་མར་བླུགས་གཟར་གང་དགང་གཟར་ལ་རེག་པ་དང་བཅས་པས་བླུག ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་དེ། མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། བསྲེག་རྫས་རྣམས་ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་ལ་སོགས་པ་ཅི་འབྱོར་ཕུལ་མཐར། བྱོན་ཟན་གྱི་སྐབས་ལྟར། མར་དགང་བླུགས་གསུམ་གང་བའི་སྦྱིན་སྲེག་ཏུ་དབུལ། ཡོན་བདག་ལ་སོགས་པའི་དོན་དུ་བྱེད་པའི་ཚེ་སྤྲོ་ན། དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ་གང་བའི་སྦྱིན་སྲེག་ལན་གསུམ་ཕུལ་བའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་དང་བསྟན་པ་དང་སེམས་ཅན་ལ་གནོད་པའི་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ཞེས་བདུན་ཚན་གསུམ་པོ་རེ་རེའི་མཐར་བྱའོ། །གཉིས་པ་ནི། གཏོར་མ་གཉིས་པ་དེ་ཉིད་ལ་ཆབ་བྲན་ཏེ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་ལ་སོགས་པས་བྱིན་གྱིས་བརླབ། ལག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་དབུལ། མཐར་
མཚན་སྔགས་སྔོན་འགྲོའི་ཕྱི་ནང་གི་མཆོད་པ་དང༌། འཇིག་རྟེན་དབང་ཕྱུག་སོགས་ཀྱི་བསྟོད་པ་ཤློ་ཀ་གཅིག་གི་མཐར། སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས་སོགས་གོང་ཞི་བའི་སྦྱིན་སྲེག་ནང་ལྟར་གྱིས་བསྟོད་དོ། །གསུམ་པ་རྗེས་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བསྟན་པ་དང་སེམས་ཅན་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལ། བཞི་པ་དང་ལྔ་པ་གོ་རིམ་ཅུང་ཟད་ཁ་བསྒྱུར་ལ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ་གིས་མཆོད་ཡོན་དང༌། ཞབས་བསིལ་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐབས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་དཔྲལ་བར་ཨོཾ་སོགས་གནས་གསུམ་བསྲུངས་ཏེ། བསྔོ་སྨོན་དང་བཀྲ་ཤིས་ཅི་ཤེས་བྱའོ། །དྲུག་པ་ནི། མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཤི་བ་དང་གཞན་རེག་ཏུ་མི་གཞུག་པ་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང༌། ཉེ་འཁོར་ཐམས་ཅད་དུ་དུག་ཆུས་བྱུགས་ཏེ་མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་པར་བྱའོ། །སྨྲས་པ། བསྟན་དང་འགྲོ་ལ་འཁུ་བའི་གནོད་བྱེད་ཚོགས། །མ་ལུས་ཐལ་བར་རློག་བྱེད་དྲག་པོའི་མེའི། །སྲེག་བླུགས་ཆོ་གའི་ཚུལ་དེ་བྲིས་པའི་དགེས། །ནག་ཕྱོགས་མཐའ་དག་རྩད་ནས་འཇོམས་གྱུར་ཅིག །རབ་འབྱམས་
རྒྱལ་ཀུན་གསང་བའི་མཛོད་འཛིན་པ། །རབ་འབར་ཁྲོ་བོའི་དབང་ཕྱུག་བགེགས་ཀྱི་དགྲ། །རབ་འཇིགས་འབྱུང་པོའི་བདག་པོ་མིག་སྨན་མདོག །རབ་མཆོག་ལྷག་པའི་ལྷ་ཁྱོད་གཏན་གྱི་སྐྱབས། །མཚན་ཙམ་དྲན་པའི་མོད་ལ་བར་ཆད་ཀྱི། །དཔུང་ཚོགས་གཅིག་ཅར་འཇོམས་པའི་རྣམ་འཕྲུལ་འདིས། །ཞོ་འཐུང་མཚོན་ཆའི་དཔལ་དྲན་ལྷ་མིན་མོའི། །མངལ་ལྷུང་ཚུལ་དེར་མཚར་འཛིན་བྱིས་པའི་བློ། །གང་ཐུགས་ཉེ་བའི་གསང་སྔགས་བསྙེན་པའི་ཚུལ། །མཐར་ཕྱིན་རྣལ་འབྱོར་མཁའ་ལྡིང་སྔོན་སྐྱེས་མས། །རབ་བསྲུབས་ཕྲིན་ལས་རྣམ་བཞིའི་འོད་སྟོང་ཅན། །བསྟན་འགྲོའི་ཕན་བདེའི་ཆུ་སྐྱེས་བཞད་ལ་སྤྲོ། །ཆེས་དཀར་ལྷག་བསམ་དབྱུ་གུས་ལེགས་བསྐུལ་བའི། །ལེགས་བཤད་འཆི་མེད་ལྷ་ཡི་དུནྡུ་བྷིཿ། །བློ་ལྡན་ལེགས་བྲིས་ཚོགས་ཀྱི་དགའ་སྟོན་དུ། །ལྡིར་བའི་ཚུལ་འདི་དམ་པའི་དྲིན་ལས་ཅི། །དེ་ལྟ་ནའང་རྨོངས་ཆེན་མུན་པའི་རྒྱས། །ཆེས་ཕྲའི་བློ་ཡི་ཡན་ལག་དམ་བཅིངས་པས། །མ་རྟོགས་ལོག་རྟོག་ཐེ་ཚོམ་མདུད་པའི་གནད། །འགྲོལ་བར་མ་ནུས་མཁས་པའི་ཚོགས་ལ་བཤགས། །འདིར་བརྟེན་ཐོབ་པའི་དགེ་ཚོགས་པཀྵུའི་ཀླུང༌། །དུས་གསུམ་བསགས་པའི་ལེགས་བྱས་བྱེ་མ་དང༌། །ཆབ་ཅིག་ཀུན་མཁྱེན་རྣམ་པར་མི་རྟོག་པའི། །ཡེ་ཤེས་རྒྱ་མཚོའི་ཀློང་དེར་ཐིམ་གྱུར་ཅིག །ཅེས་དཔལ་ལྡན་གསང་བདག་འབྱུང་པོ་འདུལ་བྱེད་ཀྱི་ལས་བཞིའི་སྦྱིན་སྲེག་འདི་ལྟ་བུ་ཞིག་སྔར་ནས་འབྲི་འདུན་ཡོད་ཀྱང་འདི་རིགས་རུང་མིན་མ་ཤེས་པར་བརྟེན། འབྲི་བའི་རྔོ་མ་ཐོགས་ཏེ་རེ་ཞིག་ལུས་པར་ཉེ་ཆར་ཞིབ་ཏུ་བརྟགས་ཚེ་ལྷ་འདི་ཉིད་ཀྱི་རྡོ་རྗེའི་ཐུན་མོང་མ་ཡིན་པའི་
བཤད་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་སོགས་རྒྱུད་སྡེ་གོང་འོག་མང་པོ་ནས་བསྟན་པའི་ཕྱིར། དེས་ན་ཀྱེ་རྡོ་རྗེའི་རྒྱུད་ནས་བཤད་པའི་ལས་སྒྲུབ་ཚུལ་དག་འདི་ལ་སྦྱར་ཀྱང་མི་འགལ་བར་སེམས་ཏེ་རང་འདྲའི་བློ་དམན་ཀུན་ལ་ཕན་ཕྱིར་དྲིན་ཅན་བླ་མ་ཁྱབ་བདག་འཁོར་ལོའི་མགོན་པོ་སྐུ་དྲིན་མཚུངས་པ་མ་མཆིས་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོར་འཛིན་པའི་རྨོངས་རྟུལ་འདུ་གསུམ་པ་གཟིམས་འོག་སྤྲུལ་མིང་བྱམས་པ་ངག་དབང་བསྟན་འཛིན་ཕྲིན་ལས་ཀྱིས་ལྕགས་ལུག་གྲོ་བཞིན་ཟླ་ནང་དུ་བསྒྲིགས་པའི་ཡི་གེ་པ་ནི་ཉེ་གནས་རབ་མིང་རྒན་བུ་བསྟན་རབ་ཀྱིས་འབད་དེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག «།སླར་ཡང་བསྟན་བཅོས་འདིའི་རྩོམ་གཞི་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱེ་དོར་ཞི་བའི་སྦྱིན་སྲེག་དང༌། ཐར་རྩེ་པཎ་ཆེན་གྱི་ལས་ཕྱི་མ་གསུམ་གྱི་ལག་ལེན་སོགས་ལ་བརྟེན་ནས་དག་པར་བགྱིས་ཤིང༌། ཉེར་མཁོའི་གསལ་བྱེད་ཅུང་ཟད་ཀྱང་བསྣན་ནས་བྲིས་པ་མངྒ་ལཾ།།» ༈ །སྭ་སྟི། གོང་གི་སྦྱིན་སྲེག་འདི་ནི་རྒྱུད་སྡེ་བཞི་ལས་གསུངས་པའི་ལྷག་པའི་ལྷ་ཕལ་མོ་ཆེར་སྦྱར་དུ་རུང་བས་དམིགས་བསལ་གྱི་ཁྱད་ཆོས་ཁ་བསྒྱུར་ཚུལ་ཅུང་ཟད་འབྲི་ན། སྦྱོར་བའི་སྐབས། ཐབ་ཀྱི་དབུས་སུ་ལྷའི་བསྐྱེད་ཆོག་དང་མཐུན་པར་པད་འདབ་རིམ་ཅན་དང༌། འཁོར་ལོ་དང༌། ཆོས་འབྱུང་དང༌། གཞལ་ཡས་ཁང་སོགས་གང་དགོས་ཀྱི་ཐིག་ལག་ལེན་བཞིན་གདབ། ལྷ་གྲངས་གང་ཡོད་ཀྱི་ཕྱག་མཚན་ནམ་སྐུ་མདོག་དང་མཐུན་པའི་ཚོན་ཕུང་ལྷ་གནས་མ་འཆོལ་བར་བཀོད་པའི་གཙོ་བོའི་ཞལ་རང་ལ་བསྟན། མཆོད་རྫས་ཆུ་གཉིས་དང༌། གསུམ་དང༌། བཞི་སོགས་སྔོན་དུ་འགྲོ་བ་གང་ཡིན་རང་གཞུང་ལྟར་བཤམ། དངོས་གཞིའི་སྐབས། བདག་གི་རྣལ་འབྱོར་ལྷ་སོ་སོའི་བདག་བསྐྱེད་བཟླས་པ་བསྡུ་བའི་བར་བྱ། མེ་སྦར་དུས་ལྷ་སྔགས་ལ་ཛྭ་ལ་རྃ་གདགས། བསང་ཆུ་རང་རང་གི་
ལས་ཀྱི་ལྷ་དམིགས་བསལ་ཡོད་ན་དེའི་སྔགས་ཀྱི་བརླབ་པའམ། སྤྱིར་བཏང་ལ། ཨ་མྲྀ་ཏེས་ཀྱང་རུང༌། མཆོད་རྫས་བྱིན་རླབས་ཀྱི་སྔགས་དང༌། འདས་མ་འདས་ཀྱི་མེ་ལྷར་གནས་གསུམ་བྱིན་རླབས་ཙམ་མམ། སྐྱེ་མཆེད་བྱིན་རླབས་དང༌། གོ་ཆ་དགོད་པ་སོགས་རང་གཞུང་དང་བསྟུན། འདས་པའི་མེ་ལྷ་བདག་བསྐྱེད་ལ་རང་གི་སེམས་ཉིད་དང༌། རང་ཉིད་སོགས་ཀྱི་ཚིག་དོར་ཞིང༌། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར་ནས་ཡན་ལག་བཞི་རྫོགས་སམ། སྐད་ཅིག་དྲན་རྫོགས་སོགས་རང་གཞུང་ལྟར་བསྐྱེད། སྤྱན་འདྲེན་སྐབས་མཚན་སྔགས་དང༌། གོང་འོག་གི་ལྷ་སྔགས་དང༌། མཆོད་བསྟོད་གཏོར་འབུལ་རྣམས་རང་རང་གི་གཞུང་ལྟར་སྦྱར་བས་འགྲུབ་ཅིང༌། བྱེ་བྲག་ཏུ་རྒྱུད་སྡེ་འོག་མ་གསུམ་ལ་རྫས་རྣམས་ལ་བདུད་རྩི་ལྔས་འཐོར་བ་དང༌། ནང་མཆོད་བཤམ་པ་དང་འབུལ་བ་མི་དགོས། བྱིན་རླབས་སྐབས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་སོགས་སྦྱར། བྱིན་དབབ་སྔགས་དྷརྨཱ་ར་ཎི་ཏ་བརྗོད་སྲོལ་ཡོད། ཕལ་ཆེར་ལ་སྤྲོ་ཞིང་ནུས་ན་འདས་གཏོར་རྗེས་ཆ་གསུམ་ཡང་གཏང་ངོ༌། །བྱ་སྤྱོད་གཉིས་ལ། འདས་མ་འདས་ཀྱི་མེ་ལྷ་བསྐྱེད་པ་གོང་གི་དཀྱུས་སུ་གསལ་བ་ལྟར་བགྱིས་ཀྱང་རུང་ཞིང༌། འོན་ཀྱང་སྐབས་འགའ་ཞིག་ཏུ་ཐབ་བསྐྱེད་པའི་སྐབས་བྲིས་པ་དང་གཉིས་སུ་མེད་པར་གྱུར་ཅེས་པའི་མཚམས་སུ། རང་གི་ཐུགས་ཀའི་ས་བོན་སྦྲེལ་ལ། ཨེ་ཧྱེ་ཧིའི་བར་གྱིས་མེ་ལྷ་སྤྱན་དྲངས། པདྨ་ཀ་མ་ལཱ་སོགས་ཀྱིས་གདན་དབུལ། ཐབ་ཀྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་འཁོད་པ་ནི། མེ་ལྷ་ར་སྐྱེས་ལ་ཞོན་པ་སོགས་ནས། དྲང་
སྲོང་གི་ཚོགས་ཀྱིས་བསྐོར་བའོ་ཞེས་ཞལ་ཕྱག་གསལ་གདབ། ཀུ་ཤ་དགྲམ། བྱོན་སྐྱེམས་དབུལ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། འཇིག་རྟེན་དབང་ཕྱུག་སོགས་ཀྱིས་བསྟོད། དེ་ནས་བསྲེག་རྫས་འབུལ་བ་སོགས་དཀྱུས་ལྟར་དང༌། འདས་པའི་མེ་ལྷ་བསྐྱེད་སྐབས། ཐབ་དང་གདན་སོགས་བསྐྱེད་ནས། རང་གི་ཐུགས་ཀའི་སོགས་ནས་ཨེ་ཧྱེ་ཧིའི་བར་གྱིས་སྤྱན་དྲངས། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། པདྨ་ཀ་མ་ལཱས་གདན་དབུལ། གདན་གྱི་སྟེང་དུ་འཁོད་པ་ནི་ཞེས་མཚམས་སྦྱར་ལ་ཞལ་ཕྱག་གསལ་གདབ། དེ་རྣམས་ཀྱིའམ་དེའི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་བརླབས་ནས། བྱོན་སྐྱེམས་ཕུལ་བ་སོགས་དཀྱུས་ལྟར་ལ། རྗེས་སུ་འདོད་དོན་ལ་གསོལ་བ་བཏབ་རྗེས་ཐབ་ཀྱི་ཐལ་བ་ཅུང་ཟད་སྲིན་ལག་གིས་བླངས་ཏེ་འབྲུ་གསུམ་བརྗོད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སོགས་ནས་ཨོཾ་བཛྲ་མུཿས་ལྷག་པའི་ལྷ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དེ་ནས་ཨོཾ་བཛྲ་ཛྭ་ལ་རྃ་སོགས་མན་དཀྱུས་ལྟར་བྱ་བར་ཡང་གསུངས་སོ། །གཞན་ཡང་སྔར་སའི་ཆོ་ག་མ་བྱས་པའི་གནས་སུ་སྦྱིན་སྲེག་སྒྲུབ་དགོས་ན། ས་ཆོག་མདོར་བསྡུས་བྱ་བའི་ཚུལ་ནི། གང་དུ་བྱ་བའི་ས་གཞི་དྲི་བཟང་པོས་བྱུགས་ལ་མེ་ཏོག་གི་ཚོམ་བུ་དགོད། དཀར་གཏོར་གཉིས་དང་མཆོད་པ་བཤམས་ལ་ལྷ་གང་ཡིན་པའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པ་དང་ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ཨེ་ཧྱེ་ཧི་ཞེས་བརྗོད་པའི་རྐྱེན་གྱིས་ས་འོག་ནས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བཀླུབས་པ། ཀླུ་དང་
ས་བདག་གི་ཚོགས་ཀྱིས་བསྐོར་བ་སྐད་ཅིག་གིས་འཐོན་ཏེ་ཚོམ་བུའི་སྟེང་དུ་བདག་ལ་ཞལ་ཕྱོགས་ཏེ་བཞུགས་པར་གྱུར། མཆོད་པ་རྣམས་རྒྱུད་སྡེ་འོག་མ་ལྟར་བྱིན་གྱིས་བརླབས་ཏེ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་རི་རེ་རེའི་མགོར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། གཏོར་མ་ཆུས་བྲན་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང༌། རིན་པོ་ཆེའི་སྣོད་ཡངས་པར་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་དང་མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། སྤོས་དང་རྡོར་དྲིལ་འཛིན་པས། སའི་ཕྱོགས་འདིར་བཅོམ་ལྡན་འདས་ཆེ་གེ་མོའི་སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་ཏེ་ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་སྒྲུབ་པར་འཚལ་ན་སའི་ཕྱོགས་འདི་བདག་ལ་གནང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད། ལྷ་མོས། རིག་པ་འཛིན་པ་ཁྱོད་ཅི་བདེ་བར་སྒྲུབས་ཤིག ཅེས་གནང་བ་བྱིན་པར་བསམ། ཨོཾ་བཛྲ་མུཿཞེས་པས་ས་འོག་ཏུ་གཤེགས་པར་བསམ་མོ། །གཏོར་མ་གཉིས་པ་སྔར་ལྟར་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གཉུག་མར་གནས་པའི་ལྷ་ཀླུ་ས་བདག་གཉན་ལ་སོགས་པ་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ཞེས་པས་བཀུག་ལ། མཆོག་སྦྱིན་གྱི་མཐར་སེ་གོལ་གཏོགས་པ་དང་བཅས། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་དབུལ། ཕྱོགས་འདིར་གཉུག་མར་གནས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། ཀོ་ལོང་དང་ཕྲག་དོག་མ་མཛད་པར། ཞི་བའི་སེམས་ཀྱི་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛོད་ཅིག གཙྪ་ཞེས་བརྗོད་ལ་གཏོར་མ་གཙང་སར་བསྐྱེལ་བ་ནི་ས་བསླང་བའོ། །ཚོམ་བུ་སོགས་བསྡུས་ལ་ལངས་ཏེ་
སའི་དབུས་སུ་ལག་པ་གཉིས་བཞག་ཅིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ་ཅེས་དང༌། ལག་པས་བཅག་ཅིང་ཨོཾ་བྷཱུ་ཁཾ་ཞེས་པས་ས་ནམ་མཁའ་ལྟར་དག་པར་བསམ་པ་ནི་སྦྱང་བའོ། །སའི་ཕྱོགས་འདིར་བཅོམ་ལྡན་འདས་ཆེ་གེ་མོའི་སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་ཏེ་ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བགྱིའོ་ཞེས་བརྗོད་ཅིང་སེམས་པ་ནི་བློས་གཟུང་བ་སྟེ་གཟུང་བ་མདོར་བསྡུས་པའོ།། །།སྦྱོར་བའི་སྐབས་སུ་ཞི་རྒྱས་ཀྱི་ཡམ་ཤིང་གཤེར་ཅུང་ཟད་ཡོད་པ་ལོ་འབྲས་དང་བཅས་པ་བྱུང་ན་ལེགས། རྒྱས་པ་དང་དབང་གི་ཡམ་ཤིང་བཤད་ཚོད་བཞིན་མ་འབྱོར་ན་ལྕང་མ་ལྟ་བུ་ཡུང་བ་དང་གཙག་སོགས་ཀྱིས་ཁ་བསྒྱུར་བའང་ཐབ་རྡུགས་ཚེ་མཛད་སྲོལ་ཡོད་ལ། འབྱོར་པ་དང་སྤྲོས་པ་ཤིན་ཏུ་ཆེ་བས་ནི། རྫས་དང་མཆོད་གཏོར་གྱི་སྣོད་དང་སྟེགས་བུའི་ཁེབས། རྣལ་འབྱོར་པའི་གདན། ཆས་གོས་ལ་ཐོད་དམ་པྲོག་ཞུ། སྟོད་གཡོགས་སྨད་གཡོགས་བཅས་ལས་སོ་སོའི་མདོག་མཐུན་དང༌། མེ་ཏོག་སོགས་མཆོད་གཏོར་ཀྱང་ཁ་དོག་བསྒྱུར་བར་མཛད། དྲག་པོ་ལ་ནི་གཏོར་མ་དམར་པོ་ཙམ་ལས་ནག་པོ་མི་མཛད། དཀྱུས་འདིར་ཐབ་དང་རང་ཁ་སྤྲོད་བྱས་པ་ནི། ཀྱེ་རྡོར་མན་ངག་ལུགས་སོགས་དང་མཐུན་པར་སྟབས་བདེ་བའི་ཁྱད་ཙམ་ཡིན་ལ། རྒྱ་བོད་ཀྱི་གཞུང་ཕལ་ཆེ་བར་རང་དང་ཐབ་གཉིས་ཀ་ཕྱོགས་ཆེན་དུ་བལྟ་བར་གསུངས་པས་གང་མོས་བྱ། ཕྱི་མའི་ཚེ་མདུན་དུ་འཁོད་དེ་དགང་བླུགས་སོགས་སྟོབ་པའི་མོས་པ་བྱེད་དགོས་གསུངས། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་ཚེ་ཞི་བའི་སྦྱིན་སྲེག་ཡིན་ན་དཀྱིལ་འཁོར་གྱི་ནུབ་ཏུ་ཐབ་བྲི། རྒྱས་པ་ལ་དཀྱིལ་འཁོར་གྱི་ལྷོ། དབང་ལ་ཤར། དྲག་པོ་ལ་བྱང་དུ་ཐབ་བྲི་བར་བྱ་སྟེ། རང་ཉིད་ཁ་བལྟ་ཕྱོགས་ཕྱོགས་ཆེན་དུ་
འགྲིག་པ་དང་དཀྱིལ་འཁོར་ལ་རྒྱབ་ཀྱིས་མི་ཕྱོགས་པའི་དགོས་པ་ཡོད། དབང་བསྐུར་སྒྲུབ་མཆོད་དང་འབྲེལ་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་དང༌། རབ་གནས་རྒྱས་པའི་སྦྱིན་སྲེག་གི་མངའ་དབུལ་དང༌། གཏོར་ཟོར་སོགས་དང་འབྲེལ་བའི་དྲག་པོའི་སྦྱིན་སྲེག་རྣམས་ལ་སྦྱོར་བའི་སྐབས་སུ་ཐབ་ཏུ་ལྷ་མཚན་མདུན་བསྐྱེད་ལྟར་དང༌། རབ་གནས་སྐབས་རྟེན་ལྷ་གང་བསྐྱེད་ཀྱི་ཚོན་ཕུང་དགོད། མདུན་བསྐྱེད་ཀྱི་གདོང་དུ་ཏིང་དང་ཐོད་པ་སོགས་མེ་ཏོག་གིས་བཀང་བ་བཤམ། འདས་པའི་མེ་ལྷའི་གཞལ་ཡས་ཁང་ངམ། པདྨ་སོགས་གདན་བསྐྱེད་ཚར་བའི་རྗེས་སུ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། རབ་གནས་སྐབས་རྟེན་གྱི་ལྷའི་ཐུགས་ཀ་ནས་ཞེས་དང༌། གཞན་ལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཞེས་བསྒྱུར། དེའི་ཚེ་མཆོད་གཡོག་པས་སྔར་གྱི་མེ་ཏོག་དེ་གུས་པས་བླངས་ཏེ་གྲོགས་གཞན་ཡོད་ན་སྤོས་དང་རོལ་མོས་སྣ་དྲངས་ནས་ཐབ་ལ་གཡས་ཕྱོགས་ནས་བསྐོར་བའི་མཐར་མེ་ཏོག་སློབ་དཔོན་ལ་དབུལ། སློབ་དཔོན་གྱིས་ཐབ་ཏུ་ཅུང་ཟད་དོར་ཞིང་ཛཿཧཱུྃ་བཾ་ཧོཿ ལྷ་རྣམས་སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ནི་ཞེས་སོགས་ཀྱིས་ཞལ་ཕྱག་སྐུ་མདོག་ཕྱག་མཚན་གསལ་བཏབ་ནས། ལྷ་ཐམས་ཅད་འཛུམ་ཞིང་ཞི་བ་སོགས་ཀྱི་དམིགས་པ་མན་ཆད་ལ་འཇུག མེ་ཏོག་དོར་ཚར་བའི་རྗེས་སུ་ཁ་གསོས་ལ་ཐབ་ཀྱི་མདུན་ངོས་སུ་གཞག ཡང་ན་ཐབ་ཏུ་དམ་ཚིག་པ་བསྐྱེད་ནས་གནས་གསུམ་བྱིན་རླབས་སོགས་བྱས་ལ། གོང་ལྟར་མེ་ཏོག་གིས་སྤྱན་དྲངས་ནས་མེ་ཏོག་དོར་བ་དང་མཉམ་དུ་བསྟིམ། དབང་བསྐུར་བ་སོགས་མཛད་པ་ཡོད་ཀྱང་
སྔ་མ་གཙོ་ཆེ། གཤེགས་གསོལ་གྱི་ཚེ་སྔ་མ་ལྟར་ན། སློབ་དཔོན་གྱིས་བཛྲ་མུཿཡེ་ཤེས་པ་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀར་གཤེགས་ཞེས་བརྗོད་པ་དང་མཉམ་དུ་མཆོད་གཡོག་པས་ཐབ་ཀྱི་མདུན་གྱི་མེ་ཏོག་བླངས་ཏེ་ཐབ་ལ་བསྐོར་བའི་ཚུལ་གྱིས་སྤོས་དང་རོལ་མོས་སྣ་དྲངས་ཏེ་དཀྱིལ་འཁོར་སོགས་ལ་དབུལ། བསྐྱེད་ཆོག་བྱས་པ་ཡིན་ན། དེའི་རྗེས་སུ་དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད་པ་ནི་ཁྱད་པར་རོ། །འདི་རྣམས་ལ་བདག་བསྐྱེད་ཟུར་དུ་མི་དགོས་པར་སྦྱིན་སྲེག་བྱ་བའི་མཚམས་དེར་སླེབ་པ་ན། ཐབ་ཀྱི་དྲུང་དུ་འཁོད་དེ་བསང་ཆུ་སྒྲུབ་པ་སོགས་ལ་འཇུག་པས་ཆོག་ཅིང་ལས་བུམ་ཡོད་ཚེ་བསང་ཆུ་བཤམ་སྒྲུབ་གང་ཡང་མི་དགོས་པར་བུམ་ཆུས་བྱ། མེ་ལྷ་གཤེགས་བསྡུ་ཚར་བ་དང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རང་ཉིད་བསྲུངས་ལ་ཆོ་ག་གང་ཡིན་གྱི་དཀྱུས་ལ་འཇུག་གོ །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བྲིས་པ་སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ།
དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བཞུགས་སོ།།
ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལེའུ་བརྒྱད་པ་ལས། ལས་རྒྱས་པ་སྒྲུབ་པའི་ལྷའི་རྣལ་འབྱོར་གཉིས་གསུངས་པའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་རྣལ་འབྱོར་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། »དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་གནས་ཡང་དག་པ་རབ་ཏུ་བཤད་པར་བྱའོ། «།དོན་དངོས་སོ། དེ་ལ་དྲུག བསྒོམས་པའི་ཕན་ཡོན་ནི།» གང་གིས་བསྒོམས་པ་ཙམ་གྱིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། «།མངོན་པར་རྟོགས་པ་དངོས་ནི།» །ལྷ་མོ་ཕྱག་གཉིས་མ་ཞལ་གཅིག་མ་མདོག་དཀར་བ་ཡིད་འཕྲོག་མ་སྐྲ་ཕྱེད་དུ་ལི་བ། ཆུ་སྐྱེས་ཤིན་ཏུ་དཀར་བ་ལ་ཡང་དག་པར་གནས་མ། ལག་པ་གཡས་པར་པདྨ་མདོག་དཀར་བ་ཡང་དག་པར་བསྒོམ་ཞིང༌། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། རྡོ་རྗེའི་སྐྱིལ་ཀྲུང་དུ་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་མ། ལྟེ་བའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །ཨོཾ་ལས་སྐྱེས་མ་མཆོག་ཏུ་དགའ་བར་བྱེད་མ། དམ་ཚིག་སེམས་མ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་ཞིང༌། «བསྒྲུབ་པའི་ཚད་ཕན་ཡོན་དང་བཅས་པ་ནི།» རྣལ་འབྱོར་ཟླ་བ་དྲུག་ཏུ་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །མཚན་མོ་བདུན་དུ་སྦྱོར་བས་བསྟན་བཅོས་ཐམས་ཅད་ཤེས་པར་
བྱེད་དོ། «།བསྙེན་པའི་གྲངས་ཕན་ཡོན་དང་བཅས་པ་ནི།» འབུམ་བཟླས་པའི་སྦྱོར་བས་ཉི་མ་རེ་རེ་ལ་ཚིགས་བཅད་བརྒྱ་བྱེད་པར་འགྱུར་རོ། །རབ་ཏུ་འབད་པ་མེད་པར་གཞུང་བརྒྱ་ཡང་འཛིན་པར་བྱེད་དོ། །«གསང་སྔགས་དངོས་ནི།» དེ་ལ་སྔགས་ཀྱི་རྐང་པར་འགྱུར་བ། ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་ཝརྡྷཱ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་ཝརྡྷཱ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷཱ་ནི་སྭཱ་ཧཱ།« སྒྲུབ་པའི་ཕན་ཡོན་དང་བཅས་པ་ནི།» ཁྭ་མི་ཟེར་བ་ན་སྔགས་བདུན་དུ་མངོན་པར་བསྔགས་པར་བྱས་ཏེ། མ་བསླད་པའི་སིངས་པོ་སྐྱུར་པོ་ཇི་སྲིད་ཟླ་བ་དྲུག་ཏུ་གང་འཐུངས་པ་དེ་ཤེས་རབ་ཆེན་པོར་འགྱུར་རོ། །ཞེས་བྱ་བ་ནི་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་ལས་སོ། །«ས་བཅད་འདི་རྣམས་རྗེ་བཙུན་གྲགས་པའི་གསུང་རབ་ལྟར་བྲིས་པ་ཡིན་ལ། སྒྲུབ་ཐབས་བརྒྱ་རྩའི་རྒྱ་གཞུང་དུ་ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ཞེས་འབྱུང་བའང་ཚིགས་བཅད་ལྷུག་དང་འགྱུར་ཁྱད་ཅུང་ཟད་མ་བཏོགས་གོང་གི་རྒྱུད་ཀྱི་དུམ་བུ་ཉིད་ཡིན་ནོ།། » ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྒོམ་པར་འདོད་པས་སྔོན་དུ་ཚོགས་བསག་པ་སྔ་མ་དང་འདྲ་ལ།«་་་་་རང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྒོམས་པའི་སྙིང་གར་པདྨདངཟླ་བའི་སྟེང་དུ་ཨོཾ་བསྒོམས་ལ་དེ་ལས་འོད་བྱུང་སྟེ་ཚོགས་ཀྱི་ཞིང་སྤྱན་དྲངས་བ་དང༌། དེ་ལ་མཆོད་པ་དང༌། ཡན་ལག་བདུན་པ་དང༌། ཚད་མེད་པ་བཞི་དང༌། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བསྒོམ་པ་རྣམས་
སོ།།» སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾའམ་དཔེ་ཁ་ཅིག་ལས་ཨར་སྣང༌། དེ་ལས་པདྨ་ཨོཾ་གྱིས་མཚན་པ་ལས་འོད་ཟེར་ཕར་སྤྲོས། སེམས་ཅན་གྱི་དོན་བྱས། ཚུར་བསྡུས་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་པའི་ཕྱག་རྒྱས་བཞུགས་པའི་ནང་ནས་པདྨའི་སྡོང་བུ་གཉིས་སོང་སྟེ་འདབ་མ་རྣ་བའི་ཐད་ཀར་ཁ་བྱེ་བ་སྟེ། གཡས་པ་ནི་དཀར་པོ་གཡོན་པ་དམར་པོའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བཞུགས་པ་བསྐྱེད། ཡང་ལྟེ་བ་ཞེས་བྱ་བ་ནི་སྙིང་གར་པདྨ་འདབ་བརྒྱད་བསྒོམས་པའི་ལྟེ་བར་ཡང་ཨའམ་ཨོཾ་ལས་བདག་འདྲའི་ཡེ་ཤེས་སེམས་དཔའ་བསྒོམ། དེའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་བསམས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ནས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམས་ལ་ཡེ་ཤེས་སེམས་དཔའི་ཨ་ལས་སྔགས་ཀྱི་ཕྲེང་བ་ལྟེ་བ་ནས་འཐོན་ཏེ། ཞལ་དུ་བཞུགས་ནས་སྙིང་གའི་ཨ་ལ་ཐིམ་པའི་ཚུལ་དུ་གསང་སྔགས་བཟླ་བར་བྱའོ། །དེའང་གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བཞི་ལ་སོགས་པ་ཡིན་ལ། དུས་ཀྱི་བསྙེན་པ་ནི་ཟླ་བ་དྲུག་བྱས་ལ། དེ་ནས་ཞག་བདུན་ཤིན་ཏུ་བརྩོན་འགྲུས་དང་ལྡན་པས་ཟློས་པ་ནི་བསྙེན་པའོ། །དེ་ནས་སྒྲུབ་པ་ནི་མ་བསླད་པའི་སིངས་པོ་སྐྱུར་པོ་ཞེས་བྱ་བ་ནི་སྐྱེས་བུས་བསླད་པ་མ་ཡིན་པའི་རང་སྐྱུར་ཏེ། སེ་འབྲུའམ་སྟ་རུའི་ཁུ་བ་ལྟ་བུ་ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པ་ན་ལག་པ་གཡས་པའི་མཐིལ་ལམ་སྣོད་གཙང་མར་བླུགས་ལ་སྔགས་བདུན་བཟླས་ཤིང་བཏུང་བར་བྱ་སྟེ། ཇི་སྲིད་ཟླ་བ་དྲུག་ཏུ་བྱས་ན་གཞུང་ནས་འབྱུང་བ་བཞིན་ཤེས་རབ་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །གཞུང་ན་མེད་པ་བླ་མའི་མན་ངག་སྤོགས་པའི་ཆོ་ག་ནི། གལ་ཏེ་གོང་མས་ཀྱང་འགྲུབ་པར་མ་གྱུར་ན་སྲན་མ་མཱ་ཥཱ་བདུན་རས་གཙང་མའི་ཁུད་དུ་ཕུར་ལ། དེ་ལྕེའི་འོག་ཏུ་བཅུག་སྟེ་ཚེས་གཅིག་ནས་བརྩམས་ནས་ཉའི་བར་
དུ་ཟླ་བ་རྒས་རྒས་ཀྱི་བར་དུ་བཟླ་ཞིང་བཟླས་པ་མི་བྱེད་པའི་ཚེ་ལྕེའི་འོག་ནས་བཏོན་ནས་ཟ་མ་ཏོག་གཙང་བར་བཞག་ལ་ཁྲོ་བོའི་སྔགས་ཀྱིས་བསྲུངས་ལ་གཞག་པར་བྱའོ། །དེ་ནས་ཉའི་མཐར་མཚན་ཐོག་ཐག་བཟླས་པས་སྲན་མ་རྣམས་ལ་སེའུ་སྐྱེས་བར་འགྱུར་ཏེ་སོས་མ་རེག་པར་མིད་ན་ཤེས་རབ་བསམ་གྱིས་མི་ཁྱབ་པར་སྐྱེ་བར་འགྱུར་རོ་ཞེས་གསུང་ངོ༌། །ལས་ཀྱི་ཚོགས་གཉིས་པོའི་ཚིག་དོན་རྟོགས་པར་སླའོ། །ཞེས་རྗེ་བཙུན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱན་ཅེས་བྱ་བའི་རྣམ་འགྲེལ་ལས་ཕྱུང་བའོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། བླ་མ་རྡོ་རྗེ་འཛིན་པའི་མན་ངག་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་འོད་གསལ་བ་ཞེས་བྱ་བ། འདི་ལ་སྔོན་འགྲོ་མེད། ལུས་སྐྱིལ་ཀྲུང་བཅས་ཏེ་ལག་པ་མཉམ་གཞག་བྱས་ལ། མིག་སྣ་རྩེར་ཕབ་ལ་ཧཱུྃ་ཞེས་བརྗོད་པས་སྐད་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དཀར་མོ། ཕྱག་གཉིས་ཀས་ཨུཏྤ་ལའི་སྟེང་ན་པུསྟི་འཛིན་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་དཀར་པོ་འཕྲོས། སྤྱི་བོ་ནས་སོང་བས་ལྷ་དང་ལྷ་མ་ཡིན་ལ་ཕོག་པས་དེ་རྣམས་རྣམ་པར་སྣང་མཛད་དུ་བྱས་ཏེ་དེ་དག་གནས་དང་བཅས་པ་སྤྱི་བོ་ནས་ཧཱུྃ་ལ་ཐིམ། ཡང་འོད་ཟེར་སྔོན་པོ་ཁ་ནས་འཕྲོས། མི་ལ་ཕོག་པས་མི་བསྐྱོད་པར་བྱས་ཏེ་དེ་དག་གནས་དང་བཅས་པ་ཁ་ནས་ཧཱུྃ་ལས་ཐིམ། ཡང་འོད་ཟེར་སེར་པོ་ལྟེ་བ་ནས་འཕྲོས། བྱོལ་སོང་ལ་ཕོག་པས་རིན་འབྱུང་དུ་བྱས་པ་གནས་དང་བཅས་པ་ལྟེ་བ་ནས་ཧཱུྃ་ལ་བསྡུ། ཡང་འོད་ཟེར་དམར་པོ་གསང་གནས་ནས་འཕྲོས། ཡི་དྭགས་ལ་ཕོག་པས་སྣང་མཐར་བྱས། གནས་དང་བཅས་པ་ཆོས་འབྱུང་ནས་ཧཱུྃ་ལ་བསྡུ། ཡང་འོད་ཟེར་ལྗང་གུ་བཤང་ལམ་ནས་འཕྲོས། དམྱལ་བ་ལ་ཕོག་པས་དོན་གྲུབ་ཏུ་བྱས། གནས་དང་བཅས་པ་བཤང་ལམ་ནས་ཧཱུྃ་ལ་བསྡུའོ། །དེ་ནས་རང་ཡང་ཧཱུྃ་ལ་བསྡུའོ། །ཨཱུ་ཧ་ལ། ཧ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་མི་དམིགས་པར་བྱས་ཏེ་སྤྲོས་པ་དང་བྲལ་བར་བསྒོམ། དེ་ལྟར་ཡང་ཡང་བསྒོམས་
པས་རྟགས་ལུས་ཡང་བ་དང༌། དྭངས་པ་དང༌། སྲིན་བུ་མེད་པ་དང༌། ཟོ་མདོག་བདེ་བ་ལ་སོགས་པ་ཡོན་ཏན་དུ་མ་འབྱུང༌། དེ་ནས་ས་རྣམས་ཐོབ་ནས་ཕྱག་རྒྱ་ཆེན་པོ་ཡང་ཚེ་འདི་ཉིད་ལ་ཐོབ་བོ། །མཉམ་གཞག་ལ་ནུས་ཚད་དུ་སྤྲོས་བྲལ་ལ་བསླབ། རྗེས་སྤྱོད་ལའང་སྤྲོས་བྲལ་ལ་བསླབ་ཅིང་གོམས་པར་བྱའོ། །སྤྲོས་བྲལ་ལ་གནས་མ་ནུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྐྱེད་པ་ནས་བསླབ་ཅིང་དབང་གསུམ་པའི་དུས་ལས་ཤེས་པར་བྱའོ། །།། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསམ་མི་ཁྱབ་ཀྱི་མན་ངག་ལུགས་གཅིག་ནི། སྐད་ཅིག་གིས་རང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བྱས་ཏེ། སྙིང་ཁོང་སྟོང་དུ་ཟླ་བའི་དཀྱིལ་འཁོར་དཀར་ལ་འཚེར་ཞིང་དྭངས་པ་བསམས་ཏེ། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་ལ་བསྡུ། རང་ཟླ་བ་ལ། ཟླ་བ་ཇེ་ཆུང་ཡུངས་ཀར་ཙམ་དུ། དེ་ནཱ་དའི་རྣམ་པར་གྱུར། དེའང་ཇེ་ཕྲ་པདྨའི་རྣལ་མ་ཙམ་དུ། དེའང་ཇེ་ཕྲ་མི་སྣང་བར་བསམས་ལ། སྟོང་པ་མཐའ་བརྒྱད་དང་བྲལ་བ་དབང་གསུམ་པའི་དུས་ཀྱི་བདེ་བ་དྲན་པར་ནུས་ཚད་དུ་བསྒོམ་མོ། །གཏོང་ན་སྐད་ཅིག་གིས་ལྷར་བསམས་ཏེ། སྒྱུ་མ་ལྟ་བུའི་རྒྱས་བཏབ་ལ། ལུས་ངག་གི་དགེ་བ་བྱ། ཐུན་གཞན་ལའང་དེ་བཞིན་ནོ། །བླ་མ་རྡོ་རྗེ་གདན་པའི་མན་ངག བླ་མ་བ་རི་བ་ལས་བརྒྱུད་པའོ། །ཞེས་དཔལ་ས་སྐྱ་པའི་ཕྱག་ཆེན་གཅེས་བཏུས་དང་མན་ངག་གཅེས་བཏུས་གཉིས་ཀ་ལས་ཚིག་དོན་ཕལ་ཆེར་མཐུན་པར་འབྱུང་ངོ༌། །མངྒ་ལཾ།། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་ཞེས་བྱ་བ་བཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རབ་དཀར་པདྨ་ཟླ་བའི་དཀྱིལ་འཁོར་ལ། །རྣམ་དཀར་ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །སྤྲིན་དཀར་གངས་རི་སོགས་ཀྱི་མདངས་འཕྲོག་མ། །འོད་དཀར་ལྡན་མས་སྙིང་གི་མུན་སེལ་མཛོད། །འདིར་རྒྱུད་ཀྱི་རྒྱལ་པོ་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་ལས། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་གནས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། །གང་
གིས་བསྒོམས་པ་ཙམ་གྱིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ལྷ་མོ་ཕྱག་གཉིས་མ་ཞལ་གཅིག་མ་མདོག་དཀར་བ་ཡིད་འཕྲོག་མ་སྐྲ་ཕྱེད་དུ་ལི་བ། ཆུ་སྐྱེས་ཤིན་ཏུ་དཀར་བ་ལ་ཡང་དག་པར་གནས་མ། ལག་པ་གཡས་པར་པདྨ་མདོག་དཀར་བ་ཡང་དག་པར་བསྒོམ་ཞིང༌། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། རྡོ་རྗེའི་སྐྱིལ་ཀྲུང་དུ་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་མ། ལྟེ་བའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །ཨོཾ་ལས་སྐྱེས་མ་མཆོག་ཏུ་དགའ་བར་བྱེད་མ། དམ་ཚིག་སེམས་མ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་ཞིང༌། རྣལ་འབྱོར་ཟླ་བ་དྲུག་ཏུ་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །མཚན་མོ་བདུན་དུ་སྦྱོར་བས་བསྟན་བཅོས་ཐམས་ཅད་ཤེས་པར་བྱེད་དོ། །འབུམ་བཟླས་པའི་སྦྱོར་བས་ཉི་མ་རེ་རེ་ལ་ཚིགས་བཅད་བརྒྱ་བྱེད་པར་འགྱུར་རོ། །རབ་ཏུ་འབད་པ་མེད་པར་གཞུང་བརྒྱ་ཡང་འཛིན་པར་བྱེད་དོ། །དེ་ལ་སྔགས་ཀྱི་རྐང་པར་འགྱུར་བ། ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་ཝརྡྷཱ་ནི་ཛྭ་ལ་ཛྭ་ལ་མེ་དྷཱ་ཝརྡྷཱ་ནི་དྷི་རི་དྷི་རི་བུདྡྷི་ཝརྡྷཱ་ནི་སྭཱ་ཧཱ། ཁྭ་མི་ཟེར་བ་ན་སྔགས་བདུན་དུ་མངོན་པར་བསྔགས་པར་བྱ་སྟེ་མ་བསླད་པའི་སིངས་པོ་སྐྱུར་པོ་ཇི་སྲིད་ཟླ་བ་དྲུག་ཏུ་གང་འཐུངས་པ་དེ་ཤེས་རབ་ཆེན་པོར་འགྱུར་རོ། །ཞེས་གསུངས་པའི་དོན་རྟེན་གྱི་གང་ཟག་དད་པ་དང་སྙིང་རྗེར་ལྡན་པ། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། འདིའི་མན་ངག་དང་རྗེས་སུ་གནང་བ་ལ་སོགས་པ་ཐོབ་པའི་སྒྲུབ་པ་པོས། ལྷག་པའི་ལྷ་ཁྱད་པར་ཅན་འདིའི་སྒོ་ནས་མ་རིག་པའི་མུན་པ་བསལ་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འཕེལ་བར་བྱ་བ་ལ་དོན་བཞི་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བ་དང༌། མ་གྲུབ་ན་སྤོགས་པའི་ཆོ་གའོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ་འཁོར་བའི་དུཿཁ་དྲན་བཞིན་པས་དེ་དག་ལས་བསྐྱབ་པའི་ཆེད་དུ། དཀོན་མཆོག་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་སོང་སྟེ། རང་སྐད་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་གསལ་བའི་སྙིང་གར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། དེ་
ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿཞེས་བརྗོད་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ན་མཿཤྲཱི་པྲཛྙཱ་པཱ་ར་མི་ཏཱ་བྷྱཿཞེས་པས་ཕྱག་བྱས་ཏེ། རང་རང་གི་ཕྱག་རྒྱ་དང་བཅས་པ། ཨོཾ་ཤྲཱི་པྲཛྙཱ་པཱ་ར་མི་ཏཱ་ས་པ་རི་ཝཱ་ར་ཞེས་པ་ཐམས་ཅད་ཀྱི་ཐོག་མར་སྦྱར་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། བཛྲ་པུཥྤཾ་གྱིས་མེ་ཏོག དྷུ་པཾ་གྱིས་བདུག་སྤོས། དཱི་པཾ་གྱིས་མར་མེ། གནྡྷཾ་གྱིས་དྲི་ཆབ། ནཻ་ཝི་དྱཱཾ་གྱིས་ཞལ་ཟས། ཤབྡས་རོལ་མོ་ཕུལ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ལ་སོགས་པའི་བདུན་རྣམ་དག་བྱས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ལ་སོགས་པ་ཚད་མེད་པ་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་བསག་པའོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་བསམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ་སྔོན་འགྲོ་ཚོགས་གཉིས་བསག་པའོ། །དེ་ནས་སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོའི་སྡོང་བུ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ། དེའི་སྟེང་དུ་ཡི་གེ་ཨོཾ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། དེ་ལས་པདྨ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གངས་རིའི་ཕུང་པོ་ལྟར་དཀར་ཞིང་འོད་ཟེར་དུ་མ་འཕྲོ་བ་ཞལ་གཅིག་ཕྱག་གཉིས་མ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཆུ་དང་ཕྱག་དང་ཞབས་ཀྱི་མཐིལ་ཐམས་ཅད་དམར་བ། དབུ་སྐྲ་ནག་པོ་ཕྱེད་ཕྱེད་དུ་འཁྱིལ་ཞིང་གཡོན་དུ་འགྱིང་བ། རིན་པོ་ཆེའི་དབུ་རྒྱན་དང་
མགུལ་རྒྱན་དང་སྙན་རྒྱན་དང་ཕྱག་གདུབ་དང་ཞབས་གདུབ་དང་དོ་ཤལ་དང་སེ་མོ་དོ་དང་སྐ་རགས་ལ་སོགས་པས་བརྒྱན་ཅིང་དར་དཀར་པོའི་ན་བཟའ་བསྣམས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་ནང་ནས་པདྨའི་སྡོང་བུ་གཡས་ཕྱོགས་སུ་དཀར་པོ་དང་གཡོན་ཕྱོགས་སུ་དམར་པོ་གཉིས་སོང་བའི་འདབ་མ་གཉིས་སྙན་གྱི་ཐད་དཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བཞུགས་པ། ལང་ཚོ་གཞོན་ཞིང་དར་ལ་བབས་པ་ཤེལ་གོང་དག་པ་ལྟ་བུའི་གཟུགས་ཅན་དུ་བསམས་ལ། དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨོཾ་ལས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་པ་བསམ། དེའི་ཐུགས་ཀར་ཡང་པདྨ་དང་ཟླ་བའི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཨོཾ་དཀར་པོ་བསྒོམ་སྟེ་བསྙེན་པའོ། །དེའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་སྔོན་པོ་བསྒོམ་སྟེ་སྒྲུབ་པའོ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ། སྔར་བཞིན་མཆོད་ནས་ཛཿཧཱུྃ་བཾ་ཧོཿཞེས་པས་དགུག་གཞུག་བཅིང་དབང་དུ་བྱ་སྟེ་ཉེ་བར་སྒྲུབ་པའོ། །སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ལ་སོགས་པས་མཆོད་ཅིང༌། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། ལུས་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམ་སྟེ་སྒྲུབ་པ་ཆེན་པོའོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཇི་སྲིད་མི་སྐྱོའི་བར་དུ་ཡིད་གཏད་ལ། སྐྱོ་ན་ཡེ་ཤེས་སེམས་དཔའི་ཐུགས་
ཀའི་ཨོཾ་ལས་སྔགས་ཀྱི་ཕྲེང་བ་མུ་ཏིག་གི་ཕྲེང་བ་ལྟ་བུ་ལྟེ་བ་ནས་འཐོན་ཏེ་ཞལ་དུ་ཞུགས་ནས་ཐུགས་ཀའི་ཨོཾ་ལ་ཐིམ་པར་བསམས་ལ་བཟླས་པའི་སྐྱོ་ན་ཐམས་ཅད་སྤངས་ཏེ་རྩེ་གཅིག་པའི་ཡིད་ཀྱིས། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷཱ་ནི་ཛྭ་ལ་ཛྭ་ལ་མི་དྷཱ་ཝརྡྷཱ་ནི་དྷི་རི་དྷི་རི་བུདྡྷི་ཝརྡྷཱ་ནི་སྭཱ་ཧཱ། ཞེས་ཏེ། རབ་མཚན་མའི་བསྙེན་པ་ཞལ་མཐོང་བའམ་གསུང་ཐོས་པ་ལ་སོགས་པ་དང༌། འབྲིང་དུས་ཀྱི་བསྙེན་པ་ཟླ་བ་དྲུག་དང༌། ཐ་མ་གྲངས་ཀྱི་བསྙེན་པ་རྒྱུན་གཅིག་ལ་འབུམ་ཕྲག་དྲུག་བཟླའོ། །ཐུན་མཚམས་སུ་དྲི་བཟང་པོའི་ཆུས་མཎྜ་ལར་བྱུགས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད་པའི་མཐར་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། དཀར་གསུམ་གྱིས་བརྒྱན་པའི་གཏོར་མ་གཅིག་བཤམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མཎྜལ་གྱི་དབུས་ཀྱི་མེ་ཏོག་དེ་ཉིད་པྃ་ལས་པདྨ་དཀར་པོའི་སྡོང་བུ་སོགས་ཀྱིས་བཅོམ་ལྡན་འདས་མ་བསྐྱེད་པ་ནས། རིགས་བདག་གི་རྒྱས་གདབ་པའི་བར་སྔར་«་་་་་བདག་ཉིད་ཅེས་པའི་ཚིག་དོར་ཞིང༌། བདག་ལ་མངོན་པར་དབང་བསྐུར་ཞེས་པར་འདི་ལ་ཞེས་བསྒྱུར། »ལྟར་བྱས་ནས་མཆོད་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པར་གྱུར་པར་བསམས་ལ། སྔར་གྱི་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་དབུལ་ཞིང་ཅི་ཤེས་པའི་བསྟོད་པས་བསྟོད་ལ། ཞེ་ཐག་པ་ནས་འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་འདོད་ཡོན་ལྔ་དང་ལྡན་པར་གྱུར་པར་བསམས་ནས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་མའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམས་ཏེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་སྙིང་པོའི་མཐར་ཨོཾ་ཨ་ཀཱ་རོ་བཏགས་ལ་ལན་ལྔའམ་བདུན་
ལ་སོགས་པས་དབུལ། སླར་ཡང་མཆོད་ཅིང་བསྟོད་དེ་འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཛཿཧཱུྃ་བཾ་ཧོཿས་བདག་ལ་བསྡུས་ནས་མཆོད་གཏོར་རྣམས་ས་གཙང་སར་དོར་ཞིང་མཎྜལ་བསྡུས་ནས་ཡི་གེ་གསུམ་གྱིས་བདག་ཉིད་བསྲུངས་ཏེ་བསྔོ་བའི་རྒྱས་གདབ་ཅིང་སྤྱོད་ལམ་ཐམས་ཅད་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་སྒྲུབ་པ་ནི། དགེ་འདུན་གྱི་བསྙེན་བཀུར་དང༌། མགོན་མེད་པ་ལ་སྦྱིན་གཏོང་དང༌། ཆོས་སྒྲོགས་པ་དང༌། སཱཙྪ་གདབ་པ་དང༌། འབྱུང་པོ་ལ་གཏོར་མ་སྦྱིན་པ་ལ་སོགས་པ་རང་ཉིད་ཀྱིས་ཇི་ལྟར་འབྱོར་པའི་ཚོགས་བསག་པ་སྔོན་དུ་བྱས་ནས་མཚམས་དམ་པར་བྱས་ཏེ་སྔར་བཞིན་བཅོམ་ལྡན་འདས་མ་བསྒོམ་པ་དང༌། བསྙེན་པ་ལ་སོགས་པ་ཟླ་བ་དྲུག་ཏུ་འབད་ནས། མཐར་ཞག་བདུན་དུ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་བཟླ་བར་བྱའོ། །གསུམ་པ་ལས་ལ་སྦྱར་བ་ནི། སེ་འབྲུའམ་སྟར་བུའི་ཁུ་བ་ལ་སྔགས་ལན་བདུན་བཟླས་ནས་ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པའི་ཚེ་ལག་པ་གཡས་པའི་ལག་མཐིལ་དུ་བླུགས་ནས་འཐུངས་ཏེ་ཟླ་བ་དྲུག་བཟླས་བརྗོད་ལ་བརྩོན་པར་བྱའོ། །བཞི་པ་མ་གྲུབ་ན་སྤོགས་པའི་ཆོ་ག་ནི། གལ་ཏེ་གོང་མ་རྣམས་ཀྱིས་མ་གྲུབ་ན་སྲན་མ་མཱ་ཥཱ་བདུན་རས་གཙང་མར་དྲིལ་ལ་དེ་ལྕེ་འོག་ཏུ་བཅུག་སྟེ་ཚེས་གཅིག་ནས་ཉའི་ཟླ་བ་མ་རྒས་ཀྱི་བར་དུ་བཟླས་ཤིང༌། སྔགས་མི་ཟློས་པའི་ཚེ་ལྕེ་འོག་ནས་ཕྱུང་སྟེ་ཟ་མ་ཏོག་ཏུ་བཞག་ལ་ཁྲོ་བོའི་སྔགས་ཀྱིས་བསྲང་ངོ༌། །དེ་ནས་ཉའི་མཚན་ཐོག་ཐག་བཟླས་པས་སྲན་མ་རྣམས་ལས་སེའུ་སྐྱེ་ལ། དེ་སོས་མ་རེག་པས་མིད་པར་བྱའོ། །དེ་ལྟར་བྱས་པས་གཞུང་ནས་གསུངས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བ་ཐེ་ཚོམ་མེད་དེ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་བླ་མ་རྗེ་བཙུན་ཆེན་པོའི་འགྲེལ་བ་གུར་རྒྱན་གཞིར་བྱས་ཏེ་ཞལ་ཤེས་རྣམས་མ་སྦས་པར་བྲིས་ཤིང༌། པཎྜི་ཏ་པདྨ་འཕེལ་དང་དགེ་འདུན་སྦྱིན་གྱི་བུས་མཛད་པའི་སྒྲུབ་ཐབས་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་སྤོགས་ཆོག་དང་བཞིའི་མན་ངག་
རྣམས་བསྟན་ཟིན་ཏོ། །རྣམ་མང་རྒྱུད་སྡེའི་ཚོགས་ལས་ལེགས་གསུངས་ཤིང༌། །རྣམ་དག་རྒྱ་བོད་མཁས་པས་བཀྲལ་བའི་དོན། །རྣམ་དཀར་བློ་གྲོས་རབ་ཏུ་འཕེལ་བྱེད་པའི། །རྣམ་མཁྱེན་ཤེས་རབ་མཐར་སོན་སྒྲུབ་པའི་ཐབས། །རབ་ཏུ་གསལ་ཞིང་བདེ་བར་བྲིས་ཤིག་ཅེས། །རབ་མང་ཤེས་བྱ་ཀུན་ལ་བློ་རྒྱས་ཤིང༌། །རབ་མཆོག་དགའ་བའི་རྒྱལ་མཚན་ལེགས་འཛིན་པ། །རབ་བཟང་བཤེས་གཉེན་དེ་ཡིས་བསྐུལ་ཕྱིར་བཀོད། །དེ་ཡི་དགེ་བ་བསིལ་ཟེར་བྱེད་པ་དེས། །མཐའ་ཡས་འགྲོ་བའི་བློ་ངན་པདྨོའི་ཚལ། །རབ་ཏུ་ཟུམ་ནས་རྣམ་དག་བློ་གྲོས་ཀྱི། །འོད་དཀར་བློ་གསལ་ཁྲོད་དུ་འཆར་བར་ཤོག །ཅེས་པ་འདི་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་དད་པ་དང་འདུན་པའི་རྒྱན་གྱིས་རྣམ་པར་མཛེས་ཤིང་བློ་གྲོས་ཀྱི་མིག་དང་ལྡན་པ་བླ་མ་དབོན་པོ་ཀུན་དགའ་རྒྱལ་མཚན་པའི་གསུང་གིས་བསྐུལ་བའི་ངོར། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྟོག་མེད་མཚན་«་་་་་ཤར་ཆེན་ཡེ་ཤེས་རྒྱལ་མཚན་»ཅན་གྱི་བཀའ་དྲིན་གྱིས་བསྐྱངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིས་འགྲོ་བ་རྣམས་ཀྱི་མི་ཤེས་པའི་མུན་པ་དྲུང་ནས་འབྱིན་ནུས་པར་གྱུར་ཅིག །ཤུ་བྷཾ།། ༈ །ཤེར་ཕྱིན་དཀར་མོའི་བསྟོད་པ་བཞུགས་སོ། །ཨོཾ་ན་མཿཤྲཱི་པྲཛྙཱ་པཱ་ར་མི་ཏཱ་ཡཻ། རབ་དཀར་པདྨ་ཟླ་བའི་དཀྱིལ་འཁོར་ལ། །རྣམ་དཀར་ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །སྤྲིན་དཀར་གངས་རི་སོགས་ཀྱི་མདངས་འཕྲོག་མ། །འོད་དཀར་ལྡན་མས་སྙིང་གི་མུན་སེལ་མཛོད། །སྟོན་ཟླ་རབ་རྒྱས་ཀུ་མུད་དུང་དང་ཆུ་ཤེལ་གངས་རི་ལྟར་དཀར་མ། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་དབང་བསྒྱུར་རང་རང་སྐད་དུ་ཆོས་སྟོན་མ། །རྒྱ་མཚོ་ལྟ་བུར་ཀུན་ནས་མི་གཡོ་ཐུགས་རྗེའི་རྦ་རླབས་རབ་འཁྲིགས་མ། །ཟོལ་མེད་གུས་པའི་ཡིད་ཀྱིས་ཕྱག་འཚལ་བློ་གྲོས་མཆོག་སྩོལ་བཅོམ་ལྡན་མ། །ཆུ་སྐྱེས་དཀར་པོ་དྲི་མེད་སྟེང་ན་གསེར་བཟང་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་གྱི་དབུས་ན་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །
ཞལ་གཅིག་ཕྱག་གཉིས་གཡས་གཡོན་དག་ན་ཤེར་ཕྱིན་རང་བཞིན་པུསྟི་གཉིས། །དཀར་དམར་པདྨ་ཟུང་གི་སྟེང་ན་ལེགས་འཛིན་ལྷ་མཆོག་ཁྱོད་ཕྱག་འཚལ། །ཆོས་ཀུན་རང་བཞིན་གཅིག་པའི་དབུ་ནི་བུང་བ་ལྟར་གནག་སྐྲ་ཡིས་མཛེས། །པ་ལ་ཤ་ལྟར་འཇམ་པའི་ཕྱག་ནི་སྣ་ཚོགས་གདུ་བུའི་ཚོགས་ཀྱིས་སྤྲས། །ཨུཏྤལ་ལྟ་བུར་རྒྱས་པའི་སྤྱན་ནི་ཤིན་ཏུ་སྡུག་པའི་རྫི་མས་བརྒྱན། །སྐབས་གསུམ་བུ་མོའི་དཔལ་འཕྲོག་ཁྱོད་ནི་ཁོ་བོའི་ལྷག་པའི་ལྷ་ཡིན་གྲང༌། །དཔྲལ་བའི་དབྱེས་ནི་ཆུང་བ་མ་ཡིན་མཛོད་སྤུ་དུང་ལྟར་གཡས་སུ་འཁྱིལ། །དག་པའི་མཆུ་ནི་དཀར་བ་མ་ཡིན་པདྨ་རཱ་ག་ལྟ་བུར་དམར། །བཟང་པོའི་ཞལ་ནི་ཁྲོ་བ་མ་ཡིན་ཞི་ཞིང་འཛུམ་པའི་ཉམས་དང་ལྡན། །རབ་མཛེས་སྐུ་ནི་དྲང་བ་མ་ཡིན་ཅུང་ཟད་གཡོན་དུ་ཡོ་བས་འགྱིང༌། །གང་སྐུ་སྣང་བའི་ཡུལ་ལས་འདས་ཀྱང་དབང་པོའི་གཞུ་ལྟར་སྣང་བའི་སྐུ། །དེ་གསུང་བརྗོད་པའི་སྒྲ་ལས་འདས་ཀྱང་ཡན་ལག་དྲུག་ཅུའི་སྒྲ་སྒྲོགས་གསུང༌། །ཁྱོད་ཐུགས་བསམ་པའི་ཡུལ་ལས་འདས་ཀྱང་བསམ་གྱིས་མི་ཁྱབ་ཡེ་ཤེས་ཐུགས། །ཐབས་དང་ཤེས་རབ་ཟུང་དུ་འཇུག་ཀྱང་ཤེས་རབ་རང་བཞིན་ལྷ་མོར་འདུད། །སྲ་ཞིང་མཁྲེགས་པའི་ས་ཉིད་མིན་ཀྱང་ཡོན་ཏན་རིན་ཆེན་ཕུང་པོའི་གཞི། །རླན་ཞིང་གཤེར་བའི་ཆུ་ཉིད་མིན་ཀྱང་འགྲོ་བའི་སེམས་ཀྱི་དྲི་མ་སྦྱོང༌། །ཚ་ཞིང་སྲེག་པའི་མེ་ཉིད་མིན་ཀྱང་སྡུག་བསྔལ་རྒྱུ་དང་བཅས་ཀུན་འཇོམས། །ཡང་ཞིང་གཡོ་བའི་རླུང་ཉིད་མིན་ཀྱང་ཐུགས་རྗེས་སྲིད་གསུམ་སྨིན་མཛད་རྒྱལ། །མ་རིག་མུན་སེལ་ཤེར་ཕྱིན་ལྷ་མོ་ལ། །མི་གནས་མྱ་ངན་འདས་ཕྱིར་གསོལ་བཏབ་པས། །མུ་མཐའ་མེད་པའི་བདེ་གཤེགས་གསུང་རབ་ལ། །མེ་ལྟར་འབར་བའི་བློ་གྲོས་སྐྱེད་དུ་གསོལ། །དཔལ་རྡོ་རྗེ་གུར་ནས་གསུངས་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་ལ་བསྟོད་པ་བསྟོད་ཚིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བློ་གྲོས་ཀྱི་བང་མཛོད་ལས་ཕྱུང་བའོ།། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་རྗེས་སུ་གནང་
བའི་ཚུལ་བྱིན་རླབས་སྣང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སྲས་བཅས་རྒྱལ་ཀུན་སྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མ་ལ། །བཏུད་ནས་དེ་ཡི་རྗེས་གནང་ཚུལ། །བྱིན་རླབས་སྣང་བའི་དགའ་སྟོན་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་ཁར་མེ་ཏོག་སིལ་མ་དགྲམ། དེའི་དབུས་སུ་མཉྫིའི་སྟེང་དུ་མཎྜ་ལར་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་གཅིག་དགོད། མདུན་དུ་འབུལ་གཏོར། མཆོད་ཡོན་སྔོན་འགྲོ་བའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་སློབ་མ་ལ་དགོས་པའི་མཎྜལ་དང་མེ་ཏོག རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་གི་སྣོད་སོགས་བཤམ། གཉིས་པ་དངོས་གཞི་ལ་གསུམ། བདག་གི་རྣལ་འབྱོར། མདུན་བསྐྱེད་བསྒྲུབ་པ། སློབ་མ་རྗེས་སུ་གཟུང་བའོ། །དང་པོ་ནི། མཆོད་པ་རྣམས་བསང་སྦྱངས་བྱིན་བརླབ། བདག་དང་འགྲོ་བ་སོགས་སྐྱབས་འགྲོ་གསོལ་གདབ་བཅས་སྤྱི་ལྟར་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ་ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་ཞེས་སོགས་ནས་བཟླས་པའི་བར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་རབ་ལྟར་བྱ། བཟླས་པ་ཅི་ནུས་རྗེས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མཐུ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ། གཉིས་པ་ནི། ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོའི་སྡོང་བུ་སོགས་ནས། འོད་དཔག་མེད་པས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་ཞེས་པར་འདི་ལ་ཞེས་བསྒྱུར། མཆོད་པ་བསང་སྦྱངས་བྱིན་བརླབ། ཨོཾ་ཤྲཱི་པྲཛྙཱ་པཱ་ར་མི་ཏཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པུཥྤཾ་ནས་ཤབྡའི་བར་
སྦྱར་བ་དང༌། གྷཎྜེ་ར་ཎི་ཏས་མཆོད། བསྟོད་པ་རྒྱས་པར་རྗེ་རྡོ་རྗེ་འཆང་གིས་མཛད་པའམ་བསྡུ་ན། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱངས་བྱིན་རླབས་འབུལ་བ་རྣམས་སྒྲུབ་ཐབས་ལྟར་དང༌། གོང་ལྟར་མཆོད་ཅིང་བསྟོད། བཅོམ་ལྡན་འདས་མས་བདག་དང་སོགས་འདོད་དོན་གསོལ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་མོས་ཏེ་བཟླས་པ་ཅུང་ཟད་བྱའོ། །གསུམ་པ་ནི། སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱ། ནང་དུ་འོངས་ཏེ་དུལ་བར་འཁོད་པ་ལ་མེ་ཏོག་བཀྲམ་བསྡུ་གྲུབ་རྗེས་སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་སོགས་ཆོས་བཤད་ཇི་ལྟར་རིགས་པས་ཐོག་དྲངས་ཏེ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རིན་པོ་ཆེ་ཀུན་གྱི་རྩ་བ་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པར་བྱེད་པ་ལ། གསང་སྔགས་རྡོ་རྗེ་ཐེག་པ་ལས་གཟུངས་ཀྱི་སྒོ་བསྒྲུབ་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་གྱུར་པ། གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་བཤད་པའི་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་ལས་གསུངས་ཤིང་ལས་རྒྱས་པའི་ལྷ་གསུམ་དུ་གྲགས་པའི་ཡ་གྱལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ་བླ་མ་རྡོ་རྗེ་གདན་པ་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་བིརྺ་པ་སོགས་ནས་ལེགས་པར་བརྒྱུད་ཅིང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ་སྟེ། ཤར་ཆེན་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་ཀྱང་ལམ་འདི་ལ་བརྟེན་ནས་སྤོབས་པའི་གཏེར་མཛོད་ཆེན་པོ་ལ་དབང་བསྒྱུར་བ་སོགས་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བའི་རྗེས་སུ་གནང་བ་ཟབ་མོ་འབུལ་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ཐོག་མར་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ། མཎྜལ་གསོལ་གདབ་ནས་བཟུང་དགེ་བསྔོ་བར་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གི་ཆིངས་ཇི་ལྟ་བ་བཞིན་
བྱའོ། །གསུམ་པ་རྗེས་ནི། མཆོད་པ་བསང་སྦྱངས་བྱིན་བརླབ། མཆོད་བསྟོད། ནོངས་བཤགས། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང༌། བསྔོ་སྨོན་བཀྲ་ཤིས་རྣམས་སྤྱི་ལྟར་བྱའོ། །འཕགས་མ་ཤེས་རབ་ཕ་རོལ་ཕྱིན། །རབ་དཀར་སྟོན་ཟླའི་མདངས་འཕྲོག་མའི། །བྱིན་རླབས་སྣང་བས་ས་གསུམ་གྱི། །བློ་གྲོས་ཆུ་གཏེར་རྒྱས་གྱུར་ཅིག །ཅེས་ཐར་རྩེ་མ་ཧཱ་པཎྜི་ཏ་ནམ་མཁའ་དཔལ་བཟང་པོའི་གསུང་རབ་ལས་ཅུང་ཟད་གསལ་བར་ཕྱེ་བ་འདིའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །དཔལ་སམྦུ་ཊའི་རྒྱུད་ལས་གསུངས་པའི་ཤེར་ཕྱིན་དཀར་མོའི་འཁོར་ལོའི་མན་ངག་ཤེས་རབ་སྣང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། འཕགས་བཞིའི་སྐྱེད་དང་རོལ་པའི་ཡུམ། །བླ་མ་ཤེས་རབ་ལྷ་མོ་ལ། །བཏུད་ནས་རིག་པའི་འཁོར་ལོ་ནི། །བློ་གྲོས་སྣང་བ་རྒྱས་ཕྱིར་དབྱེ། །འདི་ལ་གསུམ། རྩ་བའི་ཁུངས་དགོད་པ། མན་ངག་ལག་ཏུ་བླང་ཚུལ། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དཔལ་ཀྱེ་རྡོ་རྗེའི་ཆ་མཐུན་གྱི་རྒྱུད་སམྦུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་བཞི་པ་ལས། འཁོར་ལོ་འདབ་མ་བརྒྱད་པ་འདི། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །མཉམ་ཉིད་གཟུགས་སུ་བསམས་ནས་ནི། །ཁམས་གསུམ་གྱི་ནི་རང་བཞིན་གྱིས། །སྔར་གསུངས་མཚན་ཉིད་ཡང་དག་ལྡན། །གོང་དུ་གསུངས་པས་བསྒྲུབ་པར་བྱ། །ཤེས་རབ་འབར་བའི་ལས་རྣམས་ནི། །འདི་ཡི་འཁོར་ལོ་བསྒོམ་པར་བྱ། །ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། དངོས་པོའི་ངོ་བོས་བསྒོམ་པར་བྱ། །འོད་ཟེར་འབར་བ་དུ་མ་ཡི། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཤེས་རབ་བདག་ཉིད་རྣམ་པར་སྤྲུལ། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང༌། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཁ་དོག་དཀར་པོ་འོད་གསལ་མ། །ཤེས་རབ་བདག་ཉིད་གཟུང་བར་བྱ། །འདི་ཡིས་ས་བོན་བཟླས་ནས་ནི། །ཤེས་རབ་འདབ་མ་རབ་ཏུ་འཕེལ།«་་་་་དཔེ་གཅིག་ཏུ་ལྟ་བུར་ཞེས་པའང་ཡོད།» །གུ་བའམ་བློ་ནི་དམན་པ་ཡི། །
ཤེས་རབ་འཕེལ་བའི་རྣལ་འབྱོར་རོ། །ཞེས་པ་སྟེ། འཁོར་ལོ་དང༌། སྔགས་དང༌། ཏིང་ངེ་འཛིན་དང༌། དེའི་ཕན་ཡོན་བསྟན་པ་རྣམས་རིམ་པར་འཁོར་ལོ་སོགས་དང༌། ཨོཾ་པྲཛྙེ་སོགས་དང༌། དངོས་པོའི་སོགས་དང༌། འདིའི་ས་བོན་སོགས་ཀྱི་བསྟན་པའི་ཚུལ་སློབ་དཔོན་རིན་པོ་ཆེ་དཔལ་ལྡན་རྩེ་མོའི་ཞབས་ཀྱིས་ཀྱང༌། ཤེས་རབ་འཕེལ་བའི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་ལ་བཞི་ལས། དང་པོ་འཁོར་ལོའི་བྱ་བ་ནི་འཁོར་ལོ་ཞེས་ཤློ་ཀ་གཉིས་ཏེ། སྒྲོལ་མའི་སྐབས་སུ་བསྟན་པ་བཞིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་བསྟན་པའོ། །དངོས་པོའི་ངོ་བོས་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་ནི་བདག་གི་རྣལ་འབྱོར་སྟོན་ཏེ། སྔར་བརྗོད་པའི་ཚུལ་གྱིས་ཚོགས་གཉིས་དང༌། སྲུང་བའི་འཁོར་ལོ་བྱས་ལ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་པྲྃ་ལས་སམ་དེ་ལས་པདྨ་ལ་སྟེ། སྙིང་པོའམ་ཆོ་ག་གསུམ་ལས་བསྐྱེད་པར་བྱའོ། །འདི་ལའང་སྤྲོས་པའི་བྱེ་བྲག་གིས་ཡན་ལག་རྫོགས་པར་བྱ་སྟེ། དབུ་རྒྱན་ལ་ནི་སྣང་བ་མཐའ་ཡས་སོ། །དེ་ནས་ཐུགས་ཀར་སྔགས་ཀྱི་ཕྲེང་བ་བཀོད་དེ་བཟླ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདིའང་འབུམ་ཕྲག་བཅུ་ལས་བརྒྱད་འགྱུར་ནི་གྲངས་ཀྱི་བསྙེན་པའོ། །དེ་ལྟར་བསྒོམས་ནས་འདིས་ལས་ཅི་འགྲུབ་པ་དེ་བསྟན་པའི་ཕྱིར་ཤེས་རབ་འདབ་མ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ཤེས་རབ་འཕེལ་བ་ཁོ་ན་འགྲུབ་བོ། །ཞེས་གསུངས་སོ། །གཉིས་པ་ལ་བདུན། རྣལ་འབྱོར་གང་གིས་འབྲི་བ། ཐབས་ཇི་ལྟ་བུས་བྲི་བ། གཞི་གང་ལ་བྲི་བ། སྣག་ཚ་དང་སྨྱུ་གུ་གང་གིས་འབྲི་བ། རྣམ་པ་ཇི་ལྟ་བུར་བྲི་བ། བྲིས་ནས་ཇི་ལྟར་བསྒྲུབ་པ། བསྒྲུབས་ཟིན་ནས་ཇི་ལྟར་བྱ་བའོ། །དང་པོ་ནི། རྣལ་འབྱོར་པ་དབང་དང་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ། བསྙེན་སོགས་དག་པར་བྱས་པས། འདི་ཉིད་ལས་གསུངས་པའི་མངོན་རྟོགས་སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བ་ལྟར་རམ། གུར་གྱི་རྒྱུད་དང་ཆ་མཐུན་པར་གསུངས་པས་དེ་ཉིད་ལས་གསུངས་པའི་ཤེར་ཕྱིན་དཀར་མོའི་བསྒོམ་བཟླས་ཇི་སྐད་བཤད་པ་བཞིན་བསྒྲུབས་པས་བདག་ཉིད་ནུས་
ལྡན་དུ་བྱའོ། །གཉིས་པ་ནི། འདི་ཉིད་ཤེས་རབ་འཕེལ་བར་བྱེད་པ་རྒྱས་པའི་ལས་ཡིན་པས། རྒྱལ་ཕུར་འགྲུབ་སྦྱོར་སོགས་རྣམ་པར་དགེ་བའི་ཉིན་ཤར་གྱི་དུས་སུ་རྒྱས་པའི་བསམ་པས་རྒྱན་གོས་སེར་པོ་དང་བཅས་ཏེ་ཁ་བྱང་དུ་ཕྱོགས་ལ་བྲིའོ། །གསུམ་པ་ནི། གཞུང་དུ་དམིགས་བསལ་མ་གསུངས་པས་གྲོ་གའམ་རས་སམ་ཤོག་བུ་དཀར་པོ་དྲི་མ་དང་བུག་བརྡོལ་སོགས་ཀྱི་སྐྱོན་མེད་པ་ཆེ་ཆུང་ཇི་ལྟར་འཚམས་པ་ལ་བྲིའོ། །བཞི་པ་ནི། གཞུང་དུ་དམིགས་ཀྱིས་མ་གསལ་ཡང༌། རྒྱས་པའི་ལས་ལ་བསྔགས་པའི་དྲི་བཟང་པོའི་ཆུ་དང་བཅས་པའི་མཚལ་གྱིས་སྣག་ཚ་དང༌། འབྲས་བུ་དང་བཅས་པའི་ཤིང་གི་སྨྱུ་གུས་བྲི་བར་བྱའོ། །ལྔ་པ་ནི། འཁོར་ལོ་ལྟེ་བ་དང་བཅས་པའི་མུ་ཁྱུད་རིམ་པ་གཉིས་ཀྱི་དབུས་སུ་པྲྃ། དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས། ཨོཾ་འཆང་བ་པོ་མིང་འདི་ཞེས་བྱ་བའི་ཤེས་རབ་རྒྱས་པར་མཛོད་ཅིག་ཧཱ་ཞེས་པའམ། ཨོཾ་དྷཱ་ར་ཀ་སྱ་པྲཛྙཱ་པུཥྚིཾ་ཀུ་རུ་ཧཱ། མུ་ཁྱུད་དང་པོ་ལ་འདབ་མ་བརྒྱད་དུ་བྱས་པའི་པྲྃ་གྱི་མདུན་ཤར་ནས་བརྩམས་ཏེ་གཡས་སྐོར་དུ། པྲ། ཛྙེ། མ། ཧཱ། པྲ། ཛྙེ། ཧཱུྃ། སྭཱ། ཞེས་པའི་ཡིག་འབྲུ་རེ་དགོད། གཉིས་པ་ལ། ཨཱ་ལི་བཅུ་དྲུག་གཡོན་སྐོར་དུ་དགོད། དེའི་ཕྱི་རོལ་དུ་ནོར་འཛིན་པ་ཏྲ་འོད་ཟེར་འཕྲོ་བས་བསྐོར་ནའང་རུང་ངོ༌། །སྔགས་ཀྱི་འབྲི་ཚུལ་གོང་ལྟར་བྱེད་པ་ཕྱག་ལེན་གྱི་ཟིན་བྲིས་ལས་འབྱུང་ཞིང༌། བུ་སྟོན་རིན་པོ་ཆེས་ཡི་གེ་གཡོན་སྐོར་དུ་འབྲི་བར་གདན་བཞི་རྩ་འགྲེལ་དུ་བཤད་དོ་ཞེས་གསུངས་པ་ལྟར་ན་སྤེལ་ཚིག་དང་འདབ་མའི་སྔགས་ཀྱང་དབུ་ཕྱིར་བསྟན་གཡོན་བསྐོར་དུ་དགོད་པར་བྱའོ།«་་་་༌།མུ་ཁྱུད་གཉིས་པར་བུ་སྟོན་རིན་པོ་ཆེས་དབྱངས་ཡིག་ཁོ་ན་དགོད་པར་གསུངས་པ་ལྟར་བྲིས་ཀྱི། གཞན་དུ་དབྱངས་གསལ་གཉིས་ཀ་དགོད་པར་གསུངས་པ་ལྟར་ན་མུ་ཁྱུད་གཉིས་བྱས་པའི་ནང་མ་ལ་དབྱངས་གཡོན་སྐོར་དང༌། ཕྱི་མར་གསལ་བྱེད་གཡས་སྐོར་དུ་བྲིའོ།» །དྲུག་པ་ནི། དེ་ལྟར་ལེགས་པར་བྲིས་ནས་དྲི་བཟང་པོས་བྱུགས་པའི་འཁོར་ལོ་སྟེགས་བུའི་དབུས་སུ་མེ་ཏོག་སིལ་མ་བཀྲམ་པའི་ཁར་ཞལ་རང་ལ་བསྟན་ཏེ་བཞག་པའི་མདུན་དུ་གཏོར་མ་དང༌། མཆོད་པ་བཤམ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་འཁོར་
ལོ་ལ་སྦྱང་ཁྲུས་རྒྱས་བསྡུས་གང་རིགས་བྱ། བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་སྔགས་ཀྱི་ཡིག་འབྲུ་རྣམས་པྲྃ་ལས་པདྨ་དཀར་པོ་པྲྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དཀར་མོ་ཞལ་གཅིག་མ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་བར་དུ་མེ་ཏོག་པདྨའི་སྡོང་བུ་འཛིན་པ། འདབ་མ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་ཟེའུ་འབྲུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟིས་མཚན་པ། ཞི་ཞིང་འཛུམ་ལ་རྒྱས་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བར་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱི་དབུར་བརྒྱན་པར་བསམ། སྒྲུབ་ཐབས་བརྒྱ་རྩ་དང༌། བུ་སྟོན་རིན་པོ་ཆེས་འགྲེལ་ཆེན་ལས་རིགས་བདག་མི་བསྐྱོད་པར་གསུངས་ནའང་འདིར་དཔལ་ལྡན་རྩེ་མོ་ཞབས་ཀྱི་བཞེད་པ་ལྟར་བཀོད་པའོ། །དེ་ནས་མཆོད་བསྟོད་མདོར་བསྡུས་དང༌། སྤྱན་མའི་ཕྱག་རྒྱའམ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་མིག་ཐུར་རམ་མ་འབྱོར་ན་རྡོ་རྗེ་བཟུང་ལ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་
ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང༌། སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་པས་སྤྱན་དབྱེ། མཆོད་པ་བསང་སྦྱངས་བྱིན་རླབས་སྤྱི་ལྟར་དང༌། མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། བཅོམ་ལྡན་འདས་མས་བདག་དང་འཆང་བ་པོ་ལ་བློ་གྲོས་ཀྱི་མཐུ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། མིང་སྤེལ་ཉིད་བསྒྲུབ་བྱའི་རྣམ་པ་ཇི་ལྟ་བ་གོས་རྒྱན་གཟབས་མཆོར་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཟླ་བའི་གདན་ལ་བཅོམ་ལྡན་འདས་མ་ལ་གུས་པའི་ཚུལ་གྱིས་གདོང་ཕྱོགས་ཏེ་འཁོད་པར་བསམས་ལ་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་སཏྭ་ཧཱུྃ་ཛཿཞེས་ཡང་ཡང་བརྗོད་པས་བསྒྲུབ་བྱ་ཉིད་བཀུག་སྟེ་བསྟིམས་པས་དངོས་སུ་གྱུར་པར་བསམས་ལ། ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་དྷཱ་ར་ཀ་སྱ་པྲཛྙེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་དབྱངས་གསལ་རྟེན་སྙིང་བཅས་ཅི་ནུས་བཟླ། གཏོར་མ་བསང་སྦྱངས་བྱིན་རླབས་སྤྱི་ལྟར་དང༌། མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བས། མདུན་བསྐྱེད་ཀྱིས་ཀྱང་དེ་དེ་བཞིན་དུ་བགྱིའོ་ཞེས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ་འོད་དུ་ཞུ་བ་ལས་བྱུང་བའི་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བ་དང༌། བསྒྲུབ་བྱའང་མིང་སྤེལ་གྱི་རྣམ་པར་གྱུར་ཅེས་བརྗོད་ཅིང་བསམ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཐོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སོགས་སྤྱི་ལྟར་ལ་བྱེ་བྲག་ཏུ་རིག་པའི་འཁོར་ལོ་དེ་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་བཅོམ་ལྡན་འདས་མ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་འཆང་བ་པོས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་བློ་གྲོས་ཀྱི་མཐུ་ཕུན་སུམ་
ཚོགས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མང་དུ་བརྗོད་ཅིང་མེ་ཏོག་འཐོར། བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་དོ། །བདུན་པ་ནི། རབ་གནས་གྲུབ་ནས་བདག་བསྐྱེད་ཀྱི་མཇུག་གི་བྱ་བ་བྱ་ཞིང༌། འཁོར་ལོ་ལྟེ་བ་མ་ཉམས་པར་བལྟབ། ཚོན་སྐུད་ཀྱིས་དཀྲི་བའམ། གང་ལྟར་ཡང་ན་བཟའ་སེར་པོ་དང་བཅས་ཏེ་མཆོད་པའི་གྲལ་ཏུ་བཞག་ལ་ལྷ་དངོས་སུ་མོས་པས་མཆོད་བསྟོད་འདོད་དོན་གསོལ། ཡང་ན་སྤྱི་བོའམ་མགུལ་དུ་བཏགས་ལ་གསོལ་བ་གདབ་པར་བྱའོ། །གསུམ་པ་ནི། རྒྱུད་ལས་བསྒོམ་བཟླས་ཀྱི་ཕན་ཡོན་ཇི་ལྟར་གསུངས་པ་བཞིན། རྨོངས་པའི་མུན་པ་ཞི་བ་དང༌། ཤེས་རབ་འགྲིབ་པའི་གེགས་སེལ་བ་དང༌། ཡང་དག་པའི་ཤེས་རབ་པདྨའི་འདབ་མ་ལྟར་རབ་ཏུ་རྒྱས་པས། གུ་བ་སྟེ་ལྐུགས་པའམ་བློ་གྲོས་ཤིན་ཏུ་དམན་པ་ཡིན་ཀྱང༌། རིག་པའི་སྔགས་ཀྱི་བྱིན་རླབས་ལ་བརྟེན་ནས་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་རྒྱས་པར་འགྱུར་བ་ནི་ངེས་པའོ། །ཞར་བྱུང་ཚུལ་འདིའི་བསྒོམ་བཟླས་དང་བསྙེན་པ་བགྱིད་པར་འདོད་ན། སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བའི་རྗེས་སུ་གནང་བ་ལེགས་པར་ནོད་དེ། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་པྲྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་མ་སོགས་ནས། ཆུའི་ལྷག་མ་ཡར་ལུད་པ་ལས་ཞེས་པའི་བར་གོང་ལྟར་ལས། འདི་ལ་ཞེས་པར་བདག་ལ་ཞེས་བསྒྱུར། མི་བསྐྱོད་པས་དབུར་བརྒྱན་ཞེས་བརྗོད། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྲྃ་ཡིག་དཀར་པོའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་དང༌། ཁྱད་པར་མཁྱེན་པའི་ཡེ་ཤེས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་གཉིས་སུ་མེད་པར་ཐིམ་པས་མ་རིག་པའི་
མུན་པ་བསལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་ཕུན་སུམ་ཚོགས་པ་རྒྱས་པར་གྱུར་པའི་མོས་པས། ཨོཾ་པྲྃ་སྭཱ་ཧཱ། ཞེས་དང༌། ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། ཞེས་དང༌། ཨོཾ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླ། ཐུན་བསྡུ་བ་ན་འདོད་དོན་ལ་གསོལ་བ་གདབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །ཤེས་རབ་ཕར་ཕྱིན་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག གཏོར་མ་འབུལ་ན། གཏོར་མགྲོན་མདུན་གྱི་ནམ་མཁར་ཡན་ལག་བཞི་རྫོགས་ཀྱིས་བསྐྱེད་པའམ། སྤྱན་དྲངས་ལ་གོང་ལྟར་དབུལ། བསྙེན་པ་བྱེད་ན་སྔགས་གཞན་གཉིས་ཅི་རིགས་པ་དང༌། གཙོ་བོར་ཡི་གེ་བཅུ་པ་འབུམ་ཕྲག་བཅུའམ། བརྒྱད་ཅུ་བཟླས་པས་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་མ་ཡི། །རིག་པའི་འཁོར་ལོའི་སྣང་བ་ཆེས། །འགྲོ་ཀུན་རྨོངས་པའི་མུན་སེལ་ཞིང༌། །བློ་མཆོག་པདྨོ་རྒྱས་གྱུར་ཅིག །ཅེས་པའང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཇམ་མགོན་ས་པཎ་གྱི་གསུང་མཚན་བཅས་དང༌། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་རྣམ་བཤད་གནད་ཀྱི་གསལ་བྱེད། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རྒྱ་ཆེར་བཤད་པ་སྙིང་པོའི་དེ་ཁོ་ན་ཉིད་གསལ་བ་རྣམས་དང༌། ལོ་ཙཱ་བ་མ་ཎི་ཀ་ཤྲཱིའི་ཟིན་བྲིས་སོགས་ལ་བརྟེན་ནས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སཏྭཱ་ནཱཾ་པྲཛྙཱ་ལཀྵྨཱིཾ་སྥུ་ཊཾ་བྷཱུ་ཡཱ་ཏྲ།། ༈ །ཤེར་ཕྱིན་དཀར་མོའི་བསྒོམ་བཟླས་སྙིང་པོའི་སྣང་བ་བཞུགས་སོ། །ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་བསྒོམ་བཟླས་ལ་བརྟེན་ནས་བློ་དང་ངག་གི་དཔལ་ཡོན་བསྒྲུབ་པར་འདོད་པས། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །གུས་པས་སྐྱབས་མཆི་སེམས་ཅན་དོན། །རྫོགས་པའི་
སངས་རྒྱས་བསྒྲུབ་པར་བགྱི། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པད་ཟླའི་སྟེང༌། །རང་སེམས་ཨོཾ་ཡིག་དཀར་པོ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་བདག་ཉིད་སྐད་ཅིག་གིས། །ཤེས་རབ་ཕ་རོལ་ཕྱིན་པ་མོ། །རབ་དཀར་ཡིད་འོང་མཚན་དཔེས་བརྒྱན། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་རྒྱས། །པདྨ་དཀར་དམར་སྡོང་བུ་འཛིན། །འདབ་མ་སྙན་ཐད་ཁ་བྱེ་བར། །ཤེར་ཕྱིན་གླེགས་བམ་ཟུང་གིས་མཚན། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་དབུས་པད་དཀར་འདབ་བརྒྱད་པའི། །ལྟེ་བར་ཨོཾ་ལས་ཡེ་ཤེས་སེམས། །རང་འདྲའི་ཐུགས་ཀར་པད་ཟླའི་སྟེང༌། །ཏིང་འཛིན་སེམས་དཔའ་ཨོཾ་དཀར་པོ། །དེ་ལས་མུ་ཏིག་ལྟར་དཀར་བའི། །སྔགས་ཕྲེང་འོད་ཟེར་དང་བཅས་བྱུང༌། །ལྟེ་བ་ནས་ཐོན་ཞལ་ནས་ཞུགས། །ཐུགས་ཀའི་ཨོཾ་ལ་གཉིས་མེད་ཐིམ། །སླར་ཡང་མགལ་མེད་ལྟར་འཁོར་བས། །རྨོངས་པའི་མུན་པ་ཀུན་བསལ་ནས། །ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷཱ་ནི་ཛྭ་ལ་ཛྭ་ལ་མེ་དྷཱ་ཝརྡྷཱ་ནི་དྷི་རི་དྷི་རི་བུདྡྷི་ཝརྡྷཱ་ནི་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར་ཐུན་ལས་ལྡང་བ་ན། བཅོམ་ལྡན་འདས་མས་བདག་སོགས་ལ། །ཤེས་རབ་ཡེ་ཤེས་སྣང་བ་སྩོལ། །རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ། །རྡོ་རྗེའི་ཡི་གེས་མཚན་པར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །ཤེས་རབ་ཕར་ཕྱིན་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་སུ་ཤྲེ་ཡནྟུ།། །།
ཤེར་ཕྱིན་ཡི་གེ་གཅིག་མའི་གཞུང་གསལ་བྱེད་དང་བཅས་པ།
ཤེར་ཕྱིན་ཡི་གེ་གཅིག་མའི་གཞུང་གསལ་བྱེད་དང་བཅས་པ་བཞུགས་སོ།།
ན་མོ་ཨེ་ཀ་ཨཀྵ་རཱ་ཡ། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱེ་བ་ཕྲག་བརྒྱད་པ་ལ་སོགས་པའོ། །ལམ་ཤེར་ཕྱིན་ནི་ལམ་ལྔ་ལ་སྦྱར་བའོ། །དོན་ཤེར་ཕྱིན་ནི་སྟོང་པ་ཉིད་དོ། །དེ་ལ་དོན་བརྗོད་པའི་གཞུང་ཡི་གེ་གཅིག་མའི་མན་ངག་ནི། ནངས་པར་གཉིད་སད་པ་དང་མལ་ནས་ལངས་ཏེ་ཁྲུས་བྱས་ལ་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་དེའི་གོ་འཕང་ལ་དགོད་པར་བྱ་སྙམ་དུ་སེམས་བསྐྱེད་ལ་འདི་སྐད་ནས་འདི་ལྟའི་བར་དུ་བཟླ། དེ་ལས་སྣོད་བཅུད་ས་ལམ་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་སྟོང་པ་ཉིད་དུ་བསམས་པས་འབྱུང་བ་མ་ཡིན་ཏེ། རང་བཞིན་གྱི་གནས་པ་མ་ཡིན་ནོ། །དེ་ལ་བློ་བཞག་ལ། ཨ་ཞེས་པ་ཉི་ཤུ་རྩ་གཅིག་གོང་བས་ཐོས་ཙམ་དུ་བཟླའོ། །བླ་མ་དྷ་བྱང་སེམས་ནི་ཨཾ་ཞེས་བྱ་བ་ཡིན་ཏེ། ཐིག་ལེ་ཤེས་རབ་ཨ་ཐབས་སོ། །ཞེས་གསུངས་སོ། །འདི་ནི་ཨ་ཟློ་བ་དོན་ཐབས་
ཤེས་རབ་བོ། །དེ་ལྟ་བུ་དོན་ཉི་ཤུ་རྩ་གཅིག་གདོན་ཡང་འགལ་བ་མེད་དོ། །དེ་ནས་རྗེས་སུ་ཡི་རང་བ་བཏོན་ལ་དགེ་བ་བསྔོ། །སྨོན་ལམ་བཏབ་སྟེ་ལྡང་ངོ༌། །དེ་ལྟ་བུ་ནི་བཀའ་རྒྱས་པ་ཚར་རེ་བཏོན་པ་དང་མཉམ་མོ། །དེ་ནི་དོན་ཐམས་ཅད་འདིར་འདུས་པའི་ཕྱིར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲྭ་བ་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་སོ། །བྱང་སེམས་བཻ་རོའི་འོ། །། ཞེས་དཔལ་ས་སྐྱ་པའི་མན་ངག་གཅེས་བཏུས་ལས་བྱུང་བའོ།། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཤེར་ཕྱིན་ཡི་གེ་གཅིག་མའི་གཞུང་གི་དོན་གྱི་མན་ངག་ནི་ལྔ་སྟེ། རང་བཞིན་སྒྲ་ལ་སེམས་གཟུང་ཐབས་གནད་དང་བཅས་པ་དང༌། རྟེན་ཕྱག་རྒྱ་ལ་བརྟེན་ནས་སེམས་གཟུང་བ་དང༌། ལུས་གནད་རླུང་གི་བྱེ་བྲག་ལ་བརྟེན་ཏེ་སེམས་གཟུང་བ་དང༌། གདོན་ཐབས་ཕན་ཡོན་དང་བཅས་པ་དང༌། སྲུང་བ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གཞག་ཐབས་དང༌། ངོ་བོ་དང༌། སྐྱོན་འཆོས་ཐབས་སོ། །དང་པོ་ནི། བྱ་བ་ཐམས་ཅད་
བཏང་ལ། གནས་དབེན་པར་འདུག ལུས་ཆ་མཉམ་ལ། ཨ་ཞེས་རིང་པོ་བརྗོད་ལ་སྒྲ་ལ་ཤེས་པ་གཏད། སྐད་ཇེ་ཕྲ་ཇེ་ཕྲ་ལ་ཉལ་གྱིས་གཏོང༌། སེམས་ནམ་ཟིན་ཟིན་གྱི་བར་བྱའོ། །གཉིས་པ་ནི། ངོ་བོ་ཤེས་པ་གསལ་ལ་མི་རྟོག་པ་སིང་ངེ་བའོ། །གསལ་ལ་མ་བྱིངས་མ་རྨུགས་པའོ། །མི་རྟོག་པ་ལས་མ་འཕྲོས་པའོ། །གསུམ་པ་ལ་གཉིས་ཏེ། མཉམ་གཞག་དང༌། རྗེས་ཐོབ་བོ། །མཉམ་གཞག་ལ་གཉིས་ཏེ། རྒོད་པ་དང་བྱིང་བའོ། །དང་པོ་ནི་ཨ་ཐུང་ངུ་བགྲང་ཞིང༌། ཨའི་སྒྲ་ལ་ཤེས་པ་གཏད་ལ་ཤེས་པ་དམད་པའོ། །གཉིས་པ་ནི། ཤེས་པ་གཟེངས་བསྟོད་ལ་སྒོ་ལྔ་བསལ་བར་བྱས་ཏེ། ཨ་རིང་པོ་ནར་གྱིས་བགྲང༌། ཡང་ནས་ཡང་དུ་བསྒོམ་པར་བྱའོ། །རྗེས་ཐོབ་ནི། ཨ་སྐྱེ་མེད་དང་རྟོགས་པ་དུས་མཚུངས་སོ། །དེ་ལ་གོམས་པར་བྱ་བའི་ཐབས་ནི། བརྗོད་བྱ་དོན་གྱིས་བསྐུལ་བར་བྱའོ། །དེ་ཡང་བདག་ལ་བརྔན་བགྲངས་ཞིང་སྨོད་པ་དང༌། ཆགས་སྡང་ནམ་སྐྱེས་ཙམ་ན་ཡང༌། ཨ་ཞེས་བརྗོད་པས་སྐྱེ་མེད་ཀྱི་དོན་དྲན་པར་བྱའོ། །གཉིས་པ་རྟེན་ཕྱག་རྒྱ་ལ་སེམས་གཟུང་བ་ནི་གཉིས་ཏེ། གཞག་ཐབས་ནི་མཉམ་གཞག་གི་ཕྱག་རྒྱ་བཅིངས་ལ་སྲིན་ལག་གཉིས་ལ་ཤེས་པ་གཏད། ཨ་ཞེས་རིང་པོར་བཀླག ཨ་རུ་གསལ་བར་བསམ་ཞིང་བསྒོམ་ན་མི་ཟིན་མི་སྲིད་དོ། །སེམས་ཅན་གྱི་སེམས་སྤྲོས་བྲལ་དུ་བཞུགས་པའི་བརྡར་ཡི་གེ་ཨར་གནས། དེ་ལྟར་མ་ཤེས་ཏེ་རྣམ་རྟོག་གིས་བསྒྲིབས་པའི་བརྡར་ཁྲག་སྦལ་ནི་མེའི་ཚུལ་དུ་གནས། དེ་ལྟར་ཉམས་སུ་བླངས་པས་ཡེ་ཤེས་རླུང་སྲོག་དག་པའི་ཡི་གེ་ཨ་ཝ་དྷཱུ་ཏཱི་ནས་ཡར་ཚངས་པའི་བུ་གར་འཇུག་པས་འཕོ་བར་ཡང་འགྱུར། ལས་ཀྱི་རླུང་སྣ་བུག་ནས་རྒྱུ་བས་ཨ་ཡི་ཕྱི་ནང་རྟོག་མེད་དུ་འཆར། སྐྱོན་བཅོས་པ་ནི། གོང་
གི་དེ་ལ་རྒོད་པ་མི་འོང༌། བྱིང་ན་ཕྱག་རྒྱ་སྤྱི་བོར་བཞག་ལ་མིག་ཡར་བཟློག་ཅིང༌། ཨ་ཞེས་བརྗོད་ཅིང་ཨ་ལ་ཤེས་པ་སིང་སིང་གཏད་དོ། །གསུམ་པ་ལུས་གནད་ནི་གསུམ་སྟེ། སྔོན་བྱུང་སྟོན་པས་བརྟག་ཚུལ་ནི། སྟོན་པ་འཁོར་ཚོགས་ན་ཆོས་གསུང་བ་དེ་ཙམ་ན། ཕྱག་གཉིས་པུས་མོ་ལ་བཞག་ནས། ཞལ་འཛུམ་མཛད་ནས་ཨ་ཞེས་བརྗོད་པས་ས་གཡོ་བ་བྱུང་བས་ད་ལྟ་ཡང་སེམས་མི་ཟིན་མི་སྲིད་དོ། །གཞག་ཐབས་ནི། ལུས་རྣམ་སྣང་གི་ཆོས་བདུན་དང་ཚུལ་མཐུན་པར་བྱས་ཏེ། མཆུ་བཙུམས་ནས་ཨ་རིང་ཁོང་ནས་བགྲང༌། སྐད་སྣ་ནས་དྲག་ཏུ་བགྲང་ངོ༌། །དབུགས་ཚངས་པའི་བུ་གར་འགྲོ་བས་སེམས་ཟིན་ནོ། །དེ་འདྲ་བ་ཡང་དང་ཡང་དུ་བྱས་ནས་རླུང་ཚངས་པའི་བུ་གར་འགྲོ་བས་ལུས་གནད་ཀྱིས་མི་ཟིན་མི་སྲིད་དོ། །སྐྱོན་བཅོས་པ་ནི། རྒོད་པ་ནི་སྨིན་མཚམས་སུ་ཨ་གསལ་བར་བསྒོམས་པས་ཤེས་པ་མི་འཕྲོ། བྱིང་བ་ལ་ཨའི་སྒྲ་མིག་ནས་བཏོན་ཏེ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་པས་མིག་ལྡེམ་ལྡེམ་བྱས་ཤིང༌། ཨའི་སྒྲ་མིག་ནས་ཕར་སངས་སངས་འོང་བར་བསམ་མོ། །དེས་གཉིད་ཡུལ་དབྱུང་བའོ། །བཞི་པ་གདོན་ཐབས་ཕན་ཡོན་དང་བཅས་པ་ལ་གཉིས་ཏེ། བདག་དོན་དང་གཞན་དོན་ནོ། །དང་པོ་ལ་བཞི་སྟེ། སེམས་བསྐྱེད་པ། ཁྲུས་བྱ་བ། ཡུམ་བསྐྱེད་པ། ཡུམ་གདོན་པའོ། །དེ་ལ་དང་པོ་སེམས་བསྐྱེད་པ་ནི། རང་དོན་ལས་ལོག་ནས་སེམས་ཅན་གྱི་དོན་བྱ་བར་སེམས་བསྐྱེད། དེ་ལྟར་རྟོགས་པ་རྒྱུད་ལ་ལྡན་པར་སེམས་བསྐྱེད་པའོ། །གཉིས་པ་ཁྲུས་ལ་གསུམ་སྟེ། སྐམ་ཁྲུས་དང༌། གཤེར་ཁྲུས་དང༌། ཏིང་ངེ་འཛིན་གྱི་ཁྲུས་སོ། །དང་པོ་ནི་ནངས་པར་ལངས་ལ། ཁམས་བསིང༌། སྣབས་ལུད་དབྱི། མིག་རྣག་དབྱི།
ཁ་སྒོ་བསལ་ལ་མདོ་གདོན་པའོ། གཤེར་ཁྲུས་ནི། ནངས་པར་ལངས་ལ། དང་པོ་ཆུ་འཁྱོར་བར་བླུགས་ལ་ཁ་བཤལ། གཉིས་པ་ཁ་རུ་བླུགས་ལ་མིད། དེ་ནས་ལག་པ་བཀྲུ། དེས་ནི་ལུས་ཀྱི་སྡིག་པ་དག་པའོ། །བྱད་བཀྲུས་པས་ངག་གི་སྡིག་པ་དག་པའོ། །སྔར་གྱི་སྡིག་པ་དག་ནས་ཕྱིས་མི་བྱེད་པར་དམ་བཅས་པས་ཡིད་ཀྱི་སྡིག་པ་འདག་གོ །ཏིང་ངེ་འཛིན་གྱི་ཁྲུས་ནི། སྙིང་གར་ཨ་གཅིག་བསམ། ཨ་དེ་ལས་ཨ་གྲངས་མེད་པ་སྤྲོས་ལ། རང་གི་བག་ཆགས་ཀྱི་རྟེན་ཕུང་པོ་བསྲེགས་ནས་མི་དམིགས་པར་བསམ་མོ། །གསུམ་པ་ཡུམ་བསྐྱེད་པ་ནི། མི་དམིགས་པའི་ངང་ལས་སྐད་ཅིག་གིས་རྫོགས་ཚུལ་དུ་བསྐྱེད་པ་ནི། སྐུ་མདོག་གསེར་བཙོ་མའི་མདོག་འདྲ་བ། གདན་ནི་མ་ཆགས་པདྨ། བཞུགས་ཚུལ་ནི་འགྲོ་དོན་མཛད་པའི་ཕྱིར་བཞེངས་སྐུ། ཕྱག་གཡས་དང་པོ་ནི་སེམས་ཅན་གྱི་ཉོན་མོངས་དྲྭ་བ་གཅོད་པའི་རྟགས་སུ་རལ་གྲི། འོག་མ་ན་སེམས་ཅན་ཐམས་ཅད་འཁོར་བ་ནས་འདྲེན་པའི་རྟགས་སུ་བགྲང་ཕྲེང་མཐེབ་སྲིན་གྱིས་བཟུང་བ། ཕྱག་གཡོན་གྱི་དང་པོ་མཉམ་གཞག་མཛད་པ། འོག་མ་ན་པུསྟི་བསྣམས་པའོ། །བཞི་པ་ཡུམ་གདོན་པ་ནི། རང་ཡུམ་དུ་གསལ་བས་རྒྱ་གར་སྐད་ནས་འདི་ལྟ་སྟེ་ཡན་ཆད་གདོན། དེ་ནས་ཡུམ་མེད་པར་ཨ་ལྕེ་ཐོག་ཏུ་གསལ། དེ་ཡང་སྐྱེ་མེད་དུ་ཡལ་བར་བསམས་ནས་ཨ་ཞེས་རིང་བར་ཉི་ཤུ་རྩ་གཅིག་བཏོན་པས། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་ལྷངས་ཀྱིས་གསལ་བའོ། །དེའི་དོན་ནི་སྨྲ་བསམ་བརྗོད་མེད་ཅེས་པའི་དོན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་རྫོགས་སོ་ཞེས་པ་ཡན་ཆད་གདོན་ནོ། །འདི་ལྟར་བཏོན་ན་སྡིག་པ་བྱེད་ཅིང་བཏོན་པའི་འབུམ་ཚར་རེ་བས་དགའ་གསུངས་སོ། །གཉིས་པ་གཞན་དོན་ནི། གོང་དུ་འདི་ལྟ་སྟེ་ཡན་ཆད་
མཐུན། ནམ་མཁའ་ལ་བལྟས་ཏེ་ཨ་བཅུ་གཅིག་བརྗོད་པས། སྟེང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱིས་དང་པོ་སྐྱེ་མེད་ཚིག་ཏུ་ཐོས། གཉིས་པས་གོ། གསུམ་པས་དོན་དང་ལྡན། བཞི་པས་དོན་མི་འགྱུར་བས་སྐྱེ་བ་མེད་པར་བསམ་མོ། །དེས་འགྲེའོ། །དེ་ལྟར་ཕྱོགས་བཅུར་བཏོན་པས་ཨ་བརྒྱ་དང་བཅུ་ཐེམ་པའོ། །དེ་ནི་ཁེ་དྲག་འདོད་པས་སྲོག་བཅད་ཅིང་གཞན་ལ་བསྡུས་བསྡུས་པའི་ཆོས་གཅིག་པས་དགའ་འོ། །བདག་དོན་གཞན་དོན་གཉིས་ཀ་ལ་དང་པོ་སེམས་བསྐྱེད་འབྱུང༌། བར་དུ་མི་དམིགས་པ་གཅིག་འོང༌། ཐ་མར་བསྔོ་བ་ཡོང་བའོ། །དེ་ལྟར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱ་བའོ། །གང་ནས་བཤད་ན། ཉི་ཁྲིའི་རྟག་ཏུ་ངུ་ནས་བཤད་ཅིང༌། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ནས་ཀྱང་བཤད་དོ། །བཞི་པ་སྲུང་བ་ནི། སེམས་ཅན་རྣམས་ལ་ཕན་པ་དང་ཞེས་པས། བདག་གཞན་དོན་གཉིས་ཀའི་ལུས་སྲུང་བ་ལ་གསུམ་སྟེ། དང་པོ་ཕྱི་སྟོང་པ་ཉིད་ནི་སྟོང་པའི་གོ་ཆ་བླ་ན་མེད་པའོ། །དེ་ཡང་ཕྱི་འཇིག་པའི་ཡུལ་འབྱུང་བ་ལྔ་དང་དགྲ་བགེགས་ཐམས་ཅད་སྟོང་པ་ལས་མི་གཞན་པས་བསྒྲུབ་རྒྱུ་མེད། ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་པས་རང་སར་འཇིག བར་དུ་གཅོད་པའི་ཡུལ་མེད་པའོ། །གཉིས་པ་ནང་སྟོང་པ་ཉིད་ནི་འཇིག་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཐམས་ཅད་ཨ་ཉི་ཤུ་རྩ་གཅིག་བརྗོད་པས་སྟོང་པར་བསྒོམ། འཛིན་པའི་སེམས་སྟོང་པ་ཉིད་དེ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་ལ་སྟོང་པ་ཉིད་དུ་བསྒོམ་མོ། །གསུམ་པ་སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་རང་དུ་ཡང་འདོད་རྒྱུ་མེད་པ་ལ་བྱ་སྟེ། ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་པས། སྟོང་པ་རང་དུ་འདོད་པ་དང་བྲལ་བར་བསམ་
མོ། །དེ་ནི་ཆེན་པོ་སྟོང་པ་ཉིད་ཅེས་སྟོང་པ་ཕྱོགས་གཅིག་ཏུ་མ་སོང་བས་སོ། །ཉི་ཚེ་བའི་སྟོང་པ་མི་སྲིད་པའི་ཆོས་བཞི«་་་་་རི་བོང་རྭ། ནམ་མཁའི་མེ་ཏོག རུ་སྦལ་སྤུ། མོ་གཤམ་གྱི་བུའོ།།» ལྟ་བུ་མ་ཡིན་པ། བཀག་ནས་སྟོང་པའམ། བཤིག་ནས་སྟོང་པའམ། མེད་ནས་སྟོང་པ་ལྟ་བུ་མ་ཡིན་ཏེ། སྣང་བ་ཐམས་ཅད་རང་བཞིན་གྱིས་སྟོང་པའོ། །རང་རིག་པ་དེ་ཉིད་ལྟ་བུར་འབྱུང་བའོ། །བླ་མ་ས་སྐྱ་པ་ཆེན་པོ་ནས་བརྒྱུད་པའི་གདམས་ངག་རྫོགས་སོ།། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡི་གེ་ཨ་གདོན་པའི་གདམས་ངག་ཅེས་ཀྱང་བྱ། གྲིབ་སེལ་བའི་མན་ངག་ཅེས་ཀྱང་བྱ། འདི་ཉམས་སུ་ལེན་པར་འདོད་པའི་རྟེན་གྱི་གང་ཟག་གིས། དང་པོར་སེམས་བསྐྱེད་བྱ་བ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་བར་ཆད་ཞི་བ་དང༌། སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་ཨ་གདོན་པར་བྱ་སྙམ་དུ་སེམས་བསྐྱེད་ལ། དངོས་གཞི་ལྷ་བསྒོམ་པ་དང༌། སྔགས་བཟླ་བ་གཉིས་ལས། དང་པོ་ནི། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་རང་ཉིད་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཕྱག་གཡོན་གྱི་དང་པོ་མཉམ་གཞག་མཛད་པ། གཡས་གཉིས་ཀྱི་དང་པོ་«་་་་་ལ་ལར་རྡོ་རྗེ།» སྐྱབས་སྦྱིན་མཛད་པ། གཡོན་གྱི་གཉིས་པ་ན་པུསྟི་བསྣམས་པ། གཡས་གཉིས་པ་རྡོ་རྗེ་«་་་་་ལ་ལར་ཕྲེང་བ་བཤད།» བསྣམས་པ། ནུ་མ་སྲ་བ་འབུར་བ། སྐེད་པ་ཕྲ་བ། རིན་པོ་ཆེའི་རྒྱན་དང་ལྡན་པ་ཞིག་བསམ་ལ། དེ་ཉིད་ཀྱི་སྤྱི་བོར་ཨོཾ་དཀར་པོ་ཞིག་བསམ། མགྲིན་པར་ཨཱཿདམར་པོ་ཞིག་བསམ། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ནག་ཅིག་བསམ། གཉིས་པ་ལ་ལས་ཚོགས་བདུན་ལས། དང་པོ་ནི། ངག་ཏུ་ཨོཾ་བརྗོད་པས་སྤྱི་
བོའི་ཨོཾ་ལས་འོད་འཕྲོས་པས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཕོག དེ་རྣམས་ཨོཾ་དུ་གྱུར་པར་བསམ། ཨོཾ་ཡང་བརྩིགས་པ་བཞིན་དུ་ཆེར་འབུར་ཉེར་འབུར་བཞུགས་པར་བསམས་ལ། ངག་ཏུ་ཨོཾ་མང་དུ་བགྲང་བར་བྱའོ། །དེ་ལྟར་བྱས་ནས་ཕ་བསད་མ་ཐག་དང་མཚམས་མེད་པ་ལྔ་བྱས་པའི་མི་ལ་ཆོས་བཤད་ཀྱང་གྲིབ་མི་འོང་ངོ༌། །མི་བརྫུན་ཆེ་བའམ་ངག་གི་སྒོ་ནས་སྡིག་པ་ཤས་ཆེར་སྤྱད་པའི་སྐྱེས་བུ་འགའ་ཞིག་ལ་ཆོས་བཤད་དགོས་ན། གཉིས་པ་ནི། ཡུམ་ཆེན་མོའི་ང་རྒྱལ་དང་ལྡན་པར་བྱས་ལ་ངག་ཏུ་ཨ་བརྗོད་པས་མགྲིན་པའི་ཨཱཿལས་འོད་འཕྲོས། ཕྱི་སྣོད་ནང་བཅུད་ཐམས་ཅད་ལ་ཕོག་པས་དེ་རྣམས་ཨར་གྱུར་པར་བསམ། ཆེར་འབུར་ཉེར་འབུར་ཡོད་པར་བསམས་ལ། ངག་ཏུ་ཨ་མང་དུ་བརྗོད་ལ་ཆོས་བཤད་པར་བྱ། དེ་ལྟར་བྱས་ན་གྲིབ་མི་འོང་ངོ༌། །གསུམ་པ་ནི། ཡུམ་ཆེན་མོའི་ང་རྒྱལ་དང་ལྡན་པར་བྱས་ལ་ངག་ཏུ་ཧཱུྃ་བརྗོད་པས། སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ནང་བཅུད་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་གྱུར་པར་བསམ། ཧཱུྃ་དེ་རྣམས་ཀྱང་བརྩིགས་པ་བཞིན་དུ་ཆེར་འབུར་ཉེར་འབུར་ཡོད་པར་བསམས་ལ་ངག་ཏུ་ཧཱུྃ་མང་དུ་བརྗོད་ན་གྲིབ་ཀྱིས་མི་ཚུགས་སོ། །བཞི་པ་ནི། སྙིང་གའི་ཧཱུྃ་ལས་ཧཱུྃ་ནམ་མཁའ་གང་བར་ཆེར་འབུར་ཉེར་འབུར་གཏམས་པ་སྤྲོས་པ་རྣམས། ཕྱག་ན་རྡོ་རྗེར་གྱུར་ཏེ་ངག་ཏུ་བརྗོད་པས། ཆོམ་པོ་ལ་སོགས་པའི་འཇིགས་སྐྲག་ཞི་བར་འགྱུར། ལྔ་པ་ནི། མགྲིན་པའི་ཨཱཿལས་ཨ་ཆེར་འབུར་ཉེར་འབུར་གཏམས་པ་སྤྲོས་པ་རྣམས། འཇམ་དཔལ་དུ་གྱུར་ཏེ་ཨ་ཞེས་ངག་ཏུ་བརྗོད་པས་ཁྲོ་བ་དང་གདུག་སེམས་དང་ལྡན་པ་རྣམས་ཀྱི་བསམ་པ་ཞི་བར་འགྱུར་རོ། །དྲུག་པ་ནི། སྤྱི་བོའི་ཨོཾ་ལས་ཨོཾ་ཆེར་འབུར་ཉེར་འབུར་གཏམས་པ་
སྤྲོས་པ་རྣམས། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་ཏེ་ཨོཾ་ཞེས་ངག་ཏུ་བརྗོད་པས། མི་གཙང་བ་དང༌། ཉམ་ང་བ་དང་གྲིབ་ལ་སོགས་པ་ཞི་བར་འགྱུར་རོ། །བདུན་པ་ནི། གློ་བུར་ཡེ་འདྲོག་ཡོང་དོགས་པ་ཡོད་ན། རང་ཡུམ་ཆེན་མོར་བསྒོམ། དེ་མ་གྲུབ་ན་ཡུམ་ཆེན་མོ་ཡིན་བསམ་པ་བྱས་ལ་ངག་ཏུ་ཨ་མང་པོའམ་བདུན་ཡན་ཆད་ཅི་འགྲུབ་བཟླས་ན་ཡེ་འདྲོག་ཞིའོ། །གཞན་ཡང་རྟ་ཞོན་པའི་དུས་དང༌། ཆུ་ཆེན་པོ་བརྒལ་བའི་དུས་དང༌། འཇིགས་པ་ཆེན་པོ་འོང་གི་དོགས་པའི་དུས་དེར་ཨ་གདོན་པ་གལ་ཆེ། ཟླ་བོ་ཡོད་ན་ཡང་ཀུན་ལ་ཨ་རྐྱང་གདོན་དུ་གཞུག་པ་གལ་ཆེའོ། །ལམ་འཕྲང་གཉེན་པོ་ཕྱགས་འདོན་གྱི་དུས་ཀྱང་དེ་བཞིན་དུ་ཨ་གདོན་པར་བྱའོ། །ལས་བྱེད་མཁན་རྣམས་དེ་བཞིན་དུ་ཨ་གདོན་དུ་གཞུག རང་གིས་ལྷ་བསྒོམ་པར་བྱའོ། །དམག་ལ་འགྲོ་ཡང་དམག་མི་རྣམས་ཀྱིས་ཨ་བཏོན་ན་དགྲ་ལས་རྒྱལ་བར་འགྱུར་རོ། །དེ་སྐད་དུ་ཡང་མཚན་བརྗོད་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་གསུངས་སོ། །ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གིས། སློབ་དཔོན་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་མནལ་ལམ་དུ་བསྟན་པ་ཡིན་གསུངས་ཏེ། ལམ་འཕྲང་གཉན་པོ་ཕྱགས་པ་དང༌། མཆོད་རྟེན་དང་ལྷ་ཁང་ཞིག་རལ་གསོ་བ་དང༌། ཉམས་པ་ཅན་གྱི་ཕྱིར་བཅོས་བྱེད་ན། ཨ་ཐོན་ལ་གྱིས་གསུངས། གདམ་ངག་འདི་ཐུགས་རྗེ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་ཞུས། དེ་ལ་བླ་མ་རིན་པོ་ཆེ་ཁམས་པས་གསན། དེས་མངྒ་ལ་ཤྲཱི། དེས་རཏྣ་ནཱ་ཐ། དེས་པྲཛྙཱ་གུ་རུའོ། །ཞེས་དཔལ་སྟག་ལུང་པ་ཆེན་པོ་བཀྲ་ཤིས་དཔལ་གྱིས་མཛད་པའི་སྒྲུབ་ཐབས་སྣ་ཚོགས་དངོས་གྲུབ་ཀྱི་བུམ་བཟང་ལས་བྱུང་བའོ།། ༈ །ཡུམ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཨའི་དེ་ཁོ་ན་ཉིད་བསྒོམ་པ་ལ་གསུམ་སྟེ། ལྷའི་སྐུ་ལ་བརྟེན་ཏེ་བསྒོམ་པ་དང༌། ཡིག་འབྲུ་ལ་བརྟེན་ཏེ་བསྒོམ་པ་དང༌། ཡང་དག་པའི་དོན་ལ་བརྟེན་ཏེ་བསྒོམ་པའོ། །དང་པོ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས། ཐམས་ཅད་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་ཚོན་གང་པ་འོད་ཟེར་ཕྱོགས་བཅུར་འཕྲོ་བར་བསམ། དེ་ནས་འཕགས་པ་མཆོད་ཅིང༌། འགྲོ་བ་མ་ལུས་པའི་དོན་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཡུམ་ཆེན་པོ་གསེར་གྱི་མདོག་ཅན་སྐུ་བྱད་ཕུན་སུམ་ཚོགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། ཕྱག་བཞི་པ། གཡས་གཡོན་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང༌། གཡས་གཉིས་པ་ན་ཕྲེང་བ་འཛིན་པ། གཡོན་གཉིས་པ་ན་པུསྟི་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། མེ་ལོང་དྭངས་པའི་གཟུགས་བརྙན་ལྟར་བསྒོམ་མོ། །དེའི་ཐུགས་ཀར་ཟླ་བ་དང་ཡི་གེ་གཅིག་པ་གསལ་བར་བལྟས་ལ། དེའི་འོད་ཀྱིས་རང་འདྲ་བའི་ཡེ་ཤེས་ཀྱི་ཡུམ་སྤྱན་དྲངས་ལ་བསྟིམ། ཨའི་སྒྲ་བར་མ་ཆད་པར་བཟླས་པས་འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་བསལ་བར་བསམ་ཞིང་ཅི་ནུས་ཀྱི་རྣལ་འབྱོར་དུ་བྱའོ། །ལྷ་བསྒོམ་པའོ། །དོན་གཉིས་པའི་མན་ངག་ནི། རང་ཡི་དམ་གྱི་ལྷ་ཡིན་སྙམ་དུ་བསྒོམས་ལ། དེའི་ཐུགས་ཀར་ཟླ་བ་ཉ་གང་བའི་གདན་ལ་ཨ་དཀར་པོ་འོད་ཟེར་འཕྲོ་བ་གཟི་བརྗིད་དང་ལྡན་པ་གདུགས་ལ་ཏོག་བཙུགས་པ་ལྟར་བསམ། དེ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཨའི་རྣམ་པར་གྱུར་ཏེ་རྡུལ་ཕྲ་རབ་རེ་རེ་ཡང་ཨའི་གཟུགས་སུ་ཧྲིག་གི་ཡོད་པར་བསམ་མོ། །ཡིག་
འབྲུའི་བཟླས་པའོ། །དོན་གསུམ་པའི་མན་ངག་ནི། ཡང་དག་པའི་འོད་གསལ་བ་ཡིན་པས། དེའི་ངོ་བོ་རང་སེམས་དང་ཐ་མི་དད་སྙིང་གར་ཨའི་ཡིག་འབྲུ་དཀར་ལ་འཚེར་བར་བསམ། ནམ་འཆི་བའི་དུས་སུ། ས་ཆུ་ལ། མེ་རླུང་ལ། རྣམ་ཤེས་ཐིམ་ཆད་ཨ་ལ་འདུས་པར་བསམ། ཨའི་དོན་འོད་གསལ་སྐྱེ་མེད་ཡིན་པས་མ་བཅོས་པའི་ངང་ལ་གཞག དེ་ནས་རང་གང་འདོད་པའི་གནས་སུ་རིག་པ་གཏད་ལ་ཨ་སྤྱི་བོ་ནས་ཡར་རྒྱངས་ཀྱིས་འཕང་ངོ༌། །ཡང་དག་པའི་མན་ངག་ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི་ལ། ཆོས་རྗེ་ལོ་ཙཱ་བ་ཆེན་པོས་ཞུས། དེ་ལས་བསོད་ནམས་དབང་ཕྱུག་བདག་གིས་ཞུས་སོ། །ཞེས་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་མན་ངག་བརྒྱ་རྩ་ལས་བྱུང་བའོ།། ༈ །ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡང་སྙིང་ཡི་གེ་གཅིག་མ་ཉམས་སུ་ལེན་པར་འདོད་པས། ཁྲུས་བྱས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བྱང་ཆུབ་སེམས་ཀྱི་དྲན་པ་མངོན་དུ་བཞག་ལ། སངས་རྒྱས་ཆོས་ཚོགས་ལན་གསུམ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷ྅ཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་སྐད་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་བཙོ་མའི་མདངས་ཅན། ཞལ་གཅིག་ཕྱག་བཞི་མ། ཕྱག་གཡས་ཀྱི་དང་པོས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་དང་པོས་མཉམ་གཞག་མཛད་པ། གཡས་ཀྱི་གཉིས་པས་བགྲང་ཕྲེང་དང༌། གཡོན་གྱི་གཉིས་པས་པུསྟི་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། ཞབས་
གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་སྐུར་གྱུར། ཅེས་བརྗོད་ཅིང་བསམས་ལ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང༌། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་འདི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཟུངས་ཤིག འདི་ལྟ་སྟེ། ཞེས་གླེང་གཞི་དང༌། མཉན་པར་གདམས་པའི་དོན་ཡིད་ལ་དྲན་བཞིན་དུ་བཏོན་པའི་མཐར། རང་ཉིད་ལྷ་སྐུའི་གསལ་སྣང་སྟོང་པར་སྦྱངས་ཏེ། ལྕེ་རྩེར་ཨ་ཡིག་ཙམ་ལ་སེམས་གཟུང༌། དེ་ཡང་མི་དམིགས་པར་བསམས་ལ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་བློ་བཞག་སྟེ་ཨ་ཉི་ཤུ་རྩ་གཅིག་གདོན། དེ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུའི་ངང་ནས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྟོགས་ཤིང་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་ཡི་རང་རྫོགས་པར་བཏོན། ཚར་གྲངས་མང་དུ་གདོན་ནའང་ཕྱག་འཚལ་ནས་བརྩམས་ཏེ་བསྐྱར། མཐར། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་
ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླངས་པས་ཡུམ་རྒྱས་པ་ཚར་རེ་བཏོན་པའི་བསོད་ནམས་དང་མཉམ་པས་མཚོན་ཕན་ཡོན་དཔག་ཏུ་མེད་པ་དང༌། བདུད་དང་བདུད་ཀྱི་རིས་ཀྱི་བར་དུ་གཅོད་པ་ཐམས་ཅད་སྲུང་བ་དང༌། མྱུར་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་བ་ཡིན་ནོ། །ཞེས་པའང་ཡིག་རྙིང་གསལ་བྱེད་དང་བཅས་པའི་དགོངས་དོན་སྙིང་པོར་དྲིལ་བའི་དགེ་བས་འགྲོ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་སིདྡྷི་རསྟུ། །སརྦ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། སོ་སོར་འབྲང་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ།
དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། སོ་སོར་འབྲང་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བཞུགས་སོ།།
ན་མོ་གུ་རུ་མ་ཧཱ་པྲ་ཏི་ས་རཱ་ཡེ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས་ལས་རྒྱས་པའི་ལྷའི་རྣལ་འབྱོར་བཅུ་འབྱུང་བའི་ནང་ཚན་འཕགས་མ་སོ་སོར་འབྲང་མའི་རྣལ་འབྱོར་ལ་གསུམ་སྟེ། ལྷའི་རྣལ་འབྱོར་བསྟན་པ་དང༌། པྲྃ་«་་་་་པྲ་ཏི་ས་རེའི་མིང་ཡིག་དང་པོ་ཟླ་ཕྱེད་ཐིག་ལེས་བརྒྱན་པ།» གི་ཡི་གེ་ལས་སྐྱེས་པ། །ལུས་ནི་དཀར་ཞིང་ཡིད་འོང་མ། །ལྷ་མོ་རལ་གྲི་འཁོར་ལོ་འཛིན། །སྤྱི་བོར་ཕན་པས་«་་་་་རིགས་བདག་རྣམ་སྣང་»མནན་པའོ། །རང་«་་་་་རང་ལས་མང་ཐོན་དུས་བཞིན་དུ། ཞེས་པའམ། རབ་འཐོན་དུས་ཞེས་འགྱུར་ཁྱད། ཟླུམ་པོའི་བཞུགས་ཚུལ་ཞེས་པ་འགྱུར་ཁྱད།» གི་མང་པོའི་དུས་ལྟ་བུར། །དཀྱིལ་འཁོར་དབུས་སུ་ཡང་དག་གནས། །ནམ་མཁའི་«་་་་་ནམ་མཁའི་གནས་ཏེ་བྷ་ག་ནས་ངོ་བོ་འཇམ་དབྱངས་རྣམ་པ་ཁྱེའུའི་གཟུགས་སུ་འབྱུང་བར་བསམ་པ།» གནས་ནས་འཇམ་པའི་དབྱངས། །འབྱུང་བ་རྣམ་པར་བསམ་པར་བྱ། «།དེ་ཉིད་ཀྱི་སྔགས་བསྟན་པ་དང༌།» ཨོཾ་མ་ཎི་«་་་་་མ་ཎི་དྷཱ་རི་ནོ་ནོར་བུ་འཛིན་པ་སྟེ་སྐྱེས་པ་དང་བུད་མེད་རིན་པོ་ཆེ་མངལ་དུ་འཛིན་པའོ། མ་ཧཱ་པྲ་ཏི་ས་རེ་ནི་ཀྱེ་སོ་སོར་འབྲང་མ་ཆེན་མོ་ཞེས་བོད་པའོ།» དྷཱ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། «ཕན་ཡོན་བསྟན་པའོ།» །བུད་མེད་གང་ཞིག་བུ་ཤི་བས། །སོ་སོར་འབྲང་མ་རྟག་དྲན་བྱ། །ཞེས་བྱ་བ་ནི་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས་བྱུང་བའོ། «།ས་བཅད་དང༌། མཆན་བུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་
པའི་ས་བཅད་དང༌། རྒྱུད་མཆན་ལས་བྱུང་བ་ལྟར་བྲིས་པ་དགེ།» ༈ །སོ་སོར་འབྲང་མའི་སྐབས་སུ། ཟླུམ་པོའི་བཞུགས་ཚུལ་ཡང་དག་གནས། །ཞེས་བྱ་བ་ནི་སོ་སོར་འབྲང་མ་ཉིད་ཀྱང་ཞབས་ཀྱི་སོར་མོ་རྣམས་ནང་དུ་བསྟན་ནས་བར་དུ་མཐོ་གསུམ་ཙམ་ཡོད་པར་བསྒོམ་པ་ནི་ཟླུམ་པོའི་འདུག་སྟངས་ཏེ་བུ་བཙའ་བའི་འཁྲུལ་འཁོར་རོ། །རང་ལས་རབ་འཐོན་དུས་བཞིན་དུ། །ནམ་མཁའི་གནས་ནས་འཇམ་པའི་དབྱངས། །འབྱུང་བ་རྣམ་པར་བསམ་པར་བྱ། །རྗེ་བཙུན་མའི་མངལ་ནས་འཕགས་པ་འཇམ་པའི་དབྱངས་མང་པོ་སྤྲུལ་ནས་སྤྲོ་ཞིང་སྔགས་བཟླས་ན་བུད་མེད་དེ་བུ་དང་ལྡན་པར་འགྱུར་རོ། །ཞེས་རྗེ་བཙུན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་རྡོ་རྗེ་གུར་གྱི་རྒྱན་ཅེས་བྱ་བའི་རྣམ་འགྲེལ་ལས་ཕྱུང་བའོ།། ༈ །སོ་སོར་འབྲང་མའི་སྒྲུབ་ཐབས་བཞུགས་སོ། །དཔལ་སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། །འདི་བསྒྲུབ་པར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་སུ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་ཝ་ཤུདྡྷོ྅ཧཾ་གིས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་པྲྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད།
སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཞལ་འཛུམ་བག་དང་ལྡན་པ། ཕྱག་གཡས་པས་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པས་འཁོར་ལོ་ཐུགས་ཀར་འཛིན་པ། ཞབས་གཉིས་ཟླུམ་པོའི་སྟབས་ཀྱིས་བཞུགས་པ། དབུ་སྐྲ་ནག་པོའི་ཐོར་ཅོག་ལ་མེ་ཏོག་གི་ཕྲེང་བའི་ཅོད་པན་གྱིས་མཛེས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། དར་གྱི་ཤམ་ཐབས་ཅན་དུ་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་པྲྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ལ་སངས་རྒྱས་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿརང་ལ་དབྱེར་མེད་དུ་འདྲེས། ནམ་མཁའ་ནས་རིགས་ལྔ་འཁོར་དང་བཅས་པས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་ཐུགས་ཀར་ཟླ་བའི་སྟེང་དུ་པྲྃ་དཀར་པོ། དེའི་མཐར་སྔགས་གཡས་སྐོར་དུ་འཁོད་པར་བསམ། དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཐུགས་ཀ་ནས་ཚེ་དང་དབང་ཕྱུག་ཐམས་ཅད་འོད་དཀར་པོའི་རྣམ་པས་སྙིང་གའི་ཡི་གེ་ལ་ཐིམ་པར་བསམས་ལ། ཨོཾ་མ་ཎི་དྷཱ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ངག་བཅད་དེ་ཅི་ནུས་སུ་བཟླ། མཐར་རང་སོ་སོར་འབྲང་མར་གསལ་བའི་མཁའ་ནང་ནས་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་བསམ་ཞིང་སྔགས་ཅི་ནུས་བཟླས་ནས། བཅོམ་ལྡན་འདས་མས་བདག་ལ་ཚེ་དང་དབང་ཕྱུག་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩལ་དུ་གསོལ། ཞེས་པས་དངོས་གྲུབ་བླངས་ལ་དགེ་བའི་རྩ་བ་སངས་རྒྱས་སུ་བསྔོ། འདི་ནི་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པར། བུད་མེད་གང་ཞིག་བུ་འདོད་པར། །སོ་སོར་འབྲང་མ་རྟག་དྲན་བྱ། །ཞེས་པའི་དོན་རྗེ་བཙུན་ཆེན་པོའི་གདམས་ངག་ལྟར་ཤཱཀྱའི་དགེ་སློང་
ཀུན་དགའ་བཟང་པོས་བྲིས་པའོ།། ༈ །འཕགས་མ་སོ་སོར་འབྲང་མའི་སྒྲུབ་ཐབས་བཞུགས། ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། བདག་དང་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སོ་སོར་འབྲང་མ་བསྒོམ་པར་བགྱིའོ། །ཞེས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྲྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་མ་སོ་སོར་འབྲང་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཡེ་ཤེས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་དང་ལྡན་པ་ཐུགས་ཀར་འཛིན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། དབུ་སྐྲ་རལ་པའི་ཐོར་ཅོག་ནག་པོ་སྤྱི་བོར་བཅིངས་པ། རིན་པོ་ཆེ་དང་མེ་ཏོག་གསར་པའི་རྒྱན་གྱིས་བརྒྱན་པ། ནུ་འབུར་ཟུང་གིས་མཛེས་ཤིང་ལང་ཚོ་ལ་བབས་པ། ཞབས་གཉིས་ཙོག་བུ་བུ་བཙའ་བའི་འཁྲུལ་འཁོར་གྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་འཕགས་མ་སོ་སོར་འབྲང་མའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་
ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རང་གི་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་པྲྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་རྗེ་བཙུན་མའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་དབང་ཕྱུག་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བཀུག་སྟེ་རང་གི་ལུས་ལ་ཐིམ་པར་ཡང་ཡང་བསམ་ཞིང༌། ཨོཾ་མ་ཎི་དྷཱ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་མང་བཟླས་རྗེས་རང་གི་མངལ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་མང་དུ་སྤྲོས་ཏེ་དེ་རྣམས་ཀྱིས་དོན་མཛད་པར་ཡུན་རིང་དུ་བསམ་ཞིང༌། ཡང་སྔགས་མང་དུ་བཟླས་ལ་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །སོ་སོར་འབྲང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་ཀྱི་བསྔོ་བ་དང་སྨོན་ལམ་གདབ་བོ། །ཞེས་པ་འདི་ཡང་དོན་གཉེར་རྣམས་ལ་ཕན་པའི་ཕྱིར་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་བྲིས་པའོ། །མངྒ་ལཾ།། ༈ །འཕགས་མ་སོ་སོར་འབྲང་མའི་རྗེས་གནང་གི་ཆོ་ག་བདུད་རྩིའི་རྒྱུན་བཟང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དགེ་ལེགས་ཕན་བདེའི་མཆོག་སྦྱིན་པ། །བླ་མ་སོ་སོར་འབྲང་མ་ལ། །བཏུད་ནས་དེ་ཡི་རྗེས་གནང་ཚུལ། །བདུད་རྩིའི་རྒྱུན་བཟང་དབབ་པར་བྱ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་དྲི་བཟང་གི་ཐིག་ལེ་དང་བཅས་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་འབུལ་གཏོར་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། ཉེ་ལོགས་སུ་སློབ་མ་ལ་དགོས་པའི་མཎྜལ་མེ་ཏོག་སོགས་དང༌། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་འབྲུའི་སྣོད་སོགས་འདུ་
བྱའོ། །གཉིས་པ་ལ་གསུམ། བདག་གི་རྣལ་འབྱོར། མདུན་བསྐྱེད་བསྒྲུབ་པ། སློབ་མ་རྗེས་སུ་གཟུང་བའོ། །དང་པོ་ནི། མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་དྷརྨཱ་ར་ཎི་ཏའི་སྔགས་ཀྱི་བྱིན་དབབ་པ་བཅས་སྤྱི་ལྟར་དང༌། བདག་དང་འགྲོ་བ་སོགས་སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་བཞིན་བྱ། བཟླས་པའི་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ་མོ། །གཉིས་པ་ནི། ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་ནས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ་བདག་ཉིད་ཅེས་དོར། བདག་ལ་ཞེས་པར་འདི་ལ་ཞེས་བསྒྱུར། མཆོད་པ་བསང་སྦྱངས་བྱིན་བརླབ། ཨོཾ་མ་ཧཱ་པྲ་ཏི་ས་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། གང་གིས་འཕགས་མ་ཁྱོད་བསྙེན་པས། །འཇིགས་དང་སྡུག་བསྔལ་ཀུན་སེལ་ཞིང༌། །དངོས་གྲུབ་འདོད་རྒུའི་མཆོག་སྩོལ་བའི། །སོ་སོར་འབྲང་མར་ཕྱག་འཚལ་ལོ། །ཞེས་བསྟོད། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། མཚན་སྔགས་ཀྱི་མཐར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་དབུལ། མཆོད་བསྟོད་འདོད་དོན་གསོལ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅུང་ཟད་བྱའོ། །གསུམ་པ་ནི། སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱ། ནང་དུ་འོངས་ནས་ཕྱག་དང་འཇུག་པའི་ཡོན་ཕུལ་ཏེ་གུས་པའི་ཚུལ་གྱིས་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་
གདབ་སོགས་ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་ལྷག་པའི་ལྷའི་རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལ། འདིར་རྣལ་འབྱོར་བླ་མེད་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་ཀྱེ་རྡོ་རྗེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས། པྲྃ་གི་ཡི་གེ་ལས་སྐྱེས་པ། །ལུས་ནི་དཀར་ཞིང་ཡིད་འོང་མ། །ལྷ་མོ་རལ་གྲི་འཁོར་ལོ་འཛིན། །སྤྱི་བོར་ཕན་པས་མནན་པའོ། །རང་གི་མང་པོའི་དུས་ལྟ་བུར། །དཀྱིལ་འཁོར་དབུས་སུ་ཡང་དག་གནས། །ནམ་མཁའི་གནས་ནས་འཇམ་པའི་དབྱངས། །འབྱུང་བ་རྣམ་པར་བསམ་པར་བྱ། །ཞེས་སོགས་ལྷ་སྔགས་ཕན་ཡོན་དང་བཅས་པ་ཇི་སྐད་གསུངས་པ་བཞིན་ནད་ཞི་བ་དང༌། ཚེ་རྒྱས་པ་དང༌། སྲིད་སྤེལ་བའི་ལས་ཀྱི་ལྷ་ཁྱད་པར་ཅན་འཕགས་མ་སོ་སོར་འབྲང་མ་དཀར་མོའི་མན་ངག་གྲུབ་ཆེན་བིརྺ་པ་དང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས་ལས་བརྒྱུད་པ་བར་མ་ཆད་པར་བྱོན་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་དང་ལྷག་པའི་ལྷ་ཐ་མི་དད་པའི་མོས་གུས་དང་ལྡན་པའི་སྒོ་ནས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ནས། མཎྜལ་གསོལ་གདབ་ནས་བརྩམས་དགེ་བ་བསྔོ་བའི་བར་སྒྲུབ་ཐབས་བརྒྱ་རྩ་ལྟར་བྱའོ། །གསུམ་པ་རྗེས་ནི། མཆོད་པ་ཞལ་གསོས་ལ་བསང་སྦྱངས་བྱིན་བརླབ། མཆོད་བསྟོད་གསོལ་གདབ། ནོངས་བཤགས། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང༌། དགེ་བ་བསྔོ་དང་བཀྲ་ཤིས་རྣམས་སྤྱི་ལྟར་བྱའོ། །འཕགས་མ་སོ་སོར་འབྲང་མ་ཡི། །བྱིན་རླབས་བདུད་རྩིའི་རྒྱུན་བཟང་པོས། །འགྲོ་ཀུན་སྡེ་བཞིའི་ཕུན་ཚོགས་ཀྱི། །བཅུད་ལེན་མཆོག་ཏུ་གྲུབ་གྱུར་ཅིག །ཅེས་མཐར་རྩེ་མ་ཧཱ་པཎྜི་ཏ་ནམ་མཁའ་དཔལ་བཟང་པོས་མཛད་པར་གྲགས་པའི་ཐོ་ཡིག་ལས་ཅུང་ཟད་གསལ་བར་ཕྱེ་བ་
འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སུ་ཤྲེ་ཡནྟུ།། ༈ །འཕགས་མ་སོ་སོར་འབྲང་མ་དཀར་མོའི་མན་ངག་ཉེར་མཁོའི་ཡི་གེ་བདུད་རྩིའི་ཆུ་སྐྱེས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། རིག་སྔགས་སྤྲིན་ལས་བདུད་རྩིའི་ཆར། །འབེབས་མཛད་སོ་སོར་འབྲང་མ་ལ། །བཏུད་ནས་དེ་ཡི་མན་ངག་གི །ཡི་གེའི་ཆུ་སྐྱེས་འཛུམ་དཀར་བཞད། །འདི་ལ་གསུམ། བསྙེན་པ། སྒྲུབ་པ། ལས་ལས་སྦྱར་བའོ། །དང་པོ་ནི། གནས་གཙང་ཞིང་དབེན་པར་གུང་དུ་འདིའི་བྲིས་སྐུ་ཡོད་ན་དགྲམ། གང་ལྟར་ཡང་འབུལ་གཏོར་དཀར་ཟླུམ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཤམ། བླ་མེད་ཡིན་པས་དཀར་སྤྱད་དམིགས་གསལ་མི་དགོས། མཚམས་དམ་པར་བཅད་ལ་ཐུན་གསུམ་མམ་བཞིའི་རིམ་པས་ངོར་ཆེན་རྡོ་རྗེ་འཆང་ངམ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལྟར་བདག་བསྐྱེད་བསྒོམ། ལྷའི་རྣལ་འབྱོར་ལ་སེམས་གཟུང༌། གསལ་སྣང་བརྟན་པ་ན་དམིགས་པའི་འཕྲོ་འདུ་དང་བཅས་སྔགས་ཡི་གེ་བཅུ་དགུ་པ་འབུམ་ཕྲག་བཅུ་དགུའམ། དེ་བཞི་འགྱུར་རམ། བརྒྱད་འགྱུར་དུ་བཟླས་ན་ངེས་པར་འགྲུབ་ཅིང་དངོས་གྲུབ་ཀྱི་མཚན་མ་རྙེད་པར་འགྱུར་ལ། སྔ་ཐུན་ལྟ་བུའི་མཇུག་ཏུ་གཏོར་མ་མ་ཆག་པར་དབུལ། དེའང་གཏོར་མགྲོན་མདུན་གྱི་ནམ་མཁར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའམ། སྐད་ཅིག་གིས་སྤྱན་དྲངས་པ་ལ་ཕུལ་ཀྱང་རུང༌། གཞན་མཚམས་ཀྱི་སྤང་བླང་དང་སྦྱོར་དངོས་མཇུག་གི་བྱ་བ་རྣམས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། བསྙེན་པ་སྔོན་དུ་སོང་བས་དེའི་བོགས་དབྱུང་བའི་སླད། མདུན་དུ་སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་དྲིའི་ཐིག་ལེ་དང་བཅས་པའི་མེ་ཏོག་གི་ཚོམ་བུ་གཅིག མདུན་དུ་འབུལ་གཏོར་དཀར་ཟླུམ། བྱང་ཤར་ནས་བརྩམས་ཏེ་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་གཡས་སྐོར་དུ་བཤམ། མཆོད་པ་བྱིན་རླབས་ནས་བདག་བསྐྱེད་བཟླས་པའི་བར་བྱ། མཐར་བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་
མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་འགྱུར་ཏེ་རང་ལ་ཐིམ་པར་བསམ། མདུན་གྱི་ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་སོགས་ནས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པའི་ཚིག་དོར། བདག་ལ་ཞེས་པར་འདི་ལ་ཞེས་བསྒྱུར། མཆོད་ཕྲེང་རྒྱས་པར། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་འཁོར་དང་བཅས་ལ་འབུལ། །འདོད་རྒུའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏི་ས་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཞབས་བསིལ་དང༌། པཱ་དྱཾ་སོགས་འདོན་པ་བསྒྱུར་བས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པ་དབུལ་ཞིང་དྷརྨཱ་ར་ཎི་ཏ་བརྗོད། རིན་ཆེན་བདུན་མཚན་སྔགས་བསྒྱུར་བས་སྤྱི་ལྟར་དབུལ། འདོད་ཡོན་ལྔ་སྤྱི་ལྟར་ལ། མོས་བློས་འཕགས་མ་མཆོག་ལ་ཞེས་དང༌། བཞེས་ཤིག་འདོད་རྒུའི་དངོས་གྲུབ་སྩལ་དུ་གསོལ། ཞེས་དང་མཚན་སྔགས་བསྒྱུར། མཎྜལ་ཚོམ་བུ་སོ་བདུན་མའམ་ཅི་ནུས་དབུལ། དེ་ཙམ་མི་ནུས་ན་མཚན་སྔགས་སྔོན་འགྲོའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་ནི་རྡོ་རྗེ་དྲིལ་བུ་འཛིན་པས། སྲས་བཅས་རྒྱལ་བ་ཐམས་ཅད་ཀུན། །སྐྱེད་དང་རོལ་པའི་ཡུམ་གཅིག་པུ། །བཅོམ་ལྡན་སོ་སོར་འབྲང་མ་ལ། །དད་པའི་ཡིད་ཀྱིས་བསྟོད་པར་བགྱི། །པྲྃ་གི་ཡི་གེ་ལས་སྐྱེས་པ། །ཀུནྡ་ལྟར་དཀར་ཡིད་འཕྲོག་སྐུ། །ཞལ་གཅིག་ཕྱག་གཉིས་མཚན་དཔེས་མཛེས། །འཕགས་མ་མཆོག་ལ་ཕྱག་འཚལ་ལོ། །ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར། །འཇིགས་དང་སྡུག་བསྔལ་དྲྭ་བ་གཅོད། །གཡོན་པས་ཡིད་བཞིན་འཁོར་ལོ་ཡིས། །འདོད་པ་འཇོ་ལ་ཕྱག་འཚལ་ལོ། །སྣ་ཚོགས་དར་གྱི་ན་བཟའ་དང༌། །རིན་ཆེན་མེ་ཏོག་གསར་པས་བརྒྱན། །གནག་སྣུམ་དབུ་སྐྲའི་ཟུར་ཕུད་ནི། །སྤྱི་བོར་བཅིངས་ལ་ཕྱག་འཚལ་ལོ། །ལང་ཚོ་དར་ཞིང་ནུ་འབུར་མཛེས། །ཞབས་ཟུང་
ཙོག་པུའི་འཁྲུལ་འཁོར་གྱིས། །རིགས་བརྒྱུད་ཕུན་སུམ་ཚོགས་པ་ཡི། །སྐལ་བཟང་སྦྱིན་ལ་ཕྱག་འཚལ་ལོ། །སྤྱི་བོར་རྣམ་སྣང་ཅོད་པན་ཅན། །པདྨ་ཟླ་བའི་གདན་ལ་བཞུགས། །འོད་དང་འོད་ཟེར་ཕྲེང་བ་ཡིས། །ཡོངས་སུ་བསྐོར་ལ་ཕྱག་འཚལ་ལོ། །གང་གསུང་རྡོ་རྗེའི་གསང་སྔགས་ཀྱིས། །དུས་མིན་འཆི་བ་ཞི་མཛད་ཅིང༌། །སྡེ་བཞིའི་འབྱོར་པ་རབ་རྒྱས་པའི། །དངོས་གྲུབ་སྩལ་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་ཟབ་མོ་སྟོང་པ་ཉིད། །རིག་དང་བརྩེ་བ་མི་ཕྱེད་པས། །སྐུ་གསུམ་རྣམ་ཐར་རྒྱ་མཚོའི་སྤྲིན། །མཐའ་ཡས་སྤྲོ་ལ་ཕྱག་འཚལ་ལོ། །ཡོན་ཏན་ནོར་བུའི་ཆུ་གཏེར་ལས། །ཕྲིན་ལས་འདོད་རྒུར་འཆར་བ་ཡིས། །ས་གསུམ་འགྲོ་བའི་གདུང་སེལ་ཞིང༌། །ཕན་བདེ་སྟེར་ལ་ཕྱག་འཚལ་ལོ། །དེ་ལྟར་རིག་པའི་རྒྱལ་མོ་ཆེ། །འཕགས་མ་སོ་སོར་འབྲང་མ་ལ། །དད་པས་བསྟོད་ཅིང་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་དབབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི། །སྣོད་བཅུད་མི་མཐུན་རྒུད་པ་ཀུན། །ཞི་ཞིང་སྲུང་བར་མཛད་དུ་གསོལ། །ཆོས་དང་རིགས་ཀྱི་བརྒྱུད་འཛིན་དང༌། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས། །དབང་བཅུའི་དགེ་མཚན་རབ་རྒྱས་པའི། །བཀྲ་ཤིས་རྟག་ཏུ་སྣང་བར་མཛོད། །མདོར་ན་ཕྱི་ནང་ཉེར་འཚེ་དང༌། །བར་ཆད་ཀུན་ཞི་ལེགས་ཚོགས་འཕེལ། །མཐར་ཐུག་བཅོམ་ལྡན་འདས་མ་ཡི། །གོ་འཕང་ཐོབ་པར་མཛད་དུ་གསོལ། །ཞེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་པྲྃ་དཀར་པོ། དེའི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེ་དང་དབང་ཕྱུག་ཐམས་ཅད་འོད་དཀར་པོའི་རྣམ་པས་རང་དང་བསྒྲུབ་བྱའི་སྙིང་གར་ཐིམ་པས་འདོད་པའི་དངོས་གྲུབ་ཐོབ་པར་བསམས་ལ་སྔགས་རྩེ་གཅིག་ཏུ་བཟླས་རྗེས། མདུན་བསྐྱེད་ཀྱི་མངལ་
ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་རྒུད་ཅིང་ཕོངས་པའི་འཇིགས་པ་ཐམས་ཅད་བསལ། འདོད་པའི་དོན་ཡིད་བཞིན་དུ་མཛད་པར་བསམས་ལ་སེམས་ཡུན་རིང་དུ་གཟུང་ཞིང་སྔགས་བཟླ། ཐུན་མཐར་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། མཚན་སྔགས་ཀྱི་མཐར་ཨོཾ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། མཆོད་བསྟོད་འདོད་དོན་གསོལ། ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་དེ་ལ་བརྟན་བཞུགས་དང༌། མེད་ན་ཐུན་སྔ་མ་རྣམས་སུ་ཚོམ་བུ་བརྟན་བཞུགས་དང༌། ཐུན་རྗེས་མར་གཤེགས་སུ་གསོལ་བས་ཁྱབ། གནས་གསུམ་བསྲུང༌། བསྔོ་སྨོན་བཀྲ་ཤིས་ཅི་རིགས་པར་བྱ། དེ་ལྟ་བུས་ཞག་བདུན་ནམ་ཉེར་གཅིག་སོགས་སུ་བརྩོན་པས་ལས་བསྒྲུབ་པ་ལ་ཐོགས་པ་མེད་པར་འགྱུར་རོ། །གསུམ་པ་ལ་གསུམ། ནད་ཞི་བ། ཚེ་བསྲིང་བ། སྲིད་སྤེལ་བའོ། །དང་པོ་ནི། རང་གི་མདུན་དུ་སྟེགས་བུའི་དབུས་སུ་བུམ་པ་རྫས་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ་དང༌། གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་བུམ་བསྐྱེད་བཟླས་པ། མཇུག་གཏོར་འབུལ། ལྷ་འོད་ཞུ་སོགས་སྤྱི་ལྟར་སྦྱར་ནས་ཐུན་དུ་བཅད་ལ་བསྒྲུབས་པའི་བུམ་ཆུས་རང་གཞན་ལ་སྦྱང་བ་གསུམ་སྔོན་དུ་འགྲོ་བས་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་སྤྱི་འགྲོ་ལྟར་བགྱིས་པས་ནད་དང་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ། །གཉིས་པ་ནི། སྤྱིར་བསྒོམ་བཟླས་ཙམ་ལ་བརྟེན་ནས་ཀྱང་ཚེ་འཕེལ་བར་འགྱུར་ཞིང༌། ཁྱད་པར་ཚེ་རྒྱས་པའི་བསམ་པས་དཱུརྺའི་མྱུ་གུ་མར་དང་སྦྲང་རྩིས་སྤགས་པའི་བསྲེག་རྫས་གཙོ་བོར་གྱུར་པའི་རྒྱས་པའི་སྦྱིན་སྲེག་སྤྱི་ལྟར་བགྱིས་པས་འཆི་བ་སླུ་བ་དང་ཚེ་རྒྱས་པའི་མཆོག་ཏུ་འགྱུར་རོ། །གསུམ་པ་ནི། སྤྱིར་འཕགས་མ་འདི་ཉིད་ཀྱི་སྒོ་ནས་སྲིད་
སྤེལ་བའི་ལས་ཚོགས་དང༌། འཁོར་ལོའི་བྱེ་བྲག་མང་དུ་འབྱུང་བ་ལས། འདིར་དཔལ་སམྦུ་ཊའི་བརྟག་པ་བདུན་པའི་རབ་བྱེད་གསུམ་པ་ལས་ཇི་སྐད་གསུངས་པའི་འཁོར་ལོ་འབྲི་བའི་ཚུལ་ནི། རྒྱུ་སྐར་རྒྱལ་དང་བཅས་པའི་གཟར་སྐར་སྦྱོར་བྱེད་བཟང་པོ་འཛོམས་པའི་ཉི་ཤར་གྱི་དུས་སུ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། རྒྱས་པའི་སེམས་ཀྱིས་ཁ་བྱང་དུ་ཕྱོགས་ལ། བྲི་གཞི་གྲོ་གའམ་ཤོག་བུ་སོགས་བུག་རྡོལ་གྱི་སྐྱོན་མེད་པ། ཁ་དོག་སྤྱིར་རྒྱས་པའི་ལས་ཡིན་པས་སེར་པོ་འོས་ཀྱང༌། ཤེར་ཕྱིན་དཀར་མོའི་སྐབས་སུ་ལྷའི་སྐུ་མདོག་དང་མཐུན་པར་དཀར་པོ་བྱ་བར་དམིགས་ཀྱིས་བསལ་བས། འདིར་ཡང་དཀར་པོ་ལས་བྲིས་པས་རུང༌། དེ་ལྟ་བུའི་གཞིར་གུར་གུམ་དང་གི་ཝཾ་གིས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་ཕྱི་ནང་དང་བཅས་པ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་པྲྃ། དེའི་མཐར་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས། སྐྱེས་པ་དང་བུད་མེད་མིང་འདི་ཞེས་བྱ་བས་«་་་་་བུ་རྙེད་པར་གྱུར་ཅིག་»པུ་ཏྲ་ལ་བྷ་ཏི། དེའི་ཕྱི་རོལ་ཏུ་མདུན་ནས་གཡས་སྐོར་གྱིས། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གརྦྷ་སྃ་རཀྵ་ཎི་ཨཱ་ཀརྵ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྟེ་བའི་ཕྱི་རོལ་འཁོར་ལོའི་བར་དུ་མུ་ཁྱུད་ཆུང་ངུ་ལ། ཏདྱ་ཐཱ། ཨོཾ་མ་ཎི་དྷཱ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཚར་དུ་ཤོང་བྲི། དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ་ཤར་ནས་གཡས་སྐོར་གྱིས་གྱེན་དུ་ལངས་པའི་རྡོ་རྗེ།༡ རྒྱལ་མཚན།༢ དགྲ་སྟྭ།༣ རྩེ་གསུམ།༤ ཞགས་པ།༥ སྣ་ཚོགས་རྡོ་རྗེ།༦ ཁ་ཊྭཱཾ་ག༧ ལྕགས་ཀྱུ་༨ རྣམས་བྲི། སླར་ཡང་དེའི་ཕྱི་རོལ་གྱི་འཁོར་ལོའི་གོང་རས་ཀྱི་མུ་ཁྱུད་ཀྱི་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཨ་མྲྀ་ཏ་སོགས་ཀྱི་སྔགས་གང་ཤོང་གིས་བསྐོར། གཞུང་ནས་མ་གསུངས་ཀྱང་དེའི་ཕྱི་རོལ་དུ་མུ་ཁྱུད་ལ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཅས་དང༌། རྡོ་རྭ། མེ་རི་རྣམས་སྤྱི་ལྟར་བྲིས་སྣང༌། དེ་ལྟར་བྲིས་ཟིན་པ་ན་གུར་གུམ་དང་གི་ཝཾ་གིས་ཁྱབ་པར་བྱུག སྟེགས་བུའི་དབུས་སུ་མེ་ཏོག་སིལ་མ་བཀྲམ་པའི་ཁར་དགྲམ། གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་འཁོར་ལོ་
བསང་སྦྱངས། སྟོང་པའི་ངང་ལས་མུ་ཁྱུད་གདན་དང༌། སྔགས་ཀྱི་ཡིག་འབྲུ་རྣམས་སོ་སོར་འབྲང་མ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད་དང་སྤྱན་དབྱེ་བྱ། སླར་ཡང་མཆོད་ཅིང་བསྟོད་ལ། མིང་སྤེལ་ཉིད་བསྒྲུབ་བྱར་བསྐྱེད་བསྟིམ་རྗེས། འོད་ཟེར་སྤྲོ་བསྡུ་དང་བཅས་མདུན་བསྐྱེད་ལ་དམིགས་ཏེ་གོང་དུ་འཁོར་ལོར་བཀོད་པའི་སྔགས་རྣམས་མང་དུ་བཟླས་རྗེས་གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་ལ་དབུལ། མཆོད་བསྟོད་འདོད་དོན་གསོལ་བས། ལྷ་མོ་གདན་དང་བཅས་པ་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པ་དང༌། བསྒྲུབ་བྱ་མིང་སྤེལ་དུ་གྱུར་པར་བསམ། སླར་ཡང་བརྟན་བཞུགས་ཤིས་བརྗོད་རྒྱ་ཆེར་བྱ། ལྟེ་བ་མ་ཉམས་པར་བལྟབས་ལ་ཚོན་སྐུད་མཐུན་བསྡེབས་ཀྱིས་དཀྲི། དར་སྣའི་གཡོགས་དང་བཅས་ཏེ་བསྒྲུབ་བྱའི་སྤྱི་བོའམ་མགུལ་དུ་གདགས། དེའང་སྤྲོ་ན་སྦྱང་བ་གསུམ་སྔོན་དུ་འགྲོ་བས་ཁྲུས་ཀྱི་ཆོ་ག་དང་འབྲེལ་བར་གདགས་པའི་ཕྱག་ལེན་ཡོད། གཞན་ཡང་སོ་སོར་འབྲང་མའི་སྔགས་མར་ལ་བཏབ་སྟེ་ཁོང་དུ་གཏོང་བ་དང༌། ཙནྡན་ལ་བཏབ་སྟེ་བདུག་པ་དང༌། སྐུད་པ་ལ་བཏབ་སྟེ་འཆིང་བ་དང༌། རྗེས་སུ་གནང་བ་དང་ཁྲུས་ཀྱི་ཆོ་ག་དང༌། ཞི་རྒྱས་ཀྱི་སྦྱིན་སྲེག་དང༌། རྒྱབ་ཆོས་སུ་མདོ་དང་གཟུངས་བཀླག སཱཙྪ་གདབ། དགེ་འདུན་ལ་བསྙེན་བཀུར་དང༌། དབུལ་ཕོངས་ལ་སྦྱིན་གཏོང་སོགས་དགེ་བའི་དཔུང་བསྐྱེད་པས་རིགས་བརྒྱུད་ཁྱད་པར་ཅན་འབྱུང་བར་གདོན་མི་ཟ་ཞིང༌། ལེགས་པའི་ཡོན་ཏན་གཞན་ཡང་དབྱར་མཚོ་ལྟར་འཕེལ་བར་འགྱུར་རོ། །འཕགས་མ་སོ་སོར་འབྲང་མ་ཡི། །ཡེ་ཤེས་བདུད་རྩིས་འགྲོ་བ་ཀུན། །སྡེ་བཞིའི་དཔལ་ཡོན་ཕུན་ཚོགས་པའི། །ཕན་བདེའི་ཆུ་སྐྱེས་རྒྱས་གྱུར་ཅིག །ཅེས་པའང་རྒྱུད་ཀྱི་རྒྱལ་པོ་རྣམ་པ་གཉིས་རྗེ་བཙུན་གོང་མའི་གསུང་མཆན་འགྲེལ་པ་དང་བཅས་པ་དང༌། བུ་སྟོན་རིན་པོ་ཆེའི་སམྦུ་ཊའི་འགྲེལ་ཆེན། གཞན་ཡང་མན་ངག་གི་ཟིན་བྲིས་ཕྱག་ལེན་སོགས་ཀྱི་ཁུངས་ལ་གཏུགས་ཏེ་གཞན་ཕན་གྱི་བློས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མདོ་ཙམ་བྲིས་པ་སརྦ་དཱ་ཧི་ཧ་སུ་ཁཱ་ནཱཾ་སུ་ཤྲེ་ཡཿསྥུ་ཊཾ་བྷཱུ་ཡཱ་ཏྲ།།
འཕགས་མ་སོ་སོར་འབྲང་མ་དཀར་མོའི་རྗེས་གནང་གི་བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཆུ་འཛིན་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་རྡོ་རྗེ་འཆང་དབང་བདག་མེད་མ། །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ཌོམྦཱི་པ། །ངོ་མཚར་རྡོ་རྗེ་ནགས་ཁྲོད་གརྦྷ་རི། །ཛ་ཡ་ཤྲཱི་རྣམས་ལ་གསོལ་བ་འདེབས། །མི་ཐུབ་ཟླ་བ་དཔའ་བོ་རྡོ་རྗེ་དང༌། །བླ་ཆེན་འབྲོག་མི་སེ་སྟོན་དཀོན་མཆོག་རྒྱལ། །འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་གོང་མ་ལྔ། །ནམ་མཁའ་དཔལ་ལྡན་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་སེང་གེ་བསོད་ནམས་རྒྱལ་མཚན་ཞབས། །དཔལ་ལྡན་ཚུལ་ཁྲིམས་ཡེ་ཤེས་རྒྱལ་མཚན་དང༌། །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང༌། །ཀུན་དགའ་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །རཏྣ་ཝརྡྷཱ་དཀོན་མཆོག་ལྷུན་གྲུབ་ཞབས། །ནམ་མཁའ་དཔལ་བཟང་བསོད་ནམས་ལྷུན་གྲུབ་དང༌། །བསྟན་འཛིན་བཟང་པོ་མཁྱེན་རབ་བྱམས་པའི་དཔལ། །ཀློང་ཆེན་ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །གནས་གསར་རྗེ་དང་འཇམ་མགོན་ཀུན་བློའི་ཞབས། །དཔལ་ལྡན་ཆོས་སྐྱོང་ཀུན་དགའ་རིན་ཆེན་དང༌། །ལམ་འདིའི་བཀའ་དྲིན་དངོས་སུ་སྩོལ་མཛད་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་དང༌། །སོ་སོར་འབྲང་མའི་བསྒོམ་བཟླས་ཏིང་འཛིན་གྱིས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་དགེ་ལེགས་འཕེལ། །ཕུན་ཚོགས་སྡེ་བཞིའི་སྐལ་བཟང་རྒྱས་པར་ཤོག །ཅེས་པའང་ཚུལ་འདི་ཉིད་ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བླ་མ་ལས་བརྒྱུད་པ་དང༌། སྒྲུབ་ཐབས་བརྒྱ་རྩའི་བརྒྱུད་པ་གཉིས་འདུས་སུ་སྣང་བ་ལས། སྔ་མ་དང་མཐུན་པར་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་རིན་ཆེན་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།
དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་བསྒོམ་བཟླས་ཡན་ལག་དང་བཅས་པ་བྱིན་རླབས་ཟླ་ཞུན་གྱི་ཆུ་བོ།
དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་བསྒོམ་བཟླས་ཡན་ལག་དང་བཅས་པ་བྱིན་རླབས་ཟླ་ཞུན་གྱི་ཆུ་བོ་ཞེས་བྱ་བ་བཞུགས་སོ།།
ཟླ་ཤེལ་ལྟར་དཀར་མི་ཤིགས་ཡི་གེ་ལས། །བྱུང་བའི་ཆུ་བོས་སྒྲིབ་པའི་དྲི་འཁྲུད་པའི། །དཔལ་ལྡན་བླ་མ་སྙེམས་མའི་བདག་པོ་ལ། །གུས་པས་བཏུད་དེ་ཟབ་མོའི་གདམས་པ་སྤེལ། །འདིར་དཔལ་འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་ཨ་བྷི་དྷ་ན་ལས་ལྷ་སྔགས་བསྟན་པ། གྲུབ་པ་བརྒྱུད་པའི་མན་ངག་གིས་བཀྲལ་བའི་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒོམ་བཟླས་ཉམས་སུ་བླང་བའི་ཚུལ་ནི། ཀྱེ་རྡོ་རྗེ། འཁོར་ལོ་བདེ་མཆོག་སོགས་མ་རྒྱུད་ཀྱི་ཉམས་ལེན་རྒྱུན་ལྡན་དུ་ཡོད་ན། དེ་དག་གི་སྔོན་འགྲོའི་སྐབས་སུ་འབྱུང་བ་ལ་གནད་དུ་བསྣུན་པས་དོན་འགྲུབ་ཅིང༌། ཟུར་དུ་བྱེད་ན་སྔོན་འགྲོ་ནི། བླ་མེད་སྤྱི་ལྟར་གྱི་སྐྱབས་འགྲོ་གང་མང་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། བསྡུ་ན་སངས་རྒྱས་ཆོས་ཚོགས་མའམ། འགྲོ་རྣམས་བསྒྲལ་འདོད་སོགས་སྐྱབས་སེམས་སྦྲགས་མ་ཐུན་མོང་བས་ཀྱང་རུང༌།
དངོས་གཞི་ལ་གསུམ་ལས་དང་པོ་ལྷ་བསྒོམ་པ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་འདྲའི་རིགས་བདག་གི་དབུ་རྒྱན་ཅན། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ་ཞེས་པས་བསྐྱེད། འཕགས་པ་རིན་པོ་ཆེས་རྡོ་རྗེའི་ཆོ་ག་གསུམ་ལས་བསྐྱེད་པ་སོགས་གསུངས་ཀྱང༌། རྗེ་བཙུན་ཆེན་པོས་སྐད་ཅིག་གིས་བསྐྱེད་པ་འདི་བཞིན་གསུངས་ཤིང་དབུ་རྒྱན་རང་ཆས་སུ་བསྒོམ་པ་ནི་མངོན་རྟོགས་བསྡུས་པའི་ཐོབ་ཐང་ཡིན། གཉིས་པ་སྔགས་བཟླ་བ་ནི། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་དེ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། བཅོམ་ལྡན་
འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཧཱུྃ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང༌། དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང༌། ཡབ་ཡུམ་གྱི་སྐུ་ཐམས་ཅད་ལས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང༌། རྐང་མཐིལ་གཉིས་ནས་འཐོན་ནས་ཤུལ་ཐམས་ཅད་བདུད་རྩིས་གང་བར་གྱུར། ཨོཾ་ཤྲཱི་«་་་་་རྡོ་རྗེ་ཁྲག་འཐུང་དམ་ཚིག་རྗེས་སུ་སྐྱོང༌།» བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་«་་་་་ཁྲག་འཐུང་ཉིད་ཀྱིས་ཉེ་བར་གནས་པར་མཛོད།» ཀ་ཏྭེ་ནོ་པ་ཏིཥྛ། ཌྲྀ་ཌྷོ་མེ་«་་་་་བདག་ལ་བརྟན་པར་མཛད་དུ་གསོལ།» བྷ་ཝ། སུ་ཏོ་ཥྱོ་མེ་«་་་་་བདག་ལ་ཤིན་ཏུ་དགེས་པར་མཛོད།» བྷ་ཝ། ཨ་ནུ་རཀྟོ་མེ་«་་་་་བདག་ལ་རྗེས་སུ་ཆགས་པར་མཛོད།» བྷ་ཝ། སུ་པོ་ཥྱོ་མེ་བྷ་«་་་་་བདག་ལ་ཤིན་ཏུ་རྒྱས་པར་མཛོད།» ཝ། སརྦ་སིདྡྷིམྨེ་པྲ་«་་་་་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ།» ཡཙྪ། སརྦ་ཀརྨ་སུ་ཙ་«་་་་་ལས་ཀུན་ལ་ཡང་བདག་གི་ནི།» མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་«་་་་་སེམས་ལ་དགེ་ལེགས་སུ་ནི་མཛོད།» ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་«་་་་་བཅོམ་ལྡན་རྡོ་རྗེ་ཁྲག་ཐུང་དུ།» ག་ཝཱན། བཛྲ་ཧེ་རུ་ཀ མཱ་མེ་མུཉྩ་«་་་་་བདག་གྲོལ་ཁྲག་འཐུང་ཉིད་དུ་མཛོད།» ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་«་་་་་དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿ»ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་པ་གྲངས་ཇི་ཙམ་མང་ན་ལེགས་མོད། ཉུང་མཐར་ཡང་ཉི་ཤུ་རྩ་གཅིག་རེ་བཟླ་དགོས་ཏེ། སློབ་དཔོན་འཇམ་དཔལ་གྲགས་པས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་དག་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པས་སོ། །གསུམ་པ་བཤགས་བསྡོམ་བྱ་བ་ནི། སྟོབས་བཞིའི་གོ་བ་སྤྱི་ལྟར་བཙལ་ནས་ཐལ་མོ་སྦྱར་ཏེ། བདག་ནི་མི་
ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་དགེས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་བྱས་ཡོད་དོ། །ཞེས་གསུང་བཞིན་པས་འོད་དུ་ཞུ། སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་འཇའ་ཚོན་ལྟ་བུར་གྱུར་པར་བསམས་ལ། རྡོར་སེམས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་གསལ་སྟོང་རང་རིག་བརྗོད་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག རྗེས་ནི། འོད་གསལ་དེ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་ཁ་སྦྱོར་སྒྱུ་མའི་སྐུ་ཅན་དུ་ལངས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་འགྱུར་ནས་ཞེས་སོགས་བསྔོ་སྨོན་གྱི་རྒྱས་གདབ་བོ། །བསྙེན་པ་བྱེད་ན། གནས་དབེན་པར་སྤྲོས་པ་བཅད། ཕྱི་ནང་གི་བཅད་རྒྱ་སྲུང་འཁོར་སོགས་རང་གི་ཡི་དམ་གང་ཡིན་གྱི་གཞུང་ལྟར་བྱས་ལ། ངག་འདོན་གོང་ལྟར་ལས་ཐུན་བཞིའམ་གསུམ་དུ་བཅད་དེ་ཡིག་བརྒྱ་འབུམ་ཕྲག་བཞིའམ། རྟགས་མ་བྱུང་གི་བར་དུ་བཟླ། བཟླས་པའི་ཚེ་དམིགས་པ་དཀྱུས་བཞིན་ནམ། གསུང་སྒྲོས་ཁྱད་པར་བ་ལྟར་ན། ཐོག་མར་བདུད་རྩི་དཀར་པོ་ཅུང་ཟད་ཚ་བའི་རྣམ་པ་ཅན་གྱིས་གྲང་བའི་ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན་འཇའ་ཚོན་སྔོ་དམར་གྱི་རྣམ་པ་ཅན་དུ་དེད་ཅིང་སྦྱང༌། དེ་ནས་བདུད་རྩི་ཤིན་ཏུ་བསིལ་བའི་རང་བཞིན་ཅན་གྱིས་ཚ་བའི་ནད་ཐམས་ཅད་སྔར་བཞིན་སྦྱང༌། དེ་ནས་བདུད་རྩི་སྣུམ་བག་དང་ལྡན་པས་
རླུང་གི་ནད་ཐམས་ཅད་སྦྱང༌། ཡང་བདུད་རྩི་ཚ་བའི་རྣམ་པ་ཅན་གྱི་ཁྲོད་ན་རྟ་མགྲིན། ཕྱག་རྡོར་བདུད་རྩི་འཁྱིལ་པ་སོགས་ཁྲོ་ཆུང་གི་རྡུལ་ཕྲན་འདྲེས་པས་གདོན་ཐམས་ཅད་སྦལ་སྦྲུལ། སྡོམ་སྡིག་སོགས་སྲོག་ཆགས་ཀྱི་རྣམ་པ་ཅན་དུ་དེད་ཅིང་སྦྱང༌། དེ་ནས་བདུད་རྩི་དཀར་པོ་བདེ་བ་ཆེན་པོའི་རང་བཞིན་གྱིས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་ཅན་དུ་དེད་ཅིང་ལུས་སེམས་བདེ་བས་གང་བར་བསམ་པ་འདི་ལ་གཙོ་བོར་བྱ། ཐུན་མཐར་བདུད་རྩི་སྨིན་མཚམས་ཡན་ཆད་དུ་བརྟན་པས་བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དག སྐུའི་དམ་ཚིག་ཉམས་པ་སོར་ཆུད། རྡོར་སེམས་ཡབ་ཡུམ་གྱི་སྐུའི་བྱིན་རླབས་ཞུགས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སྙམ་དུ་བསམ། དེ་ནས་རིམ་གྱིས་བབ་མགྲིན་པར་བརྟན་པས། གསང་བའི་དབང་ཐོབ། ངག་གི་དྲི་མ་དག གསུང་གི་དམ་ཚིག་ཉམས་པ་སོར་ཆུད། གསུང་གི་བྱིན་རླབས་ཞུགས། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སྙམ་དུ་བསམ། སྙིང་གར་བརྟན་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཐུགས་ཀྱི་དམ་ཚིག་ཉམས་པ་སོར་ཆུད། ཐུགས་ཀྱི་བྱིན་རླབས་ཞུགས། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སྙམ་དུ་བསམ། ལུས་ཐམས་ཅད་ཁྱབ་ཅིང་བརྟན་པས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་མཐའ་དག་སོར་ཆུད། བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ཅིང་བརྟན་པར་བྱས། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་བསམས་ལ། སྟོབས་བཞིའི་གོ་བ་སྤྱི་ལྟར་གྱིས་བཤགས་སྡོམ་སོགས་ལ་འཇུག མཉམ་གཞག་གི་སྐབས་སུ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་གསུངས་པ་ལྟར་རང་སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་
བྲལ་བ་མཚན་རྟོག་གིས་གཞར་ཡང་མི་ཕྱེད་པ་ནི་རྡོ་རྗེ། དེ་ཉིད་ཀྱི་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་སྲིད་པ་གསུམ་པོ་སྒྱུ་མའི་སྣང་བར་རོ་གཅིག་པ་ནི་སེམས་དཔའ་སྟེ། ཁྱབ་བྱ་ཁྱབ་བྱེད་ཀྱི་གོ་བས་གནས་ལུགས་དོན་གྱི་རྡོ་རྗེ་སེམས་དཔའ་རང་ངོ་ཤེས་པར་བྱས་ལ་ཡུན་གང་རིང་དུ་སྐྱོང་བ་གནད་དུ་ཆེ་སྟེ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས་ཀྱང༌། དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས་པ་དང་དོན་གཅིག་ལ། བཤགས་བྱ་བཤགས་བྱེད་དང་བྲལ་བ་ལ་དོན་དམ་པའི་བཤགས་པར་བཞེད་དོ། །བསྙེན་པའི་རྟགས་ནི། དངོས་སུ་ལུས་ཡང་བ། རིག་པ་དྭངས་པ། བློ་ཆོས་ལ་བཀོལ་དུ་བཏུབ་པ། སྔར་མེད་པའི་ཉམས་དང་གོ་བ་སྐྱེ་བ་སོགས་མཐུན་པའི་ཕྱོགས་དང༌། སྔར་མེད་པའི་དགྲ་དང་ནད་གཞི་ལྡང་བ་དང༌། ལོངས་སྤྱོད་གུད་པ་སོགས་མི་མཐུན་པའི་རྐྱེན་གློ་བུར་དུ་ལངས་ནའང་དགེ་སྦྱོར་གྱི་རྟགས་སུ་ཐག་བཅད་དགོས་ཤིང༌། ལྷ་སྔགས་ཀྱི་བྱིན་རླབས་དང༌། སྔོན་ལས་འདག་པའི་སྔ་ལྟས་སུ་ངེས་ཏེ། ཐུབ་པའི་དབང་པོས་བསམ་གྱིས་མི་ཁྱབ་པའི་གནས་དུ་མར་བཀའ་སྩལ་པ། དེ་བཞིན་གཤེགས་པའི་མཐུ་དང༌། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་གཉིས་སྣང་བས་སོ། །ཐ་ནའང་རྨི་ལམ་དུ་ལུས་ལས་སྲོག་ཆགས་དང་ངན་སྐྱུགས་ཐོན་པ། ཁྲུས་བྱས་པ། གོས་དཀར་པོ་གྱོན་པ། ནམ་མཁའ་ལ་འཕུར་བ་སོགས་རྨི་བའོ། །ཐུན་མཚམས་རྣམས་སུ་ཕྱག་དང་བསྐོར་བ། བྱང་ཆུབ་ལྟུང་བཤགས་སོགས་སྨེ་བཤགས་ཀྱི་རིགས་ལ་འབད། མཚམས་གྲོལ་ཁར་ཡི་དམ་གྱི་གཙོ་བོ་གང་ཡིན་གྱི་གཞུང་བསྲང་བའི་ཚོགས་འཁོར་རམ། དཔའ་བོའི་སྟོན་མོ། ཡི་དམ་གྱི་བཀའ་སྡོད་གང་ཡིན་པ་དེའི་གཏོར་
སྒྲུབ་དང་འབྲེལ་བའི་འཁོན་གཅུགས་སྦྱོང་བའི་བཟླས་པ་བཤགས་སྐོང་བཅས་བྱ། བསྙེན་པའི་མཇུག་གམ་གནས་སྐབས་གཞན་དུ་ནི་སྦྱིན་སྲེག་བྱེད་ན་ཁོ་བོས་བྱས་པའི་དམ་ཚིག་རྡོ་རྗེའི་སྦྱིན་སྲེག་ཇི་ལྟ་བ་བཞིན་ལ། མི་འདྲ་བའི་ཁྱད་པར། ཐབ་དབུས་ཀྱི་མཚན་མ་རྡོ་རྗེ་དཀར་པོའམ་ཚོན་ཕུང་དཀར་པོ་བྱ། འདས་པའི་མེ་ལྷ་བསྐྱེད་པའི་སྐབས་སུ། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང༌། ཚུར་འདུས་རྡོ་རྗེ་ལ་ཐིམ། དེ་ཡོངས་སུ་གྱུར་པས་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་སོགས་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་རང་འདྲའི་རྡོ་རྗེ་སེམས་དཔས་དབུར་བརྒྱན་ཞེས་དང༌། གོང་འོག་གི་མཚན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་དང༌། མཚན་སྔགས་ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་བཛྲ་སཏྭ་ས་པ་རི་ཝཱ་ར་ཞེས་བསྒྱུར། དོན་ཡོད་རྒྱལ་པོ་སོགས་ཀྱི་ཚབ་ཏུ། འགྲོ་བའི་མེ་ཤེས་གཅོད་པ་ཅན། །དག་པའི་དེ་ཉིད་དོན་སྟོན་མཛད། །བདག་མེད་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །ཅེས་རྒྱ་གཞུང་འགའ་རེ་ནས་འབྱུང་བས་བསྟོད། ལྷ་སྔགས་ཐམས་ཅད་ཡིག་བརྒྱས་བྱ་ཞིང་བསྟོད་པ་རྒྱས་པ་མཉམ་ཉིད་མས་བྱ་བ་སོགས་དཀྱུས་
ལྟར་རོ། །རང་གཞན་གྱི་དོན་དུ་བུམ་ཆོག་བྱེད་ན། བུམ་པ་སྤྱི་ལྟར་བཅས་པའི་མཐར་མཆོད་པས་བསྐོར། བདག་བསྐྱེད་སྦྱིན་སྲེག་གི་སྐབས་བཞིན་ནམ། ཀྱེ་རྡོར་སོགས་སམ་ཐུན་མཚམས་ཀྱི་ལྷར་དྲན་ཙམ་གྱིས་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ལྷའི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་གང་བའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་སོགས་ནས་རྡོ་རྗེ་སེམས་དཔས་དབུར་བརྒྱན། མཆོད་པ་བླ་མེད་སྤྱི་ལྟར་བྱིན་གྱིས་བརླབ། མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཆུ་གཉིས་ཉེར་སྤྱོད། རོལ་མོར་བཅས་པའི་ཕྱི་མཆོད་དང༌། མཚན་སྔགས་ལ་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་དབུལ། འགྲོ་བའི་མི་ཤེས་གཅོད་པ་ཅན་སོགས་ཀྱི་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བ་བུམ་ནང་གི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་གཟུངས་ཐག་ལ་འཇུས་ཏེ་ཡིག་བརྒྱ་མང་དུ་བཟླ། མཐར་སྔར་བཞིན་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་ཅན་དུ་གྱུར། ཅེས་བརྗོད། བུམ་ཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་བརྟེན་པ་ཞིག་ཀྱང་
ཡོད་མོད། ཐུན་མོང་དུ་གྲགས་པའི་ལྷ་སྔགས་འདི་བཞིན་བསྐྱེད་བཟླས་བྱས་ན་འགལ་བ་མེད་སྙམ་ཞིང་སྤྱི་ཁྱབ་ཏུ་འཇུག་བདེ་བར་མངོན་ནོ། །ཡང་གློ་བུར་དུ་མཆོད་པ་སོགས་མེད་པར་སྒྲུབ་དགོས་ན། བུམ་པ་ལ་གཟུངས་ཐག་ཅིག་བཏགས་ནས་བསང་སྦྱངས། སྟོང་པའི་ངང་ལས་སོགས་ནས་གང་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བ་ལྷ་དང་དབྱེར་མེད་དུ་བསམ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བ་བུམ་ནང་གི་སྔགས་ཕྲེང་ལ་ཕོག དེ་ལས་བདུད་རྩིའི་རྒྱུན་བབས་པས་སོགས་སྔར་བཞིན་ལ། མཐར་སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་ནས། བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར། ཞེས་བརྗོད། རང་དོན་ཡིན་ན་ཐོ་རང་ཁྲུས་ཀྱི་རྣལ་འབྱོར་རང་རང་གི་གཞུང་བཞིན་བྱ་བའམ། ཐུན་མཚམས་གཞན་དུའང་ཡིག་བརྒྱ་བཟླ་ཞིང་ཁྲུས་བྱ། ཁོང་དུ་བཏུང༌། དམིགས་པ་བླ་མ་དང་དབྱེར་མེད་པའི་ཧེ་རུ་ཀས་སྤྱི་བོ་ནས་ཁྲུས་བྱས་པར་བསམ་པ་ལས་འདོན་བྱ་གང་ཡང་མི་དགོས་སོ། །གཞན་ལ་བྱེད་ན། བསྒྲུབ་བྱ་མདུན་དུ་འཁོད་པ་ལ། དམིགས་པའི་བརྡ་སྤྲོད་ནི། སློབ་དཔོན་ཧེ་རུ་ཀར་གསལ་བའི་ཕྱག་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩི་བདེ་བ་ཆེན་པོའི་རང་བཞིན་དཀར་བསིལ་ཟླ་ཤེལ་ཞུ་བའི་ཁུ་བ་ལྟ་བུས་གང་བ་ཐོགས་པའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་ཁྲུས་བྱས་པས་ལུས་ཀྱི་ནང་གང་ནས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། ནད་གདོན་ཉེར་འཚེ། སྡོམ་པ་འོག་མའི་བཅས་འགལ། ཁྱད་པར་དུ་རིག་པ་འཛིན་པའི་སྡོམ་པ་དང་དམ་ཚིག་གི་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་དུད་ཁུ་དང་རྣག་ཁྲག་སྲོག་ཆགས་མི་སྡུག་པ་སོགས་ཀྱི་རྣམ་པས་བཤང་གཅིའི་ལམ་དང་རྐང་མཐིལ་གཉིས་ནས་འཐོན་ཏེ་ཤུལ་ཐམས་ཅད་བདུད་རྩིས་གང་བ་
ལ་བརྟེན་ནས་ལུས་སེམས་ཐམས་ཅད་ཟག་པ་མེད་པའི་བདེ་བ་ཆེན་པོས་ཁྱབ་པའི་མོས་པ་མཛོད། ཅེས་དང༌། བུམ་པ་ཐོགས་ཏེ་དྲིལ་བུ་གསིལ་ཞིང༌། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་སོགས་དང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ་སོགས་ཤློ་ཀ་དྲུག་སྟེ་དེ་རྣམས་རེ་རེའི་མཐར་ཡིག་བརྒྱ་དང༌། ཆུ་བོ་དྲུག་གིས་སོགས་ཤློ་ཀ་གསུམ་གྱི་མཐར་ཡིག་བརྒྱ་དང༌། འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཚིགས་བཅད་གསུམ་གྱི་མཐར་ཡིག་བརྒྱ་དང༌། ས་འདི་དུག་གི་ཕ་ཡིན་ཏེ་ཞེས་སོགས་བཞིའི་མཐར་ཡིག་བརྒྱ་བརྗོད་ཅིང་ཁྲུས་བྱས་པའི་མཐར། རྡོ་རྗེ་སློབ་མ་འདིའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་མི་དགེ་བ་བཅུ་དང༌། མཚམས་མེད་པ། ཉེ་བའི་མཚམས་མེད་པ་ལ་སོགས་པ་རང་བཞིན་གྱི་སྡིག་པ་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སོ་ཐར་དང་བྱང་སེམས་ཀྱི་བསླབ་བྱ་དང་འགལ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གསང་བ་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་འགལ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཉམ་གཞག་དང་རྗེས་སྤྱོད་ཀྱི་དམ་ཚིག་དང་འགལ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཟའ་བ་དང༌། བསྲུང་བ་དང༌། མི་འབྲལ་བའི་དམ་ཚིག་དང་འགལ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཆོད་གཏོར་དམན་ཞིང་བསྙེན་སྒྲུབ་གཡེལ་བས་མཁའ་འགྲོ་ཆོས་སྐྱོང་གི་ཐུགས་དང་འགལ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གང་ཟག་གི་ས་མཚམས་མ་ཕྱེད་པས་སྲུང་མཚམས་འཆོལ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གནས་དང་གྲོགས་ལ་སོགས་པའི་གྲིབ་མ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་རྣམས་ཀྱི་རྐྱེན་གྱིས་ནད་དང་གདོན་དང༌། སྡུག་བསྔལ་དང༌། བྱིང་རྒོད་ཀྱི་དབང་དུ་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་ནས་བྱབས་སྲུང་སྤྱི་ལྟར་བྱ་བའམ་ཤིས་བརྗོད་ཇི་ལྟར་རིགས་པར་བྱས་ལ།
རང་གནས་སུ་བཏང༌། རྗེས་ཆོག་གང་ཡང་མི་དགོས་སོ། །ཁྲུས་ཀྱི་སྐབས་སུ་ཚིགས་བཅད་མང་པོ་འདོན་མི་ཐུབ་ན། ཇི་ལྟར་བལྟམས་པ་སོགས་ཤློ་ཀ་གཅིག་དང༌། ཡིག་བརྒྱ་མང་དུ་བརྗོད་པའི་མཐར་རྡོ་རྗེ་སློབ་མ་འདིའི་སོགས་སྦྲེལ་བས་འཐུས་སོ། །ཨ་བྷི་དྷ་ནར་གསུངས་པའི་འཁྲུལ་འཁོར་གྱིས་ཕྱིར་ཟློག་པའི་ལས་ནི་ཟླ་བ་མར་ངོ་ལ། ཤོག་བུ་གཙང་མར་སྐྱེས་པ་སྲུང་ན་གུར་གུམ་གི་ཝཾ་དང༌། བུད་མེད་སྲུང་ན་རྒྱ་སྐྱེགས་ཀྱིས་འཁོར་ལོ་ལྟེ་བ་ཇི་ལྟར་འཚམ་པར་བསྐོར་བའི་མཐར་མུ་ཁྱུད་དང༌། དེའི་ཕྱི་རོལ་དུ་རྩིབས་བཅུ་དྲུག་མུ་ཁྱུད་དང་བཅས་པ་བྲི། ལྟེ་བར་ཨོཾ་ཨཱཿཧཱུྃ་མིང་འདི་ཞེས་བྱ་བ་ལ་རཀྵ་རཀྵཿ ཞེས་པ་དང༌། རྩིབས་བཅུ་དྲུག་ལ་ཡི་གེ་བརྒྱ་པ་ཚན་པ་བཅུ་དྲུག་ཏུ་བཅད་པ་ཡིག་མགོ་ཕྱིར་བསྟན་དུ་བྲི། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར་དང༌། ཕྱི་མ་ལ་ཀཱ་ལི་གཡས་སྐོར་དུ་བྲི། འདི་གཉིས་ཀའི་འགོར་ཨོཾ་དང་མཐར་ཧཱུྃ་ཕཊ་སྦྱར་བ་ཡིན་ནམ་སྙམ་སྟེ། བདེ་མཆོག་གི་སྐབས་སུ་བྲི་བཟླས་གཉིས་ཀར་དེ་བཞིན་ཡོད་པ་ཤས་ཆེ་ཞིང༌། འོག་གི་རབ་གནས་ཀྱང་ཤེས། རབ་གནས་ནི། འཁོར་ལོ་དེ་ཐོད་པའམ་ཟངས་གཞོང་ནས་ཀྱིས་བཀང་བའི་སྟེང་དུ་བཞག ཉེར་སྤྱོད་ལྔ་དང༌། གཏོར་མ་གསུམ་བཤམ། རང་ལྷའི་ང་རྒྱལ་གྱིས་སྭ་བྷཱ་ཝའི་སྔགས་ལན་གསུམ་བརྗོད་པས་སྟོང་པར་སྦྱང༌། དེའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་འཁོར་ལོ་རྩིབས་བཅུ་དྲུག་པ་ལྟེ་བ་དང༌། མུ་ཁྱུད་ཕྱི་ནང་ལ་བཀོད་པའི་ཡི་གེ་རྣམས་དང་བཅས་པ་བྲིས་པའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། འཁོར་ལོའི་ཡིག་འབྲུ་རྣམས་ལས་འོད་འཕྲོས་པས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བྲིས་པའི་འཁོར་ལོ་ལ་ཐིམ་པར་གྱུར། ཛཿཧཱུྃ་བཾ་ཧོཿཡང་ཡང་བརྗོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ལྔས་མཆོད།
གཏོར་མ་དང་པོ་རང་གི་ཡི་དམ་བདེ་ཀྱེ་གང་ཡིན་ལྟར་བྱིན་གྱིས་བརླབས་ནས་འདས་པའི་ལྷ་ལ་རང་རང་གི་ཆོ་གས་དབུལ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒྲུབ་བྱ་བཀུག་སྟེ། འཁོར་ལོའི་ལྟེ་བའི་མིང་ཡིག་ལ་ཐིམ་པར་བསམས་ལ། གཏོར་མ་གཉིས་པ་སྔར་ལྟར་བྱིན་གྱིས་བརླབས་ནས། བདེ་མཆོག་ལྟར་ན་མཁའ་འགྲོ་སྤྱི་གཏོར་རམ། ཀྱེ་རྡོར་ལྟར་ན་ཕྱི་རོལ་པའི་ཆོ་གས་འབྱུང་པོ་ཐམས་ཅད་ལ་དབུལ། ཡིག་རྙིང་དུ་ཕྱོགས་སྐྱོང་ལ་འབུལ་བར་གསུངས་པས་འདི་གཉིས་ལ་ཚང་ངོ༌། །དེ་ནས་ཡི་གེ་བརྒྱ་པ་དང༌། ཨཱ་ལི་ཀཱ་ལི་བརྒྱ་རྩ་བརྒྱད་རེ་བཟླས་ཏེ། སོ་སོའི་ཧཱུྃ་ཕཊ་ཀྱི་གོང་དུ། མིང་འདི་ཞེས་བྱ་བ་ལ་རཀྵ་རཀྵཿཞེས་གཞུག་གོ །དེ་ནས་འཁོར་ལོ་ཟངས་སམ་ལྕགས་ཀྱི་ཐུར་མ་ལ་དྲིལ་ཏེ་ལ་ཆས་གཏུམ། གཏོར་མ་གསུམ་པ་བགེགས་ལ་བྱིན་རླབས་དང་བསྔོ་བ་ལྷན་ཅིག་པར། ཨོཾ་སརྦ་བི་གྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བཏང་ལ་བསྐྲད་དེ། འཁོར་ལོ་བཙུན་པ་དང་བུད་མེད་ཀྱི་དཔུང་པ་གཡས་དང༌། སྐྱེས་པའི་གཡོན་དུ་བཏགས། དུས་ནམ་གཙོ་ལ་ལག་པ་གཡས་པས་བཀབ་ལ་གོང་གི་སྔགས་རྣམས་བཟླའོ། །སྒོམ་བཟླས་ནས་འདིའི་བར་ཉམས་སུ་ལེན་པ་ལ་སྒོམ་བཟླས་ཀྱི་ལུང་ངེས་པ་ཅན་ཐོབ་དགོས་པས། དེ་ཉིད་འབོག་པའི་ཆོ་ག་ནི། སློབ་དཔོན་གྱི་བྱ་བ་བདེ་ཀྱེ་སོགས་ཀྱི་མངོན་རྟོགས་དང་འབྲེལ་བའམ། མ་འབྲེལ་བའི་ཚེ་སྒོམ་བཟླས་སྔར་སྨོས་པ་ལྟར་བྱ། གཉིས་པ་གོང་ལྟར་ཡང་རྡོར་སེམས་ཀྱི་ང་རྒྱལ་ལ་གནས་པས་སློབ་མ་ཚོགས་པ་དང༌། སེམས་བསྐྱེད་གསལ་འདེབས་དང༌། འདིར་གང་གསན་པར་བྱ་བའི་ཆོས་ནི། རིག་པ་འཛིན་པའི་སྡོམ་ལྡན་གྱི་གང་ཟག་ལ་ཡན་ལག་མ་ཚང་བའི་ལྟུང་བ་བྱུང་ན། བྱིན་གྱིས་བརླབ་པ་དང༌། ལྟུང་བ་འཕེལ་དུ་མི་གཞུག་པར་བྱ་བའི་ཕྱིར་
རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཐུན་གྱི་འགོར་མཛད་པ་ནི། སློབ་དཔོན་འཇམ་དཔལ་གྲགས་པས། གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེ་བརྒྱ་པས་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་ལས་ལ་ཉེར་གནས་བྱ། །འགྱོད་བཅས་ཉེས་པ་འཕེལ་མི་འགྱུར། །ཞེས་གསུངས་པ་དང་མཐུན་ལ། ཇི་ལྟར་བྱ་བའི་ཆོ་ག་ཡང༌། མ་རྒྱུད་ཀྱི་སྐབས་སུ་བདེ་མཆོག་གི་བཤད་རྒྱུད་ཨ་བྷི་དྷ་ན་དང༌། ཕ་རྒྱུད་ཀྱི་སྐབས་སུ་ཀླུ་བྱང་གི་དཀྱིལ་མཆོག་ཉི་ཤུ་པ་ལ་བརྟེན་པ་ཤས་ཆེ། འདིར་སྔ་མའི་དབང་དུ་བྱས་ན། ཨ་བྷི་དྷ་ནའི་ལེའུ་ཉི་ཤུ་རྩ་ལྔ་པར། ཡིག་བརྒྱ་ལྷ་ཐམས་ཅད་ཀྱི་གསང་སྔགས་ཡིན་ཚུལ། ཡིག་བརྒྱའི་སྔགས་དངོས། དེའི་འཁྲུལ་འཁོར་གྱིས་ཕྱིར་ཟློག་རྣམས་གསུངས་ལ། ལེའུ་ཉི་ཤུ་རྩ་དྲུག་པར། ལྟུང་བ་སྦྱོང་པ་དང༌། ལྟུང་བཤགས་ཀྱི་ཆོ་ག་གསུངས། འོན་ཀྱང་ལེའུ་དེ་གཉིས་ཀར་ལྷ་གང་བསྒོམ་གསལ་བར་མ་གསུངས་པར། ལེའུ་དྲུག་ཅུ་རྩ་བཞི་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་སོགས་བཤད་པ་རྣམས་སྦྱར་ནའང་ཆོག་མོད། གསང་སྔགས་རབ་འབྱམས་ཀྱི་བདག་པོ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་སྤྲོས་པ་ཆེ་ཆུང་འཚམས་པའི་དབང་དུ་མཛད་ནས། རྒྱུད་དེའི་ལེའུ་ཉེར་བཞི་པར་འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་གསུངས་པའི། རྡོར་སེམས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་དེ་ཟུར་དུ་ཕྱུང་ནས་ཆོ་ག་འདི་དང་སྦྱར་བར་མཛད། དེ་དང་མཐུན་པའི་བཟླས་ལུང་ཡང་ལམ་འབྲས་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་སུ་དར་ཆེ་མོད། ལམ་འབྲས་ཀྱི་ཆ་ལག་ཁོ་ན་ཡིན་པའི་ངེས་པ་མེད། དེ་ལྟ་བུའི་ཆོ་ག་སྒྲུབ་པ་ལ་སློབ་དཔོན་གྱིས་སྒོམ་བཟླས་ད་ཅི་ནས་ཚར་བ་ཡིན་པས། ཁྱེད་རང་གི་བྱ་བ་སློབ་དཔོན་ལ་དཔལ་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་བཟླས་ལུང་
ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་མཛད་པར་ཞུ། ཞེས་བསྐུལ་ལ་སློབ་མས་མཎྜལ་ཕུལ། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཐམས་ཅད་འདུས་པའི་གཙོ། །དཔལ་ལྡན་བླ་མ་རྡོ་རྗེ་འཆང༌། །ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་དུ་གཞུག དངོས་གཞི་ལུང་སྦྱིན་པ་ལ་གསུམ། རྗེས་སུ་བཟླས་པ་དང༌། དམ་བཅའ་བ་དང༌། བྱིན་གྱིས་བརླབ་པའི་ལུང་ངོ༌། །དང་པོ་རྗེས་སུ་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་ཝ་སོགས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ། ཁྱེད་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་སོགས་ནས་ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་དྲག་པོས་གསང་སྔགས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་རྡོ་རྗེས་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐར་མར་ཡི་གེ་བརྒྱ་པས་ཡོངས་སུ་བསྐོར་བར་བསམས་པའི་ཧཱུྃ་ལས་ཡིག་བརྒྱའི་སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོ་བ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་བསམས་པ་ལ་ཐིམ། དེ་ལས་བདུད་རྩི་དཔག་ཏུ་མེད་པ་བབས། དེས་དེད་ནས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་ནུར་གྱི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་ནས་ཐོན། ལུས་ཐམས་ཅད་བདུད་རྩིས་གང་བར་མོས་ལ། འདི་ཡི་རྗེས་ཟློས་
མཛོད། ཡིག་བརྒྱ་ལན་གསུམ་བརྗོད་དུ་གཞུག རྗེས་སུ་བཟླས་པའི་ལུང་ངོ༌། །གཉིས་པ་དམ་བཅའ་བའི་ལུང་ནི། ཡིག་བརྒྱ་ཉིན་རེ་བཞིན་མ་ཆག་པར་བཟླ་དགོས་པས། ཇི་ཙམ་བཟླ་དྲིས་ཁས་ལེན་དུ་གཞུག དེ་ནས་དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཔལ་རྡོ་རྗེ་སེམས་དཔའ་ཡི་དམ་དུ་བཟུང༌། ཡིག་བརྒྱ་ཁས་བླངས་བཞིན་མ་ཆག་པར་བཟླ་སྙམ་པ་མཛོད་ལ། འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས། དུས་ད་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། དཔལ་རྡོ་རྗེ་སེམས་དཔའ་ཡི་དམ་གྱི་ལྷར་བཟུང་ཞིང་ཡི་གེ་བརྒྱ་པ་ཉིན་རེ་ལ་ཉེར་གཅིག་སོགས་མ་ཆག་པར་བཟླ་བ་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད་དུ་གཞུག དམ་བཅའ་བའི་ལུང་ངོ༌། །གསུམ་པ་བྱིན་གྱིས་བརླབ་པའི་ལུང་ནི། སློབ་དཔོན་ལ་གསོལ་བ་འདེབས་པའི་ཡིད་ཀྱིས་མེ་ཏོག་འཐོར་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད། སློབ་དཔོན་གྱིས་སྔགས་ཀྱི་དངོས་གྲུབ་སྩལ་ཞིང་བརྟན་པར་བྱིན་གྱིས་བརླབས་པར་མོས་པ་མཛོད། སློབ་མའི་སྤྱི་བོར་མེ་ཏོག་བཞག་ཅིང༌། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་རིག་པ་འཛིན་པ་འདི་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བྱིན་གྱིས་བརླབ་པའི་ལུང་ངོ༌། །དེ་ལྟར་སྒོམ་བཟླས་ཀྱི་ལུང་ཐོབ་ཕྱིན་ཆད་མ་ཆག་པར་བྱ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ།
གཏང་རག་གི་མཎྜལ། དེང་ནས་སོགས་སྤྱི་ལྟར་བྱས་ལ་རང་གནས་སུ་གཏང༌། རྗེས་ཆོག་གཞན་གང་ཡང་མི་དགོས་སོ། །འདི་ནི་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གི་ཡིག་ཆ་ལྟར་བཀོད་པ་ཡིན་གྱི། སློབ་བཤད་ཀྱི་ཟིན་བྲིས་ཞིག་ལ་ཅུང་ཟད་མི་འདྲ་བ་ཞིག་འབྱུང་མོད་ཕྱག་ལེན་ལ་ཡོད་མེད་བརྟག་གོ །དེ་དག་གིས་ནི་མ་རྒྱུད་ཀྱི་ཕྱོགས་གང་ལའང་སྦྱར་རུང་གི་ཆོ་ག་ཚང་བར་བཤད་ཟིན་ཏོ། །ཞར་བྱུང་བདེ་མཆོག་གི་རྣལ་འབྱོར་ལ་མོས་པ་ཆེ་བ་རྣམས་ཀྱིས་གོང་སྨོས་རྡོ་རྗེ་མཁའ་འགྲོའི་རྒྱུད་ལྟར་བུམ་ཆོག་བྱེད་ན། བདག་བསྐྱེད་ལཱུ་ནག་དྲིལ་གསུམ་སོགས་རང་གཙོ་བོར་གང་ལ་བྱེད་པ་དེས་བྱ། མདུན་དུ་བུམ་པ་བཅུད་ལྡན་གྱི་ནང་དུ་སོ་སོའི་དབང་ཆོག་ལྟར། མངོན་བྱང་ནས་བཟུང་རིགས་བདག་གི་རྒྱས་འདེབས་པའི་བར་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོ་ཞལ་ཕྱག་ཡོངས་རྫོགས་སུ་བསྐྱེད་པའི་ཞོར་ལ་བུམ་པའི་སྟེང་གི་རྡོ་རྗེའི་ལྟེ་བར་ཡང་སྐད་ཅིག་གིས་གཙོ་བོས་ཡབ་ཡུམ་ཞིག་གསལ་གདབ་བོ། །མཆོད་བསྟོད་བཟླས་དམིགས་བཅས་རང་རང་གཞུང་ལྟར་ལ་སྔགས་ཧེ་རུ་ཀའི་ཡིག་བརྒྱ་ཁོ་ན་མང་དུ་བཟླ། མཐར་མཆོད་བསྟོད་སོགས་བྱས་ནས་ལྷ་འོད་དུ་བཞུ། རང་གཞན་ལ་ཁྲུས་བྱེད་ཚུལ་སྔར་སྨོས་པ་ལྟར་རམ་བསྒྲུབ་བྱ་ལ་བྱེད་ཚེ་ཅུང་ཟད་སྤྲོས་པ་ལ་དགའ་ན། སྦྱང་བ་གསུམ་འཇུག་པའི་སྐབས་བཞིན་བྱ་རུང་སྟེ། དེ་ལ་དང་པོ་བགེགས་སྦྱང་བ་ནི། ཞི་བས་སྦྱང་བ་དང༌། ཞི་དྲག་ཕྱེད་མས་སྦྱང་བ་ནི་དབང་ཆོག་ལྟར་དང༌། དྲག་པོའི་སྦྱང་བའི་སྐབས་སུ། འདིར་རྡོ་རྗེའི་སློབ་མ་རྣམས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སོགས་ཀྱང་འདྲ། གཉིས་པ་སྡིག་པ་སྦྱང་བ་ནི་དབང་ཆོག་ལྟར་རམ། སྤྲོ་ན། ཐབ་ཏུ་ཟ་བྱེད་རྡོ་རྗེ་མཁའ་འགྲོ་
ཡན་ལག་བཞིས་བསྐྱེད་ནས་མཆོད་བསྟོད་བྱ། ཁྱེད་རྣམས་ཀྱི་རྐང་མཐིལ་དུ་རླུང་སོགས་ཀྱི་དམིགས་པ་སློབ་མ་ལ་ཕོག་སྟེ་སྔགས་ཀྱིས་ཏིལ་མང་དུ་དབུལ། སླར་ཡང་མཆོད་བསྟོད་དང་གཤེགས་གསོལ་བྱ་སྟེ། ངོར་ཆེན་གྱི་ཡིག་ཆའི་སྟེང་ནས་བྱེད་རྒྱུའི་རྩིས་ཡིན། འདི་ལ་གཟུངས་དཔལ་བས་བདག་བསྐྱེད་ཀྱི་སྔགས་ཡིག་བརྒྱ་བཟླས་ནས་ཡིག་བརྒྱའི་སྦྱིན་སྲེག་ཅེས་ཀྱང་གསུང་འདུག་གོ །གསུམ་པ་དྲི་མ་སྦྱོང་བ་ནི། སློབ་དཔོན་ཧེ་རུ་ཀར་གསལ་བའི་སོགས་ནས་བྱིང་རྒོད་ཀྱི་དབང་དུ་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པའི་བར་གྱིས་ཁྲུས་བྱས་ལ་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་ཞིག་བརྗོད་དོ། །གོང་འོག་གི་ཁྲུས་ཆོག་འདི་གཉིས་ཀ་བསྒྲུབ་བྱ་བདེ་ཀྱེ་སོགས་རྣལ་འབྱོར་བླ་མེད་ཀྱི་དམ་ཚིག་ཐོབ་པ་ཁོ་ན་ལ་བྱ་རྒྱུ་ཡིན་ནོ། །རྟེན་གསུམ་ལ་ཁྲུས་གསོལ་ན་སྤྱི་ལྟར་ལས་འདོན་བྱ་ལྷག་པོ་ཅིའང་མེད། སྲུང་མ་གྲིབ་ཀྱིས་ཕོག་ནས་རང་ལ་མི་འདོད་པ་སྣ་ཚོགས་བྱུང་ན་མགོན་ཁང་སོགས་སུ་ཚིགས་བཅད་དང་ཡིག་བརྒྱ་སྤེལ་བས་ཁྲུས་གསོལ་ན་ལེགས་ཏེ། གདོང་བཞི་པའི་དངུལ་བྲེ་མར་མགོན་པོའི་བསང་བ་ཞེས་པའི་ཁྲུས་ཆོག་དམིགས་ཀྱིས་བསལ་བ་ཞིག་ཀྱང་ཡོད་པས་སོ། །རིང་ནས་བསགས་པའི་སྒྲིབ་ཀུན་སྦྱང་སླད་དུ། །རིགས་ལྔའི་བདག་པོའི་ཐུགས་རྗེ་ཡུལ་ཉིད་ལ། འཇུག་པའི་ཡེ་ཤེས་ཟླ་ཞུན་རྣམ་པ་རུ། །འབེབས་པ་ཡི་གེ་བརྒྱ་པའི་མཐུ་ཁོ་ན། །དེ་སླད་རྒྱུད་དོན་མན་ངག་གིས་བཀྲལ་བའི། །ཉམས་ལེན་སྙིང་པོར་དྲིལ་བའི་བསོད་ནམས་རྒྱུན། །བྱང་ཆུབ་སྤྱོད་པའི་རྒྱ་མཚོ་ཆེར་སིམ་སྟེ། །ཐོག་མཐའ་མེད་པའི་སེམས་དཔའ་མྱུར་འགྲུབ་ཤོག །ཅེས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒོམ་བཟླས་ཡན་ལག་དང་བཅས་པ་བྱིན་རླབས་ཟླ་ཞུན་གྱི་ཆུ་བོ་ཞེས་བྱ་བ་འདི་ནི། ཁྱབ་བདག་ཆོས་
དབྱིངས་གསུང་གི་དབང་ཕྱུག་རྡོ་རྗེ་སློབ་དཔོན་གྱི་སྒྱུ་འཕྲུལ་དུ་བཞེངས་པ་མཆོག་གི་ཞལ་སྔ་ནས། དངོས་གྲུབ་རྒྱ་མཚོའི་སྣོད་དུ་འོས་པའི་སྐལ་བཟང་རྣམས་ཀྱི་འདོད་པ་འཇོ་བའི་སྒྲུབ་ཐབས་ཀུན་ལས་བཏུས་པའི་པུསྟ་ཀཿགསར་སྒྲིགས་གྲུབ་པའི་ངོ་མཚར་གྱི་ལྟས་མོ་བློ་གྲོས་ཀྱི་རྭ་བར་མི་ཤོང་བ་མངོན་དུ་གྱུར་པའི་ཚེ། འདི་སྐོར་ལམ་འབྲས་པ་ལ་གྲགས་ཆེ་ཡང༌། མ་རྒྱུད་སྤྱི་ཁྱབ་ལ་སྦྱར་རུང་གི་ཉེར་མཁོ་ཡིན་པས་ན་འཇུག་འོས་སམ་སྙམ་ནས། སྤྲང་བཙུན་མདོ་མེད་པོ་ཝཱ་གིནྡྲ་སུ་སིདྡྷིས་འཇམ་དབྱངས་བླ་མ་ཉིད་ཀྱི་བསྟི་གནས་དང་ཉེ་བར་འཕྲལ་དུ་བྲིས་ནས་ཕུལ་བ་བྱཱ་ཤུ་བྷ་མསྟུ།། །།
བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པའི་ཡི་གེ་དངོས་གྲུབ་འདོད་འཇོ།
བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པའི་ཡི་གེ་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།
རྒྱ་གར་སྐད་དུ། ཤྲཱི་བཛྲ་སཏྭ་སྱ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཁའ་ཁྱབ་དངོས་ཀུན་སྟོང་ཉིད་རྡོ་རྗེ་བཙུན་མོའི་འཇོ་སྒེག་དང༌། །ཡུལ་ཅན་བདེ་ཆེན་སེམས་དཔའ་མཉམ་སྦྱོར་སློབ་པ་མིན་པའི་ཟུང་འཇུག་ནི། །ཡན་ལག་བདུན་གྱི་ལོངས་སྤྱོད་ཆེན་པོས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྲིན། །སྤྲོ་དང་སྡུད་པའི་ཁྱབ་བདག་གཅིག་པུ་དང་པོའི་མགོན་དེས་དགེ་ལེགས་སྩོལ། །གང་གི་རྡོ་རྗེའི་སྐུ་གསུང་ཐུགས། །ཉེ་བར་བསྙེན་ལས་མཆོག་ཐུན་གྱི། །དངོས་གྲུབ་འདོད་པ་འཇོ་བའི་ཕྱིར། །ཡི་གེའི་དཔག་བསམ་ཤིང་འདི་འཁྲུངས། །འདི་ལ་གསུམ། བདག་དོན་བསྙེན་པའི་ཆོ་ག ཚོགས་གསོག་སྒྲུབ་པའི་ཆོ་ག གཞན་དོན་ཕྲིན་ལས་ཀྱི་ཆོ་གའོ། །དང་པོ་ལ་གཉིས། མངོན་རྟོགས་སྤྱིར་བསྟན་པ་དང༌། བསྙེན་ཐབས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ངེས་འབྱུང་དང་བྱང་ཆུབ་སེམས་གཉིས་ཀྱིས་རྒྱུད་ལེགས་པར་སྦྱངས་ནས་གཞན་དོན་ཁོ་ནར་མྱུར་བ་མྱུར་བར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པའི་སྒྲུབ་པ་པོས། རྡོ་རྗེ་ཐེག་པ་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་བཞི་རྫོགས་པ་དང༌། འདི་ཉིད་ཀྱི་རྗེས་སུ་
གནང་བ་ལེགས་པར་མནོས་ཏེ་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས། གནས་དབེན་པར་བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། དགེ་སེམས་ཁྱད་པར་ཅན་གྱིས་མཚམས་སྦྱར་ནས་མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་སྟེང་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་འཆང་དབང་བློ་གྲོས་རིན་ཆེན་ཞབས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་མ་ཏངྒི། །གྲུབ་ཆེན་ཏཻ་ལོ་པ་དང་ནཱ་རོ་པ། །མར་པ་ལོ་ཙཱ་རྣམས་ལ་གསོལ་བ་འདེབས། །དབང་གི་རྡོ་རྗེ་འཁོན་སྟོན་བསོད་ནམས་ཞབས། །ཚུལ་ཁྲིམས་འཕགས་པ་སྐྱབས་དང་གཞོན་ནུ་འོད། །ཆོས་སྐུ་འཕགས་འོད་བུ་སྟོན་རིན་ཆེན་གྲུབ། །གཞོན་ནུ་བསོད་ནམས་རྣམས་ལ༴ །འཇམ་མགོན་བླ་མ་ཤེར་སེང་དཔལ་ལྡན་བཟང༌། །དགེ་འདུན་འཕེལ་བ་བཀྲ་ཤིས་འཕགས་པའི་ཞབས། །བསམ་འགྲུབ་རྒྱ་མཚོ་བརྩོན་འགྲུས་འཕགས་པ་དང༌། །རྡོ་རྗེ་བཟང་པོ་རྣམས་ལ༴ །སངས་རྒྱས་རྒྱ་མཚོ་དཀོན་མཆོག་རྒྱ་མཚོའི་སྡེ། །དཀོན་མཆོག་ཡར་འཕེལ་ངག་དབང་ཆོས་ལྡན་དཔལ། །བློ་བཟང་ཆོས་འཛིན་བསྟན་པའི་སྒྲོན་མེ་
དང༌། །ངག་དབང་ཆོས་གྲགས་རྣམས་ལ༴ །ངག་དབང་ཕྲིན་ལས་དགེ་ལེགས་ཆོས་འཕེལ་ཞབས། །ཡེ་ཤེས་སྐལ་བཟང་བསྟན་པའི་རྒྱལ་མཚན་དང༌། །སྐྱབས་ཀུན་འདུས་ཞལ་དཔལ་ལྡན་རྡོ་རྗེ་སེམས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་ནི་སྔོན་ཆད་ཉོན་མོངས་དབང་གྱུར་པས། །བཅས་དང་རང་བཞིན་ཁ་ན་མ་ཐོའི་ལས། །བགྱིས་དང་བགྱིད་སྩལ་རྗེས་སུ་ཡི་རང་བ། །བསམ་པ་ཐག་པས་མགོན་པོ་རྣམས་ལ་བཤགས། །དངོས་དང་བརྒྱུད་པའི་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིམ་གཉིས་ཟབ་མོའི་གྲུ་ཆེན་ནང་ཞུགས་ནས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་ཡུལ་གསལ་བཏབ་ལ། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང༌། །སེམས་དཔའ་དམ་པ་རྣམས་ཀྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིང༌། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །ཞེས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་
རང་གི་སྤྱི་བོར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ཡུམ་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲང༌། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པ་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲང༌། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་རྡོ་རྗེ་སེམས་དཔའ་སྤྲུལ་སྐུའི་རྣམ་པས་དབུར་བརྒྱན་པར་གྱུར། སྤྲོ་ན། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པའི་མོས་པས། ཨོཾ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་བཛྲ་སཏྭ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །ཞེས་པས་བསྟོད། བཅོམ་
ལྡན་འདས་རྡོ་རྗེ་སེམས་དཔའི་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཐུགས་ཀའི་ཧཱུྃ་ཡིག་གི་མཐར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་པའི་སྔགས་ཕྲེང་གིས་བསྐོར་བར་གསལ་གདབ། དེའི་ཚེ། ཐུགས་ཀའི་ཡིག་འབྲུ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་དང་བཅས་པ་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཡིག་འབྲུ་ལ་ཐིམ་པས་ཡིག་འབྲུ་ལས་བདུད་རྩི་དཀར་པོ་བྱུང༌། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་སངས་ཀྱིས་ཐོན། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་ཁེངས། རྟོགས་པའི་ཡོན་ཏན་བདག་གཞན་ཐམས་ཅད་ལ་སྐྱེས་པར་བསམ་ཞིང༌། ཨོཾ་བཛྲ་སཏྭ་ས་མ་ཡ་ནས། ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླ། མཐར་ཐལ་མོ་སྦྱར་ཏེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་གསོལ་བ་བཏབ་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་གོ་ཞེས་གསུངས་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་
ཐུགས་དབྱེར་མི་ཕྱེད་པར་གྱུར་པར་བསམས་པའི་ངང་ནས། པདྨ་དཀར་པོ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་རྣམས་མཆོད། སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ནས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་སྟོན་ཀའི་ཟླ་བ་དྲི་མ་མེད་པའི་མདངས་ལྟ་བུ། ཞལ་གཅིག་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། གཉིས་ཀའང་མཚན་དང་དཔེ་བྱད་རྫོགས་ཤིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་དང༌། ཡུམ་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲང༌། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པ་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་རྡོ་རྗེ་སེམས་དཔའ་སྤྲུལ་སྐུའི་རྣམ་པས་དབུ་བརྒྱན་པར་གྱུར། སྤྲོ་ན་རང་གི་
ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པའི་མོས་པས། ཨོཾ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་བཛྲ་སཏྭ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་སེམས་དཔའ་ལ་ཕྱལ་འཚལ། །ཞེས་པས་བསྟོད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་གཟི་བརྗིད་དང༌། མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཐུགས་ཀའི་ཧཱུྃ་ཡིག་གི་མཐར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅེས་པའི་སྔགས་ཕྲེང་གིས་བསྐོར་བར་གསལ་བཏབ་ལ་བཟླས་པ་ཅི་ནུས་སུ་བྱ། ཐུན་བསྡུ་བ་ན་ཐལ་མོ་སྦྱར་ཏེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ཅིང་སྡིག་སྒྲིབ་དག་པའི་ངེས་ཤེས་བསྐྱེད། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་ལ་
ཕོག དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ། ཧཱུྃ་ཡིག་ཞབས་ཀྱུ་ནས་ནཱ་དའི་བར་དུ་རིམ་གྱིས་ཐིམ་སྟེ། དེའང་མི་དམིགས་པར་གྱུར་པར་བསམས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་སྟོང་པའི་སྟོང་པ་ཉིད་ལ་མཉམ་པར་བཞག སླར་ཡང་སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་པའི་མོས་པ་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང༌། ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་བརྗོད་ཅིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །ཐུན་མཚམས་སུ་གཏོར་འབུལ། སྤྲོ་ན། འབུལ་གཏོར་ཟླུམ་པོ་མཆོད་པ་དང་བཅས་པ་བཤམ། ཨོཾ་ཨཱཿབིགྷཱན་ཏ་ཀྲྀ་ཏ་ཧཱུྃ་གིས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཨོཾ་ཨཱཿཧཱུྃ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་བྷྲཱུྃ་ཨོཾ་ཛྲིཾ་ཁྃ་རྣམས་ལས་བྱུང་བའི་ཤ་ལྔ་དང་བདུད་རྩི་ལྔ། སླར་ཡང་ཡི་གེ་དེ་དག་གིས་མཚན་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རླུང་གཡོས་མེ་སྦར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ་བའི་ནང་དུ་རྡོ་རྗེ་གསུམ་རིམ་གྱིས་ཞུ་ཞིང་ཐིམ་པས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས་ཤིང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་བདུན་བརྗོད་པས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འོག་མིན་གྱི་ཞིང་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ཞེས་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་རྡོ་རྗེ་སེམས་
དཔའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་བདུན་གྱིས་དབུལ། མཆོད་བསྟོད་སྔར་བཞིན་བྱ། ཡིག་བརྒྱ་བཟླས་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བདེ་བླག་ཏུ་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། ཅེས་དམིགས། གཉིས་པ་བསྙེན་ཐབས་བྱེ་བྲག་ཏུ་བཤད་པ་ནི། རྒྱུད་སྡེའི་སྤྱིའི་བསྙེན་སྒྲུབ་ཀྱི་གནད་ལོངས་ཤིང་ཕྱག་ལེན་ཤེས་པ་ཞིག་གི་དབང་དུ་བྱས་ཏེ་འདིར་མདོར་བསྡུ་ན། སྔོན་དུ་གསང་འདུས་བདུད་རྩི་འཁྱིལ་པའི་བསྙེན་པ་ཐོན་ཡོན་ན་ལེགས། མེད་ན་བདུད་རྩི་འཁྱིལ་བའི་སྒོམ་བཟླས་དང་སྔགས་རིང་ཐུང་གང་རུང་ཉིན་གསུམ་ཙམ་གཏོང་རྒྱུ་སྒྲུབ་པ་དངོས་གཞི་བར་ཆད་སེལ་བ་ལ་བསྔགས། ཟླ་བ་ཡར་ངོའི་ཚེས་གཅིག་ལ་སོགས་པའི་ཚེས་གྲངས་དང་གཟའ་སྐར་བཟང་པོའི་ཉིན་ཡིད་དང་མཐུན་པའི་གནས་སུ་རྡོ་རྗེ་སེམས་དཔའི་བྲིས་འབུར་གྱི་སྐུ་ལ་སོགས་པ་རྟེན་དང་མཆོད་པ་ལེགས་པར་བཤམ། མཚམས་མ་གྲོལ་རིང་ལ་བྱ་བྱེད་སོགས་རྣམ་གཡེང་ཆེན་པོ་མི་འོང་བ་དང༌། མཚམས་གཡོག་འཇོག་འོས་སོགས་སྟ་གོན་བྱས་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་ལེགས་པར་ཕུལ། བགེགས་གཏོར་བཏང་ལ་ནག་ཕྱོགས་པ་རྣམས་བསྐྲད། བསང་དང་ཆ་གསུམ་སོགས་བཏང་སྟེ་དཀར་ཕྱོགས་པ་རྣམས་ལ་མཚམས་ཀྱི་རིང་ལ་བར་ཆད་ཟློག་པའི་ཕྲིན་ལས་བཅོལ། མཚམས་ཐོ་བསླང༌། སྲོད་ཀྱི་དུས་སུ་ཁ་ཤར་དུ་ཕྱོགས་པའམ་ཕྱོགས་པར་མོས་པས། སྟན་བདེ་བ་ལ་འཁོད་དེ། རང་གི་རྩ་བའི་བླ་མ་དང་རྡོ་རྗེ་སེམས་དཔའ་གཉིས་དབྱེར་མེད་པ་སྐྱབས་ཡུལ་གྱི་གཙོ་བོ་དང༌། མཐའ་སྐོར་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་གྱི་ཕུང་པོ་འཐིབས་
པ་ལྟར་བཞུགས་པའི་སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྣམས་ཡིད་འཁུལ་ངེས་པ་སྔོན་དུ་བཏང༌། དེ་ནས་སྒྲུབ་ཐབས་ལྟར་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཡན་ལག་བཞི་རྫོགས་སུ་བསྐྱེད། ལྷ་སྐུའི་གསལ་སྣང་རེ་རེ་བཞིན་བཏོན་ལ་ཡུན་རིང་དུ་སེམས་གཟུང༌། ང་རྒྱལ་ཡང་ནས་ཡང་དུ་བརྟན་ཅིང་དག་དྲན་རྒྱས་པར་ཤེས་ན་དང༌། མི་ནུས་ན། ཆོས་སྐུ་སྤྲོས་པ་དང་བྲལ་བ་ལས་གཟུགས་སྐུ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུ་གང་འདུལ་གྱི་རོལ་པ་བརྡ་དང་རྟགས་ཀྱི་རྣམ་པར་ཤར་བར་མོས་ཏེ། ཇི་སྐད་དུ། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་སྐུ་ནི་མཚོན་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་པ་ནི་བསྐྱེད་རིམ་བསྒོམ་པའི་གནད་ཀྱི་སྙིང་པོའོ། །དེ་ལ་གསལ་སྣང་བརྟན་ནས་བཟླས་པ་ལ་འཇུག་སྟེ། ཐོག་མར་བགྲང་ཕྲེང་ཞི་བ་གཙོར་བྱེད་ན་དུང་ངམ་ཤེལ་དཀར། མཆོག་ལ་བོ་དྷི་ཙིའི་ཕྲེང་བ་བླངས་ལ་བྱིན་རླབས་སྤྱི་ལྟར་བྱ། བཟླས་པའི་གཞི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དབུས་སུ་ཏིང་འཛིན་སེམས་དཔའ་ཧཱུྃ་དཀར་པོ་འོད་ཟེར་འཕྲོ་བ། མཐའ་སྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་སྦྲུལ་འཁྱིལ་བ་ལྟར་བསམས་ལ་ཡིག་འབྲུ་རེ་རེ་ནས་གསལ་བཏབ་སྟེ་རགས་པའམ་སྒོམ་ལོ་ཙམ་གྱི་དབང་དུ་མ་ཤོར་བར་ཡིད་གཞན་དུ་མི་ཡེངས་པར་རྩེ་གཅིག་པའི་སེམས་ཀྱིས་ཡིག་གཟུགས་དང་སྒྲ་གདངས་ལ་སེམས་གཏད། ཤེས་ཤིང་སྤྲོ་ན་ཡི་གེ་བརྒྱ་པའི་ངེས་དོན་ཐུགས་རྒྱུད་སྐུལ་བའི་རྒྱུ་མཚན་ཀྱང་དྲན་པར་བྱ། སྐབས་སུ་ལྷ་རྡོ་རྗེ་སེམས་དཔའ་བསྒོམ་པ་དང་སྔགས་ཡིག་བརྒྱ་བཟླས་པའི་ཕན་ཡོན་ལ་ངེས་ཤེས་བསྐྱེད། རྣམ་པ་ཀུན་ཏུ་འཁོར་བ་ལ་ངེས་འབྱུང༌། སེམས་ཅན་ལ་སྙིང་རྗེ། བླ་མ་ལྷ་ལ་མོས་གུས་ཀྱི་རྩལ་ཡང་ཡང་བསྐྱར་བས་རང་རྒྱུད་ལ་དེ་དག་གི་ཏིང་ངེ་འཛིན་གྱི་ཡོན་ཏན་ཅུང་ཟད་སྐྱེས་ན་རྒྱུད་རྣམ་པར་དག་ཅིང་ལྷ་བསྒོམས་པ་དང་སྔགས་བཟླས་པ་རྣམས་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་འགྱུར་རོ། །བཟླས་
པ་འཇོག་པའི་ཐུན་མཐར་དབྱངས་གསལ་དང་རྟེན་སྙིང༌། ཡིག་བརྒྱ་ལན་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང༌། གསང་བ་སྤྱི་ལྟར་སྟོང་ཚིགས་ཀྱི་མཆོད་བསྟོད་བྱས་ཀྱང་ལེགས་པའི་ཡན་ལག་གོ །བསྡུ་རིམ་བྱས་ལ་མི་དམིགས་པའི་ངང་དུ་མཉམ་གཞག་ཅི་ནུས་བྱ། སླར་ཐུན་མཚམས་ཀྱི་ལྷ་སྐུ་སྣང་སྟོང་ཟུང་འཇུག་ཏུ་ལྡངས་ལ་གནས་གསུམ་བསྲུང༌། དགེ་བ་བསྔོ། ཐེག་པ་ཆེན་པོའི་སྨོན་ལམ་ཐུན་མོང་མ་ཡིན་པ་གདབ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རྣལ་འབྱོར་དང་མ་བྲལ་བས་སྤྱོད་ལམ་ཐམས་ཅད་དྲན་ཤེས་ཀྱི་རྩིས་ཟིན་པར་བྱས་ལ་ལམ་དུ་ཁྱེར། ཐུན་བཞི་ཀའམ་མ་ལྕོགས་ན་དགོང་ཐུན་གྱི་གཤམ་གཏོར་མ་འབུལ་ཞིང་གཞན་ཆོས་སྐྱོང་གཏོར་འབུལ་སོགས་ཀྱང་མ་ཆག་པ་བྱ། ཐུན་མཚམས་སུའང་ཡིད་ཀྱི་རྣམ་གཡེང་དང་ངག་གི་ལོང་གཏམ་སྤངས་ལ་གྲངས་སུ་མི་བརྩི་བར་ཡི་གེ་བརྒྱ་པ་ཤུབ་བུར་བཟླ་བ་རྒྱུན་མི་བཅད། ནུབ་མོ་ཉལ་བའི་རྣལ་འབྱོར་དང་ཐོ་རངས་ལྡང་བའི་རྣལ་འབྱོར་དང་མ་བྲལ་བར་ངག་བྱིན་རླབས་དང་བདུད་རྩི་མྱོང་བ་རྣམས་ཀྱང་བླ་མེད་སྤྱི་འགྲོ་ལྟར་བྱ། དབང་རབ་ལ་མཚན་མའི་བསྙེན་པ་ནི་རྟགས་རབ་འབྲིང་ཐ་མ་གང་རུང་མཐོང་བ་དང༌། དབང་འབྲིང་ལ་དུས་ཀྱི་བསྙེན་པ་ཟླ་བ་གསུམ་མམ་དྲུག དབང་པོ་ཐ་མས་གྲངས་ཀྱི་བསྙེན་པ་རབ་བྱེ་བ། འབྲིང་འབུམ་ཕྲག་བདུན། ཐ་མས་འབུམ་ཕྲག་བཞི་བཟླ། ཁ་སྐོང་སྦྱིན་སྲེག་བྱེད་ན་སྡིག་སྦྱོང་ཏིལ་ལ་གྲངས་གཟུང་བ་དང༌། བཟླས་པས་ཁ་སྐོང་ནའང་བསྙེན་པ་གང་སོང་གི་བཅུ་ཆ་སྟེ་འབུམ་ཕྲག་བཞི་ལ་ཁྲི་ཕྲག་བཞིས་ཁ་སྐོང་དགོས་པས་མཚོན་ནོ། །བསྙེན་པ་གྲུབ་ནས་སྒྲུབ་མཆོད་བྱེད་ན་འོག་ནས་འབྱུང་བ་ལྟར། ཞག་བདུན་ལ་སོགས་པར་སྒྲུབ་ཅིང་སྔ་དྲོའི་ཆར་དངོས་གྲུབ་ཀྱི་དོན་དུ་རྗེས་གནང་གཏོར་དབང་དང་བཅས་པས་བདག་འཇུག་བླངས་ལ་རྗེས་ཀྱི་བྱ་བ་རྣམས་མཐའ་རྒྱས་སུ་བྱའོ། །རྡོ་རྗེ་སེམས་དཔའི་མཚན་ཐོས་པ་དང་སྐུའི་རྣམ་པ་བསྒོམས་པ་དང་ཡིག་བརྒྱ་བཟླས་པའི་ཕན་ཡོན་མཐའ་ཡས་པ་རྒྱུད་སྡེ་གོང་འོག་ཀུན་ནས་འབྱུང་ཞིང༌། རྣལ་འབྱོར་རྒྱུད་དཔལ་དེ་ཉིད་བསྡུས་པའི་དུམ་བུ་དང་པོ་
ལས། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་རང་གི་ལུས་དང་ངག་སེམས་རྡོ་རྗེར་བྱ་བའི་སྤྱིའི་ཆོ་ག་རྒྱས་པ་བཤད་དེ། ནམ་ཕྱག་རྒྱའི་བྱིན་གྱིས་བརླབས་ལྷོད་པར་གྱུར་ཏམ། བདག་གཏོང་བར་འདོད་ན། དེ་ནས་སྙིང་པོ་འདིས་བརྟན་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་གསུངས་པའི་མཐར། དེས་ནི་མཚམས་མེད་པ་བྱས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང༌། དམ་པའི་ཆོས་ལ་སྨོད་པ་དང༌། ཉེས་པ་ཐམས་ཅད་བྱས་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་བརྟན་པར་འགྱུར་བས། ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དང༌། དངོས་གྲུབ་མཆོག་གམ། རྡོ་རྗེའི་དངོས་གྲུབ་གྲུབ་པའམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་མྱུར་དུ་འགྲུབ་བོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་གསུངས་སོ། །ཞེས་བཀའ་སྩལ་ཏོ། །ཞེས་དང་སྙིང་པོ་རྒྱན་ལས་ཀྱང་ཆེད་དུ་བསྔགས་པས། འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཅེས་པས་སྟོབས་བཞི་ཚང་ཞིང་བསྐྱེད་བཟླས་ཚུལ་བཞིན་གྲུབ་ན་འབུམ་ཕྲག་གཅིག་གིས་དམ་ཚིག་ཉམས་ཆགས་ཀྱི་ལྟུང་བ་ཐམས་ཅད་བྱང་བར་འགྱུར་ལ། དེའང་དེང་སང་དུས་དབང་གིས་བཞི་འགྱུར་ནི་ངེས་པར་དགོས་པར་གསལ། ཡང༌། རབ་ཏུ་བག་མེད་པར་གནས་ན། །ཉེས་པ་ཆུང་ངུ་ཕྲ་མོ་ཡང༌། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ལས་ཉམས་པར་བྱེད། །ཅེས་གསུངས་པ་ལྟར་སྦྲུལ་གདུག་པ་ཅན་གྱི་སོས་བཏབ་པའི་དེ་མ་ཐག་དུག་ཞི་བའི་སྨན་སྔགས་མ་བྱས་ན་སྐྲངས་པ་དང་ན་ཚ་རིམ་གྱིས་འཕེལ་ཏེ་སྲོག་འདོར་བའི་ཉེས་པ་སྐྱེད་པ་བཞིན་དུ། ཉེས་ལྟུང་ཕྲ་མོ་རྣམས་ཀྱང་དེ་མ་ཐག་མ་སྦྱངས་ན་ཞག་ལོན་ནས་རིམ་གྱིས་འཕེལ་ཏེ་འཕྲལ་དུ་ནད་གདོན་བགེགས་ཀྱིས་འཚེ་བ་སོགས་སྡུག་བསྔལ་སྐྱེད་ཅིང་ཕྱི་མ་ངན་སོང་དུ་འགྲོ་བར་འགྱུར་བས། དུས་རྒྱུན་དུ་ཐུན་མཇུག་གམ་ཐུན་མཚམས་ཉི་ཤུ་རྩ་
གཅིག་བཟླས་ན་ལྟུང་བ་བྱིན་གྱིས་བརླབས་ནས་འཕེལ་བར་མི་འགྱུར་བར་གསུངས་པས་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་འདི་ཉིད་ལ་གཡར་དམ་དུ་འཆའ་བར་རིགས་སོ། །གཉིས་པ་ཚོགས་གསོག་སྒྲུབ་པའི་ཆོ་ག་ལ་གསུམ། མདུན་བསྐྱེད། བུམ་བསྐྱེད། རིལ་བུ་བསྒྲུབ་ཚུལ་ལོ། །དང་པོ་ནི། རྟེན་གྱི་སྤྱན་སྔར་སྟེགས་གཙང་མའི་དབུས་སུ་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དཀར་པོ་བྲིས་པའི་སྟེང་དུ་ཁྲིའུ་ཁར་རིན་པོ་ཆེའི་སྣོད་དུ་ཟླུམ་གཏོར་དཀར་པོ་པདྨ་འདབ་བཞིས་སྤྲས་པ་རྒྱན་སྤྲོས་ཅན་བུམ་ཆོག་སོགས་དང་སྦྲེལ་ན་གཡས་གཡོན་དུ་དེ་དག་གི་ཆས་སྒྲིག མདུན་དུ་འབུལ་གཏོར་དཀར་ཟླུམ་དང༌། ཐོད་པའི་བདུད་རྩི། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྒྲུབ་པ་པོ་དཀྱིལ་འཁོར་ལ་ཁ་ཕྱོགས་པས་མདུན་དུ་རྡོར་དྲིལ་ནང་མཆོད་སོགས་ཚོགས་པར་བྱས་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་དང་སྐྱབས་སེམས་བྱ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པར་གྱུར། བསང་སྦྱང་ནས་གོང་དུ་སྨོས་པའི་གཏོར་མའི་སྐབས་ལྟར་ནང་མཆོད་བྱིན་བརླབ། མཆོད་པ་བསང་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་སྣོད་རྣམས་ཀྱི་ནང་དུ་ཧཱུྃ་ལས་མཆོད་རྫས་རྣམས་རང་བཞིན་བདེ་སྟོང༌། རྣམ་པ་མཆོད་རྫས། བྱེད་ལས་ཟག་མེད་ཀྱི་བདེ་བ་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ་ནས། ཨོཾ་ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། དེ་ནས་བདག་བསྐྱེད་བཟླས་པ་གསོལ་གདབ་ཀྱི་བར་བཏང་ལ། མདུན་རྟེན་བསང་སྦྱང༌། བདག་བསྐྱེད་སྐབས་ལྟར་ལ་རང་ཉིད་ཅེས་པ་དོར། མི་བསྐྱོད་པས་དབུར་བརྒྱན་པར་གྱུར་བར། དེ་ནས་མཆོད་པ་ལ་ཕྱི་མཆོད་ནི། དག་ཅིང་དྲི་མ་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་བཀའ་དྲིན་མཛོད། །ཨོཾ་ཨཱཿཧྲཱིཿཔྲ་བར་སཏྐཱ་ར་ཨརྠཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། མཆོད་ཡོན་དང༌། ཨརྒྷཾ་ཞེས་པའི་མལ་དུ། ཞབས་བསིལ། པཱ་དྱཾ་ཞེས་བསྒྱུར། ཨོཾ་ལྷ་ཡི་མེ་ཏོག་དམ་པ་ནི། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་རྩེ་བར་ཉེར་
དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ཨོཾ་ཨཱཿབཛྲ་སཏྭ་པུཥྤཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེས་འགྲེས་ཏེ། མེ་ཏོག་གི་གནས་སུ་བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་དང༌། པུཥྤཾ་གྱི་གནས་སུ། དྷཱུ་པཾ། ཨཱ་ལོ་ཀཾ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་སྦྱར། འདོད་ཡོན་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མོས་བློས་རྡོ་རྗེ་སེམས་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་བཛྲ་སཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། གོས་ཟུང་ནི། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ། རྒྱལ་སྲིད་ནི། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཨོཾ་བཛྲ་སཏྭ་སཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ནང་མཆོད་འབུལ་བ་ནི། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་ཞལ་དུ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ༴ དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཞལ༴ དམ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཞལ༴ དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་རྣམས་ཀྱི་ཞལ༴ སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་པར་གྱུར་ཅིག ཅེས་ཐིགས་གཏོར་བྱ། གསང་མཆོད་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ཁོ་ན་ཉིད་ནི། དབང་པོ་གང་དང་གང་ལམ་གྱིས། །སྒྲུབ་པ་པོས་ནི་ཡུལ་ཐོབ་པ། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །མཉེས་པའི་ཕྱིར་ནི་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བསྟོད་པ་ནི། རྡོར་སེམས་ཀྱི་བསྟོད་པ་གང་རུང་བརྗོད་ཀྱང་ལེགས་ལ་འདིར་བདེ་གཤེགས་སྤྱི་བསྟོད་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་
མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡིས། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །བཟླས་པ་བྱ་བ་ནི། གསོལ་གདབ་ནས་ས་བོན་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུ་སོགས་བདག་བསྐྱེད་ལྟར་བྱས་ལ། ཡིག་བརྒྱ་ཇི་ཙམ་ནུས་པ་བཟླ། ཐུན་མཐར་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིག་དག་པར་གྱུར་ཅེས་གནང་བ་སྩལ་བར་མོས། གོང་དུ་བཤད་པ་ལྟར་གཏོར་མ་བྱིན་བརླབ། མདུན་བསྐྱེད་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་དབུལ། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་
ཧཱུྃ་སྭཱ་ཧཱའི་བར་གྱིས་ཕྱི་མཆོད་དང༌། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས་བྱིན་བརླབ། སྔགས་ཙམ་གྱིས་མཆོད། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་བཛྲ་སཏྭ་ཨཱཿ ཞེས་མང་དུ་བརྗོད་ནས་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས་ཤིང་ལྷག་ཆད་ཁ་བསྐང༌། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་འདོད་དོན་གསོལ་བ་གདབ། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་སྤྱི་ལྟར་བྱ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང༌། བཛྲ་མུཿས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་སོགས་ཀྱིས་བདག་བསྐྱེད་ཉེར་བསྡུ་ནས་བཀྲ་ཤིས་བར་བྱའོ། །གཉིས་པ་བུམ་པ་སྒྲུབ་ན། མཎྜལ་པདྨ་འདབ་བརྒྱད་སྟེང་བུམ་པ་མགུལ་ཆིངས་པྲོག་གསུམ་ལྡན་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། དྲི་བཟང་གི་ཆུ་དང་བླ་མེད་བུམ་རྫས་སོ་ལྔས་སུམ་གཉིས་བཀང་བ་ཁ་རྒྱན་བཅས་དང་དུང་ཆོས་གཟུངས་རྡོར་བཀོད། ལས་བུམ་མཆོད་གཏོར། ནང་མཆོད། ཕྱི་མཆོད་ཀྱིས་བསྐོར། འདི་ཉིད་སྒེར་དུ་སྒྲུབ་ན་བརྒྱུད་འདེབས། སྐྱབས་སེམས། བདུད་རྩི་དང་མཆོད་པ་བྱིན་རླབས་ནས་བདག་བསྐྱེད་བཟླས་པ་བཅས་སྔོན་དུ་གཏང༌།
དཀྱིལ་འཁོར་སྒྲུབ་མཆོད་དང་སྦྲེལ་ན་མདུན་བསྐྱེད་ཀྱི་བཟླས་པ་གསོལ་གདབ་བཅས་གྲུབ་ནས། ལས་བུམ་དུ་སྐད་ཅིག་གིས་པད་ཉིའི་གདན་ལ་བགེགས་མཐར་བྱེད་ནག་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང༌། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་དྲིལ་བུ་དགྲ་སྟྭ་འཛིན་པ། ཁྲོ་བོའི་ཉམས་དང་འགྱུར་བ་ཐམས་ཅད་ཡོངས་སུ་རྫོགས་ཤིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་རིགས་ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་ཏུ་གསལ་བའི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ཡིག་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ། ཞེས་བརྒྱ་རྩ་ཙམ་བཟླས་མཐར། ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་ནུས་པ་དང་ལྡན་པར་གྱུར། མཆོད་པ་ཁ་གསོས་ལ་བྱིན་བརླབ། རྣམ་བུམ་བསང་སྦྱང༌། སྟོང་པའི་ངང་ལས་བྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། དེའི་དབུས་སུ་པྃ་ལས་སོགས་མདུན་བསྐྱེད་ལྟར་ལ། མི་བསྐྱོད་པས་དབུར་བརྒྱན་པར་གྱུར། མཆོད་པ་ནི། ཆོས་དབྱིངས་རྣམ་དག་ཡེ་ཤེས་རང་བཞིན་ལས། །སྒྱུ་མའི་རྣམ་འཕྲུལ་ལྷ་མོ་མཆོད་ཡོན་མ། །བཅོམ་ལྡན་བུམ་པའི་ལྷ་མཆོག་མཉེས་ཕྱིར་འབུལ། །རྡོ་རྗེ་མཆོད་ཡོན་མ་ཡིས་མཉེས་གྱུར་ཅིག །ཨོཾ་བྷ་ག་ཝཱན་ཤྲཱི་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ནས། རོལ་མོའི་བར་འདོན་པ་བསྒྱུར་བས་མཆོད། དེ་ལས་ཀྱང་རྒྱས་པར་མོས་ན་འདོད་ཡོན་ལྔ་དང༌། རྒྱལ་སྲིད་བདུན་སོགས་སྤྱི་ལྟར་འབུལ། བསྟོད་པ་རྒྱས་པ་གཞན་ནམ། མཉམ་ཉིད་མི་གཡོ་སོགས་སངས་རྒྱས་སྤྱིའི་བསྟོད་པས་བསྟོད། བསྡུ་ན། མི་བསྐྱོད་
རྡོ་རྗེ་སོགས་བརྗོད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སོགས་ནས། མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། །ཅེས་པའི་བར་བརྗོད་ལ་ཡིག་བརྒྱ་ཅུང་ཟད་བཟླ། གཟུངས་ཐག་བླངས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་ལན་བདུན་དང༌། ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། བུམ་པའི་ལྷའི་ཐུགས་ཀར་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང༌། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་ལྷའི་ཚོགས་སྤྲོས། འགྲོ་བའི་དོན་བྱས། སླར་འདུས་ཏེ་ཐུགས་ཀའི་ས་བོན་ལ་ཐིམ་པས་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར་པར་བསམས་ལ་ཡིག་བརྒྱ་ཅི་ནུས་དང༌། ཨོཾ་བཛྲ་ཨ་ད་ཀ་ཧཱུྃ་ཞེས་པའང་བརྒྱ་རྩ་བཟླ། མཐར་ཨོཾ་བཛྲ་སཏྭ་ཧཱུྃ་དང༌། ཧཱུྃ་ལན་བདུན་གྱིས་དུང་ཆུའི་མཆོད་ཡོན་དང༌། ལས་སྔགས་ཀྱི་མེ་ཏོག་དཀར་པོ་ཕུལ། ཨོཾ་བཛྲ་སཏྭ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུྃ་དང༌། དེ་བཞིན་དུ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་ཞེས་སྦྱར་བས་མཆོད། ལས་སྔགས་བརྗོད་ཅིང་སྤོས་ཀྱིས་བདུག གཏོར་མ་གོང་ལྟར་འབུལ། མཆོད་བསྟོད་བྱ། གང་ཡང་བདག་བློ་རྨོངས་པ་ཡིས། །སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས་ཤིང་ལྷག་ཆད་ཁ་བསྐང༌། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་སོགས་ཀྱིས་གསོལ་བ་གདབ། བུམ་པའི་ལྷ་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། གཞན་རྗེས་སུ་འཛིན་པ་བཀྲུ་བྱབ་སྲུང་གསུམ་དང༌། སྦྱོང་ཆོག་སོགས་བྱེད་ན་སྤྱི་ལྟར་ལྷ་སྔགས་ཁ་བསྒྱུར་ཏེ་འདིར་བྱ། མཇུག་ཏུ་བདག་བསྐྱེད་ཉེར་བསྡུ་སོགས་གོང་ལྟར་བྱའོ། །གསུམ་པ་རིལ་བུ་སྒྲུབ་པ་ནི། སངས་རྒྱས་ཀྱི་རིང་བསྲེལ་དང་སྐྱེ་བདུན་ཤ་གཙོ་བོར་གྱུར་པའི་འཕགས་བོད་ཀྱི་བྱིན་རྟེན་སེལ་མེད་ཁུངས་བཙུན་རྣམས་དང༌། བུམ་རྫས་ཉེར་ལྔ་གཙོས་བཟང་སྨན་རྣམས་སྦྱར་བའི་རིལ་བུ་ལྷ་མདོག་དང་མཐུན་པའི་དཀར་པོའམ་ཡུལ་ལུགས་དང་སྦྱར་བའི་རྩི་དང་རིལ་ཆགས་ལེགས་པར་བྱས། བུམ་པ་དར་སྣ་ལྔའི་མགུལ་ཆིངས་ཅན་བྲབ་བདུག་
བྱས་པའི་ནང་དུ་བླུགས་ཏེ་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཀོད་པའི་ཁར་གཟུངས་ཐག་མེ་ཏོག་གི་ཕྲེང་བས་བརྒྱན་པ་བཞག མཆོད་གཏོར་སོགས་མདུན་བསྐྱེད་ལྟར་བཀོད། བརྒྱུད་འདེབས་དང༌། སྐྱབས་སེམས། བདུད་རྩི་དང་མཆོད་པ་བྱིན་རླབས། བདག་བསྐྱེད་བཟླས་པ་གསོལ་གདབ་ཡན་གྲུབ་ནས། རིལ་བུམ་བསང་སྦྱང༌། སྟོང་པའི་ངང་ལས་བྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་སོགས་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། དེའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིལ་བུ་རྣམས་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སོགས་བདག་བསྐྱེད་ལྟར་ལྷ་བསྐྱེད། མི་བསྐྱོད་པས་དབུར་བརྒྱན་ཅིང་དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། མཆོད་བསྟོད་རྒྱས་པར་སྤྲོ་ན་མདུན་བསྐྱེད་ལྟར་དང༌། བསྡུ་ན་བུམ་བསྐྱེད་ལྟར་བྱ། གཟུངས་ཐག་བླངས་ལ། རིལ་བུ་ལྷར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་གི་མཐར་སོགས་བུམ་སྒྲུབ་སྐབས་ལྟར་ལ་མཛད་པ་ཅན་དུ་གྱུར། ཅེས་དམིགས་ལ་ཡིག་བརྒྱ་བཟླ། འདི་ནས་བརྩམས་སྒྲུབ་པ་མ་གྲོལ་གྱི་བར་སྒྲུབ་གྲོགས་གཞན་དང་བཅས་སྔགས་རྒྱུན་མ་ཆད་པར་བྱ། ཐུན་མཐར་གཏོར་འབུལ། མཆོད་བསྟོད། གཟོད་གསོལ། འདོད་དོན་གསོལ་གདབ། བརྟན་བཞུགས། བདག་བསྐྱེད་ཉེར་བསྡུ་སོགས་ནས་བཀྲ་ཤིས་བར་གོང་ལྟར་དང༌། སྐབས་སྐབས་སུ་ཁྲུས་གསོལ་ཀྱང་བྱ། གྲོལ་རྒྱུའི་ཐུན་ཐ་མ་ལ་འདོད་གསོལ་རྗེས་སུ། རིལ་བུའི་ཡེ་ཤེས་པ་ཆགས་པ་ཆེན་པོའི་མེས་ཞུ་བ་ལས་སྡིག་སྒྲིབ་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པའི་རིལ་བུའི་རྣམ་པར་གྱུར་པར་བསམ། རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། བདག་བསྐྱེད་ཉེར་བསྡུ་ནས་བཀྲ་ཤིས་བར་རྒྱས་པར་བྱའོ། །གསུམ་པ་གཞན་དོན་ཕྲིན་ལས་ཀྱི་ཆོ་ག་ལ་བཞི། རྗེས་གནང༌། རབ་གནས། སྦྱོང་ཆོག སྦྱིན་སྲེག་རྣམས་སོ། །དང་པོ་སློབ་མ་རྗེས་སུ་འཛིན་པ་རྗེས་གནང་གི་བྱ་བ་ནི། གཤོམ་བཀོད་མདུན་བསྐྱེད་སྐབས་སུ་སྨོས་པ་ལྟར་བྱ། ཐོག་མར་བདག་བསྐྱེད་བཟླས་པ་གསོལ་གདབ་བཅས་གྲུབ་ནས་ལས་བུམ་དུ་བགེགས་
མཐར་བྱེད་བསྐྱེད་བཟླས་བུམ་སྒྲུབ་སྐབས་ལྟར་བྱ། གོང་དུ་མ་སོང་ན་བདུད་རྩི་དང་མཆོད་པ་བྱིན་བརླབ། རྟེན་གཏོར་བསང་སྦྱང༌། སྟོང་པར་གྱུར། སྟོང་པའི་ངང་ལས་སོགས་ནས། མི་བསྐྱོད་པས་དབུར་བརྒྱན་ཅེས་པའི་བར་གོང་ལྟར་བསྐྱེད། བཟླས་པ་ཅུང་ཟད་བྱ། མདུན་བསྐྱེད་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་དབུལ། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་ཕྱི་མཆོད་དང༌། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། སློབ་མ་རྣམས་ཁྲུས་བྱས་ལ་གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་འོས་པ་དང༌། འདིར་སྐབས་སུ་བབ་པ། སློབ་དཔོན་འཇམ་དཔལ་གྲགས་པའི་སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །པད་དཀར་ཟླ་བའི་དབུས་གནས་ཤིང༌། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང༌། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཅེས་གསུངས་པ་ལྟར། རིགས་ཐམས་ཅད་ཀྱི་ཁྱབ་བདག མཚན་ཐོས་པ་དང་སྐུ་སྒོམ་པ་དང་སྙིང་པོ་བཟླས་པ་ཙམ་གྱི་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དང༌། ཁྱད་པར་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་རྩད་ནས་བྱང་ཞིང་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་གཅོད་པར་མཛད་པ་
ལ་ལྷག་པའི་ལྷ་ཀུན་ལས་ཁྱད་པར་འཕགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འདི་ཉིད་ཀྱི་སྒྲུབ་ཐབས་རྒྱུད་སྡེ་གོང་འོག་ཀུན་ནས་རྒྱ་ཆེར་གསུངས་པ་ལས། འདིར་དཔལ་ནཱ་རོ་པ་དང་ཡེ་ཤེས་སྙིང་པོ་ལས་ལྷོ་བྲག་མར་པ་ལོ་ཙཱས་གསན་པའི་འདུས་པ་འཕགས་སྐོར་གྱི་གདམས་པ་ལས་བྱུང་བ་བརྒྱུད་པའི་བླ་མ་རྣམས་ཀྱི་ཕྱག་བཞེས་དང་བྱིན་རླབས་ཀྱི་རྒྱུན་མ་ཉམས་པའི་རྗེས་སུ་གནང་བ་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རྗེས་གནང་གསན་པའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་གཞུག ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་ཕུང་ལྟར་གཏིབས་ཏེ་བསྐོར་ནས་བཞུགས་པའི་སྤྱན་སྔར། རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་སྐྱབས་སུ་མཆི་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་གཟུང་བའི་ཡིད་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་རིན་པོ་ཆེ་བདག་ལ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པའི་སླད་དུ་དམིགས་པ་འདི་ལྟར་སྒོམས་མཛོད། ལས་བུམ་གྱི་ཆུ་འཐོར་ལ་བསང་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པྃ་ལས་པདྨ་དང་སོགས་བདག་བསྐྱེད་མངོན་རྟོགས་ལྟར་ལ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་
བཞུགས་པའི་སྐུར་གྱུར། མདུན་བསྐྱེད་ཀྱི་རྡོར་སེམས་ཡབ་ཡུམ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པར་མོས་ཤིག ཅེས་གསལ་གདབ། སྤྱི་བོར་བཞུགས་པའི་རྡོ་རྗེ་སེམས་དཔའི་དཔྲལ་བར་ཨོཾ་དཀར་པོའི་མཐར་ཡིག་བརྒྱའི་སྔགས་ཕྲེང་དཀར་པོ། མགྲིན་པར་ཨཱཿདམར་པོའི་མཐར་ཡིག་བརྒྱའི་སྔགས་ཕྲེང་དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོའི་མཐར་ཡིག་བརྒྱའི་སྔགས་ཕྲེང་སྔོན་པོ་རྣམས་ཀྱིས་བསྐོར་བ་གསལ་ཐོབ་ཅིག དེ་ནས་བྱིན་རླབས་དངོས་ལ་དམིགས་པ་འདི་ལྟར་མཛོད་ཅིག རྡོ་རྗེ་སེམས་དཔའི་སྤྱི་བོའི་ཨོཾ་དང་ཡིག་བརྒྱ་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་དང་བདུད་རྩི་དཀར་པོའི་རྣམ་པར་སྤྱན་དྲངས། སྤྱི་བོའི་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། སློབ་མའི་ཚངས་བུག་ནས་ཞུགས། ལུས་ཀྱི་རྩ་ཐམས་ཅད་དང༌། ཁྱད་པར་སྤྱི་བོའི་རྩ་འཁོར་ཁེངས། ཐོག་མེད་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་དག སྐུའི་བྱིན་རླབས་དང་བུམ་པའི་དབང་ཐོབ་པར་མོས་སུ་བཅུག་ལ། ཡིག་བརྒྱ་ལན་གཅིག་བརྗོད། དེས་འགྲེས་ཏེ། རྡོ་རྗེ་སེམས་དཔའི་མགྲིན་པའི་ཨཱཿདང་ཡིག་བརྒྱ་དམར་པོ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་དང་བདུད་རྩི་དམར་པོའི་རྣམ་པར་སྤྱན་དྲངས། མགྲིན་པའི་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩི་དམར་པོའི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། སློབ་མའི་ཚངས་བུག་ནས་ཞུགས། ལུས་ཀྱི་རྩ་ཐམས་ཅད་དང༌། ཁྱད་པར་མགྲིན་པའི་རྩ་འཁོར་ཁེངས། ཐོག་མེད་ནས་ངག་གི་སྒོ་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་དག གསུང་གི་བྱིན་རླབས་དང་གསང་བའི་དབང་ཐོབ་པར་མོས་ཤིག ཡིག་བརྒྱ་བརྗོད། རྡོ་རྗེ་
སེམས་དཔའི་ཐུགས་ཀའི་ཧཱུྃ་དང་ཡིག་བརྒྱ་སྔོན་པོ་ལས་འོད་ཟེར་སྔོན་པོའི་ཚོགས་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་དང་བདུད་རྩི་སྔོན་པོའི་རྣམ་པར་སྤྱན་དྲངས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩི་སྔོན་པོ་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། སློབ་མའི་ཚངས་བུག་ནས་ཞུགས། ལུས་ཀྱི་རྩ་ཐམས་ཅད་དང༌། ཁྱད་པར་སྙིང་གའི་རྩ་འཁོར་ཁེངས། ཐོག་མེད་ནས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་དག ཐུགས་ཀྱི་བྱིན་རླབས་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག ཡིག་བརྒྱ་བརྗོད། རྡོ་རྗེ་སེམས་དཔའི་གནས་གསུམ་གྱི་འབྲུ་གསུམ་དང་སྔགས་ཕྲེང་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། གནས་གསུམ་གྱི་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། སློབ་མའི་ཚངས་བུག་ནས་ཞུགས། ལུས་ཀྱི་རྩ་འཁོར་ཐམས་ཅད་གང༌། ཐོག་མེད་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང་དབང་བཞི་པ་ཐོབ་པར་མོས་ཤིག ཡིག་བརྒྱ་བརྗོད་དོ། །དེ་ནས་གཏོར་མའི་བྱིན་རླབས་བྱ་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དངོས་སུ་གསལ་བ་སྤྱི་བོར་སྤྱན་དྲངས་པའི་སྐུ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང༌། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིགས་ཉམས་ཆགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག སྐུ་གསུང་
ཐུགས་ཀྱི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པར་མོས་ཤིག རྟེན་གཏོར་མགོར་བཞག་ལ། བཀའ་བསྒོ་སྤྱི་མཐུན་བརྗོད་ཀྱང་ཆོག་ལ། ཡང་ན། བཅོམ་ལྡན་འདི་ལ་བྱིན་ལགས་ཀྱིས། །རྡོ་རྗེ་སེམས་དཔས་བྱིན་གྱིས་རློབས། །དུས་འདི་ནས་ནི་བཟུང་ནས་ནི། །རྡོར་སེམས་གོ་འཕང་མ་ཐོབ་བར། །ལྷག་པའི་ལྷ་རུ་ཞུགས་ནས་ཀྱང༌། །རྟག་པར་བྱིན་གྱིས་རློབས་མཛོད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ད་ལྟ་ཉིད་དུ་སྩལ་དུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་མེ་ཏོག་འཐོར། གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག ཅེས་སམ། གཏོར་མའི་ལྷ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཁྱེད་རྣམས་ལ་ཐིམ་པར་མོས་ཤིག ཅེས་གང་འོས་བྱ། བཟླས་པའི་ལུང་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ་སློབ་མའི་ཁར་ཞུགས། ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་དང་བཅས་པ་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཡིག་འབྲུ་ལ་ཐིམ་པས། ཡིག་འབྲུ་ལས་བདུད་རྩི་དཀར་པོ་བྱུང༌། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་སངས་ཀྱིས་ཐོན། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང༌། རྟོགས་པའི་ཡོན་ཏན་བདག་གཞན་ཐམས་ཅད་ལ་སྐྱེས་པར་མོས་ལ་སྔགས་ཀྱི་རྗེས་ཟློས་མཛོད། ཡིག་བརྒྱ་ལན་གསུམ། བཅོམ་ལྡན་འདས་བདག་ལ་སོགས་ཀྱིས་སློབ་དཔོན་ལ་མེ་ཏོག་ཕུལ་བ་དང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །མེ་ཏོག་སླར་སྦྱིན་པ་སྤྱི་ལྟར་བྱ། དམ་ཚིག་གཟུང་བ། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱ། དེ་རྗེས་མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་ནོངས་བཤགས་གསོལ་གདབ་བཅས་ཀྱི་མཐར། ཨོཾ་བཛྲ་མུཿས་ཡེ་ཤེས་པ་རང་
བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་སོགས་ཉེར་བསྡུ་ནས་བཀྲ་ཤིས་ཀྱི་བར་གོང་ལྟར་བྱ། གཏོར་མའི་ལྷ་རྫོགས་པར་སློབ་མ་ལ་བསྟིམས་ཟིན་ན་མདུན་བསྐྱེད་མེད་པས་བདག་བསྐྱེད་ཉེར་བསྡུ་མན་ཆད་བྱས་པས་གྲུབ་བོ། །གཉིས་པ་རྟེན་ལ་རབ་གནས་བྱ་བ་ནི། རྒྱས་འབྲིང་བསྡུས་གསུམ་ལས་འདིར་ཉེར་མཁོ་ལག་ཏུ་ལེན་བདེ་བ་བསྡུས་པའི་དབང་དུ་བྱས་ཏེ། རྒྱས་པ་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་སོགས་དང༌། བསྡུས་པ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཛད་པ་སོགས་ལས་རྟོགས་པར་བྱ་བ་ཁོ་ན་ཡིན་ཞིང༌། འདིར་འབྲིང་པོའི་ཕྱག་ལེན་བུ་སྟོན་དང་རྗེ་རིན་པོ་ཆེའི་བཞེད་པ་ལྟར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་གསལ་བར་མཛད་པ་ལྟར་ལག་ཏུ་བླང་བདེ་བར་བཀོད་པ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། དཀྱིལ་འཁོར་ཆེན་པོ་དང་འབྲེལ་ན་དེའི་དཀྱིལ་འཁོར་དབང་སྐུར་གྱི་ཆས་སོགས་རྫོགས་པར་འགོད་དགོས་ཀྱང༌། འདིར་རྡོར་སེམས་གཙོ་རྐྱང་ལ་བརྟེན་པའི་དབང་དུ་བྱས་ཏེ་དེའི་མདུན་རྟེན་སྒྲུབ་མཆོད་སྐབས་སུ་སྨོས་པ་ལྟར་བཤམ། རབ་གནས་ཀྱི་ཁྲུས་ཀྱི་སྟེགས་བུའི་སྟེང་དུ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་རྣམ་རྒྱལ་དང་ལས་བུམ། མདུན་ངོས་སུ་ཁྲུས་བུམ་གཅིག་བཀོད། རྣམ་རྒྱལ་དང་ལས་བུམ་གཉིས་ནང་བཅུད་སོགས་སྤྱི་མཐུན་དང༌། ཁྲུས་བུམ་ནང་དུ་མངར་གསུམ་ཞོ་འབྲས་བུ་འབྲུ་འབྲས་ཡོས་སྨན་སྣ་རིན་པོ་ཆེ་རྣམས་ཆུ་གཙང་དང་སྦྱར་བས་བཀང༌། མདུན་དུ་དུང་ཕོར་ཉ་ཕྱིས་ལ་སོགས་པའི་སྣོད་གཙང་མར་འདག་ཆལ་བདུད་རྩི་ལྔ་བ་བྱུང་ལྔ་དྲི་བཟང་ལྔ་སྐྱུ་རུ་རའི་ཕྱེ་མ་སྦྱར་བ་དང༌། སྐུ་བྱུག་རྫས་དྲི་ཞིམ་པོའི་འབྲུ་མར། སྤོས་མར། དྲི་བཟང་ལྡེ་གུ། འབྲུ་མར་རྣམས་དང༌། དྲིལ་ཕྱིས་རྫས་འོ་མ་ཅན་བལ་བུ་སོགས་ཀྱི་ཤུན་པ། ཡུང་བ། སྐྱུ་རུ་ར། སྲན་དཀར་གྱི་ཕྱེ་མ་སྟེ་ཚོ་གསུམ་པོ་ཐམས་ཅད་འཛོམས་ན་དང༌། མ་འཛོམས་ན་གང་རྙེད་ལྷན་ཅིག་ཏུ་སྦྱར་བ། དཱུརྦའི་པིར། མེ་ལོང༌། དྲི་བཟང་ཕྱེ་མ། རིགས་ལྔའི་ས་བོན་
བྲིས་པའི་དར་དཀར། གོས་ཟུང་རྣམས་བཞག ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་དགོད། སྟེགས་གཞན་དུ་མངའ་དབུལ་ཆས་མཎྜལ་ཚོམ་བུ་སོ་བདུན་བཀོད་པ། དར་སྣ་ལྔ། དར་རས་ངུར་སྨིག རིན་པོ་ཆེའི་རྒྱན་ཆ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། ལྔ་ཕྲག་ལྔའི་རྫས། གདུགས་འཕན་བླ་རེ་སོགས་དངོས་སམ་རི་མོར་བྲིས་པ། ལྷ་བཤོས་ཆེ་ལེགས་རྒྱན་ལྡན་དཀར་མངར་ཤིང་ཏོག་སོགས་བཟའ་བཏུང་གིས་བསྐོར་བ། འཐོར་ནས་འབྲུ་དཀར་གཙང་མ་རྣམས་དགོད། སྔོན་འགྲོ་དཀར་གཏོར། སྦྱོང་བ་ཞི་དྲག གུ་གུལ། ཡུངས་ཀར། སློབ་དཔོན་གྱི་མདུན་ཆས་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱ། སྤྲོས་པ་རྒྱས་ཤིང་འཛོམས་ན་འཐོར་ནས་ཀྱི་སྟེང་དུ་མེ་ལོང་ལ་ཙནྡན་དཀར་དམར་གི་ཝཾ་གུར་གུམ་རྣམས་སྦྱར་བས་དབུས་སུ་ཧཱུྃ། མཐའ་སྐོར་དུ་ཡེ་དྷར་བྲིས་པ་བཞག བསྡུ་ན་མི་དགོས་སོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལ། སྔོན་འགྲོ་གཏོར་མ་རང་རང་གི་ཆོ་ག་ལས་འབྱུང་བའམ། འདིར་སྤྱི་ཙམ་དུ། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ། ཞེས་པས་བསང༌། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་སྟོང་པར་བསམ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར་པར་བསམ། རྡོ་རྗེ་བསྡམས་པ་རལ་གྲི་འདེབས་པའི་ཚུལ་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་གསུམ་གྱིས་བྱིན་གྱིས་བརླབ། ཕྱོགས་སྐྱོང་གཞི་བདག་སོགས་ཀྱིས་ལོངས་སྤྱད་པས་ཚིམ་ཞིང་ཟག་པ་མེད་པའི་བདེ་བས་མཉེས་པར་བསམས་ལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་པ་གསུམ་གྱིས་དབུལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་དྱཾ་སོགས་ནས། ཤབྡའི་བར་སྦྱར་བས་མཆོད། ས་ལ་རྒྱུ་བའི་ལྷ་ཀུན་དང༌། །གང་ཡང་ས་ལ་བརྟེན་
པ་རྣམས། །སེམས་ཅན་རྣམས་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ཅེས་ཕྲིན་ལས་བཅོལ་ལ་གཏོར་མ་གཙང་སར་བསྐྱལ། མཆོད་པ་བྱིན་རླབས་སྒྲུབ་ཐབས་སོ་སོ་ལྟར་རམ། སྤྱི་ཙམ་དུ་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞལ་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤབྡའི་བར་རྣམས་བཅུག་ལ་བྱིན་གྱིས་བརླབ། དེ་ནས་སྐྱབས་སེམས་ནས་བརྩམས། བདག་བསྐྱེད་བཟླས་པ་དང་བཅས་པ་བཏང༌། དེ་ནས་བུམ་པ་བསྒྲུབ་ཅིང་བཟླས་དམིགས་སྐབས། འགྲོ་བའི་དོན་བྱས། སླར་འདུས་ཏེ་ཐུགས་ཀའི་ས་བོན་ལ་ཐིམ་པས་སྤྲོ་བ་དང་བསྡུ་བའི་མཛད་པས་འཇིག་རྟེན་ཁམས་ཀྱི་བདུད་རྩི་ཐམས་ཅད་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཅེས་མོས། བུམ་ལྷ་འོད་ཞུའི་རྗེས་ལ་བུམ་བསྒྲུབ། འདག་རྫས་དང་ཁྲུས་བུམ་རྣམས་ཀྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་བཟླ་བྱའི་སྔགས་ཀྱི་བསྐོར་བའི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྲུང་རྣམས་དང༌། མདོར་ན་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བཀུག་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་དག་བྱེད་ཀྱི་རྫས་རྣམས་བྱིན་གྱིས་རློབ་པར་བསམས་ཏེ། ཨོཾ་ཨཱཿཧཱུྃ་བརྒྱ་རྩ་དང༌། ཨོཾ་ཏྲི་མ་དྷུ་སྣ་ད་བཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཐོག་མཐའ་སྦྱར་ཏེ། ཨོཾ་ད་དྷྭི། ཕ་ལ། བྲུ་ཧི། གནྡྷེ། ལབྫ། ཨོ་ཥ་དྷི། མ་ཎི་རེ་རེའི་མཐར་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྦྱར་བ་ཉི་ཤུ་རྩ་རེ་རེ་དང༌། ཐུན་མོང་དུ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ཞེས་སོགས་དང༌། རྟེན་འབྲེལ་སྙིང་པོའང་ཉེར་གཅིག་ཙམ་བཟླ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་སྐབས་ལྟར་
བསྒྲུབ། བཟླས་པ་གཏོར་འབུལ་བཅས་རྒྱས་པ་དང༌། མེ་ལོང་བྲིས་པ་ཡོད་ན་དེ་སྟེང་དང་མེད་ན་འབྲུ་དཀར་གྱི་སྟེང་དུ་རྟེན་སྙིང་གི་ཡི་གེ་རྣམས་གྱེན་དུ་འགྲེང་ཞིང་གཟི་བྱིན་འབར་བའི་འོད་ཟེར་གྱིས་སྲིད་པ་དང་ཞི་བའི་ཡོན་ཏན་ཐམས་ཅད་དང༌། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་སྤྱན་དྲངས་ཏེ་སྔགས་ཕྲེང་མེ་ཏོག་དང་བཅས་པར་ཐིམ་པར་བསམས་ལ། ཡེ་དྷར་བརྒྱ་རྩ་བརྒྱད་བཟླས་ཏེ་ཡི་གེ་རྣམས་བཞུས་པའི་དྲི་བཟང་གི་ཆུས་མེ་ཏོག་ཁྱབ་པར་བྱ་སྟེ་མེ་ཏོག་གམ་འཐོར་ནས་བསྒྲུབ་པའོ། །སྡོམ་ཚིག་ཏུ་འདིར་རྟེན་བསྐྱེད་པ་དང༌། དཀྱུས་སུ་ཁྲུས་ཀྱི་རྗེས་སུ་གསོལ་གདབ་དང་རྟེན་བསྐྱེད་འདམ་གར་གསུངས་པ་ཕྱི་མ་ཕྱག་ལེན་བདེ་བས་དེ་ལྟར་ན་བགེགས་སྦྱང་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱི་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿཛཿ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ནང་མཆོད་ཀྱང་ཕུལ། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་
གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པའི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །སྦྱོང་གཏོར་རྣམས་སྔོན་འགྲོ་ལྟར་བྱིན་བརླབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་བཀུག་པར་གྱུར། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་བ་ལིཾ་ཏ་ཡེ་སྭཱ་ཧཱ་ལན་གསུམ་བསྔོས་ལ་ཞི་བས་སྦྱང༌། ཏིང་ལོ་ཆངས་བུ་མཐེབ་ཀྱུ་དང་བཅས་པས་ཕྱིར་བསྐོར་ཞིང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཧཱུྃ་ཕཊ། ཅེས་ལན་གསུམ་སྟེ་ཞི་དྲག་ཕྱེད་མས་སྦྱང༌། ཧཱུྃ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་རབ་གནས་ཆོ་ག་བྱེད། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་
རྒྱ་དང༌། གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ཀྱི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང༌། བདེན་པའི་བྱིན་གྱི་རླབས་ཀྱིས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་ཞི་བའི་སེམས་དང་ལྡན་པས་རང་རང་གི་གནས་སུ་སོང་ཞིག གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །སུམྦྷ་ནི་དྲག་ཏུ་བརྗོད། གཏོར་མ་རྣམས་རྟེན་ལ་ཕྱིར་བསྐོར་ཏེ་དོར། གུ་གུལ་གྱིས་བདུག ཡུངས་ཀར་གྱི་བྲབ། རོལ་མོའི་ཚམ་རྔམས་ཀྱིས་སྦྱང་བ་ནི་དྲག་པོས་སྦྱོང་བའོ། །ཁྲུས་གསོལ་བའི་ཐོག་མར་སྙན་གསན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་དག་ཐམས་ཅད་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །དེ་ནས་ཐོག་མར་དྲི་མ་བཀྲུ་བའི་ཕལ་ཁྲུས་ནི། མེ་ལོང་དུ་གཟུགས་བརྙན་ཤར་བ་ལ་འདག་ཆལ་རྣམས་ཉུག་ནས། གཙང་ཞིང་དྲི་མ་མི་མངའ་ཡང༌། །དག་བྱེད་བཟང་པོ་ལྔ་རྣམས་ནི། །ལེགས་པར་སྦྱར་བའི་བྱུག་པ་འདི། །ཡོངས་སུ་དག་པར་བྱ་ཕྱིར་འབུལ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་བརྗོད། དེ་ལ་དཱུརྦའི་པིར་གྱིས་དྲུད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་ཉེད་པའི་ཚུལ་བྱའོ། །དེ་ནས་ཁྲུས་བུམ་ཐོགས་ལ། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང༌། །རྨེ་བའི་རྟོག་པ་མི་མངའ་ཡང༌། །སྲི་ཞུའི་ཚུལ་གྱིས་ཁྲུས་ཆབ་འདིས། །བདེ་གཤེགས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། སྐུ་བྱུག་རྣམས་ཀྱིས་བྱུག་པའི་ཚུལ་བྱས་ལ། མི་ཕྱེད་རྡོ་རྗེའི་སྐུ་ཉིད་ལ། །བསྙུན་མེད་བསྒྲེས་པ་མི་མངའ་ཡང༌། །འཇིག་རྟེན་གུས་པའི་ཚུལ་ཙམ་དུ། །དྲི་ཞིམ་བཀུ་མཉེ་འདི་རྣམས་ཀྱིས། །དྲི་ཞིམ་བྱུག་པའི་
རིམ་གྲོ་བགྱི། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཨཱཿ ཞེས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་དཱུརྦའི་པིར་གྱིས་དྲུད། དྲིལ་ཕྱིས་རྣམས་འདེབས་ལ། རང་བཞིན་དག་པ་གོས་པ་མེད། །འོད་གསལ་རྙོག་པ་མི་མངའ་ཡང༌། །དྲིལ་ཕྱིས་ཕྱེ་མ་འདི་རྣམས་ཀྱིས། །སྐུ་ནི་རབ་ཏུ་དྲིལ་ཞིང་ཕྱི། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿདཱུརྦའི་པིར་གྱིས་དྲུད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་མཆོག་ཁྲུས་གསོལ་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སྤྱན་དྲངས་པའི་རྣམ་སྣང་སོགས་སངས་རྒྱས་ཡབ་ཡུམ་གྱིས་ཁྲུས་གསོལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ལྷ་གཞན་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་དེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་པའི་གླུ་སྔོན་དུ་བཏང༌། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །ཅེས་ཁྲུས་ཁང་བསྐྱེད། འདག་ཆལ་འབུལ་བ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་བརྗོད་ཅིང༌། དྲི་བཟང་གི་ལྡེ་གུ་བྱུགས། དཱུརྦའི་པིར་གྱིས་དྲུད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། རྣམ་བུམ་གྱིས་ཁྲུས་གསོལ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུྃ། ཨོཾ་བཛྲ་སཏྭ་ཧཱུྃ་ཧཱུྃ་སྭཱ་ཧཱ། སྔགས་འདི་གཉིས་འོག་མ་རྣམས་སུའང་སྦྱར་རོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །སྔགས་གོང་ལྟར་བརྗོད། ཁྱོད་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་གོས་པ། །
ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་གོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བཟོད་པའི་རང་བཞིན་ཆུ། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང༌། །བྱམས་པ་དྲི་ཡིས་ལེགས་གོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་འགྲུས་དྲི་ཡིས་ལེགས་གོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །ཏིང་འཛིན་དྲི་ཡིས་ལེགས་གོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཡེ་ཤེས་དྲི་ཡིས་ལེགས་གོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཆུ་བོ་དྲུག་གིས་ཁྲུས་བྱས་ཤིང༌། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །སྔགས་བརྗོད་ཅིང་རོལ་མོའི་སྒྲ་བྱ། མི་ཕྱེད་རྡོ་རྗེའི་སྐུ་ཉིད་ལ། །བསྙུན་མེད་བགྲེས་པ་མི་མངའ་ཡང༌། །འཇིག་རྟེན་གུས་པའི་ཚུལ་ཙམ་དུ། །དྲི་ཞིམ་བྱུག་པའི་རིམ་གྲོ་བགྱི། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་བརྗོད་ཅིང་འབྲུ་མར་དྲི་ཞིམ་པོས་བྱུག དཱུརྦའི་པིར་གྱིས་བདལ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། རང་བཞིན་དག་པ་གོས་པ་མེད། །འོད་གསལ་རྙོགས་པ་མི་མངའ་ཡང༌། །དྲི་བཟང་ལྔ་ཡི་ཕྱེ་མ་ཡིས། །རྒྱལ་བའི་སྐུ་ལ་དྲིལ་ཕྱིས་བྱ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་བརྗོད་ཅིང༌། དྲི་བཟང་གི་ཕྱེ་མ་འདེབས། དཱུརྦའི་པིར་གྱིས་དྲུད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། དར་དཀར་གྱིས་སྐུ་ཕྱི་བའི་ཚུལ་གྱིས། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་དབྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་
འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དྲི་བཟང་པོས་བྱུག སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོང་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་ཨཱཿཧཱུྃ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་བ་ཀུན། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལངྐ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་རྒྱན་འབུལ་ཡང་སྤྲོ་ན་བྱའོ། །དེ་ནས་གསོལ་བ་གདབ་ཅིང་སེམས་བསྐྱེད་པ་ནི། བཞེངས་ཏེ་མེ་ཏོག་ཐོགས། སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་འདི་ལྟར་བརྗོད་དེ། གང་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །མདོར་བསྡུ་ན་དེ་ཙམ་བྱ། གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ། དེ་ཡི་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །འབྲིང་འདོད་ན་འདི་ཙམ་བྱ། གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ། ཆོ་འཕྲུལ་གསུམ་དང༌། ཏིང་ངེ་འཛིན་གསུམ་དང༌། བསླབ་པ་
གསུམ་དང༌། ཚངས་པའི་གནས་པ་བཞི་དང༌། བསམ་གཏན་བཞི་དང༌། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པ། དེ་ཡི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ཤེས་བྱའི་ཡུལ་ཐམས་ཅད་བརྙེས་པ། ཉོས་མོངས་པ་ལ་སོགས་པ་རྣམས་མ་ལུས་པར་སྤངས་པ་དང༌། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང༌། སྐྱེས་བུ་ཆེན་པོའི་སྐུ་ལྟ་བས་ཆོག་མི་ཤེས་པ་དང༌། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང༌། རབ་ཏུ་གནས་བྱ་ལ་མེ་ཏོག་འཐོར། སྤོས་ཀྱི་བདུག་ཅིང་རོལ་མོ་དཀྲོལ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱ་ཀྶཾ་བུདྡྷཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང༌། རབ་ཏུ་གནས་བྱའི་ལྷའི་སྔགས་དང༌། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་བཞི་གའི་མཐར་བརྗོད་དོ། །སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་འདི་ལྟར། ངོ་མཚར་ཆེན་པོ་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་པས། དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ༌། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་
བགྱིའོ། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་སྐྱེ་བའི་ལྗོན་ཤིང་རྩད་ནས་བཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མ་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང༌། ཕྱི་རོལ་པ་དག་དང༌། ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་བསྐམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་ངེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་རྩེར་སྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང༌། བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འདུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩོལ་ཅིང་གནང་བར་མཛད་དུ་གསོལ། ཅེས་འདུས་པ་ཆེན་པོའི་མདོ་ལས་འབྱུང་བ་ལྟར་སེམས་བསྐྱེད་ཅིང་མེ་ཏོག་གཏོར་རོ། །འདི་ཡང་བསྡུ་ན། སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ༌། །ཞེས་པ་ནས། སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་ཞེས་སོགས་སྦྲེལ་ལོ། །དེ་ནས་རྟེན་བསྐྱེད་པ་ནི། རྒྱས་པར་ན་གཙུག་ལག་ཁང་དང་མཆོད་རྟེན་རྣམས་རྣམ་སྣང༌། གསུང་རབ་རྣམས་འོད་དཔག་མེད། ཕྱག་མཚན་རྡོ་རྗེ་ལ་སོགས་པ་མི་བསྐྱོད་པ་སོགས་སོ་སོར་བསྐྱེད་པའམ། བསྡུ་ན་ཐམས་ཅད་དཀྱིལ་འཁོར་གང་ལ་བརྟེན་པའི་གཙོ་བོར་བསྐྱེད་པ་ཆོ་ག་ལ་འདིར་མཚོན་ན། བདག་བསྐྱེད་ལྟར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་དཀར་
པོ། མགྲིན་པར་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པར་གྱུར་པར་བསམ། དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ་ལག་ངར་གཉིས་བསྣོལ་ཏེ་གུང་མོ་དང་མཐེབ་མོ་གཉིས་ཀྱིས་སེ་གོལ་རྡེབ་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། བཛྲ་ས་མཱ་ཡ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་པ་ཙམ་མམ། རྒྱས་པར་ན། བཅོམ་ལྡན་བསྐལ་པ་སོགས་ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཅེས་པའི་བར་བརྗོད། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རབ་ཏུ་གནས་བྱའི་རྟེན་རྣམས་ཀྱི་ཡེ་ཤེས་པ་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བཞུགས་པར་བསམས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲི་ཏ་ཧཱུྃ་ཞེས་རང་གི་ལས་ཐམས་ཅད་པའི་སྔགས་ཀྱིས་ཡེ་ཤེས་པའི་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་སོགས་ཀྱིས་སྔར་བཞིན་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད། དེ་ནས། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང༌། ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་དང་དབྱེར་མེད་པར་གྱུར་པར་བསམ། དེ་ནས་དབང་བསྐུར་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གཤེགས་པ་དང་གཤེགས་མ་དང༌། སེམས་དཔའ་དང་སེམས་མ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་དཀར་པོས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར་པར་བསམ། སྔར་བཞིན་ཆུ་གཉིས་ནས་
རོལ་མོའི་བར་གྱིས་མཆོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཚིགས་བཅད་གཅིག་གི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་བདུད་རྩིའི་ཆུས་དབང་བསྐུར་བས། དྲི་མ་ཐམས་ཅད་དག ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཅེས་སམ། རིགས་གསུམ་སོགས་བསྐྱེད་ཡོད་ན་དབུ་རྒྱན་སོགས་རིགས་སོ་སོ་ལྟར་བྱ། དེ་ནས་སྤྱན་དབྱེ་བ་ནི། གསེར་གྱི་ཐུར་མས་དངུལ་གྱི་ཀོང་བུར་བཞག་པའི་མར་དང་སྦྲང་རྩི་བསྲེས་པ་ཐུར་མའི་རྩེ་མོས་བླངས་ཏེ་ལུགས་མ་ལ་སོགས་པའི་སྤྱན་དང༌། གཞན་རྣམས་མེ་ལོང་ལ་གཟུགས་བརྙན་ཤར་བའི་སྤྱན་ལ་བྱུག་ཅིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཅེས་བརྗོད་ཅིང་སྤྱན་དབྱེ་བའི་ཚུལ་བྱ། ཞི་བ་ལ་སོགས་པའི་ཕྲིན་ལས་བསྒྲུབ་པའི་དོན་དུ། ཡོན་བདག་ལ་སོགས་པ་ལ་གཟིགས་པ་ལྷུར་མཛད་པར་གྱུར། དེ་ནས་མཆོད་པ་གསར་དུ་རྒྱ་ཆེར་བཤམ་པའམ། ཁ་གསོས་ལ་བསང་སྦྱང་བྱིན་རླབས་བྱས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཕྱག་རྒྱ་དང་བཅས་པས་མཆོད་ཡོན་དང༌། དེ་བཞིན་དུ་ཡོན་ཆབ་ཅེས་པའི་གནས་སུ་པཱ་དྱཾ་ཞེས་པ་བཅུག་ལ་ཞབས་བསིལ་དང༌། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་སོ་སོར་བཞེས། །པུཥྤེ། ཞེས་མེ་ཏོག ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །
མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །དྷཱུ་པེ། ཞེས་བདུག་སྤོས། མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨཱ་ལོ་ཀེ། ཞེས་སྣང་གསལ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །རང་བྱུང་ཉིད་ལ་འབུལ་བར་བགྱི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །གནྡྷེ། ཞེས་དྲི། ཁ་དོག་དྲི་དང་རོ་ལྡན་པས། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །ནཻ་ཝི་དྱ། ཞེས་ཞལ་ཟས། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཅིང༌། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཤབྡ། ཞེས་རོལ་མོ་དབུལ། དེ་ནས་རབ་ཏུ་གནས་བྱའི་ལྷ་སོ་སོའི་སྒོས་བསྟོད་ཤེས་ན་དེས་བསྟོད་ལ། མི་སྤྲོ་ན། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེ་བདག་ཉིད་ཁྱེད་ལ་ཕྱག་འཚལ་བསྟོད། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཅུག་ནས། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་
ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སྤྱི་བསྟོད་བྱ། དེ་ནས་ཞལ་བསྒྱུར་བ་ནི། ལྷ་རང་རང་གི་སྔགས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ། སྤྱི་བོ་མགྲིན་པ་ཐུགས་ཀ་གསུམ་དུ་རེག་པས། བསྐྱེད་པའི་ལྷ་འོད་དུ་ཞུ་ནས་སྐུ་གསུང་ཐུགས་ཀྱི་རྟེན་དང་གཙུག་ལག་ཁང་ལ་སོགས་པའི་རྣམ་པ་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་བྱ་བའི་བྱིན་ནུས་དང་ལྡན་པར་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པར་གྱུར། ཅེས་བསྒོམ། རྒྱས་པར་སྤྲོ་ན་མཆོད་བསྟོད་བྱ། དེ་ནས་མངའ་དབུལ་བ་ནི། མཎྜལ་ཕུལ་ལ། ས་གཞི་སྤོས་ཀྱི་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ་སྭཱ་ཧཱ། ལས་བུམ་གྱིས་ཁྲུས་གསོལ་ལ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ན་བཟའ་སྣ་ཚོགས་ཕུལ་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། མི་ཕྱེད་དད་པས་འབུལ་བར་བགྱི། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །རབ་བྱུང་རྣམས་ལ་ངུར་སྨྲིག་ཕུལ་ལ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང༌། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཡིས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝ་ས་སྱེ་ཨཱཿཧཱུྃ། ལོངས་སྐུ་ལ་རིན་པོ་ཆེའི་རྒྱན་ཆ་ཕུལ་ལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ལཾ་ཀ་ར་ཝ་པུ་ཥ་ཎི་ཨཱཿཧཱུྃ་སྭཱ་ཧཱ། འདོད་
ཡོན་ལྔ་ཕུལ་ལ། རྒྱལ་བ་ཟག་མེད་འབྱོར་ལ་དབང་བསྒྱུར་ཡང༌། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། རྒྱལ་སྲིད་ཕུལ་ལ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མཧཱ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ལྔ་ཕྲག་ལྔ་ཕུལ་ལ། རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩི་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། གདུགས་སོགས་ཕུལ་ལ། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང༌། །ཏིང་འཛིན་བླ་བྲེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་ཕུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཞེས་པ་རྣམས་ཐུན་མོང་གི་མངའ་དབུལ་བརྒྱད་དོ། །ཞལ་ཟས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ཟས་མཆོག་འདི། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་དེ་བྱ་ཨནྣེ་ས་མནྟ་དྷྱ་པྲ་ཏི་ཎ་ཡེ་སྭཱ་ཧཱ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་སྦྲེབས་སྐྱེམས་མི་མངའ་ཡང༌། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བའི་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་སྤྱོད་
པར་ཤོག །ཅེས་ཕུལ། དེ་ནས་བརྟན་བཞུགས་བྱ་བའི་ཐོག་མར་ཤིས་བརྗོད་བྱ་བ་ནི། ཐམས་ཅད་ཀྱི་སྔར་བསྒྲུབས་པའི་མེ་ཏོག་ཐོགས་ལ། ཕུན་སུམ་ཚོགས་པ་དང༌། ཆེ་བའི་ཆེ་མཆོག་སོགས་ཞལ་ནས་གསུངས་པའི་ཚིགས་བཅད་ཀྱིས་ཐོག་དྲངས་ཏེ་ཤིས་བརྗོད་རྒྱས་པར་བྱས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་འབྲུ་འཐོར། ཐལ་མོ་སྦྱར་ལ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ན། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གིས་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་བ་ཡི་མཆོད་པ་དང༌། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བར་ཉེར་དགོངས་ནས། །ཀུན་གྱི་འདི་ལ་བྱིན་བརླབས་ཤིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ། མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བཞུགས་སུ་གསོལ། ཞེས་ལན་གསུམ་བརྗོད། རྒྱས་པ་ལ་སྤྲོ་ན། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང༌། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་པ། །ཉི་ལྟར་ཞལ་བྲོ་ཟླ་ལྟར་འོད་གསལ་ཞིང༌། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་
དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཅེས་དང༌། ཡིག་བརྒྱ་ལན་བདུན་བཟླས་ལ། མགོན་པོ་སྐལ་བ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང༌། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེ་ནི་འགྲོ་དོན་ཀུན་ཏུ་མཛོད། །ཅེས་གསོལ་བ་བཏབ་ལ་བརྟན་བཞུགས་བྱའོ། །སླར་ཡང་མེ་ཏོག་གི་ཆར་དབབ་ཅིང་ཤིས་བརྗོད་སྔར་ལྟར་བྱ། དེ་ནས་ཆོ་ག་རྒྱས་པའི་སྐབས་སྦྱིན་སྲེག་བྱ་ཞིང་འོ་ཐུག་བསྒྲུབས་ནས་ཐམས་ཅད་ལ་བཀྱེ་དགོས་ཀྱང༌། འདིར་ས་བཅད་ཙམ་དུ་ལྷ་བཤོས་ཀྱི་མཐའ་སྐོར་བཟའ་བཏུང་ཅུང་ཟད་རེ་ཐམས་ཅད་ལ་བྲིམས་ཏེ། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་སྡིག་པ་བྱང་བར་གྱུར། །ཞེས་བརྗོད། དེ་ནས་ཆོས་སྐྱོང་གཏོར་འབུལ་དང༌། གཞི་བདག་ལ་དཀར་གཏོར་བསྔོས་ལ་ཕྲིན་ལས་བཅོལ། རྒྱས་པའི་སྐབས་ཆོས་སྐྱོང་དང་ཡོན་བདག་བསྒོ་བ། རྫས་བརྒྱད་སྦྱིན་པ་སོགས་དགོས་ཀྱང་སྐབས་འདིར་སྤྲོས་པ་མི་མཛད་པས་དགེ་རྩ་བྱང་ཆུབ་ཏུ་བསྔོ་བས་མཐའ་བརྒྱན་པར་བྱའོ། །རབ་གནས་ཤིན་ཏུ་བསྡུས་པ་བྱེད་ན། སྟེགས་བུའི་ཁར་རྣམ་བུམ་དང་ལས་བུམ། དྲི་བཟང་ཆུ་དང་གོས་ཟུང་སོགས་ཁྲུས་ཆས། མངའ་དབུལ་རྫས། འཐོར་ནས། སྦྱོང་ཆས་ཙམ་བཤམ། བདག་བསྐྱེད་མདོར་བསྡུས། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བུམ་པ་སྔར་ལྟར་བསྒྲུབས་ནས་མེ་ཏོག་བྱིན་བརླབ། སྦྱོང་བ་བྱ་ཞིང་བགེགས་བསྐྲད། ཁྲུས་གསོལ་སྤྱི་འགྲེ། རྟེན་དམ་ཚིག་པར་བསྐྱེད། གནས་གསུམ་བྱིན་བརླབ་ནས། ཡེ་ཤེས་པ་གཞུག་པ་ནས་ཞལ་བསྒྱུར་བར་སྔར་ལྟར་བྱ། མངའ་དབུལ་དང་ཞལ་ཟས་ཕུལ། བརྟན་བཞུགས་དང་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །གསུང་རབ་འབྲི་བའི་ཡིག་མཁན་རབ་གནས། སྐུ་གཟུགས་ལ་སོགས་པའི་རྒྱུ་དང་ལྷ་བཟོ་བྱིན་རླབས། རྟེན་རྙིང་པོ་སྤོ་བའི་ཨརྒྷའི་ཆོ་ག སཱཙྪ་འདེབས་པའི་བྱ་བ་སོགས་ནི་འདིར་བྲིར་མ་ལོངས་པ་སྔར་གཞུང་རྣམས་སུ་ཤེས་པར་བྱ་དགོས་སོ། །གསུམ་པ་གཤིན་པོ་རྗེས་སུ་འཛིན་པའི་ཆོ་གའི་ཁུངས་
ནི་ཐམས་ཅད་ཀྱིས་སྦྱོང་རྒྱུད་ལ་བརྟེན་པར་སྣང་ཞིང༌། དེའང་གསང་བདེ་འཇིགས་གསུམ་ལྟ་བུའི་དཀྱིལ་འཁོར་ཆེན་པོ་ལ་སྦྱོར་བའི་རྒྱས་པ་དང༌། ཡི་དམ་གང་རུང་གི་བདག་བསྐྱེད་ཙམ་ལ་བརྟེན་པའི་མདོར་བསྡུས་པ་གཉིས་ཡོད་པ་ལས་འདིར་ཕྱི་མ་ལྟར་ན། སྟེགས་བུའི་སྟེང་ཁྲུས་བུམ་དང་ལས་བུམ་གཉིས་བཀོད། ཕྱི་མཆོད་གཏོར་འབུལ་རྣམས་བཤམ། ཁྲུས་ཆས་རྣམས་དང་ཞི་དྲག་གི་སྦྱོང་བ། ཏིལ་སྦྱོང་གི་ཆས་སོགས་ཚོགས་པར་བྱ། སྦྱོང་སྟེགས་པདྨ་འདབ་བརྒྱད་སྟེང་འཁོར་ལོ་རྩིབས་བརྒྱད་བྲིས་པའི་ཁར་གཟུགས་བྱང་ངམ་མིང་བྱང་བཞག་ལ། བདག་བསྐྱེད་བཟླས་པ་གཏོར་འབུལ་གྱི་བར་དུ་བྱ། ཁྲུས་བུམ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར་པའི་ནང་དུ་སྟེང་གི་ཆར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་ཡིག་གེ་བརྒྱ་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ་རྡོར་སེམས་ཡིག་བརྒྱ་བཟླ། མཐར་ཟླ་བ་སྔགས་ཕྲེང་ཧཱུྃ་ཡིག་རྣམས་འོད་དུ་ཞུ་སྟེ་བུམ་པའི་ཆུ་དང་དབྱེར་མེད་པར་གྱུར་པར་བསམ། ལས་བུམ་གཞུང་ལྟར་བསྒྲུབ། དེ་ནས་མིང་བྱང་སློབ་དཔོན་གྱི་མདུན་དུ་གཞག་པ་ལས་སྔགས་ཀྱིས་བསང༌། ཨོཾ་ཤཱུ་ནྱ་ཏཱ་སོགས་ཀྱིས་སྦྱང༌། རྟེན་སྣང་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས། ཚེ་ལས་འདས་པ་ཐ་མལ་པའི་ཆ་བྱད་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར་པར་བསམས་ལ་ཤི་བ་འགུགས་པའི་ཕྱག་རྒྱ་མགོར་བཞག་པར་མོས་ལ། ཨོཾ་བཛྲ་སཏྭ་ཧཱུྃ་ཛྫ། སངས་རྒྱས་ཀྱི་
བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱི་བདེན་པ་དང༌། བདེན་པའི་བྱིན་གྱིས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་མིང་ནས་བརྗོད་པའམ། འདི་ཉིད་ཀྱི་རྣམ་པར་ཤེས་པ་སྲིད་པ་བར་དོ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་བཞིས་བསྡུས་པའི་འཇིག་རྟེན་གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་གཟུགས་ཅན་བཀུག་པ་སྤྱི་གཙུག་ནས་ཞུགས་ཏེ་སྙིང་གར་ཐིམ་པར་གྱུར་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿ འདིར་སྤྲོ་ན་སྡིག་པ་འགུགས་པ་དང༌། ལྟུང་བ་སློང་བ་དང༌། ངན་སོང་འགུགས་པ་དང༌། སྡིག་པ་དྲལ་ཞིང་འཇོམས་པའི་སྔགས་བརྒྱ་དམིགས་པ་དང་བཅས་པ་བྱ། བསྡུ་ན་མི་དགོས། ཨོཾ་སརྦ་བིད་སརྦ་ཨཱ་པཱ་ཡ་བི་ཤོ་དྷ་ནེ་ཧཱུྃ་ཕཊ་སྭཱ་ཧཱ། བཛྲ་བནྡྷ་ཏྲཊ། ཅེས་བརྗོད་ཅིང་སྙིང་གར་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པ་ལན་གསུམ་དྲལ་བས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་གྱུར་པར་བསམ། འདིར་གནས་གསུམ་དང་གནས་ཉེར་གཉིས་བྱིན་གྱིས་བརླབ་པ་སྦྱོང་རྒྱུད་ཀྱི་དགོངས་པར་གནས་ཀྱང་ཕྱག་བཞེས་ཁ་ཅིག་ཏུ་ལྷར་བསྐྱེད་པ་ལྟར་ན། བསང་སྦྱང༌། སྟོང་པའི་ངང་ལས་བདག་བསྐྱེད་ལྟར་ཚེ་འདས་རྡོར་སེམས་སུ་བསྐྱེད། གནས་གསུམ་དུ་ཡེ་གེ་གསུམ་བསྐྱེད། དེ་ནས་སྦྱོང་བ་ནི། རང་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་གྱི་ང་རྒྱལ་བརྟན་པོས། ཧཱུྃ། ཡེ་ཤེས་བསྐལ་པ་སོགས་མཆོད་བསྟོད་ཀྱི་བར་བཏང་ལ་ཁྲོ་བོ་སྤྱན་དྲང༌། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ཞེས་པ། སྡིག་སྦྱོང་ཆེན་པོའི་ས་གཞི་ལ་གནས་པའི། །
ཞེས་དང༌། ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་སྒོམ། །ཞེས་པ། ང་ནི་གནས་འདིར་ཚེ་འདས་སྒྲིབ་པ་སྦྱང༌། །ཞེས་པར་འདོན་པ་བསྒྱུར། སྦྱོང་གཏོར་བྱིན་རླབས་ནས་ཞི་དྲག་སྦྱོང་བ་རབ་གནས་སྐབས་སུ་བཤད་པ་ལྟར་བྱས་པའི་མཐར། སངས་རྒྱས་ཀྱི་བདེན་པ་དང༌། ཞེས་པ་ནས། བདེན་པའི་བྱིན་གྱིས་བརླབས་ཀྱི་ཚེ་ལས་འདས་པ་ཆེ་གེ་མོ་འདི་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང༌། ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་དང༌། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས་དེའི་ཉེ་འབྲེལ་དང་འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ། ཕན་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཞིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་སྲེག་ཅིང་རྣམ་པར་འཇོམས་པར་གདོན་མི་ཟའོ། །ཞེས་བརྗོད་ཅིང་སུམྦྷའི་སྔགས་དྲག་ཏུ་བཟླ། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། རོལ་མོའི་སྒྲ་དྲག་ཏུ་བྱའོ། །ཏིལ་སྦྱོང་རྒྱས་པ་ཞི་ཐབ་ནང་དང་རྡོ་རྗེ་མཁའ་འགྲོ་བསྐྱེད་བསྟིམ་མཆོད་བསྟོད་བྱ་བའི་ཚུལ་ཡོད་ཀྱང་འདིར་བསྡུས་པའི་སྐབས་རྃ་ལས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་སྐད་ཅིག་གིས་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཞལ་གདངས་པར་གྱུར། ཚེ་འདས་ཀྱི་རྐང་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར། ལྟེ་བར་ཡེ་ཤེས་ཀྱི་མེ་འབར་བ། སྙིང་གར་སྡིག་པའི་ས་བོན་པྃ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་གའི་པྃ་དེད་ནས་སྣ་སྒོ་ནས་ཐོན་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་ཏིལ་ནག་པོ་ལ་སྡིག་པའི་གཟུགས་བྱས་པ་ལ་ཐིམ་པར་གྱུར་པར་བསམས་ཏེ། མཛུབ་མོ་དང་མཐེ་བོའི་དབུས་སུ་ཧཱུྃ་བསམས་ལ་དེས་སྡིག་པའི་གཟུགས་ལས་བཅད་ནས་ཁྲོ་བོའི་ཞལ་དུ་ཕུལ་
ནས་གསོལ་བར་མོས་ཏེ། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཤིང་མཐེབ་མཛུབ་ཀྱིས་ཏིལ་མེ་ལ་བཏབ་ནས་བསྲེགས་པས་སྡིག་པ་དག་པར་བསམ། ལྷ་མི་དམིགས་པར་བཞག དེ་ནས་ཕྱིར་ལྡོག་གི་སྦྱང་བ་ནི། བྱེ་མའམ་ཡུངས་ཀར་ལ་ཀཾ་ཀ་ནི་དང་གཙུག་ཏོར་རྣམ་རྒྱལ་དང༌། གཙུག་ཏོར་དྲི་མེད་གཉིས་ཀྱི་གཟུངས་དང༌། ཨོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། ཅེས་པ་རྣམས་ཉེར་གཅིག་རེ། ཡི་གེ་བརྒྱ་པ་སོགས་དཀྱིལ་འཁོར་གྱི་ལྷའི་སྔགས་རྣམས་ཀྱི་མཐར། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་འདིའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ལ་མང་དུ་བཟླས་ཏེ། སོ་སོའི་སྔགས་དོན་དང་མཐུན་པའི་དམིགས་པ་དང་བཅས་པས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎཱ་ཎི་བྷ་སྨིན་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྷྲཱུྃ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་བཛྲ་ཧཱུྃ་ཕཊ། ཨོཾ་དྲུཾ་པི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་པ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོཾ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་འདི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་ངན་སོང་གསུམ་གྱི་རྒྱུ་ལས་དང༌། ཉོན་མོངས་པ་ཐམས་ཅད་ལས་གྲོལ་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཅེས་པ་ལྟ་བུའི་སྤེལ་ཚིག་དང་བཅས་པ་བཟླ་ཞིང་རྟེན་ལ་བྲབས་པས་ཡེ་ཤེས་ཀྱི་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་རྟེན་ལ་ཕོགས་པས་དེའི་སྡིག་སྒྲིབ་ཐམས་ཅད་དག་པའི་མོས་པ་བྱ། དེ་ནས་ཁྲུས་ཀྱི་སྦྱང་བ་ནི། དཀྱིལ་འཁོར་ཡོད་སྐབས་དེ་
དང་མེད་སྐབས་སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམས་ཞིག་གི་གཟུགས་བརྙན་མེ་ལོང་དུ་ཤར་བར་བྱས་ཏེ་ཁྲུས་བུམ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་སོགས། ཨོཾ་ཧཱུྃ་ཏྲཱྃ་སོགས། རྒྱལ་པའི་སྐུ་ལ་ཉོན་མོངས་མི་མངའ་ཡང༌། །ཚེ་འདས་ལུས་ཀྱི་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་ལ་ཁྲུས་ཆབ་འདི་གསོལ་བས། །ཚེ་འདས་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག ཨོཾ་སརྦ་ནས། བི་ཤོ་དྷ་ནི་སྭཱ་ཧཱ། དེ་བཞིན་དུ་སྐུ་ཞེས་པ་གསུང་དང་ཐུགས། ལུས་ཞེས་པ་ངག་དང་ཡིད་ཅེས་པར་འདོན་པ་བསྒྱུར་ཏེ་ཁྲུས་གསོལ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས། སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་བར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་བའི། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝ་ས་སྱེ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་ཁྲུས་གསོལ་བའི་ཆུ་དེ་ཁྲུས་བུམ་དུ་བླུགས་ནས་བྱང་བུ་ལ་འཐོར་ཏེ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱི་ཁྲུས་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ནས། མ་ཧཱ་ས་མ་ཡ་སཏྭ་ཨཱཿ འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་འདི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང༌། ཁྱད་པར་དུ་ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་
པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག དེ་བཞིན་དུ་སྦྱིན་པ་ཞེས་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་དང༌། སེར་སྣ་ཞེས་པའི་གནས་སུ། ཚུལ་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང༌། ཤེས་འཆལ། ཞེས་པ་རྣམས་འདོན་པ་བསྒྱུར་ལ་ཚིགས་བཅད་སྔགས་སྤེལ་ཚིག་དང་བཅས་པས་བཀྲུ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཡིག་བརྒྱ། དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །ཡིག་བརྒྱ། དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཡིག་བརྒྱ། འཇིག་རྟེན་འདི་ནས་ཞེས་པ་ནས། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་བྱང་ཞིང་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ་སངས་རྒྱས་ཞེས་པའི་གནས་སུ། བཅོམ་ལྡན་དམ་ཆོས༴ འཕགས་པའི་དགེ་འདུན༴ ཞེས་འདོན་པ་བསྒྱུར་བ་དང༌། ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་སོགས་ནས་ཁྱད་པར་དུ་ཉོན་མོངས་པ་དེའི་དབང་གིས་བྱུང་བའི་དུག་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་སོགས་བརྗོད། ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །དུག་ནི་ས་ཡི་ནང་དུ་སོང༌། །གང་བའི་སྣོད་དུ་དུག་སོང་ཞིག་སྭཱ་ཧཱ། དེ་བཞིན་དུ་ས་ཞེས་པའི་གནས་ས། ཆུ། མེ། རླུང་ཞེས་པ་བཅུག་ལ་ཡིག་བརྒྱ་སྤེལ་ཚིག་དང་བཅས་པ་བྱའོ། །འདི་དག་གི་བར་
མཚམས་སུ་ཁྲུས་རེ་མཛད་པ་ཕྱག་ལེན་དུ་སྣང་ངོ༌། །དེ་ནས་མི་ཤིས་པ་སྦྱོང་བ་ནི། དྲིལ་གསིལ་མེ་ཏོག་འཐོར་བ་དང་བཅས། གང་ལ་སེར་སྣ་རྣམས་ཆགས་པ། །སོགས་ནས། ཁྱེད་ཅག་སྡིག་པར་མ་གྱུར་ཅིག །འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ནས། འདས་པ་ཆེ་གེ་མོ་ཞེས་བྱ་བ་འདི་ངན་སོང་གསུམ་ལས་གྲོལ་ནས་མཐོ་རིས་སུ་སྐྱེས་ཏེ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་ཤིས་བརྗོད་སྤེལ་ཚིག་བཅས་བྱ། དེ་ནས་ཉེ་འབྲེལ་སོགས་ཀྱིས་བྱང་བུ་ཐོགས་པར་ཕྱག་འཚལ་དུ་གཞུག་སྟེ། ཚེ་འདས་དེ་བླ་མ་དང་དཀྱིལ་འཁོར་པའི་ལྷ་དང་དཀོན་མཆོག་གསུམ་དང་ཉེ་བའི་སྲས་བརྒྱད་སོགས་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་ཕྱག་བྱེད་པར་མོས་ཏེ། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་འཛིན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་སོགས། བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །ཞེས་སོགས་ཤོ་ལོ་ཀ་གསུམ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ཡང་བདག་ཕྱག་འཚལ། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་སོགས་ཤོ་ལོ་ཀ་གཅིག་དང༌། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པ་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་ནི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་
པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་བརྗོད། དེ་ནས་དཀྱིལ་འཁོར་དང་འབྲེལ་པའི་སྐབས་དབང་བསྐུར་བྱ་དགོས་ལ་ཆོ་ག་བསྡུས་པའི་སྐབས་དབང་གི་བྱ་བ་མེད་པས་གོང་དུ་ལྷར་བསྐྱེད་ཟིན་པས་འདིར་བསྐྱར་མི་དགོས་པ་དང༌། སླར་ཡང་གསལ་གདབ་པར་གསུངས་པའི་ཕྱོགས་གཉིས་ལས་ཕྱི་མ་ལྟར་ན། རྟེན་བསང་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་སཏྭ་ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །ཞེས་བསྟོད། འདིར་འདུལ་འཛིན་རྗེས་ཚེ་འཕོ་བ་ཇི་ལྟར་འགྱུར་བའི་མདོའི་དགོངས་དོན་ལྟར་ཚེ་འདས་ལ་ཟས་གཏད་བྱ་བ་མི་བཞེད་ཅིང༌། གཤིན་པོའི་ཆེད་དུ་དཀོན་མཆོག་ལ་བཟའ་བཏུང་གོས་སོགས་ཕུལ་ཞིང་དེའི་དགེ་བ་གཤིན་པོ་ལ་བསྔོ་བར་གསུངས་པ་ལྟར་ཡང་ལེགས་མོད། ཡུལ་ལུགས་ཀུན་ལ་ཟས་བསྔོ་གྲགས་ཆེ་ཞིང་བར་དོའི་སེམས་དྲིས་ཚིམ་པར་བཤད་པ་ལྟར་བཟའ་བཏུང་གསུར་བསྔོ་བྱས་པ་ལའང་དགོས་པ་ཆེ་བར་སྣང་བས་དེ་ལྟར་ན་འདོད་ཡོན་
རྣམས་བཤམས་ལ་བསང་སྦྱང༌། ཟས་གཏད་ཀྱི་ཡོ་བྱད་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ཞལ་ཟས་རོ་བརྒྱ་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་མཛོད་ལྟར་ལོངས་སྤྱད་པས་ཟད་མི་ཤེས་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ་ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཕུད་ཀྱིས་དཀོན་མཆོག་ལ་སྔགས་དང་ཕྱག་རྒྱ་བཅས་མཆོད་ཅིང་བསྟོད། ལྷག་མ་བསྔོ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྟེན་གྱི་ལྷ་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ་རཱུ་པའི་གནས་སུ་ཤབྡ། གནྡྷེ། ར་ས། སྤརྴེ་འཇུག ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་དང༌། །ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། །མོས་བློས༴ བཞེས་ཤིང༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིང༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ཤིང༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིང༴ ཞེས་སོགས་བརྗོད་ཅིང་འདོད་ཡོན་ལྔ་དབུལ། དེ་ལས་ལམ་སྦྱང་བསྟན་ལ། ཤེས་ཤིང་སྤྲོ་ན། བདེ་ཅན་ཞིང་དང་འོད་དཔག་མེད་ཀྱི་ཡོན་ཏན་བརྗོད་ཅིང་རྣམ་པ་གསལ་གདབ་ཏུ་གཞུག ལམ་སྦྱོང་བ་དང་བསྟན་པའི་དོན་བརྡ་སྤྲད། མི་ནུས་ན། སློབ་དཔོན་གྱིས་དོན་དྲན་པར་བྱས་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་
པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་སཾ་བྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོདྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཞེས་པས་ལམ་བསྟན་ལ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་བེ། མ་ཧཱ་སུ་ཁ་བ་ཏི་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། ལམ་སྦྱངས་པས། ཚེ་འདས་ཀྱི་རྣམ་ཤེས་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་པ་སྤྱི་གཙུག་ནས་ཐོན་ཏེ་བདེ་བ་ཅན་དུ་གཤེགས་པ་དེར་པདྨ་ལས་བརྫུས་ཏེ་སྐྱེས། དེ་ན་གནས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སཏྐུ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་དེས་ཀྱང་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་སྭཱ་ཧཱ། ཞེས་མཆོད་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་པར་གྱུར། དེའི་ཚེ་ལྷ་རྣམས་ཀྱིས་ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་སོགས་ཆོ་ག་བྱེད་པ་པོ་བདག་གི་མཐུར་ཤེས་ནས་རང་ཉིད་ལ། ཨོཾ་སརྦ་ནས་སྭཱ་ཧཱ། ཞེས་མཆོད་ཅིང༌། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་ཆེད་དུ་བརྗོད་པར་གྱུར། ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་དེས་ཀྱང་རང་ཉིད་དེར་སྐྱེ་བའི་རྒྱུ་བརྟགས་པས་བདག་གིས་ཆོ་ག་བྱས་པའི་ནུས་མཐུར་ཤེས་ནས་སྐད་ཅིག་གིས་འོངས་ཏེ། ཨེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྷུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །དེ་བཞིན་གཤེགས་པའི་ཆོས་ཉིད་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་རྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་
མེད་སྐྱེ་བསམ་ཡས། །ཨེ་མ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷག་ནས་མྱུར་དུ་སྐྱེས། །ཞེས་ཆེད་དུ་བརྗོད་ནས་བདག་དང་ལྷ་ལ། ཨོཾ་སརྦ་ནས་སྭཱ་ཧཱ། ཞེས་མཆོད་དེ་སླར་ཡང་བདེ་བ་ཅན་དུ་སོང་བར་གྱུར་པར་བསམ། ཨོཾ་སརྦ་བུདྡྷ་ཀྵེ་ཏྲ་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། དེའང་ཚེ་འདས་བདེ་བ་ཅན་དུ་སླེབ་པའི་སྐྱོས་མ་ལྟ་བུར་རིན་པོ་ཆེའི་རང་བཞིན་བདེ་བ་ཅན་དུ་འཐོར་བའི་མོས་པ་བྱས་ཏེ་འཐོར་གསུངས་སོ། །དེ་ནས་བྱང་བུ་བསྲེག་པ་ནི། ལྷ་དང་རྣམ་ཤེས་གཤེགས་པའི་ཕུང་པོ་ལྷག་མ་སྡིག་སྒྲིབ་དང་ལྷན་ཅིག་རྃ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེས་བསྲེགས་པར་གྱུར་པར་བསམས་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམས་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་ནི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བ་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་བརྗོད་ཅིང་མེ་ལ་བསྲེག སྟོང་པ་ཉིད་ལ་གཟུགས་མེད། ཅེས་པ་ནས། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པའི་བར་དོན་དྲན་བཞིན་པས་བརྗོད་ཅིང་ཕུང་པོ་ལྔའི་དྲི་མ་ནས་ལུས་ངག་ཡིད་གསུམ་གྱི་དྲི་མའི་བར་བག་ཆགས་དང་བཅས་པ་ཟབ་གསལ་གཉིས་མེད་མཐར་ཐུག་མེར་ཤར་བའི་ཡེ་ཤེས་ཀྱི་མེར་བསྲེགས་པས། ཕུང་པོ་ལྔ་རྣམ་པར་དག་པ་རིགས་ལྔ་ནས་ལུས་ངག་ཡིད་གསུམ་རྣམ་པར་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་བར་ཡོངས་སུ་རྫོགས་པའི་ཐོབ་བྱ་མཐར་ཐུག་ཐོབ་པར་བསམས་ལ་བྱང་ཐལ་གྱིས་སཱཙྪ་གདབ་པ་སོགས་སྤྱི་ལྟར་བྱ། དཀྱིལ་འཁོར་དང་འབྲེལ་ན་རྗེས་ཆོག་དགོས་ཀྱང་བདག་བསྐྱེད་རྐྱང་པ་ཙམ་ལ་ཉེར་བསྡུ། རྒྱུན་སྤྱོད་
བསྔོ་སྨོན་བྱས་པས་འགྲུབ་བོ།། ༈ །བཞི་པ་སྦྱིན་སྲེག་གི་ཆོ་ག་ནི། ལས་བཞིའི་སྦྱིན་སྲེག་རྣམས་ནང་གསེས་ཀྱི་ཁྱད་པར་དབྱེ་བ་ལས་སྤྱིའི་འགྲོས་མཚུངས་པས་འདིར་ཉེ་བར་མཁོ་བ་ཞི་བའི་སྦྱིན་སྲེག་བྱ་བའི་ཚུལ་ནི། སའི་ཆོ་ག་སྔོན་དུ་མ་བྱས་པའི་གཞི་ལས་སྦྱོང་བ་དགོས་པས། རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་ས་ལ་བཞག་ནས། ཨོཾ་ཨཱཿཧཱུྃ་དང༌། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་ནས། རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་ཞིང༌། རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་བསམ་པའམ། ཡང་ན་རང་གི་ལྷའི་སྔགས་བརྒྱ་རྩ་བརྒྱད་བརྗོད་པས་ཀྱང་རུང་སྟེ། དེ་འདྲ་བའི་ཀུན་རྫོབ་ཀྱི་དག་པ་དང༌། སའི་སྐྱོན་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པར་གྱུར་པ་བསྒོམ་པ་དོན་དམ་པའི་སྦྱང་བ་བྱ། ཐབ་སྟེགས་གཞི་དཀར་པོ་གྲུ་བཞི་པའི་ཁར་བྲིས་ཐབ་ལ་ཚངས་ཟུར་གྱི་ཐིག་གདབ། རྒྱར་ཁྲུ་གང་པ། མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ། ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་ལྟེ་བར་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་བྲི། ཐམས་ཅད་ཁ་དོག་དཀར་པོ་འབའ་ཞིག་བྱས་པ་ལ་བ་བྱུང་ལྔ་བདུད་རྩི་ལྔ་དྲི་བཟང་རྣམས་ཀྱིས་བྱུག མེ་ཏོག་དཀར་པོ་སིལ་མ་དགྲམ། ཟླུམ་སྐོར་ནང་མའི་སྟེང་ནས་ཚེར་མ་སོགས་དྲི་མི་ཞིམ་པ་དང༌། སྲོག་ཆགས་མེད་པའི་ཤིང་སྐམ་པོ་ཟླུམ་པོར་བརྩིག སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་སྟེགས་བུའི་སྟེང་འདུས་པའི་ལུགས་བྱེད་ན་ཆུ་བཞི། བཟེད་ཞལ་གསུམ། བསང་གཏོར་ཀུ་ཤའི་ཆུན་པོ་དང་བཅས་པ། ལས་བུམ་རྣམས་བཀོད། གཡས་ཀྱི་སྟེགས་བུར་བསྲེག་རྫས་རྣམས་འབུལ་བའི་རིམ་པ་དང་མཐུན་པར་བསྒྲིག དེའི་ནང་རོལ་ཏུ་འཇིག་རྟེན་པའི་མེ་ལྷའི་མཆོད་རྫས་མཐར་གཏོར་འབུལ་དཀར་ཟླུམ་བཤམ། དེའི་ནང་རོལ་འཇིག་རྟེན་འདས་པའི་མཆོད་རྫས་ཉེར་སྤྱོད་ལྔ་པོ་དགོད། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་དགང་བླུགས་མར་ཁུ་བདུད་རྩི་རིལ་བུ་
བཏབ་པའི་ནང་མཆོད་རྣམས་བཞག མེ་གསོ་བའི་རྫས་དང་ཀུ་ཤའི་ཆུན་པོ་བརྒྱད་རྣམས་སྟ་གོན་བྱ། དེ་ལ་ཡམ་ཤིང་དྲི་ཞིམ་ཚེར་མ་མེད་པ་འོ་མ་ཅན་གྱི་ཤིང་སྲིད་དུ་སོར་བཅུ་གཉིས་སྦོམས་སུ་མཐེའུ་ཆུང་གི་ཚད་མ་གས་པ་རྩེ་མོ་གཉིས་མར་དང་སྦྲང་རྩིས་སྦགས་པ། ཏིལ་དཱུརྦ། འབྲས་མ་གྲུགས་པ། ཞོ་ཟན། ཀུ་ཤ། ཡུངས་ཀར། སོ་བ། ནས། སྲན་མ། གྲོ་རྣམས་བསྲེག་རྫས་གཙོ་བོ་ཡིན་ལ། ཞོ་འོ་མ་འབྲས་ཟན་ཙནྡན་པྲི་ཡཾ་ཀུ་ཐང་ཆུ་དྲི་ཞིམ་པོའི་མེ་ཏོག་རྣམས་ཀྱང་འཛོམ་ན་འབུལ་བར་གསུང་ངོ༌། །སློབ་དཔོན་ཆས་གོས་དཀར་པོ་དང་དུང་ཤེལ་ལ་སོགས་པས་བརྒྱན་ཅིང་པདྨ་དཀར་པོ་འདབ་བརྒྱད་ཀྱི་གདན་ལ་ཁ་ཤར་དུ་ཕྱོགས་པས་པདྨའི་འདུག་སྟངས་ཀྱིས་འཁོད་དོ། །དེ་ནས་ཐོག་མར་བདག་བསྐྱེད་བཟླས་པ་ཉེར་བསྡུའི་བར་ཚང་བར་བྱ། ལས་བུམ་བསྒྲུབ། སྦྱིན་སྲེག་དངོས་ཀྱི་ཐོག་མར་སྔགས་ཕྱག་རྒྱ་རྒྱས་བསྡུས་གང་རུང་གིས་རྡོར་དྲིལ་བཟུང་ལ་དམ་ཚིག་གསུམ་དྲན་ཅིང་ཆོ་ག་མ་ཚར་བར་རྡོར་དྲིལ་མ་བྲལ་བ་དང་སྨྲ་བ་བཅད། ལག་པ་གཡས་པས་ལས་བུམ་གྱི་ཆུ་བླངས་ལ་རང་དང་ཐབ་མཆོད་རྫས་རྣམས་ལ་གཡོན་ངོས་ནས་བརྩམས་གཡས་སྐོར་དུ་འཐོར། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་དེ་བཞིན་དུ་འཐོར། སླར་མེ་ལྷའི་མཆོད་རྫས་རྣམས་ལ་ནང་མཆོད་འཐོར་ལ། བསང་སྦྱང༌། སྒྲུབ་ཐབས་ལྟར་བྱིན་བརླབ། དེ་ནས་ལག་གཉིས་རྡོ་རྗེ་རྩེ་གཅིག་པའི་རྒྱས་བསྲེག་རྫས་རྣམས་ལ་རེག་ཅིང༌། ཨོཾ་སྭཱ་ཧཱ་ཞེས་པས་བཀྲུས་པར་བསམས་ནས། ཨོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་དང༌། ཨོཾ་ཤྲཱི་སྭཱ་ཧཱས་ཞུན་མར་དང༌། ཨོཾ་ཛྲིཾ་སྭཱ་ཧཱས་འབྲུ་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་དག་ལས་གཞན་པའི། རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཤིང་དག་ནས་བདུད་རྩི་ལྔའི་ངོ་བོར་གྱུར་པར་བསམ། དེ་ནས་འོ་མ་ཅན་ལས་བྱུང་བའི་ཤིང་གི་མེ་སོགས། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་དེ་སྣོད་དུ་བཞག་ལ། ཞུན་མར་གྱི་སྒྲོན་མེ་སྦར་ཞིང༌། ལས་སྔགས་བརྗོད་ལ། བསང་ཆུ་དང་ནང་མཆོད་ཀྱིས་མེ་དེ་ལ་གཡས་སྐོར་དུ་ལན་གསུམ་གསུམ་བསང༌། སྒྲོན་མེ་དེ་རྩྭ་སྐམ་པོའི་ཆུན་པོ་དང་བཅས་
ཐབ་ཀྱི་ནང་དུ་བཅུག་ལ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བརྗོད་དེ་གཟི་བརྗིད་བསྐྱེད། ཧཱུྃ་ཞེས་བརྗོད་དེ་རླུང་ཡབ་ཀྱིས་མེ་སྦར། ལས་སྔགས་ལན་བདུན་བརྗོད་པ། མར་ཁུ་བླུགས་གཟར་བདུན་གྱིས་ཀྱང་མེ་གསོ། །དེ་ནས་ཀུ་ཤ་རྣམས་ལག་ཏུ་བཟུང་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་ལན་བདུན་བརྗོད་ལ་ཀུ་ཤ་བྱིན་གྱིས་བརླབ། དེ་ནས། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པའི་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་བརྗོད་ནས་ཀུ་ཤའི་ཆུན་པོ་གཉིས་གཉིས་རྩེ་མོ་གཤིབས་པ་རང་གི་གཡོན་ངོས་ནས་བརྩམས་ཏེ། ཐབ་ཀྱི་ཁ་ཁྱེར་ལ། རང་གར་ལ་ཁ་བལྟས་པ་ངོས་ལ་ཤར་དུ་བྱས་པའི་ལུགས་ཀྱི་རྩེ་མོ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བསྟན་ལ་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་དགྲམ་ཞིང༌། ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་ཡང་མི་རིང་བས་གཡོག་གོ །དེ་ནས་ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་སྟེ་དེ་དག་ནི་སྦྱོར་བའོ། །དངོས་གཞིའི་ཆོ་ག་ལ། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། བསང་ཆུས་ཐབ་བསངས་ལ། ལས་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། ཐབ་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་ཧཱུྃ་དཀར་པོ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་དང་ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ། «འཁོར་ལོའམ་»རྡོ་རྗེའི་ཕྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཐབ་ཀྱི་ནང་དུ་རྃ་ལས་སྐྱེས་པའི་མེ་གྲུ་གསུམ་གྱི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་ལྟེ་བར་རྃ་ལས་བགྲང་ཕྲེང༌། དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཉུག་མར་གནས་པའི་རང་འོད་ཀྱི་རིག་མ་དང་གཉིས་སུ་
མེད་པའི་སྐུ། ཕྱག་དང་པོ་གཉིས་ཀྱིས་རང་གི་རིག་མ་ལ་འཁྱུད་ཅིང་ལྷག་མ་གཡས་གཉིས་མི་འཇིགས་པའི་ཕྱག་རྒྱ་དང་བགྲང་ཕྲེང༌། གཡོན་གཉིས་དབྱུ་གུ་དང་རིལ་བ་འཛིན་པ། རྣམ་སྣང་གི་དབུ་རྒྱན་ཅན། སྨིན་མ་དང་རལ་པའི་ཚོགས་འབར་ཞིང་ལྟོ་བ་འཕྱང་བ། སྦོམ་ཞིང་ཐུང་ལ་གཟི་བརྗིད་ཆེ་བ་གཡོན་བརྐྱང་གིས་བཞུགས་པའི་ཐུགས་ཀར་མེ་གྲུ་གསུམ་པ་རྃ་མམ། «ཡང་ན་ཧཱུྃ་»གིས་མཚན་པར་གྱུར། དམ་ཚིག་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམ་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ལག་པ་གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་མཐེ་བོང་གཡོབ་ཅིང༌། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊཀྐི་ཧཱུྃ་ཛཿ ཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ཨོཾ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུྃ། ཞེས་བརྗོད་ཅིང་བསང་ཆུ་གཏོར་ནས་ཕྱི་འབྲང་གི་བགེགས་བསྐྲད། གསང་འདུས་ལ་ཆུ་བཞི་འབུལ་དགོས་ཀྱང་འདིར་ཆུ་འབུལ་བས་འཐུས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་རཾ་པྲོཀྵ་ཎཱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་ཀུ་ཤའི་ཆུན་པོས་ཞལ་བསིལ་གྱི་སྣོད་ནས་བཟེད་ཞལ་དང་པོར་ལན་གསུམ་བསང་གཏོར་དབུལ་ལོ། །སྣོད་དེ་ཉིད་ནས་མཛུབ་མོ་མེ་ཏོག་བླངས་ཏེ། ཁུ་ཚུར་ཁ་འོག་ཏུ་བསྟན་ནས་མཐེའུ་ཆུང་ནས་རིམ་གྱི་དགྲོལ་བའི་ཕྱག་རྒྱ་དང་སྔར་གྱི་པྲོཀྵ་ཎཱཾ་གྱི་གནས་སུ་ཨཱཉྩ་མཱ་ཎཱ་ཞེས་བཟེད་ཞལ་དང་པོར་ཞབས་བསིལ་དང༌། རྡོ་རྗེ་སྙིམ་པ་ཁ་ཕྱེ་བའི་ཕྱག་རྒྱ་དང༌། ཨརྒྷཾ་ཞེས་སྦྱར་བའི་བཟེད་ཞལ་གཉིས་པར་མཆོད་ཡོན་དང༌། ཁུ་ཚུར་བཅངས་ཏེ་ཆུ་ནང་ནས་མེ་ཏོག་བླངས་ལ། ལན་གསུམ་བསྐོར་ཏེ་ཁུ་ཚུར་ཁ་གྱེན་དུ་བསྟན་པའི་མཛུབ་མོ་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང༌། པཱ་དྱཾ་ཞེས་སྦྱར་བས་བཟེད་ཞལ་གསུམ་པར་ཞབས་བསིལ་དབུལ་ཞིང༌། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་དི་
བྱཱ་ཨཱ་བི་ཤེ་ཨཱ་བི་ཤེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བཱ་ཧཱ་ནཱ་ཡ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། བཱ་ཧཱ་ནཱ་ཡ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བཱ་ཧཱ་ནཱ་ཡ། ཨོཾ་ཨཱཿཧཱུྃ་ཞེས་པས་ཉེར་སྤྱོད་ལྔ་དང༌། ནང་མཆོད་དབུལ། དྲིལ་སྟབས་དང་བཅས་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐིག་པ་བཅིབས། །རིག་སྔགས་གསུང་ཞིང་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷཎྜེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚན་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཞེས་ལན་གསུམ་གྱིས་དམ་ཚིག་བསྒྲག་གོ །དེ་ནས་མེ་ལྷའི་ལྗགས་རྡོ་རྗེ་རྩེ་གཅིག་པ་དམར་པོ་ལ་རྃ་ཡིག་དང༌། དགང་བླུགས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར། དེ་ནས་ལག་པ་གཡས་གཡོན་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ལ་མར་ཁུ་བླངས་ཏེ་བྱང་ཆུབ་ཕྱག་རྒྱས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ། མེ་ལྷའི་ཞལ་ཅུང་ཟད་གདངས་པར་དགང་བླུགས་གསུམ་མམ་བདུན་འབུལ་ཏེ། དེ་ལ་དང་པོ་མེ་ལྷའི་སྔགས། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་བི་ཤེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་
ཐམས་ཅད་ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པ་དང༌། སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཀྲ་མི་ཤིས་པ་ཐམས་ཅད་དང༌། ཁྱད་པར་དུའང་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་དང༌། གཉིས་པ་དགང་བླུགས་ཀྱི་སྔགས་ནི། ཨོཾ་ན་མཿས་མནྟ་བུདྡྷ་ནཱན་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལ་སྤེལ་ཚིག་སྦྱར་བའོ། །གསུམ་པ་བསྲེག་རྫས་སྔགས་ནི། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལ་སྤེལ་ཚིག་སྦྱར་བའོ། །སྐབས་འདིར་མེ་ལ་བགེགས་ཡོད་མེད་བརྟག་ནས། ཡོད་ན་སེལ་བའི་ཐབས་སྤྱི་ལྟར་བྱའོ། །དེ་ནས་ཡམ་ཤིང་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་ཕྱག་རྒྱས་རྩེ་མོ་ལྷ་ལ་བསྟན་ནས་དབུལ་ཞིང༌། ཡམ་ཤིང་རྣམས་བྱང་ཆུབ་ཤིང་གི་རང་བཞིན་དུ་གྱུར། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་དི་བྱཱ་ཨཱ་བི་ཤེ་ཨཱ་བི་ཤེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ། ཨོཾ་བོ་དྷི་བྲྀཀྵ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས་བཱ་ཧཱ་ནཱ་ཡ། ཨོཾ་ཨགྣ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་འབྱོར་པ་ཕུན་སུམ་ཚོགས་པ་ལ་སོགས་གཤམ་སྔ་མས་འགྲེ། ཏིལ་ལ་མེ་ལྷའི་སྔགས་སྔར་གྱི་མཐར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། བདག་ཅག་ནས། སྡིག་པ་ཐམས་ཅད། དེ་ནས་དཱུརྦ་གཉིས་གཉིས་སྦྱར་ནས་དབུལ་ཞིང༌། སྔགས་མཐར། ཨོཾ་བཛྲ་ཨཱ་ཡུ་ཥེ། བདག་ཅག་ནས། ཚེ་མཐར་ཕྱིན་པ་ལ་བར་དུ༴ འབྲས་མ་གྲུགས་པ་ལ། སྔགས་མཐར། ཨོཾ་བཛྲ་པུཥྚཱ་ཡ། བདག་ཅག༴ བསོད་ནམས་རྒྱས་པ་ལ༴ ཞོ་ཟན་ལ། སྔགས་མཐར། ཨོཾ་སརྦ་སཾ་པ་དེ། བདག་ཅག༴ བདེ་བ་མཆོག་ལ༴ ཀུ་ཤ་གཉིས་གཉིས་སྦྱར་ལ། སྔགས་མཐར། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། བདག་ཅག༴ སྲུང་བ་མཆོག་ལ་བར་དུ་གཅོད་པ་དང་གྲིབ་དང་མི་གཙང་བ་ཐམས་ཅད༴ ཡུངས་ཀར་ལ། སྔགས་མཐར། ཨོཾ་སརྦ་ཨརྠ་སིདྡྷཱ་ཡ། བདག་ཅག བགེགས་ཐམས་ཅད༴ སོ་བ་ལ། སྔགས་མཐར། ཨོཾ་བཛྲ་བཱི་ཛཱ་ཡ། བདག་ཅག༴ ནོར་དང་འབྲུ་རྒྱས་པར། ནས་ལ། སྔགས་མཐར། ཨོཾ་མ་ཧ་བེ་གཱ་ཡ། བདག་
ཅག མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ། སྲན་མ་ལ། སྔགས་མཐར། ཨོཾ་མ་ཧཱ་བཱ་ལཱ་ཡ། བདག་ཅག༴ སྟོབས་རྒྱས་པ་ལ༴ གྲོ་ལ། སྔགས་མཐར། ཨོཾ་བཛྲ་གྷསྨ་རཱི། བདག་ཅག༴ ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་བསྲེག་རྫས་གཞན་ཡོད་ན་མེ་ལྷའི་སྔགས་ཀྱིས་ཕུལ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་རཾ་ཨཱཉྩ་མཱ་ཎཱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པས་ཞལ་བསིལ་དང༌། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐ་རཾ་པྲོཀྵ་ཎཱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་པས་བསང་གཏོར་དབུལ་ལོ། །དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ལ། ཐོག་མར་ལྷ་བསྐྱེད་པ་ནི། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་སྐབས་ཡིན་ན་མེ་ལྷའི་ཐུགས་ཀར་གཞལ་ཡས་ཁང་དང་གདན་བསྐྱེད། ལས་རྡོར་གྱིས་ཚོམ་བུ་སྤྱན་དྲང༌། སློབ་དཔོན་གྱིས་ཐབ་ཏུ་དོར་ལ། ལྷ་གསལ་བཏབ་ནས་མཆོད་བསྟོད་འབུལ་དགོས་ལ། དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་བའི་སྐབས། མེ་ལྷའི་ཐུགས་ཀར་མངོན་རྟོགས་ལྟར་ལྷ་བསྐྱེད། སྐུ་ལས་འོད་ཟེར་དཀར་པོ་འཕྲོ་བར་དམིགས། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། ཞེས་སོགས་འདོད་ཡོན་ལྔ་ཕུལ་ནས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང༌། ཡེ་ཤེས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར། དབང་བསྐུར་རྒྱས་གདབ་བྱ། ཆུ་གཉིས་ཉེར་སྤྱོད། འདོད་ཡོན། ནང་མཆོད་རྣམས་འབུལ། བསྟོད་པ་བྱ། དགང་བླུགས་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་དང༌། དགང་བླུགས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་འབར་བ་དང་བཅས་པར་གྱུར།
ཅེས་བརྗོད་ཅིང་དམིགས་ནས། ཡིག་བརྒྱའི་མཐར། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དགང་བླུགས་བདུན་ཕུལ་ནས་གསོལ་བ་བཏབ་པས་ཕྲིན་ལས་མཛད་པར་ཞལ་གྱིས་བཞེས་པར་བསམ་མོ། །དེ་ནས་བསྲེག་རྫས་རྣམས་འབུལ་བ་ལ་གྲུབ་ན་ལྷའི་སྔགས་དང་བསྲེག་རྫས་ཀྱི་སྔགས་དང་སྤེལ་ཚིག་གསུམ་ག་སྦྱར་བ་དང༌། བསྲེག་རྫས་རེ་རེ་མཉམ་དུ་འབུལ། དེ་ལྟར་མ་གྲུབ་ན་བསྲེག་རྫས་དང་པོ་ལ་གསུམ་ག་སྦྱར། དེ་མན་ཆད་ལ་ལྷའི་སྔགས་རེ་རེ་དང་སྤེལ་ཚིག་རེ་རེ་ནས་སྦྱར་ལ་དབུལ། དེ་མ་གྲུབ་ན་བདུན་བདུན་གྱི་མཐར་ལན་རེ་སྦྱར་བ་དང༌། དེ་ཡང་མ་གྲུབ་ན་ཐོག་མཐའ་གཉིས་སུ་ལྷའི་སྔགས། བསྲེག་རྫས་ཀྱི་སྔགས། སྤེལ་ཚིག་གསུམ་གར་སྦྱར་བ་རེ། གཞན་རྣམས་ལྷའི་སྔགས་རེ་དང་བསྲེག་རྫས་རེ་དུས་མཚུངས་སུ་བྱས་ནས་དབུལ། བསྲེག་རྫས་ཀྱི་གཙོ་བོ་ཡམ་ཤིང་དང༌། ཞུན་མར་འབུལ་ཐེངས་རེ་དང་སྔགས་རེ་སྦྱར་བ་སྦྱིན་སྲེག་རེ་རེའི་གྲངས་སུ་བརྩི་བ་ཡིན། ཡམ་ཤིང་དང་མར་གཙོ་བོ་ཡིན་པས་མང་བ་དང༌། གཞན་རྣམས་དེ་ལས་ཉུང་བ་དང༌། སྡིག་པ་ཞི་བ་དགོས་པ་གཙོ་བོ་ཡིན་ན་ཏིལ་མང་བ་དབུལ་ཞིང༌། ཚེའི་བར་ཆད་ཞི་བ་དོན་དུ་གཉེར་ན་དཱུརྦ་མང་བར་དབུལ་བ་སོགས་ཤེས་པར་བྱ་སྟེ། བོད་དག་གིས་གྲངས་ངེས་མང་པོ་བྱེད་པ་ནི་སྙིང་པོ་མེད་པའི་རྟོག་བཟོ་འབའ་ཞིག་ཡིན་གསུངས། དེ་ལྟར་བསྲེག་རྫས་རྣམས་ཕུལ་ཚར་བ་དང༌། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩིས་གང་བ་ཐོགས་ནས་བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་དག་ནས་ལུས་ཤེལ་ལྟར་གྱུར་པར་བསམ། དེ་ནས་མར་དགང་བླུགས་གསུམ་མམ་བདུན་ལ་སོགས་པ་གཙོ་བོའི་སྔགས་ཀྱི་དབུལ་ཞིང༌། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་རེ་ཞེས་སོགས་ཀྱིས་མཆོད་ཡོན་བསང་གཏོར་ཞབས་བསིལ་གསུམ་དབུལ། ཨོཾ་བཛྲ་ཝ་ས་སྱ་སྭཱ་ཧཱ་ཞེས་པས་གོས་གསར་པ་མེ་ནང་དུ་དབུལ་ཞིང་ལྷ་ལ་ན་
བཟའ་དབུལ་བར་བསམ། ཨོཾ་བཛྲ་ཏམྦུ་ལ་སྭཱ་ཧཱ། ཞེས་པས་སོ་རྩི་དབུལ། དེ་ནས་ཉེར་སྤྱོད་དང་འདོད་ཡོན་ཚིགས་བཅད་དང་བཅས་པས་རྒྱས་པར་འབུལ། ཨོཾ་བཛྲ་སཏྭ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། བསྟོད་པ་དང་ཕྱག་བྱས་ནས། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ། དེ་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བར་བྱ་བའི་དོན་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ནས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཨོཾ་བཛྲ་སཏྭ་ཨཱཿ ཞེས་མང་དུ་བརྗོད་ནས་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བཟླ་བར་བྱའོ། །དེའི་རྗེས་ལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཚོམ་བུ་སྤྱན་འདྲེན་སྐབས་ལྷ་རྣམས་མེ་ལྷའི་ཐུགས་ཀ་ནས་སླར་གཤེགས་ཏེ་དཀྱིལ་འཁོར་པ་ལ་ཐིམ་པར་མོས་ཏེ་ཚོམ་བུ་སླར་སྤྱན་དྲང༌། སྲེག་རྐྱང་སྐབས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་མོས་ལ། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་བསམས་ལ་པད་ཀོར་སྔོན་དུ་འགྲོ་བའི་འཁྱུད་པའི་ཕྱག་རྒྱ་བྱའོ། །དེ་ནས་ཐབ་ཀྱི་མེ་ལྷ་ལ། ཨོཾ་ཨགྣ་ཡེ། ཞེས་པ་ནས། བཱ་ཧཱ་ནཱ་ཡ་པུཥྤཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པ་ནས། བཱ་ཧཱ་ནཱ་ཡ་ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། བཱ་ཧཱ་ནཱ་ཡ་ཨོཾ་ཨཱཿཧཱུྃ་ཞེས་པས་ཉེར་སྤྱོད་ལྔ་དང་ནང་མཆོད་དབུལ། དེ་ནས་བསང་གཏོར་ཞལ་བསིལ་སོ་རྩི་གོས་གསར་པ་རྣམས་དབུལ། དེ་ནས་བསྲེག་རྫས་ལྷག་མ་རྣམས་འཇིག་རྟེན་པའི་མེ་ལྷ་ལ་སྔར་བཞིན་འབུལ། དེ་ནས་དྲིལ་སྟབས་
དང་བཅས་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །ཞེས་སོགས་ཀྱིས་བསྟོད། དེ་ནས་ཡང་ཞལ་བསིལ་དང་བསང་གཏོར་ཕུལ་ལ། མེ་ལྷའི་སྔགས་ལ། པུཥྤེ་སོགས་སྦྱར་བས་ཀྱང་མཆོད། དེ་ནས་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་སྦྱངས་ཏེ། ཨོཾ་ཨཱཿབིགྷྣ་ན་ཏ་ཀྲྀ་ཏ་ཧཱུྃ། ཨོཾ་ཤཱུ་ནྱ་ཏཱ་ཞེས་པ་ནས། ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཨོཾ་ཨཱཿཧཱུྃ་ལས་མི་མགོའི་ཞེས་པ་ནས། ཨོཾ་ཨཱཿཧཱུྃ། ཞེས་པ་བདུན་གྱི་བར་གྱིས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བཱ་ཧཱ་ནཱ་ཡ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཿཧཱུྃ་ཕཊ། ཞེས་པ་གསུམ་གྱི་གཏོར་མ་དབུལ། མེ་ལྷའི་སྔགས་ཀྱི་མཐར། པུཥྤཾ་སོགས་སྦྱར་བས་སྔར་ལྟར་ཉེར་སྤྱོད་ལྔ་དབུལ། དེ་ནས་དྲིལ་སྟབས་དང་བཅས་པས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་འགྲུབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་པ་ནས། དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། ཨོཾ་བཛྲ་སཏྭ་ཨཱཿ རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཞིང༌། །བདག་གི་དངོས་གྲུབ་ཐམས་
ཅད་སྒྲུབས། །ཨོཾ་ཨཱཿབཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་གི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། ཆོ་ག་རྒྱས་པའི་སྐབས་འོ་ཐུག་སྒྲུབ་པ་སྐབས་འདིར་བྱས་ལ་བསྔོ་སྨོན་དང་ཤིས་པ་བརྗོད་པ་བཅས་ཀྱི་གྲུབ་བོ། །རྒྱས་པའི་སྦྱིན་སྲེག་ཁ་བསྒྱུར་སོགས་སྦྱིན་སྲེག་སྤྱི་འགྲོས་ལ་མཁས་པ་དག་གིས་ཆོ་ག་འདི་ལ་རིགས་འགྲེས་པས་ཆོག་གོ །འདི་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད་པའི་གསང་འདུས་སྦྱིན་སྲེག་གི་ཆོ་ག་ལྟར་བཀོད་པའོ། །རིགས་བརྒྱའི་ཁྱབ་བདག་དཔའ་བོ་གཅིག་པ་ལ། །བརྟེན་ནས་བསྙེན་སྒྲུབ་ལས་རིམ་བརྩམ་པའི་ཚུལ། །གོ་བདེར་བཀོད་འདིས་བཀའ་སྲོལ་འདི་ཡི་ལུགས། །ཕྱོགས་མཐོང་ཙམ་གྱི་བློ་མིག་འཐོབ་གྱུར་ཅིག །ཚུལ་འདི་རྗེ་བླ་མ་ཐམས་ཅད་གཟིགས་པ་ཉིད་ཀྱིས་ཐོ་བྱང་རྩ་བ་ཙམ་བཀོད་ནས་དགོངས་པས་རྗེས་སུ་གནང་བ་ལྟར་གང་གི་དགོངས་པ་སྐོང་བའི་སླད་དུ་ཐུབ་བསྟན་རིས་མེད་ལ་དད་ཅིང་གུས་པའི་ཡིད་ཅན་འདུ་གསུམ་པ་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །།
བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སྦྱིན་སྲེག་དང་བཅས་པའི་སྐོར་རྣམས།
བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སྦྱིན་སྲེག་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །དེ་ལ་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་ལས་ལྡང་བ་ལ་གསུམ་སྟེ། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང༌། བླ་མ་བརྒྱུད་པའི་མན་ངག་གིས་སྦྱར་བ་དམ་ཚིག་རྡོ་རྗེ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང༌། ཚུལ་གཞན་གྱི་སྒོ་ནས་སྡིག་པ་བཤགས་པའོ། །དང་པོ་རྟེན་གྱི་སྟོབས་ནི་ཡུལ་བླ་མ་ཉིད་དམ། བླ་མ་དེ་དང་ཡུལ་འགྱངས་མ་རིང་ལ་སོགས་པར་གྱུར་ཏེ་མ་ཕྲད་ན་སྡོམ་པ་དང་ལྡན་པའི་རྡོ་རྗེ་སྤུན་གྲོགས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི་སྔར་བྱས་པའི་ཉེས་པ་ལ་ཤིན་ཏུ་འགྱོད་ཅིང་བཤུངས་པའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་ཕྱིན་ཆད་འདི་ལྟ་བུ་སྲོག་གི་ཕྱིར་ཡང་མི་བྱེད་དོ་སྙམ་པའི་དམ་བཅའ་བ་བརྟན་པོ་འཆའ་བའོ། །དེ་ལྟ་བུའི་བསམ་པ་དང་ལྡན་པས་རྟེན་གྱི་སྤྱན་སྔའམ། བླ་མའམ། རྡོ་རྗེ་སྤུན་གྱི་དྲུང་དུ་མཎྜལ་བྱ་བའམ། མེད་ཀྱང་རུང་སྟེ་བླ་མའམ་སྤུན་གྲོགས་རྒན་པ་ལ་ཕྱག་བྱ་ཞིང༌། རང་བས་གཞོན་པ་ལ་ནི་ཕྱག་བྱ་
མི་དགོས་པས་ཐལ་མོ་སྦྱར་ནས་ཙོག་ཙོག་པོར་འདུག་སྟེ་འདི་སྐད་དུ། བླ་མའམ་རྡོ་རྗེ་སྤུན་གྲོགས་བདག་ལ་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བྱ་བ་ལ་ཇི་སྐད་དུ་བཤད་པའི་ཉེས་པ་འདི་ལྟ་བུ་ཞིག་བྱུང་ལགས་ན། དེ་ཁྱེད་ཀྱི་སྤྱན་སྔའམ། དྲུང་དུ་མཐོལ་ཞིང་འཆགས་ལགས་སོ། །མཐོལ་ཞིང་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ་དུ་བརྗོད་དེ། རྟེན་གྱིས་སྨྲས་པ། རིག་པ་འཛིན་པ་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་མཐོང་ངམ། འཆགས་པ་པོས་སྨྲས་པ། མཐོང་ལགས་སོ། །རྟེན་གྱིས་སྨྲས་པ། སླན་ཆད་ཀྱང་སྡོམ་མམ། འཆགས་པ་པོས་སྨྲས་པ། རྡོ་རྗེ་འཆང་གི་བཀའ་བཞིན་ལེགས་པར་གསུངས་པ་སྤྱི་བོས་ལེན་ཅིང་སླན་ཆད་སྡོམ་ལགས་སོ། །རྟེན་གྱིས་སྨྲས་པ། འདི་སྡིག་པ་ཟད་པར་བྱེད་པའི་ཐབས་ཡིན་ནོ། །འཆགས་པ་པོས་སྨྲས་པ། དེ་ནི་ལེགས་ལགས་སོ་ཞེས་བརྗོད་ལ་ཕྱག་བྱའམ། གཞོན་པ་ཡིན་ན་ཕྱག་མི་
དགོས་ཏེ་ལྡང་བར་བྱའོ། །བཞི་པ་སོར་ཆུད་པའི་སྟོབས་ནི། ཐབས་དེ་ལྟ་བུས་བདག་གི་སྡིག་པ་ཐམས་ཅད་དག་གོ་སྙམ་དུ་དགའ་བ་བསྒོམ་པ་ཡིན་ནོ། །འདིས་ནི་ཉེས་པ་ཕྲ་མོ་ཐམས་ཅད་སོར་ཆུད་པར་འགྱུར་བ་ཡིན་ནོ། །རང་གི་བློས་ཕྱེ་སྟེ་ཉེས་པ་ཅུང་ཟད་ལྕི་བར་རྟོགས་ན་བཤགས་པ་སྔ་མའི་སྟེང་དུ་གཉིས་པ་དམ་ཚིག་རྡོ་རྗེ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྡིག་པ་བཤགས་པ་ནི། རང་ཡི་དམ་གྱི་ལྷར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་གྲི་གུག་དང་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་པའི་ཚུལ་དུ་བཞུགས་པའོ། །གཉིས་ཀའང་ཅུང་ཟད་འཛུམ་ཞིང་ཡིད་ཙམ་ཁྲོ་བ་རལ་པའི་ཐོར་ཚུགས་ཅན། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་གྱི་ཤམ་ཐབས་གྲོལ་བ། ཟླ་བ་ལ་རྒྱབ་བརྟེན་པ་བསམ་སྟེ། ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་ནག་པོ། ཐུགས་ཀྱི་ནང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལྗང་གུ་དེ་རྣམས་ཀྱིའང་གདན་ནི་ཟླ་བའི་དཀྱིལ་འཁོར་ཏེ། གཉིས་པ་ཉེ་བར་སྒྲུབ་པའི་ཡན་ལག་གོ །དེའི་ཐུགས་ཀའི་ཁྃ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། དམ་ཚིག་རྡོ་རྗེའི་རྣམ་པར་བྱས་ཏེ་བསྟིམ་པ་ནི་གསུམ་པ་བསྒྲུབ་པའི་ཡན་ལག་གོ །དེ་གཉིས་ཀྱི་སྤྱི་བོར་དོན་ཡོད་གྲུབ་པ་དབུ་རྒྱན་རང་ཆས་སུ་བསྒོམ་པ་ནི་བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་
གོ །དེ་ནས་ཐུགས་ཀའི་ཁྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཁ་དོག་དཀར་པོའི་རྣམ་པར་བབས་ནས། བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུ་ཐམས་ཅད་ཁེངས་ཏེ་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བདག་གི་སྤྱི་བོའི་གཙུག་ན་མར་བབས་པས། སྤྱིར་ལས་ཀྱི་སྒྲིབ་པ་ཐམས་ཅད་དང༌། བྱེ་བྲག་ཏུ་གང་ཉེས་པ་བྱས་པ་ཐམས་ཅད་ཁ་དོག་ཏུ་གྲུབ་པ་མེད་ཀྱང་རྣལ་འབྱོར་པའི་བློ་སྦྱང་བའི་ཕྱིར་ནག་པོའི་རྣམ་པ་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་དེད་ནས། འོག་སྒོ་གཉིས་དང་རྐང་མཐིལ་ནས་འཐོན་ནས་ལུས་ཐམས་ཅད་དཀར་མེར་གྱིས་ཁེངས་པར་བསམ་ཞིང༌། ཨོཾ་ཨཱཿཁྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་མང་དུ་བཟླས་ལ། ཐུན་འཇོག་ཁར་ཡབ་ཡུམ་གཉིས་ཀ་སྤྱི་བོ་ན་མར་ཐིམ་སྟེ་སྡིག་པ་ཐམས་ཅད་དག་ནས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །དེ་ལྟ་བུའི་གྲངས་ཀྱི་ངེས་པ་བདུན་འབུམ་ལ་སོགས་པའི་གྲངས་སམ། དུས་ཀྱི་ངེས་པ་ཟླ་བ་དྲུག་གམ། མཚན་མའི་ངེས་པ་ལུས་ལས་ངན་སྐྱུགས་འཐོན་པའམ། གོས་དཀར་པོ་གྱོན་པའམ། ཁྲུས་བྱས་པའམ། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྨི་ལྟས་བཟང་པོ་བྱུང་གི་བར་ལ་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བཟླས་སྒོམ་ཡུན་རིང་དུ་བྱས་ཀྱང་སྒྲིབ་པ་དག་པའི་མཚན་མ་མ་བྱུང་ན་དེའི་སྟེང་དུའང་གསུམ་པ་ཚུལ་གཞན་གྱི་སྒོ་ནས་སྡིག་པ་བཤགས་པར་བྱ་སྟེ། སྔར་གྱི་དེའི་སྟེང་དུ་བརྩོན་འགྲུས་དང་བརྟུལ་བ་མཆོག་ཏུ་གྱུར་པས་རིམ་པ་གཉིས་ཐུན་བཞི་ལ་སོགས་པར་བསྒོམ་པ་དང༌། བཞི་འབུམ་ལ་སོགས་པའི་གྲངས་ཀྱི་བསྙེན་པ་བྱ་བ་དང༌། བསྙེན་པའི་བཅུ་ཆ་ལ་སོགས་པས་ཞི་བའི་སྦྱིན་སྲེག་བྱ་བ་དང༌། དམ་ཚིག་དང་སྡོམ་པ་དང་ལྡན་པའི་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་མང་དུ་བསགས་ཏེ། ཚོགས་ཀྱི་འཁོར་ལོ་བྱ་བའི་ཚུལ་གྱིས་སྐོང་བ་ནི་གཙོ་བོ་སྟེ། ཐུན་མཚམས་རྣམས་སུ་མདོ་བཀླག་པ་དང༌། སཱཙྪ་གདབ་
པ་དང༌། བསྐོར་བ་བྱ་བ་དང༌། གཏོར་མ་གཏང་བ་དང༌། སྲོག་ཆགས་ཀྱི་ཚེ་བསྐྱབ་པ་ལ་སོགས་པའི་ཚུལ་གྱིས་ཀྱང་ཡིན་ནོ། །ཚུལ་གཞན་གྱི་སྒོ་ནས་སྡིག་པ་བཤགས་པ་འདི་ནི་དྲན་བས་མ་ཟིན་ཏེ། དམ་ཚིག་གི་ཉེས་པ་མ་ཚོར་བར་བྱུང་བ་དག་དང༌། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་སྦྱང་བ་དང༌། ས་དང་ལམ་གྱི་རིམ་པ་རྣམས་བགྲོད་པར་བྱ་བའི་ཕྱིར་རྒྱུན་དུའང་ཉམས་སུ་བླང་བ་ཡིན་ནོ། །ལྟུང་བ་ལས་ལྡང་བ་བསྟན་ཟིན་ཏོ། །ཞེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་གསལ་བྱེད་འཁྲུལ་སྤོང་ལས་ཁོལ་དུ་ཕྱུང་བའོ། །མངྒ་ལཾ།། ༈ །དམ་ཚིག་རྡོ་རྗེའི་སྒྲུབ་ཐབས་སྡིག་སྒྲིབ་ཀུན་འཇོམས་བཞུགས་སོ། །ན་མོ་གུ་རུ་བྷྱཿ བླ་མ་རྗེ་བཙུན་མཆོག་ལ་ཕྱག་བཙལ་ནས། །ཡང་སྙིང་རྡོ་རྗེ་ཐེག་པའི་རྣལ་འབྱོར་པས། །དམ་ཚིག་ཉམས་ཆག་བསྐང་ཞིང་བཤགས་པའི་ཕྱིར། །དམ་ཚིག་རྡོ་རྗེའི་བཟླས་སྒོམ་བྲི་བར་བྱ། །དེ་ལ་འདིར་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམས་ཀྱིས་དབང་དུས་སུ་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར། དམ་ཚིག་རྡོ་རྗེའི་བཟླས་སྒོམ་བྱ་བ་ལ་དོན་གསུམ་སྟེ། སྦྱོར་དངོས་རྗེས་སོ། །དེ་ལ་དང་པོ་སྦྱོར་བ་ནི། རང་ཉིད་དགེས་པ་རྡོ་རྗེ་ལ་སོགས་པ་ཐུན་མཚམས་ཀྱི་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག་ལ། སྐྱབས་འགྲོ་སེམས་བསྐྱེད་ནི། སངས་རྒྱས་ཆོས་ཚོགས་ཚར་གསུམ་དང༌། ཚད་མེད་བཞི་བསྒོམ་པ་ནི་སྦྱོར་བའོ། །དངོས་གཞི་ནི། རང་ཧེ་རུ་ཀར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སྐུ་
མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་འཕྱར་ཞིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་ཅུང་ཟད་འཛུམ་ཞིང་ཁྲོ་བ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་གྱི་ཤམ་ཐབས་ཅན། ཟླ་བའི་དཀྱིལ་འཁོར་ལ་རྒྱབ་བརྟེན་པ། དེ་གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ། ཐུགས་ཀའི་ནང་དུ་ཟླ་བ་ལ་གནས་པའི་ཁྃ་ལས་རལ་གྲི་ཁྃ་ལྗང་གུས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ་ཚིག་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་གཉིས་ཀྱི་སྤྱི་བོར་དོན་ཡོད་གྲུབ་པའི་དབུ་རྒྱན་རང་ཆས་སུ་བཞུགས་པར་གྱུར། དེའི་ཐུགས་ཀའི་ཁྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཁ་དོག་དཀར་པོའི་རྣམ་པར་བབས། ཡབ་ཀྱི་སྐུ་གང༌། དབྱིབས་བརྒྱུད་ཡུམ་གྱིས་སྐུ་གང༌། ཡབ་ཡུམ་གཉིས་ཀྱི་སྐུ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བདག་གི་སྤྱི་བོ་ནས་ཞུགས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྤྱི་དང༌། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པའི་ཚོགས་ལ་ཉེས་ལྟུང་གི་དྲི་མས་གོས་པ་ཐམས་ཅད་དུད་ཁུའི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་ཐོན། ཤུལ་ཐམས་ཅད་བདུད་རྩི་དཀར་པོས་ཁེངས་པར་གྱུར། ཨོཾ་ཨཱཿཁྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླས་པའི་མཐར། ཕྲེང་བ་ཐལ་མོའི་བར་དུ་བཅུག་སྟེ། བླ་མ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་
ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་དམ་ཚིག་རྡོ་རྗེ་ཡབ་ཡུམ་འོད་དུ་ཞུ། སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར། ཅེས་བརྗོད་པ་ནི་དངོས་གཞིའོ། །རྗེས་ཀྱི་བྱ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །དམ་ཚིག་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དམ་ཚིག་རྡོ་རྗེ་ཁྱེད་སྐུ་ཅི་འདྲ་དང༌། །སོགས་ཤློ་ཀ་གཅིག་བརྗོད། ཁྱེད་ལ་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །རྣལ་འབྱོར་བདག་ཅག་མི་ཤེས་གཏི་མུག་པས། །དམ་ཚིག་སྡོམ་པ་ཉམས་ཆག་ཅི་མཆིས་པ། །བྱང་ཞིང་དག་ནས་སངས་རྒྱས་ས་ཐོབ་ཤོག །རྒྱལ་བ་ཀུན་གྱི་ཕྲིན་ལས་བྱེ་བའི་གཏེར། །མརྒད་མདངས་ལྡན་ལྷ་མཆོག་ཡབ་ཡུམ་གྱི། །ཐུགས་རྗེའི་སྟོབས་ཀྱིས་སྡིག་སྒྲིབ་ཀུན་བྱང་ནས། །ཁ་སྦྱོར་བདུན་ལྡན་ཐོབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་པ་ནི་རྗེས་ཀྱི་བྱ་བའོ། །དེ་ལྟ་བུའི་སྒོ་ནས་བསྙེན་པ་སོགས་བྱ་བར་འདོད་ན། ཞག་བདུན་ནམ་ཉི་ཤུ་རྩ་གཅིག་གམ་ཟླ་བ་གཅིག་ལ་སོགས་པ་ཇི་ལྟར་རིགས་པར་ཐུན་བཞིའི་སྒོ་ནས་བཞི་འབུམ་མམ་བདུན་འབུམ་ལ་སོགས་པ་མཚན་མ་མ་ཐོབ་ཀྱི་བར་དུ་བསྙེན་པ་བྱ་ཞིང༌། མཚན་མའི་རྟགས་སུ་རྨི་ལམ་དུ་ལུས་ལས་ངན་སྐྱུགས་འཐོན་པ། གོས་དཀར་པོ་གྱོན་པ། ཁྲུས་བྱས་པ། ནམ་མཁའ་ལ་འཕུར་བ་སོགས་དང༌། དངོས་
སུའང་ཤེས་པ་དྭངས་ཤིང་དགེ་སྦྱོར་ལ་བློ་འདུན་པ་དང༌། ཡི་དམ་ལྷའི་ཞལ་མཐོང་བ། སྒྲུབ་ཁང་ལ་དྲི་བཟང་ཆགས་པ། ཤེས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་སོགས་རྟགས་ངེས་ཅན་ཐོབ་པའི་གང་ཟག་གིས་བསྙེན་མཚམས་གྲོལ་ནས་བཅུ་ཆའི་སྦྱིན་སྲེག་ལ་སོགས་པ་ཚུལ་བཞིན་དུ་བགྱིད་པ་དང༌། བསྙེན་པའི་སྐབས་རྣམས་སུའང་ཐུན་མཚམས་ཐམས་ཅད་དུ་མདོ་ཀློག་པ་དང༌། སཱཙྪ་གདབ་པ་དང༌། གཏོར་མ་གཏོང་བ་དང༌། བསྐོར་བ་བྱ་བ་དང༌། སྲོག་ཆགས་འཚེ་བ་ལས་བསྐྱབ་པ་སོགས་དགེ་བའི་བྱ་བ་ཁོ་ནས་དུས་འདའ་བ་གལ་ཆེ་ཞིང༌། ཚུལ་དེ་ལྟར་ཉམས་སུ་བླངས་ན་སྐྱེ་བ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། ཁྱད་པར་དམ་ཚིག་དང་སྡོམ་པའི་ཚོགས་ལ་ཉམས་ཆག་ཅི་མཆིས་པ་བྱང་ཞིང་དག་ནས་ས་ལམ་མྱུར་དུ་བགྲོད་པའི་གེགས་སེལ་བོགས་འདོན་གྱི་མཆོག་དམ་པར་འགྱུར་བ་བླ་མ་གོང་མ་རྣམས་ཀྱི་གསུང་ལས་འབྱུང་བ་ལྟར་དོན་ལའང་དེ་ལྟར་གྲུབ་པ་ལགས་སོ། །ཞེས་པ་འདི་ཡང་རང་གི་ཉེ་གནས་བསོད་ནམས་འོད་ཟེར་གྱིས་རྒྱུན་གྱི་ཁ་འདོན་དུ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་ཞིག་དགོས་ཞེས་བསྐུལ་བའི་ངོར། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མགྱོགས་པར་སྦྱར་བ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། ༈ །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་འོད་གསལ་རྡོ་རྗེའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ས་མ་ཡ་བཛྲ་པཱ་དཱ་བྷྱཱཾ། འདའ་དཀའི་དམ་ཚིག་འོད་གསལ་རྡོ་རྗེའི་ཁམས། །སྙིང་པོས་ལྕི་བའི་«་་་་་གུ་རུ་སྟེ་བླ་མ་»རིན་ཆེན་ཟ་མ་ཏོག །སྤྱི་བོའི་རྒྱན་དུ་བླངས་ཏེ་ཉེས་ལྟུང་ཚོགས། །བྱིན་ཟར་སྟོབ་པའི་ཆོ་ག་རྣམ་པར་དབྱེ། །རྣལ་འབྱོར་ཆེན་པོའི་ཐབས་ལམ་ལ་ཞུགས་པ་དག་གིས་ཐུན་མཚམས་སུ་དམ་ཚིག་གི་ཉེས་པ་སྦྱང་བའི་དོན་དུ་སྦྱིན་སྲེག་བྱེད་པར་འདོད་ན། སྦྱོར་དངོས་རྗེས་གསུམ་
གྱིས་རྟོགས་པར་བྱ་སྟེ། དང་པོ་ནི། རྣམ་པར་དུལ་བའི་གནས་སུ་ཞི་བའི་ཐབ་ཐིག་སྤྱི་དང་མཐུན་པར་གདབ། གཞི་ཚོན་དཀར་པོ་ལ་ཐབ་ནང་དུ་པདྨ་འདབ་བརྒྱད། མུ་རན་ལ་རྡོ་རྗེའི་ཕྲེང་བ། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེའི་རྩེ་ནང་བསྟན་སོགས་མཛེས་ཚོན་གྱིས་དབྱེ། པདྨའི་ལྟེ་བར་རལ་གྲི་ལྗང་གུའམ། ཚོན་ཕུང་ཙམ་དགོད། རང་ཉིད་ཁ་ཤར་དུ་ཕྱོགས་པའི་གཡས་སུ། ཡམ་ཤིང༌། མར། ཏིལ་ནག་སྟེ་རྫས་ཀྱི་གཙོ་བོ་གསུམ་དང༌། གཡོན་ཕྱོགས་སུ་གཏོར་མ་གཉིས། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཚན་གཉིས་བཤམ། མདུན་དུ་རྡོ་རྗེ་དྲིལ་བུའི་བར་དུ་དགང་བླུགས་ཁ་སྦྱར་བ། གཡས་སུ་དྲི་བཟང་གི་བསང་ཆུ་འཐོར་ཡབ་བཅས་དང༌། གཡོན་དུ་ནང་གི་མཆོད་པ་བཤམ། ཀུ་ཤའི་ཆུན་པོ་བརྒྱད། བུད་ཤིང་དང༌། མེ་དང་མེ་ཡོལ་ཆས་དང་འདུག་སྟངས་སོགས་ཞི་བའི་སྦྱིན་སྲེག་སྤྱི་དང་འདྲ། གཉིས་པ་དངོས་གཞི་ལ། བདག་བསྐྱེད་ནི་ཀྱེ་རྡོར་རམ། བདེ་མཆོག་གམ། རྡོ་རྗེ་རྣལ་འབྱོར་མ་སོགས་བླ་མེད་ཀྱི་ཡི་དམ་རང་གང་ལ་གཙོ་བོར་བྱེད་པ་དེའི་སྒོམ་བཟླས་ཉམས་སུ་བླངས་པའི་མཐར། དམ་ཚིག་རྡོ་རྗེའི་སྒོམ་བཟླས་རྗེ་བཙུན་གྲོལ་མཆོག་གི་ཁྲིད་བརྒྱའི་དབུ་ནས་འབྱུང་བ་ལྟར་རམ། ངག་དབང་ཀུན་བློའི་ཡིག་ཆ་བཞིན་སྦྲེལ་ན་ལེགས་ཤིང༌། མ་སྦྲེལ་ནའང་འགལ་བ་ཆེར་མེད། གང་ལྟར་ཡང་དཔལ་འབར་ལག་པ་གཉིས་ཀས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང་ངག་ཏུ། ཨོཾ་ཛྭ་ལ་ཛྭ་ལ་རྃ། དེ་ནས་ཁུ་ཚུར་གཉིས་བཅངས་པའི་མཐེ་བོང་བརྐྱང་བ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རྃ་ཞེས་བརྗོད། བསང་ཆུ་ལ་དམིགས་ཏེ་ཨོཾ་བཛྲ་ཨ་མྲྀ་ཏ་སོགས་བདག་བསྐྱེད་
གང་ཡིན་གྱི་ལས་སྔགས་ཚར་ཁ་ཡར་བརྗོད་པས། རྫས་རྣམས་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམ། ལས་སྔགས་གང་ཡིན་པ་དེ་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ། བསྲེག་རྫས་དང་མཆོད་རྫས་རྣམས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེག་རྫས་དང་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང༌། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་དང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་ལ་སོགས་པས་རྫས་རྣམས་དང༌། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སོགས་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད་པ་རྣམས་བྱིན་གྱིས་བརླབ། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། མུ་རན་ལ་རྡོ་རྗེའི་ཕྲེང་བས་བརྒྱན་པ། ཕྱི་རོལ་ཏུ་སྟེགས་བུ་གྲུ་བཞི་པའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། མེ་ལྷ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་དང༌། གཡོན་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ་ཞལ་གྱི་དཀྱིལ་འཁོར་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན་ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་
ཀར་ཧཱུྃ་སྔོན་པོ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག་མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀརྨ་པྲ་སཱ་དྷ་ཀ མ་ཧཱ་བྷཱུ་ཏ་དེ་ཝ་རི་ཥི་དྭི་ཛ་སཏྟ་མ། གྲི་ཧཱི་ཏྭཱ་ཨཱ་ཧུ་ཏིཾ་ཨཱ་ཧ་ར། ཨསྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་བརྗོད་ལ། ཐབ་ཏུ་མེ་ཏོག་དོར་ཏེ། ཐབ་ཀྱི་ཤར་ལྷོར་པདྨའི་གདན་ལ་བཞུགས་པར་བསམ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཆུ་གཉིས་དབུལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལཱ་ཡ་སརྦ་བྷསྨཱི་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ྄་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ཞེས་དང༌། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་རེ་རེའི་སྔོན་དུ་འགྲོ་བས་ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས་ཤབྡ་ཨཱཿཧཱུྃ་བར་དང༌། ཨོཾ་བཛྲ་གྷཎྜེ་ར་ཎི་སོགས་བརྗོད། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། རྡོ་
རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱིས་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཅེས་དང༌། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག །ཅེས་པའི་མཐར་ཨོཾ་བཛྲ་སཏྭ་ཨཱཿཞེས་བརྗོད་དེ་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་བསྐོར་དུ་དགྲམ་མོ། །དགང་བླུགས་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་སྟེ། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་དང༌། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་བསམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་ལན་བདུན་བརྗོད་ཅིང་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ་བར་བསམ་མོ། །དེ་ལྟ་བུ་ལན་གསུམ་གྱིས་བྱོན་ཟན་ཕུལ་ལ་བར་དེར་མེའི་པྲ་བརྟགས་ཏེ་ངན་ན་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུ་འཐོར་རོ། །དེ་ནས་ཡམ་ཤིང་ལག་པ་གཡོན་དུ་བཟུང༌། གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླངས་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ་ཞིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་
ཧཱ། ཞེས་པས་བདུན་ནམ་ཅི་འབྱོར་ཕུལ་བའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དང༌། དམ་ཚིག་དང་སྡོམ་པའི་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་གྲངས་དང་སྤེལ་ཚིག་འདྲ་བས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མར་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་པས་ཏིལ་དབུལ། སླར་ཡང་གོང་ལྟར་མཆོད་བསྟོད་བྱས་ལ་མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་པས་མེ་ལྷ་འབར་བའི་རྣམ་པར་བསམ་པ་ཡན་ཆད་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སྐུ་མདོག་མརྒད་ལྟར་ལྗང་བ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཟླ་བ་ལ་རྒྱབ་བརྟེན་པ། དེའི་པང་ན་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་ཐོད་པ་འཛིན་པ། པདྨའི་འདུག་སྟངས་ཀྱིས་ཡབ་དང་མཉམ་པར་སྦྱོར་བ། གཉིས་ཀའང་འཛུམ་ཞིང་ཡིད་ཙམ་ཁྲོ་བ། སྤྱན་གསུམ་དང་ལྡན་ཞིང་རལ་པའི་ཐོར་ཚུགས་ཅན། དར་གྱི་ཤམ་ཐབས་གྲོལ་བ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ་དང༌། དབུས་སུ་ཟླ་བ་ལ་གནས་པའི་རལ་གྲི་ལྗང་གུ་ཁྃ་གིས་མཚན་པ། རང་གི་སྙིང་གའི་ས་བོན་
ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་དང༌། སྤྲོ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤློ་ཀ་གཅིག་གམ་གསུམ་གྱི་མཐར། ཨོཾ་ཨེ་ཧྱེ་བྷ་ག་ཝཱན་ས་མ་ཡ་ཨཉྩ་མཱ་ནཱཾ། ཨརྒྷཾ་པཱ་དྱཾ་པྲ་ཏཱིཙྪ་པཱུ་ཛ་ནོ་པ་ཙརྻ་པྲ་སིདྡྷིམྨེ་ཞེས་བརྗོད། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་བཛྲ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རང་འདྲའི་དོན་ཡོད་གྲུབ་པས་དབུར་བརྒྱན། ཞེས་པའམ་ཞི་བའི་སྦྱིན་སྲེག་སྤྱི་འགྲེ་བཞིན་རྣམ་སྣང་བྱས་ཀྱང་རུང༌། ལྷ་དེ་ཉིད་འཛུམ་ཞིང་ཞི་བ་འོད་ཟེར་དཀར་པོ་འཕྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ལས་མཛད་པར་གྱུར།
སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུ་ཐབ་དང་ཡོ་བྱད་ཐམས་ཅད་ལ་གཏོར་ཏེ་མི་གཙང་བ་དང་ཉེས་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་གཟར་བུ་གཉིས་བླངས་ཏེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་བསམ་སྟེ། ཨོཾ་ཨཱཿཁྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་ལན་གསུམ་གྱིས་བསྔགས་ཏེ་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་ལན་བདུན་གྱིས་བཀང་བ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་སོགས་དང༌། བདག་གི་སོགས་སྤེལ་ཚིག་སྔར་བཞིན་བརྗོད། དེ་ལྟ་བུ་ལན་གསུམ་གྱིས་བྱོན་སྐྱེམས་དབུལ། མཆོད་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས་ཤབྡ་ཨཱཿཧཱུྃ་བར་གྱི་བྱིན་གྱིས་བརླབ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་བཛྲ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡ་ཨཱཿཧཱུྃ་བར་དང༌། རྡོ་རྗེ་དྲིལ་བུ་གསིལ་ཞིང་གྷཎྜེ་ར་ཎི་ཏ་སོགས་བརྗོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་དབུལ། དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བདག་བསྐྱེད་ཕ་རྒྱུད་ཀྱི་ཕྱོགས་ཡིན་ན་གསང་འདུས་ལྟར་བསྟོད། དེ་ནས་ཨོཾ་ཨཱཿཁྃ་ཧཱུྃ་ཕཊ་སྭཱ་ཧཱ་ལན་གསུམ་རེ་སྔོན་དུ་འགྲོ་བའི་ཡམ་ཤིང༌། མར། ཏིལ་གསུམ་པོ་སོ་སོའི་སྔགས་ཀྱིས་བརྒྱ་རྩ་རེ་དབུལ་བ་སྤེལ་ཚིག་དང་བཅས་པ་གོང་དང་འདྲའོ། །དེ་ནས་གོང་གི་ཨོཾ་
ཨཱཿཁྃ་སོགས་ཀྱིས་ཏིལ་བསྙེན་པའི་ཁ་སྐོང་ལ་བཅུ་ཆའམ། སྒྲིབ་སྦྱོང་སྤྱིར་བཏང་ལ་གང་མང་འབུལ་དགོས་པས་བརྒྱ་རྩ་རེའི་མཚམས་སུ་སྤེལ་ཚིག་གོང་བཞིན་སྦྱར་ཞིང་མར་དང་ཡམ་ཤིང་ཡང་སྐབས་སྐབས་སུ་འབུལ། དེའི་ཚེ་དམིགས་པ་ནི། རང་གི་སྙིང་གར་ཀྃ་ཡིག་ནག་པོ། དེ་ལས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུ་བའམ་རླངས་པའི་ཚུལ་གྱིས་འཐོན། སྣ་བུག་གཉིས་ནས་སྡིག་པ་རྭ་ཅན་གྱི་རྣམ་པས་མདུན་གྱི་ཏིལ་ལ་ཐིམ་པར་བསམ། སླར་ཡང་དེའི་སྟེང་དུ་ཨ་ཡིག་དཀར་པོ་ཞིག་བསམས་པ་ལས་བདུད་རྩིའི་རྒྱུན་བབས་པ་ཐིམ་པས་ཏིལ་ཟག་མེད་ཀྱི་བདུད་རྩིར་གྱུར། དེ་ཉིད་ལྷའི་ཞལ་དུ་ཕུལ་བས་སྡིག་སྒྲིབ་རྣམས་ཟད་པར་བསམ་ཞིང་འཕྲོ་འཇོག་པ་ན་སྙིང་གའི་ཀྃ་ཡིག་དངོས་གཞི་ཡང་ཕྱིར་ཐོན་པར་བསམ་མོ། །བསྡུ་རན་པ་ན་གོང་གི་བྱོན་སྐྱེམས་ལྟར་མར་དགང་བླུགས་གསུམ་གཤེགས་སྐྱེམས་སུ་དབུལ། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་བཛྲ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་རྡོ་རྗེ་དྲིལ་བུ་གསིལ་ཞིང་ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་སོགས་བརྗོད། ཤེས་ཤིང་སྤྲོ་ན་དྲི་མེད་ཡིད་འོང་མའམ། སྟོང་གསུམ་འདིའམ་དང༌། ལྷ་ཡི་མཆོད་ཡོན་མ་སོགས་ཀྱི་ཚིགས་བཅད་བདག་བསྐྱེད་གང་ཡིན་དང་བསྟུན་ཀྱང་ཆོག་ལ། ཕྱི་མ་འདི་གཉིས་ལ་མཚན་སྔགས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ས་མ་ཡ་བཛྲ་སོགས་བརྗོད་ན་ལེགས། སྤྲོ་ན་གོས་ཟུང་ཡང་སྤྱི་ལྟར་དབུལ། མཚན་སྔགས་སམ་སྙིང་པོ་གང་རུང་གི་མཐར་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཞེས་སོགས་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ནས་འབྱུང་བའི་སྤྱི་བསྟོད་ཀྱིས་བསྟོད། གཏོར་མ་ནང་
མཆོད་སོགས་ཀྱིས་བྲན། བདག་བསྐྱེད་གང་ཡིན་གྱི་ནང་མཆོད་ལྟར་བྱིན་གྱིས་བརླབ། མཚན་སྔགས་ཀྱི་མཐར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་མམ་ལྔས་དབུལ། མཚན་སྔགས་ལན་གཅིག་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས་སོགས་ཀྱིས་བསྟོད། ཐལ་མོ་སྦྱར་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་སྒྲིབ་པ་དམ་ཚིག་དང་སྡོམ་པའི་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། སྤྲོ་ན་དེའི་ཚབ་ཏུ་འགྱོད་སེམས་ཀྱི་འགྱུར་བ་དྲག་པོ་དང་བཅས་པས་མདུན་བསྐྱེད་ཀྱི་སྟེང་དང་བར་སྣང་ཐམས་ཅད་དུ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཀོན་མཆོག་གསུམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མངོན་སུམ་དུ་དམིགས་ལ་སྨྲེ་བཤགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་ཡིད་ཆེས་པ་གདབ་པར་བྱའོ། །དེ་ནས་ཡིག་བརྒྱ་ལན་གསུམ་དང་མ་འབྱོར་པ་དང་སོགས། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད་སོགས་ཀྱི་མཐར་མཐེབ་སྲིན་གྱི་སེ་གོལ་དང་བཅས་ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། ཞེས་དང༌། སྲིན་ལག་གིས་ཐལ་བ་ཅུང་ཟད་བླངས་ནས་རང་གི་དཔྲལ་བར་བསྐུས་ཏེ། དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད་པ་ཡན་ཆད་ནི་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །གསུམ་པ་རྗེས་ནི། མེ་ལྷ་ལྷག་མས་མཆོད་པ་སོགས་ཀྱི་ཆེད་དུ་མར་དགང་བླུགས་གང་ཐབ་ཏུ་བླུག་ཅིང༌། ཨོཾ་བཛྲ་ཛྭ་ལ་རྃ། མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་ཅེས་པས་གསལ་བཏབ་ལ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སོགས་ཀྱིས་བསྲེག་རྫས་ཀྱི་ལྷག་མ་བདུན་ནམ་
བཅུ་གཅིག་སོགས་ཅི་འབྱོར་པ་དབུལ། དེ་ནས་དགང་བླུགས་ཏེ་བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ལན་གསུམ་དབུལ། མེ་ལྷའི་གཏོར་མ་ཆུས་བྲན་ལ། བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་དང་བཅས་པས་བྱིན་གྱིས་བརླབ། ལག་པ་གཡས་མཆོག་སྦྱིན་དང་བཅས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་གསུམ་མམ་ལྔས་དབུལ། ཨོཾ་ཨཱགྣ་ཡེ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་ཀྱི་ཕྱི་མཆོད་དང༌། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་སོགས་གོང་ལྟར་གྱིས་བསྟོད། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་སོགས་གོང་ལྟར་གསོལ་བ་གདབ་བོ། །ཡི་གེ་བརྒྱ་པ་ལན་གསུམ་གྱི་རྗེས་སུ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་ཅིང༌། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད། རང་གི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་སམ། གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་སོགས་བདག་བསྐྱེད་ཀྱི་མཇུག་སྡུད་སོ་སོའི་གཞུང་བཞིན་དང༌། བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད། ཉིན་གྲངས་སུ་བྱེད་ནའང་སྔར་གྱི་ཐལ་བའི་སྟེང་དུ་
བུད་ཤིང་བརྩིགས་པ་མ་གཏོགས་ཐབ་བྲི་བ་སོགས་མི་དགོས་ཤིང༌། སྤྲོས་པ་ཆེ་ན་བསྲེག་རྫས་བཅུ་གཅིག་པོ་སྤྱི་ལྟར་ཕུལ་ཀྱང་ཆོག འདིའི་ཕྱག་སྟབས་འཁྱུད་རྒྱ་ཅན་དུ་ཐམས་ཅད་མཁྱེན་པ་ཀུན་དགའ་གྲོལ་མཆོག་གིས་གསུངས་པ་ཉིད་འཐད་ཆེ་ཞིང༌། སྔོན་གྱི་བྲིས་སྐུ་རྣམས་ལའང་འཁྱུད་རྒྱ་ཁོ་ནར་སྣང་ངོ༌། །དེ་དག་གིས་ནི་སྤྱི་ཁྱབ་ཏུ་འཇུག་བདེའི་ཆོ་ག་སྙིང་པོར་དྲིལ་བ་བསྟན་ཟིན་ཏོ། །གལ་ཏེ་རྣལ་འབྱོར་པ་རང་གི་ལྷག་པའི་ལྷའི་རྣམ་འགྱུར་དང༌། ཆོ་ག་ལ་ཞེན་ཆེས་པ་དག་གིས་དོན་ཡོད་གྲུབ་པའི་བསྒོམ་བཟླས་རང་གཞུང་ལྟར་བྱས་ཀྱང་མི་འགལ་བ་གསུང་སྒྲོས་ལས་འབྱུང་ཞིང༌། མཁས་པ་འགའ་ཞིག་གིས་བསྒོམ་བཟླས་གསང་འདུས་ལྟར་མཛད་འདུག་པས། འདས་པའི་མེ་ལྷ་ཀྱེ་རྡོ་རྗེའི་དབང་ཆུ་ནས་འབྱུང་བ་ལྟར་རམ། གུར་ནས་བཤད་པའི་ཞལ་བརྒྱད་ཕྱག་བཅུ་དྲུག་པའམ། གསང་འདུས་ལྟར་ཞལ་གསུམ་ཕྱག་དྲུག་པའམ། མ་རྒྱུད་སྤྱི་མཐུན་གྱི་ཧེ་རུ་ཀ་ནི་དཀྱུས་ཀྱི་འདི་ཉིད་ཡིན་མོད། གཞན་དུ་བཤད་པའི་ཧེ་རུ་ཀ་གར་སྟབས་ཅན་ཕྱག་གཉིས་པ་སོགས་སུ་བསྐྱེད་ནས། སྐྱེ་མཆེད་དང༌། གནས་གསུམ་བྱིན་རླབས། གོ་ཆ་བགོ་བ་སོགས་གོང་འོག་གི་ཆོ་ག་ཐམས་ཅད་རང་རང་གི་གཞུང་བཞིན་ཉམས་སུ་བླངས་ནའང་ཆོག་པར་མངོན། སྔགས་ནི་ཐུན་མོང་བ་འདི་ཙམ་གྱིས་འཐུས་ཤིང༌། མོས་ན་དཀྱིལ་འཁོར་སོ་སོའི་དོན་ཡོད་གྲུབ་པའི་སྔགས་ཀྱི་བྱར་རུང་བ་ངག་རྒྱུན་ལ་ཡོད་པའི་དབང་གིས་སྦྱིན་སྲེག་ཁ་ཅིག་ཏུ་གུར་གྱི་ཕུ་ཕུ་ཕུ་སོགས་བྲིས་འདུག ཤེས་བྱེད་ཀྱི་གཙོ་བོར་དཔལ་ལྡན་ཟླ་བ་གྲགས་པས་སྒྲོན་གསལ་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་གྲུབ་པའོ། །དེ་ཉིད་དམ་ཚིག་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི་འགྲོ་བ་མ་ལུས་པའི་དོན་རྫོགས་པར་བྱེད་པས་ན་འདའ་བར་བྱ་བ་མ་ཡིན་པས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་འཛིན་གང་ཡིན་པ་དེ་ལ་སྙོམས་པར་འཇུག་པ་སྟེ་དྲང་བའི་དོན་ཏོ། །གདོན་མི་ཟ་བའི་དམ་ཚིག་
ནི་འོད་གསལ་བ་སྟེ། མཚན་མ་མེད་པའི་འབྲས་བུ་སྟེར་བས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པ་ནི་ངེས་པའི་དོན་ཏོ། །ཉོན་མོངས་པ་ཕྲག་དོག་རྣམ་པར་སྦྱོང་བ་ཉིད་དང༌། ཉོན་མོངས་པས་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་སེལ་བར་བྱེད་པའི་དོན་གྱི་རིགས་ནི་དམ་ཚིག་དགུག་པའི་རིགས་ཏེ་དྲང་བའི་དོན་ཏོ། །དམ་ཚིག་ནི་ཁམས་ཕྲ་བ་སྟེ། དེས་ཐབས་ཀྱི་ཡེ་ཤེས་བཀུག་ནས་མཆོག་ཏུ་དགའ་བ་བསྐྱེད་པས་ཡོངས་སུ་སྦྱོང་བའི་རིགས་ནི་དམ་ཚིག་དགུག་པའི་རིགས་ཏེ་ངེས་པའི་དོན་ཏོ། །ཞེས་སོགས་ཀྱི་དམ་ཚིག་རྡོ་རྗེ་སྟེ་ཞེས་པ་དོན་ཡོད་གྲུབ་པའི་མཚན་གྱི་བྱེ་བྲག་ཏུ་གསུངས་ཤིང༌། རྒྱུད་གཞན་དུ་རྟ་མཆོག་ལ་སོགས་པས་བསྟན། གང་དུ་མཚན་དོན་མ་བཤད་པ་དེར། རྗོད་བྱེད་རྒྱ་ཆེ་བའི་རྒྱུད་དང་རྒྱུད་འགྲེལ་འདི་དང་འདི་ལྟ་བུ་དག་ལས་ལེན་པ་ལས་འོས་ཅི་ཡོད། གཞན་ཡང་ཡིག་རྙིང་ངེས་གསལ་མེད་པའི་སྦྱིན་སྲེག་དགོས་པ་ཤར་ན་ཆོ་ག་བར་མ་འདི་ཙམ་གྱིས་སྒྲུབ་རུང་བ་མཁས་པའི་སྲོལ་ཡིན་པས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་ནས་སྦྱིན་སྲེག་བྱེད་ནའང་ཚུལ་འདི་ཉིད་ལྷ་སྔགས་སྤོས་པས་ཆོག་གོ །དེ་ལྟར་རྣམ་གཞག་སྤྱི་དང་མི་འགལ་ཞིང༌། །སྐབས་དོན་ཚང་བའི་ཆོ་ག་འདི་སྤེལ་བས། །ཆོས་རབ་འབྱེད་པའི་མཚན་ཉིད་ཅན་འཛིན་པའི།«་་་་་པྲཛྙཱ་དྷྲྀཀ་ཅེས་དོན་གྲུབ་ཀྱི་མཚན།» །བྱང་ཆུབ་འགྲོ་བ་ཀུན་གྱིས་རྟོགས་གྱུར་ཅིག །ཅེས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་འོད་གསལ་རྡོ་རྗེའི་མེ་ལོང་ཞེས་བྱ་བ་འདི་ནི་ཡི་གེ་རྙིང་པ་ཁུངས་ལྡན་ཞིག་མ་རྙེད་ཀྱང༌། རྣམ་གཞག་སྤྱི་དང་མཐུན་ཞིང༌། སྐབས་དོན་ཚང་བའི་ཚུལ་དུ་དགེ་སྦྱོང་ཝཱ་གིནྡྲ་སུ་སིདྡྷིས་ཨེ་ཝྃ་ཆོས་ལྡན་དུ་རང་གི་འདོན་ཐོ་ཙམ་དུ་བསྒྲིགས་པ་ལ། སླར་ཡང་ལྷུན་གྲུབ་སྟེང་དུ་བསྟན་བཅོས་ཀྱི་ལུགས་སུ་བསྡེབས་པའོ།། །།དགེའོ།།
སྡིག་ལྟུང་སྦྱོང་བ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་རྒྱུད་རྩ་འགྲེལ་མན་ངག་དང་བཅས་པ།
སྡིག་ལྟུང་སྦྱོང་བ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་རྒྱུད་རྩ་འགྲེལ་མན་ངག་དང་བཅས་པ་བཞུགས་སོ།།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པ་གདོན་མི་ཟ་བའི་མཆོག དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། དམ་ཚིག་འགུགས་པའི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །པྲཛྙཱ་དྷྲྀཀ྄ དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ། གྲུབ་པ་གདོན་མི་ཟ་བའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ལྗང་གུ་དང་ནག་པོ་དང༌། དཀར་པོའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བྱང་ཕྱོགས་སུ་བཞུགས་སོ། །ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས་སོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པའོ། །དེ་ཉིད་དམ་ཚིག་སྟེ་བྱ་བ་སྒྲུབ་པའི་ཡེ་ཤེས་ནི་འགྲོ་བ་མ་ལུས་པའི་དོན་རྫོགས་པར་བྱེད་པས་ན་འདའ་བར་བྱ་བ་མ་ཡིན་པས་སོ། །དེ་ཉིད་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་འཛིན་གང་ཡིན་པ་དེ་ལ་སྙོམས་པར་འཇུག་པ་སྟེ། དྲང་བའི་དོན་ཏོ། །གདོན་མི་ཟ་བའི་དམ་ཚིག་ནི་འོད་གསལ་བ་སྟེ། མཚན་མ་མེད་པའི་འབྲས་བུ་«མཆོག་»སྟེར་བས་སོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པ་ནི་
ངེས་པའི་དོན་ཏོ། །ཉོན་མོངས་པ་ཕྲག་དོག་རྣམ་པར་སྦྱོང་བ་ཉིད་དང༌། ཉོན་མོངས་པས་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་སེལ་བར་བྱེད་པའི་དོན་གྱི་རིགས་ནི་དམ་ཚིག་འགུགས་པའི་རིགས་ཏེ། དྲང་བའི་དོན་ཏོ། །དམ་ཚིག་ནི་ཁམས་ཕྲ་བ་«རླུང་»སྟེ། «རླུང་གི་རྣལ་འབྱོར།» དེས་ཐབས་ཀྱི་ཡེ་ཤེས། «ཀུན་ད་ལྟ་བུ།» བཀུག་ནས་མཆོག་ཏུ་དགའ་བ་བསྐྱེད་པས་སེམས་རྒྱུད་ཡོངས་སུ་སྦྱོང་བའི་རིགས་ནི་དམ་ཚིག་འགུགས་པའི་རིགས་ཏེ་ངེས་པའི་དོན་ཏོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །པྲཛྙཱ་དྷྲྀཀ྄་ཅེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་སྟེ། དེ་འཛིན་པར་མཛད་པས་ན་ཤེས་རབ་འཆང་སྟེ། དྲང་བའི་དོན་ཏོ། །ཤེས་རབ་ནི་ཟླ་བར་སྣང་བ་«ཀུན་ད་ལྟ་བུ་»སྟེ། དེ་ཁམས་ཕྲ་བ་རླུང་གི་སྟོབས་«ཀྱིས་མི་འཕོ་བར་»འཛིན་པར་མཛད་པས་ན་ཤེས་རབ་འཆང་སྟེ། ངེས་པའི་དོན་ཏོ། །བྱང་ཕྱོགས་སུ་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཞེས་བྱ་བ་ནི་དཔལ་ལྡན་ཟླ་བ་གྲགས་པའི་འགྲེལ་ཆེན་སྒྲོན་མ་གསལ་བ་ལས་བྱུང་བ་སྟེ་རྗེ་བདག་ཉིད་ཆེན་པོའི་གསུང་མཆན་དང་བཅས་པའོ།། ༈ །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་བཞི་བཅུ་རྩ་དྲུག་པ་སློབ་མ་རྗེས་གཟུང་གི་སྐབས་ལས། སློབ་མ་ཡིན་ནི་
«རྐང་པའི་»མཐིལ་«གཡས་གཡོན་དུ། ཡྃ་ལས་དབྱིབས»་གཞུ་བདུངས་པ་འདྲ་བའི་རླུང་གི་དཀྱིལ་འཁོར་«ལྗང་གུ་གཡོ་བའི་རང་བཞིན་བ་དན་གྱིས་མཚན་པ།» བསམ། ལྟེ་བར་«རྃ་ལས་གཏུམ་མོའི་»ཡེ་ཤེས་«ཀྱི་རང་བཞིན་»མེའི་«དཀྱིལ་འཁོར་དམར་པོ་གྲུ་གསུམ་»འབར་བ། «དང་བཅས་པར་བསམས་ལ་དམིགས་པ་གཏད་པས་རླུང་གཡོས།» «མེ་སྦར་»དེ་ཡི་འོད་ཟེར་སྙིང་གར་འབར། འབར་བས་«སྙིང་གའི་ནང་ཐམས་ཅད་དུ།» ཀུན་ནས་འཁྲིགས་པར་བསྒོམ། «དེ་ལ་བརྟེན་ནས།» «སྙིང་གར་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདུས་པའི་ངོ་བོ།» «སྡིག་པའི་སྐད་དོན་པཱ་པཾ་གྱི་མིང་ཡིག་དང་པོ་ཟླ་ཕྱེད་ཐིག་ལེས་བརྒྱན་པ། »པྃ་«ཡང་ན་དཔེ་འགའ་ཞིག་ཏུ་ཀྃ་ཞེས་འབྱུང་བ་སྒྲིབ་པའི་སྐད་དོད་ཀྃ་ཀ་ནིའི་མིང་ཡིག་དང་པོ་ཡིན་ཏེ། དེ་ལྟ་བུའི་རྣམ་པར་གནས་པ་ཉིད་གྱེན་དུ་དེད་དེ། སྣ་སྒོར་སླེབ་པ་ན། ས་བོན།» ལས་བྱུང་བའི་མི་སྡུག་པའི་གཟུགས། «ཏེ་ཤ་ཟའི་རྣམ་པ་ཞེས་སྐྲ་འབལ་བ།» «ལུས་ཕྱེད་པགས་པ་མེད་པ། རླིག་པ་འཕྱང་བའམ། ཡང་ན་མན་ངག་གིས་སྡིག་པ་རྭ་ཅན་གྱི་རྣམ་པར་བསྒོམ་པའང་ཡོད་དེ། གང་ལྟར་ཡང༌།» སྡིག་པའི་རང་«གཟུགས་»དེ་ཉིད་ནི་སྣ་ཡི་སྒོ་ནས་དབྱུང༌། «སྟེ་ཏིལ་ནག་པོའི་འབྲས་བུ་ལ་བསྟིམ།» དེ་ནས། «མདུན་དུ་མེ་འབར་བའི་དབུས་སུ་རྡོ་རྗེ་»ཁྲོ་བོའི་གཟུགས་«ཞལ་ཤིན་ཏུ་གདངས་པར་»བསྒོམས་ལ། «སྡིག་པའི་གཟུགས།» དེ་ནི་ཀུན་ནས་«ལྷག་མ་མེད་པར་»ཟ་བར་བསྒོམ། «པས་སྔགས་འདིས་ཏིལ་དབུལ་བར་བྱ་སྟེ།» ཨོཾ་བཛྲ་ཌཱ་ཀ་«རྒྱུད་ཀྱི་དཔེ་ལ་ལར་ཌཱ་ཀི་ནཱི་ཞེས་པའང་ཡོད།» ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན། «དཔེ་ལ་ལར་ད་ཧ་ད་ཧ་ཞེས་པའང་ཡོད།» བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། «དཔེ་ལ་ལར་ཕཊ་གཅིག་དང་སྭཱ་ཧཱ་མེད། བོད་སྐད་དུ། »ཨོཾ་«རྡོ་རྗེ་མཁའ་འགྲོ་ཟོ་ཟོ་ཟོ་ཞིག་ཟོ་ཞིག སྡིག་པ་ཐམས་ཅད་སྲེགས་ཤིག་ཐལ་བར་མཛོད་ཅིག་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །ཞེས་པའོ།» །དེ་ནས་སློབ་མའི་བར་ཆད་སྲུང་བའི་སླད་དུ། བསྒྲུབ་བྱ་དེ་ཉིད་ལྷག་པའི་ལྷའི་གཟུགས་སུ་བསྐྱེད་ནས་སུ། «གོ་ཆ་ལ་སོགས་པའི།» སྲུང་བ་དག་ནི་དགོད་པར་བྱ། ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ།། ༈ །རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །དྲི་མེད་མཁའ་འགྲོ་བྱེ་བའི་གསང་བའི་མཛོད། །རྩ་བཤད་ཤིན་ཏུ་སྦྱོར་བའི་རྣལ་འབྱོར་མཆོག །གྲུབ་ཆེན་བཙོང་ཁ་པ་ཡི་མན་ངག་བརྗོད། །དེའང་དམ་ཚིག་སྡོམ་པ་ལས་མི་འདའ་
བའི་ཐབས་བཤད་པར་བྱ་བ་ལ་གཉིས་ལས། དམ་ཚིག་རྡོ་རྗེའི་བཟླས་པའི་གནད་དང༌། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་སྒོ་ནས་སོ། །དང་པོ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱ་ལས་རལ་གྲི་ཆང་ཟུངས་ལ་ཧཱས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། དམ་ཚིག་གི་རྡོ་རྗེ་སྐུ་མདོག་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི་གཡོན་གཉིས་དྲིལ་བུ་པདྨ་འཛིན་པ་ཡབ་ཡུམ་གཉིས་ཀའང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱི་བརྒྱན་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། མཆོད་པས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་རང་གི་སྤྱི་བོ་ནས་དབང་བསྐུར་བས། དམ་ཚིག་རྡོ་རྗེའི་ལུས་ཐམས་ཅད་གང༌། བདེ་བ་ཆེན་པོ་མྱངས། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས་ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་དོན་གྲུབ་ཀྱིས་དབུ་བརྒྱན། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱ་ལྗང་གུ་བདུད་རྩིའི་རྒྱུན་ཕྲ་མོ་འཛག་པ་དེའི་མཐར། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ྄་ཧཱ་ཧཱུྃ་ཞེས་པས་བསྐོར་བར་དམིགས་ལ་བདུད་རྩིའི་རྒྱུན་དེ་སྣ་ཚོགས་རྡོ་རྗེའི་རྭའི་བུ་ག་ནས་རིམ་གྱིས་བྱུང་ནས་ལུས་ཐམས་ཅད་གང༌། ཟག་མེད་ཀྱི་བདེ་བ་མྱངས་པས་དམ་ཚིག་ཉམས་པ་ཐམས་ཅད་བ་སྤུའི་བུ་ག་ནས་ནག་ཉིལ་ཉིལ་ཐོན་པར་བསམས་ལ། ངག་ཏུ་གོང་གི་སྔགས་དེ་བཟླ། བཟླས་པ་ཚར་བ་དང༌། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་བྱའོ། །གཉིས་པ་རྡོ་རྗེ་
མཁའ་འགྲོའི་སྦྱིན་སྲེག་བྱ་ཚུལ་ནི། རང་གི་མདུན་དུ་མེ་རྡོག་པོ་དུ་བ་མེད་པ་སྣོད་དུ་བཞག་ལ། ཨོཾ་ཨཱཿབིགྷྣན་ཏ་ཀྲྀཏ་ཧཱུྃ། ཞེས་སོགས་རང་གི་སྔགས་ཀྱིས་བསང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་མེ་དམར་པོ་གྲུ་གསུམ་པ་རབ་ཏུ་འབར་བར་གྱུར། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་དེ་ཡོངས་སུ་གྱུར་པ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་འཆིང་བས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཞལ་རབ་ཏུ་གདངས་པ་ལྟོ་བ་འཕྱང་བ་ཡན་ལག་རགས་པ་གཡས་བརྐྱང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཌཱ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུྃ། ཞེས་དབང་བསྐུར་བས་ལུས་ཐམས་ཅད་གང༌། ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་བཛྲ་ཌཱ་ཀ་ཞེས་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དེ་ནས་གསང་ནས་སུ་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་དང༌། ལྟེ་བར་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་བསྒོམ། སྙིང་གར་ཡི་གེ་པྃ་ནག་པོ་དེ་ལས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུས་ལུས་ཀྱི་སྟོད་སྨད་ཐམས་ཅད་ཁྱབ་པར་འཕྲོས་པས། རང་གི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་བསྡུས་ནས་པྃ་ལས་
ཐིམ་པ་དང་མཉམ་དུ་གསང་གནས་ཀྱི་རླུང་གཡོས་ལྟེ་བའི་མེ་སྦར་བས། པྃ་དེ་ནག་ན་ར་ར་མགྲིན་པ་ནས་ཡར་བརྒྱུད་དེ། སྣའི་རྩེར་སླེབ་པ་ན་སྡིག་པ་རྭ་ཅན་གྱི་གཟུགས་སུ་གྱུར་པ་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་ཐོན། སྣའི་སྒོར་སྣོད་ཀྱི་ནང་དུ་ཏིལ་ཇི་ཙམ་འདོད་པ་བཟུང་ལ། དེ་རྣམས་དང་དབྱེར་མེད་དུ་གྱུར་པར་བསམ། རླུང་ཕྱིར་བུས། ལག་པ་གཉིས་ཀྱིས་མཐེབ་སྲིན་སྦྱར་བའི་ཏིལ་མེ་ལ་བསྲེག་ཅིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པྃ་ད་ཧ་ན་བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཏིལ་མེར་དོར་བའི་གྲངས་དང་མཉམ་པར་བརྗོད། དེ་ནས་སྔར་བཞིན་མཆོད་ནས་ཡིག་བརྒྱ་འདོན། མ་རྙེད་ཡོངས་སུ་མ་ཤེས་བརྗོད། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། མེ་མ་འདས་ཀྱི་བར་དུ་མི་རེག་ཅིང༌། ཤི་བ་དང་ཐལ་བ་འགོམ་ལམ་མི་འཆོར་བའི་ས་ཕྱོགས་སམ་ཆུར་དོར་བར་བྱའོ། །རྗེ་རིན་པོ་ཆེ་ཤར་བཙོང་ཁ་པའི་ཞལ་གདམས་ཐུན་མོང་མིན་པའི་ཟབ་ཆོས་བླ་ན་མེད་པ་རྗེ་ཉིད་ཀྱིས་གསུངས་པ་བཞིན་ཡི་གེར་བཀོད་པའོ། །ཞེས་མཁས་གྲུབ་ཆོས་ཀྱི་རྗེ་དགེ་ལེགས་དཔལ་བཟང་པོའི་གསུང་རབ་དཔལ་གསང་བ་འདུས་པའི་ཡིག་ཆུང་ཉེར་གཅིག་ལས་བྱུང་བའི་མན་ངག་གི་ཡི་གེ་ཤིན་ཏུ་ཁུངས་བཙུན་པ་ཁྱད་པར་ཅན་ནོ། །མངྒ་ལཾ།། །།
དམ་ཚིག་རྡོ་རྗེའི་སྒོམ་བཟླས་བྱ་ཚུལ་ཚིགས་བཅད་དག་བྱེད་བདུད་རྩིའི་ཁྲུས་ཆབ།
དམ་ཚིག་རྡོ་རྗེའི་སྒོམ་བཟླས་བྱ་ཚུལ་ཚིགས་བཅད་དག་བྱེད་བདུད་རྩིའི་ཁྲུས་ཆབ་ཅེས་བྱ་བ་བཞུགས། །ན་མོ་གུ་རུ། བླ་མ་ལྷ་ལ་གུས་བཏུད་ནས། །དམ་ཚིག་རྡོ་རྗེའི་སྒོམ་བཟླས་ཀྱིས། །རང་གཞན་སྡིག་ལྟུང་དག་བྱེད་བཤད། །སྐྱབས་སེམས་སྔོན་དུ་བཏང་བྱས་ཏེ། །རང་ཉིད་ཡི་དམ་ལྷར་གསལ་བའི། །ཐུགས་ཀར་སྣ་ཚོགས་པད་རྡོ་རྗེའི། །ལྟེ་བར་ཧཱ་ལས་རལ་གྲི་ཧཱས། །མཚན་པ་ཡོངས་སུ་གྱུར་པ་ལས། །དཔལ་ལྡན་དམ་ཚིག་རྡོ་རྗེ་དང༌། །ཡུམ་མཆོག་དམ་ཚིག་སྒྲོལ་མ་བཅས། །མརྒད་མདོག་ཅན་མཛེས་པའི་སྐུ། །གཉིས་ཀ་ལྗང་ནག་དཀར་གསུམ་གྱི། །ཞལ་དང་ཕྱག་དྲུག་ཡབ་ཀྱི་གཡས། །རལ་གྲི་སྣ་ཚོགས་རྡོ་རྗེ་དང༌། །འཁོར་ལོ་གཡོན་པས་རིམ་པ་བཞིན། །
དྲིལ་བུ་པད་ལྗང་ནོར་བུ་འཛིན། །ཡུམ་གྱི་གཡས་པའི་ཕྱག་གསུམ་ན། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང༌། །རྡོ་རྗེས་མཚན་པའི་ཨུཏྤལ། །གཡོན་གསུམ་དྲིལ་བུ་རིན་ཆེན་དང༌། །རལ་གྲི་འཛིན་པས་ཡབ་ལ་འཁྱུད། །ཡབ་ཡུམ་གནས་གསུམ་འབྲུ་གསུམ་གྱི། །འོད་ཀྱིས་ཡེ་ཤེས་དབང་ལྷར་བཅས། །སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿཡིས། །དམ་ཚིག་ཡེ་ཤེས་གཉིས་མེད་གྱུར། །དབང་ལྷས་དབང་བསྐུར་རིགས་ཀྱི་བདག །ཡབ་ལ་མི་བསྐྱོད་ཡུམ་གྱི་དབུར། །དོན་ཡོད་གྲུབ་པས་བརྒྱན་པར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །དམ་ཚིག་རྡོ་རྗེ་ལ་ཕྱག་འཚལ། །ཐུགས་ཀའི་ས་བོན་སྔགས་ཕྲེང་གི །འོད་ཟེར་འཕྲོ་འདུས་རང་གཞན་གྱི། །དམ་ཚིག་ཉམས་ཆག་མ་ལུས་པ། །བྱང་ཞིང་དག་པ་ཉིད་དུ་གྱུར། །ཨོཾ་ཨཱཿཔྲཛྙཱ་དྷྲ྄ྀཀ་ཧཱ་ཧཱུྃ། ཞེས་པ་ཅི་འགྲུབ་བཟླས་པའི་མཐར། །བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །དམ་ཚིག་རྡོ་རྗེའི་ཞལ་ནས་ཀྱང༌། །ཁྱོད་ཀྱི་དམ་ཚིག་ཉམས་ཆག་ཀུན། །བྱང་ཞིང་དག་གོ་ཞེས་གསུངས་ནས། །རང་ལ་ཐིམ་པས་སྐུ་གསུང་ཐུགས། དབྱེར་མེད་རང་བཞིན་གཅིག་ཏུ་གྱུར། །སྨྲས་པ། དམ་ཚིག་རྡོ་རྗེའི་བཟླས་བསྒོམ་གྱི། །ཉམས་ལེན་ཚིགས་སུ་བཅད་པའི་དགེས། །གསང་སྔགས་ལམ་གྱི་མི་མཐུན་ཕྱོགས། །ཉམས་ཆག་མ་ལུས་དག་གྱུར་ཅིག །ཅེས་ཤཱཀྱའི་བཙུན་པ་མང་ཐོས་བློ་གསལ་བསྟན་སྐྱོང་གིས་དཔལ་ཞྭ་ལུ་རི་ཕུག་གི་བྱང་གླིང་སྒྲུབ་ཁང་དུ་བྲིས་པ་སྟེ་རྗེ་བཙུན་བླ་མ་དངུལ་ཆུ་བའི་གསུང་ལ་གཞན་དག་གིས་ཚིགས་བཅད་འབྲི་རོགས་ཞེས་བསྐུལ་བའི་ངོར་བྱས་པའོ།། །།སརྦ་མངྒ་ལཾ།། །།
རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའི་སྡིག་སྦྱོང་སྦྱིན་སྲེག་གི་ཆོ་ག་སྒྲིབ་གཉིས་ཀུན་འཇོམས།
རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའི་སྡིག་སྦྱོང་སྦྱིན་སྲེག་གི་ཆོ་ག་སྒྲིབ་གཉིས་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། །གུ་རུ་བཛྲ་ཌཱ་ཀ་ན་མཱ་མི། ཐོག་མེད་སྒྲིབ་པའི་ཚང་ཚིང་ཀུན། །ཡེ་ཤེས་མེ་ལྕེས་སྐད་ཅིག་ལ། །སྲེག་བྱེད་རྡོ་རྗེ་མཁའ་འགྲོ་ལ། །བཏུང་ནས་སྒྲིབ་སྦྱོང་ལག་ལེན་དགོད། །དེའང་རྒྱུད་ཆེན་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་རྩ་དྲུག་པར་སློབ་མ་རྗེས་གཟུང་གི་སྐབས་སུ། སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲ་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བས། །དེ་ཡི་འོད་ཟེར་སྙིང་གར་འབར། །འབར་བས་སྙིང་གར་འཁྲིགས་པར་བསྒོམ། །ཀཾ་ལས་བྱུང་བའི་མི་སྡུག་གཟུགས། །སྡིག་པ་སྣ་ཡི་སྒོ་ནས་བྱུང༌། །དེ་ནས་ཁྲོ་བོའི་གཟུགས་བསྒོམས་ལ། །དེས་ནི་ཀུན་ནས་ཟ་བར་བསྒོམ། །ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་གསུངས་པ་དང༌། མངོན་བརྗོད་བླ་མའི་རྒྱུད་ལས། ངོ་བོ་རྡོ་རྗེ་གནོད་སྦྱིན་ལ་རྣམ་པ་ཟད་བྱེད་མཁའ་འགྲོ་ཞེས་པའི་དཀྱིལ་འཁོར་རམ་གཙོ་རྐྱང་མེ་ནང་དུ་བསྒོམས་པ་ལ་ཏིལ་བསྲེགས་ནས་སྡིག་པ་སྦྱོང་བའི་ཚུལ་གསལ་བར་གསུངས་པའི་མན་ངག་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པ་ལམ་འབྲས་ཀྱི་ཆ་ལག་ལས་འབྱུང་བ་ཉིད་རང་གི་སྒྲིབ་སྦྱོང་གི་ཆེད་དུ་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། འབྱོར་ལྡན་གྱིས་དངུལ་ལམ་རྫ་ལས་བྱས་པའི་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་ནང་དུ་མེ་ཁྲོལ་བླུགས་པའི་སྟེང་དུ། འཛོམ་ན་རྡོ་རྗེ་མཁའ་འགྲོའི་སྐུ་བརྙན་སྦུབས་སྟོང་བཞག འདི་ནི་དམིགས་པ་གསལ་བའི་ཆེད་ཙམ་ཡིན་པས་མ་འཛོམས་ན་མི་དགོས། འབྱོར་པས་མི་ལྕོགས་ན་ཁམ་ཕོར་ལ་སོགས་སྣོད་ཟླུམ་པོ་དཀར་པོའི་ནང་དུ་མེ་བླུག སྣོད་གཅིག་ཏུ་བསྲེག་རྫས་ཏིལ་ནག་ཇི་ཙམ་འོས་པ་བཞག མདུན་གྱི་སྟེགས་བུར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། མདུན་དུ་ནང་མཆོད་རྡོ་རྗེ་དང་དྲིལ་བུ་རྣམས་ཉེ་བར་བསྡོགས་ལ། ཐོག་མར་མཆོད་པ་བྱིན་རླབས་ནི། རང་ཉིད་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་དང་ལྡན་པས། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨ་
ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བས་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ཤབྡའི་བར་བརྗོད། ནང་མཆོད་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་འདྲའི་རིགས་བདག་གི་དབུ་རྒྱན་ཅན། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་
མཉམ་པར་སྦྱོར་བ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཧཱུྃ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང༌། དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་ཐམས་ཅད་ལས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་རྐང་ཐིལ་གཉིས་ནས་ཐོན་ནས་ཤུལ་ཐམས་ཅད་བདུད་རྩིས་གང་བར་གྱུར། ཨོཾ་«་་་་་རྡོ་རྗེ་ཁྲག་འཐུང་དམ་ཚིག་རྗེས་སུ་སྐྱོངས།» ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་«་་་་་ཁྲག་འཐུང་ཉིད་ཀྱིས་ཉེ་བར་གནས་པར་མཛོད།» རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ།«་་་་་བདག་ལ་བརྟན་པར་མཛད་དུ་གསོལ།» སུ་ཏོ་ཥྱོ་མེ་བྷ་བ།«་་་་་བདག་ལ་ཤིན་ཏུ་དགེས་པར་མཛོད།» ཨ་ནུ་རཀྟོ་མེ་བྷ་བ།«་་་་་བདག་ལ་རྗེས་སུ་ཆགས་པར་མཛོད།» སུ་པོཥྱོ་མེ་བྷ་བ།«་་་་་བདག་ལ་ཤིན་ཏུ་རྒྱས་པར་མཛོད།» སརྦ་སིདྡྷི་མྨེ་པྲ་ཡཙྪ།«་་་་་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ།» སརྦ་ཀརྨ་སུ་ཙ་མེ།«་་་་་ལས་ཀུན་ལ་ཡང་བདག་གི་ནི།» ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ།«་་་་་སེམས་ལ་དགེ་ལེགས་སུ་ནི་མཛོད།» ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན།«་་་་་བཅོམ་ལྡན་རྡོ་རྗེ་ཁྲག་འཐུང༌། །བདག་གྲོལ་ཁྲག་འཐུང་ཉིད་དུ་མཛོད། །དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿ» བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་བ། མཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་ཀྱི་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ། སྤྱི་བོ་ནས་རང་ལ་
ཐིམ་པས། རང་ཉིད་རྡོ་རྗེ་སེམས་དཔའ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུར་གྱུར། ཅེས་མོས། གཉིས་པ་དངོས་གཞི་ཐབ་དང་ལྷ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། གིས་ཐབ་ཁུང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་སོར་བཞི་པ་ལ་རྡོ་རྗེ་རྩེ་ལྔ་པ་ཟླུམ་པོས་མཚན་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་ཡོངས་སུ་གང་བར་གྱུར། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣོལ་བ་མཐེའུ་«་་་་་རྩ་བའི་ཡིག་རྙིང་ལས་སོ་»ཆུང་སྦྲེལ་ཏེ་སྡིགས་མཛུབ་བརྐྱངས་པས་འཛིན་པ། སྤྱན་གསུམ་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པ་«་་་་་འཕགས་པ་རིན་པོ་ཆེའི་ཡིག་ཆ་ལས་སོ།» དང་རིན་པོ་ཆེ་དང་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། གཡོན་བརྐྱང་གི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་མཁའ་འགྲོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ཨོཾ་བཛྲ་ས་མཱ་ཛཿབརྗོད། ཛཿཧཱུྃ་བཾ་ཧོཿདབྱེར་མེད་དུ་བསྟིམ། སླར་ཡང་ཧཱུྃ་ལས་འོད་འཕྲོས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔས་ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་
ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན་པར་གྱུར། མཆོད་པ་ནི། ཨོཾ་བཛྲ་ཌཱ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ། ཞེས་དང༌། ནང་མཆོད། ཨོཾ་ཨཱཿཧཱུྃ་གིས་འབུལ། བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །གང་གི་ཐུགས་རྗེ་མེ་ཕུང་འབར་བའི་མཐུས། །ཆགས་སོགས་ཉེས་པའི་བུད་ཤིང་ཀུན་སྲེག་ཅིང༌། །བདེ་ཆེན་ཡེ་ཤེས་སྣང་བ་རྒྱས་མཛད་པ། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོའི་ཞབས་ལ་འདུད། །དེ་ནས་མདུན་དུ་ཏིལ་འདུ་བྱས་ནས། རང་གི་རྐང་མཐིལ་དུ་ཡྃ་ལས་རླུང༌། ལྟེ་བར་གཏུམ་མོའི་མེ། སྙིང་གར་ཀྃ རླུང་གིས་མེ་བསྐྱོད་པས་སྙིང་གའི་སྡིག་པའི་ས་བོན་ཀྃ་ནག་པོ་ལ། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྡུས། སྣ་སྒོ་གཉིས་ནས་སྡིག་པ་རྭ་ཅན་གྱི་རྣམ་པར་ཐོན། མདུན་གྱི་ཏིལ་ལ་ཐིམ། དེ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་བས་རིགས་«་་་་་རྩ་བའི་ཡི་གེར།» དྲུག་གི་སྐྱེ་གནས་ཀྱི་བག་ཆགས་སོགས་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པར་བསམས་ལ། ལག་པ་གཡས་པ་མཐེབ་སྲིན་སྦྱར་བའི་བར་དུ་ཏིལ་བཟུང་ལ་བསྐོར་བའི་ཚུལ་གྱིས་ཐབ་ཏུ་ཕུལ་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། ཞེས་ལན་བརྒྱ་རྩ་བརྒྱད་འབུལ། ཐོག་མ་དང་ཐ་མར།«་་་་་འཕགས་པ་རིན་པོ་ཆེའི་ཡིག་ཆ་ལས་སོ།» བྷསྨིན་ཀུ་རུ་ཞེས་པའི་རྗེས། བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། གྲིབ་མའི་ཉེས་པ་དང༌། ནད་དང༌། གནོད་པ་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་ཀྱང་སྦྱར། དེ་ནི་ཚར་གཅིག་བྱ་བའི་ཚུལ་ཡིན་ལ་སྡིག་སྦྱོང་ཆེད་དུ་བྱ་བའི་སྐབས་ཐུན་རེ་ལ་དེ་འདྲ་སྟོང་ཕྲག་ལ་སོགས་པ་ཇི་ཙམ་ནུས་པ་གྲངས་གསོག ཐུན་བར་དུ་མཇུག་བསྡུ་ཞིང་སླར་ཐུན་ལ་འཇུག་པའི་ཚེ་མཆོད་པ་བྱིན་རླབས་ནས་
བརྩམས་བསྐྱར་ཏེ་བྱ་བ་ཡིན་ནོ། །དེའང་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་མཚུངས་པར་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ལུས་ལས་དྲི་མ་མང་པོའམ་ཁྲག་རྣག་དོན་པ་དང༌། ཁྲུས་བྱེད་པ་དང༌། གོས་དཀར་པོ་གྱོན་པ་སོགས་ལྟས་བཟང་ཡིད་ཆེས་པ་ཡང་ཡང་མ་བྱུང་གི་བར་དུ་བྱ་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཐུན་འཇོག་པ་ན་གོང་ལྟར་སྔགས་ཀྱིས་མཆོད་ཅིང་བསྟོད། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་གསོལ་བ་གདབ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་དགེ་བ་བསྔོ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་ཀྱིས་མཐའ་བརྒྱན། མེ་ཐབ་མི་འགོམ་པའི་གཙང་སར་བཞག ཐལ་བ་ཆུ་བོར་དོར་བས་ཆུ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་སྡིག་སྒྲིབ་དག་པར་གསུང༌། འདིས་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་སེལ་ཞིང་གྲིབ་སེལ་དང་རིགས་དྲུག་གནས་སྦྱོང་གི་མཆོག་ཡིན་པར་གསུངས་སོ། །ལས་ངན་སྒྲིབ་པའི་ཆིངས་བ་ཡིས། །མཐའ་མེད་སྲིད་པར་བཅིངས་པ་ཀུན། །ཡེ་ཤེས་རྡོ་རྗེའི་མེས་བསྲེགས་ནས། །རྣམ་གྲོལ་བདེ་ཆེན་གནས་ཐོབ་ཤོག །ཅེས་པའང་རྗེ་བླ་མ་ཐམས་ཅད་གཟིགས་པ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་བཞེད་ལྟར་འཕགས་པ་རིན་པོ་ཆེ་དང་ངོར་ཆེན་རྡོ་རྗེ་འཆང་གི་གསུང་རབ་སོར་བཞག་སྟེ་གསལ་བྱེད་ནག་འགྲོས་ཀྱི་ཚུལ་དུ་རྨོངས་བརྟུལ་བློ་གྲོས་མཐའ་ཡས་ཀྱི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་མཁའ་འགྲོའི་སྒོ་ནས་གསོན་གཤིན་གྱི་སྡིག་སྒྲིབ་སྦྱོང་བའི་ཆོ་ག་ཐར་པའི་སྣང་འབྱེད།
རྡོ་རྗེ་མཁའ་འགྲོའི་སྒོ་ནས་གསོན་གཤིན་གྱི་སྡིག་སྒྲིབ་སྦྱོང་བའི་ཆོ་ག་ཐར་པའི་སྣང་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཌཱ་ཀེ་བྷྱཿ ཐབས་མཁས་ཐུགས་རྗེའི་ཚ་ཟེར་གྱིས། །སྒྲིབ་གཉིས་མུན་ཁང་བརྟོལ་མཛད་པ། །རྡོ་རྗེ་ཁྲོ་བོ་དེར་བཏུད་ནས། །གཞན་ཕན་ཆོ་གའི་གསལ་བྱེད་དགོད། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས་པའི་སྡིག་སྦྱོང་གིས་གཞན་ལ་ཕན་གདགས་པའི་རིམ་པ་ལ་གཉིས། གསོན་པོ་ལ་བྱ་བ་དང༌། གཤིན་པོའི་དོན་བྱ་བའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་སྤྲོས་བཅས་རྒྱས་པར་བྱེད་ན་མདུན་དུ་སྟེགས་བུའི་ཁར་ཆུ་གཉིས་ཉེར་སྤྱོད། སློབ་དཔོན་གྱི་མདུན་དུ་ནང་མཆོད་རྡོར་དྲིལ། ཞི་བའི་མེ་ཐབ་ཚད་ལྡན་རྫ་སོགས་ལས་བཅོས་པའི་དཀར་པོ་མེ་ཁྲོལ་བླུགས་པ། བསྲེག་རྫས་ཏིལ་ནག་བཅས་བཤམ། མགྱོགས་ཁྱད་སྤྲོས་པ་ཉེར་བསྡུའི་སྐབས་སྣོད་མེ་ཁྲོལ་བླུགས་པ་དང༌། ཏིལ་ནག་ཙམ་གྱིས་འཐུས། གཉིས་པ་དངོས་གཞིའི་ཐོག་མར་རྒྱས་པར་ཀྱེ་རྡོར་མཛེས་རྒྱན་ལྟར་མཆོད་པ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་སྒོམ་བཟླས་མཐར་རང་ལ་བསྟིམས་ནས་རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་བཟུང༌། བསྒྲུབ་བྱ་རྣམས་མདུན་དུ་འཁོད་དུ་བཅུག་ལ་བསྡུ་ན། སངས་རྒྱས་ཆོས་ཚོགས་ལྟ་བུའི་སྐྱབས་སེམས་སྔོན་དུ་འགྲོ་བས་རྡོ་རྗེ་སེམས་དཔའི་སྐུར་བསྒོམ། ཐབ་ཁུང༌། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་གིས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་སོར་བཞི་པ་ལ་རྡོ་རྗེ་རྩེ་ལྔ་པ་ཟླུམ་པོས་མཚན་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་ཡོངས་སུ་གང་བར་གྱུར། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་
བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་བསྣོལ་བ་མཐེའུ་ཆུང་སྦྲེལ་ཏེ་སྡིགས་མཛུབ་བརྐྱངས་པས་འཛིན་པ། སྤྱན་གསུམ་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པ་དང་རིན་པོ་ཆེ་དང་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། གཡོན་བརྐྱང་གི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་མཁའ་འགྲོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ཨོཾ་བཛྲ་ས་མཱ་ཛཿབརྗོད། ཛཿཧཱུྃ་བཾ་ཧོཿདབྱེར་མེད་དུ་བསྟིམ། སླར་ཡང་ཧཱུྃ་ལས་འོད་འཕྲོས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔས་ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། ཨོཾ་བཛྲ་ཌཱ་ཀ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ་གིས་མཆོད། ནང་མཆོད་ཨོཾ་ཨཱཿཧཱུྃ་གིས་འབུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །གང་གི་ཐུགས་རྗེ་མེ་ཕུང་འབར་བའི་མཐུས། །ཆགས་སོགས་ཉེས་པའི་བུད་ཤིང་ཀུན་སྲེག་ཅིང༌། །བདེ་ཆེན་ཡེ་ཤེས་སྣང་བ་རྒྱས་མཛད་པ། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོའི་ཞབས་ལ་འདུད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། དེ་ནས་སྡིག་པ་སྦྱོང་བ་ལ་དམིགས་པ་འདི་བཞིན་དུ་བསྒོམས་ཤིག ཁྱེད་རང་གི་རྐང་
མཐིལ་དུ་ཡྃ་ལས་རླུང༌། ལྟེ་བར་གཏུམ་མོའི་མེ། སྙིང་གར་ཀྃ རླུང་གིས་མེ་བསྐྱོད་པས་སྙིང་གའི་སྡིག་པའི་ས་བོན་ཀྃ་ནག་པོ་ལ་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྡུས། སྣ་སྒོ་གཉིས་ནས་སྡིག་པ་རྭ་ཅན་གྱི་རྣམ་པར་ཐོན་ཏེ་མདུན་གྱི་ཏིལ་ལ་ཐིམ། དེ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་བས་རིགས་དྲུག་གི་སྐྱེ་གནས་ཀྱི་བག་ཆགས་སོགས་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པར་སྒོམས་ཤིག ཏིལ་ལ་སྣ་བུག་ནས་རླུང་འབུད་དུ་གཞུག དེ་ཉིད་ལག་པ་གཡས་པ་མཐེབ་སྲིན་སྦྱར་བས་སྔགས་རེ་རེ་བཞིན་ཚར་རེ་ཐབ་ཏུ་ཕུལ་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། ཞེས་ལན་བརྒྱ་རྩ་བརྒྱད་སོགས་ལོང་སྐབས་དང་བསྟུན་གང་འོས་འབུལ། ཐོག་མ་དང་ཐ་མར། བྷསྨིན་ཀུ་རུ་ཞེས་པའི་རྗེས་སུ། ཚེ་དང་ལྡན་པ་འདི་རྣམས་ཀྱི་སྡིག་པ་དང༌། སྒྲིབ་པ་དང༌། གྲིབ་མའི་ཉེས་པ་དང༌། ནད་དང༌། གནོད་པ་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་ཀྱང་སྦྱར། གསུམ་པ་རྗེས་ནི། གྲངས་རྫོགས་པ་དང་གོང་གསལ་སྔགས་ཀྱིས་མཆོད་པ་དང་བསྟོད་པ་བྱ། ཚེ་དང་ལྡན་པ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང༌། སྒྲིབ་པ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་གསོལ་བ་གདབ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། བསྲུང་བྱ་རྣམས་སྐད་ཅིག་གིས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་བརྟན་གཡོ་འཁོར་འདས་ཐམས་ཅད་ཀྱི་ཚེ་བཅུད་བསྡུས་ནས་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར། ཅེས་མོས་ལ་མཚན་བརྒྱའི་གཟུངས་དང༌། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་
སྭཱ་ཧཱ། ཅི་འགྲུབ་བརྗོད། མཐར་ཕྱིན་དྲུག་ཚིགས་བཅད་བཀྲ་ཤིས་བརྗོད་པས་གྲུབ་བོ། །གལ་ཏེ་གསོན་སྦྱོང་ཞུ་བ་པོ་ཡུལ་གཞན་དུ་གནས་པ་ཡིན་ན་དམིགས་རྟེན་ནྲྀ་ཡིག་དང་མིང་བྱང་བྲིས་པའི་བྱང་བུ་འདུ་བྱ། རྡོ་རྗེ་མཁའ་འགྲོའི་བསྐྱེད་ཆོག་མཆོད་བསྟོད་བཅས་གྲུབ་པའི་རྗེས་སུ་རྟེན་བསྐྱེད། འགུགས་གཞུག་རྣམས་འོག་གཤིན་བྱང་གི་སྐབས་སུ་འབྱུང་བ་ལྟར་ཁ་བསྒྱུར་ལ་བྱ། སྦྱོང་བ་གསུམ་པོའང་སྤྲོ་ན་སྦྱར། དེ་ནས་ཏིལ་སྦྱོང་དངོས་ལ་འཇུག གྲངས་རྫོགས་པ་དང༌། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ཞལ་ནས་ཡེ་ཤེས་ཀྱི་མེ་ལྕེ་བྱུང༌། ཁྱེད་རང་གི་ལས་དང་ཉོན་མོངས་པས་བསྐྱེད་པའི་རྣམ་སྨིན་གྱི་ཕུང་པོ་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས། རང་སེམས་རྣམ་པར་དག་པ་ཧྲཱིཿཡིག་དཀར་པོ་འོད་འབར་བར་གྱུར་པར་སྒོམས་ཤིག སྟོང་ཉིད་ཡེ་ཤེས་འབར་བའི་མེ། །ཚེ་ལྡན་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང་རྡོ་རྗེ་མཁའ་འགྲོའི་སྔགས་བརྗོད་པས་ཐབ་ཁུང་དུ་བསྲེག རྗེས་མཆོད་བསྟོད་ཕྱིན་གོང་ལྟར་བྱས་ལ་མཐར་དབྱུང་ངོ༌། །གསོན་པོ་གམ་ན་ཡོད་བཞིན་དུ་བྱང་བུ་བཞག་པའང་ཁ་གཅིག་གིས་བཤད་མོད། དེ་ནི་ངག་རྒྱུན་ཕལ་པ་ལ་གསོན་བྱང་གཤིན་བྱང་ཟེར་བ་ལས་འཁྲུལ་པ་སྟེ་གསོན་པོའི་སྡིག་སྦྱོང་ཡིན་པས་གསོན་སྦྱོང་གདགས་སུ་རུང་ཞིང༌། གསོན་པོ་ལ་བྱང་བུ་དགོས་པ་གང་ནས་ཀྱང་མ་བཤད་ཅིང༌། ཁྱད་པར་གནས་སྤོར་ལམ་བསྟན་སོགས་ནི་གཏན་ནས་མི་འབྲེལ་བའི་རང་བཟོ་ཁོ་ནར་ཟད་ལ། འདི་ལྟར་སྡིག་སྦྱོང་ཙམ་བྱེད་པ་ནི་རྒྱུད་ཉིད་ཀྱི་དགོངས་པ་དང༌། སློབ་དཔོན་འཇམ་དཔལ་གྲགས་པས་སྙིང་པོ་རྒྱན་དུ་ལྟུང་བ་སྦྱོང་བའི་སྒོ་ཉེར་ལྔའི་ནང་ཚན་དུ་མན་ངག་གིས་གསལ་བར་དབྱེ་བར་མཛད་པ་ལྟར་བརྒྱུད་པ་ཁུངས་བཙུན་རྣམས་ཀྱི་ཕྱག་བཞེས་སུ་ཡོངས་གྲགས་འབྱུང་བ་ལྟར་བཀོད་པའོ། །གཉིས་པ་གཤིན་པོའི་བྱང་བུ་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་མན་ངག་རྣམས་སུ་གསལ་བར་གསུངས་པ་མེད་ཀྱང༌། སྦྱོང་རྒྱུད་ལས། གཤིན་པོའི་རོའམ་རུས་པའམ་སྐྲ་སེན་སོགས་ལའང་ཆོ་ག་བྱ་བར་གསུངས་
པའི་རིགས་པས་གསོན་པོའི་སྡིག་སྦྱོང་ལ་ཁ་སྤོས་ཏེ་བྱ་བར་འདོད་ན། དམིགས་རྟེན་རོ་སོགས་ཡོད་ན་དེས་འཐུས་ལ་མེད་ན་བྱང་བུ་སྤྱི་ལྟར་དང༌། མདུན་དུ་སྟེགས་བུར་ཕྱི་མཆོད། རྒྱས་སྤྲོས་བྱེད་ན་གཏོར་འབུལ་ཡང་བཤམ། མེ་ཐབ་དང༌། ཏིལ། ཞི་དྲག་གི་སྦྱོང་ཆས་རྣམས་བཤམས་ལ། སྔོན་འགྲོ་མཆོད་པ་བྱིན་རླབས། སྐྱབས་སེམས། རྡོར་སེམས་སྒོམ་བཟླས་རྣམས་བཏང་ལ་རང་རྡོ་རྗེ་སེམས་དཔའ་འམ་ཡི་དམ་གང་ཡིན་གྱི་ང་རྒྱལ་ལ་གནས་པས། མེ་ཐབ་དང་རྡོ་རྗེ་མཁའ་འགྲོ་བསྐྱེད་ནས་མཆོད་བསྟོད་བར་སྔར་སྨོས་པ་ལྟར་བཏང༌། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡི་གེ་ལྔ་དང་བཅས་པ་འོད་དུ་ཞུ་བ་ལས་བྱུང་བའི་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང་བཅས། མཚན་སྔགས་སྔོན་དུ་འགྲོ་བས། ཨི་དཾ་བ་ལིཾ་བྷུ་ཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་མམ་ལྔས་ཕུལ། མཐར་ཕྱི་ནང་གི་མཆོད་པ་དང་བསྟོད་པས་བསྟོད། ཚེ་ལས་འདས་པའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་གདབ། དེ་ནས་བྱང་བུ་ལ་ཆབ་བྲན་བསང་སྦྱང༌། སྟོང་པའི་ངང་ལས་བྱང་སྟེགས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ནྲྀ་ལས་ཚེ་ལས་འདས་པ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། ཧཱུྃ་མཛད་ཀྱི་རྒྱ་བཅས། ན་མོ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ནམས་ཀྱི༴ བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་བདེན་པ་དང་བདེན་པ་ཆེན་པོའི་
བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་སྐྱེ་གནས་བཞི་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག ནྲྀ་ཨཱ་ཀརྵ་ཡ་ཛཿ ལན་གསུམ་གྱིས་དགུག སྦྱོང་གཏོར་འབྲུ་གསུམ་གྱིས་བྱིན་བརླབ། ཞི་སྦྱོང་ནི་གཏོར་མ་གཡས་སུ་བསྐོར་ཅིང༌། སརྦ་བིགྷྣཱན་ན་མ་སརྦ་སོགས། གསུམ། ཞི་དྲག་ཕྱེ་མ་ནི་ཏིང་ལོ་ཆངས་བུ་གཡོན་དུ་བསྐོར་ལ། སུམྦྷ་སོགས་ལན་གསུམ། དྲག་པོས་སྦྱོང་བ་ནི། སྤྲོ་ན་ཁྲོ་བོ་སྤྱན་འདྲེན་སོགས་བྱ། བསྡུ་ན་གོང་གི་བདེན་བརྗོད་ཙམ་གྱི་མཇུག་ཏུ། བདེན་པ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས་ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་བརྔན། ཆངས་བུ་ལམ་བརྒྱགས། ཏིང་ལོ་ལམ་སྒྲོན་གྱི་ཚུལ་དུ་ཁྱེར་ལ་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་འགྲོ་བར་མི་བྱེད་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟའོ། །ཞེས་དང་སུམྦྷའི་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བསྐྲད་དོ། །ཚེ་ལས་འདས་པའི་རྐང་མཐིལ་དུ་ཡྃ་ལས་རླུང༌། ལྟེ་བར་རྃ་ལས་མེ། སྙིང་གར་ཀྃ་ཡིག་ནག་པོ་ལས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྡུས། ཡཾ་ལས་རླུང་གིས་བསྐྱོད་པས་ལྟེ་བའི་མེ་འབར་བས་ཀཾ་སྣ་སྒོ་ནས་དེད། ཤ་ཟའི་གཟུགས་སུ་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་བས་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་སྦྱངས་པར་མོས་ཤིག གཡས་ཀྱི་མཐེབ་སྲིན་གྱིས་ཏིལ་མེ་ཐབ་ཏུ་ཕུལ་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྤྲོ་ན་ཐོག་མཐའ་རྣམས་སུ་སྤེལ་ཚིག་ཀྱང་སྦྱར་ལ་གྲངས་ཇི་ཙམ་ནུས་པ་ཕུལ་བའི་མཐར། ཚེ་ལས་འདས་པའི་རིགས་དྲུག་གི་སྐྱེ་གནས་མ་ལུས་པ་བྱང་ཞིང་དག་ནས་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར། དེ་ནས་དམིགས་པ་འདི་ལྟར་སྒོམས་ཤིག མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་བླ་
མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བསྐོར་བ་སྤྲིན་ཕུང་ལྟར་བཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་ཀྱིས་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པ་སྤྲུལ་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྟོབས་བཞི་ཚང་བའི་སྒོ་ནས་ཚུལ་བཞིན་དུ་བཤགས་པར་བགྱིའོ་སྙམ་པས་ཕྱག་འཚལ་བ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཐམས་ཅད་སོགས། གཙོ་བོ་རྒྱལ་བ་སོགས་བརྗོད་ལ་བྱང་ཕྱག་འཚལ་དུ་གཞུག དེ་ནས་བྱང་བུ་སློབ་དཔོན་གྱིས་ཐོགས་ལ། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་པ་ཁྱོད་སེམས་མ་ཡེངས་པར་ཉོན་ཅིག འདི་ལྟར་གཟུགས་ལ་སོགས་པར་སྣང་བའི་ཆོས་བདག་གཞན་གྱི་ཚོར་བ་བདེ་སྡུག་འདུ་ཤེས་ལ་སོགས་པ་ཐམས་ཅད་ཀྱི་མེད་པ་ལ་ཡོད་པར་བཟུང་སྟེ། དོན་ལ་མེད་བཞིན་དུ་འཁྲུལ་སྣང་གིས་བསྡུས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དུང་པ་ཞིག་བསྒོམས་པས། སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བའི་སྒོ་ནས། ཁྱོད་རང་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་སྲིད་པ་བར་དོའི་འཁྲུལ་སྣང༌། ཕྱི་མ་ངན་སོང་གསུམ་དུ་སྐྱེ་འགྱུར་གྱི་ལས་ངན་ཇི་སྙེད་ཡོད་པ་ཐམས་ཅད་བསྲེག་བྱ་བུད་ཤིང་གི་རྣམ་པར་གྱུར། སྐྱབས་སླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེ་དང་བྱིན་རླབས། ཆོ་ག་རྣམ་པར་དག་པའི་ནུས་མཐུ། ཉེ་དུ་འབྲེལ་པ་ཤུལ་ན་མཆིས་པ་རྣམས་ཀྱིས་དགེ་རྩ་བགྱིས་པ་དང༌། བགྱིད་བཞིན་པ་དང༌། ཁྱོད་རང་རྣམས་ཀྱི་ཤེས་རྒྱུད་ཀྱི་སྟེང་ན་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་བློས་ཕྱོགས་གཅིག་ཏུ་བསྡུས་ནས་ཡེ་ཤེས་མེའི་རྣམ་པར་གྱུར། མེ་དེ་ཉིད་ཀྱིས་བསྲེག་བྱ་བུད་ཤིང་འབྲས་བུ་སྡུག་བསྔལ་རྒྱུ་དང་བཅས་པ་བསྲེག་བྱ་སྲེག་བྱེད་དང་བྲལ་བའི་ཚུལ་གྱིས་བསྲེགས་པས། ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་སེམས་དཔར་གསལ་བ་དེ་ཉིད་སྐར་མདའ་འཕངས་པ་བཞིན་དུ་ནུབ་ཕྱོགས་
བདེ་བ་ཅན་གྱི་ཞིང་དུ་རྒྱལ་བ་འོད་དཔག་མེད་པའི་ཞབས་དྲུང་དུ་འཁོད་དེ། དེའང་གསལ་སྟོང་འཛིན་པ་མ་མཆིས་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་བརྗོད་ལ། སྟོང་ཉིད་ཡེ་ཤེས་འབར་བའི་མེ། །ཚེ་འདས་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང་རྡོ་རྗེ་མཁའ་འགྲོའི་སྔགས་མང་དུ་བརྗོད་ལ་བསྲེག འཁོར་གསུམ་སྤྲོས་བྲལ་གྱིས་ལྟ་བས་རྒྱས་བཏབ་ལ་མཉམ་པར་བཞག ལམ་སྦྱོང་བསྟན་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་སཾ་བྷ་བེ། རཏྣ་ཀི་ར་ཎེ། རཏྣ་མ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང༌། །སྲིད་པའི་པདྨ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་མཧཱ་སུ་ཁ་བ་ཏེ་གཙྪནྟུ་སྭཱ་ཧཱ། རྗེས་མཆོད་པ་ཁ་གསོས་ལ་སྔགས་ཀྱིས་མཆོད་ཅིང་བསྟོད། འདོད་དོན་གསོལ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་དང༌། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རང་རྡོ་རྗེ་སེམས་དཔར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་བསྲུང༌། བསྔོ་བ་དང་སྨོན་ལམ་རྒྱས་པར་བྱ་ཞིང་ཤིས་པ་བརྗོད་པས་མཐའ་བརྟེན་ནོ། །གཤིན་བྱང་བཤད་ཁུངས་སྦྱོང་རྒྱུད་ཡིན་མོད་ཀྱང༌། །བོད་འདིར་རང་བཟོའི་སྤྲོས་པ་ལ་དགྱེས་པས། །འདིར་ཡང་གསོན་སྡིག་སྦྱོང་བས་རིགས་འགྲེས་ཏེ། །ཕྱག་ལེན་དར་བས་ཞར་འཕྲོས་ཚུལ་དུ་བཀོད། །དམིགས་བསལ་བཀག་པ་མེད་ཅིང་
སྡིག་སྦྱོང་སྒོར། །གྲགས་པ་ལག་ཏུ་བླངས་པས་འབྲེལ་ཐོགས་ཀྱི། །འགྲོ་བའི་སྡིག་སྒྲིབ་ཉེས་ལྟུང་རྩད་ནས་བཅོམ། །བདེ་ཆེན་རྡོ་རྗེ་མཁའ་འགྲོའི་སར་འགོད་ཤོག །ཅེས་པའང་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཞེད་པའི་ལྷག་མ་བསྐང་བའི་སླད་དུ་རྗེ་ཉིད་ཀྱི་དགོངས་བཞེད་དང་མཐུན་པར་འདུ་གསུམ་རྣལ་འབྱོར་སྤྱོད་པ་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སོགས་ལ་སྨྲེ་བཤགས་ཀྱིས་གསོལ་བ་གདབ་པ་ཐུགས་དམ་གནད་ནས་བསྐུལ་བའི་གདུང་དབྱངས།
བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སོགས་ལ་སྨྲེ་བཤགས་ཀྱིས་གསོལ་བ་གདབ་པ་ཐུགས་དམ་གནད་ནས་བསྐུལ་བའི་གདུང་དབྱངས་བཞུགས་སོ།།
ན་མོ་གུ་ར་ཝེ། བྱིན་རླབས་ཐུགས་རྗེའི་བདག་ཉིད་དངོས་བརྒྱུད་ཀྱི། །བླ་མ་རྣམས་དང་སྐྱབས་གནས་རྒྱ་མཚོའི་ཚོགས། །དམ་ཚིག་བྱ་ར་ལེགས་ཉེས་སྟངས་འཛིན་པའི། །མཁའ་འགྲོ་ཆོས་སྲུང་རྣམས་དང་ཁྱད་པར་དུ། །ཐུགས་རྗེ་ཆེན་པོ་དམ་ཚིག་རྡོ་རྗེ་དཔལ། །དྲི་མེད་མརྒད་མདོག་ཅན་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ནས་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་བདག་ལ་དགོངས། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རབ་གནོང་འགྱོད། །དར་ཞིང་དྲག་པའི་ལས་དེ་དབང་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིངས་གྱུར་ཏེ། །ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་
བསྲེགས། །གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རྒྱུད་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིངས། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་མས་འཁོར་བར་གཡེངས། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུངས། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་བབས། །མེ་ཁམས་ཉི་མའི་དུགས་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་རླན་ནི་འོག་ནས་གྲང༌། །ཕྱི་ཡི་སེར་བུའི་ངད་ནི་ཐད་ནས་ཚ། །ཀུན་ནས་འཁྲུགས་པའི་རླུང་ནི་ཁོང་ནས་ལྡང༌། །དེ་ལྟའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང༌། །སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང༌། །སྡུག་བསྔལ་ཀུན་དང་བསྡོས་ནས་སྡོམ་བསྲུངས་ཤིང༌། །མོས་པའི་དད་པས་འཕགས་མཆོག་མི་འདོར་ན། །འཕགས་མཆོག་འགྲོ་དོན་མི་མཛད་ཅི་ཞིག་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །བདག་འདྲའི་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་
འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་རྒྱུན་འགོག་པར་ཤིན་ཏུ་དཀའ། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང༌། །སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་འདིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་དགོངས་ལགས་སམ། །སྡིག་པའི་ཁུར་ཆེན་མི་དགེ་བཅུ་དང་ནི། །མཚམས་མེད་ཉེ་བའི་མཚམས་མེད་ལ་སོགས་པ། །བགྱིས་དང་བགྱིད་སྩལ་དགའ་བ་བསྒོམས་པ་སྟེ། །རང་བཞིན་ཁ་ན་མ་ཐོ་ཅི་མཆིས་དང༌། །སོ་ཐར་བྱང་སེམས་རྒྱུད་སྡེ་འོག་མ་ཡི། །བསླབ་དང་དམ་ཚིག་ཉམས་སོགས་བཅས་འགལ་ཀུན། །ཡེ་ཤེས་སྤྱན་ལྡན་ཁྱེད་ཀྱི་སྤྱན་སྔ་རུ། །མཐོལ་ཞིང་བཤགས་སོ་ནམ་ཡང་མི་འཆབ་བོ། །ཁྱད་པར་བླ་མེད་ཐེག་པའི་སྒོར་ཞུགས་ཏེ། །རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་སོགས། །སྟ་གོན་འཇུག་པའི་གནས་སྐབས་ཁས་བླངས་ཤིང༌། །དམ་བཞག་ཚུལ་ལས་འདས་པ་མཐོལ་ལོ་བཤགས། །དབང་རྒྱུད་མན་ངག་སྟེར་བའི་སློབ་དཔོན་ལ། །སྙིང་ནས་སྨོད་སོགས་རྩ་ལྟུང་བཅུ་བཞི་པོ། །མི་ཤེས་པ་དང་མ་གུས་བག་མེད་པ། །ཀུན་དཀྲིས་དྲག་པོས་སྤྱད་པ་མཐོལ་ལོ་བཤགས། །དམ་ཚིག་མེད་པའི་རིགས་མར་དགའ་བ་སོགས། །ཡན་ལག་ལྟུང་བ་བརྒྱད་པོ་སྤྱད་པ་དང༌། །དང་པོའི་ལས་པས་བསྒྲུབ་བྱ་བཅུ་བདུན་སོགས། །བསྟེན་བྱའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཇི་བཞིན་སྒྲ་མིན་དམ་ཚིག་བཞི་དང་ནི། །དགོངས་ཏེ་གསུངས་བཞི་བརྟུལ་ཞུགས་ཉེར་ལྔ་སོགས། །ཐ་དད་རྒྱུད་ནས་གསུངས་པའི་དམ་ཚིག་ལ། །ཐོས་པ་ཆུང་
བས་འགལ་བ་མཐོལ་ལོ་བཤགས། །མཉམ་གཞག་རྗེས་སྤྱོད་བཟའ་དང་སྲུང་བ་དང༌། །མི་འབྲལ་འཆང་བ་ལྔ་ཚན་བཞིས་བསྡུས་པའི། །དབང་བཞིའི་དམ་ཚིག་ལ་སོགས་མན་ངག་ལ། །ཀློང་དུ་མ་གྱུར་འགལ་བ་མཐོལ༴ །གསར་བུ་བརྟན་པ་ཐོབ་དང་ཆེས་བརྟན་པའི། །ས་མཚམས་མ་ཕྱེད་སྦྱོར་སྒྲོལ་ལ་སོགས་པའི། །བརྟུལ་ཞུགས་ལོག་པར་སྤྱད་པས་བསྟན་པ་དཀྲུག །རང་གཞན་ཕུང་ཁྲོལ་བསྐྱེད་པ༴ །ཕྱི་རུ་ཉན་ཐོས་སྤྱོད་པ་མ་བསྐྱངས་ཤིང༌། །ནང་དུ་འགྲོ་ཕན་ལྷག་བསམ་ཞན་པ་དང༌། །གསང་བར་རྡོ་རྗེའི་རྣལ་འབྱོར་མ་བསྒྲུབས་པས། །སྡོམ་གསུམ་མིང་རྐྱང་ཤོར་བ༴ །སྦྱང་རྟོག་སྦར་གསུམ་མ་ནུས་དམ་རྫས་བསྟེན། །བསྙེན་སྒྲུབ་ཚད་དུ་མ་འཁྱོལ་ལས་ལ་སྦྱར། །རྩ་རླུང་ནུས་པ་མ་ཐོན་འདོད་པ་སྤྱད། །རྒྱུ་མེད་འབྲས་བུ་བཙལ་བ༴ །བདེ་འདོད་ཉོན་མོངས་དབང་གིས་སྡུག་བསྔལ་བསྒྲུབས། །མཁས་འདོད་ལེ་ལོའི་དབང་གིས་ཆོས་མ་བསྒྲུབས། །གྲོལ་འདོད་སྣང་ཤེས་དབང་གིས་འཁོར་བར་བཅིངས། །འབྲས་འདོད་རྒྱུད་དང་བྲལ་བ༴ །དད་མོས་བརྩེ་གདུང་བློ་གཏོད་ཞན་པ་ཡིས། །བླ་མ་མཆོག་དང་མཆེད་ལྕམ་ཐུགས་མ་ཟིན། །བསྙེན་སྒྲུབ་གཡེལ་ཞིང་མཆོད་གཏོར་ཆགས་སོགས་ཀྱིས། །མཁའ་འགྲོ་དམ་ཅན་ཁྲེལ་བ་མཐོལ་ལོ་བཤགས། །མདོར་ན་ཚེ་འདིར་ཞེ་དང་སྡིག་གྲོགས་ཀྱིས། །བསླུས་པས་ཚོར་དང་མ་ཚོར་སྡིག་པ་ནི། །མཐོ་རིས་ཐར་པ་འགྲུབ་པའི་གེགས་གྱུར་ཅིང༌། །ངན་སོང་འཁོར་བའི་རྒྱུར་གྱུར་ཅི་མཆིས་པ། །རབ་ཏུ་གནོང་ཞིང་འགྱོད་པས་བཤགས་ལགས་ན། །དམིགས་མེད་མཁྱེན་དང་བརྩེ་བའི་ཀེ་ཏ་ཀས། །བདག་རྒྱུད་ཉེས་ལྟུང་རྙོགས་མ་བགྲུངས་ནས་ཀྱང༌། །དག་གཙང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཉི་ཟླ་ལྟར་གསལ་པདྨ་ལྟར་བཞད་པའི། །
འཕགས་པའི་ཞལ་བཟང་ལྟ་བར་འཚལ་ལགས་ཀྱང༌། །ཐོགས་མ་མེད་ནས་མ་རིག་ལིང་ཐོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས། །སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟོད་པ། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུངས་པའི་སྨྲེ་སྔགས་འདི་འདོན་ཅིང༌། །ཉམ་ཐག་ཕོངས་པའི་ང་རོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ནམ་ཞིག་འཆི་འཕོ་ལུས་སེམས་བརྗེ་བའི་ཚེ། །གཉེན་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་བསྟོངས་ཏེ། །ལས་ཀྱི་དབང་གིས་བདག་རང་གཅིག་པུར་ཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱོད་ཀྱིས་འཁོར་བར་བདག་གཏོང་ངམ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལམ་ལོག་པས། །ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །སྔོན་ཆད་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང༌། །ཁམས་གསུམ་བགྲང་ཞིང་སྐྱེ་བ་མང་བརྒྱུད་ཀྱང༌། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ། །སྐྱེ་བ་གཅིག་ཅིག་ཁོ་ན་ཙམ་གྱིས་ལས། །བླ་མེད་བྱང་ཆུབ་དོན་དུ་རབ་འབད་ན། །དེ་ཙམ་བྱས་པའི་ལས་ལའང་དོན་རེ་ཡོད། །ལས་ནི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོས་སྲིད་པའི་བཙོན་རྭར་ཚུད། །མི་བཟོད་སྡུག་བསྔལ་དྲག་པོ་འདི་མྱོང་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༌། །
བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཐུགས་རྗེ་ཆེན་པོས་ངན་སོང་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་ནི་བཟློག་ཏུ་གསོལ། །ཉོན་མོངས་ལས་ཀྱི་རླུང་ནི་དབང་བཙན་ནས། །མ་རིག་མུན་པའི་གླིང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཅན་ཁྱོད་ཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐུགས་རྗེ་ཐབས་མཁས་སྨན་གྱིས་མི་གསོ་འམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན། །ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །སྡུག་བསྔལ་དྲག་པོའི་ལས་དབང་མེ་འབར་ན། །ཐུགས་རྗེའི་བསིལ་བུ་ཆུ་རྒྱུན་མི་འབེབས་སམ། །སྡུག་བསྔལ་ཆེན་པོས་མནར་རོ་ར་མདའ་མཛོད། །རེ་སས་སླུ་བར་མ་མཛད་མཐུ་སྟོབས་ཅན། །གང་ལ་གང་འདུལ་འགྲོ་བའི་དོན་མཛད་པར། །ཞལ་བཞེས་མང་པོའི་དམ་བཅའ་མ་མཛད་དམ། །མཐོང་ཐོས་དྲན་རེག་འབྱུང་བར་མ་གསུངས་སམ། །སྙིགས་མའི་དུས་ཀྱི་ངན་སྤྱོད་མ་གཟིགས་སམ། །ངན་སོང་རྒྱུ་འབྲས་སྒྲུབ་པར་མ་གཟིགས་སམ། །སྡུག་བསྔལ་འབའ་ཀློང་འཁྲུགས་པ་མ་མཁྱེན་ནམ། །ནུས་མཐུ་དཔག་མེད་མངའ་བ་མ་ལགས་སམ། །བྱམས་མགོན་འགྲོ་དོན་མཛད་པར་འཕྱིས་པ་ཙམ། །ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ། །འཕགས་པ་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་རང་སོར་བཞག་ན་ནི། །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །ཐུགས་རྗེས་འགྲོ་རྣམས་སྒྲོལ་བར་ཞལ་བཞེས་པའི། །དམ་བཅས་དོན་དེ་དེ་རིང་དགོངས་སུ་གསོལ། །འཕགས་མཆོག་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡལ་ཡོལ་
ལེ་ལོ་བཏང་སྙོམས་མ་མཛད་པར། །སྙིང་ནས་གཟིགས་ཤིང་ཐུགས་རྗེ་རྒྱལ་བའི་ལྷ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །ཞེས་པ་འདི་ནི་སློབ་དཔོན་ཟླ་བ་གྲགས་པས་འཕགས་པ་སྤྱན་རས་གཟིགས་ལ་སྨྲེ་སྔགས་ཀྱིས་གསོལ་བ་ཅུང་ཟད་ཁ་སྤོས་ཏེ་བཤགས་པའི་ཚིག་དང་སྤེལ་བའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བའི་དབང་དུ་བྱས་ན། བྱིན་རླབས་ཐུགས་རྗེའི་སོགས་ཐོག་མའི་ཤློ་ཀ་འདྲ་བ་ལ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ལྟར་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །ཞེས་པ་མན་ཆད་གོང་དང་འདྲ་ཞིང་ཚིག་རིས་འདི་ལྟ་བུ་ནི་སྔ་འགྱུར་སྒྱུ་འཕྲུལ་བཤགས་པའི་རྒྱུད་ལས་ཀྱང་བྱུང་ངོ༌། །འདི་དག་ནི་དེ་བཞིན་གཤེགས་པའི་མཎྜལ་དང༌། སོ་སོའི་སྦྱིན་སྲེག་ཁོ་བོས་བྱས་པའི་དཀྱུས་སུ་འཇུག་རྒྱུ་ཡིན་ལ། གལ་ཏེ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྲེག་བླུགས་ལ་སྦྱར་བར་མོས་ན། ཐུགས་རྗེ་ཆེན་པོ་བཅོམ་ལྡན་ཧེ་རུ་ཀ །དྲི་མེད་དབང་སྔོན་ལྷུན་པོའི་སྐུ་མཆོག་ལ། །ཡེ་ཤེས་མེ་ཡིས་འཁྱུད་པའི་གཟི་བྱིན་ནི། །ཞེས་ཚིག་རྐང་གསུམ་བརྗེ་བ་ཙམ་ནི་ཁྱད་པར་རོ། །གསུམ་པོ་གང་ལའང་ཚང་མ་གདོན་པར་མ་ལྕོགས་ན། དག་གཙང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། ཞེས་པ་ཡན་ཆད་ཀྱིས་འཐུས་པ་ཡོད་དོ། །འདི་ནི་སྡིག་ལྟུང་ཁུར་ཆེན་གྱིས་ནོན་ཀྱང་དགེ་སྦྱོང་ལྟར་འཆོས་པ་ཝཱ་གིནྡྲ་སུ་སིདྡྷི་རང་ཉིད་ཀྱི་ཁ་ཏོན་དུ་བྲིས་པ་འདིས་གཞན་ལའང་ཕན་ཐོགས་པར་གྱུར་ཅིག། །།
སྔགས་ཀྱི་ལྟུང་བ་ཕྱིར་བཅོས་པའི་ཐབས་ཉེར་ལྔ་གསལ་བར་བཀོད་པ་ནོར་བུ་ཀེ་ཏ་ཀའི་ཕྲེང་བ།
སྔགས་ཀྱི་ལྟུང་བ་ཕྱིར་བཅོས་པའི་ཐབས་ཉེར་ལྔ་གསལ་བར་བཀོད་པ་ནོར་བུ་ཀེ་ཏ་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བཛྲ་སཏྭཱ་ཡ། གཙང་བྱེད་དུས་མཐའི་ཞུགས་དང་མཐོ་རིས་ཀྱི། །ཆུ་ཀླུང་རྒྱུན་གྱིས་འདག་པར་མི་ནུས་པ། །ཟབ་མོའི་ཐབས་ཀྱིས་རྣམ་པར་དག་པའི་ལམ། །གསལ་མཛད་ཆོས་ཀུན་དབང་ཕྱུག་དེ་ལ་འདུད། །རྒྱུད་དང་གཞུང་ལུགས་མན་ངག་གི །གདམས་པའི་བདུད་རྩིས་གསང་སྔགས་ཀྱི། །ལྟུང་བ་ཕྱིར་བཅོས་སྒོར་ཉེར་ལྔ། །ཉམས་སུ་བླང་བདེར་འདིར་དགོད་བྱ། །གང་ཞིག་དལ་འབྱོར་གྱི་རྟེན་བཟང་ཐོབ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་སྐབས་འདིར་གཏན་བདེའི་དོན་ཞིག་ངེས་པར་འགྲུབ་དགོས། དེ་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས་ཀྱི་ནང་ནས་བླ་ན་མེད་ཅིང་ཕུལ་དུ་གྱུར་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ཏེ་གསང་སྔགས་ཀྱི་ཐེག་པ་འདི་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་འབྱོན་དཀའ་བ་ཨུ་དུམྦཱ་རའི་མེ་ཏོག་ལས་ཀྱང་ཆེས་དཀོན་པར་གསུངས་ཀྱང༌། ཐུབ་པའི་དབང་པོ་ཉིད་རྒྱལ་བ་ཀུན་ལས་ཀྱང་རྩོད་དུས་ཀྱི་གདུལ་བྱ་འདུལ་བའི་ཐུགས་བསྐྱེད་ཁྱད་པར་འཕགས་པའི་དབང་གིས་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉེ་ལམ་རྡོ་རྗེ་ཐེག་པའི་བསྟན་པ་སྣང་བར་གྱུར་པས་འདིའི་སྒོར་ཞུགས་པ་ནི་དོན་ཆེན་པོ་དང་ལྡན་པ་སྟེ། དབང་རབ་བརྩོན་
འགྲུས་དང་ལྡན་པ་རྣམས་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་དང༌། འབྲིང་པོ་རྣམས་སྐྱེ་བ་བདུན་ནས་མཆོག་འགྲུབ་པ་དང༌། ཐ་མ་རྣམས་ཀྱང་ཐེག་པ་འདིའི་སྒོར་ཞུགས་ནས་དད་པ་བརྟན་ཅིང་དམ་ཚིག་མ་ཉམས་ན་སྐྱེ་བ་བཅུ་དྲུག་གི་མཐར་འབྲས་བུ་འགྲུབ་པ་རྡོ་རྗེ་འཆང་གི་བཀའ་ཚད་མར་གྱུར་པ་དེ་དག་ལ་ཡིད་ཆེས་ཤིང་སྐལ་བ་དང་ལྡན་པ་རྣམས་ནི་ཐེག་པ་འདིའི་སྒོར་ཞུགས་པར་བྱ་བ་ཡིན་ནོ། །དེ་ལས་ཐོག་མར་མཚན་ཉིད་དང་ལྡན་པའི་བླ་མ་བརྟགས་ནས་ཚོལ། སློབ་མའང་མཚན་ཉིད་ལྡན་པས་ཚུལ་བཞིན་མཉེས་པར་བྱས་ལ་བསྟེན། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཐོབ་ནས་གཞིའམ་རྩ་བར་གྱུར་པ་དམ་ཚིག་ཕྲ་རགས་ཉམས་པ་མེད་པར་སྲོག་བཞིན་དུ་བསྲུང༌། གལ་ཏེ་ཉམས་ཆག་ཏུ་ཤོར་ན་དེ་མ་ཐག་ཏུ་ཕྱིར་བཅོས་པའི་ཐབས་ལ་འབད། སྙོམ་ལས་དང་ལེ་ལོའི་དབང་དུ་མི་བཏང་བར་ལམ་བསྒོམ་པ་ལ་བརྩོན་འགྲུས་བརྩམས་ན་སྐལ་བ་དང་འཚམས་པའི་འབྲས་བུ་ཐོབ་པ་ནི་འཕགས་བོད་དུ་སྔོན་བྱུང་བའི་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལས་ཤེས་པར་ནུས་སོ། །དེས་ན་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་རྣམས་སྙིང་པོ་རྒྱན་ལས། གྲུབ་པའི་རྩ་བ་མཆོག་གཅིག་པུ། །བླ་མ་བསྟེན་བྱ་དང་པོར་བཤད། །ཅེས་དང༌། གང་ཕྱིར་རྡོ་རྗེ་
འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །ཞེས་འབྱུང་བ་སློབ་དཔོན་ཉིད་དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་དབང་ཕྱུག་ཡིན་པས་མཉེས་པ་དགུ་ཕྲུགས་ཀྱི་སྒོ་ནས་བསྙེན། དབང་བསྐུར་གྱི་རྒྱུད་སྨིན་པར་མ་བྱས་ན་རྒྱུད་དང་མན་ངག་ཉན་པའི་སྣོད་དུ་མི་རུང་ཞིང་གལ་ཏེ་ཉན་ནས་སྒོམ་ལོ་བྱས་ཀྱང་ཉེས་དམིགས་ཆེན་པོར་འགྱུར་ཏེ། དུས་འཁོར་རྩ་རྒྱུད་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང༌། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང༌། །དམྱལ་བར་འགྱུར་གྱི་གྲོལ་བ་མིན། །ཅེས་དང༌། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མེད་བཞིན། །ཅེས་སོགས་འབྱུང་ཞིང༌། རྡོ་རྗེ་འཆང་གིས་གསུངས་པའི་དབང་བསྐུར་ཆོ་ག་རྣམ་པར་དག་པས་རྒྱུད་སྨིན་པར་བྱས་ན། རྒྱུད་དང་དགོངས་འགྲེལ་ཉན་པ་ལ་དབང་བ་དང༌། རིམ་གཉིས་སྒོམ་པའི་སྣོད་རུང་དུ་འགྱུར་བ་དང༌། སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་རྣམ་གཉིས་འགྲུབ་པའི་སྣོད་ལྡན་དུ་འགྱུར་བ་སོགས་དགོས་པ་དང་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། བཤད་རྒྱུད་རྡོར་ཕྲེང་ལས། དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་འཐོབ། །ང་ཡིས་ཇི་བཞིན་དོན་བཤད་དེ། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་དཔོན་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ནི། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་རུང༌། །ཞེས་དང༌། སློབ་དཔོན་ནག་པོ་པས། དབང་བསྐུར་འདི་དག་ཐོབ་ནས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །མཚམས་མེད་པ་དང་སྡིག་ཅན་ཀྱང༌། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །མངོན་པར་ཞུགས་པ་ཙམ་གྱིས་ནི། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཅེས་སོགས་རྒྱ་ཆེར་འབྱུང་བ་ལྟར་རོ། །དབང་གི་སྲོག་རྩ་ནི་དམ་ཚིག་ཡིན་པས་དམ་ཚིག་བསྲུང་བ་ལ་ནན་ཏན་བྱ་དགོས་ཏེ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་བཏང་ཡང་བླ། །འཆི་བའི་དུས་ལས་བབ་ཀྱང་བླའི། །རྟག་ཏུ་དམ་
ཚིག་བསྲུང་བར་བྱ། །ཞེས་སོ། །དམ་ཚིག་ཚུལ་བཞིན་བསྲུངས་པའི་ཕན་ཡོན་ནི། བི་བྷཱུ་ཏི་ཙནྡྲས་སྡོམ་གསུམ་འོད་ཕྲེང་དུ། རིག་འཛིན་སྡོམ་པའི་ཕན་ཡོན་ནི། །གནས་སྐབས་ཀུན་མཁྱེན་བདེ་ལོངས་སྤྱོད། །གལ་ཏེ་སྒོམ་པ་དང་བཅས་ན། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་རྒྱུད་རྣམས་ཀྱི་དགོངས་པ་བསྡུས་ནས་གསུངས། དམ་ཚིག་བསྲུངས་ན་དངོས་གྲུབ་མྱུར་བའི་འབེལ་ཡང་རྒྱལ་བ་རྣམས་ཀྱི་ཚུལ་ཁྲིམས་ལ་གནས་པས་རྒྱལ་བ་དགྱེས་པའི་བྱིན་རླབས་འཇུག་པས་ཏེ། དམ་ཚིག་སྡོམ་པ་འདི་དག་ཀུན། །ཚུལ་བཞིན་བསྲུངས་དང་བསྒྲུབ་པ་ཡིས། །རྒྱལ་བ་ཐམས་ཅད་མཉེས་གྱུར་ནས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །གཞན་ཡང་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དང་དགོས་པ་ཚད་མེད་པ་རྒྱུད་སྡེ་ཀུན་ཏུ་གསལ་བར་གསུངས་ཤིང༌། དམ་ཚིག་བསྲུངས་ན་ཕན་ཡོན་དེ་དག་ལས་ཟློག་པའི་ཉེས་པ་ཆེན་པོ་སྐྱེད་པར་འགྱུར་ཏེ། དམ་ཚིག་བསྡུས་པ་ལས། དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ཐོབ་ལ་དམ་ཚིག་གི་སྡོམ་པ་ནོས་ནས་ཕྱིས་མ་བསྲུངས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་འབྱུང་ལ་མི་འདོད་པ་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །ཞེས་དང༌། གཞན་ཡང་རྩ་བའི་དམ་ཚིག་ཉམས་ན་ཤིང་ཆེན་པོ་རྩ་བ་ཚིག་པའམ། སྐམས་པའམ། བཅད་པ་དང་འདྲ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་མེད་པར་འགྱུར་རོ། །སྦོམ་པོའི་ཉེས་པ་ནི་ཤིང་ཆེན་པོའི་སྡོང་པོ་དང་འདྲ་སྟེ། འཇིག་རྟེན་གྱི་དངོས་གྲུབ་བརྒྱད་མི་འབྱུང་ངོ༌། །ཡན་ལག་གི་ལྟུང་བ་ནི་ཤིང་གི་ཡལ་ག་དང་འདྲ་བས་ཕྲིན་ལས་བཞིའི་དངོས་གྲུབ་ཀྱི་བར་དུ་གཅོད་དོ། །ཞེས་འབྱུང་བ་དང༌། དམ་ཚིག་ཉམས་པས་དངོས་གྲུབ་མི་འཐོབ་པར་མ་ཟད། ཉམས་པའི་ཆད་པས་འཇིག་རྟེན་འདིར་ཚེ་ཐུང་བ་དང་ནད་མང་བ་སོགས་མི་འདོད་པ་སྣ་ཚོགས་འབྱུང་ཞིང༌། ཡོན་ཏན་འགྲིབ་པ་དང༌། ཚེ་བརྗེས་ནས་
ནི་དམྱལ་བ་ཆེན་པོ་མི་བཟད་པ་རྣམས་སུ་སྡུག་བསྔལ་བརྣག་དཀའ་བ། དུས་རྒྱུན་རིང་བ། ཐར་པའི་སྐབས་མེད་པ་ལྟ་བུ་དག་མྱངས་ནས་ཅི་ཞིག་ལྟར་དེ་ལས་ཐར་ན་ཡང་འགྲོ་བ་ངན་པ་རྣམས་སུ་འཁོར་ཞིང་འཁྱམས་པར་འགྱུར་ཏེ། དོན་དེ་དག་ཀྱང་དཔལ་ཡེ་ཤེས་གྲུབ་པ་ལ། དམ་ཚིག་ཉམས་པ་སྡུག་བསྔལ་ཏེ། །ལུས་དང་དེ་བཞིན་ཡིད་དང་ནི། །དེ་ཡི་ཡོན་ཏན་ཉམས་འགྱུར་ཞིང༌། །མྱུར་བ་ཉིད་དུ་འཆི་བར་འགྱུར། །ཤི་ནས་དམྱལ་བའི་སྡུག་བསྔལ་ནི། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུ། །མྱངས་ནས་གནས་ལས་འཕོ་འགྱུར་བས། །གདོལ་པའམ་དམན་པའི་རིགས་སུ་སྐྱེ། །ལྐུགས་པའམ་ཡང་ན་འོན་པར་སྐྱེ། །ཞེས་གསུངས་ཤིང་དམྱལ་བའང་སྔགས་ཀྱི་རྩ་བའི་དམ་ཚིགས་ཉམས་ནས་ཕྱིར་བཅོས་ཀྱིས་སོར་མ་ཆུད་ན་རྡོ་རྗེ་དམྱལ་བ་མནར་མེད་པར་སྐྱེས་ནས་ཐར་པའི་དུས་མེད་པར་གསུངས་སོ། །དེས་ན་ལྟ་བའི་ཚུལ་སྤྲོས་དང་བྲལ་བར་རྟོགས་པ་དང༌། ལམ་བསྐྱེད་རིམ་དང་རྫོགས་རིམ་གྱི་ཏིང་ངེ་འཛིན་ལ་རིམ་གྱིས་འཇུག་པ་དང༌། དམ་ཚིག་རྣམས་མི་ཉམས་པ་ཉེ་བར་བསྟེན་པ་དང༌། རིམ་གྱིས་འཇུག་པས་སྤྱོད་པའི་ཚུལ་ཤེས་པ་རྣམས་ནི་རྡོ་རྗེ་ཐེག་པའི་གསང་བ་ལས་འབྲས་བུ་མཆོག་སྦྱོར་བར་བྱེད་པར་གསུངས་སོ། །དམ་ཚིག་མདོར་བསྡུ་ན་བསྲུང་བྱ་དང་བསྒྲུབ་བྱ་གཉིས་སུ་འདུ། དེའང་རྒྱུད་སྡེ་བཞི་ལས་སོ་སོའི་དམ་ཚིག་གི་རྣམ་དབྱེ་རྒྱས་པར་གསུངས་པ་རྣམས་ཡིན་ལ། སྲུང་བའི་ཚུལ་ལ་འཕགས་པ་ཐོགས་མེད་ཀྱིས་མི་ཤེས་པ་དང༌། མ་གུས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་སྟེ་ལྟུང་བ་འབྱུང་བའི་སྒོ་བཞི་གསུངས་པ་ཉིད་འགོག་དགོས་ཏེ་ལྟུང་བ་ལས་སེམས་སྲུང་བའི་ཐབས་ཀྱི་རྩ་བ་རྣམས་སོ། །དེ་ལ་ལྟུང་བ་འབྱུང་མི་འབྱུང་གི་བཅས་མཚམས་དང་ལྕི་ཡང་གི་ཁྱད་པར་སོགས་མ་ཤེས་ན། མི་ཤེས་པ་དེ་ལྟུང་བ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལེགས་པར་བསླབས་ནས་ཤེས་པར་བྱ། ཤེས་ཀྱང་ལྟུང་བ་ལ་ཇི་མི་སྙམ་དུ་ཡལ་བར་
འདོར་བ་ནི་ལོག་པའི་ང་རྒྱལ་ཡིན་པས་དུས་རྟག་ཏུ་ཕན་ཡོན་དང་ཉེས་དམིགས་དྲན་པར་བྱས་ལ་ལྟུང་བ་ཕྲ་མོའང་སྲོག་བཞིན་དུ་བསྲུང༌། ངའོ་སྙམ་པའི་ང་རྒྱལ་སོགས་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱིས་རྒྱུད་དང་དཀྲུགས་ནས་དེའི་དབང་དུ་ཤོར་ཏེ་ལྟུང་བ་བྱུང་བ་ནི་ཉོན་མོངས་པ་མང་བའི་དབང་ལས་བྱུང་བས་དེ་དག་སྐྱེས་རིམ་ནས་ངོས་ཟིན་པར་བྱས་ལ་བསྲུང༌། བག་མེད་པ་ནི་དྲན་ཤེས་དང་ལྡན་པས་བག་ཆགས་ངན་གོམས་ཀྱི་རྗེས་སུ་འབྲང་བ་སྟེ་སྤྱོད་ལམ་ཀུན་ཏུ་དྲན་པ་དང་ཤེས་བཞིན་མ་བྲལ་བར་གནས་པར་བྱ་སྟེ། སྙིང་པོ་རྒྱན་ལས། མདོར་ན་ལུས་ངག་སྤྱོད་པ་ཀུན། །རབ་ཏུ་བསྒྲིམས་དང་ལྡན་པ་ཡིས། །གཉེན་པོ་སྡོམ་པ་ལ་སེམས་ཤིང༌། །མཆོད་སོགས་རྣལ་འབྱོར་ཚུལ་ལྡན་ན། །ཉེས་པ་ཀུན་དང་རྣམ་འབྲལ་ཞིང༌། །དཔའ་བོས་ལམ་ནི་རྫོགས་པར་བྱེད། །ཅེས་དང༌། རྟག་ཏུ་བག་མེད་པར་གནས་ན། །ཉེས་པ་ཆུང་དུ་ཕྲ་མོ་ཡང༌། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །དེ་ཡི་དབང་གིས་སྡུག་བསྔལ་དང༌། །འཚེ་བ་དག་ནི་འབྱུང་འགྱུར་ཞིང༌། །ལམ་ལས་ཉམས་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་ལྟུང་བས་མ་གོས་པ་ནི་མཆོག་ཡིན་ཀྱང་སོ་སོ་སྐྱེ་བོས་རྡོ་རྗེ་ཐེག་པའི་དམ་ཚིག་ཚུལ་བཞིན་བསྲུང་ནུས་པ་ཤིན་ཏུ་དཀའ་བས་ལྟུང་བས་གོས་ཀྱང་ཕྱིར་བཅོས་པ་ལ་འབད་པ་གལ་ཆེ་སྟེ། མདོ་ལས་ཀྱང༌། ལྟུང་བས་གཞི་ནས་མ་གོས་པ་དང༌། གོས་ཀྱང་ཕྱིར་བཅོས་པ་ལ་འབད་པ་ལ་སྐྱེས་བུ་དམ་པ་གཉིས་ཞེས་བསྔགས་པའི་ཕྱིར་རོ། །ཕྱིར་བཅོས་པའི་ཚུལ་ལ་རྒྱུད་ལས་གསུངས་པ་དང༌། གཞུང་ལ་བརྟེན་པ་དང༌། མན་ངག་གི་རྗེས་སུ་འབྲངས་པ་གསུམ་ལས་དང་པོ་རྒྱུད་ཀྱི་ཁུངས་ནི། དུས་འཁོར་བསྡུས་རྒྱུད་དབང་གི་ལེའུ་ལས། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་
པ་མེད། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། །ཞེས་སོ། །དེ་བཞིན་དུ་གཤིན་རྗེ་གཤེད་ཀྱི་རྒྱུད་ལས་ཀྱང༌། གལ་ཏེ་བག་མེད་གྱུར་པ་ཡིས། །བླ་མའི་དམ་ཚིག་ལས་ཉམས་ན། །དེས་ནི་དཀྱིལ་འཁོར་བྲིས་བྱས་ལ། །བདེ་གཤེགས་རྣམས་ལ་ཉེས་པ་བཤགས། །སྙིང་རྗེ་ཅན་གྱིས་མི་བརྟག་པར། །དད་པས་བླ་མའི་དམ་ཚིག་བསྲུང༌། །ཉེས་བ་མ་ལུས་སྤང་སེམས་ཀྱིས། །བསམ་གཏན་ལ་སེམས་བཟླས་མཆོག་གཞོལ། །ཞེས་དང༌། གསང་བ་སྤྱི་རྒྱུད་ལེགས་གྲུབ་ཀྱི་གྲུབ་པའི་སྤྱོད་པ་བསྟན་པའི་སྐབས་སུའང་རྒྱས་པར་བསྟན་པ་ལྟར་རོ། །གཉིས་པ་གཞུང་ནི། རྩ་ལྟུང་གི་གཞུང་ལས། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ལ། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །ཞེས་དང༌། བླ་མ་ལྔ་བཅུ་པར། བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །ཞེས་དང༌། གཞན་ཡང་རྡོ་རྗེ་ཕྲེང་བ་དང་ཀོ་ས་ལའི་རྒྱན་སོགས་མཁས་གྲུབ་ཀྱི་སློབ་དཔོན་རྣམས་ཀྱི་གཞུང་ལས་རྒྱ་ཆེར་བྱུང་བ་ལྟར་རོ། །འདིར་བཤད་པར་བྱ་བ་ནི། མན་ངག་གི་རྗེས་སུ་འབྲང་བ་སྟེ། སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་ལྟུང་བ་རྣམ་པར་དག་པའི་མན་ངག་གཟབ་ཅིང་རྒྱ་ཆེ་བ་ཕྱོགས་གཅིག་ཏུ་བསྡེབས་ཏེ་བཀོད་པའི་གཞུང་སྙིང་པོ་རྒྱན་ལས་འབྱུང་བ་ལྟར་དགོད་པ་ལ་གཉིས། རྩ་བ་སྤྱིར་བསྟན། ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྙིང་པོ་རྒྱན་ལས། གྲུབ་པའི་རྩ་བ་མཆོག་གཅིག་པུ། །བླ་མ་བསྟེན་བྱ་དང་པོར་བཤད། །ཅེས་གསུངས་ཏེ། གསང་སྔགས་རྡོ་རྗེ་
ཐེག་པའི་ལམ་དུ་ཞུགས་ཤིང་དངོས་གྲུབ་ཐོབ་པའི་རྩ་བ་ནི་བླ་མ་ཁོ་ན་ལ་རག་ལས་ཤིང༌། དཀོན་མཆོག་གསུམ་གྱི་བྱེད་པ་པོའི་ཁྱབ་བདག་རྡོ་རྗེ་སློབ་དཔོན་ཉིད་ཡིན་པར་སྡོམ་འབྱུང་གི་རྒྱུད་ལས་གསུངས་ཤིང༌། རྡོ་རྗེ་རྩེ་མོར་ཡང༌། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོགས་མང་དུ་འབྱུང་ངོ༌། །དེའི་དམ་ཚིག་ལ་གནས་ན་དམ་ཚིག་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་སྟེ། སློབ་དཔོན་བསོད་སྙོམས་པས་སྙིང་པོ་བསྡུས་པ་ལས། ཀུན་གྱི་གཙོ་བོ་སློབ་དཔོན་པས། །འདི་ལ་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །དབང་བསྐུར་སློབ་དཔོན་མིག་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །དེ་བས་སློབ་དཔོན་མཆོག་ཡིན་པས། །སོགས་གསུངས་པ་ལྟར། འདི་ལ་དམ་ཚིག་མ་ཉམས་ན་ལྟུང་བ་གཞན་ཅི་བྱུང་ཡང་རྡོ་རྗེ་འཛིན་པ་ཞེས་པའི་མིང་འཐོབ་ཀྱི་གཞན་དུ་མ་ཡིན་པ་ནི། དཔེར་ན། རྩ་བའི་བྱང་ཆུབ་ཀྱི་སེམས་མི་འདོར་ན་ལྟུང་བ་གཞན་ཅི་བྱུང་ཡང་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་འཐོབ་པ་དང༌། དགེ་སློང་ལ་ཕམ་པར་འགྱུར་བའི་ཆོས་ཀྱི་མ་གོས་ན། དགེ་འདུན་ལྷག་མ་མན་ཆད་གང་གིས་གོས་ཀྱང་དགེ་སློང་ཉིད་དུ་གནས་པ་བཞིན་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་རྒྱན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ནི་ནན་ཏན་དང་བྲལ་བས་ཆག་པར་གྱུར་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང༌། འཁོར་བའི་དབུལ་བ་ཐམས་ཅད་རྣམ་པར་བཟློག་གོ །ཞེས་གསུངས་པས་མཚོན་ཏེ་སྔགས་པའང་བླ་མའི་དམ་ཚིག་གི་སྡོམ་པ་ལ་གནས་ན་གཞན་ཉམས་ཀྱང་རྡོ་རྗེ་འཛིན་པའི་མིང་མི་འདོར་ལ། དམ་ཚིག་ཐམས་ཅད་ཀྱི་ནང་ནས་ཀྱང་འདི་ཁོ་ན་གཙོ་བོར་གསུངས་ཤིང༌།
འདི་ཉམས་ན་དམ་ཚིག་གཞན་ཐམས་ཅད་ཀྱིས་དགོས་པ་སྒྲུབ་མི་ནུས་པར་འགྱུར་བས་འབད་པ་ཐམས་ཅད་ཀྱིས་ཐོག་མར་བླ་མའི་དམ་ཚིག་བསྲུང་བ་ལ་བརྩོན་ཅིང་ལས་དང་ཉོན་མོངས་པ་ཤུགས་དྲག་པས་འགལ་ཉམས་སུ་གྱུར་ན་དེ་མ་ཐག་ཏུ་དྲན་ཤེས་བརྟན་པོས་ཟིན་པར་བྱས་ལ་སྐོང་བའི་ཐབས་ལ་འབད་དགོས་ཏེ། དེའང་དམ་ཚིག་པ་བསྡུས་པ་ལས་དགེ་བའི་ལས་ཀྱི་སྐོང་བ། རྫས་ཀྱིས་སྐོང་བ། དོན་གྱིས་སྐོང་བ། ཏིང་ངེ་འཛིན་གྱིས་སྐོང་བ། གསང་བའི་ཐབས་ཀྱིས་སྐོང་བ་ལྔར་བཤད་པའི་དང་པོ་ནི། སཱཙྪ་གདབ་པ། རྟེན་གསུམ་བཞེངས་པ། ལོངས་སྤྱོད་བདོག་པ་ཡོད་དགུ་ཕུལ་བ་སོགས་པའོ། །གཉིས་པ་ནི། སློབ་དཔོན་བཞུགས་ན་སྤྱན་དྲངས། མི་བཞུགས་ན་དེའི་ཐུགས་ཟིན་དང་དེ་དང་མཉམ་པའི་སློབ་དཔོན་མང་པོ་སྤྱན་དྲངས་ནས། རིན་པོ་ཆེ་དང་རྫས་ཁྱད་པར་ཅན་ཕུལ་ནས་ཉེས་པ་བཤགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་རྫས་དེ་དག་གིས་སླར་བླུ་བའི་ཚུལ་དུ་བླ་མ་ལས་དམ་ཚིག་བླུ་བར་བྱའོ། །གསུམ་པ་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་རྣམ་པར་དག་པར་བསྒོམ་པ་དང༌། ཆོས་ཟབ་མོ་ཉན་པ་དང༌། བསམ་པ་དང༌། ཀློག་པ་དང༌། ཁ་ཏོན་བྱ་བ་དང༌། དེ་ལ་བརྟག་པ་དང༌། བྲི་བ་དང༌། གཞན་ལ་སྦྱིན་པར་བྱའོ། །བཞི་པ་ནི། སྡིག་པ་བཀྲུ་བ་དང༌། སྡིག་པ་བསྲེག་པ་དང༌། སྡིག་པ་གཏོར་བ་དང༌། དམ་ཚིག་རྡོ་རྗེ་བསྒོམས་ནས་དེའི་ཏིང་ངེ་འཛིན་གྱིས་བསྐང་བའོ། །ལྔ་པ་ནི། བླ་མ་ལ་རྫས་དང་རང་གི་ཆུང་མ་ཕུལ་ཏེ། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། བཞི་པའི་དབང་ཞུ་བར་བྱའོ། །གཞན་ཡང་ཡི་དམ་ལྷའི་ཏིང་ངེ་འཛིན་དང་བཟླས་པས་ཤིན་ཏུ་བསྐང་ངོ༌། །ཁྱད་པར་དུ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་བསྐང་དུ་མི་བཏུབ་པ་ཡང་བསྐང་བར་བྱ་བར་གསུངས་སོ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་སོ་སོར་སྐོང་ཚུལ་སོགས་གཞན་ལས་རྒྱས་པར་འབྱུང་བ་ལྟར་རོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། དགོས་པ་དང་འབྲེལ་བའི་
དམ་བཅའ། དེའི་དོན་རྒྱས་པར་བཀྲོལ་བ་གཉིས་ལས་དང་པོ་ནི། ཉོན་མོངས་པས་ནི་ཟིལ་ནོན་ཏེ། །གལ་ཏེ་དམ་ཚིག་ལས་འདས་ན། །སྡུག་བསྔལ་མང་པོ་སྐྱེ་འགྱུར་ཏེ། །དེ་བས་དག་པའི་ལས་རྣམས་སྤྱད། །ཅེས་གསུངས་ཏེ་གང་ཞིག་རྡོ་རྗེ་དམ་ཚིག་བླངས་སུ་ཟིན་ཀྱང་ཉོན་མོངས་པ་ལ་སོགས་པར་དབང་གིས་དམ་ཚིག་ཉམས་ན་འདི་ཕྱི་ཀུན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་མི་བཟད་པ་སྐྱེད་པར་འགྱུར་བས་ཉམས་པ་སོར་ཆུད་ཅིང་སྐོང་བར་འགྱུར་བའི་དགེ་བའི་ལས་འདི་རྣམས་སྤྱད་པར་བྱའོ། །ཞེས་པའོ། །འདིར་ཁ་ཅིག་དམ་ཚིག་ཉམས་པར་ངེས་པ་ལ་ཚེ་འདིར་ཕུན་སུམ་ཚོགས་པ་མ་ཉམས་པ་འདྲ་བ་དང༌། དམ་ཚིག་མ་ཉམས་པ་འགའ་ཞིག་མི་འདོད་པས་མནར་བ་ལྟ་བུའང་ཡོད་མོད། དེ་དག་གི་དོན་ནི་དམ་ཚིག་བསྡུས་པ་ལས། གལ་ཏེ་དམ་ཚིག་མ་བསྲུངས་ཀྱང་བཀྲ་ཤིས་པ་འདྲ་ན་ཡང་འཕྲལ་ཏུ་ཚེ་ལ་གནོད་པ་མེད་ཀྱང་དེ་ཉིད་ཆད་པ་ཆེན་པོ་འབྱུང་བའི་རྟགས་ཡིན་ཏེ། དཔེར་ན་རྒྱལ་པོའི་བཀའི་ཆད་པ་ཆེན་པོ་བྱུང་ན། དེ་ལ་ཟན་དང་ཆང་མང་པོ་བླུད་ནས་བཟི་བར་བྱས་ནས་ཕྱིས་གསོད་དོ། །ཡང་ཁ་ཅིག་དམ་ཚིག་ལེགས་པར་བསྲུངས་པ་ལས་སྡུག་བསྔལ་དང་བར་ཆད་མང་བ་ལྟ་བུར་འདུག་ཀྱང༌། དེ་ཚེ་རབས་སྔ་མའི་ལས་ཀྱི་ལྷག་མ་ལུས་པ་ཡིན་པས་དེས་ནི་མྱུར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་སྔ་མ་དེ་དག་ནི་སྔོན་གྱི་དགེ་རྩ་ལྷག་མ་ཚེ་འདིར་བདེ་བ་ལྟར་སྣང་བ་དེས་མཐར་གཏུགས་ནས་ཕྱི་མར་ཐར་མེད་ཀྱི་དམྱལ་བ་ལྟུང་བའི་རྟགས་དང༌། ཕྱི་མ་ནི་དམ་ཚིག་ཚེ་འདིར་མ་ཉམས་ཀྱང་སྔོན་གྱི་ལས་ཟབ་མོའི་མཐུས་ཚེ་འདིར་བསླངས་ནས་ནད་སོགས་གནོད་པ་ཆུང་ངུས་སྔོན་གྱི་ལས་ངན་ཟད་པའམ། ཉམས་པ་བསྐངས་པས་ཕྱི་མའི་འབྲས་བུ་ཚེ་འདིར་སྨིན་ནས་སྐྱེ་བ་གཞན་དུ་བདེ་བར་འགྲོ་བའི་རྟགས་ཡིན་ཏེ། ཡུམ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་ཤིན་ཏུ་མནར་བར་འགྱུར་བའི་ཚུལ་དང༌། དེ་དག་
གི་སྡིག་པའི་ཕུང་པོ་ཐམས་ཅད་མགོ་དང་ཀླད་པ་ན་བ་ཙམ་གྱིས་བྱང་བར་འགྱུར་བ་སོགས་རྒྱ་ཆེར་གསུངས་པ་དང་ཚུལ་མཐུན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་རྣམ་གྲངས་ཉི་ཤུ་རྩ་ལྔ་ཡོད་པ་ལས་དང་པོ་ཚོགས་ཞིང་ལ་བཤགས་པ་ནི། ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོར་བདག་སེམས་སུན་ཕྱུང་སྟེ། །ཡུལ་བདུན་སྙན་གསན་ཕབ་ནས་ཀྱང༌། །གསུམ་བསླང་གསུམ་གྱི་སྦྱོར་བ་ལས། །སྡོམ་གསུམ་འགལ་བ་བཤགས་པ་དང༌། །བདེ་གཤེགས་ཀུན་གྱི་སྙིང་པོ་བཟླ། །ཞེས་གསུངས་ཏེ་རྩ་བ་དང་ཡན་ལག་གི་ལྟུང་བ་སོགས་ཉེས་པ་གང་བྱུང་ཡང་བཤགས་པའི་ཐབས་ནི། དེ་ལྟར་བྱང་བས་རང་ལ་འགྱོད་པ་དྲག་པོས་སེམས་སུན་ཕྱུང་བ་རྣམ་པར་སུན་འབྱིན་པའི་སྟོབས་སྔོན་དུ་འགྲོ་བ་ནི་བཤགས་པ་ཕྱི་མ་ཐམས་ཅད་ལའང་གལ་ཆེ། དེ་ནས་ཡུལ་བདུན་ལ་སྙན་གསན་ཕབ་ནས་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་པ། ཉེས་པ་ལུས་ངག་ཡིད་གསུམ་གྱི་སྦྱོར་བ་ལས་བྱུང་བ་སྡོམ་པ་གསུམ་གྱི་འགལ་བ་རྣམས་བཤགས་ཏེ། སླན་ཆད་མི་བྱེད་པའི་ཚུལ་གྱིས་སོ། །གཉེན་པོ་ཀུན་ཏུ་སྤྱོད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་བརྒྱ་པ་བཟླས་པས་བྱའོ། །དེ་ལ་ལག་ཏུ་བླང་བའི་རིམ་པ་ནི། གོང་མའི་མན་ངག་ལས། མདུན་གྱི་ནམ་མཁར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོའི་རྒྱལ་པོ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། དུས་གསུམ་གྱི་བླ་མ་རྣམས་ཡིད་ཀྱིས་སྤྱན་དྲངས། མཆོད་པའི་ཚིག་རྒྱས་བསྡུས་གང་ཡང་རུང་བས་མཆོད་ལ་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོའི་རྒྱལ་པོ་དང༌། དཔའ་བོ་དང་རྣལ་འབྱོར་མ་དང༌། བླ་མ་རྡོ་རྗེ་འཛིན་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་དེང་སང་ལ་ཐུག་གི་བར་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་ཀུན་ནས་བསླངས་ཏེ།
ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཉན་ཐོས་ཀྱི་འདུལ་བ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། དམ་པའི་ཆོས་སྤངས་པ་ལ་སོགས་པ་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་ཞིང༌། མཐོ་རིས་དང་ཐར་པའི་བགེགས་སུ་གྱུར་པའི་ཉེས་ཚོགས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་ཐམས་ཅད་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོའི་རྒྱལ་པོ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་བརྗོད་ཅིང༌། དེ་ནས། མགོན་པོ་ཁྱེད་རྣམས་ཀྱི་མདུན་དུ་བདག་ཉེས་པའི་ཚོགས་དེ་དག་ལས་ལྡང་ཞིང་ཚངས་པ་ཉིད་དུ་འཚལ་ན། མགོན་པོ་ཁྱེད་རྣམས་ཀྱིས་བདག་དག་པ་ཉིད་དུ་གཟུང་དུ་གསོལ། ཞེས་བརྗོད་དོ། །དེ་ནས་བདག་གི་ལུས་ངག་ཡིད་གསུམ་ལས་འོད་ཟེར་བྱུང་སྟེ། ཡུལ་བདུན་གྱི་སྐུ་གསུང་ཐུགས་ལ་རིམ་པ་བཞིན་དུ་ཐིམ་པས་མཉེས་པར་བསམ་ཞིང་དེ་དག་ལས་ཀྱང་འོད་བྱུང་བ་བདག་གི་ལུས་ངག་ཡིད་གསུམ་ལ་སླར་ཐིམ་པས་སྡིག་པའི་དྲི་མ་རྣམས་སྦྱངས་པར་བསམས་ལ་དམ་ཚིག་གསུམ་བཀོད་ཀྱི་རྒྱུ་ལས་གསུངས་པ་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་ཡི་གེ་བརྒྱ་པ་བཟླ་སྟེ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཔྟི། དྷརྨྨ་ཏཱ་བ་ལཱི་ནཱཾ། ཨཱྃ། ཨ་ས་མ། ས་མ། ས་མནྟ་ཨ་ནནྟཱ་བཱཔྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎཿ བི་ག་ཏ་རཱ་ག་བུདྡྷ་དྷརྨྨ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མཧཱ་བ་ར་ལཀྵེ་ཎེ། ཛྭ་ལ་ཛྭ་ལ་ན། སཱ་ག་རེ་སྭཱ་ཧཱ། ཞེས་དད་པའི་ཤུགས་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཤུགས་དང༌། རང་གི་དོན་འདོར་བའི་ཤུགས་བཙན་པར་བྱས་ཏེ་རྣམ་པར་མི་རྟོག་པར་བརྗོད་ན་གདོན་མི་ཟ་བར་ཚེ་འདི་ལས་བྱང་ཆུབ་སེམས་དཔའ་
མཐོང་བ་དང་ཅི་འདོད་པ་ཡང་འགྲུབ་པར་འགྱུར་རོ། །འདི་ཉིད་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པ་སྟོང་བཟླས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །གཉིས་པ་སྡིག་པ་དྲལ་བའི་སྔགས་རྒྱས་སྐོང་བ་ནི། དྲལ་བ་སྙིང་གར་ཕྱག་རྒྱ་སྔགས། །སྡིག་པ་ཐམས་ཅད་རྣམ་དག་བྱེད། །ཅེས་གསུངས་ཏེ། དེ་ནི་རྣལ་འབྱོར་རྒྱུད་ལས། གཟུགས་བརྙན་ལ་སོགས་པའི་སྦྱོར་བས་ཕྱག་རྒྱ་བཅིང་ཞེས་འབྱུང་བ་དེ་ཉིད་ལ་བཞེངས་པས་འདི་ལག་ཏུ་བླང་བ་ལ་གཉིས། གཟུགས་བརྙན་གྱི་སྦྱོར་བའི་ཆོ་ག་དང༌། སོགས་ཁོངས་ཀྱིས་བསྡུས་པའོ། །དང་པོ་ནི། རང་ལྷར་གསལ་བའི་ལག་པ་གཉིས་མདུན་དུ་བཞག་སྟེ། ལག་པ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསྐྱེད། ཧཱུྃ་ཨ་ཞེས་བྱིན་གྱིས་བརླབ། ཨ་ཨཱ་ཨི་ཨཱི་སོགས་བརྗོད། ཐལ་མོ་གཉིས་ཀ་དབྱངས་ཡིག་བཅུ་དྲུག་གིས་གང་བར་བསམ། གཡས་ཀྱི་སོར་མོ་ལྔ་ལ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་མཐེ་བོ་ནས་བརྩམས་ཏེ་རིམ་པ་བཞིན་རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་སྟེ་ལྔ། གཡོན་གྱི་སོར་མོ་ལྔ་ལ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་ཐུགས་མ། རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་ཀུན་མ་རྣམས་ཕོ་མོའི་ཁྱད་པར་མ་གཏོགས་རིགས་ལྔ་དང་འདྲ་བར་བསམས་ལ། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་མེ་ལོང་ལྟར་དྭངས་པའི་ནང་དུ་རིགས་ལྔ་ཡབ་ཡུམ་གཟུགས་བརྙན་ལྟར་གསལ་བར་སྣང་བར་བསམ་མོ། །གཉིས་པ་ནི། དེ་ནས་རིགས་ལྔ་ཡབ་ཡུམ་ཕན་ཚུན་ཐབས་ཤེས་རབ་མངོན་པར་འདོད་པ་དང་བཅས་པས་རེག་པར་མོས། ལག་པ་གཉིས་ཐལ་མོ་ཁ་སྦྱོར་བྱས་པ་མཉམ་པའི་ཐལ་མོ་བཅིང༌། ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦྦ་དྷརྨྨ་ཞེས་བརྗོད་དོ། །ཡང་ལྷ་ཕན་ཚུན་འདྲེས་པར་བསམ་ཞིང་མཉམ་པའི་
ཐལ་མོ་ལས་སོར་མོ་ཐམས་ཅད་ཀྱི་ཚིགས་གསུམ་པ་རྣམས་ཕན་ཚུན་བསྣོལ་བ་རྡོ་རྗེ་མི་ཕྱེད་པའི་ཐལ་མོར་བཀའ་སྩལ་པ་འདི་བཅིངས་ལ། པ་ར་སྤ་ར་ཨ་ནུ་པྲ་བིཥྚཱཿསརྦྦ་དྷརྨྨཿབཛྲ་ཨཉྫ་ལེ། ཞེས་བརྗོད་དོ། །ཡང་རྡོ་རྗེ་ཐལ་མོ་དེ་ཉིད་ལས་སོར་མོ་ཐམས་ཅད་དམ་དུ་བསྡམས་པ་ལག་པའི་རྒྱབ་ཏུ་བཅར་བ་རྡོ་རྗེ་བསྡམས་པ་བཅིངས་ནས་ལྷ་ཕན་ཚུན་རོ་གཅིག་ཏུ་གྱུར་པར་མོས་ལ། ཨ་དྱནྟ་ཨ་ནུ་པྲ་བིཥྚཱཿསརྦྦ་དྷརྨྨཿབཛྲ་བནྡྷ་ཞེས་བརྗོད་དོ། །རྡོ་རྗེ་བསྡམས་པ་ལས། བཛྲ་བནྡྷ་ཏྲ་ཊ། ཅེས་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པ་ལན་གསུམ་སྙིང་གར་དྲལ་བ་ནི། དྲལ་བ་སྙིང་གར་ཕྱག་རྒྱ་སྔགས། །ཞེས་པའི་དོན་ཏེ། འདིའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དང་པོའི་རྡོ་རྗེ་ཁ་དོག་དམར་པོ་འོད་དམར་པོ་འབར་བ་བྱུང་བས་རང་གི་ལུས་ཀུན་གང་བར་བསམས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨ་ཞེས་མང་དུ་བརྗོད་པས། ཁམས་གསུམ་གྱི་ཉོན་མོངས་པའི་བག་ཆགས་ཀྱི་འཆིང་བ་གཞིག་དཀའ་བ་རང་བཞིན་གྱིས་འོད་གསལ་བར་བསྒོམས་པས་བཅད་པར་བསམ་མོ། །འདིར་ཤེས་པར་བྱ་བ་ནི། ཡེ་ཤེས་དབབ་པ་ལ་སྡིག་པ་དྲལ་དགོས། དེ་ལ་བསྡམས་པ་དགོས། དེ་ལ་རྡོ་ཐལ། དེ་ལ་མཉམ་ཐལ། དེ་ལ་གཟུགས་བརྙན་གྱི་སྦྱོར་བ་སྔོན་དུ་འགྲོ་དགོས་ཞེས་བྱ་བ་ཚུལ་གྱིས་རྒྱུད་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་བྱེད་པ་ལ་ཐོག་མར་སྡིག་པ་དྲལ་བའི་སྔགས་རྒྱ་འདི་གཏོང་དགོས་པ་འདི་ཉིད་དམ་ཚིག་གི་སྐོང་བའི་རྣམ་པ་གཅིག་ཏུ་བཟུང་ནས་ཀྱང་སྐོང་ཐབས་ལ་མཁས་པར་བྱ་ཞེས་པའོ། །སྐོང་ཐབས་གསུམ་པ་ཕྱི་ནང་གི་ཁྲུས་ཀྱིས་བཀྲུ་བ་ནི། ཕྱི་ནང་ལྷ་དབང་བདུད་རྩིས་བཀྲུ། །ཞེས་པ་ལ། ཕྱིའི་ནི་གཟུངས་ཀྱི་ཆོ་ག་དག་ནས། བཀྲུ་བ་དང་བྱབ་པ་སོགས་ཏེ། དྲ་བི་ཏའི་བུམ་ཆོག་སོགས་ལས་འབྱུང་བ་ལྟར་རམ། མི་འཁྲུགས་པ་དང༌། རིགས་ལྔའི་གཟུངས་ཀྱི་བུམ་ཆུའི་ཁྲུས་ཆོག་གི་སྦྱོང་བ་གསུངས་པ་ལྟར་རོ། །ནང་གི་ནི་ནམ་མཁའི་ལྷ་ལས་དབང་བླང་བའི་ཚུལ་གྱིས་བཀྲུ་བའི་ཆོ་ག་སྟེ། བུམ་དབང་མན་ཆད་ཀྱི་རིག་པའི་
དབང་གིས་ཉོན་མོངས་ལྔ་ལས་གྱུར་པའི་དྲི་མ་སྦྱོང་བར་གསུངས་པ་རྣམས་སོ། །བདུད་རྩིས་བཀྲུ་ཞེས་པ། གསང་བ་ཙཎྜ་ལིའི་སྦྱོར་བས་བདུད་རྩི་ཕབ་ལ་བཀྲུ་བའི་སྦྱོང་ཐབས་ཏེ། གཙོ་བོ་དུས་ཀྱི་འཁོར་ལོ་དང་དགྱེས་པ་རྡོ་རྗེའི་རྒྱུད་སོགས་ལ་བརྟེན་པའི་མན་ངག་གི་རིམ་པ་ཇི་སྙེད་ཅིག་འབྱུང་བ་རྣམས་ནི་ལྟེ་བའི་ཨྃ་ཡིག་གཏུམ་མོ་མེའི་རང་བཞིན་ལ་དམིགས་ཏེ་སྲོག་རྩོལ་བསྡམས་པའི་སྦྱོར་བ་ནན་ཏན་དུ་བྱས་པས་ལྟེ་བའི་གཏུམ་མོ་འབར་བར་འགྱུར་ལ། དེས་སྤྱི་བོའི་བདུད་རྩི་ཕབ་པས་འཁོར་ལོ་བཞིའི་རྩ་རྣམས་རིམ་པ་བཞིན་སྦྱངས་པས་དག་པར་བྱས་པ་ན། རྩ་བ་དང་ཡན་ལག་གི་ལྟུང་བ་ཡོད་པ་དག་ཀྱང་སྦྱངས་ནས་དམ་ཚིག་རྣམ་པར་དག་པར་འགྱུར་བས་ཆེས་ཟབ་པའི་མྱུར་ལམ་ཡིན་ལ། བསྐྱེད་རིམ་པའི་སྙོམས་འཇུག་གི་དམིགས་པས་བྱང་ཆུབ་ཀྱི་སེམས་དབབ་ཟློག་གི་བདེ་སྟོང་ལ་དམིགས་པ་ན། ལུས་ཀྱི་ལྷ་ཐམས་ཅད་ཀྱིས་མྱོང་བར་མོས་པ་ལྟ་བུ་ཡང་འདིའི་དགོས་པ་ཅན་ཏུ་ཤེས་པ་དང༌། ལམ་འབྲས་པའི་ཕོ་བྲང་བཞིའི་རྩའི་ལྷ་ལ་བདུད་རྩིས་དབང་བསྐུར་བའི་འབྲེལ་པ་ལ་མཁས་པ་དང༌། དེ་ལྟར་ན་དུས་ཀྱི་འཁོར་ལོ་ལས་རྩའི་འཁོར་ལོ་དག་པའི་ལྷ་རྣམས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བཀྲུ་བའི་དམིགས་པས་ཕྲ་ཐིག་གི་སྦྱོར་བ་ལ་ཞུགས་ན་སྐོང་བའི་མཆོག་ཏུ་འགྱུར་བའང་ཤེས་པར་ནུས་ལ། དེ་བཞིན་དུ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་གསུངས་པའི་ལུས་དཀྱིལ་གྱི་ལྷ་དང་རྩ་འཁོར་གྱི་ལྷ་སོགས་ལ་སྦྱར་ཏེ་ཤེས་པར་བྱ་ཞིང༌། གཞན་ཡང༌། དཔལ་འདུས་པའི་རྒྱུད་དུ། ཡི་གེ་བ་ལས་བྱུང་བའི་རྡོར་སེམས་ཀྱི་ངོ་བོ་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་སྤྱི་བོར་བསྒོམས་པ་ལ་ཨོཾ་ཡིག་ཡེ་ཤེས་ལྔའི་རང་བཞིན་ལས་བདུད་རྩི་ཁ་དོག་ལྔ་པའི་ཆར་རྒྱུན་བབས་པས་ལུས་བཀྲུས་པས་རྒྱུད་དག་པར་བསམ་པ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཆོ་གར་གསུངས་པ་འདི་ཉིད་ཀྱང༌། བདུད་རྩིས་བཀྲུ་ཞེས་པའི་སྐབས་ཀྱི་སྐོང་ཐབས་སུ་གསལ་བར་ཤེས་ལ། དེ་ལྟར་ན་དུས་འཁོར་དབང་ལེའི་
འགྲེལ་ཆེན་དུ། གཙུག་ཏོར་དུ་ཝྃ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་བསྒོམས་ལ་མཆོག་གི་ཕྱག་རྒྱ་དང་བཅས་པས་རེག་ཅིང༌། རྡོ་རྗེ་བཞི་དང་རིགས་དྲུག་གི་མངའ་བདག་རྡོ་རྗེ་སེམས་དཔའ་ལ་བོས་ནས། བདག་གིས་ལུས་ངག་ཡིད་ཡེ་ཤེས་རྣམས་རྡོ་རྗེ་བདུད་རྩིར་མཛད་པས། ཕུང་ཁམས་བསྐྱེད་མཆེད་རང་བཞིན་གྱིས་དག་པའི་སྔགས་དང་བཅས་པས་བྱིན་གྱིས་བརླབས་པ་ན་སྦྲུལ་ཤུན་པ་བརྗེས་པ་བཞིན་གྱུར་པར་བསྒོམ་པའང་འདི་དང་དོན་མཚུངས་ལ། དེས་ན་ལྕེའུ་ཆུང་གི་བདུད་རྩི་མྱོང་བ་དང༌། སྤྱི་བོའི་བདུད་རྩི་དབབ་པའི་སྦྱོར་བ་དག་ཀྱང་འདིའི་མན་ངག་གི་ཡན་ལག་ཏུ་འགྱུར་བར་ངེས་པ་ཉིད་དོ། །ཡང་དེ་བཞིན་དུ་རྒྱུད་དང་མན་ངག་ལས་འབྱུང་བ་བཞིན་བདུད་རྩི་ལྔའི་སྦྱོར་བ་བཤད་པ་ཇི་ལྟ་བ་བཞིན་བྱས་པའི་བདུད་རྩི་ལྔའི་ཆུས་བཀྲུ་བ་དང་བདུད་རྩི་རིལ་བུ་སྦྱར་བའི་ཆུས་ཕྱི་ནང་སྦྱང་བའི་བདུད་རྩིས་བཀྲུ་ཞེས་པར་ངེས་པར་བསྡུར་རུང་བ་ཉིད་དོ། །སྐོང་ཐབས་བཞི་པ་གསོན་སྦྱོང་དུ་གྲགས་པ་ནི། ཧཱུྃ་ཡྃ་ཡི་གེ་གསུམ་གྱིས་བསྡུ། །ལྟེ་བ་གྲུ་གསུམ་མེ་ཡིས་བསྲེག །ཅེས་པ་སྟེ་འདི་ལ་མན་ངག་གི་ཡི་གེ་སྤྱི་ལྟར་ན། རང་གི་མཐིལ་བཞི་སྤྱི་བོ་དང་ལྔར་ཧཱུྃ་ཡྃ་ཞེས་པ་ཟུང་རེ་རེ། ཡི་གེ་གསུམ་ནི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ལུས་ངག་སེམས་ཀྱི་རང་བཞིན་ཨོཾ་ཨཱཿཧཱུྃ་གསུམ་མོ། །དེ་ནས་སེམས་ཀྱི་རང་བཞིན་ཧཱུྃ་གི་འོད་ཀྱིས་ཡི་གེ་རྣམས་བསྐུལ་བས། ཡི་གེ་རྣམས་ཀྱི་འོད་ཟེར་གྱིས་ལུས་ངག་སེམས་ཀྱི་སྡིག་པའི་དྲི་མ་རྣམས་བསྡུས་ཏེ། ལྟེ་བར་ཡི་གེ་ཀཾ་ནག་པོ་རིགས་དྲུག་གིས་ས་བོན་གྱིས་བརྒྱན་པ་ལ་བསྟིམ་པ་ནི་བསྡུ་ཞེས་པའི་དོན་ཏོ། །ས་བོན་དྲུག་ནི། ཨ་ནྲྀ་སུ་ཏྲི་པྲེ་དུཿ ཞེའོ། །དེ་ནས་འོག་ཏུ་རླུང་ཁ་བསྡམས་པས་སུམ་མདོར་མེ་སྦར་ཏེ། རང་བཞིན་གྱི་གཏུམ་མོ་ཨ་ཤད་ལྟ་བུ་དང་རང་བཞིན་གཅིག་ཏུ་གྱུར་པའི་མེ་དེ་ལྟེ་བའི་ཆོས་འབྱུང་ནས་འབར་བ་ལས། ཡིག་དྲུག་ཀྃ་དང་ལྷན་ཅིག་པའི་བདུན་པོ་རྣམས་བསྲེག་པར་བསམ་མོ། །འདིར་ཧཱུྃ་གཉིས་པོའི་སྦྱོར་བ་ཡང་བཤད་པ་ནི། རང་གི་སྙིང་གར་སེམས་
ཀྱི་རང་བཞིན་ཧཱུྃ་དང་ལྷ་ཅིག་སྡིག་པའི་གཟུགས་ཀྃ་ནག་པོ་དམིགས་ཏེ། མཐིལ་བཞི་དང་སྤྱི་བོར་ཧཱུྃ་རེ་དང༌། དེ་དག་གི་འོག་ཏུ་ཡྃ་རེ་བསམས་ལ། ཡྃ་གིས་བསྐྱོད་པའི་ཧཱུྃ་གི་འོད་ཀྱིས་སྡིག་པ་ཐམས་ཅད་ཀྃ་ལ་བསྡུས། སྙིང་གི་ཧཱུྃ་གི་འོད་ཀྱིས་ཀྃ་བདས་པ་སྣ་བུག་གཡས་ནས་ཐོན་ཏེ། སྡིག་པ་ཐམས་ཅད་ཤ་ཟའི་གཟུགས་ཁ་དོག་ནག་པོ་ལུས་ཏིལ་མར་གྱིས་བྱུགས་པ། སྐྲ་སིལ་བུར་གྲོལ་བ། འབྲས་བུ་འཕྱང་བ། ལག་ན་དབྱུག་པ་འཛིན་པར་གྱུར་པ་དེ་ཉིད་ཧཱུྃ་ཡིག་ཁྲོ་བོ་ཆེན་པོར་གྱུར་པས་མཚོན་ཆ་སྣ་ཚོགས་པས་བསྡིགས་ཤིང་བསྐྲད་པས་འཇིག་རྟེན་ཁམས་གཞན་དུ་ཕྱིར་མི་ལྡོག་པར་སོང་བའམ། ཡང་ན་ཁྲོ་བོ་དེ་ཉིད་ཀྱིས་ཟོས་པར་བསམ་པའོ། །སྐོང་བའི་ཐབས་འདི་དག་གི་བསྒོམ་དོན་རྡོ་རྗེ་མཁའ་འགྲོའི་རྒྱུད་དང༌། དེ་ཉིད་བསྡུས་པ་དང༌། རྡོ་རྗེ་རྩེ་མོ་སོགས་ལས་གསུངས་པ་ནི་ད་ལྟ་ཀུན་གྱིས་ཕྱག་ལེན་དུ་མཛད་བཞིན་པ་ལྟར་རོ། །སྐོང་ཐབས་ལྔ་པོ་སྟོང་ཉིད་བསྒོམ་པ་ནི། རྩ་བར། དམིགས་པས་སྟོང་པ་མི་དམིགས་གསུམ། །ཞེས་འབྱུང་སྟེ། འདིར་སྤྱིར་བསྟན་ནི། དམ་ཚིག་གི་འཁོར་གསུམ་ལ་བརྟགས་ཤིང་དཔྱད་པ་ན་མཚན་མར་གཟུང་བའི་གཞི་མེད་པས་ན་དམིགས་པས་སྟོང་པ་སྟེ། དེ་ལྟར་ན་འཁོར་གསུམ་མི་དམིགས་པའི་ཏིང་ངེ་འཛིན་གསུམ་ལ་མཉམ་པར་བཞག་ནས་བསྐང་བ་སྟེ། དམ་ཚིག་བསྡུས་པ་ལས། ཏིང་ངེ་འཛིན་གྱིས་སྐོང་བ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་རྣམ་པར་དག་པར་བསྒོམ་པ་དང༌། ཞེས་དང༌། དེར་ཀླུ་སྒྲུབ་ཀྱིས་ལུང་དྲངས་པ་ལས། ཕྱི་ནང་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་ཡིད་ཆེས་པ་དམ་ཚིག་ཉམས་པར་མི་འགྱུར། ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱེ་བྲག་ཏུ། གཞུང་འདིར། དམིགས་པའི་སྟོང་པ་མི་དམིགས་གསུམ། །ཞེས་པ་ལྟར་བཤད་ན། སྤྱི་དོན་དང༌། མཐར་ཐུག་གི་བཤད་པ་གཉིས་སུ་འགྱུར་བ་ལས། སྤྱི་དོན་ལྟར་ན་དམིགས་པའི་སྟོང་པ་ཞེས་པ་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་གིས་
སེམས་ཙམ་དུ་རྣམ་པར་བརྟག་པ་སྟེ། དེ་ལྟར་སྒོམ་པ་གོམས་པ་ན། ཆགས་སྡང་སོགས་ཀྱི་དམིགས་ཡུལ་བདག་ཉིད་ལས་གུད་ན་མེད་པར་ཤེས་པས་ལྟུང་བ་གཞི་མེད་དུ་དག་པར་འགྱུར་ཞེས་པའོ། །འདི་ལ་དམིགས་པའི་སྟོང་པ་ཞེས་པ་ནི་སེམས་ཙམ་ལ་དམིགས་པས་སོ། །དེ་ནས་ནི་སེམས་ཙམ་དེ་ཉིད་ཀྱིའང་དུས་གསུམ་ལ་བརྟགས་ཤིང་དཔྱད་པ་ན་དུས་ཀྱི་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་དག་པར་འགྱུར་ཏེ་དེ་ལྟར་མི་དམིགས་གསུམ་ཞེས་བྱའོ། །དེ་ལྟར་དམིགས་པ་དང་མི་དམིགས་པའི་སྒོམ་རིམ་འདི་དག་ཀྱང༌། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་ནི། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་པའི་དགོངས་པར་འགྱུར་རོ། །དམིགས་ཡུལ་གུད་ན་མེད་པར་ཤེས་ན་སྒྱུ་མའི་སྣང་བ་ལྟར་འགྱུར་ལ། དེ་ལྟ་ན་ནི། སྒྱུ་མའི་རྒྱལ་པོས་སྒྱུ་མ་ཡི། །རྒྱལ་པོ་གཞན་དག་ཕམ་བྱས་ལྟར། །གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །ཅེས་པ་ལྟར་འགྱུར་བས་ལྟུང་བ་དག་པར་འགྱུར་རོ། །མཐར་ཐུག་གི་བཤད་པ་ལྟར་ནི། དམིགས་པའི་སྟོང་པ་ཞེས་པ་དམིགས་བཅས་རྡུལ་མེད་ཀྱི་སྟོང་པ་སྟེ། འདི་དག་ནི། དངོས་པོ་དངོས་མེད་དོན་ཡོད་པ། །སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། །ཞེས་པ་སྒྱུ་མ་ལྟ་བུའི་མཚན་ཉིད་ཅན་དུ་བཤད་ལ། དེ་ཡང་དབུ་མར་རླུང་ཞུགས་པའི་སྣང་བ་ཡིན་པས་ཐུན་མོང་བའི་སྒྱུ་མ་དང་ཁྱད་པར་ཆེའོ། །འདི་ལྟ་བུའི་སྒྱུ་མའི་རྩལ་འབྱོངས་པས་ནི་ལྟུང་བ་སྔ་མ་འདག་པར་མ་ཟད། ཕྱི་མས་གོས་པའིགནས་མེད་པར་འགྱུར་ཏེ། ལྟུང་བ་སྐྱེད་པ་ནི་གཟུང་འཛིན་གྱི་སྣང་བ་ལས་ཡིན་ལ། སྒྱུ་མ་འདི་ནི་གཟུང་འཛིན་གཉིས་མེད་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་པའི་གནས་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ། གང་བློ་སྒྱུ་མ་ལྟ་བུར་བརྟན་པ་དང༌། །སྲིད་ཉིད་མྱ་ངན་འདས་པས་ཉེར་དགའ་བ། །དེ་ནི་གཉིས་མེད་གྲུབ་པའི་སྣོད་དུ་འགྱུར། །དེར་ནི་དངོས་པོ་གང་ཡང་གནོད་མི་བྱེད། །ཅེས་གསུངས་པ་ལྟར་རོ། མི་
དམིགས་གསུམ། ཞེས་འདི་ལྟ་བུའི་སྟོང་ཉིད་ཀྱིས་ཀྱང་དུས་གསུམ་པའི་ཆོས་གང་ཡང་མི་དམིགས་པ་རྣམ་ཐར་སྒོ་གསུམ་གྱི་དོན་མཐོང་བར་འགྱུར་བའི་དོན་ཏོ། །སྐོང་ཐབས་དྲུག་པ་དབང་ནོད་པས་སྐོང་བ་ནི། རང་གི་ཆོ་ག་བཞི་ཡིས་དབང༌། །ཞེས་པ་སྟེ། ལྷ་གང་གི་དཀྱིལ་འཁོར་དུ་ཆོ་ག་གང་གིས་ཐོབ་པའི་ཆོ་ག་དེ་ཉིད་ཀྱིས་རང་གི་བླ་མ་དེ་ལ་དབང་ནོད་པས་བསྐང་བར་བྱ་བ་ལ་སྔ་རབས་པ་རྣམས་འཆད་དོ། །དེ་ལ་བླ་མར་ཉམས་ཆགས་ཤོར་བ་གཙོས་རྩ་ལྟུང་གང་བྱུང་ཡང་དབང་གིས་ལྡང་དགོས་ཤིང༌། སློབ་དཔོན་རང་ཉིད་ཀྱང་དམ་ཚིག་དང་འགལ་ན་དབང་བླང་བར་བྱ་བ་དང༌། སློབ་མར་ལྟུང་བ་བྱུང་ན་བླ་མ་ལས་དབང་བསྐྱར་ནས་ཞུ། རང་ཉིད་བསྙེན་པ་སྔོན་དུ་སོང་བ་དང་ཆོ་ག་རྣམ་དག་ཤེས་པ་ཡིན་ན་བདག་ཉིད་འཇུག་པས་ཀྱང་ཆོག་ལ། དེའང་བྲིས་པའི་དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་དབང་རྫོགས་པར་ནོད་པ་བྱུང་ན་མཆོག་ཏུ་གྱུར་ལ། བསམ་གཏན་ཙམ་གྱིས་ཀྱང་འགྲུབ་པ་ནི། རྡོ་རྗེ་ཕྲེང་བ་ལས་གསུངས་པ། རྟག་ཏུ་ཡི་དམ་བྱེད་པས་ནི་ཤེས་རབ་དང་ཐབས་རོ་གཅིག་པའི་རང་གི་འདོད་པའི་ལྷའི་སྦྱོར་བས་ཡིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་བསྒོམ་པར། དཀྱིལ་འཁོར་དབང་ཕྱུག་ལས་ཆུའི་དབང་ལ་སོགས་པ་གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའི་མཐར་ཐུག་པ་དང༌། དབུགས་དབྱུང་བའི་མཐར་ཐུག་པའི་བར་ཡང་བླང་བར་བྱའོ། །ཞེས་པས་སོ། །རིགས་པ་འདིས་ན་དུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པའི་ཚུལ་ལ། དབང་བཅུ་གཅིག་སོགས་ཀྱིས་ལེན་པ་ན་སྔགས་དོན་སེམས་ཤིང་བླངས་ན། སྐོང་ཐབས་ཀྱི་བདག་འཇུག་འདི་ཉིད་དུ་འགྱུར་བ་ལས་ངེས་པ་རྙེད་པར་འགྱུར་ཞིང༌། འདིའི་སྔོན་དུའང་རྟག་པའི་རྡོ་རྗེའི་བདེ་མཆོག་གི་རྒྱུད་འགྲེལ་ལས་བཤད་པ་ལྟར། སྤྱི་བོའི་ཟླ་བ་སྭ་བྷཱ་བའི་སྔགས་དང་བཅས་པ་སྔོན་དུ་འགྲོ་བས་རིགས་དྲུག་གི་སྡོམ་པ་གཟུང་བ་དང༌། དཀྱིལ་འཁོར་དུ་འཇུག་པའི་སྔགས་དོན་དང་ལྡན་པར་བརྗོད་པ་ཙམ་རིགས་པར་མཐོང་ངོ༌། །གཞན་ཡང་ཏིང་ངེ་འཛིན་གྱི་དབང་བཞི་ནོད་
པ་ཀྱེ་རྡོར་མཚོ་སྐྱེས་ཀྱི་གཞུང་དང༌། ལཱུ་ཧི་པའི་མངོན་རྟོགས་ཀྱི་སྣང་བར་ཇོ་བོས་བཤད་པ་ལྟ་བུ་རྣམས་ཀྱང་སྐབས་འདིའི་མན་ངག་ཏུ་ཤེས་པར་བྱའོ། །དེ་ལྟར་སྐོང་ཐབས་ཀྱི་དབང་འདི་དག་སློབ་དཔོན་ལས་ནོད་པའམ། བདག་ཉིད་ཀྱིས་ནོད་ཀྱང་རུང༌། སྡོམ་པ་སོར་ཆུད་པ་ལ་ནི་སྔ་མ་ལ་འགྱོད་ཅིང་ཕྱིན་ཆད་གཏན་མི་བྱ་བའི་བསམ་པ་ཐག་པ་ནས་སྡོམ་པ་ཅིག་དགོས་ཀྱི་དེ་འདྲ་མེད་པར་སྔ་མ་ཉམས་ཀྱང་སླར་བླངས་ན་སྐྱེ་བས་མི་སྐྱོན་ནོ་སྙམ་པ་བྱས་ན་དུག་གི་ཟིན་པ་ལ་སྨན་པས་དེའི་གཉེན་པོ་སྨན་བྱིན་སོས་པ་སླར་ཡང་དུག་ཟ་བ་དང་མཚུངས་པར་གསུངས་སོ། །སྐོང་ཐབས་བདུན་པ་ཚོགས་ཀྱི་དཀྱིལ་འཁོར་ལ་བཤགས་པ་ནི། ཚོགས་ནི་འདུ་བའི་དཀྱིལ་འཁོར་ལ། །མཁྱེན་པར་གསོལ་ཏེ་གནང་བ་ནས། །ཅེས་ཏེ་འདི་ལྟར་དུས་ཁྱད་པར་ཅན་ལ་རྣལ་འབྱོར་པ་ཕོ་མོ་ལྟ་བའི་ཉམས་ཅན་རྣམས་མཆོད་ཡོན་ནས་རེག་བྱའི་བར་གྱིས་མཆོད་དེ་ཚིམ་པར་བྱས་ལ། ཉེས་པ་ཐམས་ཅད་ལྕེ་ཐོག་ན་ཡོད་པ་ནག་ཕུང་ངེ་བ་དེ་སྨྲེ་སྔགས་བཏོན་པས་ཤར་ཤར་སོང་བར་མོས་ནས། འདི་སྐད་ཅེས། རྡོ་རྗེ་རྣལ་འབྱོར་ཅན་རྣམས་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་མིང་འདི་ཞེས་བགྱི་བ་ལྟུང་བ་སྡེ་བརྒྱད་ལས་འདི་ཞེས་བྱ་བའི་ཉེས་པས་གོས་པར་གྱུར་པ་ལས་ལྡང་བར་འཚལ་ན། ཁྱེད་ཅག་རྣམས་ཀྱིས་བདག་དག་པར་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་ཀྱང་རིགས་ཀྱི་བུ་དག་དག་པར་གྱུར་གྱིས། ཕྱིན་ཆད་དེ་ལྟ་བུ་ལས་འཇུག་པར་མ་བྱེད་ཅིག་ཅེས་དག་པ་སྦྱིན་ནོ། །དཔའ་བོའི་སྟོན་མོ་དང༌། དུས་བཟང་པོའི་མཆོད་པ་དང༌། ཚོགས་འདུས་པ་ལ་མཁྱེན་པར་གསོལ་བ་དང༌། གནང་བ་ནོད་པའི་ཚུལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ཚོགས་འདུས་པ་ནི་རང་གིས་མ་བསགས་ཀྱང་དམ་ཚིག་ཅན་འདུས་པ་ལ་མེ་ཏོག་ཅུང་ཟད་བྱིན་ཏེ་བཤགས་པ་ནི་སྔ་མ་བཞིན་ནོ། །གཞན་ཡང་སྔ་འགྱུར་རྡོ་རྗེ་བཀོད་པའི་རྒྱུད་ལས། ལྟུང་བ་བྱས་པ་རྣམས་ལ་འགྱོད་པ་དྲག་པོ་བསྐྱེད་དེ། བཤགས་པའི་ཡུལ་བདུན་ནི། སངས་
རྒྱས་དང༌། རིག་འཛིན་དང༌། ལྷ་དང༌། བླ་མ་དང༌། གླེགས་བམ་དང༌། གྲོགས་པོ་དང༌། རྟེན་དུ་གྱུར་པ་རྣམས་ལ་བཤགས་པའི་ཐབས་རྣམ་པ་བཞིས་བཤགས་ཏེ། ཤེས་རབ་ཆེན་པོའི་རྒྱུན་གྱིས་བག་ཆགས་ཐམས་ཅད་རང་བཞིན་མེད་པར་བཤགས་པ་དང༌། ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེགས་ཏེ་མེད་པར་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་བག་ཆགས་ཀྱི་མུན་ནག་ཐམས་ཅད་བསལ་ཏེ་དག་པར་བྱ་བ་དང༌། སྤྱོད་པ་རླབས་པོ་ཆེའི་ཆུས་བཀྲུ་བ་རྣམས་རྒྱས་པར་འབྱུང་ངོ༌། །སྐོང་ཐབས་བརྒྱད་པ་རྟེན་ལ་སྨྲེ་བཤགས་བྱ་བ་ནི། རྟེན་ལ་སྨྲེ་བཤགས་བཟླས་པར་ལྡན། །ཞེས་ཏེ། མཆོད་རྟེན་དང༌། སྐུ་གཟུགས་ཀྱི་རྟེན་ཁྱད་པར་ཅན་གྱི་དྲུང་དུ་བྱི་དོར་བྱས་ཤིང་མཆོད་པ་བཤམས་ལ། ཕྱག་མཆོད་སྔོན་དུ་འགྲོ་བས་རང་ཉིད་ཀྱི་ཉེས་པ་སྨྲེ་སྔགས་ཀྱི་ཚིག་ཏུ་བརྗོད་ཅིང་འགྱོད་ཚངས་དྲག་པོ་སྡོམ་སེམས་དང་བཅས་པས་བཤགས་པའི་ཚིག་ཇི་ལྟར་རིགས་པར་བྱེད་པའོ། །འདིར་ཡང་བཟླས་པར་ལྡན་ཞེས་པས་ཡི་གེ་བརྒྱ་པ་སོགས་ཀྱི་བཟླས་པ་དང་བཅས་པས་བྱའོ། །སྐོང་ཐབས་དགུ་པ་མཎྜལ་འབུལ་བ་ནི། གཞུང་ལས་ཞིང་ཁམས་ཁ་དོག་ལྔ་ལྡན་པ། །ཆོ་ག་བཞིན་དུ་དབུལ་བར་བྱ། །ཞེས་གསུངས་ཏེ་འདི་ལ་གཉིས། དངོས་བསྟན་མཎྜལ་དང༌། ཤུགས་བསྟན་གཞན་དག་འབུལ་བའོ། །དང་པོ་ནི། འདི་ཉིད་ལས་ཤློ་ཀ་ལྔ་ཙམ་གྱིས་བསྟན་པའི་དོན་ལྟར་ན། ཐོག་མར་ས་སྦྱོང་བའི་སྔགས་རྒྱ་སོགས་ཀྱིས་ས་སྦྱངས་ཤིང་ཟུག་རྔུ་ཕྱུང་ནས་ཡིད་དུ་འོང་བར་བྱས་པ་དེ་ཉིད་གྲྭ་བཞིར་བཅད་ལ་འཐས་པར་བཅགས་པ་ལ་དག་བྱེད་བའི་རྣམ་ལྔས་སྐྱང་ནུལ་བྱ། ཁྲུ་གང་བཞི་པའི་ཚད་ཙམ་དུ་རི་རབ་ཀྱི་ཕྱོགས་མདོག་མངོན་པའམ་དུས་འཁོར་ནས་འབྱུང་བ་ལྟར་གྱི་ཚོན་གྱིས་ཁྱབ་པར་བྱུག དེའི་སྟེང་རིན་པོ་ཆེའམ་འབྲུའམ་མེ་ཏོག་གི་ཚོམ་བུ་དབུས་སུ་རི་རྒྱལ་ལྷུན་པོ། ཕྱོགས་བཞིར་གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། ཤར་ནུབ་ཏུ་ཉི་ཟླ། ཕྱོགས་དང་མཚམས་སུ་རྒྱལ་སྲིད་རིན་པོ་ཆེ་བདུན་དང༌། རང་གི་ལུས་དང་བཅས་
པའི་ཉི་ཤུ་རྩ་གསུམ་པོ་རྣམས་རང་རང་གི་ཡོན་ཏན་ཡོངས་སུ་རྫོགས་པ་དང་བཅས་པར་མོས་ལ། སོ་སོའི་སྔགས་ཀྱིས་རང་རང་གི་གནས་སུ་རྣམ་པར་བཀོད་པ་དེ་བླ་མ་མགོན་པོ་ལ་འབུལ་བར་གསུངས། སློབ་དཔོན་རྙོག་པ་མེད་པ་དང་རྡོ་རྗེ་གདན་པའི་གཞུང་ལས་ཚོམ་བུ་གཞན་སྔར་དང་འདྲ་བ་ལས་བདག་གི་ལུས་ཀྱི་མལ་དུ་གཏེར་ཐམས་ཅད་འབུལ་བར་བཤད། དུས་འཁོར་གྱི་ལུགས་སུ་རི་རབ་གླིང་བཞི་ཉི་ཟླ་སྒྲ་གཅན་དུས་མེ་སྟེ་ཚོམ་བུ་དགུ་དང༌། ཁ་ཅིག་གིས་ཚོམ་བུ་ཉེར་གསུམ་མའི་སྟེང་དུ་སྒྲ་གཅན་དུས་མེ་བསྣན་པའང་སྣང༌། ཕུལ་ཟིན་ནས་མཎྜལ་ཕྱིས་ལ་གཤེགས་སུ་གསོལ་བར་གསུངས། གཉིས་པ་ནི། དེ་ལྟ་བུའི་ཆོ་ག་ལ་མི་ལྟོས་པར་དངོས་སུ་འབྱོར་པའམ་ཡིད་ཀྱིས་སྤྲུལ་པས་བདག་ཉིད་དམ། བདག་གི་དངོས་པོའམ་བདག་གི་བའི་དངོས་པོ་འབུལ་བ་སྟེ། དེའང་གཞུང་འདི་ཉིད་ལས་བསྟན་པའི་དོན་ས་ཕྱོགས་གཙང་མར་བདག་ཉིད་འདུག་ལ་ལུས་ཐམས་ཅད་ཕབ་པའི་ཕྱག་ལ་སོགས་པ་བྱས་ནས། ཨཏྨ་ནཱཾ་ནཱིརྻ་ཏ་ཡཱ་མི་ཞེས་ལྟོས་མེད་དུ་བཏང་བའི་མོས་པས་འབུལ་བའོ། །བདག་གི་དངོས་པོ་ནི། ཨཱཏྨ་བྷཱ་བ་ཞེས་པ་བདག་གི་ལུས་དང་ལོངས་སྤྱོད་དང་དགེ་རྩ་གསུམ་མམ། བདག་གི་ལུས་ངག་ཡིད་གསུམ་འབུལ་བ་སྟེ་སྟོང་གསུམ་གྱི་རྡུལ་དང་མཉམ་པར་མོས་ཤིང༌། ཀཱ་ཡ་ཝཱཀ་ཙིཏྟ་ནཱིརྻ་ཏ་ཡཱ་མི་ཞེས་ཡོ་ག་སོགས་ཀྱི་ཆོ་ག་ནས་འབྱུང་བ་བཞིན་ནོ། །ས་ཕྱོགས་གཙང་མར་རྒྱལ་སྲིད་རིན་པོ་ཆེ་བདུན་ཡང་གཟུགས་བརྙན་ཙམ་བཀོད་ནས་འབུལ་བ་དང༌། སངས་རྒྱས་ཀྱི་དག་པའི་ཞིང་ཁམས་བཅོ་ལྔ་ལ་སོགས་པའི་བཀོད་པ་ཡིད་ལ་བྱས་ཏེ་འབུལ་བ་དང༌། འདོད་ཡོན་ལྔ། དཔག་བསམ་ཤིང༌། འདོད་འཇོའི་བ། གཏེར་གྱི་བུམ་པ་སོགས་ཀྱང་དམིགས་ནས་འབུལ་བ་དང༌། འདུས་པ་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པས་བླ་མ་ལ་ཁྱད་པར་ཅན་གྱི་དངོས་པོ་འབུལ་བ་ལ་རྒྱལ་སྲིད་བདུན་ནམ་རིན་པོ་སྣ་བདུན་འབུལ་བར་གསུངས་པ་དེ་དག་ཀྱང་སྒྲོན་གསལ་ལས། པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་དང༌། བཻ་ཌཱུརྻ་དང༌། མརྒད་དང༌། རྡོ་རྗེ་དང༌། མུ་ཏིག་དང༌། བྱེ་རུ་ཞེས་བྱ་བ་རིན་ཆེན་སྣ་བདུན་གྱིས་ཡོངས་སུ་བཀང་
བའི་ཞིང་འདི་ཉིན་རེ་ཞིང་འབུལ་བར་བྱ་བའམ། བུད་མེད་དང༌། སྐྱེས་པ་དང༌། རིན་པོ་ཆེ་དང༌། འཁོར་ལོ་དང༌། རལ་གྲི་དང༌། གླང་པོ་དང༌། རྟ་རིན་པོ་ཆེ་ཡང་ཤེས་རབ་ཅན་གྱིས་དབུལ་བར་བྱ་ཞིང་བསམ་གཏན་གྱིས་ཀྱང་བསྐྱེད་པར་བྱའོ། །ཞེས་བཤད་པ་ལྟར་རོ། །དེ་ལྟར་འབུལ་བར་གསུངས་པ་འདི་ཡང་རང་ཉིད་གང་འདོད་པ་དེ་ཉིད་ཕུལ་བས་ཚོགས་རྫོགས་པར་འགྱུར་བ་ལ་དགོངས་ནས། བླ་མ་ལྔ་བཅུ་པར། དེ་ཉིད་མི་ཟད་འདོད་པ་ཡི། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་བ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་གསུངས་པ་ལྟར་རོ། །སྐོང་ཐབས་བཅུ་པ་ཐུགས་རྟེན་བཞེངས་པ་ནི། གཞུང་ལས། ཆེ་དང་ཙེཏྱའི་སྦྱོར་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༌། །དུས་མིན་འཆི་བའང་བླུས་པར་འགྱུར། །ཞེས་པ་ལ། ཆེ་དང་ཞེས་མཆོད་རྟེན་ཆེན་པོ་དང༌། ཙེཏྱ་ཞེས་པ་འདིར་སཱཙྪའོ། །དེ་ལས་ཆེན་པོའི་སྒྲུབ་པ་ནི། གཙུག་ཏོར་དྲི་མེད་དང༌། འོད་ཟེར་དྲི་མེད་སོགས་མཆོད་རྟེན་སྒྲུབ་པའི་ཆོ་ག་མཁན་ཆེན་བོ་དྷི་ས་ཏྭས་མཛད་པ་ལས་ཕྱག་ལེན་དུ་མཛད་པ་ལྟར་ཡིན་ལ། སཱཙྪ་གདབ་པ་གཞུང་འདིར་བསྟན་གྱི་དོན་ནི། འཇིམ་པའི་ས་བླང་བའི་ཕྱོགས་དེར་སའི་ལྷ་མོ་ལ་གཏོར་མ་བཏང་ཞིང་བླངས་པས་དཔའ་མོའི་གནང་བ་བྱིན་པར་དམིགས་ལ། རང་གི་ལྷའི་རྣལ་འབྱོར་གྱིས། ཨོཾ་བཛྲ་ཁ་ན་ན་ཧཱུྃ། ཞེས་བརྗོད་ལ། ས་རང་བཞིན་གྱིས་རྣམ་པར་དག་པར་མོས་པས། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ། ཞེས་བརྐོས་ཏེ་རུས་པ་ལ་སོགས་པའི་ཟུག་རྔུ་བསལ་བས་བྱང་བར་སྦྱང་ངོ༌། །དེ་ནས་ས་དེ་ལ་རིན་པོ་ཆེ་དང་དྲི་བཟང་ཆུར་སྦྱར་བའི་ཆུས་བཏབ་ལ་བརྫིས་ནས་གོང་བུར་བྱ། བྱིན་གྱིས་བརླབ་པ་ནི། འཇིམ་པའི་ཕུང་པོ་དེ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིན་པོ་ཆེའི་ཕུང་པོར་བསམས་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ་འོག་མིན་གྱི་བར་དུ་སོང་བ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕོག་སྟེ་བསྐུལ་བས་
དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་གྱི་རྒྱུད་སྦྱངས། འཇིམ་པ་ལ་ཕོག་པས་འཇིམ་པ་དེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་ཅིང༌། ལག་པ་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གན་རྐྱལ་དུ་བཞག་པའི་སྟེང་དུ་གཡས་པའང་དེ་བཞིན་དུ་བྱས་པ་ཁ་སྦུབས་པས་མནན་ལ། ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུཀྵྨེ་སུཀྵྨེ། ས་མེ་ས་མེ། ས་མ་ཏེ། ཤཱནྟེ། དཱནྟེ། ས་མཱ་རོ་བེ། ཨ་ནཱཾ་ཝ་ར་ཎེ། ཏེ་ར་བི། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛ་ནི་རཱ་ཀུ་ལེ། ནི་རཱ་བ་ར་ཎེ། སརྦྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན། ཨ་དྷིཥྛ་ཏེ་སྭཱ་ཧཱ། ཞེས་ཉི་ཤུ་རྩ་གཅིག་བརྗོད་དེ། སྐུ་རྡོ་རྗེ་ཨོཾ་གྱི་རྡུལ་ཕྲ་རབ་ལས་གྲུབ་པའི་གང་བུར་བསམ་པ་ནི་སྐུའི་དེ་ཉིད་དྲན་པའོ། །དེ་ནས་དུམ་བུ་ཆེ་ཆུང་ཅི་རིགས་པར་བཅད་ལ་འབི་འབི་བྱས་ནས་ཡེ་དྷརྨ་བརྗོད་ཅིང་རྒྱན་བཅུག་པས་རབ་ཏུ་གདབ་ཅིང༌། དབྱུང་བའང་སྔགས་དེ་ཉིད་དང༌། བཞུགས་སུ་གསོལ་བའང་སྔགས་དེ་ཉིད་ཀྱིས་བྱ། རབ་གནས་ནི་སཱཙྪ་རེ་རེ་ཞིང་ཨོཾ་ལས་བྱུང་བའི་དཔལ་རྣམ་པར་སྣང་མཛད་གང་ཆེན་མཚོའི་ངོ་བོ་ཉིད་དུ་ལེགས་པར་དམིགས་ནས་མཆོད་པ་ཅི་འབྱོར་པས་མཆོད་དེ། ཤིས་པ་ཚིགས་བཅད་དང་བཅས་པས་མེ་ཏོག་རབ་ཏུ་གཏོར་ནས་བརྟན་བཞུགས་ཀྱི་སྔགས་དང་ཚིགས་བཅད་བརྗོད་ལ་བསྔོ་བ་བྱ། ཕན་ཡོན་ནི། ཚེ་འདིར་རིང་དུ་འཚོ་ཞིང་དུས་མིན་འཆི་བ་ཟློག་པ་དང༌། ཉེས་ལྟུང་གི་སྡིག་པ་དག་པར་བྱེད་པའོ། །སྐོང་ཐབས་བཅུ་གཅིག་པ་མེས་བསྲེག་པ་ནི། གཞུང་ལས། ཏིལ་ལ་སྡིག་པའི་གཟུགས་དམིགས་ཏེ། །མེ་ཡི་ལས་ཀྱི་རྣམ་པར་སྦྱང༌། །ཞེས་པ། སྔར་གྱི་བཞི་པའི་སྐབས་བཞིན་ནང་གི་ཁྲོ་བོས་ཕྱུང་བའི་སྡིག་པའི་གཟུགས་དེ་ཉིད་འདིར་ཕྱི་རོལ་གྱི་མེར་དོར་བས་བསྲེག་པ་སྟེ། དེའང་ནང་ནས་ཕྱུང་བའི་སྡིག་པའི་གཟུགས་དེ་ཉིད་ཏིལ་ལ་ཐིམ་པར་མོས་ནས་མེ་ནང་དུ་དོར་བས་ཚིག་པར་མོས་པའོ། །འདིའི་ལག་ལེན་ནི། ཏིལ་ལ་
སྡིག་པ་རྭ་ཅན་གྱི་གཟུགས་བྱས་འདོར་བ་དང༌། ཏིལ་འབྲུ་རེ་ཞིང་རྭ་ཅན་དུ་མོས་ནས་འདོར་བ་དང༌། སྡིག་གཟུགས་ཐིམ་པའི་ཏིལ་འབྲུ་དེ་ཉིད་མཐེབ་མོ་དང་མཛུབ་མོའི་བར་དུ་ཧཱུྃ་ཡིག་གིས་བཅར་ནས་འདོར་བའང་ཡོད་ཅིང༌། མེ་ལ་བསྐྱེད་ཆོག་ཡོད་མེད་དང༌། མེའི་དབུས་སུ་ཁྲོ་བོ་བསྐྱེད་མི་བསྐྱེད་གང་ཡང་ཡོད་ལ། བསྐྱེད་པ་ལྟར་ན། མེ་ནི་རྃ་ལས་ཡེ་ཤེས་ཀྱི་ཁ་དོག་ལྔ་པའོ། །ཁྲོ་བོ་ལ་ཟ་བྱེད་རྡོ་རྗེ་མཁའ་འགྲོར་བཏགས་ཀྱང་ཟ་བྱེད་ཀྱི་བརྡར་བཞག་པ་རྒྱུད་གཞུང་རྣམས་སུ་མ་མཐོང་བས་རང་བཟོ་ཡིན་པར་དོགས་ཞེས་བྱམས་པ་གླིང་པས་གསུངས། མངོན་བརྗོད་བླ་མའི་རྒྱུད་ཀྱི་ལེའུ་ཉེར་དགུ་པ་ལས། དེ་ནས་ཡང་དག་བཤད་བྱ་བ། །ཡི་གེ་དགུ་པ་བསྒྲུབ་པ་སྟེ། །ཀྵ་ཡི་ཡི་གེ་ལས་བྱུང་ཞིང༌། །སྡུག་བསྔལ་ཐམས་ཅད་ཟད་བྱེད་པ། །ཟད་བྱེད་མཁའ་འགྲོ་ཞེས་བྱ་སྟེ། །རྣམ་རྟོག་བཅོམ་པས་ཟད་མཛད་པ། །སོགས་ནས་མངོན་རྟོགས་དང་སྙིང་པོའི་སྔགས་སོགས་རྒྱས་པར་བསྟན་ཅིང་སྔགས་སུའང༌། ཨོཾ་ཤྲཱི་ཀྵ་ཡ་ཀ་སོགས་འབྱུང་བ་ཟད་བྱེད་ཀྱི་སྐད་དོད་ཡིན་པས་ཟད་བྱེད་རྡོ་རྗེ་མཁའ་འགྲོ་ཞེས་བསྟན་པ་ནི་རྒྱུད་དེ་ཉིད་དུ་གསལ་ལོ། །འདིར་མེའི་ལས་ཞེས་པ་མེ་ལ་སྡིག་པ་ཞི་བའི་ལས་འཆོལ་བ་སྟེ། འདིའི་ཁྲོ་བོའི་ཞལ་དུ་གསོལ་བར་མ་བསྒོམས་ཀྱང་མེ་ལ་དོར་བའི་ལས་ཉིད་ཁྲོ་བོའི་ཞལ་དུ་སྟོབ་པ་ཡིན་ཏེ། མེ་ནི་ལྷའི་ཞལ་ཡིན་པས་སོ། །སྐོང་ཐབས་བཅུ་གཉིས་པ་གཏོར་མ་གཏོང་བ་ནི། གཞུང་ལས། ཉེས་པའི་རིམ་པ་ཤེས་བྱས་ནས། །གཏོར་མས་དག་པ་ཉིད་དུ་བྱ། །ཞེས་གསུངས་ཏེ་དམ་ཚིག་ཉམས་པ་ཆེ་ཆུང་གི་རིམ་པ་དང་མཐུན་པར་གཏོར་མ་གཏོང་བའི་ཆོ་གས་དག་པར་བྱ་དགོས་ཤིང༌། གཏོར་མ་ལ་ཕྱིའི་གཏོར་མ་རྒྱ་གཞུང་ལས་འབྱུང་བ་ཆབ་གཏོར་འཇམ་དཔལ་མ་དང༌། ཐུབ་དབང་མ་ལྟ་བུ་མགྲོན་བཞི་ལ་གཙང་གཏོར་འབུལ་བའི་ཚུལ་རྣམས་དང༌། ནང་གཏོར་བ་ལིཾ་ཨཱ་ཙརྻ་སོགས་ཀྱིས་མཛད་པའི་གཏོར་མའི་ཆོ་ག་ལྟར་བཟའ་བཏུང་བཟང་པོའི་བྱེ་བྲག་ཇི་སྙེད་པ་སོ་སོའི་ཆོ་ག་ལྟར་སྦྱང་རྟོག་སྦར་གསུམ་གྱིས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་བདུད་
རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་ལྡན་ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་ནས། བླ་མ་དཀོན་མཆོག་ནམ་མཁའི་ཁམས་གང་བ་ལ་འབུལ་ཏེ། དེའང་ཉམས་པ་ཆེན་པོ་ལ་འབུམ་ཕྲག་ལྔ་དང་ཁྲི་ཕྲག་གསུམ། རྩ་བ་ཉམས་པ་ལ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གསུམ། ཡན་ལག་ཉམས་པ་ལ་སྟོང་ཕྲག་ལྔ་དང་བརྒྱ་ཕྲག་གསུམ། ཟླས་ཉམས་པ་ལ་བརྒྱ་ཕྲག་ལྔ་དང་བཅུ་ཕྲག་གསུམ། ཞར་ལས་ཉམས་པ་ལ་བཅུ་ཕྲག་ལྔ་དང་ཉེར་གཅིག་རྣམས་ཀྱིས་བསྐང་བར་གསུངས་ཤིང༌། ཉམས་པ་དེ་ལྔའང་ཇོ་བོ་རྗེའི་དམ་ཚིག་བསྡུས་པ་ལས། དེ་ལ་བྱང་ཆུབ་ཀྱི་སེམས་གཏན་སྤངས་ཏེ་རྩ་བ་མང་དུ་བྱུང་བ་ནི་ཀུན་ཏུ་ཉམས་པ་ཆེན་པོའོ། །དེ་མ་ཤོར་ཡང་རྩ་བའི་ཉེས་པ་གཅིག་གམ་འགའ་བྱུང་བ་ནི་རྩ་བ་ཉམས་པའོ། །རྩ་བ་མ་ཤོར་ཡང་ཉེས་པ་གཞན་བྱུང་བ་ནི་ཡན་ལག་ཉམས་པའོ། །བླ་མ་ངན་པ་དང་གྲོགས་ངན་པས་ཉེས་པ་བྱུང་བ་ནི་ཟླས་ཉམས་པའོ། །མི་ཤེས་པ་དང་མ་གུས་པ་དང་བག་མེད་པ་དང་ཉོན་མོངས་པ་ཆེ་བས་ཉེས་པ་བྱུང་བ་ནི་ཞར་ལ་ཉམས་པའོ། །ཞེས་པ་ལྟར་རོ། །དེ་རྣམས་ཀྱང་བརྩོན་པ་རབ་གསུམ་གྱིས་ཉེས་པ་བྱུང་བའི་དེ་མ་ཐག་པ་དང༌། སྔ་དྲོ་ལ་ཉིན་ཕྱེད། ཉིན་ཕྱེད་ལ་དགོང་མོ་དང༌། ཉིན་མོའི་ཉེས་པ་མཚན་མོ། མཚན་མོའི་ཉེས་པ་ཉིན་པར་བཤགས། བརྩོན་པ་འབྲིང་གསུམ་གྱིས་ཞག་བདུན་དང༌། དུས་ཁྱད་པར་ཅན་དང༌། ཞག་ཉེར་གཅིག་ཚུལ་ལ་བཤགས། བརྩོན་པ་ཐ་མ་གསུམ་གྱིས་ཟླ་བ་གསུམ་དང་བདུན་དང་བཅུ་གཉིས་ཚུན་ཆད་ལ་བཤགས། ཤིན་ཏུ་དམན་པས་འཆི་ཀར་རྩེ་གཅིག་ཏུ་བཤགས་ན་བསྐངས་པར་འགྱུར་ཞིང་དེ་དག་ལ་མ་བཤགས་ན་དུས་ལས་ཉམས་པ་ཞེས་བྱ་བར་འགྱུར་རོ། །སྐོང་ཐབས་བཅུ་གསུམ་པ་སྙིང་པོ་བཟླ་བ་ནི། གཞུང་ཉིད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གང་དུ་ཉམས་པར་གྱུར་པ་དེར། །རང་གི་ལྷ་ཡི་སྙིང་པོའི་སྔགས། །འབུམ་ཕྲག་ཚད་དུ་བཟླས་བརྗོད་བྱ། །ཞེས་པ་སྟེ། དེའང་རྒྱུད་སྡེ་བཞི་པོ་
གང་གི་དམ་ཚིག་ཉམས་པར་གྱུར་པ་དེ་ཉིད་སོ་སོ་ནས་བཤད་པ་ལྟར་དེ་ཉིད་ཀྱི་གཉེན་པོར་ཆེད་དུ་བསྔགས་པའི་གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་སམ། སྤྱི་ཙམ་དུ་རང་གི་ལྷག་པའི་ལྷ་ཡི་དམ་གྱི་ལྷའི་སྙིང་པོ་བཟླས་བརྗོད་བྱ་སྟེ་གྲངས་ཚད་འབུམ་ཕྲག་ནི་དཔེར་བརྗོད་པ་ཙམ་ཡིན་གྱི་གོང་དུ་གཏོར་མའི་སྐབས་སུ་བཤད་པ་ལྟར་ཉམས་པ་ལྔ་པོ་ཆེ་ཆུང་གི་ཚོད་དང་སྦྱར་ནས་བཟླས་བརྗོད་བྱས་ན། ཉམས་པ་བསྐངས་པར་འགྱུར་ཏེ། དམ་ཚིག་བསྡུས་པ་ལས་ཀྱང༌། ཡི་དམ་ལྷའི་ཏིང་ངེ་འཛིན་དང་བཟླས་པས་ཤིན་ཏུ་ཡང་བསྐང་ངོ༌། །ཞེས་གསུངས། དེའང་བླ་མེད་ཧེ་རུ་ཀའི་གསང་སྔགས་རྣམས་ནུས་པའི་སྟོབས་ཤིན་ཏུ་ཆེ་བར་དུས་འཁོར་སོགས་ལས་གསུངས་ཤིང༌། བདེ་མཆོག་རྩ་རྒྱུད་དུའང༌། རིག་པའི་རྒྱལ་པོའི་གསང་སྔགས་ཏེ། །བྱ་བ་ཐམས་ཅད་རབ་བསྒྲུབ་པའོ། །འདི་ལས་ཤིན་ཏུ་མཆོག་གྱུར་པ། །འཇིག་རྟེན་གསུམ་ན་ཡོད་མིན་ཏེ། །ཧེ་རུ་ཀ་དཔལ་སྔགས་ཤེས་ན། །མེ་སྟེ་གཞན་དག་སོག་མ་འདྲ། །ཞེས་དང༌། དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་ན་ནི། །མར་སར་སྟེང་དུ་ཞུ་འགྱུར་ཞིང༌། །སྣོད་ཀྱི་དྲི་མ་འཇིག་པར་འགྱུར། །དེ་བཞིན་ཤྲཱི་ཧེ་རུ་ཀ་ཡི། །མཚན་གྱིས་སྡིག་པ་འཇིག་པར་གྱུར། །བསམ་གཏན་སེམས་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་བའམ། །ཡང་ན་འཁོར་ལོས་སྒྱུར་བ་འཐོབ། །ཅེས་པའང་སོགས་པ་མང་ངོ༌། །སྐོང་ཐབས་བཅུ་བཞི་པ་ཟབ་མོའི་ལམ་བསྒོམ་པ་ནི། གཞུང་ལས། ཡང་ན་ཁ་དོག་དབྱིབས་མེད་ཅིང༌། །རིག་དང་མཚན་མ་མི་དམིགས་ལ། །རྣམ་ཐར་ཆགས་སོགས་ལས་གྲོལ་བ། །ཟབ་མོའི་བསམ་གཏན་ཉིད་དམིགས་བྱ། །ཞེས་པ་སྟེ། སྤྲོས་བཅས་ཀྱི་སྐོང་རྣམས་ལས་ཁྱད་པར་དུ་གྱུར་པའི་རྣམ་གྲངས་གཞན་ཡིན་པས་ཡང་ན་སྟེ། ཕྱག་རྒྱ་ཆེན་པོའི་སྒོམ་པའོ། །དེ་ནི་ཁ་དོག་དང་དབྱིབས་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་མེད་ཅིང༌། རིག་པ་སྟེ་རིག་སྔགས་བཟླ་བ་དང༌། ལྷའི་འདུ་
ཤེས་ཀྱི་མཚན་མ་བསྐྱེད་རིམ་པའི་སྒོམ་པ་མི་དམིགས་པ་ཧཱུྃ་ཕཊ་ཙམ་གྱིའང་རྟོག་པ་དང་བྲལ་བ་སྟོང་ཉིད་ཀྱི་རྣལ་འབྱོར་ཟབ་མོ་དང༌། རྣམ་པར་ཐར་པ་ཆགས་བྲལ་དང༌། ཆགས་པ་ལ་སོགས་པའི་མཐའ་ལས་གྲོལ་བ་བདེ་བ་ཆེན་པོའི་རྣལ་འབྱོར་ཟབ་མོ་སྟེ། ཟབ་མོའི་ལམ་ཉིད་བསྒོམས་པས་བསྐང་བར་བྱ་སྟེ། འདིར་དམིགས་པར་བྱ་ཞེས་པ་བསྒོམ་པར་བྱ་བའི་དོན་ཏོ། །འདི་ལྟ་བུའི་སྤྲོས་མེད་ཀྱི་ཀུན་ཏུ་སྤྱོད་པས་སྔགས་པའི་རྒྱུད་དག་པར་བྱེད་པ་ལ་དགོངས་ནས་དཔལ་འདུས་པའི་རྒྱུད་ཕྱི་མར་ཡང༌། ཐབས་དང་ཤེས་རབ་ལས་བྱུང་བའི། །ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །སྔགས་པས་སྦྱོར་བ་ངེས་བྱས་ལ། །ཐམས་ཅད་དག་པར་མོས་པ་ཡིས། །འཇིགས་པ་ཐམས་ཅད་སྤངས་ནས་སུ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །འདི་ལ་མི་བྱ་ཅི་ཡང་མེད། །དེ་བཞིན་མི་བཟའ་ཡོད་མ་ཡིན། །སྨྲ་བར་མི་བྱ་ཅི་ཡང་མེད། །རྟག་ཏུ་མི་བསམ་ཅི་ཡང་མེད། །མཉམ་པར་མ་བཞག་སྦྱོར་བ་ཡིས། །རྟག་པ་ཉིད་དུ་མཉམ་པར་འཇོག །གང་གིས་སེམས་ཀུན་ལ་སྤྱོད་པ། །ཀུན་ཏུ་སྤྱོད་པ་ཞེས་བཤད་དོ། །ཞེས་དང༌། ཉོན་མོངས་རྡོ་རྗེ་སྒྲིབ་དག་ན། །ལས་རྣམས་ཐམས་ཅད་རྣམ་པར་དག །ལས་རྣམས་ཐམས་ཅད་རྣམ་དག་པས། །ལས་སྐྱེས་འབྲས་བུ་རྣམ་པར་དག །ཅེས་ཏེ། སྦྱོར་བ་ངེས་བྱས་ནི་སྣང་གསུམ་མོ། །དེ་ཉིད་འོད་གསལ་དུ་འཇུག་པ་ནི་ཐམས་ཅད་དག་པར་མོས་པའོ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །ཞེས་པ། སྒོམ་པ་མེད་པའི་སྒོམ་གྱིས་ནི། །ཐམས་ཅད་ཆོས་ནི་ཡོངས་ཤེས་བྱ། །ཞེས་གསུངས་པ་ལྟར་སྒོམ་མེད་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་འཇོག་ཅེས་པ་སྟེ། ཀུན་སྤྱོད་འདིས་ལས་ཉོན་དག་ནས་རྒྱུད་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་བའི་དོན་ཏོ། །དམ་ཚིག་བསྡུས་པ་ལས་ཀྱང༌། ཁྱད་པར་དུ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་བསྐང་དུ་མི་བཏུབ་པ་ཡང་བསྐང༌།
ཞེས་འབྱུང་བའི་རྡོ་རྗེའི་སྒྲས་བསྟན་པའི་བྱང་ཆུབ་ཀྱི་སེམས་ནི་འོད་གསལ་ཕྱག་རྒྱ་ཆེན་པོ་བསྟན་པའོ། །སྐོང་ཐབས་བཅོ་ལྔ་པ་སྲོག་སྐྱོབ་པ་ནི། གཞུང་ལས། ཡང་ན་གཤེད་སོགས་རྒྱར་ཆུད་ཅིང༌། །རང་གི་ལས་ཀྱིས་འཆི་འགྱུར་དང༌། །རྐྱེན་ཟད་པ་ཡི་སེམས་ཅན་རྣམས། །དག་པའི་དོན་ཕྱིར་སྲོག་བསྐྱབ་བྱ། །ཞེས་གསུངས་ཏེ། དགེ་བའི་བྱ་བ་རླབས་ཆེན་གཞན་ཡང་སེམས་ཅན་གང་ཞིག་རྒྱལ་པོའི་ཆད་པ་དང་གཤེད་མའི་ལག་དང་གཅན་གཟན་སོགས་སྲོག་ལ་ཉེན་པའི་རྒྱར་ཆུད་པ་དང༌། རང་རང་གི་ལས་དང༌། དུས་མ་ཡིན་པ་གློ་བུར་དུ་འཆི་བའི་རྐྱེན་གྱིས་འཆི་བར་ངེས་པ་རྣམས་ལ་སྙིང་རྗེའི་ཕན་སེམས་བཟང་པོས་རང་གི་ནུས་པའི་སྟོབས་ཅི་ཡོད་པས་རྫས་དང་ཡོ་བྱད་ཀྱིས་བསླུ་བ། དཔུང་ཤེད་ཀྱིས་བསྲུང་བ། སྨན་དང་རིམ་གྲོས་ཕན་གདགས་པ་སོགས་མདོར་ན་སྲོག་གི་གནོད་པ་ལས་བསྐྱབས་ན། ལུས་འདི་བླངས་ཕྱིན་ཆད་རང་གཞན་ཐམས་ཅད་ལ་སྲོག་གཅེས་པ་མཚུངས་པ་ཡིན་པས་དགེ་བའི་སྟོབས་གཞན་གང་ལས་ཀྱང་ཆེ་བས་རང་རྒྱུད་ཀྱི་ཉམས་ཆགས་སོགས་སྡིག་པ་འདག་པ་དང༌། སྲོག་བསྐྱབས་པའི་ཕན་ཡོན་ཚེ་འདི་དང་ཕྱི་མར་རྒྱ་ཆེན་པོ་འཐོབ་པར་འགྱུར་ཏེ། གསེར་འོད་ལས་རྒྱུ་དང་རྐྱེན་གཉིས་ཀྱིས་ཚེ་རིང་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང༌། ཁ་ཟས་རབ་ཏུ་སྦྱིན་པའོ། །ཞེས་དང༌། དྲན་པ་ཉེར་གཞག་ལས། སྲོག་གཅོད་པ་དག་སྤངས་པ་དང༌། །སེམས་ཅན་ཀུན་ལ་སྙིང་རྗེ་མཆོག །བརྩེ་ལྡན་དྲང་པོ་ཞི་བ་དག །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །ཞེས་དང༌། ངག་དབང་གྲགས་པས་འཆི་བདག་སླུ་བའི་རྟོག་པ་ལས། བྱ་ཉ་རི་དྭགས་རྐུན་མ་དང༌། །སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་སོགས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་རྣམས་ནས་རྒྱ་ཆེར་འབྱུང་ཞིང་རིགས་པས་ཀྱང་དཔགས་པས་ཤེས་པར་ནུས་སོ། །སྐོང་ཐབས་བཅུ་དྲུག་པ་གསུང་རབ་ལ་བརྟེན་པ་ནི། གཞུང་ལས། གཞན་ཡང་མདོ་སོགས་གསང་བའི་བཀའ། །མ་ལུས་པ་ནི་བཀླག་པ་དང༌། །
མཆོད་ཅིང་རབ་ཏུ་གནས་བྱས་ན། །སྡིག་པ་ཀུན་དང་བྲལ་བར་འགྱུར། །ཞེས་པས་བསྟན་ཏེ། ཉམས་པ་སྐོང་བའི་ཐབས་གཞན་ཡང་རྒྱལ་བའི་གསུང་རབ་མདོ་སྡེ་ཟབ་མོ་རྣམས་བཀླག་པ། གླེགས་བམ་ལའང་བཀུར་སྟི་དང་མཆོད་པ་འབུལ་བ། སོགས་ཁོངས་ནས་རྒྱུད་སྡེ་ཟབ་མོ་རྣམས་ཀློག་ཅིང་མཆོད་པ། མདོ་སྔགས་ཀྱི་ཆོས་རྣམས་འབྲི་བ་དང་ཉན་བཤད་སོགས་ཡུན་དུ་གནས་པའི་ཐབས་ལ་བརྩོན་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བྱང་བར་འགྱུར་བ་ཡིན་ལ། འདིར་གསང་བའི་སྒྲ་ནི་ཟབ་མོ་ལ་འཇུག་གོ །དེ་དག་གི་ཕན་ཡོན་མཐའ་ཡས་པ་མདོ་རྒྱུད་རྣམས་སུ་གསུངས་པ་ལས་འདིར་དཔེ་ཙམ་མཚོན་ན། རྡོ་རྗེ་གཅོད་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་དག་ལེན་པ་དང༌། འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་ཏུ་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་དང་མཐུན་པ་བྱས་པ་གང་དག་ཡིན་པ་མི་དགེ་བའི་ལས་དེ་དག་ཚེ་འདི་ལ་མནར་བས་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་གསུངས་ཏེ། འདི་ལྟ་བུའི་མདོ་སྡེའི་ཚིག་ཅེས་པ་ནི་སྟོང་ཉིད་ཟབ་མོ་སྟོན་པ་སྟེ། སྟོང་ཉིད་ལ་མོས་པས་ནི་སྡིག་པ་རྣམས་ཀྱི་ནང་ན་ཆེས་ལྕི་བ་ཡང་རྣམ་སྨིན་མེད་པར་བྱེད་ནུས་པར་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུང་གང་གི་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེའི་སྲོག་བཅད་ན། དེ་ནི་སྲོག་གཅོད་པའི་ནང་ན་མ་རུངས་པའོ། །དཀོན་མཆོག་གསུམ་གྱི་དཀོར་རྐུ་བ་འདི་ནི་མ་བྱིན་པར་ལེན་པའི་ནང་ན་མ་རུངས་པའོ། །མ་ཡང་ཡིན་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་ལོག་པར་སྤྱད་ན་འདི་ནི་འདོད་པ་ལ་ལོག་པར་སྤྱད་པ་རྣམས་ཀྱི་ནང་ན་མ་རུངས་པའོ། །དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་དེ་ནི་བརྫུན་དུ་སྨྲ་བའི་ནང་ན་མ་རུངས་པའོ། །དེ་བཞིན་དུ་འཕགས་པའི་དགེ་འདུན་འབྱེད་པའི་ཚིག་བརྗོད་པ་འདི་ནི་ཕྲ་
མའི་དང༌། འཕགས་པ་ལ་མི་སྙན་པར་བརྗོད་པ་འདི་ནི་ཚིག་རྩུབ་པོའི་དང༌། ཆོས་ཐོས་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་ཀྱལ་པའི་དང༌། མཚམས་མེད་པ་ལྔ་བྱེད་པར་ཤོམ་པ་འདི་ནི་གནོད་སེམས་ཀྱི་དང༌། ཡང་དག་པར་སོང་བ་རྣམས་ཀྱི་རྙེད་པ་འཕྲོག་པའི་སེམས་འདི་ནི་བརྣབ་སེམས་ཀྱི་དང༌། ལྟ་བས་ཤིན་ཏུ་གཟིངས་པ་འདི་ནི་ལོག་པར་ལྟ་བའི་ནང་ན་མ་རུངས་པ་སྟེ། འོད་སྲུང་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ལྟ་བུ་འདི་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའོ། །འོད་སྲུང་གལ་ཏེ་སེམས་ཅན་གཅིག་ཅིག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཁ་ན་མ་ཐོ་བ་བཅས་པ་འདི་དག་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་བསྟན་པ་ལ་འཇུག་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གམ། གང་བྱེད་པའམ། གང་མྱང་བ་གང་ཡང་མེད་དོ་སྙམ་ནས། ཆོས་ཐམས་ཅད་ཀྱི་བྱས་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། སྒྱུ་མ་ལྟ་བུའི་ཆོས་ཉིད་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཉིད་དང༌། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང༌། ཆོས་ཐམས་ཅད་གདོད་མ་ནས་དག་པར་ཡིད་ཆེས་ཏེ་མོས་ན། སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ། །ཞེས་དང༌། ལས་སྒྲིབ་རྣམ་པར་སྦྱོང་བའི་མདོ་སོགས་ལས་དེ་དང་མཐུན་པར་རྒྱ་ཆེར་འབྱུང་བ་ལྟར་རོ། །རྒྱུད་སྡེ་ཟབ་མོ་ཀློག་པ་སོགས་ཀྱི་ཕན་ཡོན་ཡང་དཔལ་འདུས་པའི་རྒྱུད་ཕྱི་མ་ལས། གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང༌། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང༌། །མཆོད་པ་བྱེད་པ་དང་ནི་འདྲིའམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་ཕྱག་འཚལ་ལོ། །ཞེས་རྡོ་རྗེ་འཆང་དང་འདྲ་བར་ཕྱག་གི་འོས་སུ་བལྟ་དགོས་པར་གསུངས་ན། དེའི་རྒྱུད་ཀྱི་ལས་སྒྲིབ་དག་པར་བྱེད་པའི་ནུས་པ་ཡོད་པར་ཤེས་དགོས་པ་ལྟ་ཅི་སྨྲོས་ཏེ། མདོར་ན་ཐེག་པ་ཆེན་པོའི་དམ་ཆོས་འཛིན་པའི་ཕན་ཡོན་རྒྱ་ཆེར་གསུངས་པ་ཐམས་ཅད་ཀྱང་འདིའི་སྐོང་ཐབས་སུ་འབྲེལ་བའི་ལུང་དུ་ཤེས་
པར་བྱའོ། །སྐོང་ཐབས་བཅུ་བདུན་པ་བླ་མ་མཉེས་པར་བྱ་བ་ནི། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་ཅིང༌། །སྐྱེ་བོ་ཀུན་གྱིས་བཀུར་འགྱུར་བ། །དེ་ལྟའི་ཡོན་ཏན་ཐོབ་བྱེད་པའི། །བླ་མ་ལ་ནི་བཀུར་སྟི་དང༌། །རྙེད་པ་དང་ནི་རིམ་གྲོ་དང༌། །གུས་པ་ཆེན་པོས་རབ་བསྟེན་ན། །སྡིག་ཀུན་རྣམ་དག་བདག་ཉིད་འགྱུར། །ཅེས་གསུངས་ཏེ། བླ་མ་བསྟེན་ཚུལ་ཇི་ལྟ་བ་བཞིན་གྱིས་མཉེས་པར་བྱས་ན། ཕྱི་དང་ནང་གི་བར་ཆད་ཀྱི་སྲུང་བ་དང་དངོས་གྲུབ་སྒྲུབ་པ་མཆོག་ཏུ་འགྱུར་བར་མ་ཟད། རྩ་ལྟུང་ལ་སོགས་པའི་སྡིག་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་ཏེ། རྡོ་རྗེ་ཐེག་པ་འདིར་བསླབ་བྱ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དམ་ཚིག་ཐམས་ཅད་ཀྱི་རྩ་བར་འོང་ལ། དེའི་ཕྱིར་ལམ་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཉིད་ཡིན་པའི་ཕྱིར། ལུས་ངག་ཡིད་གསུམ་གྱིས་མ་གུས་པ་སྤོང་བ་དང༌། གུས་པ་ཆེན་པོས་བྱ་བ་དང་མི་བྱ་བ་ཞུ་བ་དང༌། མི་རིགས་པའི་བྱ་བ་ཐམས་ཅད་དུ་སྤང༌། རིགས་པའི་བྱ་བ་ངེས་པར་སྒྲུབ་ཅིང་བླང་དོར་ལ་མཁས་པར་བྱ། མཉེས་པ་གང་ཡིན་པ་སྒྲུབ་ཅིང་སྒོ་གསུམ་གྱིས་བརྙས་པ་དངོས་དང་བརྒྱུད་ནས་སྤང་བར་བྱ་སྟེ་ཇི་ལྟར་བྱ་བའི་ཚུལ་ཞིབ་པར་གཞུང་འདི་ཉིད་ཀྱི་ལེའུ་དང་པོ་དང་བླ་མ་ལྔ་བཅུ་པ་ལས་ཤེས་པར་བྱ་བ་གལ་ཆེའོ། །སྐོང་ཐབས་བཅོ་བརྒྱད་པ་དམ་ཚིག་རྡོ་རྗེ་ལ་བརྟེན་པ་ནི། གཞུང་ལས། དཔའ་བོས་དོན་ཡོད་རྡོ་རྗེ་ཅན། །བསྙེན་སོགས་རིམ་པ་སྔོན་འགྲོ་བས། །ཆོ་ག་རབ་ཏུ་རྫོགས་བྱས་ནས། །དཀྱིལ་འཁོར་བཞེངས་ཏེ་བདག་འཇུག་གོ །ཞེས་གསུངས་པ་ནི་དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ་ལས། དམ་ཚིག་ཉམས་ལས་བསླང་བ་ནི། །དོན་ཡོད་རྡོ་རྗེའི་འཁོར་ལོ་བཟང༌། །སྙིང་གར་ལས་ཀྱི་རྡོ་རྗེ་ཁཾ། །བསམས་ནས་ཐམས་ཅད་བདག་དབང་བསྐུར། །ཞེས་གསུངས་པའི་དོན་ཏོ། །དེ་ཉིད་ལག་ཏུ་ལེན་པའི་ཚུལ་སྒྲུབས་ཐབས་ཀུན་བཟང་ལས། དམ་ཚིག་ཉམས་ལ་སྙིང་གའི་ཟླ་བར་ནི། །སྙིང་པོ་སྣ་ཚོགས་རྡོ་རྗེ་ཇི་བཞིན་བསམ། །དཔལ་ལྡན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས། །
འགྲོ་བ་རང་བཞིན་གྱིས་དག་རྣམ་བསམས་ལ། །སྣ་ཚོགས་འདབ་མའི་པདྨའི་དབུས་སུ་ནི། །སྔར་གྱི་རིམ་པས་དབང་བསྐུར་ཀུན་ཏུ་བླང༌། །ཞེས་གསུངས་པ་འདིའི་བསྒོམ་དོན་སློབ་དཔོན་ཤྲཱི་པ་ལས། རང་གི་སྙིང་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྣ་ཚོགས་རྡོ་རྗེ་རྣམ་པར་བསམ་སྟེ། སྣ་ཚོགས་རྡོ་རྗེ་དེ་ནི་སྙིང་པོ་སྣ་ཚོགས་རྡོ་རྗེའོ། །དཔལ་ལྡན་དམ་ཚིག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་སྟེ། རང་གི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དབུས་སུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་གདན་གྱི་སྟེང་དུ་ཁཾ་ལས་རལ་གྲི། དེ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ལྷག་པར་མོས་པས་འགྲོ་བ་ཐམས་ཅད་དག་པར་བསམས་ལ། སྣ་ཚོགས་པའི་འདབ་མ་དང་ལྡན་པའི་པདྨའི་དབུས་སུ་ཉི་མའི་དཀྱིལ་འཁོར་དྲི་མ་མེད་པ་ཉེས་པའི་འདམ་ཐམས་ཅད་ཀྱིས་མ་གོས་པ་སྔར་གྱི་རིམ་པ་ལ་ཞེས་པ་སྙིང་པོའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བའི་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པའི་ལྷ་མོ་ཕྱག་ན་བདུད་རྩིས་གང་བའི་བུམ་པ་བསྣམས་པ་རྣམས་ཀྱིས་བདག་ཉིད་ཀྱི་ལུས་ཀྱི་རྡུལ་ཕྲ་རབ་རྣམས་བརླན་ཅིང་དབང་བསྐུར་བར་བསམ་པར་བྱའོ། །འདི་ནི་དམ་ཚིག་ཉམས་པའི་གཉེན་པོ་ཡིན་ནོ། །དབང་བསྐུར་བའི་རིམ་པ་འདི་ནི་ཕྱི་རོལ་གྱི་ཁྲུས་བྱ་བའི་ཆོ་ག་ལའང་བསམ་པར་བྱའོ། །ཞེས་སོགས་དང་ཐ་གནས་ཀྱང་དེ་དང་མཚུངས་པར་བཤད་པ་ནི་དོན་གྲུབ་ཉིད་བསྒོམས་པས་ཆོག་པ་དང༌། སློབ་དཔོན་ས་མནྟ་བྷ་དྲ་དང་སྨན་པ་ཞབས་ཀྱིས་དཀྱིལ་འཁོར་དོན་གྲུབ་ཏུ་བསྐྱེད་པར་བཤད་དེ། དེ་དག་གང་ལྟར་ཡང་དོན་གྲུབ་ཀྱི་རྣམ་པར་བསྐྱེད་ནས་དེ་ལ་དབང་བསྐུར་བས་ལྟུང་བ་དག་པའི་ཐབས་སུ་འགྱུར་བ་སྟེ། དཔེར་ན་གཙོ་བོ་བདུད་རྩི་འཁྱིལ་པར་བསྒྱུར་ནས་དབང་བསྐུར་བས་བགེགས་འཇོམས་པའི་ཐབས་སུ་འགྱུར་བ་བཞིན་ནོ། །དེ་ལྟར་ན་སྐོང་ཐབས་ཀྱི་གཙོ་བོ་ནི་དོན་
གྲུབ་ཀྱི་ང་རྒྱལ་གྱིས་དབང་ནོད་པ་ཡིན་ལ། བདག་དང་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་མོས་པ་ཉིད་ཀྱང་བསྐང་བའི་ཆེད་དོ། །གཞུང་འདིའི་དགོངས་པ་བདག་བསྐྱེད་ཀྱིས་དབང་ནོད་པ་འདི་ཙམ་དུ་བསྟན་ལ། གཞུང་འདིའི་དཀྱུས་སུ་བསྟན་པ་ལྟར་ན་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བས་དོན་གྲུབ་གཙོ་བོར་བྱས་པའི་དཀྱིལ་འཁོར་ལས་བདག་འཇུག་བླང་ཞེས་པ་སྟེ། འདི་དག་ནི་ཤིན་ཏུ་རྒྱས་པའི་སྦྱོར་བ་སྟེ་འདི་ལས་བསྡུས་འབྲིང་རྒྱས་པ་གང་ཡང་རུང་བས་དབང་ནོད་པ་ནི་སྐོང་ཐབས་ཁྱད་པར་ཅན་གྱི་རྣམ་པ་གཅིག་གོ །ད་ལྟ་ལམ་འབྲས་སོགས་ལ་ཉམས་སུ་ལེན་པའི་དམ་ཚིག་རྡོ་རྗེའི་སྒོམ་བཟླས་ཀྱང་རྒྱས་བསྡུས་ཙམ་ལས་ཁུངས་འདི་དང་འབྲེལ་ལོ། །ཕ་རྒྱུད་ཀྱི་སྐོང་ཐབས་དེ་དང་མཚུངས་པ་རྣལ་འབྱོར་མའི་རྒྱུད་མངོན་བརྗོད་ལེའུ་ཉེར་དྲུག་པ་ལས། སངས་རྒྱས་ཐོད་པ་ལྷ་བཞི་བཅུ་རྩ་གཅིག་པའི་ལུས་ཀྱི་དང་ཕྱིའི་ལྷའི་རྣལ་འབྱོར་ལ་བརྟེན་པས་ལྟུང་བ་སྦྱངས་ནས་དམ་ཚིག་ནོད་པའི་ཆོ་ག་རྒྱས་པར་གསུངས་པའང་ཤེས་པར་བྱའོ། །སྐོང་ཐབས་བཅུ་དགུ་པ་ཡིག་བརྒྱའི་ཆོ་ག་ནི། ཡང་ན་ཆུ་ཡི་ནང་ཞུགས་དང༌། །ཡང་ན་མིག་བཙུམས་གྱུར་པ་འམ། །ཡང་ན་སྐུ་གཟུགས་ལ་བལྟས་ཏེ། །རྒྱལ་བའི་ཚོགས་ལ་རྣམ་གཏད་ནས། །སྟོང་ཕྲག་ལྔ་ནི་སངས་རྒྱས་ཀྱི། །སྙིང་པོ་རབ་ཏུ་བཟླ་བར་བྱ། །ཞེས་གསུངས་ཏེ་ཆུའི་རྫིང་བུའི་ནང་དུ་ཞུགས་པའམ་མིག་བཙུམས་པ་ལ་སོགས་པའི་བརྟུལ་ཞུགས་ཀྱི་ཆོ་གས་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་གང་ཡང་རུང་བའམ། གཙོ་བོར་ཡི་གེ་བརྒྱ་པ་སྟོང་ཕྲག་ལྔ་བཟླས་བརྗོད་བྱས་པས་སྡིག་པ་འདག་པར་བསྟན་ཏེ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ལས། ཇི་སྐད་དུ། མིག་བཙུམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་སེམས་གྱིས་ཡི་གེ་བརྒྱ་པ་ལན་སྟོང་ཕྲག་བཟླས་བརྗོད་བྱས་ན། མིག་བཙུམས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། སྡིག་པ་དང་བྲལ་བར་འགྱུར་རོ། །
ཡང་མཆོད་རྟེན་ལ་བསྐོར་བ་བྱེད་ཅིང་སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །སྐུ་གཟུགས་སམ་དམ་པའི་ཆོས་ཀྱི་གླེགས་བམ་གང་རུང་ཡང་རུང་བ་ཞིག་མདུན་དུ་བཞག་ནས་ཀྱང་ཆོ་ག་ནི་འདི་ཉིད་ཡིན་ནོ། །ཞེས་གསུངས་པ་འདི་ལྟ་བུར་བྱ་བའི་དོན་ཏེ། སངས་རྒྱས་ཀྱི་སྙིང་པོ་ནི་སྔར་སྨོས་པ་དེ་བཞིན་གཤེགས་པའི་ཡིག་བརྒྱ་ཡིན་པར་བཤད་དོ། །སྐོང་ཐབས་ཉི་ཤུ་པ་དུས་བཟང་ཚོགས་གསོག་ནི། གཞུང་ལས། དཀར་པོའི་བརྒྱད་དང་བཅོ་ལྔ་ལ། །དག་པའི་བདག་ཉིད་བྱས་ནས་ཀྱང༌། །རྒྱ་ཆེན་མཆོད་པ་སྔོན་འགྲོ་བས། །བཟླས་བརྗོད་བརྟན་པས་བྱས་ན་ནི། །སྡིག་པ་ཐམས་ཅད་རྣམ་དག་པར། །རྒྱལ་བ་དམ་པས་གསུངས་པས་ན། །ཐེ་ཚོམ་དང་ནི་བྲལ་གྱུར་པས། །སྔགས་པས་རྟག་ཏུ་སྤྱད་པར་བྱ། །ཞེས་གསུངས་ཏེ། དཀར་ཕྱོགས་ཀྱི་ཚེས་བརྒྱད་དང་བཅོ་ལྔ་ལྟ་བུ་དུས་ཁྱད་པར་ཅན་ལ། རེ་ཞིག་དང་པོར་ཕན་ཡོན་ལ་ཡིད་ཆེས་ཤིང་དཀོན་མཆོག་ལ་དང་བའི་དད་པ་བསྐྱེད་པ་དང༌། བདག་ཉིད་འབུལ་བ་དང༌། སྡིག་པ་བཤགས་པ་ལ་སོགས་པས་བདག་ཉིད་ཀྱི་རྒྱུད་དག་པར་བྱས་ནས། མཆོད་པ་རྒྱ་ཆེན་པོ་བཤམས་པ་དང་སྤྲུལ་པ་དང་དབུལ་བ་སྔོན་དུ་བཏང་ལ། དེ་ནས་སེམས་མ་ཡེངས་པ་དང་ཐེ་ཚོམ་མེད་པས་བརྟན་པར་བྱས་ནས་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་དག་པར་རྒྱལ་བས་གསུངས་ཞེས་པའི་དོན་གསུང་རབ་ལས་འབྱུང་བའི་ཚིག་རྒྱས་བསྡུས་གང་ཡང་རུང་བས་ཚོགས་གསོག་སྔོན་དུ་འགྲོ་བས་སེམས་རྩེ་གཅིག་པས་སྡིག་པ་སྦྱོང་བ་ལས་བསྔགས་པའི་བཟླས་བརྗོད་ལ་བརྩོན་ན་སྡིག་པ་བྱང་བར་འགྱུར་བར་གསུངས་པ་ཡིན་ལ། འགྲེལ་པ་འགའ་ཞིག་ཏུ་འདི་ཉིད་དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ཡིན་པར་ཡང་བཤད་པས་དེ་ལྟར་ན་རྒྱུད་དེ་ཉིད་ལས། འདིར་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་དོན་ཡོངས་སུ་མི་ཉམས་པར་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྔགས་འཛིན་པས་དང་པོར་རེ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སོ་སོའི་སྐྱེ་བོའི་ས་ལས་
འདས་པ་དང་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་རྙེད་པ་ཉིད་ལ་བདག་ཉིད་དད་པར་བྱའོ། །སྒྲུབ་པ་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སྔ་དྲོ་དང་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ། ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་ཉིད་དབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་བདག་ལ་རྣམ་པ་ཐམས་ཅད་དང༌། དུས་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་ཡོངས་སུ་བསྲུང་བར་གྱུར་ཅིག བདག་ལ་གྲུབ་པ་དང་མཆོག་སྩོལ་ཅིག དེ་ནས་སྡིག་པ་སོ་སོར་བཤགས་པར་བྱ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་སྡིག་པ་ཐམས་ཅད་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་པ་གང་གིས་བཤགས་པར་མཛད་པའི་སེམས་བསྐྱེད་པ་དེས་བཤགས་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ལྟར། དེས་ཀྱང་ཇི་ཙམ་དུ་བཤགས་པར་ནུས་པ་དེ་ཙམ་དུ་བཤགས་པར་བྱའོ། །དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། གང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་དང༌། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་པ། སེམས་ཅན་གྱི་ཁམས་ཡོངས་སུ་སྲུང་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་བླ་ན་མེད་པ་རྗེས་སུ་ཡི་རང་བར་བྱ་སྟེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མཁྱེན་པ་ལྟར། དེས་ཀྱང་རྗེས་སུ་ཡི་རང་བར་ནུས་པ་དེ་ལྟར་རྗེས་སུ་ཡི་རང་བར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱི་སྟོབས་དང༌། བདག་གི་བསོད་ནམས་ཀྱི་སྟོབས་དང༌། རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་
ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་རྒྱ་ཆེན་པོ་གོང་མ་ལས་བླ་མར་མངོན་པར་བསྒྲུབས་པའི་མཆོད་པའི་སྤྲིན་རབ་ཏུ་འབབ་པར་བསམ་པའམ་བརྗོད་ལ། མཆོད་པ་ཆེན་པོར་མངོན་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦྦ་ཐཱ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཇི་ལྟར་མངོན་པར་བསྔོས་པ་ལྟར་དེ་བཞིན་དུ་འབྱུང་ངོ༌། །མཆོད་པ་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་ཏོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་ཡོན་ཏན་བསྔགས་པ་དང༌། གྲགས་པ་སྣ་ཚོགས་ཀྱི་གླུའི་སྤྲིན་རྒྱ་མཚོ་རབ་འབྱམས་ཚིག་ཏུ་བརྗོད་པའམ་བསམས་ལ། འདི་ལྟ་བུའི་བསྟོད་པ་དཔེ་མེད་པ་ངེས་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏྲ། སཾ་ཀུ་སུ་མི་ཏ་ཨཱ་བི་ཛྙཱ་རཱ་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ནས་དེ་བཞིན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོན་ཏན་བསྔགས་པ་བརྗོད་པའི་སྤྲིན་གྱི་རྒྱ་མཚོ་རབ་ཏུ་འབྱུང་བར་གྱུར་པ་དེ་ལྟ་བུར་ཡང་དད་པར་བྱའོ། །དེའི་འོག་ཏུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ཀྱི་སྤྲུལ་པའི་སྤྲིན་སེམས་ཅན་ཐམས་ཅད་ལ་དམིགས་པ་ལས་བྱུང་བ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་དང༌། བདེ་བ་ཐམས་ཅད་མྱུར་དུ་སྩོལ་ཅིག་པ་དང༌། ཡང་ན་སེམས་ཅན་ཐམས་ཅད་ཀྱི་ཟག་པ་མེད་པའི་དགེ་བ་འབྱུང་བའི་སྦྱོར་བ་ཡང་དག་པར་འབྱུང་བ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་གྲུབ་པའི་མཆོག་ཐོབ་པར་གྱུར་ཅིག ཅེས་དེ་ལྟ་བུ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་ཡིད་ལ་བྱེད་པའམ་ངག་ཏུ་བརྗོད་དེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་མངོན་པར་སྒྲུབ་པའི་རྒྱུ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་
སྐྱོང་བར་བྱེད་པ་དང༌། སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་རིག་པའི་རྒྱལ་པོ་ཆེན་པོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མོསྟུ་ཏེ་མ་ཧཱ་བཛྲ་སརྦ་སཏྭ་ཧི་ཏཾ་ཀཱ་ར། ཏིཥྛ་སརྦ་ཏྲ། སརྦེ་ཥཱཾ་དྷརྨཱ་ཎཱཾ། ཨ་དྷིཥྚཱ་ཡ་སྭཱ་ཧཱ། རིག་པའི་རྒྱལ་པོ་བརྗོད་པ་ཙམ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་དེ་དག་གི་སྤྲུལ་པའི་སྤྲིན་རྒྱ་ཆེ་བ་མངོན་པར་བསྒྲུབས་ནས། མདོར་ན་སེམས་ཅན་གྱི་ཁམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་ཡང་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱིས་དེ་དག་ལ་དང་བར་ཡང་བྱའོ། །དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁོ་ནས་མཁྱེན་ཏོ། །དེ་ནས་དེ་དག་ཐམས་ཅད་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། རྗེས་སུ་ཡི་རང་བ་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་ཡང་བྱའོ། །དེའི་འོག་ཏུ་བདག་སྡུག་བསྔལ་བར་གྱུར་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང༌། བདག་ལ་གྲུབ་པའི་མཆོག་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང༌། དམིགས་པ་དང་བཟླས་པ་དང༌། ནན་ཏན་དུ་བགྱིས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་དངོས་གྲུབ་ལ་སོགས་པ་བསྒྲུབས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང༌། དམིགས་པ་དག་ལ་གོམས་པའི་སེམས་ཀྱིས་བླ་ན་མེད་པའི་སྙིང་པོ་འདི་ཇི་སྲིད་སྐྱོང་བར་མ་གྱུར་པ་དེ་སྲིད་དུ་བཟླ་བར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་དང༌། བླ་ན་མེད་པའི་སེང་གེའི་སྒྲ་སྒྲོགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། སེམས་ཅན་གྱི་དོན་བླ་ན་མེད་པ་བྱེད་པ་དང༌། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོའི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་
ཅད་ལ་ཕྱག་བྱས་ནས་ལྡང་བར་བྱའོ། །ཞེས་གསུངས་པ་ལྟར་བྱ་ཞིང་བཟླས་པའང་དེ་བཞིན་གཤེགས་པའི་ཡིག་བརྒྱ་ཉིད་གཙོ་བོར་གཟུང་ངོ༌། །སྐོང་ཐབས་ཉེར་གཅིག་པ་ཕུང་པོ་གསུམ་པ་ཀློག་པ་ནི། གཞུང་ལས། མཚན་མོ་མི་ཉལ་རྣལ་འབྱོར་གྱིས། །མཁའ་ལ་རྒྱལ་བའི་ཚོགས་དམིགས་ཏེ། །ཕུང་པོ་གསུམ་པའི་མདོ་སྡེ་དག །གལ་ཏེ་ཆོ་ག་བཞིན་སྤྱད་ན། །ཁ་ན་མ་ཐོ་སྦོམ་པོ་ཡང༌། །ཟླ་བ་གསུམ་གྱིས་རྣམ་དག་པར། །ཐུབ་པས་གསུངས་པ་ཤེས་བྱ་སྟེ། །དད་པ་ཡིས་ནི་ཀུན་ཏུ་སྤྱད། །ཅེས་གསུངས་ཏེ་འདི་ནི་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་འབྱུང་བ་སྟེ། འདི་ལྟ་བུའི་སྡིག་ལྟུང་འདག་པར་བྱེད་པའི་ཐབས་ཉན་ཐོས་ལ་མེད་ཅིང་བྱང་སེམས་ཀྱི་འདུལ་བའི་ཁྱད་ཆོས་ཡིན་པས་བྱང་ཆུབ་སེམས་དཔའ་ལྟུང་བ་བཤགས་པ་ཞེས་བྱ། དེའང་འདོད་ཆགས་ལས་བྱུང་བའི་ལྟུང་བ་རྣམས་ནི་ཉན་ཐོས་ལ་ལྕི་ཞིང༌། ཞེ་སྡང་དང་གཏི་མུག་ལས་བྱུང་བའི་ལྟུང་བ་རྣམས་ནི་བྱང་སེམས་ལ་ལྕི་བས་ལྟུང་བ་ཆེ་ཆུང་གི་རིམ་པ་དང་བསྟུན་ནས་གང་ཟག་བཅུ་ནས་གཅིག་གི་བར་དུ་བཤགས་པའི་ཚུལ་གསུངས་ཤིང༌། དེས་འདག་པར་མི་འགྱུར་བའི་ལྷག་མ་ཁ་ན་མ་ཐོ་བ་ཆེན་པོ་རྣམས་ཐབས་འདིས་བཤགས་པ་དང༌། དེའི་ཆོ་གའང་ཉིན་དང་མཚན་མོར་ལན་གསུམ་གསུམ་དུ་བཤགས་ན་ཟླ་བ་གསུམ་གྱིས་སྡིག་ལྟུང་བྱང་བར་འགྱུར་བར་གསུངས་པ་སྟེ། སྤྱོད་འཇུག་ལས་ཀྱང༌། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་འབྱུང་ངོ༌། །ཕུང་པོ་གསུམ་པ་ཞེས་པའང༌། ཕྱག་སོགས་སྔོན་དུ་འགྲོ་བས་སྡིག་པ་བཤགས་པའི་ཕུང་པོ་དང༌། སྐྱེ་འཕགས་ཀྱི་དགེ་བ་ལ་ཡི་རང་བའི་ཕུང་པོ་དང༌། ཆོས་འཁོར་བསྐོར་ཞིང་མི་འདའ་བར་གསོལ་བ་འདེབས་པའི་ཕུང་པོ་རྣམས་ལ་སྔོན་གྱི་མཁས་པ་རྣམས་བཞེད་ཅིང༌། ཕུང་པོ་ནི་དེ་དག་བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་སུམ་ཅུ་རྩ་ལྔ་མདུན་གྱི་ནམ་མཁར་དམིགས་ཏེ་རྟེན་
གྱི་སྟོབས་སྐྱབས་འགྲོ། མཐོལ་བཤགས་རྣམ་པར་སུན་འབྱིན་པའི་སྟོབས། སླན་ཆད་སྡོམ་པ་སླར་ལྡོག་པའི་སྟོབས། གཞན་རྣམས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞི་ཚང་བའི་བཤགས་པས་མི་འདག་པའི་སྡིག་པ་གང་ཡང་མེད་པ་ཆོས་བཞི་བསྟན་པའི་མདོ་ལས་འབྱུང་ངོ༌། །སངས་རྒྱས་སོ་ལྔའི་མཚན་ཙམ་ཐོས་ཤིང་བཟུང་བ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ན་ཕུང་པོ་གསུམ་པའི་ཆོ་གས་ལྟུང་བ་འབྱང་བ་བལྟ་ཅི་སྨོས་ཏེ། སྤྱིར་སངས་རྒྱས་རྣམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། སྨན་བླའི་མདོ་ལས་ཀྱང༌། དགེ་སློང་དང་དགེ་སློང་མ་བསླབ་པའི་གཞི་ལས་ཉམས་པ་དག་ངན་སོང་གི་འཇིགས་པས་སྐྲག་སྟེ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་མཚན་ནས་བརྗོད་ཅིང་མཆོད་པ་བྱེད་ན་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་འགྱུར་བ་དང༌། དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲགས་པར་གྱུར་པ་དེ། ངན་སོང་ངན་འགྲོར་འགྲོ་བར་འགྱུར་བ་ནི་གནས་མེད་དེ་གོ་སྐབས་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་མཚོན་ཅིང་གཞན་ཡང་རྒྱ་ཆེར་འབྱུང་བས་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་པ་གལ་ཆེ་བར་སྣང་ངོ༌། །འདིར་ཡང་ཤེས་པར་བྱ་བ་ནི། ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་བརྒྱ་ལ། ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ཉེས་པ་བྱུང་ན་འདི་ལྟར་སློབ་སྟེ། གལ་ཏེ་བདག་གིས་ཕུང་པོ་འདི་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ན་ནི། བདག་གི་སེམས་ཅན་ཡོངས་སུ་གདུང་བ་དང་ལྡན་པར་འགྱུར་གྱི། འདི་ལྟར་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པར་གནས་པ་དེ་ལྟ་བུའི་གོ་ཆ་བགོས་ལ། བདག་གི་སེམས་ལ་གདུང་བར་མི་བྱའི། ཇི་ལྟ་ཇི་ལྟར་འཁོར་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ། །ལྟུང་བ་འདི་ཡང་ཆོས་བཞིན་དུ་གསོ་བར་བགྱིའོ། །ཕྱིས་ཉེས་པ་མི་བྱའོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ་
ཡོངས་སུ་བརྟག་པ་བཟུང་ན། གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་ལྟུང་བ་རྩ་བ་བཞི་པོ་ཐམས་ཅད་ཞིག་པར་གྱུར་ཀྱང་ཐབས་ལ་མཁས་པ་འདིས་སེལ་བར་བྱེད་པ་ལྟར་ན། བྱང་ཆུབ་སེམས་དཔའ་ལ་ལྟུང་བར་མི་འགྱུར་བར་ང་སྨྲའོ། །ཞེས་གསུངས་ཏེ་དེའི་དགོངས་པའང་བྱང་སེམས་ཐེག་པ་པས་ལྟུང་བ་དེ་སྤྱད་ན་གཞན་གྱི་དགེ་རྩའི་རྐྱེན་དུ་འགྱུར་ལ། མ་སྤྱད་ན་མི་འགྱུར་བ་དེའི་ཚེ། རང་བསྐལ་པར་དམྱལ་བར་བཙོས་ཀྱང་བླའི། གཞན་གྱི་དགེ་རྩ་བསྐྱེད་པར་བྱའོ་སྙམ་པའི་སེམས་ཀྱིས་ཟིན་པ་ན། ལྟུང་བའི་གཞི་སྤྱད་ཀྱང་ལྟུང་བར་མི་འགྱུར་བ་མ་ཟད། བྱང་ཆུབ་མྱུར་བའི་ཐབས་སུ་འགྱུར་བ་བྲམ་ཟེའི་ཁྱེའུ་སྐར་མ་ལྟ་བུ་དང༌། ཡང༌། བདག་ནི་བྱང་ཆུབ་རིངས་ཚུལ་དུ། །འཚང་རྒྱར་གྱུར་ལ་སྤྲོ་བ་མེད། །སེམས་ཅན་གཅིག་ཅིག་ཕྱིར་ཡང་ནི། །ཕྱི་མཐའི་བར་དུ་གནས་པར་བགྱི། །ཞེས་པ་ལྟ་བུར་ལྷག་པའི་བསམ་པ་བརྟེན་པ་དེ་ནི་གཞན་དོན་དུ་འཁོར་བར་ཡུན་རིང་དུ་གནས་ཀྱང་སྤྲོ་བ་ཡིན་ལ། དེ་ལྟ་བུ་དེ་རབ་ཏུ་བྱུང་བས་ལྟུང་བའི་རྩ་བ་བཞི་སྤྱད་པ་ན། ཕྱིས་མི་བྱ་བའི་བསམ་པ་དང་བཅས་བཞིན་དུ་སྔར་སྤྱད་པ་དེ་འཕྲལ་དུ་མི་གསོ་བར་ཅི་ཞིག་ལྟར་གསོ་བར་བྱའོ། །ཞེས་ཕྱི་ཤོལ་དུ་ལུས་ཀྱང༌། སྔར་སྦྱང་དེ་ལྟུང་བར་མི་འགྱུར་ཞེས་པ་རྣམ་སྨིན་གྱི་ཉེས་པས་རེག་པར་མི་འགྱུར་བའི་དོན་ཏེ། དེ་ལྟ་བུའི་ལྷག་པའི་བསམ་པ་དང་ལྡན་ན་འདི་དག་ཐམས་ཅད་སྔགས་ཀྱི་སྐོང་ཐབས་སུ་འགྱུར་བ་ཡིན་ནོ། །སྐོང་ཐབས་ཉེར་གཉིས་པ་རྡོར་སེམས་ཡིག་བརྒྱ་བཟླ་བ་ནི། གཞུང་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང༌། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང༌། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་ཏེ། དེའང་དོན་གྱི་
རྡོ་རྗེ་སེམས་དཔའ་ནི་བདེ་བ་ཆེན་པོའི་སྐུ་ཡིན་ཞིང༌། དེ་ཉིད་ལས་སྐུའི་དབྱེ་བ་གཞག་པ་ལྟར་བརྡའི་རྡོ་རྗེ་སེམས་དཔའ་ཉིད་ཧེ་རུ་ཀ་སོགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པས་སྐུ་གཅིག་པུ་ཞེས་པའོ། །རྡོར་སེམས་དེ་ཉིད་རང་རང་གི་བསྐྱེད་ཆོག་ནས་འབྱུང་བ་བཞིན་མོས་པ་ལ་རྩེ་གཅིག་ཏུ་དམིགས་ཤིང༌། འདིའི་ཡིག་བརྒྱ་ཐུན་བཞིར་ཉི་ཤུ་རྩ་གཅིག་རེ་བཟླས་པས་ལྟུང་བ་སོགས་བྱིན་གྱིས་བརླབ་པར་འགྱུར་བས། དེའི་བྱིན་རླབས་ཀྱིས་འཕེལ་བར་མི་འགྱུར་བར་བཤད་ཅེས་པ་སྟེ། འཕེལ་བའི་དོན་ནི། ལྟུང་བ་བྱུང་བ་དེ་མ་ཐག་ཏུ་བཤགས་མི་ཤེས་པའམ་མ་ནུས་ན་ཞག་རེ་བཞིན་གཅིག་ལས་གཉིས། གཉིས་ལས་བཞི་སོགས་ཇེ་འཕེལ་དུ་འགྲོ་ཞིང་མཐར་ལྟུང་བ་ཆུང་ངུ་རྣམས་ཀྱང་སྐྱེད་འཕེལ་གྱི་དབང་གིས་ཤིན་ཏུ་ལྕི་བར་འགྱུར་བས་ཡིག་བརྒྱ་བཟླས་པའི་བྱིན་རླབས་ཀྱིས་ཆུང་ངུ་རྣམས་ཀྱང་འབྱང་བ་དང་ཆེན་པོ་རྣམས་མི་འཕེལ་བར་མ་ཟད། ལྟུང་བས་ཆོ་ག་སོགས་ལ་མི་སྒྲིབ་པ་སོ་ཐར་གྱི་ལྟུང་བ་བྱིན་རླབས་བཞིན་ནོ། །རྒྱུན་གྱི་རྣལ་འབྱོར་མཐུན་ནས་འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་སོགས་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་བ་ཡིན་ལ། ལྟུང་སོགས་ཞེས་པའང་རྩ་ལྟུང་སྦོམ་ལྕི་ཉེས་བྱས་རྣམས་ཀྱི་རིམ་པའོ། །སྒོམ་བཟླས་ཀྱི་ཆོ་ག་ནི། མདུན་གྱི་ནམ་མཁའ་འམ། སྤྱི་གཙུག སྙིང་གར་རམ། རང་ཉིད་རྡོར་སེམས་སུ་སྒོམ་པ་སོགས་རྒྱུད་སྡེ་སོ་སོ་ནས་འབྱུང་བའི་ཆོ་ག་ཕྱག་ལེན་ལྟར་བྱས་ལ་བདུད་རྩི་འབེབས་སྦྱོང་ངམ་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་སྦྱར་ཏེ་ཡིད་མ་གཡེངས་པར་ཡིག་བརྒྱ་སྟོབས་བཞི་ཚང་བའི་བཤགས་པ་དང་སྦྱར་ཏེ་བཟླས་པའི་ཕན་ཡོན་རྒྱུད་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་འབྱུང་ཞིང་ཡོ་ག་ལས་ཀྱང༌། འདི་བརྗོད་པས་མཚམས་མེད་པ་བྱས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་བསླུ་བ་དང༌། དམ་པའི་ཆོས་སྤོང་བ་དང༌། ཉེས་པ་བྱེད་པའི་ལས་ཐམས་ཅད་བྱེད་པ་ཡང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོ་ལ། རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་ནས་ཚེ་
འདི་ཉིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ་སྟེ། རྡོ་རྗེ་དངོས་གྲུབ་བམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་ནས་དེ་བཞིན་གཤེགས་པའི་དངོས་གྲུབ་མཆོག་གི་བར་དུ་འཐོབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །བཟླ་བྱའི་ཡིག་བརྒྱ་ཉིད་ཀྱང་ཚིག་གི་སྒྲ་དག་པ་དང༌། དེའི་དོན་རྣམ་པར་ངེས་པ་ཤིན་ཏུ་གལ་ཆེའང་སྒྲའི་ཀློག་ཚུལ་ཇི་བཞིན་པ་ནི་བོད་ཀྱི་ལྕེས་མི་འཁྱུར་བ་དང༌། རིང་ཐུང་གི་ཡུན་ཚད་ཀྱང་ཇི་བཞིན་མི་བྱེད་པས་བཤད་ཀྱང་དོན་དུ་མི་འགྱུར་བས་བཞག འོན་ཀྱང་གཅོད་མཚམས་མ་ནོར་བས་དལ་བྲེལ་གྱི་སྐྱོན་དང་བྲལ་བ་གཙང་དག་སི་ལི་ལི་བཟླ་བ་ནི་གནད་དུ་ཆེའོ། །དེ་ལ་སྔགས་བོད་སྐད་དང་སྦྱར་ནས་དེའི་དོན་མདོར་བསྡུས་འཆད་ན། ཐོག་མར་ཨོཾ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་གཞོམ་དུ་མེད་པ་ཉིད་ཡི་གེའི་རྣམ་པར་ཤར་བ་སྟེ། སྒྲའི་དབང་གི་དོན་མང་པོ་ལ་འཇུག་ཀྱང་འདིར་སླད་ཀྱི་དམ་བཅའ་དང་བཀྲ་ཤིས་པའི་དོན་དུ་གཟུང་ངོ༌། །བཛྲ་ནི་རྡོ་རྗེ་སྟེ་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་གཞན་རྐྱེན་སྤྲོས་མཚན་གང་གིས་ཀྱང་མི་ཕྱེད་པའི་དོན་ཏོ། །སཏྭ་ནི་སེམས་དཔའ་སྟེ་ཐབས་སྙིང་རྗེ་ཆེན་པོའི་དོན་ཏོ། །དེས་ན་རྡོ་རྗེ་སེམས་དཔའ་ཞེས་པ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མི་ཕྱེད་ཅིང་ཟུང་དུ་འཇུག་པའི་རོ་མཉམ་བདེ་བ་ཆེན་པོ་སྟེ་འདི་ཉིད་དྲི་བཅས་མ་དག་པའི་གནས་སྐབས་སུ་འཁོར་བ་དང༌། དྲི་མ་སྦྱོང་བྱེད་ཀྱིས་རིམ་པས་སྲབ་པའི་གནས་སྐབས་སུ་ལམ་པ་དང༌། ཤིན་ཏུ་དྲི་བྲལ་གྱི་གནས་སྐབས་སུ་སངས་རྒྱས་ཞེས་བྱ་ཞིང་སྦྱངས་འབྲས་དེ་ཉིད་གདུལ་བྱའི་བསམ་པའི་དབང་གིས་སྣང་བརྙན་དུ་སྟོན་པ་ནི་རྟགས་ཀྱི་རྡོ་རྗེ་སེམས་དཔའ་འོ། །འདི་སོགས་བཛྲ་སཏྭ་གར་ཡོད་ཀྱི་མཐར་བོད་སི་བྱིན་པ་ཡིན་པས་ཀྱེ་རྡོ་རྗེ་སེམས་དཔའ་ཞེས་རྡོར་སེམས་ཀྱི་ཐུགས་དམ་བསྐུལ་བའི་ཕྱིར་མཚན་ནས་བོད་པ་ཡིན་ནོ། །ས་མ་ཡ་ཞེས་པ་སྔགས་ཀྱི་སྐབས་འདིར་དམ་ཚིག་སྟེ་གཞན་དུ་དུས་དང་སྐབས་སོགས་ལ་འཇུག་གོ །དེས་ན་དམ་ཚིག་གི་སྒྲ་དོན་ཡང་མི་འདའ་བའི་དོན་ཏེ།
རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་དུས་སམ་སྐབས་དེ་ལས་གཞན་དུ་འདའ་བར་མི་བྱ་བའི་དོན་དུ་གཟུང་དགོས་སོ། །དེ་ལ་ལས་ཀྱི་རྣམ་དབྱེ་བྱིན་པས་ས་མ་ཡས་ཞེས་པའི་རྗེས་སུ། ཨ་ནུ་པཱ་ལ་ཡ་ཞེས་པ་རྗེས་སུ་སྐྱོངས་ཤིག ཅེས་བྱ་སྟེ་གང་སྐྱོང་ན་སྔར་བཤད་པའི་དམ་ཚིག་དེའོ། །སྔ་ཕྱི་མཚམས་སྦྱར་ནས་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པའོ། །དེས་ན་གོང་དུ་ཐུགས་དམ་བསྐུལ་བའི་ཕྱིར་མཚན་ནས་བོས་ཏེ་ཐུགས་དམ་བསྐུལ་རྒྱུ་དངོས་བདག་ལ་དམ་ཚིག་རྗེས་སུ་སྐྱོངས་ཤིག་ཅེས་བྱ་བ་འདི་ཡིན་ཏེ་ཚིག་འོག་མ་རྣམས་ལའང་འདིས་བགྲེས་ནས་ཤེས་པར་བྱའོ། །ཡང་བཛྲ་སཏྭ་ནི་གོང་དང་མཚུངས། ཏྭེ་ན་ཁྱོད་ཀྱི་སྔ་ཕྱི་སྦྲེལ་བས། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཞེས་པའི་དོན་དུ་འགྱུར་རོ། །ཨུ་པ་ཏིཥྛ་ཞེས་པ་ཉེ་བར་བཞུགས་ཤིག་ཅེས་པ་སྟེ་གང་བཞུགས་ན་རྡོ་རྗེ་སེམས་དཔའ་ཁྱོད་དོ། །དེའང་སྔ་མའི་ན་ཡིག་དང་སྦྱར་བས་ཏྭེ་ནོ་པ་ཏིཥྛ་ཞེས་པར་འགྱུར་རོ། །གང་ལ་བཞུགས་ན་བདག་ལའོ། །ཚུལ་ཇི་ལྟར་བཞུགས་ན་བརྟན་པའི་ཚུལ་གྱིས་སོ། །དེའང་དྲྀ་ཌྷ་བརྟན་པ། མེ་བདག་ལ། བྷ་བ་མཛོད་ཅིག་ཅེས་པ་སྟེ། སྔ་མ་རྣམས་དང་སྦྲེལ་ན་རྡོ་རྗེ་སེམས་དཔའ་ཁྱེད་བདག་ལ་བརྟན་པས་ཉེ་བར་བཞུགས་པར་མཛོད་ཅིག་ཅེས་འབྱུང་ངོ༌། །འདི་སྐབས་འདི་ཤེས་དགོས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཅེས་སོགས་ཀྱིས་བསྟན་པའི་གནས་ལུགས་དོན་གྱི་རྡོ་རྗེ་སེམས་དཔའ་དེ་ཉིད། བདག་གཞན། བརྟན་གཡོ་འཁོར་འདས་ཐམས་ཅད་ལ་གདོད་ནས་ཁྱབ་ཅིང་བཞུགས་པ་ཡིན་མོད་ཀྱི་སྔོན་ཆད་དེ་ལྟར་ངོ་མ་ཤེས་པ་དེ་འདིར་རང་གིས་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་གྱུར་པ་ལ་ཉེ་བར་བཞུགས་པ་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ནོ། །སུ་ཏོ་ཥྱོ་ལེགས་པར་ཚིམ་པའམ་ཤིན་ཏུ་ཚིམ་པ། མེ་བྷ་བ་སྔར་བཞིན་ཏེ། བདག་འཕོ་འགྱུར་སྤྲོས་པ་དང་བྲལ་བའི་དགའ་བ་དང་བདེ་བ་ཆེན་པོའི་རོ་ཡིས་ཤིན་ཏུ་ཚིམ་པར་མཛོད་ཅིག་པར་བསྐུལ་བ་སྟེ་ཚོར་བ་དེ་ཙམ་གྱིས་ནི་མ་
ཡིན་ནོ། །སུ་པོ་ཥྱོ། ཤིན་ཏུ་རྒྱས་པའམ་ལེགས་པར་རྒྱས་པ། མེ་བྷ་བ་སྔར་བཞིན་ཏེ། བདག་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པར་མཛོད་ཅིག་ཅེས་པའི་དོན་ནོ། །ཨ་ནུ་རཀྟོ། རྗེས་སུ་ཆགས་པ། མེ་བྷ་བ་སྔར་ལྟར། བདག་ལ་རྗེས་སུ་ཆགས་པར་མཛོད་ཅེས་པར་འགྱུར་ཏེ། དོན་དུ་ཆགས་པའི་དྲི་མ་རིང་དུ་སྤངས་པའི་ཟུང་འཇུག་གི་སྙིང་རྗེ་ཆེན་པོ་ལ་རྡོ་རྗེ་ཆགས་ཆེན་ཞེས་བཏགས་པ་དེས་བདག་ལ་རྗེས་སུ་བརྩེ་བར་མཛོད་ཅེས་སོ། །སརྦ་ཐམས་ཅད། སིདྡྷིཾ་དངོས་གྲུབ། མེ་བདག་ལ། པྲ་ཡཙྪ། སྩོལ་ཅིག་ཅེས་པ་སྟེ། དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ་ཅིག་ཅེས་པའོ། །དོན་ནི་གཞན་གོ་སླ་བ་ཐམས་ཅད་ཅེས་པའི་སྒྲས་འདི་སྐབས་མཆོག་ཐུན་གྱི་དངོས་གྲུབ་ཆེ་ཕྲ་ཐམས་ཅད་དོ། །ཡང་སརྦ་ཐམས་ཅད། ཀརྨ་སུ། ལས་རྣམས་ལ། ཙ་ནི་ཡང་ཞེས་པའི་ཚིག་ཕྲད། མེ་བདག་ཙིཏྟཾ་སེམས་ལ། ཤྲི་ཡཿ དགེ་བ། ཀུ་རུ། མཛོད་ཅིག་ཅེས་པ་སྟེ་དེ་རྣམས་བསྡོམས་པས། ལས་ཐམས་ཅད་ལའང་བདག་གིས་སེམས་དགེ་བར་མཛོད་ཅིག་ཅེས་པའོ། །དེའང་ལས་སུ་བྱ་བ་ཐམས་ཅད་ཀྱི་སྔོན་དུ་ཡིད་འགྲོ་ཞིང༌། ཡིད་དགེ་ན་ལས་ཐམས་ཅད་དགེ་བར་འགྱུར་བའི་ཕྱིར་སེམས་དགེ་བར་མཛོད་ཅིག་ཅེས་བསྐུལ་བ་ཡིན་ཞིང༌། ངེས་དོན་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་བདེ་བ་ཆེན་པོ་སེམས་ཀྱི་རྡོ་རྗེ་གཅིག་ཉིད་ཀྱི་རང་རྩལ་ལས་སྲིད་ཞི་གནས་སྣང་གི་བཀོད་པ་དུ་མ་རྣམ་པར་འཕྲུལ་ཞིང༌། ཇི་ཙམ་དུ་འཕྲུལ་ཡང་སེམས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས་པའི་ངེས་གསང་རྟོགས་པའི་ཕྱིར་སྐུལ་བའི་ཚིག་གོ །ཧཱུྃ་ཞེས་པ་དེ་བཞིན་གཤེགས་པ་རིགས་ལྔ་ཀ་ལས་རྒྱས་འདེབས་པར་བྱེད་པ་རྡོ་རྗེ་སེམས་དཔའི་ས་བོན་ཏེ་ཕུང་པོ་ལྔ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན། ཧ་ཡིག་བཞི་ནི་དགའ་བ་བཞི་རྣམ་པར་དག་པའི་རང་བཞིན། ཧོཿཡིག་ནི་ཡུལ་གཟུགས་ལ་སོགས་པ་དང་ཡུལ་ཅན་མིག་ལ་སོགས་པ་དྲུག་རྣམ་པར་དག་པའི་རང་བཞིན་ཏེ། དེ་དག་ཡོངས་
སུ་རྫོགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ཡང༌། བྷ་ག་ཝཱན་ཞེས་པ་བཅོམ་པ་བཞི་དང་ལྡན་པའམ། སྐལ་བ་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་ཏེ། འདས་ཞེས་པ་ཕྱི་རོལ་པའི་ལྷ་ཆེན་པོའི་མིང་དང་འཁྲུལ་པ་སེལ་བའི་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་བླ་ཐབས་སུ་བསྣན་པའོ། །སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏེ་ནི་དེ་བཞིན་གཤེགས་པ་སྟེ་ཡང་དག་པའི་མཐའ་ཇི་ལྟ་བ་དེ་བཞིན་དུ་གཤེགས་པའི་དོན། བཛྲ་ནི་རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དོན་ཅན་ཡིན་ཞིང༌། འདི་མཐར་ཡང་བོད་པའི་རྣམ་དབྱེ་ཡོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་སྐུལ་བའི་ཕྱིར་རོ། །དེས་ན་དེ་དག་བསྡོམས་པས། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པར་འགྱུར་རོ། །འོ་ན་ཐུགས་དམ་བསྐུལ་ནས་ཅི་ཞིག་བྱ་ཞེ་ན། མཱ་མེ་མུཉྩ་སྟེ། མཱ་ཞེས་པ་དགག་ཚིག མེ་བདག མུཉྩ་དོར་ཅིག་ཅེས་པར་འགྱུར་བས་བསྡོམས་ན་བདག་མ་དོར་ཞེས་སོ། །དེའང་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་བདག་མི་བྲལ་བར་མཛོད་ཅིག་ཅེས་སམ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་འཆིང་བས་ནམ་ཡང་ལྷོད་པར་མ་མཛད་ཅིག་ཅེས་པའི་དོན་དུ་གཟུང་ངོ༌། །སླར་ཡང་བཛྲཱི་བྷ་བ་ཞེས་པ། བཛྲཱི་ནི་རྡོ་རྗེ་ཅན། བྷ་བ་མཛོད་ཅིག་ཅེས་པར་འགྱུར་བས་རྡོ་རྗེ་ཅན་ཏུ་མཛོད་ཅེས་སོ། །དེ་ནི་དོན་སྔ་མ་གསལ་བར་བྱེད་པའི་ཚིག་སྟེ། སྔར་བདག་མ་དོར་ཅེས་གསོལ་བ་བཏབ་ནས། མི་འདོར་ཚུལ་འདིས་གསལ་བར་བྱས་པའི་ཕྱིར་ཏེ་བཤད་མ་ཐག་པ་ལྟར་རོ། །མ་ཧཱ་ཞེས་པ་ཆེན་པོ། །ས་མ་ཡ་དམ་ཚིག སཏྭ་སེམས་དཔའ་སྟེ་བསྡོམས་པས། དམ་ཚིག་སེམས་དཔའ་ཆེན་པོ་སྟེ། དུས་དང་བྲལ་བའི་དུས་ཆེན་པོ་ལས་ནམ་ཡང་མི་འདའ་བའི་སེམས་དཔའ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཨཱཿཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་གཞོམ་དུ་མེད་པའི་ཡི་གེ་སྟེ། ཨོཾ་ཡིག་ལྟར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བཤད་པའང་ཡོད་ཅིང༌། འདི་སྐབས་ནི་མ་ལུས་པའི་དོན་ཅན་ཏེ། མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རོ་མཉམ་དུ་གྱུར་པའི་ཡེ་ཤེས་ཆེན་པོའི་
ངོ་བོ་ཉིད་དུ་བདག་སྒྲུབས་ཤིག་ཅེས་བསྐུལ་བའི་དོན་དུ་ཤེས་པར་བྱའོ། །འདིའི་སྔགས་དོན་ལ་བཤད་ཚུལ་ཟབ་རྒྱས་མང་དུ་བྱུང་ཡང་འདིར་ཐད་སོར་བཞག་པའི་དོན་ཙམ་ཞིག་བཀོད་པའོ། །སྐོང་ཐབས་ཉེར་གསུམ་པ་བླ་མའི་རྣལ་འབྱོར་ནི། གཞུང་ལས། རང་གི་ལྷག་ལྷའི་རྣལ་འབྱོར་གྱིས། །དག་པའི་བླ་མ་བརྟན་བྱས་ཏེ། །སྐུ་དང་གསུང་ཐུགས་རྒྱལ་བ་ཡི། །རྡོ་རྗེ་བཟླས་ལ་ཉེར་གནས་ན། །རྣམ་དག་ལམ་གྱི་རང་བཞིན་འགྱུར། །ཞེས་གསུངས་ཏེ། རང་ཉིད་ཡི་དམ་ལྷག་པའི་ལྷའི་རྣམ་པར་བསྒོམ་ཞིང་དེའི་ང་རྒྱལ་བརྟན་པའི་སྤྱི་གཙུག་རིགས་བདག་གི་ཚུལ་དུ་དག་པ་ལོངས་སྐུའམ་ཆོས་སྐུའི་རྣམ་པ་ཅན་གྱི་བླ་མ་ལ་གསལ་བཏབ་ལ་མོས་གུས་དྲག་པོ་བསྐྱེད། བླ་མ་དེའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དུ་མོས་པ་ལ་དམིགས་པ་གཏད་ཅིང༌། ཨོཾ་ཨཱཿཧཱུྃ་ཞེས་སྲོག བསྡམས་ནས་སམ། མ་བསྡམས་ཀྱང་ཡིད་ཀྱིས་བཟླས་པ་མ་གཡེངས་པར་རྩེ་གཅིག་པ་ལ་འཇུག་པ་ནི་རྡོ་རྗེ་བཟླས་པ་སྟེ། དེ་ལྟ་བུའི་སྒོམ་པ་དང་བཟླས་པ་ལ་རྟག་ཏུ་ཉེ་བར་གནས་ན། ཉམས་ཆག་གི་ཉེས་ལྟུང་རྣམ་པར་དག་པར་འགྱུར་བར་མ་ཟད། རང་གི་སེམས་རྒྱུད་ཉིད་ལམ་གྱི་རང་བཞིན་དུ་གནས་པ་ངང་གིས་འཐོབ་པར་གྱུར་ཏེ། བླ་མའི་བྱིན་རླབས་ཀྱི་དབང་གིས་ཆེད་དུ་གཏད་པའི་འབད་པ་གཞན་ལ་མི་ལྟོས་པར་ཐོབ་ཅེས་པའོ། །སྤྱིར་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཕྱིན་ཆད་ལྷག་པའི་ལྷ་ཉིད་ཀྱང་བླ་མའི་རོལ་པར་ཤེས་པར་བྱས་ཏེ་དེ་ཉིད་མཉེས་པས་བྱིན་རླབས་འཇུག་པའི་ཐབས་ལ་ཐོག་མཐའ་བར་གསུམ་དུ་ལམ་གྱི་རྐང་ཟུག་པར་བྱས་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དང༌། གེགས་སེལ་བོགས་འདོན་ཐམས་ཅད་ཀྱང་འདི་ཁོ་ནས་འགྲུབ་ཅིང༌། འདི་མེད་ན་ཐབས་གཞན་གྱིས་འགྲུབ་དཀའ་བས་མདོ་ལས་ཀྱང༌། ཀུན་དགའ་བོ་དགེ་བའི་བཤེས་གཉེན་བསྟེན་པ་ནི་ངའི་བསྟན་པ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའོ། །ཞེས་ཀྱང་གསུངས་པ་ཉིད་དོ། །བླ་མེད་ཀྱི་རྒྱུད་སྡེའི་ཆོ་གའི་སྔོན་འགྲོར་བླ་མ་དག་པའི་ཆོ་ག་ཞེས་འབྱུང་བའང༌། བླ་མ་མཆོད་པའི་ཆོ་གས་རང་གི་རྒྱུད་ཡོངས་སུ་དག་པར་
བྱེད་པ་སྟེ་དེས་ཆོ་ག་ཉིད་ལམ་དུ་སྒྱུར་བར་བྱེད་པའོ། །དེའང་སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་རབ་སྤངས་ནས། །བླ་མ་མཆོད་པ་ཀུན་ཏུ་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང༌། རྡོར་ཕྲེང་དང་རིམ་ལྔ་རྣམས་ལས་ཀྱང་ཆེད་དུ་བསྔགས་པ་ལྟར་བླ་མ་མཆོད་པ་ཁོ་ན་བསགས་སྦྱོང་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་སྤྱིར་མཉེས་པ་དགུ་ཕྲུགས་ཀྱིས་བཀུར་དགོས་པ་དང༌། བྱེ་བྲག་ཕྱག་བྱ་བ་ལ་སོགས་པའི་ཡན་ལག་བདུན་པ་སྟེ། བདུན་པོ་ཐམས་ཅད་ལ་མཆོད་པའི་སྒྲ་ཡོད་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་དུ། མཆོད་པ་ནི་བདུན་ཏེ། ཞེས་པའི་འགྲེལ་ཆེན་དུ་མཆོད་པ་རྣམ་པ་བདུན་ནི་ཕྱག་འཚལ་བ་དང་མཆོད་པ་དང་བཤགས་པ་དང་རྗེས་སུ་ཡི་རང་བ་དང་བསྐུལ་བ་དང་གསོལ་བ་གདབ་པ་དང་ཡོངས་སུ་བསྔོ་བའོ། །ཞེས་གསུངས་པ་ལྟར་མདོ་ལས་ཀྱང་བྱུང་ངོ༌། །རང་གི་སློབ་དཔོན་དེ་ནི་རྡོར་སེམས་དངོས་ཡིན་པའམ་རྒྱུད་ལ་ཞུགས་པ་ཡིན་ཏེ། རྡོ་རྗེ་གུར་ལས། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་ཚུལ་ཅན་ཏེ། །སེམས་ཅན་ཕན་གདགས་དགོངས་ནས་ནི། །ཐ་མལ་པ་ཡི་གཟུགས་ཀྱིས་གནས། །ཞེས་དང༌། ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་བས་དེ་ནི་དག་བྱེད་དོ། །ཞེས་ཏེ། བླ་མ་རྣམ་དག་ལ་དམིགས་ནས་མཆོད་པ་འདི་ལྟར་བྱས་པས་སློབ་མའི་རྒྱུད་དག་པར་བྱེད་པའི་དོན་དང༌། དབང་བསྐུར་བ་སོགས་ཀྱིས་ཀྱང་རང་གི་རྒྱུད་མ་དག་པ་དག་པར་བྱེད་པ་སྟེ། དེའང་ཕྱག་ཆེན་ཐིག་ལེའི་རྒྱུད་ལས། ཇི་ལྟར་དུག་ལ་གསང་སྔགས་ཀྱིས། །དག་པར་བྱས་ན་བདུད་རྩིར་འགྱུར། །དེ་བཞིན་སློབ་མ་དབང་སོགས་ཀྱིས། །ལུས་ནི་དྲི་མ་མེད་པར་འགྱུར། །གང་ཞིག་དབང་བསྐུར་སྦྱིན་བྱེད་པ། །དེ་ནི་རྡོར་སེམས་ལྟ་བུར་བལྟ། །ཞེས་གསུངས་པ་ལྟ་བུའོ། །རང་ལ་རང་བྱུང་ཡེ་ཤེས་ཀྱི་གདམས་ངག་དངོས་སུ་འདོམས་པའི་སྒོ་ནས་ནི་རྡོ་རྗེ་འཆང་ལས་ལྷག་པ་ལྟ་བུར་བལྟ་དགོས་པ་ལ་དགོངས་ནས། རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་
འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་སོགས་གསུངས། བླ་མ་ལ་བརྟེན་ནས་ཚོགས་བསགས་པས་གྲོལ་བའི་དུས་ལ་མ་བབ་སྙམ་ཡང་སྐད་ཅིག་གིས་གྲོལ་བར་འགྱུར་བ་ནི། རྣལ་འབྱོར་མ་ཀུན་སྤྱོད་ལས། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང༌། ཀླུ་སྒྲུབ་ཞབས་ཀྱིས། ཇི་ལྟར་རི་དབང་རྩེ་ནས་ལྷུང་གྱུར་པ། །ལྟུང་བར་མི་འགྱུར་སྙམ་ཡང་ལྟུང་བ་ཉིད། །བླ་མའི་ངག་དང་ཕན་པའི་དྲིན་ཐོབ་པ། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བ་ཉིད། །ཅེས་སོ། །དེས་ན་འདིར་ཚོགས་བསོགས་པའི་རྣམ་པ་ལ་སྔར་གྱི་བདུན་པོའི་སྟེང་དུ་བདག་འབུལ་བ་དང༌། སྡོམ་པ་གསོ་སྦྱོང་དང༌། སྔགས་བཟླ་བ་དང༌། དབང་ནོད་པ་དང༌། སླར་བསྡུ་བ་སྟེ་ཆོ་གའི་ཡན་ལག་བཅུ་གཉིས་ཡོད་པ་དེ་དག་གི་ལག་ལེན་ནི་གཞན་ལས་འབྱུང་བ་ལྟར་རོ། །སྐོང་ཐབས་ཉེར་བཞི་པ་ཐིག་ལེའི་རྣལ་འབྱོར་ནི། གཞུང་ལས། སེམས་ངལ་སོས་ནས་རང་གི་ལུས། །བདག་པོའི་རང་བཞིན་གནས་བྱས་ཏེ། །འཁོར་ལོ་དྲུག་གམ་བཞི་གཉིས་གཅིག །ཆར་ཡང་རྐྱང་པའི་བདག་ཉིད་ལས། །བདེ་སོགས་རྣམ་པར་ཡང་དག་གནས། །དག་པ་ལ་དམིགས་དག་པར་འགྱུར། །ཞེས་གསུངས་ཏེ། དང་པོར་རྣལ་འབྱོར་དང་མཐུན་པའི་གནས་སུ་ལུས་དང་སེམས་དང་རླུང་རྣལ་དུ་ཕབ་ནས་ཚོགས་བརྟེན་པས་རྒྱུད་སྦྱང༌། དེ་ནས་བདག་པོ་སྟེ་དཀྱིལ་འཁོར་གཙོ་བོ་གང་ཡང་རུང་བའི་གསལ་སྣང་ལ་གནས་པས་ཐིག་ལེའི་རྣལ་འབྱོར་བསྒོམ་པ་སྟེ། བསྒོམ་གཞི་འཁོར་ལོ་དྲུག་ནི་དུས་འཁོར་ལས་ལྟེ་བ་སྤྲུལ་པའི་འཁོར་ལོ་སོགས་བཞིའི་སྟེང་དུ་གཙུག་ཏོར་ནམ་མཁའི་འཁོར་ལོ་དང་གསང་བ་ཡེ་ཤེས་ཀྱི་འཁོར་ལོ་སྟེ་དྲུག་ཏུ་གསུངས་པ་དང༌། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། ཡོངས་གྲགས་བཞིའི་སྟེང་དུ་མེ་དང་རླུང་གི་འཁོར་ལོ་གཉིས་
སུ་གསུངས། བཞི་ནི་བརྟག་གཉིས་སོགས་ལས་འབྱུང་བ་དང༌། གཉིས་ནི་སྤྱི་བོ་དང་ལྟེ་འོག་གཉིས་སུ་བཤད་པ་དང༌། གཅིག་ནི་དབུ་མ་རྐྱང་པ་ལ་ངོས་གཟུང་ངོ༌། །ཆར་ཡང་ནི་ཐིག་ལེ་སྟེ་དེ་ཉིད་འཁོར་ལོ་དྲུག་གི་དབུས་སུ་གནས་པའི་ཚུལ་ལ་གཉིས་ཏེ། དྲང་དོན་ལྟར་ན་འཁོར་ལོ་དྲུག་གི་ལྟེ་བའི་དབུས་ན་ཟླ་བ་ཕྱེད་པའམ། རླུང་འཁོར་ལྟར་གཞུའི་དབྱིབས་སུ་གནས་པ་སྟེ། ཡེ་ཤེས་ཀྱི་རླུང་ངམ་ཟླ་ཚེས་ཀྱི་ཐིག་ལེ་ཞེས་པའི་ཐ་སྙད་བཏགས་པ་སྟེ། རྡོ་རྗེ་ཕྲེང་བར། ཕུང་པོ་ལྔ་ཡི་བདག་ཉིད་ལུས། །འཁོར་ལོ་དྲུག་གི་ཕུག་ནང་ན། །ཟླ་བ་ཕྱེད་པའི་ཆ་ལྟ་བུ། །སྟོང་ཉིད་རླུང་གི་འཁོར་ལོར་གནས། །ཞེས་ཏེ་སྟོང་ཉིད་ནི་ཆར་ཡང་འདིའོ། །ངེས་པའི་དོན་དུ་རང་བཞིན་གྱི་དགའ་བ་ཞེས་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་སྣང་ལ་ཁྱབ་ཀྱང་རང་བཞིན་མེད་པ་ཆུ་ཟླ་ལྟ་བུ་ཡིན་པས་བརྟག་གཉིས་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་གསུངས་པ་ལྟར། རང་ཉིད་སྐྱེ་བ་མེད་བཞིན་དུ་ཐམས་ཅད་སྐྱེད་པ་པོར་གྱུར་པ་སྟེ། མཆོག་གི་དགའ་བ་སྦྱིན་པས་མཆོག རྨད་དུ་བྱུང་བའི་དགའ་བ་རྟོགས་པས་མཆོག་གཞན། ནམ་མཁའི་མཚན་ཉིད་ཀྱི་ཕྱིར་སྐྱེ་མེད། འཁོར་འདས་ཀྱི་ཕྱོགས་སུ་མ་ཆད་པས་གཉིས་མེད། རང་བཞིན་དགའ་བའི་ངོ་བོ་ཉིད་ཀྱི་ཕྱིར་བསམ་མེད། ཕྱི་དང་ནང་གི་བདག་ཉིད་ཀྱི་རླུང་གི་འཁོར་ལོ་ཐམས་ཅད་སྐྱེད་པར་བྱེད་པ་པོ་སྟེ། ཅིའི་ཕྱིར་ན། རང་བཞིན་གྱི་ཡེ་ཤེས་ཀྱི་རླུང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཆར་ཡང་གི་གནས་ཞེས་པ་ནི་སྟེང་གི་གཙུག་ཏོར་ནས་དཔྲལ་བའི་བར་རོ། །ཆར་ཡང་ཞེས་པ་དབྱེ་གཞི་ཡིན་ཡང༌། བཞིའི་ཚེ་དང་པོ་ལ་ཆར་ཡང་ཞེས་པ་ནི། དགའ་བ་དབྱེ་གཞི་ཡིན་ཡང༌། བཞིའི་ཚེ་དང་པོ་ལ་དགའ་བ་ཞེས་པ་དང་འདྲའོ། །ཆར་དང་དངོས་ནི་ཇི་སྐད་བཤད་པ་ལྟར། འོད་གསལ་རང་བཞིན་གྱི་དགའ་བ་ལྷན་ཅིག་སྐྱེས་དགའ་འདི་ཉིད་ཡིན་པས་དགའ་བ་བཞི་པོ་ཐམས་ཅད་ལ་ཁྱབ་པར་སྟོན་པ་ཡིན་ཏེ། རྡོ་རྗེ་ཕྲེང་བར། དགའ་བ་ལ་སོགས་
རིམ་པ་ཡིས། །ཐམས་ཅད་ལ་ནི་ང་ཡིས་ཁྱབ། །ཅེས་པ་ལྟར་རོ། །ང་ཞེས་པའང་ཀྱེ་རྡོ་རྗེར། ལྷན་ཅིག་སྐྱེས་དགའི་རང་བཞིན་ང༌། །ཞེས་པ་ཉིད་དོ། །དེའང་བདེ་སོགས་ཞེས་པའི་སོགས་ཁོངས་ནས་དགའ་བ་བཞིའི་འཆར་ཚུལ་བསྟན་པ་སྟེ། སྤྱི་བོར་ཆར་ཡང༌། མགྲིན་པར་ཐིག་ལེ། སྙིང་གར་ཚུལ། ལྟེ་བར་དགའ་བ་ཞེས་པའི་མིང་ཅན་གྱིས་དགའ་བ་བཞི་དང་སྟོང་བཞི་ཟུང་འཇུག་ཏུ་གནས་ཏེ་རིམ་པར་འཆར་ཞིང༌། ལྟེ་བར་སྲོག་ཐུར་འདྲེས་པས་ཐིག་ལེ་བྱང་ཆུབ་ཀྱི་སེམས་བརྟན་པའི་འཛག་མེད་ཐོབ་པ་ན། རང་སེམས་མཆོག་ཏུ་བདེ་བ་ཆར་ཡང་ལྷན་ཅིག་སྐྱེས་དགའ་འབའ་ཞིག་པའི་བདག་ཉིད་དུ་འགྱུར་བས་ཆར་ཡང་རྐྱང་པའི་བདག་ཉིད་དུ་གྱུར་པ་སྟེ་དེ་ལྟ་བུའི་རྣལ་འབྱོར་གྱིས་རང་རྒྱུད་ཀྱི་དྲི་མ་འདག་པར་བྱེད་ཅིང་ཉམས་ཆགས་སྐོང་བའི་ཐབས་མཆོག་ཏུ་གྱུར་པའོ། །ཐིག་ལེ་དབབ་ཟློག་གི་མན་ངག་ནི་ཐབས་ལམ་གྱི་ཁྲིད་རིམ་ཀུན་ལས་བྱུང་བ་དང༌། གཙོ་བོར་ཕྱག་ཆེན་ཐིག་ལེའི་རྒྱུད་འགྲེལ་གྱི་དགོངས་པ་ཤེས་རབ་གསང་བས་མཛད་པ་ལས་གསལ་བར་འབྱུང་ཞིང༌། མངོན་བརྗོད་བླ་མའི་རྒྱུད་ལས་ཀྱང༌། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །དེར་ནི་རེ་ཁཱ་ངེས་པར་སྦྱར། །སྟེང་དུ་འབར་བའི་ཚུལ་གྱིས་ནི། །འོག་ཏུ་འབབ་པར་བྱེད་པ་ཡིན། །འཆི་མེད་ཐིག་ལེའི་ངོ་བོ་ནི། །ས་བོན་ཚུལ་གྱིས་འབབས་པར་འགྱུར། །ཐབས་དང་ཤེས་རབ་སྦྱོར་བས་ཡེ་ཤེས་ཀྱི་མེ་འདི་ལས་ཀྱི་རླུང་གིས་བསྐྱོད་པས་ལྟེ་བའི་དཀྱིལ་འཁོར་དུ་དུ་བ་འཐུལ་བ་དང༌། འབར་ཞིང་གསལ་བས་དམ་ཚིག་འཁོར་ལོར་གནས་པའི་དེ་བཞིན་གཤེགས་པ་རྣམས་བསྲེགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འཁོར་ལོར་སོང་སྟེ་ཐབས་ལ་ལན་གསུམ་བསྐོར་བ་བྱས་ནས་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཞུགས་ཤིང༌། གནད་ཀྱི་བུ་ག་ཕྱེ་བའི་སྒོ་ནས་བྱུང་ལ་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ཏེ། སྤྱི་གཙུག་གི་བུ་ག་གསེར་གྱི་སྒོ་ཛ་ལནྡྷ་ར་ཞེས་བྱ་བའི་མིང་ཅན་ནས་ཞུགས་ཏེ། སོ་
མཚམས་ཀྱི་བུ་ག་ནས་ཞུགས་པ་ལོངས་སྤྱོད་ཀྱི་འཁོར་ལོར་ངལ་བསོ་སྟེ། བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་དགྱེས་པ་བསྐྱེད་ནས་ལྟེ་བའི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །འདིར་ཡང་འཇུག་པ་དང་འབྱུང་བ་ནི་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་དུ་བཤགས་པའི་ཚད་ཙམ་ཡིན་པའི་ཕྱིར་རོ། །ཞེས་པའི་དོན་ནག་པོ་པའི་རིམ་བཞི་དང༌། ཕག་མོ། ཡེ་ཤེས་གྲུབ་པ་སོགས་ལས་ཤེས་པར་བྱ་དགོས་སོ། །སྐོང་ཐབས་ཉེར་ལྔ་པ་ཕྲ་མོའི་རྣལ་འབྱོར་ནི། གཞུང་ལས། རྡོ་རྗེ་འཁོར་ལོ་རིན་ཆེན་པད། །རལ་གྲི་ཕྲ་བའི་བདག་ཉིད་བསམ། །སེམས་བརྟན་ཚུལ་ལ་གནས་བྱས་ན། །སྡུག་བསྔལ་སྐྱེད་རྩ་ཀུན་ལས་གྲོལ། །ཅེས་གསུངས་ཏེ། རྡོ་རྗེ་སོགས་རིགས་ལྔའི་མཚན་མའི་གཟུགས་བརྙན་ཤིན་ཏུ་ཕྲ་བ་ལ་སེམས་བཟུང་བས་བརྟན་པ་ཐོབ་པ་ན་སྤྲོ་བསྡུ་རྣམ་པས་རང་གཞན་གྱི་དོན་སྒྲུབ་ཅིང༌། སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོད་མཛོད་ལ། །ཞེས་པ་ལྟར་ཉོན་མོངས་པ་ནི། འཇིག་རྟེན་རྣམ་པར་རྟོག་ལས་བྱུང་གསུངས་པ་ལྟར་རྣམ་པར་རྟོག་པ་ཉིད་སྡུག་བསྔལ་སྐྱེད་པའི་རྩ་བ་ཡིན་པས་དེ་ལས་གྲོལ་བར་བྱེད་པའོ། །འདི་ཉིད་ཉམས་སུ་ལེན་པའི་ཚུལ་ལ་གཉིས་ཏེ། རྣལ་འབྱོར་རྒྱུད་ལས་འབྱུང་བ་ལྟར་ན་དེ་ཉིད་བསྡུས་པའི་རྩ་བའི་རྒྱུད་ལས། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང༌། །སྣ་ཡི་རྩེ་མོར་བསམ་བྱ་བ། །རྡོ་རྗེ་ཕྲ་མོ་བདེ་རིག་པས། །སེམས་ནི་མཉམ་པར་གཞག་པར་འགྱུར། །ཞེས་ཏེ། རྡོ་རྗེ་ཕྲ་མོའི་ཁ་དོག་ལ་སོགས་པ་རིགས་ཀྱི་ལྷའི་སྐུ་མདོག་འདྲ་བ་སྣའི་རྩེ་མོར་བཞག་པ་ཕྲ་ཤོས་སྐྲའི་རྩེ་མོ་དང༌། སྦོམ་ཤོས་ཏིལ་གྱི་འབྲུ་ཙམ་གྱི་བར་བསྒོམས་ལ། དབུགས་རྒྱུ་བ་དང་མཉམ་དུ་ཡིད་ཀྱིས་བརྗོད་ཅིང་སུཀྵཱ་བཛྲ་ཞེས་སྣ་རྩེར་འདྲེན་པའི་ཚུལ་དུ་བཟླ་ཞིང༌། སྟོད་འགྲེལ་ལས། ཉིན་རེ་བཞིན་ཐུན་བཞིའི་སྦྱོར་བས་
ཟླ་བ་གཉིས་ཀྱི་བར་དུ་བསྒོམས་ན་ངེས་པར་མཚན་མ་མཐོང་བར་འགྱུར་བར་གསུངས་སོ། །མཚན་མ་ཞེས་པའང་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ལ་རེག་པ་ཡིན་ལ། དེ་ཐོབ་ནས་ནི་རྡོ་རྗེ་ཕྲ་མོའི་གཟུགས་དེས་ལུས་ཐམས་ཅད་ཁྱབ་པར་མཐོང་བའི་ཚེ། སྥ་ར་ཎ་བཛྲ་ཞེས་གྲོང་ལ་སོགས་པ་ནས་རིམ་གྱིས་ཁམས་གསུམ་པའི་བར་དུ་ཁྱབ་པར་སྤྲོ་བ་དང༌། སཾ་ཧ་ར་ན་བཛྲ་ཞེས་སྣ་རྩེའི་བར་དུ་བསྡུས་ནས། ཨོཾ་དྲྀ་ཌྷ་ཏིཥྛ་ཞེས་སྙིང་གར་བརྟན་པར་བསྒོམས་ཏེ། རྩ་རྒྱུད་ལས། རྡོ་རྗེ་ཕྲ་མོ་བདེ་རེག་པའི། །མཚན་མ་གལ་ཏེ་བྱུང་བ་ན། །མཚན་མ་དེ་ནི་ཁྱབ་བྱ་བ། །སེམས་ནི་ཀུན་ཏུ་ཁྱབ་པར་བྱ། །ཇི་ཙམ་འདོད་པས་སེམས་ཁྱབ་ནས། །ཁམས་གསུམ་དུ་ཡང་ཁྱབ་པར་འགྱུར། །ཞེས་སོ། །འདིར་རྡོ་རྗེ་ཕྲ་མོ་གསུངས་པ་འདི་འཁོར་ལོ་སོགས་ལའང་སྦྱོར་ཞིང༌། སྐོང་ཐབས་ཀྱི་རྣམ་པར་བྱ་བའང་འདི་ཉིད་ཀྱིས་འགྲུབ་བོ། །གཉིས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་འབྱུང་བ་ནི། འདུས་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། །ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ། །སྣ་ཡི་རྩེ་མོར་ཡུངས་ཀང་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ། །ཞེས་པ་ནས། ཨུཏྤལ་མཐིང་གའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་གྱིས། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཙམ་ལ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣ་ཡི་རྩེ་མོར་འདི་ཤེས་ཏེ། །བསྒོམས་པས་བྱང་ཆུབ་གཞོལ་བར་འགྱུར། །འཁོར་ལོ་ལ་སོགས་ཁྱད་པར་དུ། །བསྒོམ་པ་དེང་ནི་བརྟག་པར་བྱ། །དངོས་གྲུབ་ཐམས་ཅད་ཡོན་ཏན་གནས། །ཉམས་
དགའ་བྱང་ཆུབ་གནས་འགྲུབ་འགྱུར། །ཞེས་སོགས་གསུངས་ཏེ། སྣའི་རྩེ་མོ་ནི་འདིའི་བཤད་རྒྱུད་ཀྱི་དགོངས་པས་གསང་གནས་དང༌། སྙིང་ག་དང༌། གདོང་གི་སྣ་རྩེ་གསུམ་མམ། གཞན་ནས་རྩ་འཁོར་ལོ་བཞིའི་ལྟེ་བ་དང༌། དུས་འཁོར་ནས་འཁོར་ལོ་དྲུག་གི་ལྟེ་བ་ལ་བཤད་པ་དང་སྦྱར་ན། རྡོ་རྗེ་འཁོར་ལོ་རིན་ཆེན་པད། །རལ་གྲི་ཞེས་པ་རྣམས་རང་རང་གི་རིགས་ཀྱི་སའི་རྩ་འཁོར་གྱི་ལྟེ་བར་ཕྱག་མཚན་ཕྲ་མོ་ལ་སེམས་འཛིན་པ་དང༌། བརྟན་པ་དང་སྤྲོ་བ་དང་བསྡུ་བའི་རྣམ་པས་རྣལ་འབྱོར་དུ་བྱ་བའམ། ཡང་ན། མགོན་པོ་ལྔའི་རླུང་རང་རང་གི་རིགས་ཀྱི་མཚན་མ་ཕྲ་མོའི་དམིགས་པ་དང་སྦྱར་བ་ལ་སེམས་བརྟན་པར་བྱེད་ཚུལ་དཔལ་འདུས་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་ལས་འབྱུང་བ་ལྟར་བསླབ་པའི་དོན་ཏོ། །དེ་ལྟར་བསྒོམས་པས། སྨིག་རྒྱུ། དུ་བ། མཁའ་སྣང༌། མར་མེ། སྤྲིན་མེད་ནམ་མཁའ་ལྟ་བུའི་རྟགས་ལྔ་པོ་རིམ་པ་བཞིན་འཆར་བས་ཕྱིན་ཅི་ལོག་ལས་རྣམ་པར་གྲོལ་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འཇམ་དཔལ་ཞལ་ལུང་ལས་ཀྱང་གསལ་བར་གསུངས་སོ། །འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་དམ་ཚིག་གསོ་ཞིང་ཉམས་པ་སྐོང་བའི་ཐབས་རྒྱས་བསྡུས་མང་དུ་གསུངས་པ་ཐམས་ཅད་གང་ཟག་བློའི་བྱེ་བྲག་གིས་གཉིས་སུ་འདུ་སྟེ། རྣལ་འབྱོར་ལ་བརྟེན་པ་དང༌། ཆོ་ག་ལ་བརྟེན་པའོ། །དང་པོ་ལ་ནི་གསུམ་སྟེ། རྣལ་འབྱོར་པའི་རྟོག་པའི་བྱེ་བྲག་གིས། ལམ་ལ་མངོན་པར་བརྩོན་པའི་རྣལ་འབྱོར་དང༌། ཅུང་ཟད་བརྟན་པ་ཐོབ་པའི་རྣལ་འབྱོར་དང༌། ཤིན་ཏུ་གོམས་པའི་རྣལ་འབྱོར་རོ། །དང་པོ་ནི་བསྐྱེད་པའི་རིམ་པ་དང༌། ཕན་ཡོན་ཆེ་བའི་གཟུངས་སྔགས་ཀྱི་བཟླས་བརྗོད་དང༌། དགེ་བའི་སྦྱོར་བ་སྟོབས་ཆེ་བའི་བདེན་པའི་བྱིན་གྱིས་དག་པ་སྟེ། དད་པ་དང་འདུན་པ་སྟོབས་ཅན་ཞེས་བྱ་བའོ། །གཉིས་པ་
ནི་ཐབས་ལམ་ཟབ་མོ་ལ་བརྟེན་ཏེ་ཉམས་སུ་མྱོང་བ་བསྐྱངས་པས་ཉེས་པ་ཞར་ལ་དག་ཅིང་ཡོན་ཏན་གོང་དུ་འཕེལ་བའོ། །གསུམ་པ་ནི་རང་གི་རྟོགས་པའི་དོན་ལ་མཉམ་པར་བཞག་པས་ཉེས་པའི་རྡུལ་གྱིས་གོས་པའི་གནས་མེད་པ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་སྔར་དྲངས་པ་ཉེ་བར་བླང་བར་བྱའོ། །གཉིས་པ་ཆོ་གས་དག་པར་བྱ་བ་ནི། སློབ་དཔོན་འཇམ་དཔལ་གྲགས་པས་རིགས་གཉིས་སུ་བསྡུས་ནས་གསུངས་ཏེ། དེ་དག་ལས་དྲི་མ་ལས་ལྡང་བ་ཡང་བྱེ་བྲག་ཏུ་ལྡང་བ་དང༌། ཚུལ་གཅིག་མཁས་པས་ཚུལ་གཅིག་པའི་ཚུལ་དུ་ལྡང་བའོ་ཞེས་གསུངས་པའི་དགོངས་པས་སོ། །དེ་ལ་བྱེ་བྲག་ཏུ་ལྡང་བ་ནི། སྡོམ་པ་གསུམ་ལ་ལྟུང་བ་གང་བྱུང་བ་དེ་ངོས་བཟུང་ནས་རང་གི་ལུགས་སུ་བཤགས་པ་སྟེ་འདིས་ནི་སྡོམ་པ་གསུམ་ག་དང་འབྲེལ་བའི་ཉེས་བཤགས་མི་འབྱུང་བས་མི་མཁས་པའི་བཤགས་པ་ཞེས་བྱའོ། །གཉིས་པ་ཚུལ་གཅིག་པའི་ཚུལ་གྱིས་བཤགས་པ་ནི་མཁས་པའི་བཤགས་པ་ཞེས་གསུངས་ཏེ། དེའང་ཆོ་ག་དག་པས་དབང་བསྐུར་བ་ནོད་པ་དང༌། རྟོགས་པ་དག་པ་གོང་མའི་ཁྱད་པར་རྒྱུད་ལ་སྐྱེས་པ་སྟེ། སྐྱེ་བ་མེད་པའི་དོན་རྟོགས་པ་ན་ཉེས་པ་དུ་མ་ཚངས་པར་བྱ་བའི་གནས་ཡིན་པས་སོ། །སློབ་དཔོན་འཇམ་དཔལ་གྲགས་པས། སྐྱེ་བ་མེད་པ་རྟོགས་པ་དང༌། གཞན་གྱི་དོན་མཐོང་བ་དང༌། བར་ཆད་དུ་འགྲོ་བ་དང༌། གནང་བ་ཐོབ་པ་དང༌། ན་བ་ལ་སོགས་པ་ལ་ཉེས་པ་མེད་དོ། །ཞེས་གསུངས་པ་ལྟར་ཉེས་མེད་དུ་འགྲོ་བའི་སྐབས་ཀྱང་ཡོད་མོད་ཀྱི་འོན་ཀྱང་བཏང་སྙོམས་ཀྱི་བློས་གཉེར་ཁ་མེད་པའི་ཐ་མལ་དུ་གནས་ན། དེ་ཉིད་གཅིག་ཏུ་ཉེས་པ་ཆེ་བར་གསུངས་ཏེ། གདོལ་པས་མ་ཧེ་བསད་པ་བས། །དཀའ་ཐུབ་ཅན་གྱི་སྙོམ་ལས་ལྕི། །ཞེས་པའི་དོན་ཏོ། །དེས་ན་གོང་དུ་སྨོས་པ་ལྟར་རྣམ་པ་ཀུན་ཏུ་བླང་དོར་གྱི་
དམིགས་ཕྱེད་པས་བག་ཡོད་པ་ཁོ་ན་ལ་བསྟེན་པ་གལ་ཆེ་བར་སྣང་ངོ༌། །ཉམས་ཆགས་ཚ་གདུང་ཆེན་པོ་དཔྱིས་འབྱིན་ཅིང༌། །སྒྲིབ་གསུམ་རྣམ་དག་ཀུན་གསལ་ངོས་ཡངས་སུ། །རྡོ་རྗེའི་དམ་ཚིག་སྣང་བ་རབ་གསལ་བས། །ས་ལམ་ཆགས་ཐོགས་མེད་པར་བགྲོད་གྱུར་ཅིག །རྡོ་རྗེ་ཐེག་པའི་གསང་བ་མཁའ་ལྟར་ཟབ། །དམ་ཚིག་ཕྲ་ཞིབ་བློ་ཡི་ཡུལ་ལས་འདས། །ཉམས་ཆགས་བྱུང་ཚོར་སྤྱོད་ཡུལ་ལས་འདས་པ། །ཀུན་ཀྱང་ཐབས་མཆོག་འདི་ཡིས་སོར་ཆུད་ཤོག །ཅེས་པ་འདིའང་ཐམས་ཅད་མཁྱེན་གཟིགས་རྗེ་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དགོངས་པས་རྗེས་སུ་གནང་བ་ལྟར་རྗེ་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་ཆེད་དུ་དགེ་སྦྱོང་ལྟར་སྣང་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་མཁས་པ་སྔ་རབས་པ་རྣམས་ཀྱི་ལེགས་བཤད་ལ་བརྟེན་ནས་མདོར་བསྡུས་སུ་བཀོད་པ་དགེ་ལེགས་འཕེལ།། །།སརྦ་དཱ་མངྒ་ལཾ།། །།
བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པའི་ཆོ་ག་མདོར་བསྡུས་པ་བྱིན་རླབས་ཀྱི་གངྒཱ་བཟང་པོ།
བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པའི་ཆོ་ག་མདོར་བསྡུས་པ་བྱིན་རླབས་ཀྱི་གངྒཱ་བཟང་པོ་བཞུགས་སོ།།
ན་མོ་བུདྡྷ་ཤཱཀྱ་མུ་ན་ཡེ། གང་ཞིག་དག་ན་གནས་སྐབས་དང༌། །མཐར་ཐུག་བདེ་ལེགས་ཐམས་ཅད་ནི། །བདེ་བླག་ཉིད་དུ་འགྲུབ་འགྱུར་བའི། །སྡིག་པ་དག་པའི་ཆོ་ག་བཤད། །དེའང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པ་དང༌། རྟེན་ཀྱི་སྟོབས་སོ། །ཞེས་སྟོབས་བཞི་དང་ལྡན་ན་བྱས་ཤིང་བསགས་པའི་སྡིག་པ་ཐམས་ཅད་འདག་པར་གསུངས་པས། སྐྱེས་བུ་བློ་དང་ལྡན་པ་རྣམས་ཀྱིས་དལ་འབྱོར་གྱི་ལུས་ཐོབ་པའི་དུས་འདིར་ལས་ཀྱི་སྒྲིབ་པ་སྦྱང་བར་འདོད་པས་ནི་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་སུམ་ཅུ་སོ་ལྔའི་སྒོ་ནས་སྡིག་པ་ཕྱིར་བཅོས་པའི་གཉེན་པོ་ཡོངས་སུ་རྫོགས་པ་འདི་ལྟ་བུའི་ཆོ་ག་ཉམས་སུ་བླང་བ་ལ་འབད་པར་བྱའོ། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ཚེས་གྲངས་གཟའ་སྐར་བཟང་པོའི་ཉི་མ་ལ་བརྩམ་སྟེ། ཐོག་མར་དགེ་བ་འབུམ་འགྱུར་དུ་འགྲོ་བའི་སྔགས། ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་སྐཱ་ར་མ་ཧཱ་ཛམྦྷེ་ཧཱུྃ། ཞེས་གང་མང་བརྗོད། རྟེན་ལ་ཁྲུས་གསོལ་བའི་ཆུས་རང་ཉིད་ཁྲུས་བྱས་
ཤིང་གཙང་སྦྲ་ལ་གནས་ཏེ་བསམ་པ་ཉོན་མོངས་པ་དང་མ་འདྲེས་པས་གནས་དབེན་པར་ཕྱག་དར་ལེགས་པར་བྱས་ལ། སངས་རྒྱས་སོ་ལྔའི་སྐུ་གཟུགས་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཀྲམ། དེ་རྣམས་ཀྱི་སྤྱན་སྔར་མཆོད་རྫས་བཟང་ལ་མང་བར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པ་ཉེར་གཅིག་བཏབ་པ་བཀོད་པ་མཛེས་པར་བཤམ། བར་ཆད་ཞི་བའི་ཕྱིར་གཞི་བདག་ལ་གཏོར་མ་སྤྱི་ལྟར་བཏང༌། སྡིག་པ་དག་པའི་རྟགས་མ་བྱུང་བར་མཚམས་བྱེད་ན་ཁང་པའི་ཕྱོགས་བཞིར་ཐོ་དཀར་པོ་རེ་བརྩིགས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ཧི་ལི་བྷིནྡྷ། མི་ལི་བྷིནྡྷ་ནི། ཙི་ལི་མི་ལི་ཙནྡྷ་མི། ས་མེ་བྷནྡྷ་མི། ཞེས་ཉེར་གཅིག་བཟླས་པའི་སྔགས་ཆུས་བླུགས་ནས། བདག་གི་མཚམས་འདི་ལ་བར་ཆད་བྱེད་པ་སུ་ཡང་འོང་བར་མ་གྱུར་ཅིག་ཅེས་བརྗོད། ཐོ་རྣམས་རྒྱལ་ཆེན་སྡེ་བཞིར་མངའ་གསོལ་བ་ལ་མཆོད་གཏོར་སྤྱི་ལྟར་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱི་སངས་རྒྱས་ཀྱི་བསྟན་པ་དར་བ་སོགས། འོག་ནས་འབྱུང་བའི་ཕྲིན་ལས་བཅོལ་
ནས། ཟླ་བ་གཅིག་ལ་སོགས་པར་མཚམས་དམ་པར་བྱ་ཞིང་མཚམས་གཡོག་དམ་སྡོམ་ཉམས་པར་མི་བཅོལ་ལ་གཙང་བ་གལ་ཆེའོ། །གཉིས་པ་དངོས་གཞི་ནི། དེ་ལྟར་སྟ་གོན་རྣམས་ཚར་བ་དང༌། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ཁྱད་པར་དུ་ཡང་བདག་གི་སངས་རྒྱས་སུམ་ཅུ་སོ་ལྔའི་སྒོ་ནས་སྡིག་པ་བཤགས་པའི་ཆོ་ག་བསྒྲུབ་པ་ལ་སོགས་པ་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་གེགས་ཀྱི་དབང་དུ་མི་འགྱུར་བ་དང༌། སྡིག་པ་བཤགས་པའི་ཆོ་ག་བསྒྲུབ་པ་འདི་ཉིད་མྱུར་དུ་འགྲུབ་ཅིང༌། དེའི་མཐུན་རྐྱེན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། རང་ཉིད་སྟན་བདེ་བ་ལ་ཁ་ཤར་དུ་ཕྱོགས་ཏེ། རང་གི་སྙིང་གའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས། རང་ཉིད་གནས་པའི་ཞིང་འདི་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་བ་ཡངས་པ་རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་པ་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་ཐམས་ཅད་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུ་བརྩིགས་པ། གསེར་དང་དངུལ་དང་མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤ་ལ་དང་ཀུ་མུ་དཱ་དང་པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང༌། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པ་དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པ་
ཡན་ལག་བརྒྱད་དང་ལྡན་པའི་མཚོ་རྫིང་བུ་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང་མུ་ཏིག་གི་རྒྱན་ཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོག་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པར་ཚར་དུ་སྦྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལས། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅན། དེ་བཞིན་གཤེགས་པའི་གནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་དྲི་ཟ་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་དག་པར་ཐོབ་པར་བྱེད་པ་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་བས་ལྷག་པའི་དེ་བཞིན་གཤེགས་པའི་མཆོད་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་གཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨ་དང་ཟླ་བ་རིན་པོ་ཆེའི་ཁྲི་སུམ་ཅུ་རྩ་ལྔ། དེའི་དབུས་སུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་ཕྱག་གཡས་པ་
ས་གནོན་དང་གཡོན་མཉམ་གཞག་མཛད་པ། སྟེང་དུ་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ་སེར་པོ་ཕྱག་གཉིས་ཆོས་འཆད། ཤར་དུ་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་དམར་པོ་ཕྱག་གཉིས་མཉམ་གཞག ཤར་ལྷོར་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ཞལ་དང་མགྲིན་པ་དཀར་ཞིང་ལྷག་མ་སྔོ་བ་ཀླུའི་རྒྱབ་ཡོལ་ཅན་ཕྱག་གཉིས་ཆོས་འཆད། ལྷོར་དེ་བཞིན་གཤེགས་པ་དཔའ་བོའི་སྡེ་སེར་པོ་ཕྱག་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་གཡོན་ཆོས་འཆད་མཛད་པ། ལྷོ་ནུབ་ཏུ་དེ་བཞིན་གཤེགས་པ་དཔལ་དགྱེས་སེར་པོ་ཕྱག་གཉིས་ཆོས་འཆད། ནུབ་ཏུ་དེ་བཞིན་གཤེགས་པ་རིན་ཆེན་མེ་དམར་པོ། ནུབ་བྱང་དུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་དཀར་པོ། གཉིས་ཀའང་ཕྱག་གཡས་ས་གནོན་གཡོན་མཉམ་གཞག བྱང་དུ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལྗང་གུ་ཕྱག་གཡས་ཐུགས་ཀར་སྐྱབས་སྦྱིན་དང་གཡོན་མཉམ་གཞག བྱང་ཤར་དུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དཀར་པོ་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། འོག་ཏུ་དེ་བཞིན་གཤེགས་པ་དྲི་མ་མེད་པ་སྔོན་པོ་ཕྱག་གཉིས་མཉམ་གཞག་མཛད་པའོ། །དེ་དག་གི་ཕྱི་རོལ་གྱི་སྟེང་དུ་དེ་བཞིན་གཤེགས་པ་དཔལ་སྦྱིན་སེར་པོ་ཕྱག་གཉིས་ཆོས་འཆད་སྟེང་འོག་ཏུ་མཛད་པ། ཤར་དུ་དེ་བཞིན་གཤེགས་པ་ཚང་པ་སེར་པོ་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། ཤར་ལྷོར་དེ་བཞིན་གཤེགས་པ་ཚངས་པས་བྱིན་དམར་སེར་ཕྱག་གཉིས་ཆོས་འཆད། ལྷོར་དེ་བཞིན་གཤེགས་པ་ཆུ་ལྷ་དཀར་པོ་ཕྱག་གཉིས་མཉམ་གཞག ལྷོ་ནུབ་ཏུ་དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ་དཀར་པོ་ཕྱག་གཉིས་ཆོས་འཆད། ནུབ་ཏུ་དེ་བཞིན་གཤེགས་པ་དཔལ་བཟང་སེར་པོ་ཕྱག་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་དང་གཡོན་པས་ཆོས་འཆད། ནུབ་བྱང་དུ་དེ་བཞིན་གཤེགས་པ་ཙནྡན་དཔལ་སྔོན་པོ་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག བྱང་དུ་དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་དམར་པོ་ཕྱག་གཉིས་ཆོས་འཆད། བྱང་ཤར་དུ་དེ་བཞིན་གཤེགས་པ་འོད་དཔལ་སྔོན་པོ་ཕྱག་གཉིས་བྱང་ཆུབ་མཆོག་གི་
ཕྱག་རྒྱ་ཅན། འོག་ཏུ་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་སྐུ་མདོག་དམར་སྐྱ་ཕྱག་གཉིས་མཉམ་གཞག་མཛད་པའོ། །དེའི་ཕྱི་རོལ་གྱི་སྟེང་དུ་དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་སེར་པོ་ཕྱག་གཉིས་སྟེང་འོག་ཏུ་ཆོས་འཆད་མཛད་པ། ཤར་དུ་དེ་བཞིན་གཤེགས་པ་མེ་ཏོག་དཔལ་སེར་པོ་ཕྱག་གཡས་བརྐྱངས་པའི་མཐེབ་མཛུབ་སྦྱར་བ་གཡོན་མཉམ་གཞག་མཛད་པ། ཤར་ལྷོ་དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་སྐུ་མདོག་སེར་པོ་དང༌། ལྷོར་དེ་བཞིན་གཤེགས་པ་པདྨའི་འོད་ཀྱི་རྣམ་པར་རོལ་པ་མངོན་པར་མཁྱེན་པ་སྐུ་མདོག་དམར་པོ། གཉིས་ཀའང་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག ལྷོ་ནུབ་ཏུ་དེ་བཞིན་གཤེགས་པ་ནོར་དཔལ་སྔོན་པོ་དང༌། ནུབ་ཏུ་དེ་བཞིན་གཤེགས་པ་དྲན་པའི་དཔལ་སེར་པོ་གཉིས་ཀའང་ཕྱག་གཉིས་མཉམ་གཞག ནུབ་བྱང་དུ་དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་དཀར་པོ་ཕྱག་གཡས་ཆོས་འཆད་གཡོན་མཉམ་གཞག བྱང་དུ་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་སྔོན་པོ་ཕྱག་གཡས་རྒྱལ་མཚན་ཕྲག་པ་གཡོན་པར་བཟུང་ཞིང་གཡོན་མཉམ་གཞག བྱང་ཤར་དུ་དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པས་གཤེགས་པའི་དཔལ་སྔོན་པོ་ཕྱག་གཡས་རལ་གྲི་དང་གཡོན་མཉམ་གཞག འོག་ཏུ་དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་སྔོན་པོ་ཁྲབ་འཛིན་པའོ། །དེ་དག་གི་ཕྱི་རོལ་གྱི་ཤར་དུ་དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པའི་དཔལ་སྔོན་པོ་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག ལྷོར་དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ་དམར་སེར་དང༌། ནུབ་ཏུ་དེ་བཞིན་གཤེགས་པ་རིན་ཆེན་པདྨོ་རྣམ་པར་གནོན་པ་དེ་གཉིས་ཀའང་སྐུ་མདོག་དམར་སེར་ཕྱག་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་དང་གཡོན་ཆོས་འཆད་མཛད་པ། བྱང་དུ་དེ་བཞིན་གཤེགས་པ་རི་དབང་གི་རྒྱལ་པོ་སྐུ་མདོག་སེར་པོ་ཕྱག་གཉིས་ཀྱིས་རི་རབ་འཛིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་«་་་་་འདི་དག་གི་སྐུ་མདོག་ཕྱག་མཚན་ནི་རྗེ་རིན་པོ་
ཆེ་བློ་བཟང་གྲགས་པའི་ཞལ་གཟིགས་ལྟར་ཡིན་གསུང༌།» མཚན་དང་དཔེ་བྱད་དང་ལྡན་ཅིང༌། རབ་ཏུ་བྱུང་བའི་སྤྲུལ་སྐུའི་ཆ་ལུགས་ཀྱིས་པདྨ་དང་ཟླ་བ་རིན་པོ་ཆེ་སེང་གེའི་ཁྲི་སྟེང་ན་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཁོར་མང་པོ་དང་བཅས་ནས་བཞུགས་པའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སུམ་ཅུ་རྩ་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཤློ་ཀ་དང༌། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །སོ་སོའི་ཞིང་ནས་བྱོན་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག་ལ་མཆོད་པས་མཆོད། ཛཿཧཱུྃ་བཾ་ཧོཿ གཞལ་ཡས་ཁང་གི་ནང་དུ་རང་རང་སོ་སོའི་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་བསམ་མོ། །དེ་ནས་སྟོབས་བཞི་ཉམས་སུ་བླང་བ་ལ། རྟེན་གྱི་སྟོབས་ནི། ཐོག་མར་སྔར་བཤམས་པའི་མཆོད་པ་རྣམས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང༌། རྒྱན་དང༌། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་ནམ་
མཁའ་དང་མཉམ་པ་བསམ་གྱིས་མི་ཁྱབ་པ་ཞིག བླ་མ་དང་སངས་རྒྱས་སུམ་ཅུ་སོ་ལྔ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་པས་བྱིན་གྱིས་བརླབས་ལ། དཀོན་མཆོག་གི་རྟེན་བཞུགས་པ་རྣམས་དང༌། མདུན་དུ་བསྒོམས་པའི་ལྷ་རྣམས་སངས་རྒྱས་སུམ་ཅུ་སོ་ལྔ་ལ་སོགས་སངས་རྒྱས་དངོས་ཡིན་སྙམ་པའི་འདུ་ཤེས་བཞག་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཀྱིས་བློས་དཔག་ཏུ་མེད་པར་སྤྲུལ་པའི་མཆོད་པ་རྣམས་ཀྱིས་མཆོད། མཎྜལ་རྒྱས་བསྡུས་ཚར་གང་ནུས་ཕུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པས་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་བསྟོད། །ཅེས་སོགས་ཀྱིས་བསྟོད། དེ་ནས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་སྡིག་པ་རང་གིས་བྱས་པ་དང༌། གཞན་ལ་བྱེད་དུ་བཅུག་པ་དང༌། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་རྣམས་ཀྱིས་སྤྱིར་འཁོར་བ། ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་ལ་རྒྱུན་རིང་བསྐྱེད་པའི་ཚུལ་ཡང་ཡང་བསམས་ལ་ཤིན་ཏུ་འཇིགས་པའི་ཡིད་ཀྱིས་དགྲས་གཙེས་པའི་ཁས་ཉེན་པ་རྣམས་སྟོབས་ཅན་ལ་སྐྱབས་འཆའ་བ་བཞིན་དུ་དཀོན་མཆོག་གསུམ་ལ་སྐྱབས་འཆའ་བའི་བསམ་པ་དྲག་པོ་སྐྱེད་ལ་ངག་ཏུ། བདག་མིང་འདི་ཞེས་བགྱི་བ་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྟག་ཏུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ །ཆོས་ལ་སྐྱབས༴ །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་
ལན་མང་དུ་བརྗོད་ཅིང་དཀོན་མཆོག་གསུམ་གྱི་བྲན་དུ་བདག་ཉིད་ཕུལ་ནས་སྐྱབས་འོག་ཏུ་ཚུད་པར་བྱ། དེ་ནས་ལས་ཀྱི་སྒྲིབ་པའི་འབྲས་བུ་མི་འདོད་བཞིན་དུ་ཉམས་སུ་མྱོང་བའི་སེམས་ཅན་མཐའ་ཡས་པ་དྲན་པར་བྱས་ནས། བདག་གིས་མར་གྱུར་པའི་སེམས་ཅན་འདི་ཐམས་ཅད་ངེས་པར་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བྱ། དེའི་ཕྱིར་དུ་དེ་བཞིན་གཤེགས་པ་སུམ་ཅུ་སོ་ལྔ་འཁོར་དང་བཅས་པ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྡིག་པ་བཤགས་པ་སོགས་ཀྱི་དགེ་བའི་རྩ་བ་འདི་དག་བསྒྲུབས་ཏེ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་མྱུར་དུ་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡིད་ལ་དུང་དུང་པ་མང་པོ་བསྐྱེད་དེ། དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གཉིས་ནི་རྟེན་གྱི་སྟོབས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི། ཐོག་མ་མེད་པ་ནས་མི་དགེ་བའི་ལས་བྱས་པ་ལ་འགྱོད་པ་མང་བ་ཡིན་ཏེ། དེའང་སྡིག་པའི་དངོས་པོ་བཤགས་པའི་ཡན་ལག་ཏུ་སངས་རྒྱས་སུམ་ཅུ་སོ་ལྔ་ལ་ཕྱག་འཚལ་བས་སྡིག་པ་དག་པར་འགྱུར་བ་ཡིན་པས། «རང་གི་བླ་མ་ཡི་དམ་རྣམས་དང་སངས་རྒྱས་སུམ་ཅུ་སོ་ལྔ་ལ་སོགས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ངོ་བོ་དབྱེར་མེད་དུ་བསམས་ལ་ཕྱག་བྱ་ཞིང༌། ཕྱག་བྱེད་པའི་ཚེ་རང་གིས་སྡིག་པ་བྱས་པ་རྣམས་ལྕེའི་སྟེང་ན་ནག་ཕུང་ངེ་ཡོད་པ་ཕྱག་རེ་འཚལ་བས་དེ་དག་རིམ་གྱིས་བསལ་བར་བསམ་མོ། །མཆན།་་་་་»ཕྱག་འཚལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ཕྱག་འཚལ་ལོ། །ཨོཾ་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་བི་ཛ་ཡེ་སྭཱ་ཧཱ། དེ་དག་བརྗོད་ནས་ལུས་ངག་ཡིད་གསུམ་གུས་པ་དང་བཅས། ཨ། པདྨ་ཁ་འབུས་ལྟ་བུ་ཡི། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་ངག་ཡིད་ཀྱིས། །མཆོད་འོས་ཀུན་ལ་ཕྱག་འཚལ་བགྱིད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །
སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། རི་དབང་གི་རྒྱལ་པོའི་བར་ལ། ཕྱག་འཚལ་ལོ། །ཞེས་སྦྱར་ནས། དེ་བཞིན་གཤེགས་པ་དེ་དག་དབུས་ནས་བརྩམས་ཏེ་ཕྱོགས་བཅུར་རིམ་པ་བཞིན་བཞུགས་པ་ལ་དམིགས་ཏེ། ལུས་མང་པོར་སྤྲུལ་ཞིང་ངག་གི་སྒོ་དང་ཡིད་ཀྱིས་མོས་པས་ཞབས་ལ་ཕྱག་བཙལ་ལོ། །རྒྱས་པ་ལ་སྤྲོ་ན་འདི་ལྟར་ཡང་བྱ་སྟེ། སངས་རྒྱས་«་་་་་སློབ་དཔོན་ཆེན་པོ་མ་ཏི་ཙི་ཏྲས་མཛད། »ཀུན་གྱིས་གདུལ་དཀའ་བ། །སྙིགས་མ་ལྔ་ཡི་རྩོད་དུས་འདིར། །བརྩོན་འགྲུས་དྲག་པོ་སངས་རྒྱས་པའི། །ཤཱཀ་ཐུབ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྙིང་རྗེ་བྱང་ཆུབ་མཆོག་བརྙེས་ཏེ། །བདུད་དཔུང་རྡོ་རྗེ་སྙིང་པོ་ཡིས། །རབ་ཏུ་འཇོམས་ལ་ཕྱག་འཚལ་ལོ། །རིན་ཆེན་སྐུ་ལས་རབ་འཕྲོས་པས། །ངན་སོང་སྡུག་བསྔལ་ཞི་མཛད་ཅིང༌། །བདུད་རྣམས་རྣམ་པར་སྐྲག་མཛད་པའི། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ། །ཇི་ལྟར་ཀླུ་ཆེན་དཔའ་བོ་ཡིས། །གླིང་རྣམས་ཆར་གྱིས་ཚིམ་མཛད་ལྟར། །སྟོང་གསུམ་ཆོས་ཀྱི་ཆར་འབེབས་པའི། །ཀླུ་དབང་རྒྱལ་ལ༴ །དཔའ་བོ་ཁྱོད་ཀྱི་བསྟན་པ་འདིས། །བདུད་དང་མུ་སྟེགས་སྐྲག་མཛད་ཅིང༌། །གདུལ་བྱ་ཀུན་མཁྱེན་འགོད་མཛད་པའི། །དཔའ་བོའི་སྡེ་ལ༴ །ཐུགས་རྗེས་གཞན་དོན་རབ་དགོངས་པས། །ཉིད་ཀྱི་སྐུ་སྲོག་གཏོང་བ་ལ། །འགུམ་པ་སོས་ལྟར་རབ་དགྱེས་པའི། །དཔལ་དགྱེས་ཞབས་ལ༴ །མཁས་པ་རྣམས་ལ་འོད་སྣང་མཛད། །བར་མའི་རྒྱུད་རྣམས་སྨིན་མཛད་ཅིང༌། །ཐ་མའི་ཉོན་མོངས་སྲེག་མཛད་པ། །རིན་ཆེན་མེད་ལ༴ །སངས་རྒྱས་ཀུན་དང་སྐལ་པ་མཉམ། །མཆོག་ཏུ་ཤེས་རབ་སྣང་བ་ཡིས། །ཕྱོགས་རྣམས་སྣང་བར་མཛད་དེ་འཁྲུངས། །རིན་ཆེན་ཟླ་འོད༴ །སྐུ་ནི་ལྟ་བས་མི་ངོམས་ཤིང༌། །
འདོམ་གང་འོད་ཀྱིས་ས་ལེར་སྤྲས། །གང་གིས་ཁྱོད་མཐོང་སྐལ་ལྡན་པའི། །མཐོང་བ་དོན་ཡོད་ལ༴ །སྐུ་གསུང་ཐུགས་ནི་རིན་ཆེན་མཆོག །དྲི་མེད་འོད་ཟེར་རབ་རྒྱས་པས། །འགྲོ་ཀུན་ཉོན་མོངས་གདུང་བ་སེལ། །རིན་ཆེན་ཟླ་བ་ལ༴ །དམ་ཆོས་དྲི་མ་མེད་པའི་ཆུས། །ཐོག་མར་བདག་ཉིད་དག་མཛད་ནས། །གཞན་རྣམས་མཆོག་ཏུ་དག་མཛད་པ། །དྲི་མ་མེད་ལ༴ །བསོད་ནམས་བཅས་པའི་ཚོགས་དག་ནི། །སེམས་ཅན་ཀུན་ལ་ཡོངས་བསྔོ་བར། །ཐུབ་པ་ཁྱོད་ཀྱིས་སྟོན་མཛད་པའི། །དཔལ་སྦྱིན་ཞབས་ལ༴ །རིགས་དང་ཞབས་སུ་ལྡན་པ་པོ། །ཚངས་པ་ལགས་པར་བྲམ་ཟེ་བཞེད། །རིགས་དང་ཞབས་ནི་ཁྱོད་ལ་མངའ། །ཚངས་པའི་མཚན་ལ༴ །ཚངས་པའི་གནས་བཞི་རབ་བསྒོམས་ཤིང༌། །ཚངས་སྤྱོད་འབྲས་བུ་མཆོག་སྐྱེད་པས། །ཚངས་པས་ཆོས་འཁོར་བསྐོར་བར་བསྐུལ། །ཚངས་པས་བྱིན་ལ༴ །ཐུགས་ནི་དཀའ་ཐུབ་བརྟུལ་ཞུགས་དག །ཡང་དག་བླངས་པས་གཙང་བར་མཛད། །ཉོན་མོངས་སྡིག་པ་འཁྲུད་མཛད་པའི། །ཆུ་ཡི་ལྷ་ལ༴ །འཇིག་རྟེན་པ་དག་བདེ་བྱེད་མཆོད། །བདེ་བྱེད་ཀླུ་ཆེན་མ་དྲོས་མཆོད། །ཆུ་ལྷར་དེས་ཀྱང་མཆོད་འོས་པས། །ཆུ་ལྷའི་ལྷ་ལ༴ །འདྲེན་པ་ཀུན་གྱིས་མཆོད་གྱུར་ཅིང༌། །ཁྱོད་ནི་མཚུངས་མེད་རབ་ཞི་བས། །འགྲོ་བ་ཀུན་གྱི་དཔལ་མཛད་པ། །དཔལ་བཟང་ཞབས་ལ༴ །ཁྱོད་ལ་རྒོལ་བའི་ཉོན་མོངས་པ། །དོ་གལ་བྱེད་པ་ཐམས་ཅད་ཀྱང༌། །ཙནྡན་ཡངས་པ་ལྟར་བསིལ་མཛད། །ཙནྡན་དཔལ་ལ༴ །རྒྱལ་བའི་དཔལ་དང་གཟི་བརྗིད་ནི། །སུས་ཀྱང་འགྲན་པར་མི་བཟོད་དོ། །མིག་གིས་ཉི་མའི་དཀྱིལ་འཁོར་བཞིན། །གཟི་བརྗིད་མཐའ་ཡས་ལ༴ །ཐུབ་པའི་འོད་ཟེར་རབ་བྱུང་བས། །ང་རྒྱལ་ཁེངས་པ་ཞི་མཛད་ཅིང༌། །དམན་རྣམས་སྤྲོ་བ་བསྐྱེད་པར་མཛད། །འོད་དཔལ་ཞབས་ལ༴ །ཨེ་མ་མྱ་ངན་འདས་པ་ཞི། །ཁྱོད་འདྲ་ཐུགས་རྗེའི་བདག་ཉིད་ཅན། །མངའ་བརྙེས་པ་ཡང་བདེ་གཤེགས་པས། །མྱ་ངན་མེད་ལ༴ །སྤྲོས་པ་མེད་པ་གོམས་མཛད་ཅིང༌། །འདྲེན་པ་ཀུན་གྱི་མཆོག་གྱུར་པ། །སྟོབས་ཅན་ཐམས་ཅད་ཟིལ་གནོན་པ། །སྲེད་
མེད་བུ་ལ༴ །རྣམ་པ་ཀུན་གྱི་མཆོག་ལྡན་པས། །མཛེས་པ་གཞན་ཀུན་ཟིལ་གྱིས་གནོན། །མཚན་དང་དཔེ་བྱད་རབ་རྒྱས་པའི། །མེ་ཏོག་དཔལ་ལ༴ །ཚངས་པའི་དབྱངས་དང་འོད་ཟེར་གྱིས། །འཇིག་རྟེན་ཐམས་ཅད་ཁྱབ་མཛད་པས། །ཚངས་པའི་འོད་ཟེར་རྣམ་པར་རོལ། །མངོན་པར་མཁྱེན་ལ༴ །འོད་ཀྱིས་གང་ལ་རེག་པ་ཡང༌། །ཆགས་མེད་བདེ་བ་རབ་རྒྱས་པས། །པདྨའི་འོད་ཟེར་རྣམ་པར་རོལ། །མངོན་པར་མཁྱེན་ལ༴ །ཐུབ་པའི་བསོད་ནམས་འོད་ཟེར་གྱིས། །འགྲོ་རྣམས་ཟང་ཟིང་ཚིམ་མཛད་པས། །ཁྱད་པར་འཕགས་པའི་ནོར་སྦྱིན་པ། །ནོར་དཔལ་ལ་ནི་ཕྱག༴ །དྲན་པ་རྣམས་ནི་མངའ་བརྙེས་པས། །ཐོག་མཐའ་མེད་ཅིང་རབ་མཁྱེན་པ། །གང་གིས་ཁྱོད་ན་ཕོངས་སེལ་བ། །དྲན་པའི་དཔལ་ལ༴ །ཐུབ་པས་ཆོས་ཀྱི་འཁོར་ལོ་བསྐོར། །སྙན་པའི་བ་དན་ས་གསུམ་གྲགས། །ཡོན་ཏན་གྲངས་མེད་མཚན་གྱི་དཔལ། །ཡོངས་གྲགས་ལ་ནི༴ །སྟོབས་དང་དབང་པོའི་མཆོག་བརྙེས་པས། །ནག་པོའི་ཕྱོགས་རྣམས་ཕམ་མཛད་པས། །དབང་པོའི་སྤྱིས་བཏུད་དབང་པོའི་ཏོག །རྒྱལ་མཚན་རྒྱལ་པོ་ལ༴ །དངོས་པོར་སྨྲ་བའི་རྟོག་གེ་བ། །ཕྲ་ཞིབ་ཡེ་ཤེས་རྡོ་རྗེ་ཡིས། །སེང་གེས་གླང་པོ་བཞིན་དུ་བཅོམ། །ཤིན་ཏུ་རྣམ་གནོན་ལ༴ །བདག་གཞན་ཉོན་མོངས་སྡེ་བཅོམ་པས། །ཁྱོད་ལས་དཔལ་མཆོག་གཞན་མ་མཆིས། །འདོད་པའི་དབང་ཕྱུག་གཡུལ་ལས་རྒྱལ། །ཤིན་ཏུ་རྣམ་རྒྱལ་ལ༴ །བགྲོད་པ་གཅིག་པའི་ལམ་ཆེན་དུ། །འགྲོ་ཀུན་དེད་དཔོན་རབ་མཛད་དེ། །བདུད་དང་ངན་སོང་འཇིགས་ལས་སྒྲོལ། །རྣམ་གནོན་གཤེགས་ལ༴ །ཐུབ་པའི་རྫུ་འཕྲུལ་རྨད་བྱུང་བས། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །གདུལ་བྱ་ཀུན་ལ་སྣང་གྱུར་པས། །ཀུན་སྣང་བཀོད་པ་ལ༴ །མུ་སྟེགས་ངན་པ་ཕྱིར་ཟློག་ཅིང༌། །ཉན་ཐོས་ཞི་བ་ཕྱོགས་གཅིག་ལ། །ཁྱོད་ཀྱིས་ས་མཆོག་རིན་ཆེན་རྣམས། །པདྨ་ལྟར་གནོན་ལ༴ །བསོད་ནམས་ཚོགས་ལས་རིན་པོ་ཆེ། །ཡེ་ཤེས་ཚོགས་རྫོགས་པདྨའི་གདན། །སྐུ་གསུམ་ལྷུན་གྲུབ་རབ་ཏུ་བཞུགས། །རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་
བརྗོད་དེ་ཕྱག་བྱའོ། །དེ་ལྟར་ཕྱག་བྱས་ཚར་ནས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་ནི། རང་གིས་པུས་མོ་ས་ལ་བཙུགས་ཏེ་ལག་པ་ཐལ་མོ་སྦྱར་ལ་གུས་པས་འདི་སྐད་བརྗོད་དོ། །ཡུལ་སངས་རྒྱས་དེ་དག་ལ་ཐུགས་མི་འགྱུར་བར་གཏད་པར་གསོལ་བ་གདབ་པ་ནི། དེ་དག་ལ་སོགས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཤགས་པ་རང་གི་ངོ་བོ་དུས་ཀྱི་སྒོ་ནས་བསྟན་པ་ནི། བདག་གི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས། འཁོར་བ་ནས་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མཆོད་བརྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཕྲོག་པ་དང༌། འཕྲོག་ཏུ་འཇུག་པ་དང༌། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང༌། འཇུག་ཏུ་བསྩལ་བ་དང༌། འཇུག་པ་ལ་རྗེས་སུ་ཡི་རང་བའམ།«་་་་་དེའང་རྣམ་པར་སྨིན་པ་ཆེ་བ་འདི་ལྟ་བུའི་ལས་ཡིད་ལ་བསམས་ཏེ། ངག་གི་སྒྲིབ་པ་འདི་ཙམ་བྱས་ཞེས་རང་སེམས་སུན་བཏོན་ལ་ཤིན་ཏུ་འགྱོད་པས་བཤགས་པར་བྱའོ། །སྡིག་པ་དེའང་རྒྱུ་མ་རིག་པ་ལ་བརྟེན་ནས་རྐྱེན་འདོད་ཆགས་ལ་སོགས་པ་དུག་གསུམ་གྱིས་བྱེད་པ་པོ་ལུས་ངག་ཡིད་གསུམ་སོགས་ཀྱིས་བྱས་པའོ།» །དེའི་ཉེས་དམིགས་ཀྱི་སྒོ་ནས་བསྟན་པ་ནི། གཞན་ཡང་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་
པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད། «ཡུལ་གང་ལ་བཤགས་ན།» སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། «སྡིག་པ་གསལ་བར་རྟོགས་པས།» སྤྱན་དུ་གྱུར་པ། «ལོག་པར་ཉེས་པའི་ཁྱད་པར་ཐུགས་སུ་ཆུད་པས། དབང་དུ་གྱུར་པ། ཚིག་སོགས་འཁྲུལ་པ་མེད་པ་སྟེ་མི་བསླུ་བས།» ཚད་མར་གྱུར་པ། ཐུགས་ཀྱི། མཁྱེན་པ་གཟིགས་པ། དེ་དག་གི་སྤྱན་སྔར། «ནི་མདུན་དུའོ། །ཚུལ་ཇི་ལྟར་བཤགས་པ་ནི། ཡང་དག་པར་ཡིན་གྱི་ཁ་རྐྱང་ལ་སོགས་པར་ནི་མ་ཡིན་ནོ། །དེའང་ངག་གིས་ཉེས་པ་བྱས་པ་ཐམས་ཅད་བརྗོད་པ་ནི།» མཐོལ་ལོ། །«ཡིད་ཀྱིས་ནི།» བཤགས་སོ། །མི་འཆབ་བོ། «།ནི་ཉེས་པ་ཁས་ལེན་པ་ཡིན།» མི་སྦེད་དོ། །«ནི་མངོན་སུམ་སྟེ»། ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི་འདི་མེད་ན་བཤགས་པ་སྟོབས་ཆུང་བར་གསུངས་པས། ཉེས་པ་རྣམས་ཡིད་ལ་བྱས་པ་ཉེས་པ་འདི་དང་འདི་ནས་དེང་ནས་བཟུང་སྟེ་མི་བྱའོ་སྙམ་པའི་སྡོམ་སེམས་མང་དུ་བྱས་ཏེ། «སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་བརྗོད་དེ་དེའང་སྔར་གྱི་སྡིག་པ་བྱས་པ་ལ་འགྱོད་ཅིང༌། ད་ལྟར་གྱི་འཆགས་ལ་ཕྱིས་མི་བྱེད་པ་ནི་དམ་བཅའ་བ་ཡིན་ཅིང༌། བཤགས་པའང་མ་བྱས་ན་སྔར་གྱི་དེ་འཕེལ་བར་འགྱུར་བས་ན་ནད་ལ་གནོད་པའི་བཟའ་བཏུང་ལྟར་མཚམས་བཅད་པར་བྱའོ། །དེ་ལྟར་བྱས་ན་སྡིག་པ་དག་པར་འགྱུར་རོ།» །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། «དེའང་བཤགས་པའི་ཡུལ་དང་བཤགས་པའི་ཆོ་ག་ལ་སོགས་པ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་རང་བཞིན་མེད་པའི་དོན་དྲན་པར་བྱེད་པ་དང་ལྡན་སྟེ། འདོད་ཆགས་དང་བྲལ་བ་ནི་མི་བྱའོ།» །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ། བསྔོ་བ་ལ་སོགས་པ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་ལ་ཕར་ཕྱིན་དྲུག་དང་ལྡན་ལ་དེས་ཟིན་དགོས་པས་སྦྱིན་པ་དང་མཐུན་པ་ནི། སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང༌། «ཚུལ་ཁྲིམས་དང་མཐུན་པར་བསྔོ་བ་ནི་ཚུལ་ཁྲིམས་སོགས་སྡིག་པ་དང་བྲལ་ཞིང་བྱམས་
པ་ལ་སོགས་པ་ལ་གནས་པས་གཤགས་སོ།» །བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། «བཟོད་པ་དང་མཐུན་པར་བསྔོ་བ་ནི་སླར་མི་གཤེ་བ་སོགས་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པ་སྟེ་འདོད་ཆགས་དང་བྲལ་བ་ནི་མི་བྱའོ། »།བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། «བརྩོན་འགྲུས་དང་མཐུན་པར་བསྔོ་བ་ནི་བརྩོན་འགྲུས་ཆེན་པོ་དངོས་པོ་ལྔའི་སྒོ་ནས་ཕྱིན་ཅི་ལོག་གི་ལྟ་བ་ལས་བཟློག་སྟེ་ཡང་དག་པ་ལ་བཅུག་པ་རྒྱུ་དང་དངོས་གཞི་ནི་བསོད་ནམས་ཀྱི་ཚོགས་ཏེ་ལྔ་པོ་ནི་གཉིས་པའོ།» །བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌།«་་་་་འགྲོ་བ་མཐར་ཕྱིན་པ་ཡང་ཤེས་པར་བྱའོ།» «།དྲུག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བསམ་གཏན་དང་མཐུན་པ་ནི། སྨོན་པ་དང་འཇུག་པ་དང་ཀུན་རྫོབ་དང་དོན་དམ་སྟེ་དེ་དག་ལ་རྩེ་གཅིག་ཏུ་གནས་པ་ནི་ལམ་ཕྱི་མ་ལ་བསྔོ་བའོ། »།བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། «ཤེས་རབ་དང་མཐུན་པ་རབ་བསྔོ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཉིད་རྟོགས་པ་སྟེ་ཡེ་ཤེས་ཀྱི་ཚོགས་སོ།» །བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ། «དགེ་བ་སོ་སོའི་དངོས་པོ།» དེ་དག «ཚུལ་བཞིན་འཛིན་པར་བསྔོ་བ་ནི།» ཐམས་ཅད་གཅིག་ཏུ་བསྡུས་ཤིང༌། «མ་ཕྱེ་བར་འདྲེས་པར་བྱས་པས།» བཟླུམས་ཏེ། «རང་བཞིན་མེད་པར་བྱས་པས།» བསྡོམས་ནས། «གང་དུ་བསྔོ་ན་བླ་ན་མེད་པ་སངས་རྒྱས་སུ་བསྔོ།» བླ་ན་མ་མཆིས་པ་དང༌། «དེ་ཉན་རང་བྱང་སེམས་ལས་འཕགས་པས།» གོང་ན་མ་མཆིས་པ་དང༌། གོང་མའི་ཡང་གོང་མ། «ནི་སངས་རྒྱས་ལས་གོང་ན་མེད་པས་གོང་ན་མེད་པའོ། །»བླ་མའི་བླ་མར། «ཞེས་པ་འཇིག་རྟེན་པའི་གོང་ན་གནས་པ་ནི་ཉན་རང་གཉིས་ཡིན་ལ་དེ་ལས་གོང་ན་བྱང་ཆུབ་སེམས་དཔའོ། །ཡོངས་སུ་བསྔོ་བས་བླ་ན་མེད་པ། ནི་ཡང་དག་པར་སངས་རྒྱས་ཏེ་དེའི་གོང་ན་གཞན་མེད་པས་བླ་ན་མེད་པའོ། །དེ་ནི་བྱང་ཆུབ་ཆེན་པོ་སྟེ་རྣམ་པ་ཐམས་ཅད་པའོ། །བླ་ན་མེད་པ་སངས་རྒྱས་ཀྱི་བསྔོ་བ་ནི་ཐབས་མཁས་པ་དེའོ།» །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་
འདས་རྣམས་ཀྱི་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ།«་་་་་བདག་གིས་བསྔོ་བ་མི་ཤེས་པས་ཡོངས་སུ་བསྔོ་བ་ནི་གྱ་ནོམ་པ་ལ་སོགས་པ་དགུས་བསྔོའོ།» «།སྡིག་པ་བཤགས་པའི་ཕུང་པོ་ནི།» སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། «ཕྱག་ནི་སྡིག་བཤགས་སུ་སྡུད་པའོ། །རྗེས་སུ་ཡི་རང་བའི་ཕུང་པོ་ནི།» །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། «།ཆོས་འཁོར་བསྐོར་བ་དང་གསོལ་བ་འདེབས་པའི་ཕུང་པོ་ནི།» སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། «།ཕུང་པོ་གསུམ་པས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གསོག་གོ །དེ་དག་ཁྱད་པར་དུ་སྨོན་ལམ་འདེབས་པ་ནི།» བདག་གིས་ཡེ་ཤེས་བླ་ན་མེད་པའི་མཆོག་ཐོབ་པར་གྱུར་ཅིག« །ཅེས་པས་སངས་རྒྱས་ཐོབ་པར་སྨོན་པས་ན་དེ་ཁོ་ནའོ། །མྱ་ངན་ལས་མི་འདའ་བར་སྡིག་པ་ཐམས་ཅད་ཀྱི་གཉེན་པོ་སྐྱབས་སུ་འགྲོ་བ་མཆོག་ཡིན་པས་འདིར་ཡང་སྐྱབས་སུ་འགྲོ་བ་ནི།» མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང༌། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ཞེས་སོ། །དེ་ལྟར་སྟོབས་བཞིའི་སྒོ་ནས་ལྟུང་བཤགས་མགོ་འཇུག་ཚང་བ་ཚར་བཅུ་གཅིག་ལ་ཚན་པ་གཅིག་ཏུ་བྱས་པའི་རྗེས་སུ་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་པ་བརྒྱ་རྩ་རེ་བཟླའོ། །གཟུངས་འདི་ལན་གཅིག་དྲན་ཞིང་བརྗོད་པས་བསྐལ་པ་འབུམ་ཕྲག་བརྒྱའི་སྡིག་པ་འདག་པར་གསུངས་སོ། །གསུམ་པ་རྗེས་ནི། གཏོར་མ་བཞི་བཤམས་པ་བསང་སྦྱང་དང་འབུལ་ཆོག་བརྒྱ་རྩ་ལྟར་གྱིས། དང་པོ་བླ་མ་དཀོན་མཆོག་སྤྱི་དང༌། སངས་རྒྱས་སུམ་ཅུ་སོ་ལྔ། གཉིས་པ་ཆོས་སྲུང་སྤྱི་དང་རྒྱལ་ཆེན་བཞི། གསུམ་པ་གཞི་བདག བཞི་པ་རིགས་དྲུག་སྤྱི་ལ་ཕུལ། དེ་ནས་ཡིད་རྩེ་གཅིག་པས། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སུམ་ཅུ་སོ་ལྔའི་
ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེ་མ་ལུས་པའི་རྩ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་སྒོ་ནས་འཛིན་པའི་བླ་མ་དམ་པ་ཞལ་བཞུགས་ཤིང་སུ་ལའང་ཕན་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར༴ དེ་དག་ནི་རྣམ་པར་དཀར་བའི་མཛད་པ་ཕྲིན་ལས་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར༴ དགེ་འདུན་ཐམས་ཅད་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་བྱིན༴ དེ་དག་གི་བྱིན་རླབས་དང་ཐུགས་རྗེ་ལ་བརྟེན་ནས་བདག་གིས་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར༴ མཐུན་རྐྱེན་ཚེ་དང་དཔལ་དང་འབྱོར་པ་དང་བསོད་ནམས་རྣམས་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར༴ བདག་དང་དྲིན་ཅན་ཕ་མ་གཉིས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར༴ ཁྱད་པར་དུའང་བདག་གིས་དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་རྒྱལ་བ་ཐམས་ཅད་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་ནུས་པར༴ དེ་ལ་གེགས་ཀྱི་རྣམ་པ་སྐད་ཅིག་ཀྱང་མི་འབྱུང་བར༴ མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་དང་གནས་གྲོགས་ཚེ་འཚོ་བའི་ཡོ་བྱད་རྒྱལ་བས་གནང་བ་ཐམས་ཅད་གཏུགས་པ་མེད་པ་བདེ་བླག་ཏུ་འགྲུབ་པར༴ དེ་དག་གི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཚང་བ་ལ། སྔོན་སངས་རྒྱས་མཐོང་བ་དམ་པའི་ཆོས་ཐོས་པ་འཕགས་པའི་དགེ་འདུན་ལ་རིམ་གྲོ་བགྱིས་པ་དང་མི་འབྲལ་
བར༴ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབབ་ཅིང༌། དུས་ཀྱི་འཁྲུགས་པ་ཐམས་ཅད་ཉེ་བར་ཞི་ཞིང་བཀྲ་ཤིས་དང་དགེ་མཚན་ཆེན་པོ་རྒྱུན་མི་ཆད་པར་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པ་དེ་ལྟར་ཞག་རེ་ལ་ཐུན་བཞི་བཞིར་བྱས་ནས་ཉམས་སུ་བླང་ཞིང༌། ཐུན་གྱི་མཐར་ཚོགས་ཞིང་རང་ལ་བསྡུ་བ་དང༌། བསྔོ་བ་སྨོན་ལམ་བྱའོ། །གཞན་ཡང་རྒྱལ་སྲས་ཞི་བ་ལྷས་བསླབ་བཏུས་སུ་གསུངས་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དྲུག་ལ་བརྩོན་པར་བྱ་སྟེ། དྲུག་གང་ཞེ་ན། སྡིག་པ་བཤགས་པའི་ཐབས་སུ་དམིགས་ལ། མདོ་སྡེ་ཟབ་མོ་ལ་བསྟེན་པ་དང༌། སྟོང་པ་ཉིད་ལ་མོས་པ་དང༌། བཟླས་པ་ལ་བརྟེན་པ་དང༌། སྐུ་གཟུགས་ལ་བརྟེན་པ་དང༌། མཆོད་པ་ལ་བརྟེན་པ་དང༌། མཚན་ལ་བསྟེན་པའོ། །དང་པོ་ནི་ཤེར་ཕྱིན་དང་བཟང་སྤྱོད་སོགས་ཀྱི་མདོ་སྡེ་ཟབ་མོའི་ཚིག་ལེན་པ་དང་འཛིན་པ་དང་ཀློག་པ་དང་ཡི་གེར་བྲི་བ་སོགས་བྱེད་པའོ། །གཉིས་པ་ནི་བདག་མེད་ཅིང་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང་གདོད་མ་ནས་དག་པར་ཡིད་ཆེས་པའོ། །གསུམ་པ་ནི་ཡི་གེ་བརྒྱ་པ་སོགས་ཀྱི་གཟུངས་ཁྱད་པར་ཅན་རྣམས་ཆོ་ག་བཞིན་དུ་བཟླ་བའོ། །བཞི་པ་ནི་སངས་རྒྱས་ལ་དད་པ་རྙེད་ནས་སཱཙྪ་ལ་སོགས་པའི་མཆོད་རྟེན་དང་སྐུ་གཟུགས་ཅི་འགྲུབ་གསར་དུ་བཞེངས་ཤིང་རྙིང་པ་འཆོས་པའོ། །ལྔ་པ་ནི་སངས་རྒྱས་དེའི་མཆོད་རྟེན་ལ་མཆོད་པ་སྣ་ཚོགས་འབུལ་བའོ། །དྲུག་པ་ནི་སངས་རྒྱས་དང་རྒྱལ་སྲས་ཆེན་པོ་རྣམས་ཀྱིས་མཚན་ཐོས་ཤིང་བཟུང་སྟེ་བརྗོད་པའོ། །དེ་ལྟར་སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱོང་བའི་ཐབས་ཇི་སྲིད་སྡིག་པ་དག་པའི་རྟགས་མ་བྱུང་བར་དུ་བྱ་སྟེ་རྟགས་ནི། རྨི་ལམ་ན་ཟས་ངན་སྐྱུགས་པ་དང༌། ཞོ་དང་འོ་མ་ལ་སོགས་པ་འཐུང་བ་དང་སྐྱུགས་པ་དང༌། ཉི་མ་དང་ཟླ་བ་མཐོང་བ་དང༌། ནམ་མཁའ་ལ་འགྲོ་བ་དང༌། མེ་འབར་བ་དང༌། མ་ཧེ་དང་མི་ནག་པོ་ཐུབ་པ་དང༌། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང༌། འོ་མ་འབྱུང་བའི་ཤིང་དང་གླང་པོ་དང་ཁྱུ་མཆོག་དང་རི་དང་སེང་གེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེག་པ་དང༌། ཆོས་ཉན་པར་རྨིས་ན་སྡིག་པ་བྱང་
བར་ཤེས་པར་བྱའོ་ཞེས་སྐུལ་བྱེད་མའི་གཟུངས་ལས་བཤད་ཅིང༌། རྨི་ལམ་དུ་སངས་རྒྱས་སུམ་ཅུ་སོ་ལྔ་མཐོང་བ་དང༌། ཆུ་བོ་ཆེན་པོ་བརྒལ་བ་དང༌། ཟམ་པ་བཙུགས་པ་དང༌། ཟམ་པ་ལ་འགྲོ་བ་དང༌། ཁྲུས་བྱེད་པ་དང༌། གོས་མེད་པ་ལ་ཆར་པ་འབབ་པ་དང༌། རིན་པོ་ཆེའི་རྒྱན་བཏགས་པ་དང༌། ཞིང་ཁམས་རྣམ་དག་ཏུ་ཕྱིན་ནས་སངས་རྒྱས་མཇལ་བ་དང༌། གོས་དཀར་པོ་གྱོན་པ་དང༌། མཆོད་རྟེན་མཆོད་ཁང་ལ་སོགས་པར་ཕྱིན་ནས་དཀོན་མཆོག་ལ་མཆོད་པ་བྱེད་པ་དང༌། དེ་དག་དང་བླ་མས་བྱིན་གྱིས་བརླབ་པ་དང༌། མེ་ཏོག་དཀར་སེར་སྔོན་པོ་བཏུ་བ་དང༌། གཞན་གྱིས་བདག་ལ་བཀུར་སྟི་བྱེད་པ་དང༌། གངས་ཀྱི་སྟེང་དུ་ཕྱིན་པ་དང༌། ཆོས་མང་པོ་ཉན་པས་གོ་བ་དང༌། ཆོས་མང་པོ་འཆད་པ་དང༌། གསུང་རབ་ཀྱི་པོ་ཏི་མང་པོ་དང་མཇལ་ནས་མོས་གུས་བྱེད་པ་དང༌། གླེགས་བམ་རྙེད་པ་དང་གཞན་གྱིས་བྱིན་པ་དང༌། རྔ་རྡུང་བ་དང༌། དུང་འབུད་པ་དང༌། རི་བོ་ཆེན་པོའི་སྟེང་ནས་སྐད་ཆེན་པོ་བཏོན་པ་དང༌། འོད་གསལ་ཟིན་པ་དང༌། མེ་ལོང་བལྟས་པས་ཆོས་ཐམས་ཅད་ཀྱང་དེ་ལྟར་རྟོགས་པ་རྨིས་པ་དང༌། དངོས་སུ་དག་སྣང་ངེས་འབྱུང་སྐྱོ་ཤས་ཞེན་ལོག་སྙིང་རྗེ་ཕན་སེམས་བརྩོན་འགྲུས་ཞེ་བཅད་སོགས་ཆེར་སོང་བ་དང༌། གདམས་ངག་ལ་ནང་བྱན་ཚུད་དེ་རྟེན་འབྲེལ་གྱི་དོན་གོ་བ་དང་དེ་ལ་ངེས་ཤེས་འདྲོངས་པ་དང༌། ཆོས་བརྒྱད་མགོ་སྙོམས་ཤིང་དཀོན་མཆོག་ལ་བློ་ཁེལ་བ་དང༌། ཉམས་སྣང་ལ་སྣང་བ་བདེན་མེད་དུ་བུན་ལོང་སོང་ནས་མངོན་ཚན་ཆུང་བ་དང༌། སངས་རྒྱས་ཀྱི་སྐུ་གཟུགས་མཐོང་བ་ལ་སོགས་པའི་མཐོང་སྣང་ཅི་རིགས་པར་འབྱུང་ངོ༌། །རྨི་ལམ་དུ་ལུས་ལས་རྣག་ཁྲག་མང་པོ་བྱུང་སྟེ་བབས་པ་དང༌། སྡོམ་དང་སྡིག་པ་སྦལ་པ་ལྕོང་མོ་ལུས་ལས་ཐོན་ཡོང་བ་དང༌། མི་ནག་པོ་བསད་པ་རྨིས་ན་ནད་གདོན་ཐོན་པའི་རྟགས་དང༌། རང་གི་ཁའམ་སྣ་ནས་ཁྲག་མང་པོ་བབས་ཏེ་འཁྱིལ་བ་དང༌། དུད་འགྲོ་མང་པོ་རིའི་རྩེར་དེད་པ་དང༌། སེམས་ཅན་མང་པོ་འཇིག་པ་དང༌། ཆུ་ལས་སྒྲོལ་བ་དང༌། གྲུ་དང་ཟམ་པ་བཙུགས་པ་རྨིས་ན་གཞན་ཕན་འབྱུང་བའི་རྟགས་ཡིན་གསུང་ངོ༌། །དེ་ཡང་སྡིག་པ་འདག་ལུགས་ནི། ངན་འགྲོ་སྡུག་བསྔལ་ཆེན་པོར་སྐྱེ་བའི་རྒྱུ་རྣམས་
སྡུག་བསྔལ་ཆུང་བར་སྐྱེ་བའི་རྒྱུར་འགྱུར་བའམ། ངན་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་མི་མྱོང་བའམ། ད་ལྟའི་རྟེན་ལ་མགོ་བོ་ན་བ་ཙམ་གྱིས་དག་ནས་འགྲོ་བའམ། དེ་བཞིན་དུ་རྒྱུན་རིང་པོར་མྱོང་དགོས་པ་རྣམས་ཡུན་ཐུང་ངུའམ་གཏན་ནས་མྱོང་མི་དགོས་པར་འགྱུར་ཏེ། དེའང་སྤྱོད་མཁན་སྟོབས་ཆེ་ཆུང་དང༌། གཉེན་པོ་སྟོབས་བཞི་རྫོགས་མ་རྫོགས་དང༌། ཤུགས་དྲག་མི་དྲག་དང༌། རྒྱུན་རིང་ཐུང་ལ་སོགས་པའི་སྒོ་ནས་ཡིན་གྱི་མཐའ་གཅིག་ཏུ་ངེས་པ་མེད་དོ། །མདོ་སྡེ་དང་འདུལ་བ་ནས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི་ཆུད་མི་ཟ་ཞེས་གསུངས་པ་ནི། སྟོབས་བཞིའི་གཉེན་པོ་བསྒོམ་པ་མེད་པ་ལ་དགོངས་ཀྱི་སྟོབས་བཞིའི་གཉེན་པོས་བཤད་པ་ལྟར་སྦྱངས་ན་ནི་མྱོང་ངེས་ཀྱང་འདག་པར་གསུངས་སོ། །དེ་ལྟར་བཤགས་པ་དང་སྡིག་པ་སོགས་སྟོབས་བཞིས་རྣམ་སྨིན་འབྱིན་པའི་ནུས་པ་ཉམས་པར་བྱས་པ་རྣམས་ནི་རྐྱེན་གཞན་དང་འཕྲད་ཅིང་རྣམ་སྨིན་འབྱིན་པར་མི་འགྱུར་ལ། དེ་བཞིན་དུ་ལོག་ལྟ་སྐྱེད་པ་དང༌། ཁོང་ཁྲོས་དགེ་རྩ་བཅོམ་པ་དང་འདྲ་བར་གསུངས་པས་དགེ་རྩ་འཇོམས་པའི་རྒྱུ་ཁོང་ཁྲོ་དང་ལོག་ལྟ་སོགས་བསྲུང་བ་ལ་འབད་ཅིང༌། མི་དགེ་བའི་ཕྱོགས་ཕྱིར་བཅོས་པ་ལ་བརྩོན་དགོས་སོ། །ཤིན་ཏུ་སྟོབས་དང་ལྡན་པའི་ལས་ཀྱང་གཏན་ནས་སྦྱང་བར་ནུས་ན། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། དམུས་ལོང་ལ་སོགས་རྣམ་སྨིན་འགྲུབ་པའི་ཚེ་ན་ད་ལྟར་གཉེན་པོས་སྦྱོང་དཀའ་ལ། འབྲས་བུ་མ་གྲུབ་པའི་རྒྱུའི་སྐབས་ན་བཟློག་སླ་བ་ལ་དགོངས་ནས་དེ་ལྟར་གསུངས་པས་སྐྱོན་མེད་དོ། །དེ་ལྟར་སྟོབས་བཞིའི་ཆོ་ག་ལ་ཉིན་རེ་བཞིན་དུ་ཡུན་རིང་པོའི་བར་དུ་མོས་གུས་དང་འདུན་པ་ཤུགས་དྲག་པོས་འབད་ན་སྡིག་པ་དག་པའི་རྟགས་རྣམས་མྱུར་པོར་འོང་གིན་འདུག་གོ །མཁན་ཆེན་ལས་ཀྱི་རྡོ་རྗེའི་ཞལ་ནས་ཟླ་བ་རེ་རེའི་དགེ་སྦྱོར་གྱི་བོགས་ལ་འདི་ལས་ཆེ་བ་མི་འདུག་ཅེས་གསུངས་སོ། །འདི་ལ་ཐུན་བཞིའི་རྣལ་འབྱོར་བྱེད་པའི་ལོང་སྐབས་མ་བྱུང་བའི་«་་་་་དུས་གཞན་དུ་བྱེད་ན་གཞི་བདག་གཏོར་མ་དང་རྒྱལ་ཆེན་ཐོ་འཛུགས་དོར་ནས་འདོན་ན་རུང་ངམ་སྙམ་མོ།།» ཚེའང་ཉིན་རེ་བཞིན་སྟོབས་བཞི་ཚང་ཙམ་རེ་མ་ཆག་ན་སྡིག་པ་མང་པོ་
འདག་པར་གསུངས་སོ། །འདིའི་བརྒྱུད་པ་ནི། སངས་རྒྱས་སུམ་ཅུ་སོ་ལྔས་མཁན་ཆེན་ལས་ཀྱི་རྡོ་རྗེ་ཞལ་མངོན་སུམ་དུ་བསྟན་ཏེ་གདམས་པ་ཤློ་ཀ་རེ་རེ་གསུངས་ཤིང༌། སྒྲུབ་ཐབས་འདིའང་གནང་ངོ༌། །དེ་ལ་བསམ་རྩེ་བླ་མ་སངས་རྒྱས་འོད་ཟེར་པས་ཞུས་སོ། །འདིའི་བརྒྱུད་པ་ཤིན་ཏུ་ཉེ་ཞིང་བྱིན་རླབས་མྱུར་བས་ཤིན་ཏུ་རྩིས་ཆེ་བའི་གདམས་པ་ཡིན་པས་ཕྱག་ལེན་ལ་ཐེབས་པར་མཛོད་ཅིག །ཅེས་སོ། །སྟོབས་བཞིའི་རྔ་ཡབ་དཀར་པོ་ཡིས། །ཉེས་ལྟུང་དྲི་མ་འཕྱག་བྱེད་པ། །འདི་བརྗོད་དགེ་བས་བདག་སོགས་འགྲོ། །སྒོ་གསུམ་ཤེལ་ལྟར་དྭངས་གྱུར་ཅིག །ཅེས་པའང་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས་བཀའ་ལུང་གི་རྗེས་སུ་གནང་བ་ཐོབ་པར་བརྟེན་བསྡུར་རུང་བའི་ཚིག་སྣ་ཅུང་ཟད་བསྡུས་ཏེ་ལྷོ་བྲག་སྙན་བརྒྱུད་ཀྱི་གཞུང་ཉིད་སོར་བཞག་ཏུ་བློ་གཏེར་དབང་པོས་གླེགས་བམ་རིན་པོ་ཆེ་ལས་བཀོལ་ཏེ་སྒྲུབ་ཐབས་ཀྱི་སྡེབས་སུ་བཀོད་པ་དགེ་ལེགས་འཕེལ།། །།
འཕགས་པ་ནམ་མཁའི་སྙིང་པོའི་སྒྲུབ་ཐབས་བཟླས་ལུང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
འཕགས་པ་ནམ་མཁའི་སྙིང་པོའི་སྒྲུབ་ཐབས་བཟླས་ལུང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ཨོཾ་སྭ་སྟི། རྒྱལ་སྲས་ཐུགས་རྗེའི་དབང་ཕྱུག་ནི། །ནམ་མཁའི་སྙིང་པོ་ལ་བཏུད་ནས། །ནད་མཚོན་མུ་གེའི་འཇིགས་པ་དག །ཞི་ཕྱིར་ལྷག་པའི་ལྷ་དེ་བསྒྲུབ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། རང་གི་སྙིང་གར་ཁྃ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ན་བཟའ་སྔོན་པོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་པདྨའི་རྩ་བ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རལ་གྲི་སྔོ་སངས་ཅན། ནམ་མཁའི་རང་བཞིན་གྱི་ཁང་བཟང་འོད་ཟེར་སྔོན་པོ་འབར་བའི་དབུས་ན། ཁྲོ་བོ་དབྱུག་སྔོན་སོགས་འཁོར་རིག་འཛིན་མཚོན་ཆ་ཐོགས་པ་མང་པོ་དང༌། རང་གི་སྤྲུལ་པ་ཁ་དོག་སྣ་ཚོགས་ཅན་མང་པོས་བསྐོར་བ། སྤྱན་གྱི་འོད་ཀྱིས་ནམ་མཁའ་ཐམས་ཅད་འོད་དང་དྲི་ཞིམ་པོས་ཁྱབ་པར་མཛད་པ། དར་དང་རིན་པོ་ཆེས་བརྒྱན་པ་ནས། ཐུགས་ཀར་ཧཱུྃ་གི་བར་ཀུན་ཏུ་བཟང་པོའི་སྐབས་དང་འདྲ། ཨོཾ་སྭ་སྟི་ཀ་མཱ་ལཱཀྵི། བི་པུ་ལ། སཾ་བྷ་ཝ། དྷརྨ་དྷཱ་ཏུ། གོ་ཙ་རེ་སྭཱ་ཧཱ། ཞེས་
ཅི་ནུས་སུ་བཟླའོ། །རྗེས་ཀྱི་བྱ་བ་དང༌། ཐུན་མཚམས་ཀྱང་ཀུན་ཏུ་བཟང་པོའི་སྐབས་དང་འདྲ་བ་ལས། ནམ་མཁའི་སྙིང་པོའི་མཚན་བརྒྱ་ཀློག་པ་ཉིད་ཁྱད་པར་རོ། །འདིའི་བཟླས་ལུང་འབོགས་ཚུལ་ནི། འོད་དཔག་མེད་ཀྱི་སྒྲུབ་ཐབས་སུ་བཤད་པ་དང་འདྲའོ། །ཉེས་ལྟུང་ཀུན་ནས་དག་མཛད་པའི། །ཡི་དམ་འདི་འདྲ་མཆོག་ཏུ་དགའ། །མཚན་བརྒྱའི་མན་ངག་སྙིང་པོ་ནི། །ཟུར་དུ་བཀོལ་བ་འདི་ཙམ་ཡིན། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་ནམ་མཁའ་སྙིང་པོ་སྒྲུབ་ཐབས་ཀྱི་ལེའུ་མཚན་ནོ།། ༈ །རྒྱ་གར་སྐད་དུ། ཨཱ་པིརྟ་དེ་ཤ་ན་བི་དྷི། བོད་སྐད་དུ། ལྟུང་བ་བཤགས་པའི་ཆོ་ག སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཙུན་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མ་མཆིས་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་
དང་ཡིད་ཀྱི་སྒོ་ནས་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དག་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བཙུན་པའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན། བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་མཐོང་སྡོམ་དྲིས་ལ་ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་དོ། །དང་པོར་སྦྱོར་བའི་ཆོ་ག་ནི། བདག་མིང་འདི་ཞེས་བགྱི་བ་ལ་འཁོར་བ་ཐོག་མ་མེད་པ་ནས་ཀྱི་ཉོན་མོངས་པ་མང་བའམ། བག་མེད་པ་ལ་སོགས་པའི་སྟོབས་ཀྱིས་ཉེས་ལྟུང་གི་ཚོགས་མང་པོ་བདོག་སྟེ་མཆི་བས། དེ་དག་དགེ་འདུན་གྱི་སྤྱན་སྔར་བཤགས་པར་འཚལ་བས་ཐུགས་ཀྱི་གཟུང་འཚལ་ཞེས་པ་དང་མཇུག་ལྟུང་བ་ལས་བསླང་བ་ཤིན་ཏུ་བཀའ་དྲིན་ཆེ་ལགས་ཞེས་པ་དང༌། ཆོས་བཞིན་དུ་མཛད་པ་རྗེས་སུ་ཡི་རང་ཞེས་བརྗོད་པར་བྱའོ། །ལྟུང་བ་བཤགས་པའི་ཆོ་ག་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༈ །ནམ་སྙིང་བཤགས་ཆོག་གི་བརྒྱུད་པའི་གསོལ་འདེབས་ཨིནྡྲ་ནཱི་ལའི་ཕྲེང་བ་བཞུགས་སོ། །ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་དཔལ། །རྣམ་གྲོལ་ལམ་གྱི་ས་
མཁན་ཉི་མའི་གཉེན། །ས་བཅུའི་དབང་ཕྱུག་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་སྩོལ། །རྣལ་འབྱོར་མ་དཔལ་ཤཱཀྱ་རཀྵི་ཏ། །བུདྡྷ་སྭཱ་མཱི་སློབ་དཔོན་ལེགས་སྐྱེས་ཞབས། །སཱ་དྷུ་ཛྙཱ་ན་སཾ་པྲ་ཀཱིརྟི་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་སྩོལ། །བེ་དཱ་བནྡྷུ་དཔའ་བའི་བཤེས་གཉེན་དང༌། །པཱུརྞ་བཛྲ་རྗེ་བཙུན་སྒྲོལ་བའི་མགོན། །ཉིད་སྤྲུལ་རྒྱལ་ཚབ་རྒྱ་མཚོ་རྣམ་གཉིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་སྩོལ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུ་མཆོག །ཕྲིན་ལས་ཤིང་རྟ་ཆོས་ཀྱི་ཉི་མ་དང༌། །ཕྲིན་ལས་རྣམ་རྒྱལ་པདྨ་ཉིན་བྱེད་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་སྩོལ། །སྨིན་གྲོལ་བདུད་རྩིའི་བཅུད་མཆོག་སྩོལ་མཛད་པ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་སྩོལ། །ཐོག་མེད་ནས་བསགས་ལས་ཉོན་སྡིག་སྒྲིབ་དང༌། །ཁྱད་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །གསུངས་པའི་བསླབ་བྱར་འགལ་ཉམས་གང་གྱུར་པ། །མུན་ལ་ཉི་བཞིན་ཡུད་ཀྱིས་བྱང་བར་ཤོག །དངོས་སམ་རྨི་ལམ་ཉིད་དུ་འཕགས་པའི་ཞལ། །དངོས་སུ་མཐོང་ནས་ཐུགས་རྗེའི་ཕྱག་བརྐྱང་སྟེ། །སྒྲིབ་པ་ཀུན་བསལ་ལམ་མཆོག་བགྲོད་པའི་ཐབས། །སྟོན་ཅིང་དག་པའི་ས་ལ་དབུགས་དབྱུང་ཤོག །འཐབས་རྩོད་མུ་གེ་མི་ངས་ལ་སོགས་པ། །རྙོགས་ལྡན་ཞིང་གི་རྣམ་འགྱུར་ཀུན་ཞི་ཞིང༌། །རིགས་དང་བློ་གྲོས་ཚེ་དང་ལོངས་སྤྱོད་སོགས། །དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །མཁའ་ཁྱབ་འགྲོ་དྲུག་གནས་སུ་མཚན་གྱི་སྒྲས། །ཁྱབ་ཅིང་ཐུགས་རྗེ་ཅན་ཞལ་མཐོང་བ་ཡི། །སྐལ་པ་བཟང་ལྡན་ཀུན་ཀྱང་རྒྱལ་སྲས་ཆེའི། །རྣམ་ཐར་བསམ་
མི་ཁྱབ་ལ་འཇུག་གྱུར་ཅིག །ཅེས་པའང་ལུང་རྟོགས་ཀྱི་བདག་ཉིད་སེར་རྩ་མཆོག་གི་སྤྲུལ་པའི་སྐུས་མདོ་ཆོག་ཉམས་བཞེས་སྐབས་གསུང་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་གདན་སར་སྦྱར་བ་དགེ་ལེགས་འཕེལ།། །།མངྒ་ལཾ།། ༈ །འཕགས་པ་ནམ་མཁའི་སྙིང་པོའི་བཟླས་ལུང་སྒྲུབ་ཐབས་ལྟུང་བ་བཤགས་པའི་ཆོ་ག་དང་བཅས་པ་འཕགས་པའི་ལམ་གྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །སེམས་དཔའ་ཉི་མའི་ཤིང་རྟའི་འགྲོས་ལྡན་པ། །རྒྱུ་སྐར་བྱེ་བའི་དབུས་ན་ཉི་མའི་དཔལ། །བརྒྱ་བྱིན་ཐོགས་དབུས་ནོར་བུའི་ཅོད་པན་གྱིས། མཚོན་མཛད་ས་བཅུའི་དབང་ཕྱུག་དེ་ལ་འདུད། །སྲིད་པ་གསུམ་དུ་མཚན་ཙམ་ཡང༌། །བརྒྱ་ལམ་ཐོབ་དཀའི་རིན་པོ་ཆེ། །ནམ་མཁའི་སྙིང་པོ་ལ་བརྟེན་ནས། །ལྟུང་བ་བཤགས་པའི་ཆོ་ག་བྲི། །དེ་ལ་ལྔ། དགོས་ཆེད་ཀྱིས་ཁོག་བཀྲོལ། ཉམས་ལེན་སྣོད་རུང་དུ་བསྒྲུབ། བསྙེན་པའི་ཆོ་ག་བཤད། ལྟུང་བ་བཤགས་པ་བྱེ་བྲག་ཏུ་སྨོས། འཕྲོས་དོན་ཁྱད་པར་ཅན་བརྗོད་པའོ། །དང་པོ་ལ་གཉིས་ལུང་དང་ལོ་རྒྱུས་སོ། །དང་པོ་ནི། བོད་ཡུལ་འདིར་མུ་སྟེགས་བྱེད་དང་ཉན་ཐོས་ཀྱི་ཐེག་པ་ཁོ་ན་འཛིན་པ་ནི་ཡེ་མེད་དེ། ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མོས་པས་སྤྱོད་ཅིང་དངོས་སམ་བརྒྱུད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤ་སྟག་ཡིན་མོད། བྱང་ཆུབ་སྤྱོད་པ་དང་ལྟུང་བ་ལེགས་པར་འཆོས་པ་ནི་ཆེས་དཀོན་ཞིང༌། ཁ་ན་མ་ཐོ་བ་ཆེན་པོ་དང་ལྡན་པའི་རྩ་བའི་ལྟུང་བ་རྣམས་ལའང་བག་མེད་པར་སྤྱོད་པ་མང་ན་ལྟུང་བ་ཕྲ་ཞིབ་དང་རྟག་ཏུ་འགྲོགས་པ་ནི་ལྟ་ཅི་སྨོས། འོན་ཀྱང་ལྟུང་བའི་རྣམ་གྲངས་ཙམ་ཡང་མི་ཤེས་པའི་དགེ་སྦྱོང་དུ་ཁས་འཆེ་བ་རང་ཉིད་ཀྱི་ཐར་པའི་ལམ་སྟོར་བ་མ་ཟད་དད་པ་ཅན་རྣམས་ཀྱི་ཡོན་ཆུད་གསོན་ཅིང་ཐར་པའི་གོ་གེགས་པར་བྱེད་པ་ནི་ཆེས་མང་ངོ༌། །དེའང་དཔལ་མར་མེ་མཛད་ཀྱིས། སེམས་
ཅན་རྣམས་ལ་སྲོག་གཅེས་ཤིང་སྲོག་ལ་བརྟེན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལའང་སྲོག་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཅེས་ཤིང་དེ་ལ་བརྟེན་པའོ། །ཕ་མ་ལྟ་བུའི་ཆོས་ནི་སྟོང་པ་ཉིད་དང་སྙིང་རྗེ་ཡིན་ཏེ། དེས་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་འབྱུང་བར་མི་འགྱུར་རོ། །ཞེས་པས་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཐེག་པ་ཆེན་པོའི་སར་མི་ཆུད་ལ། སེམས་བསྐྱེད་པ་ཙམ་གྱིས་མི་ཆོག བསླབ་བྱ་ལ་སློབ་ཅིང་ལྟུང་བ་ཕྱིར་བཅོས་ལ་མཁས་པས་བྱ་དགོས་ཏེ། ས་བོན་བཏབ་པ་ཙམ་གྱིས་མི་ཆོག སོ་ནམ་གྱི་བྱ་བ་ལ་བརྩོན་དགོས་པ་བཞིན་ནོ། །བྱང་སྡོམ་གྱི་ངོ་བོ་གཞན་དོན་ཏུ་རྫོགས་པའི་བྱང་ཆུབ་འདོད་པ་ལ། བདག་རྐྱེན་དགེ་བའི་བཤེས་གཉེན་དང༌། དམིགས་རྐྱེན་མདོ་སྡེ་སོགས་ལ་བརྟེན་ཏེ། དེའི་མཐུན་ཕྱོགས་སྒྲུབ་ཅིང་མི་མཐུན་ཕྱོགས་སྤོང་བར་མཚུངས་ཀྱང༌། ཐོབ་ཚུལ་ལས་གསུམ་སྟེ། སོ་ཐར་དང་ཆོ་ག་ཐུན་མོང་བའི་བྱང་སྡོམ། ཆོ་ག་ཐུན་མོང་མ་ཡིན་པའི་བྱང་སྡོམ། དབང་བསྐུར་དང་ཆོ་ག་ཐུན་མོང་གི་བྱང་སྡོམ་མོ། །དང་པོ་ནི། སོ་ཐར་གྱིས་སྡོམ་པ་ལ་བྱང་ཆུབ་ཀྱིས་ཟིན་པའི་ཐེག་ཆེན་སོ་ཐར་དུ་གྲགས་པ། གཉིས་པ་དབུ་སེམས་ཀྱི་ཆོ་ག་གང་རུང་གིས་ཐོབ་པའི་སྨོན་འཇུག་གི་སྡོམ་པ། གསུམ་པ་དབང་བསྐུར་སྟ་གོན་དང་འཇུག་པའི་སྐབས་སུ་ཐོབ་པའི་བྱང་སྡོམ་དང་དངོས་གཞིའི་སྐབས་ཐོབ་པའི་སྔགས་སྡོམ་རྣམས་སོ། །དེ་དག་ལས་སྐབས་སུ་བབས་པ་བྱང་སྡོམ་ཐུན་མིན་གྱི་ཆོ་ག་ལ་དབུ་སེམས་ཀྱི་ལུགས་གཉིས་སུ་གྲགས་ཏེ། དང་པོ་ནི་འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་ལ་བརྒྱུད་དེ་ཞི་བ་ལྷའི་ཕྱག་སྲོལ་ཇོ་བོ་པུཎྱ་ཤྲཱི་ལས་བྱུང་བ་ཀླུ་སྒྲུབ་ཀྱི་སེམས་བསྐྱེད་ཆོ་ག་དང༌། ཛེ་ཏཱ་རིའི་ཡི་དམ་བླང་བའི་ཆོ་ག་ཞི་བ་ལྷའི་བསླབ་སྤྱོད་སོགས་ཀྱི་དགོངས་པ་དང༌།
གཉིས་པ་ནི། བྱམས་པ་ནས་ཐོགས་མེད་སྐུ་མཆེད་ལ་བརྒྱུད་དེ་ཙནྡྲ་གོ་མཱིའི་ཕྱག་སྲོལ་ཨ་ཏི་ཤ་ལས་བྱུང་བ་བྱང་ས་དང་སྡོམ་པ་ཉི་ཤུ་པ་སོགས་ཀྱི་དགོངས་པ་སྟེ། སྔ་མ་ནི། གཙོ་བོར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ཕྱག་ལེན་ཏུ་མཛད་ཅིང༌། ཕྱི་མ་ནི་གཙོ་བོར་བཀའ་གདམས་པ་དང་མཉམ་མེད་དྭགས་བརྒྱུད་པ་རྣམས་ཀྱིས་ཕྱག་ལེན་ཏུ་མཛད་ལ་གཉིས་ཀ་ལའང་གཉིས་ཀ་མངའ་འོ། །དེ་དག་གི་བསླབ་བྱ་ཤིན་ཏུ་རྒྱ་ཆེའང་མདོར་བསྡུ་ན་གཉིས། དགག་པའི་བསླབ་བྱ་དང་སྒྲུབ་པའི་བསླབ་བྱའོ། །དང་པོ་ལ་གཉིས། སྨོན་པ་དང་འཇུག་པའི་བསླབ་བྱའོ། །དང་པོ་ནི། མཉམ་མེད་དྭགས་པོས། སེམས་ཅན་གཅིག་ཀྱང་བློས་མི་སྤང༌། །རྟག་ཏུ་སེམས་དེའི་ཕན་ཡོན་བསམ། །ཚོགས་གཉིས་བསགས་ལ་བརྩོན་པར་བྱ། །ཡང་ཡང་བྱང་ཆུབ་སེམས་གཉིས་སྦྱང༌། །ནག་པོའི་ཆོས་བཞི་སྤངས་ནས་ནི། །དཀར་པོའི་ཆོས་བཞི་བསྟེན་པར་བྱ། །ཞེས་པ་ལྟར་ཏེ། འདི་དག་འཆོར་ན་བྱང་སྡོམ་རྩ་ནས་གཏོང་སྟེ་རྨང་འགྱེལ་ན་ཁང་པ་ལ་བརྟེན་པ་མི་འོང་བ་བཞིན་ནོ། །གཉིས་པ་ལ་གཉིས། དབུ་མ་ལུགས་དང༌། སེམས་ཙམ་ལུགས་སོ། །དང་པོ་ལ་གསུམ། བྱང་སེམས་དབང་རྣོན་ལ་ནམ་སྙིང་མདོའི་དགོངས་དོན་བསླབ་བཏུས་སུ་ཚིགས་བཅད་ཀྱིས་བསྟན་པ་ལྟར་རྩ་ལྟུང་བཅུ་བཞི་དང༌། དབང་འབྲིང་ལ་ཐབས་ལ་མཁས་པའི་མདོ་དོན་རྩ་ལྟུང་བཞི་དང༌། དབང་བརྟུལ་ལ་སྡུད་པ་སོགས་ནས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་མི་སྤང་བ་སྟེ། དེ་སྤང་ན་སྨོན་སེམས་འདོར་བས་དབང་པོ་གསུམ་ཀ་ལའང་རྩ་ལྟུང་ཀུན་གྱི་ནང་ནས་ཆེས་ལྕི་བ་ཡིན་མོད། ད་ལྟ་ནི་བདག་འདྲའི་དགེ་སྦྱོང་གི་གཟུགས་བརྙན་ཕལ་མོ་ཆེ་འདི་ཉིད་སྤོང་བ་ལ་བརྩོན་པ་མང་སྟེ་སེམས་ཅན་གཅིག་ཅིག་བློས་བཏང་ནའང་དེར་འགྱུར་བར་བཤད་
པས་སོ། །ཡན་ལག་གི་ཉེས་བྱས་བརྒྱད་ཅུ་ལ་སོགས་པ་མཐའ་ཡས་སོ། །གཉིས་པ་ལ་གཉིས། བྱང་སའི་དོན་སྡོམ་པ་ཉི་ཤུ་པ་ལས་ཚིགས་བཅད་དུ་གསུངས་པ་ལྟར་རྩ་ལྟུང་བཞི། ཡན་ལག་གི་ཉེས་བྱས་ཞེ་དྲུག་གོ །གཉིས་པ་སྒྲུབ་པའི་བསླབ་བྱ་མདོར་བསྡུ་ན་ཕ་རོལ་ཕྱིན་དྲུག་གམ། ཚུལ་ཁྲིམས་རྣམ་པ་གསུམ་སྟེ། བསླབ་པ་བླངས་ཕྱིན་ཆད་བསླབ་བྱ་འདི་དག་ངེས་པར་ཤེས་ཤིང་བསླབ་དགོས་ཏེ། གང་ལས་ཤེས་ཞེ་ན། སློབ་དཔོན་ཞི་བ་ལྷས། མདོ་སྡེ་རྣམས་ལས་བསླབ་པར་སྣང༌། །དེ་བས་མདོ་སྡེ་བཀླག་པར་བྱ། །ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། །ཞེས་སོགས་གསུངས་པ་ལྟར། མདོ་སྡེ་སྤྱི་དང་ཁྱད་པར་སའི་སྙིང་པོ་འཁོར་ལོ་བཅུ་པ། ནམ་སྙིང༌། ཐར་པ་ཆེན་པོའི་མདོ་ལ་སོགས་པ་དང༌། ཚུལ་ཁྲིམས་ལེའུ། སྡོམ་པ་ཉི་ཤུ་པ། མདོ་བཏུས། བྱང་ས། བསླབ་བཏུས་ལ་སོགས་པའི་རྒྱ་གཞུང༌། སྡོམ་གསུམ་སྟོན་པའི་བོད་གཞུང་རྣམས་ལ་ལེགས་པར་བརྟགས་ཏེ་ཕན་ཡོན་ཉེས་དམིགས་ཞར་ལ་ཤེས་པས་དགོས་པའི་སྐབས་ཕྱེད་དེ་གླེན་འཐམ་ཇི་མི་སྙམ་དུ་མ་གྱུར་པར་བྱའོ། །བསླབ་བྱའི་སྡོམ་པ་ཉམས་ཤིང་ཕྱིར་བཅོས་མ་བྱས་པས་ཅི་འགྱུར་སྙམ་ན། སྟོན་པ་སངས་རྒྱས། ཡུལ་སེམས་ཅན། བྱེད་པོ་རང་ཉིད་བཅས་བསླུས་པས་དོན་གཉིས་ཉམས་ཤིང་ཀུན་གྱིས་སྨད་པའི་གནས་སུ་འགྱུར། ཚེ་འདིར་མི་ཤིས་པ་དུ་མ་འབྱུང་ཞིང་འཆི་ཁར་འགྱོད་པས་གདུང༌། ཕྱི་མ་ངན་འགྲོ་མུ་མཐའ་མེད་པར་ལྟུང་ཞིང་ཐར་བར་དཀའ། ཁྱད་པར་རྩ་ལྟུང་གིས་ནི་སྔོན་གྱི་དགེ་རྩ་མཐའ་དག་འཛད་ཅིང་ངེས་པར་དམྱལ་བར་སྐྱེ་བ་དང༌། སོ་ཐར་སྲུང་མི་ནུས་ན་རེ་ཞིག་བསླབ་པ་འབུལ་བ་བསླབ་བྱར་གསུངས་མོད། བྱང་སྡོམ་འབུལ་ན་ནི་ཉེས་པ་ཆེས་ལྕི་བས་བྱང་སྡོམ་མ་བླངས་ན་དེར་
ཟད་བླངས་ཕྱིན་ཆད་བསླབ་པ་ཅི་ནུས་སུ་བསྲུང་ཞིང་ཉམས་ན་ཕྱིར་བཅོས་བྱ་བ་ལས་ཐབས་གཞན་ཡོད་པ་མ་ཡིན་ནོ། །དེའང་ཉིན་མཚན་ཆ་དྲུག་ཏུ་བགོས་པའི་སོ་སོའི་ཐུན་དང་པོར་ལྟུང་བ་བྱུང་ན་ཐུན་དེ་ཀའི་མཇུག་ཏུ་གཉེན་པོས་སླེབ་ན་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་བས་བཤགས་ཚད་ལས་མ་འདས་ན་རྩ་ལྟུང་ཡང་ཡང་བྱུང་རུང་བཤགས་པས་སོར་ཆུད་པར་འགྱུར། བཤགས་ཚད་ལས་འདས་ན་བཤགས་པ་ཙམ་གྱིས་གསོ་བར་མི་ནུས་པས་ཕྱིར་བཅོས་སྔོན་དུ་འགྲོ་བའི་བསླབ་པ་བསྐྱར་དགོས་སོ། །བྱང་སྡོམ་ཚང་བ་ལྟ་ཅི་སྨོས། སྨོན་སེམས་ཙམ་བསྲུངས་ཀྱང་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ་ཉན་ཐོས་ཀྱི་སྡོམ་པ་རྣམ་དག་ཇི་སྲིད་འཚོའི་བར་དུ་སྲུང་བའང་སེམས་བསྐྱེད་པ་གཅིག་གི་ཕན་ཡོན་གྱི་ཆར་མི་ཉེ་སྟེ། དཔས་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་དང༌། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རྭར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོགས་བཀའ་བསྟན་བཅོས་ལས་མཐའ་ཡས་པར་གསུངས་པས་བསླབ་པ་འདི་ལ་ནན་ཏན་དུ་བྱ་ཞིང་ལྟུང་བ་བྱུང་ན་ཕྱིར་བཅོས་པ་ལ་འབད་པར་བྱ་སྟེ། དེའང་ཆོ་ག་གསུམ་སོ་སོའི་རང་
ལུགས་ལྟར་དགོས་མོད་ཀྱི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ལྟུང་བ་གཙོ་བོར་དེ་ཉིད་ཀྱི་ཐེག་པ་ལས་བཤད་པ་ལྟར་བཅོས་དགོས་ཏེ། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་སྤྱི་དང༌། ཁྱད་པར་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འདི་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་པ། སྡུག་བསྔལ་ཆེན་པོ་ལས་ཐར་བར་བྱེད་པ་སྟེ། སེམས་ཅན་གང་དག་ལྟུང་བའི་རྩ་བ་བྱུང་བ་ངན་སོང་དུ་འགྲོ་བ། དགེ་བའི་རྩ་བ་ཐམས་ཅད་སྤྲུག་པར་བྱེད་པ། འཇིག་པར་བྱེད་པའི་སེམས་ཅན་དེ་དག་ལ་རིགས་ཀྱི་བུ་འདི་ནི་སྨན་ཏུ་གྱུར་པའོ། །མ་རིག་པའི་མུན་པ་མུན་ནག་དང༌། ལྟ་བ་ངན་པས་སྡུག་བསྔལ་བར་གྱུར་པ་རྣམས་ལ་ནི་འདི་ཉི་མ་དང་མཚུངས་པའོ། །རྩ་བའི་ལྟུང་བ་ཆགས་སུ་བཅུག་པའོ། །དེ་དག་གི་སྙིང་ལ་ཐེ་ཚོམ་ཡོད་པ་འདྲལ་བར་བྱེད་པའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་འཕགས་པ་ནམ་མཁའི་སྙིང་པོ་ལ་གསོལ་བ་བཏབ་ཅིང་བཤགས་ན་དེས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྩ་བའི་ལྟུང་བ་ལ་སོགས་པ་སེལ་བར་མཛད་པར་གསུངས་པས་དེས་ན་འདི་ཉིད་ལ་ནན་ཏན་ཏུ་འབད་པར་ཅི་ནས་གདམས་སོ། །གཞུང་ལུགས་རྣམས་སུ་དབུ་མ་ལུགས་ཀྱི་ཕྱིར་བཅོས་ཁོ་ན་ལ་བཤད་པ་ལྟར་ཡོད་ཀྱང་ལུགས་དེའི་བསླབ་བྱ་གང་ལས་འབྱུང་བའི་ཁུངས་དང་འབྲེལ་པ་ཙམ་དུ་དགོངས་ཀྱི། དོན་དུ་དབུ་མ་ལུགས་ཀྱི་བསླབ་བྱའི་ཉེས་ལྟུང་ཁོ་ནར་མ་ཟད་སངས་རྒྱས་བྱང་སེམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང༌། ལྷག་པར་སྡིག་ལྟུང་མཐའ་དག་སེལ་བའི་མཛད་པ་མངའ་བ་མདོ་ལ་མཇལ་བས་ཤེས་ནུས་ཤིང༌། ནག་པོ་པས།
དབང་རབ་སྟོང་ཉིད་ཀྱིས་བཤགས་དབང་འབྲིང་རིག་སྔགས་སྤྱིའི་ལྷ་ནམ་མཁའི་སྙིང་པོ་ལ་བཤགས་དབང་པོ་ཐ་མ་གང་ཟག་ལའམ་སྟོབས་བཞི་ཚང་བས་བཤགས་པར་གསུངས་པའང་འདི་ལ་དོན་གྱིས་ཚང་བ་ཡིན་ནོ། །གཉིས་པ་ནི། དེ་སྐད་དུ་བཤད་ཀྱང་མདོ་སྡེ་རྣམས་ལ་ད་ལྟ་གདམས་ངག་མེད་པས་ལག་ལེན་བྱས་ཀྱང་འབྲས་བུ་མི་འབྱིན་ནོ་སྙམ་ན། སྤྱིར་རྒྱུད་དང་མ་འབྲེལ་བའི་མདོ་སྡེ་ཕལ་མོ་ཆེ་ལ་གསང་བ་མེད་པས་སྒྲ་ཇི་བཞིན་ཏུ་སྤྱོད་པས་ཆོག་པའང་ཡིན་ལ། དད་བརྩོན་གྱིས་ལྕོགས་ན་མཐར་ཐུག་འབྲས་བུ་ཆུད་མི་ཟ་བ་གཞིར་བཅས། མངོན་རྟོགས་ཀྱང་ངེས་པར་འབྱུང་སྟེ་བརྒྱད་སྟོང་པ་དང་སྡུད་པ་ལ་ཁ་ཏོན་རྩེ་གཅིག་བྱས་པ་ཙམ་གྱིས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མཐར་ཐུག་སྐྱེ་ཞིང༌། གདུང་རིང་བསྲེལ་དུ་གྱུར་པ་མང་དག་བྱུང་བ་དང༌། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་ཐར་པ་ཆེན་པོའི་མདོའི་དགོངས་དོན་བཞིན་དཀྱིལ་འཁོར་བཞེངས་ནས་ཞག་བདུན་གཟིམས་སྤངས་ཏེ་ཆོ་ག་མཛད་པས་སངས་རྒྱས་ཉན་ཐོས་དང་བཅས་པ་གདུགས་ཚོད་གསོལ་བའི་གྲལ་དུ་དམ་ཆོས་ཀྱི་བགྲོ་བ་ངོ་མཚར་བ་མཛད་པའི་དག་སྣང་བྱུང་བ་དང༌། སྨན་བླའི་མདོ་ཆོག་དང་གནས་བརྟན་ཆོ་གའི་བྱིན་རླབས་བྱུང་ཚུལ་རྒྱ་ཆེར་ལོ་རྒྱུས་རྣམས་སུ་གསལ་བར་མ་ཟད། འདི་ལ་ནི་གདམས་ངག་ཀྱང་ཡོད་དེ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་པཱུརྞ་བཛྲ་ལས་རྗེ་བཙུན་སྒྲོལ་བའི་མགོན་པོས་ནོད་དེ་བསྙེན་པ་དང་བཤགས་ཆོག་སྐྱ་རེངས་གསོལ་བ་གདབ་མཛད་པས། ནུབ་བདུན་གྱི་ཐ་མར་དག་པའི་སྣང་བར། བོད་པའི་དགེ་སློང་སྐུ་ཤ་དཀར་བ་དང་ཡོལ་དུལ་ཉམས་ཅན། གོས་ཆེན་གྱི་སྣམ་སྦྱར་སྔོན་པོ་གསོལ་བ་ཞིག་གིས། ཁྱེད་རང་ད་བཤགས་པ་གྱིས་གསུངས། སྤྱི་བཤགས་བླ་མ་རྡོར་འཛིན་མ་ཞིག་མཛད་པས། དེ་ཙམ་གྱིས་མི་ཆོག་སྒོས་བཤགས་གྱིས་གསུངས། ལྟུང་བ་ཐུགས་ལ་མངའ་བ་ཁ་ཅིག་མིང་ནས་སྨོས་ཏེ་བཤགས་པ་ཕུལ་
བས་ཞལ་འཛུམ་མཛད་དེ། ད་དག་འདུག་སྟེ་སཱཙྪ་སྟོང་ཕྲག་གཅིག་ཐོབ་གསུངས་གནམ་སྒོ་ཞིག་ནས་ཡར་བཞུད་ཅེས་བཀའ་བསྩལ་ལ། དེ་ཙམ་དུ་མ་ཟད་ད་ལྟའི་སྐབས་སུའང་ཆོ་ག་འདི་དང་ཐར་པ་ཆེན་པོའི་མདོ་སོགས་ལ་རང་གཞན་ཉམས་སུ་ལེན་པ་ན་བྱིན་རླབས་ཀྱི་རྟགས་མཚན་གཞན་ཟབ་མོར་བརྫུ་བའི་འད་འུད་ཅན་ཀུན་ལས་ཆེ་བ་ཡིད་ཆེས་པ་འབྱུང་བ་ནི་ངེས་པའོ། །གཉིས་པ་སྣོད་རུང་དུ་བྱེད་པ་བཟླས་ལུང་འབོགས་པ་ནི། སྐུ་བརྙན་མཎྜལ་མཆོད་པ་སོགས་བཤམས་ལ། སློབ་དཔོན་གྱིས་སྒོམ་བཟླས་ཚར་གཅིག་ཉམས་སུ་བླང༌། སློབ་མ་རྣམས་ཕྱག་བཅས་མདུན་དུ་འཁོད་པ་ལ་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྒོམ་བཟླས་ཀྱི་ལུང་ཟབ་མོ་བླང་བར་བགྱིའོ་སྙམ་དུ་སེམས་བསྐྱེད་ཅིང༌། ཆོས་གསན་པའི་ཀུན་སྤྱོད་རྣམ་པར་དག་པ་དང་ལྡན་པས་གསན་པར་ཞུ། དེ་ཡང་ལུས་ཅན་རྣམས་ཀྱིས་དོན་དུ་གཉེར་བྱ་མཐར་ཐུག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོ་ན་ཡིན་ལ། དེ་སྒྲུབ་པར་བྱེད་པའི་ཐབས་འཆད་པ་ནི་ནང་པ་སངས་རྒྱས་པ་དང༌། དེ་ལས་ཀྱང་ཐེག་པ་ཆེན་པོ་པ་ཁོ་ནའི་ཁྱད་ཆོས་ཡིན་ཅིང༌། དེ་ལའང་དོན་སྤྱི་སྟོན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་འདི་ཉིད་ལ་བརྟེན་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་མཐའ་དག་མི་གནས་པའི་མྱང་འདས་ཆེན་པོར་གཤེགས་ཤིང་གཤེགས་པར་འགྱུར་བ་སྟེ། དེ་ལའང་འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་ལམ་དུ་བྱེད་པའི་ཐབས་རིམ་པ་གཉིས་ནི་ལམ་འདིའི་ཉམས་སུ་བླང་བྱའི་རྩ་བ་ཡིན་ཅིང་དེའི་གཞིའམ་རྩ་རྒྱུད་སྨིན་པར་བྱེད་པ་ལ་ཐུག་པས་དེ་ཉིད་སྔོན་དུ་འགྲོ་དགོས།
དེ་ལའང་དབང༌། བྱིན་རླབས། རིག་གཏད། བཟླས་ལུང་སྟེ་རྣམ་པ་བཞིའི་བྱེ་བྲག་ཅན་དུ་བཞུགས་པ་ལས། ད་ལམ་སྐབས་སུ་བབས་པ་ནི། འཕགས་ཡུལ་ལྷོ་ཕྱོགས་ར་ཁང་ཙགྨར་སྐུ་འཁྲུངས་པ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཤཱཀྱ་རཀྵི་ཏ་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བའི་སྒྲུབ་ཐབས་བརྒྱ་དང་བརྒྱད་ཡོད་པ་ལས། སློབ་དཔོན་པཱུརྞ་བཛྲ་ལས་རྗེ་བཙུན་སྒྲོལ་བའི་མགོན་པོས་སྒྲུབ་ཐབས་ཉེར་བཞི་གསན་པའི་ནང་ཚན་འཕགས་པ་ནམ་མཁའི་སྙིང་པོའི་བཟླས་ལུང་སྒྲུབ་པ་སྟེ། ཆོས་འདི་གང་ལས་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཤཱཀྱ་རཀྵི་ཏ། བུདྡྷ་སྭཱ་མཱི། སུ་ཛཱ་ཏ། སཱ་དྷུ་ཛྙཱ་ན། སཾ་པྲ་ཀཱིརྟི། བྲམ་ཟེའི་སློབ་དཔོན་བེ་དཱ་བནྡྷཱུ། བཱི་ར་མི་ཏྲ། པཱུརྞ་བཛྲ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། དེ་ལས་ཀུན་བཟང་དབང་པོས་གསན་ཅིང༌། ཡང་ན། རྒྱལ་ཚབ་ཡེ་རྒྱལ་ནས། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་དབང་པོའི་ཞལ་སྔ་ནས་བཀའ་དྲིན་ཆེན་པོས་བསྩལ་བ་ལགས། དེའང་ས་བཅུའི་དབང་ཕྱུག་འདི་ནི་དོན་ཏུ་དེ་བཞིན་གཤེགས་པའི་འགྲོས་ཀྱིས་ཆོས་ཐམས་ཅད་ལ་ཡང་ནས་ཡང་དུ་དབང་བསྒྱུར་བར་མཛད་ཀྱང༌། རྣམ་པ་རྒྱལ་ཚབ་ཆེན་པོའི་ས་ལ་བཞུགས་པའི་རྒྱལ་སྲས་ཐུ་བོའི་ཚུལ་དུ་སྟོན་པ། རྫོགས་པའི་
སངས་རྒྱས་རྣམས་ཀྱི་བློན་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིང་རྟ། ཆོས་ཀྱི་གྲོང་ཁྱེར་ཆེན་པོའི་སྒོ་སྲུང་མོས་ཤིང་མཚན་བཟུང་བ་ཙམ་གྱིས་སྲིད་པའི་ཆུ་བོ་བཞི་ལ་སོགས་འཇིགས་དང་སྡུག་བསྔལ་ཉམ་ངའི་གནས་མཐའ་དག་ལས་སྐྱོབ་པ། ཁྱད་པར་སྨོན་ལམ་གྱི་དབང་གིས་དུས་སྙིགས་མ་དང་ཡུལ་མཐའ་འཁོབ་ཏུ་སྐྱེས་པའི་སེམས་ཅན་རྨུ་རྒོད་ལྟུང་བའི་རྩ་བ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ངན་འགྲོའི་སྒོ་གཅོད་པ་ལ་འདི་དང་མཚུངས་པ་གང་ཡང་མ་མཆིས་པ། རི་མོར་བྲིས་པའི་སྐུ་གཟུགས་ལ་མཆོད་པ་ཙམ་གྱིས་ཀྱང་འཆི་ཁར་ཞལ་སྟོན་ཞིང༌། མཐོ་རིས་དང་ཐར་པ་ལ་འགོད་པར་མཛད་པ་སོགས་རྣམ་ཐར་ཆོས་ཀྱི་དབྱིངས་དང་མཉམ་ཞིང་ཐུགས་རྗེ་ཚད་མ་མཆིས་པ་སྟེ། དེ་ལྟ་བུའི་སྒོམ་བཟླས་ཀྱི་ལུང་སྦྱིན་པ་ལ། ཐོག་མར་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག དེ་ནས་ཐེག་པ་ཆེ་ཆུང་གི་ལམ་གྱི་སྒྲུབ་ཐབས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་ཚོགས་སོགས་ལན་གསུམ། ཁྱད་པར་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། དེ་ནས་ཁྱེད་རང་རྣམས་གཞན་ཏུ་མ་ཡེངས་པར་ལྷའི་རྣལ་འབྱོར་འདི་བཞིན་ཏུ་བསྒོམ་འཚལ། ཞེས་བརྡ་སྦྱར་ལ། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། ཁྱེད་རང་གི་སྙིང་གར་ཁྃ། ཞེས་པ་ནས། ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་ཡན་མངོན་རྟོགས་ལྟར་བརྗོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ། མོས་གུས་མཛད་པས་སྔགས་ཕྲེང་གཉིས་པ་ཆད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་
དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྲུབ་མཐར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང༌། ཁྱད་པར་འཕགས་པ་ནམ་མཁའི་སྙིང་པོའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ངག་ལ་ཐོགས་མེད་དུ་འཇུག་པར་གྱུར་ཅིག འདིར་སློབ་དཔོན་དང་ཕྲེང་བ་སྦྲེལ་བ་དང་མཐར་ཕྲེང་བ་སློབ་མའི་མགོར་འཇོག་པའང་ཕྱག་ལེན་ཏུ་འདུག དེས་འཕགས་པ་ནམ་མཁའི་སྙིང་པོའི་སྒོམ་བཟླས་ཀྱི་ལུང་ལེགས་པར་ཕུལ་གྲུབ་པ་ཡིན་པས་གཏང་རག་ཏུ་མཎྜལ་དང༌། དགེ་བསྔོ་བྱས་པས་འགྲུབ་བོ། །འདི་ནི་རྒྱུད་སྡེ་གང་རུང་གི་དབང་བསྐུར་སྔོན་དུ་ཐོབ་པ་ལ་བྱ་ཡི། དབང་བསྐུར་མ་ཐོབ་པ་ལ་བཟླས་ལུང་མི་འབོག་གོ །གསུམ་པ་ལ་གཉིས། ཐུན་དང་ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། འཕགས་པའི་བྲིས་སྐུ་རབ་གནས་དང་ལྡན་པ་བཀྲམ་པའི་མདུན་དུ་སྟེགས་གཙང་མར་མཎྜལ་ལ་ཚོམ་བུ་གཅིག་བཀོད། ཆུ་གཉིས་ཉེར་སྤྱོད། མཆོད་པའི་མཎྜལ་སོགས་མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ། དུས་བཟང་པོ་ལ་བབས་པའི་ཚེ་ནམ་ལངས་ནས་ཁྲུས་དང་གཙང་སྦྲ་བྱས་ཏེ། འགྲུབ་ན་དོན་ཞགས་ནས་འབྱུང་བའི་ཐེག་ཆེན་གསོ་སྦྱོང་བླངས་ཏེ། ཕྱི་དྲོའི་ཁ་ཟས་སྤང་བ་སོགས་སྡོམ་པ་ལ་གནས་པར་བྱ། མ་འགྲུབ་ནའང་ཟས་དཀར་གསུམ་མངར་གསུམ་ལ་བརྟེན་ཅིང་སྤྱོད་ལམ་བག་ཡོད་པ་ངེས་པར་དགོས་སོ། །གཉིས་པ་ནི། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པའམ། སངས་རྒྱས་ཆོས་ཚོགས་ལན་གསུམ། སེམས་ཅན་ཐམས་ཅད་སོགས་ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། རང་གི་སྙིང་ཁར་ཁྃ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་ནམ་
མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ན་བཟའ་སྔོན་པོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་པདྨའི་རྩ་བ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རལ་གྲི་སྔོ་སངས་ཅན། ནམ་མཁའི་རང་བཞིན་གྱི་ཁང་བཟང་འོད་ཟེར་སྔོན་པོ་འབར་བའི་དབུས་ན། ཁྲོ་བོ་དབྱུག་སྔོན་སོགས་འཁོར་རིག་འཛིན་མཚོན་ཆ་ཐོགས་པ་མང་པོ་དང༌། རང་གི་སྤྲུལ་པ་ཁ་དོག་སྣ་ཚོགས་ཅན་མང་པོས་བསྐོར་བ། སྤྱན་གྱི་འོད་ཀྱིས་ནམ་མཁའ་ཐམས་ཅད་འོད་དང་དྲི་ཞིམ་པོས་ཁྱབ་པར་མཛད་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱལ་བ་རིགས་ལྔའི་དབུ་རྒྱུན་ཅན་ནོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་བཀོད་དེ། ཨོཾ་སྭ་སྟི་ཀ་མཱ་ལཱཀྵི། བི་པུ་ལ། སཾ་བྷ་བ། དྷརྨ་དྷཱ་ཏུ་གོ་ཙ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཐུན་གྲོལ་བ་ན། ལྷ་སྐུ་སྟོང་པར་སྦྱངས་ལ་མཉམ་པར་བཞག འཇམ་དཔལ་དཔའ་བོ་སོགས་ཀྱིས་དགེ་བ་བསྔོའོ། །གཉིས་པ་ཐུན་མཚམས་སུ་སྐུ་གཟུགས་ལ་མཆོད་བསྟོད་སྨོན་ལམ་འདེབས་ཤིང༌། འདི་ཉིད་ཀྱི་མཚན་བརྒྱ་དང༌། ཕལ་པོ་ཆེ་དང༌། གསེར་འོད་དམ་པ་ལ་སོགས་པའི་ཐེག་ཆེན་གྱི་མདོ་སྡེ་བཀླག་པར་བཤད་པས། ལག་ལེན་ཏུ། སྔར་བཤམས་པའི་བྲིས་སྐུ་སོགས་ལ་རྟེན་བྱས་ཏེ། ཐམས་ཅད་དུ་ནི་ས་གཞི་དག །སོགས་དང༌། མ་ལུས་སེམས་མགོན། བཅོམ་ལྡན་འདིར་ནི། ཇི་ལྟར་བལྟམས་པ། སྲབ་འཇམ་ཡང་བ། བདག་དང་འགྲོ་ལ་སོགས་ཤློ་ཀ་རེ་རེ། དེ་ནས་འགྲུབ་ན་སྤང་ཀོང་ཕྱག་བརྒྱ་པ་ལྟ་བུའི་ཕྱག་མཆོད་གཉིས་སྔོན་དུ་འགྲོ་བས། གསེར་འོད་དམ་པ་ནས་
འབྱུང་བའི་ཡན་ལག་ལྷག་མ་རྣམས་དང༌། ཡོངས་སུ་བསྔོ་བའི་འཁོར་ལོ་མདོ་སོགས་སྔ་ཐུན་གཤམ་ལྟ་བུར་ཉིན་རེར་རེས་མོས་སུ་བཀླག་ཅིང༌། མི་ནུས་པའམ། ཐུན་གཞན་མ་རྣམས་ལ། ཇི་སྙེད་སུ་དག་ནས། བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱིས་ཡན་ལག་བདུན་པ་སྤྱིར་ཕུལ། བྱེ་བྲག་ཏུ་མཎྜལ་རྒྱས་པ། སྤྱོད་འཇུག་ལས་བྱུང་བའི་རིན་ཆེན་སེམས་དེ་སོགས་ན། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །བར་གྱིས་མཆོད་ལ། ཕྱག་སྔོན་དུ་འགྲོ་བའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། །འཕགས་པ་ནམ་མཁའི་སྙིང་པོ་ཞལ་རས་རྒྱ་ཆེ་ཞིང་སྤྱན་གྱི་འོད་འཕྲོ་བས་ནམ་མཁའི་དཀྱིལ་དྲི་ཞིམ་པར་མཛད་པ་ལ་ཕྱག་འཚལ་ལོ། །ནམ་མཁའི་སྤྱོད་ཡུལ་ཅན་སའི་དཀྱིལ་འཁོར་ཐམས་ཅད་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ། །ཨོཾ་སྭ་སྟི་ཀ་མཱ་ལཱཀྵི་བི་པུ་ལ་སམྦྷ་བ། དྷརྨ་དྷཱ་ཏུ་གོ་ཙ་རེ་སྭཱ་ཧཱ། གཟུངས་འདི་བརྗོད་མ་ཐག་ཏུ་ངན་སོང་དང་ངན་འགྲོ་ཐམས་ཅད་ནི་རབ་ཏུ་ཞི་བར་གྱུར། ས་ཡང་གཡོས་པར་གྱུར། རྔ་བོ་ཆེ་དག་གི་སྒྲ་ཡང་གྲགས་པར་གྱུར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། ཀྱེ་འཁོར་གྱི་དཀྱིལ་འཁོར་ན་འཁོད་པའི་སེམས་ཅན་རྣམས་ནམ་མཁའི་སྙིང་པོའི་སྙིང་པོ་དཀྱིལ་འཁོར་མངོན་སུམ་པ་རྣམས་ཀྱི་སྭཱ་ཧཱའི་མཆོག་གི་གཟུངས་འབྱུང་བ་ཤིན་ཏུ་དཀའ་བ། བསོད་ནམས་ཆེན་པོ། སྡིག་པ་དང་ཉོན་མོངས་པ་ཐམས་ཅད་སྲེག་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ། རིན་པོ་ཆེའི་ཕུང་པོར་གྱུར་པ་འདི་ཉོན་ཅིག་དང་འདི་ཐོས་པས་དྲི་མ་མེད་པར་འགྱུར་ཞིང་ལེགས་པར་ཁྲུས་བྱས་པར་འགྱུར་ལ། ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །པདྨ་ལྟ་བུར་འགྱུར་ཏེ་འཁོར་བའི་འདམ་གྱིས་མི་གོས་སོ། །
ཉི་མ་ལྟ་བུར་འགྱུར་ཏེ། སེམས་ཅན་ཐམས་ཅད་སྣང་བར་བྱེད་དོ། །ཟླ་བ་ལྟ་བུར་འགྱུར་ཏེ། སེམས་ཅན་ཐམས་ཅད་རབ་ཏུ་སིམ་པར་བྱེད་དོ། །ནམ་མཁའ་ལྟ་བུར་འགྱུར་ཏེ། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་མི་གོས་སོ། །ས་གཞི་ལྟ་བུར་འགྱུར་ཏེ། མཐོ་དམན་མེད་དོ། །ལྷུན་པོ་ལྟ་བུར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་སོ། །ཐར་པ་ལྟ་བུར་འགྱུར་ཏེ། བདེ་བ་དང་སྡུག་བསྔལ་གྱིས་མི་གོས་སོ། །དེ་ལ་སོགས་པ་ཡོན་ཏན་སྟོང་ཕྲག་བགྲང་བ་ཚད་མེད་གྲངས་མེད་པ་དག་ཐོབ་པར་འགྱུར་ཏེ། ཉན་པ་དང༌། འཆང་བ་དང༌། ཀློག་པ་དང༌། བརྗོད་པ་དང༌། སྟོན་པ་ཙམ་དང༌། བཟླས་བརྗོད་བྱས་པ་ཙམ་གྱིས་གང་ཅིའང་རུང་སྟེ། དེའི་འདོད་པ་དང༌། སྨོན་པ་དང༌། རེ་བ་དེ་དག་འགྲུབ་པར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་ཆར་ཆེས་པ་དང༌། ཆར་མི་འབབ་པ་དང༌། སྡང་བས་དཀྲུགས་པ་དང༌། མི་ནད་དང༌། རྨི་ལམ་ངན་པ་དང༌། གནོད་པ་འབྱུང་བ་དང༌། འཇིགས་པའི་དུས་དང༌། འཆི་བ་དང༌། ཆོམ་རྐུན་དང༌། དགོན་པ་དང༌། གཡུལ་འགྱེད་པ་དང༌། གཅན་གཟན་དང༌། མུ་གེའི་སྡུག་བསྔལ་རྣམས་ལས་ཡོངས་སུ་སྲུང་བར་བྱེད་ལ། བདེ་བ་དང༌། འབྱོར་པ་དང༌། ཅི་འདོད་པ་དང༌། ཅི་ལ་དགའ་བ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་ཧ་ཧ་ཞེས་ཅ་ཅོ་དང་ག་ཞ་བཏོན་ཏེ། སྒྲ་རིང་ཞེས་བྱས་ནས་གོས་དང༌། རྒྱན་སྣ་ཚོགས་བསྐྱོད་དེ། སྙིང་ནས་ཕྱག་འཚལ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབང་བྱེད་པ་འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པའི་བསྔགས་པ་རྒྱ་མཚོའི་བསྟོད་པ་ཡང་དག་པར་བརྗོད་པ། ནམ་མཁའི་སྙིང་པོ་སྲིད་གསུམ་སེམས་ཅན་མཆོག །འབྱོར་
ལྡན་བློ་གྲོས་རིན་ཆེན་རྒྱ་མཚོ་མངའ། །སེམས་ཅན་དག་པ་བླ་མེད་རིན་ཆེན་མཆོག །ཐར་པའི་ས་བོན་འཁོར་བའི་སྡུག་བསྔལ་སེལ། །ཀུན་མཁྱེན་ཚུལ་མཁྱེན་ལེགས་དང་ལེགས་མིན་མཁྱེན། །ཐར་མཁྱེན་ཆོས་མཁྱེན་བདེ་དང་མི་བདེ་མཁྱེན། །ལམ་མཁྱེན་གཅེས་མཁྱེན་དགེ་དང་མི་དགེ་མཁྱེན། །དུས་མཁྱེན་དགེ་མཁྱེན་སྟོབས་དང་སྟོབས་མིན་མཁྱེན། །འགྲོ་མཆོག་ཆོས་མཆོག་སེམས་ཅན་ཡོན་ཏན་མཆོག །ལམ་མཆོག་སྔགས་མཆོག་ཚུལ་དང་ཚུལ་མིན་མཆོག །རྒྱན་མཆོག་ཆོས་མཆོག་འཛིན་དང་འཛིན་མིན་མཆོག །དག་མཆོག་རྟོགས་མཆོག་མཆོག་དང་མཆོག་མིན་མཆོག །ཞི་རབ་སྙིང་རྗེའི་རབ་སྟེ་འཁོར་གྱི་རབ། །འོད་རབ་ཐར་པའི་རབ་སྟེ་རྟེན་གྱི་རབ། །རྒྱ་རབ་སྔགས་ཀྱི་རབ་སྟེ་ཐུགས་བརྩེའི་རབ། །མཉམ་རབ་སེམས་ཅན་རབ་སྟེ་གསུམ་རིག་རབ། །ལེགས་སྒྲོན་མཆོག་སྒྲོན་སྟོབས་དང་སྟོབས་མིན་སྒྲོན། །ཐར་སྒྲོན་རིགས་སྒྲོན་རྒྱལ་དང་རྒྱལ་མིན་སྒྲོན། །དགེ་སྒྲོན་གཟི་སྒྲོན་ནོར་བུའི་འོད་ཀྱི་སྒྲོན། །རྒྱུ་སྐར་ཟླ་བའི་རྒྱན་ལས་ཤར་བའི་སྒྲོན། །མཆོག་འོད་ཡོན་ཏན་ཀུན་གྱི་འོད་ཟེར་འོད། །ལེགས་འོད་ཐར་པའི་ཕོ་བྲང་རྟེན་གྱི་འོད། །འོད་ཆེན་གཏི་མུག་རབ་ཏུ་འབྱེད་པའི་འོད། །རྡོ་རྗེའི་འོད་འབར་བདེ་བའི་འོད་འཆར་བ། །རྡོ་རྗེའི་དབང་པོ་འདྲེན་དབང་སེམས་ཅན་དབང༌། །རིན་ཆེན་འོད་ཀྱི་དཀྱིལ་འཁོར་རྒྱན་དབང་པོ། །རྒྱལ་དབང་རྒྱལ་བའི་སྟོབས་རྒྱུན་ཚད་མེད་དབང༌། །དཔའ་བོ་རིགས་སྔགས་འཆང་དབང་སྲིད་གསུམ་དབང༌། །རྡོ་རྗེ་བཟང་པོ་རྡོ་འོད་རྡོ་རྗེ་འབར། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འབར་བས་བརྒྱན། །རྡོ་རྗེ་འོད་ཅན་རྡོར་འཛིན་རྡོ་རྗེ་གྲགས། །རྡོ་རྗེ་རྒྱ་ཆེན་རྡོ་རྗེ་རབ་མཆོག་དབང༌། །ན་བཟའ་སྔོ་ཞིང་སྐུ་ཡི་ཆ་ལུགས་སྔོ། །སྐུ་མདོག་སྔོ་ཞིང་སྔོ་བའི་འོད་ཀྱིས་བརྒྱན། །རལ་གྲི་རྣོ་
འཇེབས་སྔོ་ཞིང་བརྟན་པ་བསྣམས། །མཁའ་སྔོ་གཞལ་མེད་ཁང་འབར་ནང་ན་བཞུགས། །ལྷ་ཞལ་དྲི་མེད་ཤིན་ཏུ་མི་བཟད་འབར། །རབ་ཏུ་གྲགས་ལ་འོད་ཟེར་འཕྲོ་ཞིང་འགྱུར། །སྡིག་སེལ་རྡུལ་ལྟར་འཁྲུག་བྱེད་ཕྲེང་མཆོག་ཅན། །གློག་གི་སྟོབས་ཀྱིས་སྣང་བས་སྒེག་ལ་བརྟན། །རལ་གྲི་མཚོན་ཐོགས་དབང་ལྡན་མཐུ་སྟོབས་མཚོན། །རྡོ་རྗེའི་མཚོན་ཐོགས་མདའ་དང་མདུང་ཐུང་འཇིགས། །འཁོར་ལོའི་མཚོན་ཐོགས་བཅིབས་པ་རི་དང་འཁྲུལ། །གསལ་ཤིང་མཚོན་ཐོགས་བགེགས་ཀྱིས་སྟོབས་འཇོམས་པ། །བདེ་འབྱུང་འཇིག་རྟེན་གསུམ་བདག་རྡོ་རྗེའི་དབྱུག །སྐུ་རྣམས་ཐམས་ཅད་ཉི་མའི་འོད་ཀྱིས་བརྒྱན། །གྲགས་པའི་རིགས་སུ་བྱུང་བས་རྒྱལ་པོ་མཛད། །མུ་ཏིག་ཕྲེང་བས་སྒེག་ཅིང་མཛེས་པར་བགྱིས། །སྐུ་མཛེས་བརྙེས་ཤིང་ཕུན་སུམ་ཚོགས་པ་བརྙེས། །རབ་འབྱམས་མཆོག་བརྙེས་ས་ལ་འཇུག་པ་བརྙེས། །མཐུ་སྟོབས་ལྷག་པ་བརྙེས་ཤིང་གྲུབ་བརྙེས་ལ། །རིག་པ་གསུམ་གྱི་སྟོབས་བརྙེས་མཐུ་བརྙེས་པ། །བདེ་འདྲེན་ཞི་བ་འདྲེན་ཅིང་འོད་འདྲེན་པ། །ཆ་ལུགས་གསལ་མཆོག་དར་བ་ཆེན་པོ་འདྲེན། །བྱམས་འདྲེན་ཉི་མ་འདྲེན་ཅིང་སྐྱེ་དགུ་འདྲེན། །ལེགས་འདྲེན་ཞིག་གི་སྟོབས་འདྲེན་སྙིང་རྗེ་ཅན། །དྲི་མེད་ཆ་ལུགས་གསལ་བ་ཆ་ལུགས་འབར། །རྣམ་གྲགས་སྒེག་པས་གྲགས་པའི་བ་དན་ཅན། །འགྲོ་བའི་སྐབས་འབྱེད་འཇུག་དང་ལྡོག་པ་མཁྱེན། །ལོངས་སྤྱོད་གསལ་བར་སྟོན་པའི་སེམས་ཀྱིས་འཇུག །སྐུ་དམར་སྐུ་མཐོན་སྐུ་མཛེས་སྐུ་བཟང་བ། །སྐུ་སེར་སྐུ་དཀར་དར་བ་ཆེན་པོའི་སྐུ། །སྐུ་རོལ་རྡོ་རྗེའི་སྐུ་མངའ་སྤྱན་ལེགས་སྐུ། །རིགས་སྐུ་རིག་སྔགས་འཆང་བ་རིན་ཆེན་བསྣམས། །གཙུག་གི་ནོར་བུ་གཙུག་ཅན་ཅོད་པན་མཆོག །ཅོད་པན་ཅན་ཏེ་ཆོས་འཛིན་རྡོ་རྗེ་མཆོག །
དཔལ་འཛིན་རིན་ཆེན་དམ་པ་འཆང་བའི་མཆོག །སྔགས་གཞི་ཕྱག་རྒྱ་འཆང་བ་ཕུན་སུམ་ཚོགས། །རབ་མཛེས་མཁའ་ལ་གཤེགས་ཤིང་རབ་ཏུ་རྒྱུ། །སྲིད་གསུམ་ཉི་མ་གཅིག་པུ་འོད་སྟོང་མངའ། །རེ་རྩེར་འཆར་བ་བདལ་ལེགས་བཀྲ་ཤིས་པ། །ཡོན་ཏན་མཐུ་སྟོབས་ཁྱད་པར་རྣམ་པར་གྲགས། །ནོར་བུ་ཆེན་པོ་ནོར་སྡུག་ནོར་བུའི་འོད། །ཉི་མའི་ནོར་བུ་ཚུལ་སྤྱོད་ནོར་བུ་འབར། །ཡིད་བཞིན་ནོར་བུ་འགྲོ་ཀུན་མགོན་ཅིག་པུ། །ནམ་མཁའི་དཀྱིལ་ན་ནོར་བུ་གཅིག་སྣང་བ། །སེམས་ཅན་རྣམ་དག་ཡངས་ཤིང་རྣམ་པར་གྲགས། །སྲིད་གསུམ་སྲུང་མ་གཅིག་པུ་རྒྱལ་སྲས་མཆོག །ཞི་བ་རབ་ཏུ་ཞི་བ་སྐྱབས་འོས་རྟག །སྐྱེ་དགུའི་བདག་པོ་པད་བྱུང་པདྨ་སྐྱེས། །ཀུན་ནས་འོད་བཟང་ལེགས་བཤད་ཆོས་མངའ་བ། །དར་བ་ལེགས་བཤད་རབ་དུལ་ལེགས་བཤད་ཕྱག །བློ་བཟང་འོད་བཟང་བདེ་ལྡན་སྐྱེ་གནས་བཟང༌། །མཁས་རབ་ཞི་རབ་མཆོག་གི་ཆོས་དང་ལྡན། །ཞི་མཛད་རྒྱལ་འབྱུང་བདེ་བ་འབྱུང་བའི་གནས། །འོད་ཀྱི་འབྱུང་གནས་བདེ་མཛད་དབང་དུ་མཛད། །ལེགས་འབྱུང་ཤེས་རབ་འབྱུང་གནས་སྟོབས་སྐྱེས་པ། །སྙིང་རྗེའི་འབྱུང་གནས་བློ་བཟང་རྣམ་གྲགས་མཛད། །རྣམ་གྲོལ་ངེས་གྲོལ་ཤིན་ཏུ་གྲོལ་བའི་བློ། །བློ་ཡངས་རྣམ་པར་བཀྲམ་ཞིང་རྣམ་པར་གྲགས། །ཀུན་ཏུ་ལོངས་སྤྱོད་སྒོ་སྟེ་བློ་ཡི་མཆོག །བློ་གྲོས་བརྟན་པ་དཀོན་མཆོག་གསུམ་ལས་བསྒྲུབས། །སངས་རྒྱས་པདྨ་འདབ་རྒྱས་འདྲ་བའི་ཞལ། །དག་ཅིང་སྤྱན་ཡངས་ཆ་ལུགས་ཡིད་དུ་འཐད། །སྙིང་པོ་གསལ་བའི་སྙིང་པོ་བརྟན་ཞིང་དུལ། །ངོ་བོ་ཉིད་ཀྱི་རྒྱུན་བརྙེས་རབ་གསལ་བ། །སྤྱན་ཟུར་མདའ་ནི་རབ་ཏུ་གཏད་ལེགས་པ། །འཇིགས་མེད་ཞལ་རས་སྟོན་གྱི་ཟླ་བ་འདྲ། །མདུང་ཐུང་བརྒྱ་ཡི་མཚོན་མཆོག་མཚོན་ཆ་རྫོགས། །དྲག་
པོ་འཇིགས་པ་སྡིག་སེལ་གསུམ་ལས་སྐྱེས། །རབ་དུལ་མཁས་པ་འགྲོགས་དགའ་འདྲིས་པར་སླ། །རབ་ཏུ་གྲགས་པ་གཉེན་རབ་གསེར་མདོག་ཅན། །ལྷ་ཆེན་བདེ་བྱེད་གསལ་ཤིང་ཕྱག་ན་བསྣམས། །སྤྱན་གསུམ་རིག་པ་གསུམ་ལྡན་མེ་གསུམ་སེལ། །འདོད་བཟང་མེ་ཏོག་མཚོན་ཐོགས་མེ་ཏོག་མདའ། །ན་བཟའ་བཟང་མནབས་གཡས་འཕེན་ཚབས་ཆེར་འཕེན། །ལེགས་བྲིས་སྣ་ཚོགས་མཚོན་ཆ་སྣ་ཚོགས་མདའ། །ན་བཟའ་སྣ་ཚོགས་སྣ་ཚོགས་རྒྱན་གྱི་དཔལ། །ཞལ་རས་ཟླ་བ་འོད་ཟེར་རྒྱས་པ་འདྲ། །ཞལ་མདངས་བསྟན་པས་འཇིག་རྟེན་ཀུན་འབྱོར་མཛད། །བཞད་པ་ཉི་མའི་འོད་ཟེར་རབ་འཇེབས་མངའ། །ཞལ་མདངས་རྒྱ་མཚོ་གསལ་མཛད་ལམ་མེ་བ། །དབང་ཆེན་རྡོ་རྗེའི་ཐོག་ལགས་འཇིགས་པའི་སྒྲ། །རྡོ་རྗེ་དྲག་པོ་ནོར་བུ་གཡོ་བ་འཛིན། །སྒྲ་སྙན་སྣང་བར་མཛད་པའི་མཐུ་དང་ལྡན། །བློ་གྲོས་ཆེན་པོ་བློ་གྲོས་རྣོ་བའི་མཆོག །རྒྱུན་འཛིན་དཔལ་འཛིན་རིན་ཆེན་ཞལ་དང་ལྡན། །རྒྱུ་དང་མི་རྒྱུ་འགྲོ་བ་ཀུན་གྱི་གནས། །དེ་བཞིན་གཤེགས་པ་མགོན་སྲས་ཕྲེང་བ་བཟང༌། །སྟོབས་ཆེན་འཇིག་རྟེན་བློ་གྲོས་ངོ་བོ་ཉིད། །སྐྱེ་དགུའི་བདག་པོ་བཀའ་ལུང་མཉམ་ཞིང་བརྟགས། །མི་ཡི་མངའ་བདག་མཐོ་རིས་སྐྱེས་པའི་རྒྱུ། །སྒྱུ་འདྲ་འདོད་པའི་མདའ་དང་རྡོ་རྗེ་ཅན། །མཐུ་སྟོབས་མངའ་ཞིང་སྤྱན་བཟང་སྡུག་པར་ལྡན། །སྟོན་པ་བཟང་པོ་སྟོང་ཉིད་ལམ་གྱི་སྟེགས། །གཅེས་གསུམ་འཕེལ་བའི་རྒྱུ་ལ་འཇུག་པ་མཛད། །བརྟན་པོ་རྒྱུ་ལ་རབ་ཏུ་ངེས་གྱུར་པ། །དཀྱིལ་འཁོར་དམ་པ་ཀུན་གྱི་སློབ་དཔོན་ལགས། །གཅིག་པུ་སྐྱེ་དགུའི་དཀྱིལ་འཁོར་ཆོ་ག་མཁྱེན། །རྣམ་པར་སྣང་མཛད་ཞིང་གི་གནས་ནས་སྐྱེས། །དབང་བསྐུར་བརྙེས་ཤིང་ས་བཅུར་ལེགས་
པར་གནས། །གནས་ཆེན་སོན་པ་མཆོག་གནས་གཅིག་པུ་ལགས། །སྐྱེ་དགུ་རྣམས་ཀྱི་ཉོན་མོངས་སེལ་བ་དང༌། །སྡིག་འཇོམས་མཚན་བརྒྱ་རྩ་བརྒྱད་འདི་ཐོས་ནས། །བདེ་གཤེགས་སྲས་མཆོག་སུ་ཞིག་འདོན་བྱེད་པ། །འཇིག་རྟེན་ཟླ་བ་གཅིག་ཤར་བཞིན་ཏུ་སྣང༌། །ནམ་མཁའི་སྙིང་པོ་སེམས་ཅན་གཅིག་པུ་ཡི། །མདུན་འདུག་ནངས་པར་བསྟོད་པ་འདི་བརྗོད་གང༌། །དེ་ནི་སྲིད་གསུམ་སེམས་ཅན་མཆོག་འགྱུར་ཞིང༌། །དྲི་མའི་གནས་ཀུན་ལས་ཀྱང་ཐར་བར་འགྱུར། །གཡུལ་དང་འཐབ་རྩོད་ཤིན་ཏུ་མི་བཟད་དང༌། །མུ་གེའི་གནོད་པ་མི་ནད་བྱུང་བ་ན། །མཁས་པ་སུ་ཞིག་སྔར་ལངས་དད་བསྐྱེད་ནས། །ནམ་མཁའི་སྙིང་པོ་ལ་ནི་བསྟོད་བྱེད་པ། །དེ་ནི་འཇིགས་པའི་འབྱུང་གནས་ཐམས་ཅད་དང༌། །སྡུག་བསྔལ་འབྱུང་འདྲེན་སྡིག་པ་རྣམས་ལས་གྲོལ། །དེ་ནི་ཞི་མཆོག་མཆོག་བདེ་ཀུན་གནས་དང༌། །བདེ་བ་རྒྱ་ཆེན་ངེས་པར་ཐོབ་པར་གྱུར། །བདེ་ཐོབ་ལོངས་སྤྱོད་འཕེལ་བར་བྱ་བའམ། །རྒྱལ་སྲིད་འཐོབ་དང་བྱད་གཟུགས་ནོར་འཐོབ་དང༌། །རིགས་འཐོབ་ཡོན་ཏན་ཀུན་གྱི་གཞི་བསྒྲུབ་ཕྱིར། །བཏོན་ན་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཕྱིར་ཇི་སྟེ་རྟག་ཏུ་འདོད་བདེ་ཀུན། །འདོད་ན་འགྲོ་བ་ཀུན་ལ་གཅིག་དཔའ་བ། །ནམ་མཁའི་སྙིང་པོ་སྲིད་གསུམ་མགོན་པོ་ལ། །རྟག་ཏུ་བསྟེན་ཅིང་སྔགས་ཀྱང་བསྟན་པར་བགྱི། །ཞེས་པའི་མཐར། བཟང་སྤྱོད། བྱམས་སྨོན། སྤྱོད་འཇུག་སྨོན་ལམ་སོགས་རྒྱས་བསྡུས་གང་ཡང་རུང་བ་རེས་མོས་སུ་བྱ། བཟོད་གསོལ། བརྟན་བཞུགས་སམ་གཤེགས་གསོལ་དག་ཀྱང་མདོ་ཆོག་ལས་འབྱུང་བ་ལྟར་མདོར་བསྡུས་ཙམ་བྱ་ཞིང་བཀྲ་ཤིས་ཤློ་ཀ་གསུམ་རེ་ཙམ་བརྗོད་དོ། །ཀློག་པ་ལ་སྤྲོ་ན་ཐུན་མཚམས་སུ་མདོ་སྡེ་ཅི་ནུས་ཀྱང་བཀླག་གོ །པཎྜི་ཏ་གང་བའི་རྡོ་རྗེ་ཞལ་
ནས། དེང་སང་རྨི་ལམ་ཞལ་ལྟའི་ཆོ་ག་བྱེད་པ་ལ་བསྙེན་པ་སྔོན་ཏུ་འགྲོ་དགོས་ཞེས་གསུངས་པས་འདི་ལྟ་བུའི་ཚུལ་གྱིས་བསྙེན་པ་འབུམ་ཕྲག་མ་མཐར་བྱས་པ་ངེས་པར་འགྲུབ་དགོས་སོ། །བཞི་པ་ལ་གཉིས། ཐུན་བཞིའི་རིམ་པས་བཤགས་པ་དང༌། རྨི་ལམ་དུ་བཤགས་པའོ། །དང་པོ་ནི། མདོ་ལས། གལ་ཏེ་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་ནས་མཐོང་བར་འདོད་ཅིང་ངན་སོང་དུ་ལྟུང་བས་འཇིགས་ཏེ། ལྟུང་བའི་རྩ་བ་བཤགས་པར་འདོད་ན་གལ་ཏེ་དེ་དག་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཞིང་དེའི་མིང་ནས་བརྗོད་ན། རིགས་ཀྱི་བུ་དེ་དག་གི་སྐལ་པ་ཇི་ལྟ་བ་བཞིན་ཏུ། སེམས་ཅན་དེའི་མདུན་ཏུ་ཐ་མལ་པའི་ཚུལ་དུ་འདུག་པའམ། བྲམ་ཟེའི་གཟུགས་ནས། བུ་མོའི་གཟུགས་ཀྱི་བར་གྱིས་བྱང་ཆུབ་སེམས་དཔའ་ལས་ཐོག་མ་པ་དེའི་མདུན་དུ་འདུག་སྟེ། ལྟུང་བའི་རྩ་བ་དེ་ཇི་ལྟར་བྱུང་བ་བཤགས་སུ་འཇུག་གོ །དེའི་ཐབས་མཁས་པ་ཟབ་མོ་དང༌། བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་སྤྱོད་པ་ཡང་སྟོན། ས་དང་ས་དག་ཏུ་ཡང་ཏིང་ངེ་འཛིན་དང༌། གཟུངས་དང༌། བཟོད་པ་ལ་གཞོག་པར་བྱེད་དེ། རིམ་གྱིས་ལམ་ཡན་ལག་བརྒྱད་པའི་བར་གྱིས་གཞོག་པར་བྱེད་དོ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ན། དཀོན་མཆོག་སྤྲིན་ལ་སོགས་པ་མདོ་སྡེའི་དོན་འཕགས་པ་ཐོགས་མེད་ཀྱི་ཞལ་ནས། བྱང་ཆུབ་སེམས་དཔའ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་འཚལ་བ་དང༌། མཆོད་པ་དང༌། སྡིག་པ་སོ་སོར་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བ་རྣམས་ཀྱང་བྱའོ། །ཞེས་གསུངས་པ་འདི་ལྟ་བུ་ལ་བརྟེན་ནས་ལྟུང་བ་བཤགས་ཤིང༌། བྱང་ཆུབ་ཀྱི་
སེམས་བསྐྱེད་དགོས་པས། བསྙེན་པ་སྔོན་དུ་སོང་ནས་སྐུ་གཟུགས་མཆོད་པ་མཎྜལ་སོགས་བསྙེན་པའི་སྐབས་ལྟར་བཤམ། ཨ་ཀ་རུ་དང་རྒྱ་སྤོས་སོགས་སྦྱར་བའི་སྤོས་མང་པོ་དང་ཁྲུས་ཆབ་སོགས་འདུ་བྱས། གོས་གཙང་མ་བགོ །ནམ་ལངས་པ་དང༌། ཨོཾ་པྲ་ཀྲྀ་ཏ་པ་རི་ཤུདྡྷཿསརྦ་དྷརྨཱཿཔྲ་ཀྲྀ་ཏ་པ་རི་ཤུདྡྷོ྅ཧཾ། ཞེས་པས་ཁྲུས་ཆབ་བྱིན་གྱིས་བརླབས་ལ་ཡན་ལག་ལྔ་ཁྲུས་བྱ། སྐྱབས་འགྲོ་སེམས་བསྐྱེད། ས་གཞི་བྱིན་རླབས། སྤྱན་འདྲེན། བཞུགས་གསོལ། ཁྲུས་གསོལ་སྐུ་ཕྱི་ན་བཟའ་འབུལ་བ་ཡན་ཆད་མདོ་ལུགས་ཆོས་སྤྱོད་ནང་ལྟར་ཐུན་དང་པོ་ལ་རྒྱས་པ་དང༌། གཞན་ལ་ཇི་ལྟར་འོས་པ་བྱ། ཚིགས་སུ་བཅད་པ་གཅིག་པ་དང་བཞི་པ་ལྟ་བུས་དཀོན་མཆོག་སྤྱི་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས། འཕགས་པ་ནམ་མཁའི་སྙིང་པོ་ཞལ་རས་རྒྱ་ཆེ་ཞིང་སོགས་མཚན་བརྒྱའི་དབུ་ནས་འབྱུང་བའི་ཕྱག་འཚལ་དེའི་གཤམ་དུ་འཕགས་པ་བདག་ལ་ཞལ་བསྟན་ཏེ་སྡིག་པ་དག་པར་མཛད་དུ་གསོལ། ཞེས་བཏགས་པས་ཕྱག་བརྒྱ་རྩ་རེ་འཚལ། མགྱོགས་ཁྱད་འདོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཤམ་དུ་གསོལ་གདབ་བཏགས་ཀྱང་རུང༌། སྤོས་བཏུལ། མེ་ཏོག་ལ་སོགས་པས་མཆོད། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང༌། རིན་ཆེན་སེམས་དེ་སོགས་ཀྱིས་མཆོད། མཎྜལ་རྒྱས་པར་འབུལ། ལྟུང་བཤགས་ཚར་གསུམ། གསེར་འོད་ལས་འབྱུང་བའི་སངས་རྒྱས་རྐང་གཉིས། སྲིད་འགྲོར་ཉམ་ངར་སོགས། སྤྱོད་འཇུག་ལས་བྱུང་བ། གཙོ་བོ་རྒྱལ་བ། ཇོ་བོ་རྗེའི་བཤགས་ཆོག་ཏུ་བྱུང་བ། བླ་མ་རྡོར་འཛིན་སོགས་ལན་གསུམ་མཐར། རྗེས་སུ་ཡི་རང་ནས་བསྔོ་བའི་བར་གྱི་ཡན་ལག་ཆོས་སྤྱོད་ལྟར་བྱ། ནམ་སྙིང་གི་
མཚན་བརྒྱ་ཚར་གཅིག་མཐར་གཟུངས་སྔགས་འདི་ཇི་ཙམ་ནུས་པ་བཟླའོ། །ཏདྱ་ཐཱ། སུ་མྲྀ་ཤ་སུ་མྲྀ་ཤ ཀཱ་རུ་ཎི་ཀ ཙ་ར་ཙ་ར། བི་ཙ་ར། སཾ་ཙ་ར། ཀཱ་རུ་ཎི་ཀ མུ་ར་མུ་ར། བི་ག་དྷ་རི་མ་ཙ་མ། བྷུ་ཛ་སཱ་ད་ཀཱ་རུ་ཎི་ཀ ཙིནྡྷ་མ་ཎི་པཱུ་ར་ཡ་ཀཱ་རུ་ཎི་ཀ སརྦ་ཤ་མེ་སྠཱ་པཱ་ཡ་ཨཛྙཱ་དྷ་རི། སྥུ་གུང་སྥུ་གུང༌། རུ་ཏི་བི་བེ་ཀ་གུང༌། དྲྀཥྚི་བི་བེ་ཀ་གུང༌། པཱུ་ར་ཡ་ཀཱ་རུ་ཎི་ཀ པཱུ་ར་ཡནྟུ་མ་མ་ཨཱ་ཤ་ཡ། སརྦ་སནྠ་ཙ་ཨ་ཤོ་ཀ་ག་ཏི་སྭཱ་ཧཱ། གཟུངས་བཟླ་བ་ལ་སོགས་པའི་ཚེ་སྤོས་བཏུལ་བ་མ་ཆད་པར་བྱ། མཐར་གོང་དུ་སྨོས་པའི་ཕྱག་ལན་གསུམ་དང༌། དགོངས་ཤིག་དགོངས་ཤིག་ཐུགས་རྗེ་ཆེན་པོ་དང་ལྡན་པ། གྲགས་པ་ཆེན་པོ་ནམ་མཁའི་སྙིང་པོ་འགྲོ་བའི་དོན་བཞེད་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་གཟིགས་ཤིག བདག་ཅག་ལ་སོགས་པའི་སེམས་ཅན་ལྟུང་བའི་རྩ་བ་བྱུང་བ། ངན་སོང་དུ་འགྲོ་བ། དགེ་བའི་རྩ་བ་ཐམས་ཅད་སྤྲུགས་པར་བྱེད་པ། འཇིག་པར་བྱེད་པའི་སེམས་ཅན་མ་རིག་པའི་མུན་ནག་དང༌། ལྟ་བ་ངན་པས་སྡུག་བསྔལ་བར་གྱུར་པ་རྣམས་ཀྱི་ལྟུང་བའི་རྩ་བ་ཡོངས་སུ་དག་ནས་སྙིང་གི་ཐེ་ཚོམ་བྲལ་བར་མཛད་དུ་གསོལ། བདག་ཅག་ལ་སོགས་པ་སྙིང་གི་སྣོད་ཚོགས་པར་གྱུར་པ། ལྟུང་བའི་དངོས་པོར་གྱུར་པ། ཕས་ཕམ་པའི་སེམས་ཅན་དགེ་བའི་ཆོས་ཐམས་ཅད་ཞིག་པར་གྱུར་པ། ངན་སོང་དུ་འགྲོ་བ། མགོན་མེད་པ། རྟེན་མེད་པ། མཁས་པ་ཐམས་ཅད་ཀྱིས་སྤངས་པ་རྣམས་ཀྱི་སྡིག་པའི་དྲི་མ་འཁྲུད་ནས་འགྲོ་བ་ངན་པའི་ལམ་ལས་བཟློག་པར་མཛད་དུ་གསོལ། རྨི་ལམ་ནའང་རུང༌། སད་པའི་ཚེའང་རུང་སྟེ་སྐལ་བ་དང་འཚམས་པའི་སྐུ་གཟུགས་ཀྱི་སྣང་བ་བསྟན་ནས་བདག་ཅག་གི་ལྟུང་བ་འཆགས་སུ་འཇུག་ཅིང་དག་ཚངས་ཀྱི་བཀའ་དྲིན་བསྩལ་དུ་གསོལ། ཐབས་མཁས་པས་མངོན་སུམ་དུ་ལམ་དྲང་བའི་
ཐབས་ཀྱིས་སྟོན་ཏེ། ཐབས་དེས་ལྟ་བ་ངན་པར་བྱེད་པ། སྨོན་ལམ་ངན་པའི་བསམ་པ་དང་སྐྱབས་ངན་པ་དང༌། ངན་པར་འཇུག་པའི་སེམས་ལས་མྱུར་དུ་ཐར་བར་མཛད་དུ་གསོལ། ཅི་ནས་ཀྱང་བདག་གི་ལུས་དང་ངག་དང་ཡིད་ཀྱི་སྦྱོར་བ་དྲང་པོར་འགྱུར་བ་དང༌། སྨོན་ལམ་དྲང་པོ་དང༌། དགེ་བའི་བཤེས་གཉེན་དྲང་པོ་བསྟེན་པར་འགྱུར་བ་དང༌། མྱུར་དུ་དྲི་ངན་པ་དང༌། ཉོན་མོངས་པ་དང༌། སྡིག་པའི་ལྟ་བ་ལས་ཡོངས་སུ་ཐར་བར་མཛད་དུ་གསོལ། བདག་ཅག་གི་ངན་སོང་དུ་འགྲོ་བའི་ལམ་ཐམས་ཅད། སྨོན་ལམ་གྱི་དབང་དང༌། ལེགས་པར་སྤྱོད་པའི་ལས་ཀྱི་མྱུར་དུ་བྱང་བར་མཛད་དུ་གསོལ། མྱུར་དུ་བདག་ཅག་གི་སེམས་ལ་དབང་ཐོབ་པ་དང༌། ཐབས་ལ་མཁས་པ་ཟབ་མོ་དང༌། བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་སྤྱོད་ཅིང་ཕྱིར་མི་ལྡོག་པ་དང༌། ས་དང༌། ས་དག་ཏུ་ཡང་ཏིང་ངེ་འཛིན་དང༌། གཟུངས་དང༌། བཟོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྡོ་རྗེ་བཞིན་དུ་མཐུ་ཆེ་ཞིང༌། བརྟུལ་བ་བརྟན་པོས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ། ཅེས་གསོལ་བ་དྲག་ཏུ་གདབ། བཟོད་གསོལ། བརྟན་བཞུགས་སམ་གཤེགས་གསོལ། བསྔོ་སྨོན་གང་འོས་ཆོས་སྤྱོད་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞི་དང༌། ཁྱད་པར་ཐོར་ཐུན་ལ་རྩེ་གཅིག་ཏུ་བྱ། ཐུན་མཚམས་གང་རིགས་སུ་བསྙེན་པའི་སྐབས་ལྟར་སྒོམ་བཟླས་ཁྱུག་ཙམ་རེའང་མ་ཆག་པར་གྲུབ་ན་ལེགས་སོ། །གཉིས་པ་ནི། མདོ་ལས། གལ་ཏེ་དེ་བདག་ལ་མངོན་སུམ་དུ་སྟོན་པར་མི་བྱེད་ན། གང་དེ་ལ་གསོལ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ལས་ཐོག་མ་པ་ཉེས་པ་དང་བཅས་པས་ཐོ་རངས་ཀྱི་ཐུན་ལ་ལངས་ཏེ། ཁ་ཤར་ཕྱོགས་སུ་བསྟན་ཏེ་འདུག་ལ། ལྷའི་བུ་སྐྱ་རེངས་ལ་
གསོལ་བ་གདབ་པར་བྱ། ཞེས་དང༌། བསླབ་བཏུས་ལས། རྨི་ལམ་འཕགས་པ་ནམ་སྙིང་གི །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་པས་ཐོར་ཐུན་གྱི་གཤམ་དུ། སྔ་ན་སྐྱ་རེངས་དང་པོ་དང༌། ཕྱི་ན་སྐྱ་རེངས་ཐ་མ་ཤར་བའི་ཚེ་ཁང་སྟེང་ལ་སོགས་པ་བླ་གབ་མེད་པའི་སར་ཕྱིན་ལ་སྤོས་བཏུལ། ཕྱག་འཚལ་གསོལ་གདབ་ཀྱི་བཤམ་ཅན་ཕྱོགས་བཅུ་ལ་ལན་བཅུ་བྱ། མཐར་ཁ་ཤར་དུ་ཕྱོགས། པུས་བཙུགས་ཐལ་མོ་སྦྱར་ཏེ། སྐྱ་རེངས་སྐྱ་རེངས་ཐུགས་རྗེ་ཆེན་པོ་ཅན། སྐལ་བ་ཆེན་པོ་ཅན་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ། བདག་ལ་ཐུགས་རྗེས་དགབ་པར་མཛོད་ཅིག བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་ཅན་ལ་བདག་གི་ཚིག་གིས་སྒྲོན་ཏེ། བདག་གི་རྨི་ལམ་དུ་ཡང་དེ་སྟོན་པར་འགྱུར་ཞིང༌། གང་གི་ཐབས་དེས་ལྟུང་བ་བཤགས་པར་འགྱུར་བ་དང༌། འཕགས་པའི་ཐེག་པ་ཆེན་པོ་ལ་ཐབས་དང་ཡེ་ཤེས་ཀྱི་མིག་ཆེན་པོ་ཐོབ་པར་མཛོད་ཅིག ཅེས་བརྗོད་ལ་མལ་དུ་འོངས་ནས་གཟུངས་སྔགས་བརྗོད་བཞིན་གཉིད་དུ་ལོག་པས་རབ་ཞག་གཅིག་གམ་གསུམ། འབྲིང་བདུན། ཐ་མ་བསྐྱར་བལྡབས་ལན་གསུམ་གྱིས་སྐལ་བ་དང་འཚམས་པར། སྐུ་དངོས་སམ། བླ་མའམ། ཕ་མ་ལ་སོགས་པའི་གཟུགས་སྟོན་པ་ལ་བཤགས་པ་བྱེད་དུ་བསྩལ་ཞིང༌། དག་བྱེད་ཀྱི་ཐབས་སྟོན་པ་དེ་ལ་ཐེ་ཚོམ་མི་བྱ་བར་ལག་ཏུ་ལེན་པར་བྱའོ། །ལྔ་པ་ལ་ལྔ་ལས། དང་པོ་སྐུ་གཟུགས་མཆོད་པ་ནི། ངེས་པར་བྲིས་སྐུའམ། ལུག་སྐུ་བྱས་ལ། གཟུངས་སྔགས་མ་གཏོགས་པ་བཤགས་པའི་ཆོ་ག་ལྟར་རམ། ཉིན་བཞིན་དད་མོས་རྩེ་གཅིག་པས་ཕྱག་མཆོད་མ་ཆད་པར་ཕུལ་ན། མེ་ཆུ་མཚོན་དུག་སོགས་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང༌། ཚེ་ཟད་པ་མ་གཏོགས་ནད་གདོན་གྱི་འཚེ་བ་མི་འབྱུང༌། ཇི་སྲིད་འཚོ་བའི་བར་དུ་ལྟུང་བའི་རྩ་བ་མི་འབྱུང༌། བཀྲེས་སྐོམ་དང་རྒྱལ་པོའི་ཆད་པ་ལ་སོགས་པའང་
མི་འབྱུང་ཞིང༌། འཆི་བའི་དུས་ལ་བབ་སྟེ་ནང་དབུགས་གནས་པའི་སྐབས་སུ་རང་གི་མོས་པ་གང་ལ་ཆེ་བའི་གཟུགས་སུ་སྤྲུལ་ནས་ཆོས་སྟོན་ཏེ་སངས་རྒྱས་བཞུགས་པའི་ཞིང་དུ་ལམ་སྣ་འདྲེན་པར་གསུངས་སོ། །གཉིས་པ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་འདོད་པས་ཆོ་ག་སྔར་ལྟར་ལ། གཟུངས་སྔགས་བཟླ་བ་ལ་བབ་པའི་ཚེ། དགོངས་ཤིག་དགོངས་ཤིག་ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་བརྙེས་པ་བདག་ལ་དྲན་པ་དང༌། ཏིང་ངེ་འཛིན་གྱི་རྣལ་འབྱོར་སྩོལ་ཅིག ལན་གསུམ་མམ་བདུན། ཏདྱ་ཐཱ། ཨུ་མུ་ར་ན་ཁེ། པཀྵྨ་ནཱི་ལེ། ས་མུ་དྲ། ཨ་བ་ཏ་ར་ན། ན་ཡ་ན་ཡ། མ་ཧཱ་ཀཱ་རུ་ཎི་ཀ ཨ་ནུ་ས་ཛམྦྷ་སྨྲྀ་ཏེ། ཨ་གྲ་ཛམྦྷ་སྨྲྀ་ཏེ། བཛྲ་ཛམྦྷ་སྨྲྀ་ཏེ། ཀོ་ཥ་སྨྲྀ་ཏི། ཨ་ནུ་ས་མ་སྨྲྀ་ཏི། བུདྡྷ་ཀོ་ཊི་སྨྲྀ་ཏེ་སྭཱ་ཧཱ། ཞེས་བཟླ། གསུམ་པ་ཆོས་ལ་གཟུངས་ཐོབ་པར་འདོད་ན། གཟུགས་སྔགས་ཁ་བསྒྱུར། དགོངས་ཤིག་དགོངས་ཤིག མཁས་པ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ནང་ན་བསམ་གྱིས་མི་ཁྱབ་པ། རིགས་ཀྱི་བུ་ནམ་མཁའི་སྙིང་པོ་གང་ཟག་གི་མཆོག དྲན་པ་དང་ཏིང་ངེ་འཛིན་གྱི་རྣལ་འབྱོར་བདག་ལ་སྩོལ་ཅིག གསུམ་མམ་བདུན། ཏདྱ་ཐཱ། ཨི་ནཱི་ལ་ཛ། བི་ཥན་དུ་ཥ་ཛ། བི་ཡ་བ་ན་ཛ། བི་བཀྵི་ས་མེ། པཱ་ཤ་ལ་ཛཱ་སི། སྠཱ་ན་ཤ་ར་བེ། ཤཱསྟྲ་ཀརྞེན། ཧུ་མ་ཧུ་མ། མ་ཧཱ་ཀཱ་རུ་ཎི་ཀ་སྭཱ་ཧཱ། བཞི་པ་ནད་དང་དབུལ་ཕོངས་ཆད་པ་འཇིགས་པ་བརྒྱད་ལ་སོགས་པ་ཞི་བར་འདོད་ན། ཆོ་ག་སྔར་ལྟར་ལ། མཚན་བརྒྱ་དང་གཟུངས་ཅི་ནུས་སུ་བཀླག་པའི་མཐར། དགོངས་ཤིག་དགོངས་ཤིག་ཐུགས་རྗེ་ཆེན་པོ་དང་ལྡན་པ། གྲགས་པ་ཆེན་པོ་ནམ་མཁའི་སྙིང་པོ་འགྲོ་བའི་དོན་བཞེད་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་གཟིགས་ཤིག བདག་འདི་ལྟ་བུ་ལས་རབ་ཏུ་ཐར་བར་མཛོད་ཅིག སྐལ་བ་མཛོད་ཅིག མཐུ་ཆེན་པོ་བདག་ནི་སྡུག་བསྔལ་གྱིས་ཉམ་ཐག་གོ །ཤིན་ཏུ་དབུལ་ལོ། །
བདག་ནི་ཁྱོད་ལ་གནས་ནས། ཞི་བ་དང་བདེ་བ་འདི་དང་ཚེ་རབས་གཞན་ཏུ་འཐོབ་པར་འགྱུར་བར་མཛོད་ཅིག ཅེས་ལན་བདུན་ལ་སོགས་པ་བརྗོད་དོ། །ལྔ་པ་ཆོས་ཀྱི་གདན་ས། འཇིག་རྟེན་གྱི་རྒྱལ་སྲིད་དང༌། ཕྱུག་པོ་ལ་སོགས་པ་གནས་ཆེན་པོ་འཐོབ་པར་འདོད་པས། ཆོ་ག་དང་མཚན་བརྒྱ་གཟུངས་བཅས་ཀྱི་མཐར། ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་སྐལ་བ་སྩོལ་ཅིག བསམ་པ་དང༌། སེམས་པ་ཐམས་ཅད་དང༌། བསམ་པ་ཡིད་བཞིན་རབ་ཏུ་རྫོགས་པར་མཛོད་ཅིག གང་སེམས་ཤིང་གང་གསོལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་མཛོད་ཅིག ཅེས་གསོལ་བ་ལན་མང་དུ་གདབ་བོ། །དེ་དག་ཀྱང་ཁྲུས་དང༌། གཙང་སྦྲ་བྱས། དད་མོས་ཀྱི་ཤུགས་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་གདབ། མཆོད་པའི་བྱེ་བྲག་ཅི་འབྱོར་པས་མཆོད། དུས་བཞི་དང་ཁྱད་པར་ཐོ་རངས་ཀྱི་ཐུན་ལ་ནན་ཏན་ཏུ་འབད་པ་བསྔགས་སོ། །ཀ་ཡེ། ལས་ངན་གྱི་འབྲས་བུས་འཕངས་པའི་སྙིགས་མའི་ལུས་སྡུག་བསྔལ་བརྒྱ་ཡིས་བརྒྱན་པའི་བྱིས་པ་བསོད་ནམས་ཆུང་བ་དག་གིས་ནོར་བུ་བོར་ནས་མཆིང་བུ་ཚོལ་བ་ལྟོས། དེ་འདྲ་བ་ལ་འདོད་པའི་དོན་ཡིད་ལ་འབབ་པ་དག་གང་གི་ཕྱིར་འཇོ། །དབང་ཆེན་པོ་ཐོབ་པའི་རྒྱལ་བའི་སྲས་པོ་དུས་ཐུང་ངུས་ཞལ་ལྟ་བའི་སྒྲུབ་ཐབས་དེ་བཞིན་གཤེགས་པས་གསུངས་པ་འདི་ལ་ཡིད་ཆེས་པའི་སྐལ་བ་དང་ལྡན་པ་ནི་སུ་ཞིག་ཡོད། ལག་ཏུ་ལེན་ནུས་པའི་བསོད་ནམས་ཆེན་པོ་དང་ལྡན་པའང་ནམ་གྱི་དུས་སུ་འབྱུང་བར་འགྱུར་ཞིག་གུ། འདི་ལྟར་འབྲི་བ་རྙེད་པའང་སངས་རྒྱས་ཀྱི་མཐུ་སྟེ་བྱང་ཆུབ་སེམས་ཀྱི་ནུས་པས་བསོད་ནམས་ཀྱི་བློ་གྲོས་ཐང་འགའ་འབྱུང་རིགས་པས་སོ། །ཚུལ་འདི་ལ་རྣམ་གཞག་རྒྱས་པ་དག་ཀྱང་སྤྲོ་བར་རིགས་མོད། རྗེ་བླ་མ་ཀུན་མཁྱེན་ཆེན་པོས་ཀྱང་འདུས་ལ་གསལ་བར་གྱིས་ཤིག་པའི་བཀའ་བསྩལ་པ་དང༌། རྗེ་བཙུན་ཀུན་དགའ་སྙིང་པོས། སྨྲ་མང་ཡི་གེ་གདམས་པས་དབེན། །རྙེད་པའི་ལྕགས་
ཀྱུ་ཡ་མཚན་རྨད། །གཞན་ཏུ་མི་དབང་ཚིག་གཅིག་གིས། །གྲོང་ཁྱེར་ཡུལ་འཁོར་བཅས་མངའ་བདག །ཅེས་གསུངས་པ་བཞིན་དགོས་ཆེད་སོགས་འབུད་ཙམ་ལས་མ་སྨོས་པ་ཟད་དོ། །ཡང་སྨྲས་པ། །མཐུ་ཆེན་སྲས་པོ་ཡིད་བཞིན་ནོར། །བསྟེན་ལས་འདོད་པ་ཀུན་འཇོ་ཡང༌། །ཉེས་པ་གཙང་བྱེད་ཀེ་ཏ་ཀ །ནམ་མཁའི་སྙིང་པོ་མཚུངས་གཞན་མེད། །དཔའ་རྣམས་ཐུགས་རྗེ་ཉམ་ང་བའི། །ཡུལ་ལ་འཇུག་པ་ཆོས་ཉིད་ཕྱིར། །བདག་འདྲ་ལྟུང་ལྡན་གང་ཟག་གིས། །བསྒྲུབ་བྱའི་སྙིང་པོ་འདི་ཡིན་ནོ། །དེང་སང་ཆོས་ལྟར་བཅོས་པས་གང༌། །ཆོས་མིན་སྣ་ཚོགས་འབད་ནས་འཆད། །དམ་ཆོས་རྩྭ་ལྟར་དོར་ནས་སུ། །ལྟར་སྣང་ཆོས་ལ་ཡི་དམ་འཆའ། །སངས་རྒྱས་བྱང་སེམས་ཡལ་བར་འདོར། །གདུག་པའི་འབྱུང་པོ་སྐྱབས་སུ་བསྟེན། །མི་དགེའི་འབྲས་བུ་བདེ་བར་རེ། །རྩ་ལྟུང་སྤྱོད་ཅིང་འདྲེན་པར་རློམས། །ཀྱེ་མ་སྙིགས་མའི་དུས་ངན་འདིར། །མཁས་པའི་ལེགས་བཤད་ཐན་དུ་ལྟ། །བླུན་པོའི་རང་བཟོ་སྲོག་ལྟར་བཙའ། །བསྟན་པའི་ཉི་མ་ནུབ་རིར་ཕྱོགས། །དེས་ན་ཉམ་ཆུང་བདག་འདྲའི་ཚིག །སུ་ལ་ཕན་པར་འགྱུར་དཀའ་ཡང༌། །དམ་ཆོས་ཡིན་ངེས་འདི་དག་ལ། །མོས་འདུན་བཟོད་དུ་མེད་པས་བྲིས། །ཁམས་དང་དབང་པོ་སྣ་ཚོགས་ཤིང༌། །གཟུར་གནས་ཆོས་ཀྱི་སྤྱན་ལྡན་ཀྱང༌། །འབྱུང་འགྱུར་སྲིད་མཐའ་མ་བཀག་པས། །དྲན་གསོ་ཙམ་དུའང་འགྱུར་རམ་སྙམ། །སངས་རྒྱས་སྲས་བཅས་བྱིན་རླབས་དང༌། །བདག་གི་ལྷག་བསམ་རྣམ་དག་མཐུས། །ལྟུང་ལྡན་གང་ཟག་ཇི་སྙེད་པ། །འདི་ལ་བརྟེན་ནས་ལྡང་ནུས་ཤོག །དེ་ལས་ཐར་པའི་ལམ་པོ་ཆེ། །གྲོང་ཁྱེར་ཆེན་པོའི་ལམ་སྲོལ་བཞིན། །ཤིན་ཏུ་ཡངས་པར་གྱུར་ནས་ཀྱང༌། །འབྲེལ་ཚད་དོན་དང་ལྡན་གྱུར་ཅིག །བསྟན་པའི་རྒྱ་མཚོ་མི་འགྲིབ་འཕེལ་ཞིང་བརྟན། །དེ་སྲིད་ཆོས་འདིའི་ཆུ་
ཀླུང་ཞིང་ཀུན་ཏུ། །ཆད་མེད་འབབ་པས་སྡིག་ལྟུང་དྲི་ཀུན་བཀྲུས། །ཐུབ་པའི་བསྟན་ལ་སྲི་ཞུའི་མཆོག་གྱུར་ཤོག །ཅེས་པའི་ཚུལ་འདིའང་རང་ཉིད་ཀྱི་འདི་ལྟར་ཉམས་ལེན་བགྱིས་པའི་སྐབས་སུ་ཕྱིན་ཆད་བསྙེལ་གསོ་དང༌། སྐལ་མཉམ་རེ་རེ་ཙམ་ལའང་ཕན་ཏུ་རེ་བས་འབྲི་བར་འདོད་པའི་ཚེ། ཀུན་གཟིགས་ཐུགས་རྗེའི་མངའ་བདག་མཉྫུ་གྷོ་ཥའི་ཞལ་སྔ་ནས་ཅིས་ཀྱང་བགྱི་བར་འོས་སོ་ཞེས་པའི་བཀའ་བསྩལ་གཙུག་ཏུ་མཆོད་དེ། བྱམས་མགོན་ཏཱའི་སི་ཏུའི་བཀའ་འབངས་ཐ་ཤལ་པ་རྨོངས་བརྟུལ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་བསྟན་འགྲོར་ཕན་བདེའི་སྣང་བ་འདྲེན་པའི་ཤིང་རྟ་མཆོག་ཏུ་གྱུར་ཅིག སརྦ་དཱ་མངྒ་ལཾ།། ༈ །རྒྱལ་སྲས་ནམ་མཁའི་སྙིང་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མ་ཨཱ་ཀཱ་ཤ་གརྦྷཱ་ཡ། ཆོས་ཀྱི་རྒྱལ་པོ་དུས་གསུམ་གཤེགས་པའི་བློན། །ཆོས་ཀྱི་མཛོད་ཀྱི་སྒོ་སྲུང་གཅིག་པུ་པ། །སྐྱེས་བུ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས། །རྒྱལ་སྲས་དབུས་ན་ཨུ་དུམྦ་ར་དེ། །དུས་དང་ཕྱོགས་སུ་འབྱུང་བ་དཀོན་པའི་མཆོག །ནམ་མཁའ་ཆུ་ཡི་རླངས་པ་བྲལ་བའི་ངོས། །ཉི་མའི་སྙིང་པོ་ཆགས་དང་ཐོགས་མེད་པ། །སྣང་བའི་དམ་པས་འགྲོ་ལ་ཕན་བཏགས་ཀྱང༌། །རྒྱགས་དང་དྲིན་ལ་ལན་གྱི་འདོད་མེད་དེ། །དམུས་ལོང་དམིག་བུ་མེད་པ་མ་གཏོགས་པར། །དེ་ཡི་སྣང་བ་ཕྱོགས་སུ་ལྷུང་མི་འགྱུར། །གང་བློ་ཤེས་རབ་ནམ་མཁའི་རང་བཞིན་ལ། །ཐབས་མཁས་སྙིང་པོ་དུས་ཀུན་གང་བྱུང་བ། །གཅིག་ཏུ་བསྡུས་ཀྱང་རློམ་པའི་སེམས་མེད་པ། །ཐུགས་རྗེ་ཆེན་པོ་དེ་ཡང་དེ་བཞིན་ཏེ། །ལོག་སྲེད་ཅན་མིན་སྐྱེ་བ་
བཞིར་སྐྱེས་པ། །བྱང་ཆུབ་ལམ་དུ་འདྲེན་པའི་ཤིང་རྟ་མཆོག །ཆོས་ཀྱི་དབྱིངས་སུ་རྟོགས་པའི་རིན་ཐང་ཅན། །ཐམས་ཅད་ཁྱོད་ཀྱི་དགེ་བའི་གཏེར་ལ་ཆུད། །ཕོངས་པ་རྣམས་ཀྱི་བུམ་པ་བཟང་པོ་སྟེ། །དགེ་རྩའི་འབྲས་བུ་སྐྱེད་པའི་ས་ཡང་ཡིན། །འདུན་དང་དྲན་པས་དྲངས་པའི་བསླབ་པ་ཡི། །ལྷུན་པོའི་གཏོས་སུ་བྱང་སེམས་ཆོས་ཀུན་གཞོལ། །ཤེས་བྱའི་ཆོས་སུ་གྱུར་པས་མི་ཕྱེད་པས། །ཆོས་ཀུན་བཟོད་པའི་རྡོ་རྗེའི་གོ་ཆས་གཡོགས། །སྲིད་དང་ཞི་བའི་མཐའ་ལ་མི་ཐོགས་པར། །བརྩོན་འགྲུས་རླུང་ཤུགས་འཁོར་འདས་ཀུན་ཏུ་གཡོ། །སེམས་ཅན་དོན་བྱེད་ཏིང་འཛིན་བྱེ་བའི་ཀླུང༌། །ཏིང་འཛིན་རྒྱ་མཚོའི་འཇིང་ལ་སྡུད་ཅིང་སྤྲོ། །གནས་ཆེན་པོ་སོགས་དམ་པ་ཅི་འདོད་པ། །སློང་ལ་དངོས་ཀུན་སྟེར་བའི་ཡོངས་འདུས་ལྗོན། །འཚོ་བའི་ཡོ་བྱད་བདེ་བར་གནས་རྣམས་དང༌། །མི་མཐུན་འཇིགས་ལས་སྐྱོབ་པའི་རྫོང་བཙན་མཆོག །ལམ་ཞུགས་སོ་སོའི་རང་བཞིན་ཐ་དད་པ། །ཡེ་ཤེས་ནམ་མཁའ་ཡངས་པས་གོ་འབྱེད་ཅིང༌། །སངས་རྒྱས་ཆོས་རྣམས་གང་ལ་བརྟེན་པའི་གནས། །རང་རྒྱལ་འཇུག་ལྡོག་བགྲང་བའི་ཕྲེང་བ་སྟེ། །ཉན་ཐོས་རྣམས་ལ་བསླབ་པའི་གོས་བཟང་ཉིད། །ཕ་རོལ་ཕྱིན་པ་རྣམས་ཀྱི་འབྲས་བུའི་བཅུད། །ས་བཅུ་བརྙེས་པའི་ཚོགས་ཀྱི་ཡིད་བཞིན་ནོར། །དཔའ་བར་འགྲོ་བ་རྣམས་ཀྱི་འཚོ་བའི་ཤིང༌། །ལྟ་བའི་དྲྭ་བ་གཅོད་པའི་རྣོ་མཚོན་ཏེ། །བག་ཆགས་མཚམས་སྦྱོར་དྲལ་བའི་རལ་གྲི་དང༌། །ཐབས་ཆེན་རྣམས་ལ་ཆོས་ཀྱི་གྲངས་སུ་གྱུར། །ལྷ་ཡི་མིག་སྟེ་མི་རྣམས་ཀྱི་ནི་ལམ། །དུད་འགྲོའི་འཇིགས་སྐྱོབ་ཡི་དྭགས་རྣམས་ཀྱི་ཟས། །སེམས་དམྱལ་མགོན་ཏེ་སྦྱིན་གནས་རྣམས་ཀྱི་སྣོད། །ནད་ལ་རྐྱེན་སྨན་བཀྲེས་པ་རྣམས་ཀྱི་འབྲུ། །སྐོམ་ལ་ཆུ་ཤེལ་ངལ་བ་རྣམས་ཀྱི་མལ། །སྙོམས་འཇུག་ལྡན་ལ་ཉི་མའི་ནོར་བུ་མཆོག །བསླབ་པ་འཁྲུགས་པ་རྣམས་ཀྱི་མིག་འབྱེད་ཅིང༌། །
སྡོམ་པ་སྤྱོད་རྣམས་བཞིན་རས་མཐོང་བའི་སྣོད། །སྒྲོ་སྐུར་ཚིག་གིས་གདུང་ལ་གྲིབ་མའི་གདུགས། །དགེ་རྩ་ཆད་དེ་ལྟུང་བའི་འཁར་བ་ཉིད། །མུན་ལ་ཉི་དང་ལམ་སྟོར་རྣམས་ཀྱི་ཟླ། །ཁྲེལ་དང་ངོ་ཚས་གཅེར་བ་རྣམས་ཀྱི་གོས། །རྒོལ་བའི་གླང་པོ་འཇོམས་པའི་གདོང་ལྔ་པ། །བདུད་ཀྱི་དགྲ་ལ་དཔའ་བའི་དཔུང་ཆེན་པོ། །མཐོ་རིས་སྐས་ཀ་ཕ་རོལ་འགྲོ་བའི་གྲུ། །མྱ་ངན་བརྒལ་ཏེ་ཕྱིན་པའི་ཟམ་པ་དེ། །དེ་བཞིན་གཤེགས་པ་ཉག་གཅིག་མ་གཏོགས་པ། །དབང་ཐོབ་རྒྱལ་བའི་མྱུ་གུ་སོགས་པས་ཀྱང༌། །མཆོད་ཅིང་རི་མོར་བྱ་བའི་གནས་ཡིན་ཞེས། །དཔལ་གྱི་མགུར་ལས་བསྔགས་པའི་སིལ་སྙན་དཀྲོལ། །སྐྱབས་ངན་ལ་བསྟེན་ལྟ་བའི་ཐིབས་འོག་ཏུ། །ཆུད་ནས་མཐོ་རིས་ཐར་པའི་སྐབས་བྲལ་བ། །གལ་ཏེ་ཁྱོད་མཚན་ཐོས་ནས་མོས་བྱེད་ན། །བག་ལ་ཉལ་དང་བསམ་པ་དེས་གཟིགས་ཏེ། །གང་ལ་དགེ་བའི་རྩ་བ་བསྐྱེད་པའམ། །སྦྱིན་སོགས་བསོད་ནམས་བྱ་བའི་དངོས་གཅིག་གིས། །དགེ་བའི་བཤེས་ཀྱི་ལམ་ནས་དབང་ཐོབ་ཅིང༌། །སྤྱོད་དང་སྨོན་ལ་བསམ་པ་དྲང་བ་ཡིས། །ལྟ་གྱུར་གཡང་ས་བྱེ་བ་ལས་ཟློག་པ། །པྲ་སེ་ན་ཡི་གསལ་སྣང་བཞིན་དུ་སྟོན། །མཐོང་བ་ཉམས་དང་ལྕེ་བཅིངས་གྱུར་པ་སོགས། །གདོན་དང་འདུ་བ་འཁྲུགས་པས་གཙེས་རྣམས་ཀྱང༌། །མོས་པའི་རྫིང་བུ་ཁྱོད་ཕྱིར་བགྲུང་པ་ལ། །བརྒྱ་བྱིན་བྲམ་ཟེ་སྨན་པའི་གཟུགས་ཤར་ཏེ། །སྦྱོར་བ་གཅིག་གིས་ཕན་པ་བརྒྱ་ཕྲག་བསྩལ། །བཟོ་གནས་འཚོ་བ་རིགས་དང་ནོར་གྱི་དབྱིག །དབང་ཕྱུག་གྲངས་སོགས་ཉེ་བར་སྤྱོད་རྣམས་དང༌། །ཐོས་དང་དབེན་ལས་སྐྱེས་པའི་བསམ་གཏན་གྱི། །བདེ་བའི་ཡོངས་སུ་སྤྱད་པ་བསྒྲུབ་པའམ། །འགྲོ་མང་སྡུག་བསྔལ་རྒྱུ་དང་ཕྲལ་འདོད་ཅིང༌། །བྱང་ཆུབ་སྤྱོད་ལ་འཇུག་པའི་བློ་ཆེན་པོས། །གཞན་ཕན་ཆེད་དུ་བདག་ཉིད་བཞུགས་རྣམས་ཀྱང༌། །གང་ལ་དད་པའི་སྙིང་ཆུས་བྲན་པ་ཡི། །
མིག་གི་ཨུཏྤལ་གསར་དུ་འབུས་པ་ལ། །འཕགས་པས་སྐལ་བར་འཚམས་པའི་གཟུགས་བསྟན་ཏེ། །སྐྱེ་བོ་བྱེ་བ་ཁྲག་ཁྲིག་ཐབས་གཅིག་གིས། །སྨིན་པར་ནུས་པའི་གདམས་ངག་ཆེན་པོ་འབོགས། །ལམ་ལ་ཞུགས་དང་ཐེག་པའི་གཞོན་པ་ཅན། །རང་འབྲས་ཁྱིམ་དུ་འབད་པས་བགྲོད་བྱེད་པ། །དེ་དག་ཕྱིར་མི་ལྡོག་པའི་གྲོང་ཁྱེར་དུ། །སྐད་ཅིག་ཡུད་ལ་ཅུང་ཟད་རྩོལ་བས་གཞོག །ལྷག་པའི་བསམ་པས་ནན་ཏན་འགྲོས་ལྡན་ཞིང༌། །ལྟ་བ་མ་འཁྱོགས་རྒྱགས་དང་གཡོ་མེད་པར། །དེ་ལ་གྲགས་པ་ཆེན་པོ་ཐུགས་བརྩེ་སྟེ། །མཐུ་དང་བརྩོན་འགྲུས་བརྟུལ་བ་བརྟན་པོ་ཡི། །བཟང་པོ་སྤྱོད་པའི་ཕ་རོལ་ཕྱིན་ལ་བཀོད། །རྒྱུད་མེད་སྨྲ་དང་ཕྱི་མ་མི་འཚལ་ཞིང༌། །ཆོག་མི་ཤེས་དང་རྨོངས་པའི་མུན་པར་འཐིམ། །ཁྲོ་སོགས་ཀུན་དཀྲིས་ཆེན་པོས་ཟག་བཅས་ཀྱི། །དགེ་རྩ་ཐམས་ཅད་དཀྲུགས་པར་བགྱིད་པ་དང༌། །མོས་པའི་སྙིང་གི་སྣོད་ཆག་ཕས་ཕམ་པས། །ལྟུང་བའི་དངོས་ལས་ལྡང་བར་མ་ནུས་པ། །མཁས་པས་སྤངས་པའི་རྒྱལ་བློན་ཉན་ཐོས་དང༌། །རྒྱལ་བའི་རྒྱུད་དུ་དང་པོར་སྐྱེས་པ་རྣམས། །སྡིག་སེམས་གཟུགས་བརྙན་ཆུ་སྲིན་ཁྲོས་པའི་ཁར། །ལས་ཀྱི་རླུང་གི་བདས་ལས་ཕྱིར་ལྡོན་ཏེ། །ངན་པར་འགྲོ་བའི་ལམ་གྱི་རྒྱུན་གཅོད་ཅིང༌། །དཀར་པོའི་ཆོས་སྣོད་ཞིག་པ་སླར་ལ་འཚོས། །དེ་དག་ཕྱིར་དུ་དགེ་སྦྱོང་གཟུགས་སོགས་ཀྱིས། །མཐའ་འཁོབ་རྣམས་སུ་འབྱུང་ཞིང་གནས་པ་སྟོན། །ཐམས་ཅད་མཁྱེན་པས་བཤད་པའི་ཟབ་མོའི་མདོ། །གཟུངས་དང་བཟོད་པ་ས་རྣམས་སྟོན་བྱེད་པ། །སྔོན་ཆད་མ་ཐོས་ཆོས་ཀྱི་རྔ་བརྡུངས་ནས། །སྙིང་ལ་ཉལ་བའི་ཐེ་ཚོམ་ལས་སློང་སྟེ། །ངོ་མཚར་བཅས་པས་གཏོང་ཞིང་འཆགས་པའི་ཞུགས། །སྒྲིབ་པའི་ཚང་ཚིང་གང་ན་ཡོད་པར་བཀྱེ། །གལ་ཏེ་མོས་ལ་སོགས་པའི་འབབ་སྟེགས་ཅན། །ལྷག་པའི་བློ་ཡི་མེ་ལོང་
ཕྱིས་ན་ཡང༌། །ཟག་པའི་དྲི་མས་མིག་བུ་མ་དག་པ། །འཕགས་པ་མཐོང་བའི་སྐལ་པས་དམན་པ་ལ། །སེམས་དང་མཐུན་པའི་གཟུགས་སུ་དེ་གསལ་ནས། །ཐབས་དང་ལྡན་པའི་ཡེ་ཤེས་མིག་ཕྱེ་སྟེ། །མཐུ་ཆེན་བརྟུལ་བ་བརྟན་པོ་རང་ཉིད་ཀྱི། །རྒྱལ་ཐབས་བུམ་ཆུ་དེ་དག་སྤྱི་བོར་བླུགས། །ཐུན་མོང་མིན་པའི་ཡོན་ཏན་དེ་མཚོན་ཞིང༌། །ཤིན་ཏུ་དཔའ་བ་ལས་བྱུང་ཡིད་བཞིན་གྱི། །ནོར་བུ་བརྒྱ་བྱིན་ཐོགས་པ་འོད་འབར་བ། །སྣང་བའི་དབུས་ན་ཉི་མའི་གཟི་འོད་ཅན། །དེ་ཡི་ཡན་ལག་དམ་པའི་རྒྱན་དུ་ཐོགས། །ཀུན་རྫོབ་བདེན་པས་བསྒྲུབས་པའི་ཚོགས་བསྟན་ཀྱང༌། །གནས་བརྟན་ཟག་པ་ཟད་དང་ས་ཐོབ་སོགས། །དབང་པོ་དྲུག་དང་རྣལ་གྲོལ་ལ་རྨོངས་ན། །དོན་དམ་སྐྱེ་བ་མེད་པའི་མཐུ་བསྟན་པས། །རྒྱུན་མཐའི་ས་ལ་གནས་པ་མ་གཏོགས་པ། །ལྷར་བཅས་འགྲོ་བ་རྨོངས་ཤིང་བསླད་པ་ཡིས། །སྦྱོར་བའི་མཚན་མ་རྣམ་པར་བརྟག་པ་དཀའ། །འཇིག་རྟེན་དག་ན་ཕ་མཐའ་མི་རྙེད་པ། །ནམ་མཁའི་མཐའ་ནི་ལ་ལས་རྙེད་སྲིད་ཀྱི། །སྲིད་པའི་གཡུལ་ངོ་བཟློག་པའི་དཔའ་བོ་དེས། །བྱམས་དང་སྙིང་རྗེ་ཏིང་འཛིན་སྟོབས་བསྐྱེད་དེ། །ཡེ་ཤེས་ཐབས་ཀྱིས་སེམས་ཅན་ཡོངས་སྨིན་པ། །དེ་ཡི་ཚད་ནི་སུས་ཀྱང་བཟུང་དུ་མེད། །རྒྱ་མཚོའི་ཐིགས་པ་ཤིན་ཏུ་ཕྲ་བ་དང༌། །གངྒཱའི་བྱེ་མའི་རྡུལ་ལས་ཆེས་མང་བའི། །དེ་བཞིན་གཤེགས་སོགས་སྣ་ཚོགས་འཕྲུལ་ཆེན་པོ། །དངོས་དང་རྨི་ལམ་ན་ཡང་སྤྲུལ་པར་མཛད། །ཁྱེད་མཚན་ཐོས་ནས་སུ་ཞིག་མོས་པའི་བློས། །ཚོན་གྱི་ཕྱེ་མས་བྲིས་པའི་གཟུགས་མཆོད་དམ། །བདག་གི་སྲོག་ཀྱང་གང་ལ་འབུལ་བྱེད་པ། །དེ་ལ་ཇི་སྲིད་འཚོ་བའི་བར་དུ་ཡང༌། །ལྟུང་བའི་རྩ་བས་ཉམས་པར་མི་འགྱུར་ཞིང༌། །དུས་མིན་འཆི་སོགས་འཇིགས་པས་མི་འཇིགས་པར། །དུས་ཀྱི་རྣམ་ཤེས་ཐ་མ་རྒྱུ་བའི་ཚེ། །སྔོན་ཆད་འདྲིས་པའི་གཟུགས་
ཀྱིས་ཆོས་བསྟན་ཏེ། །སྒྲིབ་པའི་ལྷག་མ་ཐུགས་རྗེའི་མཐུས་བསལ་ནས། །ད་ལྟ་འཚོ་གཞེས་རྙོགས་པ་བྲལ་བ་ཡི། །སངས་རྒྱས་ཞིང་ཁམས་རྣམས་སུ་ལམ་སྣ་འདྲེན། །ཇི་ལྟར་སྐལ་བ་དམན་ཀྱང་མཐོ་རིས་ཀྱི། །སྐྱེད་མོས་ཚལ་དུ་དགེ་བའི་སྐྱེད་བསྲིངས་ནས། །མཐར་གྱིས་ཐར་པའི་ལང་ཚོ་བརྟའ་བར་མཛད། །དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ་ཆེན་པོས། །བདག་ཅག་ཁྱོད་མཚན་ཐོས་ནས་མོས་བྱེད་ཀྱང༌། །ཧ་ཅང་མུན་པའི་རྒྱ་རུ་འཐུམ་དྲག་པས། །རྨི་ལམ་དུ་ཡང་ཁྱོད་ཞལ་མངོན་མ་གྱུར། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་སེམས་བསྐྱེད་ཀྱང༌། །དང་པོ་ལས་ཀྱང་དང་པོའི་ལས་ཅན་བདག །ལྟུང་བའི་ཁུར་གྱིས་ཡང་ཡང་ནོན་གྱུར་ཏེ། །འཕགས་པའི་ས་ལ་ལྡང་བའི་སྐབས་དབེན་པས། །ཐུགས་རྗེ་མཆིས་ན་ཕྱུང་བའི་དུས་ལགས་སོ། །སྡུག་བསྔལ་ཁུར་པོས་ཉིན་གཅིག་ནོན་གྱུར་ན། །དོར་བའི་ངལ་བ་བརྒྱ་ཕྲག་བསྟེན་རྣམས་ཀྱང༌། །ཡུན་རིང་སྡུག་བསྔལ་འབྱུང་གནས་ལྟུང་བའི་ཁུར། །རི་ཙམ་བརྩེགས་ཀྱང་ཡང་བ་བཞིན་ཏུ་ཁྱེར། །གདུགས་མཚན་གཅིག་ཏུ་སྙིང་ནས་ཁྱེད་དྲན་ན། །རྩ་བའི་ལྕི་བ་བདེ་བླག་བོར་ནུས་ཀྱང༌། །དམན་པའི་སྐལ་བར་དེ་ཡང་མ་ཤོང་བར། །དོན་མེད་སྤྱོད་པ་བདག་འདྲར་ཐུགས་རྗེས་དགོངས། །ཡེ་ཤེས་སྤྱན་ལ་སྒྲིབ་པ་མི་མངའ་བས། །མི་ཤེས་བྱིས་པའི་རང་བཞིན་འདི་གཟིགས་སམ། །སྙིང་རྗེའི་ཡུལ་དུ་བདག་ཀྱང་གཏོགས་པས་ན། །ཀྱེ་ལགས་ཐུགས་རྗེའི་དགབ་པ་བསྩལ་དུ་གསོལ། །དམན་པའི་དུས་དང་སྐལ་བ་དབང་བཙན་པས་ལྟུང་བའི་ལྕིད་ཀྱིས་ཤིན་ཏུ་ནོན་ཀྱང་ལེགས་པར་ལྡང་བའི་བསམ་སྦྱོར་ལ་རྟག་ཏུ་ཞུགས་པའི་བློ་གྲོས་མཐའ་ཡས་ཀྱི་གོ་ཆ་ཅན་གྱིས། རྒྱལ་མོ་ཤིང་གི་རོང་དུ་དོན་གཉིས་བསྒྲུབ་པའི་གཟུགས་བརྙན་ལ་ཞུགས་པ་ན་དད་པས་བྲིས་པ་སྐྱེ་བ་ཀུན་ཏུ་རྒྱལ་སྲས་ནམ་མཁའི་སྙིང་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།
སོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་པ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན།
སོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་པ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །སོ་བྱང་སྔགས་གསུམ་གྱི་བཤགས་ཚིག་ཁྱད་པར་ཅན་ནོ།།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་ཤཱཀྱ་སེང་གེ་དགོངས་སུ་གསོལ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང༌། །བྱང་ཆུབ་སེམས་དང་ཉན་རང་དགེ་འདུན་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །འཕགས་པ་རྣམས་ཀྱང་བདག་ལ་དགོངས་སུ་གསོལ། །ཀུན་མཁྱེན་ཐར་པའི་ལམ་སྟོན་ཤཱཀྱའི་རྒྱལ། །སྟོན་དང་བསྟན་པ་གཉིས་གྱུར་ཆོས་འདུལ་བ། །སྐྱེས་བུ་ཟུང་བཞི་ཚོགས་མཆོག་དགེ་འདུན་གྱི། །རྗེས་སུ་སློབ་ནས་སོ་ཐར་རིས་བརྒྱད་པོའི། །སྤང་འཇུག་བསླབ་བྱ་རྒྱུད་ལ་འབྱོར་པ་དང༌། །བཅས་འགལ་ཉེས་ལྟུང་བྱང་བར་བྱིན་གྱིས་
རློབས། །ལྟུང་དང་འབྱུང་དང་དེ་ལྡང་ངེས་པར་འབྱུང༌། །གང་ཟག་བཅས་དང་རབ་དབྱེར་རྣམ་ངེས་པའི། །ཆོས་འདུལ་མ་ཐོས་སྤང་བླང་མ་ཤེས་དང༌། །བསླབ་ལ་མ་གུས་ཤེས་ཀྱང་བག་མེད་དབང༌། །ཉོན་མོངས་མང་བས་ཚུལ་བཞིན་བསྒྲུབ་མ་ནུས། །ལྟུང་བའི་སྒོ་བཞིར་ཞུགས་པ་མཐོལ་ལོ་བཤགས། །ཐོག་མར་ངེས་འབྱུང་བསམ་པས་མ་ཟིན་དང༌། །བར་དུ་རྟོག་དཔྱོད་མ་ཞུགས་བསྲུང་སྡོམ་འཆལ། །ཐ་མ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་པས། །བསླབ་པ་དྲི་བཅས་གྱུར་པ་མཐོལ་ལོ་བཤགས། །མི་མཐུན་སེམས་སྐྱེས་ཐོབ་བྱུང་སེམས་མ་སྐྱེས། །སྐྱེ་བའི་གེགས་རྣམས་ཤེས་བཞིན་དང་དུ་བླངས། །ལོག་ལྟ་ཆོས་སྤངས་བསླབ་པ་སྤང་འདོད་སོགས། །སྡོམ་པ་བཏང་ཡང་དུས་མཚམས་ངོ་མ་ཤེས། །བླངས་ལ་མ་ཐོབ་ཉེས་རྣམས་མཐོལ་ལོ་བཤགས། །སྐྱབས་འགྲོའི་བསླབ་བྱ་དགག་དང་བསྒྲུབ་ཕྱོགས་དྲུག །ཆ་མཐུན་ལྔ་དང་བསྙེན་གནས་ཡན་ལག་བརྒྱད། །དགེ་བསྙེན་རྩ་བཞི་ཆང་ལྔ་དགེ་ཚུལ་གྱི། །ཕམ་འདྲ་བཤགས་བྱའི་ཉེས་བྱས་ཉམས་གསུམ་སོགས། །བསླབ་ཚིགས་སྔ་མར་འགལ་རྣམས་མཐོལ་ལོ་བཤགས། །ཁ་སྐོང་ཆོས་
དང་མི་ལྡན་ལས་གྲལ་ཞུགས། །མ་འདུས་འདུས་པ་ཕྱིར་ཟློག་མི་མཐུན་སྐྱེད། །བརྟན་མཁས་མ་ཚང་མཁན་པོའི་བྱ་བ་བྱས། །གནས་པ་སློབ་མར་ནད་གཡོག་འགྱོད་བསལ་དང༌། །སྡིག་ལྟ་སྤོང་སོགས་བུ་ཡི་འདུ་ཤེས་ཀྱིས། །སྙིང་ནས་ཕན་པ་མ་བཏགས་མཐོལ་ལོ་བཤགས། །མཁན་སློབ་གསང་སྟོན་གནས་ཀློག་སློབ་དཔོན་ལྔར། །སྟོན་པའི་འདུ་ཤེས་མ་བཞག་ཚུལ་འཆལ་དང༌། །མཉམ་འགྲོགས་སྤང་བླང་སློབ་པའི་གནས་མ་བསྟེན། །བསྙེན་པར་རྫོགས་ནས་བཅུ་དྲུག་ལོ་ལོན་ཀྱང༌། །འདུལ་བའི་སྡེ་སྣོད་མི་ཤེས་བྱིས་པ་དང༌། །ཚུལ་འཆལ་སྲེ་ད་ལྟ་བུར་གྱུར་བཞིན་དུ། །དགེ་འདུན་སྤྱི་ཡི་དཀོར་སྤྱོད་ནན་ཏུར་གྱི། །ཆད་ལས་དང་དུ་མ་བླངས་མཐོལ་ལོ་བཤགས། །རྨ་ཡི་སྒོ་གསུམ་དག་ལ་མི་ཚངས་སྤྱོད། །ཡུལ་དུས་རིན་ཐང་ཚང་བ་མ་བྱིན་བླངས། །མི་རུ་ཆགས་དང་མི་སྲོག་བསམ་བཞིན་གཅོད། །མངོན་ཤེས་བཟང་བརྫུ་མི་ཆོས་བླ་མའི་རྫུན། །གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བ་ཡིས། །འདི་བཞི་གང་རུང་གཅིག་སྤྱོད་འཆབ་བཅས་པས། །དགེ་སློང་སྡོམ་པ་རྩད་ནས་གཅོད་འགྱུར་ཏེ། །ཆུ་ཤིང་རུལ་པ་ཇི་བཞིན་དགེ་འདུན་གྱི། །གྲལ་ལ་མི་དབང་བཞིན་ཏུ་ཕྱིན་པ་དང༌། །ཡན་ལག་མ་ཚང་སྦོམ་པོ་ལྕི་ཡང་སོགས། །ཕས་ཕམ་ལྟུང་བས་གོས་པ་མཐོལ་ལོ་བཤགས། །བསྒྲོད་མིན་གནས་སུ་ཁུ་བ་འབྱིན་པ་དང༌། །ཆགས་པས་བུད་མེད་ལུས་ཀྱི་ཆ་ཤས་འཛིན། །འཁྲིག་ཚིག་རྗེན་སྨྲ་འཁྲིག་པའི་བསྙེན་བཀུར་སྔགས། །ཕོ་མོ་ཕན་ཚུན་སྨྱན་བྱས་འདུས་ཏེ་འཕྲད། །རང་དོན་ཚད་ལྷག་ཁང་པ་ཁང་ཆེན་བརྩིགས། །བརྗོད་གཞི་མེད་དང་སྙད་ཀ་བག་ཙམ་ལ། །བརྟེན་ནས་དགེ་སློང་སྐུར་བཏབ་དགེ་འདུན་དབྱེན། །དབྱེན་དེའི་རྗེས་ཕྱོགས་བསླབ་པ་དང་འགལ་པས། །ཁྱིམ་སུན་འབྱིན་ཚེ་སྐྲོད་བྱེད་ལ་བསྙོན་པ། །ལྟུང་བྱུང་བསྐུལ་ཚེ་བཀའ་བློ་མི་བདེ་རྣམས། །གང་སྤྱོད་སྡོམ་པའི་ལྷག་ལས་
མ་ལུས་ཀྱང༌། །ངོ་ཚ་མེད་པས་སྤོ་མགུ་མ་སྤྱད་པ། །ལྷག་ལྟུང་བཅུ་གསུམ་ཕོག་པ་མཐོལ་ལོ་བཤགས། །རང་གི་གོས་ལྷག་ཞག་བཅུ་འདས་པར་འཆང༌། །ཆོས་གོས་དང་བྲལ་ཞག་གཅིག་ལོན་པ་དང༌། །གོས་རྒྱུ་ཟླ་གཅིག་འཇོག་དང་དགེ་སློང་མར། །ཆོས་གོས་འཁྲུར་འདུག་དེ་ལས་གོས་རྒྱུ་ལེན། །ཉེ་དུ་མིན་པའི་ཁྱིམ་པར་གོས་རྒྱུ་སློང༌། །སྟེར་ན་སྟོད་གཡོགས་སྨད་གཡོགས་ལྷག་པོར་ལེན། །རང་ལ་སྟེར་བསམ་ཆོས་གོས་གནས་དཔགས་པ། །རིན་དང་ཁྲུ་ཚད་ཀྱིས་སློང་བརྟགས་དྲན་སློང༌། །གོས་རིན་རིན་ཆེན་བསྐུར་བ་ལེན་རྣམས་དང༌། །སྲིན་བལ་ནང་ཚངས་ཅན་གྱི་མལ་སྟན་བྱེད། །དཀོན་སར་བལ་ནག་འབའ་ཞིག་བཏིང་དང་སྟན། །ཆ་གཉིས་ལྷག་བྱེད་ལོ་དྲུག་མ་སོང་བར། །སྟན་གསར་སྒྲུབ་དང་བདེ་གཤེགས་མཐོ་གང་པའི། །རྙིང་པས་མ་གླན་གདིང་བ་གསར་པ་བཏིང༌། །བལ་ནག་རྙེད་ནས་དཔག་ཚད་གསུམ་མཐར་ཁྱེར། །དགེ་སློང་མ་ལ་བལ་འཁྲུ་རྨེལ་བཅུག་དང༌། །གསེར་དངུལ་ལེན་དང་ཚོང་འབུན་མངོན་ཚན་ཅན། །ཆེད་དུ་ཚོང་བྱེད་ལྷུང་བཟེད་བྱིན་མ་བརླབས། །ཞག་བཅུ་འདས་འཆང་ལྷུང་བཟེད་ཟུང་འཆང་བ། །གླ་རྔན་མེད་པར་འཐགས་འཇུག་ཐགས་རྒྱ་བསྐྱེད། །དགེ་སློང་གོས་བྱིན་སླར་ཕྲོགས་བརྟད་བྱུང་གོས། །སྦྱིན་དུས་བཤད་ལས་སྔ་བར་བདག་གིར་བྱས། །དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་འདས། །རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་འདས། །དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་བཟུང༌། །སྨན་བཞི་དུས་ལས་འདས་པར་གསོག་འཇོག་སྟེ། །གང་ལ་ལྟུང་བྱུང་དངོས་པོ་དེ་སྤངས་པས། །མ་བཅོས་རྣམ་སྨིན་ངན་འགྲོར་ལྟུང་བྱེད་པའི། །སྤངས་ལྟུང་སུམ་ཅུས་གོས་ཕ་མཐོལ་ལོ་བཤགས། །ཤེས་བཞིན་རྫུན་སྨྲ་དགེ་སློང་སྐྱོན་ནས་བརྗོད། །ཕྲ་མས་འབྱེད་དང་སྐྱོ་སྔོགས་བཟླུམས་ཀྱང་དབྱེ། །བུད་མེད་ཆོས་སྟོན་བསྙེན་
པར་མ་རྫོགས་དང༌། །ལྷན་ཅིག་ཆོས་འདོན་གནས་ངན་ལེན་ལྟུང་བརྗོད། །མི་ཆོས་བླ་མ་བདེན་སྨྲ་བཤེས་ངོར་འཕྱ། །བསླབ་གཞི་ཁྱད་གསོད་ས་བོན་སྐྱེ་བ་གཅོད། །བདག་གི་ངོར་འཕྱ་བསྒོ་བ་རྣར་གཟོན་ཏེ། །ལྟུང་བྱུང་གླེང་ལ་མ་ཐོས་ལན་གཞན་འདེབས། །ཁྲི་དང་གདིང་བ་མ་བསྡུས་བཏིང་སྟེ་སོང༌། །དགེ་སློང་སྐྲོད་དང་ཐོ་འཚམ་ཕྱིས་གནོན་བྱས། །མལ་ཁྲིའི་བུག་དབྱུང་སྲོག་ཆགས་ལྡན་པའི་ཆུ། །རྩར་འདེབས་གཙུག་ལག་ཕ་གུ་རིམ་གསུམ་ལྷག །ཤེས་བཞིན་འཇིག་རྐྱེན་སར་བརྩིགས་དགེ་སློང་མར། །མ་བསྐོས་ཆོས་སྟོན་བསྐོས་ཀྱང་ཉི་ནུབ་དང༌། །ཁ་ཟས་ཕྱིར་སྟོན་གོས་བཙེམས་ཆོས་གོས་སྦྱིན། །དོན་མཐུན་ལམ་འགྲོགས་གྲུར་ཞུགས་གྱེན་མཐུར་འགྲོ། །དབེན་པར་གཅིག་འདུག་པ་དང་མཉམ་དུ་འགྲེང༌། །རྫུན་གྱིས་སྦྱོར་བཅུག་དུས་རུང་ཁ་ཟས་ཟོས། །ཡང་ཡང་ཟས་ཟ་མུ་སྟེགས་འདུག་པའི་སར། །ཞག་གཅིག་ལྷག་བསྡད་ཟ་དང་ལྷུང་བཟེད་དོ། །ཟོས་ཤིང་ཟོས་རྗེས་བཟའ་དང་བཅའ་བ་ཟ། །སྤང་ཟད་ལྟུང་འབྱུང་ཆེད་དུ་རྫུན་གྱིས་སྟོབ། །གནང་མིན་མཚམས་ནང་ལོགས་སུ་འདུས་ནས་ཟ། །དུས་མིན་ཕྱེད་ཡོལ་ཟ་དང་གསོག་འཇོག་ཟ། །བྱིན་ལེན་མ་བྱས་སྨན་བཞི་ཁ་རུ་མིད། །བསོད་པ་ཞིམ་པའི་ཟས་སློང་སྲོག་ཆགས་བཅས། །ཆུར་སྤྱོད་ཉལ་པོ་བྱེད་པའི་ཁྱིམ་དུ་ཉལ། །ཉེར་འགྲེང་གཅེར་བུ་པ་ལ་ཁ་ཟས་བྱིན། །དམག་ལྟ་དམག་སར་ཞག་གཉིས་ལྷག་པར་བསྡད། །དམག་གི་རུ་བཀོད་བྱེད་དང་དགེ་སློང་རྡེག །བརྡེག་རྩོམ་གནས་ངན་ལེན་གྱི་ལྟུང་བ་འཆབ། །དགེ་སློང་ཟས་གཅོད་དུས་མིན་མེ་ལ་རེག །དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ། །བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་ཉལ། །སྡིག་ལྟ་མི་གཏོང་སྤངས་པའི་རྗེས་སུ་ཕྱོགས། །དགེ་ཚུལ་བསྙིལ་དང་ཟང་ཟིང་ཆོས་ལོངས་སྤྱོད། །རུང་བའི་ཚོན་མིན་ཁ་དོག་ཅན་གོས་གྱོན། །རིན་ཆེན་དམག་
ཆས་རྒྱན་དང་རོལ་མོར་རེག །གནང་བའི་དུས་མིན་ཁྲུས་བྱེད་དུད་འགྲོ་གསོད། །དགེ་སློང་གཞན་ལ་འགྱོད་སྐྱེད་གག་ཚིལ་དགག །ཆུར་རྩེ་བུད་མེད་གནས་གཅིག་ཉལ་བ་དང༌། །དགེ་སློང་དངངས་བྱེད་དེ་ཡི་ཡོ་བྱད་སྦེད། །སྔར་བྱིན་གདིང་མེད་སླར་བླངས་སྤྱོད་པ་དང༌། །གཞི་མེད་སྐུར་བཏབ་གྲོགས་མེད་བུད་མེད་དང༌། །རྐུན་པོ་དང་འགྲོགས་རྒྱང་གྲགས་གཅིག་ཏུ་ཕྱིན། །ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཕོག །ས་བརྐོ་མགྲོན་སར་དུས་ལས་ལྷག་པར་ཟོས། །སློབ་པ་ཁྱད་གསོད་འཐབ་པའི་ཉན་རྣ་བྱེད། །ལས་གྲལ་མི་སྨྲ་འགྲོ་དང་མ་གུས་འགལ། །ཆང་འཐུང་དུས་མིན་ཕྱི་དྲོ་གྲོང་དུ་རྒྱུ། །ཟས་བཅས་སྔ་ཕྱི་ཁྱིམ་གསུམ་ཁྱིམ་བཞི་འདས། །རྒྱལ་པོ་བཙུན་མོར་རྩེ་བའི་ཁབ་ཏུ་ཉལ། །མདོ་སོགས་འདོན་ལ་ད་གདོང་ཤེས་ཟེར་དང༌། །རིན་ཆེན་ཁབ་རལ་ཁྲི་རྐང་ཆེ་མཐོ་བཟོས། །ཤིང་བལ་དགེ་འདུན་མལ་དུ་བརྡལ་ཏེ་བགོས། །གདིང་གཡན་རས་ཆེན་ཆོས་གོས་ཚད་ལྷག་འཆང༌། །སྤྱད་ན་ངན་སོང་ལྟུང་བྱེད་འབའ་ཞིག་པ། །དགུ་བཅུ་ཐམ་པས་གོས་པ་མཐོལ་ལོ་བཤགས། །དགེ་སློང་མ་ལས་གྲོང་དུ་ཟས་བླངས་ཟོས། །ཁྱིམ་དུ་ངོས་མགྲོན་ཟས་སྦྱིན་མ་བཟློག་དང༌། །བསླབ་སྡོམ་བྱིན་ལས་རུང་བ་མིན་པ་བླངས། །ནགས་མ་མྱུལ་བར་དགོན་པར་བླངས་ཟོས་བཞི། །སོ་སོར་སྨྲེ་སྔགས་འགྱོད་བཅས་མཐོལ་ལོ་བཤགས། །ཤམ་ཐབས་ཟླུམ་མིན་རྩེངས་འཇོལ་གླང་སྣ་འདྲ། །ལྟེབ་དང་འཕུར་མ་གདེངས་ཀ་ལྟ་བུ་བདུན། །སྣམ་སྦྱར་བླ་གོས་ཟླུམ་པོར་མ་བགོས་དང༌། །ཧ་ཅང་རིང་ཐུང་སྟོད་གསུམ་གོས་ཀྱི་བཅུ། །ལུས་ངག་མ་བསྡམས་ཆོས་གོས་ལེགས་མ་བགོས། །ཅ་ཅོ་མིག་གཡེངས་གཉའ་ཤིང་གང་ཙམ་ལས། །རིང་ལྟ་མགོ་བཏུམས་གོས་བརྫེས་ཕྲག་ལ་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །མཆོང་རྒྱང་རྐང་པའི་བྲང་དང་རྟིང་བཙུགས་འགྲོ། །ལག་པ་དཀུར་བརྟེན་ལུས་བསྒྱུར་
ལག་པ་གཡོབས། །མགོ་བསྒྱུར་ཕྲག་པ་སྤྲད་དང་ལག་པ་སྦྲེལ། །ཁྱིམ་འགྲོའི་སྤྱོད་ཡུལ་ཉི་ཤུར་འགལ་བ་དང༌། །སྟན་ལ་མ་བསྒོས་མ་བརྟགས་འཕོངས་རྡེབ་འདུག །རྐང་བརྐྱངས་བསྣོལ་དང་བརླ་བསྣོལ་ལོང་བུ་བརྩེགས། །ཁྲི་འོག་རྐང་དགུག་རྐང་པ་ཕན་ཚུན་གདངས། །འདོམས་མཐོང་འདུག་ཚུལ་སྤང་བྱ་དགུ་པོ་དང༌། །ལག་པས་འགྲམ་བརྟེན་སྟན་ཁར་སོང་བ་དང༌། །ལེགས་པར་མི་ལེན་ཁ་ད་ཆད་དུ་ལེན། །ཟན་དང་བྱ་ན་མཉམ་པར་མི་ལེན་དང༌། །མཐར་ཆགས་མི་ལེན་ལྷུང་བཟེད་ཟུར་མིག་ལྟ། །བཟེད་སྔས་སྔར་བྱུང་སྦས་ནས་བཟེད་པ་དང༌། །སྣོད་གཞན་སྟེང་བཟེད་ཟས་བླངས་སྐྱོན་བརྒྱད་དང༌། །ལེགས་པར་མི་བཟའ་ཧ་ཅང་ཁམ་ཆེ་ཆུང༌། །རན་མིན་ཟས་ལས་སྔོན་དུ་ཁ་གདངས་དང༌། །ཁ་ཟས་ཟ་བཞིན་ཚིག་སྨྲ་ཙུག་གཙུག་དང༌། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །འབྲུ་ནས་གུད་ཕྱེ་ཟས་ལ་སྐྱོན་འཕྱ་དང༌། །ཁམ་གཅིག་མཁུར་སྤོ་རྐན་ཏོག་ཁམ་འཕྲོ་བཅད། །ལག་བལྡག་སྣོད་འབྱོག་ལག་སྦྲུག་སྐྱོམ་སྐྱོམ་བྱེད། །མཆོད་རྟེན་འདྲར་བྱེད་བཟའ་བའི་སྐྱོན་ཉེར་གཅིག །ལྷུང་བཟེད་འཕྱས་བཏགས་ལག་པ་ཟས་འབགས་པས། །ཆུ་སྣོད་ལ་རེག་འབགས་ཆུ་གཞན་ལ་གཏོར། །མ་དྲིས་ཁྱིམ་དུ་ཆུ་དོར་ཟས་ལྷག་བཞག །ས་རྗེན་གད་ཀ་རི་གཟར་བང་རིམ་བཞིར། །བཞག་འདྲིལ་གད་གཡང་བཀན་གཟར་ལངས་བཞིན་འཁྲུ། །འབབ་ཆུའི་རྒྱུན་ལས་བཟློག་སྟེ་འཁྲུ་དང་གཅུ། །ལྷུང་བཟེད་སྤྱོད་ཉེས་ལ་བརྟེན་བཅུ་བཞི་དང༌། །འགྲེངས་དང་ཉལ་ལ་ཆོས་བཤད་རང་ཉིད་དམའ། །མདུན་ལ་རྒྱབ་དང་ལམ་པོའི་འགྲམ་ནས་བཤད། །མགོ་གཡོགས་བརྗེས་གཟར་ལག་པ་གཉའ་ལྟག་བསྣོལ། །དོ་ཀེར་ཅན་དང་ཞྭ་གྱོན་ཅོད་པན་བཏགས། །ཕྲེང་བས་ལུས་བརྒྱན་མགོ་དཀྲིས་གླང་རྟ་ཞོན། །ཁྱོགས་དང་བཞོན་པའི་སྟེང་འདུག་མཆིལ་ལྷྭམ་གྱོན། །འཁར་བ་གདུགས་
མཚོན་རལ་གྲི་དགྲ་ཆ་ཐོགས། །གོ་ཆ་གྱོན་ལ་ཆོས་བཤད་ཉེས་ཉེར་དྲུག །མི་ན་བཞིན་ཏུ་འགྲེང་སྟེ་བཤང་གཅི་དོར། །ཆུ་ནང་བཤང་གཅི་སྐྱགས་པ་མཆིལ་སྣབས་འཕངས། །རྩྭ་སྔོན་བཤང་གཅི་དོར་བཅས་བསྒྲུབ་ཚུལ་གསུམ། །གནོད་མེད་ཤིང་ལ་མི་གང་ལྷག་པར་འཛེག །རྒྱུ་བ་གཅིག་སྟེ་གང་སྦྱང་ཉེས་བྱས་ཉིད། །བརྒྱ་དང་བཅུ་གསུམ་ལས་འདས་མཐོལ་ལོ་བཤགས། །སྤྱད་ན་ངན་འགྲོར་ལྟུང་བའི་སྡེ་ལྔ་པོས། །བྱང་གྲོལ་བར་ཆད་མི་འདོད་སྡིག་ལྟས་ཉམས། །ཕམ་པ་གང་རུང་བྱུང་བས་ཚུལ་ཁྲིམས་ཉམས། །བཅས་ལྟུང་སྤོང་བའི་ལུས་ངག་བྱ་བ་ཉམས། །ཚུལ་འཆོས་ཁ་གསག་གཞོག་སློང་རྙེད་འཚོལ་དང༌། །ཐོབ་འཇལ་ལོག་འཚོ་ལྔར་སྤྱད་འཚོ་བ་ཉམས། །ཉམས་པ་རྣམ་བཞིས་གོས་པ་མཐོལ་ལོ་བཤགས། །གྲོང་དུ་འཇུག་ཚེ་བཙོན་རྭའི་འདུ་ཤེས་དང༌། །གཙུག་ལག་ཁང་དུ་མདོ་སྡེ་བཞིན་སྤྱོད་དང༌། །ཟས་ལ་ནད་ཀྱི་གཉེན་དང་འཇིག་རྟེན་གྱི། །མཐུན་འཇུག་བྱ་བར་འོན་ལོང་ལྐུག་པའི་ཚུལ། །ཉལ་ཚེ་ལུས་སེམས་མ་འཕྱར་ཐུམ་འཕྲད་ཀྱི། །འདུ་ཤེས་ལྔ་པོ་མི་ལྡན་མཐོལ་ལོ་བཤགས། །ལུས་ནི་འདུ་འཛི་སེམས་ནི་རྣམ་གཡེང་ལས། །བསྲིང་བ་གཉིས་ལྡན་འདོད་ཆུང་ཆོག་ཤེས་པས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཀྱང༌། །སྤང་དང་ཀློག་པར་མ་བརྩོན་མཐོལ་ལོ་བཤགས། །མཚམས་ནང་གསོ་སྦྱོང་མ་འདུས་འདུན་ཡོངས་དག །མ་བླངས་མ་ཕུལ་ལྟུང་བ་ཤེས་བཞིན་བཅབ། །སོ་ཐར་གུས་པས་མ་མཉན་ཐོས་སྒོམ་དང༌། སྲོག་ཆགས་གནོད་སྤོང་ཕྱིར་དུ་དབྱར་ཟླ་གསུམ། །གནས་མ་བཅས་སོགས་བསླབ་པ་ཡོངས་སྦྱོང་གི །གཞི་གསུམ་དག་དང་གང་འགལ་མཐོལ་ལོ་བཤགས། །ཕྱག་དར་ཁྲོད་དང་དུར་ཁྲོད་དོར་བའི་གོས། །ཚད་ལྡན་འཚོ་བའི་ཡོ་བྱད་བཅུ་གསུམ་པོ། །ཆོས་ཀྱི་རྒྱལ་མཚན་སྤངས་ནས་མི་རུང་བའི། །རྒྱུར་བྱས་ཚོན་ཆེན་བརྒྱད་ཀྱིས་བགོས་པ་ཡི། །ཁྱིམ་པའི་རྟགས་བླངས་དུས་རུང་ཐུན་ཚོད་རུང༌། །ཞག་བདུན་འཚོ་བཅང་སྨན་བཞི་རང་དུས་ལས། །འདས་འཆང་བཟའ་བཏུང་རུང་བའི་ཆུ་མ་བཏབ། །ལག་ཉར་བླངས་ཤིང་སྒོག་བཙོང་ལྟོར་
ཟོས་ནས། །གཙུག་ལག་ཁང་དུ་ཕྱིན་སོགས་བདེར་གནས་པའི། །རྐྱེན་གྱི་གཞི་དང་གང་འགལ་མཐོལ་ལོ་བཤགས། །གོས་སྨན་རང་སྔགས་བྱིན་གྱིས་མ་བརླབས་སོགས། །གསོལ་རྐྱང་གསོལ་བ་དང་གཉིས་དང་བཞི་ཡི། །ལས་ལ་མ་ཞུགས་ཡན་ལག་མ་ཚང་དང༌། །ལྟུང་བ་ཕྱིར་བཅོས་མ་བྱས་བཏང་སྙོམས་ལུས། །རྩོད་གཞིའི་གཞི་བཏིང་ཆོས་མིན་ཕྱོགས་སུ་བལྟས། །ཆོ་ག་ཁྱད་འབྲེལ་ཉེས་པ་དག་བྱེད་ཀྱི། །གཞི་གཉིས་པོ་དང་གང་འགལ་མཐོལ་ལོ་བཤགས། །གནས་མལ་ལ་སོགས་ཞུམ་དང་ཁེངས་པ་ཡི། །མཐའ་གཉིས་སྤངས་ནས་ལེགས་པར་མ་སྤྱོད་དང༌། །ཁྲིམས་དག་ཐོས་སྒོམ་མ་ནུས་ལེ་ལོ་ཅན། །དཀོར་ལ་བུ་ལོན་ཚུལ་དུ་སྤྱོད་བྱས་དང༌། །ཚུལ་མལ་ནམ་ཡང་དགེ་འདུན་གནས་དང་དཀོར། །ཏིལ་འབྲུ་ཙམ་ཡང་སྤྱད་པར་བཀག་བཞིན་དུ། །བག་མེད་ཅི་དགར་ལོངས་སྤྱད་མཐོལ་ལོ་བཤགས། །ཚོང་ཁེ་ཞིང་ལས་ཤགས་དང་རྒྱན་པོ་འགྱེད། །འདུས་ལ་ལྟ་དང་འཁྲིག་པའི་གཏམ་གླེང་སོགས། །ཚངས་སྤྱོད་བར་ཆད་གནས་གྲོགས་སྤངས་ནས་ནི། །དྲན་དང་ཤེས་བཞིན་མ་བསྟེན་མཐོལ་ལོ་བཤགས། །འདུས་བྱས་ཐམས་ཅད་མི་རྟག་ཟག་བཅས་ནི། །སྡུག་བསྔལ་ཆོས་རྣམས་སྟོང་ཞིང་བདག་མེད་པ། །མྱང་འདས་ཞི་བ་ལྟ་བ་བཀའ་རྟགས་ཀྱི། །ཕྱག་རྒྱ་བཞི་པོ་མ་འཛིན་མཐོལ་ལོ་བཤགས། །ཛི་ལར་ཆུ་སྦྱིན་འཕྲོག་མར་ཆངས་བུ་དང༌། །འབར་མ་འཇུར་གེགས་ཅན་ལ་གཏོར་མ་དང༌། །ཆབ་སྦྱིན་མ་བསྩལ་སྤྱོད་པ་བཀའ་རྟགས་ཀྱི། །ཕྱག་རྒྱ་བཞི་དང་མི་ལྡན་མཐོལ་ལོ་བཤགས། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་ཏུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དཔང་ཐོབ། །སྨིག་ཚལ་བྲེགས་པ་མྲའི་ཚལ་ཉམས་བཞིན། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་
པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པའི། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང༌། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱིད། ༈ །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང༌། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གི་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་ཞིང༌། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འབྱུང་ངོ༌། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཉོན་མོངས་ཟད་པས་མྱ་ངན་འདས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱང་རབ་བསྡམ་སྟེ། །ལུས་ཀྱི་མི་དགེ་བ་
དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་ལ་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་ཤོག །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་དུ་ཟད་བྱེད་ཤོག །ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་བཅད་པ་དང༌། སོ་ཐར་སྡོམ་པའི་ཉེས་ལྟུང་མཐོལ་བཤགས། ཞར་བྱུང་བསླབ་བྱའི་གནད་རྟོགས་པར་འགྱུར་བ་འདི་བཞིན་ཏེ། བསྟན་འགྲོའི་དཔུང་གཉེན་ཟླ་བཟང་མཆོག་སྤྲུལ་རིན་པོ་ཆེའི་བཀའ་བསྩལ་ལྟར་འདུ་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་དབེན་དུ་བྲིས་པ་བསྟན་དང་འགྲོ་ལ་ཡུན་རིང་སྨན་པར་གྱུར་ཅིག། ༈ །ཤིང་རྟ་ཆེན་པོ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་བྱང་སྡོམ་ཉེས་བཤགས་ནོར་བུ་ཀེ་ཏ་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང༌། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང༌། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་
རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རངས་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །སྲིད་སྤོང་ཞི་ལ་ཆགས་པའི་མཐའ་གཉིས་སུ། །མི་གནས་བླ་ན་མེད་པའི་མྱང་འདས་རྒྱུ། །ཐེག་མཆོག་ཆེན་པོ་བདུན་ལྡན་སྒོར་ཞུགས་ནས། །བྱང་ཆུབ་སྤྱོད་པ་མ་སྤྱད་མཐོལ་ལོ་བཤགས། །དགེ་བའི་བཤེས་སྤངས་རིགས་དང་དགེ་རྩ་བཅད། །ཐེག་ཆེན་སྡེ་སྣོད་མང་ཐོས་རྒྱང་བསྲིངས་ཏེ། །གྲོགས་རྒྱུད་དགེ་རྩ་ཐོས་པའི་སྟོབས་ལྔ་ཡིས། །སེམས་མཆོག་ནན་ཏན་མ་བསྐྱེད་མཐོལ་ལོ་བཤགས། །ཐོས་ལ་མི་དད་བསམ་གཡེལ་སྒོམ་པ་ལྷོད། །ལེ་ལོ་ཆེ་ཞིང་སེམས་ཅན་མ་དད་སྤྱོད། །སྙིང་རྗེ་ཆུང་ཞིང་བྱེད་སྤྱོད་ཕྱིན་ཅི་ལོག །དོན་གཉིས་ཉམས་པའི་རྒྱུ་བདུན་སྤྱོད་པ་བཤགས། །ཕན་ཡོན་ཉེས་དམིགས་རྙེད་དཀའ་མ་དྲན་དང༌། །ཡན་ལག་བདུན་དང་རྒྱལ་བ་སྲས་བཅས་ལ། །གསོལ་འདེབས་སྨོན་ལམ་དུས་གསུམ་མ་བགྱིས་དང༌། །ཆོས་དང་འགལ་བའི་བདུད་ལས་མ་སྤངས་པས། །འདི་ཕྱིར་ཉམས་པའི་རྒྱུར་གྱུར་མཐོལ་ལོ་བཤགས། །སེམས་ཅན་རང་དང་དམ་ཆོས་ནོར་ལས་གཅེས། །བཤེས་གཉེན་ཕ་མ་བྱང་སེམས་སྙིང་ལས་གཅེས། །སངས་རྒྱས་གོ་འཕང་འཚོ་བའི་ལོངས་སྤྱོད་ལས། །གཅེས་པར་མ་
བལྟས་མཐུན་རྐྱེན་སྤངས་པ་བཤགས། །སྤངས་རྟོགས་ཕྲིན་ལས་ཕུན་ཚོགས་ཐོབ་པའི་རྒྱུ། །རང་གཞན་སྨིན་བྱེད་ཉེས་སྤྱོད་སྡོམ་པ་དང༌། །དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི། །ཚུལ་ཁྲིམས་གསུམ་དང་འགལ་བ་མཐོལ་ལོ་བཤགས། ༈ །ནམ་སྙིང་ཐབས་ལ་མཁས་སོགས་མདོ་སྡེའི་དོན། །འཇམ་དཔལ་གདམས་ངག་འཕགས་ཞབས་ཡབ་སྲས་ལས། །རིམ་འོངས་ཟབ་མོ་ལྟ་བརྒྱུད་བཞེད་གཞུང་གི །བསླབ་པའི་གནས་དང་གང་འགལ་མཐོལ་ལོ་བཤགས། །གཞན་དོན་རྫོགས་བྱང་དོན་གཉིས་བློས་བཏང་ནས། །ཐེག་དམན་རང་དོན་ཉི་ཚེ་ཡིད་ལ་བྱེད། །ཕས་ཕམ་ལས་ལྕི་ཚུལ་ཁྲིམས་སྐྱོན་བྱེད་པ། །སྡོམ་པའི་རྩ་བ་སྨོན་སེམས་གཏོང་བ་བཤགས། །བྱང་ཆུབ་སེམས་འདོར་སེར་སྣས་སྦྱིན་མི་བྱེད། །མི་བཟོད་ཁྲོ་བས་རྡེག་ཅིང་ཉོན་མོངས་དང༌། །གནས་མཐུན་ཆོས་ལྟར་བཅོས་པ་བསྟན་ལ་སོགས། །འཇུག་པས་དགེ་ལ་མ་སྦྱོར་མཐོལ་ལོ་བཤགས། །སྐུ་གཟུགས་མཆོད་རྟེན་དམ་ཆོས་གླེགས་བམ་དང༌། །ཆོས་སྨྲའི་ཆ་རྐྱེན་དགེ་འདུན་འདུ་བའི་རྫས། །དཀོན་མཆོག་དཀོར་ལ་རྐུ་འཕྲོག་ལོངས་སྤྱད་པས། །རྩ་ལྟུང་དང་པོས་གོས་པ་མཐོལ་ལོ་བཤགས། །ཐེག་གསུམ་གང་ཡང་རུང་བའི་སྡེ་སྣོད་དང༌། །ཚུལ་ཁྲིམས་ཏིང་འཛིན་སེམས་ཀྱི་བསླབ་པ་ལ། །རང་འདོད་བློ་ཡིས་ཕྱོགས་ཁྱེར་སྨད་ཅིང་སྤངས། །རྩ་ལྟུང་གཉིས་པས་གོས་པ་མཐོལ་ལོ་བཤགས། །རབ་བྱུང་རྟགས་ཙམ་འཛིན་པ་ཡན་ཆད་ལ། །སྡང་བས་གོས་འཕྲོགས་བརྡེགས་ཤིང་བཙོན་དུ་བཅུག །ཁྱིམ་སར་ཕབ་དང་བསད་དམ་གསོད་སེམས་འཆང༌། །རྩ་ལྟུང་གསུམ་པས་གོས་པ་མཐོལ་ལོ་བཤགས། །དགེ་འདུན་དབྱེན་བྱེད་ཕ་མ་དགྲ་བཅོམ་གསོད། །དེ་བཞིན་གཤེགས་ལ་ངན་སེམས་ཁྲག་ཕྱུང་བ། །མཚམས་མེད་ལྔ་ལས་གང་རུང་གཅིག་སྤྱད་དེ། །རྩ་ལྟུང་བཞི་པས་གོས་པ་མཐོལ་ལོ་བཤགས། །ལས་འབྲས་ཁྱད་གསོད་ལོག་ལྟས་མི་དགེ་སྤྱོད། །དགེ་རྩ་ཆད་པའི་རྩ་ལྟུང་
ལྔ་པས་གོས། །བྱང་སེམས་རྒྱལ་ལ་འབྱུང་ཉེའི་ལྟུང་བ་ལྔ། །བྱས་སམ་བྱེད་དུ་བཅུག་པ་མཐོལ་ལོ་བཤགས། །ཁྱིམ་ཉུང་གྲོང་དང་རིགས་བཞི་ཚང་བའི་ལྗོངས། །གྲོང་ཁྱེར་གྲོང་རྡལ་ཡུལ་འཁོར་ཆེན་པོ་རྣམས། །སྡང་བས་འཇིགས་པས་འཇོམས་སོགས་བློན་པོ་ལ། །འབྱུང་ཉེའི་རྩ་ལྟུང་ལྔ་པོ་གོས་པ་བཤགས། །དང་པོའི་ལས་ཅན་བློ་མ་སྦྱངས་པ་ལ། །མ་བརྟགས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །སངས་རྒྱས་སྒྲུབ་ལ་ཞུགས་པའི་བློ་ཆེན་པོ། །དེ་ལས་བཟློག་སྟེ་ཐེག་དམན་ལམ་དུ་བཀོད། །ཉན་ཐོས་རིགས་ཅན་སོ་ཐར་སློབ་པ་ལ། །སྨད་ནས་དོར་ཏེ་ཐེག་ཆེན་སློབ་ཏུ་བཅུག །ཉན་ཐོས་ཐེག་པས་ཆགས་སོགས་མི་སྤོང་བས། །མཐར་ལམ་མེད་སྨྲ་གཞན་ལའང་འཛིན་དུ་འཇུག །ཕྲག་དོག་དབང་གིས་བྱང་སེམས་གཞན་གྱི་སྐྱོན། །ཡོད་མེད་ཀུན་གླེང་རང་གི་ཡོན་ཏན་ངོམས། །མ་རྟོགས་བཞིན་དུ་བརྙེད་དང་བཀུར་སྟིའི་ཕྱིར། །རྟོགས་པར་ཁས་འཆེ་བདག་ཉིད་ལོག་པར་འཚོང༌། །རྒྱལ་དང་དབྱེན་བྱས་དགེ་སྦྱོར་ཆད་འབེབས་ཤིང༌། །ཆད་འཇལ་ལྐོག་བརྔན་དཀོན་མཆོག་དཀོར་ནོར་བླངས། །ཞི་གནས་ལ་སོགས་རྣལ་འབྱོར་འདོར་འཇུག་ཅིང༌། །སྤོང་བའི་ལོངས་སྤྱོད་ཀློག་པའི་སྡེ་ལ་བྱིན། །དང་པོའི་ལས་ཅན་ཕ་ཡལ་འབྱུང་ངེས་ཤིང༌། །མི་བཟད་སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །དགེ་རྩ་སྔོན་བསྐྱེད་ཐལ་བར་རླག་བྱེད་པ། །རྩ་ལྟུང་བརྒྱད་པོས་གོས་པ་མཐོལ་ལོ་བཤགས། །བདེ་སྡུག་ཡལ་བར་འདོར་བ་ཉི་ཤུ་བཞི། །བསྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུག་བཅས། །གནས་སྐབས་སུའམ་གཏན་དུ་དོར་བ་ཡི། །ཡན་ལག་ཉེས་བྱས་བརྒྱད་ཅུས་གོས་པ་བཤགས། །མི་དགེ་བཅུ་དང་ཆོས་བརྒྱད་ལོག་འཚོ་ལྔ། །ལོག་རྟོག་བརྒྱད་དང་སྤྱོད་ཡུལ་མིན་པ་ལྔ། །སྡིག་གྲོགས་སྡིག་ལྟ་འཛིན་སོགས་བདུད་ཀྱི་ལས། །ལྟ་བས་གཟིངས་དང་དགེ་རྩ་མཛད་པའི་རྒྱུ། །བཞི་
སོགས་ཐེག་ཆེན་མདོ་ལས་གསུངས་རྣམས་དང༌། །དོན་མེད་རྒྱུག་མཆོང་བྲེ་མོའི་གཏམ་སྨྲ་ཞིང༌། །ཆགས་སྡང་མནོ་སོགས་དགག་པའི་བསླབ་བྱ་ཉམས། །འཛུམ་དེས་ཞི་དལ་དྲང་པོར་མ་སྨྲས་སོགས། །བསྒྲུབ་པའི་བསླབ་བྱ་རྣམས་དང་འགལ་བ་བཤགས། ༈ །འཁོར་ལོ་ཕྱི་མ་གཉིས་ཀྱིས་བསྟན་པའི་དོན། །བྱམས་མགོན་གདམས་ངག་ཐོག་མེད་སྐུ་མཆེད་ལས། །རིམ་འོངས་རྒྱ་ཆེན་སྤྱོད་བརྒྱུད་བཞེད་གཞུང་གི །བསླབ་པའི་གནས་དང་གང་འགལ་མཐོལ་ལོ་བཤགས། །ཕན་བཏགས་ལན་དུ་གནོད་པ་ཆེར་བྱས་ཀྱང༌། །ཡང་ལན་སྙིང་རྗེ་ཆེན་པོས་མི་ལྡོན་པར། །སེམས་ཅན་གཅིག་ལ་སྐད་ཅིག་གཅིག་ཙམ་དུ། །ཁྲོ་བས་བློ་ཡིས་བཏང་བ་མཐོལ་ལོ་བཤགས། །སྡོང་པོ་བཀོད་པར་ཉིས་བརྒྱ་སུམ་ཅུའི་དཔེས། །བསྟན་སོགས་སྨོན་སེམས་བསྐྱེད་པའི་ཕན་ཡོན་ནི། །དངོས་པོར་གྲུབ་ན་ནམ་མཁར་མི་ཤོང་བ། །རྟག་ཏུ་དྲན་ཏེ་གཅེས་སྤྲས་མ་བྱས་བཤགས། །ཐུན་ཚོད་རེར་ཡང་གཞན་ཕན་འབའ་ཞིག་བློས། །ཆོས་སྤྱོད་རྣམ་བཅུ་བསྡུ་བའི་དངོས་པོ་བཞི། །ཕར་ཕྱིན་བཅུ་སོགས་བྱང་སེམས་སྟོབས་བསྐྱེད་པའི། །ཚོགས་གཉིས་ཟུང་འཇུག་མ་བསགས་མཐོལ་ལོ་བཤགས། །བྱམས་དང་སྙིང་རྗེ་རྒྱུ་ལ་མ་སྦྱངས་དང༌། །ཉིན་མཚན་དུས་དྲུག་བྱང་སེམས་མ་བླངས་དང༌། །བདེ་སྡུག་གཏོང་ལེན་སྤྱོད་ལ་མ་སྦྱངས་སོགས། །བྱང་སེམས་འཕེལ་བའི་ཐབས་ལ་མ་བརྩོན་བཤགས། །མཆོད་འོས་བསླུ་ཞིང་གཞན་ལ་འགྱོད་པ་བསྐྱེད། །དགེ་སྦྱོང་སྐྱོན་བརྗོད་འགྲོ་ལ་གཡོ་སྒྱུས་སྤྱོད། །བྱས་པ་ཙམ་གྱིས་སྡོམ་པ་འཇིག་བྱེད་པ། །ནག་པོའི་ཆོས་བཞིས་གོས་པ་མཐོལ་ལོ་བཤགས། །སྲོག་གི་ཕྱིར་ཡང་ཤེས་བཞིན་རྫུན་མི་སྨྲ། །སེམས་བསྐྱེད་པ་ལ་སྟོན་པའི་འདུ་ཤེས་བཞག །འགྲོ་ལ་གཡོ་མེད་ཀུན་ཀྱང་ཐེག་པ་ཆེར། །འགོད་འདོད་དཀར་པོའི་ཆོས་བཞི་མི་ལྡན་བཤགས། །
རྙེད་དང་བཀུར་སྟི་ལྷག་པར་ཆགས་པའི་བློས། །བདག་ལ་བསྟོད་ཅིང་གཞན་གྱི་ཡོན་ཏན་སྨོད། །སྡུག་བསྔལ་མགོན་མེད་པ་དང་སྣོད་གྱུར་ལ། །སེར་སྣས་ཟང་ཟིང་ནོར་དང་ཆོས་མི་སྟེར། །གཞན་གྱིས་བཤགས་ཀྱང་མི་བཟད་ཁྲོ་བ་ཡིས། །ཞེ་འཁོན་མི་ལྡོག་རྡེག་ཅིང་འཚོག་པས་འཚེ། །གཏི་མུག་དབང་གིས་ཆོས་ལ་སྐུར་འདེབས་ཤིང༌། །ཆོས་མ་ཡིན་པ་ཆོས་ལྟར་བཅོས་ཏེ་འཆད། །འཇུག་པའི་བསླབ་བྱ་དང་འགལ་རྩ་ལྟུང་བཞི། །ཉོན་མོངས་ཆེ་འབྲིང་ཆུང་དུས་སྤྱད་པ་ལས། །སྡོམ་པ་ཤོར་དང་ཉམས་འགལ་གྱུར་པ་ཡིས། །ས་ལམ་རིང་དུ་བྱས་པ་མཐོལ་ལོ་བཤགས། །དཀོན་མཆོག་མི་མཆོད་འདོད་སེམས་རྗེས་སུ་ཞུགས། །རྒན་ལ་མ་གུས་དྲིས་ལ་ལན་མི་འདེབས། །མགྲོན་པོས་མ་སོང་གསེར་སོགས་སྦྱིན་མི་ལན། །ཆོས་འདོད་མི་སྟེར་སྦྱིན་དང་འགལ་བ་བདུན། །ཚུལ་འཆལ་ཡལ་འདོར་དད་ཕྱིར་རང་མི་སློབ། །གཞན་དོན་མི་བྱེད་སྤང་བདུན་ཕན་ཡང་འཛེམ། །ལོག་འཚོ་དང་ལེན་འཕྱར་གཡེང་རྩེད་མོར་དགའ། །སྲིད་འབྱོར་ལ་ཆགས་གཞན་གྲགས་ངན་མི་སེལ། །རང་གཞན་ཉོན་མོངས་ཆེ་ལྡན་མཐོང་ན་ཡང༌། ཆོས་བཞིན་མི་སེལ་ཚུལ་ཁྲིམས་དང་འགལ་དགུ། །གཤེ་ཁྲོ་རྡེག་དང་མཚང་འབྲུར་དེ་ལན་ཟློག །གཞན་ཁྲོས་སེམས་གསོ་མ་བྱས་ཡལ་བར་དོར། །བཤགས་པ་མ་བླངས་ཁྲོ་བའི་སེམས་བྱུང་ན། །མ་སྤངས་དང་བླངས་བཟོད་དང་འགལ་བ་བཞི། །ནོར་དང་སྙན་གྲགས་ཆེད་དུ་འཁོར་བསྡུས་ཤིང༌། །གཉིད་དང་སྙོམ་ལས་ལེ་ལོ་སེལ་མི་བྱེད། །འདུ་འཛིའི་གཏམ་ཆགས་བརྩོན་འགྲུས་འགལ་ཟླ་གསུམ། །སེམས་གནས་ཐབས་བོར་སྒྲིབ་པ་ལྔ་མི་སྤོང༌། བདེ་གསལ་རོར་ཆགས་བསམ་གཏན་དང་འགལ་གསུམ། །ཐེག་དམན་མི་སློབ་ཐེག་ཆེན་སྡེ་སྣོད་དོར། །སངས་རྒྱས་གཞུང་དོར་མུ་སྟེགས་
བསྟན་བཅོས་བརྩོན། །ནང་རིག་ལས་ཀྱང་ཕྱི་གཞུང་ཆེད་ཆེར་གཟུང༌། །ཐེག་ཆེན་སྐུར་འདེབས་བདག་བསྟོད་གཞན་ལ་སྨོད། །ཆོས་སྨྲའི་དྲུང་དུ་ཆོས་ཕྱིར་མི་འགྲོ་བར། །འཕྱ་ཞིང་ཁྱད་གསོད་ཤེས་རབ་དང་འགལ་བརྒྱད། །གཞན་གྱི་གྲོགས་ངན་ནད་པའི་རིམ་གྲོ་དང༌། །སྡུག་བསྔལ་བསལ་ཞིང་བག་མེད་ཚུལ་བཞིན་དུ། །འཆོས་པར་མི་བྱེད་གཞན་དོན་ལས་ཉམས་བཞི། །ཕན་བཏགས་ལན་དུ་དྲིན་གཟོ་མ་བྱས་དང༌། །མྱ་ངན་མ་བསལ་སློང་ལ་འདོད་མ་བྱིན། །འཁོར་རྣམས་མ་བསྐྱངས་གཞན་སེམས་དང་མི་མཐུན། །གཞན་བསྔགས་མི་བརྗོད་ཕན་འདོགས་གཡེལ་བ་དྲུག །ཆོས་འགལ་ཆད་པ་འོས་ཀྱང་བཏང་སྙོམས་བཞག །ཆོས་ལྡན་གཏམ་དང་རྫུ་འཕྲུལ་གྱིས་མ་བསྡིགས། །ངན་པ་ཚར་མི་གཅོད་པའི་ཉེས་གཉིས་བཅས། །ཉེས་བྱས་བཞི་བཅུ་རྩ་དྲུག་སྤྱད་པ་བཤགས། །གཞན་ཡང་སོ་སོར་ཐར་པ་རིས་བརྒྱད་ཀྱི། །བཅས་ལྟུང་བླངས་འདས་ཀུན་རྩ་སྐྱབས་སྡོམ་དང༌། །འགལ་སོགས་མ་གུས་སྙོམ་ལས་ལེ་ལོ་ཡིས། །ཉེས་སྤྱོད་སྡོམ་པའི་ཚུལ་དང་གང་འགལ་བཤགས། །མི་མཐུན་ཕྱོགས་ཉམས་མི་རྟོག་ཡེ་ཤེས་ལྡན། །འདོད་དོན་རྫོགས་ཤིང་སེམས་ཅན་རབ་སྨིན་བྱེད། །ཁྱད་ཆོས་བཞི་ལྡན་ཕར་ཕྱིན་སོ་དྲུག་སོགས། །དགེ་ཆོས་མཐའ་དག་མ་བསྡུས་མཐོལ་ལོ་བཤགས། །ཟང་ཟིང་དམ་ཆོས་མི་འཇིགས་མ་བྱིན་དང༌། །སྡོམ་དང་ཆོས་སྡུད་དོན་བྱེད་ཚུལ་ཁྲིམས་ཉམས། །གནོད་དང་སྡུག་བསྔལ་ཟབ་མོའི་དོན་མི་བཟོད། །གོ་ཆ་དགེ་སྡུད་གཞན་ཕན་བརྩོན་འགྲུས་ལྷོད། །བདེར་གནས་སྒྲུབ་དང་གཞན་དོན་བསམ་གཏན་གཡེལ། །ཐོས་བསམ་སྒོམ་པའི་ཤེས་རབ་མ་གོམས་ཏེ། །ཡོན་ཏན་བཞི་དང་ལྡན་པའི་ཕ་རོལ་ཕྱིན། །དམ་པ་དྲུག་ལྡན་ཉམས་སུ་མ་བླངས་བཤགས། །དུས་གསུམ་གྱིས་བསྡུས་སེམས་ཅན་སྨིན་བྱེད་ཐབས། །ཀུན་འདུས་སྦྱིན་དང་སྙན་
སྨྲ་དོན་སྤྱོད་དང༌། །དོན་མཐུན་དངོས་པོ་བཞི་ཡིས་སེམས་ཅན་གྱི། །དོན་བྱེད་ཚུལ་ཁྲིམས་མ་བསྲུངས་མཐོལ་ལོ་བཤགས། །ལུས་དང་ལོངས་སྤྱོད་དགེ་བའི་དངོས་གསུམ་པོ། །བསྲུང་དང་དག་པ་གཏོང་དང་སྤེལ་བ་ཡི། །ས་མཚམས་བཞིན་དུ་མཐུན་ཕྱོགས་ཀུན་སློབ་ཅིང༌། །མི་མཐུན་ཕྱོགས་སྤང་ཇི་བཞིན་མ་བྱས་བཤགས། །མདོར་ན་དྲན་དང་ཤེས་བཞིན་བག་ཡོད་པས། །འདི་དང་གཏན་དུ་ཕན་པའི་རྒྱུར་འགྱུར་བའི། །རྒྱལ་སྲས་རྣམས་ཀྱི་བསླབ་བྱ་གང་ཡིན་པ། །མིག་དང་སྲོག་ལྟར་མ་བསྲུངས་མཐོལ་ལོ་བཤགས། །གང་གིས་རིགས་དང་མི་རིགས་མ་བརྟགས་པར། །རྩོམ་མམ་ལྡོག་གམ་བཏང་སྙོམས་འཇོག་ཀྱང་རུང༌། །འོད་འདས་ལྟུང་དང་ལྟུང་མེད་གཟུགས་བརྙན་སོགས། །བྱང་སེམས་བསླབ་པའི་གནས་དང་གང་འགལ་བཤགས། །ཉེས་པ་དུས་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལ་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །སྤྲོ་ན་འདིར། དེ་བས་རྒྱལ་བ་འགྲོ་བའི་མགོན། །སོགས་ཚང་བར་བརྗོད། ལྟུང་ཉིད་བྱང་ཆུབ་སེམས་རང་བཞིན། །ལས་མེད་རྣམ་པར་སྨིན་པ་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་གསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང༌། །རྒྱལ་སྲས་ས་ལའང་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་
བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང༌། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །རྒྱལ་དང་རྒྱལ་བའི་ཆོས་ལ་དད་བྱེད་ཅིང༌། །བྱང་ཆུབ་བླ་མེད་ལ་ཡང་དད་པར་བགྱི། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་རབ་དད་པས། །བླ་མེད་བྱང་ཆུབ་སེམས་མཆོག་རྟག་ཏུ་གཟུང༌། །འདུས་བྱས་གཡོ་བ་སྡུག་བསྔལ་མཐའ་ལ་རྟོག །སྟོན་པའི་ཆེ་བ་ཆོས་དང་བྱང་སེམས་ཀྱི། །ཕན་ཡོན་དྲན་པ་ལྔ་པོ་རྟག་ཏུ་བསྟེན། །བརྩོན་འགྲུས་རྟར་ཞོན་ཤེས་བཞིན་མིག་གིས་བལྟ། །ངེས་འབྱུང་ལྕག་བསྐུལ་ཐར་པའི་གྲོང་ཁྱེར་ལ། །བསམ་སྟེ་མི་དགེ་ཀུན་སྤོང་དགེ་ཆོས་བསྒྲུབ། །དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རྭར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་ལན་གསུམ། མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་
པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ཏེ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང༌། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་མཆོག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྦྱང་བྱ་ཞིང༌། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་ཕྱིར་ཡང་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་བཟུང་བར་བྱས་པ་དང༌། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །སོགས་དང༌། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །སོགས་ཤློ་ཀ་རེ་རེ། དཔེ་མེད་པ་ཡི་སེམས་སྐྱེས་ནས། །སྐད་ཅིག་རེར་ཡང་བསྐལ་མང་གི །ཚོགས་བཟླུམས་མཐའ་ལ་མི་གནས་པའི། །རྣམ་ཐར་ཆོས་ཀྱི་དབྱིངས་ཁྱབ་ཤོག །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །སོགས་ཤློ་ཀ་གཅིག འཇམ་དཔལ་དཔའ་བོས་སོགས། ཇི་ལྟར་སྔོན་གྱི་སོགས། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་བཏབ་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཅེས་པ་འདིའང་གྲུབ་བརྙེས་དཀོན་མཆོག་བསྟན་འཛིན་མཆོག་གི་སྤྲུལ་པའི་སྐུ་
ཆེན་པོ། ཀརྨ་བསྟན་འཛིན་དགེ་ལེགས་ཉི་མའི་ཞལ་སྔ་ནས་བཀའ་སྩལ་ཕེབས་པ་ལྷུར་བླངས་ཏེ། བྱམས་མགོན་གཉིས་པའི་འབངས་ཐ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུང་ཡང་ཁྲོད་དུ་བྲིས་པ་འབྲེལ་པ་ཐོགས་ཚད་སྤྱན་རས་གཟིགས་དབང་དང་མཉམ་པར་གྱུར་ཅིག། ༈ །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་བཤགས་པ་རྡོ་རྗེ་སེམས་དཔའི་ཁྲུས་ཆུ་ཞེས་བྱ་བ་བཞུགས་སོ། །ཧོ། ཆོས་དབྱིངས་ནམ་མཁའི་མཐའ་དང་མཉམ་པ་ཡི། །ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་རབ་འབྱམས་དང༌། །སེམས་དཔའི་རྡོ་རྗེ་སངས་རྒྱས་ཀུན་གྱི་དངོས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །དམ་ཚིག་རྗེས་གཅོད་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་དབང་གིས་མོས་པའི་གནས་འདིར་གཤེགས། །རྣལ་འབྱོར་ཉམས་པ་ཅན་ལ་ཐུགས་རྗེས་དགོངས། །རྡོ་རྗེའི་དམ་ཚིག་ཉམས་པ་མཐོལ་བཤགས་ན། །བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ། །བདག་དང་མཁའ་མཉམ་མར་གྱུར་འགྲོ་བ་ཀུན། །ཞིང་རྡུལ་གྲངས་སྙེད་སྒོ་གསུམ་གུས་བཏུད་ནས། །ཕྱག་འཚལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་ཚོགས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བ། །ཁྱད་པར་རྡོ་རྗེ་ཐེག་པའི་འདུལ་བ་ལས། །འགལ་ཉམས་རལ་བར་གྱུར་པ་གང་མཆིས་པ། །གནོང་འགྱོད་དྲག་པོས་སྙིང་ནས་མཐོལ་ཞིང་བཤགས། །མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་ལ། །མཉེས་པ་དགུ་ཡིས་ཚུལ་བཞིན་མ་བསྟེན་ཅིང༌། །མཐུན་རྐྱེན་མ་བསྒྲུབས་དབང་གིས་རྒྱུད་མ་སྨིན། །རས་ཆོད་དབང་གིས་གསང་བའི་ཐེག་པར་ཞུགས། །རྒྱུད་དོན་མ་ཁྲོལ་མན་ངག་གནད་ལ་རྨོངས། །བསྲུང་མཚམས་མ་ཤེས་ཤེས་ཀྱང་ལེ་ལོས་གཡེངས། །ཐོག་མའི་རྟེན་འབྲེལ་ལོག་པ་མཐོལ་
ལོ་བཤགས། ༈ །བསྲུང་བྱ་ཀུན་གྱི་གཞིར་གྱུར་འཇིག་རྟེན་པའི། །ཡང་དག་ལྟ་འཛིན་གསུམ་ལ་སྐྱབས་སུ་འགྲོ། །བྱང་ཆུབ་སེམས་བསྐྱེད་དཀྱིལ་འཁོར་དབང་བསྐུར་བ། །ཇི་བཞིན་ལག་ཏུ་མ་བླངས་མཐོལ་ལོ་བཤགས། །རྒྱུད་སྡེ་ཀུན་གྱི་གཞིའམ་རྩ་བ་ནི། །བྱ་རྒྱུད་སྤྱི་ཡི་དམ་ཚིག་མཐའ་དག་དང༌། །བྱེ་བྲག་སྤྱི་རྒྱུད་ནས་གསུངས་བཅུ་བཞི་པོ། །དཀོན་མཆོག་སྔགས་ལ་དད་དང་ཐེག་ཆེན་མོས། །ཞིང་མཆོག་ལ་གུས་མི་སྡང་དུས་མཚམས་མཆོད། །གཞན་གཞུང་མི་བཀུར་མགྲོན་མཆོད་བྱམས་སེམས་བརྟན། །བསོད་ནམས་བཟླས་པ་དམ་ཚིག་གཞན་བསྲུང་བརྩོན། །དམ་མེད་སྔགས་རྒྱ་མི་སྦྱིན་རྒྱུད་སྦ་ཞིང༌། །ཐོས་བསམ་བསྒོམས་པས་མ་རྟོགས་མཐོལ་ལོ་བཤགས། །གཞན་ཡང་ལེགས་གྲུབ་ནས་བཤད་སུམ་ཅུ་པོ། །དཀོན་མཆོག་སྔགས་དང་ཐེག་པ་ཆེ་ལ་མོས། །ལྷ་ལ་དུས་མཚམས་མགྲོན་ལ་གློ་བུ་མཆོད། །བསོད་ནམས་ཚོགས་བསགས་བཟླས་བརྗོད་ཚུལ་བཞིན་བརྩོན། །སྤྱི་དང་བྱེ་བྲག་རིགས་ཀྱི་དམ་ཚིག་བརྟན། །རྒྱུད་སྲུང་རྟོགས་དང་སྒོ་གསུམ་ཉེ་བར་ཞི། །ཁྲུས་དང་གཙང་སྦྲ་བསྒྲུབ་ཕྱོགས་བཅུ་གཉིས་དང༌། །ལྷ་ལ་མི་སྡང་གཞན་གྱི་གཞུང་མི་མཆོད། །མ་གནང་མི་ལེན་གསང་སྔགས་རང་བཟོར་མིན། །གདོན་གྱི་ལས་མིན་ལས་སྒྲུབ་གཞན་མི་བསྒྱུར། །དམ་མེད་མི་སྦྱིན་ཕྱག་རྒྱ་སོགས་མི་འགོང༌། །མ་བསྡམས་པ་མིན་མ་གནང་ཟས་མི་ཟ། །བྱམས་པ་མི་གཏོང་མ་ཟིན་སྨྲ་བ་མིན། །ཁྲོས་ནས་དྲག་ཤུལ་མི་སྤྱོད་བདག་མི་བརྙེས། །གཞན་སུན་མི་འབྱིན་གནས་ངན་ལེན་རྣམས་སྤོང༌། །ལྟད་མོ་མི་ལྟ་བཤང་གཅི་ཆུར་མི་དོར། །བཅོ་བརྒྱད་དགག་པའི་སྒོ་ནས་གསུམ་རྣམས་དང༌། །སོ་སོའི་རིགས་ཀྱི་དམ་ཚིག་ཇི་སྙེད་པ། །རྒྱུད་འདིར་ཞུགས་པ་མ་ཟད་བླ་མེད་ཀྱི། །རྣལ་འབྱོར་པས་ཀྱང་བསྲུང་བྱ་ཡིན་པ་ལ། །སྤང་བླང་གོ་ལྡོག་གྱུར་པ་མཐོལ་ལོ་བཤགས། །སྤྱོད་རྒྱུད་མི་དགེ་བཅུ་དང་དམ་པའི་ཆོས། །བྱང་ཆུབ་སེམས་སྤོང་སེར་སྣས་འགྲོ་
ལ་གནོད། །སྤང་བྱ་བཅུ་བཞི་རིགས་ཀྱི་དམ་ཚིག་སོགས། །བསྒྲུབ་བྱ་རྣམས་ལས་འགལ་བ་མཐོལ་ལོ་བཤགས། །རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་བཤད་རྒྱུད་ལུགས། །རྣམ་སྣང་རིགས་ལ་དཀོན་མཆོག་གསུམ་པོ་བཀུར། །རྡོ་རྗེའི་རིགས་ལ་རྡོ་དྲིལ་སློབ་དཔོན་གཟུང༌། །རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཞི་སྦྱིན། །པདྨའི་རིགས་ལ་ཕྱི་གསང་ཐེག་པ་གཟུང༌། །ལས་ཀྱི་རིགས་ལ་མཆོད་པར་བརྩོན་པ་སྟེ། །བསྒྲུབ་ཕྱོགས་བཅུ་བཞི་མ་བསྟེན་མཐོལ་ལོ་བཤགས། །དཀོན་མཆོག་བྱང་ཆུབ་སེམས་པར་ལྷ་སྔགས་རྒྱ། །བླ་མར་སྨད་ཅིང་ཉེར་སྤྱོད་ཕྱག་མཚན་འགོད། །བཟའ་བ་མི་སྤྱོད་གསང་བསྒྲག་བསླབ་པ་དོར། །འཚེ་ཞིང་ཐེག་དམན་ལ་དགའ་གཞན་དོན་སྐྱོ། །ཕྱིན་དྲུག་སྤྱོད་དོར་བྱ་མིན་བྱ་བ་སྟེ། །དགག་ཕྱོགས་བཅུ་བཞི་བགྱིས་པ་མཐོལ་ལོ་བཤགས། །རྩ་རྒྱུད་ནས་གསུངས་ལྷ་ལྔའི་དམ་ཚིག་དང༌། །དཔལ་མཆོག་དང་པོས་བསྟན་པའི་རྩ་ལྟུང་བཅུ། །རྩ་བ་བྱང་སེམས་ཕམ་པ་བཅུ་བཞི་དང༌། །ཡན་ལག་ཚུལ་ཁྲིམས་གསུམ་སྟེ་རིགས་ལྔ་སྤྱི། །མདོར་བསྡུས་བསྒྲགས་ཏེ་གཟུང་བ་ལས་འགལ་ཞིང༌། །ཕྱིར་བཅོས་ཚུལ་བཞིན་མ་བགྱིས་མཐོལ་ལོ་བཤགས། །གསང་བ་བླ་མེད་སྒོར་ཞུགས་རྣལ་འབྱོར་པས། །ཐོག་མར་བླང་བྱ་རྡོ་རྗེའི་བརྟུལ་ཞུགས་ནི། །ཤ་ཆེན་བཤང་གཅི་ཁུ་ཁྲག་བདུད་རྩི་ལྔ། །སྲོག་གཅོད་རྫུན་སྨྲ་འདོད་སྤྱོད་ནོར་ལ་ཆགས། །དངོས་སྦས་དགོངས་ཏེ་གསུངས་རྣམས་རྒྱུ་ཚོགས་ཙམ། །མ་བསྟེན་འདུས་པའི་རྒྱུད་དང་འགལ་བ་བཤགས། །བདེ་མཆོག་ནས་གསུངས་ཚངས་སྤྱོད་ཉི་ཤུ་གཉིས། །ཚེས་བཅུར་རིགས་ལྡན་མ་དང་ཕྱི་རོལ་མཆོད། །ལག་མཆོད་རྡོ་རྗེ་བཞི་ཡི་ངེས་དོན་མཆོད། །ཕྱག་རྒྱ་བཞི་བསྟེན་དཔའ་བོ་དཔའ་མོ་མཆོད། །བརྡ་དང་གཡོན་པའི་ཀུན་སྤྱོད་མ་བགྱིས་དང༌། །རྨོངས་པས་བགྲོད་ཅིང་རང་གཞན་ཐ་དད་འཛིན། །གུས་པ་ལྷོད་ཅིང་ཕྱག་རྒྱ་མི་བསྟེན་འབྲལ། །སྤྱོད་པ་ཉམས་ཤིང་
དམ་ཚིག་རྫས་ལ་ཁྲོ། །ཕོ་ཉ་གསུམ་གྱི་སྒྲུབ་པ་ལ་གནས་པའི། །རིག་མའི་བརྟུལ་ཞུགས་ཐུན་མོང་ཐུན་མིན་རྣམས། །མ་བསྟེན་ལོག་པར་བསྒྲུབ་པ་མཐོལ་ལོ་བཤགས། །དཀོན་མཆོག་མི་སྤོང་དམ་ཚིག་རྣམས་ལ་སྤྱད། །རྡོ་རྗེ་དྲིལ་བུ་གླེགས་བམ་གཙུག་ཏུ་བཅངས། །སྦྱིན་སྲེག་དཀྱིལ་འཁོར་རབ་གནས་ལས་ལ་བརྩོན། །འབྱུང་པོར་གཏོར་མ་སྦྱིན་ཅིང་བཟླས་སྒོམ་འབད། །སློབ་མར་ཆོས་བཤད་སེམས་ཅན་བྱམས་པས་བསྡུ། རྒྱལ་ལ་ཚོགས་བསག་ཛཾ་ལར་ཆུ་སྦྱིན་གཏང༌། །མཆོད་རྟེན་སཱཙྪ་དགེ་བའི་ལས་བྱ་ཞེས། །ལས་དང་པོ་ཡི་བསྒྲུབ་བྱ་བཅུ་བཞི་པོ། །གུར་ལས་གསུངས་རྣམས་མ་བགྱིས་མཐོལ་ལོ་བཤགས། །རྒྱུན་གྱི་བྱ་བ་མཆོད་པའི་དེ་ཉིད་དང༌། །སྦ་གསང་ཕོ་ཉ་སྔགས་བཟླས་ཞིང་ལ་གུས། །སྤྱོད་བརྟུལ་ཀློག་པ་ཐོས་བསམ་སྒོམ་བྱིན་རླབས། །མངོན་བརྗོད་བླ་མ་ནས་གསུངས་སྤྱོད་པ་དགུ། །ཚུལ་བཞིན་མ་རྟོགས་མ་བསྒྲུབས་མཐོལ་ལོ་བཤགས། །རྩ་བཞི་ཆང་བཅས་བསྲུང་བྱ་རྣམ་པ་ལྔ། །རྒྱན་པོ་བཟའ་མིན་ངན་ཚིག་འབྱུང་པོ་དང༌། །ཀླ་ཀློའི་ཆོས་ཏེ་བྱ་བ་མིན་པ་ལྔ། །དུད་འགྲོ་བྱིས་པ་སྐྱེས་པ་ཕོ་དང་མོ། །དཀོན་མཆོག་མཆོད་རྟེན་བསྣུན་པ་མིན་པ་ལྔ། །གྲོགས་པོ་རྗེ་དཔོན་སངས་རྒྱས་དགེ་འདུན་དང༌། །ཡིད་རྟོན་བླ་མར་འཁུ་བ་མིན་པ་ལྔ། །གཟུགས་སྒྲ་དྲི་རོ་རེག་བྱར་ཞེན་མིན་ལྔ། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་པོ། །དང་པོའི་སངས་རྒྱས་རྒྱུད་ཀྱི་རྒྱལ་པོ་ལས། །གསུངས་རྣམས་ཇི་བཞིན་མ་བསྒྲུབས་མཐོལ་ལོ་བཤགས། །སྒོ་གསུམ་བག་ཆགས་དང་བཅས་རྡོ་རྗེ་བཞིར། །ཐབས་ཤེས་ཁྱད་པར་ཅན་གྱི་སྡོམ་པའི་ཁྲིམས། །མི་བསྐྱོད་ཕྱག་རྒྱ་གསུམ་གཟུང་བླ་མ་བསྟེན། །རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཅུ་སྦྱིན། །འཁོར་ལོར་ཤ་ལྔ་བདུད་རྩིའི་ཆོས་མཐུན་བཟའ། །རལ་གྲིར་མཆོད་ཅིང་པདྨར་འཕོ་མེད་བསྲུང༌། །རྡོར་སེམས་བྱང་ཆུབ་སེམས་ཏེ་དྲང་
ངེས་ཚུལ། །རིམ་གཉིས་དོན་དང་ལྡན་པར་བསྡེབས་པ་ལས། །ཡེ་ཤེས་གོང་དུ་མ་སྤེལ་མཐོལ་ལོ་བཤགས། །ཁྱད་པར་རྡོ་རྗེའི་རིགས་ལ་སྲོག་གཅོད་ཅིང༌། །རལ་གྲིར་བརྫུན་སྨྲ་རིན་ཆེན་གཞན་ནོར་ལེན། །ཆུ་སྐྱེས་བུད་མེད་འཕྲོག་ཅིང་འཁོར་ལོ་ལ། །ཤ་ཆང་ལོངས་སྤྱོད་གྲི་གུག་ཤེས་རབ་མར། །མི་སྨད་གཏོང་བ་ཆེ་རྣམས་རྒྱུད་ཚོད་བཞིན། །དངོས་དང་བསམ་པས་སྒྲ་དོན་ཇི་བཞིན་དང༌། །ཇི་བཞིན་མིན་ལ་མ་སྤྱད་མཐོལ་ལོ་བཤགས། །དམ་པའི་ཚིག་ལས་ནམ་ཡང་འདར་མེད་པ། །བསྲུངས་ན་དངོས་གྲུབ་མ་བསྲུངས་ངན་སོང་དུ། །ལྟུང་བའི་རྩ་བ་ཤིན་ཏུ་ལྕི་བའི་ཁྲིམས། །དབང་རྒྱུད་མན་ངག་ཡེ་ཤེས་དོན་སྟོན་པའི། །དཔལ་ལྡན་བླ་མར་བརྙེས་ཤིང་ཐུགས་དཀྲུགས་དང༌། །རྒྱལ་བའི་བཀའ་དང་བླ་མའི་གསུངས་ལས་འདས། །ཉེ་རིང་རྡོ་རྗེའི་སྤུན་ལ་ཁྲོས་ཤིང་སྨད། །བྱམས་པའི་སེམས་བཏང་ཀུནྡ་བྱང་སེམས་སྤངས། །གྲུབ་པའི་མཐར་སྨོད་མ་སྨིན་གསང་བ་སྦྱིན། །ཕུང་པོར་བརྙེས་ཤིང་དག་པའི་ཆོས་ལ་ཚོམ། །གཡོ་སྒྱུའི་དབང་གྱུར་གདུག་པ་ཅན་ལ་བྱམས། །མིང་སོགས་ཕྲལ་ལ་དེར་རྟོག་ཡིད་གཉིས་ཟ། །དད་ལྡན་དག་པའི་སེམས་ཅན་སུན་འབྱིན་ཅིང༌། །ཁྱད་པར་དུས་སུ་བསྟེན་བྱའི་དམ་ཚིག་འདོར། །བུད་མེད་སྤྱིར་སྨོད་རྩ་ལྟུང་བཅུ་བཞི་པོ། །ཡུལ་བསམ་སྦྱོར་དུས་ཉེས་པ་ལན་གྲངས་ཏེ། །སྒོ་དྲུག་དབྱེ་བས་བརྒྱད་ཅུ་རྩ་བཞི་དང༌། །དེ་ཡང་ལྕི་འབྲིང་ཡང་བའི་བྱེ་བྲག་གིས། །ཉིས་བརྒྱ་ང་གཉིས་རིག་པ་འཛིན་པའི་ཁྲིམས། །ཕྲ་རགས་སྒོ་ནས་འགལ་བ་མཐོལ་ལོ་བཤགས། །དམ་མེད་མཚན་ཉིད་མི་ལྡན་རིག་མ་བསྟེན། །སྔགས་སྤྱོད་ལ་རྩོད་ཡུལ་མིན་བདུད་རྩི་ལེན། །དུས་ལ་མི་བཤད་དྲིས་ལན་བྲེ་མོས་གདབ། །ཉན་ཐོས་ནང་འདུག་མི་ཤེས་སྔགས་པར་རློམས། །དགོས་པ་མེད་པར་སོ་བྱང་བཅས་ལས་འདའ། །བསྙེན་སོགས་མ་དག་དཀྱིལ་འཁོར་ལས་ལ་འཇུག །བརྡ་དང་
ཕྱག་རྒྱ་ཡུལ་མིན་ལ་བསྟན་ཅིང༌། །སྣོད་མིན་གསང་བསྒྲགས་ཡན་ལག་སྦོམ་པོ་ཡི། །ལྟུང་བ་རྣམས་ཀྱིས་གོས་པ་མཐོལ་ལོ་བཤགས། །ཕྲིན་ལས་སྒྲུབ་པ་ལ་བརྟེན་ལྟུང་བའི་ལས། །མེ་ཏོག་ཕོག་པའི་ལྷ་དོར་བསྐྱེད་རྫོགས་ཡོལ། །ཕྱི་རོལ་ལྷར་དགའ་བསྐྱེད་རིམ་དངོས་པོར་ཞེན། །མ་ཐོབ་གཞན་འཆད་འདིར་སྣང་ཟབ་ཆོས་སྟོན། །བསླབ་པ་འོག་མར་བརྙེས་ཤིང་ཚུལ་འཆོས་བྱེད། །ནུས་མེད་ལས་སྦྱོར་དོན་མེད་གཡེང་བས་འདའ། །སྐྱབས་ནུས་མི་སྐྱོབ་འོག་མའི་སྤྱོད་ལ་དགའ། །ཟང་ཟིང་ལ་ཆགས་དམ་ཉམས་འདུལ་མི་བྱ། །སྤྱོད་པ་དུས་སྐབས་མ་འབྲེལ་མཐོལ་ལོ་བཤགས། །དམ་པ་མ་བསྟེན་སྣོད་ཀྱི་སྤང་བླང་འཆོལ། །རང་འདོད་ཕྱིར་དུ་སྲོག་ཆགས་གཞན་ལ་གནོད། །དཀོན་མཆོག་དཀོར་སྤྱད་གཞན་དོན་ཡལ་བར་དོར། །བསྔོ་བས་རྒྱས་མ་ཐེབས་ཤིང་འཕོ་བ་ཡི། །དེ་ཉིད་མ་མཁས་པ་རྣམས་མཐོལ་ལོ་བཤགས། །སྔགས་ལ་ཐེ་ཚོམ་ཐེག་གསུམ་རིམ་མ་བསྟན། །དེ་ཉིད་བཅུ་དང་མ་ལྡན་སློབ་དཔོན་བྱས། །བདུད་བརྟག་མི་མཁས་དམ་ཚིག་བརྟག་མི་བྱེད། །ཉེས་བྱས་ཆུང་ངུ་མི་བཤགས་ཁྱད་དུ་བསད། །ཕྲ་མོ་ཉེར་བརྒྱད་ཕོག་པ་མཐོལ་ལོ་བཤགས། །སྔགས་པ་སློང་མོས་རྒྱུ་ཞིང་རྣལ་འབྱོར་སྤངས། །རྒྱུན་དུ་གསང་སྔགས་མ་བཟླས་དམ་ཚིགས་སོགས། །རྟག་ཏུ་བསྟེན་པར་མ་བགྱིས་མཐོལ་ལོ་བཤགས། །དབང་བཞིའི་མཉམ་གཞག་དམ་ཚིག་བསྐྱེད་རིམ་དང༌། །རྩ་རླུང་དཀྱིལ་འཁོར་འཁོར་ལོ་རྦ་རླབས་གསུམ། །རྗེས་སྤྱོད་ངོ་བོ་ཉིད་གསུམ་རང་བྱུང་དང༌། །སྒྲིབ་གཉིས་ཁྱད་པར་ཤེས་སྒྲིབ་མ་སྤངས་དང༌། །མི་འབྲལ་རྡོ་རྗེ་དྲིལ་བུ་རླུང་ཞི་དྲག །དངོས་དང་ཡེ་རྒྱ་མ་བསྟེན་མཐོལ་ལོ་བཤགས། །འགྲོ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །རང་བཞིན་མ་ཤེས་ལུས་ལ་བརྙས་པ་དང༌། །ངག་ལ་སུན་ཕྱུང་ཡིད་ལ་ཟུག་རྔུ་བསྐྱེད། །རྡོ་རྗེ་གསུམ་གྱི་དམ་འགལ་མཐོལ་ལོ་བཤགས། །འཕོ་མེད་བཅུ་དྲུག་རིམ་པ་བསྐྱེད་པ་དང༌། །འདོད་པས་མི་བསྒྲོད་ཉ་མཐར་གཉིས་
མེད་བྱེད། །ནག་པོའི་ཕྱོགས་ལ་མི་ཞུགས་མི་མོ་ཡི། །སྤྱོད་པ་ལེགས་སྲུང་ཚངས་སྤྱོད་རྡོ་རྗེའི་ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་མཆོག་དངོས་རྒྱུ། །ཁྱད་པར་བརྒྱད་དང་མི་ལྡན་མཐོལ་ལོ་བཤགས། །མདོར་ན་བླ་མེད་དབང་བཞི་དང་འབྲེལ་བའི། །བསྲུང་བྱ་རྩ་བ་ཡན་ལག་ཕྲ་མོར་བཅས། །བསྒྲུབ་བྱ་བཟའ་དང་སྤྱད་དང་མི་འབྲལ་བ། །དྲོད་ཐོབ་བརྟུལ་ཞུགས་དྲུག་དང་འགལ་བ་སོགས། །གང་ཡང་མི་ཤེས་བག་མེད་ཉོན་མོངས་རགས། །མ་གུས་བརྗེད་ངས་དྲན་པ་མི་གསལ་བ། །ཉམས་པའི་རྒྱུ་དྲུག་ལ་བརྟེན་སྦྱོར་བ་བདུན། །ཚང་བའི་ཕམ་པ་མ་ཚང་སྦོམ་ལྟུང་སོགས། །ཉེས་བྱས་ཕྲ་རགས་གང་བགྱིས་མཐོལ་ལོ་བཤགས། ༈ །ནམ་མཁའི་མཐའ་མཉམ་དཀྱིལ་འཁོར་རབ་འབྱམས་དང༌། །ཕྱོགས་བཅུར་བཞུགས་པའི་དཔའ་བོ་རྣལ་འབྱོར་མ། །དབང་གྱུར་ཚད་མར་གྱུར་རྣམས་སྤྱན་ལམ་དུ། །བདག་ཅག་གསང་བའི་སྒོར་ཞུགས་རྣལ་འབྱོར་རྣམས། །སོ་སྐྱེའི་དབང་གྱུར་གཉེན་པོ་ཞན་པ་ཡིས། །རྒྱུད་ལས་གསུངས་པའི་དམ་ཚིག་ཕྱི་ནང་གསང༌། །དྲང་ངེས་མ་ཕྱེད་ཉམས་ཆགས་འགལ་གྱུར་པ། །གནོད་འགྱོད་གདུང་བ་དྲག་པོས་མཐོལ་ལོ་བཤགས། །བདག་གིས་བགྱིས་དང་གཞན་ལ་བགྱིད་དུ་སྩལ། །རྗེས་སུ་ཡི་རངས་སྡིག་པའི་ལས་གང་དག །རྣམ་སྨིན་མི་བཟད་སྐྱེད་པའི་རྒྱུར་གྱུར་པ། །དེ་ཀུན་རབ་ཏུ་འགྱོད་པས་མཐོལ་ཞིང་བཤགས། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །ཡེ་ཤེས་སྤྱན་ལ་སྒྲིབ་པ་མི་མངའ་བས། །བདག་ཡིད་སྙིང་ནས་གུས་ཤིང་གདུང་བ་ལ། །མཁྱེན་དགོངས་ཐུགས་རྗེས་བཟོད་ཅིང་ཚངས་པར་སྩོལ། །ཕྱིན་ཆད་སྲོག་གི་ཕྱིར་ཡང་ཉམས་པའི་ལས། །མི་བགྱིད་ཟབ་མོའི་ལམ་མཆོག་ཚུལ་བཞིན་བསྟེན། །དེ་ལྟར་བཤགས་པས་ཉམས་ཆགས་སོར་ཆུད་དེ། །བདག་རྒྱུད་རྣམ་པར་དག་པར་བྱིན་གྱིས་རློབས། །བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཞིང༌། །རིམ་གཉིས་ལམ་གྱི་མངོན་རྟོགས་མཐར་ཕྱིན་ནས། །ཚེ་འདི་ཉིད་ལ་ཁྱབ་བདག་རྡོ་རྗེ་འཆང༌། །སྐུ་བཞི་ཡེ་ཤེས་
ལྔ་ལྡན་མྱུར་ཐོབ་ཤོག །དེ་མ་ཐོབ་ཀྱི་སྐྱེ་བ་ཐམས་ཅད་དུ། །རིགས་བཟང་བློ་ལྡན་སྙིང་རྗེ་ཆེ་བ་དང༌། །ང་རྒྱལ་མེད་ཅིང་བླ་མ་ལ་གུས་པས། །རྡོ་རྗེ་ཐེག་པའི་ལམ་བཟང་བདེར་བགྲོད་ཤོག །མགོ་བོར་བླ་མའི་ཅོད་པན་མི་འབྲལ་ཅིང༌། །ལག་ཏུ་རྡོ་རྗེ་དྲིལ་བུ་ཡང་དག་འཆང༌། །ངག་གིས་གསང་སྔགས་རྒྱལ་པོ་བཟླ་བ་དང༌། །ཡིད་ཀྱིས་ཟུང་འཇུག་མངོན་པར་སྒོམ་པར་ཤོག །ཐུན་མོངས་ཁྱད་པར་དབང་གིས་རྒྱུད་སྨིན་ཅིང༌། །དམ་ཚིག་སྡོམ་དང་བརྟུལ་ཞུགས་ལམ་ཀུན་གྱི། །རྩ་བར་ཤེས་ན་སྲོག་བཞིན་བསྲུང་ནུས་ཤིང༌། །རྨི་ལམ་དུ་ཡང་ཉམས་པར་མི་བྱེད་ཤོག །བླ་མེད་རྡོ་རྗེ་ཐེག་པའི་ལམ་བཟང་འདི། །སྣ་ཚོགས་ཐབས་ཀྱིས་ཕྱོགས་བཅུའི་ཞིང་དུ་སྤེལ། །ལུས་ཅན་མཐའ་དག་ལམ་མཆོག་འདི་ཉིད་ཀྱིས། །སངས་རྒྱས་ས་ལ་བདེ་བླག་འགོད་ནུས་ཤོག །བྱ་བྱེད་འཁོར་གསུམ་རང་བཞིན་མི་དམིགས་ཀྱང༌། །འཛིན་རྟོག་ཟད་ཕྱིར་དག་ཚངས་ཕུལ་བའི་དགེས། །སྒྲིབ་གཉིས་ངོ་བོ་གདོད་ནས་རྣམ་དག་པའི། །གནས་ལུགས་མངོན་གྱུར་ཕྱག་རྒྱ་ཆེ་ཐོབ་ཤོག །བདག་གཞན་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་རིགས་བདག་མི་འཆོལ་ཞིང༌། །བཅོམ་ལྡན་དྲག་པོའི་དཀྱིལ་འཁོར་འཛིན་བཞིན་དུ། །ཤེས་རབ་པདྨའི་བདུད་རྩི་འཐུང་བྱེད་ཅིང༌། །བྱང་ཆུབ་སྙིང་པོར་སྲིད་པ་དག་བྱེད་ཤོག །ཅེས་པ་འདི་ནི་སྔར་བྱས་པའི་གསང་སྔགས་གསར་རྙིང་གི་དམ་ཚིག་ཉེས་བཤགས་ཀུན་བཟང་ཁྲུས་ཆུ་ལས་གསར་མ་ཁོ་ན་ཁོལ་ཕྱུང་དུ་ཀློག་པའི་སྐབས་ཀྱི་མཇུག་མཐུད་དུ། བླ་མ་རྡོ་རྗེ་འཆང་གི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། །།
གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོའི་སྒྲུབ་ཐབས་རྗེས་གནང་མཆོད་ཆོག་དང་བཅས་པ།
གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོའི་སྒྲུབ་ཐབས་རྗེས་གནང་མཆོད་ཆོག་དང་བཅས་པ་བཞུགས་སོ།།
རྗེ་བཙུན་མ་གཟའ་རྣམས་ཀྱི་ཡུམ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཡུམ་ཆེན་མོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག བདེ་བ་དང་མི་འབྲལ་བར་གྱུར་ཅིག ཕན་ཚུན་ཆགས་པ་དང་སྡང་བ་མེད་ཅིང་མཉམ་པ་ཉིད་ཀྱི་དོན་རྟོགས་པར་གྱུར་ཅིག་སྙམ་དུ་ཚད་མེད་པ་བཞི་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཤེས་པ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པར་བསམ། དེ་ལས་འོད་ཟེར་ཕར་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ནས་རྡོ་རྗེ་ལ་ཐིམ་ཞིང་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་གཟའི་ཡུམ་དུ་གྱུར་པ་ནི། སྐུ་
མདོག་དཀར་མོ་ཞལ་གསུམ་ཕྱག་དྲུག་མ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྩ་བའི་ཞལ་དཀར་བ། གཡས་སྔོ་ཞིང་ཅུང་ཟད་ཁྲོ་བ། གཡོན་དམར་བ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པས་རྡོ་རྗེ། གཡོན་གྱི་གཉིས་པས་པདྨ། འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བཀོད་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པར་རང་བཞིན་གྱི་གནས་ནས་ཡུམ་ཆེན་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རང་ལ་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་པས་དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་
གསོལ་བ་བཏབ་པས་སངས་རྒྱས་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས། དྲི་མ་ཐམས་ཅད་དག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང༌། གསང་སྔགས་དང་རིགས་སྔགས་ཀྱི་དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ལྟ་བུའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ་སེམས་མཉམ་པར་གཞག སྔགས་ཟློ་བར་འདོད་ན་སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོར་བའི་འོད་ཀྱིས་རང་གི་སྡིག་པ་སྒྲིབ་པ། ནད་དང་བར་དུ་གཅོད་པ་རྣམས་སྦྱངས། ཕྱིར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་བསྐུལ། དེ་རྣམས་ཀྱི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པས་རང་ལ་བསྟིམ། གཟའ་དང༌། རྒྱུ་སྐར་དང༌། གདོན་དང༌། འབྱུང་པོའི་ཚོགས་ཐམས་ཅད་ཀྱི་གདུག་པའི་སེམས་ཞི་བར་བྱས་པར་བསམ་ཞིང༌། ཨོཾ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏྱཻ་སྭཱ་ཧཱ། ཞེས་ཉེ་སྙིང་གང་མོས་ལ་ཅི་ནུས་སུ་བཟླས་སོ། །བཟླས་པ་ཚར་བ་དང་ཨོཾ་སརྦ་བི་དྱཱ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱད་དོ། །གཏོར་མ་གཏོང་བར་འདོད་པས་དཀར་གཏོང་སྦྱང་པ། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས་མ་དག་པ་བསང༌། ཨོཾ་བཛྲ་ཛྭ་ལ་ཨཱ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ན་ཧཱུྃ་ཕཊ། ཅེས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས། རིན་པོ་ཆེའི་སྣོད་ལྷའི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པས་གང་བར་བསྐྱེད། ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨཱ་ཎཱྃ། ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་རྡོ་རྗེ་
བསྡམས་པའི་ཕྱག་རྒྱ་དང་བཅས་པས་གཏོར་མའི་མགྲོན་རྣམས་ཀྱི་བཞེས་པའི་དོན་ཐམས་ཅད་འབྱུང་བར་བསམ། དེ་ནས་རང་སྐད་ཅིག་གིས་ཡུམ་ཆེན་མོར་མོས་པའི་ཐུགས་ཀ་ནས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཡུམ་ཆེན་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། གཟའ་དང་རྒྱུ་སྐར་དང༌། འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ་དབུལ་བར་བསམས་ཞིང༌། ཨོཾ་སརྦ་བི་དྱཱ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་གྲ་ཧ་ནཀྵ་ཏྲ་སརྦ་བྷཱུ་ཏེ་བྷྱཿ ཨི་དཾ་བ་ལིཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་འབུལ། མེ་ཏོག་ལ་སོགས་པས་མཆོད། འདོད་པའི་དོན་ལ་གསོལ་བ་གདབ། དངོས་གྲུབ་མ་ལུས་པ་གནང་བར་བསམ། དེ་ནས་དེ་དག་གི་རྒྱུད་བསྐུལ་བའི་ཕྱིར། ཡུམ་གྱི་མདོ་འདོན་པ་ལ་སོགས་པ་བྱ། མཐར་བཟོད་པར་གསོལ་ནས་གཤེགས་སུ་གསོལ། ཆོ་ག་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གཟའ་རྣམས་ཀྱི་ཡུམ་གྱི་སྒྲུབ་པའི་ཐབས་མདོར་བསྡུས་པ། ལས་དང་པོ་པ་རྣམས་ཀྱི་དོན་དུ། འཕགས་པས་མེ་ཕོ་བྱེ་བའི་ལོ་ཁྲའི་ཟླ་བའི་ཚེས་ཉི་ཤུ་གསུམ་ལ་ཐང་སྐྱར་སྦྱར་བའི་ཡེ་གེ་པ་ནི་ཨཱ་ཙ་རའོ།། ༈ །ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །བགེགས་ཀུན་འཇོམས་པར་མཛད་པ་མོ། །རིག་པའི་རྒྱལ་མོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། རང་ཉིད་རིག་པའི་རྒྱལ་མོ་གཟའ་ཡུམ་སྐུ་མདོག་དཀར་མོ། དཀར་སྔོ་དམར་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་དང་པོ་གཉིས་ཆོས་འཆད། བར་པ་གཉིས་རྡོ་རྗེ་དང་པདྨ། ཐ་མ་གཉིས་མདའ་གཞུ་འཛིན་པ།
ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་ཅན་ནོ། །གནས་གསུམ་བྱིན་རླབས། ཡེ་ཤེས་དགུག་གཞུག དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་འདྲ་བ་ལས་རྣམ་སྣང་གིས་དབུ་བརྒྱན། ཨོཾ་སརྦ་བི་དྱཱ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྙིང་པོ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏཱི་སྭཱ་ཧཱ། ཞེས་པ་ཉེ་སྙིང་གང་ནུས་སུ་བཟླ། བཟླས་པ་ཚར་བ་དང༌། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གང་གི་མཚན་ཙམ་བཟུང་བས་ཀྱང༌། །གཟའ་དང་རྒྱུ་སྐར་གདོན་རྣམས་ཀྱི། །ཉེར་འཚེ་མཐའ་དག་ཞི་མཛད་པ། །རིག་པའི་རྒྱལ་མོ་ཁྱོད་ལ་བསྟོད། །ཅེས་བསྟོད། ཨོཾ་སརྦ་བི་དྱཱ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་མཆོད་པ་དང་བཅས་པ་བཤམ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། བཛྲ་ཛྭ་ལའི་སྔགས་རྒྱས་གང་བར་བྱས། ཨ་ཀཱ་རོས་བཞེད་དོན་འགྲུབ་པར་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རིག་པའི་རྒྱལ་མོ་གཟའ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཟའ་དང་རྒྱུ་སྐར་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་བི་དྱཱ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་གྲ་ཧ་ནཀྵ་ཏྲ། སརྦ་བྷཱུ་ཏེ་བྷྱཿ ཨི་དཾ་བ་ལིན་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་བྱས་ལ། དེ་དག་གི་རྒྱུད་བསྐུལ་བའི་ཕྱིར་གཟུངས་མདོ་འདོན་པར་བྱ་ཞིང༌། མཐར་ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་བྱའོ། །འདིའི་རྗེས་གནང་གི་ཆོ་ག་ནི་སྒྲུབ་ཐབས་རྒྱ་མཚོའི་སྐབས་དང་འདྲའོ། །འགྲོ་ཀུན་དགེ་ལེགས་མཛད་པ་ཡི། །ལྷ་མོའི་སྒྲུབ་ཐབས་རབ་དགའ་བ། །ཤིན་ཏུ་རྒྱས་པའི་སྙིང་པོ་ཉིད། །གཞན་ལ་ཕན་ཕྱིར་བཀོད་པ་ཡིན། །གཟའ་ཡུམ་རིག་པའི་རྒྱལ་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །
དར་རྒྱས་འཕེལ།། ༈ །གཟའ་ཡུམ་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཐོ་བཞུགས་སོ། །ན་མོ་གུ་རུ་བྷྱཿ རྟོག་པ་ལས་གསུངས་པའི་གཟའ་ཡུམ་གྱི་རྗེས་གནང་ཐོབ་པའི་གང་ཟག་གིས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྤྱི་དང་མཐུན་པར་བྱས། སྭ་བྷཱ་བའི་སྔགས་བརྗོད་པས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཡི་གེ་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དྲང་སྲོང་གཟའ་ཡི་གནོད་པ་ཐམས་ཅད་ཞི་བར་བྱས། སླར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་མ་རིག་པ་ཆེན་མོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་བ། གཡས་ཞལ་སྔོ་ཞིང་ཅུང་ཟད་ཁྲོ་བ། གཡོན་ཞལ་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། བར་པ་གཉིས་རྡོ་རྗེ་སྔོན་པོ་དང་པདྨ་བསྣམས་པ། ཐ་མ་གཉིས་མདའ་གཞུ་འཛིན་པ། བརྒྱད་གཉིས་ལོན་པའི་ན་ཚོད་ཅན། དར་དང་རིན་པོ་ཆེས་བརྒྱན་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་དུ་ཨཱཿལས་ཉི་མ་དམར་སེར་དཀའ་ཐུབ་ཀྱི་ཆ་བྱད་ཅན་ཕྱག་གཉིས་ཀྱིས་པདྨ་དམར་པོ་འཛིན་པ། ཉི་མ་བྱེ་བའི་ཚ་ཟེར་འཕྲོ་བ། ཤར་གྱི་
འདབ་མ་ལ་སོཿལས་ཟླ་བ་དཀར་པོ་བྲམ་ཟེའི་གཟུགས་འཛིན་པ། རལ་པའི་ཅོད་པན་ཅན་གཡས་བགྲངས་ཕྲེང་དང༌། གཡོན་སྤྱི་བླུགས་འཛིན་པ། ལྷོར་ཨྃ་ལས་མིག་དམར་དམར་པོ་དགེ་སློང་གི་གཟུགས་འཛིན་པ། གོས་དམར་པོ་དང་ཅོད་པན་ཅན་གཡས་མཆོག་སྦྱིན། གཡོན་ཤཀྟི་འཛིན་པ། ནུབ་ཏུ་བུཿལས་ལྷག་པ་སེར་པོ་སྨྲ་ར་དམར་པོ་དང་ལྡན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་གཡས་བགྲང་ཕྲེང་དང༌། གཡོན་སྤྱི་བླུགས་འཛིན་པ། བྱང་དུ་བྲིཿལས་ཕུར་བུ་སེར་པོ་སྨ་ར་དམར་པོ་དང་ལྡན་པ། ཤ་རྒྱས་པ་དགེ་སློང་གི་རྣམ་པ་རལ་པའི་ཅོད་པན་ཅན། གཡས་བགྲང་ཕྲེང་གཡོན་སྤྱི་བླུགས་འཛིན་པ། ཤར་ལྷོར་ཤུཿལས་པ་སངས་དཀར་པོ་རལ་པའི་ཅོད་པན་ཅན། ཕྱུགས་བདག་གི་བརྟུལ་ཞུགས་འཛིན་པ། གཡས་བགྲང་ཕྲེང༌། གཡོན་སྤྱི་བླུགས་འཛིན་པ། ལྷོ་ནུབ་ཏུ་ཤཿལས་སྤེན་པ་ལྗང་གུ་ཕྱོགས་ཀྱི་གོས་ཅན་སྨ་ར་དང༌། རལ་པ་སེར་སྐྱའི་ཅོད་པན་ཅན། གཡས་མདུང་གཡོན་སྐྱབས་སྦྱིན་མཛད་པ། ནུབ་བྱང་དུ་རཱཿལས་སྒྲ་གཅན་དམར་ནག་ཐོད་པ་དང་ལྡན་པ། ལུས་ཕྱེད་ཉི་མའི་ཤིང་རྟ་ལ་གནས་པ། སྤྲིན་ཁ་དོག་སྣ་ལྔའི་གསེབ་ན་བཞུགས་པ། སྤྱན་གཉིས་དང་ལྡན་པ། མཆེ་བ་གཙིགས་པ། སྨིན་མ་དང་ཁྲོ་གཉེར་དཔྲལ་བར་བསྡུས་པ། ཕྱག་གིས་ཟླ་བ་དང་ཉི་མ་ཟ་བའི་ཚུལ་དུ་གནས་པ། བྱང་ཤར་དུ་ཛྱོཿལས་མཇུག་རིངས་དཀར་པོ་ཀླུའི་གཟུགས་ཅན་ཐལ་མོ་སྦྱར་བའོ། །གཞན་ཡང་དྲང་སྲོང་གི་ཚོགས་དང་རྒྱུ་སྐར་གྱི་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཤར་དུ་ཡུལ་འཁོར་སྲུང་སེར་པོ་པི་ཝང་འཛིན་པ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་རྣམ་ཐོས་སྲས་སེར་པོ་ནེའུ་ལེ་འཛིན་པ། དེ་བཞི་ཀའང་རང་རང་གི་རྒྱན་ཆ་ལུགས་
དང་ལྡན་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཟའ་ཡུམ་གཙོ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་སྣང༌། འཁོར་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུར་བརྒྱན། བཟླས་པ་ནི། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་གི་མཐའ་མར་སྔགས་ཕྲེང་གི་བསྐོར་བ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམས་ལ། ཨོཾ་ཨཱཿམ་ཧཱ་«་་་་་ས་པཎ་དང་འཕགས་པ་རིན་པོ་ཆེའི་སྒྲུབ་ཐབས་སོགས་སུ། ཨོཾ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་འབྱུང་ཞིང༌། སྒྲུབ་ཐབས་རིན་འབྱུང་དུའང་སྔར་བཞིན་ལ། ཕཊ་གཅིག་ལས་མེད་པ་དཔེ་མ་དག་པ་ཡིན་སྙམ། འཕགས་པའི་སྒྲུབ་ཐབས་སུ། ཉེ་སྙིང༌། ཨོཾ་ན་མོ་བྷ་ག་ཝ་ཏྱཻ་སྭཱ་ཧཱ། ཞེས་པ་དང་གོང་གི་སྙིང་པོ་གང་མོས་བཟླ་གསུངས།» བི་དྱཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླས་པའི་མཐར། འདོད་པའི་དོན་ལ་གསོལ་བ་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་
གྱུར་ནས་རང་ལ་ཐིམ་པར་བསམ་མོ། །ཡང་འབྲིང་དུ་བྱེད་ན། གཙོ་མོའི་མདུན་དུ་གཟའ་ཉི་མ་གོང་ལྟར་བསྐྱེད། ཤིན་ཏུ་བསྡུ་ན་གཙོ་མོ་རྐྱང་པ་བསྐྱེད། གནས་གསུམ་བྱིན་རླབས་ཡན་རྒྱས་པ་བཞིན་བྱའོ། །ཐུན་མཚམས་སུ་གཏོར་མ་ཕུལ་ན། དཀར་གཏོར་གཅིག་ཡཀྵས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་གྱུར་པར་བསམ། ཨ་ཀཱ་རོ་ལན་གསུམ་གྱི་བྱིན་གྱིས་བརླབ། རང་གཟའ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་གཟའ་ཡུམ་འཁོར་བཅས་སྤྱན་དྲངས། རྩ་སྔགས་ལ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་པས་མཆོད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་སྤྱི་དང་མཐུན་པར་བརྗོད། འདིའི་རྗེས་གནང་བྱེད་པར་སྤྲོ་ན། མཆོད་པ་གཤམ་ལུགས་བདག་མདུན་སྒྲུབ་ཚུལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱ་ཚུལ་རྣམས་སྒྲུབ་ཐབས་བརྒྱ་རྩ་ཇི་ལྟ་བ་བཞིན་བྱའོ། །ཞེས་པ་འདི་ནི་རང་ཉིད་དྲན་པ་གསོ་བའི་ཕྱིར་དུ་དགེ་སློང་བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེས་བཀོད་པའོ།། ༈ །བསྟོད་པ་ནི། ཐབས་ཤེས་དབྱེར་མེད་པདྨ་ཟླ་བའི་སྟེང༌། །སྒྲིབ་གཉིས་མུན་བཅོམ་ཡེ་ཤེས་ཟླ་འོད་འཆང༌། །སྐུ་གསུམ་ཞལ་དང་ཕྱིན་དྲུག་རང་བཞིན་ཕྱག །མཚན་དཔེས་རབ་མཛེས་རྒྱལ་ཡུམ་ཁྱོད་ལ་བསྟོད། །ཅེས་གཙོ་མོ་དང༌། གང་ཐུགས་གཉིས་མེད་ཡེ་ཤེས་རྗེས་འབྲང་བས། །རང་རང་ཟློས་གར་ཆ་ལུགས་དུ་མས་མཛེས། །འཚེ་བའི་སྐྱོན་བྲལ་བདེན་པའི་དོན་མཐོང་ནས། །བསྟན་འགྲོ་སྐྱོང་མཛད་སྲུང་མའི་ཚོགས་ལ་བསྟོད། །ཅེས་པས་འཁོར་ལའོ། །བསྟོད་པ་འདི་གཞུང་གི་ཉེར་མཁོར་བསྟན་རྡོར་གྱིས་བྲིས་སོ། །སརྦ་མངྒ་ལཾ།།
གཟའ་ཡུམ་འཁོར་དང་བཅས་པ་མཆོད་པའི་ཆོ་ག་ནད་གདོན་མུན་པ་སེལ་བའི་མ་ཟླུམ་ཞེས་བྱ་བ་བཞུགས་སོ། །གང་དག་ཐུགས་རྗེའི་ཡིད་འཕྲོག་རྐང་པའི་རྩེས། །བསྣུན་ཙམ་ཉིད་ནས་དགེ་ལེགས་མྱ་ངན་མེད། །སྲིད་ཞིའི་ཕན་དང་བདེ་བའི་འདབ་མ་སྟོང༌། །རྣམ་གྲོལ་བྱེད་པ་དཀོན་མཆོག་གསུམ་ལ་འདུད། །སུ་ཞིག་མཐུན་པའི་རྫས་ཀྱིས་དགྱེས་བསྐྱེད་པས། །གནས་སྐབས་ནད་གདོན་བར་ཆད་ཀུན་བསལ་ནས། །བདེ་དགའི་འབྲས་བུ་སྦྱིན་ལ་མཐུ་ཆེ་བ། །མཆོད་འོས་མཆོད་པའི་ཆོ་ག་བརྟེན་ལས་འབྱུང༌། །དེ་ཡང་རྒྱལ་དང་རྒྱལ་སྲས་མཁས་རྣམས་ཀྱི། །ཞལ་ལུང་རྣམ་དག་མཐུ་ཡིན་རང་དགས་མིན། །རྒྱུ་རྐྱེན་གཉེན་པོར་མཁས་པའི་འཚོ་བྱེད་ཀྱིས། །ནད་མེད་བདེ་བ་སྟེར་གྱི་གཞན་པས་ཅི། །འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འགྲན་ཟླ་དང་བྲལ་ཞིང་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པའི་དཔལ་ལྡན་བིརྺ་པའི་གསུང་གི་མན་ངག་འཛམ་བུའི་གླིང་གི་རྒྱན་དམ་པ་སློབ་དཔོན་ཞི་བ་འཚོ་ལས་བརྒྱུད་པ། འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་དཔལ་ས་སྐྱ་པ་ཆེན་པོ་ལས་འོངས་པའི་གཟའ་ཐམས་ཅད་ཀྱི་ཡུམ་གྱི་མཆོད་པའི་ཆོ་ག མངོན་སུམ་དུ་བྱིན་རླབས་འབྱུང་བའི་ངོ་མཚར་བ་འདི་བྲི་བར་བྱའོ། །འདི་འབྲི་བ་ལ་གཉིས་ཏེ། ཇི་ལྟར་བྱ་བའི་ཆོ་ག་དང༌། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་བཞི་སྟེ། གང་དུ་བྱ་བའི་གནས་བསྟན་པ་དང༌། གང་བྱ་བའི་དཀྱིལ་འཁོར་བྲི་བ་དང༌། དེར་གཞག་པའི་བུམ་པ་བཅའ་བ་དང༌། ལྷ་རྣམས་མཆོད་པའི་ཡོ་བྱད་བཤམ་པའོ། །དང་པོ་ནི་བཀྲ་ཤིས་ཤིང་ཡིད་དགའ་བའི་གནས་སུ་བྱི་དོར་བྱས་ལ། སྟེང་དུ་བླ་རེ་ལ་སོགས་པས་བརྒྱན་ནོ། །ཕྱོགས་སུ་དར་དང་རིན་པོ་ཆེ་ལ་སོགས་པའི་འཕྱང་
འཕྲུལ་ལོ། །ཟུར་དུ་བ་དན་དང་རྒྱལ་མཚན་ལ་སོགས་པའོ། །འོག་གི་ས་གཞི་ལ་དྲི་ཞིམ་པོས་སྦགས་པའི་ལྕི་བའམ་དྲི་བཟང་གི་ཆུས་བྱུགས་པར་བྱའོ། །གཉིས་པ་གང་བྱ་བའི་དཀྱིལ་འཁོར་ནི་སྲད་བུས་ཐིག་ལེགས་པར་བཏབ་ལ། སྒོ་ལ་སོགས་པའི་གཞལ་ཡས་ཁང་གི་ཆ་ཚད་སྤྱི་དང་མཐུན་པར་བཏབ་ལ། ཕྱི་རོལ་དུ་འཁོར་ཡུག་ཟླུམ་སྐོར་དང༌། དེའི་ཕྱིར་རྡོ་རྭ་མེ་རི་བཅས་པའི་ཟླུམ་སྐོར་རེ་བྱ། དེ་དག་གི་ཚོན་གྱི་ཁ་དོག་རྣམས་སྤྱི་ལྟར་ཅི་མཛེས་བྱ། དེའི་དབུས་སུ་པདྨའི་ལྟེ་བ་ལ་སོར་བཅུ་གཉིས། འདབ་མ་ལ་སོར་བཅུ་གཉིས་ཏེ་སོར་ཉེར་བཞི་པའམ། ཡང་ན་ལྟེ་བ་ལ་དྲུག་འདབ་མ་ལ་དྲུག་སྟེ་སོར་བཅུ་གཉིས་པ་གང་རུང་བྲིས་ལ་དེའི་དབུས་ཀྱི་ལྟེ་བ་ལ་ཉི་མའི་གུར་གུམ། ཕྱི་རོལ་པདྨ་འདབ་བརྒྱད་དུ་བྱས་པའི་ཤར་དུ་ཟླ་བའི་ཙནྡན་དཀར་པོ། མེ་རུ་མིག་དམར་གྱི་ཙནྡན་དམར་པོ། ལྷོར་གཟའ་ལྷག་གི་དེ་པ་དཱ་རུ། བདེན་བྲལ་དུ་ཕུར་བུའི་གུར་གུམ། ནུབ་ཏུ་པ་ཝ་སངས་ཀྱི་ཙནྡན་དཀར་པོ། རླུང་དུ་སྤེན་པའི་ཨ་ག་རུ་ནག་པོ། བྱང་དུ་སྒྲ་གཅན་གྱི་ཙནྡན་དམར་པོ་དང་ཨ་ག་རུ་བསྲེས་པ། དབང་ལྡན་དུ་འཇུག་རིངས་ཀྱི་ཙནྡན་དཀར་པོ་དང་ཨ་ག་རུ་བསྲེས་པ། ཤར་གྱི་སྒོར་གུར་གུམ། ལྷོར་ཙནྡན་དམར་པོ། ནུབ་ཏུ་ཙནྡན་དཀར་པོ། བྱང་དུ་རྒྱ་སྤོས་སོ། །ཁ་དོག་ནི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་བྱས་ཀྱང་ཉེས་པ་མེད་དོ། །ཕྱི་རོལ་གྱི་ཕ་གུ་དང༌། འདོད་སྣམ་དང༌། དྲྭ་བ་དང༌། དྲྭ་ཕྱེད་དང༌། མདའ་ཡབ་དང༌། རྟ་བབས་ལ་སོགས་པ་གཞན་ལྟར་རྒྱས་པར་བྱ་བའམ། མ་བྱས་ཀྱང་ཉེས་པ་མེད་གསུངས་པ་ནི་ཚོམ་བུ་དགོད་པ་ལ་དགོངས་སམ་སྙམ། གལ་ཏེ་བྱེད་ན་དཀྱིལ་འཁོར་ཕྱི་ཕྱེད་ནང་ཕྱེད་དུ་བྱས་ཏེ། ནང་གི་པདྨ་ལ་སོར་བཅུ་གཉིས་བྱས་ལ་ཕྱི་རོལ་ཡང་དེ་ཙམ་མོ། །ནང་དུ་ཉི་ཤུ་རྩ་བཞི་བྱས་ན་ཕྱི་རོལ་ཡང་ཉི་ཤུ་རྩ་བཞིར་བྱའོ། །གསུམ་པ་དཀྱིལ་འཁོར་
དུ་གཞག་པའི་བུམ་པ་ནི་རྒྱས་པར་བྱེད་ན་གཟའ་དགུ་ལ་བུམ་པ་དགུ། རྗེ་བཙུན་མ་ལ་གཅིག་སྟེ་བཅུ་བཅའ་བའམ། དེ་ཙམ་མ་འབྱོར་ན་བུམ་པ་གཅིག་བཅའ་ལ། ཁ་རྒྱན་དང་མགུལ་ཆིངས་གཟུངས་རྡོར་དུང་ཆོས་དང་བཅུད་ལེགས་པར་གཞུག་གོ །བཞི་པ་མཆོད་པའི་ཡོ་བྱད་ནི་གསེར་རམ་དངུལ་ལམ་ཟངས་སམ། དུང་ཆོས་སམ། མ་འབྱོར་ན་རྫའི་སྣོད་དུ་ཆུ་གཙང་མ་ལ་མར་དང་སྦྲང་རྩི་སྦྱར་བས་བཀང་སྟེ་མཆོད་ཡོན། གཟའ་རེ་རེ་ལ་མཆོད་པ་རེ་རེ་བཤམ། དེ་བཞིན་དུ་སྣོད་དེ་དག་ཏུ་དྲི་ཞིམ་པོའི་ཆུས་བཀང་བའི་ཞབས་བསིལ་དང༌། ཡང་ཉི་མ་དང་ཟླ་བའི་མཆོད་ཡོན་ཆུ་སྦྲང་རྩི་འབྲས་དཀར་པོའོ། །མིག་དམར་གྱི་བྱུ་རུ་ཙནྡན་དམར་པོ་ཆུ་དང་བསྲེ། གཟའ་ལྷག་གི་མར་དང་ནས་བསྲེས་པའི་ཆུའོ། །ཕུར་བུའི་གུར་གུམ་གྱི་ཆུའོ། །པ་ཝ་སངས་ཀྱི་མུ་ཏིག་ཤེལ་ཙནྡན་གྱི་ཆུ་བསྲེས་པའོ། །སྤེན་པའི་སྲན་མ་མར་ནག་དང་ཆུ་བསྲེས་པའོ། །སྒྲ་གཅན་གྱི་མུ་མན་ཏིལ་ནག་ཆུ་དང་བསྲེས་པའོ། །མཇུག་རིངས་ཀྱི་གླ་རྩི་ཏིལ་དཀར་ནག་ཆུ་དང་བསྲེས་པའོ། །སྣོད་རྣམས་ཀྱང་དཀར་པོ་རྣམས་ཀྱི་དངུལ་ལམ་དུང༌། སེར་པོའི་གསེར། དམར་པོའི་ཟངས། ནག་པོའི་འཁར་བའམ་ཞ་ཉེའོ། །མ་འབྱོར་ན་ཐམས་ཅད་རྫ་ལས་བྱའོ། །གཟའ་རང་རང་གི་ཁ་དོག་དང་མཐུན་པའི་མེ་ཏོག་དབུལ་ལོ། །བདུག་སྤོས་ནི་ཉི་མའི་ཐང་ཤིང་གི་ཐང་ཆུའོ། །ཟླ་བའི་ག་བུར་རམ་ནཱ་ག་གེ་སར་ཀ་ར་དང་བཅས་པའོ། །མིག་དམར་གྱི་གུ་གུལ་ནག་པོའོ། །གཟའ་ལྷག་གི་གུ་གུལ་དཀར་པོའམ། གུ་གུལ་དཀར་པོ་དང་དེ་བ་དཱ་རུ་བསྲེས་པའོ། །ཕུར་བུའི་སྦྲང་རྩིའམ། སྣ་ཚོགས་པ་སྦྱར་བའོ། །པ་ཝ་སངས་ཀྱི་ཐང་ཆུའམ། ཨ་ག་རུ་དང་ཏུ་རུ་ཥྐའོ། །སྤེན་པའི་གནྡྷ་རིའི་སྦོས་སམ། ས་འོག་གི་སྤོས་
སོ། །སྒྲ་གཅན་གྱི་བིལ་བའམ། པོ་སོ་ཆའི་བདུག་པའོ། མཇུག་རིངས་ཀྱི་ཙནྡན་དང་བིལ་བ་བསྲེས་པའམ། མར་དང་རྒྱ་སྐྱེགས་ཡུང་བ་གསུམ་བསྲེས་པའོ། །མར་མེ་ནི་མར་དཀར་ལ་སྡོང་བུ་དྲི་མ་མེད་པ་སྦར་བའོ། །སོ་སོ་ལ་དྲི་ཞིམ་པའི་ཆུ་དབུལ་ལོ། །ཞལ་ཟས་ནི་ཉི་མའི་འོ་ཐུག་གོ །ཟླ་བའི་ཞོ་ཟན་ནོ། །མིག་དམར་གྱི་བུ་རམ་དང་སྲན་མ་ཤའོ། །གཟའ་ལྷག་གི་མར་གྱི་ཁུར་བའོ། །ཕུར་བུའི་ཞོ་དང་འོ་མའོ། །པ་ཝ་སངས་ཀྱི་བུ་རམ་གྱི་ཁུར་བ་དང་བཅས་པའོ། །སྤེན་པའི་སྲན་མུཏྒ་མ་ཤ་དང་བཅས་པའམ། སྲན་མ་འབྲུ་མར་དང་བཅས་པའོ། །སྒྲ་གཅན་གྱི་ཏིལ་གྱི་ཐུག་པའོ། །མཇུག་རིངས་ཀྱི་ཏིལ་གྱི་ཐུག་པ་དང་བུ་རམ་གྱི་ཚོད་མའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཡུལ་འཁོར་སྲུང་གི་ཞོ་ཟན། འཕགས་སྐྱེས་པོའི་ཞོ་དང་སྲན་མ་ཤའི་བཟའ་བ། མིག་མི་བཟང་གི་འོ་ཐུག ལུས་ངན་པོའི་ཞོ་དང་སྲན་མ་ཤ་བུར་ཆང་དང་བཅས་པའོ། །གཟའ་རྣམས་ཀྱི་ནི་མར་ཟན་ནོ། །ཁྱིམ་རྣམས་དང་རྒྱུ་སྐར་རྣམས་ཀྱི་ཞོ་ཟན་ནོ། །གནོད་པ་རྣམས་ཀྱི་སྲན་མ་ཤའི་བཟའ་བའོ། །ཐམས་ཅད་ལ་བདུག་པ་གུ་གུལ་དཀར་པོའོ། །གཟའ་སོགས་ཀྱི་མཆོད་པ་དེ་རྣམས་རང་རང་གི་ཕྱོགས་སུ་ཚང་བར་བཤམ། དབང་ལྡན་ནས་ཤར་ལྷོའི་བར་ལ་རྗེ་བཙུན་མ་དང་གཟའ་སྤྱི་ལ་ཟླུམ་གཏོར་གཉིས་དང་ཆ་གསུམ་གཏོར་མ་རྣམས་རིམ་པར་བཤམ་མོ། །དེ་ནས་སོ་སོའི་ཁ་དོག་དང་བསྟུན་པའི་དར་ཐོད་དང་བ་དན་ཡང་དཔྱང་བར་བྱའོ། །སྦྱོར་བའི་ཆོ་གའོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། བདག་གི་རྣལ་འབྱོར་དང༌། མདུན་དུ་བསྐྱེད་པ་དང༌། དེ་ལ་མཆོད་པ་དང༌། བཟླས་ནས་མདོ་གདོན་པའོ། །དང་པོ་ནི་སྔ་དྲོའི་ཚེ་སྔར་བཤད་པའི་ཡོ་བྱད་རྣམས་བཤམས་ནས་ཁྲུས་བྱས་ཏེ་སྟན་བདེ་བ་ལ་འདུག་ལ། སྤྱིའི་མཆོད་
པ་བྱིན་རླབས་ཚེ་དཔག་མེད་སོགས་གཞན་ལྟར་བྱ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བརྗོད་པས་བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་དང༌། དེ་ནས་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་འཕྲོས་པས་སེམས་ཅན་གྱི་དོན་བྱས་ཏེ། ཕྱོགས་བཅུའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཨོཾ་བཛྲ་ས་མཱ་ཛཿ ཞེས་པ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་མདུན་དུ་སྤྱན་དྲངས་པ་དེ་ལ། ན་མོ་གུ་རུ་བྷྱཿ ན་མོ་བྷཊྚ་ར་ཀཱ་མ་ཧཱ་བི་དྱཱ་ས་པ་རི་ཝཱ་རེ་བྷྱཿཞེས་པས་ཕྱག་བྱ། ཨོཾ་མ་ཧཱ་བི་དྱཱ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་སོགས་ཀྱིས་ཡན་ལག་བདུན་པ་བྱ། དེ་ནས་ཚད་མེད་བཞི་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་སྟོང་པ་ཉིད་དུ་བསྒོམ། དེ་ནས་སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར། དེའི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་གཟའ་ཐམས་ཅད་ཀྱི་ཡུམ་སྟོན་ཟླ་ལྟར་དཀར་བ། ཞལ་གསུམ་ཕྱག་དྲུག་མ། ཞལ་དང་པོ་དཀར་བ། གཡས་གནག་པ། གཡོན་དམར་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་
གིས་བཞུགས། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་རིག་པ་ཆེན་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་བདག་ལ་བསྟིམ་མོ། །སླར་ཡང་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་ཆུའི་ལྷག་མ་ཡར་ལུད་པ་ལས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་མོ། །སྔགས་བཟླ་བར་འདོད་ན། སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོར་བའི་འོད་ཀྱིས་རང་གི་སྡིག་པ། སྒྲིབ་པ། ནད་དང་བར་དུ་གཅོད་པ་རྣམས་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་བསྐུལ། དེ་རྣམས་ཀྱི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པས་རང་ལ་ཐིམ། གཟའ་དང་རྒྱུ་སྐར་དང་གདོན་དང་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་གདུག་པའི་སེམས་ཞི་བར་བྱས་པར་བསམ་ཞིང༌། ཨོཾ་མ་ཧཱ་བི་དྱཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏྱཻ་སྭཱ་ཧཱ། ཞེས་ཉེ་སྙིང་གང་མོས་ལ་ཅི་ནུས་སུ་བཟླས་མཐར་འདོད་དོན་གསོལ་ཞིང༌། མཐེབ་སྲིན་སེ་གོལ་བཅས་པས། ཨོཾ་མ་ཧཱ་བི་དྱཱ་བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། རང་ངམ་ཚིག་པའི་ང་རྒྱལ་ལ་གནས་པར་བྱའོ། །དང་པོ་བདག་གི་རྣལ་འབྱོར་རོ། །གཉིས་པ་མདུན་དུ་
བསྐྱེད་པ་ལ་གཉིས་ཏེ། བུམ་པ་ལ་བསྐྱེད་པ་དང་རྡུལ་ཚོན་ལ་བསྐྱེད་པའོ། །དང་པོ་ནི། སྔར་བཅས་པའི་བུམ་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཞབས་ཞུམ་པ། ལྟོ་བ་ལྡིར་བ་སོགས་ནས་ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་དབུས་ཀྱི་བུམ་པའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་སོགས་ནས་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་བསམ། བུམ་པ་གཞན་ལ་གཟའ་རྣམས་བསྐྱེད་ཆོག་དང་རང་སྔགས་ཀྱིས་ཡེ་ཤེས་པ་བསྟིམ་པ་སོགས་འོག་ནས་འབྱུང་བ་བཞིན་བྱའོ། །བུམ་པ་གཅིག་ཏུ་བྱེད་ན་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་སོགས་ནས་གཙོ་མོ་གོང་ལྟར་བཞུགས་པ་ཞེས་པའི་བར་དང༌། དེའི་མདུན་དུ་ཨོཾ་ལས་བྱུང་བའི་ཉི་མ་ལུས་སིནྡྷཱུ་རའི་ཕུང་པོ་ལྟར་ཤིན་ཏུ་དམར་བ་ཕྱག་གཉིས་པདྨའི་སྡོང་བུ་དང་བཅས་ཏེ། བཅོམ་ལྡན་འདས་མ་ལ་ཐལ་མོ་སྦྱར་ཏེ་བཀའ་ནོད་པའི་ཚུལ་དུ་འདུག་པ་ཞི་བའི་བཞིན་ཅན་སོགས་ནས་དབུས་ན་བཞུགས་པ་ཞེས་པའི་བར་འོག་ནས་འབྱུང་བ་བཞིན་དང༌། འདབ་མ་བརྒྱད་ཀྱི་ཤར་དུ་ཨོཾ་ལས་བྱུང་བའི་ཟླ་བ་སོགས་ནས། ཨོཾ་ཀུ་མ་རཱ་ཡ་སྭཱ་ཧཱ་ཞེས་པའི་བར་འོག་མ་བཞིན་དང༌། དེའི་ཕྱི་རོལ་གྱི་ཕྱོགས་བཞིར་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་སོགས་ནས། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱའི་བར་འོག་མ་བཞིན་དང༌། དེ་དག་གི་མཚམས་རྣམས་སུ་ཁྱིམ་དང་རྒྱུ་སྐར་དང་གནོད་པའི་ཚོགས་དང་བཅས་པས་བསྐོར་བར་བསམས་ལ། སྔགས་ཀྱི་དགུག་གཞག་བཅས་བྱས་ལ། དབང་བསྐུར་བའི་དོན་དུ་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་
དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། སྤྲོ་ན། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། གཟའ་དགུ་དང་ཁྱིམ་རྒྱུ་སྐར་གནོད་པའི་ཚོགས་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུར་བརྒྱན་པར་བསམ། འོག་ནས་འབྱུང་བའི་བསྟོད་པ་སོགས་རྒྱས་བསྡུས་གང་རིགས་ཀྱིས་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བ་བུམ་ནང་གི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། ཨོཾ་མ་ཧཱ་བི་དྱཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མཻ་གྷོལྦཱ་ཡ་སྭཱ་ཧཱ། ཨོཾ་ཤི་ཏཱཾ་ཤ་བེ་སྭཱ་ཧཱ། ཨོཾ་རཀྟ་ཨཾ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། ཨོཾ་བུདྷཱ་ཡ་སྭཱ་ཧཱ། ཨོཾ་བྲྀ་ཧ་སྤ་ཏ་ཡེ་སྭཱ་ཧཱ། ཨོཾ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། ཨོཾ་ཀྲྀཥྞ་ཝརྞཱ་ཡ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། ཨོཾ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། ཞེས་པས་བཅོམ་ལྡན་འདས་མ་གཟའ་དགུ་དང་བཅས་པ། ཨོཾ་བུདྡྷ་ཡ་སྭཱ་ཧཱ། ཨོཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཨོཾ་པདྨ་དྷཱ་རཱ་ཡ་སྭཱ་ཧཱ། ཨོཾ་ཀུ་མ་རཱ་ཡ་སྭཱ་ཧཱ། ཞེས་པས་ནང་སྒོའི་ལྷ་བཞི་དང༌། ཨོཾ་དྷྲིཥྚ་རཱཥྚ་ཡ་སྭཱ་ཧཱ། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཞེས་པས་རྒྱལ་ཆེན་བཞི་དང༌། ཨོཾ་སརྦ་གྲ་ཧཱ་ཎཱཾ་སྭཱ་ཧཱ། ཨོཾ་སརྦ་དྭཱ་ད་ཤ་རཱ་ཤཱི་ནཱཾ་སྭཱ་ཧཱ། ཨོཾ་སརྦ་ནཀྵ་ཏྲཱ་ཎཱཾ་སྭཱ་ཧཱ། ཨོཾ་སརྦ་ཨུ་པ་དྲ་བེ་བྷྱཿསྭཱ་ཧཱ། ཞེས་པས་འཁོར་ཡུག་གི་ལྷ་རྣམས་ཀྱི་བཟླས་པ་ཅི་རིགས་པ་བྱས་མཐར་མཆོད་བསྟོད་མདོར་བསྡུས་འོག་ནས་འབྱུང་བ་ལྟར་དང༌། བཅོམ་ལྡན་འདས་མ་གཟའ་
དང་རྒྱུ་སྐར་གྱི་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་དང་སྦྱིན་བདག་གིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་དང་གདོན་བགེགས་ཀྱི་གནོད་པ་དང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་དང༌། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། དུང་ཆོས་ཀྱི་མཆོད་ཡོན་བུམ་པར་བླུགས་ལ། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་ཞུ་བས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་ཅེས་བརྗོད་དོ། །བུམ་པའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བཞག་ལ། སྔར་བསྒྲུབས་ཟིན་པའི་བུམ་པ་ཡོད་ན་མཆོད་རྟེན་ལ་མེ་ལོང་བསྟན་པར། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་ཁྲུས་བྱས་པའི་ཁྲུས་ཆུ་བུམ་པར་བླུགས་པ་འདྲ་ཞིག་བཤད་མོད། ཁྲུས་འདི་མ་བྱུང་ཡང་དབང་བསྐུར་བྱས་པས་འགལ་བ་མེད་པར་སེམས་སོ། །གཉིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསང༌། ཨོཾ་སྭ་བྷཱ་ཝ་ཞེས་བརྗོད་ལ་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་འབུམ་དང་ལྡན་པ་སོགས་ནས། རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་སྤྲས་པ་ཞེས་པའི་བར་ཚེ་དཔག་མེད་ལྟར་ལས། ཁྱད་པར་རྡོ་རྗེའི་རྭ་བའི་ནང་དུ་འཇིག་རྟེན་པའི་འཁོར་ཡུག་ཡོད་པ་ནང་གི་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་སོགས་ནས་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞེས་པའི་བར་གཙོ་མོ་གཟའ་ཡུམ་བདག་བསྐྱེད་སྐབས་བཞིན་བསྐྱེད་ལ། ཨོཾ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཛཿཧཱུྃ་
བཾ་ཧོཿ ཞེས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དེ་ནས་དེའི་མདུན་དུ་གཟའ་རྣམས་བསྐྱེད་པར་བྱ་སྟེ། ཨཱྃ་ལས་བྱུང་བའི་གཟའ་ཉི་མ་ལུས་སིནྡྷཱུ་རའི་ཕུང་པོ་ལྟར་ཤིན་ཏུ་དམར་བ་ལག་པ་གཉིས་པདྨའི་སྡོང་བུ་དང་བཅས་ཏེ་བཅོམ་ལྡན་འདས་མ་ལ་ཐལ་མོ་སྦྱར་ཏེ་བཀའ་ནོད་པའི་ཚུལ་དུ་འདུག་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་ལོན་པའི་ཆ་ལུགས་ཅན། རྟས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཉི་མའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པར་བསམས་ལ། ཨོཾ་མེ་གྷོལྐཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་རང་འདྲ་སྤྱན་དྲངས་ལ་བསྟིམ། ཤར་དུ་ཨྃ་ལས་བྱུང་བའི་ཟླ་བ་གངས་རིའི་ཕུང་པོ་ལྟར་དཀར་བ། ལག་པ་གཉིས་ན་ཀུ་མུ་ཏའི་སྡོང་བུ་འཛིན་པ། ཆགས་པའི་ཉམས་ཅན་ཤིན་ཏུ་མཛེས་པ་ལོ་བཅུ་དྲུག་ལོན་པའི་ཆ་ལུགས་ཅན། དད་པས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པར་བསམས་ལ། ཨོཾ་ཤཾ་ཏཱཾ་ཤ་བེ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་པ་མན་ཆད་ཀྱང་རིགས་འགྲེ། མེའི་མཚམས་སུ་རྃ་ལས་བྱུང་བའི་མིག་དམར་རྒྱ་སྐྱེགས་ལྟར་དམར་བ། ལག་པ་གཡས་ན་གྲི་གུག གཡོན་ན་མི་མགོ་རློན་པ་འཛིན་པ། མིག་དམར་ཞིང་མི་འཛུམ་པ། ལུས་ཐུང་བ་ལོ་ཉི་ཤུ་རྩ་གཉིས་ལོན་པའི་ཆ་བྱད་ཅན་ར་སྐྱེས་ལ་ཞོན་པར་བསམས་ལ། ཨོ་རཀྟ་ཨཾ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ལྷོར་བུམ་ལས་བྱུང་བའི་གཟའ་ལྷག་མརྒད་ལྗང་གུ་ལག་པ་གཉིས་ན་མདའ་གཞུ་འཛིན་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་རྩ་བཞི་ལོན་པའི་ཆ་བྱད་ཅན། དར་སྣ་ཚོགས་ཀྱི་ན་བཟའ་ཅན་པདྨའི་སྟེང་ན་བཞུགས་པར་བསམས་ལ། ཨོཾ་བུདྡྷཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ བདེན་བྲལ་དུ་པྲྀཾ་
ལས་བྱུང་བའི་ཕུར་བུ་གསེར་ལྟར་སེར་བ། ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཐུགས་རྗེ་ཅན་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན་གླང་པོ་ཆེའི་སྟེང་ན་གནས་པར་བསམས་ལ། ཨོཾ་བྲྀ་ཧ་སྤ་ཏ་ཡེ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ནུབ་ཏུ་ཨོཾ་ལས་བྱུང་བའི་པ་ཝ་སངས་ཤེལ་ལྟར་དཀར་བ་ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཤ་རྒྱས་པ་བཞད་ཅིང་འཛུམ་པའི་བཞིན་ཅན་ལོ་ལྔ་བཅུ་རྩ་ལྔ་ལོན་པའི་ཉམས་ཅན་པདྨའི་སྟེང་ན་བཞུགས་པར་བསམས་ལ། ཨོཾ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ རླུང་དུ་ཤྃ་ལས་བྱུང་བའི་སྤེན་པ། མིག་སྨན་ལྟར་གནག་པ། ལག་པ་གཉིས་ན་ཕྲེང་བ་དང་དབྱུ་གུ་འཛིན་པ། སྐྲ་ཟེད་པ་རྐང་པ་འཐིང་ཞིང་འཇིགས་པ། ཁྱིའི་པགས་པའི་སྨད་གཡོགས་ཅན། ལོ་ལྔ་བཅུ་ལོན་པའི་ཆ་ལུགས་འཛིན་པ། སྦྲུལ་ལ་ཞོན་པར་བསམས་ལ། ཨོཾ་ཀྲྀཥྞ་ཝརྞ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ བྱང་དུ་རྃ་ལས་བྱུང་བའི་སྒྲ་གཅན་དམར་ནག་ལྟེ་བ་མན་ཆད་གནག་པ། ལག་པ་གཉིས་ན་ཉི་ཟླ་འཛིན་པར་བསམས་ལ། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ དབང་ལྡན་དུ་ཀཾ་ལས་བྱུང་བའི་མཇུག་རིངས་དུད་སྤྲིན་གྱི་མདོག་ཅན་ལག་ན་སྦྲུལ་ཞགས་དང་རལ་གྲི་འཛིན་པ། རིད་ཅིང་འཇིགས་པ་སྐྲ་སྟེང་དུ་བརྫེས་པ། བྲག་གི་སྟེང་ན་བཞུགས་པར་བསམས་ལ། ཨོཾ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ སྒོའི་ནང་གི་ཕྱོགས་བཞིར་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ། ཤར་དུ་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ན་བཟའ་ཆོས་གོས་ངུར་སྨྲིག་གསུམ་གསོལ་བ། ཨོཾ་བུདྡྷཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ལྷོར་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་
དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཨོཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ནུབ་ཏུ་འཇིག་རྟེན་དབང་ཕྱུག་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཨོཾ་པདྨ་དྷ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ བྱང་དུ་འཇམ་པའི་དབྱངས་དམར་སེར་རལ་གྲི་དང་པུསྟི་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཨོཾ་ཀུ་མ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ དཀྱིལ་འཁོར་གྱི་ཕྱི་རོལ་འཁོར་ཡུག་གི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ། ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ བྱང་དུ་ལུས་ངན་པོ་སེར་པོ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ དེ་དག་གི་བར་མཚམས་ཀུན་ཏུ་གཟའ་དང་ཁྱིམ་དང་རྒྱུ་སྐར་གནོད་པའི་ཚོགས་དང་བཅས་ཏེ་འཁོད་པར་གྱུར། ཨོཾ་སརྦ་གྲ་ཧ་དྭཱ་ད་ཤ་རཱ་ཤི་ནཀྵ་ཏྲ་ཨུ་པ་དྲ་བེ་བྷྱཿསྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་གཞུག འདི་དག་གི་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའི་ཚུལ་ཡང་ལྷ་རེ་རེ་བཞིན་བསྐྱེད་ཟིན་པ་དང༌། རང་གནས་ནས་སྤྱན་དྲངས་ལ་སྔགས་བརྗོད་ཅིང་སོ་སོར་བསྟིམ་པའི་ཚུལ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བའི་དོན་དུ་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་
གསོལ་ཞེས་གསོལ་བ་གདབ། སྤྲོ་ན། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། གཟའ་དགུ་དང་ཁྱིམ་དང་རྒྱུ་སྐར་དང་གནོད་པའི་ཚོགས་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུར་བརྒྱན། དེ་དག་ནི་མདུན་དུ་བསྐྱེད་པའི་ཆོ་གའོ། །གསུམ་པ་དེ་ལ་མཆོད་པ་ནི། སྔར་བཤད་པའི་མཆོད་པ་རྣམས་ལ་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ཅི་རིགས་པ་བརྗོད་པས་བསངས་ལ། ཨོཾ་སྭ་བྷཱ་ཝ་ཞེས་པས་སྦྱངས་ཏེ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་སྤྱི་དང་བྱེ་བྲག་སོ་སོའི་མཆོད་པའི་ཡོ་བྱད་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། ཅོད་པན། བ་དན། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་མུ་ཀུ་ཊ་ཨཱཿཧཱུྃ། ཨོཾ་བཛྲ་པ་ཏཾ་ཀ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་གི་བར་གྱིས་བྱིན་གྱིས་བརླབས་ནས། དེ་ནས་འབུལ་བ་ནི། ཨོཾ་མ་ཧཱ་བི་དྱཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་སོགས་ནས། ནཻ་ཝི་དྱའི་རྗེས་སུ། མུ་ཀུ་ཊ་དང༌། པ་ཏཾ་ཀ་ཞེས་བཅུག་ཅིང༌། དེ་ནས་ཤབྡ་རོལ་མོར་བཅས་པས་རང་རང་གི་ཕྱག་རྒྱ་དང་བཅས་གཙོ་མོ་དང་མཆོད་ཡུལ་སྤྱི་ལ་དབུལ། ཁྱད་པར་གྱི་མཆོད་པ་ནི། རང་རང་གི་ཕྱག་རྒྱ་དང་བཅས། ཨོཾ་མཻ་གྷོལྐཱ་ཡ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་པུཥྤེ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་གནྡྷེ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་ནཻ་བི་དྱེ་
ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་མུ་ཀུ་ཊ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་པ་ཏཾ་ཀ་ཨཱཿཧཱུྃ། ཨོཾ་མཻ་གྷོལྐཱ་ཡ་ཤཔྡ་རོལ་མོར་བཅས་པས་ཉི་མའི་མཆོད་པ་དང༌། དེའི་རིགས་འགྲེ་བར། ཨོཾ་ཤི་ཏཱཾ་ཤ་བེ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡའི་བར་གྱིས་ཟླ་བ་དང༌། ཨོཾ་རཀྟ་ཨཾ་ག་ཀུ་མཱ་རཱ་ཡ་ཨརྒྷཾ་ཨཱཿཧཱུྃ་སོགས་ཀྱིས་མིག་དམར། ཨོཾ་བུ་དྷཱ་ཡ་ཨརྒྷཾ་སོགས་ཀྱིས་ལྷག་པ། ཨོཾ་བྲྀ་ཧ་སྦ་ཏཱ་ཡ་ཨརྒྷཾ་སོགས་ཀྱིས་ཕུར་བུ། ཨོཾ་ཨ་སུ་རོཏྟ་མཱ་ཡ་ཨརྒྷཾ་སོགས་ཀྱིས་པ་སངས། ཨོཾ་ཀྲྀཥྞ་ཝརྞཱ་ཡ་ཨརྒྷཾ་སོགས་ཀྱིས་སྤེན་པ། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་ཨརྒྷཾ་སོགས་ཀྱིས་སྒྲ་གཅན། ཨོཾ་ཛྱོ་ཏི་ཀེ་ཏ་བེ་ཨརྒྷཾ་སོགས་ཀྱིས་མཇུག་རིངས་ལ་ཕུལ་བས་དེ་དག་མཉེས་པར་བསམ་མོ། །དེས་མཆོད་པའི་ཆོ་ག་བསྟན་ཟིན་ཏོ། །བཞི་པ་བསྟོད་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྒྲུབ་ལ་དངོས་གྲུབ་མཆོག་སྟེར་བ། །རིག་པ་ཆེན་མོར་ཕྱག་འཚལ་བསྟོད། །སིནྡྷཱུ་ར་ཡི་མཆོག་ལྟ་བུ། །པདྨ་རཱ་ག་འདྲ་བའི་འོད། །རྟ་བདུན་ཤིང་རྟ་ལ་ཞོན་པའི། །རྡོ་རྗེ་ཉི་མར་བདག་ཕྱག་འཚལ། །ཀུནྡ་ཁ་བ་ལྟ་བུ་སྟེ། །འབྲས་བུ་སྨིན་སོགས་ཀྱིས་འཚོ་བ། །ངང་པའི་བཞོན་པར་ཡང་དག་གནས། །ཟླ་བ་ལ་ནི་བདག་ཕྱག་འཚལ། །སྐྱོན་བྲལ་མཆོག་སྟེ་ཀུན་ནས་མེ། །ར་སྐྱེས་ལ་ཞོན་མདུང་འཆང་ཞིང༌། །གཞོན་ནུའི་རིགས་ལས་ཡང་དག་བྱུང༌། །མིག་དམར་ལ་ནི་བདག་ཕྱག་འཚལ། །གི་ཧང་གི་ནི་འོད་དང་མཉམ། །ལག་ན་མདའ་དང་གཞུ་འཛིན་ཅིང༌། །ཞི་བ་པདྨའི་སྟེང་ན་གནས། །ལྷག་པ་ལ་ནི་བདག་ཕྱག་འཚལ། །གླང་པོའི་བདག་པོ་ལ་ཞོན་ཞིང༌། །སྟོན་པ་པོ་སྟེ་གསེར་གྱི་འོད། །རིན་ཆེན་སྣོད་དང་ཕྲེང་འཛིན་ཕྱག །ཚིག་བདག་ལ་ནི་བདག་ཕྱག་འཚལ། །སྣ་ཚོགས་སྟོན་པར་ལེགས་པར་འབྱེད། །དཀར་སེར་སྣང་ཞིང་རྟ་ལ་ཞོན། །བུམ་པ་དང་ནི་ཕྲེང་བའི་
ཕྱག །ལྷ་མིན་བླ་མར་བདག་ཕྱག་འཚལ། །ལུས་རྩུབ་སྔོ་བསངས་སྣང་བ་ནི། །རུས་སྦལ་ལུས་ནི་ཡང་དག་གནོན། །ཁ་དོག་གནག་ཅིང་ལག་ན་མདུང༌། །དལ་འགྲོ་ལ་ནི་བདག་ཕྱག་འཚལ། །གཉིས་སྐྱེས་གཤིན་རྗེ་མི་རྣམས་ནི། །ཤིན་ཏུ་འཇིགས་ཤིང་འཇིགས་པར་བྱེད། །ལུས་ཕྱེད་མཁར་གནས་ཟླ་བ་ནི། །གཟིར་བྱེད་དེ་ལ་བདག་ཕྱག་འཚལ། །ཕྱག་ན་རལ་གྲི་ཞགས་པ་འཛིན། །ལུས་ཀྱི་ཕྱེད་ནི་མཇུག་མས་བརྒྱན། །རྣམ་བཀྲ་རི་མོའི་ལུས་སུ་སྣང༌། །འོད་ཀྱི་ཏོག་ལ་བདག་ཕྱག་འཚལ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །ལྔ་པ་བཟླས་ནས་མདོ་གདོན་པ་ལ། ཐོག་མར་གསང་སྔགས་བཟླ་བ་དང༌། དེ་ནས་མདོ་གདོན་པ་གཉིས་ལས། དང་པོ་ནི། ཨོཾ་མ་ཧཱ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མཻ་གྷོལྐཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་རང་རང་གི་སྔགས་རྣམས་བརྒྱ་རྩ་བརྒྱད་ལ་སོགས་པ་ཇི་ལྟར་ནུས་པ་ལྷ་རྣམས་ལ་དམིགས་ཤིང་མ་ཡེངས་པར་དངོས་གྲུབ་སློང་བའི་བསམ་པས་བཟླ་བར་བྱའོ། །གཉིས་པ་མདོ་གདོན་པ་ནི། སྨིན་དྲུག་གི་ཟླ་བའམ་ཟླ་བ་གང་ཡང་རུང་བའི་ཡར་ངོའི་ཚེས་བདུན་ནས་བཅུ་བཞིའི་བར་ལ་བདུན་བདུན་གདོན་ལ་བཅོ་ལྔའི་ཉིན་མཚན་ཐོག་ཐག་གདོན་པར་བྱའོ། །ཡང་ན་དེ་ཙམ་གྱི་ཡོ་བྱད་མ་འཛོམ་པའམ། དུས་ཁྱད་པར་ཅན་གཞན་ནམ། རང་གི་བར་ཆད་ཞི་བའམ་འདོད་པ་བསྒྲུབ་པའི་དོན་དུ་ཉིན་གཅིག་ཁོ་ནའམ། གཉིས་སམ་གསུམ་ལ་སོགས་པ་མཆོད་པ་བྱེད་ནའང་ལན་བདུན་ཁོ་ནར་གདོན་པར་བྱའོ། །དངོས་གཞིའི་ཆོ་ག་བསྟན་ཟིན་ཏོ། །གསུམ་པ་མཇུག་གི་ཆོ་ག་ལ་བཞི་སྟེ། སྡིག་པ་ཞི་བར་བྱེད་པའི་སྦྱིན་སྲེག་དང༌། ཡོངས་སུ་
མཉེས་པར་བྱེད་པའི་གཏོར་མ་དང༌། ལྷག་ཆད་ཁ་བསྐངས་ཏེ་གཤེགས་སུ་གསོལ་བ་དང༌། བསྡུས་ནས་རྗེས་ལ་བྱ་བའི་རིམ་པའོ། །དང་པོ་ནི། རང་དང་གཞན་གྱི་སྡིག་པ་དང་བར་ཆད་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱ་སྟེ། ཆོ་ག་གཞན་དང་མཐུན་ཏེ་ལོགས་སུ་ཤེས་པར་བྱའོ། །གལ་ཏེ་མ་འབྱོར་ནའང་ཉེས་པ་མེད་དོ། །གཉིས་པ་གཏོར་མ་འབུལ་བ་ནི། གཏོར་མ་བྲན་པ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཁྃ་ལས་བྱུང་བའི་གཏོར་མ་ལྷའི་ཞལ་ཟས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་དང༌། ཨོཾ་རུ་རུ་སྥུ་རུ་སོགས་ལན་གསུམ་གྱི་བྱིན་གྱིས་བརླབ། གཏོར་མ་དང་པོ་བཅོམ་ལྡན་འདས་མ་ལ་མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་གསུམ་མམ་ལྔས་ཕུལ། མཚན་སྔགས་ལན་གཅིག་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། བསྟོད་པ་གོང་ལྟར་དང༌། འདོད་དོན་གསོལ་བ་གདབ། གཟའ་གཞན་རྣམས་ལ་སོ་སོའི་སྔགས་ཐམས་ཅད་ཀྱི་མཇུག་ཏུ། ཨ་ཀཱ་རོ་བཏགས་པ་ལན་གསུམ་བདུན་གང་རུང་གིས་ཕུལ་ལ། བསྟོད་པ་བསྡུས་པས་བསྟོད། གཏོར་མ་གཞན་རྣམས་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཕྱོགས་སྐྱོང་དང༌། འབྱུང་པོ་དང༌། བགེགས་རྣམས་ལ་སྦྱིན་པ་ཆ་གསུམ་སྤྱི་ལྟར་རོ། །གལ་ཏེ་ནད་པ་སོགས་ལ་ཁྲུས་བྱེད་ན། སྦྱོང་བ་གསུམ་སྔོན་དུ་འགྲོ་བས་ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་སོགས་དང༌། གཙོ་འཁོར་རྣམས་ཀྱི་སྔགས་སྔོན་དུ་འགྲོ་བས། སྦྱིན་བདག་ཆེ་གེ་མོའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སརྦ་པཱ་པེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། སོགས་ཀྱིས་བུམ་
པའི་ཆུས་བཀྲུ་བ་དང༌། ཡང་སྔགས་ལ་ཨ་པ་ནཱ་ཡ་སོགས་བཏགས་པ་སྒྲོ་མདོངས་བཅས་པས་བྱབས་པ་དང༌། སྔགས་རྣམས་ཀྱི་མཐར་རཀྵ་བཏགས་པས་སྤྱི་བོར་རྒྱ་གྲམ་དང༌། སྦྱིན་བདག་ཆེ་གེ་མོའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སརྦ་པཱ་པེ་བྷྱཿརཀྵས་སྙིང་ག་སོགས་སུ་རྒྱ་གྲམ་གྱིས་སྲུང་བ་སོགས་རྣམ་འཇོམས་ལྟར་དང༌། རྡོ་རྗེ་སྤྱི་བོར་བཞག་ཅིང་སྔགས་རྣམས་ཀྱི་མཐར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །གཟའ་ཡུམ་འཁོར་དང་བཅས་པའི་མཐུ་སྟོབས་ཀྱིས། །སོགས་བདེན་སྟོབས་དང་ཤིས་བརྗོད་རྣམས་བྱས་པས་འགྲུབ་བོ། །གསུམ་པ་རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས་ལ་བྱིན་རླབས་གོང་ལྟར་བྱས་ལ། ཨོཾ་བྷ་ག་ཝ་ཏཱི་སརྦ་གྲ་ཧ་ནཀྵ་ཏྲ་མཧཱ་རཱ་ཛཱ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། དེ་བཞིན་དུ་སྔགས་རྣམས་རེ་རེའི་སྔོན་དུ་འགྲོ་བ་ནས། ནཻ་བི་དྱའི་བར་དང༌། དེ་ནས་མུ་ཀུ་ཊ། པ་ཏཾ་ཀ ཤབྡའི་བར་གྱིས་མཆོད། བསྟོད་པ། དུས་གསུམ་སངས་རྒྱས་སོགས་དང༌། རྒྱལ་བའི་རྣམ་འཕྲུལ་འཇིག་རྟེན་སྐྱོང༌། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །གཟའ་ཆེན་རྒྱུ་སྐར་རྒྱལ་བ་ཡི། །བཀའ་ཡི་སྲུང་མ་ཀུན་ལ་བསྟོད། །ཅེས་པས་བསྟོད་ཅིང༌། བཅོམ་ལྡན་འདས་མ་སོགས་ཀྱིས་འདོད་དོན་གསོལ་བ་གདབ། ཆོ་གའི་ལྷག་ཆད་ཁ་སྐོང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་ནས། བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་མཛོད། །ཅེས་བརྗོད་ལ་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་རང་གནས་སུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་
མུཿཞེས་པས་སེ་གོལ་གཏོགས་ལ་རྡུལ་མཚོན་གྱི་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས་སུ་གསོལ་ཏེ། སྤྲུལ་པ་རང་ལ་བསྡུ་ཞིང༌། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །གཟའ་ཡུམ་འཁོར་བཅས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང༌། བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང༌། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །ཞེས་སོགས་ཤློ་ཀ་གསུམ་གྱི་མཇུག་རྣམས་ཀྱི་འདོད་གསོལ་ལ་ཉེ་བར་ཞི་གྱུར་ཅིག ཅེས་སྨོན་ལམ་དུ་ཁ་བསྒྱུར་བ་དང་བཅས་ཏེ་བསྔོ་བ་སྨོན་ལམ་གང་ཤེས་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །བཞི་པ་ནི་སྔར་བྲིས་པའི་སྤོས་ཀྱི་དཀྱིལ་འཁོར་དང་མཆོད་རྫས་རྣམས་བསྡུས་ཏེ་འབབ་ཆུའམ། ཁྲོན་པ་ལ་སོགས་པར་དོར་ལ། རྗེས་ལ་བུམ་པའི་ཆུས་རང་དང་གཞན་ལ་བླུད་པ་དང༌། བཀྲུ་བ་དང་གཏོར་བ་ལ་སོགས་པས་རང་དང་གཞན་གྱི་དོན་བྱའོ། །དེ་དག་ནི་མཇུག་གི་ཆོ་ག་སྟེ། དེ་ལྟར་དོན་གསུམ་གྱིས་ཇི་ལྟར་བྱ་བའི་ཆོ་ག་རྣམས་བཤད་ཟིན་ཏོ། །ད་ནི་སྤྱི་དོན་གཉིས་པ་དེ་ལྟར་བྱས་པའི་ཕན་ཡོན་ལ་གཉིས་ཏེ། མི་མཐུན་པའི་ཕྱོགས་སྤོང་བ་དང༌། འདོད་པའི་དོན་འགྲུབ་པ་གཉིས་ལས། དང་པོ་ནི་གཟུངས་ཉིད་ལས་ལོ་དགུ་བཅུ་རྩ་དགུའི་བར་དུ་འཆི་བའི་འཇིགས་པ་མི་འབྱུང༌། སྐར་མདའ་ལྟུང་བ་དང༌། གཟའ་དང་རྒྱུ་སྐར་ལ་སོགས་པའི་གནོད་པ་སྟེ། མདོར་ན་མི་མཐུན་པའི་ཕྱོགས་ཀྱི་གནོད་པ་ཐམས་ཅད་མི་འབྱུང་ངོ༌། །གློག་དང་ཐོག་དང་ནད་རྣམས་སེལ་བ་དང༌། དུས་མ་ཡིན་པར་འཆི་བ་འབྱུང་བར་མི་འགྱུར་རོ། །གཟའི་ཚོགས་ཀྱིས་གནོད་པ་བྱས་པ་ཐམས་ཅད་ཞི་བར་འགྱུར་རོ། །རྟག་ཏུ་ཉམས་སུ་བླངས་ན་དངོས་གྲུབ་ཐམས་
ཅད་རྗེས་སུ་སྟེར་བར་འགྱུར་རོ། །བདག་ཉིད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཐམས་ཅད་སྲུང་བར་བྱེད་དོ། །བགེགས་དང་གནོད་པ་ཐམས་ཅད་དང༌། འཐབ་པ་དང༌། རྩོད་པ་དང༌། མཚང་འབྲུ་བ་དང༌། ཤགས་འགྱེད་པ་དང༌། རྒྱལ་པོ་དང༌། ཆོམ་རྐུན་གྱི་ཆད་པ་དང༌། འཁྲུལ་འཁོར་དང༌། སྔགས་དང༌། ཕྱེ་མ་དང༌། དུག་གི་སྦྱོར་བ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། མཁའ་འགྲོ་མ་ལ་སོགས་པ་རྣམས་ཟློག་པར་བྱེད་དོ། །སྔགས་ཀྱི་ཚིག་རྣམས་གང་དག་གི་རྣ་བའི་བུ་གས་ཐོས་པར་གྱུར་ན། དུས་མ་ཡིན་པར་འཆི་བར་མི་འགྱུར་རོ། །དེའི་རིགས་རྒྱུད་ཐམས་ཅད་ཀྱི་དབུལ་བའི་གདོན་ཉམས་པར་བྱེད་དོ། །གཉིས་པ་ཡང་གཟུངས་འདི་ཉིད་ནས། །སྐྱེ་བ་དྲན་པར་འགྱུར་བ་དང༌། གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྟེར་རོ། །ཞེས་གསུངས་ཏེ། མདོར་ན་ཇི་ལྟར་བསམ་པ་དེ་དང་དེ་འགྲུབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཆོ་ག་མ་ལུས་པ་བསྟན་ཟིན་ཏོ། །སྨྲས་པ། འཇམ་དཔལ་གཞོན་ནུ་འགྲོ་འདུལ་ངུར་སྨྲིག་འཆང༌། །མཆོག་གི་རྣམ་རོལ་ཆེན་པོའི་ཞལ་གྱི་ལུང༌། །གཟའ་ཡུམ་འཁོར་བཅས་མཆོད་པས་འཇིག་རྟེན་དུ། །ཕན་བདེའི་འདོད་དགུ་འཇོ་བའི་དཔག་བསམ་སྐྱེས། །མཆུ་འདབ་སྙུང་བས་ཤུབ་བུར་བཟླས་པ་མེད། །དཔྱོད་ལྡན་གཞན་བློ་བོར་བ་གློ་བུར་དུ། །རྙེད་པ་མེད་པར་མཁས་མཆོག་གོང་མའི་གསུང༌། །ཉམས་བླང་བདེ་བའི་ཆོ་ག་ཁོ་བོས་སྤེལ། །རྣམ་དཀར་དགེ་བའི་ཉི་མས་ལུས་ཅན་ཀུན། །ནད་དང་གདོན་བགེགས་བར་ཆད་མུན་བསལ་ནས། །བདེ་དགའ་ཉི་གཞོན་འོད་ཟེར་འཐུངས་པའི་ལུས། །དགེ་བཅུར་སྤྱོད་པའི་བཅུད་ཀྱིས་རིང་འཚོར་ཤོག །ཅེས་གཟའ་ཡུམ་འཁོར་དང་བཅས་པ་མཆོད་པའི་ཆོ་ག་ནད་གདོན་མུན་པ་སེལ་བའི་མ་ཟླུམ་ཞེས་བྱ་བ་འདི་ནི། ས་སྐྱ་པཎྜི་
ཏས་མཛད་པའི་མཆོད་ཆོག་ལ། དོན་གཉེར་གསར་བུས་འཇུག་པ་མ་སྤོབས་པར། གཞུང་དང་གསལ་བྱེད་མཉམ་འགྲོས་སུ་བཏང་བ་ཞིག་དགོས་ཞེས། ཆོས་རྗེ་བླ་མ་དམ་པ་ཀུན་དགའ་བསོད་ནམས་པའི་གསུང་མཆིད་དྲི་ཟའི་བུ་མོའི་དབྱངས་སྙན་ལྟ་བུར་སོན་པར་བརྟེན། གཞུང་དངོས་གཞིར་བཞག་དེར་མི་གསལ་བ་འཕགས་བོད་མཁས་པའི་ལེགས་བཤད་ལས་ཀྱང་ཅུང་ཟད་བརྒྱན་ཏེ། ཉམས་སུ་བླང་བདེ་བར་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས་རབ་བྱུང་བཅུ་གསུམ་པའི་ནང་གསེས་རྣམ་པར་རྒྱལ་བའི་བགྲང་གཞིའི་ཞག་གི་ཕུང་པོ། ཐ་སྐར་གྱི་དགའ་མས་ཉ་བའི་དམར་ཕྱོགས་ཀྱི་བཟང་པོ་གསུམ་པའི་ཚེས་ལ་གྲུབ་པར་བགྱིས་པ་སརྦ་སཏཾ་ཧི་ཏོ་བྷ་ཝ་ཏུ། «འདིའི་དཀྱིལ་འཁོར་གྱི་ཡོ་བྱད་སོགས་ལ་ཉེ་བར་མཁོ་བའི་རྫས། དེ་བ་དཱ་རུ་ནི་ལྷ་ཤིང་སྟེ་ཤུག་པ། རྒྱ་སྤོས་ནི། སྨན་པ་དག་ནགས་དང་སྲིབ་ལ་སྐྱེ་བ། ལོ་མ་སྔོན་པོ་མེ་ལོང་ཁ་ལྟར་རྒྱས་པ། སྡོང་པོ་ཕྲ་རིང་ཁོང་སྟོང་རྩེར་མེ་ཏོག་དམར་སྐྱ་ཞིབ་མོ་སྤོས་དྲི་ལྡན་པ། རྩ་བ་ལས་ག་བུར་གྱི་དྲི་བྲོ་བ་དེ་ལ་ངོས་འཛིན། མ་རྙེད་ན་སྤང་སྤོས་ཀྱིས་ཚབ་རུང༌། ཐང་ཤིང་ནི་སྒྲོན་ཤིང་ལ་ངོས་འཛིན་པས་དེའི་ཐང་ཆུ། ཏུ་རཥྐ་དངོས་ནི་ཙནྡན་སྤྲུལ་སྙིང་ལོ་སྟོང་ས་ཞབས་སུ་སོང་བ་ལ་ངོས་འཛིན་ཅིང་རིགས་མཐུན་རྒྱ་ནག་ཕྱོགས་ནས་འབྱུང་ནའང་ཤིན་ཏུ་རྙེད་དཀའ་བས་ཨར་ནག་གམ་ཙནྡན་སྨུག་པོས་ཚབ་རུང་བར་བྱེད། ས་འོག་གི་སྤོས་ངོ་བོ་ཟུར་པ་ཡིན་ནའང༌། པུ་རྟའི་རྩ་ལོའི་མཚམས་སི་ལས་ཚབ་རུང༌། སྲན་མཱ་ཤ་ནི། མོན་སྲན་གྲེའུ་ཞེས་སྲན་མ་དམར་སྲེ་ནས་འབྲུ་ལེབ་མོ་བྱས་པ་འདྲ་བ་ཞིག་འབྱུང་བ་དེ་དང༌། སྲན་མུ་རྒ་ནི་མོན་སྲན་སྡེའུ་ཞེས་སྲན་མ་སྔོན་པོ་འབྲུ་ཆུང་ངུ་ཞིག་འབྱུང༌། འདི་གཉིས་མ་འབྱོར་ན་སྔ་མའི་ཚབ་སྲན་དཀར་ཕྱི་མའི་ཚབ་སྲན་ནག་གིས་བྱེད་ཅེས་གསུངས། གཞན་རྣམས་ནི་གོ་སླའོ། །མངྒ་ལཾ།། །།
གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས།།
རྒྱ་གར་སྐད་དུ། གྲ་ཧ་མ་ཏྲྀ་ཀཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བདུད་དང༌། ཉི་མ་དང༌། ཟླ་བ་དང༌། མིག་དམར་དང༌། པ་བ་སངས་དང༌། ཕུར་བུ་དང༌། གཟའ་ལྷག་པ་དང༌། སྤེན་པ་དང༌། སྒྲ་གཅན་འཛིན་དང༌། མཇུག་རིངས་རྣམས་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པ། རྡོ་རྗེ་ཆེན་པོའི་དམ་ཚིག་གིས་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་ཁྲི་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཏུམ་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྡེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་གཞུ་ཅན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བདག་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་འོད་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དཔལ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་ཏོག་དང༌། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཞལ་རས་རྒྱས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྤྱན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱིས་བསྐོར་ཅིང་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ། །བཀོད་པ་ཆེན་པོའི་རྒྱན་གྱི་ནོར་བུ་ཞེས་བྱ་བ་ཐོག་མར་དགེ་བ་དང༌། བར་དུ་དགེ་བ་དང༌། ཐ་མར་དགེ་བ་དང༌། དོན་བཟང་པོ་དང༌། ཚིག་འབྲུ་བཟང་པོ་དང༌། མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཆོས་སྟོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་འཁོར་དེ་དག་ལ་བལྟས་ཏེ། ལངས་ནས་རང་གི་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བར་བྱས་ཏེ་ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ། སྙེམས་པ་དང་བཅས་པས་སྐྱིལ་མོ་ཀྲུང་ལེགས་པར་བཅས་ནས། འཁོར་དེ་དག་ལ་འགྱིང་བག་ཏུ་བལྟས་ཏེ། རྡོ་རྗེའི་ཐལ་མོ་རང་གི་སྙིང་གར་བཞག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟའ་མི་བཟད་པ། མི་བཟོད་པའི་གཟུགས་ཅན། དྲག་ཤུལ་ཅན་དྲག་ཤུལ་གྱི་སེམས་དང་ལྡན་པ། ཁྲོ་བ་ཁྲོ་བའི་གཟུགས་ཅན་དག་སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད་པ། ཐོ་འཚམ་པར་བགྱིད་པ། མདངས་ཀྱང་འཕྲོག་པར་བགྱིད་ཅིང༌། ཁ་ཅིག་ནོར་ལམ་འཕྲོག་པར་བགྱིད། ཁ་ཅིག་ནི་སྲོག་འཕྲོག་པར་བགྱིད། སེམས་ཅན་ཚེ་རིང་བ་ཁ་ཅིག་ནི་ཚེ་ཐུང་ངུར་བགྱིད་དོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར་བགྱིད་པ་དེ་རྣམས་ཀྱི་སླད་དུ་བཅོམ་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་ཐམས་ཅད་ལ་བསྲུང་བར་འགྱུར་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། གང་ཡང་ཁྱོད་ཀྱིས་སྙིང་རྗེ་བསྐྱེད་
པས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གསང་ཆེན་བས་ཀྱང་ཆེས་གསང་བ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང༌། གཟའ་མི་བཟད་པའི་གཟུགས་ཅན་ཤིན་ཏུ་ཁྲོ་བ་དང༌། ཤིན་ཏུ་འཇིགས་པར་བྱེད་པ་རྣམས་ཀྱིས་མཆོད་པ་དང༌། མཆོད་ཡོན་དང༌། བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །དེ་དག་མཆོད་པས་མཆོད་གྱུར་ཅིང༌། །གནོད་པ་བྱས་ན་གནོད་བྱེད་དང༌། །གཟའ་དེ་ཀུན་གྱི་ཁ་དོག་དང༌། །ཇི་ལྟ་བུར་ནི་འགྱུར་བ་དང༌། །ལྷ་རྣམས་དང་ནི་ལྷ་མིན་དང༌། །མིའམ་ཅི་དང་ཀླུ་དག་དང༌། །གནོད་སྦྱིན་རྣམས་དང་སྲིན་པོ་དང༌། །མི་རྣམས་དང་ནི་མི་མ་ཡིན། །དྲག་པོ་གཟི་བརྗིད་ཆེན་པོ་དང༌། །ཁྲོས་པ་ཞི་བར་བྱེད་པ་དེའི། །གསང་སྔགས་རྣམས་དང་མཆོད་པ་དང༌། །རིམ་པ་བཞིན་དུ་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཐུགས་ཀ་ནས་སྙིང་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་བགྱི་སྟེ། གཟའ་རྣམས་ཀྱི་སྤྱི་བོར་ཞུགས་སོ། །དེ་ནས་དེའི་མོད་ལ་ཉི་མ་ལ་སོགས་པའི་གཟའ་ཐམས་ཅད་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལྷ་རྫས་ཀྱི་མཆོད་པ་བྱས་ཏེ། ཕྱག་འཚལ་ནས་པུས་མོ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་སྨན་ཡོན་བཏགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་གང་གིས་བདག་ཅག་རྣམས་ལ་སོགས་པས་ཆོས་སྨྲ་བ་རྣམས་ལ་བསྲུང་བར་འགྱུར་བ་དང༌། ཡོངས་སུ་བསྐྱབ་པ་
དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། མཚོན་ཆ་སྤང་བ་དང༌། ཆད་པ་སྤང་བ་དང༌། དུག་གཞིལ་བ་དང༌། དུག་གསད་པ་དང༌། མཚམས་བཅད་པ་དང༌། ས་བཅིང་བ་རྣམས་བགྱིད་བར་འགྱུར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་མཆོད་པ་དང༌། གསང་སྔགས་བཀའ་སྩལ་ཏོ། །ཨོཾ་མི་གྷོལྐཱ་ཡ་སྭཱ་ཧཱ། ཨོཾ་ཤི་ཏཱཾ་ཤ་བེ་སྭཱ་ཧཱ། ཨོཾ་རཀྟ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། ཨོཾ་བུ་དྷཱ་ཡ་སྭཱ་ཧཱ། ཨོཾ་པྲི་ཧ་སྦ་ཏ་ཡེ་སྭཱ་ཧཱ། ཨོཾ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། ཨོཾ་ཀྲྀཥྞཱ་བརྞཱ་ཡ་སྭཱ་ཧཱ། ཨོཾ་ཛྱོ་ཏིཥྐེ་ཏ་བཻ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་གཟའ་དགུའི་གསང་སྔགས་ཀྱི་སྙིང་པོ་བཀླག་པས་གྲུབ་པ་ཡིན་ཏེ། ཁ་དོག་དང་མཐུན་པར་སྤོས་ཀྱིས་དཀྱིལ་འཁོར་སོར་བཅུ་གཉིས་བྱས་པའི་དབུས་སུ་མཆོད་པར་བྱའོ། །ཁམ་པའམ། ཟངས་ལ་སོགས་པའམ། གསེར་དང་དངུལ་གྱི་སྣོད་དུ་མཆོད་ཡོན་ཕུལ་ནས། རེ་རེ་ལ་ཡང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །ལག་ན་རྡོ་རྗེ་དེའི་འོག་ཏུ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་ལན་བདུན་བརྗོད་པར་བྱའོ། །དེ་ནས་གཟའ་རྣམས་ཐམས་ཅད་སྲུང་བར་བྱེད་པར་འགྱུར་རོ། །དབུལ་བའི་གདོན་ལས་ཐར་པར་འགྱུར་རོ། །ཚེ་ཟད་པ་ལས་ཚེ་རིང་པོར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། གཞན་ཡང་སེམས་ཅན་གྱི་རིགས་གང་ཡིན་པ་དང༌། གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ཕྱག་ན་རྡོ་རྗེ་གཟའ་རྣམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མཆོད་པར་བྱ་སྟེ། ཉིན་གཅིག་བཞིན་དུ་ཀློག་པར་བྱེད་པའི་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གཟའ་ཐམས་ཅད་
བདག་ཉིད་ཀུན་གྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་དང་རིགས་གཅིག་པ་རྣམས་ཀྱི་དབུལ་བ་ཡང་སེལ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བ་བཀའ་སྩལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །པདྨ་འཆང་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་གཟའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྐར་རྣམས་ལ་ཕྱག་འཚལ་ལོ། །གཟའ་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། པདྨེ་པདྨེ། ས་ར་ས་ར། པྲ་ས་ར་པྲ་ས་ར། སྨ་ར་སྨ་ར། ཀྲཱི་ཌ་ཡ་ཀྲཱི་ཌ་ཡ། མཱ་ར་ཡ་མཱ་ར་ཡ། མཱརྡྷ་ཡ་མཱརྡྷཱ་ཡ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་བིགྷྣ་ན། ཀུ་རུ་ཀུ་རུ། ཙིནྡྷ་ཙིནྡྷ། བྷིནྡ་བྷིནྡ། ཀྵཱ་པ་ཡ་ཀྵཱ་པ་ཡ། ཤཱནྟེ་ཤཱནྟེ། དཱནྟི་དཱནྟི། དཱ་མ་ཡ་དཱ་མ་ཡ། བཅོམ་ལྡན་འདས་མ་བདག་ཉིད་མྱུར་དུ་བསྟན་དུ་གསོལ། བདག་འཁོར་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། གཟའ་ཐམས་ཅད་དང༌། རྒྱུ་སྐར་རྣམས་ཀྱི་གནོད་པ་བཟློག་ཏུ་གསོལ། བཅོམ་ལྡན་འདས་མ་རྫུ་འཕྲུལ་ཆེན་པོ་མངའ་བ་སྣང་བའི་སེམས་ཅན་རྣམས་བསལ་དུ་གསོལ། བདག་གི་སྡིག་པ་རྣམས་སྐམ་དུ་གསོལ། ཙཎྜེ་ཙཎྜེ། ཏུ་རུ་ཏུ་རུ། ཙཎྜེ་ནི་ཙཎྜེ་ནི། མུ་ཡུ་མུ་ཡུ། མུ་ཙུ་མུ་ཙུ། བ་ཧ་བ་ཧ། ཨུ་གྲེ་ཨུ་གྲ་ཏ་མེ། པཱུ་ར་ཡེ་མེ། མ་ནོ་ར་ཐཾ་པ་རི་པཱུ་ར་ཡ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་ས་མ་ཡེ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཧཱུྃ་སྭཱ་ཧཱ། ཧཱི་སྭཱ་ཧཱ། དྷཱུྃ་སྭཱ་ཧཱ། དྷྲྀཾ་སྭཱ་ཧཱ། པདྨ་དྷ་ར་སྭཱ་ཧཱ། ཨཱ་ད་ཏྱཱ་ཡ་སྭཱ་ཧཱ། སཽ་མཱ་ཡ་སྭཱ་ཧཱ། དྷཱ་ར་ཎཱི་སུ་ཏ་ཡ་སྭཱ་ཧཱ། བུ་དྷཱ་ཡ་སྭཱ་ཧཱ། བྲྀ་ཧ་སྭ་ཏ་ཡེ་སྭཱ་ཧཱ།
ཤུ་ཀྲཱ་ཡ་སྭཱ་ཧཱ། ཀྲྀཥྞ་བརྞ་ཡ་སྭཱ་ཧཱ། ཀྲཱ་ཧཱ་པེ་སྭཱ་ཧཱ། ཀེ་ཏི་པེ་སྭཱ་ཧཱ། བུདྡྷཱ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པདྨ་དྷ་རཱ་ཡ་སྭཱ་ཧཱ། ཀུ་མཱ་རཱ་ཡ་སྭཱ་ཧཱ། སརྦ་གྲ་ཧེ་བྷྱཿསྭཱ་ཧཱ། སརྦ་ནཀྵ་ཏྲེ་བྷྱཿསྭཱ་ཧཱ། སརྦ་དྭཱ་ད་ཤ་རཱ་ཤི་ནི་བྷྱཿསྭཱ་ཧཱ། སརྦ་ཨུ་པ་དྲ་བེ་བྷྱཿསྭཱ་ཧཱ། ཨོཾ་སརྦ་བི་དྱེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཕྱག་ན་རྡོ་རྗེ་འདི་ནི་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་དངོས་གྲུབ་ཐམས་ཅད་ཀྱི་གཞི་ཡིན་ནོ། །ཕྱག་ན་རྡོ་རྗེ་གང་ཡང་གཟའ་རྣམས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྟོན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་བདུན་ནས་བརྩམས་ཏེ་གསོ་སྦྱོང་དང་ལྡན་པར་བྱས་སྟེ། ཚེས་བཅུ་བཞིའི་བར་དུ་གཟའ་རྣམས་ལ་མཆོད་པ་བྱས་ཏེ་གཟུང་བར་བྱའོ། །དེ་ནས་ཟླ་བ་ཉའི་ཉིན་མཚན་ཐོག་ཐག་བཀླགས་ན་དེ་དག་ལ་ལོ་དགུའི་བར་འཆི་བའི་འཇིགས་པ་མི་འབྱུང་ངོ༌། །གཟའི་འཇིགས་པ་དང༌། སྐར་མདའ་ལྟུང་བ་དང༌། རྒྱུ་སྐར་གྱིས་གནོད་པས་འཇིགས་པར་མི་འགྱུར་རོ། །ཚེ་རབས་དྲན་པར་འགྱུར་རོ། །གཟའ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ལོ། །ལེགས་སོ་ལེགས་སོ་ཞེས་གསོལ་ཏེ་མི་སྣང་བར་གྱུར་ཏོ། །གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་སྔགས་པས་གདོང་བཀྲུ་བ་ལ་སོགས་པ་བྱས་ཏེ། བདེ་བའི་སྟན་ལ་འདུག་ནས། རྣལ་འབྱོར་པས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿཡིག་བལྟས་ལ། མདུན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྒོམ་པར་བྱའོ། །དེའི་རྗེས་ལ་མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སྟོང་པ་ཉིད་དུ་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། དེ་ནས་སྐད་ཅིག་ཙམ་གྱིས་ཡི་གེ་བྃ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ། དེའི་སྟེང་དུ་ཡི་གེ་སིཾ་ཡོངས་སུ་གྱུར་པ་ལས་སེང་གེ་དཀར་པོ། དེའི་སྟེང་དུ་ཟླ་བ་ལ་ཧྲཱིཿལས་ཡང་དག་པར་བྱུང་བའི་རྗེ་བཙུན་སེང་གེ་སྒྲའི་གཟུགས་སུ་བསྒོམ་སྟེ། སྐུ་མདོག་དཀར་པོ་རལ་པའི་ཐོར་ཚུགས་ཅན། སྤྱན་གསུམ་པ། ཕྱག་གཉིས་པ། དཀའ་ཐུབ་ཅན་གྱི་ཆ་བྱད་འཛིན་པ། རྒྱལ་པོ་ཆེན་པོའི་རོལ་པས་གནས་པའོ། །ཕྱག་གཡོན་པ་ནི་པདྨ་འགྲེང་བའི་སྟེང་དུ་རལ་
གྲི་འབར་བས་བརྒྱན་པའོ། །གཡས་སུ་ནི་སྦྲུལ་དཀར་པོས་དཀྲིས་པའི་མདུང་རྩེ་གསུམ་པའོ། །གཡོན་དུ་དྲི་ཞིམ་པོའི་མེ་ཏོག་གི་ཚོགས་ཀྱིས་བཀང་བའི་ཐོད་པ་དཀར་པོའོ། །འོད་དཔག་མེད་ཀྱི་དབུར་བརྒྱན། སྐུ་ལས་དེ་བཞིན་གཤེགས་པ་ལྔ་འཕྲོ་བའི་སྤྲུལ་པའི་གཟུགས་སུ་བསྒོམས་ལ་སྔགས་འདི་བཟླ་བར་བྱའོ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླ་བར་བྱའོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊ་བི་དྱེ་སྭཱ་ཧཱ། འདི་ལ་ཉེ་བར་སྤྱོད་པ་ནི། བཅོམ་ལྡན་འདས་ཀྱི་མདུན་དུ་གཟུངས་སྔགས་འདིས་ས་ལ་མ་ལྷུང་བའི་ལྕི་བས་མཎྜལ་བརྒྱད་དབུལ་ཏེ། མཎྜལ་རེ་རེ་ཞིང་ལན་བཅུ་གསུམ་བཅུ་གསུམ་བརྗོད་པར་བྱའོ། །དེ་ནས་ལྕི་བ་ལྷག་མ་དེ་ཉིད་ལ་མངོན་པར་བསྔགས་ཏེ། ལུས་ལ་ཉེ་བར་བྱུགས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གལ་ཏེ་མཚམས་མེད་པའི་ལས་བྱས་པས་ཀྱང་ཉི་མ་བདུན་ནམ་བཅུ་བཞིའམ། ཉི་མ་ཉི་ཤུ་རྩ་གཅིག་གིས་མ་གྲུབ་ན་དེའི་ཚེ་
བདག་གིས་མཚམས་མེད་པ་ལྔ་བྱས་པ་ཡིན་ནོ། །སེང་གེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ། །ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། ༈ །སེང་གེ་སྒྲའི་སྒྲུབ་ཐབས་འདི། དང་པོ་རང་གི་ཆེད་དུ་གྲོགས་པོ་ཞིག་ཤི་བའི་སྒྲིབ་པ་སྦྱོང་བའི་སྒྲུབ་པ་བྱེད་པ་ན། མྱ་ངན་གྱི་སྐྲ་རལ་པར་བྱས། རྒྱན་མེད་པར་གྲོགས་པོའི་རུས་པའི་ཐལ་བས་ལུས་དཀར་པོར་བྱས་«་་་་་འདིའི་སྐུ་མདོག་དཀར་པོ་འོང་བ་ནི། སྔོན་དུས་ན་ཚོང་དཔོན་སྙིང་སྟོབས་ཆེན་པོ་ཞེས་བྱ་བ་དང༌། སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཁྱེའུ་གཉིས་ཡོད་པས། གཉིས་ཀ་གྲོགས་པོ་ཡིད་གཅུགས་པ་ཡིན་ཏེ་གཉིས་པོས་རྒྱ་མཚོ་ལ་ནོར་བུ་ལེན་ཏུ་ཕྱིན་པས་གཟིངས་ཞིག གཅིག་གིས་གཅིག་བཏང་མ་ཕོད་པར་འཇུས་པ་ལ། སྙིང་རྗེ་ཆེན་པོའི་རྟོག་པ་ལ། རྒྱ་མཚོ་རོ་དང་ཞག་ཏུ་མི་འགྲོགས་པས་རོ་ལ་ཁོས་འཇུས་ན་ཕན་སྙམ་ནས་རང་གི་རྐེད་པ་ལས་གྲི་གཅིག་ཡོད་པ་དེ་བཏོན་ཏེ། ཨོལ་པ་བཅད་ནས་དེ་ལ་འཇུས་པས་ཐོན་ནོ། །དེ་ནས་དེས་བསམས་པ་ལ་ཁོ་ངའི་དོན་དུ་ཤི་བས་ད་ཁོ་གང་དུ་སྐྱེས་པ་དེར་ང་ཡང་སྐྱེས་བར་གྱུར་ཅིག ངའི་ཁ་དོག་དཀར་པོར་ཤོག་ཅིག་ཅེས་སྙིང་རྩེ་བའི་སྒོ་ནས་སྨོན་ལམ་བཏབ་སྟེ། སྔར་ཕྱི་རོ་དེའི་རུས་པ་ལུས་ལ་བྱུགས་ནས་དཀར་པོར་བྱས་སོ། །སྙིང་སྟོབས་ཆེན་པོ་ནི་འཇམ་དཔལ་ཡིན་ལ། སྙིང་རྗེ་ཆེན་པོ་ནི་སྤྱན་རས་གཟིགས་ཡིན་པས་དཀར་པོར་ཡོད་ཟེར་རོ།།» ཏེ་བསྒྲུབས་པས་གྲུབ་པ་ཐོབ་སྟེ་སེང་གེ་སྒྲར་གྱུར་པའོ། །སྒྲུབ་པ་པོས་སེམས་བསྐྱེད་དེ་སྙིང་གར་པད་ཟླའི་ཧྲཱིཿའི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་གསག་གོ །སྟོང་པའི་ངང་ལས་ལུས་སྒྱུ་མ་ལྟ་བུའི་སྙིང་གར་པྃ་ལས་པདྨའི་སྟེང་དུ་སིཾ་ལས་སེང་གེའོ། །ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿལས་འོད་འཕྲོས་པས་བསྐུལ་སྦྱངས་བྱས་ཐིམ་གྱུར་པ་ལས་བདག་ཉིད་སེང་གེ་སྒྲར་བསྐྱེད་དོ། །བཀའ་ཐུབ་ཀྱི་ཆ་བྱད་ནི་མུ་སྟེགས་རལ་པ་ཅན་གྱི་ཆ་བྱད་དོ། །རྒྱལ་པོ་རོལ་པ་ནི་ཕྱག་གཡས་པ་ཁ་སྦུབས་ནས་ཞབས་གཡས་བརྐྱང་བ་འགྱིང་བག་ཏུ་བཞུགས་པའོ། །ཕྱག་མཚན་འདི་གཉིས་ནི་གཡས་གཡོན་གྱི་རྩ་བ་ནས་སྐྱེས་པའོ། །གཡོན་ཐོད་པ་དྲི་ཞིམ་པོ་བཟང་པོ་ནི་མྱང་འདས་ཀྱི་མཚོན་པའོ། །སྦྲུལ་ནི་འཁོར་བའི་བརྡ་སྟེ། ཡང་ན་ཐོད་པ་འཁོར་
བ་མྱང་འདས་དྲི་ཞིམ་པོས་བརྡའོ། །སྐུ་ལ་གཡས་ནས་རྣམ་སྣང་དང་རིན་བྱུང༌། གཡོན་ནས་མི་བསྐྱོད་པ་དང་དོན་གྲུབ། རྒྱབ་ནས་སྣང་མཐའ་སྟེ་དེ་བཞིན་གཤེགས་པ་ལྔ་འཕྲོ་བའོ། །སྤྲོ་བསྡུ་མི་སྐྱོའི་བར་དུ་བྱ་གསུངས། བཟླས་པ་འདྲ། དྷ་དང་བཻའི་བཞེད་པ་གསུངས། དེ་ནས་བསྙེན་པ་བརྒྱད་འགྱུར་རྫོགས་ནས་སྒྲུབ་པ་ལ་ཞུགས་པ་ན། ཐང་སྐུའམ་ལུགས་སྐུའི་མདུན་དུ་བའི་ལྕི་བ་ས་ལ་མ་ལྷུངས་པ་བླངས་པས་མཎྜལ་རེ་རེ་ལ་སྔགས་ལན་བཅུ་གསུམ་བཅུ་གསུམ་བརྗོད་དེ། ལྷ་མི་དགོད་པར་མེ་ཏོག་གི་ཚོམ་བུ་ལྔ་དགོད་དེ་དབུལ་བའོ། །དེ་ནས་ལག་པ་ལ་སོགས་པ་དང་ལྕི་བ་ལྷག་མ་ལ་སྔགས་འདི་ལན་བཅུ་གསུམ་བཅུ་གསུམ་དུ་བཟླས་ལ་བསྐུས་པས་ནད་ཐམས་ཅད་ཞི་བར་འགྱུར་རོ། །དེ་ལྟར་བྱས་པས་མ་གྲུབ་ན་མཚམས་མེད་པ་ལྔ་བྱས་པ་ཡིན་ནོ། །ཞེས་ལ་དོར་བའི་ཚིག་གསུངས་པ་ཡིན་ནོ། །འདི་སྒྲུབ་པའི་དམ་ཚིག་ནི་བརྫུན། ངག་འཁྱལ། ངག་རྩུབ། ཤ་ཆང༌། སྒོག་བཙོང་རྣམས་སྤང་བ་ཡིན་ནོ། །གཉན་ན་རེ། རིགས་ལྔ་ཡང་སྤྱི་བོ་དང་དཔུང་པ་གཉིས་དང་པུས་མོ་གཉིས་ནས་སྤྲོ་གསུངས། ལྕི་བ་ནི་བ་དཀར་མོའམ་དམར་སེར་གྱིའོ། །ལྕི་བ་ལྷག་མ་ལས་མཎྜལ་བྱ་ཞིང་ལག་པ་ལ་གོས་པ་གུད་དུ་བྱས་ལ་བྱ་གསུངས། འདི་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པའོ། །ཁོང་ལ་ལུང་བསྟན་པ་ཡིན་ནོ། །།། སེང་གེ་སྒྲ་ལ་གཉིས་སྟེ། ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ་སྟེ། ལྷ་བསྐྱེད་པ་དང༌། བཟླས་པ་དང༌། ཕྲིན་ལས་བསྒྲུབ་པའོ། །སེང་གེ་སྒྲའི་སྒྲུབ་ཐབས་ཀྱི་དཀའ་འགྲེལ་ས་བཅད་པ་དང་བཅས་པ་རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པ་ས་མཱཔྟ་མི་ཐི།། ༈ །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་དང་གདོན་འགྲེལ་གྱི་ཆོ་ག་བཞུགས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །
གང་གི་ཐུགས་ནི་ཤིན་ཏུ་རྣམ་དག་ཅིང༌། །ཐུགས་རྗེས་རབ་བརླན་པད་ལྟར་ཡངས་པའི་སྤྱན། །བརྩོན་པས་གཟིགས་མཛད་འགྲོ་བའི་གཉེན་གཅིག་པུ། །ཁྱོད་ལ་རྟག་ཏུ་བདག་ནི་དང་བས་འདུད། །གང་གིས་དེ་ཉིད་ལེགས་པར་ཐུགས་ཆུད་ནས། །ཐུགས་རྗེས་འགྲོ་ལ་ལེགས་པར་སྟོན་མཛད་པའི། །བླ་མར་བཏུད་དེ་སྤྱན་རས་གཟིགས་དབང་མགོན། །དེ་ཡི་སྒྲུབ་ཐབས་རྟོགས་པར་བྱ་ཕྱིར་དབྱེ། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་ལ་དོན་ལྔ་སྟེ། ལྷ་བསྐྱེད་ཅིང་སྒོམ་བཟླས་བྱ་བ་དང༌། ཐུན་མཚམས་ཀྱི་བྱ་བ་དང༌། མཎྜལ་ལ་བརྟེན་ནས་གཟུངས་བསྒྲུབ་པ་དང༌། འགྲུབ་མི་འགྲུབ་ཀྱི་ཐེ་ཚོམ་སྤོང་བའི་ཕྱིར་རྨི་ལམ་བརྟག་པ་དང༌། གྲུབ་པ་བརྟན་པར་བྱ་བའི་ཕྱིར་འཁོར་ལོ་གདགས་པའོ། །དང་པོ་ལ་གཉིས་ཏེ། ལྷའི་རྣལ་འབྱོར་དང༌། བཟླས་པ་བྱ་བའོ། །དང་པོ་ལ་གཉིས་ཏེ། ཚོགས་བསགས་པ་དང༌། ལྷ་བསྐྱེད་པ་དངོས་སོ། །དང་པོ་ལ་གཉིས་ཏེ། བསོད་ནམས་དང༌། ཡེ་ཤེས་སོ། །དང་པོ་ལ་བཞི་ལས། རྣལ་འབྱོར་པའི་བྱ་བ་ནི་གནས་ཉམས་དགའ་བར། རྟེན་དང་མཆོད་པ་ལ་སོགས་པ་ཇི་ལྟ་བ་བཞིན་བཤམ། གོས་གཙང་མ་གྱོན་ཏེ་ཁྲུས་བྱས་ལ་སྟན་བདེ་བ་ལ་འདུག་གོ །གཉིས་པ་ལུས་སེམས་བྱིན་གྱིས་བརླབ་པ་ནི། ལུས་སེང་གེ་སྒྲར་བསམ། སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿདཀར་པོ་ཚིག་དྲག་དང་བཅས་པ་བསམ་པའོ། །གསུམ་པ་ཞིང་སྤྲུལ་པ་ནི། ཧྲཱིཿལས་འོད་ཟེར་འཕྲོས་པས། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་སྟེང་གི་ཆ་ལ་བཞུགས་པ། རྗེ་བཙུན་སེང་གེ་སྒྲ་དེ་བཞིན་གཤེགས་པ་ལྔའི་འོད་ཟེར་འཕྲོ་བ་དང་བཅས་པ་འོག་གི་ཆ་ལ་སྤྱན་དྲངས། བཞི་པ་ཚོགས་བསགས་པ་དངོས་ནི་བཅུ་གསུམ་སྟེ། དེ་ལ་དང་པོར་ཕྱག་བྱ་སྟེ། ཨོཾ་ན་མོ་གུ་རུ་བྷྱཿ ཞེས་བླ་མ་ལ། ཨོཾ་ན་མོ་སིཾ་ཧ་ནཱ་དེ་བྷྱཿ ཞེས་ངག་ཏུ་སྟེ་བཅོམ་ལྡན་འདས་ལའོ། །སེམས་ཀྱིས་དེ་དག་གི་ཞབས་ལ་གཏུགས་
པར་བསམ་མོ། །དེ་ནས་མཆོད་པ་ནི་དངོས་སུ་བཤམས་པ་ཡོད་དམ་མེད་ནའང་ཡིད་ཀྱིས་འབུལ་ཏེ། དེའང་དང་པོར་བླ་མ་ལ་འབུལ། དེ་ནས་བཅོམ་ལྡན་འདས་ལ་སྟེ་བླ་མ་ལ་འབུལ་བའི་ཚེ། ཨོཾ་ན་མོ་གུ་རུས་འགོ་དྲངས། བཅོམ་ལྡན་འདས་ལ་འབུལ་བའི་དུས་སུ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་འབུལ། དེ་བཞིན་དུ་པཱ་དྱཾ་གིས་ཞབས་བསིལ། པུཥྤེས་མེ་ཏོག དྷཱུ་པེས་བདུག་པ། དཱི་པེས་མར་མེ། གནྡྷེས་དྲི་ཆབ། ནཻ་ཝི་དྱ་སྭཱ་ཧཱས་ཞལ་ཟས་དབུལ་བར་བྱའོ། །མཆོད་པ་གཞན་ཡིད་ལས་བྱུང་བ་ལས་སྤེལ་གྲུབ་ན་བྱའོ། །དེ་ནས་སྡིག་པ་བཤགས་པ་ནི། རྟེན་བླ་མ་དང་ལྷའི་སྤྱན་སྔར་རང་གི་ངོ་བོ་སྡིག་པ་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཐམས་ཅད་སོ་སོར་བཤགས་སོ། །སླར་སྲོག་གི་ཕྱིར་ཡང་མི་བྱེད་དོ། །ཞེས་དམ་བཅའ་བའོ། །དེ་ནས་དེ་ལ་སྐྱབས་འགྲོ་མཛད་པས། སྐྱབས་འགྲོ་ནི། དེང་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཁྱེད་ལ་སྐྱབས་སུ་མཆིའོ། །ཞེས་བྱའོ། །སྐྱབས་སུ་སོང་ནས་དེའི་བཀའ་བཞིན་དུ་སྡོམ་པ་བླང་བ་ནི། དམ་ཚིག་དང་སྡོམ་པ་མ་ལུས་པ་བདག་གིས་གཟུང་བར་བགྱིའོ། །ཞེས་བྱའོ། །སྡོམ་པ་དང་ལྡན་པ་ལ་ཡི་རང་བ་སྐྱེ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རང་རྒྱལ་བ་དང༌། ཉན་ཐོས་དང༌། སོ་སོ་སྐྱེ་བོའི་དགེ་བ་རྣམས་ལ་རྗེས་སུ་ཡི་རང་ངོ༌། །ཞེས་བསམ་མོ། །དེ་ལྟར་རྒྱུད་དག་ཅིང་སྡོམ་པ་དང་ལྡན་པ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བས། ཁམས་གསུམ་གྱི་སེམས་ཅན་འདི་རྣམས་འཁོར་བའི་རྒྱ་མཚོ་ལས་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །ཉན་ཐོས་དང་རང་རྒྱལ་བ་མྱ་ངན་ལས་འདས་པའི་མཐས་བཅིངས་པ་མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་དབུགས་མ་
ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་སེམས་བསྐྱེད་པར་བྱའོ། །དེ་ལྟར་དོན་བྱེད་པའང་དགེ་བ་གཞན་གྱིས་མི་ནུས་པས། ཇི་སྲིད་སེམས་ཅན་རྣམས་ཀྱི་མ་རིག་པའི་ལིང་ཐོག་མ་བསལ་བ་དེ་སྲིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དེའང་ཡུན་རིང་བར་བྱ་བའི་ཕྱིར། ཇི་སྲིད་སེམས་ཅན་གྱི་ཁམས་མ་སྟོངས་པ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བགྱིའོ། །དེ་ལྟར་སྨོན་པ་བྱས་ནས། ད་ནི་འཇུག་པ་ལམ་ལ་གནས་པ་ནི། བདག་གིས་བཅོམ་ལྡན་འདས་སེང་གེ་སྒྲའི་ལམ་བཟླས་སྒོམ་གཉིས་ལ་གནས་པར་བགྱིའོ། །ཞེས་ལམ་བསྟེན་ཏོ། །དེ་དག་གི་དགེ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྔོ་བ་ནི། དེ་ལྟར་བགྱིས་པའི་བདག་གི་དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ཐོབ་པར་གྱུར་ཅིག དེ་ནས་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར་གནང་བ་གནོད་པ་ནི། རྟེན་དེ་དག་གིས་རིགས་ཀྱི་བུ་ཁྱོད་གནས་པ་འདིས་ལེགས་པར་གནས་ན་མྱུར་དུ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་གསུངས་པས་གནང་བ་ནོད་པར་བྱའོ། །དེ་ནས་དེ་དག་ལ་མཆོད་པས་མཆོད་ནས། ཨོཾ་བཛྲ་མུཿ ཞེས་བརྗོད་པས་མི་དམིགས་པར་གཤེགས་སུ་གསོལ། དེ་ལྟར་ཚོགས་བསགས་བཅུ་གསུམ་ནི་ཐང་ཆུང་པའི་ལུགས་སོ། །ཡང་བླ་མ་མཉྫ་གླིང་པ་ནི། བདུན་པོ་རྣམ་དག་ཙམ་བྱ་གསུངས་པས། བློའི་འཇུག་པ་གང་ལྟར་ཡང་བདེ་བར་བྱའོ། །དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སྐུས་བྱིན་གྱིས་བརླབ་པ་དང༌། གསུང་གིས་བྱིན་གྱིས་བརླབ་པ་དང༌། ཐུགས་ཀྱིས་བྱིན་གྱིས་བརླབ་པའོ། །དང་པོ་ནི་སྡིགས་མཛུབ་ཕྱོགས་བཅུར་བསྟན་ཞིང་སེ་གོལ་གཏོགས་པ། གཉིས་པ་ནི་ངག་ཏུ། ཨོཾ་སུ་ཁ་བྷ་ཝནྟུ་
ཞེས་བརྗོད་དོ། །གསུམ་པ་ནི། ཧྲཱིཿལས་འོད་འཕྲོས་ཏེ་བྱམས་པ་ལ་ཤར་དུ་སྤྲོས། དེས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཁྱབ་པས། ཐམས་ཅད་རྣམ་པ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་པར་བསམ། སྙིང་རྗེ་ལ་སྔར་བཞིན་བྱང་དུ་སྤྲོས། རྣམ་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་པར་བསམ། དགའ་བ་ལ་སྔར་བཞིན་ནུབ་ཏུ་སྤྲོས། རྣམ་པ་སྔར་གྱི་གཉིས་པོ་ལ་དགའ་བའོ། །བཏང་སྙོམས་ལ་སྔར་བཞིན་ལྷོར་སྤྲོས། རྣམ་པ་དགྲ་གཉེན་ཐ་མལ་པ་མེད་པར་སྔར་བཞིན་དུ་གྱུར་པར་བསམ། ཡང་ན་མདོར་བསྡུས་ནས་ཐུགས་ཀྱི་བྱིན་གྱིས་བརླབ་པ་གཉིས་ལས་རང་གི་ངོ་བོར་བདེ་བ་དང་ལྡན་པར་གྱུར་ཅིག་པར་བསམ་པ་ལ་སོགས་པ་གཉིས་ཙམ་བསམས་ཀྱང་བཏུབ་གསུངས། བསོད་ནམས་ཀྱི་ཚོགས་སོ། །དེ་ནས་གཞུང་ནས་འབྱུང་བའི་སྔགས་བརྗོད་དེ། དེའི་དོན་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་བཞིན་དུ་བདག་ཀྱང་རྣམ་པར་དག་པའོ། །ཞེས་དྲན་པར་བྱས་ལ། སྟོང་པ་ཉིད་བསམ་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ནས་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོའོ། །དེའི་སྟེང་དུ་ཨཿཚིག་དྲག་ཅན་ལས་སེང་གེ་དཀར་པོ་མགོ་གཡས་སུ་བསྟན་པ། ཁ་གྱེན་དུ་བལྟས་པ་རལ་པ་དམར་པོ་ཐུར་ལ་འཕྱང་བ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དེའི་སྟེང་དུ་ཟླ་བ་ལ་ཧྲཱིཿདཀར་པོ་ཚིག་དྲག་ཅན་བསམས་ལ། དེ་ལས་འོད་འཕྲོས། བདེ་བར་གཤེགས་པ་རྣམས་ལ་མཆོད་བསྐུལ། སེམས་ཅན་གྱི་སྒྲིབ་པ་སྦྱངས། རྗེ་བཙུན་གྱི་གོ་འཕང་ལ་བཀོད། དེ་རྣམས་ཚུར་འདུས་ཧྲཱིཿལ་ཐིམ་པ་ལས་སྐུ་རྫོགས་པར་བསྐྱེད་དོ། །དེའི་མཚན་ཉིད་གཞུང་ན་གསལ་ཏེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་ཡེ་ཤེས་པ་གཞུག་པ་ནི། རང་གི་སྙིང་གར་ཟླ་བ་
ལ་ཧྲཱིཿབསམས་པ་ལས་འོད་འཕྲོས་པས་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ། དེ་ལ་གྲུབ་ན་ཚོགས་བསགས་བཅུ་གསུམ་བྱ། མ་གྲུབ་ན་ཕྱག་དང་མཆོད་པ་ཙམ་བྱས་ལ་ངག་ཏུ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །སེམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །དེ་ནས་གནས་གསུམ་བསྲུང་བ་ནི། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གའི་སྟོད་རྣམས་སུ་ཟླ་བ་ལ་ཨོཾ་དཀར་པོ་དང༌། ཨཱཿདམར་པོ་དང༌། ཧཱུྃ་སྔོན་པོ་རྣམས་དགོད་དོ། །དེ་ནས་དབང་བསྐུར་བ་ནི། ཡང་ཟླ་བའི་སྟེང་གི་ཧྲཱིཿའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང༌། རིག་མ་དང༌། ལྷ་མོ་རྣམས་སྤྱན་དྲངས་ཏེ། དེ་དག་ལ་ཡིད་ཀྱིས་མཆོད་པ་བྱས་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་པ་དང༌། ཁྲོ་བོས་བགེགས་བསྐྲད། བྱང་སེམས་ཀྱིས་བཀྲ་ཤིས་བརྗོད། རིག་མ་དང་ལྷ་མོས་མཆོད་པའི་ཆར་འབེབས་དེ་བཞིན་གཤེགས་པ་རྣམས་ཀྱིས་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་གཙུག་ནས་དབང་བསྐུར་བར་བསམ་སྟེ། རྐང་མཐིལ་གྱི་བར་དུ་གང་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་གྱུར་ཏོ། །དེ་ཉིད་ཀྱི་ཚེ་རིགས་ལྔ་འཕྲོ་བའང་གྲུབ་སྟེ། སྤྱི་བོ་ན་རྣམ་སྣང༌། དཔུང་པ་གཡས་པ་ལ་མི་བསྐྱོད་པ། གཡོན་པ་ལ་འོད་དཔག་མེད། དཀུ་གཡས་པ་ལ་རིན་འབྱུང༌། གཡོན་པ་ལ་དོན་ཡོད་གྲུབ་པ་འཕྲོ་བའོ། །དེ་ལྟར་བསྒོམས་ལ་རྫོགས་པ་དང༌། ལྷའི་སྐུ་ལ་དམིགས་ཏེ་གསལ་གདབ་ཅིང་བསྒོམ་པར་བྱའོ། །དེ་ལས་སྐྱོ་བར་གྱུར་ན་བཟླས་པ་བྱ་བ་ནི། སྙིང་གར་ཟླ་བ་ལ་ཧྲཱིཿདཀར་པོ་བསམས་པའི་མཐར། ལས་དང་མཐུན་པའི་ཁ་དོག་གིས་བསྐོར་བ་ལ་དམིགས་ཏེ་བཟླས་པ་བྱའོ། །དེ་ནས་སྒོམ་བཟླས་ཀྱིས་སྐྱོ་བར་གྱུར་ན། ཐུན་
མཚམས་སུ་གཏོར་མ་གཏོང་བ་ནི། ཅི་འབྱོར་པའི་ཁ་ཟས་གཙང་མ་སྣོད་གཙང་མར་བཤམས་ཏེ། ཨོཾ་ཞེས་བརྗོད་པས་ཟླ་བའི་སྟེང་དུ་ཨོཾ་བསམས་པའི་འོད་ཟེར་གྱིས་འགྲོ་བ་རིགས་དྲུག་ཐམས་ཅད་བཀུག་པར་བསམ། དེ་ནས་གཏོར་མའི་སྟེང་དུ་ཨཱཿབསམས་ཏེ་ཨཱཿལན་བཞི་བརྗོད་པའི་དང་པོས་སྟོང་པར་སྦྱངས། གཉིས་པས་མང་དུ་སྤེལ། གསུམ་པས་བདུད་རྩིར་གྱུར་པར་བསམ། བཞི་པས་ཅི་འདོད་པ་འབྱུང་བར་བསམ་མོ། །ཧཱུྃ་ཞེས་བརྗོད་པས་ཐམས་ཅད་ཀྱིས་མཉམ་པར་ཐོབ་པར་བསམས་ལ། ཨ་ཀཱ་རོའི་སྔགས་ཀྱང་ལན་གསུམ་མམ་བདུན་བརྗོད་དེ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི། མར་མེ་གཅིག་ལ་གཉིས་མཆེད་པའི་ཚུལ་དུ་གཤེགས་སུ་གསོལ་ལ། རང་གི་གནས་གསུམ་བསྲུངས་ཏེ། དེ་ནས་གྲུབ་ན་དེ་ལ་ཚོགས་བསགས་བཅུ་གསུམ་གྱིས་ཚོགས་བསགས་བྱའོ། །དེ་མ་གྲུབ་ན་ཕྱག་དང་མཆོད་པ་ཙམ་བྱས་ལ། ཡི་གེ་བརྒྱ་པས་ཉམས་ཆག་བསྐང༌། བཟོད་པར་གསོལ་ལ། ཨོཾ་བཛྲ་མུཿ ཞེས་བརྗོད་པས་གཤེགས་སུ་གསོལ། ཡང་རང་དམ་ཚིག་པ་ལ་གནས་གསུམ་བསྲུང་བར་བྱ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །ཐམས་ཅད་དུ་སེང་གེ་སྒྲའི་ང་རྒྱལ་གྱིས་གླེགས་བམ་བཀླག་པ་དང༌། འཆད་པ་དང༌། ཉན་པ་དང༌། འབྲི་བ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་བྱའོ། །ཟས་ཀྱི་དུས་སུ་ཁ་ཟས་བདུད་རྩིའི་རང་བཞིན་དུ་བསམས་ལ། ལྷ་མཆོད་པའི་བསམ་པས་ལོངས་སྤྱད་པར་བྱའོ། །དེ་ལྟ་བུའི་བྱ་བས་ཐུན་གསུམ་མམ་བཞིའི་རྣལ་འབྱོར་གྱིས་འབུམ་ཕྲག་བཞི་ལ་སོགས་པ་བསྐྱར་བར་བྱའོ། །དེ་ལྟར་བསྙེན་པ་ཡོངས་སུ་རྫོགས་པ་དང༌། མཎྜལ་ལ་བརྟེན་ཏེ་གཟུངས་སྒྲུབ་པ་ནི། གནས་ཉམས་དགའ་བར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྟེན་བཞུགས་པའམ། དེ་མེད་ན་མཎྜལ་བའི་རྣམ་པ་ལྔས་བྱུགས་
པ་ལ། མེ་ཏོག་ཚོམ་བུ་དྲུག་དགོད་པར་བྱའོ། །དེའི་མདུན་དུ་མཆོད་པ་དང་བ་ལིཾ་དང༌། མེ་ཏོག་དཀར་པོ་དང༌། བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུངས་པར་རས་ཀྱི་ཚགས་མ་ལ་བཙགས་པ་དྲི་ཞིམ་པོ་དང་སྦྱར་བ་སྟ་གོན་བྱས་ལ། ཁྲུས་བྱས་ཏེ་སྟན་བདེ་བ་ལ་འདུག་ནས་རང་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ལ་བཟླས་པ་ཅུང་ཞིག་བྱའོ། །དེ་ནས་མེ་ཏོག་དཀར་པོ་ནས་རེ་རེ་བླངས་ཏེ་རེ་རེ་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་ལན་བདུན་བདུན་བཟླས་ཏེ། འཕགས་པ་སྤྱན་རས་གཟིགས་སམ་མཎྜལ་ཚོམ་བུ་དྲུག་པའི་མདུན་ནས་བྲེང་ཚར་དུ་རང་གི་གཡོན་ནས་བརྩམས་ཏེ་མཎྜལ་བརྒྱད་ཀྱི་སར་མེ་ཏོག་རེ་རེ་བཞག་ནས་བྱིན་གྱིས་བརླབ་བོ། །དེ་ནས་བའི་ལྕི་བ་བླངས་ཏེ། སྔར་གྱི་མེ་ཏོག་བསལ་ལ། དེའི་ཤུལ་དུ་མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཟླས་ཤིང་ལན་བཅུ་གསུམ་བཅུ་གསུམ་བྱུགས་ཏེ། མདོར་ན་མཎྜལ་དང་གཟུངས་བཅུ་གསུམ་པ་བརྒྱད་དོ། །མཎྜལ་བྱུགས་ཤིང་བའི་ལྕི་བ་ལྷག་མ་ལག་པ་ལ་གོས་པ་ལ་མཆིལ་མ་བཏབ་ཅིང་ན་བ་ལ་སོགས་པ་ལ་བྱུག་པར་བྱའོ། །ན་བ་མེད་ན་སྣོད་གཙང་མར་བླུགས་ལ་བཟུང་སྟེ། སྡུག་བསྔལ་བ་གཞན་ལ་སྦྱིན་པར་བྱའོ། །དེ་ལྟར་ཇི་སྲིད་འབྱོར་པས་བྱས་ཏེ་འཇོག་པའི་དུས་སུ་གྲུབ་ན་སྔགས་བཟླས་ཏེ་གཏོར་མ་བཏང་ལ་ཡེ་ཤེས་པ་གཤེགས་སོ། །བཟླས་པ་མ་གྲུབ་ན་གཏོར་མ་བཏང་སྟེ་ཡེ་ཤེས་པ་གཤེགས་སུ་གསོལ་བ་ཇི་ལྟ་བ་བཞིན་བྱ་སྟེ། མཎྜལ་རས་དཀར་པོས་གཡོགས་ལ་བཞག་གོ །མེ་ཏོག་དང་ལྕི་བ་ལྷག་མ་ལ་གཅེས་སྤྲས་སུ་བྱའོ། །སྤྱོད་ལམ་སྔར་བཞིན་བྱའོ། །ཐུན་གཉིས་པ་ལ་སོགས་པ་ལ་ལྕི་བ་ཡོད་ན་མེ་ཏོག་བྱིན་གྱིས་བརླབ། ལྕི་བ་མི་སྤོ་ན་བྱིན་རླབས་མི་དགོས། ལྷག་མ་སྔ་མ་བཞིན་སྤྱད་དོ། །དེ་ལྟ་བུ་ཐུན་གསུམ་མམ་གཉིས་ཀྱང་རུང་སྟེ། ཉི་མ་བདུན་ནམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གིས་མཚམས་མེད་པ་བྱས་པ་མ་ཡིན་པ་རྣམས་འགྲུབ་པར་འགྱུར་རོ། །མ་གྲུབ་ན་མཚམས་མེད་བྱས་པ་
ཡིན་པས་ཡང་བསྙེན་པ་བསྐྱར་ལ་བྱའོ། །འགྲུབ་མི་འགྲུབ་ཀྱི་ཐེ་ཚོམ་བསལ་བའི་དོན་དུ་རྨི་ལམ་བརྟག་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ལ། མེ་ཏོག་ཚོམ་བུ་དྲུག་བཀོད་དེ། དེའི་མདུན་དུ་མཆོད་པ་དང་གཏོར་མ་བཤམ། བུམ་པ་ཆོ་ག་ཇི་ལྟ་བ་བཞིན་ཏེ། དྲི་ཞིམ་པོའི་ཆུས་བཀང་ལ། དེའི་སྟེང་དུ་རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་གཞག་གོ །དེ་ནས་ཁྲུས་བྱས་ཏེ་སྟན་ལ་འདུག་ལ་ལྷའི་རྣལ་འབྱོར་རྫོགས་པར་བསྐྱེད་དེ། གཟུངས་ཐག་ནས་བཟུང་ལ་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་གཏོར་མ་བཏང་ནས་ཡེ་ཤེས་པ་གཤེགས་པ་ལ་སོགས་པ་ཇི་ལྟ་བ་བཞིན་བྱ་སྟེ། ཆུས་གདོང་བཀྲུས་ནས་གོས་གཙང་མ་གྱོན་ཏེ་ལྷའི་ང་རྒྱལ་དང་ལྡན་པ་འཇིགས་པ་མེད་པས་རང་གི་འདོད་པའི་དོན་ཡིད་ལ་བྱེད་པའི་བསམ་པ་དང་ལྡན་པས། གློ་གཡས་ས་ལ་ཕབ་སྟེ་ཉལ་བར་བྱས་ན་ཇི་ལྟར་འདོད་པའི་དོན་མཐོང་བར་འགྱུར་རོ། །གྲུབ་པ་བརྟན་པར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བཅིང་བ་ནི། དེ་ཉིད་ཀྱི་སྲིན་ལག་གི་ཁྲག་གིས་བྲི། དེའང་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་གཉིས་པ་བྲིས་པའི་ལྟེ་བར་ཧྲཱིཿ དེའི་མཐའ་མ་ན་ཕར་ཆེ་གེ་མོ་ལ་ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་བྲི། འདབ་མ་བརྒྱད་ལ་ཧྲཱིཿ«་་་་་ཨོཾ་ཨཱཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ།» དང་སྭཱ་ཧཱ་མ་གཏོགས་པའི་ཡི་གེ་བརྒྱད་གཡས་སྐོར་གྱིས་བྲི། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར་ཀཱ་ལི་གཡས་སྐོར་བྲི། ཕྱི་རོལ་གྱི་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་བྱ་བ་ལ་སོགས་པ་གཟུངས་རིང་བྲི་བར་བྱའོ། །དེ་ལྟར་བྲིས་པ་ལ་རབ་ཏུ་གནས་པར་བྱ་བ་ནི། མཆོད་པ་མེ་ཏོག་ལ་སོགས་པ་དང་ལྷ་བཤོས་གསུམ་བྱ། གཏོར་མ་གསུམ་བཤམས་ལ། བདག་ཉིད་ཀྱི་ལྷའི་རྣལ་འབྱོར་རྫོགས་པར་བསྒོམ་པ་དང༌། བཟླས་པ་ཅུང་ཞིག་བྱའོ། །དེ་ནས་འཁོར་ལོ་མཎྜལ་གྱི་སྟེང་ན་ཡོད་པ་དེ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ།
སྟོང་པའི་ངང་ལས་ཧྲཱིཿདཀར་པོ་ལས་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྐྱེད། དེ་ནས་རང་གི་སྙིང་གའི་ཧྲཱིཿདང་འཁོར་ལོའི་ཡི་གེའི་ཚོགས་ལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་ཞིག་སྤྱན་དྲངས་ནས། དེ་ལ་བསྟིམས་ཏེ་མཆོད་པ་དབུལ། དམ་ཚིག་ཅན་ལ་གཏོར་མ་གཅིག་བཏང་ངོ༌། །དེ་ནས་ཡང་སྙིང་གའི་ས་བོན་དང་འཁོར་ལོའི་ཡི་གེའི་ཚོགས་ལས་འོད་འཕྲོས་པས་བསྲུང་བར་བྱ་བ་གང་ཡིན་པ་དེའི་རྣམ་ཤེས་བཀུག་ལ། སྙིང་པོ་དང་གཟུངས་སྔགས་ལ་སོགས་པ་ལ་བསྟིམ། དེའི་ལུས་དཔག་ཏུ་མེད་པ་བཀུག་ལ་ཨཱ་ལི་ཀཱ་ལི་ལ་བསྟིམས་ལ། ཡང་མཆོད་པ་བྱ། གཏོར་མ་གཅིག་གཏང་ངོ༌། །དེ་ནས་འཁོར་ལོ་ལག་པ་གཡས་པས་བཟུང་ལ། སྙིང་པོ་ལ་ཆེ་གེ་མོ་རཀྵ་རཀྵ། ཞེས་སྤེལ་ལ་བརྒྱ་རྩ་བརྒྱད་བཟླ། དེ་ནས་གཟུངས་སྔགས་སྤེལ་ཚིག་དང་བཅས་པ་བཟླ། དེ་ནས་ཨཱ་ལི་སྤེལ་ཚིག་དང་བཅས་པ་བཟླ། དེ་ནས་ཀཱ་ལི་སྤེལ་ཚིག་དང་བཅས་པ་བཟླ། དེ་ནས་རཏྣ་ཏྲ་ཡཱ་སྤེལ་ཚིག་དང་བཅས་པ་བཟླ། མཐར་སེང་གེ་སྒྲའི་ཡི་གེ་བརྒྱ་པ་སྤེལ་ཚིག་དང་བཅས་པ་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་འཁོར་ལོ་དྲིལ་ལ་ཟངས་ལ་སོགས་པར་བཅུག་སྟེ་གདགས་པ་ནི། དང་པོར་སྒྲུབ་པར་བྱ་བ་དེའི་ལུས་ལ་གཏོར་མས་ལན་གསུམ་བསྐོར་ཞིང་གཏོར་མའི་སྔགས་བརྗོད་པས་དེའི་རྒྱུད་ལ་གནས་པའི་གདོན་དེ། དེ་ལས་གུད་དུ་ཕྲལ་ལ། སྙིང་པོ་དང་གཟུངས་སྔགས་བཟླ་ཞིང་དཔུང་པ་གཡོན་པ་ལ་གདག་གོ །ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟན་པར་བྱའོ། །ཕྱིས་འཇིགས་པ་དང་ཡ་ང་བ་ལ་སོགས་པ་བྱུང་ན་རང་གི་ལག་པས་དེ་ལ་འཇུས་ལ། མགོན་སྐྱབས་ཞུ་བར་དམིགས་ཏེ་སྔགས་རྣམས་སྔར་བཞིན་བཟླའོ། །རྫོགས་སོ། །ཡི་གེ་བརྒྱ་པ་ནི། ཨོཾ་སིཾ་ཧ་ནཱ་ད་ས་མ་ཡ། མ་ནུ་པཱ་ལ་ཡ། སིཾ་ཧ་ནཱ་ད་ཏྭེ་ནོ་པ་ཏིཥྛ། དྲྀ་དྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡ་ཀུ་རུ་ཧཱུྃ།
ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སིཾ་ཧ་ནཱ་ད་མཱ་མེ་མུཉྩ། སིཾ་ཧ་ནཱ་ད་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ༈ །སེང་གེ་སྒྲའི་བསྡུས་དོན་བཞུགས། གདོན་འགྲོལ་བའི་ཆོ་ག་ལ། ཀླུའི་རིགས་བརྟག་པ་དང༌། ཆོ་ག་དངོས་སོ། །དེ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི་ལྔ་སྟེ། མཎྜལ་དང་དཀྱིལ་འཁོར་བཤམས་པ་དང༌། བུམ་པ་བཤམ་པ་དང༌། ཀླུ་མཆོད་ཅིང་གསོ་བའི་རྟེན་བཤམ་པ་དང༌། མཆོད་པ་བཤམ་པ་དང༌། གཏོར་བ་བཤམ་པའོ། །དང་པོ་ལ་གཉིས་ཏེ། ལྷའི་མཎྜལ་དང་ཀླུའི་འོ། །གཉིས་པ་ལ་གསུམ་སྟེ། བསྒྲུབ་བྱ་ལ་དགོས་པ་ལྷའི་བུམ་པ་དང༌། ཀླུ་སྡུག་བསྔལ་དང་བྲལ་བ་བརྟན་པར་བྱ་བའི་ཕྱིར་དབང་བསྐུར་བའི་བུམ་པ་དང༌། ཀླུའི་ནད་གསོ་བའི་རྩི་སྨན་བླུགས་པའི་བུམ་པའོ། །གསུམ་པ་རྟེན་ལ་གཉིས་ཏེ། མཆོད་པའི་རྟེན་རྒྱལ་པོ་དགུའི་གཟུགས་དང༌། མཆོད་པ་དང་གསོ་བ་གཉིས་ཀའི་རྟེན་ཀླུ་ཕལ་པ་དང་ས་བདག་གི་རྟེན་ནོ། །བཞི་པ་མཆོད་པ་ནི་གཉིས་ཏེ། ཐུན་མོང་བ་ཨརྒྷཾ་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པ་བདུག་པ་ལ་སོགས་པའོ། །ལྔ་པ་གཏོར་མ་ནི་གཉིས་ཏེ། དམ་ཚིག་ཅན་གྱི་དང་ཀླུའི་འོ། །དངོས་གཞི་ལ་གསུམ་སྟེ། ལྷ་དང་འབྲེལ་བའི་བྱ་བ་དང༌། གདོན་གྱི་ལས་དང༌། བསྒྲུབ་བྱ་ལ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ་སྟེ། སངས་རྒྱས་ལ་མཆོད་པ་དང༌། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་དང༌། བུམ་པ་བྱིན་གྱིས་བརླབ་པའོ། །གཉིས་པ་ལ་གསུམ་སྟེ། ཀླུའི་མཆོད་པ་དང༌། ནད་གསོ་བ་དང༌། དབང་བསྐུར་བའོ། །གསུམ་པ་ལའང་གསུམ་སྟེ། བསྒྲུབ་བྱ་ཁྲུས་བྱ་བ་དང༌། བྱབས་པ་དར། བསྲུང་བའོ། །དེ་ལྟར་དགུའོ། །མཇུག་གཤེགས་སུ་གསོལ་བ་དང༌། བདག་བསྲུང་སྟེ་གཉིས་སུ་བསྡུ་བར་གསུངས་སོ། །དེ་ལྟར་སྦྱོར་བ་ལ་ལྔ། དངོས་གཞི་ལ་དགུ། མཇུག་གི་ཆོ་ག་ལ་གཉིས་ཏེ་
ཆོ་ག་བཅུ་དྲུག་ཏུ་བསྡུས་པ་ཤེས་པར་བྱའོ།། ༈ །ཨོཾ་སྭ་སྟི། ནོར་རྒྱས་དུང་སྐྱོང་གཉིས་ནི་རྒྱལ་རིགས་ཡིན་ཏེ་སེར་པོ་ས་ལ་དབང༌། དགའ་བོ་རིགས་ལྡན་གཉིས་ནི་བྲམ་ཟེའི་རིགས་ཡིན་ཏེ་དཀར་པོ་ཆུ་ལ་དབང༌། པདྨ་འཇོག་པོ་གཉིས་ནི་རྗེའུ་རིགས་ཡིན་ཏེ་དམར་པོ་མེ་ལ་དབང༌། པད་ཆེན་སྟོབས་རྒྱུ་གཉིས་ནི་དམངས་རིགས་ཡིན་ཏེ་སྔོ་ནག་རླུང་ལ་དབང༌། དུག་དེ་ཀུན་ཀྱང་འཇོམས་པར་བྱེད་པ། གཙོ་བོར་གྱུར་པ་ཆུ་ལྷ་སྟེ། །འབྱུང་བ་ནམ་མཁའི་རང་བཞིན་ཅན། །དེ་བས་དེ་ཉིད་འབད་དེ་བཟླའོ། །དེ་བས་ན་དང་པོ་བརྩམ་པའི་དུས་སམ། དུག་གསལ་བར་ངོས་མ་ཟིན་ན། ཆུ་ལྷ་ཉིད་ལ་བཟླ་བར་བྱ་སྟེ། སེང་གེ་སྒྲའི་རྣལ་འབྱོར་བྱས་ལ། སངས་རྒྱས་ལ་མཆོད་པ་དང༌། ཀླུའི་རྒྱལ་པོ་རྣམས་ལ་གཏོར་མ་འབུལ་མཆོད་བསྟོད་ནས་ཏྲི་ཤཱུ་ལ་ལ་སྦྲུལ་དཀར་པོ་གསལ་བར་དམིགས་ཏེ། རྗེ་བཙུན་གྱི་སྔགས་སྔོན་དུ་འགྲོ་བའི། ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ། ཅི་ནུས་སུ་བཟླའོ། །དེ་ནས་དུག་གསལ་བར་ངོས་ཟིན་ན་རླུང་ལ་ས། ས་ལ་མེ། མེ་ལ་ཆུ། ཆུ་དུག་ལ་རླུང་བཟླའོ། །དུག་བཞིར་འདུས་པའི་ཀླུ་བརྒྱད་པོའང༌། ཏྲི་ཤཱུ་ལ་ལ་སྦྲུལ་ཁ་སྤྲོད་བཅིངས་ལ་གཞུང་ནས་འབྱུང་བའི་མདོག་དང་ལྡན་པར་དམིགས་ལ་བཟླའོ། །བཟླས་པ་གོང་གི་ལུགས་བཞིན་ནོ། །ལས་ལ་སྦྱར་བ་ནི། ཀླུ་འདུལ་བའི་ཁུ་བ་ལ་སོགས་པ་ཀླུ་དང་མི་མཐུན་པའི་རྫས་གསོག་ལ། རྫས་དེ་དག་གིས་ལིངྒ་ལ་བྲབ་ཅིང༌། ཕུར་བུས་གདབ་པ་ལ་སོགས་པ་བྱ་སྟེ། དེའི་དུས་སུ་སྔགས་བཟླས་པ་ནི། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཨོཾ་ཤྲཱི་མཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎཱཾ། ཡ་དི་པྲ་ཏི་ཛྙ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚཱ་ན། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་
པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་རྫས་རྣམས་ཞུ་བར་སྦྱར་ལ་ལིངྒ་ལ་བྲབ་པ་དང༌། ཕུར་བུས་གདབ་པ་དང་ཛ་རྡུང་ལ་སོགས་པས་འགྲུབ་པར་འགྱུར་རོ། །ལས་འདི་དག་ཀྱང་ལྷག་པའི་ལྷའི་བཟླས་པ་དང༌། གདོན་འགྲོལ་བའང་སྔོན་དུ་སོང་བས་བྱའོ། །གང་རུང་རུང་མི་བྱའོ། །ལས་འདིའང་དང་པོར་སྒོམ་བཟླས་ཙམ་གྱིས་མ་སོས་ན་གཟུངས་བསྒྲུབ་བྱའོ། །དེ་ནས་གདོན་འགྲོལ་བྱ། དེས་ཀྱང་མ་སོས་ན་རྨི་ལམ་བརྟགས་པར་བྱས་པས་ཀླུ་གནོད་པ་ངོ་ཤེས་ནས། དེའང་དུག་ངོས་མ་ཟིན་ན། བ་རུ་ཎའི་སྔགས་བཟླས་ཤིང་གཏོར་མ་སྦྱིན། དུག་ངོས་ཟིན་ན་རང་སེང་གེ་སྒྲའི་རྣལ་འབྱོར་དང་ལྡན་པས། ཏྲི་ཤཱུ་ལ་ལ་སྦྲུལ་སོ་སོར་དམིགས་ལ་སྔགས་སོ་སོར་བཟླས་སོ། །རྫོགས་སོ།། ༈ །བཅོམ་ལྡན་འདས་ཀྱི་སྙིང་པོའི་མཐར། ཨོཾ་ཕུཿབཱ་སུ་ཀ་ཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་བརྒྱད་པོ་ལའང་བྱའོ། །ཡང་ཀླུའི་གཟུགས་བརྙན་ལ་རྒྱལ་པོ་གདུག་པ་ཅན་ཕྱེ་བའི་དུས་སུ། གདུག་པ་ཅན་གྱི་རྫས་ཀྱིས་གཟུགས་བརྙན་ལ་བསྐོར་ཞིང༌། བཅོམ་ལྡན་འདས་ཆུ་བདག་གི་སྙིང་པོའི་མཐར། ནཱ་མ་ནཱ་ག་ནན་ལ་སོགས་པ་བཞི། དེ་ནས་རཱ་ཛ་དུཥྚཱ་ན་བཾ་དེ་ཤ་ཡ་བི་དེ་ཤ་ཡ། ཞེས་བཟླས་ལ། དེ་ནས་རྒྱལ་པོའི་གཟུགས་ལ་བྲབ་བོ། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དང་པོར་འཇིག་རྟེན་དབང་ཕྱུག་གི་སྒོམ་བཟླས་གཉིས། ཐུན་མཚམས་སུ་གཏོར་མ་གཏང་ཞིང༌། བསྙེན་པའི་གྲངས་འབུམ་ཕྲག་བཞི་ཚང་ན་སོས་པར་འགྱུར་རོ། །བརྒྱ་ཞིག་ན་དེས་མ་སོས་ན། མཎྜལ་ལ་བརྟེན་ཏེ་གཟུངས་བསྒྲུབ་བོ། །དེས་ཀྱང་སོས་པར་མ་གྱུར་ན། ཆུ་བདག་གི་སྙིང་པོ་བཏགས་ལ་བསྙེན་པའང་བསྐྱར་ལ་བཟླས་པ་ཉིད་ཀྱིས་སོས་པར་འགྱུར་ཏེ། ཏྲི་ཤཱུ་ལ་ལ་དཀྲིས་པའི་སྦྲུལ་དཀར་པོ་ལ་ཐུགས་དམ་ལས་ལ་བསྐུལ་བར་དམིགས་ཤིང༌།
ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གྲངས་ཅི་རིགས་པས་སོས་པར་འགྱུར་ཏེ། མ་སོས་ན་འབུམ་ཕྲག་བཞི་གཉིས་བསྐྱར་རོ། །དེ་དག་གིས་ཀྱང་སོས་པར་མ་གྱུར་ན་དེའི་ཚེ་གདོན་འགྲོལ་བའི་ཆོ་ག་ཅི་རིགས་པ་བྱས་པས་ངེས་པར་འཚོའོ། །མ་སོས་ན་ནི་དེའི་ཚེ་སྲུང་བའི་འཁོར་ལོ་གདགས་སོ། །དེས་ཀྱང་མ་སོས་ན་དུག་གསལ་པོར་ངོས་བཟུང་བར་བྱ་བའི་ཕྱིར་ཆུ་བདག་གི་སྙིང་པོ་བསྐྱར་ཏེ་བཟླའོ། །དུག་ངོས་ཟིན་ན་གཉེན་པོའི་སྔགས་གདམས་ངག་བཞིན་བཟླའོ། །གལ་ཏེ་དུག་གསལ་པོར་ངོས་མ་ཟིན་ནམ། ངོས་ཟིན་ཀྱང་གཉེན་པོའི་སྔགས་རྨི་ལམ་བརྟགས་ལ་ངོས་བཟུང་སྟེ། མྱུར་དུ་འཚོ་བའམ་རིང་དུ་འགོར་བའམ། སྔོན་གྱི་ལས་ཡིན་པར་ཤེས་པར་འགྱུར་རོ། །གདོན་འགྲོལ་མི་དགོས་པའི་ཕྱོགས་གལ་ཏེ་ན་གཟུངས་ལ་བརྟེན་ནས་བསྙེན་པ་དང་པོ་ཐོན་ནས་གཟུངས་སྒྲུབ་བྱས་ལ། དེས་སོས་པར་རུང་བ་ཉིད་ཡིན་ནོ། །སྤོགས་ཆོག་གཞན་ནི་སྔ་མ་དང་འདྲའོ། །དེ་ལྟར་ནའང་སོས་པར་མ་ནུས་ན། སྙིང་མི་དགའ་བ་ལ་སོགས་པ་སྣ་ཚོགས་བྱུང་ན་ཀླུ་དང་རྒྱལ་པོ་དབྱེ་བ་ཞེས་བྱ་བ་གདམས་ངག་བཞིན་ནོ། །གྲུབ་ན་ནི་གདོན་འགྲོལ་བྱ་སྟེ། སྲུང་བའི་འཁོར་ལོ་གདགས་སོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། དང་པོར་དུག་ངོས་ཟིན་པའི་དུས་སུ་སེང་གེ་སྒྲའི་སྙིང་པོའི་རྗེས་ལ། ཨོཾ་ཕུཿབཱ་སུ་ཀཱ་ཡ་ཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། རླུང་དུག་གིས་ཟིན་པའི་ཚེ། ཏྲི་ཤཱུ་ལ་ལ་སྦྲུལ་སེར་པོ་གཉིས་ཁ་སྤྲོད་དུ་བྱས་ཏེ་སྔགས་བཟླ་བར་བྱའོ། །ཡང་སྙིང་པོའི་རྗེས་ལ། ཨོཾ་ཕུཿཨ་ནནྟཱ་ཡ་ཀུ་ལི་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཚ་ཞིང་གདུང་བའི་མེའི་དུག་གིས་ཟིན་པའི་ཚེ། ཏྲི་ཤཱུ་ལ་ལ་སྦྲུལ་དཀར་པོ་རྩེ་སྤྲོད་དུ་བྱས་ལ་འབྱུང་བ་ཆུའི་སྔགས་བཟླའོ། །ཡང་སྙིང་པོའི་རྗེས་ལ། ཨོཾ་ཕུཿཔདྨ་ཡ་ཏཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ས་དུག་གིས་ཟིན་པའི་ཚེ། ཏྲི་ཤཱུ་ལ་ལ་སྦྲུལ་དམར་པོ་གཉིས་ཁ་སྤྲོད་དུ་བྱས་ལ་འབྱུང་བ་མེའི་
སྔགས་བཟླའོ། །ཡང་སྙིང་པོའི་རྗེས་ལ། ཨོཾ་ཕུཿམཧཱ་པདྨཱ་ཡ་ཀརྐོ་ཊཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཆུ་དུག་གིས་ཟིན་པའི་ཚེ། ཏྲི་ཤཱུ་ལ་ལ་སྦྲུལ་སྔོ་ནག་གཉིས་ཁ་སྤྲོད་དུ་བྱས་ལ་འབྱུང་བ་རླུང་གི་སྔགས་བཟླའོ། །དེའང་དང་པོ་ངོས་ཟིན་ནས་ཀྱང་བསྙེན་པའི་སྔགས་བཟླས་ཤིང༌། ཕྱིས་ཆུ་བདག་གི་སྙིང་པོས་དུག་ངོས་ཟིན་ན། ཡང་གཉེན་པོའི་སྔགས་ཀྱིས་ངེས་པར་འཚོ་བར་འགྱུར་རོ། །ཀླུ་རིགས་བཞིའི་སྙིང་པོ་སོ་སོར་གཙོ་བོར་བཟླས་ཀྱང་མ་སོས་པ་དེའི་ཚེ་ཀླུ་དང་རྒྱལ་པོ་མ་ཕྲལ་བའི་སྐྱོན་ཡིན་ཏེ། དཔྲལ་བ་ནི། བག་ཟན་ལས་ཀླུ་ཕལ་པ་རིགས་བཞིའི་གཟུགས་བྱ། རྙེད་ན་མི་ལྤགས། མ་རྙེད་ན་ཤོག་བུ་ལ་རྒྱལ་པོའི་གཟུགས་རིད་པ་སྐྲ་འཛིངས་པ་ཡན་ལག་ཐམས་ཅད་ཕྲ་བ་ཞིག་བྲིས་ལ། དེའི་སྙིང་གར་བཅོམ་ལྡན་འདས་དང་ཆུ་བདག་གི་སྙིང་པོའི་ཤམ་དུ། རཱ་ཛ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་བྲི། གཞན་ཡང་འབྱུང་བའི་བླ་ཤིང་ཡིན་པས་ཤིང་གླང་མ་མགོ་རྩ་མ་ལོག་པ་བྱས་ལ། རྩ་བའི་ངོས་སུ་རྩེ་མོ་ལེགས་པར་བྱས་པ་ལ་མི་ཚིལ་དུམ་རེ་གཟུག རྩེ་མོ་བཀས་ལ་མི་ལྤགས་ལ་རྒྱལ་པོའི་གཟུགས་བྲིས་པ་མགོ་ཐུར་དུ་བསྟན་ཏེ་གླང་མའི་རྩེ་མོ་བཀས་པ་དེའི་བར་དུ་གཟུག་གོ །གཞན་ཡང་གཤེར་ཐུན་དང་སྐམ་ཐུན་གཉིས་ཀའི་བྱ་ཐབས་ནི་ཡིག་སྣ་བཞིན་དུ་བྱའོ། །དེ་ནས་མར་ངོའི་ཉི་མ་དང་པོ་ནས་བཟུང་སྟེ། ཐུན་གསུམ་མམ་བཞིར་འཇིག་རྟེན་མགོན་པོ་སྐུ་མདོག་ནག་པོའི་རྣལ་འབྱོར་ལ་གནས་ནས་ཉི་མ་གསུམ་དུ་ཀླུའི་གཟུགས་བརྙན་ལ་བསྐོར་ཞིང་རྒྱལ་པོའི་གཟུགས་བརྙན་ལ་བྲབས་ཤིང་ཀླུ་དང་རྒྱལ་པོ་དབྱེ་བའམ་ཉི་མ་གཅིག་གིས་ཀྱང་ལས་འགྲུབ་པར་འགྱུར་རོ། །དེ་ནས་ཀླུའི་རྟེན་ལ་པཱུ་ཛ་བྱས་ལ་ཀླུ་གནས་པའི་མཚེའུ་ལ་སོགས་པར་བསྐྱལ་ལོ། །དེ་ནས་རྒྱལ་པོའི་གཟུགས་ལ་བརྟེན་ཏེ་དྲག་པོའི་སྦྱིན་སྲེག་གིས་ཚར་བཅད་པ་ནི། དང་པོར་རོ་བསྲེགས་པའི་ས་རྡོ་ལས་བྱས་པའི་སྒྱིད་བུ་གསུམ་གཟུག དེར་ཚེར་མ་ཅན་གྱི་ཤིང་བརྩིགས་པའི་སྟེང་དུ་སླ་ང་བཙུགས།
རང་གི་གཡོན་དུ་མཆོད་པ་རྣམ་ལྔ་བཤམ། གཡས་སུ་གཏོར་མ་བཤམ། མདུན་དུ་སྔར་གྱི་ལིངྒ་རྣམས་དང༌། དུག་ལ་སོགས་པ་གདུག་པ་ཅན་གྱིས་རྫས་བཞག དེ་ནས་སྲོད་ཐུན་དང་པོ་ནས་སེང་གེ་སྒྲ་ནག་པོ་རྣལ་འབྱོར་གསལ་བར་བྱས་པ་ལ་བཟླས་པའང་ཅི་ནུས་བྱ། དེ་ནས་མཚན་ཕྱེད་ཀྱི་དུས་སུ་མེ་སྦར་ལ་སླ་ངར་བསྲེག་གོ །དེ་ནས་བདག་ཉིད་ཀྱི་སྙིང་གའི་ཧྲཱིཿཡིག་ལས་འཇིག་རྟེན་མགོན་པོའི་སྤྲུལ་པ་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པ་ཐོག་པ་དཔག་ཏུ་མེད་པ་སྤྲོས་ལ། བསྒྲུབ་བྱ་གནོད་བྱེད་རྒྱལ་པོ་དེ་ལ་ལྕགས་ཀྱུས་སྙིང་གར་ཕུག ཞགས་པས་མགྲིན་པ་ནས་བཅིང་བ་ལ་སོགས་པས་བཀུག་ནས་ལིངྒ་ཆེ་ཆུང་རྣམས་ལ་དགུག་གཞུག་བྱ་ངག་ཏུའང༌། ལྷག་པའི་ལྷ་དང་ཆུ་བདག་གི་སྙིང་པོ་གཉིས་ཀྱི་མཐར་གནོད་བྱེད་རྒྱལ་པོ་ཨཱ་ཀརྵ་ཡ་ཛཿཛཿཞེས་བརྗོད་དེ། དེ་ནས་སྙིང་པོ་གཉིས་ཀྱི་མཐར། རཱ་ཛ་མཱ་ར་ཡ་ཕཊ་བཏགས་ལ་ལིངྒ་ཆེ་བ་མཚོན་རྣོན་པོས་གཏུབས་ལ་ཐུན་རྫས་དང་བསྲེས་ལ་བཞག་གོ །དེ་ནས་སླ་ངའི་ནང་དུ་བཅོམ་ལྡན་འདས་སྐུ་མདོག་ནག་པོ་སྐད་ཅིག་མས་བསྐྱེད་ལ། དེའི་གཡས་སུ་ནཱ་ག་རཱ་ཛ་ཝ་རུ་ཎ། གཡོན་དུ་ནག་པོ་ཆེན་པོ་པ་ཀུན་ཀྱང་ཞལ་གདངས་པར་བསམས་ལ། དང་པོ་ལས་ཀྱི་ཤམ་བུ་དང་བཅས་པའི་སྔགས་བརྗོད་དེ། གླང་མའི་ལིང་ག་བསྲེག་གོ །དེ་ནས་སྔགས་དེ་ཉིད་ཀྱིས་ཐུན་རྫས་བསྲེག དེ་བཞིན་དུ་སྤེལ་ཞིང་བསྲེག་གོ །སྔགས་ནི་ཡིག་སྣ་ཕྱི་མ་ལས་ཤེས་སོ། །རྫས་རྣམས་ཟད་ཟད་ཀྱི་བར་དུ་བསྲེག་གོ །ཐམས་ཅད་ལའང་རྒྱལ་པོའི་ཤ་དང་ཁྲག་དང༌། རུས་པ་ལ་སོགས་པ་སླ་ངའི་བཅོམ་ལྡན་འདས་ཀྱིས་གསོལ་བར་བསམ་ཞིང་བསྲེག་གོ །དང་པོ་དང་ཐ་མ་གཉིས་གར་མཆོད་པ་ལྔས་མཆོད་ཅིང་བསྟོད་པར་བྱའོ། །མཐར་དམ་ཚིག་ཅན་ལ་གཏོར་མ་བྱིན་ལ་ཐབས་ཀྱི་བཅོམ་ལྡན་འདས་ཀྱང་བདག་ལ་བསྡུ། རང་ཉིད་ཀྱི་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། གནས་གསུམ་བསྲུང་བ་ཡང་ཡང་དུ་བྱ་བ་གལ་ཆེ། དེའི་ཉིན་པར་ནས་
བཟུང་ནས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོར་བསྒྱུར་བར་བྱས་ལ། ལས་ཀྱི་རྗེས་ཞི་བས་བསྡུ་སྟེ་གདོན་འགྲོལ་བྱ། དེས་མ་གྲུབ་ན་ཀླུའི་གཏོར་མ་མང་དུ་གཏང་ངོ༌། །དེ་ནས་གྲུབ་པ་བརྟན་པའི་ཕྱིར་སྲུང་བའི་འཁོར་ལོ་གདགས་སོ། །རྫོགས་སོ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དི་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎཱཾ། ཡ་དི་པྲ་ཏིཛྙ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྛན། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཀླུ་དང་རྒྱལ་པོ་ཕྱེ་བའི་དུས་ཀྱི་ལིངྒ་བྲབ་པའི་སྔགས་སོ། །སྤྱན་རས་གཟིགས་མགོན་སེང་གེ་སྒྲ། །དེ་ཡི་མངོན་རྟོགས་རབ་གསལ་བ། །བསོད་ནམས་རྩེ་མོས་ཕྱེས་འདི་ལ། །དང་པོའི་ལས་ཅན་དགའ་བར་བྱོས། །དགེ་བ་ཅི་ཡོད་འགྲོ་ཀུན་དང༌། །ཐུན་མོང་བྱས་ཏེ་རྒྱལ་བར་བསྔོ། །ཉེས་པ་སྲིད་ན་འཕགས་པ་ཡིས། །བཟོད་པར་མཛོད་ལ་ཐུགས་རྗེས་སྐྱོངས། །བཅོམ་ལྡན་འདས་སེང་གེ་སྒྲའི་མངོན་པར་རྟོགས་པ་ཉེ་བར་གསལ་བ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་བསོད་ནམས་རྩེ་མོས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བ་འདི་རྫོགས་སོ།། ༈ །སེང་གེ་སྒྲའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། སེང་གེ་སྒྲ་བསྒྲུབ་པར་འདོད་པས། ཁྲུས་དང་གཙང་སྦྲ་དང་ལྡན་པར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ཤེལ་གོང་དག་པ་ལྟ་བུར་གྱུར། འོད་ཟེར་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་
ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བྷནྜཱ་ར་ཀ་སིཾ་ཧ་ནཱ་དེ་བྷྱཿ ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་བྷྱཿ ཨོཾ་བྷཊྚ་ར་ཀ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་སེང་གེ་དཀར་པོ་མགོ་བོ་གཡས་སུ་བསྟན་ཞིང་གདོང་གྱེན་དུ་ཕྱོགས་པ་རལ་པ་དམར་པོ་ཐུར་ལ་འཕྱང་ཞིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སེང་གེ་སྒྲའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་ཀྱི་སྟེང་དུ་བརྐྱང་པ། གཡོན་སྐུ་རྒྱབ་ཏུ་གདན་ལ་བརྟེན་པ། རལ་པའི་ཐོར་ཅོག་བཅིངས་ཤིང་སྤྱན་གསུམ་དང་ལྡན་པ། གཡས་ལོགས་སུ་སྐུ་ལ་ཅུང་ཟད་མ་རེག་པའི་ཏྲི་ཤཱུ་ལ་ལྗང་གུ་གྱེན་དུ་བསྒྲེངས་པ་ལ་སྦྲུལ་དཀར་པོས་དཀྲིས་པ། གཡོན་ལོགས་སུ་པདྨ་དཀར་པོའི་སྟེང་ན། རལ་གྲི་མེ་འབར་བ་དང༌། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་བཀང་བའི་ཐོད་པ་དཀར་པོ་ཅན། ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ།
དར་དམར་པོའི་ཤམ་ཐབས་ཅན། ཚངས་སྐུད་མ་གཏོགས་རྒྱན་གཞན་ཐམས་ཅད་སྤངས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ནང་དུ་ཟླ་བ་ལ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གོང་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་སྔར་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ཉིད་ཀྱི་ཚེ་རིགས་ལྔའི་འོད་ཟེར་འཕྲོ་བའང་གྲུབ་སྟེ། དབུའི་སྟེང་དུ་རྣམ་པར་སྣང་མཛད། དཔུང་པ་གཡས་པར་མི་བསྐྱོད་པ། གཡོན་པར་འོད་དཔག་མེད། དཀུ་གཡས་པར་རིན་ཆེན་འབྱུང་ལྡན། གཡོན་པར་དོན་ཡོད་གྲུབ་པ་རྣམས་བཞུགས་པར་གྱུར། དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་ལ། ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་ཁ་དོག་དཀར་པོས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། བདག་དང་
སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱིན་གྱིས་བརླབས་པར་བསམ་ཞིང༌། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་ཅི་མང་དང་ཐུན་གཤམ་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། བི་དྱེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་བྱོན་པར་བསམས་ལ། དེ་ལ་ཚོགས་ཞིང་གི་སྐབས་ལྟར་མཆོད། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་མཐར། ཨོཾ་བཛྲ་མུཿཞེས་པས་གཤེགས་སུ་གསོལ། རང་གི་གནས་གསུམ་ཡི་གེ་གསུམ་གྱིས་བསྲུང༌། དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །རྗེས་གནང་བྱེད་ན། མཆོད་པ་བྱིན་གྱིས་བརླབས་ལ། བདག་བསྐྱེད་གོང་བཞིན་བྱ། ཚོམ་བུ་ལྷར་བསྐྱེད། མཆོད་བསྟོད། གཏོར་མ་ཨ་ཀཱ་རོའི་སྔགས་ཀྱི་ཕུལ་ཏེ་བཟླས་པ་བྱ། སློབ་མས་མཎྜལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སོགས་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པ་རྣམས་ལན་གསུམ་གསུམ་དང༌། གཞི་དགོད་པའི་ཕྱིར་དུ་སློབ་མ་ལ་བསྐྱེད་བསྟིམ་བྱ་རྗེས་སུ་བཟླས་པ་ལན་གསུམ་དང༌། བཅོམ་ལྡན་འདི་ལ་སོགས་བརྗོད། དམ་བཅའ་བ་སྤྱི་དང་མཐུན། བྱིན་གྱིས་བརླབ་པའི་ཕྱིར་དུ་རིགས་འདྲ་བསྟིམ་པ་སོགས་འདྲ། རྗེས་མཆོད་བསྟོད་བྱས་ལ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བསྡུས་ལ་བཀྲ་ཤིས་བྱའོ། །ཞེས་པ་འདིའང་དོན་དུ་གཉེར་པ་འགའ་ལ་ཕན་པའི་ཕྱིར་དུ། ཤཱཀྱའི་དགེ་སློང་དཀོན་མཆོག་ལྷུན་གྲུབ་
ཀྱིས་སྦྱར་བའོ། །ཤུ་བྷཾ།། ༈ །སྭ་སྟི། སྤྱན་རས་གཟིགས་སེང་གེ་སྒྲའི་བསྙེན་པ་བྱ་བའི་ཚུལ་ལ། མཚམས་དམ་པར་བྱས་ཏེ་འདི་ཉིད་ཀྱི་བྲིས་སྐུ་སོགས་ཡོད་ན་བཀྲམ་པའི་མདུན་དུ། ཡི་དམ་ཆོས་སྐྱོང་འབྱུང་པོ་རྣམས་ཀྱི་གཏོར་མ་རྒྱུན་བཞག་ཏུ་ཆེ་བར་བྱས་པ་དང༌། བགེགས་གཏོར་ཉིན་རེ་བཞིན་དོར་རྒྱུ་བྱས་པའི་མདུན་དུ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་ཉེར་མཁོ་རྣམས་ཚང་བར་བཤམ། གཙང་སྦྲ་དང་ལྡན་པས་ཐུན་བཞིའམ་གསུམ་དུ་བཅད་ལ། སྐྱབས་འགྲོ་ནས་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་པའི་བར། རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་མངོན་རྟོགས་བཞིན་བྱ། སྔགས་ཀྱི་གྲངས་སྙིང་པོ་ལ་རྗེ་བཙུན་གོང་མས་འབུམ་ཕྲག་བརྒྱད་ཅུ་ཟླ་བར་གསུངས་པ་བཞིན་གྲུབ་ན་རབ་ཡིན། མ་གྲུབ་ན་འབྲུ་འབུམ་བཟླ་དགོས་པས་འབུམ་ཕྲག་དགུ་ཁ་སྐོང་དང་བཅས་པ་དང༌། གཟུངས་རིང་ལ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་དགོས། གཟུངས་རིང་ལ་བསྙེན་པ་མི་འགྲུབ་ན་ཐུན་མཇུག་རྣམས་སུ་ཉེར་གཅིག་སོགས་ཇི་ལྟར་རིགས་པ་བཟླ། སྔ་ཐུན་གྱི་མཇུག་ཏུ་ཡེ་ཤེས་པ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས། གཏོར་མ་ལ་ཆབ་བྲན་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་སོགས་ནས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ་པའི་བར་སྤྱི་དང་མཐུན་པར་བྱ། དེ་ནས་ནུས་ན། གཏོར་མའི་སྟེང་གི་ནམ་མཁར་པྃ་ལས་པདྨ་དམར་པོ་སོགས་ནས། འོད་དཔག་མེད་ཀྱི་དབུར་བརྒྱན་ཞེས་པའི་བར་གྱི་བསྐྱེད་ཆོག་བྱ། མི་ནུས་ན། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་ནས་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ཏེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་
ཕྱག་རྒྱ་དང༌། ཨོཾ་བྷཊྚཱ་ར་ཀ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་ལན་གསུམ་ལ་སོགས་པས་ཕུལ་ནས། མཚན་སྔགས་དེ་ཉིད་སྔོན་དུ་འགྲོ་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་གཟིགས་པ་པོ། །སྟོབས་དང་མི་འཇིགས་མངའ་བརྙེས་པའི། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་བདག་དང་སོགས་སྤྱི་ལྟར་དང༌། ཁྱད་པར་དུ་ཀླུ་གཉན་ས་བདག་གི་གནོད་པ་ཞི་བ་སོགས་འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སོགས་དང༌། བསྐྱེད་ཆོག་བྱས་ན། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད། སྤྱན་དྲངས་པ་ཡིན་ན་གཤེགས་གསོལ་རྐྱང་པ་བྱ། དེ་ནས་ཆ་གསུམ་བཏང་བའམ། ཆ་གསུམ་བཏང་ནས་ཡིག་བརྒྱ་མན་ཆད་ཉམས་སུ་ལེན་པ་གང་བདེ་བྱས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་བསྲུང་བ་དང༌། དགེ་བ་འདི་ཡིས་སོགས་བསྔོ་བ་བྱའོ། །མངོན་རྟོགས་མཇུག་གི་མཆོད་པའི་རྗེས་སུ། བསྟོད་པ་ནས་གཤེགས་གསོལ་གྱི་བར་འདི་བཞིན་བྱས་ན་ལེགས་སོ། །ཚུལ་འདི་ངེས་པར་བྱས་ནས་ཡི་དམ་མང་པོའི་ཐུན་མཇུག་གི་གཏོར་མ་མི་གསལ་བ་རྣམས་ལའང་སོ་སོའི་མཚན་སྔགས་བསྟོད་པ་སོགས་ཁྱད་ཆོས་རྣམས་བསྒྱུར་ནས། འདི་བཞིན་བྱས་ན་བློ་གྲོས་ཡངས་པར་འགྱུར་རོ། །ཞེས་པ་འདི་ནི་གོ་ན་བ་ཆོས་རྗེ་ཨཱ་ནནྡ་བྷ་དྲ་ལ་སོགས་པའི་ཐུགས་བཞེད་སྒྲུབ་པའི་ཕྱིར། དཔལ་ལྡན་དོན་གྲུབ་ཀྱིས་ཨེ་ཝཾ་ཆོས་འཁོར་རྩེ་ནས་ཕུལ་བའོ། །མངྒ་ལཾ།། ༈ །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཐུགས་རྗེའི་བདུད་རྩིས་ཁམས་གསུམ་ཀུན། །དབུགས་
འབྱིན་འཕགས་པའི་ཟླ་བ་ནི། །དད་པའི་ཡིད་མཚོར་རྟག་བསྙེན་ནས། །གདམས་ཟབ་ཟིལ་དངར་ཅུང་ཟད་སྤེལ། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྣལ་འབྱོར་ལ་བརྟེན་ནས་རང་བཞིན་གྱི་དོན་གཉིས་བསྒྲུབ་པར་འདོད་པས་འདི་ལྟར་བཤད་པར་བྱ་སྟེ། སྔོན་ཏུ་བསྙེན་པའི་ཆོ་ག་དང༌། གཟུངས་སྒྲུབ་པའི་ཆོ་ག་དང༌། གདོན་ལས་འགྲོལ་བའི་ཆོ་གའོ། །དང་པོ་ལ་གསུམ། ལྷ་བསྒོམས་པ། སྔགས་བཟླ་བ། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་གཉིས། སྔོན་འགྲོ་ཚོགས་གཉིས་བསགས་པ་དང༌། དངོས་གཞི་ལྷ་བསྒོམ་པའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཁྲུས་དང་གཙང་སྦྲ་ལ་གནས་པས། མདུན་ཏུ་བྲིས་སྐུ་ཡོད་ན་དགྲམ་པའི་སྤྱན་སྔར་མཆོད་གཏོར་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་འགྲོ་བས་རང་སྐད་ཅིག་གིས་སེང་གེ་སྒྲར་གསལ་བའི་སྙིང་གའི་འོད་ཀྱིས་ཚོགས་ཞིང་སྤྱན་དྲང༌། ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང༌། སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པའི་རྗེས། ཨོཾ་བཛྲ་མུཿས་ཚོགས་ཞིང་མི་དམིགས་པར་གཤེགས་སུ་གསོལ། ཚད་མེད་པ་བཞིས་རྒྱུད་སྦྱོང་བ་དང་བཅས་པ་ནི་བསོད་ནམས་ཀྱི་ཚོགས་དང་ཤཱུ་ནྱ་ཏཱའི་སྔགས་དོན་དྲན་པས་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །གཉིས་པ་ནི། ཚོགས་གཉིས་ཀྱི་རང་འབྲས་ཆོས་དང་གཟུགས་ཀྱི་སྐུ་ཟུང་དུ་འཇུག་པའི་ཡི་དམ་གྱི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་ཅིང༌། གསལ་སྣང་ལ་རྩེ་གཅིག་ཏུ་སེམས་འཛིན་པས་ལྷའི་སྐུ་སྒྱུ་མ་ལྟ་བུ་གསལ་ཞིང་བརྟན་པར་མ་གྱུར་གྱི་བར་དེ་སྲིད་དུ་བསྒོམ་པའོ། །གཉིས་པ་སྔགས་བཟླ་བ་ནི། དེས་སྐྱོ་ན་ཐུགས་ཀར་སྔགས་ཕྲེང་བཀོད་དེ། ཇི་སྐད་བཤད་པའི་འོད་ཟེར་སྤྲོ་བསྡུའི་སྦྱོར་བ་དང་བཅས་ཏེ་སྙིང་པོ་དང༌། གཟུངས་རིང་ཇི་ལྟར་རིགས་པ་བཟླ། ཐུན་ལས་ལྡང་བར་འདོད་ན། བདག་བསྐྱེད་ཀྱི་
ཡེ་ཤེས་པ་མདུན་མཁར་བྱོན་པ་ལ་མཆོད་ཅིང་བཟོད་པར་གསོལ། རང་བཞིན་གྱི་གནས་སུ་གཤེགས་ལ་གནས་གསུམ་བསྲུང༌། བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །མདོར་ན་འདི་ཡན་གྱི་ཉམས་ལེན་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལྟར་ཉམས་སུ་བླངས་པས་དོན་གྲུབ་པ་ཉིད་དོ། །གསུམ་པ་ཐུན་མཚམས་ཀྱི་བྱ་བ་ལ་ལྔ། སྤྱོད་ལམ། གཏོར་མ། ཁ་ཟས། ཉལ་བ། ལྡང་བའོ། །དང་པོ་ནི། ཕྱག་དང་བསྐོར་བ་ལ་སོགས་པ་འགྲོ་འདུག་འགྲེང་འཆག་གི་སྤྱོད་ལམ་ཐམས་ཅད་རང་བཅོམ་ལྡན་འདས་སེང་གེ་སྒྲ་དམ་ཚིག་པའི་ང་རྒྱལ་གྱིས་བྱའོ། །གཉིས་པ་ནི། མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་དོན་གྲུབ་ཀྱི་བསྙེན་ཐབས་ལས་འབྱུང་བ་ལྟར་འདས་པའི་གཏོར་མ་དང༌། འཇིག་རྟེན་པ་ལ་ཆ་གསུམ་གྱི་གཏོར་མ་སྤྱི་ལྟར་བཏང་བའམ། མི་ནུས་ན་འདས་གཏོར་གྱི་ལྷག་མ་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཆོས་དོན་བདེན་པ་ལ་གནས་ཏེ། །ཞི་ཞིང་དག་པའི་ལས་རྣམས་མཛོད། །བདག་ཀྱང་བྱང་ཆུབ་མ་ཐོབ་བར། །བགེགས་དང་བར་ཆད་མེད་པ་དང༌། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །ཅེས་པའི་མཐར་བཟོད་པར་གསོལ་ལ་གཤེགས་སུ་གསོལ་བས་ཀྱང་རུང་ངོ༌། །གསུམ་པ་ནི། ཁ་ཟས་ཀྱི་དུས་སུ་ཁ་ཟས་བདུད་རྩིར་བསམས་ལ་ལྷ་མཆོད་པའི་བསམ་པས་ལོངས་སྤྱད་དོ། །བཞི་པ་དང་ལྔ་པ། ནུབ་མོ་ཉལ་བའི་ཚེ་སྟོང་པའི་ངང་ལ་ཉལ། ནངས་པར་སྟོང་པའི་ངང་ནས་ལྷའི་སྐུར་ལངས་ལ། ཁྲུས་དང་གཙང་སྦྲ་སྔོན་ཏུ་འགྲོ་བས་སྔར་བཞིན་ཉམས་སུ་བླང་བར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཐུན་གསུམ་མམ་བཞིའི་རིམ་པས་བསྙེན་པ་འབུམ་ཕྲག་བཞིའམ། ཡི་གེའི་གྲངས་ཀྱི་འབུམ་ལས་བཞི་འགྱུར་རམ་བརྒྱད་འགྱུར་དུ་བཟླས་པས་ལས་རྣམས་འགྲུབ་པར་
ནུས་པར་གསུངས་པས་འབུམ་ཕྲག་སོ་དྲུག་གམ། བདུན་ཅུ་རྩ་གཉིས་སམ། སྤྱིར་བཏང་འབུམ་ཕྲག་དགུ་ཁ་སྐོང་དང་བཅས་པ་བཟླ་ཞིང༌། བྱང་ཆུབ་སྒྲུབ་པ་ལ་ཚད་མེད་དོ། །དེ་ནས་གཉིས་པ་གཟུངས་སྒྲུབ་བྱ་བར་འདོད་ན། གནས་ཁང་གཙང་ལ་ཉམས་དགའ་བར་རྗེ་བཙུན་སེང་གེ་སྒྲ་ལ་སོགས་པའི་དཀོན་མཆོག་གི་རྟེན་བཞུགས་པའི་སྤྱན་སྔ་ལ་སོགས་པར། བ་བྱུང་ལྔ་དང༌། དྲི་བཟང་པོས་མཎྜལ་ཁྲུ་གང་པར་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་དྲུག་དགོད། དེའི་མདུན་ཏུ་བ་བྱུང་དང༌། དྲི་བཟང་གིས་དཀྱུས་སུ་ཁྲུ་དོ། ཞིང་ཁྲུ་གང་གི་མཎྜལ་བྱས་ལ། གཡས་སུ་མེ་ཏོག་དཀར་པོ་དང༌། གཏོར་མ་དང༌། བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུངས་པ་རས་ཀྱི་ཚགས་མས་བཙགས་པ་དྲི་ཞིམ་པོ་དང་སྦྱར་ལ་བཞག གཡོན་ཏུ་ཆུ་གཉིས་སྔོན་ཏུ་འགྲོ་བའི་མཆོད་པ་ལྔ་བཤམ། རང་ཉིད་ཁྲུས་བྱས་གོས་གཙང་མ་གྱོན། སྟན་བདེ་བ་ལ་འདུག་ལ། མཆོད་པ་བྱིན་རླབས་སྔོན་ཏུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་པ་གྲུབ་རྗེས། ཡེ་ཤེས་པ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་ཚོམ་བུ་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་སོགས་ནས། སྟབས་ཀྱིས་བཞུགས་པ་ཞེས་པའི་བར་བདག་བསྐྱེད་ལྟར་ལ་རང་ཉིད་ཅེས་པའི་ཚིག་དོར། དེའི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། འདབ་མ་བརྒྱད་ཀྱི་ཤར་དུ་ཧཱུྃ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ལྷོར་ཏྲཱྃ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ཧྲཱིཿལས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། བྱང་དུ་ཨ་ལས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་
གཉིས་པ་གཡས་སྐྱབས་སྦྱིན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་སོགས་ནས། ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེ་བཙུན་སེང་གེ་སྒྲ་དང༌། རིགས་ལྔ་ལ་སངས་རྒྱས་དང་སོགས་ནས། ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་དང༌། རིགས་ལྔ་ལ་རིགས་སོ་སོས་དབུར་བརྒྱན་ཅེས་སྦྱར་བ་དང༌། བདག་ལ་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར་བ་མ་གཏོགས་བདག་བསྐྱེད་ལྟར་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་བསམས་ལ། མཆོད་བསྟོད་གསོལ་བ་གདབ། དེ་ནས་མེ་ཏོག་དཀར་པོ་ནས་བླངས་ཏེ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་པས་མེ་ཏོག་ལན་རེ་ལ་སྔགས་ལན་རེ་བཟླས་ཏེ། རང་གི་གཡོན་ནས་ཚར་དུ་དངར་བར་བཤམས་པའི་མཎྜལ་བརྒྱད་ཀྱི་སར་མེ་ཏོག་གི་ཚོམ་བུ་རེ་རེ་བཞག་ལ་བྱིན་གྱིས་བརླབ། ཐུན་གཉིས་པ་མན་ཆད་ལ་ལྕི་བ་ཡོད་ན་མེ་ཏོག་གིས་བྱིན་གྱིས་བརླབ། ལྕི་བ་མེད་ན་མེ་ཏོག་གིས་བྱིན་གྱིས་བརླབ་མི་དགོས་གསུངས་སོ། །དེ་ནས་ལྕི་བ་བླངས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊ། ཀ་རོ་ཊེ། བི་དྱེ་སྭཱ་ཧཱ། ཞེས་བཟླས་ཏེ་རང་གི་གཡོན་ནས་ཚར་དུ་དངར་བའི་མཎྜལ་བརྒྱད་བྱ་ཞིང༌། མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་བཟླས་ཤིང་མེ་ཏོག་བསལ་ལ་ལན་གསུམ་བྱུག མེ་ཏོག་གི་ཚོམ་བུར་དགོད། ལྕི་བ་ལྷག་མ་ལག་པ་ལ་གོས་པ་ལ་མཆིལ་མས་སྔགས་ཤིང་ནད་པ་ལ་བྱུགས་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ནད་པ་མེད་ན་སྣོད་གཙང་མར་བླུགས་ནས་བཟུང་སྟེ་སྡུག་བསྔལ་ཅན་གཞན་ལ་སྦྱིན་ཏེ།
དེ་ལྟར་ན་མེ་ཏོག་དང་ལྕི་བ་ལྷག་མ་ལ་གཅེས་སྤྲས་སུ་བྱའོ། །དེ་ནས་མཆོད་པ་དབུལ། གཏོར་མ་གཏང༌། ཡེ་ཤེས་པ་གཤེགས་སུ་གསོལ། གནས་གསུམ་བསྲུང༌། དགེ་བ་བྱང་ཆུབ་ཏུ་བསྔོ། ཤིས་བརྗོད་རྒྱས་པར་བྱས་ལ། མཎྜ་ལར་རས་དཀར་པོས་གཡོགས་ལ་གཞག་གོ །དེ་ལྟ་བུ་ཉི་མ་བདུན་ནམ། བཅུ་གསུམ་མམ། ཉེར་གཅིག་གིས་འགྲུབ་པར་གསུངས་སོ། །དེ་ལྟར་བསྙེན་པ་དང༌། གཟུངས་སྒྲུབ་སྔོན་ཏུ་སོང་ནས། གསུམ་པ་གདོན་འགྲོལ་གྱི་ལས་སྦྱོར་ལ་གསུམ། སྔོན་ཏུ་འགྲོ་བའི་ཆོ་ག དངོས་གཞི་གདོན་འགྲོལ་བྱ་བ། མཇུག་ཕྱིར་མི་ལྡོག་པའི་ཕྱིར་འཁོར་ལོ་གདགས་པའོ། །དང་པོ་ལ་གསུམ། རྨི་ལམ་བརྟག་པ། དུག་ངོས་བཟུང་ཞིང་གཞོམ་པ། ཀླུ་དང་རྒྱལ་པོ་དབྱེ་བའོ། །དང་པོ་ནི། གནས་ཁང་གཙང་མར་སེང་གེ་སྒྲའི་རྟེན་བྲིས་འབུར་གང་ཡང་རུང་བའི་སྤྱན་སྔར་བ་བྱུང་གིས་བྱུགས་པའི་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དྲུག་དགོད། དེའི་མདུན་ཏུ་མཆོད་གཏོར་བཤམ། རང་གི་མདུན་ཏུ་བུམ་པ་བཅུད་ལྡན་སྤྱི་ལྟར་བཅའ། དེ་ནས་རང་ཉིད་ཁྲུས་བྱས་སྤོས་ཀྱིས་བདུག གོས་གཙང་མ་གྱོན་ལ། སྟན་བདེ་བ་ལ་འདུག་སྟེ་བདག་བསྐྱེད་སྔོན་ཏུ་འགྲོ་བས། མདུན་གྱི་ཚོམ་བུ་བསངས་སྦྱངས་ནས་མཆོད་བསྟོད་ཡན་གཟུངས་སྒྲུབ་ལྟར་བྱས་ལ་ཐུགས་རྒྱུད་བསྐུལ་བའི་ཕྱིར་བཟླས་པ་ཅུང་ཟད་བྱ། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་དབུས་སུ་པྃ་ལས་པདྨ་དམར་པོ་སོགས་མདུན་བསྐྱེད་ལྟར་གསལ་བཏབ་ལ། མཆོད་ཅིང་བསྟོད། བཅོམ་ལྡན་འདས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པ་དང༌། ཇི་ལྟར་བསམ་པའི་དོན་ཐམས་ཅད་རྨི་ལམ་དུ་མཐོང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་
པ་ལྟ་བུས་འདོད་པའི་དོན་ལ་གསོལ་བ་བཏབ། གཟུངས་ཐག་ནས་བཟུང་ཏེ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང༌། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། སེང་གེ་སྒྲའི་སྙིང་པོ་བརྒྱ་རྩ་བརྒྱད་དང༌། ཨོཾ་མུ་ཙི་ལི་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དནྟི་ལི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས། སླར་ཡང་མདུན་བུམ་ཐུན་མོང་དུ་མཆོད་བསྟོད། གཏོར་མ་ཕུལ། གསོལ་བ་གདབ། བུམ་ནང་གི་ཡེ་ཤེས་པ་ལ་ནོངས་པ་བཟོད་པར་གསོལ་ནས་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་བསམས་ལ་དེས་རང་གི་གདོང་ལ་སོགས་པ་དག་པར་བཀྲུས་ཏེ། ལྷའི་ང་རྒྱལ་དང་ལྡན་པས། མདུན་བསྐྱེད་ཀྱི་འཕགས་པ་གཙོ་འཁོར་རྣམས་མངོན་སུམ་དུ་གསལ་བའི་སྤྱན་སྔར། འཇིགས་པ་དང་བག་ཚ་བ་མེད་པར་གློ་གཡས་པ་འོག་ཏུ་ཕབས་ནས་ཅང་མི་སྨྲ་བར་སེང་གེའི་ཉལ་སྟབས་ཀྱིས་ཉལ། ཡིད་ཀྱི་རང་ངམ་གཞན་གྱི་ནད་ལ་སོགས་པ་གང་རྟོགས་པར་འདོད་པའི་དངོས་པོ་དེ་ཉིད་སྔོན་གྱི་ལས་སམ་འཕྲལ་གྱི་རྐྱེན་གང་ལས་བྱུང༌། འབྱུང་བའི་སྟོབས་སམ། མི་མ་ཡིན་གྱི་གནོད་པ་ལས་གྱུར། ཅི་བྱས་ན་ཕན། རིང་དུ་འགོར་རམ་མྱུར་དུ་འཚོ་ཞེས་པས་མཚོན་ཏེ་ཇི་ལྟར་རྟོགས་པར་འདོད་པའི་དོན་འདི་རྣམས་འཕགས་པས་བདག་ལ་ལུང་བསྟན་དུ་གསོལ་སྙམ་པ་རྩེ་གཅིག་ཏུ་ཡིད་ལ་བྱས་ཏེ་གཉིད་ཀྱིས་ལོག་ན་ཇི་ལྟར་བསམ་པའི་དོན་ཐམས་ཅད་རྨི་ལམ་དུ་མཐོང་བར་འགྱུར་རོ། །གལ་ཏེ་མ་མཐོང་ན་ལན་ཇི་ལྟར་རིགས་པ་བསྐྱར། གང་ལྟར་ཡང་ནངས་པར་ལྡང་བའི་ཚེ་མདུན་གྱི་ལྷ་ལ་མཆོད་ཅིང་བསྟོད། ནོངས་པ་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གནས་བསྲུང༌། བསྔོ་སྨོན་ཤིས་བརྗོད་བྱ། བསྐྱར་དགོས་ན་སླར་ཡང་ཆོ་ག་སྔ་མ་བཞིན་ཏུ་བྱའོ། །འདི་ནི་ནད་གདོན་ངོས་བཟུང་
བ་ཙམ་དུ་མ་ཟད། འདོད་པའི་དོན་གང་བརྟག་པ་ལའང་སྦྱར་དུ་རུང་ཞིང༌། ཁྱད་པར་བླ་མ་བ་རི་བའི་ཞལ་ནས། ཡི་དམ་གྱི་ལྷ་ལ་ཐུགས་རྗེ་ཆེ་ཆུང་མེད་ཀྱང༌། རང་གི་ལས་འཕྲོ་ཡོད་མེད་ཀྱི། སྔོན་ནས་བསྒྲུབས་པའི་ལས་འཕྲོ་མེད་པའི་ཡི་དམ་ལོ་གཅིག་ཏུ་སྒྲུབ་པ་བས། ལས་འཕྲོ་ཡོད་པ་ཞག་གཅིག་སྒྲུབ་པས་འགྲུབ་སླ། གལ་ཏེ་ལས་འཕྲོ་མེད་པའི་ཡི་དམ་བསྒྲུབས་པས་འགྲུབ་དཀའ་བ་བྱུང་ན། ལྷ་དང་གདམས་ངག་ལ་ཡིད་མི་ཆེས་པ་དང་ལོག་ལྟ་སྐྱེ། དེས་ཡི་དམ་གཞན་གང་བསྒྲུབས་ཀྱང་འགྲུབ་མི་སྲིད་པས། དེས་ན་ཡི་དམ་སྒྲུབ་པའི་ཐོག་མར་འདི་ལྟ་བུའི་གདམས་ངག་གི་སྒོ་ནས་ལས་འཕྲོ་ཡོད་མེད་བརྟགས་ལ་བྱ་བ་གལ་ཤིན་ཏུ་ཆེ་ཞེས་གསུངས་སོ། །གཉིས་པ་དུག་ངོས་བཟུང་ལ་གཞོམ་པ་ནི། ཀླུ་ཆེན་བརྒྱད་པོ་རིགས་བཞི་འབྱུང་བཞིའི་དུག་ལ་དབང་བྱེད་པ་ཡིན་ཏེ། ནོར་རྒྱས་དང་དུང་སྐྱོང་གཉིས་ནི་རྒྱལ་རིགས་ཡིན་པས་ལྕི་ཞིང་འཐིབས་པ་སའི་དུག་ལ་དབང༌། དགའ་བོ་དང་རིགས་ལྡན་གཉིས་ནི་བྲམ་ཟེའི་རིགས་ཡིན་པས་གྲང་ཞིང་བསིལ་བ་ཆུའི་དུག་ལ་དབང༌། པདྨ་དང་འཇོག་པོ་གཉིས་ནི་རྗེ་རིགས་ཡིན་ཏེ་ཚ་ཞིང་སྲེག་པ་མེའི་དུག་ལ་དབང༌། པདྨ་ཆེན་པོ་དང་སྟོབས་ཀྱི་རྒྱུ་གཉིས་ནི་དམངས་རིགས་ཡིན་ཏེ་ཡང་ཞིང་གཡོ་བ་རླུང་གི་དུག་ལ་དབང༌། དེས་ན་དུག་གསལ་བར་ངོས་ཟིན་ན། དེ་དང་དེའི་གཉེན་པོར་སྔགས་བཟླས་ཏེ། ས་དུག་གིས་ཟིན་ན་མེའི་སྔགས་བཟླས་པ་ནི། བདག་བསྐྱེད་དཀྱུས་ལྟར་ལ། རང་སེང་གེ་སྒྲར་གསལ་བའི་ཏྲི་ཤཱུ་ལ་ལ་སྦྲུལ་དམར་པོ་གཉིས་ཁ་སྤྲོད་དུ་བསམ། སེང་གེ་སྒྲའི་སྙིང་པོ་དང༌། ཨོཾ་པདྨཱ་ཡ། ཏཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས། དེ་བཞིན་དུ་ཆུ་དུག་གིས་ཟིན་པ་ལ། ཏྲི་ཤཱུ་ལ་ལ་སྦྲུལ་སྔོན་པོ་ཁ་སྤྲོད་དང༌། སྔགས་ཀྱི་ཐོག་མཐའ་འདྲ་བར་བྱས་ལ། མ་ཧཱ་པདྨཱ་ཡ་ཀརྐོ་ཊཱ་ཡ། མེ་དུག་ལ་སྦྲུལ་དཀར་
པོ་གཉིས་ཁ་སྤྲོད་དང༌། ཨ་ནནྟཱ་ཡ་ཀུ་ལི་ཀཱ་ཡ། རླུང་དུག་ལ་སྦྲུལ་སེར་པོ་ཁ་སྤྲོད་དང༌། བཱ་སུ་ཀཱ་ཡ་ཤཾ་ཁ་པཱ་ལཱ་ཡ། ཅེས་སོ་སོར་བཟླས། དུག་ངོས་མ་ཟིན་ན། དེ་རྣམས་ཀུན་ཀྱང་འཇོམས་བྱེད་པ། །གཙོ་བོར་གྱུར་པ་ཆུ་ལྷ་སྟེ། །འབྱུང་བ་ནམ་མཁའི་རང་བཞིན་ཅན། །དེ་བས་འདི་ཉིད་འབད་དེ་བཟླས། །ཞེས་གསུངས་པས་ཏྲི་ཤཱུ་ལ་ལ་སྦྲུལ་དཀར་པོ་དམིགས་ཏེ། བཅོམ་ལྡན་འདས་ཀྱི་སྙིང་པོའི་མཐར། ཨོཾ་ཕུཿབ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་བཞི་བཟླས་པས། དུག་གསལ་བར་ངོས་ཟིན་པར་འགྱུར་རོ། །སྐབས་སུ་སངས་རྒྱས་ལ་མཆོད་པ་འབུལ། ཀླུའི་རྒྱལ་པོ་དང་ཕྱོགས་སྐྱོང་ལ་གཏོར་མ་གཏོང༌། ནད་སོས་ནས་སྲུང་འཁོར་གདགས་སོ། །དེས་མ་སོས་ཤིང་སྙིང་མི་དགའ་ན་ཀླུ་དང་རྒྱལ་པོ་དང་བསྡོངས་ཤིང་མ་ཁྲོལ་བའི་སྐྱོན་ཡིན་པས། གསུམ་པ་དེ་གཉིས་དབྱེ་བ་ནི། བག་ཟན་ནམ། ནས་ཟན་ལ། ཀླུ་ཕལ་པའི་གཟུགས་སྣ་ཚོགས་བྱ། མི་ལྤགས་སམ་ཤོག་བུ་ལ་རྒྱལ་པོའི་གཟུགས་བརྙན་རིད་ཅིང་སྐྲ་འཛིངས་པ་བྲི། དེའི་སྙིང་ཁར་བཅོམ་ལྡན་འདས་དང་ཆུ་བདག་གི་སྙིང་པོའི་མཐར་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་པ་བྲི། འབྱུང་པོའི་བླ་ཤིང་གླང་མ་མགོ་རྩ་མ་ལོག་པར་བྱས་ལ། རྩ་བའི་ངོས་ལ་མི་ཚིལ་དུམ་བུ་གཅིག་བསྐུས། རྩེ་མོ་བཀས་པའི་བར་དུ་རྒྱལ་པོའི་གཟུགས་བརྙན་མགོ་མཐུར་དུ་བསྟན་པ་གཟུགས་སོ། །དེ་ནས་མཁན་པ་དམར་པོའི་ཁུ་བ་དང༌། སྲོ་ལོ་དམར་པོ་དང༌། ཡུངས་ཀར་དང༌། གླ་རྩི་ལ་སོགས་པ་ཀླུ་དང་མི་མཐུན་པའི་རྫས་རྣམས་བསགས་ལ། མར་ངོའི་ཉི་མ་དང་པོ་ནས་བཟུང་ནས། ཉི་མ་གཅིག་གམ་གསུམ་མམ། ལྔའམ། བདུན་ཏུ་ཐུན་གསུམ་མམ་བཞིར་རང་སེང་གེ་སྒྲ་ནག་པོའི་རྣལ་འབྱོར་ལ་གནས་པས་ཀླུ་དང་འབྱུང་པོའི་དགུག་གཞུག་དྲག་ཏུ་བྱ། ཞེས་འབྱུང་བས། བདག་བསྐྱེད་དཀྱུས་ལྟར་ལ། མི་འདྲ་བའི་ཁྱད་པར། ཨཿལས་སེང་གེ་སྔོན་པོ་
ཞེས་དང༌། ཧྲཱིཿནག་པོ་དང༌། སེང་གེ་སྒྲ་སྐུ་མདོག་ནག་པོ་ཞེས་བསྒྱུར་བ་མ་གཏོགས་འདྲ། བཟླས་པ་ཅི་ནུས་མཐར། མདུན་གྱི་རྟེན་རྒྱལ་པོ་དངོས་སུ་བསམས་ལ། ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་བདེན་པ་དང༌། ཀླུའི་རྒྱལ་པོ་འཁོར་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་དང༌། བདག་ཅག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང༌། བདེན་པ་དེའི་མཐུས། སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་རྒྱལ་པོ་གདུག་པ་ཅན་དང་ཀླུ་དང་ས་བདག་ཕལ་པའི་རིགས་འཁོར་དང་བཅས་པ་ཐམས་ཅད་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཅེས་དང༌། ཨོཾ་ཨཱ་ཧྲཱིཿསོགས་སེང་གེ་སྒྲ་དང༌། ཨོཾ་ཕུཿབ་རུ་ཎ་སོགས་ཆུ་བདག་གི་སྙིང་པོའི་མཐར། གནོད་བྱེད་འབྱུང་པོ་ཨཱཿཀརྵཱ་ཡ་ཛཿ ཞེས་དགུག་ཅིང་ཛཿཧཱུྃ་བཾ་ཧོཿས་བསྟིམ། སེང་གེ་སྒྲ་དང་ཆུ་བདག་གི་སྙིང་པོ་གཉིས་ཀྱི་མཐར། ཨོཾ་ནཱ་མ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། རཱ་ཛ་དུཥྚཱན་བི་དེ་ཤ་ཡ་བི་དེ་ཤ་ཡ་ཞེས་བཟླས་ཏེ། ཐུན་རྫས་ཀྱིས་ཀླུའི་གཟུགས་བརྙན་ལ་བསྐོར་ཞིང་རྒྱལ་པོའི་གཟུགས་བརྙན་ལ་བྲབ། གཞན་ཡང་སྙིང་པོ་གཉིས་ཀྱི་མཐར། རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པའི་དྲག་སྔགས་བཟླས་ཏེ་བཏབ་ལ་རྒྱལ་པོའི་གཟུགས་བརྙན་ལ་བྲབ། ཐུན་ཐ་མར་ཕུར་བུ་ཡེ་ཤེས་ཀྱི་མེ་འབར་བར་བསམས་ལ། སྙིང་པོ་གཉིས་དང་ནག་པོ་ཆེན་པོའི་དྲག་སྔགས་བཟླས་པས་རྒྱལ་པོའི་གཟུགས་བརྙན་ལ་བཏབ་ཅིང་ལིང་རོ་དུམ་བུར་གཏུབས་ལ་མཆོད་རྟེན་གྱི་འོག་གམ། ལམ་གྱི་བཞི་མདོར་མནན། ཀླུའི་རྟེན་ནི་ཀླུ་གནས་པའི་སར་བསྐྱལ། བདག་གི་ཡེ་ཤེས་པ་གཤེགས་གསོལ་ནས་བསྔོ་
སྨོན་བཀྲ་ཤིས་ཀྱི་བར་བྱའོ། །གཞན་ཡང་རྒྱལ་པོའི་གཟུགས་བརྙན་ལ་བརྟེན་ཏེ་དྲག་པོའི་སྦྱིན་སྲེག་གིས་ཚར་བཅད་པ་ནི། རོ་བསྲེག་པའི་རྡོའི་སྒྱེད་བུ་གཟུགས། ཚེར་མ་ཅན་གྱི་ཤིང་བརྩིག དེའི་སྟེང་དུ་སླ་ང་བཞག གཡས་སུ་གཏོར་མ། གཡོན་ཏུ་མཆོད་པ། མདུན་དུ་སྔར་གྱི་ལིངྒ་དང༌། ཁྲག་དང༌། དུག་དང༌། སྐེ་ཚེ་དང༌། ཡུངས་ཀར་དང༌། ཡུངས་མར་དང༌། ལན་ཚྭ་དང༌། གུ་གུལ་ལ་སོགས་པ་གདུག་པ་ཅན་གྱི་རྫས་བཤམ། སྲོད་ཀྱི་དུས་སུ་སེང་གེ་སྒྲ་ནག་པོའི་རྣལ་འབྱོར་ལ་གནས་པས་བཟླས་པ་དྲག་ཏུ་བྱ། ནམ་ཕྱེད་ན། མཆོད་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་སྙིང་གའི་ཧྲཱིཿལས་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་སྟེ། ལ་ལས་ལྕགས་ཀྱུས་སྙིང་ཕུག ལ་ལས་ཞགས་པས་མགྲིན་པ་བཅིངས། ལ་ལས་ཐོ་བས་རྒྱབ་ནས་རྡེག་ཅིང༌། རང་དབང་མེད་པར་དགུག་པར་བསམས་ལ། བདེན་སྟོབས་གོང་ལྟར་བརྗོད་པའི་མཐར། སྦྱིན་པའི་བདག་པོ་ལ་གནོད་ཅིང་འཚེ་བའི་རྒྱལ་པོ་གདུག་པ་ཅན་ཐམས་ཅད་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཅེས་དང༌། སེང་གེ་སྒྲ་དང་ཆུ་བདག་གི་སྙིང་པོའི་མཐར། གནོད་བྱེད་འབྱུང་པོ་ཨཱ་ཀརྵཱ་ཡ་ཛཿ ཞེས་བརྗོད་ཅིང་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཅས་ལ་ལིངྒ་ལ་དགུག་གཞུག་བྱ། སྙིང་པོ་གཉིས་ཀྱི་མཐར། རཱ་ཛ་དུཥྚཱ་ན་མཱ་ར་ཡ་ཕཊ། ཅེས་བཟླས་ཤིང་མཚོན་རྣོན་པོས་ལིངྒ་གཏུབས་ལ་ཐུན་རྫས་དང་བསྲེའོ། །དེ་ནས་སླ་ངའི་ནང་དུ་མེ་སྦར་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་སུ། པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། སེང་གེ་སྔོན་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་སྐད་ཅིག་གིས་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས། སོགས་ནས། རོལ་པའི་སྟབས་ཀྱིས་བཞུགས་པ། གཡས་སུ་པད་ཟླའི་གདན་ལ་ཆུ་བདག་བ་རུ་ཎ་ནག་པོ་སྟོད་མིའི་རྣམ་པ་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་
བདུན་དང་ལྡན་པའི་སྤྱི་བོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་བརྒྱན་པ། དར་དང་རིན་པོ་ཆེས་སྤྲས་པ། སྨད་སྦྲུལ་མཇུག་འཁྱིལ་པ། གཡོན་དུ་པད་ཉིའི་གདན་ལ་རྡོ་རྗེ་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ཅེ་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་ཅོད་པན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་བཞུགས་པར་བསམས་ལ། ཨོཾ་བྷཊྚཱ་ར་ཀ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། བརྩེ་བས་ཐུགས་རྗེའི་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བཞུགས་ནས་ཀྱང༌། །འགྲོ་བའི་གདུང་བ་ཐམས་ཅད་སེལ་མཛད་པའི། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་ཏུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ནག་པོ་ཆེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། །
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་འཁོར་དང་བཅས་པས་གདུག་པ་ཅན་ཚར་བཅད་པར་མཛད་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ་པས་ཐམས་ཅད་ཞལ་གཡས་སུ་གདངས་པར་བསམས་ལ་སེང་གེ་སྒྲའི་སྙིང་པོ་དང༌། ཆུ་བདག་གི་སྔགས་དང༌། ནག་པོ་ཆེན་པོའི་གཟུངས་ཤཱ་ས་ནའི་ཤམ་དུ་རཱ་ཛ་དུཥྚཱ་ན་མཱ་ར་ཡ་ཕཊ། ཅེས་མང་དུ་བཟླས་ཤིང་ལིངྒ་སྲེག་སྔགས་དེ་ཉིད་ཀྱིས་ཐུན་རྫས་རྣམས་ཀྱང་བསྲེག དེ་བཞིན་དུ་ལིངྒ་དང་ཐུན་རྫས་རྣམས་སྤེལ་ཞིང་བསྲེགས་རྒྱལ་པོའི་ཤ་ཁྲག་རུས་པ་བདུད་རྩིར་བསམས་ཏེ་ཕུལ་བས་ལྷག་མ་མ་ལུས་པར་གསོལ་བར་བསམ་ཞིང་བསྲེག་རྫས་རྣམས་མ་ཟད་ཀྱི་བར་དུ་བསྲེག མཐར་གོང་བཞིན་མཆོད་ཅིང་བསྟོད་ལ། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བྷཊྚཱ་ར་ཀ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་དང༌། འཇིག་རྟེན་དབང་ཕྱུག་འཁོར་བཅས་རྣམས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པའི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་མཐར། ཨོཾ་བཛྲ་མུཿས་དམ་ཡེ་དབྱེར་མེད་ཀྱི་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་རང་ལ་བསྟིམ། བདག་གི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ་མཆོད་བསྟོད་སོགས་ནས་གཤེགས་གསོལ་བར་སྒྲུབ་ཐབས་ལྟར་བྱ། གནས་གསུམ་ཡི་གེ་གསུམ་གྱིས་བསྲུང༌། དེ་ནས་རང་སྐད་ཅིག་གིས་སེང་གེ་སྒྲ་སྐུ་མདོག་དཀར་པོར་བསྒྱུར། བསྔོ་སྨོན་ཤིས་བརྗོད་བྱ། ཐལ་སོལ་སོགས་རང་ཡུལ་དུ་མི་ལྡོག་པའི་འབབ་ཆུ་དྲག་པོར་བསྐྱལ་ལ་ལས་ཀྱི་རྗེས་མི་མངོན་པར་བྱ་ཞིང་དགའ་སྟོན་ལ་ལོངས་སྤྱད་དོ། །གཉིས་པ་དངོས་གཞི་གདོན་འགྲོལ་བའི་ཆོ་ག་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དེ་ལས་སློབ་དཔོན་རིན་པོ་ཆེའི་བསྡུས་དོན་ལས་ཆོ་ག་རྣམ་པ་བཅུ་
དྲུག་གིས་བསྡུས་པར་གསུངས་པ་ལྟར་རམ། ལག་ཏུ་བླང་པའི་ཚེ། སྦྱོར་བ་དཀྱིལ་«༡»འཁོར་རྟེན«༢»་དང་ནི། །བུམ་«༣»པ་མཆོད«༤»་གཏོར«༥»་བཤམ་པ་ལྔ། །དངོས་གཞི་བད«༦»ག་བསྐྱེད་ལྷ«༧»་ཀླུ«༨»་གདོན«༩»། །བསྒྲུ«༡༠»བ་བྱར་ཇི་ལྟར་བྱ་བ་ལྔ། །རྗེས་སུ་མཆོ«༡༡»ད་བཤག«༡༢»ས་གཤེགས་«༡༣»སུ་གསོལ། །བདག་སྲུང«༡༤»་དགེ་བ«༡༥»་བསྔོ་སོགས་ལྔ། །ཞེས་སོ་སོར་དོན་ཚན་ལྔ་ལྔས་བསྟན་པ་ལྟར་ཡིན་ཀྱང༌། འདིར་ཡི་གེ་ཉུང་ངུས་མི་མཚོན་པས། ཐར་རྩེ་པཎྜི་ཏ་ཆེན་པོ་ནམ་མཁའ་དཔལ་བཟང་གིས་མཛད་པའི་གདོན་འགྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས་དང༌། དེ་ཉིད་ངག་འདོན་བཀླགས་པས་གྲུབ་པར་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱིས་བསྡེབས་པའི་གསུང་རབ་ཀྱི་དགོངས་དོན་ལྟར་བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་ཤེས་པར་བྱ་དགོས་སོ། །གསུམ་པ་མི་ལྡོག་པའི་ཕྱིར་འཁོར་ལོ་གདགས་པ་ནི། གནས་གཙང་མར་ཟླ་བ་ཡར་ངོའི་དུས་ཚེས་ཤིས་པའི་སྔ་དྲོའི་ཆར། དང་པོ་འབྲི་བ་ནི། རང་ལྷའི་ང་རྒྱལ་དང་ལྡན་པས་རས་སམ་ཤོག་བུ་ལ། སྐྱེས་པ་སྲུང་ན་དེ་ཉིད་ཀྱི་སྲིན་ལག་གི་ཁྲག་དང་གི་ཝཾ། བུད་མེད་སྲུང་ན་དེ་ཉིད་ཀྱི་སྲིན་ལག་གི་ཁྲག་དང་རྒྱ་སྐྱེགས་ཀྱིས་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་གཉིས་དང་བཅས་པའི་དབུས་སུ་ཧྲཱིཿ དེའི་མཐར། ཆེ་གེ་མོའི་ནད་དང་གདོན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་བསོད་དཔལ་འབྱོར་ལ་སོགས་པ་མཐུན་རྐྱེན་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། ནད་གདོན་སོགས་ཉེ་བར་འཚེ་བ་ཐམས་ཅད་ལ་རཀྵཾ་ཀུ་རུ་སྭཱ་ཧཱ། རྩིབས་བརྒྱད་ལ་ཤར་ནས་རིམ་པ་བཞིན། ཨོཾ་ཨཱཿ སིཾ། ཧ། ནཱ། ད། ཧཱུྃ། ཕཊ་ཅེས་པའི་ཡིག་འབྲུ་རེ་རེས་མཚན་པ། མུ་ཁྱུད་ནང་མ་ལ་གཟུངས་རིང༌། ཕྱི་མ་ལ་ཨཱ་ལི་གཡས་སྐོར་དང༌། ཀཱ་ལི་གཡོན་ཏུ་བསྐོར་«་་་་་འདི་ལ་སློབ་དཔོན་རིན་པོ་ཆེའི་ཡིག་ཆར་འབྲི་བའི་སྐབས་མུ་ཁྱུད་ནང་མ་
ལ་དབྱངས་གསལ་དང༌། ཕྱི་མ་ལ་གཟུངས་སྔགས་འབྲི་བར་གསུངས། རབ་གནས་ཀྱི་སྐབས་དང༌། དཀར་དང་དམར་གྱི་ཡིག་ཆ་སོགས་ལ་གོང་དུ་སྨོས་པ་ལྟར་སྣང་ངོ༌།» བ་བྲི། རབ་གནས་ནི། བྲིས་ཟིན་པ་དང་འཁོར་ལོ་སྟེགས་ཀྱི་དབུས་སུ་བཞག མཆོད་པ་དང་གཏོར་མ་གསུམ་བཤམ། བདག་བསྐྱེད་བཟླས་པ་བཅས་གྲུབ་རྗེས་འཁོར་ལོ་བསང་སྦྱང༌། སྟོང་པའི་ངང་ལས་འཁོར་ལོ་རྩིབས་བརྒྱད་པ་སོགས་ནས། གཡོན་དུ་བསྐོར་བ་ཞེས་པའི་བར་གོང་བཞིན་བརྗོད་པས་གསལ་བཏབ། རང་གི་སྙིང་གའི་ཧྲཱིཿདང་འཁོར་ལོའི་ཡི་གེའི་ཚོགས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། གཏོར་མ་གཅིག་ཕྱོགས་སྐྱོང་ལ་ཆ་གསུམ་ལྟར་ཕུལ་ལ་སྲུང་བའི་ཕྲིན་ལས་བཅོལ། རང་གི་སྙིང་གའི་ས་བོན་དང་འཁོར་ལོའི་ཡི་གེའི་ཚོགས་ལས་འོད་ཟེར་འཕྲོས། བསྲུང་བྱའི་རྣམ་པར་ཤེས་པ་འོད་ཀྱི་རྣམ་པར་བཀུག་སྟེ་སྙིང་པོ་དང་གཟུངས་སྔགས་ལ་ཐིམ། སླར་ཡང་དེའི་ལུས་རང་འདྲ་བ་དཔག་ཏུ་མེད་པ་བཀུག་སྟེ་ཨཱ་ལི་དང་ཀཱ་ལི་ལ་ཐིམ། ལྷ་སྔགས་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏུ་གྱུར་པར་བསམས་ལ། པུཥྤེ་སོགས་ཀྱིས་མཆོད། གཏོར་མ་གཅིག་འབྱུང་པོ་ལ་ཆ་གསུམ་ལྟར་བྱིན་ནས་བར་ཆད་མ་བྱེད་ཅིག་ཅེས་བསྒོ། དེ་ནས་འཁོར་ལོ་ལག་གཡས་སུ་བཟུང་བའམ་བཟུང་བར་མོས་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱས་རེག་པའི་ཚུལ་དང་བཅས། སྙིང་པོ། གཟུངས་རིང༌། ཨཱ་ལི། ཀཱ་ལི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་སོགས་དང༌། ཨོཾ་སིཾ་ཧ་ནཱ་ད་ས་མ་ཡ། མ་ནུ་པཱ་ལ་སོགས་སེང་གེ་སྒྲའི་ཡི་གེ་བརྒྱ་པ་རྣམས་སོ་སོའི་མཐར་སྤེལ་ཚིག་སྦྱར་བ་དང་བཅས་པ་བརྒྱ་རྩ་བརྒྱད་
རེ་བཟླས་པས་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱའོ། །གདགས་པ་ནི། དེ་ནས་འཁོར་ལོ་ཚུལ་བཞིན་ཏུ་བལྟབ། ཚོན་སྐུད་ཀྱིས་དཀྲི། ཟངས་ལ་སོགས་པའི་སྣོད་དུ་བཅུག་ལ། བསྒྲུབ་བྱ་མདུན་ཏུ་འཁོད་པར་གཏོར་མ་གཅིག་བགེགས་ལ་བྱིན་ནས་སྦྱོང་བ་གསུམ་སྤྱི་ལྟར་བྱས་པས་གདོན་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་ལ་མཚམས་བཅད། དེ་ནས་སྙིང་པོ་དང་གཟུངས་སྔགས་བཟླ་བཞིན་པས་མགུལ་ལམ་དཔུང་པ་གཡོན་པར་གདགས། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟན་པར་བྱ་ཞིང་ཤིས་པ་བརྗོད། ཕྱིས་འཇིགས་པ་དང་ཡ་ང་བ་སོགས་བྱུང་ན་བསྒྲུབ་བྱ་རང་གི་ལག་པས་འཁོར་ལོ་ལ་འཇུས། མགོན་སྐྱབས་ཞུ་བར་དམིགས་ཏེ་སྔགས་རྣམས་སྔར་བཞིན་ཏུ་བཟླ། གལ་ཏེ་གདོན་འགྲོལ་དང་འབྲེལ་བར་སྲུང་འཁོར་གདགས་ན། སྲུང་བ་ཟིན་པའི་རྗེས་འཁོར་ལོ་གདགས་ལ་ཤིས་བརྗོད་སོགས་དཀྱུས་ལྟར་བྱའོ། །དེ་ལྟར་གདགས་པའི་ཕན་ཡོན་ཀྱང་རྒྱ་གཞུང་ལས། ཚེ་རིང་བསོད་ནམས་ཆེ་བ་དང༌། །སྡིག་པ་ཐམས་ཅད་བྱང་བ་དང༌། །བགེགས་ཀྱི་ཚོགས་རྣམས་ཀུན་སྐྱོབ་ཅིང༌། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེའང་སྤྱིར་སེང་གེ་སྒྲའི་བསྙེན་པ་ཐིམས་པ་ཙམ་གྱིས། ཚེ་རབས་སུ་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང༌། ནད་རྙིང་པ་ཞི་ཞིང་གསར་པ་མི་འབྱུང་བ་དང༌། ལུས་ཀྱི་མདངས་དང་སྟོབས་རྒྱས་པ་དང༌། དབང་པོ་གསལ་བ་དང༌། འདོད་དགུའི་དཔལ་གྱིས་འབྱོར་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཤིང༌། བྱེ་བྲག་ཏུ་ཀླུ་གདོན་གྱིས་ཟིན་པ་ལ་འབུམ་ཕྲག་བཞི་སོགས་བསྙེན་པས་ནད་གདོན་ལས་གྲོལ་བར་འགྱུར་ལ། དེས་མ་གྲོལ་ན་གཟུངས་སྒྲུབ་དང༌། བསྙེན་པའི་མཐར་ཆུ་བདག་གི་སྙིང་
པོ་བཏགས་པའི་ལས་སྦྱོར་གྱི་བསྙེན་པ་དང༌། དུག་སོ་སོར་ངོས་ཟིན་ན་སོ་སོའི་གཉེན་པོའི་སྔགས་དང་སྦྲེལ་བའི་བསྙེན་པ་དང༌། ཀླུ་དང་རྒྱལ་པོ་དབྱེ་བ་རྣམས་རིམ་བཞིན་ཏུ་བྱ་སྟེ། དེ་ཐམས་ཅད་ཀྱི་མཇུག་ཏུ་གདོན་འགྲོལ་གྱི་ཆོ་ག་དང༌། སྲུང་བའི་འཁོར་ལོ་གདགས་པས་ཕན་བདེའི་དངོས་པོ་འཕྲལ་དུ་སྟེར་བ་ནི་ངེས་པའོ། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི། །རིག་སྔགས་བདུད་རྩིའི་སྤྲིན་ཆེན་ལས། །བྱིན་རླབས་ཟིལ་དངར་རྟག་འབབ་པས། །ས་གསུམ་ཉེར་འཚོའི་སླད་གྱུར་ཅིག །ཅེས་པའང་སྙིགས་མའི་དུས་ཀྱི་གཞན་དབང་དུ་གྱུར་པས་གདམས་ངག་ཉི་ཚེ་བ་ལ་བློ་གཏོད་ཅིང༌། གདུག་པའི་འབྱུང་པོ་སྐྱབས་སུ་བསྙེན་པ་ལས། འདི་ལྟ་བུའི་ཚད་ལྡན་གྱི་གཞུང་ལ་བློ་གྲོས་འཇུག་པའི་བསོད་ནམས་ཅན་དཀོན་པའི་དངོས་པོར་གྱུར་ཀྱང༌། རང་ཉིད་ཁོ་ནའི་མོས་པའི་དབང་དུ་བྱས་ཏེ། བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་དང༌། དཀར་སྟོན་ཤཱཀྱ་གྲགས། དམར་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་རཏྣ་ཤྲཱི་སོགས་ཀྱི་གཞུང་གསལ་བྱེད་དང་བཅས་པ་ལས་ཉེར་མཁོའི་ཟིན་བྲིས་ཁྱུགས་ཙམ་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་བདུད་རྩིའི་རྒྱུན་སྩོལ་ཅེས་བྱ་བ་བཞུགས་སོ། །འཇིག་རྟེན་དབང་ཕྱུག་བཅོམ་ལྡན་སེང་གེ་སྒྲ། །ཙནྡྲ་གོ་མཱི་དཔལ་འཛིན་ནཱ་རོ་པ། །ཕམ་མཐིང་སྐུ་མཆེད་ཨསྠུ་ལ་བཛྲ། །ཐུགས་རྗེ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །མལ་ལོ་བརྩེ་བ་ཆེན་པོ་གཙུག་གཏོར་རྒྱལ། །རྗེ་བཙུན་གྲགས་པ་ས་སྐྱ་པཎྜི་ཏ། །ཤར་པ་ཡེ་འབྱུང་ཡེ་ཤེས་རིན་ཆེན་དང༌། །ཀུན་དགའ་བྱང་ཆུབ་རྣམས་ལ༴ །རྒྱལ་བཟང་གྲགས་དཔལ་མ་ཏི་པཎྜི་ཏ། །ས་བཟང་འཕགས་པ་ངོར་ཆེན་རྡོ་རྗེ་འཆང༌། །རྒྱལ་ཚབ་ཀུན་དབང་ཡོངས་
འཛིན་ལྷ་མཆོག་པ། །དཀོན་མཆོག་ལྷུན་གྲུབ་རྣམས་ལ༴ །ནམ་མཁའ་དཔལ་བཟང་དཔལ་ལྡན་དོན་འགྲུབ་དང༌། །ཤེས་རབ་འབྱུང་གནས་ཀུན་དགའ་ལེགས་པའི་ཞབས། །སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་རྗེ། །ནམ་མཁའ་བསམ་གྲུབ་རྣམས་ལ༴ །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང༌། །ཐམས་ཅད་མཁྱེན་པ་ཀུན་དགའ་བསྟན་འཛིན་སོགས། །བཀའ་སྲོལ་བྱིན་རླབས་དངོས་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །སྙིང་རྗེའི་གཏེར་ཆེན་འཕགས་མཆོག་སེང་གེ་སྒྲའི། །བསྙེན་དང་གཟུངས་སྒྲུབ་ལས་སྦྱོར་བདུད་རྩིའི་ཆུས། །ས་གསུམ་འགྲོ་བའི་གདུང་བ་ཀུན་སེལ་ཞིང༌། །ཕན་བདེའི་དཔལ་ལ་རོལ་པར་བྱིན་གྱིས་རློབས། །ཞེས་པའང་འཕགས་མཆོག་ཕྱག་ན་པདྨོ་དང་དབྱེར་མ་མཆིས་པ་འཇིག་རྟེན་གསུམ་གྱི་མགོན་པོ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
སེང་གེ་སྒྲའི་སྒོ་ནས་གདོན་སྒྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་ནག་པོ་འགྲོ་ཤེས་སུ་བཀོད་པ།
སེང་གེ་སྒྲའི་སྒོ་ནས་གདོན་སྒྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་ནག་པོ་འགྲོ་ཤེས་སུ་བཀོད་པ་བཞུགས་སོ།།
ན་མོ་གུ་རུ་བུདྡྷ་སིཾ་ཧཱ་ཡ། སངས་རྒྱས་རྒྱ་མཚོའི་ཐུགས་རྗེའི་རླན་ལས་ཉེ་བར་བསྐྲུན་གང་ཉེས་པས་མ་གོས་པདྨའི་རིགས་ཀྱི་མཆོག །མཆོག་གསུམ་ཇི་སྙེད་མཁྱེན་པའི་གེ་སར་ཐབས་མཁས་ཐུགས་རྗེའི་འདབ་སྟོང་འོད་ཟེར་རབ་ཏུ་འཕྲོས། །འཕྲོས་པས་ཕྲིན་ལས་དྲི་བསུང་ཕྱོགས་བཅུར་ཁྱབ་པས་གདུལ་བྱ་བུང་བའི་ཚོགས་རྣམས་ཚིམས་མཛད་འཇིག་རྟེན་མགོན། །མགོན་གྱི་རྗེ་བཙུན་སེང་གེ་སྒྲ་ཞེས་ཆུ་སྐྱེས་མཆོག་གི་ཞབས་པད་བཏུད་དེ་དེ་ཡི་ཆོ་ག་བྲི། །སྔོན་དུ་བསྙེན་པ་དང་ནི་ལས་སྦྱོར་སྦྱོར་དངོས་རྗེས་གསུམ་དང་པོ་དཀྱིལ་འཁོར་རྟེན་བུམ་མཆོད་གཏོར་ལྔ། །དངོས་གཞི་བདག་ལྷ་ཀླུ་གདོན་བསྒྲུབ་བྱ་ལྔ་རྗེས་མཆོད་བཟོད་གཤེགས་བསྲུང་བསྔོ་ལྔ་གསུམ་ལྔ་བཅོ་ལྔའོ། །དང་པོ་དཀྱིལ་འཁོར་ལྷ་ཀླུ་ས་བདག་གསུམ་དང་རྟེན་མཆོད་གསོ་གཉིས་བུམ་ལྷ་ཀླུ་རྩི་སྨན་གསུམ་མཆོད། །ཐུན་མོང་ཐུན་མོང་མིན་དང་ལྷ་ཀླུ་ཆ་གསུམ་ལ་སོགས་བདག་བསྐྱེད་བཟླས་པ་མཆོད་བསྟོད་བུམ་བཟླས་དང༌། །ལྷ་བསྐྱེད་བྱིན་རླབས་དགུག་གཞུག་དབང་དང་མཆོད་བསྟོད་གཏོར་མ་བཏང་དང་ཀླུ་བསྐྱེད་སྤྱན་དྲངས་དགུག་གཞུག་དབང༌། །མཆོད་བསྟོད་གདོན་ལ་དགུག་གཞུག་མཆོད་
དང་གསོ་བ་དབང་བསྐུར་དམ་བཞག་བསྒྲུབ་བྱ་བཀྲུ་བྱབས་བསྲུང་བའོ། །རྗེས་ལ་མཆོད་བསྟོད་ནོངས་པ་བཟོད་གསོལ་གཤེགས་གསོལ་བསྲུང་དང་ཡོངས་སུ་བསྔོ་བ་དང་བཅས་མདོར་བསྟན་དང༌། །རྒྱས་བཤད་སྡོམ་རྣམས་འགྲོ་བའི་དོན་དུ་གདོན་སྒྲོལ་ཆོ་ག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བྲི་བར་བྱ། །འདིར་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པའི་རྗེ་བཙུན་སེང་གེ་སྒྲའི་སྒྲུབ་ཐབས་དང༌། གདོན་སྒྲོལ་གྱི་ཆོ་ག་བླ་མ་མལ་ལོ་ཙཱ་བ་ནས་རྗེ་བཙུན་ས་སྐྱ་པ་རྣམས་ལ་ཕྱག་ལེན་གྱི་རིམ་པ་བཀའ་བབས་པའི་རྗེ་བཙུན་སེང་གེ་སྒྲའི་རྣལ་འབྱོར་ལ་བརྟེན་ནས། རང་དང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྒྲུབ་པ་ལ་གཉིས་ཏེ། བསྙེན་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ལ་བུམ་པ་ལ་བརྟེན་པ་དང༌། མ་བརྟེན་པ་གཉིས་ཀྱི་དང་པོ་ནི། རྗེ་བཙུན་བསོད་ནམས་རྩེ་མོ་སོགས་མཁས་པ་རྣམས་ཀྱིས་མཛད་པའི་ཡིག་ཆ་ལྟར་བྱའོ། །གཉིས་པ་ནི། བདག་གི་རྣལ་འབྱོར་ལ་བརྟེན་ནས། ཐ་མ་གྲངས་ཀྱི་བསྙེན་པ་འབུམ་ཕྲག་བརྒྱད་ཅུ། འབྲིང་དུས་ཀྱི་བསྙེན་པ་ཟླ་བ་དྲུག རབ་མཚན་མའི་བསྙེན་པ་དངོས་སམ་རྨི་ལམ་དུ་སྐུ་མཐོང་བ་སོགས་རྟགས་མ་བྱུང་གི་བར་
དང༌། ཤིན་ཏུ་ཐ་མས་ཀྱང་དེ་རྣམས་མ་གྲུབ་ན། མེད་ཁ་མེད་ཀྱི་ཡན་ལག་འདིའི་རྗེས་གནང་དང་ལུང་ཐོབ་པ། སྙིང་པོ་ལ་འབྲུ་འབུམ་ཟླ་བ་གཅིག་ལ་འགྲོ་བས། གཙང་སྦྲ་དང་བཅས་པས་བྱ་བ་སྔོན་དུ་བསྙེན་པའི་ཆོ་གའོ། །གཉིས་པ་ལས་ལ་སྦྱར་བ་ལ། སྦྱོར་དངོས་རྗེས་གསུམ་མོ། །དང་པོ་ལ་ལྔ། དཀྱིལ་འཁོར། རྟེན། བུམ་པ། མཆོད་པ། གཏོར་མ་བཤམ་པའོ། །དང་པོ་དཀྱིལ་འཁོར་གང་དུ་བཞེངས་པའི་ཕྱོགས་གཙང་ཞིང་ཡིད་དུ་འོང་བ་དང༌། ཀླུ་ཐེབ་ཡོད་ཅིང༌། གཟའ་སྐར་བཟང་པོ་འཛོམ་པའི་ཉིན། ས་སྟེགས་ཁོད་སྙོམས་ལ་བའི་ལྕི་བ་གཙང་མ་དྲི་ཞིམ་པོའི་ཆུས་ལེགས་པར་བྱུགས་ལ། སློབ་དཔོན་ཞལ་ནུབ་ཏུ་ཕྱོགས་པའི་མདུན་དུ་བྱང་ནས་རིམ་པ་ལྟར། དང་པོ་ལྷའི་དཀྱིལ་འཁོར་ཁྲུ་གང་པ་པདྨ་དཀར་པོ་འདབ་མ་བརྒྱད་ཀྱི་ལྟེ་བར་སེང་གེ་སྒྲའི་ཚོན་ཕུང་དཀར་པོ། རིགས་ལྔའི་མཚན་མ་སྟེང་དུ་དཀར་པོ།«་་་་་གཙོ་བོའི་མདུན་རྒྱབ་གང་རུང་དུ་བྱ།» ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་གུ་རྣམས་ཚོན་ཕུང་ངམ། མེ་ཏོག་གི་ཚོམ་བུ་སོགས་གང་རུང་དགོད་དོ། །གཉིས་པ་དེའི་གཡས་ཕྱོགས་སུ་ཀླུའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་བྲལ་བ། མུན་པ་ཀ་བ་ཀ་རྒྱན་ཀྱང་མི་དགོས། རྩིག་པ། འདོད་སྣམ། ཕ་གུ། དྲྭ་བ། མདའ་ཡབ། པུ་ཤུ། རྩིག་ནང་དུ་པདྨ་འདབ་བརྒྱད། གཞལ་ཡས་ཁང་གི་ཕྱི་རོལ་དུ་ལྕགས་རི་ཆ་ཕྲན་གཅིག་བསྐོར་བའི་ནང་དུ་མཚོ་དང༌། དེ་ལ་ཕྱོགས་རེར་སྦྲུལ་གཉིས་བྲང་སྤྲོད། མཚམས་བཞིར་མཇུག་མ་མདུད་པ། ཚོན་མདོག་ནི་པདྨ་དཀར་པོའམ་སྣ་ཚོགས། ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། རྩིག་པ་ནང་ནས་དམར་སྔོ་དཀར་བ། འདོད་སྣམ་དམར། ཕ་གུ་སེར། དྲྭ་བའི་གཞི་ནག དྲྭ་བ་དཀར། མདའ་ཡབ་སྔོ། པུ་ཤུ་དཀར་པོ། ཆུ་སྔོ་སྐྱ། སྦྲུལ་ཕྱོགས་མདོག ལྕགས་རི་སྔོན་པོ་བྱའོ། །
པདྨའི་ལྟེ་བ་དང་འདབ་མ་ལ་ཀླུ་སོ་སོའི་ཁ་དོག་དང་མཐུན་པའི་ཚོན་ཕུང་ངམ། ནྃ་དགུ་དགོད་དོ། །བསྡུ་ན་ཀླུའི་དཀྱིལ་འཁོར་འདི་ལའང་པདྨ་འདབ་བརྒྱད་ཀྱིས་བཏུབ་པར་བཤད། གསུམ་པ་དེའི་གཡས་ཕྱོགས་སུ་ས་བདག་གི་དཀྱིལ་འཁོར་པདྨ་འདབ་བརྒྱད་ཁྲུ་གང་པ་དཀར་པོ་བྲིའོ། །གཉིས་པ་རྟེན་ལ་གཉིས་ལས། དང་པོ་མཆོད་པའི་རྟེན་ནི་ཞིབ་ཟན་ནམ་བག་ཟན་ལ་ཀླུའི་གཟུགས་སྟོད་མི་ལ་སྦྲུལ་མགོའི་གདེངས་ཀ་བདུན་བདུན་པ། སྙིང་གར་ཐལ་མོ་སྦྱར་བ། སྨད་སྦྲུལ་མཇུག་འཁྱིལ་པ། རིན་པོ་ཆེའི་རྒྱན་དང་ལྡན་པ་དགུ་བྱས་ཏེ། དབུས་ཀྱི་དེ་ཆེ་བ། སྣོད་ཟངས་གཞོང་གཙང་མ་ལ་སོགས་པའི་ནང་དུ། ཟན་ལས་པདྨ་འདབ་མ་བརྒྱད་ཀྱི་གཟུགས་བྱས་པའི་གདན་གྱི་སྟེང་དུ་བཞག་པ། ཀླུའི་དཀྱིལ་འཁོར་གྱི་དབུས་སུ་ཟངས་ཀྱི་མཉྫི་ལ་སོགས་པའི་སྟེང་དུ་བཞག་གོ །མཉྫི་མེད་ན་དཀར་གོང་གསུམ་གྱིས་ཆོག གཉིས་པ་གསོ་བའི་རྟེན་ནི། སྣོད་ཀྱི་ནང་དུ་ས་བདག་ཆེན་པོ་ཞེས་བྱ་བ་ཟན་ལས་རྩ་བ་གྲུ་བཞི་ལ་དབུས་དང་ཕྱོགས་བཞིར་གླད་ཀྱི་མགོ་ལྔ་ཡོད་པར་བྱས་ལ། དེའི་མཐའ་སྐོར་དུ་ཀླུ་ཕལ་པ་རིགས་བཞིའི་རྟེན་ནི། ཤར་དུ་སྦྲུལ། ལྷོར་རུས་སྦལ། ནུབ་ཏུ་ལྗང་མོ། བྱང་དུ་ཉ། ས་བདག་ཕལ་པ་རིགས་བཞིའི་རྟེན་ནི། ཤར་དུ་སྡིག་པ། ལྷོར་སྡོམ། ནུབ་ཏུ་ཁ་བརྒྱད། བྱང་དུ་གྲོག་མོ། གཞན་ཡང་བྱ་ཁྱུང༌། རྨ་བྱ། གླ་བ། ཕག་མ་གཏོགས་པའི་སེམས་ཅན་སྣ་ཚོགས་ཀྱི་གཟུགས་བརྙན། ཕྱོགས་རེ་རེར་གཉིས་གཉིས་བྱ་བའམ། དེ་ཙམ་མ་གྲུབ་ན་རེ་རེ་བྱས་ཏེ་བཀོད། དེ་ཐམས་ཅད་ཀྱི་ཐ་མ་སྦྲུལ་བརྒྱད་ཀྱི་རྭ་བས་བསྐོར་བ། ས་བདག་གི་དཀྱིལ་འཁོར་གྱི་སྟེང་དུ་མཉྫི་སོགས་ཀྱི་སྟེང་དུ་བཞག་གོ །གསུམ་པ་བུམ་པ་ལ་གསུམ། ལྷ་དང༌། དབང་དང༌། རྩི་སྨན་གྱི་བུམ་པ་ཟངས་སམ་རྫ་ལས་བྱས་པ། རས་དཀར་པོ་ཁ་ཚར་མ་ཉམས་པས་མགུལ་ཆིངས་པྲོག་ལྔ་པའམ་
གསུམ་པ་བྱས་ཏེ་བགེགས་བསལ། དང་པོ་གཉིས་སུ་སྨན་ལྔ། འབྲུ་ལྔ། དྲི་ལྔ། སྙིང་པོ་ལྔ། རིན་ཆེན་ལྔ་སྟེ་བུམ་སྨན་ཉེར་ལྔ་གཞུག་གོ །གསུམ་པ་རྩི་སྨན་གྱི་བུམ་པར་གཞི་སྤང་སྤོས་གཙང་མ་ལ་བྱས་ལ། བཟང་དྲུག་ཀ་ར་མངར་གསུམ་དང༌། །འབྲས་བུ་གསུམ་དང་རྒྱ་མཚོ་ལྦུ། །ཀཎྜ་ཀ་རི་ཆུ་སྲིན་སྡེར། །དབང་ལག་པདྨ་ནཱ་ག་གེ །གཉི་བའི་མེ་ཏོག་ཨུཏྤལ་སྔོ།«་་་་་གྲ་མའི་མེ་ཏོག་ཟེར་བསྣང༌།» །མཚལ་དཀར་པུ་ཤེལ་སྙིང་ཞོ་ཤ །མཁལ་མ་ཞོ་ཤ་ཞོ་ཤའི་རིགས། །རྨ་བྱའི་མདོངས་དང་ཕྱག་ཚང་ཀུ། །ནོར་བུ་མྱུ་གུ་ལེ་བརྒན་དམར། །ལྷང་མ་ལྷང་ཚེར་མཁལ་སྲན་ཏེ། །གསེར་གྱི་མེ་ཏོག་པྲི་ཡངྐུ། །སྤང་རྒྱན་དཀར་སྔོ་ཤུ་དག་དཀར། །སླེ་ཏྲེས་གྲོ་མ་མོན་བུ་དང༌། །རྒུན་འབྲུམ་ནཱ་ག་པུཥྤེ་རྣམས།«་་་་་དུང་དང་ཏིལ་དཀར། རྡོ་རྒྱུས་རྣམས་ཀྱང་སྦྱར།» །སྦྱར་ལ་གླ་རྩི་ཚ་བ་གསུམ། །དྲག་པོའི་རྫས་རྣམས་སྤང་བར་བྱ། །ར་དཀར་འོ་མའམ་བ་སེར་སྐྱའི། །འོ་མ་དྲི་བཟང་ཆུ་ཡིས་ནི། །སུམ་གཉིས་དགང་ལ་ཀུ་ཤས་བརྒྱན། །བུམ་གདན་སྟེང་དུ་བཞག་པའོ། །བཞི་པ་མཆོད་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། དཀྱིལ་འཁོར་སོ་སོའི་མཐར། དབང་ལྡན་དུ་མཚམས་འཛིན་མེ་ཏོག་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཚན་པ་གསུམ་བཤམ། དེ་ཙམ་མ་གྲུབ་ན་སྤྱི་མཐུན་དུ་ཚར་གཅིག་ཕྱོགས་མཚམས་བརྒྱད་དུ་བཤམ་མོ། །གཉིས་པ་ནི། དར་རམ་རས་དམར་པོ་ལས་བྱས་པའི་གདུགས་དང༌།«་་་་་ཤོག་བུ་དམར་པོའང་རུང༌།» བ་དན་དང༌། རས་སྐུད་དམར་པོ་ཁྲུ་གང་དང་བཅས་པ། ཀླུ་ཆེན་དགུ། ས་བདག་ཕལ་པ་རིགས་བཞི་དང་ཀླུ་ཕལ་པ་རིགས་བཞི་སྟེ་བརྒྱད། ཤ་གཉེར་བ་གཉིས་ཏེ་ཚན་པ་བཅུ་དགུ་བཤམ། དེ་ཙམ་མ་འབྱོར་ན་ཀླུ་དགུ་ལ་རེ་རེ། ཀླུ་དང་ས་བདག་ཕལ་པ་གཉིས་ལ་རེ་རེ། ཤ་གཉེར་བ་རྣམས་ལ་རེ་རེ་སྟེ་ཚན་པ་བཅུ་གསུམ་སོ་སོའི་ཐད་དཀར་བཤམ་མོ། །ཟན་ལ་འཛུགས་གཟུགས་ལ་བཙུགས་ན་ཀླུ་དང་ས་བདག་
སོགས་བསྣད་པར་འགྱུར་བས་འཛུགས་མི་ཉན་ནོ། །ལྔ་པ་གཏོར་མ་ནི། ལྷའི་གཏོར་མ། ཀླུའི་གཏོར་མ། ས་བདག་གི་གཏོར་མ་རྣམས་དཀྱིལ་འཁོར་སོ་སོའི་ཤར་དུ་བཤམ། དཀྱིལ་འཁོར་རྣམས་ཀྱི་གཡས་ཕྱོགས་སུ། ལྷོ་ནུབ་ནས་ཤར་ལྷོའི་བར། ཕྱོགས་སྐྱོང་དང༌། འབྱུང་པོ་དང༌། བགེགས་གཏོར་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམས་ལ། དེ་རྣམས་ལ་མངར་གསུམ་དང་ཁུར་བ་སོགས་ཀྱང་བཞག་ཅིང༌། གླ་རྩི་སྐྱུར་དམར་སོགས་དང་མ་འདྲེས་པའི་གཙང་སྦྲ་དང༌།«་་་་་མཆོད་གཏོར་གྱི་སྣོད་ཐམས་ཅད་ར་གན་དང༌། མཁར་བ་དང་ལྕགས་དང་བསེ་ལས་བྱས་པ་སྤང་ངོ༌།།» གཟན་ཡང་སློབ་དཔོན་གྱི་མདུན་དུ་སྟེགས་ཀྱི་སྟེང་དུ་རྡོ་རྗེ་དྲིལ་བུ། ལྷ་དབང་རྩི་སྨན་གྱི་བུམ་པ། གཟུངས་རྡོར། དུང་ཆོས། མེ་ཏོག གོས་ཟུང༌། རྨ་བྱའི་སྒྲོ་ལྔ་དང༌། གཞན་ཡང་བསྒྲུབ་བྱ་ལ་དགོས་པའི་ཡོ་བྱད་སོགས་སྟ་གོན་བྱའོ། །གཉིས་པ་དངོས་གཞི་ལ་ལྔ་སྟེ། བདག་བསྐྱེད། ལྷ་ཀླུ་གདོན། བསྒྲུབ་བྱ་ལ་ཇི་ལྟར་བྱ་བའོ། །དང་པོ་བདག་བསྐྱེད་ལ་གཉིས་ལས། བདག་གི་རྣལ་འབྱོར་དང༌། བུམ་པ་བསྒྲུབ་པ་གཉིས་ཀྱི། དང་པོ་བདག་ལྷར་བསྐྱེད་པ། བཟླས་པ་བྱ་བ། མཆོད་བསྟོད་སོགས་བྱ་བ། གཤེགས་སུ་གསོལ་བ་དང་བཞི་ལས། དང་པོ་བདག་ལྷར་བསྐྱེད་པ་ནི་རང་ཉིད་ཁྲུས་བྱས། གོས་གསར་པ་གྱོན། སྟན་བདེ་བ་ལ་འདུག་ཅིང་ཞལ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ། ཐོག་མར་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝ་སོགས་ཀྱི་སྦྱང༌། བསང་སྦྱང་ཞེས་པའི་སྐབས་སུ་འདི་ལྟར་དྲན་པར་བྱ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོག་པ་མེད་
པ་ནམ་མཁའི་མཐའ་ཀླས་པར་གྱུར་ཅེས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སོགས་ནས་ཤབྡ་སྭཱ་ཧཱའི་མཐར། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ལན་གསུམ་དང༌། རོལ་མོ་བྱས་ཏེ་བྱིན་དབབ་ཅིང་འོག་ཏུ་མཆོད་པ་བྱིན་རླབས་དགོས་པ་རྣམས་ལ་དྷརྨཱ་ར་ཎི་མི་བརྗོད་པ་ཁྱད་པར་རོ། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བདུན་ནམ་ཉེར་གཅིག་སོགས་ཅི་ནུས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་སེང་གེ་སྒྲ་བསྒོམ་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས། ལུས་ཤེལ་གོང་དག་པ་ལྟ་བུར་གྱུར། འོད་ཟེར་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ན་བླ་མ་དང་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་ཕྱག་རྒྱས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མོ་བྷཊྚཱ་ར་ཀ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་རེ་བྷྱཿཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ནས། འགྲུབ་པར་ཤོག ཅེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་
དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་སོགས་ནས་ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨཿལས་སེང་གེ་དཀར་པོ། མགོ་བོ་གཡས་སུ་བསྟན་ཞིང་གདོང་གྱེན་དུ་ཕྱོགས་པ། རལ་པ་དམར་པོ་ཐུར་ལ་འཕྱང་ཞིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བཅོམ་ཞིང་སྡིག་སྒྲིབ་སྦྱངས། སེང་གེ་སྒྲའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་པ། གཡོན་སྐུ་རྒྱབ་ཏུ་གདན་ལ་བརྟེན་པ། རལ་པའི་ཐོར་ཅོག་བཅིངས་ཤིང༌། སྤྱན་གསུམ་དང་ལྡན་པ། གཡས་ལོགས་སུ་སྐུ་ལ་ཅུང་ཟད་མ་རེག་པའི་ཏྲི་ཤཱུ་ལ་ལྗང་གུ་གྱེན་དུ་བསྒྲེངས་པ་ལ་སྦྲུལ་དཀར་པོས་དཀྲིས་པ། གཡོན་ལོགས་སུ་པདྨ་དཀར་པོའི་སྟེང་ན་རལ་གྲི་མེ་འབར་བ་དང༌། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་གང་བའི་ཐོད་པ་དཀར་པོ་ཅན། ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་དམར་པོའི་ཤམ་ཐབས་ཅན། ཚངས་སྐུད་མ་གཏོགས་པའི་རྒྱན་གཞན་ཐམས་ཅད་སྤངས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ནང་དུ་ཟླ་བ་ལ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་
སྔགས་དང་ཕྱག་རྒྱས་སྤྱན་དྲང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་སོགས་མཚན་སྔགས་ལན་གཅིག་སྦྱར་བས་མཆོད། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་སྔར་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ཉིད་ཀྱི་ཚེ་རིགས་ལྔའི་འོད་ཟེར་སྤྲོ་བའང་གྲུབ་སྟེ།«་་་་་གནས་དེ་ཉིད་ནས་འཕྲོས་ནས་དེ་ཉིད་དུ་བཞུགས་པར་བཤད།» དབུའི་སྟེང་དུ་རྣམ་པར་སྣང་མཛད། དཔུང་པ་གཡས་པར་མི་བསྐྱོད་པ། གཡོན་པར་འོད་དཔག་མེད། དཀུ་གཡས་པར་རིན་ཆེན་འབྱུང་ལྡན། གཡོན་པར་དོན་ཡོད་གྲུབ་པ་རྣམས་བཞུགས་པར་གྱུར། ཞེས་བརྗོད་དོ། །གཉིས་པ་ནི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་ལ། ཐུགས་ཀའི་ཧྲཱིཿཡིག་གི་མཐའ་མར་སྔགས་ཕྲེང་ཁ་དོག་དཀར་པོས་བསྐོར་བ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་གནོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱིན་གྱིས་བརླབས་པར་བསམས་ཤིང༌། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་ཅི་མང་དང༌། ཐུན་གཤམ་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊ། ཀ་ཊངྐ་ཊེ། ཀ་རོ་ཊེ། ཀ་རོ་ཊ། བཱི་དྱེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་བྱོན་པར་
བསམ་མོ། །གསུམ་པ་ནི་དེ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཞེས་ལན་ཅིག་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་ལུས་པདྨ་བཞིན། །ཐུགས་རྗེ་ཆེ་ཞིང་མགོན་གྱུར་པ། །ཉོན་མོངས་སེམས་ཅན་ཕོངས་གྱུར་པ། །དྲན་པས་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་དང༌། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ས་བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད་ཞི་བ་དང༌། རྗེ་བཙུན་སེང་གེ་སྒྲའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱིས་བཟོད་པར་གསོལ། བཞི་པ་ནི་ཨོཾ་བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་བུམ་པ་ལ། ལྷ་བུམ་གྱི་སྟེང་དུ་དུང་ཆོས་གཟུངས་རྡོར་དང་བཅས་པ་བཤམས་ནས། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་བྷྲཱུྃ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། ལྷའི་བུམ་པའི་ནང་དུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཿལས་སེང་གེ་དཀར་པོ་མགོ་བོ་གཡས་སུ་བསྟན་ཞིང་གདོང་གྱེན་དུ་ཕྱོགས་པ། རལ་པ་དམར་པོ་ཐུར་ལ་འཕྱང་ཞིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་
འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བཅོམ་ཞིང་སྡིག་སྒྲིབ་སྦྱངས། སེང་གེ་སྒྲའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། དེ་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་པ། གཡོན་སྐུ་རྒྱབ་ཏུ་གདན་ལ་བརྟེན་པ། རལ་པའི་ཐོར་ཅོག་བཅིངས་ཤིང༌། སྤྱན་གསུམ་དང་ལྡན་པ། གཡས་ལོགས་སུ་སྐུ་ལ་ཅུང་ཟད་མ་རེག་པའི་ཏྲི་ཤཱུ་ལ་ལྗང་གུ་གྱེན་དུ་བསྒྲེངས་པ་ལ་སྤྲུལ་དཀར་པོས་དཀྲིས་པ། གཡོན་ལོགས་སུ་པདྨ་དཀར་པོའི་སྟེང་ན་རལ་གྲི་མེ་འབར་བ་དང༌། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་གང་བའི་ཐོད་པ་དཀར་པོ་ཅན། ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་དམར་པོའི་ཤམ་ཐབས་ཅན། ཚངས་སྐུད་མ་གཏོགས་པའི་རྒྱན་གཞན་ཐམས་ཅད་སྤངས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། ནཾ་དགུ་ཡོངས་སུ་གྱུར་པ་ལས། གཙོ་བོའི་མདུན་དུ་ཆུ་བདག་ཝཱ་རུ་ཎ་དཀར་པོ་བཀའ་ནོད་པའི་ཚུལ་དུ་གནས་པ། འདབ་མ་བརྒྱད་ལ་ཤར་དུ་མཐའ་ཡས་སྔོན་པོ། ལྷོར་ནོར་རྒྱས་སེར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་རྒྱུ་ལྗང་གུ། མེར་པདྨ་དམར་པོ། སྲིན་པོར་པདྨ་ཆེན་པོ་སྔོན་པོ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་དཀར་པོ་སྟེ། ཐམས་ཅད་ཀྱང་སྟོད་མིའི་རྣམ་པ་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་པའི་སྤྱི་བོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་བརྒྱན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། སྨད་སྦྲུལ་མཇུག་འཁྱིལ་པ། དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་
ཧེ་ལ་ཞོན་པ་དབྱུག་ཐོ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་བེ་ཅོན་འཛིན་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ་མེ་ཐབ་འཛིན་པ། བདེན་བྲལ་དུ་སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། རླུང་དུ་རླུང་ལྷ་ལྗང་གུ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། དབང་ལྡན་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་འཛིན་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ་འཁོར་ལོ་འཛིན་པ། འོག་ཏུ་ས་ལྷ་སེར་པོ་ཕག་ལ་ཞོན་པ་བུམ་པ་འཛིན་པ། ཞེས་པ་བསྐྱེད་ལ། ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་སེང་གེ་སྒྲའི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །སོགས་ཤློ་ཀ་གསུམ་གྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང༌། ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཇི་ལྟར་བལྟམས་པ་སོགས་ནས་དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ཏ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་ལྷ་ཐམས་ཅད་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། མཚན་
སྔགས་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་དང༌། དྷརྨཱ་ར་ཎི་རོལ་ཆེན་དང་བཅས་པས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། བརྩེ་བའི་ཐུགས་རྗེའི་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བཞུགས་ནས་ཀྱང༌། །འགྲོ་བའི་གདུང་བ་ཐམས་ཅད་སེལ་མཛད་པའི། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལ་སོགས་པ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཀྱང༌། །རྣམ་འཕྲུལ་དུ་མས་བསྟན་པ་སྐྱོང༌། །ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །གཟུངས་ཐག་བླངས་ཏེ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་ནང་གི་ལྷའི་རྒྱུད་བསྐུལ་ནས་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། སེང་གེ་སྒྲའི་སྙིང་པོ་བརྒྱ་རྩ་དང༌། གཟུངས་རིང་ཅི་ནུས་དང༌། ཀླུའི་རྒྱལ་པོ་དགུའི་སྔགས་ནི། ཨོཾ་ཕུཿཝཱ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཨ་ནནྟཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿབཱ་སུ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཏཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀརྐོ་ཊཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཔདྨཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿམ་ཧཱ་པདྨཱ་ཡ་ན་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀུ་ལི་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་དང༌། ཕྱོགས་སྐྱོང་བཅུའི་སྔགས་ནི། ཨོཾ་ཤ་ཀྲ་ས་ཧ་ཤྲ་ཨཀྵ་ན་ཡེ་ཨགྣ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། ཝ་རུ་ཎཱ་ཡ། ཝ་ཡ་ཝེ། ཀུ་བཻ་རཱ་ཡ། རུ་ཊཱ་ཡ། ཨུརྡྷཾ་བྲཧྨ་ཎཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷི་པྲྀ་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ། ཞེས་པ་བརྒྱ་རྩ་བཟླས་སོ། །དེ་ནས་དབང་གི་བུམ་པ་ལ་གཟུངས་ཐག་སྤོས་
ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། གོང་ལྟར་སྙིང་པོ་དང་གཟུངས་རིང་ཀླུ་བརྒྱད་ཕྱོགས་སྐྱོང་གི་སྔགས་རྣམས་ཀྱི་སྟེང་དུ་ཡུམ་གཉིས་ཀྱི་སྔགས་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སྭཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་དྷྱེ་བྷུ་པྲ་བྷ་ཝ་དྷྱེ་བྷུ་རྦྷུ་ཝ་སྭཿ པྲ་བྷ་ཝ་དྷྱེ། ས་བིད་ཏྲ། པྲ་བྷ་ཝ་དྷྱེ། སརྦ་ནཱ་ག་དུཿཁོ་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་དྷྱེ་བྷུ་པྲ་བྷ་ཝ་དྷྱེ་བྷུ་རྦྷུ་ཝ་སྭཿ པྲ་བྷ་ཝ་དྷྱེ། ས་བིད་ཏྲ། པྲ་བྷ་ཝ་དྷྱེ། སརྦ་ནཱ་ག་དུཿཁོ་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་དྷྱེ་བྷུ་པྲ་བྷ་ཝ་དྷྱེ་བྷུརྦྷུ་ཝ་སྭཿ པྲ་བྷ་ཝ་དྷྱེ། ས་བིད་ཏྲ། པྲ་བྷ་ཝ་དྷྱེ། སརྦ་བྷཱུ་མི་པ་ཏི་དུཿཁོ་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཉེར་གཅིག་བཟླས་སོ། །ཡང་གཟུངས་ཐག་སྤོས་ལ། རྩི་སྨན་གྱི་བུམ་པ་བདུད་རྩིར་བསྒྱུར་བའི་སྔགས་ནི། ཨོཾ་དཱི་བྱ་ཨ་མྲྀ་ཏེ། སནྟདྦ་ཤ་མི་ཏ། པྲ་ཏཱིཙྪ་ཐ་ས་ས་ནན། ནཱ་མ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་པས་བདུད་རྩིར་གྱུར་པར་བསམ། ལྷའི་བུམ་པ་ལ་སྔར་བཞིན་ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ནས་ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་ལོ་ཞེས་པའི་བར་གྱིས་མཆོད་ཅིང་བསྟོད་ནས། དུང་ཆོས་ཀྱི་མཆོད་ཡོན་བུམ་པར་བླུགས་ལ། ཨོཾ་ཨཱཿཧཱུྃ་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ། ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བསམ་མོ། །གཉིས་པ་ལྷའི་བྱ་བ་ལ་གཉིས། བསྒྲུབ་པ་དང་མཆོད་པའོ། །དང་པོ་ལ་བཞི། མདུན་བསྐྱེད་ཀྱི་ལྷ་བསྐྱེད་པ། གནས་གསུམ་བྱིན་གྱིས་བརླབ་པ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའོ། །དང་པོ་ནི་བྲིས་སྐུའམ་མཎྜལ་ལ་དམིགས་ཏེ། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ། ཨཿལས་སེང་གེ་དཀར་པོ། མགོ་བོ་གཡས་སུ་བསྟན་ཞིང་གདོང་གྱེན་དུ་ཕྱོགས་པ། རལ་པ་དམར་པོ་ཐུར་ལ་འཕྱང་ཞིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་ཨ་
ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བཅོམ་ཞིང་སྡིག་སྒྲིབ་སྦྱངས། སེང་གེ་སྒྲའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། དེ་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག ཕྱག་གཉིས་པ། ཕྱག་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་པ། གཡོན་སྐུ་རྒྱབ་ཏུ་གདན་ལ་བརྟེན་པ། རལ་པའི་ཐོར་ཅོག་བཅིངས་ཤིང་སྤྱན་གསུམ་དང་ལྡན་པ། གཡས་ལོགས་སུ་སྐུ་ལ་ཅུང་ཟད་མ་རེག་པའི་ཏྲི་ཤཱུ་ལ་ལྗང་གུ་གྱེན་དུ་བསྒྲེངས་པ་ལ་སྦྲུལ་དཀར་པོས་དཀྲིས་པ། གཡོན་ལོགས་སུ་པདྨ་དཀར་པོའི་སྟེང་ན་རལ་གྲི་མེ་འབར་བ་དང༌། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་གང་བའི་ཐོད་པ་དཀར་པོ་ཅན། ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་དམར་པོའི་ཤམ་ཐབས་ཅན། ཚངས་སྐུད་མ་གཏོགས་པའི་རྒྱན་གཞན་ཐམས་ཅད་སྤངས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། པདྨ་འདབ་བརྒྱད་ཀྱི་ཤར་དུ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ལྷོར་ཏྲཱྃ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་ཧྲཱིཿལས་འོད་དཔག་མེད་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གཉིས་པ་ནི་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། གསུམ་པ་ནི་རང་གི་ཐུགས་ཀའི་ཧྲཱིཿལས་
འོད་ཟེར་འཕྲོས་པས་རང་བཞིན་གི་གནས་ནས་རྗེ་བཙུན་སེང་གེ་སྒྲ་དང༌། རིགས་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ སྤོས་དང་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་སོགས་ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་མདུན་གྱི་ནམ་མཁར་སྤྱན་དྲང༌། བཅོམ་ལྡན་འདིར་ནི་བྱོན་པ་ལེགས་སོགས་ནས་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ་བའི་བར་ཀུན་རིག་ལྟར་བྱ། ཨོཾ་བཛྲ་པུཥྤེ་ནས་ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་པས་མཆོད་དེ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ་པར་བསམ་མོ། །བཞི་པ་ནི་སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཇི་ལྟར་བལྟམས་པ་སོགས་ནས་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་དང༌། རིགས་ལྔ་ལ་རིགས་ལྔས་དབུར་བརྒྱན་པར་བསམ་མོ། །གཉིས་པ་མཆོད་པ་ལ་ལྔ། ཉེར་སྤྱོད། རིན་ཆེན་སྣ་བདུན། འདོད་ཡོན་ལྔ། བསྟོད་པའི་མཆོད་པ། གཏོར་མ་གཏོང་བའོ། །དང་པོ་ནི་མཆོད་པ་རྣམས་བསང་སྦྱང་བྱིན་རླབས་གོང་བཞིན་བྱ། ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །
སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དང་པཱ་དྱཾ། པུཥྤེ་ནས་ཤབྡའི་བར་འདོན་པ་བསྒྱུར་ལ། དྷརྨཱ་ར་ཎི་ཏས་རོལ་མོ་དབུལ་ལོ། །གཉིས་པ་ནི། ཨོཾ་སརྦ་བིད་པཱུ་ར་སོགས་ནས། དམག་དཔོན་གྱི་བར་མཚན་སྔགས་མ་གཏོགས་ཚིགས་བཅད་སོགས་ཀུན་རིག་བཞིན་ནོ། །གསུམ་པ་ནི། ཁ་དོག་དབྱིབས་ལེགས་སོགས་མཚན་སྔགས་མ་གཏོགས་གཞན་ཕན་མཐའ་ཡས་བཞིན་བྱའོ། །བཞི་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། འཁོར་བ་འཛིན་རྒྱུ་ཆགས་བྲལ་ཞིང༌། །འགྲོ་བའི་དོན་ལ་ཆགས་པ་ཡི། །པདྨ་དམར་པོའི་གདན་ལ་བཞུགས། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །འཇིགས་དང་བག་ཚ་མི་མངའ་བ། །ཀུན་ཏུ་ཐོགས་མེད་སྟོབས་བརྙེས་པས། །སེང་གེ་དཀར་མོའི་ཁྲི་ལ་བཞུགས། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཐབས་དང་སྙིང་རྗེའི་ངོ་བོ་ཉིད། །ཡོན་ཏན་ཐམས་ཅད་རབ་རྫོགས་པས། །ཟླ་བ་རྒྱས་པའི་གདན་དང་ལྡན། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཉོན་མོངས་པ་དང་ཤེས་བྱ་ཡི། །དྲི་མ་གཉིས་སྤངས་སྐུ་མདོག་དཀར། །འོད་ཟེར་དཔག་མེད་ཕྱོགས་བཅུར་སྤྲོ། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དབུ་ལ་རལ་པའི་ཐོར་ཚུགས་ཅན། །འོད་དཔག་མེད་པས་རབ་ཏུ་མཛེས། །ཚོགས་གཉིས་མ་ལུས་རྫོགས་པ་པོ། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །སྤྱན་གསུམ་ཐུགས་རྗེ་ཆེན་པོ་ཡིས། །ཁམས་གསུམ་དུས་གསུམ་གཟིགས་པ་པོ། །ཕྱག་གཉིས་ཐབས་དང་ཤེས་རབ་གཉིས། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཕྱི་རོལ་པ་རྣམས་འདུལ་བའི་ཕྱིར། །རྒྱན་སྤངས་མཆོད་ཕྱིར་ཐོད་པ་འཛིན། །གངས་རི་ལྟར་དཀར་དྲང་སྲོང་ཚུལ། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དགེ་བའི་རྩ་བ་ཐམས་ཅད་ལ། །མངའ་བརྙེས་
རོལ་པའི་འདུག་སྟངས་ཀྱིས། །སེམས་ཅན་དོན་བཞུགས་ཕྱེད་ཀྲུང་མཛད། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཟག་བཅས་ཉེས་སྐྱོན་མ་གོས་པས། །པདྨ་ལས་སྐྱེས་པདྨ་འཛིན། །པདྨའི་རིགས་མཆོག་པདྨ་བསྣམས། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །འགྲོ་བའི་གནོད་པ་སེལ་མཛད་པ། །དྲི་མེད་མེ་ཏོག་གིས་བཀང་བའི། །ཐོད་པ་དཀར་པོ་གཡོན་ན་འཛིན། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཤེས་རབ་རལ་གྲི་ཡེ་ཤེས་འབར། །མ་རིག་མུན་པ་ཐམས་ཅད་འཇོམས། །གཏི་མུག་ལ་སོགས་རྩད་ནས་གཅོད། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཏྲི་ཤཱུ་ལ་ནི་གཡས་ན་འཛིན། །སྣ་ཚོགས་དོན་མཛད་ལྗང་གུ་སྟེ། །ཁམས་གསུམ་ཉེས་པ་རབ་འཇོམས་ཤིང༌། །རྩེ་གསུམ་འཛིན་ལ་ཕྱག་འཚལ་ལོ། །གདུག་པ་ཐམས་ཅད་རབ་འདུལ་ཞིང༌། །ཆུ་བདག་དམ་ལས་མི་འདའི་ཕྱིར། །བྲང་འགྲོ་དཀར་པོས་རབ་ཏུ་བརྒྱན། །ཀླུ་རྣམས་འདུལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོའི་རང་བཞིན་ཅན། །དབང་བསྐུར་བ་ནི་རབ་སྩོལ་ཞིང༌། །སྐུ་གསུམ་བྱིན་རླབས་ཐུགས་རྗེ་ཅན། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །སྤྲོས་པའི་མཐའ་བརྒྱད་ལས་གྲོལ་ཞིང༌། །ལོངས་སྤྱོད་རྫོགས་སྐུ་རྣམ་པར་མཛེས། །སྤྲུལ་པའི་རིགས་ལྔས་དབུ་ལ་བརྒྱན། །སྐུ་གསུམ་ལྷུན་གྲུབ་ཁྱོད་ཕྱག་འཚལ། །ཤིན་ཏུ་དང་བའི་ཡིད་ཀྱིས་ནི། །ཚིག་གི་ཕྲེང་བས་ཁྱོད་བསྟོད་པས། །བདག་སོགས་འགྲོ་བ་མ་ལུས་ཀུན། །ཁྱེད་ཀྱི་གོ་འཕང་མཆོག་ཐོབ་ཤོག །ཅེས་པས་གཙོ་བོ་ལ་བསྟོད་དོ། །རིགས་ལྔ་ལ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །
མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་བསྐྱོད་པའི་རླུང༌། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །ཞེས་པས་བསྟོད་དོ། །ཡང་བསྡུ་ན། མཆོད་པ་རྣམས་སྔགས་མཆོད་དང༌། བསྟོད་པ། ཐམས་ཅད་མཁྱེན་པའི་སྤྱན་རས་ཀྱིས། །སེམས་ཅན་ཀུན་ལ་གཟིགས་མཛད་པ། །སྟོབས་དང་མི་འཇིགས་མངའ་བརྙེས་པའི། །སེང་གེ་སྒྲ་ལ་ཕྱག་འཚལ་བསྟོད། །ཅེས་དང༌། ཆོས་སྐུ་ནམ་མཁའི་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །ལྔ་པ་གཏོར་མ་གཏོང་བ་ལ་གཉིས། འཇིག་རྟེན་ལས་འདས་པའི་གཏོར་མ་འབུལ་བ་དང༌། འཇིག་རྟེན་པའི་གཏོར་མ་གཏོང་བའོ། །དང་པོ་ནི་གཏོར་མ་རྣམས་ཆུ་གཙང་མས་སྦྱངས་ལ། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱི་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་དའི་མཐར། ཨོཾ་ཨ་ཀཱ་རོ་བཏགས་པ་གསུམ་མམ་ལྔས་ཕུལ་ལ། མཚན་སྔགས་ལན་གཅིག་སྔོན་འགྲོའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཐམས་ཅད་མཁྱེན་པའི་སོགས་ཤློ་ཀ་གཅིག་གིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ས་བདག་ཀླུ་གཉན་གྱི་
གནོད་པ་ཐམས་ཅད་ཞི་བ་དང༌། རྗེ་བཙུན་སེང་གེ་སྒྲའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །གཉིས་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ཆ་གསུམ་གྱི་ཡི་གེ་ལྟར་བྱའོ། །འོན་ཀྱང་ཕྱོགས་འབྱུང་གཉིས་ཀྱི་མགོར་ཨོཾ་ཨཱཿཧཱུྃ་ལན་གསུམ་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབ། བདེན་བདར་གྱི་མགོར་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བཟླ། གསུམ་པ་ཀླུ་དང་འབྲེལ་པའི་ཆོ་ག་ལ་དྲུག ཀླུ་བསྐྱེད་པ། བྱིན་གྱིས་བརླབ་པ། དགུག་གཞུག་བྱ་བ། དབང་བསྐུར་བ། མཆོད་པ། བསྟོད་པ་བྱ་བའོ། །དང་པོ་ནི། ཀླུའི་གཟུགས་དང་དཀྱིལ་འཁོར་བསང་སྦྱང༌། སྟོང་པའི་ངང་ལས་ཝཾ་ལས་ཆུའི་དཀྱིལ་འཁོར་གྱི་དབུས་སུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ་ནང་ནས་རིམ་པ་བཞིན་དམར་སྔོ་དཀར་བའི་རྩིག་པ་རིམ་པ་གསུམ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང༌། མདའ་ཡབ་དང་པུ་ཤུས་མཛེས་པར་བྱས་པ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་ལྷ་མོ་སྣ་ཚོགས་པས་མཆོད་རྫས་དུ་མ་ཐོགས་ནས་འཁོད་པ། དེའི་ཕྱི་རོལ་དུ་སྒོ་བཞིའི་ཐད་སོར་ཤར་དུ་སྦྲུལ་དཀར་པོ་གཉིས། ལྷོར་སྦྲུལ་སེར་པོ་གཉིས། ནུབ་ཏུ་སྦྲུལ་དམར་པོ་གཉིས། བྱང་དུ་སྦྲུལ་ལྗང་གུ་གཉིས་རྣམས་བྲང་སྤྲད་ཅིང་མཚམས་བཞིར་མཇུག་མ་མདུད་པ། དེའི་ཕྱི་རོལ་དུ་ལྕགས་རི་སྔོན་པོས་བསྐོར་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། ནང་གི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་
རེ་རེའི་སྟེང་དུ་ནྃ་དགུ་པོ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་ཡོངས་སུ་གྱུར་པ་ལས། དབུས་སུ་ཆུ་བདག་ཝཱ་རུ་ཎ་དཀར་པོ། འདབ་མ་བརྒྱད་ཀྱི་ཤར་དུ་མཐའ་ཡས་སྔོན་པོ། ལྷོར་ནོར་རྒྱས་སེར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་རྒྱུ་ལྗང་གུ། མེར་པདྨ་དམར་པོ། སྲིན་པོར་པདྨ་ཆེན་པོ་སྔོན་པོ། རླུང་དུ་དུང་སྐྱོངས་སེར་པོ། དབང་ལྡན་དུ་རིགས་ལྡན་དཀར་པོ་སྟེ། ཐམས་ཅད་ཀྱང་སྟོད་མིའི་རྣམ་པ་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་པའི་སྤྱི་བོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་བརྒྱན་པ། དར་དང་རིན་པོ་ཆེས་སྤྲས་པ། སྨད་སྦྲུལ་མཇུག་འཁྱིལ་པའོ། །ཞེས་བསྐྱེད། གཉིས་པ་ནི། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་ཀྱིས་གནས་གསུམ་བྱིན་གྱིས་བརླབ་བོ། །གསུམ་པ་ནི་རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས་ཀླུ་རྒྱལ་འཁོར་དང་བཅས་པ་ལ། ཀླུ་དང་ས་བདག་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མཐེ་བོང་གཉིས་གཤིབས་པའི་རྒྱབ་ཏུ་མཛུབ་མོ་གཉིས་རྩེ་སྤྲད། སོར་མོ་རྣམས་བརྐྱངས་ལ་གདེངས་ཀའི་ཚུལ་དུ་བྱས་པ་མཐེ་བོང་ནང་དུ་གཡབ་ཅིང༌། ཨོཾ་ཨེ་ཧྱེ་ཧི་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡེ་སྭཱ་ཧཱ། ཞེས་དང༌། ཨོཾ་སྭ་ཝི་ཏི། པྲ་ཝི་ཏི། ཨཱ་གཙྪ། ཨཱ་གཙྪ་སྭཱ་ཧཱ། སླར་ཡང་གདེངས་ཀ་ནོར་བུ་སོགས་ནས་ཨཱ་གཙྪ་སྭཱ་ཧཱའི་བར་ཚར་གཉིས་ཏེ་ཁྱོན་ལན་གསུམ་གྱིས་སྤྱིར་དགུག དེ་ནས། ཨོཾ་ཝཱ་རུ་ཎཱ་ཡ་ཨེ་ཧྱེ་ཧི། ཨོཾ་ཨ་ནནྟཱ་ཡ་ཨེ་ཧྱེ་ཧི། ཨོཾ་བཱ་སུ་ཀཱ་ཡ་ཨེ་ཧྱེ་ཧི། ཨོཾ་ཏཀྵ་ཀཱ་ཡ་ཨེ་ཧྱེ་ཧི། ཨོཾ་ཀརྐོ་ཊཱ་ཡ་ཨེ་ཧྱེ་ཧི། ཨོཾ་པདྨཱ་ཡ་ཨེ་ཧྱེ་ཧི། ཨོཾ་མཧཱ་པདྨཱ་ཡ་ཨེ་ཧྱེ་ཧི། ཨོཾ་ཤཾ་ཁ་པཱ་ལཱ་ཡ་ཨེ་ཧྱེ་ཧི། ཨོཾ་ཀུ་ལི་ཀཱ་ཡ་ཨེ་
ཧྱེ་ཧི། ཞེས་པས་སོ་སོར་སྤྱན་དྲང་ངོ༌། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། བཞི་པ་ནི། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལུ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་སོགས་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པ་རེ་རེས་དབུར་བརྒྱན་པར་བསམ་མོ། །ལྔ་པ་ནི། མཆོད་པ་རྣམས་སྔར་བཞིན་བྱིན་གྱིས་བརླབས་ཏེ། ཨོཾ་ཝཱ་རུ་ཎཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཨ་ནནྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་པདྨ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་མཧཱ་པདྨཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཝཱ་རུ་ཎ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲིཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་པདྨ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་ཀུ་ལཾ་ཀཱ་ཡ་གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ༈ ཨོཾ་ཝཱ་རུ་ཎཱ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་མཧཱ་པདྨཱ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ༈ ཨོཾ་ཝཱ་རུ་ཎ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་ཨ་
ནནྟཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ༈ ཨོཾ་ཝཱ་རུ་ཎཱ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་ཨ་ནནྟཱ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་མཧཱ་པདྨ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། །ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ༈ །ཨོཾ་ཝཱ་རུ་ཎཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་ཨ་ནཏྣཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་མཧཱ་པདྨ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ༈ ཨོཾ་ཝཱ་རུ་ཎཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་མཧཱ་པདྨཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཞེས་པ་རྣམས་ཉེར་སྤྱོད་སོ་སོའི་ཕྱག་རྒྱ་དབུལ། འབྲས་ཆེན་འོ་མ་དང་སྦྱར་བ་དང༌། སྣུམ་ཁུར། མངར་གསུམ་དང་བཅས་པ་གཏོར་མ་ལ་བཞག་ལ། ཀླུའི་དཀྱིལ་འཁོར་གྱི་མདུན་གྱི་གཏོར་མ་ཆབ་ཀྱིས་བྲན། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་ཝཱ་རུ་ཎཱ་ཡ། ཨ་ནནྟཱ་ཡ།
བཱ་སུ་ཀཱ་ཡ། ཏཀྵ་ཀཱ་ཡ། ཀརྐོ་ཊཱ་ཡ། པདྨཱ་ཡ། མཧཱ་པདྨཱ་ཡ། ཤཾ་ཁ་པཱ་ལཱ་ཡ། ཀུ་ལི་ཀཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བོ་ཤྭ་མུ་ཁེ་བྷྱཿ སརྦ་ནཱ་ག་ལེ་ལེ་རེ་རེ་ར་ཙི་ན་ཕུཿ ཊ་ཊ་ར་ཙི་ཏེ་ཧེ་ཧེ་གྲྀཧྞེ་དཾ་བ་ལྱཱ་ད་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། གདུགས་ཀྱི་ཕྱག་རྒྱ་ཀུན་རིག་བཞིན་བཅས་ལ། ཨོཾ་ཝཱ་རུ་ཎཱ་ཡ་གྲིཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་མ་ཧཱ་པདྨཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ༈ རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནམ་མཁའ་ལ་འཕན་ནམ་བ་དན་འདོགས་པའི་ཚུལ་བྱས་ལ། ཨོཾ་ཝཱ་རུ་ཎཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ༈ ལག་པ་གཡས་པའི་གུང་མཛུབ་གཤིབས་པའི་ཕྱག་རྒྱས་རས་སྐུད་ཀྱི་ལྡ་ལྡི་བྲེ་བའི་ཚུལ་དང་བཅས། ཨོཾ་ཝཱ་རུ་ཎཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་པདྨཱ་ཡ་གྲིཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་མཧཱ་པདྨཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་
ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཞེས་བརྗོད། དྲུག་པ་བསྟོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། མཐའ་ཡས་ནོར་རྒྱས་ལ་སོགས་ཀླུ་དབང་རྣམས། །ཆུ་གཏེར་རྒྱ་མཚོ་གཏིང་མཐའ་རབ་ཟབ་ནས། །རིན་ཆེན་སྣ་ཚོགས་ཀྱིས་སྤྲས་ཡིད་ཡོང་བའི། །ཕོ་བྲང་འབྱོར་པ་ཆེ་ལྡན་གནས་ན་བཞུགས། །དབུ་ལ་སྦྲུལ་མགོའི་གདེངས་ཀའི་ཚོགས་དབུས་ན། །ཡིད་བཞིན་ནོར་བུ་བསམ་ཀུན་རྫོགས་བྱེད་ཅིང༌། །བདག་གཞན་དོན་འབྱོར་ཕུན་ཚོགས་འབྱུང་བའི་གནས། །འོད་འབར་ལ་སོགས་མུན་སེལ་རྣམས་ཀྱིས་བརྒྱན། །ཚེ་རབས་དུ་མར་ཡོན་ཏན་ལེགས་སྦྱང་མཐུས། །ཀླུ་དབང་འབྱོར་པ་མཐའ་ཡས་ཡང་དག་རྫོགས། །རྫུ་འཕྲུལ་མཐུ་སྟོབས་ཆེ་ལ་མངའ་བརྙེས་པའི། །ཡོན་ཏན་བསམ་གྱིས་མི་ཁྱབ་ཁྱོད་ལ་འདུད། །དད་ལྡན་རྒྱལ་བའི་བཀའ་ཐོས་ཞལ་མཐོང་ཞིང༌། །སྒྲུབ་ལ་བརྩོན་པས་སངས་རྒྱས་ཐུགས་སུ་ཆུད། །ཐབས་དང་སྙིང་རྗེས་གཞན་དོན་རྫོགས་མཛད་པ། །བདག་དང་གཞན་དོན་འབྱོར་པ་ཁྱོད་ལ་འདུད། །སྔོན་ཚེ་བདེ་གཤེགས་སྤྱན་སྔར་བཀའ་བསྒོས་ཏེ། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདགས་ཕྱིར། །དམ་ལས་མ་འདའ་དམ་ཚིག་རྗེས་དགོངས་ལ། །གསོལ་གདབ་ལས་མཛོད་བདག་དོན་ཡོངས་རྫོགས་མཛོད། །ཀླུ་ཡི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་སོགས་ནས་ཀུན་འགྲུབ་ཤོག ཅེས་པས་བསྟོད་པ་དང་ཕྲིན་ལས་གཞོལ་ལོ། །བཞི་པ་གདོན་གྱི་བྱ་བ་ལ་བཞི། མཆོད་པ། བསྟོད་པ། གསོ་བ། དབང་བསྐུར་བ། དམ་ལ་བཞག་པའོ། །དང་པོ་མཆོད་པའི་ཡུལ་སྤྱན་དྲང་བར་བྱ་སྟེ་གདེངས་ཀའི་ཕྱག་རྒྱ་བཅས་ཏེ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། ཨཱ་གཙྪ། ཨཱ་གཙྪ། ལན་གསུམ་གྱིས་ཀླུ་ཕལ་པ་རིགས་བཞི་དང༌། ཡང༌། ཨོཾ་བྷཱུ་
མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། ཨཱ་གཙྪ། ཨཱ་གཙྪ། ཞེས་ལན་གསུམ་གྱིས་ས་བདག་ཕལ་པ་རིགས་བཞི་དགུག དེ་ནས་བྱེ་བྲག་ཏུ་ཤ་གཉེར་བ་དགུག་སྟེ། སེམས་ཅན་ཐམས་ཅད་དང༌། བྱེ་བྲག་ཏུ་ཤ་གཉེར་བ་རྣམས་ལ་སྙིང་བརྩེ་བའི་བསམ་པས་འདོད་རྒྱལ་གྱི་ཕྱག་རྒྱ་བཅིངས་ལ། བདེན་པའི་སྟོབས་བརྗོད་ཅིང་དགུག་སྟེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་བདེན་པ་དང༌། ཀླུའི་རྒྱལ་པོ་དགུའི་བདེན་པ་དང༌། ཕྱོགས་སྐྱོང་བཅུའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་དང༌། བདག་ཅག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང༌། བདེན་པ་དེའི་མཐུས། སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་ཀླུ་དང་ས་བདག་གི་རིགས་གང་ཡིན་པ་དེ་དག་ཐམས་ཅད་ཞི་བའི་སེམས་དང་ལྡན་པར་གྱུར་ནས། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མཆོད་པའི་གནས་འདིར་མཆིས་པར་གྱུར་ཅིག ཨོཾ་ནཱ་མ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ནཱ་ག་ལེ་ལེ་རེ་རེ་ར་ཙི་ན་ཕུཿ ཊ་ཊ་ར་ཙི་ཏེ་ཧེ་ཧེ། ཨཱ་གཙྪ། ཨཱ་གཙྪ། ཞེས་དང༌། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་བྷཱུ་མི་པ་ཏི་ལེ་ལེ་རེ་རེ་ར་ཙི་ན་ཕུཿ ཊ་ཊ་ར་ཙི་ཏེ་ཧེ་ཧེ། ཨཱ་གཙྪ། ཨཱ་གཙྩ་ཞེས་བརྗོད་དེ། ན་མོ་རྗེ་བཙུན་སོགས་ནས་འདིའི་བར་ལན་གསུམ་གྱིས་དགུག དེས་ཀྱང་མ་ཁུགས་སྙམ་པའི་ཐེ་ཚོམ་ཡོད་ན། རྡོ་རྗེ་ལྕགས་ཀྱུ་མས་ཀྱང་དགུག་པར་བྱ་སྟེ། གཡོན་པའི་གུང་མཛུབ་སྟ་ཟུར་ཕྱོགས་སུ་བཞག གཡས་པའི་མཛུབ་མོ་གུང་
མོའི་སྟེང་དུ་བཀུག་ལ་གཞག མཐེ་བོས་སྲིན་ལག་དང་མཐེའུ་ཆུང་མནན་ལ། ཨོཾ་ཙུ་རུ་ཀུནྡྷ། ཙུ་རུ་ཀུནྡྷ། སརྦ་ནཱ་ག་ཨཱ་ཀརྵ་ཡ་ཧཱུྃ་ཛཿ ཞེས་ལན་གསུམ་དང༌། ནཱ་གའི་གནས་སུ་བྷཱུ་མི་པ་ཏི་བཅུག་པ་ལན་གསུམ་གྱིས་བཀུག་ནས། མཆོད་པ་རྣམས་གོང་ལྟར་བསང་སྦྱང་བྱིན་གྱིས་བརླབ། ཕྱག་རྒྱ་དང་བཅས། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པུཥྤཾ་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། ཞེས་དང༌། བྱེ་བྲག་ཏུ་སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་རིགས་ཐམས་ཅད་ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ་ཞེས་སོགས་ནས། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ། བར་དང༌། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ཨརྒྷཾ་སྭཱཧཱ། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པཱ་དྱཾ་སྭཱ་ཧཱ། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པུཥྤེ་སྭཱ་ཧཱ། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་དྷཱུ་པཾ་སྭཱ་ཧཱ།
ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲིཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱ་ཞེས་དང༌། བྱེ་བྲག་ཏུ་སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་རིགས་ཐམས་ཅད་ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ་སོགས་ནས། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་ནཻ་ཝི་དྱཾ་སྭཱ་ཧཱའི་བར་སྔར་བཞིན་ཕུལ། ས་བདག་གི་གཏོར་མ་ཆབ་ཀྱིས་བྲན་ལ། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་དང་བཅས་པས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ནཱ་ག་ལེ་ལེ་རེ་རེ་ར་ཙི་ན་ཕུཿ ཊ་ཊ་ར་ཙི་ཏེ་ཧེ་ཧེ་གྲྀཧྞེ་དཾ་བ་ལྱཱ་ད་ཡེ་སྭཱ་ཧཱ། ཞེས་ལན་གསུམ་དང༌། བྱེ་བྲག་ཏུ་སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་རིགས་ཐམས་ཅད་ཨོཾ་ནཱ་ག་ནན་སོགས་ནས་བ་ལྱཱ་ད་ཡེ་སྭཱ་ཧཱའི་བར་ལན་གསུམ་དང༌། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏ་ཀུ་མཱ་ར་ནི་ནན། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་བྷཱུ་མི་པ་ཏི་ལེ་ལེ་རེ་རེ་ར་ཙི་ན་ཕུཿ ཊ་ཊ་ར་ཙི་ཏེ་ཧེ་ཧེ་གྲྀཧྞེ་དཾ་བ་ལྱཱ་ད་ཡེ་སྭཱ་ཧཱ་ཞེས་ལན་གསུམ་དང༌། བྱེ་བྲག་ཏུ་སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་རིགས་ཐམས་ཅད་ཨོཾ་བྷཱུ་མི་པ་ཏི་ནན་སོགས་ནས་བ་ལྱཱ་ད་ཡེ་སྭཱ་ཧཱའི་བར་ལན་
གསུམ་གྱིས་ཕུལ། དེ་ནས་གདུགས་སོགས་ཀྱི་ཕྱག་རྒྱ་སྔར་བཞིན་བྱ་ཞིང༌། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མ་རི་ནན། གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། ཞེས་དང༌། བྱེ་བྲག་ཏུ་སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་རིགས་ཐམས་ཅད་ཨོཾ་ནཱ་ག་ནན། སོགས་ནས། བྷ་ཝི་ཏྭཾ་སྭཱ་ཧཱའི་བར་གྱིས་གསུམ་ཀ་དབུལ། ཡང་ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་རི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཙྪ་ཏྲཾ་ག་སྭཱ་ཧཱ། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་པ་ཏཱཾ་ཀ་སྭཱ་ཧཱ། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། གྲྀཧྞེ་དཾ་པྲ་ཏཱིཙྪ་ཨི་དཾ་ཉད་ཛྙོ་བྷ་ཝི་ཏྭཾ་སྭཱ་ཧཱ། བྱེ་བྲག་ཏུ་སྦྱིན་པའི་བདག་པོ་ལ་གནོད་ཅིང་ཤ་གཉེར་བའི་རིགས་ཐམས་ཅད་ཨོཾ་བྷཱུ་མི་པ་ཏི་ནན། སོགས་ནས་བྷ་ཝི་ཏྭཾ་སྭཱ་ཧཱའི་བར་གྱིས་གདུགས་སོགས་གསུམ་ཀ་དབུལ། དེ་ནས་ཀླུའི་དམ་ཚིག་བསྐུལ་བའི་ཕྱིར་གདེངས་ཀའི་ཕྱག་རྒྱ་བཅིངས་ལ། ཨོཾ་བྷཱུ་ཤྭ་རེ་བྷྱོ་ནཱ་གེ་བྷྱོ་ན་མཿ ཨོཾ་པྲ་ཤྭ་རེ་བྷྱོ་ནཱ་གེ་བྷྱོ་ན་མཿ ཨོཾ་བྷུརྦྷུ་ཝ་སྭཿཤྭ་རེ་བྷྱོ་ནཱ་གེ་བྷྱོ་ན་མཿ ཨོཾ་མ་ཧཱ་ནཱ་གཱ་ཡ། བིད་མ་ཧེ་ནཱ་ག་རཱུ་པ་ཡ་ཏི། མ་ཧེ་དནྟོ། ནཱ་ག་པྲ་བྷོ་ཏ་ན་ཡེ་སྭཱ་ཧཱ། ལན་གསུམ་དང༌། ཡང༌། ཨོཾ་བྷཱུ་ཤྭ་རེ་བྷྱོ་བྷཱུ་མི་པ་ཏི་བྷྱོ་ན་མཿ ཨོཾ་པྲ་ཤྭ་རེ་བྷྱོ་བྷཱུ་མི་པ་ཏི་བྷྱོ་ན་མཿ ཨོཾ་བྷུརྦྷུ་ཝ་སྭཿཤྭ་རེ་བྷྱོ་བྷཱུ་མི་པ་ཏི་བྷྱོ་ན་མཿ ཨོཾ་མཧཱ་བྷཱུ་མི་པ་ཏི་ཡེ། བིད་མ་ཧེ་བྷཱུ་མི་པ་ཏི་རཱུ་པ་ཡ་ཏི། མ་ཧེ་དནྟོ་བྷཱུ་མི་པ་ཏི་པྲ་བྷོ་ཏ་ན་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ས་བདག་གི་དམ་ཚིག་བསྐུལ་ལོ། །དེ་ནི་ཀླུ་དང་ས་བདག་མཆོད་པའི་ཆོ་ག་སྟེ། བསྣད་པ་མེད་ན་དེ་ཙམ་གྱིས་ཆོག་
གསུངས་སོ། །དེས་ན་ནད་པ་སོགས་མེད་ན་རྗེས་ཆོག་འོག་ནས་འབྱུང་བ་ལྟར་བྱ། ནད་པ་མེད་ཀྱང་གནོད་ཚབ་ཆེ་ན་དམ་བཞག་གི་བར་བྱས་ན་ལེགས་པར་མཐོང་ངོ༌། །གཉིས་པ་ནི། དེ་རྣམས་བསྣད་ཅིང་ཉམས་པར་གྱུར་ནས་མི་དག་ན་བར་འགྱུར་ཏེ། དེ་དག་གི་ནད་མ་གསོས་ན་མིའི་ནད་མི་སོས་པས། ནད་པ་ཁྲུས་བྱས་པའི་ཆུ་ཀླུང་དང་ས་བདག་ཕལ་པའི་གཟུགས་བརྙན་གྱི་སྟེང་དུ་བླུགས་ཏེ། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་སོགས་ནས་མཆིས་པར་གྱུར་ཅིག ནཱ་ག་ཨཱ་ཀརྵ་ཡ་ཛཿ ཞེས་ལན་གསུམ་བརྗོད་ཅིང༌། སེམས་ཀྱིས་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཐབ་དང༌། མི་གཙང་བ་དང༌། ས་རྐོས་པ་དང༌། མེ་བཏང་བ་དང༌། ཁང་ཁྱིམ་ལ་སོགས་པ་བརྩིགས་པས་དེ་དག་བསྣད་ཅིང་ཉམས་པ་དང༌། ནད་ཀྱིས་ཐེབས་པ་དང༌། སྐྱེ་བ་སྔ་མའི་ཤ་འཁོན་ལ་འདིར་གནོད་པར་སྲིད་པས་དེ་དག་གི་ནད་མ་གསོས་ན། མིའི་ནད་མི་སོས་པས་བསྣད་ཅིང་ཉམས་པའི་ཀླུ་དང༌། ས་བདག་རྣམས་བཀུག་སྟེ་གཟུགས་བརྙན་ལ་བསྟིམ། དེ་ནས་རྩི་སྨན་གྱི་བུམ་པ་ནས་གཟུགས་བརྙན་ལ་ཀུ་ཤས་གཏོར་ཞིང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་དྷྱེ་བྷུ་པྲ་བྷ་ཝ་དྷྱེ་བྷུརྦྷ་ཝ་སྭཿ པྲ་བྷ་ཝ་དྷྱེ། ས་བིད་ཏྲ། པྲ་བྷ་ཝ་དྷྱེ། སརྦ་ནཱ་ག་དུཿཁོ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཡང༌། ཨོཾ་རུ་རུ་སྥུ་རུ་སོགས་ནས། པྲ་བྷ་ཝ་དྷྱེ། སརྦ་བྷཱུ་མི་པ་ཏི་དུཿཁོ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཞེས་ཡུམ་གཉིས་ཀྱི་སྔགས་དང༌། ཨོཾ་དཱི་པྱ་ཨ་མྲྀ་ཏེ་སནྟརྤ་ཤ་མི་ཏ། པྲ་ཏཱིཙྪ་ཐ་ས་ས་ནན། ན་མ་སྭཱ་ཧཱས་བདུད་རྩིར་བསྒྱུར་བའི་སྔགས་དང་བཅས་པ་བརྗོད་དོ། །གསུམ་པ་ནི། སྡུག་བསྔལ་སོས་ཀྱང་ཕྱིར་ལྡོག་པ་སྲིད་པས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་དབང་བསྐུར་ཏེ། དབང་བསྐུར་བའི་བུམ་པ་ནས་ཀུ་ཤས་གཏོར་ཞིང་ཀླུ་དང་ས་
བདག་གི་གཟུགས་བརྙན་བླུགས་ཤིང་གཏོར་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་དྷྱེ་བྷུ་པྲ་བྷ་ཝདྷྱེ་བྷུརྦྷུ་ཝ་སྭཿ པྲ་བྷ་ཝ་དྷྱེ། ས་བིད་ཏྲ། པྲ་བྷ་ཝ་དྷྱེ། སརྦ་ནཱ་ག་དུཿཁོ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ།«་་་་་འོག་མའི་ཚེ་སརྦ་ནཱ་གའི་གནས་སུ་སརྦ་བྷཱུ་མི་པ་ཏི་ཞེས་འཇུག» ཨོཾ་ཕུཿཝཱ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཨ་ནནྟ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿབཱ་སུ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཏཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀརྐོ་ཊཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཔདྨ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿམཧཱ་པདྨཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀུ་ལི་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤ་ཀྲ་ས་ཧ་ཤྲ་ཨཀྵ་ན་ཡེ། ཨགྣ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། ཝཱ་རུ་ཎཱ་ཡ། ཝ་ཡ་ཝེ། ཀུ་བཻ་རཱ་ཡ། རུ་ཊཱ་ཡ། ཨུརྡྷཾ་བྲཧྨ་ཎཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷི་པྲྀ་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ། སརྦ་ནཱ་ག་དུཿཁོ་པྲ་ཤ་མ་ནཱ་ཡ་ཨ་བྷི་ཥིཉྩ་མི། ཞེས་དང༌། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་སོགས་ནས་ནཱ་གེ་བྷྱཿསྭཱ་ཧཱ། སརྦ་བྷཱུ་མི་པ་ཏི་དུཿཁོ་པྲ་ཤ་མ་ནཱ་ཡ་ཨ་བྷི་ཥིཉྩ་མི། ཞེས་པས་དབང་བསྐུར་རོ། །བཞི་པ་ནི། གཡས་པས་རྡོ་རྗེ་གསོར་ཞིང་བདེན་པ་བརྡར་ཏེ་དམ་ལ་གཞག་པ་ནི། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །དམ་ཚིག་འདི་ལས་འདས་ན་ནི། །མྱུར་དུ་རིགས་རྣམས་བརླག་པར་འགྱུར། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སརྦ་ནཱ་ག་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དང༌། ཡང༌། རྡོ་རྗེ་འདི་ནི་སོགས་ནས་སརྦ་བྷཱུ་མི་པ་ཏི་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་དམ་ལ་གཞག་གོ །ལྔ་པ་བསྒྲུབ་བྱ་ལ་ཇི་ལྟར་བྱ་བ་ལ། བཀྲུ་བ། བྱབས་པ། བསྲུང་བ། ཤིས་པ་བྱ་བ་དང་བཅས་པའོ། །དང་པོ་ནི། སྦྱིན་བདག་སོགས་མདུན་དུ་གནས་པ་ལ། ཁྱེད་རང་དམིགས་པ་འདི་བཞིན་དུ་མཛོད།
སློབ་དཔོན་གྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བས་ཁྱེད་རང་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཁྱད་པར་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བུམ་པའི་ཆུས་བཀྲུས་ཏེ། སངས་ཀྱིས་སྡིག་སྒྲིབ་སོགས་དག་པར་མོས་པ་མཛོད། ཅེས་དང༌། ཚིགས་བཅད་དང་སྔགས་རྣམས་སྒྲུབ་གྲོགས་རྣམས་ཀྱིས་ཀྱང་འདོན་ཞིང༌། ལྷའི་བུམ་པས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛད། །ཅེས་བརྗོད་ལ་ཁྲུས་བྱའོ། །དེ་ནས། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡིས། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཞེས་པའི་རྗེས་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སྦྱིན་པའི་བདག་པོ་ཆེ་གེ་མོའི་ནད་ཐམས་ཅད་སརྦ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། སརྦ་པཱ་པེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷྣེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་རོ་གེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་དུཥྚེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་གྲ་ཧེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་ཛྭཱ་རེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བྱཱ་དྷི་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་ཨུ་པ་དྲ་ཝེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་དུར་སྭཔྣི་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་དུརྣི་མིཏྟེ་བྷྱཿ
ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་ཙི་ཏ་ཀུ་ལེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་དྷྱེ་བྷུ་པྲ་བྷ་ཝ་དྷྱེ་བྷུརྦྷུ་ཝ་སྭཿ པྲ་བྷ་ཝ་དྷྱེ། ས་བིད་ཏྲ། པྲ་བྷ་ཝ་དྷྱེ། སརྦ་ནཱ་ག་དུཿཁོ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ།«་་་་་འོག་མའི་ཚེ་སརྦ་ནཱ་གའི་གནས་སུ་སརྦ་བྷཱུ་མི་པ་ཏི་ཞེས་པ་འཇུག» ཨོཾ་ཕུཿཝཱ་རུ་ཎཱ་ཡ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཨ་ནནྟཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿབཱ་སུ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཏཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀརྐོ་ཊཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཔདྨཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿམ་ཧཱ་པདྨཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀུ་ལི་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤ་ཀྲ་ས་ཧ་ཤྲ་ཨ་ཀྵ་ན་ཡེ། ཨགྣ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། ཝཱ་རུ་ཎཱ་ཡ། ཝ་ཡ་ཝེ། ཀུ་བཻ་རཱ་ཡ། རུ་ཊཱ་ཡ། ཨུརྡྷཾ་བྲཧྨ་ཎཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷི་པྲྀ་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་ནཱ་ག་ནན། ནཱ་ག་ནི་ནན་སོགས་ནས། སརྦ་ཙི་ཏ་ཀུ་ལེ་བྷྱཿཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་པའི་བར་གོང་བཞིན་བྱས་པས་ཀླུའི་གནོད་པ་དང༌། ཡང་ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་རི་ནི་ནན། སརྦ་པཱ་པེ་བྷྱཿསོགས་ནས་སརྦ་ཙི་ཏ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་སོགས་སྔར་བཞིན་དང༌། ཨོཾ་རུ་རུ་སྥུ་རུ་སོགས་ནས་ཨ་སུ་རེ་བྷྱཿནཱ་གེ་བྷྱཿསྭཱ་ཧཱ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་བྷཱུ་མི་པ་ཏི་ནན་སོགས་ནས་སརྦ་ཙི་ཏ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པས་ས་བདག་གི་གནོད་པ་ཐམས་ཅད་བཀྲུ་བར་བྱའོ། །གཉིས་པ་ནི། ཤོག་བུ་ལ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བྲིས་པའི་དབུས་སུ་ཧྲཱིཿདཀར་པོའི་མཐར་སེང་གེ་སྒྲའི་
སྙིང་པོ་དང༌། ཆུ་བདག་གི་སྔགས་བྲིས། ཕྱོགས་མཚམས་བརྒྱད་དུ་ཀླུ་བརྒྱད་ཀྱི་སྔགས། དེའི་མཐར་ཕྱོགས་སྐྱོང་བཅུའི་སྔགས་ཀྱིས་བསྐོར་བ་ལ་རྨ་བྱའི་སྒྲོས་བརྒྱན་པའམ། མ་གྲུབ་ན་རྨ་བྱའི་མདོངས་རྐྱང་པས་ཀྱང་རུང་ཞིང་ཁར་ཆུ་བཟུང་སྟེ་སྒྲུབ་བྱའི་ནད་ཐམས་ཅད་བྱབས་པའི་ཚུལ་བྱ་ཞིང༌། བྱབས་པའི་སླད་དུ་སློབ་དཔོན་གྱིས་རྨ་བྱའི་མདོངས་ཀྱི་དབུས་སུ་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པས་བསྐོར་བ་དེ་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་སྦྱིན་བདག་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ། ནད་གདོན། ཁྱད་པར་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ཁབ་ལེན་པའམ། ཤེལ་སྦུར་ལེན་གྱིས་སྦུར་ལེན་པ་ལྟར་ཙེན་གྱིས་བླངས་ཏེ་རྒྱ་མཚོ་ཆེན་པོར་དོར་བར་མོས་པ་མཛོད། གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་གང་འབྱོར་ཞིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་པའི་རྗེས་སུ་ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མ་རི་ནི་ནན། སརྦ་པཱ་པེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ། སརྦ་བིགྷྣེ་བྷྱཿཨ་པ༴ སརྦ་རོ་གེ་བྷྱཿ༴ སརྦ་གྲ་ཧི་བྷྱཿ༴ སརྦ་ཛཱ་རེ་བྷྱཿ༴ སརྦ་བྱཱ་དྷི་བྷྱཿ༴
སརྦ་ཨུ་པ་དྲ་ཝེ་བྷྱཿ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿ༴ སརྦ་དུར་སྭཔྣི་བྷཿ༴ སརྦ་དུརྣི་མི་ཏྟེ་བྷྱཿ༴ སརྦ་ཙི་ཏ་ཀུ་ལེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་བྷྱེ་བྷུ་པྲ་བྷ་ཝ་བྷྱེ་བྷུརྦྷུ་ཝ་སྭཿ པྲ་བྷ་ཝ་དྷྱེ། ས་བིད་ཏྲ། པྲ་བྷ་ཝ་དྷྱེ། སརྦ་ནཱ་ག་དུཿཁོ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ།«་་་་་འོག་མའི་ཚེ་སརྦ་ནཱ་གའི་གནས་སུ་སརྦ་བྷཱུ་མི་པ་ཏི་ཞེས་འཇུག» ཨོཾ་ཕུཿཝཱ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཨ་ནནྟ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿབཱ་སུ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཏཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀརྐོ་ཊཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཔདྨཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿམཧཱ་པདྨཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀུ་ལི་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤ་ཀྲ་ས་ཧ་ཤྲ་ཨཀྵ་ན་ཡེ། ཨགྣ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། ཝཱ་རུ་ཎཱ་ཡ། ཝ་ཡ་ཝེ། ཀུ་བཻ་རཱ་ཡ། རུ་ཊཱ་ཡ། ཨུརྡྷཾ་བྲཧྨ་ཎཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷི་པྲྀ་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿནཱ་གེ་བྷྱཿསྭཱ་ཧཱ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་ནཱ་ག་ནན། ནཱ་ག་ནི་ནན་སོགས་ནས་སརྦ་ཙི་ཏ་ཀུ་ལེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ། ཡང༌། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། སརྦ་པཱ་པེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ་སོགས་ནས། སརྦ་ཙི་ཏ་ཀུ་ལེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་སོགས་ནས་ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་བྷཱུ་མི་པ་ཏི་ནན་སོགས་ནས་སརྦ་ཙི་ཏ་ཀུ་ལེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་བྱབས་ནས་ཆུ་ས་བདག་གི་གཟུགས་འགྲོས་ཀྱི་སྟེང་དུ་བླུག་གོ །གསུམ་པ་ནི། བསྲུང་བ་བྱ་བའི་སླད་དུ་སློབ་དཔོན་གྱིས། སྦྱིན་པའི་བདག་པོའི་སྤྱི་བོ་ལ་སོགས་པའི་གནས་བདུན་དུ་རྡོ་རྗེས་
རེག་པས་རྡོ་རྗེ་དེ་ལས་དེ་འདྲ་བའི་རིགས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ལུས་ལ་རྡོ་རྗེའི་གོ་གྱོན་ཏེ། ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་མི་ཚུགས་ཤིང་བསྲུང་བ་བྱས་པར་མོས་པ་མཛོད། སྤྱི་བོ་སྙིང་ག་རྒྱབ། དཔུང་པ་གཉིས་པུས་མོ་གཉིས་དང་བཅས་པ་ལ་རེག་སྟེ། བྱང་ཆུབ་སྙིང་པོར་གཤེགས་པ་ནི། །ས་ནི་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཁྱོད་ཀྱིས་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །ཅེས་བརྗོད་པའི་མཐར། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ་སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་རི་ནི་ནན། སརྦ་པཱ་པེ་བྷྱཿརཀྵ་རཀྵ་སྭཱ་ཧཱ། སརྦ་བིགྷྣེ་བྷྱཿརཀྵ༴ སརྦ་རོ་གེ་བྷྱཿ༴ སརྦ་དུཥྛེ་བྷྱཿ༴ སརྦ་གྲ་ཧེ་བྷྱཿ༴ སརྦ་ཛྭཱ་རེ་བྷྱཿ༴ སརྦ་བྱཱ་དྷི་བྷྱཿ༴ སརྦ་ཨུ་པ་དྲ་ཝེ་བྷྱཿ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿ༴ སརྦ་དུར་སྭཔྣི་བྷྱཿརཀྵ༴ སརྦ་དུརྣི་མི་ཏྟེ་བྷྱཿ༴ སརྦ་ཙི་ཏ་ཀུ་ལེ་བྷྱཿརཀྵ་རཀྵ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་བྷ་ཝ་བྷྱེ་བྷུ་པྲ་བྷ་ཝ་དྷྱེ་བྷུརྦྷུ་ཝ་སྭཿ པྲ་བྷ་དྷྱེ། ས་བིད་ཏཱ། པྲ་བྷ་ཝ་དྷྱེ། སརྦ་ནཱ་ག་དུཿཁོ་ཕྲ་ཤ་མ་ནཱ་ཡ་སྭཱ་ཧཱ།«་་་་་འོག་མའི་ཚེ་སརྦ་ནཱ་གའི་གནས་སུ་སརྦ་བྷཱུ་མི་པ་ཏི་ཞེས་འཇུག» ཨོཾ་ཕུཿཝཱ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཨ་ནནྟ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿབཱ་སུ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཏཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ།
ཨོཾ་ཕུཿཀརྐོ་ཊཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཔདྨ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿམཧཱ་པདྨཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕུཿཀུ་ལི་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤ་ཀྲ་ས་ཧ་ཤྲ་ཨཀྵ་ན་ཡེ། ཨགྣ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། ཝཱ་རུ་ཎཱ་ཡ། ཝ་ཡ་ཝེ། ཀུ་བཻ་རཱ་ཡ། རུ་ཊཱ་ཡ། ཨུརྡྷཾ་བྲཧྨ་ཎཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷི་པྲྀ་ཐི་ཝཱི་བྷྱ། ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་ནཱ་ག་ནན། ནཱ་ག་ནི་ནན་སོགས་ནས་སརྦ་ཙི་ཏ་ཀུ་ལེ་བྷྱཿརཀྵ་རཀྵ་སྭཱ་ཧཱ། ཡང༌། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། སརྦ་པཱ་པེ་བྷྱཿརཀྵ་རཀྵ་སྭཱ་ཧཱ་སོགས་ནས་སརྦ་ཙི་ཏ་ཀུ་ལེ་བྷྱཿརཀྵ་རཀྵ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་སོགས་ནས་ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ་སྦྱིན་པའི་བདག་པོའི་ནད་ཐམས་ཅད་སརྦ་བྷཱུ་མི་པ་ཏི་ནན་སོགས་ནས་སརྦ་ཙི་ཏ་ཀུ་ལེ་བྷྱཿརཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་པས་བསྲུང་ངོ༌། །དེ་ནས་སློབ་དཔོན་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཀྲ་ཤིས་ཀྱིས་མངའ་གསོལ་བར་མོས་པ་མཛོད། མེ་ཏོག་གཏོར། རྡོ་རྗེ་དྲིལ་བུ་འཛིན་པས། སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་འགྲོ་བདེ་གྱུར་ཅིག །ཕྱིར་འོང་དག་ཀྱང་བདེ་གྱུར་ཅིག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་བརྗོད་ནས། བསྒྲུབ་བྱ་གོས་རྙིང་པ་སྤངས་ཏེ་གསར་པ་བཀོན་ནས། ཐལ་མོ་སྦྱར་བའི་བར་དུ་
རྡོ་རྗེ་འཛིན་དུ་བཅུག་ལ། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་བྱེད་ལས་རྒྱལ། །ལྷ་དབང་ལྷ་མིན་དག་ལས་རྒྱལ། །ཟླ་བ་ཟླ་མིན་དག་ལས་རྒྱལ། །ནམ་མཁའ་ལྡིང་ནི་ཀླུ་ལས་རྒྱལ། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྤྲིན་རྣམས་ཀུན་ལས་རྒྱལ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་ཆོས་དང་དགེ་འདུན་བདེན། །བདེན་པ་རྒྱལ་གྱུར་བརྫུན་མ་མཆིས། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ༴ དགེ་འདུན་གྱི་བདེན་པ༴ འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་བདེན་པ༴ ཀླུའི་རྒྱལ་པོ་དགུའི་བདེན་པ༴ ཕྱོགས་སྐྱོང་བཅུའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་སྟེ་ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག གདོན་གྱི་རིགས་སུ་གྱུར་པ་སྟེང་ལྷའི་གདོན་དང༌། འོག་ཀླུའི་གདོན་དང༌། བར་མི་མ་ཡིན་པའི་གདོན་ལ་སོགས་པ་གདོན་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག ཚེ་དང༌། དཔལ་དང༌། འབྱོར་པ་དང༌། དབང་ཕྱུག་དང༌། གྲགས་པ་ལ་སོགས་པའི་བདེ་ལེགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག བཅོམ་ལྡན་འཁོར་དང་བཅས་པའི་བྱིན་རླབས་དང༌། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང༌། །ཐེག་པ་མཆོག་ལ་
ངེས་པར་འབྱུང་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ཉི་མ་དང་ཟླ་བ་སྒྲ་གཅན་ལས་གྲོལ་བ་བཞིན་དུ། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་ལས་ཐར་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག ཛ་ཡ་ཛ་ཡ། བི་ཛ་ཡ། ཞེས་བརྗོད་ནས་སློངས་ཏེ་ཁྲི་ལ་སོགས་པའི་སྟེང་དུ་བཞག་ལ། ནད་པ་ལ་དཀར་གསུམ་ལ་སོགས་པའི་ཟས་བཟང་པོ་སྨན་དུ་བསམ་ལ་དྲངས་ཏེ། སངས་རྒྱས་མངོན་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བཞིས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་ཀྱང༌། །བདེ་བར་གཤེགས་ལ་ཕུལ་བ་དང༌། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་ནས། །ལྷ་ཡི་སྣོད་མཆོག་དེ་དག་ཏུ། །བདུད་རྩི་འདྲ་བའི་སྨན་རྣམས་ནི། །སྟོན་པའི་ཕྱག་ན་བསྣམས་པ་ཡི། །བདེན་པའི་བདེན་ཚིག་འདི་དག་གིས། །ས་བདག་ཀླུ་གཉན་ནད་སེལ་ཞིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པའི། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདག་ཉིད་འདྲ་བའི་སྨན་རྣམས་ནི། །སྟོན་པའི་ཕྱག་ན་བསྣམས་པ་ཡི། །བདེན་པའི་བདེན་ཚིག་འདི་དག་གིས། །ས་བདག་ཀླུ་གཉན་ནད་སེལ་ཞིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པའི། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང༌། །གཙུག་གཏོར་ཅན་གྱི་སྟོབས་མཆོག་དང༌། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང༌། །ལོག་དད་སེལ་གྱི་ཏིང་འཛིན་དང༌། །གསེར་ཐུབ་ཅེས་བྱའི་ཡེ་ཤེས་དང༌། །འོད་སྲུང་གི་ནི་རྫུ་འཕྲུལ་དང༌། །ཤཱཀྱ་སེང་གེའི་མཐུ་སྟོབས་དང༌། །སེང་གེ་སྒྲ་ཡི་སྨོན་ལམ་གྱིས། །བདེན་པའི་བདེན་ཚིག་འདི་དག་གིས། །ས་བདག་ཀླུ་གཉན་ནད་སེལ་ཞིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པའི། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སདྱཱ་ཐེ་དན། ཁ་རེ་ཁ་རེ། ཝ་ཁ་རེ། ཙ་ལེ་བི་ཙ་ལེ་བི་ལཾ་བྷི་མ་ལེ། ས་མ་པ་རི་
ཙཎྚེ་ཙཎྚེ་ཎི་ཨ་མྲྀ་ཏེ། ནིརྒྷོ་ཤེ་སྭཱ་ཧཱ། དེ་ནས་ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། རྡོར་དྲིལ་འཛིན་པས་མེ་ཏོག་གཏོར་ཞིང༌། ཆེ་བའི་ཆེ་མཆོག་སོགས་ནས་ལྡན་པར་ཤོག །ཉིན་མོ་བདེ་ལེགས་སོགས་ཀྱི་བཀྲ་ཤིས་བརྗོད། ཟས་ལ་ལོངས་སྤྱད་པའི་ལྷག་མ་ས་བདག་གི་གཟུགས་འགྲོས་ཀྱི་སྟེང་དུ་གཞག་གོ །ཅེས་པ་འདི་ཕྱག་ལེན་ལྟར་བྲིས་པ་ཡིན་ཅིང༌། མཛད་མི་སྤྲོ་ན་སྔར་བཤད་པའི་སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། ཞེས་སོགས་ཀྱི་ཚིགས་བཅད་ནས། ཟས་སྨན་དུ་བསྒྱུར་བའི་བར་རྣམས་མ་བརྗོད་ཀྱང་ཉེས་པ་མེད་ཅིང༌། རྗེ་ཐམས་ཅད་མཁྱེན་པ་བུདྡྷའི་མཚན་ཅན་དེ་ལྟར་མཛད་དོ། །ཡང་ནད་པ་སོགས་མེད་ན། བཀྲུ་བྱབས་སྲུང་གསུམ་སོགས་བྱ་མི་དགོས་པས་རྗེས་ཀྱི་ཆོ་ག་སོགས་བྱས་པས་ཆོག་གོ །གསུམ་པ་རྗེས་ལ་ལྔ། དཀྱིལ་འཁོར་མཆོད་པ། བཟོད་པར་གསོལ་བ། གཤེགས་སུ་གསོལ་བ། བདག་ཉིད་བསྲུང་བ། དགེ་བ་བསྔོ་བ་སོགས་སོ། །དང་པོ་ནི་མཆོད་པ་རྣམས་ཁ་གསོས་ལ་བསང་སྦྱང༌། བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་ནས་ཤབྡ་རོལ་མོ་དང་བཅས་པས་མཆོད། བརྩེ་བའི་ཐུགས་རྗེའི་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བཞུགས་ནས་ཀྱང༌། །འགྲོ་བའི་གདུང་བ་ཐམས་ཅད་སེལ་མཛད་པའི། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལ་སོགས་པ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཀྱང༌། །རྣམ་འཕྲུལ་དུ་མས་བསྟན་པ་སྐྱོང༌། །ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ས་བདག་
ཀླུ་གཉན་གྱི་གནོད་པ་ཐམས་ཅད་ཞི་བ་དང༌། རྗེ་བཙུན་སེང་གེ་སྒྲའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། གཉིས་པ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། གསུམ་པ་ནི། གདེངས་ཀའི་ཕྱག་རྒྱ་བཀྲོལ་ལ། ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །ཀླུ་རྣམས་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅེས་དུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་གནས་ལ་གནས་གྱིས་ལ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །འདིར་ནི་སྦྱིན་པའི་བདག་པོ་ཡི། །ནད་དེ་རབ་ཏུ་ཕྱུང་མཛོད་ལ། །ཀླུ་རྣམས་རང་གི་གནས་སུ་སོང༌། །འཇིག་རྟེན་ན་མཆོད་དུས་གཙོ་བོ་ནས་མཆོད། གཤེགས་དུས་ཕལ་པ་ནས་གཤེགས་པར་བྱ་སྟེ། ནཱ་ག་ནན། ནཱ་ག་ནི་ནན། ནཱ་ག་ཀུ་མཱ་ར་ནན། ནཱ་ག་ཀུ་མཱ་ར་ནི་ནན། ཨ་ཧི་གཙྪ། ཞེས་པས་ཀླུ་ཕལ་པ་རིགས་བཞི་དང༌། ཡང༌། ཨོཾ་བྷཱུ་མི་པ་ཏི་ནན། བྷཱུ་མི་པ་ཏི་ནི་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནན། བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན། ཨ་ཧི་གཙྪ། ཞེས་པས་ས་བདག་ཕལ་པ་རིགས་བཞི་དང༌། ཨོཾ་ཝཱ་རུ་ཎཱ་ཡ། ཨ་ནནྟཱ་ཡ། བཱ་སུ་ཀཱ་ཡ། ཏཀྵ་ཀཱ་ཡ། ཀརྐོ་ཊཱ་ཡ། པདྨཱ་ཡ། མ་ཧཱ་པདྨཱ་ཡ། ཤཾ་ཁ་པཱ་ལཱ་ཡ། ཀུ་ལི་ཀཱ་ཡ། ཨ་ཧི་གཙྪ། ཀླུ་ཆེན་དགུ་གཤེགས་སུ་གསོལ་བ་དང༌། ཡང༌། ཨོཾ་ཤ་ཀྲ་ས་ཧ་ཤྲ་ཨཀྵ་ན་ཡེ། ཨགྣ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། ཝཱ་རུ་ཎཱ་ཡ། ཝ་ཡ་ཝེ། ཀུ་བཻ་རཱ་ཡ། རུ་ཊཱ་ཡ། ཨུརྡྷཾ་བྲཧྨ་ཎཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷི་པྲྀ་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ། ཨ་ཧི་གཙྪ། ཞེས་པས་མཐེབ་སྲིན་གྱིས་སེ་གོལ་དང་བཅས་
པས་གཤེགས་སུ་གསོལ། རྒྱས་པར་ན། ནཱ་ག་ནན། ཨ་ཧི་གཙྪ། ནཱ་ག་ནི་ནན། ཨ་ཧི་གཙྪ། ཞེས་པ་སྔགས་སོ་སོའི་མཐར་བཏགས་པས་གཤེགས་སུ་གསོལ་བར་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ནས་གསོལ་ཞེས་པའི་མཐར། ཨོཾ་བཛྲ་མུཿ རྡུལ་ཚོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །རྡུལ་ཚོན་རྣམས་རང་རང་གི་གཟུགས་འགྲོས་ཀྱི་སྟེང་དུ་བླུག ལྷའི་རྡུལ་ཚོན་ཀླུའི་གཟུགས་འགྲོས་ཀྱི་སྟེང་དུ་བཞག་པ་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལས་ཤེས་པར་བྱའོ། །བཞི་པ་ནི། ནད་པའི་གདོན་རང་ལ་འཕོ་སྲིད་པས། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱི་བྱིན་གྱིས་བརླབ་ཅིང༌། བསྲུང་བའི་བྱེ་བྲག་གཞན་ཡང་བྱའོ། །ལྔ་པ་དགེ་བ་བསྔོ་བ་སོགས་ནི། དགེ་བ་འདི་ཡིས་སོགས་སྤྱི་ལྟར་དང༌། སློབ་དཔོན་གྱིས་དབང་བསྐུར་བའི་བུམ་པའི་ཆུ་སྦྲེངས་ཤིང་དེའི་རྗེས་སུ་ཀླུ་ཕལ་པའི་གཟུགས་འགྲོས་གཏོར་མ་དང༌། ཀླུའི་གཟུགས་དང་གཏོར་མ་དང༌། ཕྱོགས་སྐྱོང་དང་འབྱུང་པོའི་གཏོར་མ་དང༌། ལྷའི་གཏོར་མ་དང་རྡུལ་ཚོན་རྣམས་ཀླུ་གནས་པའི་མཚོའམ། ཆུ་མིག་གམ། འབབ་ཆུ་ལ་སོགས་པའི་ནང་དུ་རོལ་མོ་དང་བཅས་པས་བསྐྱལ་ལོ། །དེ་ནས་ཆུ་ཁྱེར་ཏེ་ཐིག་རྗེས་རྣམས་དབྱིའོ། །ཚར་གྲངས་ལྟ་བུ་དགོས་ན་ཚར་རེ་བཞིན་གཟུགས་འགྲོས་བཟོས་ནས་གཤེགས་པ་མ་གཏོགས་ཞག་སོགས་བཞག་མི་རུང་སྟེ། མགྲོན་ཕལ་པ་རྣམས་ལ་བརྟན་བཞུགས་མི་འོས་པའི་ཕྱིར་རོ། །སློབ་དཔོན་འཁོར་བཅས་ཀྱིས་ཤིས་པ་བརྗོད་པ་ནི། ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཅི་རིགས་པ་བརྗོད་ཅིང༌། འཁོར་གསུམ་མི་རྟོག་པའི་ངང་ནས་དགེ་བ་སངས་རྒྱས་ཀྱི་སར་བསྔོ་ཞིང༌། རྗེས་ཀྱི་བྱ་བ་མི་མངོན་པར་བྱས་ལ། དགའ་སྟོན་ལ་ལོངས་སྤྱོད་ཅིང་སློབ་དཔོན་འཁོར་བཅས་ཡོན་གྱིས་མཉེས་པར་བྱའོ། །རྗེ་བཙུན་འཇིག་རྟེན་དབང་ཕྱུག་
སེང་གེ་སྒྲའི། །གདོན་སྒྲོལ་ཆོ་ག་རིན་ཆེན་ཕྲེང་མཛེས་འདི། །དཀར་དང་དམར་དང་རིན་ཆེན་རྒྱལ་མཚན་སོགས། །རྣམས་ཀྱིས་མཛད་པའི་གཞུང་དང་མཐུན་པར་བཀོད། །འདི་ལ་འགལ་དང་མ་འབྲེལ་ཟློས་པ་སོགས། །ནོངས་པ་གང་མཆིས་བདག་ཅག་རྨོངས་པའི་སྐྱོན། །ཡིན་ཕྱིར་བླ་མ་ལྷར་བཅས་སྤྱན་སྔར་བཤགས། །སྔོན་བསགས་སྡིག་དང་ལྷན་ཅིག་སྦྱང་དུ་གསོལ། །འདི་ལྟར་བགྱིས་པའི་དགེ་ཚོགས་བདུད་རྩིའི་ཆར། །རྗེ་བཙུན་ཐུགས་རྗེའི་སྤྲིན་ལས་བབས་པ་དེས། །གདོན་གྱིས་ཟིན་པས་ལས་སྒྲིབ་ཀུན་སྦྱངས་ནས། །རྒྱལ་བའི་ཡེ་ཤེས་རྒྱ་མཚོར་འཇུག་གྱུར་ཅིག །འཇིག་རྟེན་དབང་ཕྱུག་གོ་འཕང་ཐོབ་ཕྱིར་དུ། །ཧ་ཅང་རྒྱས་དང་ཧ་ཅང་བསྡུས་མིན་པར། །དང་པོའི་ལས་ཅན་དོན་དུ་བཀླག་ཆོག་སྦྱར། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་རྗེ་བཙུན་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདོན་སྒྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པ་འདི་ཉིད་འཕགས་པ་རིན་པོ་ཆེའི་ཕྱག་རྒྱུན་དང་མཐུན་པར་སྣང་བས་ཤིན་ཏུ་ཁུངས་བཙུན་པའི་ཕྱིར། འཇམ་དབྱངས་སངས་ཕུན་པས་མཆན་འགའ་རེར་མཛད་འདུག་པའི་སྟེང་དུ་སླར་ཡང་ལག་ལེན་གྱི་གསལ་ཁ་དང༌། ངག་འདོན་སོགས་ཁོང་རྣམས་བསབ་སྟེ། ཨེ་ཝཾ་པའི་ཕྱག་བཞེས་རྣམ་དག་གི་ཚུལ་དུ་རྒྱལ་ཁམས་པ་ངག་དབང་བློ་གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་ཞེས་བོད་པས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གར་བསྡེབས་པའོ། །མངྒ་ལཾ།། ༈ །སེང་གེ་སྒྲའི་བརྒྱུད་འདེབས་ནི། སེང་གེ་སྒྲ་དང་ཙནྡྲ་གོ་མཱིའི་ཞབས། །བྲམ་ཟེ་དཔལ་འཛིན་ནཱ་རོ་ཏ་པ་དང༌། །ཕམ་འཐིང་སྐུ་མཆེད་ཨསྠུ་ལ་བཛྲ། །ཐུགས་རྗེ་ཆེན་པོ་མལ་ལོ་བློ་གྲོས་གྲགས། །ས་ཆེན་གཙུག་ཏོར་རྒྱལ་པོ་རྗེ་བཙུན་པ། །ས་སྐྱ་པཎ་ཆེན་ཤར་པ་ཤེར་འབྱུང་དང༌། །དུས་འཁོར་པ་དང་ཀུན་དགའ་བྱང་ཆུབ་དང༌། །རྒྱལ་བཟང་གྲགས་
དཔལ་མ་ཏི་པཎ་ཆེན་ཞབས། །ས་བཟང་འཕགས་པ་ཁྱབ་བདག་ཀུན་དགའ་བཟང༌། །རྒྱལ་ཚབ་ཀུན་དབང་འདྲེན་མཆོག་དཀོན་མཆོག་འཕེལ། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་དང༌། །ནམ་མཁའ་དཔལ་བཟང་དཔལ་ལྡན་དོན་གྲུབ་ཞབས། །ཤེས་རབ་འབྱུང་གནས་མཁས་བཙུན་ཀུན་དགའ་ལེགས། །དངོས་བརྒྱུད་བླ་མའི་ཚོགས་དང་བཅོམ་ལྡན་འདས། །སེང་གེ་སྒྲ་སོགས་ཡི་དམ་ལྷ་ཡི་ཚོགས། །ཕྱག་བྱར་འོས་པ་ཀུན་ལ་གསོལ་འདེབས་ཀྱིས། །གནས་སྐབས་ས་བདག་ཀླུ་གཉན་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་སྤངས་ནས། །བསམ་དོན་ཆོས་དང་མཐུན་པར་ལེགས་གྲུབ་སྟེ། །མཐར་ཐུག་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདིའང་ཨ་ཝ་དྷཱུ་ཏི་པ་བུདྡྷ་ལཀྵཱིས་སོ།། ༈ །ཨོཾ་སྭ་སྟི། གོང་དུ་རྩི་སྨན་གྱི་བུམ་པའི་རྫས་ཀྱི་ངོས་འཛིན་ནི། སྤྱིར་རྗེ་བཙུན་གྲགས་པའི་དངོས་སློབ་དཀར་ཤཱཀྱ་གྲགས་ཀྱི་གདོན་སྒྲོལ་གྱི་ཆོ་གར། ཀླུའི་བུམ་པར་ནཱ་ག་པུཥྤ་དང༌། ནཱ་ག་གེ་སར་དང༌། པདྨ་དཀར་པོ་དང༌། ཨུཏྤལ་སྔོན་པོ་དང༌། ཨུ་ཤི་རའམ་པུ་ཤེལ་རྩེ་དང༌། ར་དཀར་མོའི་འོ་མའམ་བ་སེར་སྐྱའི་འོ་མ་དང༌། དྲི་ཞིམ་པོའི་ཆུས་དགང༌། ཤིང་ལོ་རློན་པས་ཁ་བརྒྱན་པར་བྱའོ། །ཞེས་དང༌། དམར་ཆོས་ཀྱི་རྒྱལ་པོའི་ཡིག་ཆར་ཡང་དེ་དང་མཚུངས་པར་གསུངས་པས་གཞུང་ནས་བཤད་པའི་སྨན་ཐམས་ཅད་མ་འབྱོར་ཀྱང༌། གང་འབྱོར་ཙམ་ཁུངས་དག་ཅིང་ངོས་འཛིན་མ་འཁྲུལ་པ་གལ་ཆེ་བར་སྣང༌། དེ་ལ་སྐབས་དོན་རང་ལུགས་ཀྱི་ཡིག་ཆ་འདིའི་དངོས་བསྟན་ལྟར་ན། སྟོན་དུས་སུ་བརྐོས་པའི་སྤང་སྤོས་རྩ་ལོ་ཡོངས་རྫོགས་དྲི་ངད་མ་ཡལ་བ་ལ་གཞི་བྱས། དེ་སྟེང་ཛཱ་ཏི། ཅུ་གང༌། གུར་གུམ། ལི་ཤི། སུག་སྨེལ། ཀ་ཀོ་ལ་སྟེ་བཟང་པོ་དྲུག ཀ་ར་བལ་ཡུལ་སོགས་ནས་འབྱུང་བའི་ཕག་ཚིལ་གྱིས་མ་བཞུས་པ། བུ་རམ་མར་དཀར་གྱིས་བཞུས་པ་དང༌།
སྦྲང་སྲོག་ཆགས་ཀྱི་རོ་སོགས་དང་བྲལ་བའི་གཙང་མ། ཨ་རུ། བ་རུ། སྐྱུ་རུ་ར་སྟེ་འབྲས་བུ་གསུམ། རྒྱ་མཚོ་ལྦུ་བ་དངོས་ནི་ཕྱིའི་རྒྱ་མཚོའི་རླབས་བྲག་ལ་ཕོག་པའི་རྒྱུ་ལས་བྱུང་བ་དབྱིབས་གཉེར་མ་ཅན་མདོག་ནག་ངམ་ཞིག་ཡོད་ཀྱང་འབྱོར་དཀའ། ད་ལྟ་ཡོངས་གྲགས་དཀར་སོབ་འདི་འབུ་ཁོག་ཏུ་སྣང་བས་མི་བཏང༌། ཚབ་རུང་ཙམ་དུ་ཆུ་མིག་གི་ཕུགས་སུ་ཆགས་པའི་ཆུ་བལ་ལྗང་གུ་སྲོག་ཆགས་སོགས་ཀྱི་རོ་དང་མ་འདྲེས་པ་བཏང་བའི་ཕྱག་ལེན་སྣང༌། ཀཎྜ་ཀ་རི་ཡོངས་གྲགས་འདིའི་ཕྱིའི་ཀོག་པ་དང་ནང་གི་རྐང་ཕྲལ། ཆུ་སྲིན་སྡེར་མོ་སྨན་གྱི་སྐབས་ནཱ་གི་ལ་འཇུག་པ་ཤས་ཆེ་ནའང༌། སྐབས་འདིར་བྲག་ལ་སྐྱེས་པའི་སྔོ་སྨན་གྱི་གྲས་དེ་བཏང༌། དབང་ལག་སོར་མོ་ལྔ་པ་ནས་གསུམ་པ་ཡན་གང་འབྱོར། པདྨ་གེ་སར་དང་ནཱ་ག་གེ་སར་དེང་སང་སྨན་པ་རྣམས་ཀྱིས་གེ་སར་གསུམ་ལྡན་དུ་བྱེད་པ་འདི་བཏང་བ་ཤས་ཆེ་ཡང་དངོས་ནི་སོ་སོར་ཡོད་པར་གསུངས། མ་འབྱོར་ན་ནཱ་ག་གེ་སར་དང༌། ནཱ་ག་པུཥྤ་གཉིས་ཀའི་ཚབ་ཏུ་སྐབས་འདིར་འོམ་བུའི་མེ་ཏོག་ལོ་འབྲས་བཅས་དང༌། པདྨ་གེ་སར་གྱི་ཚབ་ཨུཏྤལ་བཏང་བར་འགའ་ཞིག་གིས་མཛད་སྣང༌། སྙི་བའི་མེ་ཏོག་ནི་གློ་སྨན་གྱི་སྡེ་ཚན་དུ་བཤད་པའི་སྨན་པ་རྣམས་ལ་ཡོངས་གྲགས་སྔོ་སྙི་བའི་མེ་ཏོག་དང༌། དཔེ་ལ་ལར་གྲ་མའི་མེ་ཏོག་ཅེས་སྣང་བ་ལྟར་ན་ཀླུ་ཤིང་གྲ་མའི་མེ་ཏོག་སྟེ་འདི་གཉིས་གང་བཏང་རུང་འགལ་བ་མེད། ཨུཏྤལ་སྔོན་པོ་དངོས་རྒྱ་བལ་ནས་འབྱུང་བ་དང༌། ཚབ་རུང་བོད་དུ་སྐྱེས་པ་གང་རྙེད། མཚལ་དཀར་ནི་ཤག་མཚལ་སོགས་རྡོ་མཚལ་ཏེ། དེ་ལའང་ནང་གསེས་སུ་དཀར་ནག་གཉིས་ལས། སྨུག་ཤས་ཆེ་བ་ནག་པོ་དང༌། དམར་སྐྱ་ཤས་ཆེ་བ་དཀར་པོར་བཞེད་པས་ཕྱི་མ་འབྱོར་ན་ལེགས། པུ་ཤེལ་རྩེ་དང་རྩ་འབའ་ལ་དོན་གཅིག་པ་སྤོས་སྨན་དུ་འགྲོ་བ་དེ་ཀ་དང༌། ཞོ་ཤ་རྣམས་ནི་སྨན་པ་རྣམས་ལ་ཡོངས་སུ་གྲགས་པས་ངོས་འཛིན་དང་འབྱོར་སླ། རྨ་བྱའི་མདོངས་ནི་བལ་
ཡུལ་སོགས་ནས་ཁྱེར་འོང་བའི་རྩ་རྨ་བྱའི་གཙུག་ཕུད་དུ་གྲགས་པ་ཉིད་ཡིན། མ་འབྱོར་ན་འགའ་ཞིག་གིས་སྨན་པ་རྣམས་ལ་གྲགས་པའི་རྩ་ཁུ་བྱུག་གམ། ཀོ་ཋའི་མེ་ཏོག་བཏང་ཞེས་ཟེར། ཕྱག་ཚང་ཀུ་བ་ནི་ཤིང་ཏོག་ཀུ་བ། ནོར་བུ་མྱུ་གུ་ཞེས་པ་མཆན་རྙིང་པ་རྣམས་ལས་འཕེལ་གདུང་ཞེས་སྣང་བ། རྣམ་པར་དཔྱད་ན་ནོར་བུ་ནི་འབྱོར་ན་འཕགས་པ་གསུམ་གྱི་རིང་བསྲེལ་དང༌། མ་རྙེད་ན་མུ་ཏིག་སོགས་རིན་པོ་ཆེའི་རིགས་བཏང་ཡང་རུང༌། མྱུ་གུ་ཞེས་པས་སྐབས་འདིར་རྩྭ་ཀུ་ཤ་ཡིན་པར་རྟོག་གོ །ལེ་བརྒན་དམར་པོ་ནི་དར་དམར་པོ་དངོས་བཏང་བ་དང༌། བལ་པོ་གུར་གུམ་བཏང་བའང་སྣང་ཞིང་ཕྱི་མ་འཐད་པར་བཞེད། ལྷང་མ་ལྷང་ཚེར་དཀར་ནག་གཉིས་ལས་འདིར་དཀར་པོ། མཁལ་སྲུན་གྲེའུ་ཞེས་སྲན་མ་ཥཱ་འམ། སྲན་དཀར། དཔེ་ལ་ལར་མཁལ་སྲན་ཁྲེ་ཞེས་སྣང་བ་ལྟར་ན། ཕྱི་མ་འབྲུའི་རིགས་ཡོངས་གྲགས། གསེར་གྱི་མེ་ཏོག སྔོ་པྲི་ཡངྐུ། སྤང་རྒྱན་དཀར་པོ་དང་སྔོན་པོ་བཅས་ཡོངས་གྲགས་དང༌། ཤུ་དག་དཀར་པོ་དབྱིབས་ཤུ་དག་ནག་པོ་འདྲ་བ་ལ། མདོག་དཀར་ཞིང་ཚིགས་ཐག་རི་བ། དྲི་ཆུང་བ་དེ་བཏང༌། སླེ་ཏྲེས་ཤུན་པ་ཕྲལ། གྲོ་མ་དང༌། མོན་བུ་དཀར་པོའི་རྩ་བ་དང༌། རྒུན་འབྲུམ་དཀར་པོ་བཅས་སོ། །དེ་ལྟ་བུའི་སྨན་རྣམས་ཀྱང་དམར་སྐྱུར་དང་གླ་རྩི་སོགས་ཀྱི་དྲིས་མ་ཕོག་པ་ཤིན་ཏུ་གལ་ཆེ། ལག་ལེན་དུས་སུའང་རྣམ་འཇོམས་སམ་སྨེ་བརྩེགས་ཀྱི་སྒོ་ནས་བསྒྲུབས་པའི་ཁྲུས་ཆུས་དག་པར་བཀྲུས་ལ་གྲིབ་མར་བསྐམ། དེ་ནས་རྩི་བཞིན་ཏུ་བཏགས་ལ་ཆ་གཉིས་སུ་བྱ། ཆ་གཅིག་ར་དཀར་པོ་དང༌། བ་སེར་སྐྱའི་འོ་མ། གོང་དུ་སྨོས་པའི་མངར་གསུམ་བཅས་སྦྱར་ལ་བུམ་པ་གཙང་མར་བླུགས། དེ་དང་མཉམ་དུ་དབང་བུམ་ཡང་བཤམ། དེ་ནས་སེང་གེ་སྒྲའི་བདག་བསྐྱེད་སྔོན་དུ་འགྲོ་བས་ཐོག་མར་དབང་བུམ་གྱི་བཟླས་པ་ཅུང་ཟད་བྱ། དེ་ནས་རྩི་སྨན་གྱི་བུམ་པ་བདུད་རྩིར་བསྒྱུར་བའི་སྔགས་ཉིད་ཁྲི་སོགས་གཙོ་བོར་
བཟླས་ལ་བྱིན་གྱིས་བརླབ། དབང་བུམ་གྱི་བུམ་ཆུ་དང་རྩི་སྨན་གྱི་བུམ་རྫས་བཅས་སྨན་ཕྱེ་ཆ་གཅིག་དང་སྦྱར་བ་རིལ་བུར་དྲིལ་ལ་གྲིབ་མར་བསྐམ། ལེགས་པར་བསྐམས་པ་དང་རླུང་མི་འཆོར་བའི་སྣོད་གཙང་མར་ཀླུ་སྨན་གྱི་ཕྱེ་མ་ཅུང་ཟད་དང་ལྷན་ཅིག་ཏུ་ཚགས་བྱ། དགོས་དུས་སུ་འོ་མ་དང་དྲི་བཟང་གི་ཆུ་ལ་སྦྱར་ཏེ་རྩི་སྨན་གྱི་བུམ་པར་བླུག་གོ །ཞེས་ཀླུ་སྨན་གྱི་ངོས་འཛིན་འདི་ནི་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས་གནང་བའོ།། ༈ །རྗེས་ཆོག་སྐབས་ཕྱོགས་སྐྱོང་ཡོད་པ་ནི་དཀར་ཤཱཀྱ་གྲགས་དང༌། འཕགས་པའི་དངོས་སློབ་རིན་ཆེན་རྒྱལ་མཚན་གྱིས་བུམ་བཟླས་སྐབས་སུ་གཙོ་བོ་འོད་ཞུ་ཟུར་ཙམ་ལས། འཁོར་རྣམས་གཤེགས་ཞུ་གང་ཡང་མ་བཤད་པས་རྗེས་སུ་གཤེགས་རྒྱུ་ཡིན་ནམ། དེ་གཉིས་ཀས་གཏོར་མགྲོན་ཕྱོགས་སྐྱོང་མ་གཏོགས་ཆ་གསུམ་མ་བཤད་པས་གཏོར་མགྲོན་གཤེགས་པ་གང་ཡིན་ད་རུང་ཟིན་བྲིས་གཞན་རྙེད་ན་བརྟག་དགོས་སོ།། །།
བུམ་གཏེར་གཞུག་པའི་མན་ངག་གསལ་བྱེད་དང་བཅས་པ།
བུམ་གཏེར་གཞུག་པའི་མན་ངག་གསལ་བྱེད་དང་བཅས་པ་བཞུགས་སོ།། ཀླུ་བུམ་གྱི་སྒྲུབ་ཐབས།།
ཨོཾ་སྭ་སྟི་སིདྡྷཾ། མཆོད་རྟེན་ནམ། གཙུག་ལག་ཁང་ངམ། ཁང་བཟང་ལ་སོགས་བཞེངས་པའི་གཞིར་བུམ་གཏེར་འཇུག་པར་འདོད་ན། བུམ་པ་ཡུལ་གང་ཡིན་གྱི་བྲེ་ཚད་པས་མི་ཆུང་བའི་བཅུད་ཤོང་བ། རིན་པོ་ཆེའི་བུམ་པའམ། རྫ་ལ་སོགས་པའི་ཡིན་ནའང་གཙང་མའི་ནང་དུ་རིན་པོ་ཆེ་སྣ་ཚོགས་དང༌། འབྲུ་བཅུད་དང་སྨན་དང་དྲི་བཟང་པོ་ནོར་སྣ་དང༌། ཟས་སྣ་གོས་སྣ་ལ་སོགས་པ་བཅུག་ལ་བཤམ། དེའང་འབྱོར་ན་ཕྱོགས་མཚམས་དབུས་དང་དགུར་རེ་རེ། དེ་མ་འབྱོར་ན་ཕྱོགས་བཞིར་དབུས་དང་ལྔར་རེ་རེ། ཡང་ན་དབུས་སུ་གཅིག་འཇུག་པ་ཡིན། དེ་ལ་བདག་གི་རྣལ་འབྱོར་གང་ཡང་རུང་བ་བསྒོམས་ནས། བཟླས་པ་ཅུང་ཟད་བྱས་ལ་བུམ་གཏེར་བཤམས་པ་དེ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་ཟད་མི་ཤེས་པའི་གཏེར་དང་ལོངས་སྤྱོད་དང་བདུད་རྩིར་བྱིན་གྱིས་བརླབས་ནས་བུམ་པའི་སྟོད་ཀྱི་ཆར། པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་དགུ་རྣམས་ལ་ནཱཾ་དགུ་ལས་ཀླུ་དགུ་བསྐྱེད་པར་བྱ་སྟེ། དབུས་སུ་ནོར་རྒྱས། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང༌། ནུབ་ཏུ་མཐའ་ཡས། བྱང་དུ་བ་རུ་ཎ། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན།
ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟོད་ལྷའི་ལུས་ཅན་ཕྱག་གཉིས་ཀས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ། ཁ་དོག་དག་པའི་ཤེལ་ལྟར་དྭངས་ཤིང་ཡུལ་གྱི་དབང་པོར་སྣ་ཚོགས་སུ་སྣང་བ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཡོན་ཕྱོགས་ནས་རང་དང་འདྲ་བའི་ཆུང་མས་བསྟེན་པར་བསྐྱེད་ནས། གནས་གསུམ་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཨེ་ཧྱེ་ཧི་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཉིས་སུ་མེད་པར་བསྟིམས་ནས། རེ་རེ་ལའང་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་དབུལ་ཞིང་རེ་རེའི་མཆོད་པའི་མཐར་སྔགས་བཟླས་པར་བྱ་སྟེ། ཨོཾ་ཕུཿནཱ་ག་རཱ་ཛ་བཱ་སུ་ཀཱ་ཡ་ཕུཿསྭཱ་ཧཱ། ནོར་རྒྱས་ཀྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཀརྐོ་ཊཱ་ཡ་ཕུཿསྭཱ་ཧཱ། སྟོབས་ཀྱི་རྒྱུའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཤཾ་ཁ་པཱ་ལཱ་ཡ་ཕུཿསྭཱ་ཧཱ། དུང་སྐྱོང་གིའོ། །
ཨོཾ་ཕུཿནཱ་ག་རཱ་ཛ་ཨ་ནནྟཱ་ཡ་ཕུཿསྭཱ་ཧཱ། མཐའ་ཡས་ཀྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་བ་རུ་ཎཱ་ཡ་ཕུཿསྭཱ་ཧཱ། ཆུ་བདག་བ་རུ་ཎའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཏཀྵ་ཀཱ་ཡ་ཕུཿསྭཱ་ཧཱ། འཇོག་པོའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཀུ་ལི་ཀཱ་ཡ་ཕུཿསྭཱ་ཧཱ། རིགས་ལྡན་གྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་པདྨཱ་ཡ་ཕུཿསྭཱ་ཧཱ། པདྨའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་མ་ཧཱ་པདྨཱ་ཡ་ཕུཿསྭཱ་ཧཱ། པདྨ་ཆེན་པོའི་འོ། །མཆོད་པ་དང་སྔགས་རྣམས་སྤེལ་ཞིང་བྱས་ནས། ཀླུའི་གཏོར་མ་བརྒྱ་རྩ་ལ་སོགས་ཕུལ་ལ་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བ་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ནས། འདོམ་གང་ལ་སོགས་པའི་ས་བརྐོས་པའི་འོག་ཏུ་བྱི་དོར་ལེགས་པར་བྱས་ཤིང༌། སྨན་དང་དྲི་བཟང་དང་བཅས་ཏེ་ས་བཟང་པོའི་གནས་སུ་ལེགས་པར་བཞག་ལ་སྒྲོམ་བུ་ལ་སོགས་བྱས་པའི་སྟེང་དུ་ས་གཙང་མས་ལེགས་པར་བཀང་སྟེ་འཐས་པར་བྱ། དེའི་སྟེང་དུ་ཞག་བདུན་ལ་སོགས་པར་དུས་གསུམ་དུ་མཆོད་པ་དང་གཏོར་མ་འབུལ། དེར་དཀོན་མཆོག་གི་རྟེན་ལ་སོགས་པ་བཞེངས་པར་བྱའོ། །དེ་ལྟར་བྱས་པས་འབྱོར་པ་དང༌། ལོ་ལེགས་པ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་རྟེན་འབྲེལ་ཡིན་ནོ། །བུམ་གཏེར་གཞུག་པའི་མན་ངག་བླ་མ་ས་སྐྱ་པས་མཛད་པའོ། །རྟེན་བཞེངས་པ་མ་ཡིན་པའི་གཏེར་བུམ་འཇུག་ནའང༌། ཁང་བཟང་ངམ། ཀླུ་གནས་པའི་སར་བཅུག་ན་ཡུལ་དེར་དཔལ་འཕེལ་བར་འགྱུར་བས་ཚུལ་འདི་བཞིན་ཤེས་པར་བྱའོ།། ༈ །བུམ་གཏེར་གཞུག་པའི་ལག་ལེན་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། མཆོད་རྟེན་ནམ། གཙུག་ལག་ཁང་ངམ། ཁང་བཟང་ལ་སོགས་པ་བཞེངས་པའི་གཞིར་བུམ་གཏེར་འཇུག་པར་འདོད་ན། བུམ་པ་ཡུལ་གང་ཡིན་གྱི་བྲེ་ཚད་བས་མི་ཆུང་བའི་བཅུད་ཤོང་བ་ལྕགས་དང་ར་གན་དང་ཞ་ཉེ་མ་འདྲེས་པའི་རིན་པོ་ཆེའི་བུམ་པའམ། རྫ་ལ་སོགས་པའི་བུམ་པ་ཡིན་ནའང་གཙང་མའི་ནང་དུ། ལྕགས། ར་གན། ཞ་ཉེ་གསུམ་མ་གཏོགས་པའི་རིན་པོ་ཆེ་སྣ་ཚོགས་དང༌། སྐེ་ཚེ། ཤང་ཚེ། བྲ་
བོ་སྲན་མ་རྣམས་མ་གཏོགས་པའི་འབྲུ་བཅུད་དང༌། ཁྱུང་སྡེར། ཚ་བ་གསུམ། དུག་རིགས། གླ་རྩི་རྣམས་མ་གཏོགས་པའི་སྨན་དང༌། དྲི་བཟང་པོ་དང༌། ནོར་སྣ་དང༌། ཤ་ཆང་མ་འདྲེས་པའི་ཟས་སྣ། གོས་སྣ་ལ་སོགས་པ་བཅུག་ལ་བཤམ། འཇིམ་པས་ཁ་བཅད་ལ་དཀར་ཞལ་གྱིས་བྱུག མགྲིན་པ་ཡན་ཆད་རས་གཙང་མས་དཀྲི། དེ་ཡང་འབྱོར་ན་ཕྱོགས་མཚམས་བརྒྱད་དབུས་དང་དགུར་རེ་རེ། དེ་མ་འབྱོར་ན་ཕྱོགས་བཞིར་དབུས་དང་ལྔར་རེ་རེ། ཡང་ན་དབུས་སུ་གཅིག་འཇུག་པ་ཡིན། དེ་ལ་བདག་གི་རྣལ་འབྱོར་སེང་གེ་སྒྲའི་སྒྲུབ་ཐབས་སོགས་གང་ཡང་རུང་བ་བསྒོམས་ནས་བཟླས་པ་ཅུང་ཟད་བྱས་ལ། བུམ་གཏེར་བཤམས་པ་དེ་གཞི་གཙང་མ་ལ། ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཚར་དགུའམ། མ་འབྱོར་ན་གཅིག་དང༌། གཏོར་མ་དགུ་བཤམས་ལ། བུམ་པ་ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། རིན་པོ་ཆེ་དང༌། འབྲུ་བཅུད་ཟས་ནོར་སྣ་ཚོགས་ཀྱིས་ཡོངས་སུ་གང་བར་བསྐྱེད་དེ། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱང་བ་ནི་ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྙིང་གར་བཞག་ལ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཞེས་པས་ཡོ་བྱད་མ་དག་པ་རྣམས་སྦྱངས་ཏེ་སྐྱོན་ཐམས་ཅད་དང་བྲལ་བར་བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཚིགས་བར་མ་རྣམས་བཅག་པ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམ། བདུད་རྩི་འཁྱིལ་པའི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་སྟེ་མཐེ་བོང་བསྣོལ་ལ། ཨོཾ་
ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་རྫས་རྣམས་མགྲོན་སོ་སོའི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་སྤྱོད་པར་དབང་བ་ནི། གཡས་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང༌། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་པས་འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང༌། སེམས་ཅན་རྣམས་ཀྱི་དབང་པོ་ལྔའི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་འབྱུང་བར་བསམ། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅངས་པ་སྙིང་གར་བཞག གཡོན་མཐེ་བོང་ལག་མཐིལ་དུ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་པ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་པས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པ་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང་སེམས་ཅན་རྣམས་ཡོ་བྱད་ལ་རྒྱལ་ཕམ་དང་རྩོད་པ་མེད་པར་སོ་སོའི་མོས་པ་བཞིན་ཐོབ་པར་བསམ། དབང་སྒྱུར་འཁོར་ལོའམ། ལྷ་མགོན་སྤྱིའི་སྔགས་རྒྱས་དབང་དུ་བྱ་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་ལས། མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་ལ། ན་མསྶ་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མཧཱ་ས་མ་ཡ་སྭཱ་ཧཱ། ཞེས་པས་མགྲོན་ཐམས་ཅད་ཀྱང་དམ་ཚིག་དབང་གིས་བདག་ལ་འགོ་ཞིང་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་སྒྲུབ་པར་བསམས་ཏེ། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ཞིང་སྔགས་རྣམས་ལན་གསུམ་ལ་སོགས་པ་བརྗོད་དོ། །དེ་ལྟར་སྔགས་དྲུག་ཕྱག་རྒྱ་དྲུག་གིས་ཡོ་བྱད་རྣམས་ཟད་མི་ཤེས་པའི་གཏེར་དང༌། ལོངས་སྤྱོད་དང༌། བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབ་ནས། དེ་ལྟ་བུའི་བུམ་པའི་སྟོད་ཀྱི་ཆར་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་རྣམས་ལ་ནཱཾ་དགུ་ལས་ཀླུ་དགུ་བསྐྱེད་པར་བྱ་སྟེ།
དབུས་སུ་ནོར་རྒྱས། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང༌། ནུབ་ཏུ་མཐའ་ཡས། བྱང་དུ་ཝ་རུ་ཎ། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྟོད་ལྷའི་ལུས་ཅན། ཕྱག་གཉིས་ཀས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ། ཁ་དོག་དག་པའི་ཤེལ་ལྟར་དྭངས་ཤིང་ཡུལ་གྱི་དབང་པོར་སྣ་ཚོགས་སུ་སྣང་བ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་ཞིང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡོན་ཕྱོགས་ནས་རང་དང་འདྲ་བའི་ཆུང་མས་བསྟེན་པ་བསྐྱེད་ནས་གནས་གསུམ་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཨེ་ཧྱེ་ཧི་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་པས་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྟིམས་ནས། མཆོད་པ་རྣམས་ཡོ་ག་ལྟར་བྱིན་གྱིས་བརླབས་ལ། ནོར་རྒྱས་ལ། ཨོཾ་ཕུཿནཱ་ག་རཱ་ཛ་བཱ་སུ་ཀི་ཕུཿཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་མཚན་སྔགས་རེ་རེ་ཞིང་སྦྱར་བའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང༌། །བསྟེན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་ནོར་རྒྱས་ཁྱོད་ལ་བསྟོད་པར་བགྱི། །ཞེས་པས་བསྟོད། གོང་གི་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་པའི་གཏོར་མ་རྒྱ་ཆེན་པོ་མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་དབུལ་ཞིང༌། ཀླུ་གཞན་རྣམས་ལའང་མཚན་སྔགས་དང་བསྟོད་པ་འདོན་པ་བསྒྱུར་ལ་བྱ། རེ་རེའི་མཆོད་བསྟོད་རྫོགས་པའི་མཐར་སྔགས་བཟླས་པར་བྱ་སྟེ། ཨོཾ་ཕུཿནཱ་ག་རཱ་ཛ་བཱ་སུ་ཀཱ་ཡ་ཕུཿསྭཱ་ཧཱ། །
ནོར་རྒྱས་སོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཀརྐོ་ཊཱ་ཡ་ཕུཿསྭཱ་ཧཱ། སྟོབས་ཀྱི་རྒྱུའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཤཾ་ཁ་པཱ་ལཱ་ཡ་ཕུཿསྭཱ་ཧཱ། དུང་སྐྱོང་གིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཨ་ནནྟཱ་ཡ་ཕུཿསྭཱ་ཧཱ། མཐའ་ཡས་ཀྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཝ་རུ་ཎཱ་ཡ་ཕུཿསྭཱ་ཧཱ། ཆུ་བདག་ཝ་རུ་ཎའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཏཀྵ་ཀཱ་ཡ་ཕུཿསྭཱ་ཧཱ། འཇོག་པོའི་འོ། །ཨོཾ་ཕུཿག་རཱ་ཛ་ཀུ་ལི་ཀཱ་ཡ་ཕུཿསྭཱ་ཧཱ། རིགས་ལྡན་གྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་པདྨཱ་ཡ་ཕུཿསྭཱ་ཧཱ། པདྨའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་མ་ཧཱ་པདྨཱ་ཡ་ཕུཿསྭཱ་ཧཱ། པདྨ་ཆེན་པོའི་འོ། །དེ་ལྟར་སོ་སོའི་མཆོད་པ་དང༌། སྔགས་དང་གཏོར་མ་རྣམས་སྤེལ་ཞིང་བྱས་ནས། ཐུན་མོང་དུ་དཀར་གཏོར་ཆ་བཞིའི་ནང་གི་ཀླུའི་གཏོར་མ་བརྒྱ་རྩ་ལ་སོགས་པ་ཕུལ་ལ། བདག་དང་སྦྱིན་བདག་གམ་ཡུལ་ཕྱོགས་འདིར་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་འདོམ་གང་ལ་སོགས་པའི་ས་བརྐོས་པའི་འོག་ཏུ་བྱི་དོར་ལེགས་པར་བྱས་ཤིང༌། སྨན་དང་དྲི་བཟང་དང་བཅས་པའི་ས་བཟང་པོའི་གནས་སུ་ལེགས་པར་བཞག་ལ་སྒྲོམ་བུ་ལ་སོགས་པ་བྱས་པའི་སྟེང་དུ་ས་གཙང་མས་ལེགས་པར་བཀང་སྟེ་འཐས་པར་བྱ། དེའི་སྟེང་དུ་ཞག་བདུན་ལ་སོགས་པར་དུས་གསུམ་དུ་མཆོད་པ་དང་གཏོར་མ་འབུལ། དེར་དཀོན་མཆོག་གི་རྟེན་ལ་སོགས་པ་བཞེངས་པར་བྱའོ། །དེ་ལྟར་བྱས་པས་འབྱོར་པ་དང་ལོ་ལེགས་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་རྟེན་འབྲེལ་ཡིན་ནོ། །རྟེན་བཞེངས་པ་མ་ཡིན་པའི་གཏེར་བུམ་འཇུག་ནའང་ཁང་བཟངས་སམ། ཀླུ་གནས་པའི་སར་བཅུག་ན་ཡུལ་དེར་དཔལ་འཕེལ་བར་འགྱུར་བས་ཚུལ་འདི་བཞིན་ཤེས་པར་བྱའོ། །བུམ་གཏེར་གཞུག་པའི་མན་ངག་བླ་མ་ས་སྐྱ་པ་ཆེན་པོས་མཛད་པ་གཞིར་བཞག་སྟེ། གསལ་བྱེད་ཅུང་ཟད་བར་སྐབས་སུ་ཞབས་ཏོག་གི་ཚུལ་དུ་སྦྱར་བ་འདིའང་དོན་གཉེར་མང་པོས་བསྐུལ་བའི་ངོར། བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཨེ་ཝཾ་དུ་བྲིས་
པའོ། །བག་ཟན་ལ་ཀླུ་གཟུགས་བྱས་ནས་བུམ་ནང་དུ་འཇུག་པ་སོགས་ལག་ལེན་མ་དག་པ་རྣམས་ཀྱིས་འདི་ལ་བསྲེ་བསླད་མ་བྱེད་ཅིག། ༈ །བུམ་གཏེར་ལྷན་ཐབས་བཞུགས། བུམ་གཏེར་གྱི་ཕྱག་ལེན་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡིག་ཆར་མི་གསལ་བ། སྔགས་འཆང་ཆེན་པོའི་གསུང་ཅུང་ཟད་བརྗོད་ན། བུམ་པ་རྣམས་དཀར་ཞལ་གྱིས་བྱུག མདུན་མི་འཁྲུགས་པའི་རྟགས་བྱ། སྦྱིན་བདག་སོགས་ཀྱིས་འབྱོར་ན་ཀླུ་རེ་རེ་ལ་བུམ་པ་རེ་རེ་སྟེ་དགུ་བྱ། དབུས་ཀྱི་བུམ་པའི་མདུན་འཇིག་རྟེན་པའི་ཤར་ལ་བསྟན། ཕྱོགས་མཚམས་བརྒྱད་ཀྱི་བུམ་པའི་མདུན་དབུས་སུ་བསྟན། ཡང་བུམ་པ་གཅིག་དང་ལྔ་ལ་སོགས་པ་བྱེད་ན་བུམ་པ་རེ་རེའི་ནང་དུ་ཀླུ་དགུ། པད་འདབ་ཀྱི་དབུས་དང་ཕྱོགས་མཚམས་སུ་བསྐྱེད། བུམ་པ་གཅིག་ཡིན་ན་མདུན་འཇིག་རྟེན་པའི་ཤར་དུ་བསྟན། ལྔ་ཡིན་ན་དབུས་ཀྱི་བུམ་པའི་མདུན་གོང་བཞིན་ཤར་དང༌། ཕྱོགས་བཞིའི་མདུན་དབུས་སུ་བསྟན། བུམ་ནང་དུ་བག་ཟན་དང་འཇིམ་པ་ལས་ཀླུ་གཟུགས་བཅོས་ནས་འཇུག་པ་ནི་མི་ལེགས་ཏེ་ཆག་གྲུམ་གྱི་སྐྱོན་བྱུང་ན་ཕན་ལས་གནོད་ཆེ་བས་མི་ལེགས་པས་སྤང་བར་བྱའོ། །ས་ལོ་ཆེན་པོས་དུག་ཤིང་མ་ཡིན་པའི་ཤིང་ལེབ་སྒོར་མོ་ཡུ་བ་ཅུང་ཟད་ཡོད་པ་ལ་ཀླུའི་གཟུགས་བསྐྱེད་ཆོག་དང་མཐུན་པ་ཆུང་མ་དང་བཅས་པ་བྲིས་ལ། ཁ་ཆེས་བྱུགས་པ་བུམ་པའི་དབུས་དང་ཕྱོགས་མཚམས་བརྒྱད་དུ། དབུས་སུ་ནོར་རྒྱས་ཞལ་བུམ་པའི་མདུན་ཕྱོགས་དང༌། གཞན་ཕྱོགས་མཚམས་བརྒྱད་དུ། ཤར་ཕྱོགས་སུ་སྟོབས་རྒྱུ་སོགས་ཞལ་དབུས་སུ་བསྟན་པ་བཅུག དེ་སྟེང་འབྲུ་སོགས་ཀྱིས་བཀང་བ་མཛད་པས་འདི་ནི་ལས་དང་པོ་པ་རྣམས་དམིགས་པ་གསལ་བས་ཤིན་ཏུ་ལེགས་པར་མངོན་ལ། ཡང་ཏིང་ངེ་འཛིན་གསལ་ཞིང་བརྟན་པ་དང་རི་མོ་བ་སོགས་མ་འབྱོར་ན་རྗེ་ས་སྐྱ་པ་ཆེན་པོའི་གསུང་བཞིན་བྱའོ། །བདག་བསྐྱེད་
སེང་གེ་སྒྲ། མཇུག་གི་བཟླས་པའི་མཆོད་བསྟོད་འདོད་དོན་གསོལ་གདབ་པར་བྱ། དམ་ཡེ་ཕྱེ་བ་མི་འཇུག་གོ །བུམ་གཏེར་རྣམས་གཞི་གཙང་མ་ལ། བུམ་པ་དུ་ཡོད་ན་རེ་ག་ལ་སོགས་པ་ཚོན་དཀར་པོས་པདྨ་འདབ་བརྒྱད་ཆེ་བར་བྲིས། ལྟེ་བ་དང་འདབ་མ་རྣམས་ལ་བུམ་པ་དགུ་པོ་བཀོད། ཡང་བུམ་པ་ལྔ་དང་གཅིག་ལ་སོགས་པ་དང༌། ཕྱོགས་གཅིག་བསྒྲུབས་ནས་ནམ་དགོས་དུས་བྱས་ཆོག་པའི་དབང་དུ་བྱས་ཏེ། བུམ་པ་ལ་སོགས་པ་དུ་ཡོད་ནའང༌། བུམ་པ་རེ་རེའི་ནང་དུ། ཀླུ་དགུ་ཀ་བསྐྱེད་པ་ཡིན་པས། པད་འདབ་བརྒྱད་པ་ཆུང་ངུ་རེ་བྲིས་ལ། དེ་སྟེང་བུམ་པ་རེ་འཇོག་པ་ཡིན་ནོ། །ཡང་ཚོན་ལ་སོགས་པ་མ་འབྱོར་ན། ནས་འབྲས་གང་རུང་གིས་བུམ་པ་རེ་ལ་ཚོམ་བུ་བརྒྱད་རེ་བཀོད་པ་པདྨ་འདབ་བརྒྱད་ཀྱི་མཚོན་བྱེད་དུ་མཛད་པ་ཕྱག་ལེན་ལྟར་བྱས་ལ་དེ་སྟེང་འཇོག་པ་ཡིན་ནོ། །མཆོད་གཏོར་རྣམས་འབྱོར་ན་ཀླུ་རེ་རེ་ལ་དམིགས་ནས་ཚར་རེ་བཤམ་པ་ཡིན་ནོ། །མ་འབྱོར་ན་ཚར་གཅིག གཏོར་མ་རྣམས་ལ་ཁུར་བ་སོགས་སྐམ་གྱི་རིགས། བུ་རམ། སྦྲང་རྩི། ཀ་ར། འོ་མ། མར་ཐུད་ལ་སོགས་པ་དཀར་གསུམ་མངར་གསུམ་གྱི་ཁ་ཟས་གཙང་མ། རྒུ་འབྲུམ་སོགས་ཤིང་ཐོག་གི་རིགས་གང་འཛོམ་གཏོར་མའི་མཐར་བཞག འདི་རྣམས་ལ་ཤ་ཆང་ལ་སོགས་པ་ཀླུ་ལ་གནོད་པའི་རིགས་ཅུང་ཟད་ཙམ་ཡང་མ་འདྲེས་པ་དང༌། ཁྱད་པར་རྫས་དང་ཡོ་བྱད་ཐམས་ཅད་གཙང་སྦྲ་ཤིན་ཏུ་ཆེ་བ་རང་དགོས་སོ། །སྔགས་དྲུག་ཕྱག་དྲུག་གི་སྐབས་སུ། འགོ་ཞིང་སྲུང་སྐྱོབ་མཛད་ནས་ཞེས་པའི་རྗེས་སུ་བར་ཆད་ཐམས་ཅད་ཞི་བ་དང༌། ཕན་བདེའི་ཕྲིན་ལས་འབའ་ཞིག་སྒྲུབ་ཅིང་སེམས་ཅན་གྱི་དོན་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛད་པར་གྱུར། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ཞིང་ཞེས་པ་སྔགས་རེ་བརྗོད་པ་དང་བསྟུན། ཕྱག་རྒྱ་གནས་སོ་སོར་བསྐོར་ཏེ་ཕྱོགས་བཅུར་བསྟན་པའི་མོས་པ་བྱེད་པ་ཡིན། གཏོར་མའི་རྗེས་སུ་མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདི་
ཉིད་ཀླུ་རྒྱལ་ནོར་རྒྱས་འཁོར་དང་བཅས་པ་ལ་འབུལ་ལོ། །བདག་དང་སྦྱིན་བདག་ལ་ཀླུའི་གནོད་པ་མི་འབྱུང་ཞིང་ཡུལ་ཕྱོགས་འདིར་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་པའི་འདོད་དོན་གསོལ་གདབ་དང༌། བཟླས་པའི་མཇུག་ཏུའང༌། ཀླུའི་རྒྱལ་པོ་ནོར་རྒྱས་འཁོར་དང་བཅས་པས། བདག་དང་སྦྱིན་བདག་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྩལ་ཞིང་གནས་འདིར་བཀྲ་ཤིས་དང་དགེ་ལེགས་འབྱུང་བར་མཛད་དུ་གསོལ། ཞེས་སྨོན་ལམ་བཏབ་གཞན་ལའང་ཀླུའི་མིང་བསྒྱུར་མ་གཏོགས་འདྲ། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་ལག་པ་གཡོན་ཁུ་ཚུར་བཅངས་པའི་མཐེ་བོང་དང་མཐེའུ་ཆུང་བསྒྲེང༌། གཡས་ཀྱི་སོར་མོ་རྣམས་སྦྲུལ་མགོའི་གདེངས་ཀ་ལྟར་བསྒྲེངས་ནས། གཡོན་གྱི་མཐེ་བོང་གི་སྟེང་དུ་གདུགས་ཕུབ་པ་ལྟར་སྦྱར་ལ་བསྐོར་ཞིང༌། ཨོཾ་ཧི་ལི་སོགས་དང༌། ཨོཾ་བྷཀྵ་སོགས་བརྒྱ་རྩ་གཅིག་གིས་གཏོར་མ་ཕུལ། ཏིང་ཤག་རྡུང་ཞིང་ཀླུའི་རྒྱལ་པོ་བརྒྱད་ཀྱིས་སོགས་འདོད་དོན་གསོལ་གདབ་ཀྱི་ཚེ། སྦྱིན་བདག་གམ་ནད་པ་ཡོད་ན་དེའི་མིང་ནས་བརྗོད་པ་སོགས་སྦྱར་རོ། །རྡོ་སྒྲོམ་དུ་འཇུག་ཚེ་འཇིམ་པ་སོགས་ཀྱིས་ཚགས་བསྡམ། ཀླུ་ལ་མི་གནོད་པའི་དྲི་བཟང་བསྲེས་པའི་ས་བཀྲམ་ཞིང་བཅགས། དེའི་སྟེང་དུ་ཆུ་རྡོ་གཙང་མས་ཅུང་ཟད་བཀང་བའི་སྟེང༌། རས་སམ་དར་དཀར་པོ་སོགས་གཙང་མ་བཀྲམ། ནས་འབྲས་སོགས་འབྲུ་སྣ་དང་དར་སྣ་ཚོགས་རིན་པོ་ཆེ་སོགས་དྲི་བཟང་དང་བཅས་པའི་སྟེང་དུ་བུམ་པ་གོང་དུ་བཤད་པ་ལྟར་མང་ཉུང་ལ་དཔག་པའམ། མདུན་འཇིག་རྟེན་པའི་ཤར་དུ་བསྟན་ལ་བཞུགས་སུ་གསོལ། དེའི་གོང་དུ་བཤད་པ་ལྟར་གྱི་འབྲུ་ལ་སོགས་པ་ཐམས་ཅད་གང་འཛོམ་བླུག དར་རམ་རས་འོག་ཏུ་བཏིངས་པས་གྲིལ་ཏེ་བཞག་གོ །དེའི་མཐར་མཆོད་པ་དང་གཏོར་མ་ཟས་སྣ་ཐམས་ཅད་སྤུངས། དེའི་སྟེང་དང་ལོགས་ཐམས་ཅད་ཆུ་རྡེལ་གཙང་མས་
སྲུབ་མེད་པར་བཀང་འདི་ནི་བྱི་བའི་སྐྱོན་མེད་པའི་ཆེད་ཡིན། དེའི་སྟེང་ས་གཙང་མ་མཆོད་པའི་ཆུ་དང་དྲི་བཟང་གིས་སྦགས་པའི་འཇིམ་པས་བཀང་ལ་འཐས་པར་བཅགས། དེའི་སྟེང་རྡོའམ་གཡམ་པ་རྒྱ་ཆེ་བས་བཀབ་ལ་བུམ་པ་ལ་སྐྱོན་མི་འབྱུང་བར་བྱས་ཏེ། དེའི་ཁར་ས་ཇི་ལྟར་རིགས་པར་བརྡུང་ཞིང་འཐས་པར་བཅགས། གཞན་ཡང་ཞལ་བ་ལ་སོགས་པ་གང་འོས་གཞན་གྱི་གནོད་པ་མི་འབྱུང་བ་ཐབས་སྣ་ཚོགས་བྱ། དེ་ནས་བཀྲ་ཤིས་སོགས་འདྲ། ཡང་བུམ་པ་དགུ་དང་ལྔ་ལ་སོགས་པ་འཇུག་ནའང་གོང་བཞིན་གྱི་སྒྲོམ་བུ་སོགས་བུམ་པའི་གྲངས་དང་བསྟུན་ནས་བྱེད། མདུན་སྟོན་ཚུལ་གོང་བཤམ་གྱི་སྐབས་སུ་བཤད་པ་ལྟར་ཡིན། བུམ་པ་ལྷག་མ་རྣམས་ཤ་ཆང་གི་དྲི་མེད་པའི་ས་ཕྱོགས་གཙང་མར་འབྲུ་ལ་སོགས་པའི་སྟེང་དུ་བཞུགས་སུ་གསོལ། ནམ་དགོས་དུས་སྤྱན་དྲངས་ནས་གོང་བཞིན་མཆོད་གཏོར་ཕྲིན་བཅོལ་སོགས་བྱས་ལ། བུམ་པ་རྣམས་འཇུག་ལུགས་གང་འོས། བཀྲ་ཤིས་དང་ཞག་བདུན་གྱི་བར་ཀླུ་གཏོར་གཏོང་བ་སོགས་ལག་ལེན་ཐམས་ཅད་གོང་དང་འདྲ་བར་བྱའོ། །འདིའང་དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་སོ། །བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།མངྒ་ལཾ།། །།
དཔལ་ས་སྐྱ་པའི་གསེར་ཆོས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་ངག་སྲུང་འགྲོལ་གྱི་གདམས་པ་ཟབ་མོའི་སྐོར་རྣམས།
དཔལ་ས་སྐྱ་པའི་གསེར་ཆོས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་ངག་སྲུང་འགྲོལ་གྱི་གདམས་པ་ཟབ་མོའི་སྐོར་རྣམས་བཞུགས་སོ།།
བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཀྱི་གདམས་པ། བླ་མ་བ་རི་ལོ་ཙཱ་བ་ལས་བརྒྱུད་པ་འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲའི་སྒོ་ནས་ངག་སྲུང་འགྲོལ་གྱི་ཐབས་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོའི་སྟེང་དུ་སིཾ་ལས་སེང་གེ་དཀར་མོ་ཉལ་ཐབས་སུ་གནས་པ། མགོ་བོ་གཡས་སུ་བསྟན་ཅིང་རལ་པ་དམར་སེར་ཐུར་དུ་འཕྱང་བ། གདོང་གྱེན་དུ་ཕྱོགས་པས་བཅོམ་ལྡན་འདས་ལ་ལྟ་བ། དེའི་རྒྱབ་ཏུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཚིག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་བའི་སྤྱན་གསུམ་པ། ཞལ་འཛུམ་བག་དང་ལྡན་པ། ཕྱག་གཡས་པུས་མོའི་སྟེང་ན་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་ཕྱག་མཐིལ་ཟླ་བའི་གདན་ལ་བརྟེན་པས་པདྨ་དམར་པོ་ཡུ་བ་ནས་བཟུང་ནས་འདབ་མ་སྙན་གྱི་ཐད་ཀར་བྱེ་བའི་སྟེང་ན་ཤེས་
རབ་ཀྱི་རལ་གྲི་སྔོ་བསངས་ཡོད་པ། དབུ་སྐྲ་རལ་པའི་ཟུར་ཕུད་གསུམ་བཅིངས་པའི་སྟེང་ན་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་བཞུགས་པ། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཚངས་པའི་སྐུད་པ་དཀར་པོས་སེ་རལ་ཁར་དཀྲིས་པ། དར་དམར་པོའི་ཤམ་ཐབས་ཅན། སྐུ་ཅུང་ཟད་སྐེམ་ཞིང་གྲིམ་པ། གཡོན་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཀ་པཱ་ལ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དྲི་བསུང་ལྡང་བ། གཡས་སུ་རྩེ་གསུམ་གྱི་ཡུ་བ་ལྗང་གུ་ལ་སྦྲུལ་དཀར་པོ་འཁྲིལ་བ། གཡོན་གྱི་པདྨའི་དྲི་བསྣམས་པའི་ཚུལ་ཅན་བསམ། རང་གི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨོཾ། མདུན་གྱི་འདབ་མའི་སྟེང་དུ་ཨཱཿ གཡས་སུ་ཧྲཱིཿ རྒྱབ་ཏུ་སིཾ། གཡོན་དུ་ཧཱུྃ་དཀར་པོ་རྣམས་ལས་འོད་འཕྲོས། ཐོག་མར་མགྲིན་པ་དང་ཁའི་ནང་འོད་ཀྱིས་ཁེངས། མཐར་ལུས་ཐམས་ཅད་ཀྱང་འོད་ཀྱིས་གང་བས་ནད་གདོན་སྡིག་སྒྲིབ་ཉེས་སྐྱོན་ཐམས་ཅད་ཉི་མའི་འོད་ཀྱིས་མུན་པ་སངས་པ་ལྟར་ཞི་ཞིང་དག་པར་བསམས་ལ་ངག་ཏུ། ཨོཾ་ཨཱཿཧྲཱིཿསིཾ་ཧཱུྃ། ཞེས་བརྒྱ་ཙམ་བཟླས་ལ་མཐར་ལག་པ་
གཡས་གཡོན་གྱི་སྲིན་མཛུབ་གཉིས་ཀྱི་དྲི་མ་བཀྲུས་སེན་རྩེ་ཟལ་ཟེལ་མེད་པར་བྱས་ལ། སེན་མོའི་ཚིགས་ཡན་ཆད་ཧྲིཿཡིག་དཀར་པོར་བསམ། དེའི་གི་གུའི་ནང་དུ་ཨོཾ། མགོ་བོའི་ནང་དུ་ཨཱཿ གདོང་དུ་ཧྲཱིཿ ཁོག་པར་སི། ར་ཏའི་དཀྱིལ་དུ་ཧཱུྃ་རྣམས་གསལ་བར་བསྒོམས་ཏེ། སྔགས་བཟླས་པའི་མཆིལ་མ་སྲིན་མཛུབ་གཉིས་ལ་བསྐུས་ལ། སྲིན་མཛུབ་གཡོན་པའི་རྩེ་མོའི་མདུན་ངོས་ཀྱི་ཡ་སོའི་རྩ་བ་མཉེས་ལ། མིག་གཡས་པའི་འགུག་ནས་མཐའི་བར་ལ་ནང་དུ་བྱུག དེ་བཞིན་དུ་མ་སོའི་རྩ་བ་མཉེས་ལ་མིག་གཡོན་པའི་འགུག་ནས་མཐའི་བར་བྱུག སྲིན་མཛུབ་གཡས་པས་ཀྱང་གོང་ལས་བཟློག་ཏེ་སོ་ལ་བྱུག་ཅིང་མིག་ལ་བསྐུའོ། །དེས་སོ་དང་མིག་གཉིས་སྐྱོན་ཞི་བར་འགྱུར། མཐར་མགྲིན་པའི་སྔགས་རྣམས་འོད་དུ་ཞུ་པདྨ་ལ་ཐིམ། པདྨ་འོད་དུ་ཞུ་མགྲིན་པ་དང་ཁ་ལྕེའི་ནང་ཐམས་ཅད་འོད་ཀྱིས་གང་བས་ངག་གི་ཉེས་སྐྱོན་ཐམས་ཅད་དང་བྲལ་བར་བསམ་མོ། །འདི་ཐོ་རངས་གཞན་དང་ངག་མ་འདྲེས་པའི་དུས་བྱེད་པའམ། དུས་ནམ་ཡང་རུང་བ་ལ་ཆག་མེད་དུ་ཉམས་སུ་བླངས་པས་གཞན་གྱིས་ངག་མནན་པ་སོགས་ངག་གི་བར་ཆད་ཐམས་ཅད་འགྲོལ་བ་འདི་ལས་ཟབ་པ་མེད་པར་ཡིད་ཆེས་ཤིང༌། མིག་རྣོ། སོ་མཁྲེགས། འདི་ཉམས་སུ་ལེན་པ་དེ་ལ་གྲེ་བ་ལ་རུས་ཟེལ། ཉ་རུས། གྲ་རྒོད་ལ་སོགས་པའི་གནོད་པ་མི་འབྱུང་བ་ཉམས་སུ་མྱོང་བ་དང་བཅས་པ་ཡིན་ནོ། །རྗེ་བཙུན་ས་སྐྱ་པའི་ངག་སྲུང་འགྲོལ་གྱི་མན་ངག་མངོན་སུམ་འཕྲལ་དུ་བྱིན་རླབས་འབྱུང་བ་བླ་མ་ཀླུ་པའི་གསེར་ཆོས་བཅུ་བཞིའི་ནང་ཚན་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་ཞུས་དག་པར་བྱས་པ་ས་སྐྱ་ཚད་ལ་མེད་པའོ།། ༈ །དཔལ་ལྡན་ས་སྐྱ་པའི་གསེར་ཆོས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་བཞུགས་སོ། །བླ་མ་དང་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །
འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་བསྒོམ་པར་འདོད་པའི་གང་ཟག་གིས། འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་ཤ་ཆང་སྒོག་བཙོང་ལ་སོགས་པ་སྤང་གཙང་སྦྲ་ལ་གནས་པས། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ཞེས་ལན་གསུམ་མམ་བདུན་ནམ་ཉེར་གཅིག་ལ་སོགས་པ་བརྗོད། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྒོམ་བཟླས་ཀྱི་རིམ་པ་ཉམས་སུ་བླང་བར་བགྱིའོ་ཞེས་དོན་དྲན་བཞིན་པས་ལན་གསུམ་བརྗོད། དེ་ནས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་སེང་གེ་སྒྲར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སེང་གེ་སྒྲ་ལ་བླ་མ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཨ་ཝ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་རེ་བྷྱཿཞེས་པས་ཕྱག་བྱ། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་ལན་གསུམ་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ།
སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་སེང་གེ་དཀར་མོ་མགོ་གཡས་སུ་བསྟན་པ། གདོང་གྱེན་དུ་ཕྱོགས་པ་རལ་པ་དམར་སེར་ཐུར་དུ་འཕྱང་བ་བདེ་བར་ཉལ་བ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པའི་སྟེང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རབ་ཏུ་ཞི་བའི་སྤྱན་གསུམ་དང་ལྡན་ཞིང༌། ཞི་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་རལ་པའི་ཐོར་ཅོག་ཟུར་ཕུད་གསུམ་དང་ལྡན་པའི་སྟེང་ན་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་བཞུགས་པ། ཕྱག་གཡས་པུས་མོ་གཡས་པའི་སྟེང་ན་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་པདྨ་དམར་པོའི་རྩ་བ་ནས་བཟུང་ནས་ཕྱག་མཐིལ་ཟླ་བའི་གདན་ལ་གཏད་དེ་ཅུང་ཟད་ངལ་བསོ་བའི་ཚུལ་དུ་བགྱིང་བག་དང་བཅས་ཏེ་བཞུགས་པ་པདྨའི་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་སྔོན་པོ་རྩེ་ལ་མེ་འབར་བ་ཡོད་པ། རི་དྭགས་ཀྲྀཥྞ་སཱ་རའི་པགས་པ་ཕྲག་གོང་གཡོན་དུ་བཀལ་ནས་ནུ་མ་གཡོན་པ་བཀབ་པ། སྲད་བུ་དཀར་པོ་ཉིས་སྐོར་ཕྲག་གོང་གཡོན་པའི་སྟེང་ནས་མཆན་ཁུང་གཡས་པའི་འོག་ཏུ་སེ་རལ་ཁའི་རྣམ་པར་དཀྲིས་ཤིང་འཕྱང་བའི་མཆོད་ཕྱིར་ཐོགས་པ་ཐོགས་ཤིང༌། དར་དམར་པོའི་ཤམ་ཐབས་ཅན། དྲང་སྲོང་དཀའ་ཐུབ་སྤྱོད་པའི་ཚུལ་ཅན། སྐུ་ཅུང་ཟད་སྐེམ་ཞིང་གྲིམ་པ། གཞན་རིན་པོ་ཆེ་ལ་སོགས་པའི་རྒྱན་ཐམས་ཅད་བྲལ་བ། ཞབས་གཉིས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། དེའི་གཡས་ཕྱོགས་སེང་གེའི་མདུན་དུ་ཏྲི་ཤཱུ་ལ་རྩེ་གསུམ་ཡུ་བ་ལྗང་གུ་རྩེ་གསུམ་སྔོ་སྐྱ་མཐོ་
ཞིང་དྲང་བ་ལ་སྦྲུལ་དཀར་པོའི་ལྟོ་རིས་དམར་སྐྱས་མཚན་པ་མ་རེག་པར་འཁྲིལ་བ། གཡོན་ཕྱོགས་པདྨ་དམར་པོའི་སྟེང་དུ་ཀ་པཱ་ལ་དཀར་པོ་ཀླུའི་དམ་རྫས་དྲི་བསུང་ཞིམ་པོ་ཀླུ་ཤིང་གི་མེ་ཏོག་འབྲས་བུ་ཁ་དོག་སྣ་ཚོགས་ཀྱིས་བཀང་བ་གཡས་ཕྱོགས་ཀྱི་སྦྲུལ་དེ་ཉིད་ཀྱི་སྣ་ནང་དུ་འགྲོ་བའི་ཚུལ་ཅན། དེ་བཞིན་གཤེགས་པ་རིགས་ལྔའི་སྤྲུལ་པའི་གཟུགས་སྤྲོ་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་སྟོད་དུ་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་གྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་མཆོད། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པས་རབ་བརྒྱན་པ། །སྤྱན་རས་གཟིགས་སུ་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །པདྨ་ཟླ་བའི་གདན་སྟེང་དུ། །མི་འཇིགས་སེང་གེའི་ཁྲི་ལ་བཞུགས། །དཀར་གསལ་གངས་ལ་ཉི་ཤར་འདྲ། །དྲང་སྲོང་ཆེན་པོའི་ཆ་ལུགས་ཅན། །སྣང་བ་མཐའ་ཡས་སྤྲུལ་པའི་སྐུ། །གང་གི་ཡིད་ལ་དྲན་ཙམ་གྱིས། །ནད་གདོན་སྡུག་
བསྔལ་ཞི་མཛད་པའི། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་དེའི་མཐར་སྔགས་ཀྱི་ཕྲེང་བ་མུ་ཏིག་གི་རྡོག་མ་ལྟར་དཀར་ཞིང་འོད་ཟེར་འཕྲོ་བ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་སྐྱ་ཧྲམ་མེ་ཡོད་པར་བསམ། དེ་ལས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། རང་གི་ལུས་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཁྱད་པར་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ཉི་མ་ཤར་བས་མུན་པ་རང་སངས་སུ་སོང་བ་ལྟར་བྱང་ཞིང་དག ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཁྱབ་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས། སེམས་ཅན་ཐམས་ཅད་དང་ཁྱད་པར་རང་ཉིད་ལ་གནོད་པའི་ཀླུ་གཉན་ས་བདག་རྣམས་ལ་འོད་ཟེར་དེ་ཉིད་ཕོག་པས་དེ་རྣམས་ཀྱི་ལུས་ཀྱི་ནད་དང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་བྱང་ཞིང་དག ལུས་སེམས་ཅན་ཐམས་ཅད་དགའ་བདེས་ཁྱབ་པར་བསམ། དེ་ལྟ་བུའི་དམིགས་པ་དང་མ་བྲལ་བའི་ངང་ནས། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་པའི་སྙིང་པོ་འདི་ཉིད་འབུམ་ཕྲག་ལྔའམ་ཞག་ཉེར་གཅིག་བར་ལ་སོགས་པར་བཟླའོ། །ཐུན་མཚམས་སུ་གཟུངས་བཟླ་བར་འདོད་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊ། བི་དྱེ་སྭཱ་ཧཱ། ཞེས་ཉེར་གཅིག་ལ་སོགས་པ་བཟླས་པའི་མཐར། གོང་ལྟར་མཆོད་བསྟོད་བྱས་པའི་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །འཇིག་རྟེན་དབང་ཕྱུག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་སོགས་བརྗོད། དེ་ལྟར་ཉམས་སུ་བླངས་པས་སྤྱིར་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་འགྱུར་ཞིང༌། ཁྱད་པར་ཀླུ་དང་ས་བདག་
གི་གནོད་པ་ཐམས་ཅད་རང་ཞིར་འགྱུར་བ་ནི་ཡང་དང་ཡང་དུ་མྱོངས་པས་གྲུབ་པའོ། །ཞེས་དཔལ་ལྡན་ས་སྐྱ་པའི་གསེར་ཆོས་ཟབ་མོ་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་ཀྱི་ངག་འདོན་གསལ་བར་བཀོད་པ་འདི་ནི་བསྟན་པའི་སྦྱིན་བདག་མི་དབང་གཞོན་ནུ་ཆོས་སྐྱོང་ལྷུན་གྲུབ་ཀྱི་ཉམས་བཞེས་སུ་བནྡེ་བློ་གསལ་གྱིས་སྦྱར་བ་དགེ་ཞིང་བཀྲ་ཤིས་ཤོག། ༈ །སེང་གེ་སྒྲའི་སྒྲུབ་ཐབས་རྨོར་ཆེན་གྱིས་མཛད་པ་བཞུགས་སོ། །རང་འཕགས་པ་སེང་གེ་སྒྲར་གསལ་བའི་ལྕེའི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨོཾ། མདུན་དུ་ཨཱཿ གཡས་སུ་ཧྲཱིཿ རྒྱབ་ཏུ་སིཾ། གཡོན་དུ་ཧཱུྃ་རྣམས་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་ཐོག་མར་ཁ་དང་མགྲིན་པའི་ནང་ཐམས་ཅད་འོད་དེས་ཁེངས་པས་ངག་གི་ཉེས་སྐྱོན་ཐམས་ཅད་བྱང་ཞིང་དག འོད་དེས་རང་གི་ལུས་ཀྱི་ནང་ཐམས་ཅད་ཁེངས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་མྱོང་བར་ངེས་པའི་ལས་ངན་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བསམས་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧཱུྃ། ཞེས་པ་ཅི་མང་ལྔ་བརྒྱ་ཙམ་བཟླས། ཡིག་འབྲུ་རྣམས་ཐར་རང་གི་ལུས་ལ་ཐིམ་པར་བསམ། འདི་རྒྱུན་དུ་བྱ། གྲེ་བ་རུ་ཚེར་མ་ཟུག་པ་སོགས་དང༌། གཞན་གྱིས་ངག་མནན་བྱས་པ་སོགས་ངེས་པར་སེལ་ནུས་པས་ས་སྐྱ་ཚད་ལ་མེད་པའི་གསེར་ཆོས་ཀྱི་གདམས་པ་ཤིན་ཏུ་ཟབ་པའོ། །ཡང་འདི་ལ་བརྟེན་ནས་མིག་འགྲིབ་དང་རབ་རིབ་སོགས་མིག་ནད་ཞི་བར་འདོད་ན། སྔགས་ཅི་མང་བཟླས་པའི་མཆིལ་མ་རང་གི་ལག་པ་གཡས་གཡོན་གྱི་སྲིན་ལག་རྩེར་གདབ། སྲིན་ལག་གི་ཚིགས་དང་པོ་ན་ཧྲཱིཿདཀར་པོ་ཞིག་བསྒོམ། ཧྲཱིཿའི་གི་གུའི་ནང་དུ་ཨོཾ། མགོ་བོའི་ནང་དུ་ཨཱཿ ཁོག་པའི་ནང་དུ་ཧྲཱིཿ ར་ཏའི་ནང་དུ་སིཾ། འའི་ནང་དུ་ཧཱུྃ་བསམ། ཐོག་མར་ལག་པ་གཡོན་པའི་སྲིན་ལག་གིས་ཡ་སོའི་རྩ་བ་མཉེ། མིག་གཡས་པའི་
ནང་ཁུག་ནས་ཕྱིར་ཕྱི། མ་སོའི་རྩ་བ་མཉེ། མིག་གཡོན་པའི་ནང་ཁུག་ནས་ཕྱིར་ཕྱི། ཡང་ལག་པ་གཡས་པའི་སྲིན་ལག་གིས་ཡ་སོའི་རྩ་བ་མཉེ། མིག་གཡོན་པའི་ནང་ཁུག་ནས་ཕྱིར་ཕྱི། མ་སོའི་རྩ་བ་མཉེ་མིག་གཡས་ཀྱི་ནང་ཁུག་ནས་ཕྱིར་ཕྱི། འདི་དམར་སྐྱུར་མ་ཟོས་པའི་གོང་དུ་ཆག་མེད་ཉམས་སུ་བླང་ན་མིག་གི་ནད་མཐའ་དག་སེལ་བ་མྱོང་བས་གྲུབ་བོ། །འདི་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ་ཀྱི་དྲུང་དུ་ཐོབ་བོ།། །།དགེའོ།།
ཐུགས་རྗེ་ཆེན་པོའི་མིག་འབྱེད་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་བྱོན་གསལ་བྱེད་དང་བཅས་པའི་སྐོར་རྣམས།
ཐུགས་རྗེ་ཆེན་པོའི་མིག་འབྱེད་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་བྱོན་གསལ་བྱེད་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ཐུགས་རྗེ་ཆེན་པོའི་སྤྱན་འབྱེད་ཀྱི་ལོ་རྒྱུས་ནི། དགེ་བའི་བཤེས་གཉེན་ཉང་སྟོན་སྒྲུབ་པོས་ལྷོ་བྲག་མཁར་ཆུའི་གཏེར་ནས་བཏོན། དེས་ཁོ་རང་གི་སྤྱན་གསལ་བར་བྱས། དེ་ནས་དགེ་བའི་བཤེས་གཉེན་དེང་མ་བའི་སྤྱན་ཉང་སྟོད་དུ་གསལ་བར་བྱས་པས་ཟབ་པར་ཤེས་སོ། །སེར་སྣ་མ་བྱེད་རྒྱ་ཆེར་སྤེལ་གསུངས་སོ། །འདིའི་སྒོམ་ཐབས་དངོས་གཞི་ནི། རང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཕྱག་བཞིའི་དང་པོ་གཉིས་སྔགས་ཆུ་སྤྱན་ལ་བྱུག་པའི་ཕྱག་རྒྱ་བྱས་པ་ཅན། གཡས་འོག་མས་དངུལ་དཀར་གྱི་བུམ་པ་བདུད་རྩིས་གང་བ་བསྣམས་པ། གཡོན་འོག་མས་མེ་ལོང་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྒོམ། སྔགས་འདི་མི་ཚིག་གིས་བར་མ་ཆོད་པར་སྟོང་བཟླས། ལག་པ་གཡས་གཡོན་གྱི་སྲིན་ལག་གི་རྩ་བར་སྔགས་འདི་ཉི་ཤུ་རྩ་གཅིག་ཟས་མ་ཟོས་པའི་གོང་དུ་བཏབ་ལ། ལག་པ་གཡས་པའི་སྲིན་ལག་གིས་སྔགས་ཆུ་མིག་གཡོན་ལ་བྱུག དེ་བཞིན་དུ་གཡོན་པས་གཡས་ལ་བྱུག སྔགས་ནི་འདིའོ། །ཏདྱ་ཐཱ། ཨཱོཾ་ཧུ་ཡ་ཧུ་ཡ། ཧུ་དུ་ཧུ་དུ། ཀི་ལི་ཀི་ལི། ཙཀྵུཿམཻ་ཏྲི་ཤ་ཏྲཱུ་ན་
ཡེ་སྭཱ་ཧཱ། ཟབ་རྒྱ་རྒྱ། འདིའི་སྐུ་སྒོམ་ཚུལ་ལ་བཞེངས་པ་དང་བཞུགས་པ་གཉིས་འདུག་པ་བརྟག་པར་རིགས་ཤིང༌། ཡང་ན་སྒྲུབ་པ་དང་ལས་སྦྱོར་གྱི་དུས་ཡིན་ནམ་བརྟག་གོ །བླ་མ་མཆོག་ལ་གུས་པས་འདུད། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ་སོགས་ལན་གསུམ་བྱ། དེ་ནས་སྟོང་པར་སྦྱང༌། དེའི་ངང་ལས་པད་ཟླའི་སྟེང་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། རྩ་བའི་ཕྱག་གཉིས་མིག་འབྱེད་སྔགས་ཆུས་མིག་ལ་བྱུག་པའི་ཕྱག་རྒྱ་བཅས་པ། གཡས་འོག་མས་དངུལ་དཀར་གྱི་བུམ་པ་བདུད་རྩིས་གང་བ་དང༌། གཡོན་འོག་མས་དངུལ་དཀར་གྱི་མེ་ལོང་རབ་འབྱམས་ཞིང་ཁམས་གསལ་བར་སྐུ་ཁྲུས་གསོལ་བ། ཞབས་གཉིས་འགྲོ་བའི་དོན་ལ་མངོན་པར་བཞེངས་པའི་སྐུ་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་དུ་མས་སྤྲས་པ། དར་དཀར་གྱི་སྟོད་གཡོགས་དང༌། པཉྩ་ལི་ཀཱའི་ཤམ་ཐབས་ཅན། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱི་རིགས་
བདག་དང་བཅས་པའི་ཐུགས་ཀར་ས་བོན་གྱི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས། འོད་ཟེར་དང་སྔགས་ཀྱི་ནུས་པ་ཕྱག་རྒྱའི་རྩེ་ལས་འཕྲོས་པས། རླུང་མཁྲིས་བད་ཀན་འདུས་པའི་ནད་ལ་སོགས་པ་ཕྱི་ནང་བར་འགྲིབ། སྔོ་འགྲིབ། རྩ་ཁྲ། ཤ་འཛེར། ལིང་ཐོག སྐམ་རློན་འཚགས་པ། པགས་ཆང༌། འཛེར་ལྷོག་ལ་སོགས་པའི་སྐྱོན། མིག་ནད་ཐམས་ཅད་སེལ་བའི་ནུས་སྟོབས་དང་ལྡན་པར་བསམ། དེ་ནས་སྔགས་བཟླ་བ་ནི། ཏདྱ་ཐཱ། ཨཱོཾ་ཧུ་ཡ་ཧུ་ཡ། ཧུ་དུ་ཧུ་དུ། ཀི་ལི་ཀི་ལི། ཙཀྵུཿམཻ་ཏྲི་ཤ་ཏྲཱུ་ན་ཡེ་སྭཱ་ཧཱ། ཞེས་སྟོང་ཕྲག བརྒྱ། ཉེར་གཅིག རབ་འབྲིང་ཐ། གཡས་གཡོན་གོ་བཟློག་གིས་གང་མི་གསལ་བ་སྔོན་དུ་འབྱེད་ཚུལ་བྱ། ཐུ་གསུམ། ཧུ་གསུམ། ཕུ་གསུམ་རེ་བཏབ་རྫས་མིག་ཕུག་ནས་ཕྱིར་འདེད་ཚུལ་གྱིས་དབྱེ་བ་ལགས། དེ་ནས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་སོགས་དང༌། སྐྱོན་གྱིས་མ་གོས་སོགས་བརྗོད། འདི་ཡན་དཔེ་ཚན་དང་པོ་གཏེར་བྱོན་དངོས་དེ་ཡིན་པ་འདྲ། འདི་ལའང་རྒྱས་བསྡུས་གཉིས་འདུག་གོ་ཨང༌། འོག་མ་འདི་ཞལ་ཤེས་ལག་ལེན་ཡིན་པ་འདྲ།། ༈ །ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་འབྱེད་ཀྱི་གདམས་པ་ཉང་གི་གཏེར་མ་དེ་ཉིད་ཀྱི་སྐབས་དོན་གསུམ་གསལ་བྱེད་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོས་རྟག་པར་འགྲོ་ཀུན་ལ། །གཟིགས་མཛད་ཡི་དམ་ལྷ་ལ་གུས་བཏུད་ནས། །དེ་ཡི་སྒོ་ནས་མཐོང་བྱེད་ཆུ་བུར་མིག །རྒྱལ་བའི་སྤྱན་ལྟར་གསལ་བར་བྱེད་པའི་ཐབས། །སྔགས་ལ་བརྟེན་པའི་མན་ངག་ཟབ་མོ་འདི། །དང་པོ་གང་ལས་བྱུང་བའི་ལོ་རྒྱུས་ནི། །དགེ་བའི་བཤེས་གཉེན་ཉང་སྟོན་སྒྲུབ་པ་པོ། །ཞེས་པ་མངའ་བདག་ཆེན་པོ་ཉང་རལ་པ། །མཚན་དངོས་ཉི་མ་འོད་ཟེར་གྲགས་པ་དེས། །གནས་ནི་ལྷོ་བྲག་མཁར་ཆུའི་གཏེར་ནས་བཏོན། །དེ་ནི་ཁོང་རང་དག་གིས་ཉམས་སུ་བཞེས། །སྤྱན་ནས་འབྱུང་འགྱུར་མ་
ལུས་གསལ་བར་བྱས། །དེ་ནས་དགེ་བའི་བཤེས་གཉེན་དེང་མ་བའི། །སྤྱན་གཉིས་འགྲིབ་པར་གྱུར་ལ་ཉང་སྟོད་དུ། །གདམས་པ་བཀའ་གཏད་བསྐུར་ནས་གསལ་བར་བྱས། །བསྙེན་པ་སྔགས་འབྱེད་བྱིན་རླབས་ཆེ་བར་གྲགས། །ཟབ་པར་ཤེས་སོ་སེར་སྣ་མ་བྱེད་པར། །གདུལ་བྱ་རྣམས་ལ་རྒྱ་ཆེར་སྤེལ་ཞེས་གསུངས། །དེ་ལྟའི་གདམས་པ་ཤོག་དྲིལ་ཉང་ཆེན་སྲས། །འགྲོ་བའི་མགོན་པོས་སྨྲ་བོ་ལྕོགས་པོ་རུ། །རི་བསྐོར་མཛད་ཚེ་གཏེར་ཤོག་ཕྱག་ཏུ་བབས། །ཉམས་བཞེས་སྤྱན་གཉིས་གསལ་བར་སྐུ་ཚེ་བསྒྲིལ། །དེ་ལྟ་བ་ཉིད་ཇི་བཞིན་གཏེར་ཤོག་བུ། །དྲང་སོ་སྔགས་འཆང་ཤཱཀྱ་བཟང་པོ་ཡིས། །ལྷོ་བྲག་གནས་ཆེན་གཏམ་ཤུལ་རི་བོ་ལ། །བསྐོར་བའི་ལམ་ཁར་རླུང་གིས་ཁྱེར་པ་ལྟར། །གདམས་པའི་ཡི་གེ་འཁྲུལ་མེད་སྐུ་མདུན་རྙེད། །གོང་གི་གདམས་པ་སྒོ་གཉིས་རིམ་བརྒྱུད་དུ། །གསན་པར་མ་ལྟོས་ཁྱད་པར་བཀའ་བབས་བཞེད། །སྐུ་ཚེ་མཐར་ཕྱིན་ཉིད་དུ་སྤྱན་ཡང་གསལ། །དེ་ལ་ཟབ་གཏེར་གསུམ་ཀའི་བཀའ་བབས་རྗེ། །མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་ཞབས། །སྐུ་ཚེ་བརྒྱ་ཕྲག་ཉིད་དུ་འགྲོ་བའི་དོན། །ལྷུར་མཛད་ཉིན་མཚན་ཆོས་ཀྱི་སྦྱིན་པར་བརྩོན། །བགྲེས་རྒུད་མི་མངའ་ཡེ་ཤེས་སྤྱན་ཅན་དེས། །དགེས་བཞིན་བདག་ལ་གནང་བ་ད་ལྟའི་བར། །རྒྱ་དབུས་ལྗང་གཙང་ཀུན་ཏུ་འགྲོ་དོན་བྱས། །དེ་ནི་རང་ཡང་ཉམས་སུ་ལེན་བདེ་ཞིང༌། །རྗེས་འཇུག་ཡོངས་ལ་ཕན་ཕྱིར་རྒྱས་པར་བཀྲོལ། །དང་པོ་ཡིག་རྙིང་མ་ཉམས་རྩ་བར་བྱས། །གཉིས་པ་འདི་ཡི་སྒོམ་ཐབས་དངོས་གཞི་ནི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་སྐད་སྐྱབས་སེམས་སྡོམ་ཕྱིར་ལན་
གསུམ་བྱ། །སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྣོད་བཅུད་སྦྱངས། །སྟོང་པའི་ངང་ལས་རང་རིག་ཧྲཱིཿདཀར་པོ། །སྐད་ཅིག་ཡོངས་གྱུར་ཐུགས་རྗེ་ཆེན་པོ་ཉིད། །ཤེལ་གྱི་རི་བོ་ལྟར་གསལ་རྣམ་དག་སྐུ། །ཞལ་གཅིག་ཟླ་རྒྱས་ཞི་འཛུམ་ཕྱག་བཞི་པ། །དྲི་མེད་པདྨ་དང་ནི་ཟླ་བའི་དཀྱིལ། །གདན་ལ་ཞབས་ཟུང་མཉམ་པའི་སྟབས་བཞེངས་པ། །ཕྱག་བཞི་དང་པོ་གཉིས་ཀྱིས་མིག་འབྱེད་ཀྱི། །སྔགས་ཆུ་སྤྱན་ལ་བྱུག་པའི་ཕྱག་རྒྱ་ཅན། །ཐུགས་ཀར་བཅས་ཤིང་གཡས་ཀྱི་འོག་མ་ཡི། །དངུལ་གྱི་བུམ་པ་བདུད་རྩིའི་ཆུས་གང་བ། །བསྣམས་པས་སྡིག་སྒྲིབ་དྲི་མ་ཀུན་འཁྲུད་པ། །གཡོན་གྱི་འོག་མས་མེ་ལོང་བསྣམས་པ་ལ། །རབ་འབྱམས་ཞིང་ཁམས་གསལ་བར་སྐུ་ཁྲུས་གསོལ། །སྣ་ཚོགས་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །དར་གྱི་ཤམ་ཐབས་ན་བཟས་ཉེར་བཀླུབས་ཏེ། །རི་དྭགས་ལྤགས་པས་ནུ་མ་གཡོན་ལ་བཀབ། །གསུང་མཆོག་སྣང་བ་མཐའ་ཡས་དབུ་ལ་བརྒྱན། །དམ་ཚིག་ཡེ་ཤེས་དབྱེར་མེད་ཉིད་དུ་གྱུར། །སྔོན་འགྲོ་དགེ་བའི་ལས་འབད་ཡར་ངོ་ལ། །དབེན་པར་མཚམས་གཅོད་གྲིབ་འཛེམ་དཀར་གསུམ་བསྟེན། །ཐོ་རངས་ནས་བརྩམ་སྔགས་འདི་མི་ཚིག་གིས། །བར་མ་ཆོད་པ་སྟོང་བཟླས་དམིགས་པ་ནི། །སྔགས་ནུས་ཕྱག་རྒྱའི་རྩེ་ལས་འོད་ཟེར་འཕྲོས། །གཡས་འོག་བུམ་པའི་བདུད་རྩིའི་ཆུ་རྒྱུན་གྱིས། །གཡོན་པའི་མེ་ལོང་ངོས་སུ་ཁྲུས་གསོལ་བའི། །བྱེད་པ་ཇི་བཞིན་རང་གཞན་མཁའ་མཉམ་པའི། །སེམས་ཅན་ཀུན་གྱི་བག་ཆགས་ལས་སྡིག་སྒྲིབ། །ནད་གདོན་གྲིབ་ལས་གྱུར་པའི་སྒྲིབ་བྱེད་ཀུན། །རླུང་གིས་སྤྲིན་གཏོར་དྲི་མ་འཁྲུད་པ་ལྟར། །རྣམ་གསལ་དག་དྲན་བརྟན་བྱས་བསྙེན་སྒྲུབ་སྟེ། །ལག་པ་གཡས་དང་གཡོན་པའི་སྲིན་ལག་གི །རྩ་བར་སྔགས་འདི་ཉི་ཤུ་རྩ་གཅིག་རེ། །ཟས་མ་ཟོས་པའི་གོང་ལ་བཟླས་བྱས་པ། །གཡས་པའི་སྲིན་ལག་དག་གི་རྩེ་མོ་ཡིས། །གཡོན་པའི་སྔགས་
ཆུ་མཉེ་ཞིང་རྩེ་མོ་བརྡར། །མིག་གཡོན་ཕུག་ནས་ཕྱིར་ལ་བྱུག་ཅིང་ཕྱིས། །དེ་བཞིན་གཡོན་པས་གཡས་ལ་བྱུག་ཅིང་ཕྱིས། །རབ་རིབ་གྲིབ་སོགས་ནད་གདོན་ཀུན་ཕྱིས་ནས། །མིག་གཉིས་རྣམ་དག་སྤྱན་སྒོ་ཕྱེས་པར་བསམ། །ཕྱོགས་ལ་གསལ་འགྲིབ་ཁྱད་པར་ཡོད་པ་ན། །འགྲིབ་ཕྱོགས་སྔགས་བཏབ་ཕྱེ་ཚུལ་སྔོན་ལ་བྱ། །དེ་ལྟར་ལས་སྦྱོར་རྒྱུན་དུ་འབད་བྱས་ཏེ། །སྔགས་ནི་འདི་ལྟར་གཅེས་པའི་ཡིག་འབྲུའི་ཐེམ། །ཏདྱ་ཐཱ་ཨཱོཾ་ཧུ་ཡ་ཧུ་ཡ་བརྒྱད། ཧུ་དུ་ཧུ་དུ་ཀི་ལི་ཀི་ལི་བརྒྱད། ཙཀྵུཿམཻ་ཏྲི་ཤ་ཏྲཱུ་ན་ཡེ་བརྒྱད། བརྒྱད་ཚན་གསུམ་མཐར་སྭཱ་ཧཱ་དང་བཅས་པའི། །བརྒྱད་ཚན་དང་པོའི་གསུམ་དང་བཞི་པ་དང༌། །དེ་བཞིན་གསུམ་པའི་དྲུག་པ་མཐར་སྭཱ་ཧཱ། །ཡིག་འབྲུ་ལྔ་ལ་འ་བཏགས་གཞན་ཐུང་དུ། །ཉི་ཤུ་རྩ་དྲུག་འཁྲུལ་མེད་ཟབ་མོ་འདི། །ཐོ་རངས་ཟས་གཞན་གོང་སྟེ་ཉིན་དང་མཚན། །རང་རང་རྒྱུན་གྱི་རྣལ་འབྱོར་དཀྱུས་ལ་འཇུག །ཆེད་དུ་བསྔགས་པའི་བསྒྲུབ་བྱ་དག་ཡིན་ན། །སྐབས་དེར་ཡང་ནི་མ་ཎིའི་འཛབ་བསྒོམས་ལ། །གཙོར་བཏོན་བྱའོ་ཟབ་ཕྱིར་བསྙེན་བསྒྲུབ་ནི། །དུས་ཀྱི་བསྙེན་པ་ཞག་བདུན་ཉི་ཤུ་གཅིག །གྲངས་བསྙེན་གོང་དུ་ཉམས་ལེན་སྐབས་བཤད་བཞིན། །མཚན་མའི་ངེས་པ་ཉི་ཤར་སྒྲོན་མེ་སྦར། །སྒོ་ཕྱེ་གཡོགས་བསལ་མིག་ལྡན་སྦྱིན་མཐོང་ཐོས། །རབ་ཡིན་ཁྲུས་བྱས་གྱེན་འཛེགས་མཐོང་ཡངས་བགྲོད། །དྲི་ཅན་མདོག་ནག་ཞྭ་གོས་ལྷྭམ་ཕུད་འབྲིང༌། །མུན་ཁུངས་འདམ་རྫབ་ཁ་ཆར་བུ་ཡུག་བྱིངས། །གྲིབ་སེལ་སྒྲིབ་སྦྱོར་རིམ་གྲོ་སྤང་དག་འབད། །ཕན་སྟོབས་དགེ་དང་མི་དགེའི་བརྡའ་དང་རྟགས། །མཚན་མ་དངོས་ཉམས་རྨི་ལམ་ངེས་པར་འབྱུང༌། །གང་ཤར་རྟེན་འབྲེལ་ལེགས་པའི་བབས་སུ་བསྒྱུར། །གསུམ་པ་འདི་ལ་འབད་དགོས་ཕན་ཡོན་ནི། །དབང་པོའི་དངས་མ་མིག་ལས་གཅེས་པ་གཞན། །ཅི་ཞིག་དེ་ཕྱིར་ནད་མེད་གཞོན་ནུ་ནས། །བསྙེན་སྒྲུབ་སྔོན་སོང་མིག་སྐྱོན་འབྱུང་མི་འགྱུར། །ཕ་མ་ལ་
སོགས་འགྲིབ་རིགས་སྲི་ལས་ཐར། །མིག་ནས་འགོས་པའི་རིགས་དང་འཚེ་བ་སྐྱོབ། །ཕྱི་ནང་བར་འགྲིབ་ལིང་ཐོག་རྩ་ཁྲག་སྲིན། །ཚགས་པ་སྐམ་རློན་རྫི་མའི་ནད་གང་ལའང༌། །སྨན་རྫས་དཔྱད་དང་མཚུངས་པའི་ཕན་པ་སྟེར། །རྩ་ཤེད་སྐྱེ་ཞིང་གསལ་སྣང་ཉམས་སུ་མྱོང༌། །གསོད་དཔྱད་གཞུང་ལས་སྤང་བྱའི་གནས་བཤད་པ། །དབྱེ་དུས་མ་སླེབས་ཡོལ་སོགས་འགའ་ཞིག་ལའང༌། །གདམས་པ་འདི་ཡི་ཟབ་ཁྱད་སྟོན་པར་བྱེད། །དེ་ཕྱིར་གནས་སྐབས་ཆུ་བུར་མིག་གསལ་བས། །ཆོས་ཉིད་མངོན་སུམ་ངོ་མཚར་ལྟད་མོ་ལྟ། །མཐར་ཐུག་ཡེ་ཤེས་སྤྱན་ལྡན་ཐོབ་ཕྱིར་དུ། །ལོ་རྒྱུས་ཉམས་ལེན་ཕན་ཡོན་དོན་གསུམ་དུ། །གསལ་བར་བསྡེབས་འདི་སྔགས་འཆང་རིག་པ་འཛིན། །ཤྲཱི་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས། །བཞི་བཅུ་རྩ་བཞི་ལོན་ཚེ་ལྗོངས་ཀྱི་ཡུལ། །པདྨའི་ལྕོག་སྒར་གནས་སུ་སྦྱར་བ་འདིས། །ཇི་སྙེད་འགྲོ་ལ་ཕན་དོན་བྱེད་གྱུར་ཅིག །སརྦ་མངྒ་ལཾ།། ༈ །འདིའི་བརྒྱུད་པའི་གསོལ་འདེབས་ནི། །སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང༌། །པདྨ་འབྱུང་གནས་ཉང་ཆེན་སྒྲུབ་པ་པོར། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །འགྲོ་བའི་མགོན་པོ་ཤཱཀྱ་བཟང་པོ་དང༌། །རིག་འཛིན་ལེགས་ལྡན་ཆོས་རྒྱལ་དབང་པོའི་སྡེ། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །འདི་ཡན་ཆོས་རྒྱལ་དབང་པོའི་སྡེས་གསུངས་སོ། །དེའི་ཁ་སྐོང་དུ། རིགས་ཀུན་ཁྱབ་བདག་ངག་གི་དབང་པོ་དང༌། །མཁས་བཙུན་གྲུབ་བརྙེས་བཀྲ་ཤིས་རྣམ་རྒྱལ་མཚན། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །རྡོ་རྗེ་འཆང་དངོས་དཀོན་མཆོག་དཔལ་འབྱོར་ཞབས། །རིག་འཛིན་གྲུབ་པའི་གཙུག་རྒྱན་པདྨའི་མཚན། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །བསྟན་པའི་གསལ་བྱེད་བློ་བཟང་དོན་གྲུབ་ཞབས། །གདམས་པའི་བཀའ་བབས་རྩ་
པའི་བླ་མ་ལ། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །ཅེས་པའང་བདག་རིག་པ་འཛིན་པ་བཀྲ་ཤིས་རྣམ་རྒྱལ་གྱིས། མིག་ལ་ཕན་པའི་གདམས་པ་འདིའི་བསྙེན་མཚམས་ཞག་བདུན་བྱས་ཏེ་གྲོལ་བའི་དགའ་སྟོན་དུ་གདམས་པའི་དཔེ་འདི་ལྕགས་འབྲུག་རང་ལོ་ང་གསུམ་པ་ཧོར་ཟླ་བདུན་པའི་ཉེར་ལྔ་ལ་གྲུབ་པའི་བསྟི་གནས་ཨོ་རྒྱན་གླིང་དུ་བྲིས་པའི་དགེ་བས་མར་གྱུར་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །མངྒ་ལཾ། བརྒྱུད་པའི་ཁ་སྐོང་ནི། བློ་བཟང་དོན་གྲུབ་རྗེས་སུ། ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །འཇིག་རྟེན་དབང་ཕྱུག་ཁྱབ་བདག་གནས་གསར་པ། །ཟབ་གསང་བསྟན་པའི་ཉི་མ་ཀུན་བློའི་ཞབས། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་འཆི་མེད་དང༌། །གདམས་པའི་བཀའ་བབས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། ཞེས་པའང་བྱ་བྲལ་བ་མཉྫུ་གྷོ་ཥས་ཨེ་ཝཾ་མོཀྵཱ་གྲར་བྲིས་པ་ཤུ་བྷཾ།། །།
རྗེ་བཙུན་རི་ཁྲོད་མ་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས།
རྗེ་བཙུན་རི་ཁྲོད་མ་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
སྭ་སྟི། རྗེ་བཙུན་རི་ཁྲོད་ལོ་མ་ཅན་བསྒོམ་པར་འདོད་པས། སྟན་བདེ་བ་ལ་འདུག་སྟེ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཅི་ནུས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་མ་རི་ཁྲོད་མའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་འཕགས་མ་རི་ཁྲོད་མར་གསལ་བའི་སྙིང་ཁའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་པྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་མོ་རི་ཁྲོད་མ་ལོ་མ་ཅན་གྱི་དབུ་བརྒྱན་དུ་བླ་མ་མི་བསྐྱོད་པའི་རྣམ་པར་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཔརྞ་ཤ་ཝ་རཱི་བྷྱཿ ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་སོགས་བརྗོད། ཨོཾ་སྭ་བྷཱ་བ་སོགས་དང༌། སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་
རི་བོ་ལྗོན་ཤིང་སྣ་ཚོགས་པའི་ནགས་ཚལ་དང༌། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་དབུས་སུ་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཤེས་པ་པྃ་ཡིག་གསེར་གྱི་མདོག་ཅན་དེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཁྱད་པར་དུ་ནད་དང་སྡུག་བསྔལ་ཐམས་ཅད་བསལ། སླར་འདུས་པྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་སེར་ཞིང་འཛུམ་ཁྲོའི་ཚུལ་ཅན། གཡས་ཞལ་དཀར་པོ་ཞི་བའི་ཉམས་ཅན། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་ཐུགས་ཀར་རྡོ་རྗེ། གཉིས་པས་དགྲ་སྟྭ་འདེབས་པའི་ཚུལ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོའི་སྡིགས་མཛུབ་ལ་རྡོ་རྗེའི་ཞབས་པས་དཀྲིས་པ། གཉིས་པས་འབྲས་བུ་དང་མེ་ཏོག་གིས་སྤུད་པའི་ཤིང་ལོ་གསར་པའི་སྦྲང་གཡབ། གསུམ་པས་གཞུ་འཛིན་པ། རིན་པོ་ཆེ་
དང་མེ་ཏོག་སྣ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང༌། ལྷ་རྫས་ཀྱི་ན་བཟའ་དམར་པོའི་སྟོད་གཡོགས་དང༌། མེ་ཏོག་དང་འབྲས་བུ་དུ་མས་སྤྲས་པའི་ཤིང་ལོ་གསར་པ་གཤིབས་པའི་སྨད་གཡོགས་ཅན། སྦྲུལ་དཀར་པོས་སེ་རལ་ཁ་བྱས་པ། རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ལང་ཚོ་དར་ལ་བབས་པ། སྐུ་ཤིན་ཏུ་མཛེས་ཤིང་གྲིམས་པ། ཅུང་ཟད་ཁྲོ་བ། ཞབས་གཡས་པའི་རྟིང་པས་འོག་གི་ཕྱོགས་བརྟེན་ཅིང་པུས་མོ་གདན་ལ་བཙུགས་པ། གཡོན་པ་བཞེངས་སྟབས་སུ་མཛད་པ། རྣམ་པར་འགྱིང་བའི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སྙིང་གའི་ནང་དུ་ཉི་མ་ལ་གནས་པའི་པྃ་སེར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ སྔར་བཞིན་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་པྃ་ཡིག་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཇི་ལྟར་བལྟམས་པ་སོགས་ནས་ཤྲི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཕྲེང་གིས་གཡས་སྐོར་དུ་བསྐོར་བའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་བདག་གི་རྒྱུད་བྱིན་གྱིས་རློབ་ཅིང༌། བདག་དང་
སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་ནད་རིམས་ཐམས་ཅད་ཞི་བར་གྱུར། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ།«་་་་་སྔགས་འདི་ངོ་བོ་གཅིག་ཀྱང༌། སྒྲུབ་ཐབས་བརྒྱ་རྩར་དུ་སརྦ་མཱ་ར་དང༌། སྣར་ཐང་བརྒྱ་རྩར་སརྦ་རོ་ག་ཞེས་སྤེལ་ཚིག་འདྲ་མིན་ཙམ་སྣང་ངོ༌། །»ཞེས་ཅི་ནུས་བཟླ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །རི་ཁྲོད་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་སོགས་བརྗོད་དོ།། ༈ །རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ནི། སྟེགས་བུ་ཇི་ལྟར་རིགས་པའི་ཁར་མཎྜལ་ལར་ཚོམ་བུ་གཅིག་བཀོད་པའི་ཕྱོགས་མཚམས་སུ་ཆུ་གཉིས་ཉེར་སྤྱོད་གཏོར་མ་དང་བཅས་པ་བཤམ། སློབ་དཔོན་གྱི་མདུན་དུ་ཏིང་ཤག་མེ་ཏོག་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་སྟ་གོན་བྱའོ། །སློབ་དཔོན་གྱིས་མཆོད་པ་བྱིན་བརླབ། སྐྱབས་འགྲོ་སོགས་བདག་བསྐྱེད་གོང་ལྟར་བྱ། མདུན་བསྐྱེད་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སོགས་ནས་དབུར་བརྒྱན། ཞེས་པའི་བར་དང༌། མཆོད་པ་བྱིན་གྱིས་བརླབས་ནས་མཆོད། བསྟོད་པ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་བསྒྲུབས་པའི་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །གཏོར་མ་བྱིན་གྱིས་བརླབས་ནས་ཕུལ། མཆོད་བསྟོད་བཟླས་པ་རྣམས་གྲུབ་ནས། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་ཚར་ནས། སློབ་དཔོན་གྱིས་སེམས་བསྐྱེད་«་་་་་རྗེས་གནང་གི་མཚམས་སྦྱོར་རྒྱས་པ་ཐར་རྩེ་པཎ་ཆེན་གྱིས་མཛད་པའང་ཡོད།» གསལ་བཏབ། འདིར་པདྨའི་རིགས་ཀྱི་ནང་ཚན་ལས་ཀྱི་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་རྒྱུད་ཡིན། དེ་ལའང་དུ་མ་ཞིག་ཡོད་པའི་ནང་ནས་འདིར་པརྞ་ཤ་ཝ་རཱིའི་མདོ་དང༌། རི་ཁྲོད་ལོ་
མ་གྱོན་མ་ཅན་ཞེས་བྱ་བའི་གཟུངས་ཀྱི་རྗེས་སུ་འབྲངས་ཏེ། པཎྜི་ཏ་དོན་ཡོད་རྡོ་རྗེས་བཀྲལ་བའི་འཕགས་མ་རི་ཁྲོད་ལོ་མ་གྱོན་མ་སེར་མོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱོད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། སློབ་དཔོན་ལ་རྗེ་བཙུན་མ་དངོས་ཡིན་སྙམ་པའི་སྒོ་ནས་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ། རྒྱུན་བཤགས། ཐུན་མོང་མ་ཡིན་པའི་གསོལ་བ་གདབ། དངོས་གཞི་ལ་གཞི་དགོད་པ། རྗེས་གནང་དངོས་ལ་ལུང་གསུམ་གྱི་ཆིངས་སྦྱར། རྗེས་ཀྱི་ཆོས་གསུམ། རྗེས་མཆོག་སོགས་སྒྲུབ་ཐབས་བརྒྱ་རྩ་ལྟར་བྱའོ།།«་་་་་ཐར་རྩེ་པཎ་ཆེན་གྱིས་མཛད།།» ༈ །རྗེ་བཙུན་རི་ཁྲོད་མའི་ཆོ་ག་ཆ་ལག་དང་བཅས་པ་སྡིག་སྒྲིབ་ནད་གདོན་ཞི་བའི་བྱིན་རླབས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭཱ་ས་པ་རི་ཝཱ་རེ་བྷྱཿ རི་ཁྲོད་གནས་སུ་རི་ཁྲོད་མའི། །རྣམ་པར་འཕྲུལ་པའི་སྐུར་སྤྲུལ་ནས། །འགྲོ་བའི་རིམས་སོགས་སེལ་མཛད་མ། །རི་ཁྲོད་ལོ་མ་ཅན་ལ་འདུད། །རི་ཁྲོད་དཔལ་མོ་མཉེས་བྱས་པས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར། །དེ་ཡི་མན་ངག་རིམ་པ་བཤད། །དེ་ལ་འདིའམ་གཞན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའམ། ཡང་ན་སྨོན་འཇུག་གི་སེམས་བསྐྱེད་ཐོབ་པ་ཞིག་གིས་འདིའི་རྗེས་གནང་དང་ལུང་སོགས་བཞུགས་པའི་བླ་མ་དམ་པ་ལས་རྗེས་གནང་ནོད་ཚུལ་ནི། དབེན་པའི་གནས་སུ་གཞི་བཟང་པོའི་ཁར་མཉྫིའི་སྟེང་དུ་མཎྜལ་དྲི་ཐིག་ཚོམ་བུ་གཅིག་ཕྱོགས་མཚམས་སུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་མདུན་དུ་གཏོར་མ། སློབ་དཔོན་ལ་ཏིང་ཤག་མེ་ཏོག སློབ་མ་ལ་མཎྜལ་ནས་བཅས་རྣམས་བཤམས་ནས་མཆོད་པ་བྱིན་རླབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་བརྒྱ་རྩ་སོགས་
གཞན་ནས་འབྱུང་བ་བཞིན་བྱ། འོག་ནས་འབྱུང་བའི་བདག་བསྐྱེད་སྒོམ་བཟླས་བྱས་ལ་མཎྜལ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད་གཏོར་མ་ཕུལ། ཡང་མཆོད་བསྟོད་འདོད་གསོལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་རྣམས་བྱས། སློབ་མ་ལ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་མཚམས་སྦྱོར་སོགས་རྒྱས་བསྡུས་ཅི་རིགས་སྔོན་དུ་འགྲོ་བས་དངོས་གཞི་ལུང་གསུམ་གྱི་«་་་་་རྗེས་སུ་བཟླས་པ་དམ་བཅའ་བ་བྱིན་གྱིས་བརླབ་པའི་ལུང་རྣམས་སོ།།» ཆིངས་སོགས་བརྒྱ་རྩ་བཞིན་ལ། ལྷ་སྔགས་བསྒྱུར། རྗེས་དམ་ཚིག་གིས་བསྡུས་ཏེ་ཁས་བླང་བ།«་་་་་གཙོ་བོས་སོགས།» མཎྜལ། ཡོན་འབུལ།«་་་་་དེང་ནས་སོགས།» ཆོས་བསྔོ།«་་་་་བསོད་ནམས་འདི་ཡིས་སོགས།» མདུན་བསྐྱེད་ལ་མཆོད་བསྟོད། བཟོད་གསོལ་དང༌།«་་་་་ཡིག་བརྒྱ་དང་མ་འབྱོར་པ་སོགས།» གཤེགས་བསྡུ།«་་་་་ཨོཾ་ཁྱེད་ཀྱིས་སོགས།» བསྔོ་བ་བཀྲ་ཤིས་རྣམས་བྱའོ། །དེ་ལྟར་ཐོབ་པའི་གང་ཟག་གིས་དབེན་པའི་གནས་སུ་གཙང་སྦྲ་དང་རྡོར་དཀར་ལ་གནས་པས་སྟེགས་ཀྱི་ཁར་མཆོད་གཏོར་བཤམ། བསྙེན་པ་བྱ་ཚུལ་ནི།«་་་་་བྱ་རྒྱུད་སྤྱི་བསྙེན་བྱ་ཚུལ་རྨོར་ཆེན་གྱི་བསྙེན་ཐབས་སོགས་ལས་འབྱུང་ཞིང༌།» མཆོད་པ་བྱིན་རླབས་ནས་བརྩམས་ཏེ་བདག་བསྐྱེད་སྒོམ་བཟླས་བྱས་ལ། རྩ་སྔགས།«་་་་་ཏདྱ་ཐཱ་ཨ་མྲྀ་ཏ་སོགས།» འབུམ་ཕྲག་གཅིག སྙིང་པོ་འབུམ་ཕྲག་ཉི་ཤུ།«་་་་་ཨོཾ་པི་ཤཱ་ཙི་སོགས།» ཡང་སྙིང་འབུམ་ཕྲག«་་་་་ཧྲཱིཿཧ་ཡོད་པའི་པི་ཤཱ་ཙི།» བཅོ་ལྔ་བྱ། ཐུན་མཚམས་རྣམས་སུ་མདུན་གྱི་ནམ་མཁར་རི་ཁྲོད་མ་སྤྱན་དྲངས་ལ་སྙིང་པོའི་མཐར་སྤྱི་ལྟར་ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། མཆོད་བསྟོད་སོགས་རྗེས་གནང་བཞིན་བྱ་བ་ནི་བསྙེན་པ་དང༌། སྦྱིན་སྲེག་ནི་ཞི་བའི་ཐབ་ཁུང་བཅས་ལ། ལྷ་སྔགས་བསྒྱུར་བ་མ་གཏོགས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མི་འཁྲུགས་པའི་སྦྱིན་སྲེག་སོགས་གཞན་ནས་འབྱུང་བ་བཞིན་དང༌། སྔགས་ཀྱི་ཁ་སྐོང་ནི་སྙིང་པོ་བསྙེན་པའི་བཅུ་ཆ་བཟླས་པས་དོན་འགྲུབ་བོ། །
བསྙེན་པ་སྔོན་དུ་སོང་བའི་གང་ཟག་གིས་འགྲོ་བའི་རིམས་ནད་བཅད་པའི་ཚུལ་ལ། སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། ས་ཕྱོགས་དབེན་ཞིང་ཉམས་དགའ་བར་བ་བྱུང་དང༌།«་་་་་བ་ཆུ་ལྕི་བ་འོ་མ་མར་ཞོ་ལྔ།» དྲི་བཟང་གིས་བྱུགས་པའི་མཎྜལ་ལ་ཚོན་དཀར་པོའི་པདྨ་འདབ་བརྒྱད་བྲིས་པའི་དབུས་དང་འདབ་མ་བརྒྱད་ལ་མེ་ཏོག་གི་ཚོམ་བུ་བཀོད་པའམ།«་་་་་ཡང་ན་རྡུལ་ཚོན་དཀར་པོའི་ཚོམ་བུ་བཀོད།» དབུས་སུ་བུམ་པ་མཚན་ཉིད་དང་ལྡན་པ་དར་རམ་རས་དཀར་པོའི་མགུལ་ཆིངས་པྲོག་ལྔའམ་བདུན་དང་ལྡན་པ་བཅིང༌། འབྲས་བུ་ཅན་«་་་་་ཁམ་སྟ་ལི་སོགས་འབྲས་བུ་བཟང་པོ་འབྱུང་བའི།» གྱི་ཤིང་རྩེ་མོ་མ་ཉམས་པས་ཁ་བརྒྱན། རིན་པོ་ཆེ་ལྔ།«་་་་་གསེར་གཡུ་བྱུ་རུ་མུ་ཏིག་མུ་མེན།» སྨན་ལྔ།«་་་་་སླེ་ཏྲེས་ཀཎྚ་ཀ་རཱི་ཤུ་དག་དཀར་པོ་རྒྱ་མཚོ་ལྦུ་བ་དབང་ལག» དྲི་ལྔ།«་་་་་ཙནྡན་དཀར་དམར་གུར་གུམ་ག་པུར་ཛཱ་ཏི།» སྙིང་པོ་ལྔ།«་་་་་ཚྭ་བུ་རམ་འོ་མ་མར་སྦྲང༌།» འབྲས་བུ་ལྔ།«་་་་་ནས་གྲོ་སྲན་མ་འབྲས་ཏིལ།» བཅས་བཀང་བའི་སྟེང་དུ་རིན་པོ་ཆེའི་སྡེར་མ་«་་་་་གསེར་དངུལ་ཤེལ་སོགས།» འབྲས་བུས་གང་བའི་ནང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་དང༌། འདི་ཉིད་ཀྱི་གཟུངས་བཞུགས་ཤིང་རབ་གནས་དང་ལྡན་པའི་རྣམ་རྒྱལ་མཆོད་རྟེན་ལྟ་བུ་བཞུགས་སུ་བཅུག དེའི་སྟེང་དུ་གདུགས་དཀར་པོ་ཕུབ། ཕྱོགས་བཞིར་མེ་ཏོག«་་་་་ཙམ་པ་ཀ་སོགས་ལག་ཁྲུ་གང་ཙམ།» དཀར་པོའི་ཕྲེང་བ་གདགས། བྲེའམ་ཏོག་ལ་གཟུངས་ཐག་«་་་་་འབྱོར་ན་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བའམ། དེ་མིན་གོས་རས་གང་རུང་གི་སྐུད་པ་ལྔ་བསྒྲིལ་ལས་སྲོག་ཆགས་ཀྱི་བལ་ཚོན་གྱིས་མི་རུང༌།» ཀྱང་བཅིང༌། ཤིང་ཤུན་ལ་སོགས་པར་རྩ་སྔགས་སམ། སྙིང་པོའི་མཇུག་ཏུ་སརྦ་ཛྭ་ར་རཀྵ་རཀྵཿ ཞེས་པ་ཚར་ལྔ་གི་ཝཾ་གིས་བྲིས་«་་་་་དབུ་ནས་བསྒྲིལ་གོས་སེར་གྱི་ཐུམ་བཅས་ཁ་རྒྱན་ལ་གདགས།» པ་བུམ་པའི་ཁར་བཞག འཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཞན་ཡང་མཆོད་རྫས་རྣམས་ཀྱིས་བསྐོར། སྨན་དང་«་་་་་བུམ་རྫས་ལས་བཤད་པའི་སྨན་ལྔ་སོགས་བཟང་གྲས་ལས་མི་རུང༌།» དཀར་གསུམ།«་་་་་ཞོ་འོ་མ་མར།» མངར་གསུམ་གྱིས་«་་་་་བུ་རམ་སྦྲང་
རྩི་ལྟར།» བརྒྱན་པའི་གཏོར་མ་དང༌། དམར་གཏོར་དང༌། ཡང་དཀར་གཏོར་གསུམ་དང་དམར་གཏོར་དང༌། ཡང་དཀར་གཏོར་དམར་གཏོར་གཉིས་དང༌། གང་འོས་པའི་གཏོར་མ་གཅིག་དང་དགུ་བཤམ།«་་་་་དམར་གཏོར་གྱི་རིགས་རྣམས་ཤ་ཁྲག་དང་སྨུག་རྩི་སོགས་ཀྱིས་བརྒྱན།» གཞན་ཡང་རས་སམ་དར་དཀར་པོ་ཁྲུ་གང་གྲུ་བཞི་ལ་བ་བྱུང་ལྔས་རས་འདུལ་བྱས་ལ། རི་མོ་མཁན་གྱིས་ལྷ་མོ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་མ། གཡས་ན་ཞགས་པ་དང་དགྲ་སྟྭ། གཡོན་ན་རྨ་བྱའི་མཇུག་སྒྲོ་འཕྱར་བ་དང༌། ཁུ་ཚུར་དང་བཅས་པའི་སྡིགས་མཛུབ་བསྒྲེངས་པ། ཤིང་ལོ་གསར་པ་མེ་ཏོག་དང་འབྲས་བུར་བཅས་པའི་ན་བཟས་བཀླུབས་ཤིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་པའི་རྟིང་པས་འོག་སྒོ་བརྟེན་པའི་པུས་མོ་གདན་ལ་བཙུགས་པ། བཞེངས་སྟབས་སུ་མཛད་པ་བྲིས་ལ། སྤྱན་དབྱེ་ལ་«་་་་་དོན་གསལ་སོགས་ནས་གསུངས་པའི་རབ་གནས་སྤྱི་འགྲེ།» སོགས་པ་རབ་གནས་བྱས་ཏེ་ནད་ཐམས་ཅད་ཞི་བར་མཛད་པའི་མངའ་བདག་ཏུ་བསམས་ལ། མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་བསྟོད་ནས། དེ་དག་གི་སྤྱན་སྔར་རང་ཉིད་གྲོགས་དང་བཅས་པ་ཁྲུས་བྱས། གོས་གཙང་མ་གྱོན་ཏེ། གསོ་སྦྱོང་གི་ཐོག་མར་ཕྱག་འཚལ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་པ་ལ་སོགས་པའི་ཕྱག་འཚལ་རྒྱས་བསྡུས་ཇི་ལྟར་འོས་པ་དང༌། ཇི་སྙེད་སུ་དག«་་་་་ན་བཟའ་དམ་པ་ནས་ཕྱག་འཚལ་མཆོད་པར་བགྱིའི་བར་རོལ་མོ་འབུད་དཀྲོལ་ཙོག་པུར་འདུག་ནས་འདོད་ཆགས་ཞེ་སྡང་སོགས་འཕྲོས་རྣམས་བྱའོ།།» ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་པ་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་ཕུལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང༌། དཀོན་མཆོག་གསུམ་ལ་མ་གུས་པ་བགྱིས་པ་དང༌། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། གསུང་རབ་ཀྱི་གླུད་ཟོས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བའི་ཚོགས་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦད་དོ། །སླན་ཆད་ཀྱང་བསྡམ་པར་བགྱིད་ལགས་སོ། །ལན་གསུམ་གྱིས་སྡིག་པ་བཤགས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་
ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང༌། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པ་རྣམ་པར་གྲོལ་བའི་ཐུགས། ལེགས་པ་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དུ་གསོ་སྦྱོང་ངེས་པར་བླངས་པ་དེ་བཞིན་དུ། བདག་གིས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ལན་གསུམ་བྱའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་དུ་ནི་བདག་གིས་ཀྱང༌། །དེང་ནས་སྲོག་གཅོད་ལ་སོགས་སྤང༌། །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ལན་གསུམ་བྱའོ། །ཨོཾ་ཨ་མོ་གྷ་ཤཱི་ལ་སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ་པདྨ་བི་བྷཱུ་ཥི་ཏ་བྷུ་ཛ་དྷ་ར་དྷ་ར་ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ། ཉི་ཤུ་རྩ་གཅིག་བཟླ། ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་
དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །དེ་དག་ནི་སྦྱོར་བའི་ཆོ་གའོ། །དངོས་གཞི་ལ་གཟུངས་ཀྱི་སྒྲུབ་པ་དང༌། ཞར་ལས་བྱུང་བ་ཁྲུས་ཀྱི་ཆོ་གའོ། །དང་པོ་ལ་བདག་བསྐྱེད་སྒོམ་བཟླས་དང༌། བུམ་པའི་ཆོ་ག་དང༌། སྦྱིན་སྲེག་དང༌། གཏོར་མ་བཏང་བའོ། །དང་པོ་ནི་སྔོན་འགྲོ་གཏོར་མ། ཨ་མྲྀ་ཏས་བསང༌།«་་་་་རྡོ་རྗེ་འཐོར་གཡབ་དང་བཅས་དྲི་བཟང་གི་ཆུ་འཐོར།» སྭ་བྷཱ་ཝས་སྦྱང༌། རྡོ་རྗེ་བསྡམས་པ་འདེབས་པའི་ཚུལ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་པཱནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བརྗོད། ཅི་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་བསམ་ཞིང༌། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་པར་བསམ། ཚིག་རེ་རེའི་མཇུག་ཏུ་ལག་པ་གཡས་པས་རྡོ་རྗེ་གཡབ། གཡོན་དྲིལ་བུ་གསིལ་ཞིང༌། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧིས་སྤྱན་དྲང༌། པདྨའི་ཕྱག་རྒྱ་དང་བཅས་པས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨརྒྷཾ་སོགས་ཀྱིས་མཆོད་ལ། གཏོར་མ་གསོལ་བར་བསམ་ཞིང༌། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་དེ་ཝ། ནཱ་ག ཡཀྵ། རཀྵ་ས་
གྷནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིཾ་ན་ར། མ་ཧོ་རཱ་ག མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ། ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་པ་ལན་གསུམ་མམ་བདུན་གྱིས་ཕུལ་ལ། གཡས་རྡོ་རྗེ་ཐུགས་ཀར་དང༌། གཡོན་དྲིལ་བུ་ཆིག་རྡུང་བྱ་ཞིང༌། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་རབ་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ན་གང་དག་གནས་པ་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང༌། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང༌། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོངས་པ་དང༌། །ཁང་སྟོངས་དག་དང་ལྷ་ཡི་གནས་རྣམས་དང༌། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང༌། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང༌། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང༌། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང༌། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པས་ཕྲིན་ལས་བཅོལ་ཞིང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུད་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་
ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ལ། རྡོ་རྗེ་ཐུགས་ཀ་དང་དྲིལ་བུ་རྒྱུན་དཀྲོལ་བྱ་ཞིང༌། ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་བར་ཆད་ཉེར་བར་ཞི་བ་དང༌། བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། མཆོད་ཡོན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ལོ་ཀ་པཱ་ལ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་དང་མཐེབ་སྲིན་གྱིས་སེ་གོལ་གཏོགས་ཤིང་གཙྪ་ཞེས་པས་གཤེགས་སུ་གསོལ་ལ། གཏོར་མ་གཙང་སར་དོར། རྡོ་རྗེ་གསོར་དྲིལ་བུ་དྲག་ཏུ་དཀྲོལ་ཞིང༌། གཞན་ཡང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཏྐ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ། པར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ།
ཏིཥྛ་ཏིཥྛ། བྷནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བི་གྷྣན་བི་ན་ཡ་ཀཱ་ནཱི་མ་ཧཱ་ག་ཎ་པ་ཏི་ཛཱི་ཝིཏཱ། ཨནྟ་ཀ་རཱ་ཡ་སྭཱ་ཧཱ། མཚམས་གཅོད་པ་ནི། ཐལ་མོ་སྦྱར་ལ། རྒྱ་གར་སྐད་དུ། ཨཱརྻ་པརྞ་ཤ་བ་རཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ཞེས་བྱ་བའི་གཟུངས། འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་མིའུ་ཐུང་ཤ་ཟ་མོ་རི་ཁྲོད་ལོ་མ་གྱོན་མ་དགྲ་སྟྭ་དང་ཞགས་པ་འཛིན་མ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་པ་གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་དང༌། ཡམས་ཀྱི་ནད་གང་དང་ཅི་ཡང་རུང་བ་དང༌། འཆི་བྱེད་གང་དག་ཅི་ཡང་རུང་བ་དང༌། འཆི་བྱེད་ཆེན་པོ་གང་དག་ཅི་ཡང་རུང་བ་དང༌། གནོད་པ་གང་དག་ཅི་ཡང་རུང་བ་དང༌། འཁྲུགས་པ་གང་དག་ཅི་ཡང་རུང་བ་དང༌། ཁོང་དུ་གནོད་པ་གང་དག་ཅི་ཡང་རུང་བ་དང༌། གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་ནི་བྱིས་པ་ཁོ་ན་ལ་འབྱུང་གི་མཁས་པ་ལ་ནི་མ་ཡིན་ནོ། །བདེན་པ་དང་བདེན་པའི་ཚིག་དང་བདེན་པའི་ངག་གིས་སོང་ཞིག་དེངས་ཤིག མཁས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་ལ་བསྲུང་བར་མཛོད་ཅིག ཡོངས་སུ་བསྐྱབ་པར་མཛོད་ཅིག ཡོངས་སུ་བཟུང་བར་མཛོད་ཅིག ཡོངས་སུ་བསྐྱང་བར་མཛོད་ཅིག ཞི་བ་དང་བདེ་ལེགས་སུ་མཛོད་
ཅིག ཆད་པ་སྤང་བར་མཛོད་ཅིག མཚོན་ཆ་སྤང་བར་མཛོད་ཅིག ཇི་སྲིད་དུ་གཞོམ་པའི་བར་དུ་མཛོད་ཅིག མེའི་གནོད་པ་སྤང་བར་མཛོད་ཅིག ཆུའི་གནོད་པ་སྤང་བར་མཛོད་ཅིག བྱད་སྟེམས་གཅད་པར་མཛོད་ཅིག མཚམས་བཅིང་བར་མཛོད་ཅིག ས་གཞི་བཅིང་བར་མཛོད་ཅིག ཏདྱ་ཐཱ། ཨ་མྲྀ་ཏེ་ཨ་མྲྀ་ཏེ། ཨ་མྲྀ་ཏ་ཨུད་བྷ་བེ། ཨ་མྲྀ་ཏ་སམྦྷ་ཝེ། ཨཱ་ཤྭ་སྟེ། ཨཱ་ཤྭ་སྟྭཾ་གེ མཱ་མ་ར་མཱ་མ་ར། མཱ་ས་ར་མཱ་ས་ར་ཞི་བར་མཛོད་ཅིག ནད་ཐམས་ཅད་ཉེ་བར་ཞི་བར་མཛོད། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཉེ་བར་ཞི་བར་མཛོད། གཟའ་དང་རྒྱུ་སྐར་གྱི་ཉེས་པ་ཐམས་ཅད་ཉེ་བར་ཞི་བར་མཛོད། མཆེ་བའི་དུག་ཐམས་ཅད་ཉེ་བར་ཞི་བར་མཛོད། བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན། ཏུནྣ་ཏུནྣ། བི་ཏུནྣ་བི་ཏུནྣ། ཏུ་ཎ་ཏུ་ཎ། ཏུ་མུ་ལེ་སྭཱ་ཧཱ། ཨོཾ་གཽ་རཱི། གནྡྷ་རཱི། ཙཎྜཱ་ལི། མཱ་ཏཾ་གི པུཀྐཱ་སི་སྭཱཧཱ། ཨོཾ་ཨཾ་ཀུ་རེ། མཾ་ཀུ་རེ། ཀུ་ར་རེ། པཎྞ་ཤ་ཝ་རཱི་སྭཱ་ཧཱ། ན་མཿསརྦ་ཤ་བ་རཱི་ཎཱཾ། མཧཱ་ཤ་བ་རཱི་ཎཱཾ། བྷ་ག་བ་ཏི་པི་ཤཱ་ཙི། པཎྞ་ཤ་བ་རཱི་པི་ཤཱ་ཙི་སྭཱ་ཧཱ། ཨོཾ་པེ་ཤཱ་ཙི་པཎྞ་ཤ་བ་རཱི་ཧྲཱིཿཛཿཧཱུྃ་ཕཊ་པི་ཤཱ་ཙི་སྭཱ་ཧཱ། འཕགས་མ་རི་ཁྲོད་མ་ལོ་མ་གྱོན་མའི་གཟུངས་རྫོགས་སོ། །དེ་ནས་གནས་དང་མཆོད་པའི་ཡོ་བྱད་ལ་དྲི་བཟང་གི་ཆུ་དང༌། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྟ་བབས་བཞིས་མཛེས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོད་རྫས་རྣམས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས།
གཞན་ཡང་རོལ་མོ་དང༌། འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡ་ཨཱཿཧཱུྃ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། རོལ་མོ་ཇི་སྙེད་ཡོད་པའི་སྒྲ་བྱ་ཞིང༌། དྷརྨཱ་ར་ཎི་ཚར་གསུམ་བརྗོད་དོ།«་་་་་གསུམ་བརྗོད་པའི་དང་པོས་རང་གིས་བྱིན་གྱིས་བརླབས་པ་ལས་ཀྱང༌། གཟི་བརྗིད་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས་པར་མོས། གཉིས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་པར་མོས། གསུམ་པའི་ཚེ་དེ་དག་གིས་བྱིན་གྱིས་བརླབས་པར་མོས།» དེ་ནས་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ དེ་ནས་ཐལ་མོ་སྦྱར་ཞིང༌། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གཅིག སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་མ་རི་ཁྲོད་མ་ལོ་མ་གྱོན་མའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་འཕགས་མ་རི་ཁྲོད་མར་གསལ་བའི་
སྙིང་གའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་པྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ལྷ་མོ་རི་ཁྲོད་ལོ་མ་ཅན་གྱི་དབུ་རྒྱན་དུ་བླ་མ་མི་བསྐྱོད་པའི་རྣམ་པར་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མ་ཿཔརྞ་ཤ་བ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་བཆི། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་སོགས། ཨོཾ་སྭ་བྷཱ་བ་སོགས་དང༌། སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་རི་བོ་ལྗོན་ཤིང་སྣ་ཚོགས་པའི་ནགས་ཚལ་དང༌། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་ཤེས་པ་པྃ་ཡིག་གསེར་གྱི་མདོག་ཅན་དེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཁྱད་པར་དུ་ནད་དང་སྡུག་བསྔལ་ཐམས་ཅད་བསལ། སླར་འདུས་ནས་པྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་སེར་ཞིང་འཛུམ་ཁྲོའི་ཚུལ་ཅན། གཡས་ཞལ་དཀར་པོ་ཞི་བའི་ཉམས་ཅན། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་ཐུགས་ཀར་རྡོ་རྗེ། གཉིས་པས་དགྲ་སྟྭ་འདེབས་པའི་ཚུལ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོའི་སྡིགས་མཛུབ་ལ་རྡོ་རྗེའི་ཞགས་པ་དཀྲིས་པ། གཉིས་པས་འབྲས་བུ་དང་མེ་ཏོག་གིས་སྤུད་པའི་ཤིང་ལོ་གསར་པའི་སྦྲང་གཡབ། གསུམ་པས་གཞུ་འཛིན་པ། རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང༌། ལྷ་རྫས་ཀྱི་ན་བཟའ་དམར་པོའི་སྟོད་
གཡོགས་དང༌། མེ་ཏོག་དང་འབྲས་བུ་དུ་མས་སྤྲས་པའི་ཤིང་ལོ་གསར་པ་གཤིབས་པའི་སྨད་གཡོགས་ཅན། སྦྲུལ་དཀར་པོའི་སེ་རལ་ཁ་བྱས་པ། རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང༌། ལང་ཚོ་དར་ལ་བབས་པ། སྐུ་ཤིན་ཏུ་མཛེས་ཤིང་གྲིམས་པ། ཅུང་ཟད་ཁྲོ་བ། ཞབས་གཡས་པའི་རྟིང་པས་འོག་གི་ཕྱོགས་བརྟེན་ཅིང༌། པུས་མོ་གདན་ལ་བཙུགས་པ། གཡོན་པ་བཞེངས་སྟབས་སུ་མཛད་པ། རྣམ་པར་འགྱིང་བའི་སྟབས་ཀྱིས་བཞུགས་པ།«་་་་་ཡང་ཕྱག་གཉིས་མ་དམར་མོ་སྦྱིན་སྲེག་གི་དུས་ཡིན་ལ། ཕྱག་བཞི་མ་སྔོན་མོ་ནི་དྲག་པོའི་དུས་ཡིན་ཞིང༌། འདིར་ནི་སེར་མོ་གཙོ་ཆེའོ།།» དེ་ལྟར་བསྒོམས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སྙིང་གའི་ནང་དུ་ཉི་མ་ལ་གནས་པའི་པྃ་སེར་པོ་བསྒོམ་པར་བྱའོ། །དེ་ནས་པྃ་ལས་སྣ་ཚོགས་པའི་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་རི་ཁྲོད་ལོ་མ་གྱོན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ། སྔར་བཞིན་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པས་རང་ལ་གཉིས་སུ་མེད་པར་བསྟིམ་མོ། །ཡང་པྃ་གྱི་ཡི་གེ་དེ་ཉིད་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་སྤྱན་དྲངས་ལ་སྔ་མ་ལྟར་མཆོད་ནས།«་་་་་པཉྩ་ཀུ་ལ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས།» དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་
གང༌། དྲི་མ་ཐམས་ཅད་དག གསང་སྔགས་དང་ཕྲིན་ལས་ཐམས་ཅད་ལ་དབང་བར་བྱས། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་རང་གི་སེམས་གཏད་ལ་མཉམ་པར་བཞག་གོ །གང་གི་ཚེ་སྔགས་བཟླ་བར་འདོད་ན། དེའི་ཚེ་སྙིང་གའི་ནང་གི་པྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་བདག་གི་རྒྱུད་བྱིན་གྱིས་བརླབས་ཤིང་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དང་ནད་ཐམས་ཅད་བསལ་བར་བསམས་ལ། ཨོཾ་པི་ཤཱ་ཙི་པཎྞ་ཤ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་སྙིང་པོའོ། །ཨོཾ་པི་ཤཱ་ཙི་པཎྞ་ཤ་བ་རཱི་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ཉེ་བའི་སྙིང་པོའོ། །འདིའི་རྩ་བའི་སྔགས་བཟླ་བར་འདོད་ན་གཟུངས་ཉིད་ལས་འབྱུང་བ་བཞིན་བཟླ་བར་བྱའོ། །བསྙེན་པའི་གྲངས་ནི་རྩ་བའི་སྔགས་འབུམ་ཕྲག་གཅིག སྙིང་པོ་འབུམ་ཕྲག་ཉི་ཤུ། ཡང་སྙིང་འབུམ་ཕྲག་བཅོ་ལྔ་ལས་ཐམས་ཅད་ཇི་སྐད་བཤད་པ་བཞིན་འགྲུབ་པར་འགྱུར་རོ། །དེ་ལ་རྩ་སྔགས་ནི། ཏདྱ་ཐཱ། ཨ་མྲྀ་ཏེ། ཨ་མྲྀ་ཏེ། ཨ་མྲྀ་ཏ་ཨུདྦྷ་ཝེ། ཨ་མྲྀ་ཏ་སཾ་བྷ་ཝེ། ཨཱ་ཤྭ་སྟེ། ཨཱ་ཤྭ་སྟཱཾ་གེ མཱ་མ་ར། མཱ་མ་ར། མཱ་ས་ར། མཱ་ས་ར། ཏུནྣ་ཏུནྣ། བི་ཏུནྣ་བི་ཏུནྣ། ཏུ་ཎ་ཏུ་ཎ། ཏུ་མུ་ལེ་སྭཱ་ཧཱ། ཨོཾ་གཽ་རཱི། གནྡྷ་རཱི། ཙཎྜ་ལི། མཱ་ཏཾ་གི པུཀྐཱ་སི་སྭཱ་ཧཱ། ཨོཾ་ཨཾ་ཀུ་རེ། མཾ་ཀུ་རེ། ཀུ་ར་རེ། པཎྞ་ཤ་བ་རཱི་སྭཱ་ཧཱ། ན་མཿསརྦ་ཤ་བ་རཱི་ཎཱཾ་མ་ཧཱ་ཤ་བ་རཱི་ཎཱཾ་བྷ་ག་ཝ་ཏཱི་པི་ཤཱ་ཙི་པཎྞ་ཤ་བ་རཱི་པི་ཤཱ་ཙི་སྭཱ་ཧཱ། ཨོཾ་པི་ཤཱ་ཙི་པཎྞ་ཤ་བ་རཱི་ཧྲཱིཿཛཿཧཱུྃ་ཕཊ་པི་ཤཱ་ཙི་སྭཱ་ཧཱ། ཞེས་པའོ། །དེ་ལྟར་བཟླས་པའི་རྗེས་སུ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མ་ལུས་པ་
སྩལ་དུ་གསོལ། ཞེས་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། བདག་བསྐྱེད་དོ། །བུམ་པའི་ཆོ་ག་ནི། དེ་ནས་ཀུ་ཤས་དྲི་བཟང་གི་ཆུ་བུམ་པ་དང་མཆོད་རྫས་རྣམས་ལ་གཏོར་ཞིང༌། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་མ་དག་པ་བསང༌། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་རྫས་རྣམས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞེས་པ་ནས། བསམ་གྱིས་མི་ཁྱབ་པ་ཞེས་པའི་བར་གནས་ཡོ་བྱིན་རླབས་ཀྱི་སྐབས་བཞིན་ལ། ངོ་བོ་བཟང་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་བརླབ། དྲི་ཆུ་དང༌། ཨ་མྲྀ་ཏས་བུམ་པ་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱངས་པ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་མཆོད་རྟེན། རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ཁྲི་ཟླུམ་པོ་བང་རིམ་གསུམ་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་
ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང༌། དར་གྱི་ལྡ་ལྡིས་མཛེས་པར་བྱས་པའི་མཆོད་རྟེན་གྱི་བུམ་པའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ཡིག་གསེར་གྱི་མདོག་ཅན་དེ་ལས་འོད་ཟེར་འཕྲོས་པས། ཞེས་སོགས་ལྷ་མོ་བདག་བསྐྱེད་བཞིན་བསྒོམ། གནས་གསུམ་བྱིན་གྱིས་བརླབ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་ཁྲོད་ལོ་མ་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། སྤོས་དང་བཅས་ཤིང་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོང་བདག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །
མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨཱརྻ་པི་ཤཱ་ཙི་པཎྞ་ཤ་བ་རཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཡེ་ཤེས་སེམས་དཔའི་ཕྱི་བཞིན་དུ་འབྲངས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག ཅེས་རྡོར་དྲིལ་གསོར་དཀྲོལ། ན་མོ་བཛྲ་ཀྲོ་དྷ་སོགས་སྔོན་འགྲོ་གཏོར་མ་བཞིན་གྱིས་ཕྱིར་འབྲང་གི་བགེགས་བསྐྲད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པད་ཀོར་སྔོན་དུ་འགྲོ་བའི་མཆོད་ཡོན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཧཱུྃ་སྭཱ་ཧཱ། མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། །གཡས་པས་ཁྲུས་གསོལ་བའི་སྟངས་ཀ་བྱེད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨའི་ཕྱག་རྒྱ་བཅས་ལ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་གདན་ཕུལ་ལ། མཚན་སྔགས་སྔོན་འགྲོས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། དབང་ལྷ་སྤྱན་འདྲེན་ནས་དབུར་བརྒྱན་གྱི་བར་བདག་བསྐྱེད་བཞིན་བྱ། དེའི་ཕྱི་རོལ་གྱི་སྟེང་གི་ནམ་མཁའ་ལ་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། འཁོར་ཡུག་ཏུ་ཆོས་སྐྱོང་སྲུང་མ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བར་གྱུར། དེ་དག་རྣམས་ལ་གོང་དུ་བསྟན་པའི་མཆོད་པ་རྣམས་ཀྱིས་རིམ་པ་བཞིན་དུ་མཆོད་པར་བསམ་ཞིང༌། སོ་སོའི་ཕྱག་རྒྱ་བཅས་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །རི་ཁྲོད་ལོ་མ་གྱོན་མ་དང༌། །རྒྱལ་བ་འཁོར་དང་བཅས་ལ་འབུལ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ནད་གདོན་བགེགས་རྣམས་ཞི་བ་དང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཎྞ་ཤ་བ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་མཆོད་ཡོན་དབུལ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་གིས་ཞབས་བསིལ། མེ་ཏོག་དང༌། པུཥྤེ། བདུག་སྤོས་དང༌། དྷཱུ་པེ། མར་མེ་དང༌། དཱི་པཾ། དྲི་མཆོག་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་དྱ། སིལ་སྙན་དང༌། ཤབྡ། ཞེས་པ་རྣམས་ཀྱིས་མཆོད་ནས་རོལ་མོ་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་སྒྲུབ་པའི་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ཞིང་དང་ཡུལ་རྣམས་ཀུན་ཏུ་རྣམ་འཕྲུལ་ཞིང༌། །ཁྱད་པར་རི་ཁྲོད་གནས་སུ་རྣམ་རོལ་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་ཀུན་སྩོལ་བའི། །རི་ཁྲོད་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཞལ་དང་ཕྱག་ཞབས་སྣ་ཚོགས་དང༌། །སྣ་ཚོགས་མདོག་དང་ཆ་ལུགས་སྣ་ཚོགས་དང༌། །སྣ་ཚོགས་རྒྱན་དང་ཕྱག་མཚན་སྣ་ཚོགས་ཀྱིས། །རྣམ་པར་སྒེག་མ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་གང་གིས་འདུལ་བའི་ཐབས་མཁྱེན་ནས། །
མེ་ཏོག་འབྲས་བུ་དུ་མས་རྣམ་སྤུད་ཅིང༌། །ཤིང་ལོ་གསར་པའི་ན་བཟས་རབ་བཀླུབས་པའི། །ལོ་མ་གྱོན་མ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིག་སྔགས་ཞི་བའི་ང་རོ་ཡིས། །འགྲོ་བའི་རིམས་དང་སྡུག་བསྔལ་ཞི་མཛད་ཅིང༌། །དྲག་པོའི་གསང་སྔགས་འབྲུག་ལྟར་ཆེར་བསྒྲགས་པས། །གདུག་པ་འཇོམས་མཛད་གསུང་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཞི་བས་འགྲོ་བ་ཞི་མཛད་ཅིང༌། །བརྩེ་བས་རྗེས་ཆགས་དགེས་པ་ཆེན་པོ་ཡིས། །ཚེ་དང་དཔལ་འབྱོར་རྣམ་པར་རྒྱས་མཛད་མ། །རྣམ་གྲོལ་ཡངས་པའི་ཐུགས་མངའ་ཁྱོད་ལ་འདུད། །བསྒྲུབ་དང་བཟླས་བརྗོད་བརྩོན་པས་ཁྱོད་ཀྱི་ཐུགས། །བསྐུལ་བས་བདག་ལ་བརྩེ་བས་ཉེར་དགོངས་ཏེ། །ནད་དང་བགེགས་ཀྱི་ཚོགས་རྣམས་ཞི་བ་དང༌། །ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །སྐྱེ་བ་ཀུན་ཏུ་བདག་གི་མགོན་མཛད་དེ། །ཉམ་ངའི་འཇིགས་པ་ཀུན་ལས་སྐྱོབ་པ་དང༌། །སྲིད་ཞིའི་བདེ་དགའ་རྒྱ་མཚོས་རབ་འབྱོར་ཞིང༌། །རྫོགས་སངས་ཡོན་ཏན་རྒྱ་མཚོར་འགྱུར་བར་མཛོད། །ཅེས་བསྟོད་ཅིང་གསོལ་བ་གདབ། གཞན་ཡང་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་སྒྲུབ་པའི་གྲོགས་དང་བཅས་པས་གཟུངས་ཐག་བཟུང་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་འཕྲོས། གཟུངས་ཐག་ལ་བརྟེན་ནས་སོང་བས། བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ་ནས་སྐུའི་ཆ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པའི་ནང་གང་བ་དང༌། འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རིམས་ནད་དང༌། བགེགས་དང་འབྱུང་པོ་ཐམས་ཅད་ཀྱི་གནོད་པ་ཞི་བར་བསམ་ཞིང༌། འདིའི་སྙིང་པོའི་སྔགས་གཙོ་བོར་བཟླ། རྩ་སྔགས་དང་ཉེ་བའི་སྙིང་པོ་ཅི་རིགས་བཟླའོ། །ཐུན་གྱི་མཐར་གོང་བཞིན་
མཆོད་པ་ཁ་གསོས་བྱིན་གྱིས་བརླབས་ནས། མཆོད་ཅིང་བསྟོད་ལ་ནད་ཞི་བར་གསོལ་བ་གདབ་བོ། །བུམ་པའི་ཆོ་གའོ། །སྦྱིན་སྲེག་ནི། ས་སྟེགས་སམ། ཞལ་བའམ་སྣོད་ཁྲུ་སྒོ་ར་ལ་སོགས་ཇི་ལྟར་རིགས་པར་ཞི་བའི་ཐབ་ཁུང་ཟླུམ་པོར་ཁ་ཁྱེར་རམ་མུ་རན་ཟླུམ་པོ་སྟེགས་བུ་གྲུ་བཞི་ཆག་བཅས་པའི་མུ་རན་ལ་རྡོ་རྗེའི་ཕྲེང་བ། སྟེགས་བུ་གྲུ་བཞི་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ། ཐབ་ནང་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཚོམ་བུ་དམར་པོ་ནས་འབྲས་གང་རུང་གིས་བཀོད། དེའི་དྲུང་དུ་ཆུ་གཉིས་ཉེར་སྤྱོད་སྦྲེང་ཚར་དུ་བཤམ། སྣོད་ཇི་ལྟར་རིགས་པར་མི་སྐྲ་མི་རུས་ཤིང་ནིམ་པའི་ལོ་མ་རྩ་དཱུརྦ་མར་རྣམས་ལྷན་ཅིག་ཏུ་བཞག ཐབ་ཁུང་དྲི་ཆུ་དང༌། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ། མུ་རན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཁྱད་པར་དུ་ནད་དང་སྡུག་བསྔལ་ཐམས་ཅད་བསལ། སླར་འདུས་ནས་པྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན་དུ་གྱུར་པ་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ། གཡས་པ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བགེགས་ཀྱི་ཚོགས་ལ་སྣུན་པར་མཛད་ཅིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པས་གནོད་པར་བྱེད་པ་ཐམས་ཅད་ཀུན་ཏུ་གཟིར་བར་བྱེད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༌། ཁྲོ་གཉེར་བསྡུས་པ་མཆེ་བ་རྣམ་པར་གཙིགས་ཤིང་ལྟོ་བ་འཕྱང་བ། སྐུ་ཐུང་ཞིང་བརྗིད་ལ་སྦོམ་པ། དབུ་སྐྲ་སེར་པོ་གྱེན་ཏུ་འབར་བ། རུས་པ་དང་རིན་པོ་ཆེ་དང་སྦྲུལ་
གདུག་པའི་རྒྱན་གྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། གནས་གསུམ་བྱིན་རླབས་ནས། ས་མཱ་ཛཿའི་བར་བདག་བསྐྱེད་བཞིན་དང༌། མ་ལུས་སེམས་ཅན་ནས། རིགས་བདག་རྒྱས་འདེབས་ཀྱི་བར་རྒྱས་འདེབས་བཞིན་ལ། འོད་དཔག་མེད་ཀྱི་དབུར་བརྒྱན་ཞེས་བརྗོད། སྤྱན་འདྲེན་གྱི་ཚེ་མདུན་བསྐྱེད་ཀྱི་བུམ་པའི་དྲུང་དུ་མེ་ཏོག་སྤོས་སྣོད་སྤོས་རེངས་དང་བཅས་པ་བཞག་ལ་ལས་ཀྱི་རྡོ་རྗེས་ཕྱག་གསུམ་ཕུལ་ནས་ཁ་རས་ལག་ལྕིབ་དང་བཅས་བླངས་ལ་སྤྱན་འདྲེན་དང་བསྟུན་སློབ་དཔོན་ལ་ཕུལ། སློབ་དཔོན་གྱིས་སྤོས་ཀྱི་རྩེ་ཅུང་ཟད་བཏོགས། འབྲུ་ཕྲན་བུ་དང་བཅས་པ་ཐབ་ནང་དུ་གཏོར། བྱིང་ཉེ་འཁོར་གྱི་སྟེགས་ཁར་བཞག མཆོད་པ་བསང་སྦྱང་བྱིན་རླབས་ནས་བསྟོད་པ་རྫོགས་པའི་བར་གོང་བཞིན་བྱ།«་་་་་མཚན་སྔགས་སྔོན་འགྲོའི་མཆོད་བསྟོད་ཤློ་ཀ་གཅིག» དེ་ནས་མེ་སྐྲ་སོགས་གོང་གི་རྫས་རྣམས་བརྒྱ་རྩ་བརྒྱད་སྙིང་པོ་ཕུལ་བའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ། དེས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་དང༌། ཁྱད་པར་དུའང་དུས་མིན་གྱི་རིམས་ནད་གདོན་བགེགས་མ་རུངས་པའི་གདུག་རྩུབ་ཆོ་འཕྲུལ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པ་དང༌། མཚན་སྔགས་སྔོན་འགྲོའི་མཆོད་པ་བསྟོད་པ་གོང་བཞིན། འདོད་གསོལ་ཀྱང་སྤེལ་ཚིག་བཞིན་ལ། ཆོ་འཕྲུལ་ངན་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་སྦྱར། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་ཤློ་ཀ་གཅིག ཨོཾ་ཁྱེད་ཀྱིས་སེམས་ཅན་གྱི་མཐར། བཛྲ་མུཿ ཐབ་ནང་གི་ཡེ་ཤེས་པ་མཆོད་རྟེན་ནམ་བུམ་ནང་གི་ལྷ་ལ་ཐིམ་པར་གྱུར། ཞེས་བརྗོད་ལ་སྤོས་སྤར། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་
གསུམ་ཕུལ་ནས་སྤོས་སྣོད་བཅས་བླངས་ལ་འབྲུ་ནས་མཆོད་རྟེན་དང་བུམ་པ་ལ་ཅུང་ཟད་གཏོར། བྱིང་སྔར་ཤུལ་དུ་བཞག སྦྱིན་སྲེག་འདི་མ་བྱུང་ཡང་ཆད་པའི་སྐྱོན་མེད། གཏོར་མ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ། ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབ་བོ། །གཏོར་མ་དགུ་ཡོད་པའི་དང་པོ་བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ཞལ་དུ་བསྟབས་པས་གསོལ་བར་བསམ་ཞིང་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་པི་ཤཱ་ཙི་པཎྞ་ཤ་བ་རཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིན་གྲྀཧྞཱ་པཱ་ཡ་སརྦ་ཛྭ་ར་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་ཕུལ་ལ། མཚན་སྔགས་སྔོན་འགྲོའི་ཨརྒྷཾ་ལ་སོགས་པས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །སོགས་ཀྱིས་བསྟོད། ལོ་མ་གྱོན་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སོགས་ཀྱིས་ཕྲིན་ལས་གཞོལ། དེ་བར་རོལ་མོ་འབུད་དཀྲོལ་བྱའོ། །གཉིས་པ་ཆོས་སྐྱོང་ལ་གཏོར་མ་འབུལ་བ་ནི་འབྲུ་གསུམ་ལན་གསུམ། གུར་ཞལ་སོགས་ལ་རང་རང་གི་གཏོར་ཆོག་བསྡུས་པས་ཕུལ་ཆོག་པས་གདན་ས་འདི་ཉིད་ཀྱི་ཕྱག་ལེན་ལྟར་ན་བསྐྱེད་ཆོག་ནས་ཕྲིན་བཅོལ་རྫོགས་«་་་་་ནང་མཆོད་མི་དགོས།» པའི་བར་གཏོར་བསྔོ་སྔགས་སྒྲུབ་བཞིན་ལ་གུར་ལྕམ་དྲལ་ཞལ་བཞི་རྣམས་ཀྱི་སྔགས་ཐུང་གི་མཐར། སངས་རྒྱས་བསྟན་སྲུང་མ་བསྡུས་པ་སྦྱར་ལ་བསྟན་སྲུང་འཁོར་དང་བཅས་པ་བསྟོད་པའི་རྗེས་སུ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར། ཡང་ན་གཏོར་མ་འདི་ཉིད་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་རྒྱལ་ཆེན་བཞི་ལ་འབུལ་ཚུལ་ཚེ་དཔག་མེད་
སོགས་གཞན་ནས་འབྱུང་བ་ལྟར་རོ། །གསུམ་པ་ཕྱོགས་སྐྱོང་དང༌། བཞི་པ་འབྱུང་པོ་ལ་ཆ་གསུམ་བཞིན་འབུལ། ལྔ་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཀླུ་རྒྱལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཱཏྟ་ལི་བཏྟ་ལི་མ་ཧཱ་བཏྟ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་དང༌། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེ་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང༌། །ཚི་ལི་ཆེན་པོ་རྣམས་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། སརྦ་བྷུརྦྷུ་བ་ཕྲུྃ་ཕྲུྃ་སྭཱ་ཧཱ། པདྨ་ཀ་མ་ལཱ་ཡ་སྟྭཾ། ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་སོགས། དྲིལ་བུ་དཀྲོལ། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མཐའ་དག་སེལ་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུྃ་ཕྲུྃ་སྭཱ་ཧཱ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུྃ་ཕུཿཧཱུྃ་སྭཱ་ཧཱ། ལན་གསུམ། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ་དེ་ལྟར་ན། ཀླུའི་རྒྱལ་པོ་བརྒྱད་ཀྱིས་གཙོར་བྱས་པའི་ཀླུ་གཉན་ས་བདག་གི་རིགས་ཐམས་ཅད་དང༌། ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ལ་གནོད་ཅིང་ལན་ཆགས་པའི་ཀླུ་གཉན་ས་བདག་གི་རིགས་ཐམས་ཅད་གཏོར་མ་འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོ་འདིས་ཚིམས་ཤིང་མཉེས་ནས་གནོད་
པ་དང་གདུག་པའི་བསམ་པ་ཞི་ནས་ཕན་པ་དང་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག ནཱ་ག་ས་པ་རི་ཝཱ་ར་གཙྪ།«་་་་་མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོགས།» ག་རུ་ཧཾ་«་་་་་བྱ་ཁྱུང་གི་ཕྱག་རྒྱ།» ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། དྲུག་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། མཁའ་འགྲོ་སྤྱི་གཏོར་སྤྱི་འགྲོ་བཞིན་ལ། ཤབྡ་ཨཱཿཧཱུྃ་གི་རྗེས་སུ། ལྷ་ཡི་ཚོགས་རྣམས་ནས། ཀུན་འགྲུབ་ཤོག་«་་་་་འདིའི་རྗེས་སུ་འོག་གི་གཞི་བདག་གཏོར་མ་ཡར་འཐེན།» གི་བར། བདུན་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀྱི་ནད་བདག་གདུག་པ་ཅན་ཤ་ཁྲག་ལ་དགའ་བ་ཐམས་ཅད་ཨ་ཀརྵ་ཡ་ཛཿ ཨ་ཀཱ་རོས་བསྔོས་པའི་མཐར། ཐལ་མོ་སྦྱར་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ནི་ནད་བདག་རིམས་བདག་ཡམས་ཀྱི་བདག་མོ་ལ་སོགས་པ་གདུག་པ་ཅན་གནོད་བྱེད་ཀྱི་ཚོགས་ངོས་མ་ཟིན་པ་ས་དང་བར་སྣང་ལ་གནས་ནས་འདོད་པའི་བགེགས་བྱེད་ཅིང་མི་འདོད་པ་སྐྱེད་པར་བྱེད་པ་ཤ་ཁྲག་སྲོག་དབུགས་ལ་ལོངས་སྤྱོད་པ་རྣམས་ལ་སྦྱིན་ནོ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་རིམས་ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། ཉིན་བདུན་པ་དང༌། རྟག་པའི་རིམས་རྣམས་དང༌། རིམས་མི་ཟད་པ་རྣམས་དང༌། རིམས་ལྡངས་དུབ་པ་རྣམས་དང༌། འབྱུང་པོའི་རིམས་རྣམས་དང༌། རླུང་ལས་གྱུར་པ་རྣམས་དང༌། མཁྲིས་པ་ལས་གྱུར་པ་རྣམས་དང༌། བད་ཀན་ལས་གྱུར་པ་རྣམས་དང༌། འདུས་པ་ལས་གྱུར་པ་རྣམས་དང༌། རིམས་ནད་ཐམས་ཅད་དང༌། ཀླད་པ་ན་བ་དང༌། གཞོགས་ཕྱེད་ན་བ་དང༌། ཡི་ག་འཆུས་པ་དང༌། མིག་ནད་དང༌། སྣ་ནད་དང༌། ཁ་ནད་དང༌། མགུལ་ནད་དང༌། སྙིང་ནད་དང༌།
ལྐོག་མའི་ལྷ་གོར་ན་བ་དང༌། རྣ་བ་ན་བ་དང༌། སོ་ན་བ་དང༌། རྙིལ་ན་བ་དང༌། ཀླད་པ་ན་བ་དང༌། རྩིབ་ལོགས་ན་བ་དང༌། རྒྱབ་ན་བ་དང༌། ལྟོ་བ་ན་བ་དང༌། རྐེད་པ་ན་བ་དང༌། ཆུ་སོ་ན་བ་དང༌། བརླ་ན་བ་དང༌། རྗེ་ངར་ན་བ་དང༌། ལག་པ་ན་བ་དང༌། རྐང་པ་ན་བ་དང༌། ཡན་ལག་ན་བ་དང༌། ཉིང་ལག་ན་བ་དང༌། ཁྱད་པར་དུ་ཡང་འབྲུམ་པ་དང༌། བེ་གེ་དང༌། ཆམ་པ་དང༌། ཀླད་གཟེར་དང༌། གག་པ་དང༌། གཟེར་ཐུང་དང༌། གཉན་གླང་དང༌། རྒྱུ་གཟེར་དང༌། མེ་དབལ་དང༌། རྨན་བུ་དང༌། ཉྭ་ལོག་དང༌། ལྷོག་པ་དང༌། འབྲས་དང༌། འཛུམ་བུ་ལྟག་དགྱེ་དང༌། མཁྲིས་པ་རྩར་རྒྱུག་དང༌། ནང་ལྷོག་དང༌། ཁ་མེད་དང༌། འཁྱམས་པོ་དང༌། འབར་འབུར་དང༌། རྣ་རྩ་ཕུས་འདེབས་དང༌། ངམ་རུལ་སོགས་པ་དུས་མིན་གྱི་གཉན་ནད་རྣམས་དང༌། མདོར་ན་ནད་བཞི་བརྒྱ་རྩ་བཞི་སོགས་ལུས་ངག་ཡིད་གསུམ་ལ་གནོད་པར་བྱེད་པ་ཐམས་ཅད་ཏིལ་འབྲུ་ཙམ་ཡང་མ་གཏོང་ཞིག བསམ་ངན་གདུག་རྩུབ་གནོད་འཚེའི་བསམ་པ་ཐམས་ཅད་ཞི་ཞིང་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་ཕན་སེམས་དང་ལྡན་པར་གྱིས་ཤིག ནད་རིམས་ཡམས་བདག་རྣམས་ཀྱི་རྒྱུད་ལ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་ནས། འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེའི་བར། ཨོཾ་ཆེན་པོ་ནས། ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །རོ་ག་པ་ཏི་ས་པ་རི་ཝཱ་ར་གཙྪ། ན་མོ་བཛྲ་སོགས་དྲག་རོལ་དང་བཅས་པས་གཏོར་མ་རྒྱང་
རིང་དུ་འཕེན། ཐལ་མོ་སྦྱར་ལ། ཏདྱ་ཐཱ། ཙ་ལི་མི་ཙ་ལི་མི་པ་ན་ཀོ་ཀི་ལི་ཤྲཱི་མ་ཏི། ཀུཎྜ་ལི། དུནྡྷུ་བྷི། ཨིནྡྲཱ་ནི་མུ་ཁེ་སྭཱ་ཧཱ། འདི་དག་ནི་ཟས་མ་ཞུ་བ་དང༌། སྦོས་པ་དང༌། ཁྲག་དང་མཁྲིས་པ་འདྲེས་པ་དང༌། གཞང་འབྲུམ་གྱིས་བཏབ་པ་དང༌། གཞང་ནད་ཅན་དང༌། ཟ་ཁུ་དང༌། ལུད་པ་ཅན་དང༌། རིམས་ནད་ཅན་དང༌། ཀླད་པ་ན་བ་དང༌། གཞོགས་ཕྱེད་ན་བ་དང༌། ཡི་དྭགས་ཀྱིས་ཟིན་པའི་གསང་སྔགས་ཀྱི་གཞི་ཡིན་ཏེ། གསང་སྔགས་ཀྱི་གཞི་འདི་དག་ལས། འགལ་བར་བྱེད་པ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ༌། །གསང་སྔགས་ཀྱི་གཞི་འདི་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་སྟེ་འདི་ལ་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ །འདོད་ཆགས་དང་བྲལ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ །དགེ་འདུན་ནི་ཚོགས་ཐམས་ཅད་ཀྱི་མཆོག་གོ །བདེན་པའི་ཚིག་དང་བདེན་པའི་ངག་འདིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱིས་ཟོས་པ་དང༌། འཐུངས་པ་དང༌། འཆོས་པ་དང༌། མྱང་བ་རྣམས་ལེགས་པར་བདེ་བར་ཞུ་བར་གྱུར་ཅིག་སྭཱ་ཧཱ། ཏདྱ་ཐཱ། ཛྭ་ལ་ནི། ཛྭ་ལ་ནི། པྲ་ཛྭ་ལ་ནི། པྲ་ཏི་པ་ནེ། པྲ་ཤ་མ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རིམས་ནད་སོང་ཞིག་མ་འདུག་ཅིག་སྭཱ་ཧཱ། བདེན་པ་དང་བདེན་པའི་ཚིག་གང་གིས་འཇིག་རྟེན་ན་སངས་རྒྱས་བླ་ན་མེད་པ་དང༌། ཆོས་བླ་ན་མེད་པ་དང༌། དགེ་འདུན་བླ་ན་མེད་པའི་བདེན་པ་དང༌། བདེན་པའི་ཚིག་དེས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རིམས་ནད་སོང་ཞིག་མ་འདུག་ཅིག་སྭཱ་ཧཱ། ཞེས་བརྗོད། བརྒྱད་པ་འབྲུ་
གསུམ་གྱི་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀྱི་ནད་བདག་གདུག་པ་ཅན་དཀར་ཕྱོགས་ལ་མི་དགའ་བ་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་ཀྱིས་སྦྱིན། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ནས། མ་འདུག་ཅིག་སྭཱ་ཧཱའི་བར་གོང་བཞིན། དགུ་པ་འབྲུ་གསུམ་གྱིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝ་ར་ཨཱ་ཀརྵ་ཡ་ཛཿ སྔགས་དེ་ཉིད་ལ་ཨ་ཀཱ་རོ་བཏགས་པས་ཕུལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་རྒྱ་གར་རྡོ་རྗེ་གདན་གྱིས་གཙོར་བྱས་པའི་འཛམ་བུ་གླིང་གི་གཞི་ཡི་བདག་པོ་རྣམས་དང༌། ཁྱད་པར་དུའང་བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས། སྒོས་དབུས་གཙང་རུ་བཞི། བྱེ་བྲག་ཏུའང་ཡུལ་ཕྱོགས་འདི་ཉིད་དང་ས་ཕྱོགས་འདི་ཉིད་ན་གནས་པའི་ལྷ། ཀླུ། བཙན། བདུད། རྒྱལ་པོ། མ་མོ། ས་བདག གཉན་མཐུ་བོ་ཆེ། གནས་བདག གཞི་བདག ཡུལ་བདག གྲོང་བདག དཀོར་བདག གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབ་པ་དང༌། ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། མི་ནད་དང༌། ཕྱུགས་ནད་དང་མུ་གེ་ཐམས་ཅད་རྒྱུན་ཆད་ཅིང་མི་འབྱུང་བ་དང༌། དུས་ཀྱི་འཁྲུགས་པ་ཐམས་ཅད་ཉེ་བར་ཞི་བ་དང༌། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་འགྲོ་ན་མ་ཆགས། འདུག་ན་མ་དོགས། འགྲོ་བ་ལ་ཤོལ་འདེབས་མ་བྱེད། སྡོད་པ་ལ་སྐུལ་མ་མ་བྱེད། གནས་མགྲོན་གྱི་དམ་ཚིག་སྲུང༌། བདག་ཅག་དཔོན་སློབ་འཁོར་
དང་བཅས་པ་ཐམས་ཅད་འགྲོ་འདུག་བྱ་བ་སྤྱོད་ལམ་ཅི་བྱེད་ཀྱང་རུ་ང་བ་དང་ཕྲག་དོག་པར་མ་མཛད་པར་ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག ཆོས་རྣམས་ཐམས་ཅད་སོགས་ནས། འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེའི་བར། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ་ཞེས་བརྗོད། བགེགས་གཏོར་འཕགས་པ་རིན་པོ་ཆེའི་ཆོ་ག་ན་མ་གསུངས་ཤིང༌། གཏོང་ནའང་མི་འགལ་ལམ་སྙམ། གཏོང་ན་འདིར་གཏོང༌། གཏོར་མའོ། །དེ་ནས་མཆོད་རྟེན་གྱི་ནང་དུ་ཡོད་པའི་ལྷ་རྣམས་ལ་མཆོད་བསྟོད་བསྡུས་པ་བྱ། སེམས་ཅན་གྱི་ནད་ཞི་བར་གསོལ་བ་བཏབ།«་་་་་འགྲོ་བ་ནད་པ་སོགས། སེམས་ཅན་ནད་པ་སོགས། ཕྱོགས་རྣམས་ཀུན་ན་སོགས། ཕྱོགས་བཅུའི་སེམས་ཅན་གང་རྣམས་སོགས། བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་སོགས་ནས། དྲི་མ་ཐམས་ཅད་ཞི་བར་མཛད་དུ་གསོལ་གྱི་བར་དང༌། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུངས་ས་སྐྱ་ནད་གྲོལ་མ་སོགས་བརྗོད་དོ།» །བཟོད་པར་གསོལ།«་་་་་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་ཉམས་པ་སོགས། གང་ཡང་བདག་བློ་སོགས། གཙོ་བོ་ནུས་པ་སོགས། མཆོད་རྟེན་ལ་བརྟན་བཞུགས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་རྒྱལ་སྟོང་མཆོད་ཀྱི་མཇུག་ནས་འབྱུང་བ་སོགས།» གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ། «ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས།» དགེ་བ་བསྔོ།«་་་་་དགེ་བ་འདི་ཡིས་མྱུར་དུ་བདག་སོགས།» ཤིས་པ་བརྗོད། དེ་ལྟར་ཐུན་བཞིའི་རིམ་པས་ཞག་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གི་བར་དུ་བསྒྲུབས་པར་བྱས་པའི་མཐར། བཟོད་པར་གསོལ་ཞིང༌། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ལ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །བུམ་པའི་སྟེང་ན་མཆོད་རྟེན་ཡོད་ན་གཤེགས་གསོལ་མི་དགོས་ཤིང༌། གལ་ཏེ་མཆོད་རྟེན་མེད་ན་བུམ་པའི་ནང་ངམ་སྟེང་དུ་ལྷ་བསྐྱེད་པར་བྱ་སྟེ། མཐར་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ནས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་བལྟའོ། །སྒྲུབ་པ་ནམ་བྱེད་ཀྱི་བར་ཉིན་རེ་བཞིན་འོག་ནས་འབྱུང་བའི་སྦྱང་བ་ནས་
ཤིས་པ་བརྗོད་པའི་བར་ཚར་རེ་སྒྲུབ་ཁང་གི་དབུས་ནས་བྱའོ། །གཟུངས་ཀྱི་སྒྲུབ་པ་བསྟན་ཟིན་ཏོ། །ཁྲུས་ཀྱི་ཆོ་ག་ནི། བསྒྲུབ་བྱ་ཉུང་ངུའི་དོན་བྱེད་ན་དངོས་སུ་བཀྲུ་ཞིང༌། ཀུ་ཤ་ལ་སོགས་པས་སྤྱི་བོ་ནས་གཏོར་ལ་ཁྲུས་ཀྱི་ཚིགས་བཅད་དང་སྔགས་རིམ་པ་བཞིན་བརྗོད་པར་བྱའོ། །སྐྱེ་བོ་མང་པོའམ། གྲོང་ཁྱེར་རམ། རྟ་ཕྱུགས་མང་པོའི་དོན་བྱེད་ན། གྲོང་ཁྱེར་བསྐོར་བའི་ཕྱིར་དུང་དང་རྔ་དང༌། བ་དན་ལ་སོགས་རོལ་མོ་སྣ་ཚོགས་པས་སྣ་དྲངས་ཏེ་ལྷ་མོའི་སྐུ་དང༌།«་་་་་རི་ཁྲོད་མ་སྔོན་མོ།» གླེགས་བམ་དང༌།«་་་་་ཏོག་གཟུངས་དང༌། འདིའི་གཟུངས་མདོ། གཙུག་གཏོར།» གཏོར་མ་རྣམས་སྤྱན་དྲངས་ཤིང༌། སྔགས་མཁན་དང༌།«་་་་་རྡོར་དྲིལ་གསོར་དཀྲོལ་བྱེད་ཅིང༌།» དགེ་འདུན་རྣམས་དང༌།«་་་་་པི་ཤཱ་ཙི་འུར་འདོན་བྱེ་ཅིང༌།» མི་དཔའ་བོ་གོ་ཆ་གྱོན་ཅིང་མཚོན་ཆ་ཐོགས་པ་མང་པོ་དང་བཅས་པས། འདྲེ་གདོན་ནད་བདག་ལ་སྡིགས་པར་བྱེད་ཅིང་འདྲེ་གདོན་སྐྲོད་པའི་དྲག་སྔགས་དང་སྒྲ་སྐད་ཆེན་པོའི་ཁུ་འདེབས་མང་པོས་བསྐོར། མི་དེ་དག་གི་མགོ་ལ་ཤིང་ལོ་ལ་པརྞ་ཤ་ཝ་རཱིའི་སྙིང་པོ་གི་ཧཾ་གིས་བྲིས་པ་བཏགས་ཤིང༌། ཐམས་ཅད་ཀྱིས་སྔགས་ཟློ་བཞིན་པས་རང་ཉིད་པརྞ་ཤ་བ་རི་མའམ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། སྔགས་གཡོག་འཕགས་པ་ཀུན་དགའ་བོ་དང༌། འཁོར་རྣམས་ཤ་བ་རཱི་འཁོར་དང་བཅས་པ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཕྱོགས་སྐྱོང་དང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བར་གྱུར་པ་རྣམས་ཀྱིས་གྲོང་དེའི་ནད་གདོན་སྐྲོད་ཅིང༌། ནད་ཡམས་ཞི་བ་དང༌། འཇིག་རྟེན་ལ་ཕན་གདགས་པའི་ཕྱིར་གཤེགས་སོ། །ཞེས་བརྡ་སྤྲད་དོ། །ཀུན་གྱི་ཐུགས་མཐུན་པར་དགོངས་ཤིང་གྲོང་ཁྱེར་བསྐོར་ལ། གྲོང་དེའི་ལྷོ་ཕྱོགས་ཀྱི་སྒོ་ཡི་ཕྱི་རོལ་དུ། ཤིན་ཏུ་གཙང་ཤིང་མཐོ་བའི་སར་མེ་ལོང་ལ་དེ་དག་གི་གཟུགས་བརྙན་འཆར་དུ་བཅུག་ལ། གཏོར་མས་བསྒྲུབ་བྱ་དེ་དག་ལ་བསྐོར་ཞིང༌།
ཨོཾ་སརྦ་བི་གྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་དང་བཅས་པས། གསུམ་མམ་བདུན་གྱིས་དེ་དག་ལ་གནོད་པར་བྱེད་པ་«་་་་་ཞི་དྲག་ཕྱེད་མས་སྦྱང་བ་སྤྱི་འགྲེ།» རྣམས་ལ་བྱིན་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཁྲོ་བོ་སྤྱན་འདྲེན་བསྟོད་པ་དང་བཅས་པའི་རྗེས་ལ། སྐྱེ་བོ་འདི་དག་ལ་གནོད་པར་བྱེད་པའི་ནད་བདག་བགེགས་དང་འབྱུང་པོའི་ཚོགས་ཐམས་ཅད་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་སོང་ཞིག ཅེས་བརྗོད་ལ་དྲག་པོའི་སྔགས་དང༌། རོལ་མོའི་སྒྲ་དྲག་པོ་བྱའོ། །མིའི་རུས་པ། ཤ །སྐྲ། སེན་མོ། ཤིང་ཀུན། སྒོག་སྐྱ། ག་པུར། ཉུངས་ཀར། གླ་བ། སྦྲུལ་ལྤགས་རྣམས་སྦྱར་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་«་་་་་བདག་བསྐྱེད་ཀྱི་གཟུངས་རིང་རྫོགས་ནས་སྔགས་འདི་ཉེར་གཅིག་བཟླས་ལ་རྫས་རྣམས་ལ་ཉིན་ལྟར་གྱི་ཕུས་བཏབ།» ཏུད་ཏྲ་ཡ། ཏདྱ་ཐཱ། ས་ར་ས་ར། པྲ་ས་ར་པྲ་ས་ར། ག་ཧ་ག་ཧ། བི་ག་བྷི་བི་ག་ཧ། ཏི་ལི་ཏི་ལི། ཨ་ལ་ཐཱ། ཧ་སི་ནི། ག་ག་ཊ་ཊ། ཏུད་ཏྲོ། ཉ་པ་ཨ་ཧི། ཐ་ཐ། ཙུ་ལུ་ཙུ་ལུ། ཙུ་ལུ་ཀ་ཐ་ཐ། ཞེས་ཉེར་གཅིག་བཟླས་པ་སྲེག་ཅིང༌། གྲོང་ཁྱེར་ཐམས་ཅད་དུ་བདུག་ལ། ཐམས་ཅད་ཀྱིས་འདྲེ་གདོན་སྐྲོད་པའི་སྔགས་དང་ཁུས་གདབ་པར་བྱའོ། །དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་ཏིལ་ལ་བསྟིམས་ལ།«་་་་་རབ་གནས་སོགས་ནས་འབྱུང་བཞིན།» མེར་བསྲེགས་པས་སྡིག་པ་སྦྱང༌། དེ་ནས་གྲོང་ཁྱེར་ལ་སོགས་པ་མེ་ལོང་གི་ནང་དུ་ཤར་བ་ལ་བུམ་པའི་ཆུས་བཀྲུ་ཞིང༌། འདི་ནི་ཁྲུས་མཆོག་སོགས་དང༌། ཇི་ལྟར་བལྟམས་པ་སོགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །ཞེས་སོགས་དང༌། འདི་ནི་སྦྱིན་པའི་རང་བཞིན་ནས། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་པའི་བར་སྔགས་དང་བཅས་པས་ཁྲུས་བྱ། སྐུ་ཕྱི་བའང་བྱའོ། །དེ་ནས་རང་གི་སྙིང་ག་ནས་འོད་
འཕྲོས་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། ཕྱོགས་སྐྱོང་དང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་བྱོན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་ནད་དང་གདོན་དང་རིམས་དང་ཉེ་བར་འཚེ་བ་ལ་སོགས་པའི་འགལ་རྐྱེན་ཐམས་ཅད་སེལ་བ་ལ་དགོངས་པ་རྩེ་གཅིག་ཏུ་མཛད་པར་བསམ་ཞིང༌། འདོན་པའི་གྲོགས་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། མུཉྩ་ཏ། མུཉྩ་ཏ། མ་འདུག་ཅིག ཡམས་ཀྱི་ནད་རྣམས་ཞི་བར་གྱུར་ཅིག རོལ་མོ་དྲག་པོ་བྱ། འོག་མ་རྣམས་ལའང་འགྲེ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་
ཡང་ལྷ། ལྷའི་བླ་མ་གཤེགས་ཤིང༌། དབང་པོ་བཅས་པའི་ལྷ་རྣམས་དང༌། ཚངས་པ་དང་བཅས་པ་རྣམས་དང༌། དབང་པོ་དག་དང་བཅས་པ་རྣམས་དང༌། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང༌། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་ངོ༌། །ལྷ་འབུམ་ཕྲག་དུ་མ་དག་དང༌། ལྷ་མ་ཡིན་གྱི་དབང་པོ་རྣམས་དང༌། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་ངོ༌། །བཅོམ་ལྡན་འདས་ལ་མངོན་པར་དགའ་བའི་འབྱུང་པོ་འབུམ་ཕྲག་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་ཁྱེད་རྣམས་ལ། གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གིས། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། མྱུར་དུ་བྱེར་ཅིག ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེ་བར་འཚེ་བར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག ལུས་ལ་ཡང་འཇུག་པར་གྱིས་ཤིག སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་རི་ཏི་རི། རི་རི་རི་རི་རི་རི་རི་རི་རི། རཱི་རཱི་ཏཱི། མཱི་རཱི། མཱི་རཱི། མཱི་རཱི། མཱི་རཱི་ཏི། ཧ་ས་མཱི་རི་ཏི། མཱི་རི་ཏི། མཱི་རི་ཏི། སཱི་མི། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ།
ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རོ་ཏི་ཏི། ཀུ་རི་ཤོ། ཀཾ་ཀ་རཱ། ཀཾ་ཀ་རཱི་ཤེ། ཀཾ་ཀ་རཱི་ཤེ། རི་རི་རི་རི་རི་རི། ཏི་རི་ཏི་ཕུས། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ཐཱ། ནཱ་ནཱ་ཐ་ཐཱ། ནིརྒཙྪ་ཏ། རི་ཕུ། རི་ཕུ། ནིརྒཙྪ་ཏ། པཱ་ལ་ཡཱ་ཐ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱིས། ཀྵི་པྲ་ནིརྒཙྪ་ཏ་སྭཱ་ཧཱ། རོལ་མོ་དྲག་པོ་བྱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང༌། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང༌། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །ཞེས་བརྗོད་དོ། །དེ་ནས་སྒྲུབ་པའི་གྲོགས་འགའ་ཞིག་གིས་དབྱངས་དང་བཅས་པའམ། ཡང་ན་མགྲིན་གཅིག་ཏུ་བསྡེབས་ལ་སྐད་གསང་མཐོན་པོས་འདི་སྐད་ཅེས། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པའི་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བའི་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་
ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱི། །སྡང་སེམས་ལྡན་
པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང༌། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོངས་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་གྱུར་ཅིག«་་་་་བུམ་ཆོག་རྒྱས་པའི་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་གཟུངས་འདི་འཕགས་པ་རིན་པོ་ཆེའི་བུམ་ཆོག་ལས་འབྱུང་བ་སོར་བཞག་དང༌། བསྡུས་པའི་སྐབས་གཟུངས་འདུས་ལས་བྱུང་བ་སོར་བཞག་ཡིན་པས་འདྲ་མིན་འབྱུང་བའི་རྒྱུ་མཚན་དེའོ།» །ཅེས་བརྗོད་དུ་གཞུག་གོ །དེ་ནས་རང་གིས་ཀུ་ཤ་ལ་སོགས་པས་བུམ་པའི་«་་་་་དེ་བར་སློབ་དཔོན་གྱིས་ཚིག་ཅི་རིགས་བརྗོད།» ཆུ་གཏོར་ཞིང༌། ཨོཾ་པི་ཤཱ་ཙི་པཎྞ་ཤ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནཱ་ཡ་ཆེ་གེ་མོའི་གྲོང་ཁྱེར་པ་རྣམས། རྟའི་ཚོགས་སམ། ཕྱུགས་ལ་སོགས་པའི་སྡིག་པ་དང༌།«་་་་་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི།» སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད༴ རྒྱལ་པོའི་གནོད་པ་ཐམས་ཅད༴ མི་རྒོད་ཀྱི་གནོད་པ་ཐམས་ཅད༴ གཅན་གཟན་གྱི་གནོད་པ་ཐམས་ཅད༴ བྱད་སྟེམས་ཀྱི་གནོད་པ་ཐམས་ཅད༴ གཞོན་ནུའི་གདོན་ཐམས་ཅད༴ ཕས་ཀྱི་རྒོལ་བ་ཐམས་ཅད༴ བཀྲ་མི་ཤིས་པ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ ལྟས་ངན་པ་ཐམས་ཅད༴ ཀེག་སྲི་ངན་པ་ཐམས་ཅད༴ མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་
ཧཱ་ཞེས་བརྗོད་ལ། ནད་ཀུན་ཞི་བར་གྱུར་ཅིག ལ་སོགས་པའི་སྨོན་ལམ་གདབ་བོ།«་་་་་འདིར་ཡང་གོང་བཞིན་ཞི་བའི་ཚིགས་བཅད་རྣམས་བཏོན་ལ།» །བུམ་ཆུ་མི་ཕྱུགས་ཐམས་ཅད་ལ་གཏོར་བས་ནད་ཐམས་ཅད་ཞི་བར་བསམ། དེ་ནས་ལྷོ་སྒོའི་ནང་ནས་རྐང་པ་གཡས་པས་ཐེམ་པ་མནན་ལ་འདིའི་གཟུངས་གླིང་གཞི་དང་«་་་་་མཚམས་གཅོད་སྐབས་བཞིན།» བཅས་པ་ལན་གསུམ་བཀླགས་ཏེ་མཚམས་གཅད། བྱིན་གྱིས་བརླབས་པའི་རིག་སྔགས་«་་་་་བུམ་སྟེང་གི་ཤོག་དྲིལ་ཐུམ་བུ་གཅིག» བྲིས་པ་ཡ་ཐེམ་ལ་གླན། རིག་སྔགས་དང་བཅས་པའི་ཤིང་ལོ་གསར་པ་སྒོ་གོང་དུ་བཙུགས་པས་བསྲུང་ངོ༌། །དེ་བཞིན་དུ་ནུབ་དང༌། བྱང་དང༌། ཤར་དུའང་ཆོ་ག་རྣམས་ཚང་བར་བྱའོ། །རིམས་དྲག་པོ་བཅད་པ་ལ་ལྷོ་སྒོ་ནས་ཤར་དང༌།«་་་་་ཐུམ་བུ་གཅིག» བྱང་དང༌།«་་་་་ཐུམ་བུ་གཅིག» ནུབ་ཏུ།«་་་་་ཐུམ་བུ་གཅིག» བསྐོར་བས་ཆོ་ག་དྲག་པོ་བྱའོ། །དེ་ནས་ལྷ་མོའི་«་་་་་ཐུམ་བུ་གཅིག་»སྔགས་དང་ཤིང་ལོ་དང་བཅས་པས་གྲོང་གི་དབུས་སུ་རྒྱལ་མཚན་གྱི་རྩེ་ལ་བཙུགས་ལ་མཆོད་པ་རྒྱ་ཆེན་པོས་«་་་་་དེར་ཆུ་གཉིས་སྔོན་འགྲོའི་མཆོད་པ་སོགས་རྣམ་གྲངས་མང་བར་བཤམས་ལ། བསང་སྦྱང་བྱིན་བརླབ། རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་དང༌། མཚན་སྔགས་སྔོན་འགྲོས་མཆོད། རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ་སྤྱི་འགྲེ་བཞིན་ལ། མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །ཞེས་སོགས་ཕུལ་མཐར་བསྟོད་པ་རྒྱས་པ་དང༌། ནད་ཞི་བའི་ཚིགས་བཅད་གཟུངས་ཚར་ཉེར་གཅིག་སོགས་ཀྱི་མཐར་བཀྲ་ཤིས་བརྗོད་དོ།།» མཆོད་ཅིང་བསྟོད་ནས་ནད་ཞི་བར་གསོལ་བ་གདབ། གཟུངས་ཚར་གསུམ་ལ་སོགས་པ་བཟླས་པས་བརྟན་པར་བྱའོ། །དེ་ལྟར་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པས་འདུན་པ་གཅིག་པས་ཆོ་ག་བྱ་ཞིང༌། ལྷ་མོ་དུས་ཐམས་ཅད་དུ་མཆོད་ཅིང་ནད་ཞི་བར་གསོལ་བ་གདབ་པར་བྱའོ། །ཁྲུས་ཀྱི་ཆོ་ག་བསྟན་ཟིན་ཏོ། །དངོས་གཞིའི་ཆོ་གའོ། །རྗེས་ནི་མཎྜལ་དང་མཆོད་པ་རྣམས་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱ། སློབ་དཔོན་འཁོར་དང་བཅས་པ་དགའ་སྟོན་གྱིས་མཉེས་
པར་བྱ་ཞིང་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་གདབ་ཤིས་པ་བརྗོད་པར་བྱའོ། །རྗེས་ཀྱི་ཆོ་གའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་རི་ཁྲོད་མའི་ཆོ་ག་བསྟན་ཟིན་ཏོ། །འཇིག་རྟེན་ཁམས་འདིར་ཐུབ་པའི་དབང་པོ་ཡིས། །གདུལ་བྱ་གང་ལ་གང་གིས་འདུལ་བ་ཡི། །ཆོས་ཀྱི་སྒྲོན་མེ་སྣ་ཚོགས་གསལ་བར་གསུངས། །ཁྱད་པར་འགྲོ་མང་ནད་ཀྱིས་གཟིར་བ་ལ། །ལོ་མ་གྱོན་མའི་ཆོ་ག་རྗེས་སུ་གནང༌། །དེ་ཡི་གདམས་པ་བྱིན་རླབས་ཆུ་རྒྱུན་འདི། །བརྩེ་ཆེན་བ་རི་པ་ལས་ལེགས་བརྒྱུད་དེ། །རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་ནས། །ཆོ་གའི་རྣམ་གྲངས་ཤིན་ཏུ་གསལ་བར་མཛད། །བདག་ལ་དེ་བས་ལྷག་པ་ཅི་བྱར་ཡོད། «།འོན་ཀྱང་་་་་་»།བློ་དམན་རྣམས་ལ་འཇུག་པ་བདེ་བ་དང༌། །བློ་གསལ་རྣམས་ལ་སྤྲོ་བ་སྐྱེད་པ་དང༌། །འགྲོ་མང་ནད་ཀྱིས་གཟིར་བ་མཐོང་གྱུར་ནས། །བརྩེ་བའི་བསམ་པས་འདི་ཉིད་བྲིས་པ་ཡིན། །ཉེས་པ་མཆིས་ན་མཁས་རྣམས་བཟོད་པར་གསོལ། །ལེགས་པའི་དགེ་བས་ནད་རྣམས་ཞི་གྱུར་ཅིག །ནད་རིམས་གཅོད་པའི་གདམས་ངག་ལ། །འདི་ལས་ཟབ་པ་ཡོད་མི་སྲིད། །འདི་འདྲའི་ཆོ་ག་མ་མཐོང་ཞིང༌། །གདམས་ངག་སད་སུད་རེ་ཙམ་གྱིས། །བླུན་པོ་མགོ་བོ་བསྐོར་བ་ཡི། །བཤེས་གཉེན་དེ་དག་སྐལ་བ་དམན། །བཀའ་ཡོད་ལྷད་མེད་བརྒྱུད་པར་བཅས། །བརྗོད་བདེ་རྣམ་གསལ་ཆོ་ག་འདི། །མཁས་པ་འགའ་ལ་མ་གྲགས་ཤིང༌། །ས་སྐྱ་པ་ཡི་དཔལ་འབྱོར་ཡིན། །དེ་ལྟར་རི་ཁྲོད་མ་ལོ་མ་གྱོན་མའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་འདི་ནི་འཕགས་པ་རིན་པོ་ཆེའི་གསུང་ཚད་མར་བྱས་ཏེ། དགའ་ལྡན་པ་ཀུན་བསོད་ཀྱི་ཟིན་རིས་ཀྱིས་ཁ་བསྐངས་ནས་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་དང་མཐུན་པར། རྡོ་རྗེ་འཛིན་པ་བྱང་ཕུག་ཀུན་དགའ་ལེགས་པས་མཛད་པ་རྣམས་གཙོ་བོར་བཟུང༌། ཁ་བསྐང་འོས་པ་རྣམས་བླ་མ་གོང་མའི་ཡིག་ཆ་སོ་སོ་ནས་འདི་དང་མི་འགལ་བ་
རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འདིའང་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས། སྙིགས་མ་ལྔ་བདོའི་ནད་ཀྱི་དུ་རུ་ཀ་བདོ་བའི་མགོ་ཟུག་འདྲ་མོ་ཤར་བའི་ཚེ། བོད་ཡུལ་སོགས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཕན་པའི་བླ་མ་གོང་མའི་གསུང་གི་གསལ་བྱེད་དུ་བཀོད་པ་འདིས་སེམས་ཅན་ཐམས་ཅད་ནད་བཞི་བརྒྱ་རྩ་བཞི་དང༌། ཁྱད་པར་སྨན་བཅོས་གང་གིས་ཀྱང་བཟློག་ཏུ་མེད་པའི་ནད་ངན་མཐའ་དག་དང་བྲལ་ནས་འཕྲལ་ཡུན་བདེ་སྐྱིད་ཁོ་ནས་འཚོ་བའི་རྒྱུར་གྱུར་ཅིག །རྩ་ཡིག་པ་ནི་གཞུ་ལུང་པའོ། །སརྦ་དཱ་མངྒ་ལཾ།། ༈ །རི་ཁྲོད་མའི་ཆོ་གའི་ཟུར་འདེབས་བྱིན་རླབས་ཆུ་རྒྱུན་སྤེལ་བའི་གངས་རི་བཞུགས་སོ། །སྭ་སྟི། རི་ཁྲོད་ལོ་མ་གྱོན་མའི་ཆོ་གའི་ཁྲིགས་ཆགས་ཀྱི་རིམ་པར། གཙུག་ལག་ཁང་ལ་སོགས་པའི་གནས་སུ་སྟེགས་མཐོ་ཞིང་ཡངས་པར་རས་དཀར་དང་སྟན་ཁེབས་སོགས་གཞི་གཙང་མ་དྲི་ནོག་མེད་པའི་སྟེང་དུ་ནས་འབྲས་གྲོ་སོགས་འབྲུ་དངོས་གཙང་ལྷད་མེད་བཀྲམ་པའི་དབུས་སུ་པདྨ་འདབ་བརྒྱད་དཀར་པོའི་སྟེང་དུ་མཉྫི་ལ་བུམ་པ་བཀོད་པའི་ཁར་རིན་པོ་ཆེའི་ཕོར་པ་ཤིང་འབྲས་གཙང་མས་བཀང་བའི་དབུས་སུ་མཆོད་རྟེན་གྱི་བྲེ་ལ་གཟུངས་ཐག་བཏགས་པ་བཞག བུམ་པའི་རྒྱབ་ཏུ་རི་ཁྲོད་མ་སྔོན་མོའི་ཐང་སྐུ་ཅོད་པན་ཅན་རང་ལ་ཞལ་ཕྱོགས་པར་བཀྲམ། དེའི་སྟེང་དུ་གདུགས་མེ་ཏོག་གི་ཕྲེང་བ་ཅན་ཕུབ། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར་མཚམས་འཛིན་དང་བཅས་པ་བཤམ། དེའི་མཐར་སྤོས་མེ་ཟན་བརྒྱ་མཆོད་ཙམ་འགྲུབ་ཀྱང་མཆོག་ཏུ་ལེགས། དེའི་མཐར་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་འདོད་ཡོན་ལྔ་སོགས་ཀྱི་ཙ་ཀ་ལི་ཡོད་ནའང་འཁོར་མོར་བཀྲམ། གདུགས་རྒྱལ་མཚན་བ་དན་སོགས་དངོས་སུ་ཡོད་ནའང་བཙུགས་པའི་ཤར་དུ་ལི་མ་ཡིན་པ་གསེར་དངུལ་ཟངས་ལྕགས་ལ་སོགས་ཀྱི་སྣོད་དམ། ཡེ་མ་
འབྱོར་ན་རྫ་སྡེར་རྡོ་གཡམ་སོགས་ཀྱི་སྟེང་དུ་གཙོ་མོའི་གཏོར་མ་ཁྲུ་གང་ཙམ་ཟླུམ་པོ། པད་འདབ་བཞིས་བསྐོར་ཞིང་རྩེ་རྒྱན་དང་ལྡེམ་སོགས་མར་རྒྱན་སྣ་ཚོགས་ཀྱིས་ནོར་བུ་དང་ཤིང་འབྲས་མེ་ཏོག་ལོ་མ་སོགས་ཀྱི་རི་མོ་མཛེས་ཚོན་དུ་མ་དང༌། སྒོར་རྒྱན་ཅི་མཛེས་ཀྱིས་བརྒྱན་པའི་མཐར་སྨན་དང་དཀར་གསུམ་མངར་གསུམ་ཕུང་པོར་སྤུངས་པ་ལ་སྨྱུག་མ་གཙང་མའམ་ཀུ་ཤ་ལ་བརྟེན་པའི་གཏོར་གདུགས་ཕུབ། དེ་བཞིན་ཏུ་འོག་ནས་འབྱུང་བའི་གཏོར་མ་རྣམས་ཀྱང་སྣོད་སོ་སོར་ཆེ་ཆུང་མཐོ་གང་ཙམ། དཀར་གཏོར་རྣམས་ཟླུམ་གཏོར་པདྨའི་སྙིང་པོ་ཅན་པད་འདབ་བཞིས་བསྐོར་བ་དང༌། དམར་གཏོར་རྣམས་སྨད་ནས་རྩེའི་བར་བྱིན་གྱིས་ཕྲར་སོང་ཞིང་ཟུར་རྩེ་མི་རྣོ་བ་ལ་མདུན་དུ་ཐེབ་ཀྱུ་ཐོད་གཟུགས་ཅན། གཏོར་མ་དེ་ཐམས་ཅད་ལ་རྩེ་དང་དཀྱིལ་དུ་སྒོར་རྒྱན་རེ། འབྱོར་ན་ཐམས་ཅད་ལ་གཏོར་གདུགས་དཀར་པོ་བཅས་གཞུང་བཞིན་ལ། བདུན་པ་བརྒྱད་པ་གཉིས་ཕྱིར་བཏང་ན་ལེགས་པས་དྲུག་པ་དམར་གཏོར་གྱི་རྗེས་སུ་དགུ་པ་དཀར་གཏོར་བཤམ་ཞིང༌། ཕྱི་རོལ་གཏོར་མ་དཀར་དམར་གཉིས་སྟེགས་ལ་བཤམས་ལ། ཆུ་གཙང་བྲན། གུ་གུལ་གྱིས་བདུག སྦྱར་སྤོས་རེང་བུ་ཕལ་ཆེར་ལ་གླ་རྩི་དང་ཆང་འདྲེས་པས་བྱ་རྒྱུད་ལ་མི་རུང༌། དཔོན་སློབ་རྣམས་ཀྱི་དྲུང་དུ་རྡོར་དྲིལ། འཐོར་ནས། རོལ་སིལ། རྔ་དུང་སོགས་དང༌། འོག་ཏུ་དགོས་པའི་སྦྱོང་ཆས། གུ་གུལ། ཡུངས་ཀར། ཁྲུས་ལོང༌། སྐུ་ཕྱིས་སོགས་ཡོ་བྱད་གང་དགོས་འདུ་བྱའོ། །ཆོ་ག་བྱེད་པའི་ཐོག་མར་ཡན་ལག་ལྔའི་ཁྲུས་བྱ་བའམ། ཡང་ན་གདོང་ལག་པ་ཙམ་བཀྲུ། རབ་བྱུང་ཡིན་ན་ཆོས་གོས་དང་སྣམ་སྦྱར་གྱོན། སྒྲུབ་ཁང་དུ་ཞུགས་ནས་རྟེན་ལ་ཁ་ཕྱོགས་པར་རང་གི་སྙིང་ག་ནས་ཞེས་སོགས་ཀྱིས་ཚོགས་ཞིང་སྤྱན་དྲང༌། ཕུང་པོས་ལྕོགས་ན་ཚིགས་བཅད་ཐམས་ཅད་ལ་ཕྱག་བྱ། མ་ལྕོགས་ན་བླ་གོས་ཕྲག་པ་
གཅིག་ཏུ་གཟར། ཐལ་མོ་སྙིང་གར་སྦྱར་ཏེ་ཕྱག་འཚལ་ལོ་དང་འདུད་ཅེས་ནམ་བྱུང་བའི་ཚེ་ལུས་དང་མགོ་དུད་ཙམ་རེ་བྱས་ལ་ཕྱག་འཚལ་གྱི་ཚིག་མང་བས་གདངས་མེད་པར་འདུར་བཤུར་གང་རུང་གིས་བྱས་ལ། བསྔོ་བ་རྫོགས་ནས་རང་རང་གི་གྲལ་ལ་འཁོད་སྡིག་བཤགས་དང་གསོ་སྦྱོང་བླང༌། སྔོན་འགྲོ་གཏོར་མ་ལ་གདངས་དང་དྲིལ་གསིལ་ཕྱག་ལེན་བཞིན་བྱེད། གཏོར་མ་ཕྱིར་དོར་བའི་ཚེ་རོལ་མོ་དྲག་དུང་སོགས་བགེགས་གཏོར་ལ་བྱེད་པ་བཞིན་བྱ། ཚོགས་ཞིང་གི་མཆོད་པ་ལ་མགོར་མཚན་སྔགས་དང་མཇུག་ཏུ་པྲ་ཏཱིཙྪ་ཨཱཿཧཱུྃ་ཀུན་ལ་སྦྱར། སྙིང་པོ་ཉེ་སྙིང་ཤུབ་བུར་ཅི་རིགས་དང༌། རྩ་སྔགས་དང་རྫས་སྔགས་ཉེར་གཅིག་འུར་འདོན་བྱས་པའི་རྗེས་སུ་བཅོམ་ལྡན་འདས་མས་བདག་དང་སེམས་ཅན་སོགས་གསོལ་གདབ་དང་གདན་བསྡུ། མཆོད་པ་བྱིན་བརླབ། བུམ་བསྐྱེད་བྱ། ཕྱིར་འབྲང་གི་བགེགས་བསྐྲད་ལ་དུང་དང་རོལ་མོ་རབ་གནས་བཞིན་མཆོད་པའི་ཚིགས་བཅད་དང་སྔགས་ལ་གདངས་ཕྱག་རྒྱ་བཅས། གཞུང་དུ་མི་གསལ་བ་རྒྱལ་སྲིད་སྣ་བདུན་«་་་་་ཡོ་ག་ལྟར་་་་་་»འདོད་ཡོན་ལྔ་རྣམས་ཕུལ་ན། བཅོམ་དྲིལ་བྱས་ལ་བསྟོད་པ་གདངས་སམ་འདུར་གང་རིགས། སྙིང་པོ་སྟོང༌། ཉེ་སྙིང་ལྔ་བརྒྱ་ཤུབ་བུར། རྩ་སྔགས་ཕྲེང་འཁོར་འུར་འདོན་བྱས་མཐར། བཅོམ་ལྡན་འདས་མས་བདག་དང་ནས་སྩལ་དུ་གསོལ་གྱི་བར་བདག་བསྐྱེད་ཀྱི་མཇུག་བཞིན། མཆོད་པ་བྱིན་བརླབ་རབ་འབྱམས་རྒྱ་མཚོ་མའམ་བསྟོད་པ་གོང་བཞིན་བྱས་ལ་སྦྱིན་སྲེག་ལ་འཇུག རྫས་རྣམས་རིལ་བུ་མཐེའུ་ཆུང་གི་མགོ་ཙམ་བྱས་ནས་ཕུལ་ན་དྲི་ཆུང་ཞིང་འགད་གཙང༌། གཏོར་མའི་མཆོད་པའི་མཐར་མཆོད་རོལ་བཅས་ལ་བསྟོད་པ་ཤླ་ཀ་གཅིག དྲིལ་བུ་གསུམ་རྡུང་དང་བཅས་མཆོད་སྦྱིན་གཏོར་མ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་མཐར་རོལ་མོ་འབུད་དཀྲོལ་བྱ། སྦྱིན་སྲེག་དང་འདིའི་མཆོད་སྔགས་གདངས་མེད་པས། གཏོར་མ་འོག་མ་རྣམས་ལ་གདངས་མ་བྱུང་ཀྱང་ཆོག་ཅིང༌། རོལ་མོ་ཐོབ་མཚམས་
དྲིལ་གསིལ་བྱ། ནད་བདག་དམར་དཀར་གྱི་གཏོར་མ་ཕྱིར་དོར་«་་་་་གཞི་བདག་གཏོར་མའི་རྗེས་སུ་ནད་བདག་དམར་དཀར་གྱི་གཏོར་མ་ཆོད་པ་བཅས་དང་རྡོར་དྲིལ་རོལ་མོ་དུང་སོགས་ཁྱེར། ཞྭ་གྱོན། གྲོང་ཁྱེར་གྱི་ཕྱི་ལམ་གྱི་གཞི་མདོ་ལྟ་བུར་ཕྱིན་ལ། གཏོར་མ་དམར་དཀར་ཨ་མྲྀ་ཏས་བསང་བ་སོགས་ལ་གཙོ་གཏོར་བྱིན་རླབས་བཞིན་དང༌། ཆོ་ག་གཞུང་ནས་འབྱུང་བ་བཞིན་ལ་དཀར་གཏོར་རྒྱང་རིང་དུ་དོར་བའི་བར་ཕྱི་བྱ། དེ་ནས་ནང་དུ་ལོག་པའི་ཚེ་རོལ་མོའི་སྒྲ་སོགས་ཅི་ཡང་མི་དགོས་པར་ལོག་ལ་གྲལ་ལ་འཁོད་ནས། ཏདྱ་ཐཱ། ཙ་ལེ་ཞེས་པ་ནས་མ་འདུག་ཅིག་སྭཱ་ཧཱའི་བར་བརྗོད། དེ་ནས་མཇུག་ཆོག་བྱའོ། །ནད་བདག་གཏོར་མ་འདི་དག་ཡི་གེ་སྔོན་མ་རྣམས་ན་ནང་དུ་བྱ་བར་གསུངས་པ་བཞིན་ངེད་རང་གི་ཆོག་ཁྲིགས་སུའང་བྲིས་ནས་ལག་ལེན་དེ་ལྟར་བྱས་པ་ཡིན་ཀྱང་དོན་ལ་ཕྱིར་གཏང་བ་འདི་ལེགས་ཤིང་འགད་གཙང་བས་སླར་འདི་ལྟར་བྱའོ།།» ཚེ་དྲག་རོལ་དྲག་དུང་བྱེད། མཆོད་པ་ཁ་གསོས། བསང་སྦྱང་བྱིན་བརླབ། མཆོད་ཡོན་ཕལ་ཆེར་མ་ལ། བདག་ཉིད་ཆེན་མོ་ལོ་མ་གྱོན་མ་མཆོད། །ཅེས་སོགས་སྦྱར། བསྟོད་པ། ཐལ་མོ་སྦྱར་ནས་ནད་ཞི་བའི་འདོད་གསོལ་རྣམས་གདངས་མེད་པར་བྱ། སྒྲུབ་ཞག་ཇི་ལྟར་བྱེད་རིང་སྒྲུབ་ཁང་གི་རྩེ་ནས་སྦྱང་ཁྲུས་བྱེད། གྲོལ་ཉིན་གཞི་བདག་གཏོར་མ་རྫོགས་པར་གཏང༌། ཐོག་མར་མཆོད་ཕྲེང་དང༌། རྔ་རོལ། སྐུ་བྲིས་པའི་བ་དན། གླེགས་བམ། གཙོ་གཏོར། སྦྱོང་ཆས། ཁྲུས་བུམ་རྣམས་མི་རེ་རེས་གཙང་སྦྲ་དང་ལྡན་པས་ཁྱེར། དེའི་རྗེས་སུ་གཟུངས་ཆོག་བྱེད་མི་དང༌། དགེ་འདུན་གྱི་ཚོགས་དང༌། སྐྱེ་བོའི་དམག་མི་ཤིན་དུ་མང་བ་བཅས་བྱས་ལ། ཐོག་མར་སྒྲུབ་པ་པོ་རྣམས་སྒྲུབ་ཁང་དུ་ལངས་ནས་སྙིང་པོའི་སྔགས་འུར་འདོན་ལན་གཅིག་བྱས་པའི་མཐར། སློབ་དཔོན་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། ལས་ཀྱི་རྡོ་རྗེ་འཕགས་པ་ཀུན་དགའ་བོ། གཞན་སྒྲུབ་གྲོགས་རྣམས་དང༌། དགེ་འདུན་གྱི་ཚོགས་སྐྱེ་བོའི་དམག་དཔུང་དང་བཅས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། ཕྱོགས་སྐྱོང་བ་དང་འཇིག་རྟེན་སྐྱོང་བའི་རྣམ་པར་གྱུར་ནས་ཡུལ་ཕྱོགས་འདིའི་ནད་གདོན་སྐྲོད་
ཅིང་ཡམས་ཞི་བ་དང་འཇིག་རྟེན་ལ་ཕན་གདགས་པའི་ཕྱིར་གཤེགས་སོ། །ཞེས་བརྗོད་ལ་རོལ་མོའི་བྱེ་བྲག་ཀུན་བསྒྲག་ཅིང༌། ཐམས་ཅད་ཀྱིས་པི་ཤཱ་ཙི་དང༌། སུམྦྷ་ནི་བཛྲ་སཏྭ་ཀྲོདྷ་སོགས་འཇིག་རྟེན་གསུམ་རྒྱལ་གྱི་སྔགས་དང༌། ན་མོ་བཛྲ་ཀྲོ་དྷཱ་ཡ་སོགས་བགེགས་སྐྲོད་ཀྱི་སྔགས་དང༌། གཞན་ཡང་ཕྱག་རྡོར་རྟ་མགྲིན་སོགས་ཁྲོ་བོའི་སྔགས་ཤེས་ཚད་བཏོན་ལ་གྲོང་ཁྱེར་ཡུལ་ལྗོངས་བསྐོར་བའི་མཐར། ལྷོ་ཕྱོགས་ས་གཙང་ཞིང་མཐོ་བར་མེ་ལོང་ཆེན་མོ་ཕྱར་ལ་ཡུལ་གྱི་གཟུགས་བརྙན་སྣང་བ་དེ་ལ་ལས་ཀྱི་རྡོ་རྗེ་ཁ་ཕྱོགས་པས་གཏོར་མ་ཏིང་ལོ་ཆངས་བུ་རྣམས་བསྐོར་ནས་སྣོད་གཅིག་ཏུ་གསག དཔོན་སློབ་རྣམས་ཀྱིས་ཞི་བ་དང༌། ཞི་དྲག་ཕྱེ་མ་དང༌། དྲག་པོའི་སྦྱང་བ་རྣམས་བྱས་ལ་བདེན་བདར་ལན་གསུམ་གྱི་དང་པོ་རྫོགས་ནས་སྦྱོང་ཆས་མི་ཞིག་ལ་བསྐུར། ཆུ་གཞུང་ཐག་ཤིན་ཏུ་རིང་བར་སྐྱེལ་དུ་གཏང་ལ་རོལ་མོ་དྲག་སྔགས་ཡུངས་ཀར་གྱིས་བྲབ། དགེ་འདུན་རྣམས་ཀྱིས་བདུད་ཟློག སྐྱེ་བོ་རྣམས་ཀྱིས་གོ་རྡེབ་པ་དང༌། ཀི་འདོན་པ་སོགས་དེ་ལྟར་ལན་གསུམ་བྱས་ལ་གྲོང་ཁྱེར་སོ་སོའི་སྟེང་འོག་བར་གསུམ་ལ་རྫས་རིལ་སྔགས་ཅན་གྱི་དུད་པས་བདུག་པའི་བརྡ་སྦྱར། སྡིག་པ་སྦྱོང་བའི་ཏིལ་ལན་གསུམ་མ་ཡིན་པར་ཉེར་གཅིག་ཙམ་གྱི་བར་དུ་བསྲེག འདིའི་དམིགས་པ་ལ་མིའི་འགྲོ་བ་ཁོ་ན་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སོ་སོའི་སྣ་སྒོ་ནས་ཐོན། ཏིལ་ལ་ཐིམ་པས་ཏིལ་འབྲུ་རེ་རེ་བཞིན་ཀཾ་ཡིག་གམ་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་དེ་ཡེ་ཤེས་ཀྱི་མེ་ཕུང་ཤིན་ཏུ་ཆེ་བ་དང༌། ཐུགས་རྗེའི་ཆུ་རྒྱུན་རྒྱ་མཚོ་ལྟར་འཁྱིལ་པ་ལ་བཏབ་པས་གཙང་སིང་གིས་དག་པའི་དམིགས་པ་བསྒོམ། མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལ་ཁྲུས་རྣམས་བྱས་ནས་ཕར་ཕྱིན་དྲུག་གི་ཁྲུས་མཇུག་གི་ཤློ་ཀ་གསུམ་སོ་སོར་སྔགས་དང་བཅས་པ་བྱས་ནས་སྐུ་ཕྱིས། རང་གི་སྙིང་ག་ནས་ཞེས་པ་ནས། དགོངས་པ་རྩེ་
གཅིག་ཏུ་མཛད་པར་གྱུར། ཞེས་དང༌། བི་ས་ར་ཏ་ནས་ཡམས་ཀྱི་ནད་རྣམས་ཞི་བར་གྱུར་ཅིག ཅེས་པའི་རྗེས་སུ་དྲག་རོལ་དྲག་དུང་དང༌། སློབ་དཔོན་གྱིས་རྡོར་དྲིལ་དང་བཅས་པས་བུམ་ཆུ་ཕྱོགས་ཐམས་ཅད་དུ་གཏོར། དེ་བཞིན་དུ་འོག་མ་རྣམས་ལའང་རིགས་འགྲེ། སུ་མུ་སོགས་མང་པོ་འདབ་ནས་བརྗོད་དགོས་རྣམས་ལ་མཛུབ་མོ་སོ་སོ་ལ་ཉིས་བགྲང་དང་ཆིག་བགྲང་བྱས་པས་གྲངས་མི་འཁྲུལ་ཞིང་འདོན་བདེ། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་བོ། །ཞེས་པའི་རྗེས་སུ་གཞན་རྣམས་ཀྱིས། གང་ལ་སེར་སྣ་མ་གདངས་དང་དྲིལ་གསིལ་བྱེད། སློབ་དཔོན་གྱིས་པི་ཤཱ་ཙི་ཅི་རིགས་བརྗོད་པའི་རྗེས་སུ། བུམ་ཆུ་ཡུལ་ཕྱོགས་ཐམས་ཅད་དུ་གཏོར་ལ་ཤཱནྟིཾ་ཀུ་རུའི་སྤེལ་ཚིག་ཡོད་པ་རྣམས་གྲངས་ཅི་རིགས་བརྗོད། གང་ལ་སེར་སྣ་དང་སློབ་དཔོན་གྱི་འདོན་ཆ་རྣམས་རྫོགས་ནས་ཐལ་མོ་སྦྱར་ལ། ནད་ཞི་བའི་ཚིགས་བཅད་ཐུང་ངུ་རྣམས་ལ་བར་གདངས་དང༌། ས་སྐྱ་ནད་གྲོལ་མ་ལ་རྒྱུན་གྱི་གདངས་བྱས་ནས་དེར་གང་ཡོད་ལ་ཁྲུས་ཆུ་འགྱེད་བཀྲ་ཤིས་ཀྱི་ཚིག་ཇི་ལྟར་རིགས་པ་བརྗོད་རྗེས་རོལ་མོ་འབུད་དཀྲོལ་དང་བཅས་པས་ཚང་མ་ལོག་ལ། གྲོང་ཁྱེར་ལྕགས་རིས་བསྐོར་ཞིང་སྒོ་བཞི་ཡོད་པ་ལྟ་བུ་ཡིན་ན་ལྷོ་སྒོའི་ཐེམ་པ་ལ་སྒྲུབ་པ་པོ་རྣམས་ཀྱི་རྐང་པ་གཡས་པ་བཞག་ལ་འདིའི་གཟུངས་འདོན། བཏོན་ཚར་རྗེས་ཁ་རྒྱན་ལ་བཅིངས་པའི་གཟུངས་ཀྱི་ཐུམ་བུ་གཅིག་སྒོ་གོང་ལ་བཏགས། དེ་བཞིན་དུ་ནུབ་བྱང༌། ཤར་རྣམས་སུ་དེ་ལྟར་བྱ་བ་ནི་ཅུང་ཞི་བ་དང༌། ནད་ཚབས་ཆེ་ན་ལྷོ་སྒོ་ནས་ཤར། བྱང༌། ནུབ་ཏུ་བསྐོར། དེ་ལྟར་མ་ཡིན་ན་ཡུལ་དེའི་གཙོ་ཆེ་བའི་རྒྱ་སྒོ་ལ་བྱ་བའམ། ཡང་ན་ས་ཡི་མདུང་གཅིག་ཏུ་མཚམས་གཅོད་བྱས་ལ་གཟུངས་སྔགས་ཀྱི་ཐུམ་བུ་ལྔ་ལས། བཞི་ཡུལ་གྱི་ཕྱོགས་བཞིར་ཐོ་བརྩིགས་པའི་ནང་དུ་གཞུག གཅིག་དབུས་ཀྱི་རྒྱལ་མཚན་གྱི་རྩེ་མོ་ལ་འདོགས་པ་ནི་གོང་
འོག་ཀུན་ལ་འདྲ་བས་དེ་ལྟར་མཚམས་བཅད་པའི་རྗེས་སུ། དགེ་འདུན་སྐྱེ་བོ་སོགས་རང་རང་གི་གནས་སུ་ལོག སྒྲུབ་པ་པོ་རྣམས་ཡུལ་དེའི་དབུས་མཁར་གྱི་རྩེ་མོ་ལ་ཕྱིན་ཏེ་རྒྱལ་མཚན་ལ་གཟུངས་གདགས། མཆོད་བསྟོད། འདོད་གསོལ། གཟུངས་འདོན། བཀྲ་ཤིས་སོགས་བྱས་ནས་ནང་དུ་ལོག་ལ་མཇུག་ཆོག་དཀྱུས་བཞིན་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་རི་ཁྲོད་མའི་ཆོ་གའི་ཟུར་འདེབས་འདིའང་ས་སྐྱ་པ་ཀུན་བློ་རང་ཉིད་ཀྱིས་བསྒྲིགས་པའི་ལོ་མ་གྱོན་མའི་ཆོ་ག་བྱིན་རླབས་ཆུ་རྒྱུན་གྱི་གསལ་བྱེད་དུ་བྲིས་པ་འདི་ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་རྣམས་གཙོ་བོར་འཁོད་སོང་བས་གཞན་གྱིས་ཉམས་སུ་ལེན་ཚེ་གདངས་དབྱངས་རོལ་མོ་སོགས་ནི་རང་རང་གི་བླ་མ་གོང་མའི་ཕྱག་ལེན་བཞིན་བགྱིས་པས་དོན་གྲུབ་བོ། །ཡི་གེ་པ་ནི་བསོད་ནམས་འོད་ཟེར་གྱིས་བགྱིས་པས་དགེ་ལེགས་འཕེལ་བར་གྱུར་ཅིག སརྦ་དཱ་མངྒ་ལཾ།། ༈ །རི་ཁྲོད་མའི་བུམ་ཆོག་ཁྱེར་བདེ་ནད་ཡམས་མཐར་བྱེད་བཞུགས་སོ། །ན་མོ་གུ་རུ་པུཎྱ་རཏྣ་པཎྞ་ཤཱ་ཝ་རྻཻ། འདིར་རི་ཁྲོད་མའི་བུམ་ཆོག་མདོར་བསྡུས་བྱ་ཚུལ་ནི་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་པདྨ་འདབ་བརྒྱད་སྟེང་བུམ་པ་ཆུ་གཙང་དང༌། བུམ་རྫས་ཉེར་ལྔས་བཀང་བར་ཁ་རྒྱན་མགུལ་ཆིངས། དུང་ཆོས། དྲི་ཆུ། རྡོར་གཟུངས་བཅས་བཤམས་མཐར་ཟླུམ་གཏོར་གཅིག མཚམས་འཛིན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར། ཆ་གསུམ་གཏོར་མ། རྡོར་དྲིལ། འཐོར་ནས། འོག་ཏུ་དགོས་པའི་གཏོར་མ་ཏིང་ལོ། ཆངས་བུ། གུ་གུལ། ཡུངས་ཀར། མེ་ལོང༌། སྐུ་ཕྱིས་རྣམས་འདུ་བྱས་ལ་སྒྲུབ་པ་པོ་རྣམས་སྟན་ལ་འཁོད་ནས། མཆོད་པ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་
ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང༌། དྷརྨཱ་ར་ཎི་ཚར་གསུམ་བརྗོད་དོ། །དེ་ནས་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཉེར་གཅིག་སོགས་དང༌། དེ་ནས་ཐལ་མོ་སྦྱར་ཞིང༌། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་མ་རི་ཁྲོད་ལོ་མ་གྱོན་མའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་འཕགས་མ་རི་ཁྲོད་མར་གསལ་བའི་སྙིང་གའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་པྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ལྷ་མོ་རི་ཁྲོད་ལོ་མ་ཅན་གྱི་དབུ་རྒྱན་དུ་བླ་མ་མི་བསྐྱོད་པའི་རྣམ་པར་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཐལ་མོ་སྦྱར་ལ། ན་མོ་གུ་རུ་བྷྱཿ ན་མཿཔཎྞ་ཤ་ཝ་རཱི་བྷྱཿ ཨོཾ་པཎྞ་ཤ་བ་རཱི་ས་
པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་སོགས། ཨོཾ་སྭ་བྷཱ་ཝ་སོགས་དང༌། སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་རི་བོ་ལྗོན་ཤིང་སྣ་ཚོགས་པའི་ནགས་ཚལ་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་ཤེས་པ་པྃ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཁྱད་པར་དུ་ནད་དང་སྡུག་བསྔལ་ཐམས་ཅད་བསལ། སླར་འདུས་ནས་པྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་སེར་ཞིང་འཛུམ་ཁྲོའི་ཚུལ་ཅན། གཡས་ཞལ་དཀར་པོ་ཞི་བའི་ཉམས་ཅན། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་ཐུགས་ཀར་རྡོ་རྗེ། གཉིས་པས་དགྲ་སྟྭ་འདེབས་པའི་ཚུལ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོའི་སྡིགས་མཛུབ་ལ་རྡོ་རྗེའི་ཞགས་པ་དཀྲིས་པ། གཉིས་པས་འབྲས་བུ་དང་མེ་ཏོག་གིས་སྤུད་པའི་ཤིང་ལོ་གསར་པའི་སྦྲང་གཡབ། གསུམ་པས་གཞུ་འཛིན་པ། རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང༌། ལྷ་རྫས་ཀྱི་ན་བཟའ་དམར་པོའི་སྟོད་གཡོགས་དང༌། མེ་ཏོག་དང་འབྲས་བུ་དུ་མས་སྤྲས་པའི་ཤིང་ལོ་གསར་པ་གཤིབས་པའི་སྨད་གཡོགས་ཅན། སྦྲུལ་དཀར་པོས་སེ་རལ་ཁ་བྱས་པ། རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང༌། ལང་ཚོ་དར་ལ་བབས་པ། སྐུ་ཤིན་ཏུ་མཛེས་ཤིང་གྲིམས་པ། ཅུང་ཟད་ཁྲོ་བ། ཞབས་གཡས་པའི་རྟིང་པས་འོག་གི་ཕྱོགས་བསྟེན་ཅིང༌། པུས་མོ་གདན་ལ་བཙུགས་པ། གཡོན་པ་བཞེངས་སྟབས་སུ་མཛད་པ།
རྣམ་པར་འགྱིང་བའི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ནང་དུ་ཟླ་བ་ལ་གནས་པའི་པྃ་སེར་པོ། པྃ་ལས་སྣ་ཚོགས་པའི་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་རི་ཁྲོད་ལོ་མ་གྱོན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ སྔར་བཞིན་མཆོད་ནས་ཛཿཧཱུྃ་བཾ་ཧོཿ ཞེས་པས་རང་ལ་གཉིས་སུ་མེད་པར་བསྟིམ་མོ། །ཡང་པྃ་གྱི་ཡི་གེ་དེ་ཉིད་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ཨརྒྷཾ་སོགས་ཀྱིས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་དྲི་མ་ཐམས་ཅད་དག གསང་སྔགས་དང་ཕྲིན་ལས་ཐམས་ཅད་ལ་དབང་བར་བྱས། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་སེམས་གཏད་ལ་མཉམ་པར་བཞག་གོ །གང་གི་ཚེ་སྔགས་བཟླ་བར་འདོད་ན་དེའི་ཚེ། སྙིང་གའི་ནང་གི་པྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས། བདག་གི་རྒྱུད་བྱིན་གྱིས་བརླབ་ཅིང་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དང་ནད་ཐམས་ཅད་བསལ་བར་གྱུར། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་སྙིང་པོའོ། །ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ཉེ་བའི་སྙིང་
པོའོ། །རྩ་སྔགས་ནི། ཏདྱ་ཐཱ། ཨ་མྲྀ་ཏེ། ཨ་མྲྀ་ཏེ། ཨ་མྲྀ་ཏ་ཨུདྦྷ་ཝེ། ཨ་མྲྀ་ཏ་སཾ་བྷ་བེ། ཨཱ་ཤྭ་སྟེ། ཨཱ་ཤྭ་སྟྭཱཾ་གེ མཱ་མ་ར། མཱ་མ་ར། མཱ་ས་ར། མཱ་ས་ར། ཏུནྣ་ཏུནྣ། བི་ཏུནྣ། བི་ཏུནྣ། ཏུ་ཎ། ཏུ་ཎ། ཏུ་མུ་ལེ་སྭཱ་ཧཱ། ཨོཾ་གཽ་རཱི། གནྡྷ་རཱི། ཙཎྜཱ་ལི། མཱ་ཏཾ་གི པུཀྐཱ་སི་སྭཱ་ཧཱ། ཨོཾ་ཨཾ་ཀུ་རེ། མཾ་ཀུ་རེ། ཀུ་ར་རེ། པརྞ་ཤ་བ་རཱི་སྭཱ་ཧཱ། ན་མཿསརྦ་ཤ་ཝ་རཱི་ཎཱཾ། མ་ཧཱ་ཤ་བ་རཱི་ཎཱཾ་བྷ་ག་ཝ་ཏཱི་པི་ཤཱ་ཙི་པརྞ་ཤ་ཝ་རི་པི་ཤཱ་ཙི་སྭཱ་ཧཱ། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་ཧྲཱིཿཛ་ཧཱུྃ་ཕཊ་པི་ཤཱ་ཙི་སྭཱ་ཧཱ། དེ་ལྟར་བཟླས་པའི་རྗེས་སུ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། བདག་བསྐྱེད་དོ། །ཨ་མྲྀ་ཏས་བུམ་པ་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱངས་པ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་ནང་དུ་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ཡིག་གསེར་གྱི་མདོག་ཅན་ལས་འོད་ཟེར་འཕྲོས་པས་ཞེས་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོའི་བར་བདག་བསྐྱེད་བཞིན་ལ། བདག་ཉིད་ཅེས་པ་དོར། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་ཁྲོད་ལོ་མ་ཅན་ལ་སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་
གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། མཚན་སྔགས་སྔོན་འགྲོས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། དབང་ལྷ་སྤྱན་འདྲེན་སོགས་བདག་བསྐྱེད་བཞིན་ལ། འདི་ལ་མངོན་པར་དབང་བསྐུར་བ་ཞེས་ཚིག་བསྒྱུར་ནས། དབུར་བརྒྱན་གྱི་བར་བདག་བསྐྱེད་བཞིན་བྱ། མཆོད་པ་བསང་སྦྱང་བྱིན་རླབས་གོང་བཞིན་ལ། ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་རོལ་མོའི་བར་རིགས་འགྲེ་སྦྱར། མཐར་དྲིལ་གསིལ། དྷརྨཱ་ར་ཎི་སོགས། རྡོ་རྗེ་དྲིལ་བུ་འཛིན་པས། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་སྒྲུབ་པོའི་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ཞིང་དང་ཡུལ་རྣམས་ཀུན་ཏུ་རྣམ་འཕྲུལ་ཞིང༌། །ཁྱད་པར་རི་ཁྲོད་གནས་སུ་རྣམ་རོལ་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །རི་ཁྲོད་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཞལ་དང་ཕྱག་ཞབས་སྣ་ཚོགས་དང༌། །སྣ་ཚོགས་མདོག་དང་ཆ་ལུགས་སྣ་ཚོགས་དང༌། །སྣ་ཚོགས་རྒྱན་དང་ཕྱག་མཚན་སྣ་ཚོགས་ཀྱིས། །རྣམ་པར་སྒེག་མ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱད་པར་གང་གིས་འདུལ་བའི་ཐབས་མཁྱེན་ནས། །མེ་ཏོག་འབྲས་བུ་དུ་མས་རྣམ་སྡུད་པའི། །ཤིང་ལོ་གསར་པའི་ན་བཟས་རབ་བཀླུབས་པའི། །ལོ་མ་གྱོན་མ་ཁྱོད་ལ་ཕྱག་འཚལ་
ལོ། །གསུང་གི་རིག་སྔགས་ཞི་བའི་ང་རོ་ཡིས། །འགྲོ་བའི་རིམས་དང་སྡུག་བསྔལ་ཞི་མཛད་ཅིང༌། །དྲག་པོའི་གསང་སྔགས་འབྲུག་ལྟར་ཆེར་བསྒྲགས་པས། །གདུག་པ་འཇོམས་མཛད་གསུང་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཞི་བས་འགྲོ་བ་ཞི་མཛད་ཅིང༌། །བརྩེ་བས་རྗེས་ཆགས་དགྱེས་པ་ཆེན་པོ་ཡིས། །ཚེ་དང་དཔལ་འབྱོར་རྣམ་པར་རྒྱས་མཛད་མ། །རྣམ་གྲོལ་ཡངས་པའི་ཐུགས་མངའ་ཁྱོད་ལ་འདུད། །བསྒྲུབ་དང་བཟླས་བརྗོད་བརྩོན་པས་ཉིད་ཀྱི་ཐུགས། །བསྐུལ་བས་བདག་ལ་བརྩེ་བས་ཉེར་དགོངས་ཏེ། །ནད་དང་བགེགས་ཀྱི་ཚོགས་རྣམས་ཞི་བ་དང༌། །ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །སྐྱེ་བ་ཀུན་ཏུ་བདག་གི་མགོན་མཛད་དེ། །ཉམ་ངའི་འཇིགས་པ་ཀུན་ལས་བསྐྱབས་པ་དང༌། །སྲིད་ཞིའི་བདེ་དགའ་རྒྱ་མཚོས་རབ་འབྱོར་ཞིང༌། །རྫོགས་སངས་ཡོན་ཏན་རྒྱ་མཚོར་འགྱུར་བར་ཤོག །ཅེས་བསྟོད་ཅིང་གསོལ་བ་གདབ། གཟུངས་ཐག་བཟུང་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་འཕྲོས་ནས་གཟུངས་ཐག་ལ་བརྟེན་ནས་སོང་བས་བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ་ནས་སྐུའི་ཆ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པའི་ནང་གང་བ་དང༌། འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རིམས་ནད་དང་བགེགས་དང་འབྱུང་པོ་ཐམས་ཅད་ཀྱི་གནོད་པ་ཞི་བར་གྱུར། འདིའི་སྙིང་པོའི་སྔགས་གཙོ་བོར་བཟླ། ཉེ་བའི་སྙིང་པོ་དང་རྩ་སྔགས་ཀྱང་ཅི་རིགས་བཟླའོ། །མཆོད་བསྟོད་གོང་བཞིན་བྱས་ལ། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ཡང་ཡང་བརྗོད་ལ་བྱིན་གྱིས་བརླབ། རྡོ་རྗེ་ཐལ་མོ་
ཁ་གྱེན་དུ་ཕྱེ་ལ། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྞ་པཱ་ཡ་སརྦ་ཛྭ་ར་པྲ་ཤ་མ་ནཱ་ཡ་སྭཱ་ཧཱའི་མཐར། སེ་གོལ་གཏོགས་པ་གསུམ་མམ་བདུན་གྱིས་ཕུལ་ལ་མཚན་སྔགས་སྔོན་འགྲོའི་ཨརྒྷཾ་ལ་སོགས་པས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱུ་མ་ཡི། །སོགས་ཤློ་ཀ་གཅིག་གིས་བསྟོད། ལོ་མ་གྱོན་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སོགས་ཀྱི་ཕྲིན་ལས་གཞོལ། ཆ་གསུམ་ཀུན་རིག་བཞིན་ལ་བདེན་བརྡར་གྱི་ཚེ། ན་མོ་རྗེ་བཙུན་རྩ་བ་དང་ཞེས་སོགས་ནས། ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང༌། ཞེས་པའི་བར་འདྲ་ཞིང༌། ཁྱད་པར་དུའང་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་བཀའ་བདེན་པ་དང༌། ཞེས་སོགས་དང༌། དེང་འདིར་ཁྲུས་ཀྱིས་མངའ་གསོལ་བ་ལ་བར་དུ་གཅོད་པར་བྱེད་པའི་ཞེས་སོགས་སྦྱར། མཆོད་པ་ཁ་གསོས། བསང་སྦྱང་བྱིན་རླབས་འབུལ་ཚུལ་བསྟོད་པ་བཅས་གོང་བཞིན། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཤློ་ཀ་གཅིག ཨོཾ་ཨཱཿཧཱུྃ་མཆོད་ཡོན་ཕུལ་པའི་རྐྱེན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར། རང་གི་དཔྲལ་བར་ཨོཾ་སོགས། དགེ་བ་འདི་ཡིས་མྱུར་དུ་བདག །ལོ་མ་གྱོན་མ་འགྲུབ་གྱུར་ནས་སོགས། ལོ་མ་གྱོན་མ་ཁྱེད་སྐུ་སོགས། ཁྱོད་ལ་མཆོད་ཅིང་སོགས། སྟོན་མཆོག་དམ་པ་སོགས་བཀྲ་ཤིས་བྱས་ལ། སྦྱང་ཁྲུས་གང་དུ་བྱ་བའི་སར་སོང་སྟེ། གོང་དུ་བཤད་པའི་གཏོར་མ་སོགས་སྦྱོང་ཆས་རྣམས་རྒྱུན་བཞིན་བཤམས་ལ་ཆུས་སྦྱང༌། ཞི་བའི་སྦྱོང་བ་ནས་བཟུང་ཕར་ཕྱིན་དྲུག་གི་ཁྲུས་རྫོགས་པའི་བར་རྒྱུན་བཞིན་ལ་བདེན་བརྡར་ལ་མི་འདྲ་བའི་ཁྱད་པར་གོང་བཞིན་སྦྱར། ཕར་ཕྱིན་དྲུག་གི་མཐར་ཡང་སྐུ་ཕྱིས་བྱས་ལ། དེ་ནས། རང་གི་སྙིང་
ག་ནས་འོད་འཕྲོས་པས་བཅོམ་ལྡན་ཤཱཀྱ་ཐུབ་པ་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཕྱོགས་སྐྱོང་དང༌། འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་བྱོན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་ནད་དང་གདོན་དང་རིམས་དང༌། འཚེ་བ་ལ་སོགས་པའི་འགལ་རྐྱེན་ཐམས་ཅད་སེལ་བ་ལ་དགོངས་པ་རྩེ་གཅིག་ཏུ་མཛད་པར་གྱུར། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། མུཉྩ་ཏ། མུཉྩ་ཏ། མ་འདུག་ཅིག ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག རོལ་མོ་དྲག་པོ་བྱ་ཞིང་བུམ་ཆུ་གཏོར། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ཞེས་བརྗོད་རོལ་མོ་བཞག་ལ། སངས་རྒྱས་ལྷ་ཆེན་པོ་ལྷ་ཡི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང༌། དབང་པོ་དང་བཅས་པའི་ལྷ་རྣམས་དང༌། ཚངས་པ་དང་བཅས་པ་རྣམས་དང༌། དབང་བདག་དང་བཅས་པ་
རྣམས་དང༌། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང༌། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང༌། ལྷ་འབུམ་ཕྲག་དུ་མ་དག་དང༌། ལྷ་མ་ཡིན་གྱི་དབང་པོ་རྣམས་དང༌། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང༌། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་དུ་མ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་ཁྱེད་རྣམས་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གིས། རོལ་མོ་དྲག་པོ་བྱ་ཞིང་བུམ་ཆུ་གཏོར། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། མྱུར་དུ་བྱེར་ཅིག ཅེས་བརྗོད་རོལ་མོ་བཞག་ལ། ཁྱེད་ཅག་ལས་གང་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། བསྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག ལུས་ལ་ཡང་འཇུག་པར་གྱིས་ཤིག སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རཱུ་རི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི། ཏི་མི་རི། མི་རི་མི་རི་མི་རི་མི་རི་མི་རི་མི་རི། མཱི་རི་ཏི། ཧ་སི་མི་རི་ཏི། མཱི་རི་ཏི། མི་ཏི། སི་སཱི་སི་མཱི། ཀཾ་ཀ་ར། ཀཾ་ཀ་ར་ཏ། ཀཾ་ཀ་རཱ། ཀཾ་ཀ་ར་ཙ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་
ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རོ་ཏཱི་ཏི། ཀུ་རི་ཤོ། ཀཾ་ཀ་རཱ། ཀཾ་ཀ་རི་ཤི། རི་རི། རི་རི། རི་རི། ཏི་རི་ཏེ་ཕུ་སྭཱ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ཐཱ། ནཱ་ནཱ། ཐཱ་ཐ། རི་ཕུ། རི་ཕུ། ནཱ་ཐཱ་ཐཱ། ནིརྒཙྪ་ཏ། རི་ཕུ། རི་ཕུ། ནི་རྒཙྪ་ཏེ། པཱ་ལ་ཡ་ཏ། རི་ཕུ། རི་ཕུ། པཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་སེམས་ཅན་ཐམས་ཅད་ལ་ཕན་པ་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། རོལ་མོ་དྲག་པོ་བྱ་ཞིང་བུམ་ཆུ་གཏོར། ཀྵི་པྲཾ་ནིརྒཙྪ་ཏ་སྭཱ་ཧཱ། ཞེས་བརྗོད་རོལ་མོ་བཞག་ལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང༌། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང༌། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །ཞེས་བརྗོད་དོ། །དེ་ནས་ཀུ་ཤ་ལ་སོགས་པས་བུམ་ཆུ་གཏོར་ཞིང༌། ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་མཱ་ར་པྲ་ཤ་མ་ནཱ་ཡ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ལ་སོགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ༴ རིམས་ཐམས་ཅད༴ རིམས་ཉིན་གཅིག་པ་ཐམས་ཅད༴ ཉིན་གཉིས་པ་ཐམས་ཅད༴ ཉིན་བཞི་པ་ཐམས་ཅད༴ ཉིན་བདུན་པ་ཐམས་ཅད༴ རྟག་པའི་རིམས་ཐམས་ཅད༴ རིམས་མི་བཟད་པ་རྣམས༴ རིམས་ལྡངས་དུབ་པ་རྣམས༴ འབྱུང་པོའི་རིམས་རྣམས༴ རླུང་ལས་གྱུར་པ་རྣམས༴ མཁྲིས་པ་ལས་གྱུར་པ༴ བད་ཀུན་ལས་གྱུར་པ་རྣམས༴ འདུས་པ་ལས་གྱུར་པ་རྣམས༴ རིམས་ནད་ཐམས་ཅད༴ ཀླད་པ་ན་བ་
ཐམས་ཅད༴ གཞོགས་ཕྱེད་ན་བ་ཐམས་ཅད༴ ཡི་ག་འཆུས་པ་ཐམས་ཅད༴ མིག་ནད་ཐམས་ཅད༴ སྣ་ནད་ཐམས་ཅད༴ ཁ་ནད་ཐམས་ཅད༴ མགུལ་ནད་ཐམས་ཅད༴ སྙིང་ནད་ཐམས་ཅད༴ ལྐོག་མའི་ལྷ་གོར་ན་བ་ཐམས་ཅད༴ རྣ་བ་ན་བ་ཐམས་ཅད༴ སོ་ན་བ་ཐམས་ཅད༴ རྙིལ་ན་བ་ཐམས་ཅད༴ ཀླད་པ་ན་བ་ཐམས་ཅད༴ རྩིབ་ལོག་ན་བ་ཐམས་ཅད༴ རྒྱབ་ན་བ་ཐམས་ཅད༴ ལྟོ་བ་ན་བ་ཐམས་ཅད༴ སྐེད་པ་ན་བ་ཐམས་ཅད༴ ཆུ་སོ་ན་བ་ཐམས་ཅད༴ བརླ་ན་བ་ཐམས་ཅད༴ རྗེ་ངར་ན་བ་ཐམས་ཅད༴ ལག་པ་ན་བ་ཐམས་ཅད༴ རྐང་པ་ན་བ་ཐམས་ཅད༴ ཡན་ལག་ན་བ་ཐམས་ཅད༴ ཉིང་ལག་ན་བ་ཐམས་ཅད༴ ཁྱད་པར་དུ་ཡང་འབྲུམ་པ་ཐམས་ཅད༴ བེ་གེ་ཐམས་ཅད༴ ཆམ་པ་ཐམས་ཅད༴ ཀླད་གཟེར་ཐམས་ཅད༴ གག་པ་ཐམས་ཅད༴ གཟེར་ཐུང་ཐམས་ཅད༴ གཉན་གླང་ཐམས་ཅད༴ རྒྱུ་གཟེར་ཐམས་ཅད༴ མེ་དབལ་ཐམས་ཅད༴ རྨན་བུ་ཐམས་ཅད༴ ཉྭ་ལོག་ཐམས་ཅད༴ ལྷོག་པ་ཐམས་ཅད༴ འབྲས་ཐམས་ཅད༴ འཛུམ་བུ་ལྟག་དགྱེ་ཐམས་ཅད༴ འཁྲིས་པ་རྩར་རྒྱུག་ཐམས་ཅད༴ ནང་ལྷོག་ཐམས་ཅད༴ ཁ་མེད་ཐམས་ཅད༴ འཁྱམས་པོ་ཐམས་ཅད༴ འབར་འབུར་ཐམས་ཅད༴ རྣ་རྩ་ཕུས་འདེབས་ཐམས་ཅད༴ ངོམ་རུ་ལ་སོགས་པ་དུས་ངན་གྱི་གཉན་ནད་ཐམས་ཅད༴ མདོར་ན་ནད་གཞི་བརྒྱ་རྩ་བཞི་ཐམས་ཅད༴ འབྲོང་དང་འབྲི་གཡག་ལ་སོགས་པ་རི་ཀླུང་གི་ཆེ་ཕྱུགས་ཐམས་ཅད་ཀྱི་རིམས་ནད་ཐམས་ཅད༴ གནའ་བ་དང་ར་ལུག་ལ་སོགས་པ་རི་ཀླུང་གི་ཆུང་ཕྱུགས་ཐམས་ཅད་ཀྱི་རིམས་ནད་ཐམས་ཅད༴ རྟ་དྲེལ་དང་བོང་བུ་ལ་སོགས་པ་བཞོན་ཁལ་ཐམས་ཅད༴ མདོར་ན་འཕུར་དགུ་འཛུལ་དགུ་འཕྱོང་དགུ་འགྲིམས་དགུ་ཐམས་ཅད་ཀྱི་རིམས་ནད་ཐམས་ཅད༴
གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད༴ རྒྱལ་པོའི་གནོད་པ་ཐམས་ཅད༴ མི་རྒོད་ཀྱི་གནོད་པ་ཐམས་ཅད༴ གཅན་གཟན་གྱི་གནོད་པ་ཐམས་ཅད༴ བྱད་སྟེམས་ཐམས་ཅད༴ གཞོན་ནུའི་གདོན་ཐམས་ཅད༴ ཕས་ཀྱི་རྒོལ་བ་ཐམས་ཅད༴ བཀྲ་མི་ཤིས་པ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ ལྟས་ངན་པ་ཐམས་ཅད༴ ཀེག་སྲི་ངན་པ་ཐམས་ཅད༴ མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གང་ལ་སེར་སྣ་རྣམ་ཆགས་པ། །ཞེས་སོགས་ནས། ཁྱེད་ཅག་སྡིག་པར་མ་གྱུར་ཅིག་གི་བར་རྒྱུན་བཞིན་ལ། སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཞིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང༌། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོངས་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དུ་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་བརྗོད།«་་་་་འདིའི་ཡངས་པའི་གྲོང་ཁྱེར་གྱི་གཟུངས་མདོ་འདི་ནི་རྟག་བརྟན་གཟུངས་བསྡུས་ཀྱི་ཡངས་པའི་གྲོང་ཁྱེར་ལས་དེ་བཞིན་གཤེགས་པས་གསུངས་སྐབས་དེ་ཡིན་པ་དེའི་སྔགས་ཐེམ་ནི། རྟག་བརྟན་བར་མ་ཡངས་གྲོང་གི གཟུངས་ལ་ཐོག་མར་བཾ་སར། །ཏེ་ཞེས་བྱ་བ་ཚར་བཞི་དང༌། །ཡང་ནི་འབྱུང་པོ་ཐམས་ཅད་ཀྱི། །བསམ་པ་ཞེས་པའི་རྗེས་སུ་ཡང༌། །པི་ས་ར་ཏ་ཞེས་པ་བཞི། །མུཉྩ་ཏ་ནི་གཉིས་ཡིན་ཏེ། །ནིརྒཙྪ་ཏེ་ཞེས་བྱ་བཞི། །
ཡང་ནི་འགྱུར་རུ་འོང་གི་རྗེས། །ནིརྒཙྪ་ཏ་ཞེས་བྱ་བཞི། །སུ་མུ་བཞི་དང་སུ་མུ་རུ། །བརྒྱད་ཡིན་མུ་རུ་དགུ་ཡིན་ཏེ། །དེ་བཞིན་དུ་ཡང་མི་རི་དགུ། །མུ་རུ་མི་རི་བཅུ་གསུམ་མོ། །མི་རཱུ་རི་ཏེ་ཞེས་པ་གཅིག །རི་ཐུང་དྲུག་དང་རཱི་རིང་དྲུག །ཏི་མི་རི་གཅིག་མི་རི་དྲུག །མཱི་རི་ཏེ་གཅིག་དེ་བཞིན་དུ། །ཧ་སི་མི་རི་ཏི་དང་ནི། །མཱི་རི་ཏི་དང་མི་ཏི་གཅིག །སི་སཱི་སི་མཱི་ཀཾ་ཀ་ར། །ཀཾ་ཀ་ར་ཏ་ཀཾ་ཀ་ར། །ཀཾ་ཀ་ར་ཙ་ཀཾ་ཀ་རཱ། །བཅུ་བདུན་ཀཾ་ཀ་རོ་ཏཱི་ཏི། །ཀུ་རི་ཤྭ་དང་ཀཾ་ཀ་རཱ། །ཀཾ་ཀ་རི་ཤི་རི་ཐུང་དྲུག །ཏི་རི་ཏེ་ཐུ་ཝཱ་ཞེས་དང༌། །རི་ཕུ་བརྒྱད་དང་ནཱ་ཝཱ་དང༌། །ནཱ་ནཱ་ཐཱ་ཐ་རི་ཕུ་གཉིས། །ནཱ་ཐཱ་ཐཱ་དང་གཞན་ཡང་ནི། །ནིརྒཙྪ་ཏ་ཞེས་པ་གཅིག །རི་ཕུ་གཉིས་དང་སླར་ཡང་ནི། །ནིརྒཙྪ་ཏ་ཞེས་པ་དང༌། །པཱ་ལ་ཡ་ཏ་རི་ཕུ་གཉིས། །ཡང་ནི་པཱ་ལ་ཡ་ཏ་དང༌། །ཀྵི་པྲཾ་ནིརྒཙྪ་ཏ་དང༌། །སྭཱ་ཧཱ་ཞེས་བྱའི་སྔགས་ཐེམ་འདི། །རྟག་བརྟན་མདོ་མང་ཡངས་གྲོང་གི སྔགས་མཚན་དང་ཐེམ་འཁྲུལ་མེད་ཡིན། །དེ་ལྟའི་སྔགས་ཐེམས་དགོས་པ་ཡང༌། །ཡིག་ཆ་སྣ་མང་མི་མཚུངས་པས། །གཅིག་ཏུ་བཤད་པ་གཅིག་ཏུ་མེད། །དང་པོའི་ལས་ཅན་འཁྲུལ་གཞི་ཞིག །འདུག་པས་དེ་དག་སེལ་ཕྱིར་བྲིས། །འོན་ཀྱང་གཅོད་མཚམས་ནོར་སྙམ་པས། །དེ་བཞིན་དུ་ཡང་མི་རི་དགུ། །ཞེས་པ་རྟག་པར་དང་མི་མཚུངས། །ཡི་གེ་ནོར་འཁྲུལ་བྱུང་སྙམ་པས། །མུ་རུ་མི་རི་བཅུ་གསུམ་མོ། །ཞེས་པའང་དེ་བཞིན་མཚུངས་པ་མེད། །ཀྵི་ཕྲཾ་ན་ནིརྒཙྪ་ཏ་དང༌། །ཀྵི་པྲཾ་ནིརྒཙྪ་ཏ་ཞེས། །འདི་ཡང་རྟག་པར་དང་མི་མཚུངས། །དེ་ལྟར་མི་མཚུངས་དེ་དག་ཀྱང༌། །རྨོངས་པའི་འོལ་ཚོད་མ་ཡིན་ཏེ། །ཡངས་གྲོང་གཟུངས་མདོ་གཞན་དག་དང༌། །མཁས་ལ་བརྟེན་ནས་དགའ་བར་བྲིས།» །དེ་ནས། «སྤྱོད་འཇུག་ལས་་་་་་»འགྲོ་བ་ནད་པ་ཇི་སྙེད་པ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དང་ནི། །དེ་ཡི་ནད་གཡོག་བྱེད་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག «བཟང་སྤྱོད་ལས།་་་་་»།ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་
བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག «འདི་ནས་ཤློ་ཀ་གསུམ་ངོར་ཆེན་རྡོ་རྗེ་འཆང་གསུང༌།་་་་་»།བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང༌། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །སྐར་མདའ་ལྟུང་དང་ས་གཡོའི་འཇིགས་པ་དང༌། །བྱེད་སྟེམས་མཐུ་དང་ཐོག་སེར་འབེབས་པ་སོགས། །མི་དང་མི་མ་ཡིན་གྱི་གནོད་པ་དང༌། །ཉེར་འཚེའི་ཐམས་ཅད་ཞི་བར་མཛད་དུ་གསོལ། །གློ་བུར་ཡེ་འདྲོག་གནོད་པ་མ་ལུས་དང༌། །དུག་དང་སྦྱར་དུག་ཁ་ཟས་མ་ཞུ་དང༌། །འཁོན་དང་ཉམས་གྲིབ་འབགས་དང་མི་གཙང་སོགས། །དྲི་མ་ཐམས་ཅད་ཞི་བར་མཛད་དུ་གསོལ། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས། །སྐྱབས་གནས་སྤྱི་དང་ཁྱད་པར་ཐུགས་རྗེ་ཅན། །ལོ་མ་གྱོན་མའི་ལྷ་ཚོགས་འཁོར་བཅས་ཀྱིས། །འགྲོ་ཀུན་ནད་གདོན་བགེགས་ལས་བསྲུང་དུ་གསོལ། «འདི་མན་ཆད་སྔོན་དཔལ་ས་སྐྱར་ནད་ཡམས་ཆེན་པོ་བྱུང་བའི་ཚེ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བདེན་ཚིག་ཏུ་སྩལ་བའི་ས་སྐྱ་ནད་གྲོལ་མ་ཞེས་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ།་་་་་»།ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །ཇི་ལྟར་གཤེད་མས་ཁྲིད་པའི་གསོད་བྱ་བཞིན། །སྐད་ཅིག་ཙམ་ལ་ལུས་སེམས་འབྲལ་བྱེད་པའི། །སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །འཆི་བདག་གཤིན་རྗེའི་ཁ་ནང་ཆུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་ཅིང༌། །ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༌། །བཞི་བརྒྱ་རྩ་བཞིའི་ནད་ལ་
སོགས་པ་ཡིས། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་པ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང༌། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་གྱུར་ཅིག །དེ་ནས་བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་སོགས་ཀྱི་བཀྲ་ཤིས་དང༌། ལོ་བརྒྱ་འཚོ་བ་ལ་སོགས་པའི་བཀྲ་ཤིས་ཅི་རིགས་བརྗོད་དོ། །ཞེས་སྔར་ངེད་རང་གིས་བསྒྲིགས་པའི་རི་ཁྲོད་མའི་བུམ་ཆོག་རྒྱས་པ་ལས་བསྡུས་ཏེ་ཉམས་སུ་ལེན་ཚུལ་འདི་ཡང་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་བྲིས། །མངྒ་ལཾ།། །།
རྗེ་བཙུན་རི་ཁྲོད་མའི་མན་ངག་ཉེར་མཁོ་དགེ་ལེགས་སྣང་གཏེར།
རྗེ་བཙུན་རི་ཁྲོད་མའི་མན་ངག་ཉེར་མཁོ་དགེ་ལེགས་སྣང་གཏེར་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། གང་ཞིག་མི་ཕྱུགས་ལ་ནད་ཡམས་ཀྱི་གནོད་པ་མཐའ་དག་སྲུང་ཞིང་ཞི་བ་ལ་སོགས་པའི་ཆེད་དུ་རྗེ་བཙུན་རི་ཁྲོད་མའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ལའང་རྒྱུད་སྡེ་གོང་འོག་དང་རྗེས་སུ་འབྲེལ་བའི་སྒྲུབ་པའི་ཐབས་ཇི་ལྟར་རིགས་པ་ལ་སྦྱར་དུ་རུང་བའི་བཟླས་དམིགས་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། དཀྱིལ་འཁོར་དམར་མོ་ཆེར་འབར་བས། །ཁྲོ་བོའི་སྤྲིན་འཕྲོ་སྡུད་མཛད་ཅིང༌། །གདོན་གང་སྐྱེ་རྒུའི་ནང་གནས་པ། །དེ་དག་ཁྲོ་བོའི་མེས་ཀྱང་བསྲེག །ཕྱིར་ཡང་བསྲེགས་ནས་སངས་རྒྱས་ཀྱིས། །ཁ་དོག་བདུད་རྩིའི་ཆར་འབེབས་མཛད། །དེ་འདྲའི་རྣལ་འབྱོར་གྱིས་བསྒོམས་ན། །མི་ངས་ཐམས་ཅད་ཞི་བར་མཛད། །ཅེས་དང༌། ནམ་མཁར་ཀུན་ནས་རིག་སྔགས་ཀྱི། །རྒྱལ་མོས་ལེགས་པར་བཀང་ནས་སུ། །བདུད་རྩིའི་ཆར་འབེབས་བསམས་ན་ནི། །མོད་ལ་གནོད་པ་ཞི་བར་འགྱུར། །ཅེས་གསུངས་པའི་དོན། རང་ཉིད་རི་ཁྲོད་ལོ་མ་ཅན་མར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་དང༌། སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བསྐལ་པའི་མེ་ལྟ་བུ་ཕྱོགས་བཅུར་འབར་བའི་རྩེ་ལས་རང་འདྲ་བའི་ལྷ་མོ་རིག་པའི་ཁྲོ་བོ་དང་ཁྲོ་མོའི་ཚོགས་བསམ་གྱིས་མི་ཁྱབ་པས་
བསྐོར་བ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། སྣོད་བཅུད་ཐམས་ཅད་དང༌། ཆེད་དུ་དམིགས་པ་ཡོད་ན་དེ་ཉིད་ཀྱི་ཕྱོགས་ཀུན་ཏུ་ཁྱབ། ནད་རིམས་དང༌། གདོན་བགེགས་ཐམས་ཅད་བསྲེགས་ཤིང་སྦྱངས། སླར་ཡང་ནམ་མཁའ་གང་བའི་རྗེ་བཙུན་མའི་སྐུ་ལས་རིག་སྔགས་ཀྱི་རང་བཞིན་བདུད་རྩིའི་ཆར་ཆེན་པོར་བབས་པས་ཐལ་བ་ཡང་མ་ལུས་པར་བཀྲུས་ཏེ་དག་པར་བྱས། བདུད་རྩིའི་རྒྱུན་དེ་ཉིད་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་ཞུགས་པས་ཕུན་སུམ་ཚོགས་པའི་དཔལ་དང༌། སྟོབས་དང༌། ནུས་པ་བསྐྱེད། འབར་བའི་མེ་ལྕེའི་ཕྲེང་བས་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་འཁྲིགས་པ་ལ་བརྟེན་ནས་བསྐལ་པའི་བར་དུ་ནད་གདོན་གྱིས་གླགས་མི་རྙེད་པར་བསྲུང་བའི་ལས་མཛད་པར་བསམས་ལ་བཟླས་པ་བྱ་བ་ནི་ཁྱད་པར་གྱི་དམིགས་པའོ། །བསྙེན་པ་ལས་སུ་རུང་བས་མི་ནད་དང༌། ཕྱུགས་ནད་ཞི་བར་བྱ་བའི་ཕྱིར་ལས་ཀྱི་སྦྱོར་བ་ནི། མི་ནད་ལ་བུམ་པའི་ཆོ་ག་རྒྱས་བསྡུས་གང་ཡང་རུང་བས་ནུས་ལྡན་དུ་བསྒྲུབས་པའི་བདུད་རྩིའི་ཆུས་བཀྲུ་བྱབ་སྲུང་གསུམ་ཆོ་ག་དང་འབྲེལ་བའམ། མ་འབྲེལ་ཡང་བཀྲུ་ཞིང་བཏུང་བ་དང༌། མཚམས་བཅད་པའི་ཕྱིར་གནས་ཁང་དང་གྲོང་ཁྱེར་གྱི་ཁོར་ཡུག་ཏུ་འཐོར་བ་སོགས་
བགྱིས་པས་སྔར་བྱུང་བ་ཞི་ཞིང༌། སླར་བསྲུང་བར་འགྱུར་རོ། །ཕྱུགས་ནད་བྱུང་བའི་དུས་སུ་ནད་ཡོད་མེད་ཞིབ་ཏུ་བརྟགས་ལ་སོ་སོར་ཕྱེ། ནད་མེད་པ་རྣམས་ཀྱི་མཐའ་སྐོར་དུ་བྱེ་མ་ལ་རི་ཁྲོད་མའི་སྔགས་བཏབ་པས་གཏོར། འཁོར་ཡུག་ཀུན་ཏུ་ཨོཾ་ཨཱཿཧཱུྃ་བྲིས་ལ་མཚམས་བཅད། གྲོ་གའམ་ཤོག་བུ་ལ་རི་ཁྲོད་ལོ་མ་ཅན་མའི་གཟུངས་རིང་ཐུང་གང་རིགས་རྒྱ་སྣག་གིས་བྲིས། དྲི་བཟང་པོས་བྱུགས། སྲེག་པའམ་སྐྱ་གའི་སྒྲོ་ཐུར་གྱིས་སྲོག་ཤིང་བྱས་ལ་དྲིལ། དེ་དང་ལྷན་ཅིག་ཏུ་རྨ་བྱའི་མདོངས། གུ་གུལ། ཤུ་དག གླ་རྩི། གི་ཝང༌། མུ་ཟི། ལྡོང་རོས། ཐར་ནུ། བཙན་དུག་བཅས་ཀྱི་རྫས་རྣམས་ཐུམ་པོ་བྱས་ལ་རབ་ཏུ་གནས་པ་རྟ་ཕྱུགས་སོགས་གང་བསྲུང་བའི་མགུལ་དུ་གདགས། དེ་དག་འགྲིམ་པའི་སྒོ་ཁང་གི་ཡ་ཐེམ་ལ་གཟུངས་སྔགས་བྲིས་ལ་གླན་པས་ཐུབ་བོ། །ན་བ་རྣམས་ཁང་སྟོང་ངམ། དབེན་པའི་རི་སུལ་སོགས་ཐག་རིང་བའི་སར་ཕྱེ་ལ། དེའི་དྲུང་དུ་ཕྱི་ནས་འོངས་པའི་མི་དང༌། དུད་འགྲོ་གཞན་མི་བཏང་བར་མཚམས་བཅད་དེ་སྔགས་ཆུ་བླུད་ཅིང༌། སྔགས་ཆུའི་ཁ་ཕྲུས་མགོ་ལུས་ཐམས་ཅད་ལ་ཁྱབ་པར་གདབ། གུ་གུལ། གླ་རྩི། ཤུ་དག མུ་ཟི། ལྡོང་རོས། ག་བུར། གུར་གུམ། གི་ཝང༌། སྒོག་སྐྱ། སུག་སྨེལ། གཞན་ཡང་ཧོང་ལེན་དང༌། བོང་དཀར་སོགས་བསིལ་སྨན་གྱི་རིགས་སྔགས་ཆུ་དང་སྦྱར་ལ་ཁོང་དུ་བཏང༌། བླ་མ་དང་དཀོན་མཆོག་ལ་གསོལ་བ་གདབ། ཡི་དམ་དང་ཆོས་སྐྱོང་ལ་མཆོད་གཏོར་འབུལ། ཁྱད་པར་མ་མོ་མཁའ་འགྲོའི་ཚོགས་ལ་མཆོད་ཅིང་ཐུགས་དམ་སྐོང་བ་དང་བཤགས་པ་བྱས་ལ་ནད་རིམས་ཞི་བའི་ཕྲིན་ལས་བཅོལ། གཞི་བདག་བགེགས་རིགས་ལ་གཏོར་མ་བྱིན་ནས་བཀའ་བསྒོ་བྱ། དེ་ལྟར་བགྱིས་པས་ནད་ཀྱིས་ཟིན་པ་རྣམས་ཐར་བ་དང༌། ནད་མེད་པ་རྣམས་ལ་སྲུང་བའི་མཆོག་ཏུ་འགྱུར་རོ། །ཡང་རིམས་ཀྱིས་ཤི་བའི་གོས་སྟན་སོགས་
ཡོ་བྱད་ཀྱི་རིགས་བསྡུ་དགོས་པ་བྱུང་ན། རང་རི་ཁྲོད་མར་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ཡོ་བྱད་ཀྱི་དངོས་པོ་རྣམས་གཞོབ་ཐུལ་གྱིས་ཚིག་སྟེ་ཐལ་བར་གྱུར་པར་བསམས་ལ་ཉམ་ང་བ་དང་བག་ཚ་མེད་པར་ལོངས་སྤྱད། དེ་བཞིན་དུ་རིམས་ཀྱིས་བཏབ་པའི་སར་འགྲོ་དགོས་ན། སྒོ་རྩར་ཕྱིན་པ་དང་རང་རི་ཁྲོད་མར་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་གནས་ཁང་ཕྱི་ནང་ཐམས་ཅད་དང༌། ནད་ཀྱི་དངོས་པོ་ནད་བདག་དང་བཅས་པ་ཐམས་ཅད་ཐུལ་གྱིས་ཚིག་བར་བསམས་ལ་ནང་དུ་འཇུག ཕྱིར་འོང་བ་དང་སྒོ་རྩ་ནས་ཕྱིར་འབྲེང་བཅད་པ་ནི། གོས་ཀྱི་ཐུ་བ་ལན་གསུམ་དུ་སྤྲུགས། གོམ་པ་བཞག་པའི་ཕྱི་ན་མེ་དམར་འུར་འུར་དུ་འབར་བས་ནད་ཐམས་ཅད་ཚིག་པར་བསམ། རང་གི་སྒོ་རྩར་ཕྱིན་པའི་དུས་སུ་བྱེ་མའམ་ཉུངས་ཀར་ལ་སྔགས་བཏབ་ལ་ཕྱིར་རྗེས་སུ་གཏོར་བས། ནད་གདོན་ཕྱིར་འབྲེང་གི་རིགས་ཐམས་ཅད་གཅོད་པར་འགྱུ་རོ། །ཞེས་པའང་བློ་ཆེན་སངས་རྒྱས་སྲས་དང༌། ལོ་ཙཱ་བ་མ་ཎི་ཀ་སོགས་ཀྱི་གཞུང་ལས་ཉེར་མཁོ་འགའ་ཞིག་ཟིན་བྲིས་སུ་བགྱིས་པ་སརྦ་ཛཱ་ག་ཏཱཾ་ཛ་ཡནྟུ།། །།ཞེས་པ་འདི་ནི་རྗེ་བླ་མ་མཁྱེན་བརྩེའི་དབང་པོ་ཉིད་ཀྱིས་མཛད་པའོ།། །